བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་པའི་རྒྱན།
ཀུན་དགའ་སྙིང་པོ།
རྒྱ་གར་སྐད་དུ། བྷ་ག་བ་ཏི་སརྦ་དུ་རྒ་ཏི་པ་རི་ཤོདྷ་ནི་ཏེ་ཛོ་རཱ་ཛ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ་མཧཱ་ཏ་ནྡྲ་རཱ་ཛ་བྱཱ་ཁྱ་སུནད་རཱ་ཨ་ལངྐཱ་ར་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་པའི་རྒྱན་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཐུགས་ནི་རྣམ་དག་ཆོས་ཀྱི་དབྱིངས་ནས་མི་བསྐྱོད་ཀྱང། །སྐུ་ནི་རྣམ་པར་ལོངས་སྤྱོད་རིན་ཆེན་གཞལ་ཡས་ནས། །ཐུབ་པའི་འོད་ཟེར་སྤྲོས་པས་འགྲོ་བའི་དོན་སྒྲུབ་སྦྱོར། །བདེ་གཤེགས་འཁོར་ལོས་སྒྱུར་རྒྱལ་ཐབས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་སྤྱན་ཅན་ཁྱེད་ནི་རིན་ཆེན་བདག་ཉིད་འཛིན། །དམ་ཆོས་དཀར་པོས་འགྲོ་བ་མ་ལུས་རྣམས་ཀྱི་ནི། །ལས་ཀྱི་སྒྲིབ་སྦྱོང་སྒྲོལ་མཛད་མཛེས་པའི་བུམ་པ་ཅན། །ཤེས་རབ་པདྨ་ལྟ་བུའི་ཆོས་ལ་ཕྱག་འཚལ་ལོ། །
འགྲོ་ཀུན་དོན་ལ་སེམས་པས་རྒྱལ་པོ་ལྟར་བཞུགས་ཤིང༌། །ཕ་དང་མ་ལྟར་ཆགས་པས་ལེགས་པའི་བཞིན་ཡང་སྟོན། །རིན་ཆེན་རྒྱལ་མཚན་བཙུགས་པས་ཉི་མའི་འོད་ཟེར་ཁྱབ། །བདེ་བ་དམ་པས་བཞད་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རལ་གྲིས་སྲིད་པའི་འཁོར་ལོ་གཅོད། །སྔགས་རྣམས་གསུང་ཞིང་འགྲོ་བའི་ལས་ལ་བརྩོན། །དམ་ཚིག་གོ་བགོས་འཆི་བདག་མཆེ་བ་གཅོད། །ཕྱག་རྣམས་བསྡམས་པར་ཕྱར་ལ་ཕྱག་འཚལ་ལོ། །འགྲོ་རྣམས་ཡིད་འཕྲོག་སྒེག་པས་ཕྲེང་ཐོགས་ནས། །སྙན་པའི་གླུ་ལེན་བདེ་བའི་ཡན་ལག་བསྐྱོད། །བུང་བ་ལྟར་གནག་མུན་པའི་ཚོགས་སེལ་མཛད། །ཨུཏྤལ་གཟུགས་དྲི་ལྡན་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ལྕགས་ཀྱུས་བདུད་ཀྱི་ཞགས་འཕྲོག་ཅིང༌། །རྡོ་རྗེ་ཐོ་བས་འཁོར་བའི་ལྕགས་སྒྲོག་གཅོད། །གསུང་གི་དྲིལ་བུས་མ་རིག་གཉིད་ལས་ནི། །གང་དག་སློང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དཔའ་བར་འགྲོ་ལ་སོགས་པའི་ཏིང་འཛིན་གྱིས། །ཞི་ལས་ཁྲོ་བོ་ངོ་མཚར་དཔེ་མེད་ལྡན། །རང་སངས་རྒྱས་པས་ཉོན་མོངས་དགྲ་བཅོམ་ཞིང༌། །བདེ་སྟེར་བླ་མ་གསུམ་ལ་ཕྱག་འཚལ་ནས། །རྒྱལ་བས་གསུངས་པའི་རིན་ཆེན་གཏེར་མཛོད་ལས། །འགྲོ་ཀུན་སྣང་མེད་
མུན་པས་རབ་བསྒྲིབས་པས། །འདོད་པའི་དབང་གིས་དེ་ཉིད་མ་རྙེད་པར། །འཁྲུལ་པའི་དབང་གིས་དུག་སྡོང་ལ་སོགས་རྙེད། །ལོངས་སྤྱད་པ་ཡིས་བདེ་འདོད་སྡུག་བསྔལ་རྨོངས། །དེ་རྣམས་མར་མེས་དེ་སྒོ་བསྟན་པའི་ཕྱིར། །རྡོ་རྗེ་ཚིག་གིས་མཚན་པའི་ཞལ་སྔ་ནས། །འབད་པས་དྲིན་ཐོབ་ནུས་པའི་དབང་གིས་བརྩམ། དེ་ལ་གང་དག་རྒྱལ་བས་གསུངས་པའི་དོན། །ཟབ་མོའི་དགོངས་པ་ཇི་བཞིན་རྟོགས་སམ་ཅི། །དེ་ལྟ་མིན་ན་ཕལ་དང་མཚུངས་པ་ཡི། །མུན་པས་མུན་པ་བསལ་བར་འགྱུར་རམ་ཅི། །མར་མེས་མར་མེ་སྣང་བར་བྱ་མི་དགོས། །དང་པོའི་ཚིག་ལ་དེ་ལྟར་རྟོག་སྐྱེ་ན། །མཁའ་ལ་སྦྲང་བུས་མཐར་ཕྱིན་མི་ནུས་ཀྱང༌། །འབད་པའི་དབང་གིས་རང་གི་སྤྱོད་ཡུལ་བགྲོད། །དེ་བཞིན་རྒྱལ་བའི་དགོངས་པ་རྒྱ་མཚོ་ལ། །བདག་བློ་དམན་པས་ཇི་བཞིན་མི་ནུས་ཀྱང༌། །ཡིད་ཆེས་མཚན་མས་ཇི་ལྟར་ནུས་རྩོམ་པ། །རྙེད་པའི་ཕྱིར་མིན་གྲགས་པའི་ཕྱིར་མ་ཡིན། །ང་རྒྱལ་ཕྱིར་མིན་བཀུར་སྟིའི་ཕྱིར་མ་ཡིན། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་བཀའ་ལས་ཀྱང༌། །སྙིང་པོ་ལས་ཀྱང་སྙིང་པོའི་མཆོག་གྱུར་པ། །འགྲོ་ཀུན་རྒྱུད་སྦྱོང་རྒྱུད་རྒྱལ་འགྲེལ་འདི་ནི། །རྣལ་འབྱོར་རྒྱུད་རྣམས་བླ་མ་དང༌། །བླ་མེད་ཕ་རོལ་ཕྱིན་གཞུང་དང༌། །གང་འདིར་གསུངས་པའི་གཞུང་གི་དོན། །ཡིད་བཞིན་ནོར་བུ་རིན་ཆེན་གསུམ། །ཤེས་རབ་རྡོ་རྗེས་ལེགས་ཕུག་ནས། །རིག་པའི་སྐུད་པ་གྲིམས་བཀལ་བས། །ལེགས་པར་བརྒྱུས་པ་མཛེས་པའི་རྒྱན། །སྐྱེས་བུ་གང་གི་ལུས་ལ་འདོགས། །དེ་ནི་རྒྱན་མཆོག་བླ་ན་མེད། །འགྲོ་བ་ཀུན་གྱི་གཙོ་བོར་འགྱུར། །དེ་ལ་འདིར་ནི་རྒྱུད་གསུམ་དང༌། །རྒྱུད་གཉིས་དག་ནི་རྒྱལ་བས་གསུངས། །དེ་རྒྱུ་དེ་རྐྱེན་འབྲས་བུར་བཅས། །བསྙེན་བཀུར་རིམ་གྲོ་ཡན་ལག་ལྡན། །དཔག་བསམ་ཤིང་ཞེས་གྲགས་པ་ཡི། །བརྟག་པ་ཡང་དག་བཤད་པར་བྱ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པའི་སྟོན་པ་དེས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གནས་སྐབས་ན། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་
རྒྱ་བར་བྱའོ་ཞེས་དམ་བཅའ་བའི་ཚིག་རྒྱ་ཆེན་པོ་མཛད་དོ། །དེས་མངོན་པར་རྟོགས་པ་ལས་སེམས་ཅན་ཐམས་ཅད་ལ་མོས་པ་སྣ་ཚོགས་པ་དང༌། དབང་པོ་རྣོ་རྟུལ་གྱི་ ཚུལ་དང ་སྦྱར་ནས། རྣམ་པར་ཐར་བའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཏེ། དེ་ལ་ཁ་ཅིག་ཏུ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་སྟོན། ཁ་ཅིག་ཏུ་སྤྲུལ་པའི་སྐུས་ཆོས་སྟོན། ཁ་ཅིག་ཏུ་སྤྲུལ་པའི་སྤྲུལ་པས་ཆོས་སྟོན་ཏོ། །དེ་ལ་ལོངས་སྤྱོད་རྫོགས་པ་ལ་རྣམ་པ་གཉིས་ཏེ། ཐེག་པ་ཐུན་མོང་པ་ དང་ཐེག་པ་ཁྱད་པར་ཅན་གྱི་ཚུལ ་ལོ། །ཐེག་པ་ཐུན་མོང་བའི་ཚུལ་ནི་དགའ་ལྡན་གྱི་གནས་སུ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱིས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་དང་ཀླུ་ལ་སོགས་པ་རྣམས་ལ་ཆོས་སྟོན་པའོ། །ཐེག་པ་ཁྱད་པར་ཅན་གྱི་ཚུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཞུགས་ཏེ། བདེ་མཆོག་འཁོར་ལོ་ལ་སོགས་པ་སྟོན་ཏོ། །དེ་ལ་བློ་ཆུང་བཤེས་རབ་ཞན་པ་ཁ་ཅིག་ནི། །ཐེག་པ་ཆེན་པོ་གསང་སྔགས་ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ཞིང༌། གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་བཤད་པ་སྟེ། འཇིག་རྟེན་པ་རྣམས་བཅོམ་ལྡན་འདས་ཞེས་པ་ལ་བརྟེན་ནས་དཔྱོད་དེ་དེ་ལྟར་གནོད་སྦྱིན་ལ་སོགས་པ་ལ་ཡང་འཇིག་རྟེན་ན་བཅོམ་ལྡན་འདས་ཞེས་བརྗོད་པས་ན། དེ་རྒྱལ་བས་གསུངས་པའི་ཆོས་དང་འགལ་བའི་ཕྱིར་ཆོས་མ་ཡིན་ནོ་ཞེས་པ་དང༌། ཁ་ཅིག་ནི་གནོད་སྦྱིན་ལ་སོགས་པས་ཀྱང་མ་བཤད་ལ། འདོད་ཆགས་ཆེན་པོའི་ལྷ་གར་གྱི་དབང་ཕྱུག་ལ་སོགས་པས་འཁྲིག་པའི་ཆོས་ལ་བསྙེན་བཀུར་བྱ་བའི་ཕྱིར་བཤད་པ་སྟེ། དེ་ལྟ་མ་ཡིན་ན་དེ་བཞིན་གཤེགས་པ་གཅིག་གི་ཞལ་ནས་དམ་པའི་ཆོས་རིན་པོ་ཆེ་གསུངས་པ་ལ་ཆོས་ཉིད་ཀྱིས་གསུངས་པ་དང་འགལ་བ་ནི་ཐབས་མི་མཁས་པ་སྟེ། ཐེ་ཚོམ་གྱི་དབང་གིས་སེམས་ཅན་གྲོལ་བར་མི་འགྱུར་བའི་ཕྱིར་དཔེར་ན་སྨྱོན་པའི་ཚིག་ལྟ་བུའོ་ཞེས་འདོད་ན་དེ་དག་ནི་མི་དགེ་བའི་བཤེས་གཉེན་ཅན་དུ་རིག་པར་བྱ་བ་དང༌། གཞན་དུ་གསང་སྔགས་འབའ་ཞིག་ལ་མངོན་པར་དཔྱད་པ་རྣམས་རྒྱལ་བའི་བཀའ་བཞིན་དག་ནི་དྲང་བའི་དོན་གྱི་མདོ་སྡེ་ཡིན་ལ་གསང་སྔགས་ནི་དེ་བཞིན་གཤེགས་པའི་བཀའ་ཡང་དག་
པའི་སྙིང་པོ་བསྒྲུབ་པར་བྱའོ་ཞེས་འདོད་པ་དང་དེ་དག་ལ་སོགས་པ་ཕན་ཚུན་དུ་འཁྲུལ་པའི་གཞིར་གྱུར་ཅིང༌། ཁ་ན་མཐོ་བའི་ཚིག་དང་ལོག་པར་ལྟ་བ་སྣ་ཚོགས་པ་འབྱུང་བ་ཡོད་པ་དེ་ལ་འདི་ནི་དེ་བཞིན་གཤེགས་པས་སྤྱིར་ཆོས་ཐམས་ཅད་རྒྱུད་རྣམ་པ་གསུམ་དུ་གསུངས་སོ། །དེ་ལ་སྐུའི་རྒྱུད་ནི་འདུལ་བའི་མདོ་ལ་སོགས་པའོ། །གསུང་གི་རྒྱུད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལ་སོགས་པའོ། །ཐུགས་ཀྱི་རྒྱུད་ནི་ཐེག་པ་ཆེན་པོ་གསང་སྔགས་སོ། །གང་འདིར་རྒྱུད་རྣམ་པ་གསུམ་ནི་གང་ཟག་རྣམ་པ་གསུམ་གྱི་དབང་དུ་མཛད་ནས་བཀའ་སྩལ་ཏེ། བྱིས་པ་རབ་རིབ་ཅན་དང་མཁས་པ་རབ་རིབ་ཅན་དང་དག་པར་ལྟ་བའོ། །ཡང་འདིར་དེ་བཞིན་གཤེགས་པས་ནི་མོས་པ་ཇི་ལྟ་བ་དང༌། སྤྱོད་པ་ཇི་ལྟ་བ་དང༌། འདུལ་བའི་ཞིང་ཇི་ལྟ་བ་དང༌། དེ་དག་གི་ལམ་ཇི་ལྟ་བ་བཞིན་དུ་ཐབས་སྣ་ཚོགས་ཀྱིས་ཆོས་སྟོན་པ་ནི་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་པའི་ཕྱིར་ཏེ། དཔེར་ན་སྒྱུ་མའི་མཁན་པོ་ལྟ་བུའོ། །དེ་ལྟར་བྲམ་ཟེ་ལ་སོགས་པ་ཁྲུས་དང་གཙང་སྦྲ་དང༌། གོས་ཀྱི་ཆ་བྱད་མཛེས་པ་དང༌། །སྨྱུང་བ་ཟ་གཅིག་པ་ལ་མོས་པ་རྣམས་འདུལ་བའི་ཕྱིར་དམ་པའི་ཆོས་འདུལ་བ་དང་བྱ་བའི་རྒྱུད་ལ་སོགས་པ་གསུངས་སོ། །ཡང་འདོད་ཆགས་དང་བྲལ་བ་དང༌། སྨྲ་བྱེད་ཀྱི་མཁན་པོ་ནམ་མཁའི་གོས་ཅན་ལ་སོགས་པ་འདུལ་བའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གསུངས་སོ། །གང་དུ་སྤྱོད་པ་ཐུན་མོང་བ་བཟང་པོ་ལ་བསྟེན་ཅིང་འདོད་པའི་ཡོན་ཏན་ལྔའི་ཕུན་སུམ་ཚོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་འདུལ་བའི་ཆེད་དུ་གཞུང་འདི་ལ་སོགས་པ་གསུངས་སོ། །གཞན་དུ་འདོད་ཆགས་ཆེན་པོའི་སེམས་ཅན་གཞན་གྱིས་འདུལ་བའི་ཐབས་མི་མངའ་བ་རྣམས་འདུལ་བའི་ཆེད་དུ་སྤྱོད་པ་རླབས་པོ་ཆེ་ལ་བརྟེན་པ་གསང་སྔགས་བླ་ན་མེད་པ་རྣམས་གསུངས་སོ། །དེ་ལ་འདིར་ཁ་ཅིག་རྟོག་པ་རྣམ་པ་གཉིས་སྐྱེ་སྟེ། འདི་ལྟར་ཐབས་ཀུན་གྱིས་ནི་མངོན་པར་རྫོགས་པར་འཚང་མི་རྒྱལ་གཅིག་ལ་གཟུད་བའི་ཆེད་དུ་གཞན་དག་ཀྱང་གསུངས་པ་ཡིན་ནམ་སྙམ་པ་དང༌། ལུས་ཀྱི་ཀུན་ཏུ་སྤྱོད་པས་ནི་འཚང་མི་རྒྱལ་སེམས་ཀྱི་ཀུན་ཏུ་སྤྱོད་པ་རྒྱ་ཆེན་པོས་འཚང་རྒྱབ་ཁོ་ན་ཡིན་པས་བདག་ཅག་གི་ཐབས་སུ་གཞན་འགྱུར་རོ་སྙམ་
པ་དང༌། ཁ་ཅིག་ནི་བདེ་བར་གཤེགས་པས་ནི་ཆོས་ཐམས་ཅད་དུ་འདོད་པ་ལ་ལོག་པར་གཡེམ་པ་བཀག་པས་ནི་བདག་ཅག་གི་ཐབས་སུ་གཞན་འགྱུར་རོ་སྙམ་ན་དེ་ཡང་འདུས་པ་རིན་པོ་ཆེའི་མཛོད་ལས་ནད་པའི་ཁམས་དང་སྦྱར་ནས། དུག་ལ་སོགས་པའི་གནོད་པ་ཡང༌།། སྨན་གཞན་རྐྱེན་གྱིས་དུག་བསད་ནས། །བཏང་ན་ནད་ལས་འཚོ་བར་འགྱུར། །དེ་བཞིན་གང་དུ་འགལ་བསྟན་པ། །དེ་ལ་ཆོས་ཀྱི་དེ་ཉིད་རྟོགས། །གོམས་པའི་མཐུ་ཡིས་རྣམ་པར་ཐར། །ཞེས་བྱ་བ་གསུངས་ཏེ། དེ་བས་ན་གང་དང་གང་གིས་འདུལ་བའི་སེམས་ཅན་དེ་དག་ལ་དེ་དང་དེ་ཉིད་ཞི་བར་བྱེད་པ་དང་དེ་དག་ལས་མཆོག་ཏུ་གྱུར་པའི་ཆོས་ཡོངས་སུ་གསུངས་པས་སྡིག་པའི་རྐྱེན་དུ་མི་འགྱུར་པ་ཉིད་དོ། །དེ་ལ་སེམས་ཀྱི་ཀུན་ཏུ་སྤྱོད་པ་འབའ་ཞིག་ཀྱང་མ་ཡིན་པ་ནི་སྡོང་པོ་བཀོད་པ་ལས། མི་རྟོག་རྣམ་པར་མི་རྟོག་ཀྱང༌། །གང་དང་གང་གི་ཡུལ་དག་ཏུ། །ལུས་སྤྱོད་ལ་སོགས་ཀུན་བསྡམས་ནས། །སྡིག་པའི་རྒྱུ་ནི་མི་སོགས་འགྱུར། །ཞེས་གསུངས་ཏེ། །དེ་བས་ན་བསམ་པ་མཆོག་ཏུ་གྱུར་པའི་གང་ཟག་རྣམས་ཀྱིས་ཀྱང་ཡུལ་གང་དང་གང་དུ་སྤྱོད་པ་གང་དང་གང་གྲོགས་གང་དང་གང་རྣམས་ཀྱི་ཆེད་དུ་དེ་དག་གི་ཀུན་ཏུ་སྤྱོད་པ་དང་མཐུན་པར་བྱ་སྟེ། དེ་དག་དང་རྗེས་སུ་མཐུན་པ་ལས་དེ་དག་དགའ་བའི་སེམས་སྐྱེས་པ་ཉིད་དགེ་བའི་མཆོག་གོ །གཞན་དུ་རྗེས་སུ་མི་མཐུན་པ་ལས་ནི་དེ་དག་ཞེ་སྡང་བར་བྱེད། འཕྱ་བར་བྱེད་ཚིག་རྩུབ་པོ་སྨྲ་བར་བྱེད་དེ། དེ་དག་ནི་ངན་འགྲོའི་རྒྱུ་ཉིད་དུ་འགྱུར་རོ། །དེ་ལ་གང་དག་ཐེག་པ་ཆེན་པོའི་གསང་སྔགས་བླ་ན་མེད་པ་ལ་སྨོད་པ་དང་དེ་དག་སུན་འབྱིན་པས་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བ་སྟེ། དེ་ཡང་རྣམ་སྨིན་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས། གང་ཞིག་ཟབ་མོའི་དོན་དག་ལ། །རྒྱལ་བའི་བཀའ་མིན་ཞེས་བརྗོད་པ། །མནར་མེད་པ་རུ་ལྟུང་གྱུར་ནས། །ཡི་དགས་དུད་འགྲོའི་འཇིག་རྟེན་དུ། །ངེས་པར་སྐྱེ་བར་ཐེ་ཚོམ་མེད། །ཅེས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་གཏི་མུག་ཅན་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སོགས་པ་ཟབ་མོའི་དོན་རྣམས་སུན་འབྱིན་པར་སེམས་པ་དེ་ནི་སྡིག་པའི་རྩ་བ་ཆེན་པོས་ངན་འགྲོར་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །གསང་སྔགས་ལ་རབ་ཏུ་སྤྱོད་པས་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་སུན་དབྱུང་བར་རྣམ་པ་ཐམས་ཅད་དུ་རུང་བ་ཉིད་མ་ཡིན་ཏེ། ཐར་པ་ཆེན་པོའི་མདོ་ལས་ཀྱང༌། འདུལ་འདི་ཐར་པ་འདོད་རྣམས་ཀྱི། །ཀུན་གྱི་ཡུལ་གྱུར་རྩ་བཞིའི་ཞིང༌། །འདི་གནས་བར་དུ་བསྟན་པ་གནས། །དེ་བས་འདུལ་ལ་རབ་ཏུ་འབད། །ཅེས་པ་དང༌། དེ་ཁོ་ན་ཉིད་བསྡུས་པའི་ལེའུ་ལས་ཀྱང༌། །ཕྱི་ནང་གསང་བ་ཐེག་པ་གསུམ། །རྣལ་འབྱོར་པས་ནི་སྤང་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ནི་འདུལ་བ་ལ་སོགས་པ་ཉན་ཐོས་ཀྱི་ཐེག་པ་ནི་རྒྱུའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་རྐྱེན་ནོ། །སྔགས་ཀྱི་ཐེག་པ་ནི་འབྲས་བུའོ་ཞེས་འདོད་ན། དེ་ནི་རིགས་པ་མ་ཡིན་ཞིང་ལུང་དང་འགལ་བའི་ཕྱིར། ཀླ་ཀློ་དང་སྲེད་མེད་ཀྱི་བུའི་ཚིག་བཞིན་ཏེ། ལུང་ལས་ཀྱང༌། ཐེག་པ་གང་གི་སྒོར་ཞུགས་པས། །དེ་ཡིས་དེ་ཡི་འབྲས་བུ་མཐོང༌། །ཞེས་གསུངས་སོ། །དེ་ལ་གང་དག་ཕན་ཚུན་དང་ཐེག་པ་གསང་སྔགས་སྤྱོད་པ་རྣམས་ཀྱིས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་སྤྱད་དུ་མི་རུང་སྟེ་རྟོག་པ་དང་བཅས་པའི་ཕྱིར། དཔེར་ན་རྨ་བྱ་དང་ཤི་རི་ཤའི་ཤིང་བཞིན་ནོ་ཞེས་པ་དང་དེ་བཞིན་དུ་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་གིས་བླ་ན་མེད་པའི་གསང་སྔགས་སྤྱད་དུ་མི་རུང་སྟེ་དཔེར་ན་སྤྲུལ་དང་ཕག་རྒོད་ལྟ་བུའོ་ཞེས་སྨྲ་ན་དེ་དག་ནི་རིགས་པ་མ་ཡིན་ཏེ་ལུང་རིགས་དང་འགལ་བའི་ཕྱིར་དཔེར་ན་སྲིན་པོ་ཁྱབ་འཇུག་གི་ཆུང་མ་བཞིན་ཏེ་ལུང་ལས་ཀྱང༌། དགེ་སློང་རྡོ་རྗེ་འཛིན་པ་ཆེ། །སྔགས་རྣམས་གསུང་ཞིང་འཁར་གསིལ་བསྣམས། །དེ་ཉིད་སྒོམ་ཞིང་གསོ་སྦྱོང་བརྩོན། །དེ་ནི་བདེ་བར་གཤེགས་དང་འདྲ། །ཞེས་གསུངས་པ་དང༌། སྒྱུ་མ་བརྟག་བའི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས། སོ་སོར་ཐར་པའི་སྡོམ་པ་ལ། །རྟེན་བཅས་གསང་སྔགས་སྡོམ་པ་འཛིན། དེ་ནི་ཤེས་རབ་ཐབས་ལྡན་པས། །ཆོས་ཀྱི་སྐུ་ནི་མངོན་དུ་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་གང་ཟག་གི་དངོས་པོས་ནི་ཆོས་ཀྱི་དངོས་པོ་རྟོགས་པར་མི་འགྱུར་ཏེ། དུས་ཀྱི་སྙིགས་མ་ལ་སེམས་ཅན་གྱི་སྙིགས་མར་གྱུར་བའི་
དབང་གིས་གང་ཟག་ཁ་ཅིག་ནི་རང་ཉིད་ཉོན་མོངས་པའི་དབང་དུ་གྱུར་པས་ཐེག་པ་ཆེན་པོ་གསང་སྔགས་ལ་ཚིག་བཀལ་ནས་སྤྱོད་པ་ལ་སོགས་བརླང་པོར་སྤྱོད་པ་དང་བུད་མེད་ལ་སོགས་པ་བསྟེན་པ་ཡང་འདི་ནི་དམ་ཚིག་གི་ཞེས་བརྫོད་པ་དང༌། རུང་བ་མ་ཡིན་པའི་དངོས་པོ་རྣམས་ཟ་བ་ལ་དམ་ཚིག་གི་ཟས་སུ་རུང་བའོ་ཞེས་བརྗོད་ནས་ལོངས་སྤྱོད་ཅིང་སྔགས་ཀྱི་དོན་ཅུང་ཟད་ཀྱང་མི་སྒོམ་པ་ནི་བདེ་བར་གཤེགས་པས་བཀག་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་ཕྱི་མ་ལས། རྣལ་འབྱོར་ཡེ་ཤེས་མི་བྱེད་པར། །ང་ཉིད་སྔགས་པ་ཡིན་ཟེར་བ། །གླང་སྨྱོན་སྣ་ལ་རལ་བཏགས་འདྲ། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་ནི་སེམས་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་དད་པའི་གོ་ཆ་བགོས་ནས་བརྩོན་འགྲུས་ཀྱི་རྟ་དང༌། ཤེས་རབ་ཀྱི་མཚོན་ཐོགས་ཏེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལ་མ་བླ་ན་མེད་པར་ཞུགས་ནས་བདུད་ཀྱི་ཚོགས་མཐའ་དག་འཛོམས་པའི་རྒྱལ་བའི་སྲས་པོ་ཞེས་བོད་པ་སྟེ། དེ་ནི་སྐྱེས་བུ་བླ་ན་མེད་པའོ། །ཁ་ཅིག་ནི་འཇིག་རྟེན་འདི་ན་གསང་སྔགས་ཀྱི་ཐེག་པ་ལ་ཞུགས་ན་བདེ་བར་འཚོའི་ཟེར་ནས་རྙེད་པ་དང་བཀུར་སྟིའི་ཕྱིར་ཉན་པ་དང་བཤད་པར་བྱེད་པ་ཡང་ཡོད་དེ། དེ་ནི་ཆོས་འཆེ་བ་ལོག་པ་ཅན་ཞེས་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་མངོན་པར་བརྗོད་པའི་མདོ་ལས། དུས་འགྱུར་འདི་ཡི་ཕྱི་མ་ལ། །ང་ཡི་སྲས་ནི་རྣམ་པ་གསུམ། །གཅིག་ནི་མིང་ཐོགས་གཞན་གྱི་བྲན། །གཅིག་ནི་ཕ་ཡི་གཏེར་རྣམས་འཚོང༌། །གཅིག་ནི་སེང་གེའི་གདུང་འཚོ་བ་ཡིན། །ཞེས་འབྱུང་ངོ༌། །དེ་བས་ན་གང་ཟག་གི་མཚན་མས་ཆོས་ཀྱི་ངོ་བོ་ནི་རྣམ་པ་ཐམས་ཅད་དུ་ཡང་བརྟག་པར་མི་བྱ་སྟེ། འདིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་གསང་སྔགས་སྤྱོད་བ་རྣམས་ཀྱང་གོང་དུ་བསྟན་པའི་གང་ཟག་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ལ་རང་ཉིད་ཉོན་མོངས་པའི་དབང་དུ་གྱུར་པའི་དགེ་སློང་སྡོམ་པ་དང་བྲལ་བ་ལ་ནི་ཆོས་ལ་དབྱ་བར་མི་བྱ་བ་དང༌། ཆོས་འཚོང་བ་རྣམས་ནི་གང་ཟག་ལ་དབྱ་བར་བྱ་བའོ། །བསམ་པ་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་འདོད་པའི་དགེ་སློང་གིས་ནི་དང་པོར་བླ་མ་བརྟག་པར་བྱ་སྟེ། བླ་མ་ཡང་གང་ཟག་རྣམ་པ་གསུམ་པོ་དེ་ལས་བར་མ་ཡོངས་སུ་
བསྟེན་ཏེ། གསང་སྔགས་ཀྱི་སྣོད་དུ་རུང་བ་དགེ་སློང་གི་སྡོམ་པའང་མ་སྨས་པར་དབང་མཐའ་དག་ནོས་པ་ལ་ཡོན་ལ་སོགས་པ་ཇི་སྐད་གསུངས་པ་བཞིན་དུ་ཕུལ་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་མནོས་ནས་ཡོངས་སུ་སྤྱོད་པ་ནི་འགལ་བ་མེད་པ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་གསང་སྔགས་ཀྱི་དབང་ནི་བུད་མེད་ལ་ཀུན་ཏུ་སྤྱོད་པའི་ཕྱིར་དགེ་སློང་གི་སྡོམ་པ་དང་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཞིང་བཀའ་མཐའ་དག་མ་མཐོང་བའི་ཕྱིར་བདེན་པ་མ་ཡིན་པ་སྟེ། བུད་མེད་ལ་སོགས་པ་ནི་དཔེ་སྒྲུབ་པ་ཡིན་ལ་དེའི་དགོས་པ་ནི་བརྟག་པའི་རྒྱལ་པོ་གཉིས་པ་ལས། རང་གི་གཡས་མིན་གཡོན་མིན་པའི། །མཐོ་བོང་དང་ནི་སྲིན་ལག་གིས། །ལོངས་སྤྱོད་རྩ་གཉིས་རབ་མནན་ན། །གཞོན་ནུ་མ་དང་ཕྲད་པ་ཡི། །བདེ་བ་ལྟ་བུར་མྱོང་བར་འགྱུར། །ཞེས་གསུངས་ཏེ། དོགས་པ་ཅུང་ཟད་ཀྱང་མེད་ཅིང་དགོས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་བ་སྟེ་གང་ཟག་ཐ་མ་ལྟ་བུར་སྤྱོད་པ་ནི་གོང་དུ་གསལ་བའོ། །དེ་བས་ན་དགེ་སློང་ལ་སོགས་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ནི་ཉེས་པ་མེད་པར་བལྟའོ། །དེ་ལ་འདིར་ཡང་གང་དག་དགེ་བའི་བཤེས་གཉེན་དམ་པ་དང་བཅས་པ་རྣམས་ཀྱིས་ནི་དོགས་པ་དག་ཀྱང་གང་དག་བློ་ཆུང་བ་ལ་སོགས་པ་རྣམས་ཀྱིས་ནི་འཁྲུལ་པའི་གཞི་མེད་ཅིང་དགེ་སློང་གི་སྡོམ་པ་དང་ཤིན་ཏུ་མཐུན་པའི་ཕྱིར་བག་ཚ་བ་མེད་པས། ཆོས་འདི་ལ་སོགས་པ་ལ་འབད་པར་བྱ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་འབྲས་བུ་རྡོ་རྗེའི་ཐེག་པ་ལ་ཞུགས་པས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པའི་རྒྱུ་བླ་ན་མེད་པ་ཉིད་དོ། །དེ་ལ་གང་དག་ཅིའི་ཕྱིར་སྔགས་ཀྱི་ཐེག་པ་ལ་འབྲས་བུའི་ཐེག་པ་ཞེས་གདགས་ཤེ་ན། སྔགས་ཀྱི་ཐེག་པ་ནི་འབྲས་བུའི་ཐེག་པ་ཡིན་ཏེ། འབྲས་བུ་མྱུར་དུ་ཐོབ་པའི་ཕྱིར། གྲི་རྣོན་པོ་ལ་གཅོད་པ་ཞེས་གདགས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། །བསྐལ་པ་བྱེ་བ་གྲངས་མེད་དུ། །རྙེད་དཀའ་བ་ཡི་སངས་རྒྱས་ཀྱང༌། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུ་ཅན་ཞེས་མིང་བཏགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་ཆོས་ནི་རྣམ་པ་གསུམ་དུའང་གསུངས་ཏེ། དེ་ལ་ཆོས་རྣམ་པ་གསུམ་ནི། པདྨ་ལྟ་
བུའི་ཆོས་དང༌། རིན་པོ་ཆེ་ལྟ་བུའི་ཆོས་དང༌། རྡོ་རྗེ་ལྟ་བུའི་ཆོས་སོ། །དེ་ལ་པདྨ་ལྟ་བུའི་ཆོས་ནི་འདུལ་བའི་སྡེ་སྣོད་ལ་བྱ་སྟེ། འཁོར་བའི་འདམ་ན་གནས་ཀྱང་ལུས་ཀྱི་སྤྱོད་བ་ཀུན་ཏུ་གཙང་བར་སྣང་བ་ནི་པདྨ་ལྟ་བུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་སྐུའི་ཕྲིན་ལས་ཡོངས་སུ་རྫོགས་པ་ལ་སློབ་པོ། །རིན་པོ་ཆེ་ལྟ་བུའི་ཆོས་ནི་མདོ་སྡེའི་སྡེ་སྣོད་ལ་བྱ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་པ་ཐམས་ཅད་འགྲུབ་པའི་ཆོས་སྟོན་པ་སྟེ། དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ཡོངས་སུ་རྫོགས་པ་ལ་སློབ་པོ། །རྡོ་རྗེ་ལྟ་བུའི་ཆོས་ནི་གསང་སྔགས་ཀྱི་སྡེ་སྣོད་ལ་བྱ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའི་རྡོ་རྗེའི་སྐུ་མངོན་པར་འགྲུབ་པ་དང༌། བདུད་ལ་སོགས་པས་གཞིག་པར་མི་ནུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པ་ལ་སློབ་པོ། །དེར་ནི་གཞན་དུ་གྲགས་པའི་སྡེ་སྣོད་གསུམ་ཡང་བསྡུ་བ་སྟེ། དེ་དག་ཡོངས་སུ་འཛིན་པ་ལ་སྡེ་སྣོད་གསུམ་པ་ཞེས་གདགས་སོ། །ཡང་འདིར་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་མཐའ་དག་གོང་དུ་བསྟན་པའི་རྒྱུད་རྣམ་པ་གསུམ་དུ་འདུས་པ་སྟེ། ཡང་དག་པའི་ལམ་ལ་ཞེན་པའི་ཕྱིར་རོ། །ཡང་ན་རྒྱུད་རྣམ་པ་གཉིས་སུ་འདི་ལྟར་གནས་པ་ཐམས་ཅད་འདུས་སོ། །དེ་ལ་གང་དག་སྔགས་ཀྱི་ཐེག་པ་ལ་ནི་རྒྱུད་ཅེས་པ་ཀུན་ལ་གྲུབ་བ་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཅིའི་ཕྱིར་རྒྱུད་ཅེས་བྱ་ཞེན། རྒྱུད་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་ལ་སངས་རྒྱས་ཀྱི་རྒྱུད་དང༌། སེམས་ཅན་གྱི་རྒྱུད་དོ། །གང་དུ་བདེ་བར་གཤེགས་པས་སེམས་ཅན་རྣམས་ཀྱི་རྒྱུད་ཇི་ལྟ་བ་བཞིན་དུ་གསུངས་པ་ནི་སེམས་ཅན་གྱི་རྒྱུད་དོ། །དེ་དག་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བདེ་བར་གཤེགས་པས་དང་པོ་ཐབས་ཇི་ལྟ་བུས་ཉོན་མོངས་པ་བཅོམ་པའི་ཆོས་གསུངས་པ་ནི་སངས་རྒྱས་ཀྱི་རྒྱུད་དོ། དེ་ཡང་རྣམ་པ་གསུམ་སྟེ། རྒྱུ་དང་ཐབས་དང་འབྲས་བུའོ། །དེ་བས་ན་བདེ་བར་གཤེགས་པས་གསུངས་པའི་ཆོས་ལྟ་ཞོག་གི །འདི་ལྟར་སྣང་བ་ཐམས་ཅད་གཟུངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་རྒྱུད་དུམ་འདུས་པ་མེད་པའི་ཕྱིར་དང༌། ཐམས་ཅད་སྔགས་དང་ལྡན་པའི་ཕྱིར་ཕན་ཚུན་དུ་སུན་འབྱིན་པའི་རིགས་པ་
ནི་ཅུང་ཟད་ཀྱང་མ་ཡིན་ཏེ། འོན་ཀྱང་འདོད་པའི་དབང་གིས་དེ་ལྟར་སྨྲའོ། །དེ་བས་ན་འདིར་ནི་སྔགས་ཀྱང་ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། ངན་འགྲོ་རྣམས་སམ། ཉོན་མོངས་པ་ལས་ཡིད་སྐྱོབ་པར་ཐེག་པ་མཐའ་དག་གིས་བསྟན་པའི་ཕྱིར་དང་ཡང་ན་སྐྲག་པར་བྱེད་པའི་ཕྱིར་སྔགས་ཏེ། བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་སྐྲག་པར་བྱེད་འཇིགས་པར་བྱེད་འཇོམས་པར་བྱེད་པ་ཡང་ཐེག་པ་ཐམས་ཅད་དུ་གསུངས་པའི་ཕྱིར། དེ་དང་ལྡན་པ་རྣམས་ལ་སྔགས་པ་ཞེས་བར་བོད་པ་སྟེ། བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་ཐམས་ཅད་ལ་བྱའོ། །དེ་ལ་ཐམས་ཅད་ཀྱང་འདུལ་བ་ཡིན་ཏེ། ཉོན་མོངས་པ་དང་སྒྲིབ་པ་དང་རང་གི་རྒྱུད་འདུལ་བའི་ཕྱིར་རོ། །དེའི་ཕྱིར་མཁས་པ་ཤེས་རབ་དང་ལྡན་པ་རྣམས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་རྣམས་ཕན་ཚུན་དུ་འགལ་བར་མི་བསམ་པ་སྟེ། འདིར་ནི་ཐབས་དང་ཤེས་རབ་ཀྱང་བསམ་པར་བྱའོ། དེ་ལ་ཤེས་རབ་དམན་པ་རྣམས་དང༌། བླ་མ་དམ་པས་མ་ཟིན་པ་རྣམས་དང་སྡིག་པའི་གྲོགས་པོ་དང་བཅས་པ་རྣམས་དང་བདུད་ཀྱི་དབང་དུ་གྱུར་པ་རྣམས་ནི་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པ་རྣམས་སུ་ཐབས་དང་ཤེས་རབ་ཀྱི་སྒྲས་རྨོངས་པར་འགྱུར་ཏེ་བུད་མེད་དང་སྐྱེས་བུ་འབའ་ཞིག་ལ་འདོད་དོ། །དེ་ནི་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་ཐབས་མི་མཁས་པའི་སྐྱེས་བུར་རིག་པར་བྱ་སྟེ། ཡང་དག་པའི་བཀའ་བདེ་བར་གཤེགས་པའི་དགོངས་པས་ནི་ཐབས་ དང་ཤེས་རབ་ཀྱི་ཚུལ ་དཔག་ཏུ་མེད་པ་ཅིག་ཡོད་ནའང་འདིར་ནི་རེ་ཞིག་གཙོ་བོ་གསུམ་དུ་ཤེས་པར་བྱ་སྟེ། དཔེ་དང་རྒྱུ་དང་འབྲས་བུའོ། །དེ་ལ་དཔེ་ནི་ཆོས་ཉིད་སྟོང་པ་ཉིད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས་མཉམ་པར་སྦྱར་ཞིང་རེག་པའི་གནས་སྐབས་ནས་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཞིང་མཐའ་དག་ཏུ་བགྲོད་པར་བྱེད་པ། བདེ་བ་ཆེན་པོའི་ངོ་བོ་རྟོག་པ་ཐམས་ཅད་དང་བྲལ་བ་དེ་མཚོན་པའི་ཕྱིར་གསང་སྔགས་ཀྱི་རྒྱུད་བླ་ན་མེད་པ་རྣམས་སུ། བཅུ་དྲུག་ལོ་ལོན་མིག་ཡངས་མ། །ཞེས་པ་ལ་སོགས་པ་སྦྱོར་བ་རྣམས་གསུངས་ཏེ། རྨོངས་པ་དག་ནི་དེ་ལ་ཡང་དག་པར་འཛིན་པ་ཡང་ཡོད་ན། དེ་ནི་དཔེར་ན་ནད་པ་གང་ཞིག་གིས་བདུད་རྩི་ཚོལ་བའི་གནས་སུ་བདུད་རྩི་ཚོལ་དུ་ཕྱིན་པ་ལ་དུག་དང་བསྲེས་པའི་སྦྲང་
རྩི་དང་ཕྲད་པ་ལས་རོ་མངར་བའི་བདེ་བ་བླ་ན་མེད་པ་ཉམས་སུ་མྱོང་བ་ལས་བདུད་རྩི་ནི་ངེས་པར་འདིའོ་སྙམ་ནས་གནས་སུ་ཁྱེར་ཏེ་ཟོས་པ་དང་སྡུག་བསྔལ་ཆེན་པོས་འཆི་བའི་དུས་བྱས་པ་བཞིན་ནོ། །དེ་ལ་རྒྱུ་ནི་འདིར་རྣམ་པ་གཉིས་ཏེ། རྩ་བའི་རྒྱུ་དང་ལས་སུ་བྱ་བའི་རྒྱུའོ། །དེ་ལ་རྩ་བའི་རྒྱུ་ནི་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བྱུང་བའི་སྙིང་རྗེ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་རིམས་དྲག་པོས་གདུངས་པ་ལྟ་བུ་སྐྱེ་བ་ཉིད་དོ། །དེའི་དབང་གིས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ལས་ཡང་དག་པར་བྱུང་བའི་བྱམས་པ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཆོས་དང་ཟང་ཟིང་དང་སྐྱབས་དང་བདེ་བའི་ཚིག་ལ་སོགས་པས་ཕན་གདགས་པ་ནི་མངོན་པར་འགྲུབ་པའི་རྒྱུའོ། །དེ་ལྟ་བུ་ཡང་དག་པར་ཆུ་བོའི་རྒྱུན་ལྟ་བུས་མཉམ་པར་སྦྱར་བ་ལས་བདེ་བ་རྣམ་པ་གཉིས་འབྱུང་བ་སྟེ་བདག་ཉིད་སེམས་ཀྱི་དགའ་བས་དམིགས་པ་མེད་པའི་བདེ་བ་ཆེན་པོ་དང་གཞན་དུ་འཕྲལ་གྱི་བདེ་བ་མངོན་པར་དགའ་བའི་བདེ་བ་ཆེན་པོ་སྐྱེ་བ་ཉིད་དོ། །ལས་སུ་བྱ་བ་ནི་རྣམ་པ་གཉིས་ཏེ། ནང་གི་བདག་ཉིད་ཅན་དང་ཀུན་ཏུ་སྤྱོད་པའོ། །དེ་ལ་ནང་གི་བདག་ཉིད་ཅན་བླ་མ་དམ་པས་ཆོས་ཀྱི་འཁོར་ལོ་ཆེན་པོས་ཡང་དག་པའི་དོན་མ་ནོར་བར་བསྟན་པ་ཉིད་ངེས་པ་ཉིད་དུ་བྱས་པས་བསྒོམས་ཤིང་དེ་ལ་བདེ་བ་ཆེན་པོ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སྐད་ཅིག་གམ་ཐང་ཅིག་གམ་ཉི་མའམ་ཞག་གམ་ཟླ་བའམ་ལོ་ལ་སོགས་པར་སྐྱེ་བ་ནི་རྒྱུ་བླ་ན་མེད་པ་ཉིད་དོ། །ཀུན་ཏུ་སྤྱོད་པ་ནི་འདིར་རྒྱལ་བའི་བཀའ་ཐམས་ཅད་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའམ། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པའམ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོགས་པ་ཡོངས་སུ་འཛིན་པའམ། བྲམ་ཟེའམ་རྒྱལ་རིགས་སམ་རྗེའུ་རིགས་ལ་སོགས་པས་རང་རང་གི་ཀུན་ཏུ་སྤྱོད་པས་ནི་འཇིག་རྟེན་པ་དང་རྗེས་སུ་མཐུན་པ་ཉིད་དུ་ཡང་དག་པར་སྤྱོད་པ་དང༌། གསང་སྔགས་རྡོ་རྗེའི་ཐེག་པའི་དོན་ལ་ཡང་དག་པར་བསྒོམས་པས་ནི་རྟོག་པ་དང་བྲལ་བའི་ཤེས་རབ་སྐྱེ་སྟེ། དེ་ལས་བདེ་བ་ཆེན་པོ་རྣམ་པ་གཉིས་འབྱུང་ངོ༌། །དེ་ལ་རང་གི་རྒྱུད་ལ་ནི་ངོ་ཚ་བ་དང༌། མི་གཙང་བ་དང༌། མི་ཞིམ་པ་དང༌།
འཇིགས་པ་ལ་སོགས་པས་སྡུག་བསྔལ་བར་མི་འགྱུར་པའི་བདེ་བ་དང༌། གཞན་གྱི་རྒྱུད་ལ་མོས་པ་དང༌། དགའ་བ་དང་ཡིད་དུ་འོང་བ་ལ་སོགས་པའི་བདེ་བ་བསྐྱེད་པ་ཉིད་ནི་ཐབས་བླ་ན་མེད་པ་ཞེས་གསུངས་སོ། །དེ་ལ་འབྲས་བུ་ནི་སྟོང་པ་ཉིད་ལ་གཉིས་སུ་མེད་པའི་རྡོ་རྗེས་སངས་རྒྱས་པའི་ཆོས་ཐམས་ཅད་མངོན་དུ་བྱས་པའི་བདེ་བ་ཆེན་པོ་ཐོབ་པ་ཉིད་དོ། །ཡང་གསང་སྔགས་ཀྱི་རྒྱུད་བླ་ན་མེད་པ་རྣམས་སུ་ཡབ་ དང་ཡུམ་གྱི་ཚུལ ་དུ་ཆགས་པ་ཆེན་པོས་རོལ་པའི་ཆོས་བསྟན་པའམ། སྐུ་གཟུངས་ལ་སོགས་པ་མཉམ་པར་སྦྱར་བའི་སྐུ་མཐོང་བ་ལ་གང་དག་མི་ཤེས་པ་རྣམས་དེ་འདྲ་བ་ཉིད་ཀྱི་གཟུགས་སུ་བདེ་བར་གཤེགས་པ་རྣམས་བཞུགས་པར་འདོད་ན། དེ་ལྟ་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ལྟ་བུའི་ཆོས་ཀྱི་མཚན་ཉིད་ཚད་མེད་པ་རྣམ་པ་བཞིའི་གཟུགས་སུ་ཕྱག་བཞི་པའི་བུད་མེད་ཀྱི་ཚུལ་དུ་བྲིས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བུད་མེད་དེ་ལྟ་བུའི་གཟུགས་སུ་ཡོད་དམ། ཡང་བཅོམ་ལྡན་འདས་ཀྱིས་དགའ་ལྡན་གྱི་གནས་སུ་བྱམས་པ་རྒྱལ་ཚབ་ཏུ་བཞག་ནས་མིའི་ཡུལ་དུ་གསེར་གྱི་གླང་པོ་ཆེ་མཆེ་བ་དྲུག་པར་སྦྲུལ་ཏེ། ཟས་གཙང་མའི་བཙུན་མོའི་མངལ་དུ་མིར་སྐྱེ་བ་བཞེས་ཏེ་མཛད་པ་བཅུ་གཉིས་རིམ་པ་བཞིན་དུ་མཛད་ནས་རྡོ་རྗེའི་གདན་ལ་མངོན་པར་བཞུགས་པའི་གནས་སྐབས་ན་ལྷའི་བུའི་བདུད་དགའ་རབ་དབང་ཕྱུག་ལ་སོགས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་པར་རྡོ་རྗེ་གདན་ལ་འདུག་པ་ནི་རིགས་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བདུད་རྣམས་ལ་བཀའ་སྩལ་པ། ང་ནི་དུས་འདིར་མ་ཡིན་གྱི། །ཇི་སྲིད་ས་དང་ཆུ་སོགས་ཀྱི། །འབྱུང་བ་ཡོད་པ་དེ་སྲིད་ནས། །ང་ནི་རྫོགས་སངས་རྒྱས་ཀྱི་ལྷ། །སྡིག་ཅན་ཁྱེད་ཀྱིས་ཤེས་པ་མིན། །ཞེས་གསུངས་པའི་གནས་སྐབས་ན། བདེ་བར་གཤེགས་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་སའི་ལྷ་མོ་དང་ཆུའི་ལྷ་མོ་མདོག་སེར་བ་དང༌། སྔོ་བ་བུམ་པ་དང་པདྨ་འཛིན་པ་གཉིས་བཅོམ་ལྡན་འདས་ཀྱི་གཡས་གཡོན་ནས་རྐེད་པ་ཡན་ཆད་ཕྱུང་སྟེ་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཁྱེད་ཀྱིས་ཅི་ལ་ཤེས། །གཙོ་བོས་བཀའ་སྩལ་དེ་བཞིན་ཏེ། །བདག་ཅག་འབྱུང་བ་རྣམ་པས་ཀྱང༌།།
ཁྱོད་ནི་སྔ་བར་མངོན་སངས་རྒྱས། །ཞེས་པའི་ཚིག་གིས་བདུད་རྣམས་སྐྱེངས་པར་གྱུར་པར་བྱས་པ་ས་ལ་སོགས་པ་འབྱུང་བ་བཞིས་རྩི་ཤིང་ དང་ནགས་ཚལ་དང་དངོས་པོ་ཐམས་ཅད་སྐྱེད་པའི་ཚུལ ་ནས་བུད་མེད་ཀྱི་གཟུགས་སུ་ཕྱུང་ན་དེ་ཡང་བུད་མེད་དེ་འདྲ་བ་རང་གི་གཟུགས་སུ་གནས་སམ། དེ་ལྟ་ན་ནི་ས་ལ་ཡང་ཁ་དོག་སྣ་ཚོགས་པར་སྣང་བའི་ཕྱིར་རིགས་པར་མི་འགྱུར་བ་ཉིད་དོ། །དེ་བས་ན་བདེ་བར་གཤེགས་པས་ཆོས་ཀྱི་ཚུལ་གྱི་རྟགས་སྐུ་རུ་བྲིས་པའམ། ཡང་ན་གོང་དུ་བསྟན་པ་ལྟར་ཆགས་པ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་ཆགས་པ་ཆེན་པོས་ཆོས་གསུངས་ཏེ་འགལ་བ་མེད་པ་ཉིད་དོ། །གཞན་དུ་དེ་འདྲ་བ་ཉིད་དུ་འདོད་ན་ནི་བདེ་བར་གཤེགས་པ་ཡང་དག་པ་ཉིད་དམ་གྲོལ་བ་ཉིད་དམ། འཇིག་རྟེན་ལས་འདས་པ་ཉིད་དུ་མི་འགྱུར་ཏེ། ཉིད་ཀྱིས་གསུངས་པའི་ཆོས་དང་འགལ་བའི་ཕྱིར་རོ། །དེ་བས་ན་འདིར་བདེ་བར་གཤེགས་པ་ཡང་ཅིག །དེས་གསུངས་པའི་ཆོས་ཀྱང་གཅིག་པར་བལྟ་སྟེ། ཕན་ཚུན་དུ་འགལ་བ་མེད་པ་ཉིད་དོ། །ཡང་གཞན་དུ་མཚན་སྣ་ཚོགས་སུ་བསྟན་པ་ཁྲག་འཐུང་ཆེན་པོ་དང༌། དགྱེས་པའི་རྡོ་རྗེ་དང་འཇམ་པའི་རྡོ་རྗེ་དང༌། རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུ་གཅིག་པ་ཉིད་དེ། གདུལ་བྱའི་དབང་གིས་སྣ་ཚོགས་པར་བཏགས་པ་ནི་འགལ་བ་མེད་པ་ཉིད་ཁོ་ན་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །དེས་ནི་ལོག་པར་རྟོགས་པ་སྟེ། །ཡང་དག་དོན་དུ་མཐོང་ཐོས་མེད། །ཅེས་པ་ དང༌། མངོན་པར་རྟོགས་པའི་མདོ་ལས་ཀྱང༌། །བསྒྲིབས་པའི་ཚུལ ་གྱིས་ཀུན་སྟོན་ཡང༌། །རྟོག་པ་སྤངས་པས་འོད་གསལ་གང༌། །ཞེས་གསུངས་པའི་ཕྱིར་ཏེ། དེ་བས་ན་བདེ་བར་གཤེགས་པས་ཀུན་རྫོབ་ཀྱི་ཚུལ་དུ་སེམས་ཅན་མོས་པ་སྣ་ཚོགས་པ་རྣམས་ལ་གཟུགས་དང་ཆོས་དང་སྤྱོད་པ་སྣ་ཚོགས་སུ་བསྟན་པ་ནི་ཐ་ན་སྲིན་བུ་ལ་སོགས་པ་ཡན་ཆད་ཀྱི་གཟུགས་ཀྱིས་སྟོན་ཀྱང༌། དོན་དམ་པར་ནི་
གཟུགས་དང་ཁ་དོག་ཏུ་སྣང་བ་ལྟ་ཞོག་གི །སེམས་ཅན་གྱི་མཚན་མར་སྣང་བ་ཀུན་རྫོབ་ཀྱི་སྣང་བ་ཙམ་ཡང་མེད་པ་ཉིད་དེ། རྟོག་པ་ཐམས་ཅད་དང་བྲལ་བའི་རང་བཞིན་འོད་གསལ་བའི་བདག་ཉིད་དུ་བལྟ་བར་བྱའོ། །དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་ནི་ལུས་ཀྱི་སྤྱོད་པ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་རང་རང་གི་ཀུན་དུ་སྤྱོད་པ་ལ་བསླབ་པར་བྱ་བ་དང༌། ངག་གི་སྤྱོད་པ་རྣམས་ནི་རིན་པོ་ཆེའི་མདོ་ལ་སོགས་པ་ལ་བསླབ་པར་བྱ་བ་དང༌། ཡིད་ཀྱི་སྤྱོད་པ་རྣམས་ནི་གསང་སྔགས་ཀྱི་དོན་རྣམ་པར་བསྒོམ་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང༌། སྤྱོད་པ་ཡིད་འོང་མཛེས་པ་དང༌། །ངག་རྣམས་བྲམ་ཟེའི་རིག་བྱེད་འདྲ། །ཡིད་ནི་ཟླ་ཕྱེད་བྱིས་པ་འདྲ། །དེ་འདྲའི་ཀུན་དུ་སྤྱོད་པས་ན། །འདིར་བདེ་ཕ་རོལ་བླ་ན་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་ཡང་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་དང༌། མདོ་སྡེ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱ་བའི་རྒྱུད་རྣམས་སུ་ནི་ཁ་ཟས་ཀྱི་རྣམ་པ་ཤ་དང་ཆང་དང་སྒོག་པ་ལ་སོགས་པ་རུང་བ་མ་ཡིན་པའི་ཐ་མ་ལ་པ་རྣམས་ཀྱང་བཀག་ལ། །གསང་སྔགས་བླ་ན་མེད་པ་རྣམས་སུ་ནི། ཤ་ལས་ཀྱང་སེམས་ཅན་ཆེན་པོ་རྣམས་ཀྱི་ཤ་མི་ཤ་དད་གླང་པོ་ཆེའི་ཤ་ལ་སོགས་པ་དང༌། འཇིག་རྟེན་ན་ཤིན་ཏུ་མི་གཙང་བའི་དངོས་པོ་བཤང་བ་ལ་སོགས་པ་ཟས་ཀྱི་མཆོག་ཏུ་བྱེད་པ་དང༌། དེ་དག་གི་སྣོད་ལ་ཡང་མིའི་ཐོད་པ་ལ་སོགས་པར་ཟ་བ་ནི་འགལ་བ་ཉིད་དོ་ཞེ་ན། དེ་ནི་འགལ་བ་མེད་པ་ཉིད་དེ་དེ་ལ་ཁ་ཅིག་ནི་ལོག་པར་འཁྲུལ་བའི་དབང་གིས་མི་ལ་སོགས་པའི་རོ་རྐུ་བ་དང༌། གསོན་པ་རྣམས་གསོད་པའང་ཡོད་དེ། དེ་ནི་རྣམ་པ་ཐམས་ཅད་དུ་གཞུང་དང་འགལ་བར་རིག་པར་བྱ་སྟེ། བདེ་བར་གཤེགས་པའི་བཀའ་ཐམས་ཅད་ནས་སེམས་ཅན་གྱི་སྲོག་གཅོད་པ་ནི་མཚམས་མེད་པ་ལྔ་དང་ཉེ་བར་བཤད་པས་ན། དེ་ལྟ་བུའི་གང་ཟག་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་ཁས་འཆེས་པ་ལྟ་ཞོག་གི །ཡ་རབས་ཀྱི་སྤྱོད་པར་ཡང་མི་རུང་བས་ན་རིགས་ཀྱི་ཐ་མ་ཤན་པའི་རིགས་སུ་བསྡུ་བར་བྱ་སྟེ། དེ་འདྲ་བའི་གང་ཟག་དང་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་སྐད་ཅིག་མ་གཅིག་ཀྱང་
ལྷན་ཅིག་གནས་པར་མི་བྱ་བ་དང༌། གཏམ་གྱི་འབྲེལ་བ་ཙམ་ཡང་བྱ་བ་མ་ཡིན་པ་ཉིད་དོ། །དེ་ལ་བདེ་བར་གཤེགས་པས་གང་གསང་སྔགས་བླ་ན་མེད་པ་རྣམས་སུ་མི་ཤ་ལ་སོགས་པ་བཟའ་བར་བྱ་བའི་དགོས་པ་ནི་ཅི་ནས་ཀྱང་སེམས་ཅན་གྱི་སྲོག་ལ་གནོད་པ་སྤངས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ཤ་ཕལ་པ་རྣམས་ཟབ་ན་མ་དང་སྲིང་མོ་དང་མཛའ་བོ་ལ་སོགས་པས་ཡིད་དུ་འོང་བའི་ཕྱིར། སེམས་ཅན་རྣམས་བསད་དེ། ཁ་ཟས་བསོད་པ་དག་སྟོབ་པར་བྱེད་པའི་ཕྱིར་དང༌། བདག་ཀྱང་རོ་ལ་ཆགས་པའི་དབང་གིས་གནོད་སེམས་དང་གཞོགས་ཀྱིས་བསྐུལ་བ་དང་རྗེས་སུ་ཡི་རང་བ་ལ་སོགས་པའི་སེམས་སྐྱེ་བ་དགག་པའི་ཕྱིར་དང༌། རྣམ་པར་རྟོག་པ་གཞོམ་པའི་རིམ་པས་འཇིག་རྟེན་ན་མི་རྣམས་ཀྱིས་ལོངས་མི་སྤྱོད་ཅིང་སྨད་པར་གྱུར་པ་དུས་ཐམས་ཅད་དུ་མོད་པ་རིན་ལ་སོགས་པ་མི་དགོས་ཤིང་སེམས་ཅན་གྱི་སྲོག་ལ་མི་གནོད་པའི་ཤ་དག་བཟའ་བ་ཉིད་དོ། །ཡང་ཅི་ནས་ཀྱང་འཇིག་རྟེན་པའི་དངོས་པོ་རྣམས་ལ་ཆགས་པ་ཆུང་བར་བྱ་བའི་ཕྱིར་ཏེ། ངན་ཅིང་སྨད་པ་ནི་ཆགས་པའི་ཡུལ་དུ་མ་སོང་བ་ལ་འདོད་པའི་འདུན་པ་སྐྱེ་པར་མི་འགྱུར་བ་སྟེ་དེ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་རྣམས་སུའང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འབྲས་ཆན་ལ་རུས་པའི་འདུ་ཤེས་སུ་བསྐྱེད་པར་བྱ་བ་དང༌། ཚོད་མ་ལ་རང་ཁྲག་གི་འདུ་ཤེས་སུ་བསྐྱེད་པར་བྱ་བ་དང༌། ཤིང་ལོ་ལ་ཕགས་པའི་འདུ་ཤེས་སུ་བསྐྱེད་པར་བྱ་བ་དང་ལྷུང་བཟེད་ལ་མིའི་ཐོད་པའི་འདུ་ཤེས་བསྐྱེད་དེ། བདེ་བར་གཤེགས་པ་ལ་བསྙེན་བཀུར་བྱ་བ་དང༌། བྲུ་བའི་ནད་ལས་བཟློག་པའི་ཕྱིར་བཟའ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ཅི་ནས་ཀྱང་རྣམ་པར་རྟོག་པ་གཞོམ་པའི་ཕྱིར་ཏ། དེ་ལ་རྣམ་པ་གཉིས་སོ། །གཅིག་ནི་མངོན་པར་རྟོགས་པའི་བདག་ཉིད་ཀྱི་གནས་སྐབས་ན་དངོས་པོའི་རྣམ་པར་རྟོག་པ་དང་མཚན་མའི་རྣམ་པར་རྟོག་པ་སྤངས་པའི་ངོ་བོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཏེ། བཟང་བ་དང་ངན་པ་དང་ཞིམ་པ་དང་སྡུག་པ་དང་མི་སྡུག་པ་དང་སྙན་པ་དང༌། མི་སྙན་པ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་
འཇིག་རྟེན་པའི་ཆོས་བརྒྱད་དང་བྲལ་བའི་རྟགས་སུ་ཡང་དག་པར་བསྟན་པའོ། །གཅིག་ནི་ནང་དུ་སེམས་པའི་ངོ་བོས་དང་པོར་ཐིག་ལེ་དང༌། དེ་ནས་ཨ་རུ་རའི་འབྲས་བུ་ཙམ་དང༌། དེ་དག་ལ་སོགས་པའི་རིམ་པས་བཟའ་བ་ཉིད་དུ་བྱས་ན་ཡུན་རིང་པོར་གོམས་པའི་མཐུས་ཁད་ཀྱིས་རྣམ་རྟོག་ཆུང་བར་འགྱུར་བའི་ཕྱིར་སློབ་པའི་གནས་སྐབས་ནའོ། །དེའི་ཕྱིར་མི་ལ་སོགས་པའི་ཤ་བསྟེན་པ་ལ་འགལ་བ་མེད་ཅིང༌། མཐུན་པ་ཉིད་དང༌། ལང་ཀར་གཤེགས་པ་ལ་སོགས་པར་ཤ་ཐམས་ཅད་བཀག་པ་ནི་སྲིན་པོ་ལ་སོགས་པའི་སེམས་ཅན་གྱི་སྲོག་འཕྲོག་པ་རྣམས་གདུལ་བའི་ཕྱིར། ཤ་ཟ་ཤེས་རབ་སྙིང་རྗེ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །ཞེས་པ་ལ་སོགས་པ་ཤ་ཟ་བའི་ཉེས་དམིགས་སྣ་ཚོགས་པ་གཅིག་གསུངས་སོ། །མདོ་སྡེ་མྱ་ངན་ལས་འདས་པ་རྣམས་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའི་མད་བསྟན་པ་ལ་སོགས་པར་ཡང་ཅི་ནས་ཀྱང་སེམས་ཅན་གྱི་སྲོག་ལ་གནོད་ཀྱིས་དགོས་པ་དང༌། བྱང་ཆུབ་ཀྱི་སེམས་ཤས་ཆུང་གིས་དོགས་པའི་ཕྱིར་བཀག་པ་ཡིན་པར་ཤེས་པར་བྱ་སྟེ། རྣམ་པ་ཐམས་ཅད་དུ་མ་གནང་བ་མ་ཡིན་ཏེ་འདུལ་བ་ལ་སོགས་པར་དགེ་སློང་རྣམས་ཀྱིས་ཤ་དང་ཉ་ཤ་དང་ཁུར་བ་དང་འབྲས་ཆན་དང་ཟན་དྲོན་ལ་སོགས་པ་བཟའ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆང་ནི་ཐེག་པ་ཆེན་པོའི་གསང་སྔགས་ཕལ་ཆེར་དམ་ཚིག་གི་རྫས་སུ་གསུངས་པ་ཡིན་པ་དང་གཞུང་འདི་པ་རྣམས་སུ་གསལ་བར་བཀག་པ་སྟེ། དེ་ཡང་དམ་ཚིག་བརྗོད་པའི་སྐབས་ནས། ཉེས་པ་ཀུན་གྱི་རྩ་གཞིའོ། །ཆང་ནི་བཏུང་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དུར་ཁྲོད་ལ་སོགས་པར་གནས་པ་ནི་ཆགས་པ་བསྐྱུང་པའི་ཕྱིར་དང༌། མི་རྟག་པ་ཉིད་ཡིད་ལ་བྱ་བའི་ཕྱིར་དང༌། དམ་པའི་ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར་འདུལ་བ་ལ་སོགས་པར་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག །དུར་ཁྲོད་སོང་ལ་ཀེང་རུས་ལྟོས། །དེ་འདྲའི་གཟུགས་སུ་གནས་འགྱུར་ཞིང༌། །དེ་ཡི་རང་བཞིན་འདི་ལ་ནི། །ཀུན་ནས་ཆགས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རབ་ཏུ་བྱུང་བ་དང་གསང་སྔགས་
འགལ་བ་མེད་པ་ཉིད་དོ། །ཡང་འདིར་རུས་པའི་རྒྱན་ལ་སོགས་པ་ཡང་དོན་དམ་པར་རྣམ་པར་རྟོག་པ་སྤངས་པའི་རྟགས་དང༌། ཀུན་རྫོབ་ཏུ་མི་རྟག་པ་ཉིད་སྟོན་པའི་ཕྱིར་འགལ་བ་མེད་པ་ཉིད་དོ། །གཅེར་བུ་ཡང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པའི་རྟགས་སུ་བསྟན་པའི་ཕྱིར་མི་འགའ་ཞིང་བག་ཚབ་མེད་པར་བྱའོ། །དེ་ལ་གང་དག་གསང་སྔགས་རྣམས་སུ་ནི་དབང་གི་ཀུན་དུ་སྤྱོད་པས་མི་འདྲ་བ་ཉིད་དོ་ཞེས་ན། དེ་ནི་མི་ཤེས་པའི་རང་བཞིན་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཐོད་ཀྱི་རྒྱུད་ནས། སོ་སོ་ཐར་དང་བྱང་ཆུབ་སེམས། །གསང་སྔགས་རང་གི་སྡོམ་པ་ཡིས། །རྣམ་པར་གྲོལ་བའི་ལམ་ལ་བརྟེན། །ཞེས་གསུངས་པའི་ཕྱིར་སྡོམ་པ་ཡིན་པར་རིག་པར་བྱ་ཞིང་དབང་ཞེས་བྱ་བས་རིགས་པ་མ་ཡིན་པའི་ཆོས་ལོགས་ཤིག་སྟོན་པར་ནི་མི་བསམ་མོ། །དེ་ལ་གསུམ་ཀ་ཡང་དབང་ཡིན་པར་ཤེས་པར་བྱ་སྟེ། གཅིག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དབང་བྱེད་པའི་ཕྱིར་དང༌། གཅིག་ནི་བྱང་ཆུབ་སེམས་དཔའི་ཆོས་ལ་དབང་བྱེད་པའི་ཕྱིར་དང༌། གཅིག་ནི་གསང་སྔགས་ལ་དབང་བྱེད་པའི་ཕྱིར་དབང་ཞེས་བྱ་སྟེ། དཔེར་ན་མི་གང་དག་རྒྱལ་རིགས་སུ་གྱུར་ཀྱང་དེའི་སྤྱོད་ཡུལ་ལ་དབང་བྱར་མེད་པ་ལས། སྟོབས་དང་རྐྱེན་གྱི་དབང་གིས་ཕྱིས་བྲམ་ཟེ་ལ་སོགས་པས་ཡུལ་འཁོར་ཐམས་ཅད་ཀྱི་ཕྱིར་དབང་བསྐུར་བ་ལས་དེ་ནས་བཟུང་ནས་རྒྱལ་པོའི་ཆ་བྱད་བཟུང་སྟེ། སྤྱོད་ཡུལ་གྱི་གྲོང་ཁྱེར་ལ་དབང་བྱེད་པ་དང་དེ་ལས་འདོད་པ་དང༌། དེའི་འབྲས་བུ་སྣ་ཚོགས་པ་འབྱུང་བ་བཞིན་དུ། སོ་སོར་ཐར་པ་ལ་སོགས་པའི་དབང་གིས་དེའི་བྱང་ཆུབ་ལ་དབང་བྱེད་ཅིང་དེ་ལས་འཁོར་བའི་སྡུག་བསྔལ་བ་བདེ་བའི་འབྲས་བུ་དཔག་ཏུ་མེད་པ་འབྱུང་སྟེ། དེ་ལ་སོ་སོར་ཐར་པའི་དབང་ནི་ཉིས་བརྒྱ་ལྔ་བཅུ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་དབང་ནི་བཞི་བཅུ་རྩ་གཉིས་ཞེས་གསུངས་སོ། །གསང་སྔགས་ལ་ནི་སྤྱིར་རྣམ་པ་གསུམ་སྟེ། རྣལ་འབྱོར་དང་བྱ་བ་དང་སྤྱོད་པའོ། །རྣལ་འབྱོར་ལའང་རྣམ་པ་གསུམ་སྟེ། རྣལ་འབྱོར་སྤྱིའི་རྒྱུད་དང༌། རྣལ་འབྱོར་བླ་མའི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་རྣལ་འབྱོར་སྤྱི་ལ་ནི་དབང་བཅུ་ཞེས་
གསུངས་སོ། །རྣལ་འབྱོར་བླ་མའི་རྒྱུད་རྣམས་སུ་ནི་དབང་གསུམ་དུ་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་ནི་དབང་བཞིར་གསུངས་སོ། །བྱ་བ་ལ་ནི་བཅུ་བཞིའོ། །སྤྱོད་པ་ལ་ནི་ལྔ་བཅུ་རྩ་བཞིའོ། །དེ་དག་ཐམས་ཅད་ཀྱང་བསྡུ་ན་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་དབང་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་མཛོད་ལས། གང་གི་ལུས་ངག་ཡིད་གསུམ་བསྡམས། །གཞན་དུ་ལྷོད་སྦྱོར་འགྲོ་དོན་བརྩོན། །དབང་མཆོག་དམ་པ་འདི་རྙེད་ན། །རྫོགས་སངས་རྒྱས་སུ་དེ་འགྱུར་ངེས། །ཞེས་གསུངས་པའི་ཕྱིར་དང༌། ཡང་དེ་དག་སྐུ་གསུམ་གྱི་ཆ་ལུགས་སུ་ཡང་དག་པར་གནས་པ་སྟེ། གཅིག་ནི་བདེ་བར་གཤེགས་པའི་སྤྲུལ་པའི་སྐུའི་ཆ་ལུགས་ཀྱིས་ཀུན་དུ་སྤྱོད་དོ། །གཅིག་ནི་དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཀྱིས་ཀུན་དུ་སྤྱོད་དོ། །གཅིག་ནི་ཆོས་ཀྱི་སྐུའི་མཚན་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཁྱད་པར་ཅན་གྱི་ཆ་ལུགས་ཀྱིས་ཀུན་དུ་སྤྱོད་དོ། །དེ་དག་ཐམས་ཅད་དམ་པར་ནི་སུ་གཅིག་པའི་མཚན་ཉིད་དུ་བལྟ་བར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པའི་མདོ་ལས། སྐུ་གཉིས་པོ་ཡི་རང་བཞིན་ཅན། །ཆོས་སྐུ་རྟག་ཏུ་བདེ་བ་ཆེ། །ཞེས་གསུངས་སོ། །དེ་བས་ན་འདིར་རྣམ་པར་དག་པའི་ངོ་བོས་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པ་དག་ལ་རིམ་པར་བསླབས་ཏེ་དེ་དག་དང་ཡང་མི་འགལ་བར་ཀུན་དུ་སྤྱོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ཐེག་པ་ཆེན་པོ་གསང་སྔགས་ལ་ཡང་དག་པར་བསྙེན་ཏེ། དེའི་དོན་རྣམ་པར་བསྒོམ་ཞིང་རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཀྱིས་རྣམ་པར་རྟོག་པ་དང་བྲལ་བའི་ལམ་སྟོན་ཅིང་རྣམ་པར་རྟོག་པ་དང་བྲལ་བའི་འབྲས་བུ་མངོན་པར་འགྲུབ་པར་ངེས་པས་ན་མི་འགལ་བའི་ཕྱིར་གསང་སྔགས་ཀྱི་ཐེག་པ་ལ་མངོན་པར་བསྒྲུབ་པར་བྱ་བ་ཁོ་ན་སྟེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་བ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་གསང་སྔགས་ཀྱི་སྤྱོད་པའི་གང་ཟག་རྣམས་དང༌།
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་རྣམས་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་རྣམས་ཀྱིས་ལོངས་སྤྱོད་རྫོགས་པར་བྱ་བའི་ཕྱིར་རང་རང་གི་འདོད་པ་རྣམས་མི་འདོར་ཞིང་ཞེན་པར་མི་བྱ་བ་ཉིད་དོ། །དེ་ལ་རང་རང་གི་སྤྱོད་པ་ནི་སྤྱིར་འཇིག་རྟེན་པ་ཐམས་ཅད་ལ་སྤྱོད་པ་རྣམ་པ་བཞི་སྟེ། དེ་ལ་གཅིག་ནི་བདེ་འགྲོ་མཐོ་རིས་ཀྱིས་བྱང་ཆུབ་འདོད་པའོ། །གཅིག་ནི་འཇིག་རྟེན་འདིའི་འབྱོར་བ་དང་ཕུན་སུམ་ཚོགས་པ་འདོད་པའོ། །གཅིག་ནི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་རྟག་པ་མ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མི་ནུས་པས་ན་བདག་ཉིད་མྱུར་དུ་རང་བྱང་ཆུབ་ཐོབ་པར་བྱའོ་ཞེས་དེ་ལ་ཡོངས་སུ་འབད་ཅིང་རྩོལ་བར་འདོད་པའོ། །གཅིག་ནི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཆང་རྒྱ་བར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །དེ་ལ་གང་ཟག་དེ་དག་ནི་རིགས་བཞིར་ཤེས་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྣང་བ་རིན་པོ་ཆེའི་མདོ་ལས། རི་བོང་སྲམ་དང་ཆུ་སྲིན་དང༌། །སེང་གེ་ལྟ་བུར་ཀུན་སྤྱོད་པ། །འདི་དག་གང་ཟག་རྣམ་པ་བཞི། །གནས་རྣམ་བཞི་ལ་རྣམ་པར་སྤྱོད། །ཅེས་གསུངས་སོ། །ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པར་འདོད་པ་དང༌། འཇིག་རྟེན་ལས་འདས་པར་འདོད་པའོ། །འཇིག་རྟེན་ལས་འདས་པ་ལ་གསུམ་སྟེ། རང་བྱང་ཆུབ་ལ་གནས་པ་དང༌། ལམ་ལ་གནས་པ་དང༌། མཆོག་གི་གོ་འཕང་འདོད་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ནི་མངོན་པར་རྟོགས་པའི་མདོ་ལས། ང་ཡི་བསྟན་ལ་གང་ཟག་གསུམ། །རྒྱུ་ཤེས་ལམ་ཤེས་འབྲས་བུ་རྟོགས། །རང་ཉིད་སྣང་པས་ཀུན་དུ་སྤྱོད། །ཅེས་གསུངས་སོ། །དེ་བས་ན་འཇིག་རྟེན་ལས་འདས་པར་འདོད་པའི་རྒྱུ་རྣམ་པ་གསུམ་གྱིས་ནི་རང་གི་བྱང་ཆུབ་ལ་ཞེན་པར་མི་བྱ་ཞིང་དོར་བར་ཡང་མི་བྱ་སྟེ། ཐབས་མཁས་པ་སྣ་ཚོགས་པས་ཀུན་དུ་སྤྱོད་པ་ནི་སྐྱེས་བུ་ཁྱུ་མཆོག་ཅེས་གསུངས་སོ། །དེ་ལ་ཁ་ཅིག་ནི་ལམ་ཐ་དད་པ་ལ་ཞུགས་ཏེ།
འབྲས་བུ་ཆེད་དུ་བྱ་བའི་གཅིག་པ་ནི་དཔེར་ན་བུད་མེད་དང་སྐྱེས་བ་འཁྲིག་བའི་ཆོས་སྤྱོད་པ་ན་བུད་མེད་ནི་སྐྱེས་བའི་དབང་པོ་ཆེ་བར་འདོད་ལ། སྐྱེས་པ་ནི་བུད་མེད་ཀྱི་དབང་པོ་ཆུང་བར་འདོད་དོ། །ཆེ་བར་འདོད་པ་དང་ཆུང་བར་འདོད་པ་ལ་ཁྱད་པར་ཆེ་ཡང༌། དེ་ག་ཉི་གའི་ཆེད་དུ་བྱ་བའི་འདོད་པ་ནི་དམ་པ་དང་བདེ་བར་འདོད་པ་སྟེ། དེ་ཡང་སྐྱེས་པ་དང་བུད་མེད་གཉི་གའི་རླུང་གི་སྒོ་བསྡམས་པ་ལས་དམ་པ་དང་བདེ་བ་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པའི་བསྟན་བ་ལ་ཞུགས་པ་རྣམས་ཀྱང༌། ལམ་གྱི་ཁྱད་པར་ཆེ་ཡང་བདེ་བའི་བྱང་ཆུབ་འདོད་པར་འདྲ་སྟེ། དེ་ཡང་གསུམ་ལ་གནས་ནས་གཅིག་གིས་ངེས་པར་འབྱུང་བས་ནི་མྱུར་དུ་འཁོར་བ་སྤོང་བར་འགྱུར་རོ། །དེ་ལ་ཕན་ཚུན་ཞེ་སྡང་བར་བྱེད་པ་ནི་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བཞི་པའི་མདོ་ལས། གཏི་མུག་གོས་ཅན་ཞེ་སྡང་མཚོན། ཕྲག་དོག་འདོད་ཆགས་ཆུ་དག་གིས། །ཕ་རོལ་རྨ་དོད་འཁྲུ་བྱེད་པ། །གཤིན་རྗེའི་གནས་སུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་འཇིག་རྟེན་གནས་པ་ཐམས་ཅད་ལམ་གྱི་ཁྱད་པར་ཆེ་ཡང་བདེ་བའི་བྱང་ཆུབ་འདོད་པར་འདྲ་སྟེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུང་འཚེ་བ་རྙེད་པ་དང་བཀུར་སྟི་ལ་མི་ལྟ་ཞིང་བུ་གཅིག་པའི་ཕ་ལྟར་བྱམས་པ་རྣམས་ཀྱིས་ལེགས་པའི་ལམ་ཡོངས་སུ་བསྟན་པར་བྱ་བ་ཁོ་ནའོ། །དེའི་ཕྱིར་འདི་ལྟར་གོང་དུ་བསྟན་མ་ཐག་པ་ལྟར། དེ་བཞིན་གཤེགས་པའི་བཀའ་མཐའ་དག་དང༌། གསང་སྔགས་རྣལ་འབྱོར་གྱི་རྒྱུད་ཆེན་པོ་རྣམས་ཀྱི་གཞུང་གི་དངོས་བོ་མཚུངས་བ་ཉིད་དུ་རྣམ་པར་གཞག་ནས། ད་ནི་གཞུང་འདི་ཉིད་ཀྱི་དོན་བསྡུས་པ་རྣམ་པར་དགྲོལ་བར་བྱ་སྟེ། འདི་སྐད་བདག་གིས་ཐོས་བ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་བརྗོད་པར་བྱ་བ་དང༌། དགོས་པ་དང་དགོས་པའི་དགོས་བ་དང་འབྲེལ་པ་ནི་གང་ཞིག་ཡིན་ཞེ་ན། དེ་ནི་རྣམ་པ་བརྒྱད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དང་དམ་ཚིག་ཆེན་པོར་འབྲེལ་ཅིང་དེ་རྟོགས་པར་བྱ་བ་དང་དེ་རྟོགས་པ་ནི་ཐོག་མ་ཉིད་ནས་དགོས་འབྲེལ་ཡོངས་སུ་རྫོགས་པ་སྟེ། ཡང་འདིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་འདི་ཉིད་རྗོད་པར་བྱེད་པ་ཡིན་ལ། དེ་ཉིད་
ལ་གདུལ་བྱ་རྣམས་མངོན་པར་འདོད་པ་བསྐྱེད་པའི་ཕྱིར་གསུངས་པ་ནི་དགོས་པའོ། །དད་པ་ལ་མངོན་དུ་བྱས་ཤིང་དེས་ངན་སོང་གསུམ་སྤངས་པ་ནི་དགོས་པའི་ཡང་དགོས་པ་སྟེ། དེ་ཉིད་དང་ངེས་པར་འབྱེད་པའི་སྒྲར་འབྲེལ་ཞིང༌། དེའི་རྒྱུ་དང་སློང་བ་པོ་དང། འཆད་པ་པོ་ངེས་པར་འབྲེལ་བ་ནི་བརྒྱད་པའོ། །དེ་ཉིད་འདིར་བསྡུས་པའི་དོན་ནི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་བསྟན་ནས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཕུལ་དུ་བྱུང་སྟེ། དེ་ལ་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱིན་གྱིས་བརླབས་པན་ཞེས་པའི་བར་གྱིས་བསྟན་ཏོ། །ཆོས་ཀྱི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བས་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཞེས་པ་ནས། ཚངས་པ་ཆེན་པོའི་པདྨའི་གདན་ལ་བཞུགས་ཏེ་ཞེས་པའི་བར་གྱིས་བསྟན་ཏེ། ཆོས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་དེ་ཉིད་ཀྱིས་མདོར་བསྟན་ཏོ། །དེ་ཉིད་ཀྱི་སྟོན་པ་པོ་བཅོམ་ལྡན་འདས་རྣམ་བར་སྣང་མཛད་ཆེན་པོ་ཆེ་བའི་བདག་ཉིད་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནས། བྱང་ཆུབ་སྤྱོད་པ་ཉིད་ལ་གཞག །ཅེས་བྱ་བའི་བར་གྱིས་བསྟན་ཏེ། དེ་དག་གིས་ནི་གླེང་གཞིའི་བསྡུས་པའི་དོན་རྫོགས་སོ།། །།ཐུབ་པ་ཆེན་པོའི་ཆོས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དེ་ཉིད་གླེང་བསླང་བའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས། བདེ་བར་གཤེགས་པ་ངོ་མཚར་ཆེའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་ཀྱིས་ཚོགས་རྣམ་པ་གཉིས་བསགས་པ་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པའི་འབྲས་བུ་ཉིད་དོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས་ལྷའི་དབང་པོ་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བའི་གནས་གང་ཡང་མེད་
དོ་ཞེས་པའི་བར་གྱིས་བསྟན་ཏོ། །ལྷའི་དབང་པོ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འདོད་ཅིང་དམ་པའི་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་པ་ནས། བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །དུས་ཕྱི་མའི་སེམས་ཅན་ལེ་ལོ་ཅན་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་ལ་དཔེ་ཁྱད་པར་ཅན་ལས་བརྩམས་ཏེ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་འདི་ཉིད་ནས་ཞེས་པ་ནས་བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ་ཞེས་བའི་བར་གྱིས་བསྟན་ཏོ། །མཚམས་མེད་པ་ལ་སོགས་པ་མི་དགེ་བའི་འབྲས་བུ་ངེས་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནས། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ལྷ་ལ་སོགས་པ་གདུང་བ་དང་བཅས་ཤིང་འཇིགས་པ་དང་བཅས་པས་དེ་ཉིད་འགྲོལ་བར་བྱ་བའི་ཕྱིར་དང༌། འཇིག་རྟེན་པ་ཆེན་པོས་སྐྱབས་སུ་གསོལ་བ་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷ་ཐམས་ཅད་ཅེས་པ་ནས་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །ཐེག་པ་ཆེན་པོ་རྣལ་འབྱོར་གྱི་སྣོད་དུ་འཁོར་རྣམས་རུང་བར་བྱ་བའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཨོཾ་བཛྲཱ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་པའི་བར་གྱིས་བསྟན་ཏོ། །དམ་པའི་ཆོས་ཕུན་སུམ་ཚོགས་པ་ལས་བདེ་བར་གཤེགས་པ་ལྔའི་རྩ་བའི་སྔགས་དང༌། སྙིང་པོ་དང་སྐུ་བསྐྱེད་པ་དང༌། ཕྱི་ནང་གི་བསྲུང་བ་མ་ལུས་པར་བསྟན་པའི་ཕྱིར་སྙོམས་པར་ཞུགས་པ་ནས་ཀྱང་ཞེས་པ་ནས། ཨོཾ་བྷ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་དག་ཡོངས་སུ་འཛིན་པའི་ཕན་ཡོན་བསྟན་པའི་ཕྱིར་ལྷའི་དབང་པོ་ཞེས་པ་ནས་ངན་སོང་དུ་འང་འགྲོ་བར་མི་འགྱུར་རོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚེ་འདས་པའི་སེམས་ཅན་རྣམས་ལ་ཐབས་འདི་ལྟ་བུས་བྱའོ་ཞེས་པ་དང༌། དེའི་མཐུ་བསྟན་པའི་ཕྱིར། སྐྱེས་པའམ་བུད་མེད་དམ་ཞེས་པ་ནས། ལྟའི་དབང་པོ་མདོར་ན་འཇིག་
རྟེན་དང༌། འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་བའི་བར་གྱིས་བསྟན་ཏོ། །དེ་ཉིད་ཀྱི་ཐབས་ཀྱི་དཀྱིལ་འཁོར་ཇི་ལྟ་བུ་ལགས་པ་བསྟན་དུ་གསོལ་ཞེས་ཞུ་བའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་པ་ནས། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་དེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་བཤད་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་དག་གིས་ནི་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཆེད་དུ་དེ་ཉིད་ཀྱི་སྦྲུལ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྒྱུད་ཕྱི་མ་འདི་གསུངས་སོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཞེས་པ་ནས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །དཀྱིལ་འཁོར་གྱི་ངོ་བོ་དང༌། ངེས་པའི་ཚིག་གི་སྒོ་ནས་དཀྱིལ་འཁོར་འདི་ལྟ་བུའོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །ཞེས་པ་ནས། དེས་ནི་དཀྱིལ་འཁོར་ཆེན་བོར་གསུངས། །ཞེས་པའི་བར་གྱིས་བསྟན་ཏོ། །ཐར་པ་ཆེན་པོའི་གྲོང་ཁྱེར་གནས་ཕུན་སུམ་ཚོགས་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །གཞལ་ཡས་ཁང་འདི་ལྟ་བུ་དགོད་དོ་ཞེས་བསྟན་པའི་ཕྱིར། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ནས། མིང་ངམ་བརྡ་འམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །དཀྱིལ་འཁོར་དེ་ལྟ་བུ་མཆོད་པའི་ཚོགས་རྒྱས་པ་ལས་བདག་ཉིད་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་མཁས་པས་དཀྱིལ་འཁོར་ལ། །ཞེས་པ་ནས། དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །རྡོ་རྗེ་སློབ་དཔོན་གྱི་དཀྱིལ་འཁོར་ཆེན་པོར་སློབ་མ་དབང་འདི་ལྟར་བསྐུར་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི། །ཞེས་པ་ནས། ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ་པྲ་བེ་
ཤཡ་ཌི་ཌ་ཏིཥྛ་ཧཱུཾ་ཞེས་པའི་བར་གྱིས་བསྟན་ཏོ། དམ་ཚིག་མེད་ན་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་འདིས་དམ་ཚིག་བསྒྲུག་པར་བྱའོ་ཞེས་པ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟར་དམ་ཚིག་དང་ལྡན་པ་ལས། དབང་དམ་པ་རྣམས་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར། །མོས་པ་བརྟན་དང་ལྡན་པར་དམ་བཅས་ནས། །ཞེས་པ་ནས། སྒྲུབ་པ་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལྟ་བུའི་རྡོ་རྗེ་སློབ་མ་ལ་རྡོ་རྗེ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་སྒྲུབ་པ་འདི་ལྟ་བུ་བྱིན་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། བླངས་ནས་ཡོངས་སུ་སྤྱད་པར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །དེའི་ཕན་ཡོན་ཆེན་པོ་བསྟན་པའི་ཕྱིར། སེམས་ཅན་ཀུན་ལ་ཕན་བརྩོན་པར། ཞེས་པ་ནས། བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་པའི་བར་གྱིས་བསྟན་ཏོ། །ཚེ་ལས་འདས་པའི་སེམས་ཅན་ལ་ཐབས་རྒྱས་པར་བགྱི་བ་ཇི་ལྟ་བུ་ཞེས་གསོལ་བའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་པ་ནས། སྡུག་བསྔལ་སྤངས་པའི་སླད་དུ་བསྒྲུབ་པར་བགྱི་ཞེས་པའི་བར་གྱིས་བསྟན་ཏོ། །རོ་སྲེག་པའི་ཆོ་ག་དང༌། དེའི་ཡན་ལག་རྒྱས་པ་འདི་ལྟ་བུས་སེམས་ཅན་ཚེ་འདས་པ་ངན་སོང་གི་དབང་དུ་གྱུར་པ་རྣམས་ཀྱི་དོན་བྱའོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནས། ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །ཡོངས་སུ་དག་པའི་ཆོ་ག་འདི་ལྟ་བུས་སྡིག་ཅན་གང་དག་གྲོལ་བའི་མཚན་མ་མ་བྱུང་བར་གྱུར་ན་ཡང་ཐབས་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། ཐལ་བ་དེ་དང་རུས་པའི་རྡུལ། །ཞེས་པ་ནས། རྒྱ་མཚོར་འབབ་པའི་ཆུ་ཀླུང་དོར། །ཞེས་པའི་བར་གྱིས་བསྟན་ཏོ། །ཆོ་ག་དེ་ལྟ་བུས་དགེ་བའི་ལམ་ལ་ཞུགས་པ་སྤྲོ་བ་བསྐྱེད་པ་དང༌། དགེ་བའི་རྩ་བ་ཆད་པའི་གང་ཟག་རྣམས་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་མ་བརྟེན་པར་གྲོལ་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བྱས་ན་སྡིག་ཅན་ཡང༌། །ཞེས་པ་ནས། བདེར་གཤེགས་རྒྱལ་བ་ཉིད་
ཀྱིས་གསུངས། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་བྱིན་གྱིས་བརླབས་བ་བསྒྲུབས་པ་ལས་མཐོང་བའི་ཆོས་འདི་ཉིད་ལ་མཐུ་ཆེན་པོའི་འབྲས་བུ་འདི་ལྟ་བུ་ཞེས་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་པ་ནས། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ལ་བླ་མ་དང་བསྟི་སྟང་དུ་བྱས་ཏེ་དེ་བཞིན་དུ་དོང་ངོ་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །མ་འོངས་པའི་སེམས་ཅན་ཐེ་ཚོམ་དང་བཅས་པ་རྣམས་ཐེ་ཚོམ་མེད་པར་འཇུག་པར་སྤྲོ་བ་བསྐྱེད་པའི་ཕྱིར་དང༌། དམ་པའི་ཆོས་ཀྱི་སྣོད་ཁྱད་པར་ཅན་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཞེས་པ་ནས་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལགས་སོ་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྡོ་རྗེ་སློབ་དཔོན་དེས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་འགྲོ་བའི་དོན་བྱས་པའི་ཆེ་བའི་ཡོན་ཏན་རྒྱས་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་བརྟག་བའི་རྒྱལ་པོ་འདིས་ཞེས་པ་ནས། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨོས་ཀྱང་ཅི་དགོས་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། བརྟག་པའི་རྒྱལ་པོ་འདི་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་རྡོ་རྗེ་སློབ་དཔོན་དེ་ལ་འཇིག་རྟེན་བའི་ལྷ་རྣམས་ཀྱིས་འབྱོར་བ་ཕུན་སུམ་ཚོགས་པ་འདི་ལྟ་བུ་སྟེར་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཞེས་པ་ནས་བརྟག་པའི་རྒྱལ་པོ་འདི་ནི་དེ་བཞིན་དུ་བལྟ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས་ཆེར་གདམས་སོ་ཞེས་བསྟན་པའི་ཕྱིར། །ལྷའི་དབང་པོ་ལེགས་ཀྱིས་ཞེས་པ་ནས། ཡུན་རིང་པོར་བག་ཡོད་པར་བྱོས་ལ་སྒྲུབས་ཤིག་ཅེས་པའི་བར་གྱིས་བསྟན་ཏེ། དེ་དག་གིས་ནི་རྒྱུད་ཕྱི་མའི་བསྡུས་པའི་དོན་ཡོངས་སུ་རྫོགས་སོ།། །།བཤད་པའི་རྒྱུད་འདི་ཉིད་ཞེ་སྡང་ཆེན་པོས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར། དེ་ཉིད་ཀྱི་ཐུགས་ཀྱི་སྦྲུལ་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་བསྟན་
པའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་ཐུགས་བརྟག་པའི་བརྟག་པ་ཕྱི་མ་འདི་བཤད་དོ་ཞེས་པ་འདི་ཉིད་ཀྱིས་བསྟན་ཏོ། །དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས། ཐུགས་ཀྱི་ཆོ་འཕྲུལ་ཆེན་པོ་ལྷ་བརྒྱད་ཀྱི་དཀྱིལ་འཁོར་བཤད་པའི་ཕྱིར། དཔའ་བོ་གདན་ལ་བཞེངས་ནས་ནི། །ཞེས་པ་ནས་ངན་སོང་ཐམས་ཅད་ཡོངས་སུ་དགྲོལ་བར་བྱེད་དོ་ཞེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་སྔར་གསུངས་པའི་གཉིས་པོའི་དམ་ཚིག་གི་ཕྱག་རྒྱ་འདི་ཉིད་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་པ་ནས། དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའི་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །གཙུག་ཏོར་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་མ་ལ་སྒྲུབ་པ་འདི་ལྟ་བུ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར། སྐུ་གཟུགས་ཀྱི་ཆོ་ག་ཡང་ཞེས་པ་ནས་ལས་ཐམས་ཅད་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །སངས་རྒྱས་ཀྱི་ཐུགས་རྗེ་ཆེན་བོས་འགྲོ་བའི་དོན་མཛད་པར་འདོན་མི་ཟ་བ་དང། སྔོན་གྱི་སྨོན་ལམ་གྱི་མཐུ་ཆེ་བ་ཉིད་དང༌། དགེ་བ་དྲི་མ་མེད་པའི་སེམས་ཀྱི་སྐད་ཅིག་མའི་ཕན་ཡོན་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་འདི་ནི་འདྲ་བ་ཉིད་དོ་ཞེས་བསྟན་པའི་ཕྱིར། དེ་ནས་ཚངས་པ་ལ་སོགས་པའི་ལྷའི་ཚོགས་རྣམས་ཀྱིས་ཞེས་པ་ནས། ལྷའི་འཁོར་འདི་ཉིད་དེའི་ཚེ་དེའི་དུས་ན་འཁོར་དུ་གྱུར་ཏོ་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །བརྒྱ་བྱིན་ལ་སོགས་པས་བཅོམ་ལྡན་འདས་ལ་སྐད་ཆེན་བོའི་དབྱངས་ཀླ་ཀློའི་སྐད་ཀྱིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་འདྲ་བ་ཕུལ་བས་ཞེས་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ཞེས་པ་ནས། ཀཱ་ལི་སྟཾ་པ་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པ་དང༌། བཤད་པ་བསྡུས་པའི་དཀྱིལ་འཁོར་ཚེ་དཔག་ཏུ་མེད་པ་ཁྱབ་པ་འབྱུང་བ་ཞེས་བྱ་བའི་སྔགས་ཀྱིས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་
ཐམས་ཅད་དུ་འདིས་དབང་བསྐུར་བར་བྱའོ་ཞེས་བསྟན་པའི་ཕྱིར། བརྒྱ་བྱིན་ལ་སོགས་ལྷ་མཆོག་རྣམས། །ཞེས་པ་ནས། ཨོཾ་བཛྲ་ཨཱ་ཡུ་ཥྱེ་ཨ་ཞེས་པའི་བར་གྱིས་ཀུན་རིག་རྩ་བའི་དཀྱིལ་འཁོར་ལས་མཚོན་ཏེ་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་མ་ལ་ཆོ་ག་འདིས་ཚེ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེའི་སྒྲུབ་པ་ནི་འདི་ཡིན་ཏེ། ཞེས་པ་ནས་བདག་ཉིད་སྦྱངས་ཏེ་བཏུང་ངམ་བཟའ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚེ་དཔག་མེད་སྒྲུབ་པ་དང༌། སྒྲུབ་པའི་ཕན་ཡོན་འདི་འདྲ་བ་ཉིད་དོ་ཞེས་སྒྲུབ་པ་པོ་དད་པ་བསྐྱེད་པའི་ཕྱིར། དེའི་སྒྲུབ་པ་ནི་འདི་ཡིན་ཏེ། ཞེས་པ་ནས་བདག་ཉིད་སྦྱངས་ཏེ་བཏུང་ངམ་བཟའ་བར་བྱའོ་ཞེས་པའི་བར་གྱིས་བསྟན་ཏོ། །ཚེ་དཔག་མེད་སྒྲུབ་པ་དང༌། སྒྲུབ་དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཞེས་པ་ནས། ཕྱག་རྒྱའི་དབང་ན་བསྐུར་བར་བྱ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སེམས་ཅན་དེ་ལ་དེ་དག་གིས་བཀུར་སྟི་དང་རིམ་གྲོ་འདི་འདྲ་བ་དག་བྱེད་པར་དམ་བཅས་པ་དག་གོ་ཞེས་བསྟན་པའི་ཕྱིར། དེ་ལ་སོགས་པའི་གོ་རིམས་ཀྱིས། །ཞེས་པ་ནས། ཕྱག་ན་རྡོ་རྗེས་བསླུས་གྱུར་ཅིག །ཅེས་པའི་བར་གྱིས་བསྟན་ཏོ། །ཕྱོགས་སྐྱོང་བ་ལ་མངོན་པར་དད་པའི་སེམས་ཅན་ལ་བདེ་བ་བསྐྱེད་པའི་ཕྱིར། དེ་ནས་ཕྱོགས་བཅུ་ཞེས་པ་ནས་ཅི་སྟེ་ངེས་པ་མ་ལགས་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་བསླུས་པར་གྱུར་ཅིག་ཅེས་པའི་བར་གྱིས་ཆོ་ག་དང་ཕན་ཡོན་ཐམས་ཅད་རྒྱས་པར་བསྟན་ཏོ། །གཟའ་དང་སྐར་མ་ལ་དགའ་བའི་སེམས་ཅན་ལ་བདེ་བ་བསྐྱེད་པའི་ཕྱིར། དེ་ནས་གཟའ་ཆེན་པོ་བརྒྱད་དང་ཞེས་པ་ནས། བདག་ཅག་གི་ལུས་བཅོམ་ལྡན་འདས་རྡོ་རྗེ་འབར་བར་གྱུར་ཅིག་ཅེས་པའི་བར་གྱིས་ཆོ་ག་དང་ཕན་ཡོན་ཐམས་ཅད་རྒྱས་པར་བསྟན་ཏོ། །ཀླུ་ལ་མངོན་པར་དད་པའི་སེམས་ཅན་རྣམས་ལ་བདེ་བ་བསྐྱེད་པའི་ཕྱིར། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱིས་ཞེས་པ་ནས། སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས་པའི་བར་
ཀྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །འཇིགས་བྱེད་ཆེན་པོ་ལ་མངོན་པར་དད་པའི་སེམས་ཅན་རྣམས་ལ་བདེ་བ་བསྐྱེད་པའི་ཕྱིར། དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་ཞེས་པ་ནས། བདག་ཅག་གི་སྤྱི་བོ་བཅོམ་ལྡན་འདས་ཀྱི་རྡོ་རྗེས་འགས་པར་གྱུར་ཅིག་ཅེས་པའི་བར་གྱིས་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བསྟན་ཏོ། །དབང་ཕྱུག་ཆེན་པོ་རྣམས་ལ་མངོན་པར་དད་པའི་སེམས་ཅན་རྣམས་ལ་བདེ་བ་བསྐྱེད་པའི་ཕྱིར། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་ཞེས་པ་ནས། བདུད་རྩིའི་ཟས་དང་བྲལ་བར་གྱུར་ཅིག་ཅེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །སེམས་ཅན་ཚེ་ཐུང་བ་དང་བསོད་ནམས་ཆུང་བ་རྣམས་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་བསྐྱེད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་པ་ནས། དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཞེས་པའི་བར་གྱིས་རྩ་བའི་དཀྱིལ་འཁོར་ལས་མཚོན་ཏེ་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །སློབ་མ་དམ་པ་རྣམས་ལ་དོན་ཐམས་ཅད་གྲུབ་བར་བྱེད་པའི་དངོས་གྲུབ་འདི་ལྟ་བུ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པར་ཞེས་པ་ནས། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་བར་གྱིས་བསྟན་ཏོ། །དམ་པའི་ཆོས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པ་ལས་མ་འོངས་པའི་སེམས་ཅན་རྣམས་འཇུག་པར་སྤྲོ་བ་བསྐྱེད་པའི་ཕྱིར། དེ་ནས་ཚངས་པ་ལ་སོགས་པ་ཞེས་པ་ནས། བཅོམ་ལྡན་འདས་ལ་རྡོ་རྗེ་འཛིན་པ་བདག་ཅག་ནི་དཀྱིལ་འཁོར་དུ་འཇུག་པར་སྤྲོ་ཞེས་པའི་བར་གྱིས་བསྟན་ཏོ། །སེམས་ཅན་འདས་པ་དང་ད་ལྟ་བ་རྣམས་སྡིག་བའི་རྒྱུད་ལས་འདི་ལྟ་བུར་གྲོལ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ལྟ་དེ་དག་གིས་ཞེས་པ་ནས། སྡིག་པ་ཆུང་ངུ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་བར་གྱིས་བསྟན་ཏོ། །འདས་པའི་སེམས་ཅན་ངན་སོང་དུ་སོང་བ་ལ་ཕྲིན་ལས་རྣམ་པ་བཞིའི་སྦྱིན་སྲེག་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། ལྟའི་བུ་རྣམས་ཞི་བའི་ཞེས་པ་ནས། མྱུར་དུ་བདེ་སྐྱིད་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །ཚངས་པ་ལ་སོགས་པའི་འཁོར་
ཐམས་ཅད་དམ་པའི་ཆོས་དང༌། དེ་སྤྱོད་པའི་སེམས་ཅན་རྣམས་ལ་རིམ་གྲོ་འདི་ལྟ་བུས་བྱེད་པ་དེ་ཉིད་ཀྱི་ཚེ་དམ་བཅས་ཤིང་དེ་ལ་བཅོམ་ལྡན་འདས་ཀྱིས་ཆེར་གདམས་པ་འདི་ལྟ་བུས་ཞེས་བསྟན་པའི་ཕྱིར། དེ་ནས་ཚངས་པ་ལ་སོགས་པ་ཞེས་པ་ནས། གང་དེ་དག་ལ་རིམ་གྲོ་བྱས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་བྱས་པར་འགྱུར་རོ་ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཕྲིན་ལས་རྣམ་པ་བཞི་ཆེ་ག་ཐམས་ཅད་རྒྱས་པར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བ་ནས། དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་ནོ་ཞེས་པའི་བར་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྙིང་པོ་དེ་ཉིད་ཀྱིས་ཕྲིན་ལས་བཞིའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བདེ་བ་བསྐྱེད་ནས་ནི། །ཞེས་པ་ནས། རྡོ་རྗེ་ལས་དང་མཉམ་པར་འགྱུར། །ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བདེ་བར་གཤེགས་པ་ལྔ་དང་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་གི་ཕྲིན་ལས་རྣམ་བ་བཞི་རིགས་དང་རྗེས་སུ་མཐུན་པ་ལས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞེས་པ་ནས། དེ་མ་ཐག་ཏུ་འབར་བར་འགྱུར། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །བཤད་པའི་རྒྱུད་འདི་ཉིད་ཚངས་པ་ལ་སོགས་པ་རྗེས་སུ་ཡི་རང་བ་འདི་ལྟ་བུའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཚངས་པ་ལ་སོགས་པ་ཞེས་པ་ནས། བརྟག་པ་དམ་པ་འདི་བཤད་པ་ལེགས་སོ་ཞེས་བའི་བར་གྱིས་བསྟན་ཏོ། །ཕྱག་རྒྱའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བར་གྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་པ་ནས། ཨུཏྤལ་ནི་སྒྲོལ་མར་དགོངས། །ཞེས་པའི་བར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཐམས་ཅད་རྒྱས་པར་བསྟན་ཏོ། །དཔལ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ལས་ཕྲིན་ལས་རྣམ་པ་བཞིའི་དཀྱིལ་
འཁོར་གྱི་ལས་བསྟན་པ་དང༌། ཡེ་ཤེས་སེམས་དཔའ་བཅུ་དྲུག་གི་ས་བོན་དང་དེ་དག་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དང་ལྡན་པ་ཉིད་ཀྱི་སྙིང་པོ་ཐམས་ཅད་འདི་ཉིད་ཀྱིས་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་པ་ནས། མངོན་སྤྱོད་ཀྱི་ཕུར་བུ་བརྡུང་བའི་སྔགས་བཅུ་དྲུག་པའི་བར་གྱིས་རྒྱས་པར་བསྟན་ཏོ། །བགེགས་ཀྱི་ཚོགས་མ་ལུས་བར་གཞོམ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའི་ཁྲོ་བོ་རྡོ་རྗེ་མའི་དཀྱིལ་འཁོར་འདི་ལྟ་བུས་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཞེས་པ་ནས། རང་གི་ཕྱག་རྒྱའི་མཚན་མ་ཅན། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །དཀྱིལ་འཁོར་དེ་ཉིད་དུ་མཆོད་པའི་ཚོགས་ཁྱད་པར་ཅན་འདི་ལྟ་བུ་གཞག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་བདུད་རྩིས་གང་བའི་ཞེས་པ་ནས། །དཀྱིལ་འཁོར་དུ་ནི་མང་དུ་གཞག ། ཅེས་པའི་བར་གྱིས་བསྟན་ཏོ། །ཁྲོ་བོའི་དཀྱིལ་འཁོར་དེ་ཉིད་དུ་རྡོ་རྗེ་སློབ་དཔོན་བདག་ཉིད་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་སློབ་དཔོན་བདག་ཉིད་ཀྱང༌། །ཞེས་པ་ནས། ཚུལ་དུ་གནས་ནས་འབྱུང་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །དྲག་པོའི་ལས་ལ་མངོན་པར་དད་པའི་སེམས་ཅན་རྣམས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་སློབ་མ་བསྡུས་ནས་ནི། །ཞེས་པ་ནས་འདིས་དབང་བསྐུར་བ་ཞེས་པའི་བར་གྱིས་བསྟན་ཏོ། །གང་དུ་ཚེ་དཔག་མེད་ཁྱབ་པར་འབྱུང་བའི་རྡོ་རྗེར་དབང་ཇི་ཙམ་བསྐུར་བ་དེ་སྲིད་ཁྲོ་བོའི་དཀྱིལ་འཁོར་འདིར་ཡང་དབང་བསྐུར་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་དུ་དབང་བསྐུར་བྱའོ་ཞེས་པའི་ཚིག་འདི་ཉིད་བསྟན་པའོ། །ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་མ་དེ་ལ་ཁྲོ་བོའི་རྒྱལ་པོ་རྣམས་འགྲུབ་པར་བྱེད་པའི་དངོས་གྲུབ་འདི་ལྟ་བུ་བྱིན་ཏེ་བསྒྲུབ་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་དེ་དག་བསྒྲུབ་པར་བཤད། །ཅེས་པ་ནས། དེ་ནས་འགྲུབ་འགྱུར་གཞན་དུ་མིན། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །ཁྲོ་བོའི་དཀྱིལ་འཁོར་དུ་ཞུགས་པའི་གང་ཟག་དེས་སེམས་ཅན་གྱི་དོན་བྱ་བའི་ཕྱིར།
ཕྲིན་ལས་རྣམ་པ་བཞི་ཀ་ཡང་སྦྱད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཁྲོ་བོའི་རྒྱལ་པོ་ལས་དངོས་སུ། །ཞེས་བ་ནས། དེ་ཡི་མིང་ནས་སྨོས་ནས་ནི། །བཟླས་བ་ཚུལ་བཞིན་བསམ་པར་བྱའོ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །ད་ལྟར་གྱི། སེམས་ཅན་གྱི་དོན་དུ་ཕྲིན་ལས་རྣམ་པ་བཞིའི་སྤྱིན་སྲེག་གི་ལས་ཐམས་ཅད་རྩ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་སྦྱིན་སྲེག་བཤད་བྱ་སྟེ། །ཞེས་པའི་ཚིག་དེ་ཉིད་ཀྱིས་བསྟན་ཏོ། །སེམས་ཅན་རྣམས་ཀྱི་ནད་དང་གནོད་པ་དང་སྡུག་བསྔལ་སྣ་ཚོགས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར། ཞི་བའི་སྦྱིན་སྲེག་འདི་ལྟ་བུ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞི་བའི་ཐབ་ཁུང་ཞེས་པ་ནས། རྒྱལ་པོ་རྣམས་ཀྱིས་ཉིས་འགྱུར་ཚད། །ཅེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་དུ་ཕྱག་རྒྱ་འདི་ལྟ་བུ་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་རྣམ་པར་སྦྱངས་བྱས་ཏེ། །ཞེས་པ་ནས། དཀྱིལ་འཁོར་དུ་ནི་བྲི་བར་བྱ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ཉིད་མཆོད་པའི་ཡོ་བྱད་འདི་ལྟ་བུ་དང་སྲེག་རྫས་འདི་ལྟ་བུ་དང་རྣལ་འབྱོར་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། དྲི་ཞིམ་ཆུས་བཀང་ཁ་དོག་དཀར་གྱུར་ལ།། ཞེས་པ་ནས། གདོན་མི་ཟ་བར་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཚེ་དང་ལོངས་སྤྱོད་སྤེལ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། འབྲས་བུར་ལྡན་པའི་ནགས་འཚལ་ལམ། །ཞེས་པ་ནས། ཟླ་བ་ཡར་གྱི་ངོ་ལྟར་འཕེལ། །ཞེས་པའི་བར་གྱིས་ཆོ་ག་རྒྱས་པར་བསྟན་ཏོ། །སེམས་ཅན་རྣམས་ཀྱིས་འདོད་པའི་ཡོན་ཏན་དབང་དུ་བྱེད་པར་འདོད་ན་དབང་གི་སྦྱིན་སྲེག་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། སྨད་འཚོང་ཁྱིམ་མམ་མ་མོ་འམ། །ཞེས་པ་ནས། རྒྱལ་པོ་གཏུམ་པོའི་བྲན་བཞིན་དུ། །དབང་དུ་ངེས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །སེམས་ཅན་མ་རུངས་པ་གདུག་པ་ཅན་འཇོམས་པར་འདོད་ན། མངོན་སྤྱོད་ཀྱི་སྦྱིན་སྲེག་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། ཤན་པའི་གནས་
སམ་དུར་ཁྲོད་དམ། །ཞེས་པ་ནས། ཐོ་བས་བུམ་པ་བཅོམ་པ་བཞིན། །ངེས་པར་བརླག་པར་འགྱུར་བ་ཡིན། །ཞེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་ཉིད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལ་དང་དབྱེར་མེད་པའོ་ཞེས་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་པ་ནས། རྡོ་རྗེ་ཀུན་གཙང་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟན་ཏོ། །ཚངས་པ་ལ་སོགས་པའི་འཁོར་དུ་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གུས་པ་ཆེན་པོས་རྗེས་སུ་ཡི་རང་ཞིང་བརྟག་པ་ཐམས་ཅད་ཀྱི་མཐར་བཤད་པའི་རྒྱུད་འདི་གྱུར་བའོ་ཞེས་ངེས་པར་བསྟན་པའི་ཕྱིར། །དེ་ནས་ཚངས་པ་དང་བརྒྱ་བྱིན་དང་ཞེས་པ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པའི་བར་གྱིས་ཆོ་ག་ཐམས་ཅད་རྒྱས་པར་བསྟན་ཏོ། །དེ་དག་གིས་ནི་བཤད་པའི་རྒྱུད་ཀྱི་བསྡུས་པའི་དོན་རྫོགས་སོ།། །།ད་ནི་རྒྱས་པའི་དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར་གཞུང་འདི་ཉིད་ཀྱི་དོན་དགྲོལ་བར་བྱ་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྷ་ཐམས་ཅད་ཀྱི་དགའ་བའི་ཚལ་གྱི་མཆོག་ཏུ་ཡིད་དུ་འོང་བ་ནོར་བུ་དང་གསེར་གྱི་ཤིང་གི་ཡལ་ག་དང་ལོ་མར་བཅས་པ་དང༌། བཻ་ཌཱུ་ཪྻའི་ཤིང་གེལ་པ་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྨན་སྣ་ཚོགས་པ་དང༌། མེ་ཏོག་པདྨ་དང༌། མེ་ཏོག་ཨུཏྤལ་དང༌། མེ་ཏོག་ཀརྞི་ཀ་དང༌། མེ་ཏོག་བ་ཀུ་ལ་དང༌། མེ་ཏོག་ཏི་ལ་ཀ་དང༌། མེ་ཏོག་མྱ་ངན་འཚང་དང༌། མེ་ཏོག་མནྡཱ་ར་བ་དང༌། མནྡཱ་ར་བ་ཆེན་པོ་ལ་སོགས་པ་དང༌། དཔག་བསམ་གྱི་ཤིང་རྣམས་ཀྱིས་མཛེས་པར་བྱས་ཤིང༌། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བྱ་མང་པོ་སྐད་འབྱིན་པ། རྔ་དང་ཅང་ཏེའུ་དང༌། གེ་ཀོར་དང་གླིང་བུ་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲག་པ། བརྒྱ་བྱིན་དང་ཚངས་པ་ལྷ་དེར་ལྷའི་བུ་མོ་སྣ་ཚོགས་པ་མང་པོ་རྣམ་པར་རྩེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ན་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དང་ལྷ་དང་རིག་འཛིན་དང༌། ལྷའི་བུ་མོ་འཁོར་བྱེ་བ་ཁྲིག་བརྒྱ་སྟོང་དུ་མ་དང༌། གནོད་
སྦྱིན་དང༌། སྲིན་པོ་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང༌། ཀླུ་ལ་སོགས་པའི་འཁོར་དུ་མ་དང༌། གཞན་ཡང་དགྲ་བཅོམ་བ་དང༌། རྒྱུན་དུ་ཞུགས་པ་དང་རང་སངས་རྒྱས་དང་ལན་ཅིག་ཕྱིར་འོང་བ་ལ་སོགས་པ་ཁྲི་ཕྲག་བཅུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མེད་པ་དང༌། བློ་གྲོས་མི་གཡོ་བ་དང༌། བློ་གྲོས་ཡངས་བ་དང༌། ཀུན་ནས་བློ་གྲོས་དང༌། བློ་གྲོས་མཐའ་ཡས་པ་དང། བློ་གྲོས་པདྨ་དང༌། བློ་གྲོས་ཆེན་པོ་དང༌། བློ་གྲོས་ལྷ་རྫས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྣ་ཚོགས་པ་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཐུག་པ་རྣམས་ཀྱིས་བསྟི་སྟང་དུ་བྱེད་བླ་མར་བྱེད། མཆོད་ཅིང་རྗེད། རབ་ཏུ་མཆོད་ཅིང་སྤེལ་ཏེ། འཁོར་མང་པོའི་ནང་ན་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་པ་ལ། འདིར་ཁ་ཅིག་རྟོག་པ་རྣམ་པ་གཉིས་སྐྱེ་སྟེ། འདི་ལྟར་རྒྱུད་འདི་ནི་བརྟག་པ་ཞེས་གསུང་ལ། དེ་ལ་བརྟག་པ་ཞེས་བྱ་བ་ནི་དུམ་བུའོ། །དུམ་བུ་ནི་རྒྱུན་ཆགས་བར་གསུང་བ་མ་ཡིན་པས་འདི་སྐད་བདག་གིས་ཐོས་པ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་ནི་རིགས་པ་མ་ཡིན་ཞིང་གལ་ཏེ་དང་པོ་འམ་ཞབས་དག་ཡིན་ན་ཡང་གང་ཡང་རུང་བ་ཅིག་དག་རིགས་སོ་སྙམ་པ་དང༌། ཡང་གང་དག་འདི་ནི་བརྟག་པ་ཐམས་ཅད་ཀྱི་ཐ་མ་ཡིན་པའི་ཕྱིར་རྫོགས་པའི་ཚིག་གསུངས་པ་ལ། འདི་སྐད་བདག་གིས་ཐོས་པ་ནི་འདི་ལ་འཇུག་པའི་སེམས་ཅན་རྣམས་བདེ་བར་གཤེགས་པས་གསུངས་པ་ཡིན་པར་དད་པ་བསྐྱེད་པའི་ཕྱིར། སློབ་དཔོན་རྣམས་ཀྱིས་སླད་དུ་བྲིས་པའོ་ཞེས་ཟེར་ན། དེ་ནས་ནི་གཞུང་འདི་ཉིད་ཀྱི་དོན་ཁོང་དུ་མ་ཆུད་པར་ཟད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་རི་རབ་ཀྱི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་ཆེན་པོ་འབུམ་ཕྲག་བཅུ་གཉིས་པ་གསུངས་པའི་
བརྟག་པ་རྣམ་པ་གཉིས་འདིར་བཀོལ་བ་སྟེ། དེ་ལ་བརྟག་པ་དང་པོ་ནི་བརྟག་པ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ནི་ངེས་པ་ཉིད་དོ། །བརྟག་པ་གཉིས་པ་ནི་ཀུན་གྱི་ཐ་མ་ཡིན་པའི་ཕྱིར་རྫོགས་པའི་ཚིག་ནི་ངེས་པ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ། །དེ་ལྟ་ན་ནི་རྣལ་འབྱོར་གྱི་རྒྱུད་གཞན་ལའང་འདི་སྐད་བདག་གིས་ཐོས་པ་ཡོད་པ་ཉིད་དོ། །ཐམས་ཅད་དང་པོར་ཐལ་བར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ་ཁ་ཅིག་ཏུ་ཕྱོགས་གཉིས་པ་ལྟར་ཡང་སྲིད་པ་དང༌། རྡོ་རྗེ་རྩེ་མོ་ལ་སོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བ་ནི་སྡུད་པ་པོའི་ཚིག་སྟེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཁོར་རྣམས་ཀྱི་གཙོ་བོར་གྱུར་པ་དེས། བཅོམ་ལྡན་འདས་ཀྱིས་ལྷའི་གནས་སུ་གསུངས་པའི་དུས་དེའི་སྐད་ཅིག་མ་ལ་གསན་པའི་ཕྱིར་ན་དུས་གཅིག་ནའོ། །དེ་ནས་བདེ་བར་གཤེགས་པ་ལ་གནས་གྱུར་པ་ལ་སོགས་པ་མི་མངའ་ན་ཡང་སེམས་ཅན་ལེ་ལོ་ཅན་དག་བརྩོན་འགྲུས་བསྐྱེད་པའི་ཕྱིར། སྦྲུལ་པའི་སྐུ་མྱ་ངན་ལས་འདས་ནས་གསང་སྔགས་ཀྱི་སྡུད་པ་པོའི་དཔལ་ཕྱག་ན་རྡོ་རྗེས་སེམས་ཅན་རྣམས་ལ་བཤད་པའི་ཕྱིར་བདག་གིས་ཐོས་པ་ཞེས་བྱ་ནི་ཆོས་ཀྱི་འཁོར་ལོ་ལན་གཉིས་པའི་སྒྲའོ། །ཡང་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཡུམ་བཞིའི་རྒྱུད་ལས། འདི་སྐད་བདག་གིས་ཐོས་ཚིག་གིས། །འཇིག་རྟེན་རྨོངས་ཤིང་འཇིག་རྟེན་སྦོལ། །ཞེས་གསུངས་ཏེ། དེ་བས་ན་འདི་ལྟར་ཨེ་ཝཾ་མ་ཡ་ནི་སྤྱིའི་རྣམ་བའི་ཆ་དང༌། རང་གི་ངོ་བོ་བརྗོད་པའི་ཆས་དང་པོ་ནི་རྣམ་པར་སྣང་མཛད་དང༌། སངས་རྒྱས་སྤྱན་ནོ། །གཉིས་པ་ནི་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱིའོ། །གསུམ་པ་ནི་འོད་དཔག་མེད་དང་གོས་དཀར་མོའོ། །བཞི་པ་ནི་དོན་ཐམས་ཅད་གྲུབ་པ་དང་སྒྲོལ་མའོ། །གཉིས་པའི་ཐིག་ལེ་ནི་བཅོམ་ལྡན་འདས་མི་བསྐྱོད་པར་ཤེས་པར་བྱ་སྟེ། དེ་དག་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོར་ངེས་པ་ཉིད་དུ་ཞུགས་ཤིང་འགྲོ་བའི་དོན་མ་ལུས་བར་མཛད་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། མི་མངོན་མི་གསལ་སྣང་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཞེས་གསུངས་སོ། །ཤྲུ་ཏ་ཨ་ཀ་
སྨིན་ས་མ་ཡེ་ནི་འདི་ལྟར་རང་གི་ངོ་བོ་ཉིད་བརྗོད་པ་ལས། དང་པོ་ནི་སྒེག་མོའོ། །གཉིས་པ་ནི་གླུ་མཁན་མ་སྟེ། དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་ཕྲེང་བམ་དང༌། གར་མ་དང་བདུག་པ་མ་དང༌། མེ་ཏོག་མ་དང༌། སྣང་བ་མ་དང༌། དྲི་མ་རྣམས་སོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེ་ལྟའི་ཡུལ་ཐམས་ཅད་པས་མཆོག་ཏུ་གྱུར་པའི་གཞལ་ཡས་ཁང་ན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་དམིགས་པ་མེད་པའི་སྐུ་ཁྱད་པར་དུ་འཕགས་པ་ལོངས་སྤྱོད་ཅིང་ལྷ་དང་ཀླུ་ལ་སོགས་པའི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་ཟབ་མོ་ཚད་མེད་པ་རྣམས་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་གསུངས་པ་དང༌། སུམ་ཅུ་རྩ་གསུམ་གྱི་ལྷའི་ཡུལ་རྣམ་པར་རྒྱལ་བའི་ལྷོ་ཕྱོགས་དཔག་ཚད་བཅུ་གཉིས་ན་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པ་རིན་པོ་ཆེའི་ཚལ་ཞེས་བྱ་བ་ཡོད་དེ། དེ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་ལྷ་མ་ཡིན་གྱི་བར་ཆད་མེད་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་སྟེ། དེ་ན་གསེར་གྱི་ཤིང་གི་ཡལ་ག་དང་སྨན་དང་མེ་ཏོག་དང༌། རྒྱན་དང༌། བྱ་དང༌། རོལ་མོའི་རྣམ་པ་དང༌། དཔག་བསམ་གྱི་ཤིང་དང༌། ལྷ་དང་ལྷའི་བུ་མོ་རྣམ་པར་རོལ་བ་སྣ་ཚོགས་པ་ཡོད་པའི་གནས་སུ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱི་འཁོར་དང་ལྡན་པ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་འདི་བཀའ་སྩལ་ཏོ། །དེ་ལ་ཚངས་པ་ཆེན་པོའི་གདན་ཀྱང་རྣམ་པ་གཉིས་ཏེ། བླ་ན་མེད་པའི་ཐུགས་རྗེ་ཆེན་པོ་ནི་ཉེས་པའི་སྐྱོན་མཐའ་དག་སྤངས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། དེ་ཉིད་ལ་ཡང་དག་པར་བཞུགས་པའོ། །འཁོར་མང་པོ་ནི་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སེམས་ཅན་དཔག་ཏུ་མེད་པ་སྟེ། དེ་དག་གི་དབུས་ནི་ཕྱོགས་ཆ་དང་བྲལ་བའི་དབུས་སོ། །ཡང་རིན་པོ་ཆེའི་ཚལ་དུ་མི་མཇེད་ཀྱི་བདག་པོ་དཔལ་ཚངས་པས་རང་གི་གདན་ཀ་བ་བཞི་ནི་བེ་ཌཱུ་ཪྻ་ལས་བྱས་པ་འོག་གཞི་པདྨ་རཱ་ག་ལས་བྱས་པ་ཁ་
ཁྱར་ནི་གསེར་ལས་བྱས་ཏེ་གཞི་ནི་སྤུག་ལས་བྱས་པ། མུ་ཏིག་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་སྤྲས་ཤིང་དྲིལ་བུ་དང་དར་དཔྱངས་ཀྱིས་བརྒྱན་པ། མཆེ་བ་རྣམ་བར་གཙིགས་པའི་སེང་གེ་བརྒྱད་ཀྱིས་བཏེག་པ། རྒྱར་རྒྱང་གྲགས་གཅིག་པ་ལ་དཔངས་སུ་རྒྱང་གྲགས་ཕྱེད་པ་ཅིག་གི་སྟེང་དུ་སུམ་ཅུ་རྩ་གསུམ་གྱི་རྫིང་ནས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ། རེག་ན་ཀ་ཙ་ལིནད་ལྟར་བདེ་བ་ཅིག་བརྩིགས་ཏེ་ཕུལ་བ་ལ་བཞུགས་པའོ། །འཁོར་མང་པོ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དབུས་ནི་དེའི་དཀྱིལ་ན་སྟེ། དེ་ནས་ཡང་དག་པར་ཞུགས་པའོ། །ཡང་དེའི་ཚེ་ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྤྱོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་པ་ལ། དཔེར་ན་མི་གང་དག་གཞན་གྱི་རྫས་རྐུ་བའི་སེམས་སྐྱེས་པ་ལ་རྐུན་པོ་ཞུགས་ཞེས་པ་དང་འདྲ་བར་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ངན་འགྲོའི་རྒྱུ་ལས་བསྒྲལ་བའི་ཐབས་ལ་ཐུགས་མཉམ་པར་གཞག་པ་ལ་སྙོམས་པར་ཞུགས་ཞེས་པ་སྟེ། སྙོམས་པར་ནི་རྣམ་པར་རྟོག་པ་དང་བྲལ་བའི་ཐུགས་མཉམ་པ་ཉིད་དོ། །བཞུགས་པ་ནི་ཐབས་ཀྱི་ཁྱད་པར་གསུངས་པ་ལ་བཞུགས་པ་ཁོ་ནའོ། །ཡང་དེའི་ཚེ་ངན་སོང་གི་རྒྱུན་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སྡུད་པ་པོའོ་འོད་ཟེར་གྱི་ཕྲེང་བ་མང་པོ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་སྟེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀུན་དུ་སྣང་བར་བྱས་སོ་ཞེས་གསུངས་པ་ལ་ཏིང་ངེ་འཛིན་དེ་ལྟ་བུ་ལས་འོད་ཟེར་འདི་འདྲ་བ་ཕྱུང་སྟེ། དེ་ལ་ཉིད་ནི་བཅོམ་ལྡན་འདས་སོ། །དཔྲལ་བ་ནི་ཤངས་ཀྱི་གོང་ངོ༌། །མཛོད་སྤུ་ནི་སྨིན་མའི་དབུས་ཉིད་དེ། དེ་ནས་འོད་ཟེར་ཟླ་བའི་མདོག་ལྟ་བུ་དཔག་ཏུ་མེད་པ་ཕྱུང་སྟེ། དེ་དག་རེ་རེའི་སྣ་ལ་བྱང་ཆུབ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཅན། ཕྱག་གཡས་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་གཡོན་སྐྱབས་མཛད་ཞགས་པ་དང་ལྡན་པ་དག་བཞུགས་པས། ས་འོག་དང་ས་སྟེང་དང་ས་བླའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀུན་ནས་སྣང་བར་བྱས་པ་ཉིད་དོ། །དེ་དག་གིས་ཕྲིན་ལས་ཇི་ལྟ་བུ་ཞིག་མཛད་ཅེ་ན། འདི་ལྟར་ཀུན་ཏུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་བཅིངས་པ་ལས་རྣམ་པར་གྲོལ་ཏེ་བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་ཅིང་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་བཀོད་དེ། ཀྱེ་མའོ་སངས་རྒྱས་ཀྱི་སངས་རྒྱས། །ཀྱེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་གཞག །ཅེས་གསུངས་ཏེ། དེ་ལ་འདིར་ཁ་ཅིག་ནི་སེམས་ཅན་རྣམ་པར་གྲོལ་བས་བདེ་བར་གཤེགས་པ་ལ་དྲིན་དུ་གཟོ་བའི་ཚིག་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། ཕྱིའི་རྒྱ་མཚོ་ཆེན་པོ་ལ་ཀུ་ཤའི་རྩེ་མོའི་ཐིགས་པ་ཙམ་ཡང་མ་གྲོལ་བའི་ཕྱིར་གཟའ་ཕུར་བུའི་ཚིག་བཞིན་ནོ། །འདི་ལ་བྱང་ཆུབ་སེམས་དཔའི་འོད་ལ་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་རྣམས་བྱང་ཆུབ་ལ་བཀོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་འོད་ཟེར་ཏེ། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་རྣམ་པར་བཀྲོལ་ཏེ། བདེ་བ་སོ་སོར་ཐོབ་པའི་དུས་ཀྱི་མཐའི་སྐད་ཅིག་མས་མངོན་པར་བྱང་ཆུབ་པ་ལ་དགོངས་ཏེ་གསུངས་པ། དཔེར་ན་འགུ་ཚེའི་ས་བོན་ལ་འགུ་ཚེ་ཡིན་ནོ་ཞེས་གདགས་པ་ལྟ་བུའོ། །དེ་ཡང་མི་གྲོལ་བ་ནི་མ་ཡིན་ཏེ། གཞུང་འདིའི་ས་ཡོངས་སུ་བཀྲོལ་བའི་ཕྱིར་འགལ་བ་མ་ཡིན་པ་ཉིད་དོ། །དགའ་བའི་ཚལ་ཀུན་དུ་གང་བར་བྱས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་གང་བར་བྱས་ཏེ། མཆོད་པའི་སྤྲིན་ཀྱང་སྤྲུལ་བསྐོར་བ་དང་ཕྱག་ཀྱང་བྱས་པའོ། སྤྱན་སྔར་ནི་མདུན་ནོ། །ནོར་བུ་དྲི་མ་མེད་པའི་སྟེང་དུ་བཀོད་པ་ནི་འདི་ལྟར་འོད་ཟེར་དེ་དག་གིས་ལྟའི་བུ་ནོར་བུ་དྲི་མ་མེད་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་ལྷའི་དབང་པོ་རང་གི་ལོངས་སྤྱོད་དང་ལྷ་མ་ཡིན་གྱི་འཚེ་བས་གཡེངས་ཏེ། མི་དྲན་པ་དག་དེའི་སེམས་བསྐུལ་བའི་ཕྱིར། ལྷའི་དབང་པོ་བརྒྱ་
བྱིན་གྱི་སྙིང་ལ་ནོར་བུ་དྲི་མ་མེད་པའི་འདི་དྲན་པར་བྱེད་པ་ལ་ཞུགས་པའོ། །དེ་ལ་གང་དག་འདི་སྐད་དུ་བཅོམ་ལྡན་འདས་ནི་སེམས་ཅན་ཀུན་ལ་བུ་གཅིག་པའི་ཕ་ལྟར་སྙོམས་པ་ཡིན་ན་སེམས་ཅན་ངན་སོང་དུ་སོང་བ་ཇི་སྙེད་ཅིག་ཡོད་བཞིན་དུ་ཅིའི་ཕྱིར་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་འོན་ལ་དགོངས་ནས་གསུངས་སྙམ་པ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འབྲེལ་བའམ་རྒྱུ་ངོ་མཚར་བ་དག་མི་མངའ་བར་དམ་པའི་ཆོས་མི་གསུང་ལ། དེ་ཡང་གནོད་སྦྱིན་ནམ་མི་ལ་སོགས་པ་གཞན་ལ་གནོད་པ་བྱེད་ཅིང་སྲོག་གཅོད་པ་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷའི་འདོད་པའི་ཡོན་ཏན་ལྔས་མཆོག་ཏུ་ཚིམ་ཞིང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ཀྱང་འདི་ལྟར་འགྱུར་ན། བདག་ཅག་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའི་བསམ་པས་བརྩོན་འགྲུས་ཆེན་པོ་བསྐྱེད་པའི་ཕྱིར། ལྷའི་བུ་ཁོ་ན་ལ་བརྟེན་ཏེ་གསུངས་སོ། །ཀྱེ་མ་སངས་རྒྱས་ཀྱི་སངས་རྒྱས། །ཀྱེ་མའོ་སངས་རྒྱས་མཛད་པ་ལེགས། །ཞེས་པ་ནི་འདིར་དོན་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ལ་གཅིག་ནི་རྒྱུད་འདི་ཉིད་ལ་སྟོན་པ་རྣམ་པ་གསུམ་གྱིས་བཤད་དེ། བཅོམ་ལྡན་འདས་རྣམ་པ་གསུམ་ལ་མངོན་པར་བསྟོད་པའོ། ཡང་འདིར་དེ་བཞིན་གཤེགས་པའི་སྐུ་ལ་བསྟོད་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་བ་ལེགས་སོ་ཞེས་པ་དང༌། སངས་རྒྱས་ཀྱི་གསུང་གིས་ངན་སོང་གི་རྒྱུད་ལས་སེམས་ཅན་སྒྲོལ་བའི་ཆོས་གསུངས་པ་ལེགས་སོ་ཞེས་པ་ནས། སངས་རྒྱས་ཀྱི་ཐུགས་བྱང་ཆུབ་ཀྱི་སྤྱོད་པ་ཉིད་ལ་གཞག་པ་ལེགས་སོ་ཞེས་སོ། །ཡང་འདིར་དེ་བཞིན་གཤེགས་པའི་རྒྱུད་རིན་པོ་ཆེ་འདི་ལ་བརྟེན་ཏེ་སྔ་རབས་ཀྱི་སེམས་ཅན་རྣམས་ཀྱང་སངས་རྒྱས་ལ། ད་ལྟར་ཡང་འཚང་རྒྱ་ཞིང་ཕྱི་མར་ཡང་འཚང་རྒྱ་བར་འགྱུར་བ་ནི་ལེགས་སོ་ཞེས་དམ་པའི་ཆོས་ལ་ཡང་དག་པར་སྟོན་པ་ཉིད་དེ། དེ་དག་ནི་གླེང་གཞི་སྟེ་དམ་པའི་ཆོས་ཀྱི་རྒྱུ་རྣམ་པར་དག་པ་ཉིད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་ཀུན་དུ་སྣང་
བས་ངན་སོང་གི་རྒྱུད་ལས་རྣམ་པར་བཀྲོལ་ཞིང་གྲོལ་བའི་ལམ་ལ་བཞག་པས་ནི་བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ངོ་མཚར་ཆེའོ་ཞེས་གསུངས་པ་ལ། བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབས་ཀྱི་འོད་ཟེར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སེམས་ཡོངས་སུ་བསྐུལ་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངན་འགྲོ་ཡོངས་སུ་སྦྱང་བའི་ཚིག་གསུངས་པ་ཐོས་པ་དང༌། སྔ་ན་མེད་པའི་བྱང་ཆུབ་སེམས་དཔའི་འོད་ཟེར་མང་པོ་དག་བྱུང་བ་དེ་འདྲ་བའི་རྟགས་སམ་མཚན་མ་ལས་འབྲས་བུའི་ཆོས་དྲི་བར་བྱ་བའི་ཕྱིར་དམ་པའི་ཆོས་ལ་བསྙེན་བཀུར་བྱ་བ་དང༌། བཙུན་པར་བྱ་བ་ནི། བཅོམ་ལྡན་འདས་ལ་བསྐོར་བ་དང་ཕྱག་བཙལ་ཏེ། གང་གི་སླད་དུ་ཞེས་འདྲི་བ་ནི་བདེ་བར་གཤེགས་པ་རྣམས་རྒྱུ་དང་རྐྱེན་མི་མངའ་བར་འཛུམ་པ་དང་འོད་ཟེར་མི་འགྱེད་པས་ན་རྒྱུ་གང་གིས་སླད་དུ་ཞེས་འདྲི་བའོ། །རྣམ་པར་གྲོལ་བའི་ལམ་ལ་གཞག་པ་ངོ་མཚར་ཆེ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དཔག་ཏུ་མེད་པ་དག་བསྒྲལ་བར་ཇི་ལྟར་སྤྱོད་སྙམ་པའོ། །ལན་གཉིས་པའི་ཚིག་ནི་ཤིན་ཏུ་ཡང་ངོ་མཚར་ཆེ་བའི་དོན་ཏོ། །དེ་དག་ནི་གླེང་བསླང་བ་སྟེ། རྐྱེན་རྣམ་པར་དག་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེའོ། །ལྷའི་དབང་པོའི་དི་ནི་ངོ་མཚར་མི་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་རྣམས་ཡང་དག་པར་བསགས་པའོ་ཞེས་གསུངས་པ་ལ། འདི་ནི་ངོ་མཚར་མི་ཆེའོ། །འདི་ནི་ངོ་མཚར་མི་ཆེ་སྟེ་ཞེས་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོའི་བསམ་པ་ཡང་དག་པར་མཁྱེན་ནས། དེའི་བསམ་པ་བསྒྲུབ་པའི་ཕྱིར། །སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་ཀྱང་འདིར་རྣམ་པ་བཅུ་ཞིག་ཏུ་གསུངས་ཏེ། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པའོ་ཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚད་མེད་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ་
ཞེས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་ཐབས་ཚང་མེད་པ་ཡང་དག་པར་རྫོགས་པའི་ཞེས་པ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །ཤེས་རབ་ཚད་མེད་པ་བསགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྤྱོད་པ་ཚད་མེད་པ་སྤྱད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །འདུལ་བའི་སྐྱེ་བོ་ཚད་མེད་པ་རྣམས་སྣོད་དུ་གྱུར་པར་མཛད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མི་མཉམ་པ་དང་མཉམ་པ་ཡེ་ཤེས་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མི་མཉམ་པ་དང་མཉམ་པའི་ཤུགས་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །མི་མཉམ་པ་དང་མཉམ་པའི་སྨོན་ལམ་དང་ལྡན་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ཤིང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ན་མི་རིགས་པ་མ་ཡིན་པ་ཉིད་དེ། །དཔེར་ན་ཝ་ཡིས་དཔུང་གི་ཚོགས་ཡན་ལག་བཞི་པོ་འཇོམས་པ་ནི་ནུས་པ་སྟོབས་དང་མི་ལྡན་པས་ངོ་མཚར་ལ། སེང་གེས་དཔུང་གི་ཚོགས་འཕམ་པར་བྱེད་པ་དེ་ལ་དེའི་སྟོབས་དང་ལྡན་པའི་ཕྱིར་ངོ་མཚར་མི་ཆེ་བ་བཞིན་དུ། དེ་བཞིན་གཤེགས་པས་ནི་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བའི་ཕྱིར་ངོ་མཚར་མི་ཆེའོ་ཞེས་བྱ་བའི་ཐ་ཚིག་གོ །ལྷའི་དབང་པོ་དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང༌། ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལ་སོམ་ཉི་དང་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་ཅིག །གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བའི་གནས་ནི་གང་ཡང་མེད་དོ་ཞེས་
གསུངས་པ་ལ། །ལྷའི་དབང་པོའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ཏེ། འབྲས་བུའི་དོན་ལ་འབད་པ་ཉིད་དུ་སྤྲོ་བ་ཡང་དག་པར་བསྐྱེད་པ་སྟེ། དེ་ལ་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ནི་རིགས་ཇི་ལྟ་བ་བཞིན་ཏེ་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་འཕགས་པའི་བདེན་པ་བཞི་ལ་སོགས་པས་དོན་མཛད་པ་དང༌། རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལ་སོགས་པས་དོན་མཛད་པ་དང༌། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པས་དོན་མཛད་པ་ཉིད་དང༌། རིགས་མ་ངེས་པ་རྣམས་ལ་མཐོ་རིས་དང་བདེ་འགྲོ་ལ་སོགས་པའི་དོན་སྟོན་ཅིང་དོན་ཡང་དག་པར་མཛད་པ་ཉིད་དོ། །ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ལྷ་ཡིས་འདུལ་བ་རྣམས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཆོས་སྟོན་ཅིང་འགྲོ་བའི་དོན་མཛད་པ་ལྟ་བུའོ། །མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཁྲུས་དང༌། གཙང་སྦྲ་ལ་མོས་པ་རྣམས་ལ་དེ་ལ་བརྟེན་ནས་ཡོན་ཏན་དང་འབྲས་བུ་དང་ཕན་ཡོན་སྣ་ཚོགས་པ་གསུངས་ཞིང༌། སངས་རྒྱས་ཀྱི་ས་ལ་ཡོངས་སུ་འགོད་པ་དང༌། དེ་ལྟར་ཀླག་པ་ལ་དགའ་བ་རྣམས་ལ་དེའི་ཕན་ཡོན་ཡང་སྣ་ཚོགས་པ་གསུངས་པ་དང༌། བཟླས་པ་ལ་དགའ་བ་དང༌། སྒོམ་པ་ལ་དགའ་བ་དང༌། སྦྱིན་སྲེག་ལ་དགའ་བ་དང༌། འདོད་ཆགས་ཆེན་པོ་ལ་དགའ་བ་རྣམས་ལ་དེ་དག་སོ་སོའི་ཕན་ཡོན་ཡང་སྣ་ཚོགས་པ་གསུངས་ཞིང༌། དེ་དག་ལ་བརྟེན་ནས་རྣམ་པར་གྲོལ་བའི་ཐབས་ཡང་དག་པར་སྟོན་པའི་སེམས་ཅན་གྱི་དོན་མཛད་པ་ཉིད་དོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐབས་སྣ་ཚོགས་པ་དང་ལྡན་པའི་ཕྱིར་འདུལ་བར་མི་འགྱུར་བའི་སྐྱེ་བོ་གང་ཡང་མེད་པས་དེ་ལ་སོམ་ཉི་མ་བྱེད་ཅིག་ཅེས་པ་ནི་ཐེ་ཚོམ་རྣམ་པར་གཅོད་པའི་ཚིག་སྟེ། དེ་དག་ནི་ལན་གྱི་རྒྱུ་རྣམ་པར་དག་པ་ཞེས་བྱའོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེ་ཞིང་བླ་ན་མེད་
པ་དག་བྱས་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་ཕན་པ་ཉིད་དུ་བགྱི་བ་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཉིད་དུ་བགྱི་བ་དང༌། སྙིང་རྗེ་ཆེན་པོར་བགྱི་བ་དང༌། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་བར་བགྱི་བའི་སླད་དུ། བཅོམ་ལྡན་འདས་བདག་སྤོབས་པ་བསྐྱེད་དུ་གསོལ། བདེ་བར་གཤེགས་པ་བདག་སྤོབས་པ་བསྐྱེད་དུ་གསོལ་ཞེས་པ་ནི་བརྒྱ་བྱིན་གྱི་རང་གི་འཁོར་གྱི་དབུས་ཀྱི་སྟན་ལས་ཡང་དག་པར་ལངས་ཏེ། རང་གི་བསམ་པ་བསྒྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང༌། བདུག་པ་ལ་སོགས་པ་བླ་ན་མེད་པའི་མཆོད་པ་བཟང་པོས་ཡོངས་སུ་མཆོད་ནས་བག་ཚ་བ་མེད་པ་དང་ཞུམ་པ་མེད་པར་བྱ་བའི་ཕྱིར་ཞུ་བ་ཡང་དག་པར་གསོལ་བའི་ཚིག་སྟེ། དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་ཉིད་དུ་བགྱི་བ་དང་ཞེས་པ་ནི་བདག་གི་དོན་ལས་ཡང་དག་པར་བརྩམས་ཏེ། དེའི་ཐབས་ཀྱིས་མ་འོངས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཉིད་ནི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་དག་ཤེས་པ་ལས་འགྲོ་བ་ཐམས་ཅད་ལ་སྙིང་རྗེའི་སེམས་ཡང་དག་པར་བསྐྱེད་པ་ཉིད་དོ། །སྙིང་རྗེ་ཅན་ནི་ལྡན་པའི་ཚིག་སྟེ། རྒྱུན་མི་འཆད་པར་སྐྱེ་བ་ཉིད་དོ། །སྙིང་བརྩེ་བ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་སྐྱེ་བ་ཉིད་དོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བདག་ལ་སྐབས་དབྱེ་བར་གསོལ་ཞེས་པའི་ཐ་ཚིག་གོ །དེ་ཉིད་གུས་པ་དང་བཅས་པའི་ཚིག་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡུལ་འཁོར་གྱི་བློན་པོ་རྣམས་ཀྱི་འཇིགས་པ་དང་བཅས་ངོ་ཚ་བ་དང་བཅས། གུས་པ་དང་བཅས་པས་ལྷ་བདག་ལ་ཞུ་བའི་ཚིག་གཅིག་མཆིས་པས་གནང་འཚལ་ཞས་པ་ལ་སོགས་པ་བཞིན་ཏེ། དེ་དག་ནི་ལམ་གྱི་རྐྱེན་རྣམ་པར་དག་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཅི་སྟེ་དུས་ལ་བབ་པར་ཤེས་
ན་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཅིག །ངས་ཁྱོད་ལ་ཅི་འདོད་པ་བཤད་དོ་ཞེས་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་ཀྱེ་ལྷའི་དབང་པོ་ཞེས་སྙན་པ་དང་བཅས་པའི་ཚིག་གིས་བོས་ནས་ཁྱོད་ཅི་འདོད་པ་དྲིས་པའི་ལན་ངས་ལེགས་པར་བཤད་ཅིང་ཁྱོད་ཀྱིས་བསམ་པ་བསྐང་བར་བྱའོ་ཞེས་གནང་བ་ལེགས་པར་བྱིན་པའི་ཚིག་སྟེ། དེ་ལ་དུས་ལ་བབ་པར་ཤེས་ན་ཞེས་པ་ནི་དྲི་བའི་རྒྱུའི་དུས་ལ་བབ་པ་ཡོད་ན་ཞེས་པའི་ཐ་ཚིག་གོ །ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞེས་བྱ་བ་ནི་ལུས་དང་ངག་གི་སྤྱོད་པ་ཀུན་ནས་བསྡམས་ཏེ། སེམས་རྩེ་གཅིག་ཏུ་གྱིས་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རྣ་བ་གཏོད་ཅིག་ཅེས་པ་ཁོ་ནའོ། །ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་འདི་ནི་དུས་ལ་བབ་པ་ལགས་སོ། །བདེ་བར་གཤེགས་པ་འདི་ནི་དུས་ལ་བབ་པ་ལགས་ཏེ་ཞེས་པ་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བདེ་བར་གཤེགས་པ་ཐབས་ཚད་མེད་པ་དང༌། རྫུ་འཕྲུལ་ཚད་མེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་རང་གི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཡིད་ལ་གཅེས་པ་དེ་གང་ན་གནས་པ་དང་བདེ་བའམ་སྡུག་བསྔལ་ཅི་འདྲ་བ་ཞིག་མྱོང་བར་འགྱུར་བ་དང༌། ཕྱིས་འདི་དང་ཕྲད་དམ་མི་ཕྲང་པ་འདྲི་བའི་དུས་ལ་བབ་པ་ཡིན་པའི་ཕྱིར་ཏེ། དེ་ལ་དུས་ནི་རྣམ་པ་གཉིས་སོ། །གཅིག་ནི་ལྷའི་བུ་དེ་ཤི་བའི་དུས་ཚོད་ལ་དུས་ཞེས་བྱ་བ་དང༌། གཅིག་ནི་རང་ཀུན་ནས་སློང་བར་བྱེད་པའི་སེམས་བསྐྱེད་པའི་དུས་ལ་དུས་ཞེས་བྱ་སྟེ། ལན་གཉིས་པའི་ཚིག་གོ །སྟོན་པ་དང་བསྐུལ་བ་དང༌། གཞུག་པ་ལ་སོགས་པ་ནི་ཤུགས་ཀྱིས་གོ་བར་བྱ་སྟེ། ལྷའི་དབང་པོ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས་ཉིད་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཏེ་དུས་ལས་འདས་ནས་དགུང་བདུན་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེས། བདེ་བ་དང་སྡུག་བསྔལ་ནི་དེས་ཅི་འདྲ་བ་ཞིག་མྱོང་བར་འགྱུར་བ་བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ་ཞེས་བྱ་བ་ལ་
སུམ་ཅུ་རྩ་གསུམ་ལྷའི་ཡུལ་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་བློན་པོ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་གསེར་འོད་ཀུན་དུ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། དེའི་བཙུན་མོ་ནི་གྲགས་ལྡན་ཤ་རི་ཅན་ཞེས་བྱ་སྟེ། དེ་དག་གི་བུ་ལྔ་བཅུ་རྩ་ལྔའི་ནང་ནས་ཐོན་བུར་གྱུར་པ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ། ཡིད་དུ་འོང་བ་ལྷ་ཐམས་ཅད་དང་ཡིད་མཐུན་པ། ལག་པ་གཡས་པའི་རྒྱབ་ན་རི་མོ་དམར་པོའི་ཡི་གེ་ནའི་གཟུགས་སུ་སྣང་བ་ཡོད་པས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་ཐམས་ཅད་དུ་མདུན་དུ་འཇོག་པ་ཐ་ན་ལྷ་མ་ཡིན་རྣམས་ཀྱིས་ཀྱང་དེ་མཐོང་ན་ཞེ་སྡང་ཞི་བར་འགྱུར་བ་དགེ་བ་དྲི་མ་མེད་པའི་སེམས་སྐད་ཅིག་མ་ལས་གྲུབ་པ་ལོ་སུམ་བརྒྱ་ལོན་པ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཤི་ནས་ཞག་བདུན་འདས་པ་དེ་ཡིད་ལ་གཅེས་པའི་ཕྱིར་དྲི་བ་སྟེ། དེ་ལ་གང་དུ་སྐྱེས་ཞེས་པ་ནི་གནས་འདྲི་བའོ། །བདེ་བའམ་སྡུག་བསྔལ་ཅི་འདྲ་བ་ཞིག་མྱོང་ཞེས་པ་ནི་ཚོར་བ་འདྲི་བའོ། །ལུང་བསྟན་དུ་གསོལ་ཞེས་པ་ནི་བཤད་དུ་གསོལ་ཞེས་བྱ་བ་སྟེ། ལན་གཉིས་པ་ནི་ནན་ཏན་ཆེད་ཆེར་བྱ་བ་ཁོ་ནའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེས་དེར་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མ་རུངས་ཤིང་མི་བཟད་པ་མྱོང་ནས། སེམས་ཅན་དམྱལ་བ་ཆུང་དུ་རྣམས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ཞིང༌། བྱོལ་སོང་དང་ཡི་དགས་ཀྱི་སྐྱེ་གནས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ནས། མཐའ་འཁོད་ཀྱི་མིར་སྐྱེས་ནས་ཡང་འོན་པ་དང༌། དག་པ་དང༌། ལྐུགས་པའི་རང་བཞིན་ཅན་དང༌། སྨྲ་མི་གསལ་བར་ལོ་སྟོང་ཕྲག་བཅུའི་བར་དུ་གནས་པ་དང༌། ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་རྣག་ཁྲག་འཛག་པ་དང༌། མཛེ་དང་ཕོལ་མིག་རྣམས་ཀྱིས་གཟིར་བ་དང༌། སྐྱེ་བོ་མང་པོས་སྨད་པ་དང་མི་ཡོངས་ཀྱིས་སྨད་པ་དང༌། རིགས་དམའ་བའི་རིགས་ཅན་རྣམས་རྗེས་སུ་མྱོང་ཞིང་སྡུག་བསྔལ་བརྒྱུད་པ་དང་གཞན་ལ་གནོད་
པ་བྱེད་པ་དང༌། ལས་ཀྱི་སྒྲིབ་པ་བར་ཆད་བྱེད་པ་རྣམ་པ་སྣ་ཚོགས་དང༌། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་མྱོང་ཞིང་མྱོང་བར་འགྱུར་རོ་ཞེས་གསུངས་པ་ལ། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་དགོངས་པ་རྣམ་པ་གསུམ་དུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་ལྷའི་བུ་དེས་ལྷའི་ཚེ་སྔ་རོལ་དུ་མཚམས་མེད་པའི་སྡིག་པ་ཆེན་པོ་བྱས་པའི་འབྲས་བུས་མཚམས་མེད་པའི་དམྱལ་བ་ཆེན་པོར་སྐྱེས་པ་དང༌། དེ་དང་ཉེ་བ་ལ་སོགས་པའི་སྡིག་པ་བྱས་པའི་འབྲས་བུས་བྱོལ་སོང་དང༌། ཡི་དགས་ལ་སོགས་པའི་གནས་སུ་སྐྱེ་བ་དང༌། གཞན་ལ་གནོད་པ་བྱས་པ་ལ་སོགས་པའི་འབྲས་བུས་ལུས་རྣག་ཁྲག་ལ་སོགས་པ་ནད་སྣ་ཚོགས་ཀྱིས་གཟིར་བར་སྐྱེ་བར་བསྟན་པའོ། །གཅིག་ནི་མ་འོངས་པའི་སེམས་ཅན་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་སྐྲག་ཅིང་སྔངས་པས་བདེ་བར་གཤེགས་པའི་བཀའ་རིན་པོ་ཆེ་འདི་ལ་ཡང་དག་པར་བསྐྱབ་ཏུ་གསོལ་བར་བྱ་བའི་ཕྱིར་རོ། །གཅིག་ནི་དྲི་བ་པོ་འདི་ལ་སོགས་པ་ཉིད་འདོད་པའི་ཡོན་ཏན་ལྔས་མངོན་པར་གཡེངས་པ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་རྒྱུ་མི་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་དེ་དག་གསུངས་པ་སྟེ། དེ་ལ་མཚམས་མེད་པ་ནི་བར་ཆད་མེད་པ་ཞེས་བྱ་སྟེ། དེར་བདེ་བའི་རྣམ་པ་སྐད་ཅིག་ཙམ་ཡང་མི་མྱོང་བའི་ཕྱིར་རོ། །དེས་ཞེས་པ་ནི་ལྷའི་བུ་སྟེ། དེར་ཞེས་པ་ནི་མཚམས་མེད་པའི་གནས་སུའོ། །ལོ་ནི་རྣམ་པ་ལྔ་རུ་གོ་བར་བྱ་སྟེ། དམྱལ་བའི་ལོ་དང༌། ཡི་དགས་ཀྱི་ལོ་དང། བྱོལ་སོང་གི་ལོ་དང༌། ལྷའི་ལོ་དང༌། མིའི་ལོའོ། དེ་ལ་ལྷ་ལ་སོགས་པ་རྣམས་ཀྱིས་ནི་ལྷའི་ལོར་གོ་བ་སྟེ། དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་ལོ་ནི་མིའི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་སུམ་ཅུ་ཕྲག་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཅུ་གཉིས་ནི་ལྷའི་ཚེ་རབས་བཅུ་གཉིས་སུ་གོ་བར་བྱའོ། །དམྱལ་བ་ཆེན་པོར་སྐྱེ་ཞེས་པ་ནི་དམྱལ་བའི་ལོར་གོ་བར་བྱ་སྟེ། དམྱལ་བ་མནར་མེད་པ་ཆེན་པོའི་ལོ་ནི་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་བར་གྱི་བསྐལ་པ་གཅིག་སྟེ་དེར་ཡོངས་སུ་སྐྱེ་བ་ཉིད་དོ། །
དམྱལ་བ་ཆུང་དུ་རྣམས་སུ་ནི་དུ་འབོད་ལ་སོགས་པ་རང་རང་གི་ལོས་གནས་པ་ཉིད་དོ། །དུད་འགྲོ་རྣམས་ཀྱིས་ནི་མི་ལས་མཚོན་པར་བྱ་སྟེ། དགེས་པ་མེད་པ་ཉིད་དོ། །ཡི་དགས་ཀྱི་སྐྱེ་གནས་སུ་ཞེས་པ་ནི་ཡི་དགས་ཀྱི་ལོ་སྟེ། དེ་དག་གི་ལོ་ནི་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་སུམ་ཅུ་ཕྲག་བཅུ་གཉིས་ལོར་བརྩིས་པ་སྟེ། བརྒྱ་ཕྲག་བརྒྱ་ནི་ཡི་དགས་ཀྱི་ཚེ་རབས་བརྒྱའོ། །སྡུག་བསྔལ་ནི་ཚོར་བ་མི་བདེ་བ་སྟེ་གདུང་བ་དྲག་པོ་ཅན་ནོ། །དེ་དག་ལས་ཐར་ནས་ཀྱང་མིའི་འགྲོ་བ་མཐའ་འཁོབ་ཀྱི་མིར་སྐྱེས་ཏེ། དབང་པོ་མ་ཚང་བར་ཡང་འགྱུར་བའོ། །དེ་ནས་མ་རབས་ལ་སོགས་པའི་རིགས་སུ་སྐྱེས་ན་ཡང༌། དེའི་ལུས་ལ་ནད་སྣ་ཚོགས་པ་མང་པོས་གཟིར་བར་སྐྱེ་བ་དང༌། ཡན་ལག་མེད་པ་དང༌། གཞན་ཡང་གནོད་པ་བྱེད་པ་ཡ་རབས་ཀྱི་ ཚུལ་མ་ཡིན་པ་བྱ་གཤོར་བ་དང ༌། རི་དགས་གཤོར་བ་དང༌། ཉ་གཤོར་བ་ལ་སོགས་པ་བྱེད་དེ། དེ་ལ་སྐྱེ་བོ་མང་པོས་སྨོད་པ་ནི་ཕལ་གྱིས་སྨོད་པའོ། །ཡོངས་ཀྱིས་སྨོད་པ་ནི་ཐམས་ཅད་ཀྱིས་སྨོད་པ་སྟེ་རིགས་པ་མ་ཡིན་པའི་ལས་བྱེད་དོ་ཞེས་ཟེར་རོ། །རིགས་དམའ་བ་ནི་ཤན་པ་ལ་སོགས་པའི་རིགས་སུ་སྐྱེ་བར་འགྱུར་བ་སྟེ། སྡུག་བསྔལ་བརྒྱུད་པ་ནི། ལྕགས་སྒྲོག་ཏུ་བཅིངས་བ་དང༌། མཚོན་གྱིས་ཕུག་པ་དང༌། མེས་ཚིག་པ་ལ་སོགས་པ་དཔག་ཏུ་མེད་པ་མྱོང་བར་འགྱུར་བ་སྟེ། དེ་ནི་ཅུང་ཟད་མཐོ་བའི་རིགས་ལ་དགོངས་པའོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་ཀྱིས་ཐོས་ནས་ཤིན་ཏུ་སྐྲག་ཅིང་སྔངས་ཏེ་སྐྱོ་ནས་ཁས་བུབ་ཏུ་འགྱེལ་ལོ། །ཞེས་བྱ་བ་ནི་དཔེར་ན་མི་གང་དག་རྒྱལ་པོ་ཅིག་རིགས་པ་མ་ཡིན་པའི་ལས་ཀྱིས་བསད་པའི་གཏམ་ཐོས་ནས་ཤིན་ཏུ་སྐྲག་ཅིང་སྔངས་ཏེ་སྐྱོ་བ་བཞིན་དུ་ལྟ་རྣམས་ཀྱི་ནང་ན་མཆོག་དང་འདྲ་བ་ཡང་འདི་འདྲ་བའི་སྡུག་བསྔལ་མྱོང་བ་འདི་ཅི་འདྲ་བ་ཞིག་སྙམ་པས་དེ་ལ་ཆགས་པའི་གདུང་བ་དང༌། རང་རང་གི་རྒྱུད་ལ་བག་ཚ་བའི་འཇིགས་པས་ཁས་བུབ་ཏུ་འགྱེལ་ལོ། །དེ་ནས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡུག་བསྔལ་ཆེན་པོ་བརྒྱུད་པ་དེ་ལས་ཇི་ལྟར་ན་ཐར་པར་འགྱུར། བདེ་བར་
གཤེགས་པ་ཅི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་དེ་འདྲ་བ་ལས་རྣམ་པར་གྲོལ་བར་འགྱུར་བ་འདི་བསྐྱབ་པར་གསོལ། བདེ་བར་གཤེགས་པ་འདི་རབ་ཏུ་བསྐྱབ་པར་གསོལ། །ཞེས་པ་ནི་དཔེར་ན་བུ་ཡིད་དུ་འང་བ་དག་ནད་གདུག་པ་ཅན་དྲག་པོས་ཟིན་པ་ལ་མ་བརྩེ་བ་དང་ལྡན་པ་དག་སྨན་པ་མཁས་པ་རྣམས་ལན་ད་འདི་ལས་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་བསྐྱབ་པར་གསོལ། འདི་ལས་ཐབས་ཇི་ལྟ་བུས་ཐར་བར་འགྱུར་བ་ནི་གང་ལགས་ཞེས་འདྲི་བ་དང་འདྲ་བར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལྷའི་བུ་དེ་ལ་བརྩེ་བ་དང་གདུང་བའི་ཕྱིར་དང༌། གང་དག་དེ་འདྲ་བའི་སྡུག་བསྔལ་གྱི་འཇིགས་པ་མེད་པར་བྱ་བ་དང༌། མ་འོངས་པའི་སེམས་ཅན་ལ་ཕན་གདགས་པའི་ཕྱིར། སྡུག་བསྔལ་ཆེན་པོ་དེ་ལས་ཐར་བར་འགྱུར་བའི་ཐབས་ནི་ཇི་ལྟ་བུ་དག་གིས་ཐར་བར་འགྱུར་འདི་ལས་དུས་གསུམ་དུ་གནས་པའི་སེམས་ཅན་རྣམས་བསྐྱབ་པར་གསོལ་ཞེས་གདུང་བ་དང་བཅས་པས་གསོལ་བ་འདེབས་པ་སྟེ། ལན་གཉིས་པ་ནི་ཆེས་ཆེར་བྱ་བའི་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་བཤད་པ་འདི་ངས་ཀྱང་བཤད་ཀྱིས་ཉོན་ཅིག་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་གནས་པའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་དམ་པའི་ཆོས་ཀྱི་ཆེ་བའི་ཡོན་ཏན་ཕུལ་དུ་ཕྱུང་ནས་གནང་བར་སྤྲོ་བ་བསྐྱེད་པ་སྟེ་དེ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་བཤད་པ་ཞེས་པ་ནི་འདིར་གཉིས་སུ་གོ་བར་བྱ་བ་སྟེ། གཅིག་ནི་དམ་པའི་ཆོས་འདི་ཉིད་ལ་མཆོག་ཏུ་སྤྲོ་བ་དང་དང་བ་དང་འཇུག་པའི་རྒྱུ་ཆེན་པོར་གསུངས་སོ། །གཅིག་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུས་དང་ངག་དང་ཡིད་རྣམ་པར་དག་པ་ལས་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པའི་ཆོས་གསུངས་ཏེ། དེ་བཞིན་དུ་དམ་པའི་ཆོས་འདི་ནས་གསུངས་པའི་ཕྱིར་བཤད་པ་བཤད་ཀྱིས་ཞེས་བྱ་བའོ། །དེ་ལ་ཉོན་ཅིག་ཅེས་བྱ་བ་ནི། རྣ་བ་གཏོད་པའི་ཆེད་དུ་སྒྲུབས་
ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མནྡཱ་ར་བ་དང༌། མནྡཱ་ར་བ་ཆེན་པོ་དང༌། མེ་ཏོག་སྣ་ཚོགས་པ་དང༌། རིན་པོ་ཆེའི་དབུ་རྒྱན་དང་ཕྱག་གདུབ་དང༌། དཔུང་རྒྱན་དང༌། སྙན་ཆ་དང༌། དོ་ཤལ་དང༌། སེ་མོ་དོ་ལ་སོགས་པ་རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མངོན་པར་མཆོད་དེ་ལན་བརྒྱ་ཕྲག་སྟོང་དུ་མར་བསྐོར་བར་བྱས་ཤིང་ཕྱག་འཚལ་ནས། བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ་ཞེས་བྱ་བས་མཉེས་པར་བྱས་ནས། བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བར་བགྱི་བ་དང༌། མ་འོངས་པའི་སེམས་ཅན་ངན་སོང་གི་རྒྱུད་གསུམ་ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ་ལེགས་པར་བཤད་དུ་གསོལ་ཞེས་བྱ་བ་ནི་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱིས་རང་གི་འདོད་པའི་བསམ་པ་སྐོང་བ་དང༌། དམ་པའི་ཆོས་རྒྱ་ཆེན་པོ་གསུངས་པ་ལ་ཡང་དག་པར་རྗེས་སུ་ཡི་རང་བའི་དགའ་བས་ལྷའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས་མངོན་པར་མཆོད་དེ་རབ་ཏུ་དགའ་བའི་ཚིག་ཕུལ་ཏེ། དེ་ལ་མནྡཱ་ར་བ་དང་མནྡཱ་ར་བ་ཆེན་པོ་ནི་ལྷའི་མེ་ཏོག་གི་ཁྱད་པར་རོ། །རྣམ་པ་སྣ་ཚོགས་པ་ནི་ཐུན་མོང་གི་མེ་ཏོག་ཨུཏྤལ་ལ་སོགས་པའོ། །དབུ་རྒྱན་ནི་དབུ་ལའོ། །གདུ་བུ་ནི་ཕྱག་གི་མཁྲིག་ལམ་ལའོ། །དཔུང་རྒྱན་ནི་དཔུང་བའི་རྩར་རོ། །སྙན་ཆ་ནི་སྙན་གྱི་ཤལ་གྱི་ནང་དུའོ། །དོ་ཤལ་ནི་མགུལ་དུའོ། །སེ་མོ་དོ་ནི་སེ་རལ་ཁར་ཡང་དག་པར་ཕུལ་བ་དང༌། རྒྱན་གྱི་ཁྱད་པར་སྣ་ཚོགས་པ་ནི་སོར་གདུབ་དང༌། རྐང་གདུབ་དང༌། ཆུ་ཁོར་ལ་སོགས་པས་དམ་པའི་ཆོས་དང༌། སྟོན་པ་པོ་རྣམས་བཙུན་པར་བྱ་བ་དང༌། མཉེས་པར་བྱ་བའི་ཕྱིར་མཆོད་པ་སྟེ། ལེགས་སོ་ཞེས་པའི་ཚིག་གསུམ་པོ་ནི་དགའ་པ་དང༌། རབ་ཏུ་དགའ་བ་དང༌། མཆོག་ཏུ་དགའ་བ་སྐྱེས་པའི་དོན་ཏོ། །ལྷ་དང་བཅས་པ་ནི་མི་ལ་སོགས་པའི་འཇིག་རྟེན་ཐམས་ཅད་དེ། དེ་དག་ལ་ཕན་པ་ནི་སྡུག་བསྔལ་ལས་ཐར་བའོ། །བདེ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་
ཞེས་བྱའོ། །མ་འོངས་པའི་སེམས་ཅན་ནི་སྐྱེ་བ་ཕྱི་མ་རྣམས་ཏེ། དེ་དག་ངན་སོང་གསུམ་གྱི་རྒྱུ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོའོ། །དེ་ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ་ཐབས་བླ་ན་མེད་པ་བཤད་དུ་གསོལ་ཞེས་པ་སྟེ། དུས་རྣམ་པ་གསུམ་ནི་རྒྱུ་ལ་བསམས་ཏེ་སྨྲས་པའོ། །དེ་ནས་ཚངས་པ་ལ་སོགས་པ་མང་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་བཅོམ་ལྡན་འདས་ལེགས་སོ་བདེ་བར་གཤེགས་པ་ཅི་ནས་ཀྱང་མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཚན་ཙམ་ཐོས་པས་ཀྱང་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་ལྷའི་འཇིག་རྟེན་ནམ་མིའི་འཇིག་རྟེན་དུ་སྐྱེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་དུ་གསོལ་ཞེས་པ་ནི་འདིར་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་ཐམས་ཅད་འདུས་པའི་འཁོར་མང་པོ་རྣམས་ཀྱིས་དུས་གཉིས་ལ་བསམས་ཏེ་བྱིན་རླབས་མཆོག་ཏུ་ཆེ་བདག་གིས་སྡུག་བསྔལ་གསུམ་ལས་གྲོལ་ཏེ། བདེ་བ་དང་བདེ་བ་བླ་ན་མེད་པ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར་དགའ་བའི་ཚིག་གིས་ཞུ་བ་གསོལ་བ་སྟེ། དེ་ལ་ཁ་ཅིག་ནི་འདིར་འཁོར་འདུས་པའི་ཚོགས་དེར་འཁོར་རྣམས་ཀྱི་གཙོ་བོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མ་ཞུས་ལ་བརྒྱ་བྱིན་ལ་རྒྱུ་ཡོད་པའི་ཕྱིར་ཞུས་ཏེ། དེ་ལ་བརྒྱ་བྱིན་གྱིས་ཞུས་པས་ཆོག་མོད་ཚངས་པ་ལ་སོགས་པས་ཞུ་བའི་སྐབས་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་ཟེར་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་ཇི་ལྟ་བ་བཞིན་དུ་མཁྱེན་ལ། བརྒྱ་བྱིན་ནི་བཅོམ་ལྡན་འདས་ཉིད་ཀྱིས་ལྷའི་བུ་ལ་རྟེན་བཅའ་བའི་ཕྱིར་འོད་ཟེར་གྱིས་བསྐུལ་བ་ཉིད་དོ། །ཚངས་པ་ལ་སོགས་པའང་འདིར་དམ་པའི་ཆོས་བླ་ན་མེད་པ་གསུངས་པ་ལ་མ་གུས་པ་མེད་པའི་ཕྱིར་དང༌། རྗེས་སུ་ཡི་རང་བར་བྱ་བའི་ཕྱིར་དང༌། སྐྱེས་བུ་དམ་པ་རྣམས་ལེགས་པ་དང་སྙན་པའི་ཚིག་ཐོས་ན་ཧ་ཅང་མི་སྨྲ་བར་འདུག་པའི་རིགས་མ་ཡིན་པས་ན་ལེགས་སོ་ལེགས་སོ་ཞེས་པའི་ཚིག་གཉིས་པ་ནི་དགའ་བ་དང༌། མཆོག་ཏུ་དགའ་བའོ། །ཅི་ནས་ཀྱང་ཞེས་
པ་ནི་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་ཞེས་པའོ། །མ་འོངས་པའི་སེམས་ཅན་ནི་སྐྱེ་བ་ཕྱི་མ་རྣམས་ཞེས་པའི་དོན་ཏོ། །མཚན་ཙམ་ཐོས་པས་ཀྱང་ཞེས་པ་ནི་བྱིན་གྱིས་བརླབས་པ་དང༌། ཡོན་ཏན་དམ་པའི་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་མངའ་བའི་ཆོས་ཏེ། དཔེར་ན་སྨན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཧུ་ལུ་ཧུ་ལུ་ཞེས་བྱ་བའི་མིང་ཙམ་བརྗོད་པའམ་ཐོས་པས་སྲིན་བུ་མ་རུངས་པ་ཀུམ་བི་ཏས་ཟིན་པ་དག་དེའི་སྡུག་བསྔལ་ལས་ཐར་བར་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པའི་མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྡུག་བསྔལ་ལས་ཐར་བར་འགྱུར་བའི་བྱིན་གྱི་རླབས་ཁྱད་པར་དུ་འཕགས་པ་དག་གིས་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཏེ། བདེ་འགྲོའི་གནས་སུ་དམ་པའི་ཆོས་ཡོངས་སུ་སྤྱད་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་བཤད་དུ་གསོལ་ཞེས་པ་སྟེ། དེ་དག་གིས་ནི་རྐྱེན་རྣམ་པར་དག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདིས་བྱིན་གྱིས་བརླབས་པའི་ཕྱིར། གདོན་མི་ཟ་བའི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་གདོན་མི་ཟ་བར་མི་ཆོམས་པའི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བའི་སྙིང་པོ་འདིས་བྱིན་གྱིས་བརླབས་སོ། །ཨོཾ་བཛྲཱ་དྷིཥྛ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་པ་ནི་འདི་ལྟར་ཐེག་པ་ཆེན་པོ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་གསུངས་པས་ན། དེ་དག་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པ་ཉིད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་པ་ལ་སོགས་པའི་འཁོར་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་རྣམས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དབང་དམ་པ་བསྐུར་བའི་ཕྱིར་གདོན་མི་ཟ་བའི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལ་ཏིང་ངེ་འཛིན་དེས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་གསང་སྔགས་ཀྱི་སྣོད་དུ་གདོན་མི་ཟ་བར་བྱིན་གྱི་རློབ་ཅིང༌།
དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ངེས་པར་འགྲུབ་པ་དང༌། སེམས་ཅན་ཐམས་ཅད་ཐེ་ཚོམ་མི་ཟ་བར་ངན་འགྲོའི་རྒྱུད་ལས་ཐར་ཞིང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་དེ་ལ་གདོན་མི་ཟ་བར་རྡོ་རྗེས་བྱིན་གྱི་རླབས་ཞེས་བུ་སྟེ། ཚངས་པ་ལ་སོགས་པའི་ཚིག་གི་འབྲས་བུའང་དེ་ཉིད་དུ་སྦྱར་རོ། །དེ་ལ་ཏིང་ངེ་འཛིན་དེ་ལྟ་བུ་ལས་གསང་སྔགས་དེ་འདྲ་བ་དག་གསུངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གདོན་མི་ཟ་བར་མི་ཚོམས་པའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་སྟེ། ཨོཾ་བཛྲཱ་དྷིཥྛ་ན་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་པའོ། །དེ་ལ་ད་ནི་དཔེར་ན་མི་གང་དག་རང་གི་སེམས་ལ་གང་བསམས་པ་དང་མཐུན་པའི་ཚིག་སྨྲས་པ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མཉམ་པར་གཞག་པ་དང་མཐུན་པའི་སྙིང་པོ་གསུང་པ་ཁོ་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་ཏེ། དེ་དག་ནི་ཕྱག་རྒྱ་བཞི་ལས་གྲུབ་པའོ། །འདིར་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བཞིས་འཁོར་དུ་འདུས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་པ་ནི་རུང་བར་བྱ་བའི་ཕྱིར་དབང་ཞེས་པ་ཁོ་ནའོ། །དེ་ལ་གང་དག་ཕྱག་རྒྱ་བཞི་ཇི་ལྟར་མངོན་ཞེ་ན་འདི་ལྟར། ཨོཾ་དང་རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོའོ། །བྱིན་གྱིས་བརླབས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཡེ་ཤེས་ནི་ཆོས་ཀྱི་ཕྱག་རྒྱའོ། །དམ་ཚིག་དང་ཧཱུཾ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ལྟར་འཁོར་འདུས་པ་ཐམས་ཅད་ཕྱག་རྒྱ་བཞིས་དབང་བསྐུར་བ་ཉིད་དོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་དབང་ལས་སྐུ་གསུམ་མངོན་པར་འགྲུབ་པ་སྟེ། དེ་ལ་ཨོཾ་ནི་ལུས་ཀྱི་དབང་སྟེ། ལུས་རྣམ་པར་དག་པའི་སྣོད་དུ་བྱས་པས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་འགྲུབ་པ་ཉིད་དོ། །ཨཱཿ་ནི་ངག་གི་དབང་སྟེ། ངག་རྣམ་པར་དག་པར་བྱས་པས་སྤྲུལ་པའི་སྐུ་མངོན་པར་འགྲུབ་པ་ཉིད་དོ། །ཧཱུཾ་ནི་ཡིད་ཀྱི་དབང་སྟེ། ཡིད་རྣམ་པར་དག་པར་བྱས་པ་ལས་ཆོས་ཀྱི་སྐུ་མངོན་པར་འགྲུབ་པ་ཉིད་དོ། །ཡང་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་དབང་བཅུས་ཡང་དག་པར་རྫོགས་
པའི་སངས་རྒྱས་མངོན་པར་གྲུབ་པ་སྟེ། དེ་བཞིན་དུ་འདིར་ཡང་ལྷ་ལ་སོགས་པ་ལ་དབང་བཅུས་དབང་བསྐུར་བ་ཉིད་དོ། །དེ་ལྟར་ཨོཾ་ནི་ཡེ་ཤེས་ལྔའི་ངོ་བོས་རིགས་ལྔར་ཐམས་ཅད་ལ་ཤེས་པར་བྱ་ལ་དེ་ལ་བཛྲ་ནི་སངས་རྒྱས་ཀྱི་དབང་ངོ༌། །ཨ་ནི་བུམ་པའི་དབང་ངོ༌། །དྷི་ནི་གཟུགས་ཀྱི་དབང་ངོ༌། །ཥྛ་ནི་ཕྱག་རྒྱའི་དབང་ངོ༌། །ན་ནི་ལས་ཀྱི་འཁོར་ལོའི་དབང་ངོ༌། །ཛྙཱ་ནི་འཁོར་ལོའི་དབང་ངོ༌། །ན་ནི་བདག་པོའི་དབང་ངོ༌། །ས་ནི་གསང་བའི་དབང་ངོ༌། །མ་ནི་ཕྲེང་བའི་དབང་ངོ༌། །ཡེ་ནི་ཐབས་དང་ཤེས་རབ་ཀྱི་དབང་ངོ༌། །དེ་ལ་ཧཱུཾ་ནི་དམ་ཚིག་གི་དབང་སྟེ་སྤྱིར་ཁྱབ་པར་བསྟན་ཏོ། །དེ་ལྟར་འཁོར་འདུས་པ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དབང་ཐམས་ཅད་རྫོགས་པར་དབང་བསྐུར་ནས་སྣོད་དུ་རུང་བར་བྱས་ནས། རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་གསུངས་ཏེ། དེས་ནི་གང་དག་མི་ཤེས་པ་རྣམས་ངན་སོང་སྦྱོང་བའི་རྒྱུད་འདི་ནི་བཅོམ་ལྡན་འདས་ཀྱིས་ལྷ་ལ་སོགས་པའི་འཇིག་རྟེན་ཐམས་ཅད་འཁོར་དུ་བསྡུས་ནས་གསུངས་པའི་ཕྱིར་ད་ལྟར་ཡང་དབང་མ་བསྐུར་བར་ཐམས་ཅད་ལ་བཤད་དུ་རུང་ངོ་ཞེས་པ་དེ་ཡང་གསལ་ལོ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནི། སརྦཱ་པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་བིར་ཤུདྡྷེ་སརྦྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། རིག་སྔགས་ཆེན་པོ་འདི་བཤད་མ་ཐག་ཏུ་སེམས་ཅན་ཐམས་ཅད་ངན་སོང་གི་རྒྱུད་ཀྱི་འཆིང་བ་ཐམས་ཅད་རྣམ་པར་གཅོད་དོ། །ངན་འགྲོ་ཐམས་ཅད་རྣམ་པར་སྦྱངས་སོ། །སྡུག་བསྔལ་མི་ཟད་པ་རྣམས་རབ་ཏུ་ཞི་སྟེ། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ་ཞེས་པ་ནི་དང་པོའི་སྔགས་གཅིག་པོས་དམ་ཚིག་ཡོངས་སུ་བཀོད་དོ། དེ་ནས་མངོན་པར་རྟོགས་པ་ལ་བཀོད་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩ་བའི་སྔགས་གསུངས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་
རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ནི་སྡིག་པ་ཐམས་ཅད་ཡོངས་སུ་སྦྱོང་བ་ཉིད་དོ། རྒྱལ་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ་དེ་དག་གོ །འཁོར་ལོས་སྒྱུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་དོ། །རང་ཉིད་དེ་ཐུགས་ཀའི་ནུ་མ་གཉིས་ཀྱི་བར་ནས་བཅོམ་ལྡན་འདས་ཉིད་ཅི་འདྲ་བའི་ཆ་ལུགས་ཅན་ཕྱོགས་བཞིར་ཞལ་བཞི་དང་ལྡན་པ་ཐམས་ཅད་ནས་སྐུ་རིགས་དང་མཐུན་པར་སྟོན་ཅིང་རིག་པ་ཆེན་མོ་དེ་གསུངས་ཤིང་ཕྱུང་སྟེ། དེ་ལ་རིག་པ་ནི་འདི་ཡིན་ནོ། །དེ་ལ་གསང་སྔགས་ལ་སོགས་པ་སྔགས་ཐམས་ཅད་ཀྱི་སླད་དུ། ཨོཾ་སྨོས་པའི་དགོས་པ་ནི་རྣམ་པ་གསུམ་སྟེ། གཅིག་ནི་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཡོ་བྱད་རྣམ་པ་ལྔས་མཆོད་པར་བྱ་བའི་ཕྱིར་ཏེ། དཔེར་ན་བྲམ་ཟེ་རིག་བྱེད་གདོན་པའི་དང་པོར་རིག་བྱེད་ཀྱི་བདག་པོ་ལྷ་ཚངས་པ་ལ་མཆོད་པར་བྱ་བའི་ཕྱིར། རིག་བྱེད་རྣམས་ཀྱི་དང་པོར་ཨོཾ་སྨོས་བ་བཞིན་ནོ། །དེ་ལ་གང་དག་འདི་སྐད་དུ་མཆོད་པར་བརྗོད་པ་ཙམ་ནི་འགལ་བ་ཡང་མེད་ན་མཆོད་པའི་ཡོ་བྱད་ལྔར་ངེས་པ་ནི་ཇི་ལྟར་རིགས་ཤེ་ན། འདི་ལྟར་ཨོཾ་ནི་ཡི་གེ་རྣམ་པ་ལྔ་དང་ལྡན་པས་ཨརྒ་ལ་སོགས་པའི་མཆོད་པའི་ཡོ་བྱད་ལྔ་ཡོད་པ་ཁོ་ནས་ཨརྒ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །གཅིག་ནི་བདེ་བར་གཤེགས་པ་རིགས་ལྔའི་གཙོ་བོ་འབྱུང་བ་ལྔས་བསྐྱེད་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་དང་པོ་ཨོཾ་ཁོ་ནར་ངེས་སོ། །གཅིག་ནི་བསྐལ་པའི་རིམ་པ་དང་སྦྱར་ནས་གསུངས་ཏེ་དེ་ལ་ཨོཾ་ནི་བསྐལ་པ་ཆགས་པ་དང་སྦྱར་རོ། །བར་གྱི་སྔགས་ནི་བསྐལ་པར་གནས་པར་དགོངས་ཏེ་ཡུན་རིང་པོའི་ཕྱིར་རོ། །མཐའི་སྭཱ་ཧཱ་ལ་དགོངས་པ་ནི་འཇིག་པ་དང་སྦྱར་ནས་གསུངས་པ་སྟེ་ཡོངས་སུ་རྫོགས་པ་ཁོ་ནའོ། །དེ་ལ་འདིར་བཅོམ་ལྡན་འདས་ཀྱི་སྔགས་ཚིག་བཞི་གསུངས་པ་ནི་དང་པོས་ནི་ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་བྱེད་པའོ། །གཉིས་པས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་བྱེད་པའོ། །གསུམ་པས་ནི་ཤེས་བྱའི་སྒྲིབ་
པ་རྣམ་པར་དག་པར་བྱེད་པའོ། །བཞི་པས་ནི་སྐྱེ་བའི་སྒྲིབ་པ་རྣམ་པར་དག་པར་བྱེད་པའི་ཕྱིར་རྣམ་པར་དག་པར་བྱེད་པའི་སྔགས་ཀྱི་ཚིག་བཞི་ཁོ་ནར་ངེས་པའོ། །དེ་ལ་འདིར་གང་དག་འདི་སྐད་དུ་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་སྙིང་པོ་གསུངས་པ་ནི་གསལ་ལ་སྐུ་ཕྱུང་བ་ནི་ཇི་ལྟར་ཤེས་ཤེ་ན། རྣམ་པ་སྣང་མཛད་མངོན་པར་བྱང་ཆུབ་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ལས། ཤིན་ཏུ་ཞི་བའི་གཟུགས་ཅན་མཛེས། །སྟོན་ཀའི་ཟླ་ལྟར་རབ་གསལ་བ། །ཨོཾ་སོགས་སྔགས་ནི་རབ་གསུང་ཞིང༌། །སྙིང་གནས་བྱོན་དབུས་སུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །རིག་པ་ནི་རྣམ་པ་གཉིས་ཏེ། ད་ལྟར་རེག་པ་དང་དུས་གསུམ་དུ་རིག་པའོ། །དེ་ལ་ད་ལྟར་རིག་པ་ནི་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པའོ། །དུས་གསུམ་རིག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། སྔགས་ནི་ཡིད་སྐྱོབ་པར་བྱེད་པའི་ཕྱིར་རོ། །ཆེ་བ་ནི་བྱིན་རླབས་ཆེ་བའོ། །མོའི་རྟགས་ནི་སྐྱེད་པར་བྱེད་པས་མོ་སྟེ། ཡེ་ཤེས་སྐྱེད་པར་བྱེད་པའོ། །དེ་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། བཤད་མ་ཐག་པ་སེམས་ཅན་ཐམས་ཅད་ངན་སོང་གི་རྒྱུད་ཀྱི་འཆིང་བ་ཐམས་ཅད་རྣམ་པར་གཅོད་དོ། །ངན་འགྲོ་ཐམས་ཅད་རྣམ་པར་སྦྱངས་སོ། །སྡུག་བསྔལ་མི་ཟད་པ་རྣམས་རབ་ཏུ་ཞི་སྟེ། སྐྱེ་བོ་མང་པོ་རྣམས་བདེ་བ་དང་ལྡན་པར་གྱུར་ཏོ་ཞེས་པ་ནི་དགོངས་པ་རྣམ་པ་གཉིས་ཏེ། འབྲས་བུ་ལ་དགོངས་པ་དང་རྒྱུ་ལ་དགོངས་པའོ། །དེ་ལ་འབྲས་བུ་ལ་དགོངས་པ་ནི་བཤད་མ་ཐག་པའི་སྒྲས་སྐད་ཅིག་མ་སྟེ། རྫོགས་པའི་མཐའི་སྐད་ཅིག་མར་ཉོན་མོངས་པ་ཐམས་ཅད་ནི་སྤངས་འཁོར་བའི་སྡུག་བསྔལ་ནི་ཞི་སྟེ་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པ་ཐོབ་པར་གྱུར་པ་ལ་དགོངས་པའོ། །རྒྱུ་ལ་དགོངས་པ་ནི་སེམས་ཅན་ཐམས་ཅད་སྤྲོ་བ་ཆེན་པོ་བསྐྱེད་དེ། འབད་པ་དྲག་པོས་ཡོངས་སུ་སྒྲུབ་པར་བྱེད་པ་འཇུག་པའི་ཡན་ལག་ལ་དགོངས་པའོ། །དེ་ཉིད་ཀྱིས་ནི་ལྟའི་དབང་པོ་བརྒྱ་བྱིན་གྱི་ཚིག་གི་དོན་ཡོངས་སུ་རྫོགས་པར་བྱས་པའོ། །དེ་ནས་གཞན་ཡང་གསང་བའི་སྙིང་པོ་འདི་གསུངས་སོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ནེ། སརྦ་ཨ་པ་ཡན་སརྦ་ས་ཏྭཻ་བྷྱ་ཧཱུཾ། ལྷའི་དབང་པོ་གཞན་ཡང་འདི་
ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ། ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །ཨོཾ་ཏྲ་ཐ་ཨ་ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་སྦྱོང་བའི་སྙིང་པོའོ། །ཨོཾ་ཧཱུཾ་ཞེས་པ་འདིར་རིགས་བཞིའི་བདེ་བར་གཤེགས་པའི་སྙིང་པོ་གསུངས་པ་སྟེ། དེ་ལ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་སྤྱན་གཉིས་ནས་རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཕྱུང་སྟེ། དེའི་ཞལ་ནས་སྙིང་པོ་གསུངས་པ་ནི། ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པ་ཡ་ན་སརྦ་ས་ཏྭཻ་བྷྱ་ཧཱུཾ་ཞེས་པའོ། །དེའི་དོན་ནི་འདི་ལྟར་ཚིག་རྣམ་པ་གསུམ་སྟེ། དེ་ལ་དང་པོ་ནི་སྡིག་པ་ཐམས་ཅད་ཡོངས་སུ་སྦྱོང་པར་བྱེད་པའོ། །གཉིས་པ་ནི་ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ། །གསུམ་པ་ནི་སེམས་ཅན་ལ་བདེ་བ་ཆེན་པོའི་སྐུ་སྟེར་བ་ཁོ་ནའོ། །དེ་ལ་གང་དག་འདི་སྐད་དུ་དང་པོའི་སྙིང་པོ་ནི་ཐུགས་ཀ་ནས་ཕྱུང་བར་གསལ་ལ། འདི་སྤྱན་གཉིས་ནས་ཕྱུང་བར་ཇི་ལྟར་མངོན་ཞེ་ན། དེ་ཡང་འདི་ལྟར་དང་པོར་སྨོས་པའི་རྒྱུད་ལ། མཚན་རྣམས་ཀུན་གྱིས་རབ་རྫོགས་ཤིང༌། །ཟླ་བ་རྒྱས་དང་པདྨའི་མདོག །བདེ་གཤེགས་སྤྱན་ནས་ཕྱུང་ནས་ནི། །སྔགས་རྣམས་གསུང་ཞིང་མདུན་དུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །སྙིང་པོ་གཉིས་པ་ནི་བཅོམ་ལྡན་འདས་ཀྱི་སྙན་ནས་རིན་པོ་ཆེའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་ཕྱུང་སྟེ། དེའི་ཞལ་ནས་སྙིང་པོ་གསུངས་པ་ནི། ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པ་སྟེ། དེ་ལ་དེའི་དོན་ནི་ལྟར་ཞེ་སྡང་ཐམས་ཅད་ཡོངས་སུ་སྦྱོང་ཞིང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པ་ཁོ་ན་ཡིན་པས་ན་ཚིག་གཉིས་སུ་རྣམ་པར་ཕྱེ་བའོ། །དེ་ལ་དང་པོའི་ལན་གྱིས་ཡོངས་སུ་འདྲེ་བས་རྒོལ་བ་དག་མི་འབྱུང་ན་ཡང་ཡིད་ཆེས་པར་བྱ་བའི་ཕྱིར་ཁུངས་དབྱུང་བ་ནི་གོང་མ་བཞིན་དུ། ནམ་མཁའི་
མདོག་ལ་དྲི་མེད་རྒྱས། །སྤྱོད་པ་རྣམ་པར་གྲོལ་མཛད་པ། །བདེ་གཤེགས་སྙན་ནས་ཕྱུང་ནས་ནི། །གཡས་ཕྱོགས་སུ་ནི་རབ་ཏུ་བཞུགས། །ཞེས་གསུངས་སོ། །སྙིང་པོ་གསུམ་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤངས་ཀྱི་བུ་ག་གཉིས་ནས་པདྨོའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཕྱུང་སྟེ། དེའི་ཞལ་ནས་སྙིང་པོ་གསུངས་པ་ནི། ཨོཾ་ཏྲ་ཐ་ཨ་ཞེས་པའོ། །དེ་ལ་དེའི་དོན་ནི་འདི་ལྟར་ཡི་གེ་རྣམ་པ་གསུམ་སྟེ། དེ་ལ་དང་པོས་ནི་བར་དུ་གཅོད་པའི་བགེགས་ཐམས་ཅད་སྐྲག་པར་བྱེད་པའོ། །གཉིས་པས་ནི་ཡང་དག་པར་དོན་ཁོ་ན་ཉིད་རྟོགས་པར་བྱེད་པའོ། །གསུམ་པས་ནི་ཕྱིས་འཁོར་བའི་འདམ་དུ་མི་ལྟུང་བའི་དོན་ཏོ། །དེ་ཡང་གོང་དུ་གསུངས་པའི་རྒྱུད་ལས། གསེར་མདོག་འོད་རྣམས་སྤྲོ་མཛད་པ། །སྐྱེས་བུ་ཁྱུ་མཆོག་བླ་ན་མེད། བདེ་གཤེགས་ཤངས་ལས་ཕྱུང་ནས་ནི། །སྔགས་རྣམས་གསུང་ཞིང་རྒྱབ་ཕྱོགས་བཞུགས། །ཞེས་གསུངས་སོ། །སྙིང་པོ་བཞི་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་གྱི་ལྗགས་ཀྱི་རྩེ་མོ་ནས་ལས་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བཅོམ་ལྡན་འདས་མེ་ཏོག་ཆན་པོ་རྒྱས་པ་ཕྱུང་སྟེ། དེའི་ཞལ་ནས་སྙིང་པོ་གསུངས་པ་ནི་ཧཱུཾ་ཞེས་པ་སྟེ། དེ་ལ་དེའི་དོན་ནི་འདི་ལྟར་རྡོ་རྗེ་ཐོད་ཀྱི་རྒྱུད་ལས། །ཧཱུཾ་ལས་རང་འབྱུང་སྣ་ཚོགས་མདོག །རྡོ་རྗེ་བཞི་དང་ཡང་དག་ལྡན། །ལས་རྣམས་ཐམས་ཅད་བྱེད་པར་བརྩོན། །ཕྱོགས་རྣམས་ཀུན་དུ་རྣམ་པར་ཁྱབ། །ཅེས་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་མེ་ཏོག་ཆེན་པོ་རྒྱས་པས་ཧཱུཾ་ཞེས་བྱ་བ་ལས་འགྲོ་བའི་དོན་མ་ལུས་པར་མཛད་ཅིང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་བྱེད་པའི་དོན་ཏོ། །དེ་ཡང་དང་པོ་རིམ་པའི་རྗེས་ལས་རིན་ཆེན་མ་རྒད་མདོག་འདྲ་བ། །སྤྱན་མིག་རྒྱས་ཤང་མཚན་མཆོག་ལྡན། །བཅོམ་ལྡན་ཞལ་ནས་ཕྱུང་ནས་ནི། །སྔགས་རྣམས་གསུང་ཞིང་གཡོན་ཕྱོགས་བཞུགས། །ཞེས་གསུངས་སོ། །དེ་ལ་གསང་བ་ནི་རྟོགས་པར་དཀའ་བ་སྟེ། སྣོད་དང་མི་ལྡན་པ་ལ་སྤ་བར་བྱ་ཞེས་སྤྱིར་ཤེས་པར་
བྱའོ། །དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལས་བྱུང་ལ་དེས་དེ་བཞིན་དུ་སླར་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཐམས་ཅད་ནི་མ་ལུས་པ་སྟེ། དུས་གསུམ་ན་བཞུགས་པ་རྣམས་སོ། །སྙིང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་སྒྲུབ་པར་བྱེད་པའི་སྔགས་ལ་སྙིང་པོའི་སྔགས་ཞེས་བྱའོ། །སྙིང་པོ་དེ་དང་ཉེ་བའི་སྙིང་པོ་ཞེས་གསུངས་པ་ནི་སྙིང་པོ་ནི་འདས་མ་ཐག་པའོ། །ཉེ་པའི་སྙིང་པོ་ནི་འོག་མ་རྣམས་ལ་དགོངས་ཏེ་གསུངས་པ་སྟེ་དེའི་ཡན་ལག་ཏུ་དགོངས་ཤིང་དེ་ལ་ཉེ་བར་བྱེད་པས་ན་ཉེ་བའི་སྙིང་པོའོ། །ལྷའི་དབང་པོ་གཞན་ཡང་མདོར་ན་དྲན་བ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་འགྱུར་བ་ནི་འདི་ཡིན་ནོ། །ན་མོ་བྷ་ག་བ་ཏེ་སརྦ་དུ་རྒ་ཏི་པ་རི་ཤོདྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོདྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ། བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་གསུངས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩ་བའི་སྔགས་གསུངས་པ་སྟེ། དེ་ལ་མདོར་ན་ཞེས་པ་ནི་བསྡུས་པའི་དོན་ཏོ། །དྲན་པ་ཙམ་གྱིས་ཞེས་པ་གཉིས་སུ་ཤེས་པར་བྱ་སྟེ། ཡུད་ཙམ་དྲན་པ་དང་རྟག་པར་དྲན་པའོ། །བསོད་ནམས་ཆུང་བའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་གྲོལ་པར་འགྱུར་བ་ཞེས་པ་ནི་དྲན་པ་གཉིས་པ་ལ་དགོངས་ནས་དྲན་པ་དང་པོ་འཇུག་པར་སྔོ་བ་བསྐྱེད་པའོ། །དེ་ཡང་འབྲས་བུ་རྣམ་པ་གཉིས་ཏེ། དང་པོས་ནི་བདེ་བ་ཐོབ་པར་བྱེད་པའི་འབྲས་བུའོ། །གཉིས་པ་ནི་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུ་ཐོབ་པར་བྱེད་པ་ནི་འབྲས་བུ་འབྱིན་པའོ། །གྲོལ་བ་ནི་རྣམ་པ་གཉིས་ཏེ། དང་པོས་ནི་སྡུག་བསྔལ་མི་ཟད་པ་ལས་གྲོལ་བར་འགྱུར་བ་དང༌། གཉིས་པས་ནི་ཀུན་ནས་སྡུག་བསྔལ་བ་ལས་གྲོལ་བར་འགྱུར་པའོ། །འདི་ཞེས་པ་ནི་སྔགས་འདི་སྟེ། འདིར་ཚངས་པ་ལ་སོགས་པའི་ཚིག་གི་ལན་ཡང་སྦྱར་རོ། །འདིར་
སྔགས་ཀྱི་དོན་ནི་རྣམ་པ་གཉིས་ཏེ། ཕྱག་འཚལ་ཞིང་མཆོད་པར་བརྗོད་པ་དང་གོང་དུ་བསྟན་པ་ལྟར་སྒྲིབ་པ་རྣམ་པ་བཞི་ཡོངས་སུ་དག་པར་བྱེད་པའོ། །རྩ་བའི་རིག་པ་ཞེས་པ་རྩ་བ་ནི་གཉིས་ཏེ་གཅིག་ནི་སྡུག་བསྔལ་གྱི་རྩ་བ་གཅོད་པར་བྱེད་པའི་ཕྱིར་རོ། །གཅིག་ལས་ཐམས་ཅད་ལ་སྔགས་རྣམས་ཀྱི་དང་པོར་འདི་བརྗོད་པར་གསུངས་པའི་ཕྱིར་རྩ་བའོ། །རིག་པ་ནི་ཡེ་ཤེས་ཏེ་སྐྱེད་པའི་ཕྱིར་རིག་པ་ཞེས་བྱ་ཞིང༌། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྩ་བའི་སྔགས་ཞེས་བྱ་བ་ཁོ་ནའོ། །ཨོཾ་སརྦ་བིད་སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་ཕཊ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཏྲ་ཐ། ཨོཾ་སརྦ་བིད་ཨོཾ། ཨོཾ་སརྦ་བིད་ཧཱུཾ། ཨོཾ་སརྦ་བིད་སྭ། ཨོཾ་སརྦ་བིད་ཨ། ཨོཾ་སརྦ་བིད་ཏྲ་ཐ། ཨོཾ་སརྦ་བིད་ཤ །ཨོཾ་སརྦ་བིད་བྷ། དེ་དག་ལ་སོགས་པའི་སྔགས་ཀྱི་དོན་ནི་འདི་ལྟར་རིགས་བཞིའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉེ་བའི་སྙིང་པོ་དང༌། སྐུ་བསྐྱེད་པའི་ས་བོན་དུ་ཤེས་པར་བྱ་སྟེ། དེ་ལ་དང་པོ་ནི་བཅོམ་ལྡན་འདས་ཐམས་ཅད་རིགས་རྣམ་པར་སྣང་མཛད་ཀྱི་ཉེ་བའི་སྙིང་པོ་ཉིད་དོ། །གཉིས་པ་ནི་བཅོམ་ལྡན་འདས་ངན་སོང་སྦྱོང་བའི་ཉེ་བའི་སྙིང་པོའོ། །གསུམ་པ་ནི་བཅོམ་ལྡན་འདས་རིན་པོ་ཆེ་ཏོག་གི་ཉེ་བའི་སྙིང་པོའོ། །བཞི་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉེ་བའི་སྙིང་པོའོ། །ལྔ་པ་ནི་བཅོམ་ལྡན་འདས་མེ་ཏོག་ཆེན་པོ་རྒྱས་པའི་ཉེ་བའི་སྙིང་པོའོ། །ཡང་དྲུག་པ་ནི་སྐུ་དང་པོ་བསྐྱེད་པའི་ས་བོན་ནོ།། བདུན་པ་ནི་སྐུ་གཉིས་པ་བསྐྱེད་པའི་ས་བོན་ནོ། །བརྒྱད་པ་ནི་སྐུ་གསུམ་པ་བསྐྱེད་པའི་ས་བོན་ནོ། །དགུ་པ་ནི་སྐུ་བཞི་པ་བསྐྱེད་པའི་ས་བོན་ནོ། །བཅུ་པ་ནི་སྐུ་ལྔ་བསྐྱེད་པའི་ས་བོན་ནོ། །བཅུ་གཅིག་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱ་བ་ནི་དོན་གྱིས་དོན་ཏེ། ནང་གི་ཁྲུས་ཞེས་བཤད་དོ། །བཅུ་གཉིས་པས་ནི་བར་དུ་གཅོད་པའི་བགེགས་ཐམས་ཅད་ལས་བསྲུང་བའི་ཕྱིར་སྲུང་བའི་འཁོར་ལོ་རྡོ་རྗེ་འགྲོས་ཀྱིས་མཚམས་བཅད་པ་དང༌། རྡོ་རྗེ་རབ་དང༌། ས་གཞི་དང་གུར་ལ་སོགས་པ་བསྲུང་བར་བྱ་བའི་དོན་གྱིས་ཕོན་ནོ། །དེ་ལ་
གང་དག་འདི་སྐད་དུ་སྙིང་པོའི་སྐབས་སུ་ཏྲ་ཐ་ཞེས་ཤཱཀྱ་ཐུབ་པའི་སྙིང་པོར་གསུངས་ལ། ཉེ་བའི་སྙིང་པོ་དང་སྐུ་བསྐྱེད་པའི་སྐབས་སུ་ཏྲ་ཐ་ཞེས་པ་མེ་ཏོག་ཆེན་པོ་རྒྱས་པའི་ཉེ་བའི་སྙིང་པོ་དང༌། སྐུ་བསྐྱེད་པའི་ས་བོན་དུ་གཞག་པ་ནི་རིགས་པ་མ་ཡིན་ཏེ། དཔེར་ན་སྒོ་ང་གཅིག་ལས་བྱེའུ་ཕྲུག་གཉིས་མི་འོང་བ་བཞིན་ནོ་ཞེས་ཟེར་ན་དེ་ནི་མ་ངེས་པ་ཉིད་དོ། །འདི་ལྟར་ཀུན་ནས་ཉོན་མོངས་པ་ནི་མ་ཡིན་གྱི་རྣམ་པར་གྱང་བའི་བདག་ཉིད་ཀྱིས་བོན་གཅིག་ལ་དེ་བཞིན་གཤེགས་པའི་སྐུ་དང༌། བརྗོད་པ་དཔག་ཏུ་མེད་པ་འབྱུང་བ་ཡང་ཡོད་ལ། ཕན་ཚུན་དུ་ཡང་འགལ་བ་མེད་པ་ཉིད་ཡིན་པས་མི་འགལ་བ་ཉིད་དོ། །དེའི་རིགས་པ་ནི་བདག་གིས་རྩལ་དུ་མི་ཁྱེར་ཞིང་རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་རིག་སྔགས་ཐམས་ཅད་རྒྱས་པར་གསུངས་པའི་སྐབས་སུ་ཨོཾ་བཻ་རོ་ཙ་ན་ཨོཾ་བཛྲ་ས་ཏྭ་ཧཱུཾ། རཏྣ་ཀེ་ཏུ་སྭ།། ཤཱཀྱ་མུ་ནེ་ཨ་ཏྲ་ཐ་ཨཱ་གཙྪ་ཞེས་སྔགས་རྣམས་ཀྱི་མཐའི་ཡི་གེ་ཡོངས་སུ་ཕྱེ་བ་ཉིད་དང༌། འདི་ཉིད་གཞུང་དུ་བཅོམ་ལྡན་འདས་ཀྱི་སྙིང་པོ་ལྔ་པ་ལ། ཏྲ་ཐ་ཨ་ཞེས་གསུངས་པས་ན་ཐེ་ཚོམ་མི་ཟ་བ་ཉིད་དུ་བྱ་སྟེ་ངེས་པའི་དོན་ཏོ། །དེ་ནས་དེ་དག་གི་ཕན་ཡོན་ཡང་དག་པར་གསུངས་པ་ནི་ལྷའི་དབང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས་མིང་ཙམ་ཉན་ཏམ་བཅངས་སམ། བཀླགས་སམ་བྲིས་ནས་ཀྱང་མགོ་བོའམ། གཙུག་ཕུད་དམ་མགུལ་དུ་བཏགས་ཏེ་འཆང་ན་ཚེ་འདི་ཉིད་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དམ་དུས་མ་ཡིན་པར་འཆི་བ་དག་དང་འབྲེལ་བ་ནི་མི་རྨི་ལམ་གྱི་རྣམ་པའམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་དུའང་མི་འབྱུང་ན། དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ལ་ཞུགས་ནས་ཀྱང་དབང་བསྐུར་ཏེ་སྙིང་པོ་བཟླས་བརྗོད་བྱེད་ཅིང༌། སྔགས་ཀྱི་དོན་ཡང་བསྒོམས་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྡིག་པ་གང་ཡང་ཉེ་བར་མི་འགྱུར་ཞིང༌། ངན་
སོང་དུ་ཡང་འགྲོ་བར་མི་འགྱུར་རོ་ཞེས་གསུང་པ་ནི་ད་ལྟར་གྱི་སེམས་ཅན་རྣམས་ཀྱིས་ཡོངས་སུ་སྤྱོད་པ་ལས་ཕན་ཡོན་དང་དེ་དག་ནི་ཐབས་ཀྱི་རིམ་པ་ཡང་དག་པར་གསུངས་པ་སྟེ། དེ་བཞིན་གཤེགས་པ་ནི་གོང་དུ་བསྟན་པ་ལས་གོ་བར་བྱ་ཞིང་ངན་སོང་ནི་ཡིད་དུ་མི་འོང་བ་སྟེ་ཚོར་བས་སྡུག་བསྔལ་བའོ། །ཐམས་ཅད་ནི་མ་ལུས་པར་ཡོངས་སུ་སྦྱོང་བའི་ཕ་རོལ་དུ་ཐར་བར་བྱེད་པའོ། །གཟི་བརྗིད་འབར་ཞིང་རབ་ཏུ་འབར་བ་སྟེ། ཉོན་མོངས་པའི་ནགས་ཚལ་སྲེག་ཅིང་འབར་བར་བྱེད་པའོ། །རྒྱལ་པོ་ནི་ཉོན་མོངས་པ་ལས་རྒྱལ་བར་བྱེད་ཅིང་མཆོག་གི་བླ་མར་གྱུར་པ་ཉིད་དེ། དེ་བཞིན་གཤེགས་པའི་རིགས་ལྔར་བསྡུས་པ་ཐམས་ཅད་དོ། །གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་རྟོགས་པར་དཀའ་ཞིང་ཕྱག་རྒྱ་བཞིས་རྒྱས་གདབ་པ་ཉིད་དོ། །སྙིང་པོ་ནི་ཡེ་ཤེས་ཏེ། དེ་སྐྱེད་པར་བྱེད་པའི་ཕྱིར་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་རིགས་ཅན་བླ་ན་མེད་པའི་འབྲས་བུ་ལ་མངོན་པར་འདོད་པ་རྣམས་ཏེ། དེས་ནི་རིགས་རྣམ་པ་གཉིས་གསལ་ལོ། །མིང་ཙམ་ཉན་ཏམ་ཞེས་པ་ནི་ཐེག་པ་ཆེན་པོའི་རིགས་ཅན་ཡིན་ཡང་ཁྱིམ་པ་ལ་སོགས་པ་བྱ་བ་མང་པོ་ལ་ཞུགས་པའི་རིགས་པའི་སྦྱོར་བ་མི་ཤེས་པ་རྣམས་ཀྱིས་མཚན་ཙམ་ལ་བརྟེན་ཏེ། རྣམ་པར་གྲོལ་བར་བྱ་བའི་ཕྱིར་གསུངས་སོ། །བཅངས་སམ་ཞེས་བ་ནི་གླེགས་བམ་ལ་བརྟེན་ཏེ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་རོ། །བཀླགས་སམ་ཞེས་པ་ནི་ངག་གི་ལས་ལ་བརྟེན་ཏེ་རྣམ་པར་གྲོལ་བར་བྱ་བ་དང༌། བྲིས་ནས་ཀྱང་མགོ་བོའམ། གཙུག་ཕུད་དམ་དཔུང་བའམ། མགུལ་དུ་བཏགས་ཏེ་འཆང་ཞེས་པ་ནི་སྙིང་པོ་ལ་བརྟེན་ཏེ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཏེ། དེ་ནི་འདི་ལྟར་གྲོ་གའམ་ཤིང་ཤུན་ནམ། རས་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་བྲིས་ཏེ་ལྟེ་བ་དང་རྩིབས་དང་མུ་ཁྱུད་དུ་བཅས་པ་ཙནྡན་དཀར་པོས་བྱུགས་པའི་སྟེང་དུ་བྲིས་ལ་དེའི་སྟེང་དུ་གུར་གུམ་གྱིས་ལྟེ་བ་ལ་རྩ་བའི་སྔགས་ཚང་བར་བྲིའོ། །དེ་ནས་རྩིབས་རྣམས་ལ་ནི་རིམ་པ་ཇི་ལྟ་བ་
བཞིན་སྔགས་བཅུ་གཉིས་པོ་བྲི་ཞིང༌། མུ་ཁྱུད་ལ་ནི་རིགས་ལྔའི་ཕྱག་རྒྱ་དང༌། མ་མ་རཀྵ་ཞེས་བདག་མིང་འདི་བསྲེས་ལ་བྲིས་ཏེ། ཆོ་ག་ཤེས་པའི་རྣལ་འབྱོར་པས་རིག་པ་ཆེན་པོ་སྟོང་གིས་མངོན་པར་བསྔགས་ལ་རབ་ཏུ་གནས་པར་བྱས་ལ་གསེར་རམ་དངུལ་ལམ་ལ་ཆའམ། རས་ལ་སོགས་པའི་ནང་དུ་གཏུམས་ཏེ་གདགས་པར་བྱའོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། དུས་མ་ཡིན་པར་འཆི་བ་བརྒྱད་ནི་ཆུ་ལ་སོགས་པ་སྟེ། དེ་དག་དང་འབྲེལ་བ་ནི་སྐྲག་པ་དང༌། སྔགས་པ་ལ་སོགས་པའོ། །ཡང་ན་སོང་དང་འབྲེལ་བ་ནི་སྡིག་པའི་ལས་བྱེད་པ་དང་སྡིག་པའི་གྲོགས་པོ་དང་འགྲོགས་པ་དང༌། དེ་དག་དང་ལྷན་ཅིག་ཏུ་གནས་པ་ལ་སོགས་པ་སྟེ། དེ་དག་རྨི་ལམ་དུའང་མི་འབྱུང་ན་ཞེས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཏུ་ཡང་དག་པར་སྤྲོ་བ་བསྐྱེད་པའི་ཚིག་གོ །དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གཞུག་པ་ནི་ལྷའི་དཀྱིལ་འཁོར་གཞུང་ལས་འབྱུང་བ་བཞིན་དུ་དབང་བསྐུར་ནས་ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གོང་མ་ནས་ཁྱད་པར་དུ་འཕགས་པ་ཅིག་ཡོད་པར་ཤུགས་ཀྱིས་གོ་བར་བྱའོ། །དེ་ལྟར་གོང་ནས་གོང་དུ་འབྲས་བུ་ཁྱད་པར་དུ་འཕགས་པ་ཡོད་པ་ནི་སྙིང་པོ་བཟླས་བརྗོད་བྱེད་པ་དང་སྔགས་ཀྱི་དོན་ཡང་དག་པར་བསྒོམས་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ངན་སོང་དུ་འགྲོ་བ་མི་འགྱུར་རོ་ཞེས་བྱ་བར་འབྲེལ་ཏེ། སྔགས་ཀྱི་དོན་བསྒོམ་པ་ནི་འོག་ནས་འཆད་པར་འགྱུར་བས་འདིར་མ་བཤད་དོ། །སྐྱེས་བའམ་བུད་མེད་དམ་ལྷའམ་ཀླུའམ་གནོད་སྦྱིན་ནམ་སྲིན་པོའམ་བྱོལ་སོང་ངམ་ཡི་དགས་སེམས་ཅན་དམྱལ་བ་ལ་སོགས་པ་སྟེ། གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་སེམས་ཅན་དམྱལ་བར་སྐྱེས་ནའང༌། དེ་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིས་སུ་སྐྱེ་བར་འགྱུར་རོ། །ལྷ་ཡི་རིས་དེར་སྐྱེས་ནས་ཀྱང༌། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་པའང་བྱེད། ཕྱིར་མི་ལྡོག་པར་
ཡང་འགྱུར། རྒྱུད་ངེས་པ་ཅན་དུའང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུའང་སྐྱེ། སྒྲིབ་པ་ཐམས་ཅད་རབ་ཏུ་སྦངས་ནས་དེ་བཞིན་གཤེགས་པའི་རིགས་སམ། ལྷའི་རིགས་སམ། གཞན་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་ཞིང་ལྷའི་དབང་པོ་མདོར་ན་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་གསུངས་པ་ནི་གོང་བཞིན་དུ་བསྟན་མ་ཐག་པའི་བདག་གི་དོན་ཕུན་སུམ་ཚོགས་པ་འཚོ་བ་ད་ལྟར་བ་ལ་དགོངས་ཏེ་གསུངས་ལ། འདི་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་འདས་པ་རྣམས་ཀྱི་དོན་མཛད་པ་དང༌། དེ་དག་གི་ཕན་ཡོན་ཡོངས་སུ་གསུངས་པ་ཡིན་ཏེ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་འདས་མ་ཐག་པ་ལའང་སྦྱར་བར་བྱའོ། །ངེས་ལ་སྐྱེས་བའམ་བུད་མེད་ལ་སོགས་པ་ནི། སྐྱེས་པའམ་བུད་མེད་ལ་སོགས་པ་སྟེ། གང་ཡང་རུང་བ་ནི་ཤིའོ་ཅོག་གི་ལུས་སོ། །དེ་ཆོ་ག་ཤེས་པའི་རྣལ་འབྱོར་བས་དབང་བསྐུར་བ་ནི་འདི་ལྟར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་འོག་ནས་འབྱུང་བ་བཞིན་དུ་བྲིས་ཏེ། རབ་ཏུ་གནས་པ་ལ་སོགས་བྱས་ལ། རོ་ཆུ་དང་དྲི་ལ་སོགས་པས་ཡང་དག་པར་བཀྲུས་ཏེ། རྒྱན་དང་ཆ་ལུགས་ཇི་ལྟ་བ་བཞིན་དུ་བརྒྱན་ནས་སྙིང་གར་ཐལ་མོ་སྦྱར་བའི་རྩེ་མོ་ལ་མེ་ཏོག་གམ་རིན་པོ་ཆེ་ལ་སོགས་པ་ཐོགས་སུ་བཅུག་སྟེ། ཕའམ་མ་ལ་སོགས་པས་དེའི་ཚིག་ཇི་ལྟ་བ་བཞིན་དུ་གསོལ་བ་གདབ་ཅིང་དབང་བཅུ་ཡོངས་སུ་རྫོགས་པར་བསྐུར་བར་བྱ་བ་ནི་ཏིང་ངེ་འཛིན་གྱིས་དེའི་རྣམ་པར་ཤེས་པ་བཀུག་པ་ལའོ། །དེ་ནས་ལུས་དེ་གང་ལ་བབ་པའི་རིགས་ཀྱི་ལྷར་རབ་ཏུ་གནས་པར་བྱ་སྟེ། མཆོད་པ་རྣམས་ཀྱིས་རྟག་ཏུ་མཆོད་ཅིང་ཁང་བུ་ལ་སོགས་པའི་ནང་དུ་གཞག་པར་བྱའོ། །ཆོ་ག་ཞིབ་མོ་ནི་འོག་ནས་འཆད་པར་འགྱུར་རོ། །དེ་ལ་གང་དག་འདི་སྐད་དུ་ལྷ་དང་མི་ལ་སོགས་པ་ལ་ནི་ཆོ་ག་འདི་རིགས་ལ་གཞན་དག་ལ་ནི་མིའི་སྤྱོད་ཡུལ་དུ་མ་གྱུར་པ་ས་འགལ་བ་ཉིད་དོ་ཞེ་ན། དེ་ནི་བདེ་བར་གཤེགས་པའི་བཀའ་ཡོངས་སུ་མི་ཤེས་པའི་དབང་གིས་རྨོངས་པ་ཡིན་ཏེ། འདི་ལྟར་མི་ཐ་མལ་བའི་སྤྱོད་ཡུལ་ཁོ་ནས་བྱེད་བ་ན་ལྷའང་མིའི་སྤྱོད་ཡུལ་
དུ་འགྱུར་རམ། ཡང་ན་འདི་ལྟར་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཀྱི་ལུས་ལ་དབང་བསྐུར་བ་ལ་སོགས་པ་བྱས་པས་ངན་འགྲོ་ལས་ཡོངས་སུ་ཐར་པ་དེ་ཡང་མི་རྣམས་ཀྱིས་བྱས་པ་ལས་ངན་འགྲོ་ལས་ཐར་པར་འགྱུར་རམ། དེ་བས་ན་དེའི་རིགས་པ་མ་ཡིན་ཞིང་འདི་ལྟར་ལྷ་དང་ཀླུ་ལ་སོགས་པ་ཤི་བའི་ལུས་ལ་དབང་བསྐུར་བ་ལ་སོགས་པ་བྱ་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་འཁོར་དེར་འདུས་པ་རྣམས་ལ་བྱིན་གྱིས་བརླབས་པས་ནུས་པ་དང་ལྡན་པ་སྟེ། དེ་དག་ཉིད་ཀྱིས་དེ་དག་གི་རིགས་རྣམས་ལ་བྱ་ཞེས་སྦྱར་བར་བྱའོ། །དེ་ལ་དུད་འགྲོ་མིའི་འཇིག་རྟེན་དུ་སྤྱོད་པ་རྣམས་ནི་མི་རྣམས་ཀྱིས་བྱ་བར་གསུངས་ཏེ་མི་འགལ་བ་ཉིད་དོ། །དེ་ལ་ཅུང་ཟད་བག་ཚ་བའི་གནས་སུ་གྱུར་པ་ནི་དམྱལ་བ་དང་ཡི་དགས་རྣམ་པ་གཉིས་ཏེ། དེ་ཡང་འདི་ལྟར་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཏིང་ངེ་འཛིན་ཁྱད་པར་དུ་གྱུར་པས་ཐོབ་པའི་གང་ཟག་རྣམས་ཀྱིས་མཆོག་གི་སྙིང་རྗེ་ཆེན་པོས་དུས་གསུམ་དུ་མཉམ་པར་གཞག་སྟེ་བལྟས་ལ། དེ་ནས་དམྱལ་བ་ལ་སོགས་པ་རང་གི་ཚེའི་ཚད་ཟད་པ་རྣམས་སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་དང༌། རྫུ་འཕྲུལ་གྱིས་དེ་དག་གི་གནས་སུ་དེ་དག་གི་གཙོ་བོའི་གཟུགས་ཀྱིས་ཕྱིན་ལ་ཤི་བའི་རོ་ལ་དབང་བསྐུར་བར་བྱ་བ་ཉིད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་མདོ་སྡེ་རིན་པོ་ཆེའི་མཛོད་ལས། རབ་དགའ་ལ་སོགས་སར་གནས་པའི། །རིགས་ཀྱི་བུ་དེས་དམྱལ་གནས་སུ། །དམ་པའི་ཆོས་འདི་སྒྲོགས་པ་དང༌། དེ་དག་སྡུག་བསྔལ་ཞི་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བ་ལས་བདེ་བའི་མཆོག་རྣམ་པ་གཉིས་ཐོབ་པར་འགྱུར་བ་ཁོ་ན་སྟེ། དེ་ལ་དམྱལ་བའི་གནས་སུ་སྐྱེས་ནའང་ཞེས་པ་ནི་རྣམ་པ་གཉིས་ལ་དགོངས་པ་སྟེ། རྣམ་པར་སྨིན་པ་ལ་དགོངས་པ་དང༌། དུས་འདས་པ་ལ་དགོངས་པའོ། །དེ་མ་ཐག་ཏུ་རྣམ་པར་ཐར་ནས་ཞེས་པ་ནི་དེའི་སྟོབས་ཀྱིས་དེའི་སྐད་ཅིག་མ་ལ་ཐར་བའོ། །ལྷའི་རིགས་སུ་སྐྱེས་ནས་ཞེས་པ་
ནི། བདེ་འགྲོའི་ཐར་བ་ཐོབ་པ་དང༌། །དེར་སྐྱེས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་བའང་བྱེད་པའི་ཕྱིར་མི་ལྡོག་པར་འགྱུར། རྒྱུད་ངེས་པ་ཅན་དུའང་འགྱུར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སུ་སྐྱེས་ནས་དེས་དེ་བཞིན་གཤེགས་པའི་ཆོས་ཉིད་ལ་སློབ་པ་ཉིད་དོ། །སྒྲིབ་པ་རྣམས་རབ་ཏུ་སྤངས་ནས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ་ཞེས་པ་ནི་རྫོགས་པའི་མཐའི་སྐད་ཅིག་མ་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་ཉོན་མོངས་པ་ཐམས་ཅད་བཅོམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གཞན་ཡང་ལྷའི་རིགས་སམ་གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་བ་དང་ཞེས་པ་རིགས་ཆང་བའི་གང་ཟག་རྣམས་ལ་དགོངས་ཏེ་དེ་དག་སྡུག་བསྔལ་ཆེན་པོ་མི་ཟད་པ་ལས་ཐར་ཏེ། བདེ་འགྲོ་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་མདོར་ན་འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་པ་ནི་བསྡུས་པའི་དོན་ཏེ། ཕན་པ་ནི་སྡུག་བསྔལ་ལས་ཐར་བའོ། །བདེ་བ་ནི་དེའི་མཐའི་སྐད་ཅིག་མ་དེའི་འབྲས་བུ་སྟེ་ཡོངས་སུ་རྫོགས་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་དེ་བཞིན་དུ་བསྐོར་བ་བྱས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ་རྣམས་ལ་ཕན་པ་དང་བདེ་བར་བགྱི་བ་དང༌། ཅི་ནས་ཀྱང་སེམས་ཅན་དེ་དག་ངན་སོང་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་དང་བླ་ན་མ་མཆིས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྫོགས་པར་བགྱི་བའི་སླད་དུ་བཤད་དུ་གསོལ་ཞེས་པ་ནི་འདིར་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱིས་གསུང་གི་ས་བོན་ཡང་དག་པར་བསྐྱེད་པར་བྱ་བའི་ཕྱིར་གསོལ་བ་འདེབས་པ་སྟེ། དེ་ལ་ལྷ་ནི་འཇིག་རྟེན་པའི་ལྷ་སྟེ་དབང་པོ་ནི་དེ་དག་ཐམས་ཅད་ཀྱི་བདག་པོའམ་གཙོ་བོ་ཞེས་བྱ་སྟེ། བརྒྱ་བྱིན་ནི་འདི་ལྟར་རྣམ་པ་གཉིས་ཏེ། སྐྱེ་བའི་
དུས་སུ་མཆོད་སྦྱིན་བརྒྱ་བཏང་བའི་ཕྱིར་དང་དེ་དྲང་སྲོང་རྒྱས་པས་མིག་བརྒྱར་བཏགས་པའི་ཕྱིར་བརྒྱ་བྱིན་ཏེ། བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་ནི་སྔར་བྱས་པ་བཞིན་དུ་སྟོན་པ་བོ་དང་དམ་པའི་ཆོས་ལ་གུས་པར་བྱ་བའི་ཕྱིར་ཕྱག་དང་བསྐོར་བས་བསྙེན་བཀུར་བྱས་ཏེ། དཔེར་ན་བྲམ་ཟེ་དག་གིས་གྲོང་ཁྱེར་བ་རྣམས་ལ་གཟའ་དང་སྐར་མ་དང་གནས་ཀྱི་བྱེ་བྲག་གིས་ཕྱུང་བ་དང་ནད་ཉུང་བར་འགྱུར་རོ་ཞེས་བརྗོད་ནས། དེ་དག་ཙམ་གྱིས་ཕན་པར་མི་འགྱུར་ཞིང་མི་ཤེས་པའི་ཕྱིར་གཟའ་ནི་གང་སྐར་མ་ནི་གང་དུས་སམ་གནས་ནི་ཇི་ལྟ་བུར་བྱས་ན་ཕན་པར་འགྱུར་ཞེས་འདྲི་བ་དང་འདྲ་བར་དང་པོར་དཀྱིལ་འཁོར་གསུངས་པས་ན། དཀྱིལ་འཁོར་ཇི་ལྟ་བུ་ཞིག་དབང་ནི་ཇི་ལྟར་བསྐུར་བར་མི་ཤེས་པའི་ཕྱིར་འདྲི་བ་ནི་ཤུགས་ཀྱི་གོར་བར་བྱའོ། །དེ་ལ་ངན་སོང་ཐམས་ཅད་ཀྱི་དབང་དུ་གྱུར་པ་ནི་མཚམས་མེད་པ་ལྔ་ལ་སོགས་པའོ། །ཕན་པ་ནི་སྡུག་བསྔལ་དང་བྲལ་བའོ། །བདེ་བ་ནི་བདེ་འགྲོ་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བར་བྱ་བའོ། །ཅི་ནས་ཀྱང་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་ཞེས་བྱ་བར་སྦྱར་ཞིང་ངན་སོང་ལ་རྒྱབ་ཀྱིས་ཕྱོགས་པར་བགྱི་བ་ནི་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྟོགས་པར་བགྱི་བ་ཉིད་དེ། དེའི་སླད་དུ་དཀྱིལ་འཁོར་དང་དབང་ཇི་ལྟ་བུ་ལགས་པ་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་དག་གིས་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྩ་བའི་རྒྱུད་ཅེས་བྱ་བའི་བཤད་པ་དང་པོ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ་ཞེས་པ་ནི་འདིར་དཀྱིལ་འཁོར་དང་དབང་དང་དེ་དག་གི་བྱ་བའི་རིམ་པའམ་ཐབས་རྒྱས་པར་གསུངས་བར་ཤེས་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་
གསེར་གྱི་མདོག་ལྟ་བུ་ན་བཟའ་དུར་སྨྲིག་གིས་བརྒྱན་ཅིང༌། རྒྱན་རྣམས་ཀྱིས་སྟོང་པ། ཕྱག་གཡོན་བ་ཏིང་ངེ་འཛིན་དུ་བསྣོལ་ཞིང་གཡས་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཅིག་ཕྱུང་སྟེ། དེས་རྒྱུད་ཕྱི་མ་འདི་གསུང་བར་འགྱུར་བ་ཁོ་ནའོ། །དེ་ལ་གང་དག་འདི་སྐད་དུ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་ནི་འགལ་བ་མེད་དོ། །དང་པོའི་སྟོན་པ་པོ་རྣམ་པར་སྣང་མཛད་ལ། དེའི་ཐུགས་ཀ་ནས་ཤཱཀྱ་ཐུབ་པ་ཕྱུང་བར་ཅིས་མངོན་ཞེ་ན། འདི་ལྟར་བརྟག་པ་རྣམ་པ་འདི་ཉིད་ཀྱི་འོག་མ་འབྲུག་སྒྲ་ཆེན་པོའི་བརྟག་པ་ལས། དེ་ལྟར་སྐུ་ནི་རྣམ་གསུམ་སྟེ། །འགྲོ་དོན་ལས་དང་དམ་ཚིག་དང༌། །ཡེ་ཤེས་བདག་པོ་ཉིད་ཀྱིས་ནི། །ཤཱཀྱ་ཐུབ་པ་ཐུགས་ཀྱི་སྤྲུལ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་ཐམས་ཅད་ཀྱི་ངན་སོང་ཡང་གསང་སྔགས་ཆེན་པོ་འདི་ཉིད་ཀྱིས་སྦྱང་ཤིང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་བོ། །འདིར་ཡང་གསང་སྔགས་ཆེན་པོ་དེ་ཉིད་གསུང་བའི་ཕྱིར་དེ་ཉིད་ལ་ཐུགས་མཉམ་པར་གཞག་པར་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་ཏིང་ངེ་འཛིན་ནི་འདིར་ཐོག་མ་མེད་པ་ནས་ཞི་བའི་ངང་ལ་གནས་པའི་ཕྱིར་ཏིང་ངེ་འཛིན་ཏེ་ཆོས་ཀྱི་དབྱིངས་ཞེས་བྱའོ། །སྙོམས་པར་ཞུགས་པ་ནི་མཉམ་པར་གཞག་པའི་དོན་ཏེ་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །བླ་ན་མེད་པ་རྟོགས་འགྱུར་བ། །དེ་ནི་དཀྱིལ་འཁོར་ཆེན་པོར་གསུངས། །ཞེས་པས་ནི་བཅོམ་ལྡན་འདས་ཀྱིས་དང་པོར་དཀྱིལ་འཁོར་རང་གི་ངོ་བོ་དང་ངེས་པའི་ཚིག་གཉིས་གསུངས་པ་སྟེ། དེ་ལ་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་སྟེར་བར་བྱེད་པའོ། །ངེས་པའི་ཚིག་ནི་འདིར་མཎྜལ་ནི་སྙིང་པོ་སྟེ། དེ་ཉིད་ཀྱི་རྒྱལ་བ་
རྣམས་ཀྱིས་གསུངས་པ་ནི་བླ་ན་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལ་ནི་ལེན་བ་ཞེས་བྱ་སྟེ། དེས་ཐབས་འདི་ལ་བརྟེན་ནས་རྟོགས་པར་བྱེད་པའི་ཕྱིར་དཀྱིལ་འཁོར་ཞེས་པའོ། །དེ་ཞེས་བྱ་བའི་སྒྲ་ནི་མ་ནིང་གི་རྟགས་ཏེ། གཉི་ག་སྟོན་པར་བྱེད་པའི་སྒྲའོ། །ཆེན་པོའི་སྒྲ་ནི་མང་པོ་ལ་འཇུག་ནའང་འདིར་ནི་ཐབས་དང་ཤེས་རབ་དང་ཟབ་ཅིང་རྒྱ་ཆེ་བ་ལ་གོ་བར་བྱ་སྟེ་ཏིང་ངེ་འཛིན་རྣམ་པ་གསུམ་མོ། །དེ་ལ་གཞུང་བསྟན་པར་བྱ་བ་ནི་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། སངས་རྒྱས་མགོན་པོ་ཐམས་ཅད་ཀྱི། །སྙིང་པོ་འདི་ཡིས་ལེན་པས་ན། །སྙིང་པོ་ཡོངས་འཛིན་དཀྱིལ་འཁོར་ཏེ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེགས་པར་བྱ་བའི་ཕྱིར། ཕྱིའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་བས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བའི་ཐུགས་རྗེ་ཆེན་པོས་གཟིགས་ནས་ཐམས་ཅད་དཔལ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཕྱིའི་དཀྱིལ་འཁོར་གསུངས་པ་སྟེ། དེ་ལ་ཕྱི་ཞེས་བྱ་བའི་སྒྲ་ནི་སྐད་ཆེན་པོའི་དབྱིངས་ཏེ་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ལ་སོགས་པ་མང་པོར་ཡོད་པའི་སྒྲའོ། །དེ་ནི་དཔེར་ན་རིན་པོ་ཆེའི་མཛོད་ན་གསེར་གྱི་ཟ་མ་ཏོག་བསྐྲད་ཞེས་བྱ་བའི་སྒྲས་མུ་ཏིག་དང༌། མ་རྒད་དང༌། དུང་དང༌། བྱི་རུ་ལ་སོགས་པའི་ཟ་མ་ཏོག་ཀྱང་ཡོད་པར་མཚོན་པ་བཞིན་ནོ། །གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་དགའ་སོགས། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱིས་བརླབས་པ་བརྩམ། །བྱིན་གྱིས་བརླབས་པའི་གནས་དེར་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པས་ནི་ཕྱིའི་དཀྱིལ་འཁོར་གྱི་གནས་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལ་འཇམ་དཔལ་གྱི་རྒྱུད་ཆེན་པོ་ལ་སོགས་པ་ནས་ནི། གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་བྱང་ཆུབ་སེམས་དཔའི་གནས། །དགེ་འདུན་ཀུན་དགའ་རབ་དང༌། །རྒྱལ་པོ་ཡི་ནི་ཁབ་སོགས་སུ། །
ས་ནི་བྱིན་གྱིས་བརླབ་མི་དགོས། །ཞེས་གསུངས་པས་ན་འདིར་ཡང་དེ་རྣམས་སུ་ནི་ས་བྱིན་གྱིས་བརླབ་པ་མི་དགོས་པ་དག་སྟེ། དང་པོར་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ལ་དེ་དག་ཁོ་ན་ཅིའི་ཕྱིར་སྨོས་ཤེ་ན། དེ་དག་ནི་ཡིད་དུ་འོང་བའི་གནས་ཏེ། སོགས་པའི་སྒྲས་ནི་འབབ་ཆུའི་འགྲམ་ལ་སོགས་པ་རང་ཡིད་དང་མཐུན་པའི་ཕྱོགས་སུ་བྱ་བ་ཉིད་དོ། །གོང་དུ་སྨོས་པ་མ་ཡིན་པ་དེ་དག་རྣམས་སུ་བྱིན་གྱིས་བརླབས་པ་ནི་དཱི་ལྟར་དང་པོར་ཕྱོགས་བརྟག་པར་བྱ་སྟེ་རྒྱལ་པོ་གདུག་པ་ཅན་དང༌། ཆོམ་པོ་དང༌། སྟག་དང༌། སྦྲུལ་དང༌། དྲེད་ལ་སོགས་པའི་བར་དུ་གཅོད་པའི་ས་ཕྱོགས་དང༌། ཤིང་ཚེར་མ་ཅན་དང༌། སྐྲ་ཤད་དང༌། གྱོ་མོ་དང༌། རུས་པ་ལ་སོགས་པ་གདུག་པའི་གནས་སུ་མི་བྱ་བ་ཉིད་དོ། །དེ་ནས་ས་བསླང་བར་བྱ་སྟེ་རྒྱལ་པོའམ། བློན་པོའམ། ཁྱིམ་བདག་འགའ་ཞིག་ལ་བདག་སེམས་ཅན་གཞན་ལ་འཚེ་བ་དང༌། གནོད་པའི་ལས་བྱེད་པ་ནི་མ་ཡིན་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། དཀྱིལ་འཁོར་ཆེན་པོ་བཞེངས་པར་ཁྱེད་ཀྱིས་བདག་ལ་ས་ཕྱོགས་འདི་བྱིན་ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་བྱིན་བར་གྱུར་བ་དང་རང་ཉིད་སྟན་བདེ་བ་ལ་འདུག་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མདུན་དུ་རྡོ་རྗེ་གཞག་ལ་འོག་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་ཧྲཱི་བསམས་ཏེ། དེ་གྱུར་པ་ལས་ཨུཏྤལ་ལ་སེར་པོ། །དེ་དག་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་བ་སྐུ་མདོག་སེར་པོ། ཕྱག་གཡོན་པ་ལྟེ་བའི་ཁུང་དུ་བརྐྱང་བ་ཕྱག་གཡས་པ་ས་གནོད་པའི་ཚུལ་གྱིས་ས་ལ་སྦྱར་ཏེ། ཨོཾ་ཧུ་ལུ་ཧུ་ལུ་སྭ་ཧཱ། ཞེས་བརྗོད་ནས་ཚིག་འདི་བརྗོད་པར་བྱའོ། །ཐོག་མཐའ་མེད་པའི་བཅོམ་ལྡན་འདས། །ཤཱཀྱ་ཐུབ་པ་བློ་གྲོས་ཆེ། །འགྲོ་ལ་ཕན་ཕྱིར་དཀྱིལ་འཁོར་འདི། །བདུད་རྣམས་ཀུན་ལས་རྒྱལ་གྱུར་ཅིག །ཅེས་བརྗོད་པར་བྱའོ། །དེ་ནས་བགེགས་བསྐྲད་པར་བྱ་སྟེ། རང་ཉིད་རྒྱན་ཆ་ལྔ་ཡིས་ལེགས་པར་བརྒྱན་ཅིང༌། རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་སྔོན་པོའོ། །དེ་
དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཆེན་པོ་ཧཱུཾ་མཛད་དུ་བསྒོམས་ཏེ། མདོག་སྔོན་པོ་མཆེ་བ་རྣམ་པར་རྩིགས་པ་སྦྲུལ་གྱི་རྒྱན་ཆ་ལྔས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་དང༌། རྡོ་རྗེ་ཁུ་ཚུར་སྡིགས་མཛུབ་ཀྱི་ཕྱག་རྒྱ་བཅས་པ་ཅིག་བསམས་ཏེ། དབུས་ཕྱོགས་སུ་འཁོར་ལོ་རྩིབས་བཅུ་གཉིས་པའི་རྡོ་རྗེ་འགྲོས་ཀྱིས་ཞེ་སྡང་ཆེན་པོ་བསྐྱེད་དེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་སརྦ་བི་གྷྣཱན་ཧ་ན་ཧ་ན་ཧཱུཾ་ཕཊ་ཅེས་པའི་སྔགས་ཟློས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་སོང་བར་གྱུར་བ་དང༌། མཚམས་གཅད་པར་བྱ་བ་ནི་ཤར་ཕྱོགས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ནག་པོའོ། །དེ་གྱུར་པ་ལས་ཐོ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཆེན་པོ་ཤེས་རབ་མཐར་བྱེད་སྐུ་མདོག་དམར་སེར་ཞལ་གཅིག་པ་ཕྱག་བཞི་པ་གཡས་ཀྱི་དང་པོས་བྷ་མ་ཡ་འཛིན་པ། གཡོན་གྱི་དང་པོས་རྡོ་རྗེ་ཐོ་བ་འཛིན་པ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསམས་ཏེ། རྡོ་རྗེ་རྩེ་གསུམ་པའི་གོམ་པས་ཇི་ཙམ་འདོད་པའི་རྒྱར་བྱ་ཞིང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་སྔགས་བཟླས་ཞིང་མཚམས་གཅད་པར་བྱའོ། །ལྷོ་ཕྱོགས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཕཊ་ནག་པོ་ཡོངས་སུ་གྱུར་པ་ལས་དབྱུག་པའོ། །དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་ཀྱིས་དབྱུག་པ་དང་ཞགས་པ་འཛིན་པ། ལྷག་མ་གཉིས་ཀྱིས་རིན་པོ་ཆེ་དང་བེ་ཅོན་འཛིན་པར་བསམས་ཏེ། རིན་པོ་ཆེ་འབར་བའི་གོམ་པས་འགྲོ་ཞིང་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་ང་རྒྱལ་གྱིས་མཚམས་གཅད་པར་བྱའོ། །ནུབ་ཕྱོགས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿ་དམར་པོ་ལས་པདྨའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཆེན་པོ་པདྨ་མཐར་བྱེད་སྐུ་མདོག་སྨུག་ནག་ཏུ་བཞུགས་པའི་ཞལ་གཅིག་པ་ཕྱག་བཞི་པའི་དང་པོ་གཉིས་ཀྱིས་ཁུ་ཚུར་དང་སྡིགས་མཛུབ་མཛད་པ། ལྷག་མ་གཉིས་ཀྱིས་མེ་ལོང་ལྟ་བུའི་མཚོན་ཆ་དང་འཁོར་ལོ་འཛིན་པར་བསམས་ཏེ།
པདྨ་འདབ་མ་དྲུག་པའི་གོམ་པས་འགྲོ་ཞིང་ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཞས་པའི་ང་རྒྱལ་གྱིས་མཚམས་གཅད་པར་བྱའོ། །བྱང་ཕྱོགས་སུ་ནི་རི་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿ་ལས་དྲིལ་བུ་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཆེན་པོ་བགེགས་མཐར་བྱེད་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷག་མ་གཉིས་ཀྱིས་རྡོ་རྗེ་རྒྱ་གྲམ་པས་མཚན་པའི་དབྱུག་པ་འཛིན་པ་ཅིག་ཏུ་བསམས་ཏེ་རྡོ་རྗེ་རྒྱ་གྲམ་གྱི་གོམ་པས་འགྲོ་ཞིང་ཨོཾ་ཨཱ་ན་ཡ་ཧོཿ་བྷ་ག་བཱ་ན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པས་མཚམས་གཅད་པར་བྱའོ། །མཚམས་རྣམས་སུ་ནི་ཤར་ལྷོ་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་སྒེག་མོ་ལ་སོགས་པའི་ཕྱག་རྒྱས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གོམ་པས་འགྲོ་བར་བྱ་ཞིང༌། རང་རང་གི་སྔགས་བརྗོད་པར་བྱ་སྟེ་འདི་ལྟར་ཨོཾ་བཛྲ་ལཱ་སྱེ་བཛྲ་སྲྀང་ཁ་ལ་ཧཱུཾ། ཨོཾ་ར་ཏྣ་མཱ་ལེ་བཛྲ་སྲྀང་ཁ་ལ་ཏྲཱཾ། ཨོཾ་པདྨ་གཱི་ཏི་བཛྲ་སྲིང་ཁ་ལ་ཧྲཱིཿ་ཨོཾ་ཀརྨ་ནཱི་རྟི་བཛྲ་སྲིང་ཁ་ལ་ཨཿ་ཞེས་བརྗོད་ཅིང་མཚམས་གཅད་པར་བྱའོ། །དེ་ལ་གང་དག་འདི་སྐད་བགེགས་རྣམ་པར་གཞོམ་པའི་སྐབས་སུ་ཁྲོ་བོ་ཁོ་ན་ལས་བྱས་པ་ཡིན་ཏེ་ལྷ་མོ་ནི་འགྲེལ་བ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་ཁྲོ་བོ་ལྔ་ལ་མཆོད་པར་བྱ་བའི་ཕྱིར་དང༌། ཕྲིན་ལས་རྣམ་བཞིས་བགེགས་རྣམས་གདུལ་བར་བྱ་བའི་ཕྱིར་འགལ་བ་ནི་མེད་པ་སྟེ། འཇམ་དཔལ་གྱི་རྒྱུད་ལས་ཀྱང༌། རིགས་ལྔའི་ཕྱག་རྒྱ་ཁྲོ་བོའི་གཟུགས། །ལྷ་མོ་བཞི་དང་མཛེས་ལྡན་པས། །དབང་དུ་བསྡུས་ནས་བརླག་པར་མཛད། །ཅེས་གསུང་བའི་ཕྱིར་རོ། །དེ་ནས་ས་གཟུང་བར་བྱ་སྟེ། འདི་ལྟར་རང་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། མེ་ཏོག་དཀར་པོས་ལག་པ་བཀང་ཞིང་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་བརྗོད་པར་བྱའོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ས་ཕྱོགས་
འདིར་དཀྱིལ་འཁོར་ཆེན་པོ་བཞེངས་པར་འཚལ་བས་དངོས་གྲུབ་དང་རྟགས་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་བརྗོད་ནས་ས་དེའི་ཁར་མེ་ཏོག་དོར་བར་བྱའོ། །དེ་ནས་དེར་ཁྲུ་གང་ཙམ་དུ་བརྐོས་པ་དང༌། དེའི་འོག་ནས་ས་དཀར་ཞིང་འཚེར་བ་སྣུམ་ཞིང་འཇམ་པ་དག་བྱུང་བ་ན་དངོས་གྲུབ་ཏུ་ཤིས་པའི་རྟགས་ཏེ། ས་ཕྱོགས་དེར་ལས་བྱ་བ་ཉིད་དོ། །གལ་ཏེ་སྐྲ་ཤད་དང་རུས་པ་དང༌། ས་ཆ་སྒོ་ཅན་དང༌། ཐལ་བ་དང༌། སོལ་དུ་མ་ལ་སོགས་པ་བྱུང་ན། ས་ཕྱོགས་དེ་སྤང་བར་བྱ་བ་ཉིད་དོ།། དེ་ནས་རིན་གཞལ་བར་བྱ་སྟེ། གསེར་རམ་དངུལ་ལ་སོགས་པའི་བུམ་པའི་ནང་དུ་འོ་མ་དང་སྤོས་དང་དྲི་དང༌། རིན་པོ་ཆེ་སྣ་ལྔ་ལ་སོགས་པས་བཀང་སྟེ། ས་བདག་དང་སའི་ལྷ་མོ་ལ་གཏོར་མ་རེ་རེ་དང༌། ཕྱོགས་སྐྱོང་རྣམས་ལ་གཏོར་མ་བྱིན་ཏེ། བདག་ལ་དངོས་གྲུབ་ཀྱི་བར་དུ་གཅོད་པ་རྣམས་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་པ་བཞིན་དུ་སྲུངས་ཤིག་ཅེས་པ་བརྗོད་དོ། །བུམ་པ་སའི་ནང་དུ་བཅུག་ལ་ཁ་བཅད་དེ་སླར་ས་དེ་ཉིད་ཀྱིས་དགང་བར་བྱ་སྟེ། དེ་ལ་མཐོན་པོར་གྱུར་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །ཅུང་ཞིག་མཐོ་བ་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །མཉམ་པར་གྱུར་པ་ནི་ཐུན་མོང་གི་འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་རོ། །དེ་བས་དམའ་བ་ལས་ནི་རིང་བར་འགྱུར་བར་ཤེས་པ་བྱའོ། །དེ་ནས་ས་བརྟན་པར་བྱ་བའི་ཕྱིར་ཕུར་བུ་གདབ་པར་བྱ་སྟེ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་བུམ་པའི་སྟེང་དུ་ཨོཾ་བཛྲ་སཏྭ་ཧཱུཾ། སརྦ་མཎྜལ་དྲི་ཏི་ཀུ་རུ་སྭ་ཧཱ། ཞེས་བརྗོད་པས་གཟུགས་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་བྱ་སྟེ། །བདག་ཉིད་དཔལ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་ཏེ། ཨོཾ་སརྦ་མུ་ཁ་ཏི་བྷ་བ་ཏི་ཧཱུཾ། ཨོཾ་སརྦ་སུ་པ་ར་ན་བྷ་བ་ཏི་ཧཱུཾ། ཨོཾ་སརྦ་པདྨ་རཱ་གཱ་བྷ་བ་ཏི་ཧཱུཾ། ཨོཾ་སརྦ་མརྒ་ཏི་བྷ་བ་ཏི་ཧཱུཾ། ཨོཾ་སརྦ་ཙིནྟ་མ་ནི་བྷ་བ་ཏི་ཧཱུཾ། ཞེས་པའི་སྔགས་
ཀྱིས་རིན་པོ་ཆེ་རྣམ་པ་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་འཇམ་དཔལ་གྱི་རྒྱུད་ལས། བརྟག་དང་བསླང་དང་བགེགས་བསྐྲད་དང༌། །གཟུང་དང་བརྟན་པར་བྱ་བ་དང༌། །རིན་དང་སྦྱར་བའི་བྱ་བ་རྣམས། །ས་ཀུན་གྱི་ནི་ཆོ་གར་ངེས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྟེགས་བུ་བརྩིག་པར་བྱ་སྟེ། དེ་ཡང་བརྟག་པ་དང་པོ་འདི་ཉིད་ཀྱི་འོག་མ་ལས། རབ་ལ་ཁྲུ་ནི་བརྒྱད་ཅུ་སྟེ། །འབྲིང་ནི་བཞི་བཅུ་རྩ་བརྒྱད་དེ། ཐ་མ་སུམ་ཅུ་རྩ་གཉིས་སུ། །དཀྱིལ་འཁོར་ཆེན་པོར་བཤད་པ་ཡིན། །ཞེས་གསུངས་པས་ན་དེ་བཞིན་དུ་བརྩིག་པར་བྱའོ། །གྲུབ་ཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །རྟ་བབས་བཞི་ཡིས་མཛེས་བརྒྱན་ཅིང༌། །ཐེག་སྐས་བཞི་ཡི་ཕྲེང་བ་དང༌། །སེང་གེ་གླང་ཆེན་སོགས་ཀྱིས་བརྒྱན། །དར་གྱི་ལྔ་ལྡི་དོ་ཤལ་ཕྲེང༌། །དྲིལ་བུ་དང་ནི་རྔ་མས་བརྒྱན། །རྡོ་རྗེ་རིན་ཆེན་པདྨ་དང༌། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱས་བརྒྱན། །སྲད་བུ་བརྒྱད་དང་ལྡན་པ་ལ། །ཕྱི་ཡི་སྒོ་ཁྱུང་རྣམས་ཀྱིས་བརྒྱན། །དགུ་ཡི་ཆར་ནི་བགོས་པ་ལ། །སྒོ་དང་སྒོ་ཁྱུད་གསུམ་ཆར་བྱ། །རྡོ་རྗེ་སྲད་དབུས་ཐིག་གདབ་བོ། །ཞེས་པ་ནི་ཐིག་གདབ་པ་དང། དཀྱིལ་འཁོར་བྲི་བ་ཡང་དག་པར་གསུངས་ཏེ། དེ་ལ་གྲུ་བཞི་པ་ནི་ཟུར་བཞི་པའོ། །ཀ་བ་བརྒྱད་ནི་ཕྱོགས་རེ་རེར་ཀ་བ་གཉིས་གཉིས་ཀྱིས་བཏེག་པའོ། །སྒོ་བཞི་ནི་ཕྱོགས་བཞི་རེ་རེའོ། །རྟ་བབས་བཞི་ཞེས་པ་ནི་སྒོའི་ཕྱི་རོལ་དུ་ཀ་བས་བཏེག་པས་བརྒྱན་པ་སྟེ། ཐེམ་སྐས་བཞི་ནི་སྟེགས་བུ་བཞིའོ། །ཕྲེང་བ་ནི་མུ་ཏིག་གི་ཕྲེང་བས་བརྒྱན་པའོ། །དེ་ལ་སྐབས་འདིར་མ་གསུངས་ནའང་ཤུགས་ཀྱིས་རིན་པོ་ཆེ་སྣ་ལྔའི་རྩིག་པ་དང༌། རིན་ཆེན་ཕ་གུ་ལ་སོགས་པས་ཀྱང་ཡོངས་སུ་བརྒྱན་པར་ཤེས་པར་བྱའོ། །སེང་གེ་གླང་ཆེན་སོགས་ཀྱིས་བརྒྱན། །ཞེས་པ་ནི་རྣམ་པ་བཅུ་གཉིས་སུ་གོ་བར་བྱ་སྟེ། གཅིག་ནི་གདན་ནོ། །གཅིག་ནི་རྟ་བབས་ཀྱི་ཐེམ་སྐས་ཀྱི་སྣ་ལ་ཉོན་མོངས་པའི་ཚོགས་ཡེ་ཤེས་ཀྱི་སེང་གེས་འཇོམས་པའི་རྟགས་གླང་པོ་ཆེའི་སྟེང་ན་སེང་གེས་ཟབ་ངོས་རེར་གཉིས་གཉིས་སོ། །དེ་ལ་དར་གྱི་ལྔ་ལྡི་ནི་
ནང་དང་ཕྱི་རོལ་གཉིས་ཀ་ན་འཕྱང་བའོ། །དོ་ཤལ་ནི་མུ་ཏིག་གི་དོ་ཤལ་ཏེ་རིན་པོ་ཆེའི་ཕ་གུ་ལས་མར་འཕྱར་བའོ། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བ་སྟེ་ནང་དང་ཕྱི་རོལ་གཉི་ག་ན་འཕྱང་བའོ། །དྲིལ་བུ་ནི་གྲྭ་བཞི་ལ་བ་དན་གི་སྣ་ལ་བཏགས་ནས་འཁྲོལ་བའོ། །རྔ་མ་ནེ་རྟ་བབས་ཀྱི་ཡ་ཕུབས་སུ་བཏགས་པའི་བླ་རེའི་གྲྭ་བཞི་ནས་དཔྱངས་པའོ། །རྡོ་རྗེ་རིན་ཆེན་པདྨ་དང༌། །སྣ་ཚོགས་རྡོ་རྗེ་ཕྲེང་བས་བརྒྱན། །ཞེས་པ་ནི་ཕྱོགས་བཞིའི་ཀ་བ་བརྒྱད་ལ་རིམ་པ་ཇི་ལྟ་བ་བཞིན་གྱི་མཚན་མར་ཤེས་པར་བྱའོ། །སྲད་བུ་བརྒྱད་དང་ལྡན་པ་ལ། །ཞེས་པ་ལ་སོགས་པས་ཐིག་གདབ་པའི་ཆོ་ག་གསུངས་ཏེ། དེ་ལ་ཡང་རྣམ་པ་བཞིའོ། །དེ་ལ་དང་པོར་བདག་ཉིད་ཀྱིས་སྟེགས་བུའི་སྟེང་དུ་ས་བོན་བཅུ་གཅིག་པའི་དོན་གྱིས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་བསམས་ཏེ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་དང༌། ཡང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པ་ནི་རང་བཞིན་རྣམ་པར་དག་པ་ཆོས་ཉིད་ཀྱི་ཐིག་ཅེས་བྱའོ། །དེ་ནས་རང་ཉིད་དེ་བཞིན་གཤེགས་པ་མི་བསྐྱོད་པའི་གཟུགས་སུ་བསམ། སློབ་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བསམས་ཏེ། ཨོཾ་ཛྙཱ་ན་སུ་ཏྲ་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱིས་འོག་ནས་སྟེང་དུ་རྡོ་རྗེ་བསྒྲེང་བ་ལྟ་བུའི་ཐིག་གདབ་པར་བྱའོ། །དེ་ནས་རིམ་པ་ནི་ལྟ་བ་བཞིན་དུ་འོག་ནས་སྟེང་དུ་གདབ་ཅིང་ཐིག་བཞི་ལེགས་པར་གདབ་སྟེ། སྟེང་གི་བར་སྣང་ལ་མུ་ཏིག་གི་ཕྲེང་བ་ལྟ་བུར་བ་བསམས་པ་ནི་རིག་པ་ཡེ་ཤེས་ཀྱི་ཐིག་ཅེས་བྱའོ། །དེ་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བསམས་ཏེ། སློབ་མ་བཞི་ཕྱོགས་བཞིར་བཞག་སྟེ། རང་ཉིད་དབུས་སུ་འདུག་ལ་ཁ་དོག་སྣ་ལྔའི་སྲད་བུ་ལ་རང་གི་ཐུགས་ཀ་ནས་བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བྱུང་བའི་ཡེ་ཤེས་ལྔའི་ངོ་བོར་སྤྲོས་ཏེ་སློབ་མ་དག་གི་སྙིང་གར་བཟུང་སྟེ། སེམས་ཅན་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོ་ལ་གནས་པར་བྱིན་གྱིས་བརླབ་ཅིང༌། ཨོཾ་ཙཀྲ་སུ་ཏྲ་ཨ་དྷི་ཥྛ་ན་ཨོཾ། ཨོཾ་བཛྲ་སུ་ཏྲ་ཨ་དྷི་ཥྛ་ན་ཧཱུཾ། ཨོཾ་རདྣ་
སུ་ཏྲ་ཨ་དྷི་ཥྛ་ན་སྭ། ཨོཾ་པདྨ་སུ་ཏྲ་ཨ་དྷིཥྛ་ན་ཧྲཱིཿ། ཨོཾ་ཀརྨ་སུ་ཏྲ་ཨ་དྷི་ཥྛ་ན་ཨཱཿ་ཞེས་བརྗོད་པ་ནི་བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ཆེན་པོའི་ཐིག་ཅེས་བྱའོ། །དེ་ནས་རས་བལ་སར་པ་ལ་རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས་རིག་པ་ཆེན་མོ་རྒྱུན་མི་ཆད་པར་ཟློས་ཤིང་བུ་མོ་ལོ་བཅུ་གཉིས་ལོན་པ་ཁྲུས་ལེགས་པར་བྱས་ཏེ། དྲི་ལ་སོགས་པའི་བྱུགས་པས་བཀལ་བ་བདག་ཉིད་ཀྱིས་བསྙོད་པའི་ཐིག་སྐུད་འཇུར་མ་མེད་པ་ལྔ་སྒྲིལ་ལམ་སུམ་སྒྲིལ་དུ་བྱས་ཏེ། བའི་རྣམ་ལྔས་སྟེགས་བུ་བྱུགས་པའི་སྟེང་དུ་འོ་མ་དང་དྲི་དང་ས་དཀར་བསྲེས་པའམ། ཙནྡན་དཀར་པོའི་ཆུར་བཅུག་སྟེ། བདག་ཉིད་རྣམ་པར་སྣང་མཛད་དུ་བསམས་ཏེ། སློབ་མ་རྡོ་རྗེ་ལས་སུ་བསམས་ནས། རྡོ་རྗེ་ཁུ་ཚུར་གྱིས་བདག་ཉིད་ཤར་ཕྱོགས་སུ་ཁ་བ་ལྟས་ཏེ། སློབ་མ་ནུབ་ཏུ་བལྟས་པས་དང་པོར་ཚངས་པའི་ཐིག་གདབ་པར་བྱ་ཞིང༌། དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་ཐིག་བདུན་གདབ་པར་བྱའོ། །དགུ་ཡི་ཆར་ནི་བགོས་པ་ལས། །ཞེས་པ་ནི་དང་པོ་ཆ་ཆེན་པོ་དྲུག་ཏུ་བགོས་ཏེ། དེ་ནས་ཆ་གཉིས་བུས་སུ་བཞག་ལ་མཐའི་ཆ་གཉིས་ལ་བཞི་བཞིར་བགོས་པ་ནི་ལྷའི་ཆ་ལ་དགོངས་པའི་ཕྱིར་བཅུ་རུ་སྣང་ཡང་དགུ་ཞེས་བྱའོ། །དེ་ནས་ནང་དུ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པའི་ཐིག་གདབ་པ་ནི་འོག་མ་ལ་སྙགས་སོ། །དེའི་ནང་དུ་སྒོ་དང་སྒོ་ཁྱུད་དང་སྒོ་འགྲད་གསུམ་ཆར་གྱི་ཐིག་གདབ་པ་ནི། སྒོ་དང་སྒོ་ཁྱུད་གསུམ་ཆར་བྱ། །ཞེས་བྱ་བར་འབྲེལ་ཏོ། །རྡོ་རྗེ་ནི་མི་འཇིག་པའི་ཕྱིར་ཏེ་སྲས་བུ་ནི་སྐུད་པའོ། །དེ་དག་གིས་ནི་ས་ལ་གདབ་པའི་སྲད་བུའི་ཐིག་ཅེས་བྱའོ། །དེ་ཡང་འཇིག་རྟེན་མགོན་པོའི་རིགས་ཀྱི་རྒྱུད་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་པ་ལས། རྒྱུད་འདིར་ཐིག་ནི་རྣམ་པ་བཞི། །ཆོས་དབྱིངས་ཡེ་ཤེས་བྱིན་རླབས་དང༌། །ས་ལ་ལས་ཀྱི་ཐིག་ཏུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཆོས་ཀྱི་དཀྱིལ་འཁོར་འདྲ་བ་ལས། །ལྟེ་བར་བཅས་ཅིང་རྩིབས་བཅུ་དྲུག །རིམ་པ་གསུམ་དང་ལྡན་པ་ལ། །རྩིབས་ནི་ཉས་
འགྱུར་ཉིད་དུ་བྱ། །ཞེས་གསུངས་པ་ནི་འདི་ལྟར་ཆ་དང་པོ་ལ་ཆ་བཞིར་བགོས་ཏེ། དབུས་ཀྱི་ཆ་གཉིས་ལ་ཆོས་ཀྱི་འཁོར་འདྲ་བ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་རྩིབས་བཅུ་དྲུག་པ་ཅིག་ཐིག་གདབ་པར་བྱ་སྟེ། ཆོས་ཀྱི་འཁོར་ལོ་འདྲ་བ་ནི་དང་པོ་བཅོམ་ལྡན་འདས་སྤྲུལ་བའི་སྐུ་བྱང་ཆུབ་ཀྱི་ཤིང་དྲུག་དུ་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དགུང་བདུན་གྱི་བར་དུ་ཅང་མི་གསུངས་པར་བཞུགས་ཏེ། དེ་ནས་ཤིང་ཏ་ར་པྲི་ཀྵའི་དྲུང་དུ་བྱོན་ནས་ཚོང་པ་ག་གོན་དང་བཟང་པོ་ལ་ཤིས་པར་བརྗོད་པའི་མདོ་བཀའ་སྩལ་པ་དང༌། དེ་ནས་མི་མཇེད་ཀྱི་བདག་པོ་དཔལ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་ཅིག་ཕྱག་ཏུ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པའི་ཕྱིར་ཕུལ་བ་དང་འདྲ་བ་ལ་ཆོས་ཀྱི་འཁོར་ལོ་འདྲ་བ་ལ་ཞེས་བྱའོ། །རིམ་པ་གསུམ་དང་ལྡན་པ་ལ། །ཞེས་པ་ནི་གཞལ་ཡས་ཁང་རྫོགས་པའི་ཕྱི་རོལ་དུ་འཁོར་ལོ་ནི་རིམ་པ་གཉིས་བྱ་བ་ཉིད་དེ། དེ་ལ། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་པ་ནི་དེའི་ཕྱི་རོལ་གྱི་ཆ་གཉིས་པ་ལ་དང་པོ་ནི་རྩིབས་སུམ་ཅུ་རྩ་གཉིས་པའོ། །གཉིས་པ་ནི་རྩིབས་དྲུག་ཅུ་རྩ་བཞི་བྱ་བ་ཁོ་ནའོ། །ཐིག་གི་ཆོ་ག་རྒྱས་པར་ནི་དཀྱིལ་འཁོར་གྱི་ཆོ་གར་བསྟན་པས་འདིར་མ་བཤད་དོ། །དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །དུང་དང་ཀུནད་ཟླ་འདྲ་ལ། །ཞལ་བཞི་པ་ལ་རྡོ་རྗེ་དང༌། །སེང་གེའི་གདན་ལ་བཞུགས་པ་དང༌། །ཏིང་འཛིན་ཕྱག་རྒྱར་ལྡན་པ་དང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །དེ་ཡི་སྤྱན་སྔར་ངན་སོང་ཀུན། །སྦྱོང་བའི་རྒྱལ་པོ་བྲི་བྱ་སྟེ། །ཕྱག་གཉིས་ཏིང་ངེ་འཛིན་དུ་བསྣོལ། །ཟླ་བ་རྒྱས་དང་པདྨའི་མདོག །རྒྱན་རྣམས་ཀུན་གྱིས་ལེགས་རྫོགས་པ། །རྒྱན་མཆོག་སྐྱེས་བུ་གང་བ་བྲི། །རྒྱབ་ཏུ་ཤཱཀྱའི་རིགས་དབང་པོ། །གཙོ་བོ་ཐུབ་པ་བྲི་བར་བྱ། །གཡས་དང་གཡོན་གྱི་ཕྱོགས་སུ་ནི། །རྒྱལ་མཆོག་རིན་ཆེན་མེ་ཏོག་སྟེ། །སངས་རྒྱས་སྤྱན་དང་མཱ་མ་ཀའི། །དེ་བཞིན་དཀར་མོ་སྒྲོལ་མ་རྣམས། །གྲྭ་བཞི་ཡི་ནི་ཕྱོགས་དག་ཏུ། །རང་གི་
རྟགས་ཀྱིས་མཚན་པ་བྲི། །རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །གོ་རིམས་བཞིན་དུ་བྲི་བར་བྱ། །མཁས་པས་སྒེག་མོ་ལ་སོགས་པ། །མཆོད་ཕྱིར་གྲྭ་ཡི་ཕྱོགས་སུ་བྲི། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་བ་བཞི་པོ་བྲི་བྱ་ཞིང༌། །རྟ་བབས་ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་བྲི་བར་བྱ། །ཞེས་གསུངས་པ་ནི་དཀྱིལ་འཁོར་བྲི་བ་ཡང་དག་པར་གསུངས་པ་སྟེ། དེ་ལ་སྟ་གོན་གྱི་རྗེས་ལ་ཐིག་གི་ཆོ་ག་རྫོགས་པར་བྱས་ལ། ནང་བར་ཉི་མ་རྩེ་ཤར་ལ་རིན་པོ་ཆེ་འམ། འབྲུའམ་ས་ལ་སོགས་པའི་ཚོན་གྱི་ཕྱེ་མ་ལ་བདག་ཉིད་རྣམ་པར་སྣང་མཛད་དུ་བསམས་ཏེ། རིན་པོ་ཆེའི་ཕྱག་རྒྱ་བཅས་ལ་གོང་དུ་སྨོས་པའི་སྔགས་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། སྔོན་པོ་རྣམས་ལ་མུ་ཏིག་དང་གསེར་དང༌། བྱུ་རུ་དང༌། མརྒ་ཏ་དང་མུ་མེན་རྣམས་སུ་བྱིན་གྱིས་བརླབ་པར་བྱ་ཞིང་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་འམ། ཁུ་ཚུར་གྱི་ཕྱག་རྒྱ་གཡས་ཕྱོགས་ནས་བསྐོར་ཞིང་རིག་པ་ཆེན་མོ་རྒྱུན་མི་འཆད་པར་ཟློས་པར་བྱ་བ་ནི་དབུས་སུ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པའི་ལྟེ་བ་ལ་རྡོ་རྗེ་ལ་སོགས་པས་མཚན་པའི་ཀ་བ་བརྒྱད་དང་གདུང་དུ་བཅས་པའི་དབུས་སུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དུང་ལ་སོགས་པ་དང་འདྲ་བའི་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ་སེང་གེའི་ཁྲིའི་ཞབས་ལ་རྡོ་རྗེ་རྩེ་ལྔ་བ་བསྒྲེང་བའི་སྟེང་ན་བཞུགས་པ་དབུ་རྒྱན་ལ་སོགས་པའི་རྒྱན་གྱིས་ཡོངས་སུ་བརྒྱན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་གླིང་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་གླང་པོ་ཆེའི་གདན་ལ་བཞུགས་པ་སྐུ་མདོག་དམར་སྐྱ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ཡོངས་སུ་བརྒྱན་ཅིང་རྒྱན་ཆ་ལྔས་བརྒྱན་ཅིང་མཉམ་པ་ཉིད་ཀྱི་ཕྱག་རྒྱ་དང་ལྡན་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་བཅོམ་ལྡན་འདས་རིན་པོ་ཆེའི་མེ་ཏོག་རྟའི་ཁྲི་ལ་བཞུགས་
པ་སྐུ་མདོག་མཐིང་ཀ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པ་ལྟེ་བའི་ཁུང་བུ་བརྟེན་ཅིང་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་དམར་པོ་རྨ་བྱའི་ཁྲི་ལ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པ་གོང་མ་ལྟ་བུ་ལ་གཡས་ཆོས་འཆད་པའི་ཕྱག་རྒྱ་མཛད་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་བཅོམ་ལྡན་འདས་མེ་ཏོག་ཆེན་པོ་རྒྱས་པ་ནམ་མཁའ་ལྡིང་གི་ཁྲི་ལ་བཞུགས་ཤིང་སྐུ་མདོག་ལྗང་གུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པ་གོང་མའི་ཚུལ་ལ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེ་དག་གི་ཟུར་གྱི་རེ་མིག་བཞི་ལ་ཤར་ལྷོ་མཚམས་སུ་ནི་མཱ་མ་ཀཱི་སྐུ་མདོག་དམར་མོ་པདྨའི་གདན་ལ་བཞུགས་ཤིང་ཕྱག་གཡོན་དཀུ་རུ་བརྟེན་ཞིང་གཡས་པ་རྡོ་རྗེ་ཐུགས་ཀར་འཛིན་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་སངས་རྒྱས་སྤྱན་སྐུ་མདོག་དམར་སེར་པདྨའི་གདན་ལ་བཞུགས་ཤིང་ཕྱག་གཡོན་པ་སྔ་མའི་ཚུལ་ལ་གཡས་པ་པདྨའི་སྟེང་ན་རིན་པོ་ཆེ་འཛིན་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་གོས་དཀར་མོ་སྐུ་མདོག་དམར་མོ་པདྨའི་གདན་ལ་བཞུགས་ཤིང་གཡོན་པ་སྔ་མའི་ཚུལ་ལ། གཡས་པ་པདྨ་འཛིན་པ་བྲི་བར་བྱའོ། །བྱང་ཤར་མཚམས་སུ་ནི་སྒྲོལ་མ་སྐུ་མདོག་ལྗང་གུ་པདྨའི་གདན་ལ་བཞུགས་ཤིང་ཕྱག་གཡོན་པ་སྔ་མའི་ཚུལ་ལ་གཡས་པས་ཨུཏྤལ་འཛིན་པ་བྲི་པར་བྱའོ། །ལྟེ་བའི་མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བས་བསྐོར་བར་བྱའོ། །རྩིབས་བཅུ་དྲུག་པའི་སྟེང་རྣམས་སུ་ནི་སེམས་དཔའ་བཅུ་དྲུག་རྣམས་བཀོད་པ་སྟེ། དེ་ལ་ཤར་གྱི་རྩིབས་བཞི་ལ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་རྒྱལ་པོ་དང༌། རྡོ་རྗེ་ཆགས་པ་དང༌། རྡོ་རྗེ་ལེགས་པ་བཞི་རང་རང་གི་མཚན་མས་མཚན་ཅིང་པདྨའི་སྟེང་དུ་བཞུགས་པ་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་རྩིབས་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ཉི་མ་དང༌། རྡོ་རྗེ་རྒྱལ་མཚན་དང༌། རྡོ་རྗེ་བཞད་པ་བཞི་པདྨའི་སྟེང་ན་རང་རང་གི་ཕྱག་རྒྱས་མཚན་པ་བྲི་
བར་བྱའོ། །ནུབ་ཕྱོགས་ཀྱི་རྩིབས་བཞི་ལ་རྡོ་རྗེ་ཆོས་དང༌། རྡོ་རྗེ་རྣོན་པོ་དང༌། རྡོ་རྗེ་འཁོར་ལོ་དང༌། རྡོ་རྗེ་གསུང་རྣམས་པདྨའི་སྟེང་དུ་བཞུགས་ཤིང་རང་རང་གི་ཕྱག་རྒྱས་མཚན་པ་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་རྩིབས་བཞི་ལ་རྡོ་རྗེ་ལས་དང༌། རྡོ་རྗེ་གོ་ཆ་དང༌། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་ཁུ་ཚུར་བཞི་པདྨའི་སྟེང་ན་རང་རང་གི་ཕྱག་རྒྱས་མཚན་པ་བྲི་བར་བྱའོ། །དེ་ལ་འཁོར་ལོ་ནི་དཀར་པོའོ། །དེ་ལ་མུ་རན་ནི་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །དེ་ནས་གྲུ་བཞི་པའི་རྣམ་པར་བཅད་པ་ལས། དེའི་གྲྭ་བཞིར་གསང་སྔགས་མཁས་པར་ཤེས་པ་རྣམས་ཀྱིས་ཤར་ལྷོ་མཚམས་སུ་ནི་སྒེག་མོ་དང་སྤོས་མ་གཉིས་པདྨའི་སྟེང་དུ་བཞུགས་ཤིང་རང་རང་གི་ཕྱག་རྒྱས་མཚན་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་ནི་ཕྲེང་བ་མ་དང༌། མེ་ཏོག་མ་གཉིས་པདྨའི་སྟེང་ན་རང་རང་གི་རྟགས་ཀྱིས་མཚན་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་གླུ་མཁན་མ་དང༌། སྣང་བམ་གཉིས་པདྨའི་སྟེང་ན་རང་རང་གི་ཕྱག་རྒྱས་མཚན་པ་བྲི་བར་བྱའོ། །བྱང་ཤར་མཚམས་སུ་ནི་གར་མཁན་མ་དང་དྲི་ཆབ་མ་གཉིས་པདྨའི་སྟེང་ན་རང་རང་གི་ཕྱག་རྒྱས་མཚན་པ་བྲི་བར་བྱའོ། །སྒོ་བཞིན་པདྨའི་སྟེང་དུ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང༌། ལྕགས་སྒྲོག་དང་དྲིལ་བུ་རྣམས་རང་རང་གི་རྟགས་ཀྱིས་མཚན་པ་བྲི་བར་བྱའོ། །རྟ་བབས་ཀྱི་ཁྱམས་ཞེས་པ་ནི་སྒོའི་ནང་རོལ་གྱི་སྟེགས་བུའི་སྟེང་དུ་ཡིན་ལ་མཆོད་པའི་ཁྱམས་ཀྱི་ནང་ངོས་སུ་བཞུགས་པ་ནི་རྒྱུད་ལས་གསལ་བའི་ཕྱིར་ཏེ། དེ་ཡང་རིམ་པ་བཞིན་དུ། ཤར་ཕྱོགས་སུ་ནི་དཔའ་བར་འགྲོ་པ་དང༌། ཀུན་དུ་བཟང་པོ་དང༌། ཟླ་འོད་གཞོན་ནུ་དང༌། བཟང་སྐྱོང་བཞི་རང་རང་གི་རྟགས་ཀྱིས་མཚན་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་དྲ་བ་ཅན་གྱི་འོད་དང༌། ནམ་མཁའ་མཛོད་དང༌། རྡོ་རྗེ་སྙིང་པོ་དང༌། འོད་དཔག་མེད་བཞི་རང་རང་གི་མཚན་མས་མཚན་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་ངན་སོང་ཀུན་འཇོམས་དང༌། ཡེ་ཤེས་ཏོག་དང༌། བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་བཞི་རང་རང་གི་རྟགས་ཀྱིས་མཚན་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་
བྱམས་པ་དང༌། ངན་སོང་ཀུན་འདྲེན་དང༌། སྤོས་ཀྱི་གླང་པོ་དང༌། དོན་ཡོད་གྲུབ་པ་བཞི་རང་རང་གི་རྟགས་ཀྱིས་མཚན་པ་བྲི་སྟེ། དེ་དག་ཐམས་ཅད་སྐུ་མདོག་ནི་རིགས་བཞིའི་བྱེ་བྲག་ལས་ཤེས་པར་བྱ་ཞིང༌། གདན་པདྨར་ཀུན་གཅིག་པ་ཁོ་ནའོ། །ཉན་ཐོས་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་རང་རྒྱལ་གཙོ་བོ་རྣམས། །ཁྲོ་བོ་མངག་གཞུག་ཕོ་ཉའི་ཚོགས། །བྲི་བྱ་ཡང་ན་མིང་ཡང་རུང༌། །ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གླིང་བཞི་པོ་ནི་བྲི་བྱ་སྟེ། །འཛམ་བུའི་གླིང་དུ་ཆངས་པ་བྲི། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དག་ཏུ། བརྒྱ་བྱིན་ཁྱབ་འཇུག་ཐམས་ཅད་ཀྱང༌། །འཁོར་དང་བཅས་པ་བྲི་བར་བྱ། །གཞན་དག་ཀྱང་ནི་དེ་བཞིན་ཏེ། །ལྷ་མིན་དྲི་ཟ་ནམ་མཁའ་ལྡིང༌། །གནོད་སྤྱིན་སྲིན་པོ་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དགས་འདྲེ་རྣམས་དང༌། །ཀླུ་རྣམས་སྦྲུལ་དང་རི་དགས་དང༌། །རྒྱལ་པོ་བཞི་རྣམས་བྲི་བར་བྱ། །གཟའ་དང་སྐར་མ་རྒྱུ་སྐར་རྣམས། །ཁྲོ་བོ་མ་རུངས་འཚེ་བ་ཡི། །གནོད་པ་བྱེད་དང་དེ་བཞིན་དུ། །བགེགས་དང་ལོག་འདྲེན་དྲག་པོ་དང༌། །སེམས་ཅན་ཀུན་ལ་ཕན་བྱེད་པ། །དྲང་སྲོང་སྐལ་བ་ཆེན་པོ་རྣམས། །མཁའ་འགྲོ་མ་དང་བུད་མེད་དང༌། །དེ་བཞིན་སྲིན་པོ་རྣལ་འབྱོར་མ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་དང༌། །ཤིང་དང་ཀུན་དགའི་གནས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །མིང་དང་བརྡ་ཙམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་པ་ལ་སོགས་པ་ནི་འདིར་འགྲོ་བ་དྲུག་གི་སེམས་ཅན་དགོད་པར་གསུངས་པ་སྟེ། དེ་ལ་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་ལ་ནི་ཤར་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་པདྨའི་སྟེང་དུ་འཕགས་པ་ཀུན་དགའ་བོ། །ཤཱ་རིའི་བུ་དང༌། རབ་འབྱོར་དང༌། འོད་སྲུངས་དང༌། འོད་སྲུངས་ཆེན་པོ་དང༌། ཅང་ཤེས་དང༌། ཉེ་བ་འཁོར་དང༌། མཽ་དགལ་གྱི་བུ་རྣམས་ལྷུང་བཟེད་དང༌། འཁར་གསིལ་བསྣམས་པ་རྣམས་དགོད་པར་བྱའོ། །ལྷོ་ཕྱོགས་ཀྱི་རྩིབས་བརྒྱད་ལ་
འཕགས་པ་རང་སངས་རྒྱས་སེར་སྐྱ་དང༌། འོད་མཛེས་དང༌། ཀུན་འགྲོགས་དང༌། ལག་བརྐྱང་དང༌། ཉི་མའི་ཏོག་དང༌། ཤཱཀྱ་འོད་དང༌། པདྨ་ཅན་དང་ལེགས་བཟངས་རྣམས་བདེ་བར་གཤེགས་པའི་ཆ་ལུགས་ཀྱིས་པདྨའི་སྟེང་དུ་བཞུགས་པ་བྲིའོ། །ནུབ་ཕྱོགས་ཀྱི་རྩིབས་བརྒྱད་ལ་ནི་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང༌། མི་གཡོ་མགོན་དང༌། གཤིན་རྗེ་གཤེད་དང༌། རྟ་མགྲིན་དང༌། བདུད་རྩི་འཁྱིལ་པ་དང༌། དབྱུག་པ་སྔོན་པོ་དང༌། གཞན་ལས་རྒྱལ་བ་དང༌། ཁམས་གསུམ་རྣམ་པར་རྒྱལ་བ་རྣམས་པདྨའི་སྟེང་དུ་མཆེ་བ་རྣམ་པར་གཙིགས་ཤིང་སྐུ་ལ་སྦྲུལ་གྱི་རྒྱན་ཆ་ལྔས་བརྒྱན་པ། སྟག་གི་པགས་པས་སྨད་དཀྲིས་པ། རང་རང་གི་ཕྱག་རྒྱས་མཚན་པ་རྣམས་བྲི་པར་བྱའོ། །བྱང་གི་རྩིབས་བརྒྱད་ལ་ནི་དེ་དག་གི་ཕོ་ཉའི་ཚོགས་བརྒྱད་དེ། སེང་གེའི་མགོ་དང༌། སྟག་གི་མགོ་དང༌། འུག་པའི་མགོ་དང༌། བྱ་རོག་གི་མགོ་དང༌། ཁྱུ་མཆོག་གི་མགོ་ཅན་དང༌། སྦྲུལ་མགོ་ཅན་དང༌། ཤ་བའི་མགོ་ཅན་དང༌། ཕག་གི་མགོ་ཅན་རྣམས་བྲི་བར་བྱའོ། །དེ་དག་གི་ཕྱི་རོལ་གྱི་འཁོར་ལོ་རྩིབས་དྲུག་ཅུ་རྩ་བཞི་ལ་ཤར་གྱི་རྩིབས་དང་པོ་དང། དེ་བཞིན་དུ་ལྷོ་དང་ནུབ་དང༌། བྱང་གི་རྩིབས་དང་པོ་རྣམས་སུ་ནི་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྣམ་ཐོས་སྲས་རྣམས་རང་རང་གི་ཕྱག་མཚན་དང་ལྡན་པ་བྲི་བར་བྱའོ། །དེ་ནས་དེ་དག་གི་གཡོན་ཕྱོགས་རྣམས་སུ་ནི་ས་བདག་དང༌། གཤིན་རྗེ་དང༌། ཆུ་ལྷ་དང༌། གནོད་སྦྱིན་དང༌། མེ་ལྷ་དང༌། སྲིན་པོ་དང༌། རླུང་ལྷ་དང༌། སྲིན་པོ་དང༌། རླུང་ལྷ་དང༌། བདེ་བྱེད་རྣམས་རང་རང་གི་བཞོན་པ་དང༌། ཁ་དོག་དང་མཚན་མས་མཚན་པ་བྲི་བར་བྱའོ། །དེ་ནས་ཡང་དེ་དག་གི་གཡོན་ཕྱོགས་རྣམས་སུ་ཉི་མ་དང༌། ཟླ་བ་དང༌། གཟའ་ལྷག་དང༌། མིག་དམར་དང༌། པུར་བུ་དང༌། པ་སངས་དང༌། སྤེན་པ་དང༌། སྒྲ་གཅན་རྣམས་རང་རང་གི་གདན་དང་མཚན་མས་མཚན་པ་བྲི་བར་བྱའོ། །དེ་ནས་ཡང་ཤར་ཕྱོགས་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྨིན་དྲུག་དང༌། སྣར་མ་དང༌། མགོ་དག་
ལག་དང༌། ནམ་སོ་དང༌། རྒྱལ་དང༌། སྐག་དང༌། མཆུ་དང༌། གྲེ་དང༌། དབོ་དང༌། མེ་བཞི་དང༌། ནག་པ་དང༌། ས་རི་དང༌། ས་ག་དང༌། ལྷ་མཚམས་དང༌། སྣྲོན་དང༌། སྣུབས་དང༌། ཆུ་སྟོད་དང༌། ཆུ་སྨད་དང༌། གྲོ་བཞིན་དང༌། ཕྱི་བཞིན་དང༌། མོན་གྲེ་དང༌། མོན་གྲུ་དང༌། ཁྲུམས་སྟོད་དང༌། ཁྲུམས་སྨད་དང༌། ནམ་གྲུ་དང༌། ཐ་སྐར་དང༌། བྲ་ཉེ་རྣམས་རང་རང་གི་མཚན་མས་མཚན་པ་བྲི་བར་བྱའོ། །དེ་ནས་ཡང་དེ་དག་གི་གཡོན་ཕྱོགས་སུ་དྲང་སྲོང་ཆེན་པོ་རྒྱས་པ་དང༌། བྷ་ར་དྷྭ་ཛ་དང༌། སེར་སྐྱ་དང། སྐྱེ་དགུའི་བདག་པོ་དང༌། རྒྱུན་ཤེས་དང༌། གནས་མཆོག་དང༌། ནག་པོ་དང༌། གཟེགས་ཟན་རྣམས་རང་རང་གི་མཚན་མས་མཚན་པ་དགོད་པར་བྱའོ། །ཡང་དེ་དག་གི་གཡོན་ཕྱོགས་སུ་འཇིག་རྟེན་པ་རྣམས་ཀྱི་གཙོ་བོ་བརྒྱད་དགོད་དེ། དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་དང༌། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་དང༌། གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོ་དང༌། ཀླུའི་རྒྱལ་པོ་དགའ་བོ་དང༌། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་དང༌། ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་ཅན་དང༌། འབྱུང་པོའི་རྒྱལ་པོ་ཚོགས་བདག་ཆེན་པོ་དང༌། ཡི་དགས་ཀྱི་རྒྱལ་པོ་ཁ་ལ་མེ་འབར་མ་རྣམས་རང་རང་གི་མཚན་མ་དང༌། ཆ་ལུགས་ཀྱིས་ཡོངས་སུ་དགོད་པར་བྱའོ། །དེ་ནས་ཆ་བཞི་པ་ལ་དེའི་མཐའ་མ་ཟླུམ་པོར་བསྐོར་ཏེ། གླིང་བཞི་པར་བྱས་ལ། ཤར་ཕྱོགས་སུ་ཤར་གྱི་ལུས་འཕགས་པོ་ཟླ་བ་ཕྱེད་པ་འདྲ་བ་གླིང་གཡོག་དང་བཅས་པ་བྲིས་ལ་དེའི་དབུས་སུ་བརྒྱ་བྱིན་འཁོར་དང་བཅས་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ལྷོའི་འཛམ་བུའི་གླིང་སོག་ཀ་འདྲ་བ། གླེང་གཡོག་དང་བཅས་པ་བྲིས་ཏེ། དེའི་དབུས་སུ་ཚངས་པ་འཁོར་དང་བཅས་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནུབ་ཀྱི་བ་ལང་སྤྱོད་ཉི་མ་ཤར་བ་དང་འདྲ་བ་ཟླུམ་པོ་གླིང་གཡོག་དང་བཅས་པ་བྲིས་ཏེ་དེའི་དབུས་སུ་ཁྱབ་འཇུག་འཁོར་དང་བཅས་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་བྱང་གི་སྒྲ་མི་སྙན་གྲུ་བཞི་
པའི་གཟུགས་ལ་ཁ་དོག་སེར་པོ་གླིང་གཡོག་དང་བཅས་པ་བྲིས་ཏེ། དེའི་དབུས་སུ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བྲི་བར་བྱའོ། །དེ་ནས་ཆ་ལྔ་ལ་གླིང་དྲུག་ཏུ་བཅས་པ་དེར་འགྲོ་བ་རིགས་དྲུག་དགོད་པར་བྱ་སྟེ། ལྷའི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་ནམ་བདུད་རྩིའི་བུམ་པའམ། ལྷ་ལྷ་ཞེས་པའི་ཕྲེང་བ་དགོད་པར་བྱའོ། །ལྷ་མ་ཡིན་གྱི་གནས་སུ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་སམ། རལ་གྲིའམ། ལྷ་མ་ཡིན་ལྷ་མ་ཡིན་ཞེས་བྱ་བའི་ཕྲེང་བ་དགོད་བར་བྱའོ། །མིའི་གནས་སུ་མིའི་རྒྱལ་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སམ་འཁོར་ལོའམ་མི་མི་ཞེས་བྱ་བའི་ཕྲེང་བ་བྲི་བར་བྱའོ། །དུད་འགྲོའི་གནས་སུ་ནི་དུད་འགྲོའི་རྒྱལ་པོ་མཐའ་ཡས་སམ། སེང་གེའམ་དུད་འགྲོ་དུད་འགྲོ་ཞེས་བྱ་བའི་ཕྲེང་བ་དགོད་པར་བྱའོ། །ཡི་དགས་ཀྱི་གནས་སུ་ནི་ཡི་དགས་ཀྱི་རྒྱལ་པོ་ཁ་རབ་ཏུ་འབར་བ་ལྕགས་ཀྱི་ཐུ་ལུམ་རབ་ཏུ་འབར་བའམ་ཡི་དགས་ཡི་དགས་ཞེས་པའི་ཕྲེང་བ་དྲི་བར་བྱའོ། །དམྱལ་བའི་གནས་སུ་ནི་དམྱལ་བའི་རྒྱལ་པོ་ཆུ་སྲིན་གདོང་ཅན་ཤཱ་ལ་མ་ལིའི་སྡོང་པོའམ། དམྱལ་བ་དམྱལ་བ་ཞེས་བྱ་བའི་ཕྲེང་བ་བྲི་བར་བྱའོ། །དེ་ལ་སྲིང་མོ་བཞི་དང༌། མཁའ་འགྲོ་མ་དང༌། རྣལ་འབྱོར་མ་རྣམས་ནི་གླིང་བཞི་པོ་རྣམས་ཀྱི་བར་བར་དུ་བུད་མེད་ཀྱི་གཟུགས་སུ་ཅུང་ཟད་ཁྲོས་པ་དང༌། རབ་ཏུ་ཁྲོས་པའི་བཞིན་གྱིས་བྲི་བར་བྱའོ། །སྲིད་བའི་འཁོར་ལོ་རྣམས་ཀྱི་བར་དུ་ནི་རི་དང་ཤིང་དང་འབབ་ཆུ་དང་ཁྱིམ་དང་དུར་ཁྲོད་དང་ཉ་དང༌། གཙུག་ལག་ཁང་ལ་སོགས་པ་བྲི་བར་བྱའོ། །དེ་ལ་གཞལ་ཡས་ཁང་གི་ཕྱི་རོལ་དུ་རྡོ་རྗེ་དང་པདྨ་དང༌། འབར་བའི་ཕྲེང་བས་ཀུན་ནས་འཁོར་བར་བསྐོར་བར་བྱའོ། །འཕགས་པ་རྣམས་ཀྱི་འཁོར་ལོ་ནི་མེ་ཏོག་གི་ཕྲེང་བས་བསྐོར་བར་བྱའོ།། འཇིག་རྟེན་བའི་གཙོ་བོའི་འཁོར་ལོ་ནི་དཔག་བསམ་གྱི་ཤིང་གིས་བསྐོར་བར་བྱའོ། །གླིང་བཞིའང་དེ་བཞིན་དུ་བྱས་ཏེ། སྲིད་པའི་འཁོར་ལོ་ནི་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ནི་རླུང་དང་གསེར་དང་ཆུའི་ཕྲེང་བས་བསྐོར་བར་བྱ་སྟེ། ལྷ་དེ་
དག་ཐམས་ཅད་ཀྱི་ཁ་དོག་དང༌། མཚན་མ་དང༌། གདན་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ཆོ་གར་བལྟ་བར་བྱ་སྟེ། འདིར་ནི་མ་བཤད་དོ། །དེ་ལ་གང་དག་འདི་སྐད་དུ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདྲ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ནང་དུ་བཀོད་ལ། བྱམས་པ་ལ་སོགས་པ་རྟ་བབས་ཀྱི་ཁྱམས་སུ་དགོད་པ་ནི་རིགས་པ་མ་ཡིན་ནོ་ཞེ་ན། དེ་ནི་ཤིན་ཏུ་རྨོངས་པར་གྱུར་པ་ཡིན་ཏེ། བདེ་བར་གཤེགས་པའི་བཀའ་ངེས་པའི་དོན་གྱི་མདོ་རྣམས་ལ་ཐེ་ཚོམ་ཟ་བ་རྣམས་ལ་ལན་གྱི་ཚིག་སྦྱིན་པར་བྱ་བ་ཡང་མ་ཡིན་ན་འོན་ཀྱང་འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་འཁོར་ལོས་སྒྱུར་བ་ལྔ་ལ་དགོངས་ནས་བྱང་ཆུབ་སེམས་དཔར་བཏགས་ཀྱི་ཐོག་མ་མེད་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། བྱམས་པ་ལ་སོགས་པ་ནི་བསྐལ་བ་བཟང་པོ་འདི་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ཏེ། རྒྱུད་འདིར་ཡང༌། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །ཞེས་ཁྱད་པར་གྱི་ཚིག་གསུངས་པ་དང༌། རྟ་བབས་ཁྱམས་ནི་ཐམས་ཅད་དུ། །བྱམས་པ་ལ་སོགས་དགོད་པར་བྱ། །ཞེས་ཁྱད་པར་ཕྱེ་བ་ཉིད་ཀྱིས་ཡོན་ཏན་གྱི་ཁྱད་པར་ཡོད་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་བསྐྱོད་པའི་དྲུང་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་འབའ་ཞིག་འདུས་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་མཁས་པས་དཀྱིལ་འཁོར་ལ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང༌། །གདུགས་དང་རྔ་མ་ལྔ་ལྡི་དང༌། །འཕན་དང་སྣ་ཚོགས་ན་བཟའ་མཆོག །གསེར་ལ་སོགས་པའི་བུམ་པ་མཆོག། བརྒྱད་དང་བཅུ་དྲུག་ལྷག་ཀྱང་རུང༌། །དབང་བསྐུར་རིན་ཆེན་ཆུས་བཀང་བའི། །བུམ་པ་ལྔ་ནི་གཞག་པར་བྱ། །མར་མེ་གཏོར་མའི་བུམ་པ་དང༌། །མཛེས་པའི་བཤོས་རྣམས་གཞག་བྱ་སྟེ། །གཟའ་དང་བཏུང་བ་སྦྱར་ལེགས་དང༌། །བཅའ་བ་སྣ་ཚོགས་གཞག་
པར་བྱ། །གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་གཞག །འབྱུང་པོ་ཀུན་དང་ལྷ་དང་ཀླུ། །མི་དང་མི་མིན་དེ་བཞིན་ཏེ། །མེ་ཏོག་དྲི་རྣམས་སྣ་ཚོགས་གཞག །འོ་མ་མར་དང་ཁ་རར་བཅས། །རྣམ་རྒྱལ་བུམ་པ་དྲི་ཡི་ཆུས། །རབ་ཏུ་བཀང་སྟེ་གཞག་པར་བྱ། །ཞེས་གསུངས་པ་ནི་འདིར་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་བསགས་པར་གསུངས་པ་སྟེ། དེ་ལ་རྣམ་པ་གཉིས་ཏེ། དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་མཆོད་པའོ། །དམིགས་པ་དང་བཅས་པའི་མཆོད་པ་ལ་གསུམ་སྟེ། ལུས་དང་ངག་དང་རྫས་སོ། །དམིགས་པ་མེད་པ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་ཅན་གྱི་མཆོད་པའོ། །དེ་དག་ལ་དབྱེ་བ་ནི་དཔག་ཏུ་མེད་པ་ཅིག་ཡོད་དེ་འདིར་མ་བཤད་དོ། །དེ་ལ་འདིར་རེ་ཞིག་དམིགས་པ་དང་བཅས་པ་རྫས་ཀྱི་མཆོད་པ་གསུངས་ཏེ། གསང་སྔགས་ལ་སོགས་པའི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་སྟེང་ལོགས་སུ་བླ་རེ་དབུབ་པ་དང༌། དེའི་ཟུར་བཞི་ལ་རྔ་ཡབ་གསེར་གྱི་ཡུ་བ་ཅན་གདགས་པ་དང༌། དཀྱིལ་འཁོར་གྱི་ཟུར་བཞིར་ཆུ་སྲིན་ལ་སོགས་པའི་རྒྱལ་མཚན་གཟུགས་པ་དང༌། དེ་དག་གི་བར་བར་དུ་གདུགས་དང༌། ལྡ་ལྡི་དང་བ་དན་དང༌། དར་ལ་སོགས་པའི་ན་བཟས་བརྒྱན་པར་བྱའོ། །དེ་ནས་སྐྱིལ་ཁོར་གྱི་མཐའ་ལོགས་སུ་གསེར་རམ་དངུལ་ལམ། ཟངས་སམ་ས་ལ་སོགས་པའི་བུམ་པ་རྩ་བའི་ལྷའི་གྲངས་དང་སྦྱར་བའམ། བཅུ་དྲུག་གམ་བརྒྱད་ལ་སོགས་པའི་ནང་ན་དྲི་དང་སྨན་དང་འོ་མ་དང༌། མེ་ཏོག་ལ་སོགས་པས་བཀང་པ། གོས་དང་ཁ་རྒྱན་དུ་བཅས་པ་གཞག་པར་བྱ་སྟེ། དེ་དག་ནི་མཆོད་པའི་བུམ་པ་ཞེས་བྱའོ། །དབང་བསྐུར་རིན་ཆེན་ཆུས་བཀང་པའི། །བུམ་པ་ལྔ་ནི་གཞག་པར་བྱ། །ཞེས་པ་ནི་སློབ་མ་དབང་བསྐུར་བའི་ཕྱིར། བུམ་པའི་ཁ་དོག་དཀར་པོ་ལྔ་ལ་པདྨའི་སྟེང་དུ་བདེ་བར་གཤེགས་པ་ལྔའི་ཕྱག་རྒྱ་འཁོར་ལོ་དང༌། རྡོ་རྗེ་ལ་སོགས་པས་མཚན་པར་བྲིས་ལ། ནང་རིན་པོ་ཆེ་སྣ་ལྔ་དང༌། དྲི་
དང་འོ་མས་བཀང་བ་གཞག་པར་བྱ་སྟེ། དེ་དག་ནི་དབང་གི་བུམ་པ་ཞེས་བྱའོ། །དེ་ནས་རང་གི་མདུན་དུ་སྔར་བསྙེན་པའི་སྐབས་སུ་བགེགས་མཐར་བྱེད་ཀྱི་སྙིང་པོ་བཟླས་པའི་བུམ་པ་དྲིའི་ཆུས་བཀང་བ་བཞག་སྟེ། དེ་ནི་ལས་ཐམས་ཅད་པའི་བུམ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཚེ་གཞལ་ཡས་ཁང་གི་ནང་དུ་ལྷ་བསྐྱེད་པ་ནི་རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱའོ། །ལྷ་གྲངས་བསྟུན་ལ་ལྷ་རེ་རེ་ལ་སྣོད་རེ། དེ་ནས་དཀྱིལ་འཁོར་གྱི་མཐའ་ལོགས་སུ་བླ་ན་མེད་པའི་ལྷ་དང་བླ་མར་གྱུར་པའི་ལྷ་གཉིས་ཀྱི་གྲངས་དང་སྦྱར་བའམ་བླ་ན་མེད་པའི་གྲངས་དང་སྦྱར་བའམ། དྲུག་ཅུ་པ་ལ་སོགས་པའི་ཞལ་ཟས་དང༌། རྒུན་འབྲུམ་ལ་སོགས་པའི་བཏུང་བ་དང༌། ཁ་ར་ལ་སོགས་པའི་བཅའ་བ་དང་ཨ་མྲ་ལ་སོགས་པའི་འབྲས་བུ་དང༌། ཨུཏྤལ་ལ་སོགས་པའི་མེ་ཏོག་དང༌། ཨ་ཀ་རུ་ལ་སོགས་པའི་བདུག་པ་དང༌། ག་བུར་ལ་སོགས་པའི་དྲི་དང༌། རིན་པོ་ཆེ་ལ་སོགས་པའི་སྣང་བ་དང༌། གུར་གུམ་ལ་སོགས་པའི་བྱུག་པ་གཞག་པར་བྱའོ། །དེ་ནས་བདག་ཉིད་ཆེན་པོས་ལྷ་ལ་སོགས་པའི་ཡོ་བྱད་དུའང་དེ་བཞིན་དུ་གཞག་པར་བྱ་བའོ། །ལྷ་མ་ཡིན་དང། ཀླུ་ལ་མངར་གསུམ་དང་དཀར་གསུམ་དུ་སྦྱར་བའི་གཏོར་མ་ཆེན་པོ་གཅིག་དང༌། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ལ་ཤ་དང་ཁྲག་དང་ཆང་ལ་སོགས་པ་སྦྱར་བའི་གཏོར་མ་ཆེན་པོ་གཅིག་དང༌། གཞན་ཡང་སྙིང་རྗེ་བསྐྱེད་པའི་སེམས་ཅན་ཐམས་ཅད་ལ་མི་རྣམས་ཀྱིས་ལོངས་སྤྱོད་པའི་ཁ་ཟས་སྣ་ཚོགས་པས་བཀང་བའི་གཏོར་མ་ཆེན་པོ་གཅིག་གཞག་པར་བྱ་ཞིང་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པས་ཀྱང་དཀྱིལ་འཁོར་དང་རྫས་ཐམས་ཅད་བརྒྱན་པར་བྱའོ། །དེ་ནས་ཁྲུས་སོགས་རབ་བྱས་ལ། །དྲི་དང་རྒྱན་མཆོག་ཕྲེང་བ་ཅན། །དྲི་ཞིམ་ཁ་བཀང་མཆོག་མཛེས་པ། །རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང༌། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཕྱག་རྒྱ་སྔགས་དང་བདག་ལྡན་ཞིང༌། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །
ཛཿ་ཧཱུཾ་བཾ་ཧོཿ་ཐུགས་རྗེའི་བདག །ཚུར་གཤེགས་ཀྱིས་ནི་བརྗོད་ནས་ཀྱང༌། །གསང་བའི་བཅིང་བས་བཅིངས་ནས་ནི། མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང༌། །དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ། །མཐེབ་གཉིས་ནང་དུ་བཀུག་ནས་ཀྱང། །བསྐྱོད་པར་གྱུར་ན་དབང་དུ་འགྱུར། །ཞེས་གསུངས་པ་ནི་འདིར་རྣལ་འབྱོར་ཕུན་སུམ་ཚོགས་པ་གསུངས་པ་སྟེ། དེ་ལ་འདིར་ཏིང་ངེ་འཛིན་གསུམ་གྱི་ཚིག་མང་བས་འཇིགས་པས་མ་བྲིས་ཤིང་ཚེགས་ཆུང་བ་བསྒྲུབ་པའི་ཕྱིར་ཐམས་ཅད་དཀྱིལ་འཁོར་གྱི་ཆོ་གར་བྱས་སོ། །འདིར་ནི་རྒྱུད་ཀྱི་ཚིག་དྲང་ཐང་དུ་བཀྲོལ་བ་སྟེ། དེ་ལ་རྣམ་པ་གཉིས་སོ། །བདག་ཉིད་ཕུན་སུམ་ཚོགས་པ་དང༌། ལས་ཕུན་སུམ་ཚོགས་པ་སྟེ། དེ་ལ་བདག་ཉིད་ཕུན་སུམ་ཚོགས་པ་ནི་འདི་ལྟར། དེ་ནས་ཁྲུས་སོགས་རབ་བྱས་ལ། །དྲི་དང་རྒྱན་མཆོག་ཕྲེང་བ་ཅན། །དྲི་ཞི་མ་ཁ་བཀང་མཆོག་མཛེས་པ། །རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང༌། །མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །ཅེས་གསུངས་ཏེ། དེ་ལ་དང་པོར་དྲི་དང་འོ་མ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆེད་དུ་ཁྲུས་ལེགས་པར་བྱས་ལ་གུར་གུམ་ལ་སོགས་པས་ལུས་ལེགས་པར་བྱུགས་ཏེ། གསེར་ལ་སོགས་པའི་དབུ་རྒྱན་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། ཨུཏྤལ་དང༌། དར་དབྱངས་དང་དོ་ཤལ་ལ་སོགས་པས་ལུས་བརྒྱན་ལ། གོས་དཀར་པོ་གྱོན་ལ་མེ་ཏོག་གི་ཕྲེང་བས་མགོ་ལ་བརྒྱན་ཅིང༌། འོ་མ་ལ་སོགས་པས་ཁ་བཀང་ལ་ཅི་ནས་ཀྱང་ཤིན་ཏུ་མཛེས་པ་ཡིད་དུ་འོང་བར་བྱས་ནས་རྡོ་རྗེ་འཛིན་མས་འཇུག་པར་བྱས་ཏེ། དེ་ནས་རྡོ་རྗེ་འཛིན་མ་ནི་རྣམ་པ་གཉིས་སོ། །གཅིག་ནི་བདག་ཉིད་ཀྱི་འོག་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿ་ལས་ཨུཏྤལ།། དེ་དག་གྱུར་པ་ལས་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་དགྱེས་ཤིང་དབང་དུ་བྱེད་པ། ལས་ཐམས་ཅད་ཀྱི་རྡོ་རྗེ་འཛིན་མ་ཞེས་བྱ་བའི་ལྷ་མོ་སྐུ་མདོག་དཀར་མོ་ཤིན་ཏུ་མཛེས་པ་ཅིག་ཏུ་བསམ་མོ། །གཅིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་ཕྱག་རྒྱ་ལག་པ་གཉིས་པདྨ་ལྟར་བྱས་ལ་མཐེའུ་ཆུང་གཉིས་ནང་དུ་བཀུག་མཐེ་བོང་གཉིས་བརྐྱང་སྟེ་མཛུབ་མོ་གཉིས་ཀྱི་རིན་ཆེན་ དང་སྲིན་ལག་གཉིས་པདྨའི་ཚུལ ་དུ་བྱས་ལ་གུང་མོ་གཉིས་ངོས་སྦྱར་ཏེ་བསྒྲེང་ལ་དེའི་རྩེ་མོ་ལ་མེ་ཏོག་གི་ཕྲེང་བ་བཀལ་ཏེ། ཤར་གྱི་སྒོར་འདུག་པར་བྱ་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་རྣལ་འབྱོར་གྱི་དང་པོར་ནི་ཆོས་ཐམས་ཅད་བདག་མེད་པར་སྒོམ་པ་སྟེ། དེ་ཡིས་རྣམ་པར་དག་པ་ལས་ཁྲུས་དང་རྒྱན་ལ་སོགས་པ་ནི་དགོས་པ་མེད་དོ་ཞེ་ན་དེ་ནི་མ་ཡིན་ཏེ། བདེ་བར་གཤེགས་པས་འདི་ཉིད་ཡང་གསུངས་པ། ཅི་ནས་ཀྱང་ཡིད་དུ་འོང་ཞིང་མཛེས་པ་རྣམས་ཀྱིས་བདེ་བར་གཤེགས་པ་ལ་མཆོད་པ་དང་དེ་དག་གི་སྤྱན་སྔར་མི་མཛེས་པ་སྤང་བའི་ཕྱིར་དང༌། དེ་བཞིན་དུ་འདུལ་བའི་མདོ་རྣམས་སུ་འང་བཅོམ་ལྡན་འདས་ཀྱིས་ཉེ་བ་འཁོར་ལ་བཀའ་སྩལ་པ། ཉེ་བ་འཁོར་དགེ་སློང་རྣམས་ཀྱིས་ནང་བར་སྔར་ལངས་ལ་གདོང་དང་སོའི་དྲི་མ་དག་པར་བཀྲུས་ལ་བླ་གོས་ དང་སྣམ་སྦྱར་ཚུལ་བཞིན་དུ་བགོས་ཏེ། ལུས་དང ་ངག་དང་ཡིད་ཀྱི་སྤྱོད་པ་ཀུན་ནས་བསྡམས་ཤིང་མཛེས་པ་ཉིད་ཀྱིས་སྟོན་པ་དང་བླ་མ་དག་ལ་ཕྱག་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་གང་དག་འདི་སྐད་དུ་མཆོད་པའི་སྐབས་སུ་ནི་བསོད་ནམས་ཀྱི་ཚོགས་སོགས་སྤ་ཡིན་པས་བདག་ཉིད་ཐ་མལ་པའི་གནས་སྐབས་ཉིད་ཀྱི་མཆོད་པར་བྱ་བ་ཡིན་ཞིང༌། ལྷའི་སྐུར་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་སོགས་པ་ཡིན་པས་ན། ལྷ་མོའི་སྐུར་བསམ་པ་ནི་འབྲེལ་བ་མེད་དོ་ཞེ་ན། དེ་ནི་འདི་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཆེན་པོ་ལས། རྣལ་འབྱོར་རྣམ་པ་གསུམ་ཡིན་ཏེ། །ཡིད་མཛེས་པ་ཡི་རྣལ་འབྱོར་འང༌། །འཇིགས་པ་ཡི་ནི་གཟུགས་ཅན་དང༌། སྣ་ཚོགས་པ་ནི་ལྷ་ཡི་སྐུ། །ལས་རྣམས་མ་ལུས་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཁྱད་པར་ཡིད་དུ་འོང་བས་བྱ་བ་དང༌། དབང་དུ་བྱ་བའི་ལས་ཀྱི་ལྷ་མོའི་གཟུགས་སུ་བྱ་བ་
ཁོ་ནའོ། །དེ་བས་ན་ལྷ་མོའི་ཚུལ་དུ་གནས་པ་ལས་སེམས་ཅན་རྣམས་ཀྱི་དོན་དུ་སེམས་བསྐྱེད་ལ་ཆོས་ཐམས་ཅད་བདག་མེད་བར་བསམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དྲི་མ་དང་བྲལ་བ་སྟོང་པ་ཉིད་དུ་བསམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷ་རྨཱཿ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་གོང་དུ་སྨོས་པའི་རྣལ་འབྱོར་དང༌། སྔགས་ཀྱིས་བགེགས་བསྐྲད་པར་བྱ་བ་དང༌། རྡོ་རྗེའི་ས་གཞི་ལ་སོགས་པའམ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྔགས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་མཚམས་གཅད་པར་བྱའོ། །དེ་ནས་བདག་ཉིད་ཁྲོ་བོ་སྟོབས་པོ་ཆེར་བསྐྱེད་ལ་གནས་དང་བདག་ཉིད་དང་མཆོད་པའི་རྫས་རྣམས་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་རཀྵ་རཀྵཿ་སྭཱ་ཧཱ། ཞེས་བྱ་བས་བསྲུང་བར་བྱ་སྟེ། དེ་ཡང་རྡོ་རྗེ་ཐོད་ཀྱི་རྒྱུད་ལས། དང་པོར་ཡུངས་ཀར་དྲི་ཆུ་ཡིས། །གནས་དང་བདག་ཉིད་རྣལ་འབྱོར་བསྲུང༌། །ཞེས་གསུངས་སོ། །དེ་ནས་མགྲིན་པའི་ནང་དུ་ཧྲཱིཿ་བསམས་ཏེ། དེ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་ཅིག་ཏུ་བསམ་མོ། །དེ་ནས་པདྨའི་ནང་དུ་ལྕེ་ལ་ཡི་གེ་ཧཱུཾ་བསམས་ཏེ། དེ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པ་ཅིག་བསམ་པར་བྱ་བ་དང༌། ལག་པ་གཉིས་སུ་ཨ་དང་མ་ལས་ཉི་མ་དང་ཟླ་བ་བསམས་ཏེ། དེ་དག་གི་སྟེང་དུ་ཡང་ཧཱུཾ་བསམས་ལ། དེ་གྱུར་བ་ལས་ལག་པ་གཉིས་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསྒོམ་པར་བྱའོ། དེ་ནས་བདག་གིས་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྡིག་པ་བཤགས་པ་དང༌། སྔོམ་པ་གཟུང་བ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསོད་ནམས་ཡོངས་སུ་བསྔོ་བ་དང༌། བྱམས་པ་ལ་སོགས་པ་ཚང་མེད་པ་བཞི་བསྒོམ་པ་དང༌། སེམས་ཅན་ཐམས་ཅད་ལམ་ལ་གནས་པར་བྱ་བ་ལ་སོགས་པ་བྱས་ཏེ། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཧཱུཾ་བསམས་ཏེ། དེ་ལས་འོད་ཟེར་ཁ་དོག་རྣམ་པ་ལྔ་ནམ་མཁའི་ཕྱོགས་སུ་འཕྲོས་པ་ལས། དེ་བཞིན་གཤེགས་པའི་གཙོ་བོ་དང་འཁོར་དུ་
བཅས་པ་རྣམས་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་ཕྱག་བྱས་ལ་དང་པོའི་ཕྱག་རྒྱ་བཅས་ལ་བླ་ན་མེད་པའི་སེམས་བསྐྱེད་པར་བྱའོ། །ཕྱག་རྒྱ་སྔགས་དང་བདག་ལྡན་ཞིང༌། །ལྕགས་ཀྱུ་ལ་སོགས་རྣལ་འབྱོར་གྱིས། །ཞེས་པ་ལ་སོགས་པ་ནི་འདི་ལྟར་ཤར་ཕྱོགས་ཀྱི་ཁྲོ་མོ་བསྐྱེད་ལ། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་འདུད་དེ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཀུག་སྟེ། ཛཿ་ཞེས་བརྗོད་པས། བདེ་བར་གཤེགས་པ་རྣམས་དགུག་པར་བྱ་བ་དང༌། དེ་བཞིན་དུ་ལྷོ་ཕྱོགས་ལ་སོགས་པའི་ཁྲོ་མོར་བསྐྱེད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བསྡམས་པ་ལས་ལག་པ་གཡོན་པའི་མཐེབ་མོ་དང་མཛུབ་མོ་རྩེ་སྦྲད་དེ་དེའི་ནང་དུ་གཡས་པའི་མཐེ་བོ་བཅུག་ལ་མཛུབ་མོ་ཞགས་པ་ལྟར་བརྐྱང་བ་ལ་ཧཱུཾ་ཞེས་བརྗོད་ནས་གཞུག་པར་བྱ་བ་ དང༌། དེ་ཉིད་ལས་ལྕགས་སྒྲོག་གི་ཚུལ ་དུ་མཐེབ་མཛུབ་བཞི་རྩེ་སྤྲད་ལ་བཾ་ཞེས་བརྗོད་ནས་བརྟན་པར་བཅིང་བ་དང༌། མཐེ་བོང་གཉིས་ནང་དུ་བཀུག་ལ་མཛུབ་མོ་གཉིས་གྲུ་བཞི་པར་བྱས་པས་ལན་གསུམ་གྱི་བར་དུ་བསྐོར་ཞིང་ཧོཿ་ཞེས་བརྗོད་པ་ནི་དགྱེས་པར་བྱ་བ་ཉིད་དོ། །དེ་ནས་རྟགས་བྱུང་དགྱེས་ནས་ནི། །དབུས་མཐའ་མེད་པར་མངོན་སུམ་བལྟ། །ཨརྒ་ལ་སོགས་ལྷ་རྫས་དང༌། །དབྱངས་སྙན་པ་ཡིས་བསྟོད་པ་དང༌། །མཆོག་གི་དམ་པ་རྣམས་ཀྱིས་མཆོད། །ཅེས་གསུངས་པ་ནི་འདོད་པའི་ཡོན་ཏན་ལྔ་མཆོག་ཏུ་གྱུར་པས་ཡོངས་སུ་མཆོད་པར་གསུངས་པ་སྟེ། དེ་ལ་རྟགས་ནི་འདིར་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། ནང་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཁྱད་པར་ཅན་དུ་གྱུར་པ་དང་ཕྱི་རོལ་དུ་འབྱུང་བའི་ངོ་བོ་ཁྱད་པར་ཅན་དུ་གྱུར་པ་དང༌། དེ་ཉིད་ཀྱི་གཟུགས་རྣམས་གཡོ་བར་གྱུར་བའོ། །དེ་ལ་རྟགས་དེ་དག་ཉིད་ཀྱིས་བདེ་བར་གཤེགས་པ་དགྱེས་པར་བྱ་སྟེ། དབུས་མཐའ་མེད་པར་མངོན་སུམ་ལྟ་བ་ནི་དཀྱིལ་འཁོར་སྟེ་དེ་ཉིད་དུ་བལྟ་བའོ། །དེ་ནས་དེར་བྱོན་པ་དང༌། གོང་དུ་སྨོས་པའི་ ཚུལ་གྱིས་དང ་པོར་མེ་ཏོག་དབུལ་བ་དང༌།
དེ་ནས་ཨརྒྷས་ཞབས་བསིལ་བ་དང༌། དེ་ནས་ཕྱག་བྱ་བ་དང༌། དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ ཚུལ་གྱིས་བདུག་པ་དང ་སྣང་བ་དང༌། ཞལ་ཟས་དང་དྲི་དང་ན་བཟའ་རྣམས་ཀྱིས་མཆོད་པར་བྱའོ། །མཆོག་གི་དམ་པ་རྣམས་ཀྱིས་མཆོད།། ཅེས་པ་ནི་དམིགས་པ་མེད་པའི་མཆོད་པ་གསུངས་པ། དེ་ལ་དམིགས་པ་མེད་པ་ཐུན་མོང་གི་མཆོད་པ་ནི་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་རཾ་དམར་སེར་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་པ་སྔོན་པོ་འབར་བ་ཅིག་བསམས་ལ། དེ་ལས་བྱུང་བའི་མཆོད་པ་རྟ་དང་གླང་པོ་དང༌། སྐྱེས་པ་དང༌། བུད་མེད་དང༌། རལ་གྲི་དང༌། འཁོར་ལོ་དང༌། མེ་ལོང་དང༌། རོལ་མོ་དང༌། རྔ་དང༌། ཅང་ཏེའུ་དང༌། པི་ཝང་དང༌། བདུད་རྩི་ལ་སོགས་པ་ལྷ་དང་མི་རྣམས་ཀྱི་མཆོད་པའི་མཆོག་ཏུ་གྱུར་པ་དཔག་ཏུ་མེད་པས་མཆོད་པར་བྱ་བ་ཉིད་དོ། །དེ་ལ་དམ་བ་ཞེས་བྱ་བའི་སྒྲས་ནི་དམིགས་པ་མེད་པ་ཁྱད་པར་གྱི་མཆོད་པ་གསུངས་ཏེ། དེ་ལ་འདིར་ངན་སོང་སྦྱོང་བའི་ཐུགས་ཀ་ནས་སངས་རྒྱས་སྤྱན་ཕྱུང་སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཕུལ་ནས་བདེ་བ་དམ་པའི་རོས་རྒྱས་པར་མཆོད་པ་དང༌། དེ་ནས་སླར་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་སངས་རྒྱས་སྤྱན་ངན་སོང་སྦྱོང་བའི་ཐུགས་ཀར་ཕུལ་བ་དང༌། དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རིན་པོ་ཆེ་ཏོག་དང༌། ཤཱཀྱ་ཐུབ་པ་དང༌། མེ་ཏོག་ཆེར་རྒྱས་རྣམས་ལ་གོས་དཀར་མོ་ལ་སོགས་པས་བདེ་བ་དམ་པའི་མཆོད་པས་རྒྱས་པར་བྱ་བ་དང༌། ཡང་རིམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་སྤྱན་དང་སྒེག་མོ་དང༌། སྤོས་མ་དང༌། ལྕགས་ཀྱུ་མ་བཞིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤར་ཕྱོགས་ཀྱི་སེམས་དཔའ་བཞི་ལ་མཆོད་པ་དང༌། དེ་བཞིན་དུ་ལྷོའི་ལྷ་མོ་བཞིས་རྡོ་རྗེ་རིན་ཆེན་ལ་སོགས་པ་ལ་མཆོད་པ་དང༌། ནུབ་ཀྱི་སེམས་མ་བཞིས་རྡོ་རྗེ་ཆོས་ལ་སོགས་པ་ལ་མཆོད་པ་དང༌། བྱང་གི་སེམས་མ་བཞིས་རྡོ་རྗེ་ལས་ལ་སོགས་པ་ལ་མཆོད་པ་བྱ་བ་དང༌། རང་རང་གི་ཕྱག་རྒྱ་ཆེན་
པའི་གཟུགས་ཀྱིས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་ཀྱི་ཕྱག་རྒྱས་སྙིང་པོ་དབུལ་བར་བྱ་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ། །ལྷ་མོ་རྣམས་ཀྱིས་བདེ་བ་དམ་པའི་མཆོད་པ་འབུལ་བ་ནི་རྣལ་འབྱོར་བླ་མ་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཡིན་ཏེ། འདིར་ནི་དེ་དག་འབྲེལ་པ་མེད་དོ་ཞེ་ན། དེ་ནི་བདེ་བར་གཤེགས་པའི་བཀས་རྨོངས་པར་གྱུར་པ་ཡིན་ཏེ་འདི་ལྟར་འབྲེལ་པ་ཉིད་ཅིའི་ཕྱིར་འབྲེལ་པ་མེད་དེ་བཞིན་གཤེགས་པ་ལ་ཕྱི་དང་ནང་དང༌། རུང་བ་དང་མི་རུང་བ་ཞིག་མངའ་འམ། འོན་ཏེ་རྣལ་འབྱོར་གྱི་རྒྱུད་འདི་ཉིད་དུ་བཅོམ་ལྡན་འདས་ཀྱིས་རུང་བ་མ་ཡིན་གསུངས་སམ། འོན་ཏེ་བླ་ན་མེད་པའི་རྒྱུད་གཞན་ནས་འདིར་འགོག་གམ། དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་སྐུ་གཅིག་པའི་རང་བཞིན་དང༌། གསུང་གཅིག་པ་དང༌། ཐུགས་གཅིག་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་གཅིག་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་འདོད་པའི་ཡོན་ཏན་ལྔས་མཆོད་ཀྱང་དེ་དག་གིས་ལོངས་སྤྱོད་པའམ། རོ་ཉམས་སུ་མྱོང་བ་ལ་སོགས་པ་མི་མངའ་ཡང་བདག་ཉིད་ཀྱི་བསོད་ནམས་བསགས་པའི་ཕྱིར་དང༌། སེམས་ཅན་མཐའ་དག་བསྒྲལ་བའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ཀྱི་ཚུལ་གྱིས་ཡོངས་སུ་མཆོད་པར་བྱ་བ་ཉིད་དེ། དེ་ཡང་སངས་རྒྱས་རོལ་པའི་རྒྱུད་རྣལ་འབྱོར་སྤྱིའི་རྒྱུད་ལས་ཀྱང༌། རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས། །འདོད་ཡོན་ལྔ་ཡི་མཆོད་པ་དག ། འགྲོ་བའི་དོན་ལ་རབ་སྦྱར་ནས། །རང་ཉིད་ཀྱིས་ནི་དགྱེས་པ་མཛད། །ཅེས་གསུངས་པའི་ཕྱིར་རོ། །དབྱངས་སྙན་པ་ཡིས་བསྟོད་བ་དང༌། །ཞེས་པ་ནི་འདི་ལྟར་རྡོ་རྗེ་སྙིང་གར་བསྒྲེང་སྟེ། དྲིལ་བུ་གནས་གསུམ་དུ་དཀྲོལ་བས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་ནི་ངག་ཤིན་ཏུ་རིང་བ་དང་སྙན་པས་རྡོ་རྗེ་གླུ་དང་བསྟོད་པ་བྱ་བ་ཉིད་དེ། རང་བཞིན་འོད་གསལ་རྣམ་དག་ཀྱང༌། །བདེ་ཆེན་སངས་རྒྱས་ཆེན་པོས་ནི། །འགྲོ་ཀུན་ཚུལ་བཞིན་སྒྲོལ་མཛད་པ། །རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །ཅེས་པ་ལ་སོགས་པས་
བསྟོད་པ་ཉིད་དང༌། རྡོ་རྗེ་སྒེག་མོ་ལ་སོགས་པའི་རྡོ་རྗེའི་གླུ་བླང་བ་ནི་མཆོད་པ་ཐམས་ཅད་ཀྱི་མཚམས་སུ་བླང་བར་བྱ་སྟེ། དེ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྡུས་པས་ནི། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་ཀུན་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པའོ། །དེ་ལ་མཆོད་པའི་སྔགས་དང་ཕྱག་རྒྱ་དང་བསྟོད་པའི་ཚིག་ལ་སོགས་པ་ནི་ཚིག་མང་བའི་སྐྱོན་དུ་འགྱུར་གྱིས་དོགས་ནས་འདིར་མ་སྨོས་ཏེ། དཀྱིལ་འཁོར་གྱི་ཆོ་གར་བལྟ་བར་བྱའོ། །དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་པས་གདུངས་པ་དང༌། །ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་གསུངས་པ་ནི་འདིར་སྙིང་རྗེ་བསྐྱེད་པའི་ལྷ་རྣམས་ལ་གཏོར་མ་སྦྱིན་པར་གསུངས་ཏེ། དེ་ལ་གཏོར་མ་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་བསམ། དེའི་སྟེང་དུ་ཏྲཾ་ལས་རིན་པོ་ཆེའི་སྣོད་རྒྱ་ཆེ་བ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་བསམ་མོ། །དེ་ནས་དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་བསམས་ཏེ། དེའི་ལྟེ་བ་ལ་ཧཱུཾ་བསམས་ལ། དེ་ནས་རྡོ་རྗེ་དང་ལས་ཀྱི་མེ་འབར་བས་རྫས་ཐམས་ཅད་ལྷའི་བདུད་རྩི་དཀར་ཞིང་འཚེར་བར་གྱུར་པ་དང༌། རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་ལས་འོད་ཟེར་ནམ་མཁའི་ཕྱོགས་སུ་སྤྲོས་པ་ལ་ཡེ་ཤེས་ཀྱི་བདུད་རྩི་བླངས་ཏེ། རྡོ་རྗེ་དང་ལྷན་ཅིག་ཞུ་བར་གྱུར་པ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བ་དང༌། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེ་ནས་རང་གི་སྙིང་གིས་ས་བོན་ལས་འོད་འཕྲོས་པས་གང་ལ་དམིགས་པའི་མགྲོན་ཐམས་ཅད་བཀུག་སྟེ། ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་པ་ལས་དེ་དག་གི་རྐན་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། ལྕེ་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེ་རྩེ་གསུམ་པ་བསམས་ཏེ། དེའི་རྩའི་བུ་ག་དག་གིས་བདུད་རྩི་ལ་ཟུག་པས་འཐུངས་པར་བསམས་ནས་སྔགས་དང་ཚིགས་
སུ་བཅད་པ་རྣམས་བཏོན་ཏེ་གཏང་པར་བྱའོ། །དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་པར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །དེ་ནས་བྱིན་བརླབ་བྱང་ཆུབ་སྨོན་ལམ་གདབ། །ཟབ་ཅིང་རྒྱ་ཆེ་དམ་པའི་ཆོས་བསྒྲགས་ལ། །བསྲུང་བ་བྱས་ནས་བརྟུལ་ཞུགས་སྔོམ་གནས་པ། །རབ་ཞི་ཁ་ནས་སྔགས་བརྗོད་གཞུག་པར་བྱ། །དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལག་གཉིས་བྱ། །མེ་ཏོག་རིན་ཆེན་ལ་སོགས་དེ་བརྒྱན་ལ། །གཡོན་གྱི་ལག་པ་བཀང་སྟེ་གཞུག་པར་བྱ། །ཞེས་གསུངས་པ་ནི། འདིར་སློབ་མ་དབང་བསྐུར་བ་གསུངས་ཏེ། དེ་ལ་འདི་ནི་འདས་པ་དང་ད་ལྟར་བ་གཉི་ག་ལ་ཐུན་མོང་བྱ་བ་ཉིད་དོ། །དེ་ལ་དང་པོ་བློ་དང་ལྡན་པ་རྣམས་ཀྱིས་བདེ་བར་གཤེགས་པ་རྣམས་ལ་གསོལ་བ་གདབ་པ་དང༌། རང་ཉིད་བདེ་བར་གཤེགས་པ་རྣམས་ལས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་མནོས་ཏེ། ཡང་དག་པར་གནང་བ་བླང་བར་བྱའོ། །དེ་ནས་གནང་བ་ལེགས་པར་བྱིན་པ་དང༌། སྙིང་ག་དང་དཔྲལ་བ་དང་ལྐོག་མ་གསུམ་དུ་ཟླ་བ་ལ་གནས་པའི་ཡི་གེ་འབྲུ་གསུམ་ལས་སྐུ་གསུམ་དུ་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནུས་པ་དང་ལྡན་པ་ལས་སློབ་མ་དབང་བསྐུར་བར་བྱ་བ་ནི། རང་ལྷར་གསལ་ལ་སློབ་མ་རྣམས་རྣམ་པར་སྣང་མཛད་དུ་བསམས་ཏེ། ལས་ཐམས་ཅད་ལ་བྱ་བ་ཉིད་དོ། །དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པ་ནི་བླ་ན་མེད་པ་ཐར་པ་ཆེན་པོའི་གྲོང་ཁྱེར་ཡིན་པའི་ཕྱིར་གནས་ཞེས་བྱ་སྟེ། དེར་སློབ་མ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨིན་བར་བྱ་བ་ཉིད་དོ། །འགྲོ་ལ་ཕན་ཕྱིར་མྱུར་དུ་
བྱང་ཆུབ་པར། །དེ་དག་བྱང་ཆུབ་སེམས་མཆོག་བསྐྱེད་དུ་གཞུག །ཅེས་པ་ནི་དང་པོར་སྡིག་པ་བཤགས་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པ་དང༌། རྡོ་རྗེ་ཐེག་པ་ལ་ཁས་ཡང་དག་པར་འཆེས་སུ་གཞུག་པར་བྱ་སྟེ། དེ་དག་གི་ཚིག་རྒྱས་པ་ནི་དབང་གི་རིམ་པར་བལྟ་བར་བྱའོ། །དེ་ནས་བྱིན་བརླབ་བྱང་ཆུབ་སྨོན་ལམ་གདབ། །ཟབ་ཅིང་རྒྱ་ཆེ་དམ་པའི་ཆོས་བསྒྲགས་ལ། །ཞེས་པ་ནི་བྱིན་གྱིས་བརླབ་པ་ནི་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབ་པར་འབྲེལ་ཏོ། །དམ་པའི་ཆོས་བསྒྲགས་པ་ནི། དེང་ནས་ཁྱོད་ནི་བདེར་གཤེགས་ཀྱི། །ཀུན་གྱི་རིགས་སུ་ཞུགས་པས་ན། །ངས་ནི་ཁྱོད་ཀྱི་ཡེ་ཤེས་བསྐྱེད། །ཡེ་ཤེས་དེ་ཡི་སྟོབས་དག་གིས། །སངས་རྒྱས་ཀུན་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་པ་ལ་སོགས་པའི་ཚིག་བསྒྲག་པར་བྱ་བ་ཉིད་དེ། དེ་ཡང་འདིར་ཚེ་འདས་པའི་གང་ཟག་རྣམས་ལ་ནི་གདོན་མི་ཟ་བར་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་དེའི་རྣམ་པར་ཤེས་བ་བཀུག་སྟེ་ཚིག་རྣམས་དང༌། ཡང་ནམ་དང་ཕ་ལ་སོགས་པས་བརྗོད་པར་བྱའོ། །བསྲུང་བ་བྱས་ནས་བརྟུལ་ཞུགས་སྔོམ་གནས་པ། །རང་བཞིན་ཁ་ནས་སྔགས་བརྗོད་གཞུག་པར་བྱ། །ཞེས་པ་ནི་བསྙེན་པའི་སྐབས་སུ་བགེགས་མཐར་བྱེད་ཀྱིས་བཟླས་པའི་བུམ་པ་ནས་ཆུ་བླངས་ཏེ། ཨོཾ་བཛྲ་ཀྲོདྷ་སརྦ་བིགྷཱ་ན་ཧ་ན་ཧ་ན་ཧཱུཾ་ཕཊ། རཀྵ་རཀྵཿསྭཱ་ཧཱ། ཞེས་པས་ཆུ་གཏོར་བར་བྱ་བ་དང༌། ཨོཾ་བཛྲ་བྲ་བེ་ཤ་ཧཱུཾ་ཞེས་པའི་སྔགས་བརྗོད་པས་འདིར་ཞུགས་ཤིག་ཅེས་བརྗོད་ནས་གཞུག་པར་བྱའོ། །དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི། །ཞེས་པ་ནི་དེའི་སྔ་རོལ་དུ་མིག་གཡོགས་པར་བྱ་བའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱར་ལག་གཉི་བྱ། །ཞེས་པ་ནི་སློབ་མ་དེ་གོང་དུ་སྨོས་པའི་ཕྱག་རྒྱར་བྱས་པའོ། །མེ་ཏོག་རིན་ཆེན་ལ་སོགས་དེ་བརྒྱན་ལ། །ཞེས་པ་ནི་ཕྱག་རྒྱ་དེའི་རྩེ་མོ་ལ་མེ་ཏོག་གི་ཕྲེང་བའམ། རིན་པོ་ཆེའི་ཕྲེང་བས་བརྒྱན་
ཏེ། དེ་ཡང་སློབ་མའི་བྱེ་བྲག་རྒྱལ་པོ་ལ་སོགས་པ་དང་སྦྱར་བར་བྱ་བ་ཉིད་དོ། །གཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། །ཞེས་པ་ནི་གསེར་ལ་སོགས་པའི་ཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ་བ་ཉིད་དོ། །དེ་ལ་སྔགས་ནི་འདི་རྣམས་ཡིན་ནོ། །ཨོཾ་བཛྲ་ཨདྷི་ཏིཥྛ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་པྲ་བེ་ཤ་ཧཱུཾ། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབ་པ་དང༌། སྙིང་གར་རྡོ་རྗེ་གཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གོ །ཞེས་པ་ལ་སོགས་པའི་ཚིག་བརྗོད་ཅིང༌། སྔགས་གཉིས་པ་བཟླས་པར་བྱའོ། །གསུམ་པ་ནི་གཞུག་པའི་སྔགས་སོ། །བཞི་པ་ནི་མནའ་བསྒག་པའི་སྔགས་ཏེ་འདི་ལྟར། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཅེས་བརྗོད་ནས་དྲི་ཆུ་བླུད་པའི་སྔགས་སོ། །དེ་ནས་སྔགས་འདིས་མེ་ཏོག་ལ་སོགས་པ་དོར་བར་བྱའོ། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་ཏི་གྲྀཧྣ་ཧཱུཾ། ཨོཾ་བཛྲ་པྲ་ཏིཙྪ་བཛྲ་ས་མ་ཡ་ཧཱུཾ་སྭཾ། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་བབ་པ་རིགས་ཀྱི་ལྷ།། ངེས་པའི་རིགས་ཏེ་བསྒྲུབས་ན་ནི། །དངོས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་པ་ནི་ཕྲ་དབབ་པའི་ཆོ་ག་གསུངས་པ་སྟེ། དེ་ལ་གོང་མའི་ཚིག་དང་སྔགས་ཇི་ལྟ་བ་བཞིན་དུ་བརྗོད་དེ། མེ་ཏོག་གཟུང་བ་དང་དོར་བར་བྱའོ། །དེ་ལས་དངོས་གྲུབ་མཚོན་བར་བྱ་སྟེ་དེ་ལ་སངས་རྒྱས་རྣམས་ཀྱི་སྤྱན་དང་ཞལ་དུ་ཕོག་པ་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །མཆོག་གི་ཡན་ལག་ནི་མཆོག་ཏུ་འགྱུར་རོ། །དེ་ནས་ལྷ་དེ་དག་གི་བར་དུ་སོང་ན་ཡང་འདོར་དུ་གཞུག་གོ །ཡང་དེར་ལྷུང་ན་གང་དུ་ཉེ་བའི་རིགས་སུ་བསྡུ་བར་
བྱའོ། །རྡོ་རྗེར་བའི་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་བས་ལན་གསུམ་གྱི་བར་དུ་བོར་བ་ལས་ཤེས་པར་བྱའོ། །དེ་ནས་ཨོཾ་བཛྲ་པ་ཤོད་གྷ་ཊ་ཡ་ཧཱུཾ་ཞེས་པས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་འདིས་གསལ་བར་བསྟན་པར་བྱའོ། །ཨོཾ་བཛྲ་པཱ་ཤ་ཧོཿ། དེ་ནས་གཙོ་བོ་ནས་སྒོ་སྲུང་གི་བར་དུ་ལྷ་རྣམས་ཀྱི་མཚན་དང་ཕོ་བྲང་བསྟན་པར་བྱ་སྟེ། གང་དུ་བབ་པའི་ལྷ་ལ་ཁྱོད་ཀྱི་ཡི་དམ་གྱི་ལྷ་འདི་ཞེས་བྱ་བ་ཡིན་པར་ཐེ་ཚོམ་མི་ཟ་བར་བསྒྲུབ་པར་བྱའོ་ཞེས་བསྒོ་བར་བྱའོ། །དེ་ནས་སྔགས་ལ་མཁས་པ་ཡིས། །སྔགས་འདིས་དམ་ཚིག་སྦྱིན་པར་བྱ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་བྲ་བེ་ཤ་ཧྲྀ་ད་ཏིཥྛ་ཧཱུཾ། དེ་ནས་འདིས་དམ་ཚིག་བསྒྲག་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ནས་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག །རྡོ་རྗེ་སེམས་དཔའ་ཉིད་ཀྱང་ནི། །དེང་ནས་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་དམ་ཚིག་འདས་གྱུར་ན། །དེ་མ་ཐག་ཏུ་བཀས་ནས་གཤེག །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྔོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་པ་ལ་སོགས་པ་ནི་མིག་མ་ཕྱེ་བའི་སྔ་རོལ་དུ་བྱ་བའི་ཆོ་ག་སྟེ། མནའ་བསྒག་པ་དང་དམ་ཚིག་བསྒྲག་པའི་ཚིག་དང་སྔགས་ཏེ། དེ་ལ་བཤད་དུ་མེད་པས་འདིར་མ་བཤད་དོ། །ཁྱོད་ཀྱིས་སྲོག་ཆགས་གསང་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པར་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ཏེ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང༌། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་དེ་བཞིན་
ནོ། །སྡིག་ལ་སོགས་པ་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་སོམ་ཉི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོ་དེ་བཞིན་ནོ། །ཞེས་པ་ལ་སོགས་པ་ནི་འདིར་སྔོམ་པ་དབོག་པར་གསུངས་པ་སྟེ། དེ་ཉིད་སྐབས་འདིར་དམ་ཚིག་ཅེས་བྱའོ། །དེ་ལ་ཅིའི་ཕྱིར་དམ་ཚིག་ཅེས་བྱ་ཞེ་ན། དུས་ཐམས་ཅད་དུ་བདག་གིས་དེ་ལས་ཡང་དག་པར་མི་འདའ་བར་དམ་བཅས་པའི་ཕྱིར་ཏེ། ངོ་བོ་མི་སྔོམ་པའོ། །ཁྱོད་ཀྱིས་སྲོག་ཆགས་གསང་མི་བྱ། །ཞེས་པ་ལ་སོགས་པའི་ཚིག་བཞི་ནི་རྩ་བའི་དམ་ཚིག་ཅེས་བྱ་སྟེ། དུས་ཐམས་ཅད་དུ་ཡང་དག་པར་བསྲུང་བར་བྱ་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ལ་གེགས་བྱེད་པ་དང༌། སྡུག་བསྔལ་ཆེན་པོའི་རྒྱུར་འགྱུར་བའི་ཕྱིར་ཡོངས་སུ་བསྡམས་པའོ། །དེ་ལ་འདོད་ལོག་ཅེས་པའི་སྒྲས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་གནས་པའི་དགེ་སློང་ལས། ཁྱིམ་བའི་བྱང་ཆུབ་སེམས་དཔའ་དམིགས་ཀྱིས་བཀར་བ་སྟེ། མི་ཚངས་བར་སྤྱོད་པས་ནི་ཐར་པའི་ལམ་མི་འགེགས་ལ་འདོད་པ་ལོག་པར་སྤྱོད་པས་ནི་འགེགས་ཞེས་གསུང་ངོ༌། །དེ་ལ་ཅིའི་ཕྱིར་མི་ཚངས་པར་སྤྱོད་པས་ནི་མི་འགེགས་ཞེ་ན། དེ་ནི་ཀུན་ནས་ཆགས་པའི་བསམ་པ་སྤངས་ཤིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པའི་ཕྱིར། དེ་བཞིན་གཤེགས་པས་ཀྱང་ཁྱིམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པའི་འབྲས་བུ་ཐོབ་པར་གསུངས་པའི་ཕྱིར་རོ། །འདོད་པ་ལོག་པར་སྤྱོད་པ་ནི་འདིར་བདག་ཉིད་ཀྱིས་རེག་བྱའི་བདེ་བ་འབའ་ཞིག་ལ་ཆགས་པས་འཇིག་རྟེན་འདིའི་འབྲས་བུ་བསྒྲུབ་པའི་ཕྱིར་འདིར་བཀག་པ་ཉིད་དོ། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི།།
ནམ་ཡང་བྱ་བ་མ་ཡིན་ཏེ། །ཞེས་པ་ནི་ཡན་ལག་གི་དམ་ཚིག་ཡིད་ཀྱིས་བསྡམ་པར་བྱ་བ་ཞེས་བྱ་བ་སྟེ། དེ་ལ་ཆང་ནི་བདེ་བར་གཤེགས་པའི་བཀའ་མཐའ་དག་ལས་བཀག་པས་ན་བག་མེད་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་བཏུང་བར་བྱ་བ་མ་ཡིན་པའོ། །ཤ་ལ་སོགས་པ་ཞེས་པ་ནི་ཤ་དང་སྒོག་པ་དང༌། ཀེའུ་དང༌། མ་ད་ནའི་ཁུ་བ་ལ་སོགས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའི་སྔོམ་པ་ལ་གནས་པ་རྣམས་ཀྱིས་སྙིང་རྗེ་ཤས་ཆུང་བར་འགྱུར་བའི་ཕྱིར་དང༌། བདེ་བར་གཤེགས་པའི་སྤྱན་སྔར་དྲིང་བ་དང༌། མི་མཛེས་བ་སྤང་བའི་ཕྱིར་དང༌། བག་མེད་པ་སྤང་བའི་ཕྱིར་ཏེ། བདག་མེད་པ་ལ་གནས་པའི་གང་ཟག་ལ་ནི་མ་ཡིན་ནོ། །སེམས་ཅན་གནོད་པའི་སྦྱོར་བ་རྣམས། །ཞེས་པ་ནི་ལུས་ཀྱི་སྒོ་ནས་མཚོན་བརྩམས་པ་དང༌། རྡོ་དང་དབྱུག་པ་ལ་སོགས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་ལུས་ལ་གནོད་པར་འགྱུར་བར་མི་བྱ་བ་དང༌། ངག་གི་སྒོ་ནས་གཞན་ལ་གནོད་པར་འགྱུར་བའི་ཚིག་དག་སྨྲ་བར་མི་བྱ་བ་དང༌། ཡིད་ཀྱི་སྒོ་ནས་བསམ་པ་ངན་པ་དང་གནོད་པར་འགྱུར་བ་ལ་རྗེས་སུ་ཡི་རང་བར་མི་བྱ་བ་ཉིད་དེ། དེ་དག་ལས་རྩ་བའི་བཞི་ནི་རང་གི་སྲོག་ལ་བབ་ཀྱང་མི་གཏང་བར་བྱ་སྟེ། བདག་གི་སྲོག་གཅོད་པ་ནི། །སྡུག་བསྔལ་ཅུང་ཟད་ཅིག་ཡིན་ལ། །རྩ་བའི་དམ་ཚིག་ཉམས་པ་ནི་མནར་མེད་པའི་དམྱལ་བར་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་བའི་ཕྱིར་རོ། །ཡན་ལག་གི་དམ་ཚིག་བཞི་ནི་རྐྱེན་གྱི་དབང་གིས་ཉམས་པར་གྱུར་ཀྱང་བསྙེན་པ་ནས་སྒྲུབ་པ་ཆེན་པོའི་བར་དུ་མི་སྤྱད་པར་བྱ་ཞིང༌། ཉེས་པ་བྱུང་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་སྔར་ཡི་གེ་བརྒྱ་པ་ལ་སོགས་པས་བཤད་པ་བྱ་བ་ཉིད་དོ། །དཀོན་མཆོག་གསུམ་ནི་ཡོང་མི་སྤང༌། །ཞེས་པ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར་དུ་ནི་ཤེས་པར་བྱ་ཞིང༌། སྤྱད་པར་བྱ་བའི་དམ་ཚིག་བཅུ་གསུམ་གསུངས་ཏེ། དེ་ལ་དཀོན་མཆོག་གསུམ་མི་སྤང་བ་ནི་དེ་ལ་ཁྱད་པར་དུ་གསོད་པ་དང་མ་
གུས་པ་ལ་སོགས་པ་ཉིད་མི་བྱ་བ་ཉིད་དོ། །དུས་ཀུན་དུ་བྱང་ཆུབ་ཀྱི་སེམས་མི་བཏང་བ་ནི་སྐབས་འདིར་རྣམ་པ་གསུམ་སྟེ། ཀུན་རྫོབ་དང་སྒྱུ་མ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་སྲིད་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་མི་གཏོང་བའོ། །སྒྱུ་མ་བྱང་ཆུབ་ཀྱི་སེམས་ནི་རྒྱུ་བླ་ན་མེད་པ་སྟེ། རང་གི་ས་བོན་ཡོངས་སུ་མི་སྤང་བར་བྱ་བ་ཉིད་དོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སེམས་རྒྱུན་དུ་མི་གཏོང་བ་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་ནི་རྣམ་གསུམ་དང༌། །ནམ་ཡང་བྲལ་བར་མི་བྱའོ། །གལ་ཏེ་བྲལ་ན་སྔགས་ཀྱི་ནི། །རྩ་བའི་ལྟུང་བ་ཉམས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། ལྷ་དང་བླ་མ་དེ་བཞིན་ནོ། །ཞེས་པ་ལ་སྙིང་པོ་ནི་ཡེ་ཤེས་ཏེ། དེ་སྐྱེད་པར་བྱེད་པའི་ནང་གི་རྣལ་འབྱོར་བསྒོམ་པར་བྱའོ། །སྔགས་ནི་སྔགས་ཀྱི་བཟླས་པ་སྟེ། དེ་རྒྱུན་དུ་བྱ་བ་ཉིད་དང༌། ཕྱག་རྒྱ་ནི་རྟགས་ཏེ་དེ་དང་འབྲེལ་པར་མཆོད་པ་ལ་སྦྱོར་བའོ། །ལྷ་ནི་དཀྱིལ་འཁོར་གྱི་ལྷའོ། །བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་དག་ལ་རྒྱུན་དུ་མཆོད་ཅིང་མི་གཏོང་བ་ཉིད་དོ། །སྡིག་པ་ལ་སོགས་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་པ་ནི་སྡིག་པར་གྱུར་པའི་ལུས་དང་ངག་དང་ཡིད་ཀྱིས་ཀུན་དུ་སྤྱོད་པ་དག་མི་བྱ་བ་ཉིད་དང་བླ་མས་ཇི་ལྟར་གསུངས་པའི་བཀའ་ལས་འདའ་བར་མི་བྱ་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ལ་སོགས་པའི་བླ་མའི་བཀའ་ནི་མ་གཏོགས་སོ། །ལྷ་ལ་ཕུལ་བའི་རྙིང་བ་དང༌། །དེ་ཡི་གྲིབ་མ་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ཏེ། །སྔགས་དང་ལྷ་ལ་སྨད་མི་བྱ། །ཞེས་པ་ལ་ལྷ་ལ་ཕུལ་བའི་རྙིང་པ་ནི་མེ་ཏོག་གི་ཕྲེང་བ་དང༌། མཆོད་པའི་རྫས་ཐམས་ཅད་དེ། དེ་ལ་མི་འགོམ་པ་ཉིད་དོ། །དེ་ལ་འགོམས་པ་ལས་སྡིག་
པར་ཅིར་འགྱུར་སྙམ་པ་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དང་དབུ་དང་ཕྱག་ལ་སོགས་པས་རེག་པ་དང༌། རྣམ་པར་གྲོལ་བའི་དབང་པོ་རྣམས་ཀྱིས་ལོངས་སྤྱོད་རྣམས་ནི་དེའི་དབང་པོ་རྣམས་སུ་བལྟ་བར་བྱ་བ་སྟེ། དེ་དག་ལ་འགོམ་པ་ནི་དེ་ཉིད་ལ་འགོམ་པའི་སྡིག་པ་དང་འདྲ་བར་གསུངས་སོ། །གྲིབ་མ་ནི་ལྷ་ལ་སོགས་པའི་གྲིབ་མ་སྟེ། དེ་ཡང་དེ་ཉིད་དང་དབྱེར་མེད་པ་ཉིད་ཡིན་པས་ན་སྡིག་པར་འགྱུར་བ་དང་ཕྱག་རྒྱའི་གཟུགས་ནི་རྡོ་རྗེ་དང་དྲིལ་བུ་དང་ཕྲེང་བ་ལ་སོགས་པ་སྟེ། དེ་དག་ལྷའི་ངོ་བོ་ཡིན་པའི་ཕྱིར་དེ་བཞིན་མི་འགོམ་པ་ཉིད་དོ། །སྔགས་དང་ལྷ་ལ་སྨད་བར་མི་བྱ་བ་ནི་འདི་ལྟར་ལྷ་འདི་ལ་བརྟེན་པས་དངོས་གྲུབ་ཏུ་མི་འགྱུར་ཞེས་པ་དང་སྔགས་འདིས་ནི་འབྲས་བུ་མི་འབྱིན་ནོ་ཞེས་པ་ལ་སོགས་བ་མི་སྨྲ་བ་ཉིད་དེ། དེ་ཡང་གང་དག་རང་གིས་མ་གྲུབ་པ་ལ་བརྟེན་ནས་གཞན་དད་པ་བཟློག་པར་མི་བྱ་སྟེ། རང་ནི་སྒྲིབ་པ་དང་བཅས་པ་ཡིན་ལ། གཞན་འགྲུབ་པར་འགྱུར་བའང་སྲིད་དོ། །དེ་ཡང་བདེ་བར་གཤེགས་པ་རྣམས་ནི་འདི་ལ་དངོས་གྲུབ་སྤྱིན་ལ་འདི་ལ་མི་སྦྱིན་པ་ལ་སོགས་པའི་རྟོག་པ་མི་མངའ་ཞིང་བདག་ཉིད་སྒྲིབ་པ་དང་བཅས་པ་ལས་བྱུང་བ་སྟེ། དེ་ཡང་ཕལ་པོ་ཆེའི་མདོ་ལས། ཇི་ལྟར་ས་ནི་རོ་གཅིག་ཀྱང༌། །ས་བོན་ ཚུལ་བཞིན་མྱུ་གུ་སྟོན། །བྱམས་དང ་སྡང་བའི་སེམས་པ་དང༌། །སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ།། ཞེས་པ་ནི་འདི་ལྟར་མི་ལ་སོགས་པ་གཞན་གྱི་ཆེད་དུ་གདོན་དང་མི་མ་ཡིན་པ་ལ་སོགས་བ་བརྡུང་བ་དང༌། གསད་པ་དང༌། གཅད་པ་དང༌། བསྐྲད་པ་དང༌། བཅིངས་པ་ལ་སོགས་པ་མི་བྱ་བ་སྟེ། དེ་ཡང་སེམས་ཅན་དུ་འདུས་པའི་ཕྱིར་རོ། །མུ་སྟེགས་ཅན་ལ་མི་སྨོད་པ་ན་འདི་ལྟར་སྣང་བ་ཐམས་ཅད་ནི་ལྷའི་འཁོར་དུ་འདུས་པའི་ཕྱིར་ན་སྨད་བ་མི་བྱ་བ་ཉིད་དོ། །མདོར་ན་ཡིད་གཉིས་དང་ནི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པ་ནི་འདིར་དངོས་གྲུབ་ཐམས་ཅད་ཀྱི་བར་དུ་གཅོད་པ་བདག་གིས་
འདི་བསྒྲུབ་པ་ལས་འགྲུབ་པར་འགྱུར་རམ་མི་འགྱུར་སྙམ་པ་དང༌། དེ་བཞིན་གཤེགས་པའི་བཀའ་འདི་བདེན་པ་ཞིག་ཡིན་ནམ་བརྫུན་པ་ཞིག་ཡིན་སྙམ་པ་ལ་སོགས་པའི་ཐེ་ཚོམ་དང་ཡིད་གཉིས་མི་བྱ་བ་ཉིད་དོ། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པ་ནི་ཐེ་ཚོམ་མི་བྱ་བའི་གཞི་སྟེ། བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་ལ་ཐེ་ཚོམ་མི་བྱ་ཞེས་པར་འབྲེལ་ཏོ། །དེ་ཡང་ཡིད་ཆེས་པར་འགྱུར་བ་ལས་དངོས་གྲུབ་དང་འབྲས་བུ་འབྱུང་བ་ནི་འདི་ལྟར་གཙུག་ཏོར་ཆེན་པོ་འབྱུང་བའི་མདོ་ལས། ཡང་དག་དད་པས་ཟིན་གྱུར་ན། །ཆོ་ག་གང་དང་ཐབས་གང་གིས། །མཁས་པ་ཡིད་དུ་འོང་པ་ཡིས། །འབྲས་བུ་ངེས་པར་འབྱིན་པར་བྱེད། །ཅེས་གསུངས་སོ། །མོས་པ་བརྟེན་དང་ལྡན་པས་དམ་བཅས་ནས། །སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པས། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །དེ་ནས་ལག་ཏུ་དྲིལ་བུ་རྡོ་རྗེ་སྦྱིན། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་ཡི་དབང་ཕྱུག་འཁོར་ལོས་སྒྱུར་བ་བཞིན། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་གསུངས་པ་ནི་འདིར་དབང་ཕུན་སུམ་ཚོགས་པ་བསྐུར་བར་གསུངས་ཏེ། དེ་ལ། མོས་པ་བརྟན་དང་ལྡན་པས་དམ་བཅས་ནས། །ཞེས་པས་ནི་གོང་དུ་བསྟན་པའི་དམ་ཚིག་རྣམས་ཀྱིས་མོས་པ་དང་ལྡན་པའི་སློབ་མ་དམ་པ་ལེགས་པར་འཆར་བཅུག་ནས་དེའི་མཐར་དབང་བསྐུར་བར་བྱ་སྟེ། དེ་ལ་སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་ཏེ། །ཞེས་པ་ནི་སྤྱི་གཙུག་དང་དཔྲལ་བ་དང་ལྐོག་མ་དང་སྙིང་ག་དང་གསང་བའི་གནས་རྣམས་སུ། ཨོཾ་སརྦ་བིད་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་དང༌། ཨོཾ་སརྦ་བིད་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དང༌། ངན་སོང་སྦྱོང་བ་དང༌། རིན་ཆེན་ཏོག་དང༌། ཤཱཀྱ་ཐུབ་པ་དང༌། མེ་ཏོག་ཆེན་པོ་རྒྱས་པ་རྣམས་ཀྱིས་དབང་བསྐུར་བ་སྟེ། དེ་ཡང་རང་ཉིད་དེའི་བདག་ཉིད་དང་ལྡན་པར་
བྱས་པས་དབང་བསྐུར་བ་ནི་དེ་བཞིན་གཤེགས་པའི་དབང་ཞེས་བྱའོ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པར། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །ཞེས་པ་ནི། དང་པོར་བུམ་པའི་ཁོངས་སུ་གཏོགས་པའི་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་མི་ལ་སོགས་པའི་དབང་བསྐུར་ལ། དེ་ནས་བདེ་བར་གཤེགས་པའི་རྩ་བའི་བུམ་པ་ལྔ་པོ་རིགས་པའི་ལྷ་མོ་ལྔར་བསམས་ཏེ། སྤྱི་བོ་དང་མཚོགས་མ་དང༌། རྣ་བ་གཡས་པའི་ཁ་དང༌། ལྟག་པའི་ཁ་དང༌། རྣ་བ་གཡོན་པའི་ཁ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཉིད་ཀྱི་བཤད་པའི་རྒྱུད་ནས་འབྱུང་བའི་སྔགས། ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་རིག་པ་བུམ་པའི་དབང་ཞེས་བྱའོ། །དེ་ནས་བོ་དི་ཙེ་དང་མུ་ཏིག་དང་མུ་མེན་དང་ཙནྡན་དམར་པོའི་ས་བོན་དང༌། ཨ་ཤོ་ཀའི་འབྲས་བུ་རྣམས་ཀྱི་ཕྲེང་བ་ལ་རང་གི་ཡི་དམ་གྱི་ལྷའི་སྔགས་བཟླ་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་བུདྡྷ་མཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་ཕྲེང་བའི་དབང་ཞེས་བྱའོ། །དེ་ནས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང༌། མཉམ་པ་ཉིད་དང༌། མཆོག་སྦྱིན་དང་ཆོས་འཆད་དང༌། སྐྱབས་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། མིག་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་དུ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་མཚོན་པ་ཕྱག་རྒྱའི་དབང་བསྐུར་ཞེས་བྱའོ། །དེ་ནས་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ལ་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་རྣམས་སུ་ཁྱོད་ཀྱིས་འགྲོ་བའི་དོན་གྱིས་ཤིག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཏོན་ལ། ཨོཾ་བུདྡྷ་ཀརྨ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་བྱ་བ་ལས་ཀྱི་དབང་ཞེས་བྱའོ། །དེ་ནས་རྣམ་པར་མི་རྟོག་པ་ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བདུད་ཀྱི་ཚོགས་ཀྱིས་མི་ཤིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཡོན་ཏན་ཐམས་ཅད་ཀྱི་
མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། དམ་པའི་ཆོས་ཀྱི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། སྲིད་པ་འཁོར་ལོ་སྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར་ཞུགས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱ་ར་ནི་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སྙིང་གའི་ཐིག་ལེ་ལྔ་ལ་དབང་བསྐུར་བ་ནི་རིག་པ་འཛིན་པ་གཟུགས་ཀྱི་དབང་ཞེས་བྱའོ། །དེ་ནས་གསང་བ་དོན་གྱི་ཕྱག་རྒྱ་བཅིངས་ལ། རང་གིས་ཡང་དག་པར་རིག་པར་བྱས་ནས་མུ་ཏིག་གི་ཕྲེང་བ་ལྟ་བུའི་ཐིག་ལེ་དཀར་པོ་ལྔས་རྡོ་རྗེའི་རྩེ་མོས་གདོང་གི་པདྨར་གཏད་པར་བྱ་ཞིང་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་སྦས་པ་གསང་བའི་དབང་ཞེས་བྱའོ། །དེ་ནས་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་མཛེས་ཤིང་ཡིད་དུ་འོང་བ་བཅིངས་ལ། ཨོཾ་པྲ་ཛྙཱོ་པ་ཡ་ཏ་ས་མ་ཡོ་གི་ཨ་བྷི་ཥིཉྩ་ཧཱུཾ་ཨ་ཞེས་པའི་སྔགས་ཀྱིས་དབང་བསྐུར་བ་ནི་བདེ་བ་ཆེན་པོ་ཐབས་དང་ཤེས་རབ་ཀྱི་དབང་ཞེས་བྱའོ། །དེ་ནས་སྒྲིབ་པ་ཐམས་ཅད་གཅོད་པར་བྱེད་པའི་འཁོར་ལོ་རིན་པོ་ཆེ་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲོད་པར་བྱེད་པའི་རྟ་རིན་པོ་ཆེ་དང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྟེར་བར་བྱེད་པའི་ནོར་བུ་རིན་པོ་ཆེ་དང༌། རྟོག་པ་དང་བྲལ་བའི་ཡེ་ཤེས་སྟེར་བར་བྱེད་པའི་བུད་མེད་རིན་པོ་ཆེ་དང༌། བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་བྱེད་པའི་གླང་པོ་རིན་པོ་ཆེ་དང༌། ཉོན་མོངས་པའི་ཉེས་པ་ཐམས་ཅད་ཀྱིས་མི་བརྫི་བའི་དམག་མི་རིན་པོ་ཆེ་དང༌། ལེགས་པའི་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་སྐྱེས་པ་རིན་པོ་ཆེ་རྣམས་ཀྱིས་སྤྱི་བོར་གཞག་ཅིང་ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ་ཞེས་པ་ལ་སོགས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི་འཁོར་ལོས་སྒྱུར་བ་བདག་པོའི་དབང་ཞེས་བྱའོ། །དེ་དག་ནི་སྦྱིན་པ་ དང༌། ཚུལ་ཁྲིམས་དང ༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རང་བཞིན་དུ་རིག་པར་
བྱའོ།། །དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་སྟེ། འོག་ནས་འབྱུང་བའི་ཚིག་བརྗོད་པ་དང༌། ཁྱོད་ཀྱི་ས་སེམས་ཅན་སྨིན་པའི་ཕྱིར། །དམ་པའི་ཆོས་ནི་བསྒྲག་པ་དང༌། །དཀྱིལ་འཁོར་ལ་སོགས་བཞེངས་པ་ནི། །རྒྱུད་ལས་འབྱུང་བ་བཞིན་དུ་བསྒྲུབ། ཅེས་བྱ་བ་ལ་སོགས་པའི་ཚིག་བརྗོད་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སི་མི་གྲི་ཧན་བཛྲ་སུ་སིདྡྷ་ཡེ་ཨོཾ་བཛྲ་ཏིཥྛ་ཧཱུཾ་ཞེས་བརྗོད་ནས་དབང་བསྐུར་བ་ནི་གནང་བ་སྦྱིན་པ་བཀའི་དབང་ཞེས་པ་སྟེ་འོག་མ་ལ་སྙགས་སོ། །དེ་ལ་དབང་གི་ངོ་བོ་ནི་ནུས་པའོ། །ངེས་པའི་ཚིག་ནི་བདག་འཁྲུ་བར་བྱེད་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ལ་དབང་བྱེད་པའི་ཕྱིར་ཏེ། དེ་ཡང་དང་པོས་ནི་ས་དང་པོ་རབ་ཏུ་དགའ་བ་གནོན་ཏོ། །གཉིས་པས་ནི་དྲི་མ་མེད་པ་གནོན་ཏོ། །གསུམ་པས་ནི་འོད་འཕྲོ་བ་ཅན་གནོན་ཏོ། །བཞི་པས་ནི་སྦྱང་དཀའ་བ་གནོན་ཏོ། །ལྔ་པས་ནི་འོད་བྱེད་པ་གནོན་ཏོ། །དྲུག་པས་ནི་མངོན་དུ་གྱུར་པ་གནོན་ཏོ། །བདུན་པས་ནི་རིང་དུ་སོང་བ་གནོན་ཏོ། །བརྒྱད་པས་ནི་མི་གཡོ་བ་གནོན་ཏོ། །དགུ་པས་ནི་ལེགས་པའི་བློ་གྲོས་གནོན་ཏོ། །བཅུ་པས་ནི་ཆོས་ཀྱི་སྤྲིན་དང་ཀུན་དུ་འོད་གནོན་པར་འགྱུར་བ་སྟེ། དེ་ཡང་རྡོ་རྗེ་ཐོད་ཀྱི་རྒྱུད་ལས། དབང་བཅུས་ས་བཅུ་བགྲོད་ནས་ནི། །དེ་ཡི་བདེ་བས་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་འདིར་གོང་དུ་གྱུར་པའི་ ཚུལ་དང ་དབང་འདི་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་དང་ཤིན་ཏུ་མཐུན་པའི་ཕྱིར་དགེ་སློང་རྣམས་ཀྱིས་ཐེ་ཚོམ་མི་བྲ་བར་སྤྱད་པར་བྱ་སྟེ། དེ་དག་གིས་ནི། དེ་ཡི་ལག་ཏུ་རྡོར་དྲིལ་སྦྱིན། །ཞེས་པ་ནས། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་པའི་ཤོ་ལོ་ཀ་གཅིག་བསྡུས་སོ། །སྔགས་བསྒྲུབ་ཕྱིར་ནི་མོས་ལྡན་སློབ་མ་ལ། །སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ཏེ། །ཅི་སྟེ་ནོར་ཡོད་བླ་མ་དག་ལ་ཕུལ། །ནོར་དང་འབྲུ་དང་གཏེར་དང་དབྱིག་དང་གསེར། །བཞོན་དང་ཁྱིམ་དང་བུ་ཕོ་བུ་མོ་དང༌། །བྲན་དང་བྲན་མོ་ཡང་ན་ཆུང་མ་དང༌། །གྲོང་དང་གྲོང་ཁྱེར་
དེ་ལྟར་ཅི་བཞེད་རྣམས། །རང་གི་སེམས་ནི་རབ་ཏུ་དད་པ་ཡིས། །ཡོན་གྱི་མཆོག་ནི་དབུལ་བ་ཉིད་དུ་བྱ། །མྱུར་དུ་འགྲུབ་ཕྱིར་མོས་པས་བླ་མ་ལ། །མདོར་ན་རང་གི་ལུས་ནི་དབུལ་བ་ཉིད་དུ་བྱ། །ཞེས་པ་ལ་སོགས་པ་ནི་འདིར་ཡོན་དབུལ་བར་བྱ་བ་ཡིན་ནོ།། དེ་དག་ནི་བདེ་བར་གཤེགས་པས་གསུངས་པ་དེ་བཞིན་དུ་དབུལ་བར་བྱ་བ་ཉིད་དེ་བླ་མ་ལ་མ་བརྟེན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་མི་འགྱུར་བ་ནི་བདེ་བར་གཤེགས་པའི་བཀའ་མཐའ་དག་ནས་གསུངས་པས་དེ་བཞིན་དུ་བྱ་བ་ཉིད་དེ་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །ཕྱག་རྒྱ་འདི་ཡི་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །དེས་ན་སློབ་དཔོན་བརྙས་མི་བྱ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རྡོ་རྗེ་སྦུན་དང་སྲིང་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུང་དང༌། །དམ་ཚིག་འདས་ལའང་དེ་བཞིན་ཏེ། །དེ་ལ་སོགས་པའི་བྱེད་ལྡན་ལ། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་ནི་འདིར་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བཀའ་བསྒྲག་པར་བྱ་བའི་ཚིག་སྟེ། དེ་ལ། ཕྱག་རྒྱ་འདི་ཡི་རྣལ་འབྱོར་གྱིས། །ཞེས་པ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་འདིར་ཞུགས་པའི་རྣལ་འབྱོར་ཏེ། དེ་ཡིས་ཡང་དག་པར་བསྒྲུབས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འགྲུབ་པར་འགྱུར་ན། ཚེ་འདིའི་བདེ་བ་ནད་ཉུང་བ་དང༌། འབྱོར་པ་དང་ལྡན་པ་དང་འཇིག་རྟེན་ཕྱི་མའི་བདེ་བ་མཆོག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ལྷའི་
གནས་སུ་སྐྱེ་བ་ལ་སོགས་པའི་བདེ་བ་ནི་སྨོས་ཀྱང་ཅི་དགོས་ཞེས་པ་ནི་གདོན་མི་ཟ་བའི་ཚིག་གོ །སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་པ་ནི་བླ་མའི་ཆེ་བ་བརྗོད་པའི་ཚིག་སྟེ། དེ་ཡང་སངས་རྒྱས་རྣམས་ཀྱིས་ནི་བདག་ལ་ཆོས་སྟོན་པ་ལ་སོགས་པ་མཛད་ཀྱང་བདག་གི་རྒྱུད་ལ་ཕན་པར་མི་འགྱུར་ཏེ། བླ་མས་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ངེས་པ་ཁོ་ན་སྟེ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ནི་དཔལ་རྡོ་རྗེ་འཛིན་པ་ཡིན་ལ་དེའི་ངོ་བོ་ དང་བླ་མ་གཉིས་བདག་གི་རྒྱུད་ལ་ཆོས་ཀྱི་ཚུལ་གྱིས་མཉམ་ཞིང་འདྲ་བས་ན། སངས་རྒྱས་ཀུན་དང ་བླ་མ་མཉམ། །ཞེས་བྱའོ། །དེ་བས་ན་དེ་ལ་བརྙས་པ་ནི་མ་གུས་པ་སྟེ། དེ་ལ་མ་གུས་པ་ནི་དེའི་ཐུགས་དང་འགལ་བར་འགྱུར་རོ། །དེའི་ཐུགས་དང་འགལ་བའི་སྐད་ཅིག་མ་ལ་ནི་མར་མེ་བསད་པས་སྐད་ཅིག་ལ་སྣང་བའི་ཚོགས་འགགས་ནས་མུན་པའི་ཚོགས་སྐྱེ་བ་བཞིན་དུ་བདག་གི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་འགགས་ཤིང་སྡིག་པ་མི་དགེ་བའི་ཚོགས་ཆེན་པོ་སྐྱེ་བ་སྟེ། དེའི་འབྲས་བུ་ནི་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཐོབ་པར་འབྲེལ་ཏོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་བླ་མའི་ཐུགས་དང་མི་འགལ་བར་བྱ་བ་ནི་མཆོག་ཏུ་རྩ་བར་གྱུར་པའི་དམ་ཚིག་ཆེན་པོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། །རྡོ་རྗེ་སྤུན་དང་སྲིང་མོ་ནི་བླ་མས་བསྡུས་པའི་དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་དང་སྲིང་མོའོ། །རྡོ་རྗེ་མ་ཞེས་བྱ་བ་ནི་གཞན་དུ་ཤེས་རབ་མ་ལ་སོགས་པ་ལ་འདོད་ནའང༌། འདིར་ནི་བླ་མའི་ཆུང་མ་སྟེ། དེ་དག་ལ་བརྙས་པ་ནི་དེ་དག་ཁྱད་དུ་བསད་པ་སྟེ། དེ་དག་ལ་བརྙས་པར་མི་བྱ་བ་ནི་བདེ་བར་གཤེགས་པས་རྩ་བ་ཉེ་བའི་དམ་ཚིག་ཅེས་གསུངས་སོ། །རྟག་ཏུ་འཁོན་དང་གཅུགས་མི་བྱ་བ་ནི་གཞན་དུ་ནི་དགེ་འདུན་འདུས་པའི་དབྱེན་བྱེད་པ་ཞེས་གསུངས་ལ། འདིར་ནི་དམ་ཚིག་འབྱེད་པ་སྟེ། རྡོ་རྗེ་སྤུན་དང་སྲིང་མོ་ལ་སོགས་པའི་བར་དུ་ཚིག་ཕྲ་མ་ལ་སོགས་པ་མི་བྱ་བ་ཉིད་དོ། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །
ཞེས་པ་ལ་སོགས་པ་ནི་འདི་ལྟར་བླ་ན་མེད་པའི་དཀོན་མཆོག་གསུམ་གྱི་རྟེན་བདེ་བར་གཤེགས་པའི་བསྟན་པ་བཤིག་པ་དང༌། དགེ་འདུན་གྱི་གཙུག་ལག་ཁང་འདྲལ་བ་རྒྱལ་པོ་དང་མུ་སྟེགས་པ་ལ་སོགས་པ་ལ་ནི་བྱད་དང༌། དུག་དང་སྟོབས་དང༌། སྨན་གྱི་སྦྱོར་བ་ལ་སོགས་པས་སེམས་ཅན་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ་དེ་ཉིད་གསད་པར་བྱ་བ་ཉིད་དོ། །དེ་བཞིན་དུ་བླ་མ་ལ་སྨོད་པ་དང༌། བླ་མའི་སྐུ་ལ་བསྡོ་བ་དང༌། དམ་ཚིག་ཉམས་པ་རྣམས་དང༌། མ་རུངས་པའི་སེམས་ཅན་འགྲོ་བ་ཐམས་ཅད་ཀྱི་སྲོག་གཅོད་པ་ལ་སྦྱོར་བ་ལ་སོགས་པས་ནི་སྙིང་རྗེ་ཆེན་པོས་དོན་རྣམ་པ་གཉིས་བྱེད་པས་བསད་པ་ལ་ཉེས་པར་མི་འགྱུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་ཞེས་བྱ་བར་འབྲེལ་ཏོ། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ནི་ཐབས་དང་ཤེས་རབ་ཏུ་འབྲེལ་པའི་ཡང་དག་བར་རྫོགས་པའི་སངས་རྒྱས་འགྲུབ་པ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་ནི་ཤེས་རབ་མ་ཚིག་གི་སྙིང་རྗེ་ཆེན་པོ་ནི་ཐབས་ཏེ། དེ་ཡིས་དུས་ཐམས་ཅད་དུ་འགྲོ་བའི་དོན་བྱེད་པ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པ་ནི་ངེས་པར་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཉིད་དེ། དེ་ཡང་ཐབས་དང་ཤེས་རབ་རོལ་པའི་རྒྱུད་ལས། མཁས་པ་ཐ་བས་དང་ཤེས་རབ་ནི། །སྐད་ཅིག་ཙམ་ཡང་བྲལ་མི་བྱ། །གལ་ཏེ་བྲལ་ན་མི་དེ་ཡིས། །ཕྱག་རྒྱ་ཆེན་པོ་ཐོབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་ཏེ། དེས་ནི་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང༌། ལྷའི་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་དོན་དང་ཕན་པ་དང༌། བདེ་བའི་ཕྱིར་སྒྲུབ་པ་འདི་གསུངས་སོ་ཞེས་པ་ན་བདག་གི་དོན་ཕུན་སུམ་ཚོགས་པ་སྟོན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བདག་གི་དོན་ཕུན་སུམ་ཚོགས་པ་ལ་གཉིས་སོ། །གཅིག་ནི་བསྡུས་པ་ལ་དགའ་བའི་སེམས་ཅན་དབང་པོ་རྟུལ་པོ་རྣམས་ཀྱིས་དོན་དུ་གསུངས་སོ། །གཅིག་ནི་
ཟབ་ཅིང་རྒྱ་ཆེ་བ་ལ་དགའ་བ་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་དོན་དུ་གསུངས་ཏེ། དེ་ལ་འདིར་ནི་བཅོམ་ལྡན་འདས་ཀྱིས་རེ་ཞིག་དབང་པོ་རྟུལ་པོ་བསྡུས་པ་ལ་དགའ་བའི་སེམས་ཅན་གྱི་དོན་དུ་གསལ་བར་གསུངས་པ་ནི་རས་ལ་བཅོམ་ལྡན་འདས་ཐམས་ཅད་རིག་པ་དེ་བཞིན་དུ་བྲིས་ལ། གཡས་སུ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའོ། །གཡོན་ཕྱོགས་སུ་ནི་ཤཱཀྱ་ཐུབ་པ་བྲི་བར་བྱའོ། །དེ་ནས་ངན་སོང་སྦྱོང་བའི་འོག་ཏུ་ནི། སྤྱན་རས་གཟིགས་དབང་ཕྱུག་མདོག་ཟླ་བ་ལྟ་བུ་ལ་ཕྱག་ན་པདྨོ་བསྣམས་པར་བྱ། ཤཱཀྱ་ཐུབ་པའི་འོག་ཏུ་ནི་ཕྱག་ན་རྡོ་རྗེའོ། །དེ་གཉིས་ཀྱི་བར་དུ་ནི་སྨན་གྱི་བླ་མདོག་སྔོན་པོ་ལ་ཕྱག་གཡས་ན་ཨ་རུ་རའི་འབྲས་བུ་འཛིན་པ་ཕྱག་གཡོན་པ་མཆོག་སྦྱིན་དུ་བྱ། རྟ་མགྲིན་དང་ཁམས་གསུམ་རྣམ་པར་རྒྱལ་བ་མ་རུངས་པ་འདུལ་བ་ལ་བརྩོན་པ་གཉིས་ནི་རང་གི་ལྷ་ལ་བརྟེན་པར་བྲིའོ། །དེ་གཉིས་ཀྱི་དབུས་སུ་ལོ་ཙཱ་ན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་རང་གི་ཕྱག་མཚན་ཐོགས་པ་བྲིའོ། །དེའི་འོག་ཏུ་པདྨའི་རྫིང་བུ་དང༌། ཆུ་སྲིན་དང༌། ཉ་དང༌། རུས་སྤལ་དང༌། སྦལ་པ་དཀར་པོ་དང༌། ཉ་འཕར་བ་ལ་སོགས་པ་དང༌། ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་དུ་མས་ཡོངས་སུ་གང་བ་བྲིའོ། །དེའི་འོག་ཏུ་བདུག་པ་དང༌། མར་མེ་དང༌། དྲི་དང༌། ཕྲེང་བ་དང༌། ལྷ་བཤོས་དང༌། མེ་ཏོག་དང༌། འབྲས་བུ་རྣམ་པ་སྣ་ཚོགས་པ་བྲི་ཞིང་དེའི་འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འདུག་པ་བྲི་བར་བྱའོ་ཞེས་པ་ལ་སོགས་པ་གསུངས་པ་ནི་དབང་པོ་རྟུལ་པོའི་གང་ཟག་གིས་རས་རིས་ལ་སྒྲུབ་པར་གསུངས་པ་སྟེ། དེ་ལ་རས་བལ་གསར་པ་ལ་དྲི་ཆུས་བྲན་ཏེ་ཐ་ག་པ་བསྙེན་གནས་ལ་གནས་པར་བྱས་ལ་ཞེང་དུ་ཁྲུ་དོ་ཆུར་ཁྲུ་གསུམ་པ་བཏགས་ཏེ། ཙནྡན་དཀར་པོ་ལ་སོགས་པའི་ལྡེ་གུས་བསྐུས་ནས་རི་མོ་མཁན་བསྙེན་གནས་ལ་གནས་པས་བྲི་བར་བྱ་བ་ནི་གོང་དུ་གསུངས་པའི་རིམ་པར་ཇི་ལྟ་བ་བཞིན་དུ་སྐུ་མདོག་དང་ཕྱག་མཚན་དང་ཕྱག་རྒྱ་ལ་སོགས་
པ་བྲི་བར་བྱ་སྟེ་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེ་ལ་གང་དག་འདི་སྐད་དུ་ཅིའི་ཕྱིར་དཀྱིལ་འཁོར་ཆེན་པོ་ལ་ལྷ་མང་པོ་ཞིག་ཡོད་པ་ལས་ལྷ་བཅུ་གཉིས་པོ་འདི་ཁོ་ན་ངེས་པ་ཅི་ཡོད་ཅེན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་གསུང་ཐུགས་སུ་ཡང་དག་པར་བསྡུས་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཡང་དག་པར་གཞག་བའོ། །ངན་སོང་སྦྱོང་བ་ནི་སྐུའོ། །ཤཱཀྱ་ཐུབ་པ་ནི་གསུང་ངོ༌། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། སྤྱན་རས་གཟིགས་ཀྱིས་ནི་བྱང་ཆུབ་སེམས་དཔའི་རིགས་བསྡུས་སོ། །སྨན་གྱི་བླ་ནི་ཉོན་མོངས་པའི་རིམས་ནད་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་བྲིས་བའོ། །ཁྲོ་བོ་གཉིས་ཀྱི་ཁྲོ་བོའི་རིགས་བསྡུས་སོ། །རིག་པའི་ལྷ་མོ་རྣམས་ཀྱིས་ནི་ལྷ་མོའི་ཚོགས་བསྡུས་སོ། །པདྨོའི་རྫིང་བུ་དང་ཉ་ལ་སོགས་བ་ནི་བཀྲ་ཤིས་པའི་རྫས་སོ། །གདུགས་ལ་སོགས་པ་ནི་མཆོད་པའི་ཡོ་བྱད་དོ། །སྒྲུབ་པ་པོ་ནི་ཐུགས་རྗེ་ཆེན་པོས་གཟུང་བའི་ཕྱིར་རོ། །དེ་ཡང་དང་བོ་ནི་བདག་པོའོ། །གཉིས་པ་ནི་སྤྲུལ་པའོ། །གསུམ་པ་ནི་ཕོ་ཉའོ། །བཞི་པ་ནི་གཟུངས་སོ། །ལྔ་བ་ནི་འཁོར་བའི་འདམ་ནས་འབྱུང་བའོ། །དྲུག་པ་ནི་དྲན་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་རི་མོའི་གཟུགས་སུ་དེ་ལ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་གྱི་རླབ་ལ་དམིགས་པར་བྱའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་མཐོང་བ་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །འོན་ཏེ་མ་མཐོང་ན་ནི་རིང་པོ་ཞིག་ནས་དངོས་གྲུབ་ཏུ་འགྱུར་ཏེ། བཞད་པ་དང་ནི་རྔ་སྒྲ་དང༌། །དྲིལ་བུ་སྒྲ་དང་དེ་བཞིན་འབྲུག །དགེ་སློང་བྲམ་ཟེ་བུ་མོ་དང༌། །རྟགས་དེ་མཐོང་ན་མྱུར་དུ་ནི། །མཆོག་དང་འབྲིང་དང་ཐ་མ་འགྲུབ། །ཅེས་གསུངས་པ་ནི་འདིར་སྤྱན་དབྱེ་བ་ལས་རྟགས་མཚོན་པ་གསུངས་ཏེ། དེ་ལ་རི་མོའི་གཟུགས་དེ་མངོན་པར་མཆོད་དེ། བདག་ཉིད་ཀྱིས་སྤྱན་དབྱེ་བ་བྱ་ཞིང་བདེན་པའི་བྱིན་གྱིས་བརླབས་ལ་དམིགས་པར་བྱའོ་ཞེས་པ་ནི་འདི་ལྟར་དང་པོ་བསྙེན་པ་ལ་
སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་སྟེ། མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་ནས་ཀུན་རྫོབ་ཀྱི་ལྷ་དེ་སུག་པ་ལ་སོགས་པས་ཕྱིའི་ཁྲུས་བྱ་བ་དང༌། ཆོས་ཐམས་ཅད་སྟོང་བ་ཉིད་དུ་བསམ་པས་ནང་གི་ཁྲུས་ཡང་དག་པར་བྱས་ཏེ། ཁྲོ་བོ་ལ་སོགས་པའི་སྔགས་ཀྱིས་ཡོངས་སུ་བསྲུངས་ལ། དོན་དམ་པའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྔགས་དང་ཕྱག་རྒྱར་ལྡན་པས་བསྟིམ་པར་བྱའོ། །དེ་ནས་སྦྱན་དབྱེ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ལ་སོགས་བ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། མེ་ཏོག་ཐོགས་ནས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ། །གསང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པའི་བྱིན་གྱི་རླབས་ཀྱིས་བདག་ལ་དངོས་གྲུབ་ཏུ་འགྱུར་ན་སྐུ་འདི་ལ་རྟགས་སྣ་ཚོགས་པ་འོང་བར་གྱུར་ཅིག་ཅེས་བརྗོད་དེ། དེའི་ཐུགས་ཀར་གཉིས་སུ་མེད་པའི་བདེ་བ་ཆེན་པོས་ཡུན་རིང་བར་དམིགས་པར་བྱའོ། །དེ་ནས་རྟགས་དང་མཚན་མ་མཐོང་བ་ན་དངོས་གྲུབ་ཉེ་བར་འགྱུར་ལ། མ་མཐོང་ན་ནི་དངོས་གྲུབ་རིང་བ་ནི་ངེས་པ་ཉིད་དོ། །དེ་ལ་རྟགས་དང་མཚན་མ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། བཞད་པ་དང་ནི་རྔ་སྒྲ་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་སྒྲའི་རྣམ་པ་གསུམ་དང་གཟུགས་ཀྱི་རྣམ་པ་གསུམ་མོ། །བཞད་པ་ནི་སྐུ་ཉིད་བཞད་པ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །དྲིལ་བུ་ནི་དབུའི་སྟེང་ན་གྲག་པ་སྟེ། འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་རོ། །རྔ་སྒྲ་དང་འབྲུག་སྒྲ་ནི་ཕྱི་རོལ་ན་གྲག་པ་སྟེ། སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །གཟུགས་ཀྱི་རྣམ་པ་གསུམ་ནི། མིག་གི་རྣམ་པར་ཤེས་པའི་སྣང་བའི་ཆ་འམ་ཡིད་ཀྱི་རྣམ་པར་ཤེས་པའི་སྣང་བའི་ཆ་ལ་དགེ་སློང་ལ་སོགས་པར་སྣང་བར་འགྱུར་ཏེ། དེ་ལ་དགེ་སློང་མཐོང་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །བྲམ་ཟེར་སྣང་བ་ནི་རལ་གྲི་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་ཏུ་
འགྱུར་རོ། །བུ་མོ་སྣང་བ་ནི་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་བར་ཤེས་པར་བྱའོ། །དེ་ནས་གཟུགས་དེ་བདག་གིས་ནི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཅི་འབྱོར་བས་ནི་མཆོད་པར་བྱ། །རྟག་ཏུ་མངོན་སུམ་དམིགས་བྱས་ལ། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ཀྱང༌། །བདག་གི་དེ་ཉིད་དྲན་བྱེད་ཅིང༌། །འབུམ་ཕྲག་གསུམ་མམ་ཡང་ན་དྲུག །དངོས་གྲུབ་མཚན་མ་བྱུང་བར་དུ། །མཉམ་པར་གཞག་པས་ཚང་བར་བྱ། །ཞེས་གསུངས་པ་ནི། འདིར་བསྙེན་སྒྲུབ་ཡན་ལག་བཞི་ཡང་དག་པར་གསུངས་ཏེ། དེ་ལ། དེ་ནས་གཟུགས་དེ་བདག་གིས་ནི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །ཅི་འབྱོར་པས་ནི་མཆོད་པར་བྱ། །ཞེས་པ་ནི་གོང་དུ་སྨོས་པའི་རྟགས་དང་མཚན་མ་བྱུང་ཡང་རུང་སྟེ། བདག་གིས་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ། རང་རང་གི་སྔགས་དང་མཚན་དུ་བཅས་པས་དེ་དག་གི་གཟུགས་སུ་བྱིན་གྱིས་བརླབས་ཏེ། མཆོད་པ་རྒྱ་ཆེན་པོ་བྱ་བ་ཉིད་དོ། །རྟག་ཏུ་མངོན་སུམ་དམིགས་བྱས་ལ། །ཞེས་པ་ལ་སོགས་པ་ནི་འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་བདག་གི་མདུན་དུ་རྟག་ཏུ་བཞུགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་བསམས་ཏེ། དང་པོ་རང་ཉིད་ཁམས་གསུམ་རྣམ་པར་རྒྱལ་བར་བསྒོམ་པ་ནས་བགེགས་བསྐྲད་པ་དང༌། བདག་ཉིད་དང་གནས་དང་མཆོད་པའི་ཡོ་བྱད་ལ་སོགས་པ་རྣམས་བསྲུང་བར་བྱས་ཏེ། མཆོད་པ་དང་གཏོར་མ་ལ་སོགས་པ་བྱ་ཞིང༌། རང་ཉིད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་དབྱེར་མེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་ཞལ་ནས་དེ་བཞིན་གཤེགས་པའི་ཞལ་དང༌། ལྟེ་བ་ནས་ལྟེ་བར་ཨོཾ་ལ་སོགས་པའི་འོད་ཟེར་དཀར་བོ་དང་ལྡན་བའི་ཕྲེང་བས་ལུ་གུ་རྒྱུད་དུ་བྱས་ཏེ། རྩ་བའི་སྔགས་འབུམ་ཕྲག་གསུམ་མམ་དྲུག་གམ། ཡང་ན་གཙོར་ནི་དངོས་གྲུབ་ཀྱི་མཚན་མ་བྱུང་གི་བར་དུ་ཕྱི་རོལ་གྱི་དངོས་བོ་རྣམས་ལ་ཡིད་མི་གཡེང་བར་མཉམ་པར་གཞག་པས་བཟླས་པ་ནི་བསྙེན་པ་ཞེས་བྱའོ། །དེ་ནས་
དབེན་པའི་གནས་སུ་ནི། སྔགས་ནི་འཁྲལ་འཁྲུལ་མེད་པ་ཡིས། །བརྒྱ་རྩ་བརྒྱད་དུ་ཚང་བར་བྱ། །ཞེས་གསུང་བ་ནི་བདེ་བར་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ཀྱི་སྙིང་པོ་རྣམས་གནས་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་དྲི་དང་བའི་རྣམ་ལྔ་ལ་སོགས་པས་ས་གཞི་བྱུགས་ལ། མེ་ཏོག་བཀྲམ་སྟེ་མཆོད་པ་ལ་སོགས་པ་བྱས་པས་ལྷ་རེ་རེ་ལ་བརྒྱ་རྩ་བརྒྱད་དུ་སྔགས་ཟུར་མ་ཆགས་པས་ཚང་བར་བཟླ་བ་ནི་ཉེ་བའི་སྒྲུབ་པ་ཞེས་བྱའོ། །དེ་ནས་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེན་བྱས་ནས་ཀྱང༌། མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །ཞེས་གསུངས་པ་ནི་ཉེ་བའི་སྒྲུབ་པ་རྫོགས་པ་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྩ་བའི་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བསྐྱེད་དེ། ཡང་དག་པར་བསམས་ནས་མཆོད་པ་རྒྱ་ཆེན་པོ་དང༌། གཏོར་མ་ལ་སོགས་པ་སྔར་གསུངས་པ་བཞིན་དུ་བྱས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་ཉེ་བའི་སྙིང་པོ་གྲངས་ཅི་རིགས་པར་ཉི་མ་རྒས་ནས་སྐྱ་རེངས་མ་ཤར་གྱི་བར་དུ་བཟླས་པར་བྱ་སྟེ། དེ་ནི་སྒྲུབ་པ་ཞེས་བྱ་བའོ། །ཅི་སྟེ་གཙོ་བོའམ་དེ་ཡི་སྲས། །ཡང་ན་ལྷ་རྣམས་མཐོང་འགྱུར་ན། །བསོད་ནམས་སྣོད་ལས་ཅི་དགའ་བར། །དངོས་གྲུབ་མཆོག་ནི་གསོལ་བ་གདབ། །ལྷ་ཡི་དངོས་གྲུབ་འབྲས་བུ་ནི། །དེ་ལ་རྟག་ཏུ་དགྱེས་ནས་སྩོལ། །ཕྱག་འཚལ་ནས་ནི་དངོས་གྲུབ་བླང༌། །བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །དེ་ནས་རྟག་ཏུ་བདག་སྤྱོད་ཅིག །མེད་ན་མཁས་བ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྤྱད་པར་བྱ། །ཞེས་གསུངས་པ་ནི་སྒྲུབ་པ་རྫོགས་པའི་འོག་ཏུ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། །མི་འགྱུར་བ་ཡོངས་སུ་དག་པའི་ཏིང་ངེ་འཛིན་ཞེས་བྱ་བས་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་བླ་ན་མེད་པའི་དབང་པོ་ལྔའི་ཡུལ་གྱི་རང་བཞིན་དཔལ་ལྡན་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བའི་རང་རིག་པའི་ཕུང་པོ་ཆེན་པོ་སྤྲོ་ཞིང་རྒྱུན་མི་འཆད་པའི་བདེ་བ་
ཆེན་པོ་ལྔའི་རོའི་རྒྱ་མཚོ་ཆེན་པོ་ལས་རླབས་སྟོང་གིས་ཡང་ནས་ཡང་དུ་དབང་བསྐུར་ཞིང་རང་དང་གཞན་གྱི་རྣམ་པའི་ཆ་མཐའ་དག་ནུབ་པར་གྱུར་བ་དེ་ནི་མཆོག་གི་དགའ་བའི་སྟོང་བོ་ལས་བྱུང་བའི་རང་རིག་པ་མྱུ་གུ་དཔལ་རྗེ་བཙུན་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ངོ་བོ་སྟེ། དེ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བདེ་བ་ཆེན་པོ་དང༌། ཆོས་དང་སྦྲུལ་བ་དང༌། ངོ་བོ་ཉིད་ཀྱི་སྐུ་བཞིའི་རྟེན་དུ་གྱུར་པ་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་ཞིང་འབྲས་བུའི་གནས་སྐབས་ཀྱི་བདག་ཉིད་དོ། །ཅི་སྟེ་གཙོ་བོའམ་དེའི་སྲས་ཞེས་པ་ལ་སོགས་པ་ནི་དེ་ལྟར་བསྒོམས་པའི་མཐར་བདེ་བར་གཤེགས་པ་ཉིད་དམ། དེའི་སྲས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པའམ། ཁྲོ་བོའམ་ལྷའི་གཟུགས་ལ་སོགས་པར་བསོད་ནམས་ཀྱི་སྣོད་སྒྲུབ་པ་པོའི་དྲུང་དུ་མཐོང་བར་བྱོན་ཏེ། དེ་ལ་བདག་གིས་དགའ་བ་ཆེན་པོས་མཆོད་པ་ལ་སོགས་བ་བྱས་ལ། རང་ཇི་ལྟར་འདོད་པ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་གསོལ་བ་གདབ་བར་བྱའོ། །དེ་ལ་དད་པ་དང་དམ་ཚིག་ཏུ་འབྲེལ་བས་བདེ་བར་གཤེགས་པ་རྣམས་ཀྱིས་དགྱེས་བཞིན་དུ་དངོས་གྲུབ་ཀྱི་འབྲས་བུ་སྩོལ་བ་སྟེ། དེ་ལ་དངོས་གྲུབ་ནི་འདིར་གཉིས་སོ། །གཅིག་ནི་དམིགས་པའི་རིག་བྱར་མ་གྱུར་པ་བྱིན་གྱིས་རླབས་པ་ཆེན་པོ་དང་ལྡན་པའོ། །གཅིག་ནི་དམིགས་པའི་རིག་བྱར་གྱུར་པ་རྫས་ལ་སོགས་པའི་གཟུགས་སུ་འོངས་ཏེ། དེ་ལ་འདིར་ནི་རྫས་ལ་སོགས་པ་འོང་བ་དགོངས་ནས། བླ་མ་དཀོན་མཆོག་གསུམ་དག་ལ། །སྐལ་བ་རེ་རེ་ཕུལ་ནས་ནི། །ཞེས་གསུངས་ཏེ། དེ་ལ་བདུད་རྩི་འམ། མི་གཙང་བའམ་བཟའ་བའི་རྣམ་པ་ལ་སོགས་པ་རྒྱུ་དང་རྐྱེན་མེད་པར་སྣང་བར་གྱུར་ན་ཐེ་ཚོམ་དང་རྟོག་པ་ལ་སོགས་པ་མི་བྱ་བར་བླངས་ཏེ་བླ་མ་དང་དཀོན་མཆོག་གསུམ་ལ་སྐལ་བའི་ཕུད་བཅད་དེ། བདག་ཉིད་ཀྱིས་བླ་ན་མེད་པའི་སེམས་ཆགས་པ་ཆེན་པོ་བསྐྱེད་ལ་སྲུང་བ་ལ་སོགས་པ་བྱས་ནས་བཟའ་བ་ལ་སོགས་ལ་ལོངས་སྤྱོད་པར་བྱ་བའོ། །མེད་པ་མཁས་པ་བདག་ཉིད་ཀྱིས། །བླངས་ནས་ཡོངས་སུ་སྦྱད་པར་
གྱ། །ཞེས་པ་ནི་བླ་མ་ལ་དགོངས་པ་སྟེ། བླ་མ་ལ་ཡུལ་གྱིས་བསྐལ་པ་འམ། དུས་ཀྱིས་བསྐལ་པ་ཡིན་ན་བདག་རང་གིས་སྤྱད་པར་བྱ་བ་ཉིད་དེ་དེ་དག་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །སེམས་ཅན་ཀུན་ལ་ཕན་བརྩོན་པར། །བསྐལ་པ་དུ་མར་གནས་པར་འགྱུར།། ཇི་ལྟར་དངོས་གྲུབ་མ་གྲུབ་ན། །ལས་རྣམས་མ་ལུས་ནུས་འགྱུར་ཏེ། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཆད་པ་བཅད་ཅིང་བཀའ་ཙམ་གྱིས། །ཞི་བ་ལ་སོགས་ལས་ཀུན་ནི། །བྲན་བཞིན་ལས་ཀུན་བྱེད་པར་འགྱུར། །ཞེས་གསུངས་པ་ནི་འདིར་དཀྱིལ་འཁོར་ཆེན་པོ་གསུམ་ལ་རྣལ་འབྱོར་པ་ཚེ་བསྲིང་བའི་ཆོ་ག་གསུམ་གསུངས་ཏེ། དེ་ལ་འོག་མ་གཉིས་བོ་ནི་ཚེ་འདི་ཉིད་ཁོ་ན་བསྒྲུབ་པ་ཡིན་ལ། འདི་ནི་ཚེ་དང་ཡང་དག་པའི་བྱང་ཆུབ་གཉི་ག་སྒྲུབ་པར་གསུངས་སོ། །དེ་གྲུབ་པ་ལས་འབྲས་བུ་ཅི་ཞིག་འོང་སྙམ་པ་ལ། སེམས་ཅན་ཀུན་ལ་ཕན་བརྩོན་པར། །ཞེས་པ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པར་འགྲོ་བའི་དོན་བྱེད་པར་འགྱུར་རོ་ཞེས་པར་འབྲེལ་ཏོ། །ཅི་སྟེ་དངོས་གྲུབ་མ་གྲུབ་ན། །ཞེས་པ་ནི་གལ་ཏེ་འམ་བརྒྱལ་དངོས་གྲུབ་མ་གྲུབ་པར་གྱུར་ཀྱང་ཞི་བ་ལ་སོགས་པའི་ཕྲིན་ལས་རྣམ་པ་བཞི་འགྲུབ་པར་གསུངས་སོ། །གནོད་སྦྱིན་སྐར་མའི་གདོང་ལ་སོགས། །ཞེས་པ་ནི་བདག་ཉིད་འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་བ་ལས་ཤིན་ཏུ་གདུལ་བར་དཀའ་བའི་ཆ་གཟུང་བ་སྟེ། གནོད་སྦྱིན་སྐར་མའི་གདོང་ལ་སོགས་པ་བདག་ཉིད་ཀྱིས་མིང་བོས་པ་ཙམ་གྱིས་ཀྱང་དྲུང་དུ་འོངས་ཏེ། བདག་གིས་བསྒོ་བའི་ལས་ཐམས་ཅད་བྱེད་པར་འགྱུར་བ་ནི་ངེས་པ་སྟེ་ཐེ་ཚོམ་མི་བྱ་བ་ཉིད་དོ། །དེ་དག་གིས་ནི་བཅོམ་ལྡན་འདས་ཀྱིས་དབང་པོ་རྟུལ་བོའི་སེམས་ཅན་རྣམས་ཀྱི་དོན་དུ་བསྡུས་པའི་སྒྲུབ་པ་འདི་གསུངས་སོ། །ཟབ་ཅིང་རྒྱ་ཆེ་བའི་བློ་དང་ལྡན་པ་དབང་པོ་རྣོན་པོའི་གང་ཟག་རྣམས་ཀྱི་དོན་དང༌། ཐེག་པ་ཆེན་པོའི་རྒྱུད་འདི་ཉིད་སྔར་གསུངས་པ་རྣམས་ཀྱི་ཚུལ་ཇི་ལྟ་བ་ཡིན་པ་
ནི་འདི་ལྟར་གཙུག་ཏོར་ཆེན་པོའི་བརྟག་པ་ལས། ཁམས་གསུམ་མ་ལུས་འདི་དག་ནི། །དཀྱིལ་འཁོར་ཆེན་པོའི་ངོ་བོ་ཡིན། །ཞེས་གསུངས་པས་ན་དེ་ལ་དེ་བཞིན་གཤེགས་པས་ནི་གསང་སྔགས་རྣམས་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་གྱི་ ཚུལ་དང ་སྦྱར་ནས་གསུངས་ཏེ། དེ་ལ་དགྱེས་པའི་རྡོ་རྗེ་ལ་སོགས་པ་ནི་མངལ་ནས་སྐྱེས་པའི་ཚུལ་དུ་གསུངས་སོ། །བདེ་མཆོག་འཁོར་ལོ་ལ་སོགས་པ་ནི་རྫུས་ཏེ་སྐྱེས་པའི་ ཚུལ་དང ་སྦྱར་ནས་གསུངས་སོ། །གསང་བ་འདུས་པ་ལ་སོགས་པ་ཁ་ཅིག་སྐྱེ་བ་བཞིའི་ཚུལ་ལྟ་བུར་སྣང་ཡང་ཕལ་ཆེར་སྒོ་ང་ལས་སྐྱེས་པའི་ ཚུལ་དང ་སྦྱར་ནས་གསུངས་སོ། །གཞུང་འདི་པ་ལ་སོགས་པ་ནི་དྲོད་གཤེར་ལས་སྐྱེས་པ་དང་སྦྱར་ནས་གསུངས་པར་ཤེས་པར་བྱ་ཞིང༌། དེ་ལ་འདིར་ནི་ཤེས་པ་ཐམས་ཅད་རང་གི་ངོ་བོ་ཙམ་དུ་མཐར་ཐུག་པ་སྟེ། གཞན་ལ་ཡོངས་སུ་འཛིན་པ་ནི་མེད་དོ། །དེ་བས་ན་ཡུལ་མེད་པའི་ཕྱིར་ཐ་སྙད་ལ་སོགས་པས་བྱེ་བྲག་ཏུ་མི་ཕྱེད་པ་ཉིད་དེ། དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་འདི་ལྟར་སྣང་བ་རེ་རེ་ལའང་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལོག་པའི་དཀྱིལ་འཁོར་གྱི་ལྟ་ཐམས་ཅད་རང་གི་སེམས་ལས་བྱུང་བའི་ངོ་བོར་བརྟག་པར་བྱའོ། །དེ་ལ་རང་གི་ཏིང་ངེ་འཛིན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་ལོག་ལ་དམིགས་པར་མི་འགྱུར་ཞིང༌། སེམས་གང་ཐ་མལ་བ་འཛིན་པ་ལ་སོགས་པའི་རྣམ་པར་བྲལ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་འགྱུར་ཏེ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་འོད་གསལ་བའོ། །དེ་ལ་འདིར་ནི་འདི་ལྟར་སྣང་བ་ཐམས་ཅད་དཀྱིལ་འཁོར་ལྔས་འདུས་པ་སྟེ། སྣོད་ཀྱི་དཀྱིལ་འཁོར་དང༌། རྒྱུའི་དཀྱིལ་འཁོར་དང༌། ཐབས་ཀྱི་དཀྱིལ་འཁོར་དང༌། ལམ་གྱི་དཀྱིལ་འཁོར་དང༌། འབྲས་བུའི་དཀྱིལ་འཁོར་རོ། དེ་ལ་སྣོད་ཀྱི་དཀྱིལ་འཁོར་ནི་རྟེན་པ་སྟེ། དབུས་ཀྱི་རི་བོ་མཆོག་རབ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང༌། ངན་སོང་སྦྱོང་བ་དང༌། རིན་ཆེན་ཏོག་དང༌། ཤཱཀྱ་ཐུབ་པ་དང༌། མེ་ཏོག་ཆེར་རྒྱས་སོ། །གཉའ་ཤིང་འཛིན་ནི་རྡོ་རྗེ་སེམས་
དཔའོ། །དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ། གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། བལྟ་ན་སྡུག་རི་དང༌། རྟ་རྣ་དང༌། རྣམ་འདུད་དང༌། མུ་ཁྱུད་འཛིན་དང༌། དེ་དག་གི་བར་གྱི་རོལ་མཚོ་བདུན་དང༌། ལྕགས་སྦས་དང༌། འཁོར་ལོ་ཅན་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གི་ངོ་བོ་ཉིད་དོ། །འཛམ་བུའི་གླིང་དང༌། བ་ལང་སྤྱོད་དང༌། སྒྲ་མི་སྙན་དང༌། ལུས་འཕགས་པོ་རྣམས་ནི་སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་སོ། །ལུས་དང༌། ལུས་བསྲུང་དང༌། སྒྲ་མི་སྙན་དང༌། སྒྲ་བསྲུང་དང༌། རྔ་ཡབ་དང༌། རྔ་ཡབ་གཞན་དང༌། གཡོ་ལྡན་དང༌། ལམ་མཆོག་འགྲོ་རྣམས་ནི་སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་དོ། །ཤིང་ཆེན་པོ་ལུས་བརྒྱད་དང༌། འཛམ་བུ་ཤིང་དང༌། བ་ལང་སྣ་དང༌། སྒྲ་འབྱིན་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བཞིའོ། །ཕྱིའི་ལྕགས་རི་ནག་པོ་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། རྣམ་མཁའ་ལ་སོགས་པ་ནི་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཤེས་པར་བྱའོ། །རྒྱུའི་དཀྱིལ་འཁོར་ནི་བསྐྱེད་པ་ཉིད་དེ། དེ་ལ་གཟུགས་ཀྱི་ཕུང་པོ་ནི་ངན་སོང་སྦྱོང་བའོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་ཏོག་གོ །འདུ་ཤེས་ཀྱི་ཕུང་པོ་ནི་ཤཱཀྱ་ཐུབ་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་མེ་ཏོག་ཆེར་རྒྱས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་སྣང་མཛད་དེ། །སའི་ཁམས་ནི་སངས་རྒྱས་སྤྱན་ནོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་སྒྲོལ་མའོ། །མིག་གི་ཁམས་ནི་རྡོ་རྗེ་སེམས་དཔའོ། །གཟུགས་ཀྱི་ཁམས་ནི་རྡོ་རྗེ་རྒྱལ་པོའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཆགས་པའོ། །རྣ་བའི་ཁམས་ནི་རྡོ་རྗེ་ལེགས་པའོ།། སྒྲའི་ཁམས་ནི་རྡོ་རྗེ་རིན་ཆེན་ནོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཉི་མའོ། །སྣའི་ཁམས་ནི་རྡོ་རྗེ་རྒྱལ་མཚན་ནོ། །དྲིའི་ཁམས་ནི་རྡོ་རྗེ་བཞད་པའོ། །སྣའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་ཆོས་སོ། །ལྕེའི་ཁམས་ནི་རྡོ་རྗེ་རྣོན་པོའོ། །རོའི་ཁམས་ནི་རྡོ་རྗེ་འཁོར་
ལོའོ། །ལྕེའི་རྣམ་པར་ཤེས་པའི་ཁམས་ནི་རྡོ་རྗེ་གསུང་ངོ༌། །ལུས་ཀྱི་ཁམས་ནི་རྡོ་རྗེ་ལས་སོ། །རེག་བྱའི་ཁམས་ནི་རྡོ་རྗེའི་གོ་ཆའོ། །ཡིད་ཀྱི་ཁམས་ནི་རྡོ་རྗེ་གནོད་སྦྱིན་ནོ། །ཆོས་ཀྱི་ཁམས་ནི་རྡོ་རྗེ་ཁུ་ཚུར་རོ། །མིག་གི་སྐྱེ་མཆེད་ནི་སྒེག་མོའོ། །སྣའི་སྐྱེ་མཆེད་ནི་ཕྲེང་བའོ། །རྣ་བའི་སྐྱེ་མཆེད་ནི་གླུ་མའོ། །ལྕེའི་སྐྱེ་མཆེད་ནི་གར་མཁན་ནོ། །གཟུགས་ཀྱི་སྐྱེ་མཆེད་ནི་བདུག་པ་མའོ། །རོའི་སྐྱེ་མཆེད་ནི་མེ་ཏོག་མའོ། །སྒྲའི་སྐྱེ་མཆེད་ནི་སྣང་བ་མའོ། །དྲིའི་སྐྱེ་མཆེད་ནི་དྲི་ཆབ་མའོ། །ལུས་ཀྱི་སྐྱེ་མཆེད་ནི་ལྕགས་ཀྱུ་མའོ། །རེག་བྱའི་སྐྱེ་མཆེད་ནི་ཞགས་པ་མའོ། །ཡིད་ཀྱི་སྐྱེ་མཆེད་ནི་ལྕགས་སྒྲོག་མའོ། །ཆོས་ཀྱི་སྐྱེ་མཆེད་ནི་དྲིལ་བུ་མའོ། །རྐང་ལག་གི་དུམ་བུ་བརྒྱད་ནི་ཀ་བ་བརྒྱད་དོ། །བུ་ག་བཞི་ནི་སྒོ་བཞི་པའོ། །ས་བོན་ལ་སོགས་པ་ལྔ་ནི་རིན་པོ་ཆེ་སྣ་ལྔའི་རྩིག་པའོ། །སྒལ་ཚིགས་ནི་རིན་པོ་ཆེའི་ཕ་གུའོ། །རྩིབ་མ་དང་རྩིབ་བུ་ཐུང་ནི་དྲ་བ་དང་དྲ་བ་ཕྱེད་དོ། །སྨིན་མ་ལ་སོགས་པ་བུ་ག་བཞིའི་ཕྱི་རོལ་ན་གནས་པ་ནི་རྟ་བབས་བཞིའོ། །སྐྲ་དང་བ་སྤུ་ལ་སོགས་པ་ནི་བ་དན་དང་ལྔ་ལྔའི་རྣམས་སུ་ཤེས་པར་བྱའོ། །ཐབས་ཀྱི་དཀྱིལ་འཁོར་ནི་སྒྲུབ་པ་ཉིད་དོ། །དེ་ནི་རྣམ་པ་གཉིས་ཏེ་ནང་གི་བདག་ཉིད་ཅན་གྱིས་བསྡུས་པ་དང༌། ཕྱིའི་བདག་ཉིད་ཅན་གྱིས་བསྡུས་པའོ། །དེ་ལ་ནང་གི་བདག་ཉིད་ཅན་ལ་གཉིས་ཏེ། དམིགས་པའི་རྐྱེན་གྱིས་བསྡུས་པ་དང༌། བདག་པོའི་དབང་གིས་བསྡུས་པའོ། །དམིགས་པའི་རྐྱེན་གྱིས་བསྡུས་པ་ལ་དྲུག་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །དེ་དག་ལ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཁོ་ནར་གསུངས་ཏེ། དེ་ཡང་མིག་ལ་ནི་གཟུགས་དང་ཁ་དོག་གི་བྱེ་བྲག་གིས་མཚོན་ཏོ། །རྣ་བ་ལ་ནི་ངག་རྩུབ་མོ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ནས་བསླང་བའི་སྒྲའི་བྱེ་བྲག་གིས་མཚོན་ཏོ། །སྣ་ལ་ནི་དྲི་ཞིམ་པ་ལ་སོགས་པ་དྲིའི་བྱེ་བྲག་གི་སྒོ་ནས་མཚོན་ཏེ་ལྕེ་ལ་ནི་རོ་མངར་བ་ལ་སོགས་པ་རོའི་བྱེ་བྲག་གི་སྒོ་ནས་མཚོན་ཏོ། །ལུས་ལ་ནི་འཇམ་པ་ལ་སོགས་པ་རེག་བྱའི་བྱེ་བྲག་གི་སྒོ་ནས་མཚོན་ཏོ། །ཡིད་ལ་ནི་ཞེ་སྡང་ལ་སོགས་པ་སེམས་
ཀྱི་ཁྱད་པར་གྱིས་མཚོན་ཏོ། །བདག་པོའི་དབང་གིས་བསྡུས་པ་ལ་གཉིས་ཏེ། ཕྱི་རོལ་དུ་དམིགས་པ་དང༌། ནང་དུ་དམིགས་པའོ། །ཕྱིའི་བདག་ཉིད་ཅན་གྱིས་བསྡུས་པ་ལ་བཞི་སྟེ། ལུགས་སུ་བླུགས་པ་དང༌། འབུར་དང༌། ཚོན་དང་བྱུག་པའོ། །ཚོན་ལ་གཉིས་ཏེ། ཆུ་ཚོན་དང་རྡུལ་ཚོན་ནོ། །དེ་དག་གིས་གཞན་དུ་གསུངས་པའི་སྐུ་དང་གསུང་དང༌། ཐུགས་དང༌། ངོ་བོ་ཉིད་དང༌། གཟུགས་བརྙན་དང༌། དམ་ཚིག་ལ་སོགས་པའང་བསྡུས་སོ། །ལམ་གྱི་དཀྱིལ་འཁོར་ནི་བགྲོད་པ་ཡིན་ལ་དེ་ནི་རྣམ་པ་གཉིས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཟང་ཟིང་ལ་སོགས་པའི་དབྱེ་བས་ལྷའི་ངོ་བོ་ནི་གཞན་དུ་བཤད་ལ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཉེ་བར་སྦྱར་བར་བྱ་སྟེ། དེ་ལ་དད་པའི་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །དྲན་པའི་སྟོབས་ནི་ངན་སོང་སྦྱོང་བའོ། །ཏིང་ངེ་འཛིན་གྱི་སྟོབས་ནི་རིན་ཆེན་ཏོག་གོ །ཤེས་རབ་ཀྱི་སྟོབས་ནི་ཤཱཀྱ་ཐུབ་པའོ། །བརྩོན་འགྲུས་ཀྱི་སྟོབས་ནི་མེ་ཏོག་ཆེར་རྒྱས་སོ། །ལུས་དྲན་པ་ཉེ་བར་གཞག་པ་ནི་སངས་རྒྱས་སྤྱན་ནོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་གོས་དཀར་མོའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་མཱ་མ་ཀཱིའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྒྲོལ་མའོ། །དད་པའི་དབང་པོ་ནི་རྡོ་རྗེ་སེམས་དཔའོ། །དྲན་པའི་དབང་པོ་ནི་རྒྱལ་པོའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་ཆགས་པའོ། །ཤས་རབ་ཀྱི་དབང་པོ་ནི་ལེགས་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་རིན་ཆེན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཉི་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྒྱལ་མཚན་ནོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བཞད་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆོས་སོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྣོན་པོའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གསུང་པའོ། །འདུན་པ་རྫུ་འཕྲུལ་གྱི་རྐང་པ་ནི་ལས་སོ། །བརྩོན་འགྲུས་རྫུ་འཕྲུལ་གྱི་
རྐང་པ་ནི་གོ་ཆའོ། །སྤྱོད་པ་རྫུ་འཕྲུལ་གྱི་རྐང་པ་ནི་གནོད་སྦྱིན་ནོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ཁུ་ཚུར་རོ། །ཡང་དག་པའི་ངག་ནི་སྒེག་མོའོ། །ཡང་དག་པའི་དྲན་པ་ནི་ཕྲེང་བ་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་གླུ་མཁན་མའོ། །ཡང་དག་པའི་ལྟ་བ་ནི་གར་མཁན་མའོ། །ཡང་དག་པའི་འཚོ་བ་ནི་བདུག་པ་མའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་མེ་ཏོག་མའོ། །ཡང་དག་པའི་རྟོག་པ་ནི་སྣང་བ་མའོ། །ཡང་དག་པའི་རྩོལ་བ་ནི་དྲི་ཆབ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་འཇིག་པར་བྱེད་པ་ནི་རྡོ་རྗེ་ལྕགས་ཀྱུའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་ཞགས་པ་མའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་ལྕགས་སྒྲོག་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་དྲིལ་བུ་མའོ། །བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ནི་སྒོ་བ་བཞིའོ། །ཏིང་ངེ་འཛིན་བཞི་ནི་རྟ་བབས་བཞིའོ། །རྣམ་པར་ཐར་བ་བརྒྱད་ནི་ཀ་བ་བརྒྱད་དོ། །འཕགས་པའི་བདེན་པ་བཞི་ནི་ལོགས་བཞིའོ། །བསམ་གཏན་བཞི་ནི་རིན་པོ་ཆེའི་ཕ་གུའོ། །མཐར་གྱིས་སྙོམས་པར་འཇུག་པ་དགུ་ནི་དྲ་བ་དྲ་ཕྱེད་དུ་ཡང་དག་པར་ཤེས་པར་བྱའོ། །འབྲས་བུའི་དཀྱིལ་འཁོར་ནི་གཉིས་ཏེ་ཆོས་ཀྱི་སྐུའི་ ཚུལ་དང ༌། ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་ལོ། །དེ་ལ་འདིར་ཆོས་ཀྱི་སྐུའི་ཚུལ་ནི་འདི་ལྟར་རང་བཞིན་རྣམ་པར་དག་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐམས་ཅད་ཀྱི་རྒྱུར་འགྱུར་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དོ། །ཤེས་རབ་ཀྱི་མཐའ་ལས་བྱུང་བའི་རྒྱུ་མཚན་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བདག་ཉིད་དོ། །དམིགས་པ་མེད་ཅིང་བདག་ཉིད་དང་དབྱེར་མི་ཕྱེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་པོ་ཆེ་ཏོག་གི་བདག་ཉིད་དོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པར་རྟོག་པ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤཱཀྱ་ཐུབ་པའི་བདག་ཉིད་དོ། །འགྲོ་བ་མཐའ་དག་གི་དོན་བྱེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་མེ་ཏོག་ཆེན་པོ་རྒྱས་པའི་བདག་ཉིད་དོ། །རྣམ་
པར་ཐར་པའི་སྒོས་ཆོས་ཀྱི་དབྱིངས་ལ་དམིགས་ཏེ། ཏིང་ངེ་འཛིན་ཐམས་ཅད་བསྐྱེད་པའི་རྒྱུ་སྟོང་པ་ཉིད་ནི་སངས་རྒྱས་སྤྱན་ནོ། །མཚན་མ་མེད་པ་ནི་མཱ་མ་ཀཱིའོ། །སྨོན་པ་མེད་པ་ནི་གོས་དཀར་མོའོ། །མངོན་པར་འདུ་མི་བྱེད་པ་ནི་སྒྲོལ་མའོ། །དེ་བཞིན་དུ་ལོག་པའི་ཆོས་རེ་རེ་ལས་བྲལ་བའི་ནང་སྟོང་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །ཕྱི་སྟོང་པ་ཉིད་ནི་རྡོ་རྗེ་རྒྱལ་པོའོ། །ཕྱི་ནང་སྟོང་པ་ཉིད་ནི་རྡོ་རྗེ་ཆགས་པའོ། །ཆེན་པོ་སྟོང་པ་ཉིད་ནི་རྡོ་རྗེ་ལེགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་རིན་ཆེན་ནོ། །དོན་དམ་པ་སྟོང་པ་ཉིད་ནི་རྡོ་རྗེ་ཉི་མའོ། །འདུས་བྱས་སྟོང་པ་ཉིད་ནི་རྡོ་རྗེ་རྒྱལ་མཚན་ནོ། །འདུས་མ་བྱས་སྟོང་པ་ཉིད་ནི་རྡོ་རྗེ་བཞད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་རྡོ་རྗེ་ཆོས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་རྣོན་པོའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་འཁོར་ལོའོ། །རང་བཞིན་སྟོང་པ་ཉིད་ནི་རྡོ་རྗེ་གསུང་ངོ༌།། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་ལས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་རྡོ་རྗེ་སྲུང་བའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་རྡོ་རྗེ་གནོད་སྦྱིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རྡོ་རྗེ་མཚམས་སྦྱོར་རོ། །དེ་བཞིན་དུ་འདིར་ཡང་ཕྱིན་ཅི་ལོག་གི་ཆོས་རེ་རེའི་གཉེན་པོ་བདག་དང་གཞན་དུ་དམིགས་པ་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་རྒྱུན་ཆེན་པོ་དམིགས་པ་མེད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྒེག་མོའི་བདག་ཉིད་དོ། །བདག་ དང་གཞན་དུ་རློམ་སེམས་མེད་པའི་ཚུལ ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྲེང་བ་མའོ། །དུས་ཐམས་ཅད་དུ་སྲོག་ལ་བབ་ཀྱང་ཁྲོ་བའི་སེམས་མི་སྐྱེ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གླུ་མཁན་མའོ། །གནས་སྐབས་ཐམས་ཅད་དུ་བར་ཆད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གར་མཁན་མའོ། །དེ་བཞིན་དུ་རྟོག་པ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདུག་བ་མའོ། །ནང་དང་ཕྱི་རོལ་གྱི་རྣམ་པར་གཡང་བ་ཐམས་ཅད་དང་བྲལ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ཏོག་མའོ། །བསམ་པ་ཕྱིན་ཅི་ལོག་གིས་བསྐྱེད་པའི་སྨོན་ལམ་ངན་པ་དང་བྲལ་བའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བ་མའོ། །ཐབས་ཕྱིན་ཅི་ལོག་ཐམས་ཅད་དང་བྲལ་
བའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་ཆབ་མའོ། །འགྲོ་བའི་སྡུག་བསྔལ་ལ་མངོན་པར་གཟིགས་པའི་སྙིང་རྗེ་ནི་ལྕགས་ཀྱུ་མའོ། །དེ་ཉིད་སྒྲོལ་བ་ལ་མངོན་པར་བརྩོན་པའི་བྱམས་པ་ནི་ཞགས་པ་མའོ། །དེ་དག་ལ་མངོན་པར་དགྱེས་པའི་དགའ་བ་ནི་ལྕགས་སྒྲོག་མའོ། །ཐམས་ཅད་དུ་དམིགས་པ་མེད་པའི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་ནི་དྲིལ་བུ་མའི་བདག་ཉིད་དོ། །ལོངས་སྤྱོད་རྫོགས་པ་སྐུའི་ཚུལ་ནི་གོང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ལྷ་དང་མི་རྣམས་ལས་ཁྱད་པར་དུ་གྱུར་པ་ཆོས་ཀྱི་སྐུ་ལས་བྱུང་བས་ཡེ་ཤེས་ལྔའི་ ཚུལ་དང ༌། སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པའི་འདོད་པའི་ཡོན་ཏན་ལྔས་གདུལ་བྱའི་སེམས་ཅན་རྣམས་གདུལ་བའི་ཆེད་དུ་རིན་པོ་ཆེའི་གཞལ་ཡས་ཁང་ན་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་དང༌། ཐེག་པ་ཆེན་པོ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཉིད་ཀྱིས་ལོངས་སྤྱོད་པའི་སངས་རྒྱས་འབའ་ཞིག་ཉིད་དོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྤངས་པ་ལས་རྣམ་པར་བྱང་བའི་ཕུང་བོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཅན་དུ་རིག་པར་བྱ་སྟེ། དེ་བས་ན་ཇི་སྲིད་སེམས་ཀྱི་ཀུན་དུ་རྟོག་པ་མཐའ་དག་སྤངས་པ་ནས། དེ་ཁོ་ན་ཉིད་ཀུན་རྟོག་གི་བར་དུ་དེ་ཁོ་ན་ཉིད་ལ་བརྟེན་ནས་དེའི་ངོ་བོ་ལྷག་པར་ཞེན་པའི་ཕྱིར་དང༌། དེ་བས་བྱུང་བ་ལ་བརྟེན་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་རྫོགས་པ་ལས་དེ་རྣམས་སྐྱེ་བར་འདོད་དོ། །དེ་ལྟར་བདག་ཉིད་དང་དངོས་པོ་ཐམས་ཅད་དབྱེར་མེད་པར་བལྟས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ཡུལ་མེད་པར་གསལ་བས་ཡུལ་དུ་བྱས་ནས་བདག་ཉིད་ལ་ཡང་དག་པར་མཆོད་པར་བྱའོ། །དེ་ལ་གང་དག་གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་ཐམས་ཅད་བཀག་ནས་བདག་ཉིད་ལ་མཆོད་པས་མཆོག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་སེམས་ལས་མ་གཏོགས་པའི་གཞན་དུ་ལྷའི་བདག་ཉིད་ཡོད་པ་མ་ཡིན་པས་ན། བདག་ཉིད་ཁོ་ན་མཆོད་པར་བྱ་བ་ཉིད་དོ། །དེ་བས་ན་
སེམས་ལས་གཞན་དུ་མཆོད་པར་བྱ་བ་གང་ཡང་མེད་དེ། སྐུ་གཟུགས་ལ་སོགས་པ་ཡང་རང་གི་སེམས་ཀྱིས་ལྟར་བསྐྱེད་པའི་བཏགས་པ་ཙམ་ལས་གཞན་དུ་དངོས་པོ་མེད་པ་ཉིད་དོ། །དེ་བས་ན་བདག་ཉིད་ལྷར་བསྐྱེད་པ་ལས་དུག་མེད་ཅིང་བླ་ན་མེད་པའི་འབྲས་བུ་ཐོབ་པ་ནི་ངེས་པ་ཉིད་དེ་ཐེ་ཚོམ་མི་བྱ་བ་ཉིད་དོ། །གང་དག་ཉམས་སུ་མྱོང་བ་བཀག་པ་ལས་མི་སྐྱེ་བ་ནི་ཁྱད་པར་སྤྱིར་ཞུགས་པའི་ཚིག་སྟེ། ཁྱད་པར་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །ཡུལ་གཅིག་ལ་ནི་བྱེད་པ་འགག་པར་འགྱུར་ཏེ། ཡུལ་སྣ་ཚོགས་ལ་ནི་མ་ཡིན་ནོ། །དེ་ལ་གང་དག་གི་ངོ་བོ་ཡུལ་དུ་བྱེད་ན་ནི་ཡུལ་སྣ་ཚོགས་པར་ཡང་འཐད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཚོགས་པའི་ཁྱད་པར་ལ་འདོད་པའི་འབྲས་བུ་སྐྱེ་བ་ནི་རྗེས་སུ་མཐུན་པའོ། །ལས་གང་ལས་མི་འདོད་པའི་འབྲས་བུ་འབྱུང་བ་ནི་དགག་པར་བྱ་བའི་ཡུལ་ཡིན་ཞིང་དེའི་ངོ་བོ་ལྷག་པར་ཞེན་པ་ཙམ་གྱིས་ནི་ཐམས་ཅད་དུ་དེ་ལྟར་མི་འགྱུར་ཏེ། དཔེར་ན་དུག་ལ་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པ་ཟོས་ཀྱང་འཆི་བ་ལ་སོགས་པའི་ནུས་པ་མེད་པ་བཞིན་ནོ། །ལུས་ཀྱི་ལ་སོགས་པ་སྤྱིར་ཡང་བཀག་པ་དེ་དག་ཀྱང་ངེས་པ་མེད་དེ། འདི་ལྟར་སྙིང་རྗེ་ལ་སོགས་པས་བསླང་བའི་ལས་ཀྱིས་ཕྱོགས་གཞན་དུ་མི་འདོད་པའི་འབྲས་བུར་འགྱུར་བའང་ཡོད་དེ། ཁ་ཅིག་ཏུ་ཚ་པའི་ནད་ཀྱིས་བཏབ་པ་རླུང་གཡབ་པ་ལས་དེ་དང་མི་མཐུན་པས་གང་ཟག་དེ་འཆི་བའི་རྒྱུ་བསྐྱེད་པ་ཉིད་དང༌། ཡང་ཁ་ཅིག་ཏུ་བུད་མེད་ཀྱི་འགྲོ་བ་ཆུ་ཡིས་ཁྱེར་བ་ལ་སའི་འདུ་ཤེས་ཀྱིས་བཏོན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སྙིང་རྗེ་ལ་སོགས་པ་དགེ་བ་ཡིད་ལ་བྱེད་པའི་སྟོབས་ཀྱིས་ལས་གང་དང་གང་བྱས་པ་ཐམས་ཅད་གནང་བའི་ཡུལ་ཡིན་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པའི་མདོ་ལས། དགེ་བའི་སེམས་ཀྱིས་བྱམས་བསྐྱེད་ནས། །སྙིང་རྗེས་དོན་གཞན་སྟོན་པ་ལ། །གནང་བ་བྱིན་པས་སྡིག་མི་འགྱུར། །ཞེས་པ་ནས་གཞན་ཡང༌། བྱང་ཆུབ་སེམས་
དཔའི་རྟོག་པ་ཡིས། །དགེ་དང་མི་དགེ་གང་བྱས་ཀྱང༌། །དེ་དག་ཡིད་ཀྱི་དབང་བྱས་ཕྱིར། །ཐམས་ཅད་དགེ་བར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཐབས་མཁས་པ་མ་ཡིན་པས་ཀྱང་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གཞག་པར་བྱ་སྟེ། ཐབས་མཁས་པ་ཡིན་པ་ལ་གནང་བ་བྱིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སུམ་ཅུ་རྩ་གསུམ་པ་ལས། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་བྱ་བ་ཡིན་ཏེ། ཇི་སྲིད་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་མཐོང་བའི་བར་དུའོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་སྤང་བའི་ཕྱིར་ཏེ། ཇི་སྲིད་དུ་སེར་སྣ་ཅན་དག་མཐོང་བའི་བར་དུའོ། །དེ་བཞིན་དུ་འདོད་པའི་དབང་གིས་གཞན་གྱི་བུད་མེད་སྤྱད་པར་བྱ་བ་མ་ཡིན་ཏེ། ཇི་སྲིད་གཏེར་ལ་སོགས་པ་སྟེར་བའི་པར་དུའོ་ཞེས་གསུངས་ཏེ། དེ་དག་ལ་སོགས་པ་བསླབ་པའི་གཞི་ཐམས་ཅད་ནི་གཞན་དུ་འང་རྒྱས་པར་བལྟ་བར་བྱའོ། །ཡང་འདིར་རྙེད་པ་ལ་སོགས་པས་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ནི་མི་དགེ་བ་ཉིད་ཡིན་ཏེ། མི་འདོད་པའི་འབྲས་བུ་སྟེར་བའི་ཕྱིར་རོ། །དེ་ལ་དེའི་རང་གི་ངོ་བོ་ནི་ལུང་དུ་མ་བསྟན་པ་ཡིན་ཞིང་གང་དུ་གཞན་ལ་ཕན་པར་བྱེད་པའི་བསམ་པ་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་རང་གི་ངོ་བ་ཡིན་ཏེ་བླ་ན་མེད་པའི་འབྲས་བུ་འདྲེན་པར་བྱེད་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བདག་ཉིད་ཀྱི་སྤྱོད་པས་ཡོངས་སུ་སྤྱོད་པ་ལ་ནི་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་ཏེ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་དང་ཡོན་ཏན་བྱང་ཆུབ་ལུང་བསྟན་ཤེས་གྱུར་པ། །དེ་ནི་ ཚུལ་ཁྲིམས་ནོར་དང ་ཆོས་དང་ཡང་དག་ལྡན། །གང་ཞིག་ཆོས་དང་བྱང་ཆུབ་ཡོན་ཏན་སྨོད་བྱེད་པ།། དེ་ནི་གཙོ་བོའི་ཚུལ་ཁྲིམས་འཆལ་ཞེས་རབ་ཏུ་བཤད། །ཅེས་གསུངས་པའི་ཕྱིར་དང༌། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ཆེན་པོ་ལས་ཀྱང་ཐབས་མཁས་པ་དང་ལྡན་པ་དག་གིས་དངོས་པོ་ཐམས་ཅད་སྨད་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིར་གཟུགས་ལ་
སོགས་པའི་ཡུལ་རང་གི་བསམ་པས་ལོངས་སྤྱོད་པར་མཚུངས་ཀྱང༌། ཁ་ན་ཐོ་བ་དང་ཁ་ན་མ་ཐོ་བ་མེད་པའི་འབྲས་བུར་རྣམ་པར་གཞག་བར་བྱ་སྟེ། ཉོན་མོངས་པའི་བསམ་བས་ནི་ཉོན་མོངས་པའི་ཡུལ་ལ་སྤྱོད་དོ། །ཉོན་མོངས་པ་མེད་པ་ནི་ཉོན་མོངས་པ་མེད་པར་ལོངས་སྤྱོད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པའི་འབྲས་བུར་མཐུན་པ་དང༌། རང་མྱ་ངན་ལས་འདས་པའི་འབྲས་བུར་མཐུན་པ་དང་བླ་ན་མེད་པའི་འབྲས་བུར་མཐུན་པའོ། །དེ་ལ་དང་པོ་ནི་མཐོ་རིས་ལ་སོགས་པའི་འབྲས་བུ་འདོད་པས་ལྷ་ལ་སོགས་པ་ལ་མཆོད་པའི་ངེས་པར་འབྱུང་བ་ཡིད་ལ་བྱེད་པའོ། །གཉིས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུགས་ལ་སོགས་པ་ལ་ངེས་པར་འབྱུང་བའི་རྣམ་པས་སོ་སོར་རྟོག་པ་སྟེ། ཇི་ལྟར་ཡང་དག་པ་མཚུངས་པར་ལྡན་པའི་མདོ་ལས། དགེ་སློང་དག་འདིར་གང་མིག་གིས་གཟུགས་རྣམས་མཐོང་བ་ན་གཟུགས་དེ་དག་ཉེ་བར་དམིགས་པར་མི་བྱ་བ་ནི་མི་རྟག་པ་ལ་སོགས་པའི་བར་ལ་གནས་ཏེ། གཟུགས་ལ་སོགས་པ་ལ་ཉེ་བར་དམིགས་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་རྣམ་པ་བཞི་སྟེ། སྨོན་ལམ་གྱི་སྟོབས་ཀྱིས་རྣམ་པར་གྲོལ་བ་བསྒོམ་པ་དང་དེ་ཁོ་ན་ཉིད་འབའ་ཞིག་ལ་སོ་སོར་རྟོག་པས་བསྒོམ་པ་དང༌། བདག་མེད་པ་ཙམ་ལ་དམིགས་པས་བསྒོམ་པ་དང༌། ཟབ་ཅིང་རྒྱ་ཆེ་བ་ལ་བསྒོམ་པའོ། །དེ་ལ་དང་པོ་ནི་གཟུགས་ལ་སོགས་པ་འདི་ལྟར་སྣང་ཞིང་ཉམས་སུ་མྱོང་བ་རྣམས་ཀྱི་རྗེས་སུ་འབྲངས་ཏེ་འགྲོ་བ་མཐའ་དག་ལ་ཕན་པར་བྱེད་བའི་སེམས་མངོན་དུ་བསྒོམ་པ་སྟེ། ཇི་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་གང་དུ་གཟུགས་ཡིད་དུ་འོང་བ་དག་མ་ཐོང་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མཆོག་གི་གཟུགས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་པར་བྱ་བ་དང༌། གནས་གང་དུ་གཟུགས་ཡིད་དུ་མི་འོང་བ་དག་མཐོང་བ་ན། སེམས་ཅན་ཐམས་ཅད་འདི་འདྲ་བའི་འཁོར་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་ཅེས་པ་དེ་ལྟར་སེམས་བསྐྱེད་པར་བྱ་བ་དང༌། གནས་གང་དུ་བཏང་སྙོམས་ཀྱི་གཟུགས་མཐོང་བ་ན། སེམས་
ཅན་ཐམས་ཅད་སེམས་མཉམ་པ་ཉིད་དུ་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་པར་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། དེ་བཞིན་དུ་མདོ་སྡེ་རྒྱན་ལས་ཀྱང༌། དབང་པོའི་སྤྱོད་ཡུལ་སྣ་ཚོགས་ཇི་ལྟ་ཇི་ལྟ་བར། །དེ་ལྟར་དེ་ལྟར་རིག་པས་མཉམ་ཉིད་གོ་འཕང་ལ།། སེམས་ཅན་རྣམས་ལ་ཕན་པས་མངོན་པར་འདུ་བྱེད་ཅིང༌། །སྙིང་རྗེའི་བདག་ཉིད་ཞུགས་པས་སྤྱོད་ཡུལ་ཡོངས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་སེམས་ཅན་གྱི་ཁམས་ལ་སྙིང་རྗེས་རྣམ་པར་བལྟས་ཏེ་བདག་མེད་པ་ལ་སོ་སོར་རྟོག་པ་ཡིད་ལ་བྱེད་པས་ཡུལ་མཐའ་དག་ལ་ཉེ་བར་ལོངས་སྤྱོད་པ་ཉིད་དོ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་ལས་རིགས་ཀྱི་བུ་ཆོས་སྨྲ་བའི་དགེ་སློང་དེ་ལ་བདུད་སྡིག་ཅན་བར་ཆད་བྱ་བའི་ཕྱིར་ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱི་སྟོབས་ཏེ། དེ་ལ་ཐབས་མཁས་པའི་ཤེས་རབ་ཀྱིས་བཤིགས་ནས་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་རྒྱས་པར་གསུངས་སོ། །དེ་བས་ན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཉེས་པ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར། གང་དུ་མི་འདོད་པའི་ལས་སྐྱེས་པ་རྣམས་ཀྱང་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པས་ཟད་པར་འགྱུར་ཏེ། དེའི་དབང་གིས་མི་འདོད་པའི་འབྲས་བུ་བསྐྱེད་པའི་ནུས་པ་ལ་གེགས་བྱེད་པའི་ཕྱིར་རོ། །གང་ལ་སོ་སོར་རྟོག་པའི་བདག་ཉིད་ཀྱིས་གཟུགས་ལ་སོགས་པ་ཡོངས་སུ་ཤེས་པ་དེ་ལ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཇི་ལྟར་འགྱུར་ཏེ། ཕྱིན་ཅི་ལོག་གི་སེམས་ཀྱི་ཁྱད་པར་ལས་བྱུང་བའི་ལས་དང་ཉོན་མོངས་པ་དང་བདག་མེད་པ་ལ་སོ་སོར་རྟོག་པ་འགལ་བའི་ཕྱིར་ལྷན་ཅིག་ཏུ་ནི་སྐྱེ་པར་མི་འགྱུར་རོ། །དེ་ཡང་མདོ་སྡེ་རྒྱན་ལས། གང་ལ་འཇིག་རྟེན་དུ་མར་སྣང་བར་འདོད་པ་མིན། །སྐྱེས་བུས་ཆགས་པར་བལྟས་པ་འདོད་པ་སྟེ། །སྣ་ཚོགས་དེ་ཡིས་འཁོར་བར་གནས་འགྱུར་བས། །དེས་ན་བྱང་ཆུབ་སེམས་དཔའ་འདུལ་བར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི་བདག་མེད་པ་ལས་དམིགས་པ་ཉིད་ཁོ་ནས་གཟུགས་ལ་སོགས་པའི་ཐ་མལ་གྱི་ངོ་བོ་ལ་ལྷག་པར་ཞེན་པའི་གཉེན་པོ་སྟེ། དེས་ནི་གོང་
ནས་གོང་དུ་བརྒྱུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་གནས་པར་བྱེད་པའི་རྒྱུ་ཡིན་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ང་རྒྱལ་གྱིས་གཟུགས་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་དེ་ལྟ་ན་ནི་གང་ཟག་དེ་དུས་ཡུན་རིང་བཞིག་ན་ངེས་པར་འབྱུང་བའི་ཕྱིར་དོན་དམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་གི་ངོ་བོ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཐ་མལ་དུ་ལོངས་སྤྱོད་པ་འང་མེད་པར་འགྱུར་ཏེ། དེ་ཁོ་ན་ཉིད་ལ་གང་ཟག་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ལྷག་པར་ཞེན་པས་གཟུགས་ལ་སོགས་པ་མཐོང་ངོ་ཞེས་ཡུལ་དུ་བྱེད་པ་དང༌། དེ་ཁོ་ན་ཉིད་ལ་ནི་གཟུགས་ལ་སོགས་པ་མེད་པར་ནི་སྔར་སྨྲས་ཟིན་ཏོ། །དེ་བས་ན་ལྷག་པར་ཞེན་པ་ནི་དེ་ཁོ་ན་ཉིད་ལ་ལྟོས་པ་མེད་པ་སྟེ། ཁ་ཅིག་ཏུ་མི་འདོད་པའི་འབྲས་བུ་འབྱུང་བ་ནི་མི་དགེ་བའི་དབང་ལས་བྱུང་བའོ། །གཞན་དུ་སྐྱེས་བུ་མཆོག་གི་དོན་དུ་སྦྱོར་བ་ནི་དག་བར་བཅོམ་ལྡན་འདས་ཀྱི་གཞུང་དུ་མཐོང་ངོ༌། དེ་བས་ན་དེའི་མིང་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་ང་རྒྱལ་བྱ་བ་སྟེ། ད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཀྱི་རྒྱུར་བཅོམ་ལྡན་འདས་ཀྱིས་རྣམ་པར་གཞག་གོ །དེ་བས་ན་ཐམས་ཅད་བདག་ཉིད་ཀྱིས་ཉེ་བར་ལོངས་སྤྱོད་པས་ནི་དགེ་བའི་བདག་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་ནི་རྣམ་པར་གཞག་པར་མི་ནུས་ཏེ། དེ་ནི་བསམ་པའི་དབང་གིས་དགེ་བའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེ་ཡང་དཀོན་མཆོག་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཕྲག་བརྒྱད་ཅུ་རེ་རེ་ལ་ཡང་དགེ་སློང་སྟོང་ཕྲག་བརྒྱད་ཅུའི་འཁོར་དང་བཅས་པ་ལ་བསྐལ་བ་དུ་མར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱས་པ་བས། བྱང་ཆུབ་སེམས་དཔའ་གཞན་གང་ཞིག་གིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཉིད་རྣམ་པར་དག་པས་ལོངས་སྤྱོད་པར་བྱེད་པ་ནི་སྔར་གྱི་བྱང་ཆུབ་སེམས་དཔའ་བས་ཆེས་བསོད་ནམས་ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་བཞི་པས་བཙལ་བར་བྱ་བའི་བདེ་བར་གཤེགས་པའི་
སྐུའི་བདག་ཉིད་ནི་རང་བཞིན་གྱིས་རྟོག་པའི་དྲི་མ་དང་བྲལ་བ་ཡིན་ཏེ། འདི་ལྟར་འོད་ཟེར་དཔག་ཏུ་མེད་པའི་ཚོགས་འབྱུང་ཞིང་སྤྲུལ་པ་སྣ་ཚོགས་བཀྱེ་བས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ནུས་པ་དང་ལྡན་པ་ཡིན་གྱི་གཟུགས་ལ་སོགས་པ་ཐམས་ཅད་དེའི་ངོ་བོར་མཐོང་ཞིང་སྔར་སྨྲས་པའི་རྣམ་པས་དངོས་པོ་མཐའ་དག་མཉམ་པ་ཉིད་དུ་ལྟ་བར་བྱེད་དེ། ཕན་ཚུན་དུ་ལྟོས་པ་མེད་པས་རང་གི་ངོ་བོ་ལ་བསྒྲུབ་པ་མངོན་དུ་དམིགས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་བདག་མེད་པའི་སྐུ་ལ་མཆོད་པས་སངས་རྒྱས་ལ་མཆོད་པར་ཇི་ལྟར་འགྱུར་སྙམ་པའི་དོགས་པ་ནི་ཁ་ན་མཐོ་བའི་རྒྱུན་ཆེན་པོར་འགྱུར་བ་ཉིད་དོ། །དེ་བས་ན་དེ་དག་ནི་ཐ་མལ་གྱི་གནས་སྐབས་ཕྱིན་ཅི་ལོག་ཡིད་ལ་བྱེད་པའི་གཉེན་པོ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པའི་ཕྱིར། མིག་ལ་སོགས་པའི་ཡུལ་རྣམས་ལ་བདེན་པ་མ་ཡིན་པ་ཡིད་ལ་བྱེད་པ་སྤངས་པས་མཆོག་གི་མྱ་ངན་འདས་པ་ཐོབ་ཅིང་དོན་ཆེན་པོ་བླ་ན་མེད་པའི་སྡོམ་པ་སྟེ། མིག་ལ་སོགས་པའི་ཡུལ་ཐམས་ཅད་ལའང་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ལྷར་བསྐྱེད་པར་བྱ་ཞིང༌། དེའི་སྔགས་དང་ཕྱག་རྒྱས་དག་པར་བྱ་བ་ཉིད་དེ། དེ་ཡང་མདོ་སྡེ་ཉིས་བརྒྱ་ལྔ་བཅུ་པ་ལས་ཀྱང༌། མིག་གི་སྡོམ་པ་ལེགས་པ་སྟེ། །རྣ་བའི་སྡོམ་པའང་ལེགས་པ་ཡིན། །སྣ་ཡི་སྡོམ་པ་ལེགས་པ་སྟེ། །ལྕེ་ཡི་སྡོམ་པ་ལེགས་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པས་ན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རང་དང་གཞན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་དམིགས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་བསླབ་པ་སེམས་ཀྱི་བསླབ་པ་རང་གི་ངོ་བོ་དང༌། རང་གི་ངོ་བོ་ལ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་ཀྱི་བསླབ་པ་ཤེས་རབ་ཀྱི་བསླབ་པ་ཉིད་དོ། །ཡང་འདི་ལྟར་སེར་སྣ་ལ་སོགས་པ་ལས་བཟློག་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་ཀྱང་དེའི་ཁོངས་སུ་འདུས་པ་ནི་སྔར་གྱི་རྗེས་སུ་འབྲངས་
པ་ལས་བལྟ་བར་བྱའོ། །ཐབས་དེ་ལྟ་བུའི་སེམས་ལས་ཡང་དག་པར་བྱུང་བའི་གཟུགས་ལ་སོགས་པའི་རང་གི་ངོ་བོ་དང་རྗེས་སུ་མཐུན་པ་ལས་བཟློག་པ་ནི་བླ་ན་མེད་པའི་རྒྱུ་བསལ་བས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་མ་ཡིན་པ་དང༌། སྐྲག་པའི་གནས་མ་ཡིན་པར་སྐྲག་པ་ནི་སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་ཕྱིན་ཅི་ལོག་བཞི་བསྟན་པའི་མདོ་ལས། གནས་མ་ཡིན་པར་སྐྲག་པ་ནི། །འགྲོ་བ་འཆིང་བའི་རྒྱུ་ཡིན་ཏེ། །བསོད་ནམས་མ་ཡིན་ཕུང་པོ་ཆེ། །འབྱུང་བར་བྱེད་པའི་གཞི་དག་དང༌། །རིགས་མིན་དམ་ཚིག་རིང་བ་དང༌། །བཤེས་མེད་བྱ་བ་མ་ཡིན་བྱེད། །དགེ་སེམས་སྔ་ན་མེད་གྱུར་པས། །དམ་ཆོས་འདི་ཡིས་སྐྲག་པ་ནི། །དོན་ཆེན་པོ་ལས་ལྟུང་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་ནི་འདི་ཡིན་པས་སྐྱོ་བ་མེད་ཅིང་གཞན་ལ་མི་གཡེང་བར་གཞུང་འདི་ཁོ་ན་ལ་འབད་པར་བྱ་བ་ཉིད་དོ། །དེ་དག་ནི་བླ་ན་མེད་པའི་སྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། ད་ལྟ་བའི་སྐྱེས་བུ་རྣམས་ཀྱིས་སྤྱད་པར་བྱ་བའོ། །ད་ནི་ཚེ་འདས་པའི་སེམས་ཅན་རྣམས་ལ་ཕན་གདགས་པར་བྱ་བ་གསུངས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡིག་པ་བགྱིས་པའི་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས། ཇི་ལྟར་ན་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སྡུག་བསྔལ་སྤངས་པའི་སླད་དུ་བསྒྲུབ་པར་བགྱི་ཞེས་པ་ནི་དེ་ཡན་ཆད་དུ་གསལ་བར་མ་གསུངས་པ་ཉིད་ཀྱིས་ནི་དོན་རྒྱས་པར་ཞུ་བའི་ཚིག་སྟེ། དེ་ལ་ལྷའི་དབང་པོ་བརྒྱ་བྱིན་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། རང་གི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་སེམས་ཅན་དམྱལ་བའི་གནས་ནས་ཐར་བ་ཐབས་ཇི་ལྟ་བུས་བསྒྲུབ་པར་བྱ་ཞེས་ཞུ་བར་འབྲེལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སེམས་ཅན་གང་དག་སྡིག་པ་ཆེན་པོ་བྱས་པའི་དབང་གིས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པའི་
སྡུག་བསྔལ་ལས་ཐར་བར་འགྱུར་བ་ཉོན་ཅིག་ཅེས་གསུངས་པ་ནི་ནན་ཏན་དུ་གྱིས་ལ་སྒྲུབས་ཤིག་ཅེས་པར་གོ་བར་བྱ་སྟེ་གོ་བའི་ཕྱིར་མ་བཤད་དོ། །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟར་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བར་ནི་རབ་ཏུ་བརྟག །ཅེས་པ་ནི་མདོར་བསྟན་པ་སྟེ། གོང་མ་ལ་སྙེགས་སོ། །དེ་ནས་སྡིག་པ་ཀུན་བྱང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་རྣམ་གྲོལ་བདག་ཉིད་དེ། །དག་པར་གྱུར་པའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང༌། །དེ་ནི་རྟག་ཏུ་སངས་རྒྱས་དང༌། །ཆོས་དང་དགེ་འདུན་མཐོང་བར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་ནི་དེའི་འབྲས་བུ་ཡོངས་སུ་གསུངས་པ་སྟེ། དེ་ལ་སྡུག་བསྔལ་མི་བཟད་པ་ལས་ཀྱང་ཐར་ནས་ལྷ་དང་མིའི་རིགས་ཆེན་པོ་རྣམས་སུ་སྐྱེས་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་ཞིང་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ་མཐར་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་གསུངས་པའོ། །དེ་ཡི་གཟུགས་བརྙན་བྲི་བའམ། །གུར་གུམ་གྱིས་ནི་མིང་ཡང་རུང༌། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་དགྲོལ་བའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང༌། །སྙིང་རྗེ་ཅན་གྱིས་དེ་ལ་ནི། །སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང། །རང་གི་ལྷའམ་གཞན་གྱི་ལྷ། །སྙིང་པོ་སྙིང་གར་བྲིས་བྱས་ནས། །ལྷ་འདྲ་བར་ནི་སེམས་བསྐྱེད་དེ། །མཆོད་རྟེན་དབུས་སུ་གཞག་པའམ། ཁྱིམ་སོགས་ནང་དུ་གཞག་པར་བྱ། །ཞེས་གསུངས་པ་ནི་འདིར་སྒྲུབ་པའི་ཐབས་ཕྱོགས་གཅིག་གསུངས་པ་སྟེ། དེ་ལ་གཟུགས་བརྙན་བྲི་བའམ། །ཞེས་པ་ནི་ཚེ་འདས་པའི་གང་ཟག་དེའི་ལུས་མེད་པ་ལ་དགོངས་པ་སྟེ། དེའི་ལུས་མེད་ན་རས་ལ་སོགས་པ་ལ། དེའི་གཟུགས་བརྙན་བྲི་བའམ་ཡང་ན་དེའི་མིང་ལ་སོགས་པ་བྲིས་ཏེ། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བའི་
ཕྱིར་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་བསྐྱེད་ནས་སྔར་སྨོས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་གཞུག་ཅིང་སྔགས་དང་ཕྱག་རྒྱ་ལ་སོགས་པས་དབང་བསྐུར་བར་བྱའོ། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང༌། །ཞེས་པ་ལ་སོགས་པ་ནི་འདི་ལྟར་དབང་བསྐུར་བའི་རྗེས་ལ་རང་གི་རིགས་ཀྱི་ལྷས་དེ་ལ་རབ་ཏུ་གནས་པ་ལ་སོགས་པ་བྱས་ནས་ལྷ་དེ་ཡང་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པའི་སྙིང་པོ་དང་མཚན་མ་སྙིང་གར་བྲིས་ཏེ་ལྷ་དང་གཉིས་སུ་མེད་པ་བསམས་ནས། མཆོད་རྟེན་ནམ་གཙུག་ལག་ཁང་ངམ་ཁྱིམ་ལ་སོགས་པ་སྐྱེ་བོ་མང་པོས་ཕྱག་དང་མཆོད་པ་བྱེད་པའི་སར་གཞག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། དེ་ལ་བརྟེན་ནས་སྐྱེ་བོ་རྣམས་གྲོལ་བར་འགྱུར་ཏེ། སྐྱེ་བོ་རྣམས་གྲོལ་བ་ལས་དེ་ཡིས་འགྲོ་བའི་དོན་བྱས་པས་དེ་ཉིད་གྲོལ་བར་འགྱུར་བ་ཁོ་ནའོ། །དེའི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །རིམ་གྱིས་འབུམ་མམ་བྱེ་བ་ཡི། །གྲངས་ནི་རབ་ཏུ་ཚང་བ་རུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །དེ་ནི་ངེས་པར་དམྱལ་གནས་ལས། །འདི་བྱས་པ་ཡིས་གྲོལ་བར་འགྱུར། །ཡི་དགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་གསུངས་པ་ནི། ཡང་མཆོད་རྟེན་ལ་སྒྲུབ་པ་ཕྱོགས་གཅིག་གསུངས་པ་སྟེ། །དེ་ལ། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །ཞེས་པ་ནི་འདི་ལྟར་རས་སམ་ཤིང་ཤུན་ལ་འཁོར་ལོ་རྩིབས་བཅུ་པ་བྲིས་ལ། དེའི་ལྟེ་བ་ལ་གདོན་མི་ཟ་བའི་རྡོ་རྗེའི་བྱིན་གྱི་རླབས་ཞེས་བྱ་བའི་སྙིང་པོ་དང་པོ་གུར་གུམ་གྱིས་བྲིས་པའོ། །དེ་ནས་རྩིབས་ལྔ་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དུམ་བུ་ལྔར་བྲིའོ། །དེ་དག་གི་བར་བར་དུ་ཚེ་འདས་པ་དེའི་མིང་བྲིས་ལ། །དེ་ནས་འཁོར་ལོ་དེ་ལེགས་པར་དྲིལ་ཏེ། བྱེ་མའམ་འཇིམ་པའམ་པ་སོ་འམ་ཟངས་སམ་རིན་པོ་ཆེ་ལ་སོགས་པའི་མཆོད་རྟེན་འབུམ་མམ་བྱེ་བའི་གྲངས་ཐེམ་པར་བྱ་བ་ཁོ་ནའོ། །དེ་ནི་ངེས་པར་དམྱལ་གནས་ལས། །འདི་བྱས་
པ་ཡིས་གྲོལ་པར་འགྱུར། །ཞེས་པ་ལ་སོགས་པ་ནི་མི་དེ་ཆོ་ག་དེའི་སྟོབས་ཀྱིས་དམྱལ་བའི་སྡུག་བསྔལ་ཆེན་པོ་དང་ཡི་དགས་དང་དུད་འགྲོའི་སྡུག་བསྔལ་ལས་ཐར་ཏེ་ལྷ་དང་མིའི་ཡུལ་དུ་སྐྱེ་བ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ནི་ངེས་པ་ཉིད་དེ་ཐེ་ཚོམ་མི་བྱ་བ་ཉིད་དོ། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་སྐད་གསུངས་པའི་གཟུངས་སྔགས་རྣམས། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་བ་དང༌། །བྱེ་བ་སྙེད་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་གསུངས་པ་ནི་འདིར་ཡང་སྔགས་ཀྱི་སྒྲུབ་པ་གསུངས་པ་སྟེ། དེ་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཡིད་ལ་བྱས་ནས་བླ་ན་མེད་པའི་སེམས་བསྐྱེད་དེ། དེའི་མིང་དང་པོར་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པའི་རྩ་བའི་སྔགས་གོང་དུ་སྨོས་པའི་གྲངས་སུ་རྫོགས་པར་བྱས་ན་ངེས་པར་ལྷའི་གནས་སུ་སྐྱེ་བ་ཉིད་དོ། །དེ་ཡི་མིང་ནས་བརྗོད་ནས་ནི། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང༌། །སྙེད་དུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །སྡིག་པ་དེ་ལས་ཐར་པར་འགྱུར། །ཇི་སྲིད་འབར་བའི་གནས་སུ་ནི། །མཚན་མ་མ་མཐོང་པར་དག་ཏུ། །ཏིལ་དང་ཡུངས་ཀར་འབྲས་རྣམས་དང༌། །ར་ཡི་འོ་མར་ལྡན་པ་དང༌། །དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་གསུང་བ་ནི་འདིར་ཕྱོགས་གཅིག་སྦྱིན་སྲེག་ལ་སྒྲུབ་པ་གསུངས་པ་སྟེ། དེ་ལ་འདིར་ནི་རེ་ཞིག་ཞི་བའི་སྦྱིན་སྲེག་ཁོ་ནར་གསུངས་སོ། །དེ་ལ་འདི་ལྟར་ཞི་བའི་ཐབ་ཁུང་འོག་ནས་འབྱུང་བ་བཞིན་དུ་བརྐོས་ཏེ། ཚེ་ལས་འདས་པ་དེའི་མིང་རས་ལ་སོགས་པ་ལ་བྲིས་པ་དང༌། ཏིལ་ལ་སོགས་པའི་སྲིག་རྫས་རྣམས་དང་བསྲེས་ནས་ཐབ་ཁུང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསམ་ཞིང་དེའི་མིང་ནས་ཀྱང་བརྗོད་དེ། གོང་དུ་གསུངས་པའི་གྲངས་ཇི་ལྟ་བ་བཞིན་དུ་བྱ་བ་ཉིད་དོ། །དེ་ལ་སྲེག་རྫས་དང་རྣལ་འབྱོར་བ་ལ་སོགས་པ་ནི་འོག་ནས་རྒྱས་པར་སྟོན་པའི་ཕྱིར་འདིར་མ་བཤད་དོ། །དེ་ན་དེ་ནི་ངེས་པར་ཡང༌། །ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །མཚན་མ་དག་ནི་སྟོན་འགྱུར་
བ། །ལྷ་ཡི་གཟུངས་སུ་འོང་བ་དང༌། །ཡང་ན་ཧོ་མ་ཁུང་ནང་དུ་ནི། །མེ་ཡི་ལྟས་ནི་སྟོན་བྱེད་དེ། །ལྷ་ཡི་གནས་སུ་སྐྱེས་པ་དང༌། །སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །སྟེང་དུ་དྲང་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་ལ། །བརྟན་ལ་གློག་བཞིན་མདངས་དང་ལྡན། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་གི་གཟུགས་ནི་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་ལ། །བཞིན་མདོག་དཀར་ཞིང་ལྷང་ངེར་འབར། །དེ་ནི་མཚན་མ་དེ་དག་གིས། །དམྱལ་སོགས་གནས་ནས་རྣམ་འགྲོལ་ཞིང༌། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་དང་སྐྱེ་བར་ཤེས་པར་བྱ། །ཞེས་གསུངས་པ་ནི་འདིར་མེའི་རྟགས་རྣམས་གསུངས་པ་སྟེ། དེ་ལ་རྟགས་འདི་དག་ནི་རྫས་ཀྱི་སྦྱིན་སྲེག་རྫོགས་པའི་མཐའི་རྟགས་དང༌། རོའི་སྦྱིན་སྲེག་བྱེད་པའི་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ནས་དེ་ནི་ངེས་པར་ཡང༌། ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །ཞེས་པའི་ཚིག་བཞིས་ནི་རྫས་ཀྱི་སྦྱིན་སྲེག་གྲངས་སུ་རྫོགས་པའི་རྗེས་སུ་ཤེས་པར་བྱའོ། །ཡང་ན་ཧོམ་ཁུང་ནང་དུ་ནི། །མེ་ཡི་ལྟས་ནི་སྟོན་བྱེད་དེ། །ཞེས་པ་ལ་སོགས་པ་ནི་རོའི་སྦྱིན་སྲེག་དང་རྫས་ཀྱི་སྦྱིན་སྲེག་གཉི་ག་ལ་ཤེས་པར་བྱ་སྟེ། དེ་ལ་བདེ་འགྲོའི་གནས་སུ་སྐྱེ་བ་ལ་སོགས་པའི་རྟགས་ནི། དཀར་པོ་ཉིད་དང་གཡས་སུ་འབར། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀར་པོ་ནི་དུང་ལྟ་བུའོ། །གཡས་སུ་འབར་བ་ནི་གཡས་ཕྱོགས་སུ་འཁྱིལ་པའོ། །གྱེན་དུ་དྲང་བ་ནི་སྟེང་གི་ཕྱོགས་སུ་མར་མེ་ལྟར་དྲང་བའོ། །དྲི་མ་མེད་པ་ནི་དུ་བ་དང་མདོག་སྔོ་ནག་ལ་སོགས་པ་མེད་པའོ། །ཟླུམ་པ་ནི་མེ་ལྕེ་གཞན་དུ་མི་འཕྲོ་བའོ། །བརྟན་པ་ནི་མི་གཡོ་བའོ། །གློག་བཞིན་དུ་མདངས་དང་ལྡན་པ་ནི་དཀར་ལ་གསལ་བའོ། །ཡང་ན་མེའི་ནང་དུ་རྣལ་འབྱོར་པ་ལ་ཁ་བལྟས་ཏེ་འདུག་པའི་མེ་ལྷ་ཉིད་མཐོང་བར་འགྱུར་བ་ཉིད་དོ། །དེ་དག་ལས་བཟློག་པ་གནག་པ་དང་འཕྲོ་བ་དང༌། སྒྲ་དང་ལྡན་པ་དང༌། འཚེགས་པ་ལ་སོགས་པ་ནི་སྡིག་པ་ལས་མ་གྲོལ་བའི་རྟགས་ཏེ། ཕྱིས་ཡང་བརྩོན་འགྲུས་དྲག་པོས་འབད་པར་བྱ་བ་ཁོ་ནའོ། །དེ་ནི་མཚན་མ་དེ་དག་ཡིས་
དམྱལ་སོགས་གནས་ནས་རྣམ་གྲོལ་ཞིང༌། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་དང་སྐྱེ་བར་ཤེས་པར་བྱ། །ཞེས་པ་ནི་རྟགས་དེ་དག་གིས་རྫས་ཀྱི་སྦྱིན་སྲེག་རྫོགས་པའི་མཐར་ནི་སྐྱེས་པར་འབྲེལ་ཏོ། །རོའི་སྦྱིན་སྲེག་གི་སྐབས་སུ་ནི་སྐྱེ་བར་ཤེས་པར་བྱའོ། །ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ལ། །རྡོ་རྗེས་མཐའ་མ་བསྐོར་བའོ། །འཁོར་ལོ་དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་པ་ཡིས་ཕྱོགས་སུ་བྲི། །དེ་བཞིན་སེམས་དཔའ་རྣམས་དང་ནི། །འཇིག་རྟེན་གཅོ་ལ་སོགས་པ་བྲི། །ཞེས་གསུང་བ་ནི་འདིར་སྦྱིན་སྲེག་བྱ་བའི་ཆོ་ག་གསུངས་པ་སྟེ། དེ་ལ། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་ཁུང་བརྐོས་ལ། །ཞེས་པ་ནི་འདི་ལྟར་དུར་ཁྲོད་ལ་སོགས་པར་སའི་ཆོ་ག་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་སྟེགས་བུ་ཁྲུ་བཞི་བརྩིགས་ཏེ། བའི་རྣམ་ལྔ་དང་དྲི་ལ་སོགས་པས་བྱུགས་ལ་དེའི་དབུས་སུ་རྒྱར་ཁྲུ་བཞི་པ་ཟབས་སུ་ཁྲུ་དོ་པའི་ཁུང་བུ་བྲུས་ཏེ་དྲི་ལ་སོགས་པས་བྱུགས་ནས་དེའི་སྟེང་དུ་ཐིག་གདབ་པར་བྱའོ། །དེ་ནས་ཁྲུ་གང་ནི་ལྟེ་བར་བྱའོ། །སོར་མོ་བཅུ་གཉིས་ནི་རྩིབས་སུ་བྱའོ། །སོར་གཉིས་ནི་མུ་ཁྱུད་དུ་བྱའོ། །སོར་བཅུ་ནི་སྒོ་རུ་བྱའོ། །སོར་མོ་བཅུ་ནི་རྟ་བབས་སུ་བྱའོ། །སོར་མོ་དྲུག་ནི་ཕྲེང་བ་གསུམ་དུ་བྱའོ། །དེ་ནས་ལྟེ་བ་ལ་རྡོ་རྗེ་ལ་སོགས་པས་མཚན་པའི་ཀ་བ་བརྒྱད་དང་ལྡན་པར་བྲིས་ལ་དེ་དག་གི་དབུས་སུ་པདྨའི་སྟེང་དུ་ཨོཾ་ཞེས་བྱ་བ་བྲིའོ། །ཤར་དུ་ནི་ཧཱུཾ་ཞེས་བྱ་བའོ། །ལྷོར་ནི་ཏྲཱཾ་ཞེས་བྱ་བའོ། །ནུབ་ཏུ་ནི་ཧྲཱིཿཞེས་བྱ་བའོ། །བྱང་དུ་ནི་ཨཿཞེས་བྱ་བའོ། །ཤར་ལྷོར་ནི་ལཾ་ཞེས་བྱ་བའོ། །ལྷོ་ནུབ་ཏུ་ནི་མཾ་ཞེས་བྱ་བའོ། །ནུབ་བྱང་དུ་ནི་པཾ་ཞེས་བྱ་བའོ། །བྱང་ཤར་དུ་ནི་ཏཱཾ་ཞེས་བྱ་བའོ། །དེ་བཞིན་དུ་འཁོར་ལོའི་རྩིབས་རྣམས་ལ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཧཱུཾ་དང་ཛཿདང་ཧོཿདང༌། དྷུ་དང༌། ཏྲཱཾ་དང་རཾ་དང་བྷྲི་དང་ཧ་དང་ཧྲཱིཿདང་དྷཱིཿདང༌། ཀྲུཾ་དང་བྷ་དང་ཀཾ་དང་རཾ་དང་ཀྵཾ་དང༌། སཾ་རྣམས་བྲི་བར་བྱའོ། །དེ་བཞིན་དུ་གྲྭ་རྣམས་སུ་ནི་དྷཱུ་དང་པུ་དང་ཨཱ་དང་ག་དང་ལཱ་དང་མཱ་དང་གཱི་དང་ནཱ་རྣམས་དགོད་པར་བྱའོ། །སྒོ་རྣམས་སུ་ནི་ཛཿ་
དང་ཧཱུཾ་དང་བཾ་དང་ཧོཿརྣམྶ་བྲི་བར་བྱའོ། །རྟ་བབས་ཀྱི་ཁྱམས་རྣམས་སུ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སུ་དང་ས་དང་ཙ་དང་བ་དང་ཛ་དང་གྷ་དང་བྷ་དང་ཨ་དང་ཤོ་དང་ཛྙཱ་དང་མ་དང་ཀུ་དང་ཏྲེ་དང་དུ་དང་ཛ་དང་སྲི་རྣམས་བྲི་བར་བྱའོ། །ཕྲེང་བ་གསུམ་གྱི་ཕྱི་རོལ་གྱི་སྟེང་དུ་སྣམ་བུ་སོར་གསུམ་པ་གཅིག་ལ་ནི་ཤར་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་ཨི་དང་ཡ་དང་བཱ་དང་ཀུ་དང་ཨ་དང་ར་དང་བཱ་དང་ར་རྣམས་བྲི་བར་བྱ་བ་དང༌། དེའི་ཕྱི་རོལ་གྱི་སྣམ་བུ་ལ་ནི་འགྲོ་བ་རིགས་དྲུག་གི་དཀྱིལ་འཁོར་ཅི་རིགས་པར་བྲི་བར་བྱའོ། །བྱ་དང་བུམ་པ་གང་བ་དང༌། །གཏོར་མས་སྣོད་རྣམས་བཀང་བ་དག །བརྒྱ་རྩ་བརྒྱད་དུ་གཞག་པའམ། །ཡང་ན་བཅུ་དྲུག་ཉིད་དུ་གཞག །བཟའ་བ་དང་ནི་བཅའ་བའི་བཤོས། །མེ་ཏོག་ཕྲེང་སོགས་དེ་བཞིན་ཏེ། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང༌། །གདུགས་མཆོག་རྣམས་ཀྱིས་ལེགས་བརྒྱན་ཏེ། །མཁས་པས་དཀྱིལ་འཁོར་དམ་པ་ནི། །སྦྱིན་སྲེག་རབ་ཏུ་བྱ་བ་ཡིན། །ཞེས་གསུངས་པ་ནི་མཆོད་པའི་ཡོ་བྱད་བསགས་པ་གསུངས་པ་སྟེ། དེ་ལ་འདིར། བྱ་ནི་ཡིད་དུ་འོང་བའི་སྒྲ་འབྱིན་པ་རྨ་བྱའམ་ཤང་ཤང་ངམ་ཀར་བི་ཏ་ལ་སོགས་པ་གཞག་པར་བྱ་བའམ་ཡང་ན་དེ་དག་གི་གཟུགས་བྲིས་ལ་དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་དུ་གཞག་པར་བྱའོ། །དེ་བཞིན་དུ་གསེར་ལ་སོགས་པའི་བུམ་པ་དྲི་དང་འོ་མ་ལ་སོགས་པས་བཀང་བ་ཁ་རྒྱན་དང་མགུལ་ཆིངས་སུ་ཆས་པ་བརྒྱ་རྩ་བརྒྱད་དམ་ཡང་ན་བཅུ་དྲུག་ལས་མི་ཉུང་བར་གཞག་པ་དང་དེ་བཞིན་དུ་བཤོས་དང༌། འབྲས་བུ་དང་གུར་གུམ་དང༌། མེ་ཏོག་གི་ཕྲེང་བ་དང་བདུག་པ་དང་སྣང་བ་དང་དྲི་ལ་སོགས་པ་གཞག་པར་བྱ་བ་དང་བླ་རེ་དང་གདུགས་དང་རྒྱལ་མཚན་དང་དར་ལ་སོགས་པའི་ལྷབ་ལྷུབ་རྣམས་ཀྱིས་དཀྱིལ་འཁོར་མཛེས་པར་བརྒྱན་ལ་སྦྱིན་སྲེག་བྱ་བ་ཉིད་དོ། །ཆོ་ག་ཤེས་པས་བྲི་བར་བྱ། །ལྷ་རྣམས་མང་པོ་སྤྱན་དྲངས་ལ། །ཕྱག་རྒྱ་སྔགས་དང་རབ་བསྟུན་པས། །ཨརྒྷ་དབུལ་བར་ཤེས་ནས་ནི། །མཆོད་པ་རྣམ་པ་ལྔས་མཆོད་ནས། །ལྷ་ཡི་ཚུལ་དུ་རབ་གནས་ལ། །ག་བུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་བསྒོས་ལ། །ཏིལ་
དང་ཡུངས་ཀར་འབྲས་རྣམས་ལའང༌། །དྲི་ཡི་ཆུ་ཡིས་ལེགས་བཏབ་སྟེ། །འབྲས་ཆན་ཡོས་དང་ལ་དུ་དང༌། །སྦྲང་རྩི་ཤ་ཁར་ལྡན་པ་ལ། །བརྒྱ་ཕྲག་དུ་མར་ཡོངས་བཟླས་ཏེ། །སྲེག་ཤིང་དང་ནི་ཡམ་ཤིང་ལ། །རང་གི་སྔགས་ཀྱིས་རབ་བཏབ་ནས། །ཁུང་བུའི་ནང་དུ་གཞག་པར་བྱ། །ཞེས་གསུང་པ་ནི་བསྲེག་རྫས་བསག་པ་དང་རྣལ་འབྱོར་གྱི་ཆོ་ག་གསུངས་པ་སྟེ། དེ་ལ། ཆོ་ག་ཤེས་པས་བྲིས་ནས་ཀྱང༌། །ཞེས་པ་ལ་སོགས་པ་ནི་འདི་ལྟར་དང་པོར་བདག་ཉིད་ཁྲོ་བོར་བསྐྱེད་པ་ལས་བདག་ཉིད་དང་མཆོད་རྫས་དང་གནས་རྣམས་བསྲུང་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཚེ་འདས་པའི་དོན་དུ་སེམས་བསྐྱེད་དེ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་བདེ་བར་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ལ། ཞབས་བསིལ་དང་འཐོར་འཐུང་དང་གདན་རྣམས་ཕུལ་ཏེ། ཡན་ལག་བདུན་རྣམ་པར་དག་པར་བྱས་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་དང་ཕྱག་རྒྱས་ཛཿཧཱུཾ་བཾ་ཧོཿཞེས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱས་ལ་དང་པོ་མཆོད་པའི་ཡོ་བྱད་རྣམས་ཀྱིས་ལེགས་པར་མཆོད་པར་བྱའོ། །ལྷ་ཡི་ཚུལ་དུ་རབ་གནས་ལ། །ཞེས་པ་ནི་བསྲེག་རྫས་ཐམས་ཅད་ལ་བདག་ཉིད་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོར་བསྐྱེད་དེ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པར་གདབ་པར་བྱ་བ་ཉིད་དོ། །ག་བུར་གུར་གུམ་ལ་སོགས་པས། །མར་དང་འོ་མ་ཏིལ་རྣམས་བསྒོས། །ཞེས་པ་ནས། སྦྲང་རྩི་ཤ་ཁར་ལྡན་པ་ལ། །ཞེས་པའི་བར་ནི་བསྲེག་རྫས་བསག་པ་སྟེ་དེ་ཡང་རྣམ་པར་སྣང་མཛད་ཀྱི་བརྟག་པ་ལས། རྫས་ནི་བཅུ་གཅིག་བདག་ཉིད་ཀྱིས། །ཞི་བའི་སྦྱིན་སྲེག་རབ་ཏུ་བསྔགས། །ཞེས་གསུངས་པའི་ཕྱིར། འདི་ལྟར་མེ་ཏོག་དང་སྤོས་དང་ཞུན་མར་དང་ཏིལ་དང་ཡུངས་ཀར་དང་འོ་ཐུག་དང་འབྲས་ཆན་དང་འབྲས་ཡོས་དང་མངར་གསུམ་དང་ལ་དུ་དང་ངེ་བ་དང་ངུ་དག་སྟེ་དེ་དག་ག་ཕུར་དང་གུར་གུམ་ལ་སོགས་པའི་དྲི་ཞིམ་པོས་བསྒོ་བར་བྱ་བ་ཉིད་དོ། །བརྒྱ་ཕྲག་དུ་མར་ཡོངས་བཟླས་ཏེ། །ཞེས་
པ་ནི་གོང་མ་ལ་སྙེགས་སོ། །སྲེག་ཤིང་དང་ནི་ཡམ་ཤིང་ལ། །རང་གི་སྔགས་ཀྱིས་རབ་བཏབ་ནས། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་པ་ནི་འདི་ལྟར་བསྲེག་ཤིང་ནི་བརྩེགས་པའི་ཤིང་དེ། པདྨ་ཀ་ལ་སོགས་པའོ། །ཡམ་ཤིང་ནི་མེ་སྦར་བའི་ཤིང་སྟེ། ཙནྡན་དཀར་པོ་ལ་སོགས་པའོ། །རང་གི་སྔགས་ཞེས་པ་ནི་དེ་ལས་བྱུང་བའི་མེས་སྲེག་པར་བྱེད་པའི་སྔགས་ཏེ་ཨོཾ་ད་ཧ་ད་ཧ་སརྦ་ན་ར་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པའི་སྔགས་ཀྱིས་གདབ་པར་བྱ་བའོ། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་པ་ནི་ལུགས་རྣམ་པ་བཞིང་ཤེས་པར་བྱ་སྟེ་དེ་ལ་འདིའི་གཞུང་གིས་ནི་དཀྱིལ་འཁོར་དང་བཅས་པའི་ནང་ཉིད་དུ་རས་དཀར་པོས་དཀྱིལ་འཁོར་གཡོགས་ལ་དེའི་སྟེང་དུ་ཤིང་རྣམས་མཆོད་རྟེན་ནམ་གཞལ་ཡས་ཁང་ལྟ་བུར་བརྩིག་པར་གསུང་ངོ༌། །རྣམ་པར་སྣང་མཛད་ཀྱི་བརྟག་པ་ནས་ནི། ཁུང་བུ་ཁ་བཀབ་འཐས་བྱས་ནས། །སྟེང་དུ་འབར་བའི་སྲེག་ཁང་བརྩིག །ཅེས་གསུངས་པ་ནི་ཁུང་བུ་ཤིང་ལ་སོགས་པས་ཁ་བཀབ་ནས་ཞལ་ཞལ་གྱིས་འཐས་པར་བྱས་ཏེ། དེའི་སྟེང་དུ་ཤིང་བརྩིག་པར་གསུང་ངོ༌། །ཡང་འཇམ་དཔལ་གྱི་རྒྱུད་ནས་ནི། ཀ་བ་བཞི་དང་ལྡན་བྱས་ལ། །ཁྲུ་དོ་པ་ཡིས་འཕངས་སུ་ནི། །སོར་མོར་བཅུ་གཉིས་སྟེགས་བུ་བརྩིག །དེ་ནི་ཁ་ཁྱེར་ལྡན་བྱས་ནས། །དེ་སྟེང་ཤིང་བརྩིག་འོག་ཏུ་ནི། །བླ་རེ་ངེས་པར་དབུབ་པར་བྱ། །ཞེས་གསུང་ངོ༌། །ཡང་རྡོ་རྗེ་ཁྲོ་བོའི་རྒྱུད་ནས་ནི། ཉིས་ཐོག་ཏུ་ནི་བརྩིག་བྱས་ལ། །སྟེང་དུ་ཤིང་བརྩིག་བར་དུ་ནི། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །འོག་ནི་འཛག་པའི་ཁུང་བུ་སྟེ། །དངུལ་ལ་སོགས་པའི་སྣོད་དག་གཞག །ཅེས་གསུངས་ཏེ། དེ་བཞི་ཀ་ཡང་གང་ཟག་རྣམ་པ་བཞི་ལ་དགོངས་པ་སྟེ། གང་ཟག་ནི་རྣལ་འབྱོར་པ་དང་དགེ་སློང་དང་ཚངས་པར་སྤྱོད་པའི་དགེ་བསྙེན་དང་འཇིག་རྟེན་ཕལ་པ་དང་བཞིའོ། །དེ་ལ་དང་པོ་ནི་ཕལ་པ་སྟེ་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ལ་དགོངས་ནས་གཞུང་འདིར་གསུངས་པའོ། །གཉིས་པ་ནི་དགེ་བསྙེན་ནོ། །གསུམ་པ་ནི་དགེ་སློང་ངོ༌། །བཞི་པ་ནི་རྡོ་རྗེ་སློབ་དཔོན་ལ་སོགས་པ་
རྣལ་འབྱོར་པ་རྣམས་ཀྱིའོ། །ཡམ་ཤིང་ནི་སོར་ཉི་ཤུ་རྩ་བཞི་པ་ལ་རྩེ་མོ་རལ་གྲི་ལྟར་བྱ། རྩ་བ་ཕྱེད་མན་ཆད་ཟླུམ་པོར་བྱས་ལ་རྩེ་མོར་མར་གྱིས་བྱུགས་ལ་མེ་ཏོག་གི་ཕྲེང་བ་གདགས་པར་བྱ་སྟེ་རྩ་བ་ནི་དྲིའི་ཆུས་བསྐུ་བའོ། །རོལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བརྒྱན་ནས་ནི། །སྔགས་ཀྱིས་བཏབ་པའི་བདུག་པས་བདུགས། །མེ་ཏོག་ཕྲེང་ལ་སོགས་པ་གདགས། །དེ་བཞིན་བདེ་བར་གཤེགས་རྣམས་ཀྱིས། །སྔགས་བྲིས་པ་ནི་གདགས་བྱ་སྟེ། །སྙིང་ག་ལྐོག་མ་ཁ་ཕྱོགས་དང༌། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་བ་གཉིས། །སྣ་དང་རྐེད་པ་པུས་མོ་དང༌། །ལོང་བུ་གྲུ་མོའི་རྩེ་མོ་དང༌། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་རྣམས་སུ། །སརྦ་བིད་ཀྱིས་བྱིན་གྱིས་བརླབ། །དེ་ལྟར་གཞན་དུ་འང་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་གཞག་གོ །ཞེས་གསུང་བ་ནི་རོ་བྱིན་གྱིས་བརླབ་པ་གསུངས་པ་སྟེ། དེ་ལ་མི་ཤི་ནས་ཞག་བདུན་འདས་ནས་སྲིན་བུ་ལ་སོགས་ཤི་བ་དང་དང་པོར་རང་ཉིད་ཁྲོ་བོའི་ཏིང་ངེ་འཛིན་གྱིས་སྟངས་སྟབས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་འོ་མ་དང་དྲི་ཆུ་ལ་སོགས་པ་ལ་རྩ་བའི་སྔགས་བཟླས་ལ་བཀྲུ་བར་བྱའོ། །དེ་ནས་ག་བུར་ལ་སོགས་པའི་དྲིའི་བྱུགས་པས་བྱུག་པར་བྱའོ། །གོས་དང་རྒྱན་ནི་གང་ཟག་རྣམ་པ་བཞིའི་རང་རང་གི་ཆ་ལུགས་ཇི་ལྟ་བ་བཞིན་དུ་བརྒྱན་པར་བྱའོ། །དེ་ནས་བདེ་བར་གཤེགས་པའི་སྙིང་པོའི་སྔགས་བརྒྱ་ལ་སོགས་པ་བཏབ་པའི་བདུག་པ་དང་མེ་ཏོག་གི་ཕྲེང་བ་གདགས་པར་བྱ་བ་ཉིད་དོ། །སྙིང་ཀ་ལྐོག་མ་ཁ་ཕྱོགས་དང༌། །ཞེས་པ་ནས། མཆོག་ཏུ་དགེ་བ་རྣམས་གཞག་གོ །ཞེས་པའི་བར་ནི་འདི་ལྟར་སྙིང་གར་ནི་ཨོཾ་སརྦ་བིད་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་པ་ཤིང་ཤུན་ལ་སོགས་པ་ལ་པདྨ་འདབ་མ་བཞི་པ་ཙནྡན་དཀར་པོས་བྲིས་པ་དེའི་ལྟེ་བ་ལ་གུར་གུམ་གྱིས་བྲིས་ལ་གདགས་པར་བྱའོ། །དེ་བཞིན་དུ་མིག་གཉིས་སུ་
ནི་ཨོཾ་སརྦ་བིད་ཧཱུཾ་ཞེས་པའོ། །རྣ་བ་གཉིས་སུ་ནི་ཨོཾ་སརྦ་བིད་ཕཊ་ཅེས་པའོ། །སྣའི་རྩེ་མོ་ལ་ནི་ཨོཾ་སརྦ་བིད་ཨ་ཞེས་པའོ། །ཀོ་སྐོར་ནི་ཨོཾ་སརྦ་བིད་ཏྲ་ཐ་ཞེས་པའོ། །དཔྲལ་བར་ནི་ཨོཾ་སརྦ་བིད་ཨོཾ་ཞེས་པའོ། །སྤྱི་བོར་ནི་ཨོཾ་སརྦ་བིད་ཧཱུཾ་ཞེས་པའོ། །དཔུང་པ་གཉིས་སུ་ནི་ཨོཾ་སརྦ་བིད་སྭ་ཞེས་པའོ། །གྲུ་མོ་གཉིས་སུ་ནི་ཨོཾ་སརྦ་བིད་ཨ་ཞེས་པའོ། །ལོང་བུ་གཉིས་སུ་ནི་ཨོཾ་སརྦ་བིད་ཏྲ་ཐ་ཞེས་པའོ། །གསང་བའི་དབང་པོ་ལ་ནི་ཨོཾ་སརྦ་བིད་བ་ཞེས་པའོ། །རྐེད་པར་ནི་ཨོཾ་སརྦ་བིད་ཤ་ཞེས་པའོ། །གཙུག་ཕུད་ལ་ནི་ཨོཾ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་གདགས་པར་བྱའོ། །དེ་ལྟར་གཞན་དུ་ཞེས་པ་ནི་མཆན་འོག་གཉིས་སུ་ནི་རྣམ་པར་སྣང་མཛད་ཀྱི་སྙིང་པོ་གདགས་པར་བྱའོ། །བརླ་གཉིས་སུ་ནི་ངན་སོང་སྦྱོང་བའི་སྙིང་པོའོ། །བྱིན་པ་གཉིས་སུ་ནི་རིན་ཆེན་ཏོག་གི་སྙིང་པོའོ། །ཕུས་མོ་གཉིས་ལ་ནི་ཤཱཀྱ་ཐུབ་པའི་སྙིང་པོ་གདགས་པར་བྱའོ། །བོལ་གོང་གཉིས་ལ་ནི་མེ་ཏོག་ཆེར་རྒྱས་ཀྱི་སྙིང་པོ་གདགས་པར་བྱའོ། །དེ་ནས་རོ་དེ་ཡོངས་སུ་ངག་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཡོན་དང་བཅས་པས་དཀྱིལ་འཁོར་དེར་གཞུག་པར་བྱ་ཞིང་དབང་རྫོགས་པར་བསྐུར་བར་བྱ་བ་ཁོ་ནའོ།། དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་དབུས་སུ་ནི། །བརྟན་པ་ཉིད་དུ་གཞག་བྱ་ཞིང༌། །གསང་སྔགས་རྣམས་ཀྱིས་བཏབ་པ་ཡི། །གོས་ཀྱིས་དེ་ལ་གཡོགས་པར་བྱ། །ཞེས་གསུང་བ་ནི་དབང་རྫོགས་པའི་རྗེས་ལ་རང་གི་ལྷའི་གཟུགས་སུ་བསྐྱེད་དེ། ཞུན་མར་ལ་སོགས་པས་བསྐུས་པའི་སྟན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་ཨོཾ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་གཞག་པར་བྱའོ། །དེའི་སྟེང་དུ་བདེ་བར་གཤེགས་པའི་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཏབ་པའི་རས་ཀྱིས་གཡོགས་པར་བྱ་བ་ཁོ་ནའོ། དེ་ནས། །བྱིན་ཟ་དགེ་བ་སྦར་བར་བྱ་བའི་ཕྱིར། །མེ་ལྕེ་ཕུང་པོ་དཔག་མེད་དཀྱིལ་འཁོར་ལ། །ཟླ་དཀར་ཀུན་ད་ཞི་བའི་ཆ་ལུགས་ཅན། །མཐའ་ཡས་པ་ཡི་གཟུགས་ཀྱིས་མེ་བཀུག་ལ། །ཨརྒྷ་དབུལ་བར་བརྟགས་ནས་དེ་བཞིན་དུ། །བློ་མཆོག་ལྡན་པའི་
མདུན་དུ་གཟུགས་སོགས་གཞག །དེ་ལྟར་དེ་བཞིན་གཤེགས་ཚོགས་སྤྱན་དྲངས་ལ། །ཨརྒྷ་ལ་སོགས་བརྟགས་ཏེ་དེ་བཞིན་དུ། །ཇི་ལྟར་གསུང་བཞིན་འདོད་པའི་ཡོན་ཏན་གྱིས། །མཉམ་པར་གཞག་པས་མཆོད་པ་གང་ཡིན་བྱ། །ཞེས་གསུངས་པ་ནི་ལས་སུ་བྱ་བའི་རིམ་པ་གསུངས་པ་སྟེ། དེ་ལ་བྱིན་ཟ་དགེ་བ་སྤར་བའི་ཕྱིར། །ཞེས་པ་ནས། བློ་མཆོག་ལྡན་པའི་མདུན་དུ་གཟུགས་སོགས་གཞག །ཅེས་པའི་བར་ནི་མེ་སྦར་བར་བྱ་སྟེ། དེ་ནི་འདི་ལྟར་དང་པོ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་ནམ་མཁའི་ཕྱོགས་སུ་སྤྲོས་ཏེ། དེ་ཡིས་ཡེ་ཤེས་ཀྱི་མེ་ལྷ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་དཀར་པོ་ལ་ཅུང་ཟད་ཁྲོས་པ་ཞི་བའི་ཆ་ལུགས་ཅན་ཕྱག་བཞི་པ་ལ་གཡས་པ་གཉིས་ན་རྡོ་རྗེ་དང་ཞགས་པ་བསྣམས་པ། གཡོན་པ་གཉིས་ན་པདྨ་དང་སྡིགས་མཛུབ་མཛད་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མི་བསྐྱོད་པའི་དབུ་རྒྱན་ཅན་ཞབས་གཉིས་ཀྱི་གང་ཟག་དེའི་སྡིག་པ་གནོན་པ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་མེའི་ཕུང་པོ་ཅན་ཅིག་སྤྱན་དྲངས་ཏེ། ཨརྒྷ་ས་ཞབས་བསིལ་ནས་པདྨའི་གདན་ལ་རང་གི་མདུན་དུ་བཞུགས་པར་བསམ་མོ། །དེ་ནས་ལས་ཀྱི་མེ་ལྷ་དྲངས་སྲོང་ཆེན་པོ་སྤྱན་དྲངས་ཏེ། ཁ་དོག་དམར་སེར་ལ་ཕྱག་བཞི་པ་ར་ལ་ཞོན་པ་ཕྱག་གཡས་པ་གཉིས་ཀྱིས་ཕྲེང་བ་དང་བླུགས་གཟར་འཛིན་པ། གཡོན་པ་གཉིས་ཀྱིས་རིལ་བ་དང་དགང་གཟར་འཛིན་པ། དྲང་སྲོང་གི་ཆ་ལུགས་ཅན་སྤྱན་དྲངས་ཏེ། མེ་སྦར་བར་བྱ་བ་ནི་ཞུན་མར་གཟར་བུ་ལྡས་ཡམ་ཤིང་ལ་བླུགས་ཏེ་བཅུག་ནས་ཨོཾ་དེ་བ་ཤཱཀྱ་བྷཱུ་ཏ་སི་ཤཱཀྱ་རཱ་ཛ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཨོཾ་ཧ་བྱ་ཀ་བྱ་ཛྭ་ལ་རཾ་སྭཱ་ཧཱ་ཞེས་བྱས་ལ། མར་ཁུ་གཟར་བུ་གསུམ་བླུགས་པར་བྱའོ། །དེ་ནས་ཨོཾ་ཨགྣ་ཡེ་རཾ་རཾ་ད་ཧ་ད་ཧ་ཤཱི་གྷྲཾ་ཀུ་རུ་སྭཱ་ཧཱ་ཞེས་བརྗོད་དེ་མར་ཁུ་གཟར་བུ་གསུམ་བླུགས་པར་བྱ་བ་ཉིད་དོ། །དེ་ནས་བདེ་བར་གཤེགས་པ་རྣམས་སྔ་མའི་སྦྱོར་བས་སྤྱན་དྲངས་ལ་བཞུགས་ཏེ། ཨརྒྷ་ས་ཞབས་བསིལ་ཏེ་འཐོར་འཐུང་
ལ་སོགས་པ་བྱས་ནས་གཞལ་ཡས་ཁང་དུ་བཞུགས་སུ་གསོལ་ལ་མཆོད་པའི་ཚོགས་གོང་དུ་གསུངས་པ་བཞིན་དུ་བྱ་བ་ཁོ་ནའོ། །དེ་ནས་བྱིན་ཟ་ལ་ནི་རབ་བརྟགས་ནས། །བསྲེག་རྫས་བཀང་སྟེ་ལན་གསུམ་དབུལ་བར་བྱ། །དེ་ནས་བསྲེག་བྱས་བཀང་སྟེ་རིམ་གྱིས་ནི། །རྒྱལ་བའི་ཚོགས་ལ་བརྒྱ་རྩ་བརྒྱད་དུ་བརྟག །དེ་ནས་སྦྱོང་བའི་སྔགས་ཀྱི་རྒྱལ་པོ་ལ། །བསྲེག་པར་བྱ་བ་ཉི་ཤུ་རྩ་གཅིག་བརྟག །ཅེས་གསུངས་པ་ནི་འདིར་མཆོད་པར་བྱ་བའི་རིམ་པ་སྟེ། དེ་ལ་དང་པོར་ཡེ་ཤེས་ཀྱི་བྱིན་ཟ་ལ་རང་གི་སྔགས་ཀྱིས་བསྲེག་རྫས་ཐམས་ཅད་ལན་གསུམ་དབུལ་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་དབུལ་བར་བྱའོ། །དེ་ནས་ལས་ཀྱི་མེ་ལྷ་ལ་ལན་གསུམ་དབུལ་བར་བྱ་སྟེ། དེའི་རྗེས་ལ་ཨོཾ་བཻ་རོ་ཙ་ན་ཨོཾ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ཡ་ཧཱུཾ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་རཏྣ་ཀེ་ཏུ་ཡ་སྭ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཤཱཀྱ་མུ་ནི་ཨ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བི་ཀ་སི་ཏ་ཀུ་སུ་མེ་ཏྲ་ཐ་ཨཱ་གཙྪ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལ་སོགས་པའི་རང་རང་གི་སྔགས་དང་ཕྱག་རྒྱས་བདེ་བར་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་ལ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེའི་རྗེས་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོར་བའི་རྒྱལ་པོའི་རྩ་བའི་སྔགས་ཀྱིས་དེ་བཞིན་གཤེགས་པ་དེ་ཉིད་ལ་ལན་གྲངས་ཉི་ཤུ་རྩ་གཅིག་དབུལ་བར་བྱའོ། །དེ་ཡང་དང་པོར་དབུ་རྒྱན་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་དང༌། སོར་གདུབ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། གོས་དཀར་པོ་གོན་ལ། ཁ་ཤར་ཕྱོགས་སུ་བལྟས་ཏེ་སྙིང་རྗེ་ཆེན་པོ་བསྐྱེད་ལ། སྲེག་རྫས་དབུལ་བར་བྱ་བ་ནི་དང་པོར་མེ་ཏོག་གོ །དེ་ནས་སྤོས་སོ། །དེ་ནས་ཞུན་མར་རོ། །དེ་ནས་དེ་བ་ད་རུའོ། །དེ་ནས་འབྲས་ཆན་ནོ། །དེ་ནས་འོ་ཐུག་གོ །དེ་ནས་མངར་གསུམ་མོ། །དེ་ནས་ལ་དུའོ། །དེ་ནས་འབྲས་ཡོས་སོ། །དེ་ནས་ཏིལ་དང་ཡུངས་ཀར་ཏེ། དེ་དག་ཐམས་ཅད་ཀྱང་ལག་པ་པདྨའི་ཕྱག་རྒྱས་གར་དང་ལྡན་པས་དབུལ་བར་བྱ་བ་ཁོ་ནའོ། །དེ་ནས་གང་ཟག་
དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་བསམས་ཏེ། ཞི་བའི་ཕུར་བུ་ཙནྡན་དཀར་པོ་ལས་སོར་བརྒྱད་པ་མགོ་བོ་རྒྱ་མདུང་དུ་འདུག་ལ་རྩེ་མོ་ཟླུམ་པོར་བྱས་ཏེ། དེའི་ངོས་ལ་བདེ་བར་གཤེགས་པ་སྲས་དང་བཅས་པ་བསམས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ་གདབ་པར་བྱའོ། །དེ་ནས་ཡུ་བ་ཙནྡན་དཀར་པོ་ལས་བྱས་པ་མགོ་བོ་དངུལ་ལས་བྱས་པའི་ཐོ་བ་ཟླུམ་པོ་ཁྲུ་གང་བ་བྱས་ཏེ། དེའི་སྟེང་དུ་ཨོཾ་ཤཾ་པ་ཏ་ཞེས་པའི་སྔགས་ཀྱིས་བརྡུང་བར་བྱ་བ་ཁོ་ནའོ། །དེ་ནས་དེ་ནི་སྤྱན་དྲངས་ལ། །ཨརྒྷ་ལ་སོགས་མཆོད་པ་དང༌། །ཡོ་བྱད་རྣམས་ནི་ལན་གསུམ་དབུལ། །ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས། །ཕྱག་ན་རྡོ་རྗེ་པདྨ་དང༌། །ཞགས་པ་སྡིགས་མཛུབ་འཇིགས་པར་ཕྱར། །ཞབས་ཀྱི་པདྨས་སྡིག་མནན་ཞིང༌། །རྒྱན་རྣམས་ཀུན་གྱིས་རབ་རྫོགས་པ། །རྫོགས་སངས་རྒྱས་ནི་དབུ་རྒྱན་མཐོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །དེ་ཡི་སྙིང་པོས་དེ་བཞིན་དུ། །བརྒྱ་ཕྲག་སྟོང་ངམ་ཡང་ན་ནི། །བྱེ་བའི་ཚད་དུ་སྦྱིན་སྲེག་བྱ། །གལ་ཏེ་མཚན་མ་ལ་སོགས་བྱུང༌། །དེ་བཞིན་སྡིག་ཅན་རྒྱུད་ཅེས་བྱ། །ཞེས་གསུང་བ་ནི་འདིར་བསྡུས་པ་ཕོ་ཉའི་སྦྱིན་སྲེག་བྱ་བར་གསུངས་ཏེ། དེ་ལ་དེ་ནས་དེ་ནི་ཞེས་པ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། དེ་གོང་དུ་སྨོས་པ་ནི་གཟུགས་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱིས་མེའི་ནང་དུ་བཞུགས་སུ་གསོལ་ལ། ཨ་རྒྷ་ལ་སོགས་པའི་མཆོད་པའི་ཡོ་བྱད་ཀྱིས་ཡང་དག་པར་མཆོད་དེ། དེ་ནས་སྲེག་རྫས་ཐམས་ཅད་གཅིག་ཏུ་བསྲེས་ལ་བདུད་རྩིར་བྱིན་གྱིས་བརླབས་ལ་སྔགས་འདིར་གདབ་པར་བྱའོ། །ཨོཾ་ཨ་མི་ཏེ། ཨ་མི་ཏེ། ཨ་མི་ཏེ། ཨ་མི་ཏོད་བྷ་བ། ཨ་མི་ཏེ་སམྦྷ་བེ། ཨ་མི་ཏེ་བི་ཀྲཱ་ནྟེ། ཨ་མི་ཏེ་ག་མི་ནི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པས་བཏབ་སྟེ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ནས་ཁུ་ཚུར་བསྣོལ་བའི་སྡིགས་མཛུབ་གཉིས་སྙིང་གར་སྦྱར་བར་བྱ་ཞིང༌། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ད་ཧ་ད་ཧ་སརྦ་ན་ར་ག་ཏི་ཧ་ཏུ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་
ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུ་ཧཱུཾ་ཕཊ། ཅེས་པའི་སྙིང་པོས་བརྒྱ་ཕྲག་སྟོང་ངམ་བྱེ་བའི་ཚད་དམ་ཡང་ན་སྟོང་གི་གྲངས་སུ་དེའི་མིང་བྱང་དང་བསྲེས་པས་བྱ་བ་ཉིད་དོ། །ཕྱག་ན་རྡོ་རྗེ་པདྨ་དང༌། །ཞེས་པ་ནས། རྫོགས་སངས་རྒྱས་ནི་དབུ་རྒྱན་མཐོ། །ཞེས་པའི་བར་ཤློ་ཀ་ཕྱེད་དང་གཉིས་ནི་གོང་དུ་བཤད་པ་ལ་སྙེགས་སོ། །བསམས་སམ་ཡང་ན་བྲིས་ཀྱང་རུང༌། །ཞེས་པ་ནི་ཏིང་ངེ་འཛིན་གྱིས་བཞུགས་སུ་གསོལ་བ་དང༌། དེའི་གཟུགས་བརྙན་བསྲེག་ཁང་གི་ནང་དུ་བཞུགས་སུ་གསོལ་བའོ། །དེའི་སྙིང་པོ་དེ་བཞིན་དུ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །གལ་ཏེ་མཚན་མ་ལ་སོགས་བྱུང༌། །དེ་བཞིན་སྡིག་ཅན་རྒྱུད་ཅེས་བྱ། །ཞེས་པ་ནི་གོང་དུ་གསུངས་པའི་མེའི་རྟགས་སམ་ཡང་ན་མེ་ལྷ་ཉིད་ཀྱིས་གཟུགས་སྟོན་པ་ལ་སོགས་པ། དེ་དག་བྱུང་བར་གྱུར་པ་ནི་སྡིག་པ་ཅན་གྱི་གང་ཟག་དེ་ཉོན་མོངས་པ་ལས་གྲོལ་བར་ཤེས་པར་བྱ་བ་དང༌། དེ་ལས་བཟློག་པའི་རྟགས་རྣམས་ཀྱིས་ནི་མི་གྲོལ་བར་ཤེས་པར་བྱ་བ་ཉིད་དོ། །དེ་དག་གི་རྗེས་ལ་བསྟོད་པ་ལ་སོགས་པ་ཐམས་ཅད་རྫོགས་པར་བྱས་ལ། བཟོད་པར་གསོལ་བས་གཤེགས་སུ་གསོལ་བར་བྱ་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཏིང་ངེ་འཛིན་གྱིས་གཤེགས་སུ་གསོལ་བར་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ནི་ཆོས་ཐམས་ཅད་བདག་མེད་པར་བསམས་ཏེ། ཆོས་གང་རྒྱུས་བྱུང་དེ་དག་གི །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཞེས་པའི་སྔགས་ཀྱིས་བཟླས་ཞིང་མེ་ཏོག་གི་ཕྲེང་བ་བསམས་པས་བསྡུས་ཏེ་རྒྱ་མཚོ་ལ་སོགས་པའི་ནང་དུ་གཏོར་མ་དང་བཅས་པས་དོར་བར་བྱའོ། །དེ་ལ་གང་དག་འདི་སྐད་དུ་ལས་ཐམས་ཅད་ཀྱི་རྗེས་ལ་ཡང༌། ཁྲོ་བོ་ལ་ཕུལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ནི་འདི་ལྟར་དཔེར་ན་མི་གང་དག་རྒྱལ་པོ་དང་ཕྲད་འདོད་པ་ལས། དང་པོར་ཕོ་ཉ་ལ་མགུ་བ་ལ་སོགས་པ་བྱས་ཏེ། དེ་ཡིས་རྒྱལ་པོ་དང་བརྡ་སྦྱར་རོ། །དེ་ནས་ཕྲད་པ་དང་རང་གི་དགོས་པའི་དོན་རྣམས་ཞུས་པ་ལས་ཕྱིས་ཀྱང་རྒྱལ་པོས་ཕོ་ཉ་མངགས་ཏེ། ཆད་པས་གཅོད་པ་
ལ་སོགས་པའི་ལས་བྱེད་དོ། །དེ་བཞིན་དུ་འདིར་ཡང་དེ་བཞིན་གཤེགས་པ་དང༌། ཁྲོ་བོ་གཉིས་དོན་དམ་པར་དབྱེར་མེད་ཀྱང་འགྲོ་བའི་དོན་དང་སྦྱར་ནས་གཙོ་བོ་ དང་ཕོ་ཉའི་ཚུལ་དུ་གསུངས་སོ། །དེ་བས་ན་འདིར་དང ་པོར་ཁྲོ་བོའི་མེ་སྦར་བ་དང་མཇུག་ཏུ་ཚེ་འདས་པའི་གང་ཟག་དེའི་ངན་འགྲོ་རྣམ་པ་གསུམ་གྱི་རྒྱུད་གཅད་པར་བྱ་བའི་ཕྱིར་ཁྲོ་བོ་ལ་ཕྲིན་ལས་བཅོལ་བ་ཁྲོ་ན་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་པའི་རྩ་བའི་རྒྱུད་ཆེན་པོ་ལས། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །གདོད་ནས་རང་བཞིན་རྣམ་དག་པས། །སངས་རྒྱས་བྱང་ཆུབ་སེམས་སོགས་དང༌། །ཁྲོ་བོ་མངག་གཞུག་ཕོ་ཉ་ཡི། །སྣ་ཚོགས་སུ་ནི་དབྱེར་མེད་ཀྱང༌། །འགྲོ་དོན་ ཚུལ་དང ་རབ་སྦྱར་ནས། ཁྲོ་བོས་ལས་ཀུན་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཐལ་བར་གྱུར་པ་དང༌། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་གསུངས་པ་ནི་ཐལ་བ་བསྡུ་བའི་ཆོ་ག་སྟེ། དེ་ལ་དང་པོར་ཁྲོ་བོའི་ཏིང་ངེ་འཛིན་གྱིས་བགེགས་བསྐྲད་པར་བྱས་ལ། དེ་ནས་རང་ཉིད་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྤྱོད་བའི་སྐུར་བསྒོམས་ཏེ། རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཏབ་ལ་རིན་པོ་ཆེ་སྣ་ལྔའི་ཕྱི་མར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བཅིངས་ལ་ཨོཾ་བཛྲ་ས་ཏྭ་ཧཱུཾ་ཏི་ཥྛ་བཛྲ་སཾ་གྲ་ཧ་ཧཱུཾ་ཞེས་པའི་སྔགས་ཀྱིས་རས་དཀར་པོ་གཙང་མའི་ནང་དུ་བསྡུ་བར་བྱ་བ་ཉིད་དོ། །ཐལ་བ་དེ་དང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང༌། །བ་སྐྱེས་འོ་མ་ལ་སོགས་ལྡར། །སྦྱོང་བའི་སྔགས་ནི་བློ་ལྡན་གྱིས། །འབུམ་དུ་བཟླས་པས་བརྫིས་ནས་ནི། །ག་བུར་དྲི་དང་བསྒོས་པའི་ས། །འཇིམ་པ་དང་ནི་བསྲེས་ནས་ཀྱང༌། །གཟུགས་སུ་བྱ་བའམ་ཡང་ན་ནི། །མཆོད་རྟེན་དུ་ནི་རབ་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དག་ཏུ། །སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་ཉིས་བརྒྱའི་བར་དུ་བཟླས། ཞེས་གསུངས་པ་ནི་འདིར་ཐལ་བ་བསྒྱུར་བའི་ཆོ་ག་གསུང་བ་སྟེ། དེ་ལ་
དང་པོར་ཐལ་བ་དང་རུས་པ་ཕྱེ་མར་བཏགས་པ་ལ་ག་བུར་ལ་སོགས་པའི་དྲི་ཆུ་ལ་རྩ་བའི་སྔགས་ཀྱིས་བཏབ་སྟེ། བའི་འོ་མ་དང་མར་དང་ཞོ་དང་ཆུ་དང་ལྕི་བ་ལ་སོགས་པ་ལ་རྩ་བའི་སྔགས་འབུམ་དུ་བཟླས་པས་བརྫིས་ཏེ། དེ་དང་ས་ཁ་དོག་དཀར་པོ་ལ་ག་པུར་ལ་སོགས་པའི་དྲིས་བསྒོས་པ་དག་ལེགས་པར་བསྲེས་ནས་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་བྱ་བའམ་ཡང་ན་མཆོད་རྟེན་གྱི་གཟུགས་སུ་བྱས་ཏེ། རབ་ཏུ་གནས་པ་བྱས་ནས་དེ་བཞིན་གཤེགས་པའི་རྩ་བའི་སྔགས། ལོ་བཞི་འམ་ལྔ་ལ་སོགས་པར་ནང་པར་རེ་རེར་མཆོད་པས་མཆོད་ཅིང་འབུམ་ཕྲག་ཉིས་བརྒྱའི་བར་དུ་བཟླས་པར་བྱའོ། །སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །ཞེས་པ་ནི་ཞག་རེ་བཞིན་དུ་མཆོད་རྟེན་ནམ་གཟུགས་ལ་བདེ་བར་གཤེགས་པ་ལྔའི་སྔགས་དང༌། ཕྱག་རྒྱ་དང་བཅས་པས་གནས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱ་བ་ཉིད་དོ། །དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པའི་འོང་ཀྱང་རུང༌། །སྣང་ངམ་ཡང་ན་དྲི་ལྡང་ངམ། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་འགྱུར་རམ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང༌། །མེ་ཏོག་ལ་སོགས་དོར་བ་དག །དུང་དང་རྔ་ལ་སོགས་པའི་སྒྲ། །གླིང་བུ་པི་ཝང་ལ་སོགས་རྣམས། །རྒྱུ་མེད་པར་ནི་མཐོང་བ་དང༌། །ཐོས་པར་གྱུར་ན་རྣམ་པར་གྲོལ། །ཞེས་གསུངས་པ་ནི་རྟགས་བསྟན་པ་སྟེ། དེ་ལ་མཆོད་རྟེན་འབར་བ་དང༌། གཟུགས་ཡིན་ན་འཛུམ་པ་དང། གསུང་བ་དང༌། ག་བུར་ལ་སོགས་པས་དྲིའི་ཐིག་ལེ་སྐུད་པ་དང༌། བདུག་པའི་འོད་སྣང་བ་དང༌། ཡང་ན་དེ་དག་གི་དྲི་མནམ་པ་དང༌། ལྷའི་གཟུགས་སུ་འོད་པ་དང་སྐུ་གདུང་ལ་སོགས་པ་འཕར་བ་དང༌། ས་གཡོ་བ་དང༌། མེ་ཏོག་དང༌། རྒྱན་ལ་སོགས་པ་མཆོད་རྟེན་ལ་སོགས་པའི་སྟེང་དུ་འདོར་བ་དང༌། དེའི་དྲུང་ན་དུང་དང་རྔ་དང་གླིང་བུ་དང༌། པི་ཝང་དང་ཅང་ཏེའུ་ལ་སོགས་པའི་སྒྲ་ལ་སོགས་པའི་རྟགས་སྣང་བ་དང༌། ཐོས་པ་ན་གང་ཟག་དེ་ངན་སོང་ལས་གྲོལ་བར་ཤེས་པར་བྱ་སྟེ། དེ་ནི་ཐེ་ཚོམ་མི་ཟ་བ་ཉིད་དོ། །དེ་ལ་
ཡོངས་སུ་དག་པའི་རྣལ་འབྱོར་བས་ནི་སྲིད་པ་བར་མ་དེའི་ཆོ་ག་རྫོགས་པར་བྱ་བ་ནི་འདི་ལྟར་ཤི་ནས་ཞག་བདུན་འདས་པ་དང་རོ་བསྲེགས་པ་དང༌། བདུན་གཉིས་པ་ལ་དམྱལ་བའི་གནས་ནས་བསྒྲལ་བ་དང༌། གསུམ་པ་ལ་ཡི་དགས་ཀྱི་གནས་ནས་བསྒྲལ་བ་དང། བཞི་པ་ལ་དུད་འགྲོའི་གནས་ནས་བསྒྲལ་བ་དང༌། ལྔ་པ་ལ་ལྷ་མ་ཡིན་གྱི་གནས་ནས་བསྒྲལ་བ་དང༌། དྲུག་པ་ལ་མིའི་གནས་ནས་བསྒྲལ་བ་དང༌། བདུན་པ་ལ་ལྷའི་གནས་ནས་བསྒྲལ་ཞིང་དེ་ཉིད་ཀྱི་ཚེ་སྲིད་པ་བར་མ་དོའི་སེམས་ཅན་གྱི་ཀུན་གཞི་རྣམ་པར་ཤེས་པ་འཁོར་བ་ལ་ལྡོག་པའི་རྒྱུས་འཛུག་པ་ཡིན་ཏེ། དེའི་ཚེ་དེའི་དུས་ཀྱི་རིགས་ཀྱི་གཙོ་བོས་རྒྱལ་པོ་ལ་སོགས་པ་ཕ་དང་མའི་གཟུགས་བྱས་ལ། གཟུགས་དེའི་སྙིང་གར་བྲིས་པའི་མིང་ དང་ཙནྡན་དཀར་པོ་དང་དམར་པོ་བསྲེས་པའི་སྦྱོར་བས་ཕ་དང་མ་འཆོས་པའི་ཚུལ ་དུ་བྱས་ལ་དེ་བཞིན་གཤེགས་པའི་བདེན་པའི་བྱིན་གྱི་རླབས་ལ་དམིགས་པས། དེ་སྐད་ཅིག་མ་ལ་སྙོམས་པར་འཇུག་པའི་སྦྱོར་བ་ལ་དམིགས་པས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཐབས་དང་ཤེས་རབ་ཁ་སྦྱོར་བའི་རྣལ་འབྱོར་གྱིས་རང་གི་པདྨར་བཅུག་ནས་དཀྱིལ་འཁོར་དུ་དབང་བཅུ་རྫོགས་པར་བསྐུར་ལ། ཕྱག་རྒྱ་ཆེན་པོའི་གཟུགས་སུ་བརྟགས་ལ་མེ་ཏོག་གི་ཕྲེང་བ་ཐོགས་ཏེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཏདྱ་ཐཱ་ས་མ་ཡོ་ག་ཏེ་སིདྡྷི་སྭཱ་ཧཱ། ཞེས་བརྗོད་ནས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་རབ་ཏུ་གནས་པ་བྱ་བ་ཉིད་དོ། །གལ་ཏེ་མཚན་མ་དེ་དག་ནི། །སྡིག་ཅན་བློས་ནི་མ་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་པར་གཞག་པས་བཟླས་པར་དུ། །དེ་ཡི་མཐའ་ནི་མཁས་པ་ཡིས། །
མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང༌། །ལྷ་ཡི་ལུས་སུ་གནས་གྱུར་ཀྱང༌། །རང་གི་གཟུགས་སུ་ངོ་ཤེས་འགྱུར། །ཞེས་གསུངས་པ་ནི་གོང་དུ་གསུངས་པའི་ཆོ་གས་གྲོལ་བར་མ་གྱུར་ན། ཕྱིས་བསྐྱར་བའི་ཆོ་ག་གསུངས་པ་སྟེ། དེ་ལ། གལ་ཏེ་མཚན་མ་དེ་དག་ནི། །སྡིག་ཅན་བློས་ནི་མ་མཐོང་ན། །ཞེས་པ་ནི་འདིར་མཚམས་མེད་པ་ལ་སོགས་པ་སྡིག་པ་ཆེན་པོ་བྱས་པའི་གང་ཟག་དེ་བདེ་བླག་ཏུ་གྲོལ་བར་མ་གྱུར་པར་གོང་དུ་གསུངས་པ་རྟགས་ལ་སོགས་པ་མ་ཐོབ་བར་མ་གྱུར་ན་ཇི་ལྟར་བྱ་སྙམ་པ་ལ། འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་རྣལ་འབྱོར་པས་མཆོག་གི་སྙིང་རྗེ་ཆེན་པོ་བསྐྱེད་ལ། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། མཆོད་པ་རྒྱ་ཆེན་པོ་བྱ་ཞིང་དེ་བཞིན་གཤེགས་པའི་རྩ་བའི་རིག་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་སྙིང་པོ་འབུམ་ཕྲག་བརྒྱ་འམ། འབུམ་ཕྲག་སྟོང་ངམ། ཡང་ན་ཇི་སྲིད་མཚན་མ་མ་བྱུང་གི་བར་དུ་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པའི་སེམས་མཉམ་པར་གཞག་པས་བཟླས་པར་བྱ་བ་ཉིད་དོ། །དེ་ཡི་མཐར་ནི་མཁས་པས་ཀྱང༌། མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །ཞེས་གསུངས་པ་ནི་འདིར་གཉིས་ཏེ། བཟླས་པའི་གྲངས་སུ་ཐིམ་པ་དང༌། རྟགས་བྱུང་བའི་མཚན་མོ་ཐོག་ཐག་མི་ཉལ་བར་བཟླས་པ་སྟེ། དེ་ནི་ལས་སུ་བྱ་བའི་དངོས་གྲུབ་ཀྱི་སྒྲུབ་པ་ཞེས་བྱའོ། དེ་ནས་དེ་ཡི་སྡིག་པ་ནི། །ཞེས་པ་ལ་སོགས་པ་ནི་གསང་སྔགས་བླ་ན་མེད་པའི་སྟོབས་ཀྱིས་སྡིག་པ་ཆེན་པོའི་གང་ཟག་དེ་ངེས་པར་གྲོལ་བར་འགྱུར་ཞེས་གསུངས་ཏེ། དེ་ཡང་གང་ཟག་དེ་ལྷའི་གནས་སུ་ལྷའི་ལུས་སུ་ཡོད་ཀྱང་རྣལ་འབྱོར་པ་ལ་སྔར་གྱི་གཟུགས་ཇི་ལྟ་བ་བཞིན་དུ་སྟོན་པར་འགྱུར་བ་དང༌། ཆོ་འཕྲུལ་ལ་སོགས་པའི་རྟགས་སྣ་ཚོགས་སྟོན་པར་འགྱུར་པ་ཉིད་དོ། །དེ་ལ་རྟགས་སམ་
གཟུགས་དག་མཐོང་བ་ནི་ཇི་ལྟར་བྱ་སྙམ་པ་ལ། མཚན་མ་འདི་དག་ཤེས་ནས་ནི། །རྣམ་པར་མི་རྟོག་སེམས་ཀྱིས་ཀྱང༌། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་བཅོལ་བར་བྱ། །ཞེས་གསུངས་ཏེ། དེའི་གཟུགས་རྣལ་འབྱོར་པའི་མངོན་སུམ་དུ་མཐོང་བ་ནི་འདི་ལྷ་ཡིན་ནོ་སྙམ་པ་དང༌། འདི་བདག་གིས་ཐར་བར་བྱས་སོ་སྙམ་པ་ལ་སོགས་པའི་རྟོག་པ་དམིགས་པ་དང༌། བཅས་པ་ཤེས་བྱའི་སྒྲིབ་པ་ཞེས་གསུངས་པས་ན། དང་པོར་འདི་ལྟར་སྣང་བ་ཐམས་ཅད་ཐོག་མ་ཐ་མ་མེད་པ་ནས། རང་བཞིན་གྱིས་རྣམ་པར་དག་པ་རྟོག་པ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་མཐའ་བཞི་དང་བྲལ་བ་ཅིག་བསམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། འདི་ལྟར་དག་པ་ཅན་གྱི་རྒྱུད་མཐོང་ཞིང་དྲི་མ་དང་བཅས་པ་ལ་ནི་མ་ཡིན་ཏེ། དེ་ཡང་སངས་རྒྱས་ཕལ་པོ་ཆེ་ལས། །འདི་ནི་འཇིག་རྟེན་འདི་སངས་རྒྱས། །འདི་ནི་རང་རྒྱལ་དགྲ་བཅོམ་ཞེས། །འཇིག་རྟེན་དག་ན་རྟོག་པ་ཡོད། །ཡང་དག་དེ་ནི་རབ་ཤེས་ན། །སངས་རྒྱས་མེད་ཅིང་ཆོས་ཀྱང་མེད། །འཁོར་བ་མེད་ཅིང་ཐར་བའང་མེད། །ཅེས་གསུངས་པའི་ཕྱིར་ཏེ། དེ་བས་ན་དེའི་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལས་རྣམས་ཐམས་ཅད་བཅོལ་བར་བྱ། །ཞེས་པ་ནི་གནས་སྐབས་མང་སྟེ། གང་ཟག་དེ་འདོད་པའི་ཁམས་ཀྱི་ལྷའི་གཟུགས་སུ་འོང་བར་གྱུར་ན། བདག་གི་ཆགས་པ་དང་རྙེད་པའི་ཕྱིར་མ་ཡིན་ཞིང་འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོར་བསྐྱེད་དེ། དེ་དག་གི་དོན་དུ་ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པའི་ལས་དྲི་བ་བཅོལ་བར་བྱ་བ་ཁོ་ནའོ། །ཡང་ན་མེད་པར་གྱུར་ན་ཡང༌། །བཟླས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་རུ་ས་ལེགས་པར་བྲིས་ནས་ཀྱང༌། །མཆོད་རྟེན་ཕྲེང་བ་བྱ་བ་དང༌། །ཡང་ན་གཟུགས་སུ་བྲིས་ཀྱང་རུང༌། །སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་གསུངས་པ་ནི་རྣལ་འབྱོར་པ་ཡིད་སྐྱོ་
བར་གྱུར་པ་ལས་ཀྱི་གཞུག་བརྟུལ་བ་གསུངས་པ་སྟེ། དེ་ལ་རྣལ་འབྱོར་པས་འབད་པ་དྲག་པོ་དང་བཅས་པས་གོང་དུ་གསུངས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ཀྱང་རྟགས་ལ་སོགས་པ་མེད་པར་གྱུར་ན། རང་ཉིད་ལྷའི་དཀྱིལ་འཁོར་དུ་བསམས་ནས་སྙིང་པོའི་སྔགས་ཟློས་ཤིང་དེའི་མིང་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་ཅིང་མཆོད་རྟེན་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་དམ་སྟོང་ངམ་འབུམ་ལ་སོགས་པ་བྱ་བའམ། ཡང་ན་དེའི་གཟུགས་བརྙན་བྲིས་ཏེ་གོང་དུ་སྨོས་པའི་དེ་བཞིན་གཤེགས་པའི་སྙིང་པོ་རྣམས་གནས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་བྲིས་ལ། ལྟེ་བའི་ཁུང་བུ་དེའི་མིང་བྲིས་ལ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་ལ་རོའི་སྦྱིན་སྲེག་ཚུལ་ཇི་ལྟ་བ་བཞིན་དུ་བྱས་ན་གདོན་མི་ཟ་བར་གང་ཟག་དེ་བདེ་འགྲོའི་གནས་སུ་སྐྱེ་བར་འབྲེལ་ཏོ། །ཐལ་བ་ཉུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་ནས། །བཟླས་པ་བྱས་ཏེ་སོངས་ན་ནི། །རྒྱ་མཚོ་འབབ་པའི་ཆུ་ཀླུང་དོར། །ཞེས་གསུངས་པ་ནི་སྦྱིན་སྲེག་བྱས་པའི་ཐལ་བ་དང་བྱེ་མ་བསྲེས་ལ་དེའི་མིང་སྨོས་ཏེ། ཡུངས་ཀར་ལ་དེ་བཞིན་གཤེགས་པའི་རྩ་བའི་སྔགས་སྟོང་ལ་སོགས་པ་བཏབ་ནས། དེ་དག་གི་རྡུལ་རེ་རེ་ལ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་རེ་རེ་བསྒོམས་ཏེ། དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་བཀའ་ཡང་དག་པའི་བདེན་པ་དང་བདེན་པའི་བྱིན་གྱི་རླབས་དང༌། སྔགས་དང་ཕྱག་རྒྱའི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རྡུལ་འདི་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུར་གྱུར་ནས། འདི་གང་དུ་གནས་པ་དང༌། འདིས་རེག་པའི་སེམས་ཅན་ཐམས་ཅད་སྡིག་པའི་ལམ་ལས་གྲོལ་ཏེ། དགེ་བའི་ལམ་ལ་ཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། གཏོར་མ་དང་བཅས་པ་བརྒྱ་མཚོར་འབབ་པའི་ཆུ་ཀླུང་ངམ་མཚེའུ་འམ་
འབབ་ཆུ་ལ་སོགས་པའི་ནང་དུ་དོར་བར་བྱ་བ་ཉིད་དོ། །དེ་ལྟར་བྱས་ན་སྡིག་ཅན་ཡང༌། །ངན་སོང་གསུམ་ལས་ཐར་འགྱུར་ན། །དགེ་བའི་མཆོག་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དང་ལྡན་པ་དང༌། །སངས་རྒྱས་འབྲས་བུའི་རྒྱུད་ལྡན་ཞིང། །སྦྱིན་པའི་ཕ་རོལ་ཕྱིན་པ་ལྡན། ། ཚུལ་ཁྲིམས་རྒྱུ་དང ་རབ་ལྡན་ཞིང༌། །བཟོད་པ་བརྩོན་འགྲུས་མཉམ་གཞག་དང༌། །ཤེས་རབ་ཐབས་ཀྱི་རྒྱུ་སྒོམ་པའི། །བསོད་ནམས་ལྡན་ནི་ཅི་སྨོས་ཏེ། །མྱུར་དུ་དེ་ཡི་ངན་སོང་ནི། །བཅོམ་པར་གྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་པ་ནི་འདི་ལྟོས་པ་དང་བཅས་པའི་འབྲས་བུ་གསུངས་པ་སྟེ། དེ་ལ། དེ་ལྟར་བྱས་ན་སྡིག་ཅན་ཡང༌། །ངན་སོང་གསུམ་ལས་ཐར་འགྱུར་ན། །ཞེས་པ་ནི་མཚམས་མེད་པ་ལ་སོགས་པ་བྱས་པའི་སྡིག་པ་ཆེན་པོ་དང་བཅས་པའི་གང་ཟག་དེ་ལྟ་བུ་ཡང་གོང་དུ་གསུངས་པའི་ཆོ་ག་དེ་ལྟ་བུ་བྱས་ན་ངན་སོང་གསུམ་ལས་ངེས་པར་ཐར་བར་འགྱུར་ན་ཞེས་དམན་པར་ལྟོས་པའི་ཚིག་གོ །དགེ་བའི་མཆོག་ནི་བསྐྱེད་པ་དང༌། ཞེས་པ་ནས། །བསོད་ནམས་ལྡན་ནི་ཅི་སྨོས་ཏེ། །ཞེས་པའི་བར་ནི་འདི་ལྟར་དགེ་བའི་མཆོག་བསྐྱེད་པ་ནི་བླ་ན་མེད་པའི་འཕགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བའོ། །བྱང་ཆུབ་སེམས་དང་ལྡན་པ་ནི་ཐེག་པ་ཆེན་པོའི་གང་ཟག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་བའི་ཕུང་པོ་ལ་སྦྱོར་བའོ། །འབྲས་བུ་སངས་རྒྱས་ཀྱི་རྒྱུ་ནི་བླ་ན་མེད་པའི་སེམས་དེ་ཉིད་དང་ལྡན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་སེམས་ཅན་དགའ་བར་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་ལུས་དང་ངག་དང་ཡིད་ཀུན་ནས་བསྡམས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་གཞན་ལ་ཁོང་མི་ཁྲོ་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་དོན་དུ་གཉེར་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་སེམས་མི་གཡེང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ནི་རྟོག་པ་དང་བྲལ་བ་སྟེ། དེ་ལྟར་ཅི་ནས་དགེ་བའི་རྩ་བ་དང་ལྡན་པའི་གང་ཟག་གང་དུ་གསུངས་པའི་ཆོ་ག་དང་
པོས་ཀྱང་མྱུར་དུ་རྟགས་ལ་སོགས་པ་སྟོན་ཞིང་ངན་སོང་གི་རྒྱུད་བཅོམ་པར་ཐེ་ཚོམ་མི་ཟ་བ་ཉིད་དོ། །དེ་དག་ནི་ཁྱད་པར་དུ་བྱུང་བའི་ཆོ་གའོ། །དགེ་བའི་རྩ་བ་མ་བསྐྱེད་ལ། །ཆད་པར་ལྟ་བ་གང་ཡིན་དང༌། །བྱང་ཆུབ་ལམ་ལས་ལོག་པ་དང༌། །བསྟན་ལ་ཞེ་སྡང་གནོད་བྱེད་ཅིང༌། །སྡིག་པའི་རང་བཞིན་མི་ཤེས་པས། །ཕ་དང་མ་ལ་སྙིང་རིང་ཞིང༌། །བྱང་ཆུབ་སེམས་ལ་བརྟེན་པ་དང༌། །འདོད་ཆགས་བྲལ་བ་བསད་པ་རྣམས། །ཅི་སྟེ་ལྷ་རྣམས་མེད་གྱུར་ཏམ། །སངས་རྒྱས་དགེ་འདུན་ཆོས་དེ་བཞིན། །སྔགས་དང་ཕྱག་རྒྱའི་ཚོགས་ལ་སོགས། །ཤེས་རབ་ཐབས་རྣམས་མེད་ན་ནི། །སྡིག་ཅན་དེ་དག་མི་ཐར་ཞེས། །བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་གསུངས་པ་འདིར་རྐྱེན་བླ་ན་མེད་པ་མེད་ན་འབྲས་བུ་སྨིན་པར་མི་འགྱུར་བ་གསུངས་པ་སྟེ། དེ་ལ་དགེ་བའི་རྩ་བ་མ་བསྐྱེད་པ་ནི་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བའོ། །ཆད་པས་ལྟ་བ་ནི་སངས་རྒྱས་ཀྱང་མེད་ཆོས་ཀྱང་མེད་དགེ་འདུན་ཡང་མེད་འཇིག་རྟེན་འདི་ལ་བདེ་བར་འཚེ་བ་ཞིག་ལས་འཇིག་རྟེན་ཕྱི་མར་སྐྱེ་བ་དང་འབྱུང་བ་ནི་ག་ལ་སྲིད་དེ་རྣམ་པར་ཤེས་པ་ནམ་མཁའ་ལ་ཞེའོ་ཞེས་འདོད་པའོ། །བྱང་ཆུབ་ཀྱི་ལམ་ལས་ལོག་པ་ནི་གསུམ་སྟེ། དེ་ལ་གཅིག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཕྱིས་སྡོམ་པ་དང་བྲལ་བའོ། །གཅིག་ནི་བྱང་ཆུབ་ཀྱི་སེམས་སྡོམ་པ་དང་ལྡན་པ་ལས་བྱང་ཆུབ་ཀྱི་སེམས་སྤངས་པའོ། །གཅིག་ནི་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་དམ་ཚིག་ཉམས་པའོ། །བསྟན་ལ་ཞེ་སྡང་བྱེད་པ་ནི་དེ་བཞིན་གཤེགས་པའི་བསྟན་པ་བཤིག་པའོ། །སྡིག་པའི་རང་བཞིན་མི་ཤེས་པ་ནི་ལས་རྒྱུ་འབྲས་མི་ཤེས་པ་སྟེ། དེའི་རྐྱེན་གྱིས་ཕ་དང་མ་བསད་པ་དང་བརྡུང་བ་ལ་སོགས་པ་བྱེད་པ་དེ་ནི་མཚམས་མེད་པ་གཅིག་གོ །བྱང་ཆུབ་སེམས་ལ་བརྟེན་པ་ནི་མི་གང་དག་སྙིང་རྗེ་ཆེན་པོ་དང་ལྡན་པ་བླ་ན་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་བསད་པའོ། །འདོད་ཆགས་དང་བྲལ་བ་ནི་འཕགས་པ་
དགྲ་བཅོམ་པ་བསད་པ་སྟེ། དེ་དག་ལ་སོགས་པ་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་ལ་སོགས་པ་བྱས་པའི་སྡིག་པ་ཆེན་པོ་དང་ལྡན་པའི་གང་ཟག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མ་སོང་བ་དང༌། བདག་ལ་སྐྱོབ་པར་བྱེད་པའི་རང་དད་པའི་ལྷ་མེད་པ་དང༌། སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་སྐྱབས་སུ་མ་སོང་བ་དང༌། རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཉིད་བདེ་བ་ཆེན་པོ་མི་བསྒོམ་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མི་བྱེད་པའི་སྡིག་པ་ཅན་དེ་དག་ནི་ངན་སོང་གསུམ་གྱི་སྡུག་བསྔལ་གྱི་བརྩོན་ར་དམ་པོ་ནས་མི་ཐར་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་ཏེ། དེ་དང་ལྡན་པ་ནི་སྐྱབས་དམ་པ་ལ་སྐྱབས་བཙལ་བས་འཇིགས་པའི་བག་ཏུ་མི་འགྱུར་རོ་ཞེས་བྱ་བར་འབྲེལ་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷས། །པདྨ་ལྟ་བུའི་མིག་ཕྱེ་ནས། །ལེགས་ཞེས་བྱ་བས་མཉེས་བྱས་ཏེ། །རབ་ཏུ་མགུ་བས་མཆོད་བྱས་ནས། །བརྒྱ་བྱིན་གཞན་ལ་ཕན་བརྩོན་པས། །ཇི་ལྟར་གསོལ་བའི་བཀའ་བཞིན་དུ། །ཤཱཀྱའི་གཙོ་བོས་བཀའ་སྩལ་པ། །བདེན་པ་ཉིད་དུ་བྱས་གྱུར་ནས། །དེ་ནས་དེ་ནི་དམྱལ་བ་ཡི། །སྡུག་བསྔལ་ལས་ནི་ཐར་ནས་ཀྱང༌། །དགའ་ལྡན་གནས་སུ་འགྲོ་ཀུན་ལ། །ཕན་ཕྱིར་བདེ་གཤེགས་འདྲ་བར་སྐྱེས། །ཞེས་གསུངས་པ་ནི་འབྲས་བུ་ཡོངས་སུ་སྨིན་པ་གསུངས་པ་སྟེ། དེ་ལ། དེ་ནས་བརྒྱ་བྱིན་ལ་སོགས་ལྷས། །པདྨ་ལྟ་བུར་མིག་ཕྱེ་ནས། །ཞེས་པ་ནི་དཔེར་ན་པདྨ་མཚོའི་ནང་ན་གནས་པ་རྣམས་འདབ་མ་རྒྱས་པའི་དུས་སུ་ཕྱིན་ནས་ཀྱང་མཚན་མོ་ཁ་ཟུམ་ནས་གནས་ཏེ། དེ་ལ་ཉི་མའི་འོད་ཟེར་ཕོག་པ་དང་པདྨའི་ཁ་དང་འདབ་མ་རྒྱས་པར་བྱེ་བ་བཞིན་དུ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་མ་རིག་པའི་མུན་པས་བསྒྲིབས་པ་ན་ངན་སོང་གསུམ་ལས་ཐར་བར་བྱ་བའི་ཐབས་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་པདྨ་ཁ་ཟུམ་པ་ལས། དེ་བཞིན་གཤེགས་པའི་ཐུགས་ཀྱི་ཉི་མའི་དཀྱིལ་འཁོར་ལས་གསུང་གི་འོད་ཟེར་སྤྲོས་པས་ལྷ་ལ་སོགས་པའི་ཡིད་ཀྱི་རྣམ་པར་
ཤེས་པའི་པདྨ་ལ་ཕོག་སྟེ། དེ་དག་ཡིད་ཀྱི་རྣམ་པར་ཤེས་པའི་པདྨ་རྒྱས་པར་ཕྱེ་བའོ། །དེ་ལ་པདྨ་ལྟ་བུར་མིག་ཕྱེ་ནས་ཞེས་པ་ནི་འབྲུ་མང་པོ་པ་སྐད་ཆེན་པོའི་དབྱིངས་ཏེ། དུས་གསུམ་ཞེས་པའོ། །དེ་ལ་ཨུ་ནི་དཔེ་མེད་པའི་དོན་ཏོ། །པ་ནི་ས་མ་ཡ་ཨུ་ཏ་བྷི་ཞེས་བྱ་སྟེ་དུས་སོ། །མ་ནི་རང་གི་ངོ་བོ་སྤངས་ཤིང་ཚེག་དྲག་གཉིས་སུ་ཨུ་ལུ་ཏས་བཅས་པས་ཨ་ཉིད་དོ། །ཨ་ནི་ཨ་དང་པོར་བཏོན་པས་འདས་པའི་སྒྲའོ། །ཡ་མ་ནི་རང་གི་ངོ་བོ་ཞབས་སུ་བཏགས་པས་དེ་ལྟར་ཉིད་དོ། །ཡང་ཨ་ནི་དང་པོར་བཏོན་ཏེ་ན་དང་རྗེས་སུ་འབྲེལ་པ་ལ་མ་འོངས་པར་འགྱུར་བས་ཕྱེ་ཟིན་ཏོ་ཞེས་པ་དང༌། བྱེ་ཞེས་པ་དང༌། ཕྱེ་བར་འགྱུར་བར་གོ་བར་བྱའོ། །ལེགས་ཞེས་བྱ་བས་མཉེས་བྱས་ནས། །རབ་ཏུ་མགུ་བས་མཆོད་བྱས་ཏེ། །ཞེས་པ་ནི་བདེ་བར་གཤེགས་པ་ལ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར་མཆོད་པའི་ཚོགས་དཔག་ཏུ་མེད་པས་ཡང་དག་པར་མཆོད་དོ་ལེགས་སོ་ཞེས་གསོལ་བ་སྟེ། དགའ་བ་དང་བཅས་པའི་ཚིག་གོ །བརྒྱ་བྱིན་གཞན་ལ་ཕན་བརྩོན་པས། །ཇི་ལྟར་གསོལ་བའི་བཀའ་བཞིན་དུ། །ཤཱཀྱའི་གཙོ་བོས་བཀའ་སྩལ་པ། །བདེན་པ་ཉིད་དུ་བྱས་གྱུར་ནས། །ཞེས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་ཕན་པར་བརྩོན་པ་ཉིད་ཀྱིས་གདུང་བ་དང་བཅས་པ་ལས་ཆོ་ག་བརྩོན་པ་སྟེ། དེ་ནི་འདི་ལྟར་ལྷའི་ཐུན་ཚོད་ཕྱེད་དང་གཉིས་སྲིད་པ་བར་མདོར་གནས་ནས་ཞག་དྲུག་དང་ཐུན་ཚོད་ཕྱེད་དང་གཉིས་ནས་ངན་སོང་གསུམ་གྱི་གནས་སུ་སྐྱེས་སོ། །དེ་ནས་དམ་པའི་ཆོས་འདི་ནི་ལྷ་རྣམས་ཀྱི་ཐུན་ཚོད་གཅིག་ལ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་ཐོས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཀྱི་རོ་བསྡུས་ནས་ལྷ་རྣམས་ཀྱི་ཉི་མ་ཕྱེད་ལ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་མ་གྱེས་པར་བདེ་བར་གཤེགས་པ་ཤཱཀྱ་ཐུབ་པས་གོང་དུ་ཇི་སྐད་གསུངས་པ་བཞིན་དུ་རོ་བསྲེག་པ་དང༌། དབང་བསྐུར་བ་ལ་སོགས་པ་ཆོ་གའི་རིམ་པ་དྲུག་ཚང་བར་བྱས་ཏེ། དེ་ལ་ལྷའི་བུ་དེ་མི་རྣམས་ཀྱི་ལོ་བཞི་བརྒྱ་
ནི་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །དེ་ནས་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ལོ་བརྒྱ་ནི་ཡི་དགས་ཀྱི་ལུས་སུ་སྐྱེས་སོ། །ལོ་བརྒྱ་ནི་དུད་འགྲོའི་ལུས་སུ་སྐྱེས་སོ། །ལོ་བརྒྱ་ནི་མཐའ་འཁོབ་ཀྱི་མི་རུ་སྐྱེས་སོ། །ལོ་ལྔ་བཅུ་ནི་ཡུལ་དབུས་སུ་བྲམ་ཟེའི་ལུས་སུ་སྐྱེས་ནས། མཛེ་དང་ཕོལ་མིག་དང་འབྲས་དང་རིམས་ལ་སོགས་པས་སྡུག་བསྔལ་བ་ལུས་ལ་རྣག་དང་ཁྲག་འཛག་པ་ཅིག་ཏུ་སྐྱེས་སོ། །དེ་ནས་ཚེ་འདས་པ་དང་གསང་སྔགས་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས་དགའ་ལྡན་གྱི་གནས་སུ་ལྷའི་བུ་གཟུགས་བཟང་བ་མཛེས་བ་བལྟ་ན་སྡུག་པ་ཅིག་ཏུ་སྐྱེས་སོ། །ལྷ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པ་ནི། དགའ་ལྡན་གནས་སུ་འགྲོ་ཀུན་ལ། །ཕན་ཕྱིར་བདེར་གཤེགས་འདྲ་བར་སྐྱེས། །ཞེས་བྱ་བར་འབྲེལ་ཏོ། །དེ་ནས་དབང་པོར་བཅས་པ་ཡི། །གྲགས་ཆེན་ལྷ་རྣམས་གར་བྱེད་ཅིང༌། །མཆོད་པའི་སྤྲིན་ནི་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་ལ་མངོན་པར་མཆོད། །ཅེས་པ་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་ཡང་དག་པར་གཟོ་བ་སྟེ། དེ་ཡང་དབང་པོར་བཅས་པའི་ལྷ་རྣམས་ཅིའི་ཕྱིར་གར་བྱེད་ཅེ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་ཉིན་པར་དེ་ཉིད་ལ་ལྷའི་བུ་དེའི་གཟུགས་བརྙན་འཛུམ་པ་དང་མེ་ཏོག་ལ་སོགས་པ་འདོར་བའི་གོང་དུ་གསུངས་པའི་རྟགས་ཐམས་ཅད་མཐོང་སྟེ། དེ་ཡིས་དགའ་བ་དང་བཅས་པ་ཉིད་ཀྱིས་གར་བྱེད་པ་དང༌། མཆོད་པའི་སྤྲིན་གྱིས་དེ་བཞིན་གཤེགས་པ་ལ་མངོན་པར་མཆོད་པ་ཉིད་དོ། །དེ་ལ་ལྷ་གཞན་རྣམས་ཅིའི་ཕྱིར་བྱེད་ཅེ་ན་སྙམ་པ་ལ་དེ་དག་ཀྱང་བདེ་བར་གཤེགས་པའི་བཀའ་ཡང་དག་པ་འདི་བདེན་པ་ཁོ་ནས་བདག་ནི་ངན་སོང་དུ་ལྟུང་བའི་འཇིགས་པ་མི་འབྱུང་ངོ་སྙམ་པའི་དགའ་བ་དང་བཅས་པར་གར་བྱེད་པ་ཉིད་དོ། །དེ་ནས་ལྷ་ཡི་བུ་དེ་ཡིས། །བྱང་ཆུབ་ཏུའང་སེམས་བསྐྱེད་ནས། །ཚེ་འདི་ཉིད་ལ་མཆོད་པའི་ཕྱིར། །ལྷ་རྫས་རྣམ་པ་སྣ་ཚོགས་དང༌། །མེ་ཏོག་བདུག་པ་བྱུག་པ་
དང། །གདུགས་དང་རྒྱལ་མཚན་འཕན་ལ་སོགས། །རྒྱན་ལ་སོགས་པ་རབ་མཛེས་དང༌། །ན་བཟའ་རིན་ཆེན་ཆར་ལ་སོགས། །དགའ་བའི་ཚལ་ནི་གང་བར་བྱས། །ཞེས་གསུངས་པ་ནི་འབྲས་བུ་མངོན་དུ་འདོད་པ་ཉིད་དུ་གསུངས་པ་སྟེ། །དེ་ལ། དེ་ནས་ལྷ་ཡི་བུ་དེ་ཡིས། །ཞེས་པ་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་དེ་ཉིད་དོ། །བྱང་ཆུབ་ཏུའང་སེམས་བསྐྱེད་ནས། །ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བའི་སེམས་མངོན་དུ་བྱས་པའོ། །ཚེ་འདི་ཉིད་ལ་མཆོད་པའི་ཕྱིར། །ཞེས་པ་ནི། མཐོང་བའི་ཆོས་འདི་ཉིད་ལ་བདེ་བར་གཤེགས་པ་དང༌། རང་གི་བླ་མ་ལྷའི་དབང་པོ་བརྒྱ་བྱིན་ལ་མཆོད་པའི་ཚོགས་སྤྲུལ་པ་ཉིད་དོ། །ལྷ་རྫས་རྣམ་པ་སྣ་ཚོགས་དང༌། །ཞེས་པ་ནས། དགའ་བའི་ཚལ་ནི་གང་བར་བྱས། །ཞེས་པའི་བར་ནི་ལྷའི་རྫས་རྣམ་པ་སྣ་ཚོགས་པ་དང༌། མཆོད་པའི་ཡོ་བྱད་ཁྱད་པར་དུ་གྱུར་པ་དཔག་ཏུ་མེད་པས་ལྷ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་ཚལ་ཡོངས་སུ་གང་བར་བྱས་པའོ། །དེ་ནས་ངོ་མཚར་ཆེར་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་ཕྱག་འཚལ་ནས། །དགའ་བའི་ཚལ་ནི་ཡིད་འོང་པས། །ཀུན་ནས་གང་བར་གྱུར་པ་དང༌། །སྣ་ཚོགས་འབྱུང་བ་འདི་ཅི་ལགས། །ཞེས་པ་ནི་ལྷ་ལ་སོགས་པ་ཐམས་ཅད་རྫུ་འཕྲུལ་སྣ་ཚོགས་པར་མཐོང་བས་ངོ་མཚར་རྨད་དུ་གྱུར་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས། །དགའ་བའི་ཚལ་འདི་ལྟར་ཡིད་དུ་འོང་བའི་རྫས་ཀྱིས་ཀྱང་གང༌། རྫུ་འཕྲུལ་སྣ་ཚོགས་པ་དགའ་བ་འདི་ཅིའི་རྒྱུ་ཅིའི་རྐྱེན་ལས་ཡང་དག་པར་བྱུང་ཞེས་འདྲི་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གྲོགས་པོ་དག་ཤེས་པར་གྱིས་ཤིག །རྫུ་འཕྲུལ་རྣམ་པར་འཕྲུལ་པ་འདི་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཡིན་ནོ་ཞེས་གསུངས་པ་ནི་གསལ་བ་སྟོན་པའི་ཚིག་སྟེ་དེ་ལ་གྲོགས་པོ་དག་ཅེས་པ་ནི་བརྩེ་བ་དང་བཅས་པའི་ཚིག་ཡོངས་སུ་དག་པའི་འབྲས་བུའོ། །ཤེས་པར་གྱིས་ཤིག་ཅེས་པ་ནི་སྐད་ཅིག་གི་དབྱིངས་ཀྱིས་རྣམ་པ་གཉིས་ལ་འཇུག་སྟེ། ད་ལྟར་
བ། །མཚུངས་པ་དང་མ་འོངས་པ་མཚུངས་པ་དེ་ཡང་རྣམ་པ་བཞི་སྟེ། རྒྱུ་མཚུངས་པ་དང་འབྲས་བུ་མཚུངས་པ་དང་གནས་མཚུངས་པ་དང་རྐྱེན་མཚུངས་པ་ཉིད་དེ་ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མནར་མེད་པའི་སེམས་ཅན་དམྱལ་བའི་དབང་དུ་གྱུར་ནས་སྡུག་བསྔལ་ཡང་མྱོང་ཞིང་མཐོང་བའི་ཆོས་འདི་ཉིད་ལ་བདེ་འགྲོའི་དབང་དུ་གྱུར་པ་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ་ཞེས་པ་ནི་དགའ་བ་དང་བཅས་པ་རྨད་ཀྱི་ཚིག་སྟེ། དེ་ལ་མནར་མེད་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོའང་མྱོང་བ་མཐོང་བའི་ཆོས་ཉིད་ལ་བདེ་འགྲོའི་གནས་སུ་སྐྱེས་པ་དེ་ཉིད་ངོ་མཚར་ཆེའོ། །དེ་ཅིའི་ཕྱིར་ངོ་མཚར་ཆེ་ཞེ་ན། ལྷ་རྣམས་ཀྱིས་བདེ་བར་གཤེགས་པའི་འཁོར་དུ་འདུས་པ་དེའི་དུས་དེ་ཉིད་དུ་སྡུག་བསྔལ་དང་བདེ་བ་ཐོབ་པའི་ཕྱིར་ངོ་མཚར་བ་སྟེ་ལན་གཉིས་པའི་ཚིག་ནི་གནས་གཉིས་ལ་བསམས་ནས་སྨྲས་པའོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །བླ་མེད་བཞི་ལ་བདག་སྐྱབས་མཆི། །ཞེས་པ་ནི་དགའ་བ་དང་བཅས་པས་བསྟོད་པ་སྟེ། དེ་ལ་འདིར་ནི་རྣམ་པ་གཉིས་སུ་ཤེས་པར་བྱའོ། །གཅིག་ནི་སྤྱིར་བསམས་པ་དང༌། གཅིག་ནི་འདི་ཉིད་ལ་བསམས་ནས་བསྟོད་པ་སྟེ། དེ་ལ། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཅེས་པ་ནི་འཇིག་རྟེན་པའི་སྟོན་པ་ཆེན་པོ་ལྷ་ཚངས་པ་ལ་སོགས་པས་བསྟན་པའི་རིག་བྱེད་དང༌། སྔགས་ལ་སོགས་པས་ནི་དུག་ཞི་བ་ཙམ་ཡང་མི་འགྲུབ་ལ། བདེ་བར་གཤེགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་མཐོང་བའི་ཆོས་འདི་ལ་ངན་སོང་གི་སྡུག་བསྔལ་ལས་ཐར་ཏེ། བདེ་འགྲོའི་གནས་སུ་སྐྱེ་བའི་སྟོབས་དང་ལྡན་པའི་ཕྱིར་ན། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཅེས་པའོ། །དེ་བཞིན་དུ།
ཆོས་དང་འདྲ་བའི་དགེ་བ་མེད། །ཅེས་པ་ཡང་འདིར་དགེ་བ་ནི་བཟང་པོའོ། །བཟང་པོ་ནི་ཡིད་དུ་འོང་བ་སྟེ། ལྷ་ལ་སོགས་པའི་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་བཟང་པོས་ནི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་ལ། དམ་པའི་ཆོས་བླ་ན་མེད་པས་ནི་ཡིད་དུ་འོང་བའི་འབྲས་བུ་འབྱིན་པའི་ཕྱིར་ན། ཆོས་དང་འདྲ་བའི་དགེ་བ་མེད། །ཅེས་པའོ། །དགེ་འདུན་འདྲ་བའི་སྣོད་མེད་དེ། །ཞེས་པ་ལ། དེ་ལ་སྣོད་ནི་ཞིང་ངོ༌། །ཞིང་ནི་སྐྱེད་པར་བྱེད་པ་སྟེ། ལྷ་ཚངས་པ་ལ་སོགས་པ་མཆོད་པས་ཡུན་རིང་པོར་ཤིན་ཏུ་དཀའ་བ་ཞིག་ན་ཇི་སྲིད་མཐོ་རིས་ཀྱི་འབྲས་བུ་འབྱིན་ལ་འཕགས་པའི་དགེ་འདུན་ལ་ཡང་དག་པར་མཆོད་པས་མྱུར་དུ་མཐོ་རིས་དང༌། བདེ་འགྲོ་ཐོབ་ཅིང་བདེ་བ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུའང་འབྱིན་པའི་ཕྱིར། དགེ་འདུན་འདྲ་བའི་སྣོད་མེད་དེ། །ཞེས་པའོ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་པ་ནི་འདིར་རིག་བྱེད་ལ་སོགས་པ་བཟླས་པས་ཐར་པའི་གནས་སུ་འདྲེན་པར་མི་ནུས་ལ་གསང་སྔགས་བླ་ན་མེད་པ་འདི་བཟླས་པ་ལས་མྱུར་དུ་བདེ་འགྲོ་དང་ཐར་པ་ཆེན་པོའི་གནས་སྐབས་སུ་འདྲེན་པར་བྱེད་པའི་ཕྱིར་ན། སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་པ་ཉིད་དོ། །ཡང་སྐབས་འདི་ཉིད་ལ་བསྟོད་པ་སྟེ། དེ་ལ། །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཅེས་པ་ནི་བདེ་བར་གཤེགས་པ་རྣམས་ཏེ་རྒྱུའོ། །ཆོས་དང་འདྲ་བའི་དགེ་བ་མེད། །ཅེས་པ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་དེ། རྐྱེན་ནོ། །དགེ་འདུན་འདྲ་བའི་སྣོད་མེད་པ། །ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་དང༌། ལྷ་མོའི་ཚོགས་རྣམས་ཏེ་ཞིང་ངོ༌། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་པ་ནི་བདེ་བར་གཤེགས་པའི་སྙིང་པོ་རྣམས་ཏེ་འབྲས་བུའོ། །དེ་དག་ནི་བླ་ན་མེད་པའི་ཁྱད་པར་དུ་འཕགས་པའི་དཀོན་མཆོག་བཞི་ཞེས་བྱ་སྟེ། དེ་འདྲ་བའི་བླ་ན་མེད་པའི་དཀོན་མཆོག་བཞི་ལ་བདག་ཅག་ལྷ་དང་བཅས་པའི་འཇིག་རྟེན་སྐྱབས་སུ་མཆི་ཞེས་པར་འབྲེལ་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བྱིན་
གྱིས་བརླབས་པའི་དགའ་ལྡན་གྱི་ལྷའི་རྗེས་སུ་སྐྱེས་པའི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ་ཅི་འདྲ་བ་ཞིག་མཆིས། དེའི་རྫུ་འཕྲུལ་དང་མཐུ་ཇི་ལྟ་བུ་ལགས་པ་བདག་ཅག་བལྟ་བར་འཚལ་ལོ་ཞེས་པ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་ཀྱིས་ལྟ་བར་འདོད་པ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ནི་འདིར་གཉིས་སུ་གོ་བར་བྱའོ། །བྱིན་གྱིས་བརླབས་པ་ནི་གསུང་གི་འོད་ཟེར་གྱིས་བྱིན་གྱིས་བརླབས་པ་དང༌། ཐུགས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་པ་སྟེ། དེ་ལ་གསུང་གི་འོད་ཟེར་གྱིས་བྱིན་གྱིས་བརླབས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྔགས་དང་ཕྱག་རྒྱ་དང་སྙིང་པོ་དང་ཆོས་རྣམས་ཀྱིས་གྲོལ་བར་གྱུར་པ་ཉིད་ལ་བྱིན་གྱིས་བརླབས་ཞེས་བྱའོ། །ཐུགས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་པ་ནི་དང་པོ་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་དྲན་པར་བྱེད་པའི་འོད་ཟེར་གྱིས་བསྐུལ་བ་གང་ཡིན་པ་དེ་སྟེ། ལྷག་མ་ནི་གོ་སླ་བའི་ཕྱིར་འདིར་མ་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་སྙིང་སྐུལ་བར་བྱེད་པ་ཞེས་བྱ་པའི་འོད་ཟེར་གྱི་ཕྲེང་བ་ཉིད་ཀྱིས་ཞབས་ཀྱི་མཐེ་བོང་གཉིས་ནས་ཕྱུང་ངོ༌། །ཕྱུང་ནས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་ཀྱི་ལུས་ཐམས་ཅད་སྣང་བར་བྱས་ནས་སྙིང་གར་ཞུགས་ཏེ་བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་གསུངས་པ་ནི་ལྷའི་བུ་དེ་ཉིད་ཡང་དག་པར་སྟོན་པར་བྱེད་དེ། དེ་ལ་ལྷ་རྣམས་ཀྱི་སྙིང་སྐུལ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་ནི་འོད་དེ་ཉིད་ཀྱིས་ལྷའི་སྙིང་སྐུལ་བར་བྱེད་པ་ཞེས་བྱའོ། །ཕྲེང་བ་ཞེས་པ་ནི་མང་པོ་སྟེ་ཚོགས་ལའོ། །གནས་ནི་ཞབས་ཀྱི་མཐེ་བོང་གཉིས་ནས་ཕྱུང་ངོ༌། །ཕྱུང་ནས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་ཀྱི་ལུས་ཐམས་ཅད་སྣང་བར་བྱས་སོ་ཞེས་པའི་ལྷའི་བུ་དེ་ཉིད་བར་སྣང་ལ་ཡོངས་སུ་གནས་པ་སྟེ་དེར་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཀྱི་ལུས་དེ་འོད་ཟེར་དེས་ལྷ་དེ་ཉིད་ལ་སྣང་བར་མཐོང་བའོ། །སྙིང་གར་ཞུགས་ཏེ་བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་པ་ནི་ལྷའི་བུ་དེའི་སེམས་དགའ་བའི་ཚལ་དུ་འོང་བར་འདོད་
པར་བསྐུལ་ཏེ་འོད་ཟེར་དེ་དག་ལྷའི་གནས་དེ་ཉིད་དུ་མི་སྣང་བར་གྱུར་ཏེ་ཕྱིས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོང་ལ་ཐིམ་པར་མངོན་ཞེས་པར་འབྲེལ་ཏོ། །ལྷའི་བུ་དེ་ཉིད་རབ་ཏུ་དགའ་བར་གྱུར་ནས་ལུས་ཀྱི་འོད་ཟེར་གྱིས་དཔག་ཚད་བརྒྱ་ཕྲག་ཚུན་ཆད་ཀྱི་ནམ་མཁའི་ངོས་ཐམས་ཅད་གསལ་བར་བྱས་ཏེ། ལྷའི་བུ་སྟོང་ཕྲག་དུ་མའི་འཁོར་གྱིས་བསྐོར་ཞིང་མདུན་དུ་བྱས་ནས་ལྷའི་རྫུ་འཕྲུལ་ཆེན་པོས་མི་སྣང་བར་བྱས་ཏེ་འོངས་ནས་དགའ་བའི་ཚལ་ཐམས་ཅད་གསལ་བར་སྣང་བར་བྱས་ནས། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་མ་གཏོགས་པར་ལྷ་རྣམས་ཀྱི་འོད་ཟེར་ཟིལ་གྱིས་མནན་ཏོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་དྲུང་དུ་ཡང་དག་པར་འོང་བ་སྟེ། དེ་ལ་ལྷའི་བུ་དེ་ཉིད་རབ་ཏུ་དགའ་བར་གྱུར་པ་ནི་འོད་ཟེར་དེའི་སྟོབས་ཀྱིས་འོང་བར་དགའ་བའོ། །ལུས་ཀྱི་འོད་ཟེར་གྱིས་དཔག་ཚད་བརྒྱ་ཕྲག་ཚུན་ཆད་ཀྱི་ནམ་མཁའི་ངོས་ཐམས་ཅད་གསལ་བར་བྱས་པ་ནི་ལྷའི་བུ་དེ་ཉིད་ཀྱི་ལུས་ཀྱི་འོད་ཀྱིས་གསལ་བར་བྱས་པའོ། །ལྷའི་བུ་དེ་སྟོང་ཕྲག་དུ་མའི་འཁོར་གྱིས་བསྐོར་བ་ནི་གནས་གཙང་མའི་ལྷ་རྣམས་ཀྱིས་བསྐོར་བ་སྟེ། ཆེ་བ་དབྱུང་བའི་ཕྱིར་རོ། །ལྷའི་རྫུ་འཕྲུལ་ཆེན་པོས་ལུས་མི་སྣང་བར་བྱས་པ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་ལ་མི་སྣང་བའོ། །འོངས་ནས་དགའ་བའི་ཚལ་ཐམས་ཅད་གསལ་ཞིང་སྣང་བར་བྱས་པ་ནི་ལུས་ཀྱི་འོད་ཀྱིས་གསལ་ཞིང་སྣང་བར་བྱས་པའོ། །བཅོམ་ལན་འདས་དང་བརྒྱ་བྱིན་གཉིས་མ་གཏོགས་པའི་ལྷ་རྣམས་ཀྱི་འོད་ཟེར་ཟིལ་གྱིས་མནན་ཏོ་ཞེས་པ་ནི་བླ་མ་ཡང་དག་པར་བསྐུལ་པ་དང་སྔགས་ཀྱི་ཆེ་བའི་ཡོན་ཏན་དབྱུང་བའི་ཕྱིར་རོ། །དེ་ནས་ལྷའི་བུ་དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཀྱེ་མ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །ཞེས་པ་ནི་འདིར་དྲིན་དུ་གཟོ་བའི་ཚིག་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་བ་ནི་བཅོམ་ལྡན་འདས་དང་
བརྒྱ་བྱིན་གཉིས་ཀྱིས་གཟིགས་པ་དང་མཐོང་བའོ། །ཆེད་དུ་བརྗོད་པ་ནི་བསྟོད་པ་སྟེ། དེ་ལ། ཀྱེ་མ་ཤཱཀྱ་མགོན་པོ་ཡི། །ཞེས་པ་ནི་བདེ་བར་གཤེགས་པའོ། །སངས་རྒྱས་མཛད་པ་ངོ་མཚར་ཆེ། །ཞེས་པ་ནི་དེ་ཉིད་ལ་བསམས་པའོ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །ཞེས་པ་ནི་གཏན་ཚིགས་སོ། །གློག་བཞིན་ཞེས་པ་ནི་མྱུར་བའི་དཔེའོ། །དེ་ནས་དེའི་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཐམས་ཅད་རིན་པོ་ཆེ་ལས་བྱས་པ། དཔག་ཚད་བརྒྱ་ཕྲག་སྟོང་ཚུན་ཆད་དུ་དྲི་དང་ལྡན་པ་དང་ལྷའི་གླུ་སྙན་པའི་སྒྲ་གྲག་པ་ངོ་མཚར་གྱི་ཆོས་དུ་མ་ཡང་དག་པར་སྟོན་པ་ལྷའི་གླུ་དང་གར་དང་རོལ་མོ་དང་གླིང་བུ་དང༌། རྔ་དང་ཀེ་ཀོར་རྣམས་ཀྱི་སྒྲ་སྙན་པ་འབྱིན་པ་ཞིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་པ་ནི་འདིར་ལྷའི་བུ་དེ་ཉིད་དེ། དེ་ལ་ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་ཐམས་ཅད་རིན་པོ་ཆེ་ལས་བྱས་པ་ནི་དཔག་ཚད་བརྒྱ་ཕྲག་སྟོང་ཚུན་ཆད་དུ་ཡིད་དུ་འོང་བའི་དྲི་དང་ལྡན་པ་ནི་ནམ་མཁའི་ངོས་ཐམས་ཅད་དང་བཅོམ་ལྡན་འདས་ཀྱི་ཉེ་འཁོར་དུ་ལྷ་རྣམས་ཀྱིས་མཐོང་བའོ། །དེ་བཞིན་དུ་ལྷའི་གླུ་སྙན་པའི་སྒྲ་གྲག་པ་དང༌། ངོ་མཚར་གྱི་ཆོས་དུ་མ་ཡང་དག་པར་སྟོན་པ་དང༌། ལྷའི་གླུ་དང་གར་གྱི་སྒྲ་དང་རོལ་མོའི་སྒྲ་དང་གླིང་བུ་དང༌། རྔ་དང་ཀེ་ཀོར་ལ་སོགས་པའི་སྒྲ་སྙན་པ་འབྱིན་པ་ཡང་ལྷ་རྣམས་ཀྱིས་ཐོས་པ་སྟེ། སྤྱན་སྔར་འདུག་པ་ནི་དེ་དག་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་སོགས་པས་རྗེས་སུ་དཔག་པའོ། །དེ་དག་ནི་ཆེད་དུ་བརྗོད་པ་ལ་སོགས་པའི་སྔོན་རོལ་དུ་ཡང་དག་པར་ཤེས་པར་བྱའོ། །དེ་ནས་ལྷའི་བུ་རྣམས་ཀྱིས་དེ་མཐོང་ནས་ཀྱང་ཤིན་ཏུ་ངོ་མཚར་སྐྱེས་ཏེ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་མཐུ་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་མཐའ་ཡས། །ཞེས་པ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ངོ་མཚར་བའི་ཚུལ་གྱིས་ཡང་དག་པར་བསྟོད་པ་སྟེ། དེ་ལ་དེ་
བཞིན་གཤེགས་པའི་མཐུ་ནི་བསམ་མི་ཁྱབ། །ཅེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཡང་དག་པར་བསྟོད་པ་ཡིན་ཞིང་སེམས་ཅན་རྣམས་ལ་ཚུལ་ཇི་ལྟ་བ་བཞིན་དུ་ཡང་དག་པར་འདུལ་བ་དང་ལྷའི་བུ་དེ་ཉིད་ལྷ་གཞན་རྣམས་པས་ཁྱད་པར་དུ་འཕགས་པར་གྱུར་པ་ཉིད་ཀྱི་ཕྱིར་ན་མཐུ་བསམ་གྱིས་མི་ཁྱབ་ཅེས་བྱའོ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །ཅེས་བྱ་བ་ནི་ཐེག་པ་ཆེན་པོ་གསང་སྔགས་ལ་ཡང་དག་པར་བསྟོད་པ་སྟེ། དེ་ལ་ལམ་ཁྱད་པར་ཅན་བླ་ན་མེད་པའི་དཀྱིལ་འཁོར་དུ་སྔགས་དང་ཕྱག་རྒྱས་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་ཞོག་གི་རྣམ་པར་ཤེས་པ་གཞན་དུ་གནས་པའི་ལུས་རྡོ་རྗེ་ལྟ་བུ་ལ་དབང་བསྐུར་བས་ཀྱང་སྐད་ཅིག་ཙམ་གྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་ལས་ཀྱང་ཐར་ནས་བླ་ན་མེད་པ་འདི་འདྲ་བ་འབྱིན་པ་ནི། སྔགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འབྲེལ་ཏོ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཅེས་པ་ནི་གསང་སྔགས་སྤྱོད་པའི་གང་ཟག་ལ་བསྟོད་པ་སྟེ། དེ་ཡང་སྐབས་འདིར་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་གོ་བར་བྱ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐེག་པ་ཆེན་པོ་གསང་སྔགས་པའི་གང་ཟག་གི་མཐུ་ཡང་བསམ་གྱིས་མི་ཁྱབ་ཅེས་པའོ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེ་མཐའ་ཡས། །ཞེས་པ་ནི་ལྷའི་བུ་དེ་ཉིད་ལ་ཡང་དག་པར་བསྟོད་པ་སྟེ། དེ་ལ་ལྷའི་བུ་དེ་དགའ་ལྡན་གྱི་གནས་སུ་སྐྱེས་ནས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚངས་པར་སྤྱོད་པ་ཉིད་ཀྱིས་ལྷ་གཞན་པས་ཁྱད་པར་དུ་འཕགས་པར་གྱུར་པ་དང༌། ཕྱིར་མི་ལྡོག་པའི་སལ་གནས་པས་ན་ཚངས་པར་སྤྱོད་པའི་ཚུལ་ཁྲིམས་དྲི་མ་མེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འབྲེལ་ཏོ། །ཡང་ན་འདིར་དཀོན་མཆོག་གསུམ་ལ་བསྟོད་པ་སྟེ། དེ་ལ་ཚིག་དང་པོ་ནི་སངས་རྒྱས་ལ་བསྟོད་པའོ། །ཚིག་གཉིས་པ་ནི་ཆོས་ལ་བསྟོད་པའོ། །ཚིག་གསུམ་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་བསྟོད་པའོ། །ཚིག་བཞི་པ་ནི་དགེ་སློང་གི་དགེ་འདུན་ལ་བསྟོད་
པར་ཤེས་པར་བྱའོ། །དེ་ནས་ལྷའི་བུ་དེ་དག་གིས་དེ་བལྟ་བར་འདོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷའི་བུ་དེ་དང་དེའི་དཀྱིལ་འཁོར་དེ་བལྟ་བར་འཚལ་ལོ། །བཅོམ་ལྡན་འདས་བལྟ་བར་འཚལ་ལོ། །བདེ་བར་གཤེགས་པ་བལྟ་བར་འཚལ་ལོ་ཞེས་པ་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་ཀྱིས་ངོ་མཚར་ཁྱད་པར་དུ་གྱུར་པ་དེ་ལྟ་བར་འདོད་པ་སྟེ། དེ་ལ་དེ་དང་ཞེས་པ་ནི་ནོར་བུ་དྲི་མ་མེད་པའི་འོད་དོ། །དེའི་ཞེས་པ་ནི་ནོར་བུ་དྲི་མ་མེད་པའི་འཁོར་ན་གནས་པའི་གནས་གཙང་མའི་ལྷའི་བུ་རྣམས་གཟུགས་སམ་ཆ་ལུགས་སམ་ཁ་དོག་ཅི་འདྲ་བ་ཞིག་ཡོད་སྙམ་པས་བལྟ་བར་འདོད་པ་ཉིད་དོ། །དེ་ལན་གཉིས་པའི་ཚིག་ནི་ཤིན་ཏུ་ཆེད་དུ་བརྗོད་པའི་ཡོན་ཏན་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་གསང་སྔགས་ཀྱི་ཆེ་བའི་འབྲས་བུ་ལ་འཇུག་པའི་རྒྱུར་ཡང་དག་པར་བསྟན་པར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཡང་མཐེ་བོང་གཉིས་ནས་འོད་ཟེར་ཕྱུང་ནས་འོད་ཟེར་དྲི་མ་མེད་པ་དེས། ལྷའི་བུ་དེ་དག་ཀུན་དུ་སྣང་བར་བྱས་ཏེ་བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་གསུངས་པ་ནི་འདིར་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་སོགས་པ་ལ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་དེ་གསལ་བར་སྟོན་པ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཡང་མཐེ་བོང་གཉིས་ནས་ལྷའི་ལུས་སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པ་ཞིག་ཕྱུང་སྟེ། དེ་ཡིས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལ་སོགས་པ་གནས་གཙང་མའི་ལྷའི་བུ་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་སོགས་པ་ཀུན་ནས་སྣང་ཞིང་གསལ་བར་མཐོང་བར་བྱས་པ་ཉིད་དོ། །བསྐུལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་པ་ལ་བསྐུལ་བ་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་བསྙེན་བཀུར་བྱེད་པར་ཡང་དག་པར་བསྐུལ་བའོ། །དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་པ་ནི་འོད་ཟེར་དེ་ཞབས་ཀྱི་མཐེ་བོང་དེ་ཉིད་དུ་མི་སྣང་བར་ཐིམ་པར་འབྲེལ་ཏོ། །དེ་ནས་གདོད་སུམ་ཅུ་རྩ་གསུམ་གྱི་ལྷ་ལ་སོགས་པས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ལ་
སོགས་པ་མཐོང་བར་ཤེས་པར་བྱའོ། །དེ་ལ་གང་དག་འདི་སྐད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བདེ་བར་གཤེགས་པ་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་དུ་རུང་ན་ལྷ་ཉིད་ཡང་དག་པར་ཅིའི་ཕྱིར་མི་མཐོང་ཞེ་ན། དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བར་གཤེགས་པ་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཡང་དག་པར་བྱིན་གྱིས་བརླབས་ནས་ཐབས་ཅིག་ཏུ་བཞུགས་པ་ཉིད་དོ། །སུམ་ཅུ་རྩ་གསུམ་གྱི་ལྷས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ལ་སོགས་པ་མི་མཐོང་བ་འདི་ཡང་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་བྱིན་གྱི་རླབ་ཆེན་པོ་ཁྱད་པར་དུ་དབྱུང་བར་མཛད་པའི་ཕྱིར། ལྷ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པར་མཛད་པར་ཤེས་པར་བྱའོ། །དེ་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ལ་སོགས་པ་གནས་གཙང་མའི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ཀྱི་གདན་མ་གཏོགས་པ་དགའ་བའི་ཚལ་ཐམས་ཅད་གཡོས་པར་བྱས་ཏེ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ངོ་མཚར་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིས་ཐེ་ཚོམ་ཡང་དག་པར་བསལ་བའི་ཚིག་སྟེ། དེ་ལ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལ་སོགས་པ་གནས་གཙང་མའི་ལྷའི་བུ་རྣམས་ཀྱིས། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ཀྱི་གདན་མ་གཏོགས་པ་དགའ་བའི་ཆལ་ཐམས་ཅད་གཡོས་པར་བྱས་པ་ནི་འདི་ལྟར་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་སྟོན་པ་ཡིན་ཞིང་བཅོམ་ལྡན་འདས་ཀྱི་གདན་ནི་སུས་ཀྱང་བསྐྱོད་པར་མི་ནུས་ལ་བརྒྱ་བྱིན་གྱི་གདན་ནི་ལྷ་རྣམས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་དང་རང་གི་བླ་མ་ལ་ཡང་དག་པར་ཆེ་བ་གདོན་པའི་ཕྱིར་མ་གཡོས་པའོ། །ལན་བརྒྱ་སྟོང་དུ་
མར་བསྐོར་བ་བྱས་པ་ནི། བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ལ་བསྐོར་བ་བྱས་པའོ། །ཀྱེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ངོ་མཚར་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། ཞེས་པ་ནི་དྲིན་དུ་གཟོ་བས་དགའ་བ་དང་བཅས་པའི་ཚིག་གིས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པ་ཉིད་དོ། །ཡང་དང་ཡང་ནི་ལན་གྲངས་དུ་མར་བརྗོད་དེ་ཤིན་ཏུ་ངོ་མཚར་བའམ་ཤིན་ཏུ་དྲིན་གཟོ་བའི་དོན་ཏོ། །དེ་དག་གིས་ནི་ལྷ་ལ་སོགས་པ་ལ་བློ་ཆུང་ཞིང་ཤེས་རབ་བཞན་པ་ཐེ་ཚོམ་དང་བཅས་པ་ཁ་ཅིག་གི་ཐེ་ཚོམ་ཡང་བསལ་ཏོ། །དེ་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དང༌། ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ནོར་བུ་དང་གསེར་དན་དངུལ་དང་དོ་ཤལ་དང་སེ་མོ་དོ་དང་གདུ་བུ་དང་དཔུང་རྒྱན་དན་སྙན་ཆ་ལ་སོགས་པ་རྒྱན་གྱི་ཁྱད་པར་སྣ་ཚོགས་པ་དུ་མ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་ལྔ་ལྡི་དང་རྔ་མ་ལ་སོགས་པ་ཡོ་བྱད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་དང༌། སེང་གེའི་གདན་དང་གཟིམས་ཆ་དང་ཕོ་བྲང་དང་གཞལ་ཡས་ཁང་དང༌། ཁང་པ་བརྩེགས་པ་ལ་སོགས་པ་གནས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་དང་མེ་ཏོག་ལ་སོགས་པ་མཆོད་པའི་ཁྱད་པར་སྣ་ཚོགས་པ་དང༌། རང་གི་ལུས་དང་སེམས་དང་ངག་ཀྱང་ཕུལ་ལོ། གཞན་ཡང་གླང་པོ་ཆེ་དང་བ་གླང་དང་རྟ་དང་སེང་གེ་དང་སྟག་དང༌། སྤྲེའུ་དང་དགོ་བ་དང་ཐུག་རེ་དང་མ་ཧེ་དང་བོང་བུ་དང་རྔ་མོ་དང་ཆུ་སྲིན་དང་ཕག་རྒོད་དང་ར་དང་གླང་དང་བ་དང༌། འདོད་པའི་བཞོན་པ་ལ་སོགས་པ་འདོད་པའི་ཁྱད་པར་དུ་མ་ཡང་ཕུལ་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་མཆོད། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་འཁོར་གྱི་དཀྱིལ་འཁོར་རྣམས་ཀྱང་མངོན་པར་མཆོད་དེ་ལེགས་སོ་ཞེས་བྱ་བས་གསོལ་ནས་བཅོམ་ལྡན་འདས་དང་བརྒྱ་བྱིན་གཉིས་ལ་བླ་མར་བྱ་བ་དང༌། བསྟི་སྟང་དུ་བྱ་བ་སྟེ། ཕྱག་འཚལ་ནས་དེ་བཞིན་དུ་དོང་ངོ་ཞེས་པ་ལ་སོགས་པ་འདིར་བདེ་བར་གཤེགས་པའི་བཀའ་ལ་གུས་པར་བྱས་པའི་ཕྱིར་
རྩ་བའི་ཚིག་ཚང་བར་བྲིས་སུ་ཟད་ཀྱི་དེ་ཇི་ལྟ་བ་བཞིན་དུ་ཡིན་ཞེས་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ལ་དེ་དག་ནི་དཔེར་ན་མི་གང་དག་བཙོན་ར་དམ་པོ་ནས་མི་འགའ་ཞིག་གིས་ཐར་བར་བྱས་ནས། ཕྱིས་མི་ངེས་མི་དེ་ལ་དྲིན་གྱི་ལན་གཟོ་བགོས་དང་རྒྱན་དང་རིན་པོ་ཆེ་ལ་སོགས་པས་བསྙེན་བཀུར་དུ་བྱེད་པ་བཞིན་དུ་ལྷའི་བུ་ངེས་བཅོམ་ལྡན་འདས་དང༌། ལྷའི་དབང་པོ་བརྒྱ་བྱིན་གཉིས་ལ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་ལས་ཐར་བར་མཛད་པའི་ཕྱིར་དྲིན་དུ་གཟོ་བས་བཀུར་སྟིར་བྱས་པ་ཉིད་དོ། །དེ་ལ་རང་གི་ལུས་དང་ངག་དང་ཡིད་ཀྱང་ཕུལ་བ་ནི། འདིར་ལུས་ནི་གར་ལ་སོགས་པ་ཕུལ་བའོ། །ངག་ནི་གླུ་ལ་སོགས་པ་ཕུལ་བའོ། །ཡིད་ནི་དད་པ་དང་དང་བའི་སྒོ་ནས་ཡང་དག་པའི་གུས་པ་ཉིད་དོ། །དེ་དག་ནི་ལུས་དང་ངག་དང་ཡིད་ཀྱང་ཕུལ་ཞེས་བྱ་བར་འབྲེལ་ཏོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་མཆོག་ཏུ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ལེགས་སོ་ཞེས་གསོལ་བས་བསྟོད་ཅིང་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་མ་འོངས་པའི་ཕྱིས་པ་སོ་སོའི་སྐྱེ་བོ་རྣམས་འཆང་བ་དང་ཀློག་པ་དང་སྤྲོ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པའི་མཚན་ནས་བརྗོད་པའི་ཡོན་ཏན་བཤད་དུ་གསོལ་ཞེས་པ་ནི་ཕན་ཡོན་ཡང་དག་པར་ཞུ་བ་སྟེ། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་རྣམས་རང་རང་གི་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་ངོ་མཚར་བའི་གཞིར་གྱུར་པས་བདེན་པ་ཁོ་ནར་འཛིན་པ་ལ་དུས་ཕྱི་མའི་སེམས་ཅན་ཐམས་དེ་བཞིན་གཤེགས་པའི་བཀའ་འདི་ལ་ཡང་དག་པར་འཇུག་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་འདི་འཆད་པ་དང༌། ཉན་པ་དང། རྣལ་འབྱོར་དུ་བྱེད་པ་དང༌། སྙིང་པོ་ཡོངས་སུ་ཟློས་པའི་མི་དེ་ལ་ཕན་ཡོན་དང་འབྲས་བུ་ཇི་ལྟ་བུ་འབྱུང་བ་ཡང་དག་པར་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ངས་
བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་གསུང་བ་ནི། ངས་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕན་ཡོན་དང་འབྲས་བུ་བཤད་ཀྱིས་ཡིད་གཉིས་ཐེ་ཚོམ་མི་ཟ་བར་གྱིས་ལ་གཞན་ལ་ཡང་དག་པར་སྒྲོགས་ཤིག་ཅེས་པར་འབྲེལ་ཏོ། །དེ་ནི་སེམས་ཅན་ཐམས་ཅད་ལ་དགོངས་ཏེ་གསུངས་པའོ། །ལྷའི་བུ་རྣམས་དགེ་བ་བཅུ་དང་ལྡན་པ་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱིས་སེམས་ཅན་མ་རབས་རྣམས་ཀྱི་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་གྱི་སེམས་ཅན་ཕལ་པ་རྣམས་ཀྱི་ནི་མ་ཡིན་ནོ། །སེམས་ཅན་བསམ་པ་ངེས་པ་རྣམས་དང་ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་འདོད་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་འགྱུར་ཏེ། མདོར་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་འགྲོ་བར་འགྱུར་ཞིང་གཞན་དུ་མ་ཡིན་ནོ་ཞེས་གསུངས་པ་ནི་འདིར་སྣོད་ཁྱད་པར་ཅན་གྱི་ཕན་ཡོན་གསུངས་པ་སྟེ། དེ་ལ་མདོར་ན་དེ་བཞིན་གཤེགས་པའི་སྐུ་མངོན་དུ་མཐོང་བའི་གང་ཟག་རྒྱུ་མཐུན་པའི་ལས་བསགས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་དང་ལྡན་པ་དབང་པོ་རྣམ་པར་དག་པ་རྣམས་ཀྱི་མཐོང་བར་འགྱུར་བ་ལས་སེམས་ཅན་ཕལ་པ་རྣམས་ཀྱིས་མི་མཐོང་བ་བཞིན་དུ་དེ་དག་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་འདིའང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཡུལ་ཡིན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གོང་དུ་གསུངས་པའི་གང་ཟག་ཁྱད་པར་ཅན་དེ་རྣམས་ཀྱིས་འཐོབ་པར་འགྱུར་བ་ལས་དམིགས་ཀྱིས་བསལ་བའི་གང་ཟག་རྣམས་ཀྱིས་རྙེད་པར་མི་འགྱུར་བ་ནི་ངེས་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན་མཉམ་པ་ལ། དཔེར་ན་མེ་ལོང་རང་བཞིན་གྱིས་དག་པས་གཟུགས་བརྙན་ཐམས་ཅད་སྟོན་པར་བྱེད་པ་ཞིག་ཡིན་ཡང་མེ་ལོང་གི་ངོ་མུན་པ་ལ་བསྟན་ནས་རང་གི་དོ་དེ་ལ་མངོན་དུ་ཕྱོགས་པའི་སྣང་བ་ལ་བསྟན་ན་བཞིན་གྱི་
གཟུགས་བརྙན་གསལ་བར་འགྱུར་གྱི་མེ་ལོང་གི་དོ་སྣང་བ་ལ་བསྟན་པས་བདག་གི་ངོ་དེ་ལ་མངོན་དུ་ཕྱོགས་པའི་མུན་པ་ལ་བསྟན་ན་བཞིན་གྱི་གཟུགས་བརྙན་གསལ་བར་མི་འགྱུར་བ་ཉིད་དོ། །དེ་བཞིན་དུ་འདིར་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གདོད་ནས་དྲི་མ་དང་བྲལ་ཞིང་འོད་གསལ་བར་ཆོས་ཀྱི་སྐུའི་གཟུགས་བརྙན་ཐམས་ཅད་འབྱིན་པར་བྱེད་པ་ཡིན་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་ནི་དྲི་མ་དག་པར་བྱས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་རྣམ་པ་ལྔ་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བ་ལ་ནི་ཕྱིར་ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐོང་བར་འགྱུར་རི་རང་གི་རྒྱུད་ནི་གཏུ་མུག་ལ་སོགས་པ་ཉོན་མོངས་པའི་མུན་པ་ལ་བསྟན་ནས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་མངོན་དུ་ཕྱོགས་པར་འདོད་པས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནམ་དུ་ཡང་གསལ་པར་མི་འགྱུར་བ་ཁོ་ནའོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་དེ་དག་ཡང་དག་པར་དགའ་བ་སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་སྣོད་དུ་གྱུར་པའོ། །བདེ་བར་གཤེགས་པ་བདག་ཅག་ནི་སྣོད་དུ་གྱུར་པ་སྟེ། གང་གི་སླད་དུ་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བགྱི་བའི་མཚན་བརྗོད་པ་འདི། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་པདྨ་ཉིད་ནས་ཐོས་པས་བདག་ཅག་ནི་ངན་སོང་གིས་འཇིགས་པར་མི་འགྱུར། དུས་མ་ལགས་པའི་འཆི་བས་འཇིགས་པར་མི་འགྱུར་ཞིང་འཆི་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང༌། རྣམ་པར་འཇིག་པ་ལ་སོགས་པས་འཇིགས་པར་མི་འགྱུར་ཏེ། བཅོམ་ལྡན་འདས་བདག་ཅག་ནི་གདོན་མི་འཚལ་བར་སངས་རྒྱས་ཉིད་དུ་འགྲུབ་པའི་སྣོད་དུ་གྱུར་པ་ལགས་སོ་ཞེས་པ་ནི་འདིར་ལྷ་རྣམས་རང་ཉིད་དེ་བཞིན་གཤེགས་པའི་བཀའ་
དགའ་བ་དང་བཅས་པའི་ང་རྒྱལ་སྐྱེས་པའི་ཚིག་སྟེ། དེ་ལ་དེ་བཞིན་གཤེགས་པའི་བཀའ་ཡང་དག་བར་བདེན་པ་འདི་སྣོད་ཀྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་ཐོས་པར་འགྱུར་ལ་སེམས་ཅན་ཕལ་པ་རྣམས་ཀྱིས་མ་ཡིན་པ་ནི་བདག་ཅག་ལྷ་ལ་སོགས་པ་འདི་རྣམས་ནི་ངེས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པ་ཡིན་པར་ངེས་ཏེ་དེ་བས་ན་སྣོད་དུ་གྱུར་པའི་ཞེས་བྱ་བར་འབྲེལ་ཏོ། །ལན་གཉིས་པ་ནི་ཤིན་ཏུ་དགའ་བ་དན་བཅས་པའི་ཚིག་གོ །གང་གི་སླད་དུ་ཞེས་པ་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པའི་སླད་དུ་བདག་ཅག་གིས་ཐོས་སོ་ཞེས་པར་འབྲེལ་ཏོ། །དེའི་ཕྱིར་ན་བདེ་བར་གཤེགས་པའི་བཀའ་བྱིང་ཡི་རླབས་ཆེན་པོ་དང་ལྡན་པ་འདི་བདག་ཅག་གི་སྙིང་ལ་གནས་པས་བདག་ཅག་ལ་སོགས་པའི་འཁོར་འདིར་འདུས་པ་རྣམས་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་དང་བྲལ་ཞེས་ངེས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པའི་སྣོད་དང་ལྡན་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས་སེམས་ཅན་རྣམས་ཀྱི་དོན་བགྱིད་པ་གང་ལགས་པའི་སྐྱེས་བུ་དམ་པ་དེ་དག་གི་འབྲས་བུ་ཅིར་འགྱུར་རྣམ་པར་སྨིན་པ་ཇི་ལྟར་འགྱུར་ཞེས་པ་ནི་ཡང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུ་དང་ཕན་ཡོན་ཡང་དག་པར་ཞུ་བ་སྟེ། དེ་ཡང་མ་འོངས་པའི་སེམས་ཅན་རྣམས་འདི་ལ་འཇུག་པར་སྤྲོ་བ་བསྐྱེད་པའི་ཕྱིར་ཞུ་བར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་གང་གི་ཕྱིར་འཇིག་རྟེན་ཕ་རོལ་དུ་སོང་ནས་མཚམས་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་རབ་ཏུ་ཞི་བར་བྱེད་པ་དང་བྱང་ཆུབ་ལ་གདོན་མི་ཟ་བར་བརྟེན་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་ཕྱིར་མི་ལྡོག་པ་རབ་ཏུ་འཇོག་པའི་ཕྱིར་ཏེ། ལྷའི་དབང་
པོ་དཔེར་ན་ཁྱོད་ཀྱིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་དོན་བྱས་པ་བཞིན་ནོ་ཞེས་གསུངས་པ་ནི་རིགས་པ་དང་བཅས་པས་འབྲས་བུ་དང་ཕན་ཡོན་ཡང་དག་པར་སྟོན་པ་སྟེ། དེ་ལ་ལྷའི་དབང་པོ་དེ་དག་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱ་སྟེ་ཞེས་པ་ལ་སྐྱེས་བུ་དམ་པ་ནི་འཇིག་རྟེན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ལ། འདི་ནི་སྐྱེས་བུ་དམ་པ་ལས་ཀྱང་འཕགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བར་བྱ་བ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ནི་ལས་སུ་བྱ་བ་འབྲས་བུའི་གཏན་ཚིགས་ཏེ། གང་གི་ཕྱིར་ནི་རྒྱུ་སྡིག་པ་ཆེན་པོ་བྱས་པའི་ཕྱིར་རོ། །དེ་མཚམས་མེད་པའི་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་དེས་ཡང་དག་པར་ཞི་བར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་འབྲས་བུ་ཡང་དག་པར་འབྱིན་པར་བྱེད་པའི་ཕྱིར་ཏེ། དེ་ཡང་འདིར་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་མི་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། སེམས་ཅན་གང་དག་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་བསྒྲལ་ཏེ། བདེ་འགྲོ་ལ་སོགས་པའི་གནས་སུ་སྨིན་པར་བྱས་པའི་ཕྱིར་སངས་རྒྱས་ཉིད་ལྟ་བུའོ་ཞེས་པ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བར་ཡང་དག་པར་ཤེས་པར་བྱའོ། །བྱང་ཆུབ་ལ་གདོན་མི་ཟ་བར་བརྟེན་པ་དང་ཞེས་པ་ནི་འདིར་རྒྱུའི་གཏན་ཚིགས་སུ་གོ་བར་བྱ་སྟེ། མི་དེ་ཉིད་ཀྱིས་འགྲོ་བའི་དོན་བྱས་པ་དང་བླ་ན་མེད་པའི་སེམས་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ས་ལ་ཕྱིར་མི་ལྡོག་པ་འཇོག་པའི་ཕྱིར་ཞེས་པ་ཡང་རྒྱུའི་གཏན་ཚིགས་སུ་གོ་བར་བྱས་ཏེ། ཡོངས་སུ་དག་པའི་བྱ་བ་དང་ལྡན་པའི་ཕྱིར་དཔེར་ན་འཕགས་པ་རྟག་ཏུ་ངུ་ལྟ་བུའོ། །ལྷའི་དབང་པོ་དཔེར་ན་ཁྱོད་ཀྱིས་ནོར་བུ་དྲི་མ་མེད་པའི་དོན་བྱས་པ་བཞིན་ནོ་ཞེས་པ་ནི་སྐབས་སུ་བབ་པ་དཔེར་བླངས་པ་ཞེས་བྱ་སྟེ། ལས་སུ་བྱ་བ་མཐུན་པ་
ལ་དགོངས་ནས་གསུངས་པ་ཉིད་དེ། དེ་ཡང་དག་པར་མཚུངས་པར་ལྡན་པའི་མདོ་ལས། ཅིས་ཀྱང་ཐབས་རྣམས་སྣ་ཚོགས་ཀྱིས། །རྣམ་པར་རྟོག་དང་མི་ཉེ་ཞིང༌། །འགྲོ་རྣམས་སྨིན་པའི་ཐབས་སྟོན་པ། །དེ་ལ་སངས་རྒྱས་ཞེས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་དང༌། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང༌། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་ནི་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བས་ན་རྒྱུ་རྣམ་པར་དག་པ་ལས་འབྲས་བུ་རྣམ་པར་དག་པ་སྐྱེ་བ་ལ་དགོངས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཅེས་གསུངས་ཏེ་ཡིན་པ་ཁོ་ནའོ། །ལྷའི་དབང་པོ་དེ་ལྟར་གཞན་ཡང་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་སེམས་ཅན་དེ་དག་ཅི་སོ་སོའི་སྐྱེ་བོ་ཡིན་སྙམ་པའམ། གསོལ་པ་བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ་ཞེས་པ་ནི་འདིར་སོ་སོའི་སྐྱེ་བོའི་རྒྱུད་དང་མི་ལྡན་པ་ལ་དགོངས་ཏེ། དེ་ཡང་མི་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་རྟག་པར་རྒྱུད་གོང་དུ་སྨོས་པ་འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གནས་པའི་ཕྱིར་དང་རང་ཉིད་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཀྱང་ཆགས་པ་མེད་པར་ལྷའི་རྣལ་འབྱོར་དང་ལྡན་པའི་ཕྱིར་དང༌། སེམས་ཅན་མ་ལུས་པ་ལ་ཕན་པར་བྱེད་པའི་སྦྱོར་བ་དང་ལྡན་པའི་ཕྱིར་ན་སོ་སོའི་སྐྱེ་བོ་མ་ཡིན་ཞེས་པར་འབྲེལ་ཏོ། །གསོལ་པ་བཅོམ་ལྡན་འདས་མ་ལགས་སོ། །བདེ་བར་གཤེགས་པ་མ་ལགས་སོ་ཞེས་པ་ནི་ངེས་པ་ཉིད་དུ་མ་ཡིན་པར་བསྟན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་འདི་ལྟ་སྟེ། སྐྱེས་བུ་ཞིག་མི་རྒོད་ཀྱི་གནས་དགོན་པའི་ནང་དུ་སོང་བ་ལ་ཟས་ཀྱི་བྱ་བ་བྱེད་ཀྱང་སྐྲག་པའི་འདུ་ཤེས་ཀྱིས་འདི་ནས་ནམ་ཐར་སྙམ་པའི་ཟས་ཀྱི་རོ་ལ་མི་ཆགས་པས་ཟ་བ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཀྱང་འདོད་པའི་ཡོན་ཏན་ལ་མ་ཆགས་པར་ཡང་དག་པར་ལོངས་སྤྱོད་དོ་ཞེས་གསུངས་པའི་ཕྱིར་རོ། །ལྷའི་དབང་པོ་དེ་བས་ན་སེམས་ཅན་དེ་དག་ནི་སྐྱེས་བུ་དམ་པ་ཆེན་པོ་གཞན་ལ་ཕན་འདོགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་དང༌། མཆོད་པ་དང་བརྗེད་པ་དང་བསྟི་སྟང་དུ་བྱ་བ་དང་ཕྲག་པ་ལ་བཀུར་བར་བྱ་བ་ཡིན་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ནི་འདིར་གང་ཟག་དེའི་ཆེ་བ་ཡང་དག་པར་དབྱུང་བ་སྟེ། དེ་ལ་དེ་བས་ན་ཞེས་པ་ནི་གཏན་ཚིགས་དང་འབྲེལ་པའོ།། སེམས་ཅན་དེ་དག་ནི་ཞེས་པ་ནི་གང་དེ་དང་ལྡན་པའི་གང་ཟག་གོ །སྐྱེས་བུ་ནི་མི་ལ་སོགས་པའི་འགྲོ་བའོ། །དམ་པ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པའི་ཕྱིར། ཆེན་པོ་ནི་བླ་ན་མེད་པའི་སེམས་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་དང་མཆོད་པ་དང་བསྟི་སྟང་དང་ཕྲག་པ་ལ་བཀུར་བའི་སོགས་པ་མཛད་པ་ཉིད་དོ། །དེ་ཅི་ལྟར་ན་ཕྱག་ལ་སོགས་པ་མཛད་ཅེ་ན། འདི་ལྟར་དེ་བཞིན་གཤེགས་པའི་དགོངས་བ་གང་ཟག་དེས་བསྐངས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་མཛད་པ་ལ་སོགས་པ་ནི་ངེས་པ་ཁོ་ན་སྟེ། དེ་དག་ནི་ཤིན་ཏུ་ཁྱད་པར་དུ་ཕྱུང་བས་གཞན་དག་གུས་པར་བྱ་བའི་ཕྱིར་གསུངས་པའོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་ཤིན་ཏུའང་བྱ་དགོས་པར་བསྟན་པར་ཤེས་པར་བྱའོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་དང༌། རྒྱལ་པོ་ཆེན་པོ་བཞི་དང་འཇིག་རྟེན་སྐྱོང་བ་བརྒྱད་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་གནོད་སྦྱིན་ཆེན་པོ་ནོར་བུ་བཟང་པོ་དང༌། ནོར་བུ་བཟང་པོ་ཆེན་པོ་ལ་སོགས་པ་
བྱང་ཆུབ་སེམས་དཔའ་ཆེན་པོའི་ས་ལ་རབ་ཏུ་གནས་པ་རྣམས་དང༌། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་དང་འཕྲོག་མའི་བུ་ལྔ་བརྒྱས་བསྐོར་བ་རྣམས་དང༌། གནོད་སྦྱིན་ཆེན་པོ་ལྔ་རྩེན་དང་ལྔ་རྩེན་ཆེན་པོ་ལ་སོགས་པ་དང༌། གཞན་ཡང་རྒྱ་ཆེ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་དྲི་ཟ་དང་མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང་འབྱུང་པོ་དང༌། ཡི་དགས་དང་འདྲེ་དང༌། རིམས་དང་གཟའ་དང་དུག་དང་སྐར་མ་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འདུས་ཤིང་ཚོགས་པ་ཐམས་ཅད་ཀྱིས་སྐྱེས་བུ་ཆེན་པོ་དེའི་རྐང་པ་གཉིས་མགོ་བོས་བླངས་བར་བགྱི་ཞིང་མདོར་ན་རྟག་པར་རྒྱུན་དུ་དུས་ཐམས་ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྤ་བར་བགྱིའོ། །བཅོམ་ལྡན་འདས་གང་དུ་བརྟག་པའི་རྒྱལ་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དད་པས་འཆང་ངམ་ཀློག་གམ་གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར་རམ། གདུགས་དང་རྒྱལ་མཚན་དང་བ་དང་ལ་སོགས་པས་མཆོད་པར་འགྱུར་རམ། རྒྱལ་རིགས་སམ་བྲམ་ཟེའི་རིགས་སམ་རྗེའུའི་རིགས་སམ། གཞན་ཡང་རྒྱལ་པོའམ་རྒྱལ་པོའི་བུའམ། རྒྱལ་པོའི་བུ་མོའམ་རྒྱལ་པོའི་བཙུན་མོའམ་རྒྱལ་པོའི་འཁོར་ཕོའམ་རྒྱལ་པོའི་འཁོར་མོའམ། གང་སུ་དག་རུང་བས་འཆང་ཞིང་ཀློག་པ་ནས་གཞན་ལ་རྒྱ་ཆེར་ཡང་དག་པར་འཆད་པའི་བར་དུ་བགྱིད་ན། བཅོམ་ལྡན་འདས་བདག་ཅག་འདིར་འདུས་ཤིང་ཚོགས་པ་ཐམས་ཅད་དེའི་བྲན་དུ་གྱུར་པ་ལགས་སོ། །གཞན་ཡང་མི་དེའི་རང་གི་སྐྱེ་བོ་དང་གཉེན་གྱི་སྐྱེ་བོ་དང་གྲོང་དང་གྲོང་ཁྱེར་དང༌། གྲོང་རྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འང་བསྐྱང་བར་བགྱིའོ། །དུས་དུས་སུ་ཆར་དབབ་པར་བགྱིའོ། །འབྲུ་ལ་སོགས་པ་བསྐྱེད་པར་བགྱིའོ། །སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་རྗེས་སུ་བསྒྲུབ་པར་བགྱིའོ། །ཕ་རོལ་གྱི་དམག་གཞོམ་པར་བགྱིའོ། །སེམས་ཅན་མ་རུངས་པ་གནོད་ཅིང་འཚེ་བ་པོ་རྣམས་
ཀྱིས་མི་དེ་ལ་མི་ཕན་པའི་སེམས་བསྐྱེད་པ་གང་ལགས་པ་དེ་དག་བརླག་པར་བགྱི་བའི་སླད་དུ་བསྒྲུབ་པར་བགྱིའོ། །མ་རུངས་པར་བགྱིའོ། །དེ་ལ་བདུད་ཀྱི་ལས་ཀྱང་བགྱིའོ། །གནོད་པར་ཡང་བགྱིའོ། །བཅོམ་ལྡན་འདས་མདོར་ན་མ་འོངས་པའི་སེམས་ཅན་རྣམས་ལ་བརྟག་པའི་རྒྱལ་པོ་འདི་ནི་སངས་རྒྱས་ཀྱི་མཛད་པ་ལྟ་བུར་གནས་པ་ལགས་པས་བདག་ཅག་གི་བུ་བཞིན་དུ་བསྐྱང་བར་བགྱིའོ་ཞེས་པ་ལ་སོགས་པ་ནི་བླ་ན་མེད་པའི་ཆོས་ལ་ལྷ་དང་བཅས་པའི་འཇིག་རྟེན་འཁོར་དུ་འདུས་པ་རྣམས་དེ་དག་ཐམས་ཅད་ཀྱིས་བསྙེན་བཀུར་དང་བསྲུང་བར་བྱ་བར་ཁས་ཡང་དག་པར་བླངས་པ་སྟེ། དེ་ཇི་ལྟ་བ་བཞིན་དུ་བྱེད་ཅིང་ཡོངས་སུ་བསྲུང་བ་ཁོ་ན་ཡིན་པས་ན་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ཡང་རྐང་པ་གཉིས་སྤྱི་བོས་བླང་བར་བགྱིའོ་ཞེས་པ་དང༌། བྲན་དུ་གྱུར་པ་ལགས་སོ་ཞེས་པ་ནི་བསྙེན་བཀུར་བྱ་བའི་ཐ་ཚིག་གོ །བསྲུང་བ་དང་བསྐྱབ་པར་བགྱིའོ་ཞེས་པ་དར། བུ་བཞིན་དུ་བསྐྱང་བར་བགྱིའོ་ཞེས་པ་རྣམས་ནི་བསྲུང་བར་བྱ་བའི་ཐ་ཚིག་གོ །དུས་དུས་སུ་ཆར་དབབ་པར་བགྱིའོ་ཞེས་པ་ནས་བདེ་བའི་སླད་དུ་རྗེས་སུ་བསྒྲུབ་པར་བགྱིའོ་ཞེས་པའི་བར་ནི། འབྱོར་པ་སྟེར་བའི་ཚིག་གོ །དེ་ལ་འཚེ་བའི་སེམས་ཅན་མ་རུངས་པར་བགྱིའོ་ཞེས་པ་ལ་སོགས་པ་ནི་ལས་སུ་བྱ་བའི་ཚིག་གོ །བཅོམ་ལྡན་འདས་མདོར་ན་མ་འོངས་པའི་སེམས་ཅན་རྣམས་ལ་བརྟག་པའི་རྒྱལ་པོ་འདི་ནི་སངས་རྒྱས་ཀྱི་མཛད་པ་ལྟ་བུར་གནས་པ་ལགས་པས་ཞེས་པ་ནི་འདི་ལྟར་མ་འོངས་པའི་སེམས་ཅན་ནི་ད་ལྟར་གྱི་སེམས་ཅན་ཏེ། དེ་དག་ལ་སངས་རྒྱས་ཀྱི་མཛད་པ་དང་འདྲ་བར་རོ། །ཇི་ལྟར་འདྲ་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འགྲོ་བ་སེམས་ཅན་སྒྲོལ་བར་མཛད་པ་ཅིག་ཏུ་ཟད་ལ་བརྟག་པའི་རྒྱལ་པོ་འདིས་ཀྱང་ཡོངས་སུ་བསྒྲུབས་ན་འགྲོ་བ་སེམས་ཅན་རྣམས་གྲོལ་བར་ངེས་ཏེ། བདེ་བས་ན་སངས་རྒྱས་ཀྱི་མཛད་པ་དང་འདྲ་བར་སྦྱོར་རོ། །དེ་ཡང་ད་ལྟར་གྱི་སེམས་ཅན་རྣམས་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བསྟན་ཀྱང་སྒྲིབ་པ་
རྣམ་པ་གསུམ་གྱིས་བསྒྲིབས་པས་ཐོས་པར་མི་འགྱུར་ལ། བརྟག་པའི་རྒྱལ་པོ་འདིས་ནི་ད་ལྟར་ཉིད་དུ་འབྲས་བུ་མངོན་སུམ་དུ་འབྱིན་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་པས་ཀྱང་ལྷག་པར་ཤེས་པར་བྱའོ། །ལྷའི་དབང་པོ་ཁྱོད་ཀྱིས་ཇི་ལྟར་སྨྲས་པ་དེ་བཞིན་ཏེ་བརྟག་པའི་རྒྱལ་པོ་འདི་ནི་དེ་བཞིན་དུ་བལྟ་བར་བྱའོ། །ལྷའི་དབང་པོ་ལེགས་ཀྱིས་འཛམ་བུ་གླིང་དུ་གནས་པའི་སེམས་ཅན་སྡིག་པའི་ཆོས་ལ་ཀུན་དུ་སྤྱོད་པ་སེམས་ཅན་དམྱལ་བའི་དབང་དུ་གྱུར་པ་འཁོར་བའི་མི་གཙང་བའི་འདམ་དུ་བྱིང་བའི་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཡུན་རིང་པོར་བག་ཡོད་པར་གྱིས་ལ་སྒྲུབས་ཤིག་ཅེས་གསུངས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་ལྷ་ལ་སོགས་པ་ལ་ཆེད་ཆེར་གདམས་པའི་བཀའ་སྟེ། དེ་ལ་ལྷའི་དབང་པོ་ཁྱོད་ཀྱིས་ཇི་ལྟར་སྨྲས་པ་དེ་བཞིན་ཏེ། བརྟག་པའི་རྒྱལ་པོ་འདི་ནི་དེ་བཞིན་དུ་བལྟ་བར་བྱའོ་ཞེས་པ་ནི། དེ་ཁོ་ན་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དང་འདྲ་བ་ཁོ་ནས་ཐེ་ཚོམ་མི་བྱའོ་ཞེས་པའི་དོན་ནོ། །ལྷའི་དབང་པོ་ལེགས་ཀྱིས་ཞེས་པ་ནི་རྗེས་སུ་ཡི་རང་བ་གསུངས་པ་སྟེ། དེ་བཞིན་དུ་གྱིས་ཤིག་ཅེས་གསུངས་པའི་དོན་ནོ། །འཛམ་བུའི་གླིང་དུ་གནས་པ་ཞེས་པ་ནི་གཙོར་གཟུང་བ་སྟེ། དཔེར་ན་ཡུལ་གང་ན་སྨན་གྱི་སྦྱོར་བ་བྱེད་པ་དེ་ཉིད་ནི་ནད་པ་དང་འཆི་བ་ལ་སོགས་པ་མང་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ་སྨན་གྱི་སྦྱོར་བ་ལོག་པར་སྦྱར་བ་དང༌། སྨན་གྱི་སྦྱར་བ་གཞུང་བཞིན་དུ་མ་བྱས་པ་ལས་བྱུང་བ་སྟེ། དེ་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསུངས་ཀྱང་དམ་པའི་ཆོས་ནི་ལྷོའི་འཛམ་བུའི་གླིང་ན་ཕལ་ཆེར་སྤྱོད་པའི་ཕྱིར་དེ་ཉིད་བདེ་བར་གཤེགས་པའི་བཀའ་ཇི་ལྟ་བ་བཞིན་དུ་མ་སྤྱད་ཅིང་བཀའ་ལོག་པར་སྤྱོད་པ་ལས་དེ་ཉིད་ན་སེམས་ཅན་དམྱལ་བའི་དབང་དུ་གྱུར་པ་འམ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་མང་བས་ན། འཛམ་བུའི་གླིང་དུ་གནས་པ་ཞེས་གསུངས་པའོ། །འཁོར་བའི་མི་གཙང་བའི་འདམ་
དུ་བྱིང་བ་ནི་རྣམ་པ་གསུམ་སྟེ། འདས་པ་དང་ད་ལྟར་དང་མ་འོངས་པའོ། །དེ་དག་འཁོར་བའི་འདམ་དུ་བྱིང་བ་དེ་ལ་ཡེ་ཤེས་ཀྱི་ལྕགས་ཀྱུ་ཆེན་པོས་དྲང་བའི་ཕྱིར་ཡུན་རིང་པོར་བག་ཡོད་པར་གྱིས་ལ་སྒྲུབས་ཤིག་ཅེས་ཏེ། དེ་ལ་དེ་ཉིད་ལྷའི་དབང་པོ་འབའ་ཞིག་ཏུ་མ་ཟད་ཀྱི་མ་འོངས་པའི་སེམས་ཅན་གང་དག་འཁོར་བའི་རྒྱ་མཚོ་ལས་བརྒལ་ནས་ཐར་བའི་གྲོང་ཁྱེར་ཆེན་པོར་འགྲོ་བར་འདོད་པ་ཐམས་ཅད་ལ་ཡང་དག་པར་གདམས་པའོ། །དེ་ལ་ཡུན་རིང་པོར་ཞེས་པ་ནི་སྐྱོ་བ་མེད་པར་གྱིས་ལ་ཞེས་པའི་དོན་ཏོ། །བག་ཡོད་པར་ཞེས་པ་ནི་དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱིས་ལ་སྡོམ་པ་རྣམ་པ་གསུམ་དང་མ་བྲལ་ཞིང་ཉོན་མོངས་པའི་མཚོན་གྱིས་མ་རྨས་པར་སྒྲུབས་ཤིག་ཅེས་བྱ་བ་ཤེས་པར་བྱ་སྟེ། དེ་དག་གིས་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་རྒྱུད་ཕྱི་མ་ཞེས་བྱ་བའི་བཤད་པ་གཉིས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཐུགས་བརྟག་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ཕྱི་མ་འདི་བཤད་དོ་ཞེས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་ནས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་ནམ་མཁའ་དངས་པ་ལྟར་སྣང་བ་བཞིན་ཁྲོས་ཤིང་འབར་བ་ཕྱག་གཡས་པ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་བསྣམས་པ་གཡོན་པ་སྐྱབས་མཛད་ཀྱི་ཕྱག་རྒྱ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཅིག་ཕྱུང་ངོ༌། །དེའི་དབུའི་གཙུག་ཏོར་ནས་ལྷ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བདུན་ཕྱུང་ནས་བཅོམ་ལྡན་འདས་ཀྱི་གདན་གྱི་མདུན་རོལ་དུ་བཞུགས་ཏེ། བཞུགས་ནས་ཅུང་ཟད་ཅིག་ན་ཡང་གདན་ལས་བཞེངས་ནས་བཤད་པའི་རྒྱུད་འདི་གསུངས་པར་ཤེས་པར་བྱའོ། །དེ་ལ་གང་དག་འདི་སྐད་དུ། །དེ་ལྟར་གང་གི་སྒོ་ནས་ཤེས་པར་འགྱུར་ཞེ་ན། དེ་ནི་འདི་ལྟར་བརྟག་པ་དང་པོའི་ཕྱི་མ་འབྲུག་སྒྲ་ཆེན་པོའི་བརྟག་པ་ལས། འདི་ཡི་སྐད་ཅིག་དེ་ཉིད་ལ། །སྐུ་
ནི་སུམ་བརྩེག་ཀུ་ཡི་ཐབས། །འགྲོ་བའི་དོན་ལ་རབ་སྦྱར་ནས། །དཔའ་བོ་སྟོབས་ཆེན་མངོན་པར་སྤྲུལ། །ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ལ་བདེ་བར་གཤེགས་པ་རྣམ་པར་སྣང་མཛད་ཁོ་ནས་རྒྱུད་འདི་མི་གསུང་བར་སྟོན་པ་རྣམ་པ་གསུམ་གྱིས་བཤད་པའི་དགོངས་པ་ནི་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། འདི་ལྟར་གོང་དུ་སྨོས་པའི་ཚིག །འདི་ལྟར་སྐུ་ནི་རྣམ་གསུམ་སྟེ། །འགྲོ་དོན་ལས་དང་དམ་ཚིག་དང༌། །ཡེ་ཤེས་བདག་པོ་ཉིད་ཀྱིས་ནི། །ཤཱཀྱ་ཐུབ་པ་ཐུགས་ཀྱིས་སྤྲུལ། །ཞེས་གསུངས་ཏེ། དེ་བས་ན་འདི་ལྟར་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཐབས་ཇི་ལྟ་བུས་འདུལ་བར་སྣང་བས་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་བསྟན་པ་ཉིད་དེ། དེ་ལ་འགྲོ་བ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ནི་སྐུ་རྣམ་པ་གསུམ་གྱི་མཚན་ཉིད་ཡང་དག་པར་ཤེས་པའམ། དེ་ལ་ཡང་དག་པར་བསླབས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བ་སྟེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཡེ་ཤེས་ཀྱི་སྐུའི་ངོ་བོར་ཡང་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་དམ་ཚིག་གི་སྐུའི་ངོ་བོར་ཡང་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནི་ལས་ཀྱི་སྐུའི་ངོ་བོར་ཡང་དག་པར་བསྟན་པའོ། །དེ་ལ་ཡེ་ཤེས་ཀྱི་སྐུ་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་རྣམ་པ་རྟོག་པ་དང་བྲལ་ཞིང་ཆོས་ཀྱི་དབྱིངས་ལས་ཡང་དག་པར་བྱུང་བ་ཐོག་མ་དང་ཐ་མ་མེད་པ་ནས་ཡོངས་སུ་གྲུབ་པའི་སྐུའི་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ལ་བྱེད་པ་དེའོ། །དམ་ཚིག་གི་སྐུ་ནི་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བྱུང་བ་མངོན་པར་བརྩོན་པའི་བདག་ཉིད་ཡེ་ཤེས་རྣམ་པ་ལྔས་མངོན་པར་བྱང་ཆུབ་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་བྱེད་པའི་བདག་ཉིད་ལ་བྱེད་པ་དེའོ། །ལས་ཀྱི་སྐུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལས་ཡང་དག་པར་བྱུང་བ་སྡུག་བསྔལ་གྱི་རྒྱུད་ཡང་དག་པར་གཅོད་ཅིང་འདོད་པའི་ཡོན་ཏན་ལྔས་མངོན་པར་དགའ་བ་ལ་ཆགས་པ་མེད་པར་ཀུན་དུ་སྤྱོད་པ་དེའོ། །དེ་དག་རྟག་
པར་རྒྱུན་དུ་ཆུ་བོ་ཆེན་པོའི་རྒྱུན་ལྟ་བུར་འབྲེལ་པ་དང་བཅས་པ་ལས་འགྲོ་བ་རྣམས་ཡོངས་སུ་གྲོལ་བར་འགྱུར་བ་དེ་ཉིད་དེ། དེའི་ཕྱིར་བསྒྲུབ་པར་བྱ་བའི་ཕྱིར་ཆོས་རྒྱུད་གཅིག་ལ་སྟོན་པ་རྣམ་པ་གསུམ་གྱིས་བཤད་དེ་དེ་ནི་ཐབས་ལ་དགོངས་པ་ཞེས་བྱའོ། །དེ་ཉིད་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་འང་ཡིན་ལ། སྤྲུལ་པ་དང་ལོངས་སྤྱོད་དང་ཆོས་ཀྱི་སྐུར་ཡང་ཤེས་པར་བྱས་ཏེ། དེ་ནི་འབྲས་བུ་ལ་དགོངས་པ་ཞེས་བྱའོ། །ཡང་འདིར་བདེ་བར་གཤེགས་པ་རྣམ་པ་གསུམ་ནི་འགྲོ་བའི་རྒྱུད་རྣམ་པ་གསུམ་ལ་དགོངས་ནས་བཤད་པ་སྟེ། དེ་ལ་གཏི་མུག་ཆེན་པོའི་སེམས་ཅན་རྣམས་གདུལ་བའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཤད་པ་དང་འདོད་ཆགས་ཆེན་པོའི་སེམས་ཅན་རྣམས་འདུལ་བའི་ཕྱིར་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་དང༌། ཞེ་སྡང་ཆེན་པོའི་སེམས་ཅན་རྣམས་འདུལ་བའི་ཕྱིར་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་སྟེ། དེ་དག་ནི་ཞིང་ལ་དགོངས་པ་ཞེས་བྱའོ། །དེ་ཉིད་དབང་པོར་བ་དང་འབྲིང་དང་རྟུལ་པོའི་སེམས་ཅན་རྣམས་ལ་དགོངས་ནས་སྟོན་པ་རྣམ་པ་གསུམ་གྱིས་རྒྱུད་རྣམ་པ་གསུམ་གསུངས་པ་ནི་དབང་པོ་ལ་དགོངས་པ་ཞེས་བྱའོ། །དཔའ་བོ་གདན་ལས་བཞེངས་ནས་ནི། །དགྱེས་པའི་རྡོ་རྗེ་གསོར་ནས་ཀྱང༌། །ཤཱཀྱའི་དབང་པོ་དགྱེས་མཛད་པ། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་གསུངས་པ་འདི་ནི་འདིར་དག་པ་འབྲས་བུ་དོན་གྱི་སྒྲུབ་པ་ཡོངས་སུ་གསུངས་པ་སྟེ། དེ་ལ། དཔའ་བོ་གདན་ལས་བཞེངས་ནས་ནི། །ཞེས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་སྐད་ཅིག་དེ་ཉིད་ལ་གདན་ལས་ཡོངས་སུ་བཞེངས་པ་སྟེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱིས་དེར་ཡོངས་སུ་སྤྲུལ་པར་ཤེས་པར་བྱའོ། །དགྱེས་ཤིང་རྡོ་རྗེ་གསོར་ནས་ཀྱང༌། །
ཞེས་པ་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་རྒྱུད་མཐའ་དག་གཅོད་པ་སྟེ། དེ་ཡང་སྔོན་གྱི་བྱང་ཆུབ་ཀྱི་སེམས་ལས་ཡང་དག་པར་བྱང་ཞིང་བྱང་ཆུབ་ཏུ་ཞུགས་པའི་གནས་སྐབས་ན་བསྔོ་བ་ཡོངས་སུ་དག་པའི་སྟོབས་ལས་བྱུང་བའོ། ཤཱཀྱའི་བདག་པོ་དགྱེས་མཛད་པའི། །ཐུབ་པའི་གཙོ་ལ་ཕྱག་འཚལ་ནས། །ཞེས་པ་ནི་དོན་དམ་པར་བདེ་བར་གཤེགས་པའི་སྐུ་ཡང་གཅིག་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དབྱེར་མེད་པ་ཡིན་ཡང་འགྲོ་བ་འདུལ་བའི་ ཚུལ་དང ་སྦྱར་ནས་གཙོ་བོ་དང་འཁོར་གྱི་ཚུལ་གྱིས་གུས་པ་ཡོངས་སུ་ཕུལ་བ་སྟེ། ཉིད་ལ་ཉིད་དོ། །དེ་ཅིའི་ཕྱིར་ཞེན་སྙམ་པ་ལ། འདི་ལྟར་དཔེར་ན་སྒྱུ་མ་མཁན་གྱི་མཁན་པོས་བུད་མེད་དང་སྐྱེས་པ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་བྱས་ནས། སྐྱེ་བོ་རྣམས་ཀྱི་མདུན་དུ་སྨྲ་བ་དང་འགྲོ་བ་དང་འཆག་པ་ལ་སོགས་པ་བྱེད་ཀྱང་དེ་ཉིད་གཅིག་སྨྲ་བའི་གན་སྐབས་ཙམ་ན་གཅིག་མི་སྨྲ་ལ། གཅིག་འགྲོ་བའི་གནས་སྐབས་ཙམ་ན་གཅིག་མི་འགྲོ་བས་དེ་དག་ཐམས་ཅད་གཟུགས་ཐ་དད་པའི་ ཚུལ་དུ་གནས་ཀྱང་འགྲོ་བ་དང ་སྨྲ་བ་ལ་སོགས་པ་ཐམས་ཅད་ནི་སྒྱུ་མ་མཁན་གྱི་མཁན་པོ་ཁོ་ནའོ། །དེ་བཞིན་དུ་འདིར་ཡང་དེ་བཞིན་གཤེགས་པ་གཅིག་གསུངས་པའི་གནས་སྐབས་ཙམ་ན། དེ་བཞིན་གཤེགས་པ་གཅིག་མི་གསུངས་པའི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་སངས་རྒྱས་ཕལ་པོ་ཆེ་ལས། བཟང་པོ་དཔལ་གྱིས་འཇམ་དཔལ་ལ་སྨྲས་པ། ཆོས་ཀྱི་རྒྱལ་པོའི་ཆོས་ཉིད་ནི། །འཇམ་དཔལ་རྟག་ཏུ་གཅིག་པ་སྟེ། །སྒྲིབ་པ་མེད་པས་གཟིགས་པའོ། །འབྱུང་བ་དེ་ཡང་གཅིག་པུ་ཡི། །སངས་རྒྱས་ཐམས་ཅད་སྐུ་གཅིག་སྟེ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱང་གཅིག་པ་སྟེ། །མི་འཇིགས་
སྟོབས་ཀྱང་དེ་བཞིན་ནོ། །སྔོན་ཆད་བྱང་ཆུབ་བཞུགས་པའི་ཚེ། །ཇི་ལྟར་ཡོངས་སུ་བསྔོ་མཛད་པ། །འཁོར་དུ་ཆོས་རྣམས་སྟོན་པ་དང༌། །དེ་བཞིན་ཞིང་ཡང་དེ་བཞིན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྒྲིབ་པ་ཐམས་ཅད་རྣམ་པ་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཡོངས་སུ་དག་པར་མཛད་པའི་ཐུགས་རྒྱ་ཆེན་པོ་བསྐྱེད་ནས། མི་རྟོག་པའི་དང་ལ་རྩེ་གཅིག་པ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྙོམས་པ་ནི་མཉམ་པ་སྟེ། སེམས་ཅན་དུ་དམིགས་པ་ལྔ་མི་མངའ་འབའོ། །ཞུགས་པ་ནི་སྨོན་ལམ་གྱི་སྟོབས་ལས་ཡོངས་སུ་གྲུ་པས་དམ་པའི་ཆོས་ཡང་དག་པར་གསུངས་པའོ། །ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའི་རང་གི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་ཞེས་པ་ནི་འདི་ལྟར་རང་ནི་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྙིང་པོ་ནི་ཡེ་ཤེས་དེ་དེ་ལས་བྱུང་བའི་གཞི་ཡང་དག་པར་གསུངས་པའོ། །ཉིད་ནི་རང་སྟེ་ཆོས་ཀྱི་དབྱིངས་སོ། །ངན་སོང་རྣམ་པར་སྦྱོང་བ་ཞེས་པ་ནི་ཁྱད་པར་དུ་སྦྱོང་བ་སྟེ། བླ་ན་མེད་པའི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་རོ། །ཨོཾ་བཛྲ་སརྦ་པཱ་པཾ་ཧ་ན་ད་ཧ་བཛྲ་ཧཱུཾ་ཕཊ། ཨོཾ་ཧྲཱིཿ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ཨོཾ་ཧཱུཾ་སརྦ་ཀརྨ་ཨཱ་ཝ་ར་ཎི་མེ་བ་ཤིཾ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བྷྲཱུཾ་བ་ནི་ཤ་ཡ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་དྲུཾ་བི་ཤོདྡྷ་ཡ་ཨཱ་བ་ར་ནི་ཧྰuམ་ཕཊ། ཨོཾ་ཏྲ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་སྲུཾ་སཱ་ར་སཱ་ར་པྲ་ས་ར་པྲ་ས་ར་སརྦ། ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་སརྦ་ཨཱ་བ་ར་ཎ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲ་ཐ་ཏྲ་ཐ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཚིནད་ཚིནད་སརྦ་ཨཱ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཙ་ལ་ཙ་ལ་སརྦ་ཨཱ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ནྡ་ར་ཀ་ག་ཏི་ཧེ་ཏུ་ན་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་རྦ་པྲེ་ཏ་ག་ཏེ་ཧེ་ཏུ་ན་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏི་ཪྻ་ཀ་ག་ཏེ་ཏེ་ཏུ་ན་ཧཱུཾ་ཕཊ།
དེ་ནས་མཆོད་པའི་ཡོ་བྱད་རྣམས་ཀྱི་སྔགས་བཤད་དོ། །ཨོཾ་སརྦ་ཨ་པཱ་ཡ་བི་ཤྭ་དྷ་ནི་དྷ་མ་དྷ་མ་དྷཱུ་པ་ཡ་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་ཏི་པ་རི་ཤོདྷ་ནི་པུཥྤ་བི་ལོ་ཀི་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱན་ཨཱ་ལོ་ཀ་ཀཱ་རི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་གནྡྷ་ནཱ་བི་ནཱ་ཤ་ན་ཨུ་པ་ཡ་གནྡྷེ་ཧཱུཾ་ཕཊ། སྒོ་བ་རྣམས་ཀྱི་སྔགས་ལ། ཨོཾ་སརྦ་ན་ར་ཀ་ཨཱ་ཀ་ར་ནི་ཧཱུཾ་ཕཊ། ཨོཾ་སརྦ་ན་ཀ་ཨུ་ཏ་དྷ་ར་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་བནྡྷ་ན་མོ་ཙ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་གྷཎྜ་བི་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་པ་ལ་སོགས་པའི་སྔགས་ནི་འདི་ལྟར། དང་པོ་ནི་བདེ་བར་གཤེགས་པའི་སྙིང་པོ་སྟེ། སྡིག་པ་ཐམས་ཅད་འཇོམས་ཤིང་སྲེག་པར་བྱེད་པའི་དོན་ཏོ། །གཉིས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བའོ། །གསུམ་པ་ནི་རྒྱལ་བའི་གཙུག་ཏོར་གྱི་སྙིང་པོ་སྟེ། ལས་ཀྱི་སྒྲིབ་པ་ཐམས་ཅད་དབང་དུ་བྱེད་པའོ། །བཞི་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྙིང་པོ་སྟེ། སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པའོ། །ལྔ་པ་ནི་རྣམ་པར་རྒྱལ་བའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའོ། །དྲུག་པ་ནི་གཟི་བརྗིད་ཕུང་པོ་སྟེ་སྒྲིབ་པ་ཐམས་ཅད་ཚ་ཞིང་རབ་ཏུ་འབར་བར་འཇོམས་པར་བྱེད་པའོ། །བདུན་པ་ནི་གདུགས་དཀར་པོའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་འཇིག་ཅིང་རབ་ཏུ་འཇིག་པར་བྱེད་པའོ། །བརྒྱད་པ་ནི་རྣམ་པར་འཐོར་བའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་འཕྲོག་ཅིང་འཕྲོག་པར་བྱེད་པའོ། །དགུ་པ་ནི་རྣམ་པར་འཇོམས་པའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་གཤེག་ཅིང་འཇོམས་པར་བྱེད་པའོ། །བཅུ་པ་ནི་སྒེག་མོའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་འཐོར་བར་བྱེད་པའོ། །བཅུ་གཅིག་པ་ནི་ཕྲེང་བ་མའི་སྙིང་པོ་སྙེ་སྒྲིབ་པ་ཐམས་ཅད་གྲོལ་བར་བྱེད་པའོ། །བཅུ་གཉིས་པ་ནི་གླུ་མཁན་མའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་སྐྲག་པར་བྱེད་པའོ། །བཅུ་གསུམ་པ་ནི་གར་མཁན་མའི་སྙིང་པོ་སྟེ་སྒྲིབ་པ་ཐམས་ཅད་གཡོ་ཞིང་གཞན་དུ་སྐྱོད་པར་བྱེད་པའོ། །བཅུ་བཞི་པ་ནི་བདེ་བར་གཤེགས་པའི་ཚོགས་ཀྱི་སྙིང་པོ་སྟེ།
དེ་དག་གིས་དམྱལ་བའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་སྲེག་ཅིང་སྲེག་པར་བྱེད་པའོ། །བཅོ་ལྔ་པ་ནི་ཡི་དགས་ཀྱི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་འཇིལ་ཞིང་འཇིལ་བར་བྱེད་པའོ། །བཅུ་དྲུག་པ་ནི་དུད་འགྲོའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གདོན་ཅིང་གནོན་པར་བྱེད་པའོ། །བཅུ་བདུན་པ་ནི་བདུག་པ་མའི་སྙིང་པོ་སྟེ་ངན་སོང་ཐམས་ཅད་འཆུ་ཞིང་རྣམ་པར་སྤྱོད་བར་བྱེད་པའོ། །བཅོ་བརྒྱད་པ་ནི་མེ་ཏོག་མའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་རྣམ་པར་སྦྱོང་ཞིང་རྣམ་པར་གཟིགས་པའོ། །བཅུ་དགུ་པ་ནི་སྣང་བ་མའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་ཕུག་ནས་ཡེ་ཤེས་ཀྱི་སྣང་བས་གསལ་བར་བྱེད་པའོ། །ཉི་ཤུ་བ་ནི་དྲི་ཆབ་མའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་ཀྱི་དྲི་ང་བ་ཐམས་ཅད་བསལ་བས་ཆོས་ཀྱི་དྲི་དང་ལྡན་པར་བྱེད་པའོ། །རྩ་གཅིག་པ་ནི་ལྕགས་ཀྱུ་མའི་སྙིང་པོ་སྟེ། སེམས་ཅན་དམྱལ་བར་སོང་བ་རྣམས་དགུག་པར་བྱེད་པའོ། །རྩ་གཉིས་པ་ནི་ཞགས་པ་མའི་སྙིང་པོ་སྟེ། དམྱལ་བར་འགྱུར་བ་ཐམས་ཅད་འཛིན་པར་བྱེད་པའོ། །རྩ་གསུམ་པ་ནི་ལྕགས་སྒྲོག་མའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་འཆིང་ཞིང་སྡོམ་པར་བྱེད་པའོ། །རྩ་བཞི་པ་ནི་དྲིལ་བུ་མའི་སྙིང་པོ་སྟེ། ངན་སོང་ཐམས་ཅད་ཀྱི་ཚང་ཚིང་སེལ་ཅིང་སྐྲོད་པར་བྱེད་པ་སྟེ། དེ་དག་ཐམས་ཅད་ཀྱི་སྔགས་འབྲུ་རྣམས་ནི་གཉིས་པ་དང༌། བཅོ་ལྔ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་དང༌། བཅུ་དྲུག་པ་དང་བརྒྱད་པ་དང༌། བདུན་པ་དང༌། བཅུ་པ་རྣམས་ནི་ལྷ་བསྐྱེད་པའི་ས་བོན་དུ་རིག་པར་བྱ་སྟེ། ཚིག་གསུམ་པོ་འདི་ནི་མ་གཏོགས་སོ། །དེ་ནས་དཀྱིལ་འཁོར་བཤད་བྱ་སྟེ། །འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཤིན་ཏུ་མཛེས་པ་རྩིབས་བརྒྱད་ཅན། །ལྟེ་བར་བཅས་ཤིང་མུ་ཁྱུད་ལྡན། །ནང་གི་རིམ་པར་བྲིས་ནས་ནི། །ལྟེ་བའི་ནང་དུ་ཤཱཀྱ་ཡི། །བདག་པོ་ཐུབ་པ་གཞག་པར་བྱ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི། །དཔའ་བོ་དེ་ཡི་སྤྱན་སྔར་བྲི། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་སྟེ། །གཡས་ཕྱོགས་རྒྱལ་བའི་གཙུག་ཏོར་ལ། །གཡོན་པར་རྣམ་པར་རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་མེ་
ཡི་ཕྱོགས། །དབང་ལྡན་ཕྱོགས་སུ་གདུགས་དཀར་མོ། །རྣམ་པར་འཐོར་བ་རླུང་གི་ཕྱོགས། །རྣམ་པར་འཇོམས་པ་བདེན་བྲལ་དུ། །བྲིས་ནས་ཕྱི་རོལ་བྲི་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སེང་གེ་རྟ་བབས་བརྟན་པར་བྱ། །དཔའ་བོ་ལྕགས་ཀྱུ་ཞགས་པ་དང༌། །ལྕགས་སྒྲོག་དྲིལ་བུ་སྙན་རྣམས་གཞག །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་བྲི་བར་བྱ། །ཞེས་གསུངས་པ་ནི་འདིར་དེ་དག་གི་དཀྱིལ་འཁོར་ཡང་དག་པར་གསུངས་པ་སྟེ། དེ་ལ། འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཞེས་པ་ནི་འདི་ལྟར་རང་ཡིད་དུ་འོང་བའི་གནས་རྣམས་སུ། ས་བྱིན་གྱིས་བརླབས་པ་ལ་སོགས་པ་གོང་དུ་བསྟན་པ་ལྟར་བྱས་ལ་སྟེགས་བུ་ཐ་མའི་ཚད་དུ་བརྩིགས་ཏེ། འཁོར་ལོ་རྩིབས་བརྒྱད་པ་སེར་བོ་ལྟེ་བ་དང་མུ་ཁྱུད་དུ་ལྡན་པ་བྲིའོ། །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཅོམ་ལྟ་བུ་ལན་བཟའ་དུར་སྨྲིག་གསོལ་པ་མཉམ་པ་ཉིད་ཀྱི་ཕྱག་རྒྱ་དང་ལྡན་པ་བྲིའོ། །དེའི་ཤར་ཕྱོགས་ཀྱི་རྩིབས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ལ་ཕྱག་གཡས་པ་ན་རྡོ་རྗེ་བསྣམས་པ། གཡོན་པས་གནོད་ཀྱི་ཕྱག་རྒྱ་དང་ལྡན་པ་བྲིའོ། །ལྷོ་ཕྱོགས་སུ་ནི་རྒྱལ་བའི་གཙུག་ཏོར་སྐུ་མདོག་སེར་པོ་ཕྱག་གཡས་པ་མཆོག་སྦྱིན་པ་ལ། གཡོན་པ་ནི་རིན་པོ་ཆེ་འབར་བ་བསྣམས་པ་བྲིའོ། །ནུབ་ཏུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་དམར་པོ་ཕྱག་གཡས་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ལ། གཡོན་པ་ནི་པདྨའི་སྟེང་ན་འཁོར་ལོ་བསྣམས་པ་བྲིའོ། །བྱང་ཕྱོགས་སུ་གཙུག་ཏོར་རྣམ་པར་རྒྱལ་བ་སྐུ་མདོག་ལྗང་གུ་ལ་ཕྱག་གཡས་པ་མི་འཇིགས་པ་སྦྱིན་པ་ལ། གཡོན་པ་སྣ་ཚོགས་རྡོ་རྗེ་བསྣམས་པ་བྲིའོ། །ཤར་ལྷོར་གཙུག་ཏོར་གཟི་བརྗིད་ཕུང་པོ་སྐུ་མདོག་སྔོ་སྐྱ་ལ་ཕྱག་གཡས་པ་ན་ཉི་མའི་འཁོར་ལོ་འོད་དང་བཅས་པ་འཛིན་པ། གཡོན་པ་ན་ཨུཏྤལ་ཡུ་བ་དང་བཅས་པ་བསྣམས་པ་བྲིའོ། །ལྷོ་ནུབ་ཏུ་གཙུག་ཏོར་རྣམ་པར་
འཇོམས་པ་སྐུ་མདོག་སྔོ་སྐྱ་ལ་ཕྱག་གཡས་པ་ན་སེང་གེའི་རྒྱལ་མཚན་བསྣམས་པ། གཡོན་པ་ཨུཏྤལ་དང་ལྕགས་ཀྱུ་བསྣམས་པ་བྲིའོ། །ནུབ་བྱང་དུ་གཙུག་ཏོར་རྣམ་པར་འཐོར་བ་སྐུ་མདོག་དམར་སེར་ལ་ཕྱག་གཡས་པ་ན་རལ་གྲི་འབར་བ་བསྣམས་པ་གཡོན་པས་ཀུ་མུ་ཏ་དང་ལྡན་པ་བྲིའོ། །བྱང་ཤར་དུ་གཙུག་ཏོར་གདུགས་དཀར་པོ་ཅན་སྐུ་མདོག་དཀར་སེར་ལ་ཕྱག་གཡས་པ་ན་གདུགས་དཀར་པོ་བསྣམས་པ། གཡོན་དུ་ཨུ་དུམ་ཝཱ་ར་བསྣམས་པ་བྲིའོ། །དེའི་འཁོར་ལོའི་ཟུར་བཞིར་ནི་སྒེག་མོ་དང་ཕྲེང་བ་དང་གླུ་མཁན་མ་དང༌། གར་མཁན་མ་དང་བདུག་པ་མ་དང༌། མེ་ཏོག་མ་དང་སྣང་གསལ་མ་དང་དྲི་ཆབ་མ་རྣམས་རང་རང་གི་ཕྱག་རྒྱ་དང་ལྡན་པར་བྲི་བར་བྱའོ། །རྟ་བབས་ཀྱི་ཁྱམས་སུ་བྱམས་པ་ལ་སོགས་པ་རང་གི་ཁ་དོག་དང་ཕྱག་མཚན་གྱིས་མཚན་པ་བྲིའོ། །སྒོ་བཞིར་ནི་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་བཞི་བྲིའོ། །མཐའ་མའི་ཕྲེང་བ་གསུམ་གྱི་ཕྱི་རོལ་དུ་ནི་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བརྒྱད་བྲིའོ། །དེའི་ཕྱི་རོལ་དུ་ནི་དམྱལ་བ་ལ་སོགས་པ་ངན་འགྲོ་རྣམ་པ་གསུམ་གྱི་དཀྱིལ་འཁོར་བྲི་བར་བྱ་བ་ཉིད་དོ། །གྲུ་བཞི་པ་ལ་སྒོ་བཞི་པ། སེང་གེའི་རྟ་བབས་བརྟན་པར་བྱ། །ཞེས་པ་ནི་འདི་ལྟར་སྒོ་བཞིའི་ཕྱི་རོལ་དུ་གླང་པོའི་སྟེང་དུ་སེང་གེ་དང་ལྡན་པའི་རྟ་བབས་ཡང་དག་པར་བྱ་བ་དང་མཆོད་པའི་སྣམ་བུ་དང་རིན་ཆེན་ཕ་གུ་དང་དྲ་བ་དྲ་ཕྱེད་ལ་སོགས་པའི་རྒྱན་ནི་ཤུགས་ཀྱིས་གོ་བར་བྱའོ། །དེ་ནས་དྲི་ཞིམ་དྲི་ལ་སོགས། །རང་གི་ལུས་ནི་བསྐུས་ནས་ཀྱང༌། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །ཨོཾ་ཛཿ་ཧཱུཾ་བཾ་ཧོཿ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎཱྀ་ཀ་དྲྀ་ཤྱཧོཿ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །ལྷ་རྣམས་ཐམས་ཅད་སྤྱན་དྲང་ངོ་ཞེས་གསུངས་པ་ནི་འདིར་སློབ་མ་དབང་བསྐུར་བ་གསུངས་པ་སྟེ། དེ་ལ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ལ་ག་པུར་དང་འོ་མ་ལ་སོགས་པས་རང་གི་ལུས་ཁྲུས་ལེགས་པར་བྱས་ཏེ། རྒྱན་ཆ་ལྔ་ལ་སོགས་པས་ལེགས་པར་བརྒྱན་ནས་གོང་དུ་བསྟན་པའི་རྡོ་རྗེ་འཛིན་མའི་སྐུ་དང་ཕྱག་རྒྱ་བཅིངས་ཏེ། མེ་ཏོག་
གི་ཕྲེང་བ་ཐོགས་ལ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་དང་ཕྱག་རྒྱས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པ་སྔགས་དང་སྦྱར་བ་ཉིད་དོ། །དེ་ལ་སྔགས་ཀྱི་དོན་ནི་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་དམ་ཚིག་གསུམ་ལ་དགོངས་ཏེ་གཤིགས་སུ་གསོལ་ཞེས་པ་སྟེ། དེ་ནས་བྱོན་པ་དང་ཞབས་བསིལ་བ་ལ་སོགས་པ་དྲང་བ་དང་བདག་ཉིད་དབང་ནོད་པ་ལ་སོགས་པའི་ཆོ་ག་ཞི་བ་མོ་ནི་གོང་དུ་མ་བསྟན་པ་དང་ཏིང་ངེ་འཛིན་གསུམ་ནི་དཀྱིལ་འཁོར་གྱི་ཆོ་གར་བལྟ་བར་བྱའོ། །དེ་ནས་གཤེགས་པར་མོས་པ་བསྐྱེད་དེ། མཆོད་པ་བྱས་ནས་དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང༌། གོང་ནས་གོང་དུ་ས་རྣམས་སུའང་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། །སངས་རྒྱས་རྣམས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་ཀྱང་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །བྱ་བ་བྱས་པས་རིམས་ཐམས་ཅད་དང་གདོན་དང་དུག་ལ་སོགས་པ་ལས་ཀྱང་ཐར་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །བརྟག་པ་གཞན་གྱི་ཆོ་གས་ཀྱང་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ནི་འདིར་དབང་བསྐུར་བ་ལ་སོགས་པ་བྱ་བར་གསུངས་ཏེ། དེ་ལ་དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ནས་ཞེས་པའི་ཚིག་གིས་ནི་གོང་མ་ལ་བསྙགས་པ་སྟེ། དབང་བསྐུར་བའི་རིམ་པ་དང༌། རྫས་ལ་སོགས་པ་གོང་དུ་བཤད་པ་ལྟར་བྱ་བར་གསུངས་ཤིང་འདིར་ནི་རྒྱས་པར་མ་བཤད་དོ། །དེ་ལ་དབང་བསྐུར་བའི་འབྲས་བུ་ནི་སྡིག་པ་ཅན་གྱི་གང་ཟག་རྣམས་ངན་སོང་ཐམས་ཅད་ལས་ཐར་བ་དང་ལྷ་ལ་སོགས་པའི་བདེ་འགྲོར་སྐྱེ་བ་དང་དེའི་རྐྱེན་གྱིས་དམ་པའི་ཆོས་སྤྱད་པ་ལས་བྱང་ཆུབ་སེམས་དཔའི་ས་རྣམས་གནོན་པར་འགྱུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་
དུ་ངེས་པར་འགྱུར་བ་ལ་སོགས་པར་འབྲེལ་ཏོ། །ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་པ་ནི་འདིར་རྣམ་པ་གསུམ་སྟེ་རྒྱུ་དང་ལམ་དང་འབྲས་བུའོ། །དེ་ལ་རྒྱུ་ནི་རྣམ་པར་ཤེས་པ་སྟེ། དེ་ལས་ཡང་དག་པར་བྱུང་ཞིང་རང་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། རྟག་པར་དུས་ཐམས་ཅད་དུ་མཉམ་པར་གཞག་པའི་སྦྱོར་བས་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱས་ནས་འཇིག་རྟེན་འདིར་རིམས་དང་དུག་དང་གདོན་ལ་སོགས་པས་མི་འཇིགས་ཤིང་བླ་ན་མེད་པའི་འབྲས་བུ་ཡང་དག་པར་བསྐྱེད་པ་ཁོ་ནའོ། །དེ་བས་ན་རྣམ་པར་ཤེས་པ་ཧཱུཾ་ཡིན་པའི་ཕྱིར་བདེ་བར་གཤེགས་པས་ཀྱང་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ་ཞེས་སེམས་ཅན་ཐམས་ཅད་ལ་དགོངས་པའོ། །ལམ་ཉིད་དེ་ཡིན་ལ་འབྲས་བུ་ནི་རྟགས་ལྔའི་ངོ་བོས་ཆོས་ཀྱི་སྐུ་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ཧཱུཾ་སྟེ།། དེས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཉིད་དོ། །བརྟག་པ་གཞན་གྱི་ཞེས་པ་ནི་རྒྱུད་ཕྱི་མའི་བརྟག་པ་སྟེ། དེ་ཡིས་ཀྱང་དེ་བཞིན་དུ་འབྲས་བུ་ཡོངས་སུ་སྨིན་པར་བྱེད་ཅེས་པའི་དོན་ཏོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཀྱི་ཤི་བའི་རོའམ་གཟུགས་བརྙན་ནམ་མིང་ལ་སོགས་པ་བྲིས་ཏེ། བཟླས་པ་དང་སྦྱིན་སྲེག་དང་དབང་རྣམས་སྔ་མ་བཞིན་དུ་བྱས་ན་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བྱེད་དོ་ཞེས་གསུངས་པ་ནི་སྔ་མ་བཞིན་གཞན་དོན་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་དང་ལྡན་པའམ། དེ་དག་འདུས་པའི་ལྷ་ལ་སོགས་པ་ཉིད་ཀྱིས་སྔར་རྩ་བའི་དཀྱིལ་འཁོར་ཆེན་པོར་ཇི་ལྟར་བསྟན་པའི་ལྷར་དབང་བསྐུར་བ་ལ་སོགས་པ་བྱས་ན་ངན་སོང་ལས་ཡོངས་སུ་ཐར་བར་འགྱུར་བ་ཁོ་ནའོ། །དེ་ལ་གང་དག་འདི་སྐད་དུ། །དེ་ལྟ་ཡིན་ན། སྔར་དུ་གསུངས་པས་གཅིག་པུས་ཆོག་མོད་ཀྱི་བདེ་བར་གཤེགས་པ་ནི་ཡང་ཡང་གསུང་བ་ནི་རིགས་པ་མ་ཡིན་ནོ་སྙམ་པ་ལ། དེ་ནི་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཕྱག་ན་རྡོ་རྗེ་གཙུག་ཏོར་དགུའི་དཀྱིལ་འཁོར་འདི་གསུངས་པ་ལ་དགོས་ཆེད་རྣམ་པ་གསུམ་ཡོད་དེ། དེ་ལ་གཅིག་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་ཆེན་པོ་ནི་རྒྱས་པ་ལ་དགའ་བའི་གང་ཟག་རྣམས་ཀྱི་དོན་དུ་གསུངས་པ་འདི་ནི་བསྡུས་པ་ལ་དགའ་བའི་གང་ཟག་རྣམས་ཀྱི་དོན་དུ་གསུངས་པ་དང༌། ཡང་འདི་ནི་དག་པ་དོན་གྱི་སྒྲུབ་པ་ཞེས་བྱ་སྟེ་གོང་དུ་གསུངས་པའི་རྩ་བའི་དཀྱིལ་འཁོར་ཆེན་པོ་ནི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡུན་རིང་པོར་དབང་དད་བཟླས་པ་དང་རྣལ་འབྱོར་དང་གཏོར་མ་དང་སྦྱིན་སྲེག་དང་མཆོད་པ་ལ་སོགས་པས་སྡིག་པ་རྣམས་ཡང་དག་པར་སྦྱངས་ཏེ། རྣམ་པར་དག་པ་ལས་ཤེས་བྱའི་སྒྲིབ་པ་སྦྱང་ཞིང་དངོས་གྲུབ་ལ་ཉེ་བར་བྱ་བའི་ཕྱིར་གསུངས་སོ། །ཡང་འདི་ནི་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་རབ་ཏུ་བརྟག་པ་ཞེས་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟ་བུའི་གནས་རྣལ་འབྱོར་པའི་སྒོ་རྣམ་པ་དགུ་བྱིན་གྱིས་བརླབ་པའི་ཕྱིར་གསུངས་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སེང་གེའི་ལྟ་སྟངས་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཕྱག་རྒྱ་དམ་པའི་མཚན་ཉིད་བཤད་པར་བྱའོ། །ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་གྱིས་རློབས། །ཞེས་གསུངས་པ་ནི་འདི་ལྟར་ཕྱག་རྒྱ་ཡོངས་སུ་གསུངས་པ་སྟེ། དེ་ལ་སེང་གེའི་ལྟ་སྟངས་ཞེས་པ་ནི་འདི་ལྟར་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་ནི་བག་ཚ་བའི་བསམ་པ་ཐམས་ཅད་དང་བྲལ་བས་ཕྱོགས་གཞན་ན་རི་དགས་ལ་སོགས་པ་ལ་ང་རྒྱལ་ཆེན་པོ་དང་བཅས་པའི་མིག་གྱེན་དུ་བཟློག་སྟེ། རྒྱས་པར་བགྲད་པའི་ལྟ་བས་རི་དགས་ལ་སོགས་པ་ཐམས་ཅད་སྐྲག་པར་བྱེད་པ་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྣམ་པར་རྟོག་པ་ཐམས་ཅད་དང་ནི་བྲལ། གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་
རྩལ་ནི་རྫོགས། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ནི་བརྒྱན་པས་ཉོན་མོངས་པ་དང་ངན་སོང་ཐམས་ཅད་སྐྲག་པར་བྱེད་པའི་སྤྱན་གྱིས་བཅོམ་ལྡན་འདས་ལ་ཡོངས་སུ་གཟིགས་པའོ། །ཕྱག་བཙལ་བ་ནི་ལུས་ལ་སོགས་པས་ཕྱག་བཙལ་བ་སྟེ། ཕྱག་རྒྱ་དམ་པའི་མཚན་ཉིད་བཤད་པར་བྱའོ་ཞེས་པར་འབྲེལ་ཏོ། །དེ་ལ་གང་དག་འདི་སྐད་དུ་བདེ་བར་གཤེགས་པ་ཉིད་དང་དབྱེར་མེད་ན་ཅིའི་ཕྱིར་ཕྱག་འཚལ་ཞེ་ན། དེ་ནི་འདི་ལྟར་མ་འོངས་པའི་སེམས་ཅན་ཐམས་ཅད་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་མ་བརྟེན་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བས་ན། དགེ་བའི་བཤེས་གཉེན་ལ་ཚུལ་འདི་ལྟ་བུས་གུས་པར་བྱ་བའི་ཕྱིར་ངོ་བོ་གཅིག་ཀྱང་གཙོ་བོ་ དང་འཁོར་གྱི་ཚུལ ་གྱིས་གུས་པར་ཕྱག་འཚལ་བའོ། །ཐུགས་རྗེས་བསྐུལ་བའི་ཐུགས་མངའ་བའི། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས། །ཞེས་པ་ནི་རྣམ་པ་གཉིས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ལ་གསོལ་བ་འདེབས་པ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གསོལ་པ་འདེབས་པའོ། །དེ་ལ་བདེ་བར་གཤེགས་པ་རྣམས་ནི་འགྲོ་བ་སེམས་ཅན་གྱི་དོན་ལ་ཐུགས་རྗེ་ཆེན་པོས་ཐུགས་བསྐུལ་བ་སྟེ། དེ་དག་ཐམས་ཅད་ཀྱིས་ཕྱག་རྒྱ་དམ་པ་འདི་དག་གིས་འགྲོ་བ་སེམས་ཅན་ངན་འགྲོ་ལས་གྲོལ་བར་འགྱུར་བར་བྱིན་གྱིས་རློབས་ཤིག་པའོ། །དེ་ཡང་བྱིན་གྱི་རློབ་མཁན་གྱི་སངས་རྒྱས་ནི་གཞན་ན་མེད་ཀྱང་འགྲོ་བའི་དོན་ལ་སྦྱར་ནས་བྱིན་གྱི་རླབས་ཆེན་པོ་དང་ལྡན་པར་གོ་བ་བསྐྱེད་པར་ཤེས་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་རྟགས་སོ། །རྟགས་ཀྱི་འབྲས་བུ་ནི་རྟགས་ཏེ། དཔེར་ན་མེ་དང་དུ་བ་ལྟ་བུའོ། །དེ་ཉིད་སྐུའི་ཁྱད་པར་གྱི་མཆོད་པ་ཡིན་པའི་ཕྱིར་འདིར་ཕྱག་རྒྱ་བཤད་པ་ཁོ་ནའོ། །མཉམ་པར་གཞག་པས་དཔྲལ་བར་ནི། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེ་གཤེགས་ཐམས་ཅད་ཀྱི། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །ཅེས་པ་ནི་གང་དུ་ལས་སུ་བྱ་བའི་
སྐབས་སུ་བབ་པ་དང༌། བདེ་བར་གཤེགས་པའི་རིགས་ཐམས་ཅད་ལ་ཏིང་ངེ་འཛིན་གྱིས་མཉམ་པར་གཞག་ལ་སོར་མོ་རྣམས་རྩེ་སྙམས་ཏེ་ཐལ་མོ་སྦྱར་ནས་དཔྲལ་བའི་སྟེང་དུ་གཟུང་བར་ཕྱག་བྱ་བ་སྟེ། དེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱ་ཞེས་བྱའོ། །རྣལ་འབྱོར་རིགས་པས་མགྲིན་ཕྱོགས་སུ། ཐལ་མོ་སྙིམ་པར་སྦྱར་བ་ནི། །རྟག་ཏུ་པདྨའི་རིགས་ཉིད་ཀྱི། །པདྨའི་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་ཐལ་མོ་སྦྱར་བྱས་ནས། །སྙིང་གར་གུང་མོ་མཐའ་སྦྱར་ནས། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ཞེས་གསུངས་པ་ནི་འདིར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡོངས་སུ་འཛིན་པའི་ཕྱག་རྒྱ་སྟེ། དེ་ལ་གོང་དུ་བསྟན་པས་ནི་སྐུའི་དམ་ཚིག་ཡོངས་སུ་འཛིན་པ་སྟེ། དཀྱིལ་འཁོར་དུ་འདུག་པའི་གོང་དུ་བྱ་བའོ། །གཉིས་པ་ནི་ཐལ་མོ་པདྨ་ཁ་འབུ་བ་ལྟར་སྦྱར་ནས་ལྐོག་མའི་འོག་ཏུ་གཟུང་བ་སྟེ། དེ་ནི་གསུང་གི་དམ་ཚིག་ཡོངས་སུ་འཛིན་པས་སྔགས་ལ་སོགས་པ་བརྗོད་པའི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ལྟོ་སྦྱར་ཏེ། རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བྱ། གཞན་རྣམས་སོར་མོ་བསྣོལ་ཏེ་བསྡམས་ལ་སྙིང་གར་གཟུང་བ་སྟེ། དེ་ནི་ཐུགས་ཀྱི་དམ་ཚིག་ཡོངས་སུ་འཛིན་པས་ན་རྣལ་འབྱོར་པས་གསང་སྔགས་དང་རིག་སྔགས་ཐམས་ཅད་ནི་སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་དུ་གྲུབ་པའོ། །ལག་པ་གཡོན་པའི་ཐལ་མོ་གན་རྐྱལ་དུ་པང་དུ་གཞག་ལ། དེའི་སྟེང་དུ་གཡས་པ་གཞག་སྟེ་མཐེ་བོང་གི་རྩེ་མོ་གཉིས་སྤྲད་ལ་ཞི་བའི་ལྟ་སྟངས་ཀྱིས་ལྟ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དམ་ཚིག་ཡིན་པར་བཤད་དོ་ཞེས་པ་ནི་གོ་སླ་སྟེ་ལྷ་ལ་སོགས་པའི་མཉམ་པར་གཞག་པའི་རྣལ་འབྱོར་བྱེད་པའི་སྐབས་སུ་ཤེས་པར་བྱའོ། །དེ་ཉིད་ལས་བཟློག་སྟེ་སྟེང་འོག་བསྣོལ་བ་མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྣོལ་ལ་སྙིང་
གར་གཞག་པ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ་ཞེས་པ་ནི་ལག་པ་གཉིས་ལྟོ་སྦྱར་བ་གཡས་པའི་མཐེ་བོང་གཡོན་པའི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་གཞུག །གཡོན་པའི་མཐེ་བོང་གཡས་པའི་སྲིན་ལག་དང་མཐེ་ཆུང་གི་བར་དུ་བཅུག་ལ་སྙིང་གར་གཟུང་བ་སྟེ་དེ་ནི་བསྒྲུབ་པ་ཡོངས་སུ་བརྩམ་པའི་སྐབས་སུ་ཤེས་པར་བྱའོ། །ཐལ་མོ་རྫོགས་པར་བྱས་པ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་བསྙམས་ལ་ལྷག་མ་རྣམས་བརྐྱང་བ་འདི་ནི་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ་ཞེས་པ་ནི་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ཏེ་བཞི་རྩེ་སྤྲད་ལ་བསྙམས་པས་དཀྱིལ་དུ་པདྨའི་སྙིང་པོ་ལྟར་བྱ་ལྷག་མ་རྣམས་པདྨའི་འདབ་མ་ལྟར་བརྐྱང་སྟེ་ལྐོག་མའི་འོག་ཏུ་གཟུང་བར་བྱ་སྟེ། དེ་ནི་དམ་པའི་ཆོས་སྒྲོགས་པའི་སྐབས་སུ་ཤེས་པར་བྱའོ། །དེ་ལ་གང་དག་འདི་སྐད་དུ་ཅིའི་ཕྱིར་དམ་ཚིག་ཅེས་བྱ་ཞེ་ན། དེ་ནི་འདི་ལྟར་བདེ་བར་གཤེགས་པ་རྣམས་ཀྱིས་དང་པོར་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་ན་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་དག་པ་ལས་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་པའི་དམ་བཅའ་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་མཛད་དེ། དེ་ལ་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་དག་པར་བྱེད་པ་ནི། བདེ་བར་གཤེགས་པ་རྣམས་ཀྱིས་གང་དུ་དད་པ་ལས་བྱུང་བའི་ས་བོན་ལ་དེ་ཇི་བཞིན་པའི་དམ་ཚིག་གི་ཆོ་གས་བསྐྱེད་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་བསྙམས་ལ་མཐེ་བོང་དང་མཐེ་ཆུང་གཉིས་བརྐྱང་བ་འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ་ཞེས་པ་ནི་གུང་མོ་གཉིས་ལྟོ་སྦྱར་ལ་བསྒྲེང་སྟེ་མཐེ་བོ་དང་མཐེ་ཆུང་གཉིས་སོ་སོར་བརྐྱང་ནས་ལྔ་རུ་བྱས་པ་སྟེ། དེ་ནི་འཇིག་རྟེན་པའི་དཀྱིལ་འཁོར་མཆོད་པའི་སྐབས་སུ་ཤེས་པར་བྱའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་དེ་བཞིན་དུ་བྱས་ལ་མཛུབ་མོ་གཉིས་དང་སྲིན་ལག་གཉིས་པདྨོ་འདྲ་བར་
བཀུག་ཕ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་ཕྱག་རྒྱའོ། །དེ་ཉིད་ལས་ཞེས་པ་ནི་ཐམས་ཅད་དུ་རྡོ་རྗེ་བསྡམས་པ་ལས་ཞེས་པར་སྦྱར་རོ། །མཐེ་བོང་དང་མཐེའུ་ཆུང་ནི་ཕྱག་ན་རྡོ་རྗེ་ལྟར་བྱས་ལ་གུང་མོའང་དེ་བཞིན་དུ་བྱས་ཏེ། མཛུབ་མོ་དང་སྲིན་ལག་གཉིས་རྩེ་སྤྲད་ལ་པདྨའི་འདབ་མ་ལྟར་བྱ་བ་སྟེ། དེ་ནི་དེ་བཞིན་གཤེགས་པའི་རྩ་བའི་སྔགས་བཟླས་པའི་སྐབས་སུ་ཤེས་པར་བྱའོ། །དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་འདྲ་བར་བྱས་བ་ནི་དབང་བསྐུར་བའི་ཕྱག་རྒྱའོ་ཞེས་པ་ནི་གུང་མོ་དང་མཐེའུ་ཆུང་དག་ནི་སྔ་མ་ལྟར་བྱས་ལ་མཛུབ་མོ་དང་སྲིན་ལག་རྩེ་སྤྲད་དེ་ཚིགས་བར་མ་བཅག་པ་སྟེ། དེ་ནི་སརྦ་བིད་ཀྱི་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱའོ། །མཐེའུ་ཆུང་དང་མཐེ་བོ་སོ་སོར་བསྙམས་ལ་ལྷག་མ་རྣམས་བརྐྱང་བ་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་པའི་ཕྱག་རྒྱའོ་ཞེས་པ་ནི་མཐེ་བོ་དང་མཐེ་ཆུང་བཞི་སོ་སོར་ལྟོ་སྦྱར་ལ་གཞན་མ་རྣམས་ཕན་ཚུན་དུ་བསྣོལ་ནས་འོད་ཟེར་འདྲ་བ་ལྟར་བྱ་བ་སྟེ། དེ་ནི་ངན་སོང་རྣམ་པ་གསུམ་གྱི་སྔགས་བཟླས་པའི་སྐབས་སུ་ཤེས་པར་བྱའོ། །ལག་པ་གཡོན་པས་དེ་བཞིན་དུ་བསྒྱུར་ཞིང་བྱ་བ་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ་ཞེས་པ་ནི་ལག་པ་གཡོན་པའི་མཐེ་བོང་དང་མཐེའུ་ཆུང་གཉིས་ལྟོ་སྦྱར་ལ་སོར་མོ་གསུམ་བརྐྱང་སྟེ། གཡས་ནས་གཡོན་དུ་བསྒྱུར་ཞིང་བྱ་བ་སྟེ། དེ་ནི་མཆོད་པ་ལ་སོགས་པའི་མཚམས་ཐམས་ཅད་དུ་བྱ་ཞིང་གཡས་པས་འཇུ་བར་བྱའོ། །སྙིམ་པ་གཟེད་ལ་གྱེན་དུ་འཐོར་བའི་བདུག་པ་མའི་ཕྱག་རྒྱའོ། །དེ་ནས་འོག་ནས་གྱེན་དུ་འཐོར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་བསྙམས་ནས་མདུན་ན་འཛིན་པ་ནི་མར་མེའི་ཕྱག་རྒྱའོ། །དེ་ཉིད་ལས་དུང་འདྲ་བར་བྱས་པ་ནི་དྲིའི་ཕྱག་རྒྱའོ་ཞེས་པ་ནི་འདི་ལྟར་མཐེ་བོ་དང་མཐེའུ་ཆུང་གཉིས་བསྙམས་ལ་ལྷག་མ་རྣམས་རྩེ་སྦྲད་ཙམ་དུ་བཟུང་ནས་སྤོས་ཁང་གི་ཚུལ་དུ་བྱས་པའོ། །དེ་ཉིད་ལས་སོར་མོ་རྣམས་བརྐྱང་བ་འོག་ནས་གྱེན་དུ་མེ་ཏོག་འཐོར་བའི་ཚུལ་དུ་
བྱས་པ་སྟེ། དེ་ནི་མེ་ཏོག་གི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བསྡམས་པ་ལས་མཐེ་བོང་གཉིས་བསྒྲེང་བ་སྟེ། མདུན་ན་འཛིན་པ་ནི་མར་མེའིའོ། །དུང་འདྲ་བར་ཤེས་པ་ནི་ལག་པ་གཉིས་སྲིན་ལག་དང་མཐེའུ་ཆུང་བཞི་བསྣོལ་ལ་བསྐམས་ཏེ་གུང་མོ་གཉིས་ལྟོ་སྦྱར་ལ་བརྐྱང་ནས་མཐེ་བོང་གཉིས་ཀྱིས་བརྐྱང་བའི་རྩེ་མོ་ལ་མཛུབ་མོ་གཉིས་བཀུག་པའི་རྩེ་མོ་སྤྲད་དེ། དེ་དག་ནི་ཡོངས་སུ་འབྲེལ་པའི་དམ་ཚིག་གོ །དེ་ཉིད་ལས་རབ་ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ། དེ་ཉིད་ལས་གུང་མོ་གཉིས་ནང་དུ་བཀུག་པ་ནི། །ཨརྒྷའི་ཕྱག་རྒྱའོ་ཞེས་པ་ནི་སོར་མོ་རྣམས་སོ་སོར་སྦྱར་ནས་བར་ཕྱེ་སྟེ་བརྐྱང་པ་ནི་གཏོར་མ་གཏོང་བའི་སྐབས་སུ་ཤེས་པར་བྱའོ། །དེ་ནས་མཛུབ་མོ་དང་སྲིན་ལག་དང་མཐེའུ་ཆུང་རྣམས་ངོས་སྦྱར་ལ་རྩེ་སྤྲད་དེ། མཐེ་བོང་གཉིས་མཛུབ་མོའི་ཚིགས་བར་མ་ལ་བརྟེན་ནས་གུང་མོ་གཉིས་མཐེ་བོང་གི་ངལ་མོ་གཉིས་ལ་བཀུག་སྟེ་སྦྱར་བ་སྟེ་དེ་ནི་ཨརྒྷ་དབུལ་བའི་སྐབས་སུ་ཤེས་པར་བྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ། ཚིགས་བཅག་པ་ལ་སོར་མོ་གཞན་བརྐྱང་བ་ནི་རྣམ་པར་འཐོར་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ། །དེ་ཉིད་ལས་འོད་ཟེར་འབར་བ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་སྤྱི་བོར་བསྐོར་བ་ནི་གདུགས་དཀར་པོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་བསྣོལ་ཏེ་མདུད་པ་གྱེན་དུ་བསྐོར་བ་ནི་འཁོར་ལོས་སྒྱུར་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་ལ། མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱས་ཏེ་ལྷག་མ་རྣམས་འོད་ཟེར་འདྲ་བར་བྱས་པ་ནི་རྒྱལ་བ་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་དུ་མཛུབ་མོ་གཉིས་རྡོ་རྗེ་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་པས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །གཡས་པ་མཆོག་སྦྱིན་དུ་བྱས་ལ། གཡོན་པ་མི་འཇིགས་པ་སྦྱིན་པ་ནི་
དེ་བཞིན་གཤེགས་པའི་ཕྱག་རྒྱ་ཡིན་ནོ་ཞེས་པ་ལ་སོགས་པ་ལ། དེ་ལ་དང་པོ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྦྲད་ལ་ཚིགས་བར་མ་བཅག་སྟེ། ལག་པ་གཉིས་ཀྱི་མཐིལ་སྦྱར་ལ་ལྷག་མ་རྣམས་སོ་སོར་བརྐྱང་བའོ། །གཉིས་པ་ནེ་མཐེ་བོང་གིས་མཐེའུ་ཆུང་མནན་ཏེ། ནང་དུ་བཅུག་ལ་གུང་མོ་སྔ་མ་བས་རྒྱ་ཆེ་བར་བྱས་ལ་མཛུབ་མོ་དང་སྲིན་ལག་གཉིས་དེ་ལ་བརྟེན་ཏེ་ལྟོ་སྦྱར་བའོ། །གསུམ་པ་ནི་མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་བསྣོལ་ལ་ནང་དུ་བཅུག་སྟེ། སོར་མོ་དྲུག་ཕན་ཚུན་བསྣོལ་བ་བརྐྱང་བའོ། །བཞི་པ་ནི་མཐེ་བོང་དང་མཐེའུ་ཆུང་སོ་སོར་རྩེ་སྤྲད་ལ་བརྐྱང་སྟེ། སོར་མོ་དྲུག་ཕན་ཚུན་དུ་བསྣོལ་བས་བརྐྱང་ལ་ལག་པ་ཁ་སྦུབ་སྟེ་སྤྱི་བོའི་སྟེང་དུ་བསྐོར་བར་བྱའོ། །ལྔ་པ་ནི་ལག་པ་གཉིས་རྒྱབ་སྤྲད་ལ་མཛུབ་མོ་དང་མཐེའུ་ཆུང་སོ་སོར་མདུང་ཏེ། ལྷག་མ་རྣམས་ཀྱང་དེ་བཞིན་དུ་རྩེ་མོ་བསྣོལ་ལ་མཐེ་བོང་གཉིས་ལག་པ་གཡས་པའི་མཐིལ་དུ་རྩེ་སྤྲད་པས་གྱེན་དུ་བསྐོར་བར་བྱའོ། །དྲུག་པ་ནི་གུང་མོ་གཉིས་ལྟོ་སྦྱར་ལ་བསྒྲེང་སྟེ་རྡོ་རྗེ་རྩེ་གཅིག་པའི་ཚུལ་དུ་བྱས་ནས་མཛུབ་མོ་གཉིས་རྩེ་སྤྲད་ལ་ཚིགས་པར་མ་བཅག་ལ་རིན་པོ་ཆེའི་ཚུལ་དུ་བྱས་ཏེ། ལྷག་མ་རྣམས་བསྣོལ་ཏེ་བརྐྱང་བའོ། །བདུན་པ་ནི་སོར་མོ་རྣམས་བསྣོལ་ཏེ་བསྡམས་ནས་གུང་མོ་གཉིས་ལྟོ་སྦྱར་ནས་བསྒྲེང་བ་སྟེ། བརྒྱད་པ་ནི་གོ་སླབས་མ་བཤད་དོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ། རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའིའོ། །དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་པ་ནི་མདའི་ཕྱག་རྒྱའོ། །དེ་ཉིད་ལས་སླར་བཀུག་སྟེ་མཐེ་བོང་གི་རྩེ་མོ་གཉིས་རྩེ་སྤྲད་པ་ནི། བློ་གྲོས་ལེགས་པའིའོ། །དེ་ཉིད་ལས་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའིའོ། །དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་འདྲ་བར་བྱས་པ་དེ་གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་གཞག་པ་ནི་མེ་ཏོག་གིའོ། །དེ་ཉིད་ལས་མདུན་དུ་
གཞག་པ་ནི་བཞད་པའིའོ། །དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ནི་པདྨའིའོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པ་ནི་རལ་གྲིའིའོ། །དེ་ཉིད་ལས་གདུགས་འདྲ་བར་བྱས་པ་ནི་འཁོར་ལོའིའོ། །དེ་ཉིད་ལས་པདྨའི་འདབ་མ་འདྲ་བར་བྱས་པ་ནི་ལྕེའིའོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་བསྐྱེད་པ་ནི་རྒྱ་གྲམ་གྱིའོ། །དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ནི་བསྲུང་བའིའོ། །དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དེ་ཉིད་ལས་དམ་དུ་བཀུག་པ་ནི་བསྡམས་པའིའོ་ཞེས་པ་ལ་སོགས་པ་ལ། དེ་ལ་དང་པོ་ནི་སོར་མོ་རྣམས་བསྣོལ་ཏེ་དམ་པར་བསྡམས་པ་ལས་མཛུབ་མོ་གཉིས་ལྟོ་སྦྱར་ཏེ་བསྒྲེང་བའོ། །གཉིས་པ་ནི་ཐམས་ཅད་བསྡམས་པ་ལས་མཛུབ་མོ་གཡས་པ་ཕྱུང་སྟེ་བཀུག་པའོ། །གསུམ་པ་ནི་གོང་མའི་ཚུལ་ལས་མཛུབ་མོ་གཉིས་རྩེ་སྤྲད་དེ་ཚིགས་གཉིས་ཡིང་ཙམ་རྒུ་བའོ། །བཞི་པ་ནི་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་ལ་མཛུབ་མོ་གཉིས་ཀྱི་སེན་མོ་དང་ཚིགས་དང་པོ་སྤྲད་ལ་མཐེ་བོང་གི་རྩེ་མོ་ནས་མནན་ནས་གྲུ་བཞི་པའི་ཚུལ་དུ་བྱས་བའོ། །ལྔ་པ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ཀྱི་ཚིགས་བར་མ་བཅག་པའོ། །དྲུག་པ་ནི་སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ནས་བརྐྱང་བའོ། །བདུན་པ་ནི་སོར་མོ་རྣམས་བསྡམས་པ་ལས་གུང་མོ་གཉིས་ཀ་རྩེ་སྤྲད་དེ་ཚིགས་གཉིས་ཡིད་ཙམ་རྒུར་བར་བྱས་ནས་སྤྱི་བོར་གཞག་པའོ། །བརྒྱད་པ་ནི་གུང་མོ་གཉིས་བསྒྲེང་ནས་བཀྱེད་དེ་ཁའི་ཐད་ཀར་གཞག་གོ །དགུ་པ་ནི་སྲིན་ལག་གཉིས་རྩེ་སྤྲད་ལ་ཚིགས་དང་པོ་དང་བར་མ་གཉིས་རྒུར་བར་བྱས་ཏེ་བརྟན་པོར་གཟུང་བའོ། །བཅུ་པ་ནི་སྲིན་ལག་རྩེ་སྤྲད་ལ་ཚིགས་དང་པོ་བཅག་པ་ལྟོ་སྦྱར་བའོ། །བཅུ་གཅིག་པ་ནི་མཐེ་བོང་གཉིས་རྩེ་སྤྲད་ནས་སྟེང་དུ་བརྐྱང་ལ་གཡོན་པ་བཀུག་པ་དེ་མཛུབ་མོ་གཉིས་རྩེ་སྤྲད་ནས་ཟླུམ་པོར་བྱས་པའོ། །བཅུ་གཉིས་པ་ནི་སྲིན་ལག་གི་རྩེ་མོ་གཉིས་རྩེ་སྤྲད་ནས་ཚིགས་གཉིས་ཡིད་ཙམ་རྒུ་བར་བྱས་པའོ། །བཅུ་གསུམ་པ་ནི་གུང་མོ་གཉིས་ལྟོ་སྦྱར་ཏེ་བསྒྲེང་ལ་མཛུབ་མོ་གཉིས་སྣ་ཚོགས་རྡོ་རྗེའི་
ཚུལ་དུ་སྣ་བཀྱེད་ལ་གཟུང་བར་བྱས་པའོ། །བཅུ་བཞི་པ་ནི་གུང་མོ་གཉིས་རྩེ་སྤྲད་པ་བསྒྲེང་སྟེ་མཐོ་བོ་གཉིས་རྩེ་སྤྲད་ལ་བསྒྲེང་ནས་ཤིན་ཏུ་བསྐྱེད་པའོ། །བཅོ་ལྔ་པ་ནི་མཛུབ་མོ་གཉིས་རྩེ་མོ་རྒུ་བར་བྱས་ལ་མཐེ་བོང་གཤིབས་པའོ།། བཅུ་དྲུག་པ་ནི་མཐེ་བོང་དང་མཐེ་ཆུང་གཉིས་ནང་དུ་བཅུག་ལ་ལྷག་མ་རྣམས་ཕན་ཚུན་དུ་བསྣོལ་ཏེ་དམ་དུ་བསྡམས་པའོ། །ཁུ་ཚུར་ལས་མཐེ་བོང་བསྒྲེང་བ་ནི་སྒེག་མོའིའོ། །དེ་ཉིད་ལས་བསྐྱེད་པ་ནི་ཕྲེང་བ་མའིའོ། །དེ་ཉིད་ལས་སོར་མོ་རྣམས་བརྐྱང་བ་ནི་གླུ་མཁན་མའིའོ། །དེ་ཉིད་ལས་བསྐོར་ནས་བསྐྱོད་པ་ནི་གར་མཁན་མའིའོ། །བསྡམས་པ་དེ་ཉིད་མདུན་དུ་གཞུག་ལ་མཛུབ་མོ་བསྒྲེང་བ་ནི་བདུག་པ་མའིའོ། །དེ་ཉིད་གྱེན་དུ་བསྐྱེད་པ་ནི་མེ་ཏོག་མའིའོ། །མདུན་དུ་མཐེ་བོང་གཉིས་བསྒྲེང་ནས་བསྐོར་བ་ནི་མར་མེ་མའིའོ། །བྱུག་པ་ལྟར་བྱས་པ་ནི་དྲི་ཆབ་མའིའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའོ། །དེ་ཉིད་ལས་རྩེ་མོ་གཉིས་སྤྲད་པ་ནི་ཞགས་པའིའོ། །དེ་ཉིད་ལ་གཅིག་ཏུ་མདུད་པ་ནི་ལྕགས་སྒྲོག་གོ །དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའིའོ་ཞེས་པ་ལ་སོགས་པ་ནི་དེ་ལ་དང་པོ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ཏེ་བསྒྲེང་བའོ། །གཉིས་པ་ནི་དེ་ཉིད་ལས་མཐེ་བོང་གཉིས་ཕྱིར་བསྐྱེད་པའོ། །གསུམ་པ་ནི་ལག་པ་གཉིས་ཀྱི་སོར་མོ་རྣམས་བསྣོལ་ཏེ་བརྐྱང་ནས་བརྟན་པོར་གཟུང་བའོ། །བཞི་པ་ནི་དེ་ལས་ཡང་ནས་ཡང་དུ་བསྐྱོད་པའོ། །ལྔ་པ་ནི་སོར་མོ་རྣམས་བསྡམས་པ་ལས་གཡས་པའི་མཛུབ་མོ་བསྒྲེང་ནས་སྦོས་ཀྱི་རེང་བུའི་ཚུལ་དུ་བྱས་པའོ། །དྲུག་པ་ནི་དེ་ཉིད་ལས་བསྐྱེད་ལ་མེ་ཏོག་འཐོར་བའི་ཚུལ་དུ་བྱས་པའོ། །བདུན་པ་ནི་སོར་མོ་རྣམས་བསྡམས་པ་ལས་གཡོན་པའི་མཐེ་བོང་ དང་མཛུབ་མོ་གཉིས་རྩེ་སྤྲད་དེ་ཀོང་བུའི་ཚུལ ་དུ་བྱས་ནས་གཡས་པའི་མཐེ་བོང་མར་མེའི་སྡོང་བུའི་ ཚུལ་དུ་བྱས་པ་དེའི་དཀྱིལ་ནས་དེའི་སྟེང་དུ་དང ་པོར་བསྒྲེང་བའོ། །བརྒྱད་པ་ནི་དེ་ཉིད་ལས་བརྐྱང་བ་ནི་ཐུགས་ཀར་དྲི་འབྱུང་
བའི་ཚུལ་དུ་བྱས་པའོ། །དགུ་པ་ནི་མཛུབ་མོ་གཉིས་བཀུག་པའོ། །བཅུ་པ་ནི་དེ་ཉིད་ལས་གཡོན་པའི་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་པའོ། །བཅུ་གཅིག་པ་ནི་དེ་ཉིད་ལས་གཡས་པའི་མཐེ་བོང་དང་མཛུབ་མོ་སྦྱར་བའོ། །བཅུ་གཉིས་པ་ནི་མཛུབ་མོ་གཉིས་ཀྱི་སེན་མོ་རྩེ་སྤྲད་དེ་བཀུག་ནས་མཐེ་བོང་གཉིས་ནང་དུ་བཀུག་སྟེ་ཡང་ནས་ཡང་དུ་བསྐྱོད་པ་སྟེ། དེ་དག་ནི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་ཐུགས་ལས་སྐུ་གསུང་གི་ལས་མཚོན་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་འབའ་ཞིག་ཏུ་གསུངས་ལ། ལས་ནི་གར་ལས་བྱུང་བ་དང༌། ཆོས་དང་ཕྱག་རྒྱ་ཆེན་པོ་ནི་གཞན་དུ་བསྟན་པ་ལས་ཤེས་པར་བྱའོ། །སྐུ་གཟུགས་ཀྱི་ཆོ་ག་ཡང་འདིར་དེ་བཞིན་དུ་ཤེས་པར་བྱ་སྟེ། ཅུང་ཟད་དུ་ན་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་བྲིའོ། །ཡང་ན་སྐུ་གཟུགས་ནི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་མེ་ཏོག་ལ་སོགས་པས་མཆོད་དེ་དེའི་སྤྱན་སྔར་འབུམ་ཙམ་ཞིག་སྔར་བསྙེན་པ་བྱས་ནས་ལས་ཐམས་ཅད་བྱའོ་ཞེས་གསུངས་པ་ནི་འདི་ལྟར་རས་བལ་གསར་པ་ལ་ག་པུར་ལ་སོགས་པས་བཏབ་ནས་སྔགས་ཉི་ཤུ་རྩ་གཅིག་པོས་ལན་གྲངས་བརྒྱ་རྩ་བརྒྱད་དུ་བཏབ་སྟེ། ཐ་མ་བསྙེན་གནས་ལ་གནས་པས་རས་ཞེང་དུ་ཁྲུ་ཕྱེད་དང་གཉིས་པ་ཆུར་ཁྲུ་དོ་པ་བཏགས་ནས་རི་མོ་མཁན་བསྙེན་གནས་ལ་གནས་པར་བྱས་ལ་མཆོད་པའི་ཚོགས་ཀྱིས་མཆོད་ཅིང་བྲི་བར་བྱ་བ་ནི་དེ་བཞིན་དུ་ཞེས་པ་སྟེ། དེ་ལ་དེ་བཞིན་དུ་ཞེས་པ་ནི་སྔར་གསུངས་པའི་ལྷ་དེ་བཞིན་དུ་ཞེས་པའི་དོན་ཏོ། །དེ་ནི་འདི་ལྟར་ལུགས་གསུམ་དུ་བཤད་དོ། །དེ་ལ་ལུགས་གཅིག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གོང་དུ་གསུངས་པའི་ཆ་ལུགས་ཀྱིས་དབུས་སུ་བྲིས་ལ། དེའི་གཡས་ཕྱོགས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྲིའོ། །གཡོན་ཕྱོགས་སུ་ནི་རྒྱལ་བའི་གཙུག་ཏོར་བྲིའོ། །དེའི་འོག་ཏུ་དབུས་སུ་ནི་འཁོར་ལོས་སྒྱུར་བ་བྲིའོ། །གཡས་ཕྱོགས་སུ་ནི་རྣམ་པར་རྒྱལ་བ་བྲིའོ། །གཡོན་ཕྱོགས་སུ་ནི་གཟི་བརྗིད་ཕུང་པོ་བྲིའོ། །དེའི་
འོག་ཏུ་དབུས་སུ་ནི་གདུགས་དཀར་པོ་ཅན་བྲིའོ། །གཡས་ཕྱོགས་སུ་རྣམ་པར་འཐོར་བ་བྲིའོ། །གཡོན་ཕྱོགས་སུ་རྣམ་པར་འཇོམས་པ་བྲིའོ། །དེའི་སྟེང་གི་མཐའ་ལོགས་གཉིས་སུ་བདུག་པ་མ་དང་མེ་ཏོག་མ་བྲིའོ། །འོག་གི་མཐའ་ལོགས་སུ་ནི་སྣང་བ་མ་དང་དྲི་ཆབ་མ་བྲིའོ། ལྷ་དེ་དག་ཐམས་ཅད་ཀྱང་རང་རང་གི་ཕྱག་མཚན་དང་སྐུ་མདོག་དང་ལྡན་པ་བྲིའོ། །དེའི་འོག་ཏུ་ཆུ་བོ་དང་བྱ་དང་ཉ་དང་སྦལ་པ་དང་མེ་ཏོག་དང་ཤིང་ལ་སོགས་པ་བྲིའོ། །དེའི་འོག་ཏུ་མེ་ཏོག་དང་སྤོས་དང་མར་མེ་དང༌། དྲི་དང་ཞལ་ཟས་དང་རྔ་མ་དང་མེ་ཏོག་གི་ཕྲེང་བ་དང་བུམ་པ་དང་མེ་ལོང་ལ་སོགས་པ་བྲིའོ། །དེའི་མཐའ་ལོགས་སུ་སྒྲུབ་པ་པོ་ཐལ་མོ་སྦྱར་ནས་སྟེང་ཕྱོགས་སུ་མིག་ལྟ་བ་བྲི་བར་བྱའོ། །ཡང་ན་ཅུང་ཟད་དུ་ནི་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་བྲི་བར་གསུངས་པ་ནི་འདི་ལྟར་སྔམ་ལྟ་བུའི་རས་ལ་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་སྔར་མོས་པའི་ཆ་ལུགས་དང་ཁ་དོག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྲིས་ལ་དེའི་དབུའི་གཙུག་ཏོར་ནས་པདྨ་འདབ་མ་དྲུག་བ་ཅིག་སྡོང་པོ་དང་བཅས་པར་བྲིའོ། །དེའི་འདབ་མ་དྲུག་ལ་གཙུག་ཏོར་དྲུག་བཀོད་ལ་སྟེང་གི་སྙིང་པོ་ལ་ནི་གཅིག་བྲིས་ཏེ་མཆོད་པའི་ཡོ་བྱད་ལ་སོགས་པ་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །ཡང་ན་སྐུ་གཟུགས་ནི་སྔར་གསུངས་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བར་གསུངས་པས་དེ་བཞིན་དུ་བྲི་བར་བྱའོ། །དེ་ནས་བདག་ཉིད་ཀྱིས་རབ་ཏུ་གནས་པ་དང་སྦྱན་དབྱེ་བའི་ཆོ་ག་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པའི་ཚོགས་རྒྱ་ཆེན་པོས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་ཡར་གྱི་ངོའི་ཚེས་གཅིག་ནས་ཟུག་ནས་ཟླ་བ་ཉའི་བར་དུའམ། དེས་ཀྱང་མ་ཐོན་ན་གནམ་སྟོང་གི་བར་དུའམ་དེས་ཀྱང་མ་ཐོན་ན་ཡང་ཉའི་བར་དུ་བདེ་བར་གཤེགས་པ་རྣམས་ཀྱི་སྙིང་པོ་དགུ་པ་རེ་རེ་ལ་འབུམ་འབུམ་དུ་ཚང་བར་
གནས་དབེན་པར་བཟླས་ཤིང་མཆོད་པ་ལ་སོགས་བའང་སྔ་མ་བཞིན་དུ་ཡང་དག་པར་བྱ་བ་ཉིད་དོ། །དེ་ནས་དཀྱིལ་འཁོར་གྱི་སྟེགས་བུའི་རྩིབས་ལ་དྲིའི་ཐིག་ལེ་བཀོད་དེ་མཆོད་པའི་ཚོགས་ཀྱིས་མཆོད་ཅིང་སྟོང་དུ་བཟླས་པར་བྱའོ། །དེ་ནས་རང་ཉིད་རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་བྱང་ཆུབ་པ་ལྔས་ལྷའི་དཀྱིལ་འཁོར་དུ་བསྐྱེད་ལ། བདེ་བ་ཆེན་པོའི་མཆོད་པས་ཡང་དག་པར་མཆོད་ཅིང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྔགས་བཟླས་པར་བྱའོ། །དེ་ནས་རྟགས་ལ་སོགས་པ་མཐོང་བ་དང༌། དཀྱིལ་འཁོར་སྔ་མ་བཞིན་དུ་བསམས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ་ཟླ་བ་ཉའི་ནུབ་མོ་སྲོད་ཀྱི་ཆ་དང་པོ་ནས་གཟུང་སྟེ་སྐྱ་རེངས་ཤར་གྱི་བར་དུ་བདེ་བར་གཤེགས་པའི་སྙིང་པོ་ཡོངས་སུ་བཟླས་པར་བྱའོ། །དེ་ནས་དངོས་གྲུབ་ལ་སོགས་པ་བྱུང་བ་དང་རྣམ་བར་རྟོག་པ་མེད་པའི་སེམས་ཀྱིས་བསྲུང་བ་ལ་སོགས་པ་བྱས་ལ་བདག་གི་བླ་མ་དང་དཀོན་མཆོག་གསུམ་ལ་སྐལ་བ་བཅད་ལ་རང་ཉིད་ཀྱི་ཆགས་པ་མེད་པའི་བསམ་བས་ཡང་དག་པར་ལོངས་སྦྱད་པར་བྱ་བ་ཁོ་ན་སྟེ། དེ་ནི་དག་པ་དོན་གྱི་སྒྲུབ་པ་ཞེས་བྱའོ། །དེ་ནས་མཉམ་པར་གཞག་པའི་རྣལ་འབྱོར་ནི་འདི་ལྟ་སྟེ། སྙིང་གར་ཙ་ལས་བསྐྱེད་པ་ཡི། །ཟུར་བརྒྱད་པ་ལ་ཤིང་རྟའི་དབྱིབས། །གསེར་གྱི་མདོག་ལྡན་འོད་དང་བཅས། །ཡིད་ཀྱི་མུན་པ་སེལ་མཛད་གཏེར། །སྒོ་དགུ་ནས་ནི་རྣམ་པར་རྒྱུ། །ལུས་ཅན་རྣམས་ནི་གང་ལ་ཡང༌། །ཧཱུཾ་ཞེས་བྱ་བ་རྡོ་རྗེ་འཛིན། །རྟག་པར་དབང་བོའི་ཕྱོགས་སུ་གནས། །དེ་ནི་ཧཱུཾ་དུ་རབ་བསྒྱུར་ནས། །སྙིང་པོ་ལ་ནི་རབ་ཏུ་གནས། །ཡང་ནི་ཧཱུཾ་གི་བདག་ཉིད་ཅན། །མདུན་ཕྱོགས་སུ་ནི་རབ་ཏུ་བཞུགས། །སྭ་ཞེས་བྱ་བ་གཡས་ཕྱོགས་ཏེ། །ཧྲི་ཞེས་བྱ་བ་རྒྱབ་ཏུ་གཞག །ཨ་ཞེས་བྱ་བ་གཡོན་ཕྱོགས་གནས། །བྷྲཱུཾ་ཞེས་བྱ་བ་དེ་གཉིས་པར། །ཀྲུཾ་ཞེས་བྱ་བ་བཞག་ནས་ནི། །ཧཱུཾ་དང་ཏྲ་གཉིས་གྲོགས་དང་བཅས། །སྐུ་ཡི་བདག་ཉིད་ལུས་ཀུན་ལ། །ཡེ་ཤེས་ཆེན་པོ་ཡོངས་སུ་ཁྱབ། །ཡེ་ཤེས་ལྔ་ཡི་བདག་ཉིད་ལས། །ལོངས་
སྤྱོད་རྫོགས་པའི་ཆ་ལུགས་ཅན། །འཇིག་རྟེན་འདི་དང་གཞན་དག་གོ །འདོད་པའི་ཡོན་ཏན་མདོན་དགའ་བས། །མཆོད་བའི་ཚོགས་ནི་མ་ལུས་གསོལ། །སྡིག་བཤགས་ལ་སོགས་བདེ་གཤེགས་ནི། །ཉིད་ལ་ཉིད་ནི་རྣམ་པར་བརྩོན། །ལུས་ཀྱི་བདེ་མཆོག་བླ་ན་མེད། །དམ་པའི་ཆོས་ནི་མ་ལུས་གསུངས། །འགྲོ་དོན་བརྩོན་པས་བཞེས་ནས་ནི། །སྒོ་དགུ་ནས་ནི་རང་བྱུང་ནས། །ས་དགུ་རུ་ནི་ཡང་དག་གཤེགས། །སེམས་ཅན་ཞིང་ནི་སྡུག་བསྔལ་བ། །ལས་དང་དམ་ཚིག་ཆོས་ཕྱག་རྒྱ། །ཕྱག་རྒྱ་ཆེན་པོས་དག་མཛད་དེ། །ཏིལ་གྱི་གོང་བུ་བཞིན་དུ་ནི། །སྐུ་ལ་ཡོངས་སུ་རྫོགས་མཛད་ནས། །དང་པོའི་ལམ་ནས་ཡོངས་ཞུགས་ཏེ། །གཞལ་ཡས་ཁང་དུ་བརྟན་པར་བཞུགས། །མཆོད་པའི་ཚོགས་ནི་རབ་བགྱིས་ཏེ། །ཀུན་དུ་འོད་ནི་རྣམ་པར་གསལ། །རིམ་པའི་རྗེས་ལ་གཤེགས་ནས་ནི། །སྐུ་གསུང་ཐུགས་ནི་མངོན་པར་བསྡུས། །ཤེས་རབ་ཕ་རོལ་ཕྱིན་ཞེས་པ། །རྣམ་པར་རྟོག་བྲལ་ཆོས་ཀྱི་སྐུ། །དྲི་མེད་འོད་གསལ་སྟོན་ཀ་ཡི། །ཟླ་འདྲ་བས་ནི་ཡོངས་སུ་གང༌། །སྤྲིན་དང་ཆུ་བོའི་རྒྱུན་ལྟ་བུར། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེས་ནི་སྡིག་པའི་ཚོགས་རྣམས་ནི། །ཟླ་བ་མར་གྱི་ངོ་བཞིན་བྲི། །ཤེས་རབ་ཡེ་ཤེས་ཡོན་ཏན་ཚོགས། །ཟླ་བ་ཡར་གྱི་ངོ་ལྟར་འཕེལ། །དེ་ནས་མཉམ་ལས་ལངས་པ་དང༌། །གནས་རྣམ་དགུ་རུ་ལྷ་ཡི་ནི། །སྐུས་ནི་བྱིན་གྱིས་བརླབ་བྱས་ནས། །མི་འཇིགས་སེང་གེ་བཞིན་དུ་སྤྱོད། །དེ་ལྟར་རྟག་ཏུ་རབ་བསྒོམས་ན། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་འབྲུག་སྒྲ་ཆེན་པོའི་བརྟག་པ་ལས་གསུངས་པས་ན། དེ་བཞིན་གཤེགས་པ་ཡང་དག་པར་བསྒོམ་པར་བྱ་སྟེ། །དེ་དག་ནི་སྒོ་དགུ་བྱིན་གྱིས་བརླབས་པ་ཞེས་བྱའོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་ཀྱི་རྣམ་པར་སྨིན་པ་གང་གིས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་དེ་དམྱལ་བ་ལ་
སོགས་པའི་སྡུག་བསྔལ་གྱི་དབང་དུ་གྱུར་ལགས་པ་བཅོམ་ལྡན་འདས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ་ཞེས་པ་ནི། འདི་ལྟར་སྐབས་འདིར་ལྷའི་དབང་པོ་ལ་སོགས་པས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་སྡུག་བསྔལ་གྱི་རྒྱུ་འདྲི་བ་སྟེ། དེ་ཡང་རྩ་བའི་རྒྱུད་དུ་ནི་ལྷའི་བུ་སེམས་ཅན་དམྱལ་བའི་གནས་སུ་སོང་བའི་གླེང་བསླང་ངོ༌། །རྒྱུད་ཕྱི་མར་ནི་སྡུག་བསྔལ་ནས་བཏོན་ནས་བདེ་བའི་ལམ་ལ་བཀོད་དོ། །འདི་ནི་དེ་དག་གི་བཤད་པའི་རྒྱུད་ཡིན་པའི་ཕྱིར་དེའི་ཕྱག་རྒྱ་དང་སྔགས་དང་སྙིང་པོ་དང་ས་བོན་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་འཆད་པའི་སྐབས་ཡིན་པའི་ཕྱིར་ལྷའི་དབང་པོ་ལ་སོགས་པ་སྐབས་འདི་ཁོ་ནར་ཞུས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱི་རླབས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི་གུས་པ་ཡང་དག་པར་བསྐྱེད་པའི་ཚིག་སྟེ། དེ་ལ་བྱིན་གྱི་རླབས་ནི་འདིར་སྒྲའི་དབྱིངས་ཀྱིས་དང་པོ་ནས་གནས་པ་ཞེས་བྱ་བ་སྟེ། དེ་ནི་རྣམ་པ་གསུམ་སྟེ། ནུས་པའི་བྱིན་གྱི་རླབས་དང་ལས་སུ་བྱ་བའི་བྱིན་གྱི་རླབས་དང་རང་གི་ངོ་བོ་བྱིན་གྱི་རླབས་སོ། །དེ་ལ་ནུས་པ་བྱིན་གྱི་རླབས་ནི། །རྒྱལ་པོ་ལ་སོགས་པའི་དྲིན་ནོ། །ལས་སུ་བྱ་བ་བྱིན་གྱི་རླབས་ནི་རྐྱེན་གློ་བུར་པས་བསྐྱེད་པ་སྟེ། དེ་དག་ལྟ་བུའི་བྱིན་གྱི་རླབས་ནི་འདི་མ་ཡིན་ཞིང་འདི་ནི་རང་གི་ངོ་བོའི་བྱིན་གྱི་རླབས་ཞེས་བྱ་སྟེ། དབྱེར་མེད་པ་ལས་ཡོངས་སུ་བྱུང་བ་ཡིན་ཞིང་དམ་པའི་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བར་འགྲེལ་ཏོ། །ལྷའི་དབང་པོ་ཉོན་ཅིག །འདི་ནི་སྔོན་གྱི་སྒྲིབ་པ་ལས་ཡང་དག་པར་གྱུར་པ་ཡིན་ཏེ། འདི་ལྟར་འཛམ་བུ་གླིང་འདི་ཉིད་ནི་སྔོན་མཐའ་འཁོབ་ཏུ་གཏོགས་པའི་རྒྱལ་པོ་ཟླ་བའི་ཏོག་ཅེས་བྱ་བའི་བུ་ལུས་མི་སྡུག་པ་ཞེས་བྱ་བ་ཞིག་ཡོད་དོ། །དེ་མི་ཤེས་པའི་དབང་གིས་མི་དགེ་བའི་བཤེས་གཉེན་ལ་བརྟེན་པས་རྒྱལ་སྲིད་འདོད་པའི་ཕྱིར་རང་གི་ཕ་འཚོ་བ་དང་
ཕྲལ་བར་གྱུར་པ་དང་ཕ་མྱ་ངན་གྱིས་གཟིར་བས་དེའི་མའང་དུས་ལས་འདས་སོ། །ལན་ཅིག་ཇི་ཞིག་གི་རྐྱེན་གྱིས་ནགས་ཚལ་སྡུག་པ་གཞན་ཞིག་ཏུ་རྩེ་ཞིང་དགའ་བའི་ཕྱིར་ཉེ་བར་འོང་བ་དང༌། དེ་ན་ཡང་དྲང་སྲོང་དོགས་པ་མེད་པ་ཞེས་བྱ་བ་ཞིག་གནས་ཏེ། དེ་མཐོང་བ་དང་རྒྱལ་བོ་ཤིན་ཏུ་ངོ་མཚར་སྐྱེས་ནས་ཀྱེ་མ་སེང་གེ་དང་སྟག་དང་རི་དགས་དང་ཕག་རྒོད་དང་བ་ལང་དང་མ་ཧེ་ལ་སོགས་པ་དང་སྦྲུལ་དང་སྲེ་མོ་དང་སྦྲང་བུ་དང་སྦྲང་བུ་མཆུ་རིང་དང་སྦྲུལ་གདུག་པ་རྣམས་ཀྱིས་འཚེ་བ་དང་བཟའ་བ་དང་བཏུང་བ་དང་བགོ་བ་དང་ལོངས་སྤྱོད་རྣམས་དང་རྣམ་པར་བྲལ་བ་རླུང་དང་གྲང་བས་ཡོངས་སུ་གདུངས་ཤིང་འཚེ་བ་འདི་ནི་བདག་ཉིད་ཆེན་པོ་འདི་གནས་སོ་སྙམ་པར་སེམས་ཅིང་རྣམ་པར་བརྟགས་ནས། དེའི་དྲུང་དུ་ཉེ་བར་སོང་སྟེ་ཕྱིན་པ་དང༌། དེ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཅིའི་ཕྱིར་རླུང་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་གྱིས་བདག་ཉིད་ལ་གནོད་པར་བྱེད་དྲང་སྲོང་གིས་སྨྲས་པ། སྐྱེས་བུ་ཆེན་པོ་བསྐལ་བ་བརྒྱ་ཕྲག་དུ་མར་ཉོན་མོངས་པའི་སྡུག་བསྔལ་མྱོང་བར་གྱུར་པས་སྡུག་བསྔལ་གྱི་ཁུར་ཅུང་ཟད་ཙམ་ཅིག་བླངས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་སྡུག་བསྔལ་མ་ཡིན་གྱི་སངས་རྒྱས་དང་ཚེས་དང་དགེ་འདུན་ཡོངས་སུ་མི་ཤེས་པས་སྐད་ཅིག་ཙམ་མམ་ཡུད་ཙམ་ཞིག་གི་ཡུལ་གྱི་བདེ་བ་རྗེས་སུ་མྱོང་བར་འདོད་པའི་ཕྱིར་ཕ་མ་ལ་སོགས་པའང་གསོད་པར་འདོད་པར་འགྱུར་ན། སྲོག་ཆགས་གཞན་ལྟ་ཅི་སྨོས་ཏེ། དེ་དག་ལ་སོགས་པའི་སྡིག་པའི་ལས་བྱས་པ་ལས་བསྐལ་བ་བརྒྱ་སྟོང་ཕྲག་དུ་མ་མཐར་ཐུག་པ་མེད་པར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་ཆེན་པོ་རྗེས་སུ་མྱོང་བར་འགྱུར་བ་ནི་ཤིན་ཏུ་སྡུག་བསྔལ་བའོ་ཞེས་སྨྲས་སོ། །དེ་ནས་དྲང་སྲོང་གིས་སྨྲས་པའི་ཚིག་དེ་ཐོས་པ་དང་ཤིན་ཏུ་འཇིགས་སྐྲག་སྐྱོ་སྟེ་སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ནས་འདི་སྐད་ཅེས་སྨྲས་སོ། །དཀའ་ཐུབ་ཆེན་པོ་སངས་རྒྱས་དང་
ཆོས་དང་དགེ་འདུན་ཞེས་བྱ་བ་དེ་ཅི་ཞིག་དེའི་རང་བཞིན་ནི་ཇི་ལྟ་བུ་ཞིག་ཡིན་པ་སྨྲོས་ཤིག་དང༌། དེ་ལ་ཁོ་བོ་སྐྱབས་སུ་མཆིའོ། །ཡང་ཕ་མ་ལ་གཙེས་པ་དང་སྲོག་ཆགས་རྣམས་ཀྱིས་སྲོག་བཅད་ན་སྡིག་པའི་འབྲས་བུ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར་སངས་རྒྱས་དང་ཆོས་དང་དགེ་འདུན་ཡོངས་སུ་ཤེས་པ་ནི་བསོད་ནམས་ཇི་ལྟ་བུ་ཞིག་ཐོབ། ཕ་མ་བསད་པ་དང་སྲོག་ཆགས་རྣམས་བསད་པ་ན། རྣམ་པར་སྨིན་པའི་འབྲས་བུ་ཅི་འདྲ་བ་ཞིག་ཐོབ། འདོད་པའི་ལོངས་སྤྱོད་སྤངས་ན་བསོད་ནམས་དང་འབྲས་བུ་ཅི་འདྲ་བ་ཞིག་ཐོབ་པ་བདག་ལ་སྨྲོས་ཤིག་སྨྲས་པ་དང༌། དེ་ནས་དྲང་སྲོང་ཆེན་པོ་དེས་འདི་སྐད་ཅེས་སྨྲས་སོ། །ཅི་སྟེ་སེམས་ཅན་ཆེན་པོ་ཁྱོད། །ད་ཡི་ཚིག་འདི་ཉན་འདོད་ན། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལ། །གུས་པར་ཉོན་དང་བཤད་པར་བྱ། །དེ་བཞིན་བགྱི་ཞེས་བསྐུལ་བ་ནི། །ཅི་ཡོད་པས་ནི་མཆོད་བྱས་ནས། །སངས་རྒྱས་སྤྱོད་ཡུལ་སངས་རྒྱས་ཀྱི། །ཟབ་མོའི་ཆོས་ནི་ཉན་པར་འགྱུར། །སངས་རྒྱས་ཆོས་དང་ཚོགས་དག་པ། །ཐོས་ནས་ཀྱང་ནི་སྐྱབས་སུ་སོང༌། །སངས་རྒྱས་རྣམས་ཀྱི་སྒྲིབ་མེད་ཆོས། །རྒྱལ་པོས་ཐོས་ན་དགའ་བར་འགྱུར། །ཡི་དགས་བྱོལ་སོང་དམྱལ་བ་རྣམས། །སྡིག་པ་ཀུན་གྱི་འབྲས་བུ་སྟེ། །དེར་གནས་པ་དང་གླད་འགེམས་དང༌། །གསོད་ཅིང་ཤིན་ཏུ་མི་བཟད་པ། །ཕ་མ་གཙེས་པའི་རྒྱུ་ལས་བྱུང༌། །བསྐལ་པ་དུ་མར་རབ་སྡུག་བསྔལ། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །མགོན་མེད་སྐྱབས་ཀྱང་མེད་པ་སྟེ། །ཐོས་ནས་མྱ་ངན་ཟུག་རྔུ་ཡིས། །རང་གི་ཡིད་ལ་གཅགས་གྱུར་ནས། །ཇི་ལྟར་རླུང་གིས་མར་མེ་བཞིན། །དེ་ཉིད་དུ་ནི་དུས་ལས་འདས། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །དགའ་དང་ལྡན་པའི་ལྷར་སྐྱེས་ནས། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡིས། །བློན་པོ་གཟུགས་དང་ལྡན་པ་ལ། །ལྷ་རྣམས་ཀུན་དང་ཡིད་མཐུན་ཞིང༌། །རབ་དགའ་བདེ་དང་ལྡན་པར་སྐྱེས། །བདེ་བའི་བདེ་མཆོག་མྱོང་འགྱུར་ནས། །ངན་སོང་གསུམ་དུ་འང་ལྷུང་བར་འགྱུར། །ཞེས་པ་ལ་སོགས་
པ་ནི་དེ་བཞིན་དུ་ཡིན་ཞིང་གོ་སླ་བའི་ཕྱིར་མ་བཤད་དོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བསྟན་བ་དང༌། མཚམས་མེད་པའི་ལས་ཀྱི་འབྲས་བུ་བསྟན་པ་དང༌། །འགྱོད་པ་དང་བཅས་པའི་དགེ་བའི་སེམས་ཀྱི་ཕན་ཡོན་བསྟན་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་ད་ལྟར་ལྷ་དབང་པོ། །ཁྱོད་ཀྱི་ཐུགས་ཀྱང་དེ་ཉིད་ཀྱི། །ཡིད་ལ་གཅགས་པས་གསོལ་བཏབ་པ། །དགའ་ལྡན་གནས་ནི་དགའ་བའི་མཆོག །བདེ་མང་ཀུན་གྱི་གནས་སུ་སྐྱེ། །ཞེས་པ་ནི་འདིར་དམ་པའི་ཆོས་ཀྱི་འབྲས་བུ་ཡོངས་སུ་གསུངས་པ་སྟེ། དེ་ལ། དེ་ནས་ད་ལྟར་ལྷ་དབང་པོ། །ཞེས་པ་ལ། དེ་ནས་ཞེས་པའི་སྒྲ་ནི་མ་ནིང་གི་རྟགས་དེ་དུས་གཉིས་ཀར་འབྲེལ་བའོ། །དེ་ཇི་ལྟར་འབྲེལ་ཞེ་ན། འདི་ལྟར་དུས་ད་ལྟར་ནི་དམ་པའི་ཆོས་འདིའི་སྟོབས་ཀྱིས་དགའ་ལྡན་གྱི་གནས་སུ་སྐྱེས་སོ་ཞེས་པར་འབྲེལ་པ་དང་འདས་པའི་དུས་ན་ཁྱོད་དང་ལྷའི་བུ་དེ་དང་བདེ་བར་གཤེགས་པའི་འབྲེལ་པའི་སྟོབས་ཀྱིས་དེ་ནས་ཁྱོད་གསོལ་བ་འདེབས་པར་འགྱུར་བ་ཉིད་དོ་ཞེས་པར་འབྲེལ་ཏོ། །ལྷའི་དབང་པོ་ཁྱོད་ཉོན་ཅིག་གང་གི་ཚེ་འདས་པའི་དུས་ན་དྲང་སྲོང་དུ་གྱུར་པ་དེ་ནི་གཞན་ཡིན་པར་ཁྱོད་ཀྱིས་བལྟ་བར་མི་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ཡིན་པར་རིག་པར་བྱའོ། །དེའི་ཕར་གྱུར་བ་གང་ཡིན་པ་དེ། གཞན་ཡིན་པར་ཁྱོད་ཀྱིས་མི་བལྟ་སྟེ། ལྷའི་དབང་པོ་ཁྱོད་ཉིད་དེའི་དུས་ན་ཕར་གྱུར་ཏོ། །མ་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་བལྟ་སྟེ། ཤ་རི་ཅན་ཉིད་དེའི་དུས་ན་དེའི་མར་གྱུར་ཏོ། །འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ནི་གཞན་ཡིན་པར་མི་བལྟའི་ད་ལྟར་གྱི་ལྷའི་འཁོར་དེ་ཉིད་ཡིན་ནོ་ཞེས་གསུངས་པ་ནི་འདིར་དགོངས་པ་རྣམ་པ་གསུམ་དུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་ལྷ་ལ་སོགས་པ་རྣམས་ད་ལྟར་གྱི་ཚེ་འདི་ཉིད་ལ་དགེ་བའི་ལས་ལ་འབད་པའི་སྤྲོ་བ་ཡང་དག་པར་བསྐྱེད་པའོ། །གཅིག་ནི་སྔོན་གྱི་རྒྱུ་མཐུན་པའི་མོ་
ལམ་གྱི་སྟོབས་ལས་ཡང་དག་པར་བྱུང་བར་གསུངས་པའོ། །གཅིག་ནི་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་ཅི་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་གསུངས་པ་སྟེ། དཔེར་ན་ནགས་ཚལ་ཆེན་པོ་ལ་མེ་ཤོར་བ་ནི་ལ་ལས་ནི་མེ་འབར་བར་སྣང༌། ལ་ལས་ནི་འཆི་ཁ་མར་སྣང༌། ལ་ལས་ནི་ཤི་ཟིན་པའི་ཐལ་བར་སྣང༌། ལ་ལས་ནི་མཆེད་པར་སྣང་བ་བཞིན་དུ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ལར་ནི་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན། འཇིག་རྟེན་གྱི་ཁམས་ལ་ལར་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་སྟོན། འཇིག་རྟེན་གྱི་ཁམས་ལ་ལར་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སྟོན། འཇིག་རྟེན་གྱི་ཁམས་ལ་ལར་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན། འཇིག་རྟེན་གྱི་ཁམས་ལ་ལར་ནི་དྲང་སྲོང་ དང་རིག་འཛིན་དང་ཁྱེའུ་དང་བུ་མོ་དང་སྲིང་མོ་ལ་སོགས་པའི་ཚུལ ་གྱིས་འགྲོ་བ་སེམས་ཅན་རྣམས་ལ་ཆོས་ཡང་དག་པར་སྟོན་པར་ཤེས་པར་བྱ་སྟེ། དེ་ནི་བདེ་བར་གཤེགས་པས་སྐྱེ་བ་ཐོག་མ་མེད་པ་ནས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཉིད་ངོ་བོར་ཤེས་པར་བྱ་སྟེ། ཡང་དག་པར་ནི་དེ་དག་གི་ཚུལ་དུ་འགྲེལ་པ་མ་ཡིན་པ་ཉིད་དོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཀྱིས་ཡིད་དགའ་མགུ་རངས་ཏེ། བ་སྤུའི་བུ་གནས་སྤུ་ལངས་ཤིང་རྒྱལ་བ་རྒྱལ་བ་རྒྱལ་བ་ཞེས་སྐད་ཆེར་བོས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཚན་བཅུ་པ་འདི་མངོན་པར་བསྟོད་དེ་གསོལ་བ་བཏབ་པ། ཀོ་ཏ་ཀཥ་ཀ་ཀོ་ཏ་བི་ཀ་ཀོ་ཏ་ཀ་ཏ། ཀ་ཏི་ཤླ་ཀ །ཀོ་ལཾ་ཤླ་རུ། ཀོ་ལ་བི་ཀ །ཀོ་ལ་བར་ཤླ། ཀ་ཏོང་ཀ་ཤཱ། ཀ་ལིང་ཀ །སྟ་པཱ་ཞེས་བ་ལ་སོགས་པ་ནི་འདི་ལྟར་ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་རང་རང་གི་བསམ་པ་ཕུན་སུམ་ཚོགས་པ་ནི་ཡོངས་སུ་རྫོགས། བདེ་བར་གཤེགས་པའི་བཀའ་རིན་པོ་ཆེ་
ནི་ཐོས་པས་ཤིན་ཏུ་དགའ་བ་དྲག་པོ་ཡང་དག་པར་སྐྱེས་པས་རྒྱལ་བ་རྒྱལ་བ་རྒྱལ་བ་ཞེས་པའི་ཚིག་སྐད་ཆེན་པོས་བོས་པ་སྟེ། དེ་ལ་སྐད་ཆེན་པོ་ཉིད་དགའ་བ་དྲག་པོའི་སྟོབས་ལས་ཡང་དག་པར་བྱུང་བའོ། །རྒྱལ་བ་རྒྱལ་བ་རྒྱལ་བ་ཞེས་པ་ནི་དོན་གསུམ་དུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསུམ་ལ་དགའ་བས་དྲག་པོས་རྒྱལ་བའི་སྐད་ལན་གསུམ་པའོ། །གཅིག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་ལ་དགའ་བ་དྲག་པོའི་བསམ་པས་བོས་པའོ། །གཅིག་ནི་དམ་པའི་ཆོས་རིན་པོ་ཆེ་འདིས་སྔ་རབས་འདས་པའི་སེམས་ཅན་རྣམས་ཀྱང་ངན་སོང་རྣམ་པ་གསུམ་ལས་རྒྱལ། ད་ལྟར་འཚོ་བའི་སེམས་ཅན་རྣམས་ཀྱང་ངན་སོང་རྣམ་པ་གསུམ་ལས་རྒྱལ། མ་འོངས་པའི་སེམས་ཅན་རྣམས་ཀྱང་འདི་ལ་བརྟེན་པས་ངན་སོང་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་བའི་ཕྱིར་དམ་པའི་ཆོས་ལ་དགའ་བ་དྲག་པོས་སྐང་ལན་གསུམ་དུ་བོས་པར་ཤེས་པར་བྱའོ། །དེ་ལ་བསྟོད་པ་ནི་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཀླ་ཀློའི་སྐད་གསང་བའི་དབྱིངས་ཞེས་བྱ་བས་བསྟོད་པ་སྟེ། དེ་ལ་ཁ་ཅིག་ཏུ་ནི་ཤ་ཟའི་སྐད་དུ་གོའོ། །ཁ་ཅིག་ཏུ་ནི་སྐད་ཟུར་ཆག་པའི་སྐད་དུ་གོའོ། །ཁ་ཅིག་ཏུ་ནི་ཀླུའི་སྐད་དུ་གོའོ། །ཁ་ཅིག་ཏུ་ནི་སྲིན་པོའི་སྐད་དུ་གོའོ། །དེ་དག་ཀྱང་ཤ་ཟལ་ནི་དང་པོ་དང་དྲུག་པའི་འབྲེལ་པས་ཕོ་མོ་འཁྲིག་པ་སྤྱོད་པར་གོ་བར་འགྱུར་རོ། །ཟུར་ཆག་པའི་སྐད་ལ་ནི་བཞི་པས་འདོད་ཅེས་པར་སྟོན་ཏོ། །ཀླུ་ལ་ནི་ལྔ་པ་དང་བདུན་པར་འབྲེལ་པས་ནམ་མཁའ་ལྡིང་བྱུང་ངོ་བར་སྟོན་ཏོ། །སྲིན་པོ་ལ་ནི་བཞི་པ་དད་དགུ་པར་འབྲེལ་པས་རྒྱ་མཚོ་ལུད་དོ་བར་སྟོན་ཏོ། །དེ་དག་ལ་སོགས་པ་ནི་མིའི་གནས་རྣམས་སུ་ཡང་རང་རང་གི་སྐད་ཀྱི་བྱེ་བྲག་གིས་དཔག་ཏུ་མེད་པའི་དོན་སྟོན་པར་འགྱུར་པ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་ལྷ་རྣམས་ནི་ལེགས་པར་སྦྱར་བའི་སྐད་སྨྲ་བ་ཡིན་ན། འདིར་ཅིའི་
ཕྱིར་ལེགས་པར་སྦྱར་བའི་སྐད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མངོན་བར་མི་བསྟོད་པར་སྐད་རྣམས་ཀྱིས་ཐ་ཆད་དུ་གྱུར་པ་ཀླ་ཀློའི་སྐད་འདི་ལྟ་བུས་ཡང་དག་པར་བསྟོད་པར་བྱེད་ཅེ་ན། དེ་ནི་འདི་ལྟར་གསང་བའི་དོན་རྒྱ་ཆེན་པོས་མངོན་པར་བསྟོར་པ་ནི་ལྷ་ལས་བསྐལ་པ་རྣམས་ཀྱིས་མི་གོ་བར་བྱ་བའི་ཕྱིར་དེ་སྐད་སྨྲས་པའོ། །དེ་ལ་གང་དག་ཡང་འདི་སྐད་དུ་གསུངས་པ་ཉིད་ཅིའི་ཕྱིར་གསང་ཞེ་ན། དེ་ནི་འདི་ལྟར་ཡོན་ཏན་རྒྱ་ཆེན་པོ་ཕུལ་དུ་དབྱུང་བར་བྱ་བའི་ཕྱིར་དང༌། ཡང་གང་དག་བསྟོད་པའི་དོན་དེ་དག་གིས་ལོག་པར་འཁྲུལ་པའི་གཞིར་འགྱུར་བའི་ཕྱིར་དང༌། ལྷ་རྣམས་ཀྱི་ཆེ་བའི་ཡོན་ཏན་དབྱུང་བའི་ཚིག་ཉུང་ལ་དོན་ཆེ་བར་སྟོན་པས་ཡང་དག་པར་བསྟོད་པ་སྟེ། དེ་ལ་དེ་དག་གི་དོན་ནི་འདིར་སྒྲ་སྦྱར་བ་ལ་སོགས་པ་ནི་ཚིག་མངས་པའི་སྐྱོན་དུ་འགྱུར་བའི་ཕྱིར། ཕན་ཚུན་དུ་སྦྱར་བ་མ་བྱས་ལ་ཇི་ལྟ་བུར་སྟོན་པ་ནི་འདིར་ཚིགས་སུ་བཅད་པར་འགྱུར་ཏེ། འདི་ལྟར། ཁྱོད་ནི་གླང་པོའི་རྣ་བ་ཅན། །དུས་གསུམ་དུས་རྣམས་ཐམས་ཅད་ཀྱི། །བདེ་བཤེགས་བཀའ་དང་སེམས་ཅན་གྱི། །མ་ལུས་གཏན་གསན་ཕྱག་འཚལ་བསྟོད།། ཁྱོད་ནི་ཤེས་རབ་སྤྱན་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་ཀྱི། །བདེ་བར་གཤེགས་དང་སེམས་ཅན་གྱི། །ལས་མཛད་གཟིགས་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་བརྩོན་འགྲུས་ཞབས་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །སངས་རྒྱས་ཞིང་དང་སེམས་ཅན་ཞིང༌། །ཀུན་གཤེགས་ཞབས་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་ ཚུལ་ཁྲིམས་ཤངས་དང ་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །བདེ་བར་གཤེགས་དང་སེམས་ཅན་གྱི། །དྲི་རྣམས་ཚོར་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་ཡེ་ཤེས་ལྗགས་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །བདེ་བར་གཤེགས་དང་སེམས་ཅན་གྱི། །བདེ་སྡུག་རོ་མྱོང་ཕྱག་འཚལ་བསྟོད། །ཁྱོད་ནི་སྦྱིན་པའི་ཕྱག་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །འཇིག་རྟེན་འདས་དང་
འཇིག་རྟེན་འདིའི། །གཏེར་རྣམས་སྩོལ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་སྨོན་ལམ་གསུང་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །སངས་རྒྱས་ཞིང་དུ་སེམས་ཅན་རྣམས། །གྲོལ་མཛད་གསུང་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་ཐབས་ཀྱི་སྐུ་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །སེམས་ཅན་ཞིང་རྣམས་ཀུན་དུ་ནི། །སྣ་ཚོགས་སྤྲུལ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་བསམ་གཏན་ཐུགས་དང་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །ཞིང་རྣམས་ཀུན་དུ་གཤེགས་མཛད་ཀྱང༌། །རྟོག་བྲལ་རྩེ་གཅིག་ཕྱག་འཚལ་བསྟོད། །ཁྱོད་ནི་སྟོབས་ནི་རྡོ་རྗེ་ལྡན། །དུས་གསུམ་དུས་རྣམས་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་བདུད་དཔུང་ཚོགས། །མ་ལུས་འཇོམས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །དང་བོའི་སངས་རྒྱས་མངོན་བྱང་ཆུབ། །ཐོག་མའི་སྟོན་པ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངའ་བདག་རྡོ་རྗེ་སྐྱོབ་པའོ། །རྣམ་པར་རྟོག་པའི་འཆིང་གཅོད་པ། །ཡེ་ཤེས་ཆེ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །ཀུན་གྱི་བླ་མར་གྱུར་པ་སྟེ། །སངས་རྒྱས་དབང་རྣམས་རྫོགས་མཛད་པ། །སློབ་དཔོན་ཆེན་པོ་ཕྱག་འཚལ་བསྟོད། །མཁའ་ལྟར་དྲི་མ་མེད་མོད་ཀྱི། །མེད་ཕུང་འབར་བའི་སྐུ་ཡིས་ནི། །འགྲོ་རྣམས་མ་ལུས་སྐྲག་མཛད་པ། །འཇིགས་བྱེད་ཆེན་པོ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་ལྟར་འོད་གསལ་བས། །བཙུན་མོའི་པདྨར་གཟིགས་མཛད་པ། །གསང་བའི་རྡོ་རྗེ་ཆེན་པོ་ཡིས། །རྟག་ཏུ་འཁྲིག་པའི་ཆོས་བསྟེན་པ། །འདོད་ཆགས་ཆེན་པོ་ཕྱག་འཚལ་བསྟོད། །ཅེས་ཡང་དག་པར་བསྟོད་པ་སྟེ། དེ་དག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ་དང༌། ཆོས་ཀྱི་མཚན་ཉིད་ཀྱི་སྒོ་ནས་ཡང་དག་པར་བསྟོད་པའོ། །ཡང་འདིར་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་
པ་ནི་འདི་ལྟར། དང་པོ་དང་ནི་བཞི་པ་དང༌། །ལྔ་པ་དང་ནི་བརྒྱད་པ་དང༌། །དགུ་པ་དང་ནི་བཅུ་གཅིག་པ། །བཅུ་གསུམ་པ་དང་བཅུ་དྲུག་པ། །བཅུ་བདུན་པ་དང་ཉི་ཤུ་གཅིག །རྩ་གསུམ་པ་དང་རྩ་བཞི་པ། །རྩ་དགུ་བ་དང་སུམ་ཅུ་གཅིག །སོ་བཞི་པ་དང་སོ་ལྔ་པ། །དབུས་སུ་དང་པོའི་དང་པོ་ནས། །དེ་ཡི་སྒྲ་ཡི་སྦྱོར་མཆོག་གིས། །སངས་རྒྱས་བདེར་གཤེགས་སྲས་རྣམས་ལ། །ཡོངས་སུ་བསྟོད་པ་བླ་ན་མེད། །གསུམ་པ་དང་ནི་བཅོ་ལྔ་དང༌། །བཅུ་དགུ་པ་དང་རྩ་བརྒྱད་དང༌། །སུམ་ཅུ་རྩ་གཉིས་གྲངས་ཀྱི་ཅར། །དབུས་སུ་འགྲོ་བའི་དང་པོས་གནས། །བཅོམ་ལྡན་འཁོར་ལོས་སྒྱུར་གཙོ་ལ། །དེ་ཡི་སྒྲ་ཡི་སྦྱར་མཆོག་གིས། །ཡོངས་སུ་བསྟོད་པ་བླ་ན་མེད། །བཅོ་བརྒྱད་པ་དང་ཉི་ཤུ་གཉིས། །རྩ་དྲུག་པ་དང་སུམ་ཅུ་བཞི། །དེ་ཡི་དབུས་སུ་གནས་པ་ནི། །མཐར་གནས་པ་ནི་གསུམ་པ་སྟེ། །དེ་ཡི་སྒྲ་ཡི་སྦྱོར་མཆོག་གིས། །སངས་རྒྱས་རྣམས་ཀྱི་ཡུམ་གྱུར་པ། །ཡོངས་སུ་བསྟོད་པ་བླ་ན་མེད། །གཉིས་པ་དང་ནི་དྲུག་པ་དང༌། །བཅུ་པ་དང་ནི་བཅུ་གཉིས་དང༌། །བཅུ་བཞི་པ་དང་ཉི་ཤུ་དང༌། །སུམ་ཅུ་པ་དང་སུམ་ཅུ་དྲུག། དབུས་སུ་གསུམ་པའི་དང་པོ་སྟེ། །དེ་ཡི་སྒྲ་ཡི་སྦྱོར་མཆོག་གིས། །སངས་རྒྱས་སྲས་མོ་རོ་ལྡན་ལ། །ཡོངས་སུ་བསྟོད་པ་བླ་ན་མེད། །བདུན་པ་དང་ནི་ཉི་ཤུ་གསུམ། །ཉི་ཤུ་བདུན་དང་སུམ་ཅུ་བདུན། །དེ་ཡི་དབུས་སུ་གནས་པ་ནི། །བཞི་པ་རྣམས་ཀྱི་དང་བོ་སྟེ།། །དེ་ཡི་སྒྲ་ཡི་སྦྱོར་མཆོག་གིས། །སངས་རྒྱས་རྣམས་ཀྱི་ཕོ་ཉ་མོ། །ཁྲོ་བོའི་གཟུགས་སུ་རབ་གནས་ལ། །ཡོངས་སུ་བསྟོད་པ་བླ་ན་མེད། །དེ་ཉིད་ལ་འདིར་བརྒྱ་བྱིན་ལ་སོགས་པས་རང་གི་ཡུལ་དབུལ་བར་ནི་འདི་ལྟར། དང་པོ་རྣམས་ཀྱི་དང་པོས་ནི། །ཀརྨ་སར་ཞེས་བྱ་ཕུལ། །གསུམ་བ་རྣམས་ཀྱི་དང་པོས་ནི། །ཏིས་སྨ་བ་ཞེས་བྱ་བ་ཕུལ། །ལྔ་པ་རྣམས་ཀྱི་དང་པོས་ནི། །པདྨ་ཅན་ཞེས་བྱ་བ་ཕུལ། །མཐར་གནས་པ་ཡི་གསུམ་པ་ཡིས། །ལམ་པའི་ཏོག་ཅེས་བྱ་བ་ཕུལ། །དྲོ་བར་གྱུར་པའི་དང་པོ་ཡིས།།
ཤི་རི་ཥའི་ཚལ་མཆོག་ཕུལ། །ཡང་ནི་བཙུན་མོ་དམ་པ་རྣམས། །ཕུལ་བ་ཉིད་དུ་བྱས་པ་སྟེ། །དང་པོ་རྣམས་ཀྱི་དང་པོས་ནི། །ཀ་མ་དེ་བི་ཞེས་བྱ་ཕུལ། །གསུམ་པ་རྣམས་ཀྱི་དང་པོས་ནི། །ཏི་ལེ་ཀ་ཞེས་བྱ་བ་ཕུལ། །ལྔ་པ་རྣམས་ཀྱི་དང་པོ་ཡིས། །པདྨའི་མིག་ཅེས་བྱ་བ་ཕུལ། །མཐར་གནས་པ་ཡི་གསུམ་པ་ཡིས། །ལིནད་བ་ཏི་ཞེས་བྱ་ཕུལ། །དྲོ་བར་གྱུར་པའི་དང་པོ་ཡིས། །ཤི་རི་ཅན་ཞེས་བྱ་བ་ཕུལ། །དེ་བཞིན་གླང་པོའི་མཆོག་གྱུར་པ། །ལས་ཀུན་བྱེད་ཅེས་བྱ་བ་དང༌། །ཕྱོགས་ལས་རྒྱལ་ཞེས་བྱ་བ་དང༌། །ཞི་བྱེད་མཆོག་ཅེས་བྱ་བ་དང༌། །མ་ལུས་སྐྲག་ཅེས་བྱ་བ་དང༌། །ལང་ཀ་འཇོམས་ཞེས་བྱ་བ་ཕུལ། །དེ་བཞིན་རྟ་ཡི་མཆོག་གྱུར་པ། །རྩུབ་འགྱུར་སྲུང་ཞེས་བྱ་བ་དང༌། །པུནྜ་རཱི་ཀ་ལྟར་དཀར་དང༌། །ལྟོ་སྟོང་སྟོབས་ཆེན་ཞེས་བྱ་དང༌། །རབ་ཏུ་འཇོག་དང་ལམྤ་ཀ །རབ་ཏུ་དབུལ་བ་ཉིད་དུ་བྱས། །དེ་ལྟར་ཕུལ་ནས་བདེ་གཤེགས་ལ། །སྡོམ་པའི་མཆོག་ནི་རབ་བླངས་ཏེ། །འདོད་པའི་ལོངས་སྤྱོད་བསྲུང་བ་དང༌། །འཁྲིག་པའི་ཆོས་ནི་མི་སྟོན་དང༌། །སྡིག་པའི་ཚོགས་ནི་ཞི་བྱ་དང༌། །དེ་ཁོ་ན་ནི་བསྒོམ་པ་དང༌། །མཛེས་ལ་ཆགས་པར་མི་བྱ་ཞེས། །བརྒྱ་བྱིན་ལྷ་ཡི་དབང་པོ་སོགས། །ལྷ་རྣམས་ཀུན་གྱིས་ཚིག་མཐུན་པར། །ད་ལྟར་འདི་ན་རབ་གནས་ཀྱང༌། །བཅོམ་ལྡན་བདག་ཅག་འཁོར་བ་ཡི། །ཆོས་འདི་སྤང་བར་བྱ་བའི་ཕྱིར། །འདོད་པས་ཆགས་པར་མི་བགྱི་ཞིང༌། །རྣམ་པར་དག་པའི་སེམས་ཀྱིས་ནི། །ལོངས་སྤྱོད་མ་ལུས་འདི་དག་ལ། །རྫིང་གི་པདྨ་ལྟ་བུ་དང༌། །གོ་ཤི་ཤ་ནི་ཆུ་གཅིག་བཞིན། །གོས་པ་མེད་པར་སྦྱད་བགྱི་ཡིས། །གཙོ་བོས་བདག་ཅག་འཁོར་བཅས་པ། །གསང་སྔགས་སྡོམ་པ་བླ་ན་མེད། །སྡོམ་པ་ཀུན་གྱི་མཆོག་གྱུར་ཞིང༌། །ཐར་པའི་རྒྱུ་ནི་བླ་ན་མེད། །ཡོངས་སུ་དག་པ་སྩལ་དུ་གསོལ། །དེ་སྐད་སྡོམ་པའི་གསོལ་བཏབ་ནས། །བརྒྱ་བྱིན་ལ་སོགས་ལྟ་ཆེན་རྣམས། །དམ་པའི་ཆོས་ནི་མ་ལུས་ཉན། །དེ་དག་ནི་བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་དེ་ཉིད་ཀྱི་སྐུ་གསུང་ཐུགས་རྒྱ་ཆེན་པོ་ལ་མངོན་པར་བསྟོད་པ་སྟེ། བརྟག་པ་འདི་ཉིད་ཀྱི་འོག་མ་ལས་ཀྱང་བཤད་དོ། །དེ་བས་གོང་དུ་བཤད་པ་དེ་དག་གིས་ནི་ལྷའི་དབང་པོ་ལ་སོགས་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཚན་བཅུ་པས་ཡོངས་སུ་བསྟོད་པ་བཤད་པ་སྟེ། དེ་ལ་བཤད་པ་དང་པོས་ནི་ཕ་རོལ་ཏུ་ཕྱིན་པ་བཅུས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པའོ། །བཤད་པ་གཉིས་པས་ནི་ཆོས་ཀྱི་མཚན་ཉིད་ཀྱི་སྒོ་ནས་བསྟོད་པའོ། །བཤད་པ་གསུམ་པས་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྩ་བའི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་བདུན་ལ་བསྟོད་དེ། དེ་ནི་ཡི་གེ་ཕན་ཚུན་དུ་སྦྱར་བ་དང་ཕྱི་བ་དང༌། གཞན་དུ་བསྒྱུར་བ་ལས་འགྲུབ་ཀྱང་འདིར་ནི་ཡི་གེ་གྲངས་ཁོ་ན་ཉིད་དུ་འདོད་དོ། །བཤད་པ་བཞི་པས་ནི་ཡི་གེ་ཀ་དང་བ་དང་ཤ་དང་ཏ་དང་ལ་དང་ལྔའི་སྒྲའི་སྦྱོར་བས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་ཡུལ་གྱི་མཆོག་ལྔ་ཕུལ་བ་དང༌། དེ་བཞིན་དུ་བཤད་པ་ལྔ་པས་ལྷ་རྣམས་ཀྱི་བཙུན་མོའི་མཆོག་ལྔ་ཕུལ་བ་དང༌། བཤད་པ་དྲུག་པས་ནི་གླང་པོ་ཆེའི་མཆོག་ལྔ་ཕུལ་བའོ། །བཤད་པ་བདུན་པས་ནི་རྟའི་མཆོག་ལྔ་ཕུལ་བར་ཤེས་པར་བྱའོ། །དེ་བས་ན་ཡི་གེ་ཉུང་ལ་དོན་རྒྱ་ཆེན་པོ་སྟོན་པའི་ཕྱིར་ཀླ་ཀློའི་སྐད་གསང་བའི་དབྱིངས་ཞེས་བྱ་བ་དང༌། ལྷ་རྣམས་ཀྱི་བརྡའི་སྐད་ཅེས་བྱ་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་ཡི་གེ་བརྡའི་མཚོན་པ་དེའི་ཇི་ལྟར་ན་མཆོད་པའི་ཡོ་བྱད་དེ་དག་ཕུལ་བར་འགྱུར་ཞེ་ན། དེ་ནི་འདི་ལྟར་ལྷ་རྣམས་ཀྱི་སེམས་ཀྱིས་རབ་ཏུ་བརྟགས་ཀུན་དུ་བརྟགས་ནས་ཡི་གེའི་ཚོགས་འབྱུང་བའི་སྐད་ཅིག་ལ་དེའི་མཆོད་པའི་དངོས་པོ་ལ་སེམས་དམིགས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ཏེ། དོན་ལྷ་རྣམས་ཀྱི་སེམས་ཀྱི་བསམ་པའི་སྐད་ཅིག་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར། ཕུལ་བར་ཐུགས་ཀྱིས་དགོངས་པ་ཉིད་དོ། །དེ་ནས། བརྒྱ་བྱིན་ལ་སོགས་ལྷ་ཆེན་རྣམས། །སེམས་ཅན་ཀུན་ལ་ཕན་པ་དང༌། །ཚེ་དད་ནད་མེད་སྤེལ་བའི་
ཕྱིར། །མགོན་པོ་ཁྱོད་ལ་གསོལ་བ་འདེབས། །བཅོམ་ལྡན་འདས་སེམས་ཅན་ཚེ་ཐུང་བ་དང༌། སྐལ་བ་ཆུང་བ་རྣམས་ཀྱི་དོན་དང༌། ཕན་པ་དང་ཚེ་བསྲིང་བའི་སླད་དུ་བཤད་དུ་གསོལ། གསང་བའི་བདག་པོས་བཤད་དུ་གསོལ། །ཞེས་པ་ནི་འདི་ལྟར་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱི་སྔ་མ་ལྟ་བུའི་མཆོད་པའི་ཚོགས་ཀྱིས་ཡང་དག་པར་མཆོད་དེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བ་དང༌། གསང་སྔགས་བསྒྲུབ་བའི་གང་ཟག་རྣམས་དུས་ཀྱི་སྙིགས་མའི་དུས་ན་དད་པ་དང་བརྩོན་གྲུས་དྲག་པོ་ཡོད་ཀྱང༌། ཚེ་ལང་མེད་པའི་ཕྱིར་རྣལ་འབྱོར་པ་ཚེ་བསྲིང་བའི་ཆོ་ག་ཡང་དག་པར་ཞུ་བ་སྟེ། དེ་ལ་བརྒྱ་བྱིན་ལ་སོགས་ནི་བརྒྱ་བྱིན་ལ་སོགས་པའོ། །སེམས་ཅན་ཀུན་ནི་སེམས་ཅན་ཐམས་ཅད་དེ། འདི་ལ་འཇུག་པ་ཞེས་བྱ་བར་སྦྱར་རོ། །ཚེ་དང་ནད་མེད་ཅེས་པ་ནི་རྣམ་པ་གཉིས་ཏེ། ཚེ་ཐུང་བ་རིང་བར་བྱ་བ་དང༌། འཇིག་རྟེན་འདི་ན་ནད་དང་རིམས་དང་དུག་ལ་སོགས་པས་འཚེ་བ་ཉུང་བར་བྱ་བའི་ཕྱིར་དང༌། ཚེ་ནི་སྲོག་སྟེ། ཡུན་རིང་པོར་གནས་པར་བྱ་བ་དང༌། ནད་ནི་རྣམ་པར་རྟོག་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཞེས་པར་སྦྱར་རོ། །ཡང་འདིར་ཚེ་འདི་ཉིད་ལ་ནད་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དབུལ་བའི་སྡུག་བསྔལ་ཏེ། དེ་དང་འབྲལ་བར་བྱ་བའི་ཕྱིར་བཤད་དུ་གསོལ་ཞེས་པར་འབྲེལ་ཏོ། །དེ་ལ་སྐལ་བ་ཆུང་བ་ཞེས་པ་ནི་གོང་མ་ལ་སྙེགས་སོ། །དེ་ཡང་འདིར་གཉིས་སུ་གོ་བར་བྱ་སྟེ། གང་ཟག་ཐུན་མོང་བའི་ཆེད་དང་གང་ཟག་ཁྱད་པར་ཅན་གྱི་ཆེད་དེ། དེ་ལ་གང་ཟག་ཐུན་མོང་བའི་ཆེད་ནི་སེམས་ཅན་མིར་གྱུར་པ་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་ཀྱིས་ཚེ་ཐུང་བ་བསྲིང་བ་དང་དབུལ་པོ་རྣམས་འབྱོར་པ་དང་ལྡན་པར་བྱ་བའི་ཕྱིར་རོ། །གང་ཟག་ཁྱད་པར་ཅན་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ནི་ཡུན་རིང་པོས་བསྒྲུབ་དགོས་པའི་ཕྱིར་དུས་མ་ཡིན་པར་འཆི་བ་དང༌། ཚེ་ཐུང་བ་རྣམས་བསྲིང་བའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་གསོལ་བ་འདེབས་པར་འབྲེལ་ཏོ། །གསང་བའི་བདག་པོ་
བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་སྔགས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་གསང་བའི་བདག་པོ་ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་འཁོར་མང་པོ་དེ་དག་ལ་གཟིགས་ནས་ཞེས་བྱ་བས་མགུ་བར་བྱས་ཏེ། ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་ནི་གང་ཁྱེད་ཀྱིས་འདི་ལྟ་བུའི་སྤོབས་པ་ཡང་དག་པར་བསྐྱེད་པ་དེ་ནི་ལེགས་སོ་ལེགས་པར་སྒྲུབས་ཤིག་དང་ངས་བཤད་པར་བྱའོ། །ཞེས་གསུངས་པ་ནི་སྤྲོ་བ་ཡང་དག་པར་བསྐྱེད་པའི་ཚིག་སྟེ། དེ་ལ་གཟིགས་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱིས་ཡང་དག་པར་དམིགས་པའོ། །ལེགས་སོ་ཞེས་པ་ནི་ཅི་ནས་ཀྱང་སེམས་ཅན་གྱི་དོན་ལ་ཡང་དག་པར་བརྩོན་པ་ལེགས་སོ་ཞེས་པའོ། །གང་ཁྱོད་ཀྱིས་འདི་ལྟ་བུའི་སྤོབས་པ་ཡང་དག་པར་བསྐྱེད་པ་ལེགས་སོ་ཞེས་པ་ནི་བློ་དང་ཤེས་རབ་རྒྱ་ཆུང་བ་མ་ཡིན་གྱི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་ལེགས་སོ་ལེགས་སོ་ཞེས་བྱ་བར་འབྲེལ་ཏོ། །ལེགས་པར་སྒྲུབས་ཤིག་དང་ངས་བཤད་པར་བྱའོ་ཞེས་གསུངས་པ་ནི་འདི་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབས་ཤིག་གདོན་མི་ཟ་བར་འགྲུབ་པའི་ཐབས་བཤད་པར་བྱའོ་ཞེས་པར་འབྲེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བ་ནི་འདི་ལྟར་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། མ་འོངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ད་ལྟར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དང༌། དེ་བཞིན་གཤེགས་
པ་ཐམས་ཅད་སྔ་རབས་སུ་འཁོར་བར་བཞུགས་པའི་ཚེ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་སྒྲུབ་པ་འདི་ལ་བརྟེན་ཏེ་ཡང་དག་པར་བྱུང་བ་དང༌། སྔགས་དང་སྒྲུབ་པ་འདི་ཉིད་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱབ་པའི་ཕྱིར་དང༌། དེ་ཉིད་རྡོ་རྗེ་རྣམ་པ་གཉིས་དང་ལྡན་པའི་ཕྱིར་ཚེ་དཔག་ཏུ་མེད་པ་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བ་དང༌། ཡང་ཁྱབ་པ་ནི་འདིར་གསུངས་པའི་དཀྱིལ་འཁོར་དང་གསང་སྔགས་དང་ལས་ཐམས་ཅད་ལ་འདིས་ཁྱབ་པའི་ཕྱིར་ཁྱབ་པ་འབྱུང་བ་ཞེས་བྱ་བའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་དེ་ལྟ་བུ་གསུངས་པ་ལ་ཐུགས་མཉམ་པར་གཞག་པའོ། །ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་འཕེལ་བ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཉིད་དོ། །སྙིང་པོ་ནི་ཡེ་ཤེས་ཏེ་དེ་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཐུགས་ཀ་ནས་ཞལ་དུ་ཕྱུང་བའོ། །ཨོཾ་པུ་ཎྱེ་པུ་ཉེ་ཨ་པཱ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་སཾ་བྷ་རོ་པ་ཙ་ཡ་ཨ་རི་ནི་སྭཱ་ཧཱ། ཞེས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་སྐྱེད་པར་བྱེད་ཅིང༌། ཉོན་མོངས་པའི་དགྲ་མ་ལུས་པར་འཇོམས་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་བཤད་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ་ཞེས་པ་ནི་འདི་ལྟར་དོན་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་བཤད་མ་ཐག་ཏུ་ཞེས་པ་ནི་རྒྱུ་རབ་ཏུ་གྲོལ་བ་དང་འབྲས་བུ་རབ་ཏུ་གྲོལ་བ་སྟེ། རྒྱུ་རབ་ཏུ་གྲོལ་བ་ལ་གསུམ་མོ། །རྡོ་རྗེ་ལྟ་བུའི་དམིགས་པ་ལ་མཉམ་པར་གཞག་པ་དང༌། ནམ་མཁའ་ལྟ་བུའི་དམིགས་པ་ལ་མཉམ་པར་གཞག་པ་དང༌། དབུ་མ་ལྟ་
བུའི་དམིགས་པ་ལ་མཉམ་པར་གཞག་པའོ། །དེ་ལ་རྡོ་རྗེ་ལྟ་བུའི་དམིགས་པ་ལ་མཉམ་པར་གཞག་པ་ནི་བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེ་ལས་ཡང་དག་པར་བྱུང་བའི་ཤེས་རབ་ཀྱི་འཁོར་ལོས་རྗོད་པར་བྱེད་པའི་དམྱལ་བ་དང༌། ཀུན་དུ་འཇུག་པའི་དུད་འགྲོ་དང༌། འཚོ་བས་གདུངས་པ་ཡི་དགས་རྣམས་ལས་བདག་ཉིད་ཀྱིས་ཡོངས་སུ་འགྲོལ་བར་བྱས་བདག་ཉིད་ལ་ཡོངས་སུ་གྲོལ་བར་ཤེས་སོ། །ནམ་མཁའ་ལྟ་བུའི་དམིགས་པ་ལ་མཉམ་པར་གཞག་པས་ནི་དེ་ལས་བྱུང་བའི་དམྱལ་བ་དང༌། དེ་ཉིད་སེམས་པའི་ཡི་དགས་དང༌། གཉིས་ཀས་སྟོང་པའི་དུང་འགྲོ་གསུམ་གྱི་སྡུག་བསྔལ་བདག་ཉིད་ལ་ཡང་དག་པར་གྲོལ་བར་ཤེས་སོ། །དབུ་མ་ལྟ་བུ་ལ་དམིགས་པ་ལ་མཉམ་པར་གཞག་པས་ནི་བརྟན་པར་འཛིན་པའི་དམྱལ་བ་དང༌། ལས་སུ་བྱེད་པའི་དུད་འགྲོ་དང༌། འདོད་པས་གདུངས་པའི་ཡི་དགས་གསུམ་བདག་ཉིད་ཀྱིས་གྲོལ་བར་ཡང་དག་པར་ཤེས་སོ། །འབྲས་བུ་རབ་ཏུ་གྲོལ་བར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་རྫོགས་པའི་སྐད་ཅིག་མ་ལ་ངན་སོང་གི་རྒྱུད་བཅད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་དགོངས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་གསུང་བ་ནི་ཡང་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། རྒྱུའི་བདག་ཉེད་ལ་དགོངས་པ་དང༌། འབྲས་བུའི་བདག་ཉིད་ལ་དགོངས་པའོ། །རྒྱུའི་བདག་ཉིད་ལ་དགོངས་པ་ལ་རྣམ་པ་གཉིས་ཏེ། ལས་ལས་བྱུང་བ་ལ་དགོངས་པ་དང། ཐབས་ལས་བྱུང་བ་ལ་དགོངས་པའོ། །ཐབས་ལས་བྱུང་བ་ལ་གཉིས་ཏེ་ཕྱི་རོལ་དུ་དམིགས་པ་དང༌། ནང་དུ་དམིགས་པའོ། །དེ་ལ་འབྲས་བུའི་བདག་ཉིད་ལ་དགོངས་པ་ནི་འདི་ལྟར་སེམས་ཅན་རྣམས་ལ་དམ་པའི་ཆོས་འདིས་མངོན་པར་རྫོགས་པར་
སངས་རྒྱས་ནས་འགྲོ་བའི་དོན་བྱེད་པའི་གནས་སྐབས་ནི་གང་གི་དུས་སུ་རིགས་གང་བཙུན་པའི་བུར་སྐྱེ་བ་བླངས་ནས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་མཛད་ནས་ཡང་ཆོས་ཀྱི་སྐུའི་ངང་དུ་བཞུགས་པ་ཉིད་དང༌། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་ལས་བདེ་བར་གཤེགས་པའི་སྤྲུལ་བའི་ཆོགས་ཡང་དག་པར་བཀྱེ་སྟེ། ད་ལྟར་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མཛད་པ་ཡོད་པ་ཉིད་དོ། །རྒྱུའི་བདག་ཉིད་ལ་དགོངས་པ་ནི་སྐྱེད་པར་བྱེ་པའི་རྒྱུའོ། །དེའི་དབྱེ་བ་ལས་ལས་བྱུང་བའི་རྒྱུ་ནི་ནང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལས་ཡང་དག་པར་བྱུང་ལ་སླར་རྟོག་པ་མེད་པའི་ལུས་སུ་སོང་བ་སྟེ། དེ་ནི་སྐྱོ་བ་སྐྱེད་པའི་དོན་ཏོ། །ཐབས་ལས་བྱུང་བ་ནི་སེམས་ཅན་གྱི་ཁམས་ཡང་དག་པར་སྦྱོང་བ་ལ་ཞུགས་པའོ། །དེའི་དབྱེ་བ་ཕྱི་རོལ་དུ་དམིགས་པ་ནི་འདི་ལྟར་ཏིང་ངེ་འཛིན་རྣམ་པ་བཅུ་གཉིས་ཀྱིས་ཡོངས་སུ་བསྐྱེད་དེ། དེ་ལ་ཏིང་ངེ་འཛིན་རྣམ་པ་བཅུ་གཉིས་ནི་བར་ཆད་མེད་པ་ཞེས་བྱ་བར་ཏིང་ངེ་འཛིན་ལ་ནི་ལྷུམས་སུ་ཞུགས་ནས་བལྟམས་པ་ཉིད་དོ། །སྐྱེད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྩལ་འགྲན་བྱས་པ་ཉིད་དོ། །གཟི་བརྗིད་ཕུང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྐྱལ་འགྲན་བྱས་པ་ཉིད་དོ། །ཐམས་ཅད་འབྱུང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྩིས་འགྲན་བྱས་པ་ཉིད་དོ། །བདུད་ཀྱི་ཚོགས་ཀྱིས་མི་ཤིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཡིག་འགྲན་བྱས་པ་ཉིད་དོ། །ཀུན་དུ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་འཕོང་འགྲན་བྱས་པ་ཉིད་དོ། །ཀུན་དུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཁབ་བཞེས་པ་ཉིད་དོ། །ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་མཆོད་རྟེན་རབ་ཏུ་བརྩེགས་པའི་རྩར་རབ་ཏུ་བྱུང་བ་ཉིད་དོ། །ཉེ་བར་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་དཀའ་ཐུབ་ལོ་བདུན་མཛད་པ་ཉིད་དོ། །རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་
བདུད་ཀྱི་ཚོགས་ཡང་དག་པར་བཅོམ་པའོ། །དེ་ཉིད་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དོ། །མངོན་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དོ། །ནང་དུ་དམིགས་པ་ཡང་ནི་འདི་ལྟར་བར་ཆད་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ལྷུམས་ནས་བལྟམས་པ་ཉིད་དོ། །ཐམས་ཅད་དུ་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྐྱལ་འགྲན་བྱས་པ་ཉིད་དོ། །དཔའ་པོ་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྩལ་འགྲན་བྱས་པ་ཉིད་དོ། །ཐུགས་ལས་གྲུབ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྩིས་འགྲན་བྱས་པ་ཉིད་དོ། །དེ་དག་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །ཡི་གེ་བརྟག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཡིག་འགྲན་བྱས་པ་ཉིད་དོ། །རྟེན་པ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་འཕོང་འགྲན་པར་བྱས་པ་ཉིད་དོ། །ཡེ་ཤེས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཁབ་བཞེས་པ་ཉིད་དོ། །རྣམ་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རབ་ཏུ་བྱུང་བ་སྟེ། དེ་དག་གིས་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་རྫོགས་པའོ། །རིམས་ནད་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་བཀའ་ཐུབ་མཛད་པ་ཉིད་དོ། །བདུད་རྩི་གོང་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་བདུད་ཀྱི་ཚོགས་ཡང་དག་པར་བཅོམ་པའོ། །རང་བཞིན་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དོ། །རྣམ་པར་མི་རྟོག་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། དེ་དག་གིས་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའོ། །དེ་བས་ནི་གོང་དུ་གསུངས་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་པའང་འབྲས་བུའི་སྐབས་སུ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་དངོས་པོ་རྣམ་པར་རྟོག་པ་དང༌། མཚན་མའི་
རྣམ་པར་རྟོག་པ་དང་བྲལ་བ་ཡོད་པ་དང་མེད་པ་དང་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དང་ཡོད་པ་དང་མེད་པ་མ་ཡིན་པའང་མ་ཡིན་པའི་མུ་བཞིའི་སྐྱེ་མཆེད་དང་བྲལ་བ་ཡིན་ཞིང༌། དེ་ལ་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་ཡང་དག་པར་བྱུང་བས་འགྲོ་བའི་དོན་མཛད་དེ། སླར་མཉམ་པའི་ཡེ་ཤེས་ཀྱི་དང་ལ་བཞུགས་པའི་ཕྱིར་ཆོས་ཀྱི་ཡི་གེར་བཞུགས་པ་ཞེས་བྱའོ། །ཡང་ཡི་གེ་ནི་མི་འགྱུར་བ་སྟེ། ཆོས་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དུ་ཞུགས་པར་གྱུར་པ་ཉིད་དོ། །དེ་ཉིད་དེ་ནས་བྱོན་ནས་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་གཅིག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་མི་འགྱུར་བའི་རྡོ་རྗེ་ནས་སྙིང་པོ་དང་བཅས་པའི་དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས་འགྲོ་བའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡང་དག་པར་གྲོལ་བར་མཛད་པའི་ཏིང་ངེ་འཛིན་གྱིས་རྣམ་པར་སྦྱངས་ནས་སླར་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་ཀའི་མི་འགྱུར་བའི་རྡོ་རྗེ་ཞུགས་པ་སྟེ། དེ་ཡང་དེ་བཞིན་གཤེགས་པ་ཉིད་དོ། །ཐབས་ལས་བྱུང་བའི་ཕྱི་རོལ་དུ་དམིགས་པའི་བདག་ཉིད་ནི་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་སྤྲོས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དན་སོང་རྣམ་པ་གསུམ་ཡོངས་སུ་སྦྱངས་ནས་སླར་ཐམས་ཅད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་པ་སྟེ། དེ་ཉིད་སྙིང་གནས་སྤྲོས་པའི་ཕྱིར་ཐུགས་ཀའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡི་གེ་ཡིན་པའི་ཕྱིར་དང༌། ཆོས་རྣམས་འབྱུང་བའི་ཕྱིར་ཐུགས་ཀྱི་ཆོས་ཡི་གེར་ཞུགས་ཞེས་བྱ་བར་འབྲེལ་ཏེ། དེ་ཡང་དེ་བཞིན་གཤེགས་པ་ཡིན་པར་ཤེས་པར་བྱའོ། །ནང་དུ་དམིགས་པའི་བདག་ཉིད་ཀྱང་འདི་ལྟར་ཐམས་ཅད་དམིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ཡེ་ཤེས་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཚོགས་ཀྱིས་ངན་སོང་གསུམ་དང་དེར་སྐྱེ་བའི་རྒྱུ་ཉོན་མོངས་པ་ཐམས་ཅད་ཡང་
དག་པར་སྦྱངས་ཏེ། སླར་དེ་ཉིད་དུ་ཞུགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཉིད་ཐུགས་ཀུན་གནས་པའི་ཕྱིར་ཐུགས་ཀྱིའོ། །དེ་ཉིད་མི་འགྱུར་བར་བསྒོམ་པའི་ཕྱིར་ཡི་གེའོ། །དེ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཆོས་ཏེ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་བྱ་བ་ཉིད་དོ། །ཡང་དེ་ཉིད་བླ་ན་མེད་པའི་སེམས་འབྱིན་པའི་ཕྱིར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པར་གཡང་བའི་དྲི་མ་ དང་བྲལ་བའི་ཕྱིར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ༌། ཕྱི་རོལ་གྱི་རྣ་པར་འཚེ་བ་ལ་སོགས་པ་བཟོད་པའི་ཕྱིར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ལེ་ལོས་བར་མཆོད་པའི་ཕྱིར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མཉམ་པ་ཉིད་ཀྱི་རྩེ་གཅིག་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་བསོད་བའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཀུན་ནས་ཉོན་མོངས་པ་འཇོམས་པའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཡེ་ཤེས་རྣམ་པ་གཉིས་བསྐྱེད་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ། དེ་ཉིད་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བསྐྱེད་པ་ཡིན་པའི་ཕྱིར་བཀའ་ཐམས་ཅད་ནས་འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཁོ་ན་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཆོས་ཐམས་ཅད་དམིགས་པ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ནམ་དུ་འདུ་ཤེས་དང་ཀུན་ཤེས་པ་དང༌། བརྟགས་པ་དང༌། ཐ་སྙད་མི་འབྱུང་བ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེའི་འོད་བྱེད་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མད་པ་ཞེས་བྱ་བའི་གཟུངས་འདི་བཤད་དོ། །ཨོཾ་ཨ་མི་ཏེ་ཨ་མི་ཏ་ཨ་མི་ཏོད་བྷ་བ། ཨ་མི་ཏེ་སཾ་བྷ་བེ་ཨ་མི་ཏ་བི་ཀྲཱ་ནྟེ། ཨ་མི་ཏ་བི་ཀྲ་ནྟེ། ག་མི་ནི། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། དེ་ནས་འདི་བཤད་མ་ཐག་ཏུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞིའོ་ཞེས་གསུངས་པའི་འདི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གོང་མ་ནི་ཉིད་ཀྱི་སྙིང་པོ་རྩ་བའི་སྔགས་ལས་ཐམས་ཅད་དུ་འཇུག་པ་བདུད་རྩི་བསྐྱེད་པ་གསུངས་ལ། འདི་ནི་བདུད་རྩི་བསྒྲུབ་པ་བཅུད་ཀྱིས་ལེན་ཏེ། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྙིང་པོའོ། །ཚེ་དཔག་ཏུ་མེད་པ་རྡོ་རྗེའི་འོད་བྱེད་པ་ནི་སེམས་ཅན་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་འཚོ་བ་སྟེ། དེ་ཉིད་རྡོ་རྗེ་ལྟ་བུར་མི་འཇིག་པས་ན་རྡོ་རྗེ་ཞེས་བྱའོ། །འོད་བྱེད་པ་ནི་མ་རིག་པའི་མུན་པ་ཐམས་ཅད་བསལ་བར་བྱེད་པ་སྟེ། དེ་གསུངས་པ་ལ་ཐུགས་མཉམ་པར་གཞག་པ་ལ་སྙོམས་པར་ཞུགས་ཞེས་པ་རྒྱུ་ཀུན་ནས་སློང་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་དང་པོར་འཁོར་བ་ན་ཞུགས་པ་ཙམ་ན་རིག་སྔགས་ཆེན་མོ་འདི་ལ་བརྟེན་ནས་ཚེ་ཡོངས་སུ་བསྒྲུབ་པའི་ཕྱིར་དང༌། གསང་སྔགས་འདི་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱའོ། །གཟུངས་ནི་འཛིན་པ་སྟེ། ཚེ་ཡོངས་སུ་འཛིན་པར་བྱེད་པའོ། །སྔགས་ཀྱི་དོ་ནི་ལྷ་ལ་སོགས་པའི་བདུད་རྩི་བས་ཀྱང་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། ནད་རྣམ་པ་གཉིས་ཞི་བར་བྱེད་པའི་ཕྱིར་ན་བདུད་རྩིའི་བདུད་རྩི་ཞེས་པ་དང༌། དེ་ཉིད་ལས་བདུད་རྩི་བསྐྱེད་པའི་ཕྱིར་བདུད་རྩི་བསྐྱེད་པ་ཞེས་པ་དང༌། དེ་ཉིད་ཀྱིས་ཡང་དག་པར་མི་འཆི་བར་འགྱུར་བའི་ཕྱིར་ཡང་དག་
པར་མི་འཆི་བ་ཞེས་པ་དང༌། མི་འཆི་བས་འཆི་བ་གནོན་པར་བྱེད་པའི་ཕྱིར་མི་འཆི་བས་རྣམ་པར་གནོན་པ་ཞེས་པ་དང༌། སྔགས་འདི་ཉིད་བདུད་རྩིར་བྱེད་པའི་ཕྱིར་བདུད་རྩིར་རྣམ་པར་བྱེད་པ་ཞེས་པ་དང༌། དེ་ལས་འཁོར་བའི་ཕ་རོལ་ཏུ་འགྲོ་ཞིང་ལས་དང་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་འགྲོ་བའི་སྒྲིབ་པ་དང༌། ལས་དང་ཉོན་མོངས་པ་ཐམས་ཅད་ཟད་པར་གྱིས་ཤིག་ཅེས་པའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞིའོ་ཞེས་པ་ནི་སྔར་གྱི་དགོངས་པ་བཤད་པ་ལས་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བ་སྙིང་པོའི་གཟུངས་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ༌། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཌ་ནི་ཏྲོ་ཌ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་ཨ་པ་ར་ཎ། པ་རཾ་པཱ་ར་ཎི་མེ་སརྦ་སྟྭ་ན་ཉྩ་སྭཱ་ཧཱ། འདི་བཤད་མ་ཐག་ཏུ་འང་དེ་བཞིན་དུ་གྱུར་ཏོ་ཞེས་གསུངས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་གདོན་མི་ཟ་བར་གཅོད་པར་བྱེ་དཔའི་སྙིང་པོ་གསུང་བ་ལ་ཐུགས་མཉམ་པར་གཞག་པ་ལ་སྙོམས་པར་ཞུགས་ཞེས་པའོ། །ཏིང་ངེ་འཛིན་མཉམ་པར་བརྟན་པ་སྟེ། རྣམ་པར་རྟོག་པ་མེད་པར་རྩེ་གཅིག་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་པ་ནི་འདིར་དོར་གཉིས་སུ་གོ་བར་བྱ་སྟེ། གཅིག་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་འང་རིག་སྔགས་འདིས་ཡོངས་སུ་བཅད་པ་ཉིད་དང༌། གཅིག་ནི་ད་ལྟར་གྱི་སེམས་ཅན་རྣམས་ཡོངས་སུ་རྫོགས་པའི་མཐའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆོང་རྒྱ་བ་ལ་དགོངས་ནས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཞེས་པའོ། །ཡང་འདིར་དེ་བཞིན་གཤེགས་
པ་ནི་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་དེ་བཞིན་གཤེགས་པ་དང༌། རྣམ་པར་བྱང་བའི་དེ་བཞིན་གཤེགས་པའོ། །དེ་ལ་རྣམ་པར་བྱང་བའི་དེ་བཞིན་གཤེགས་པ་ནི་སྔར་བཤད་ཟིན་ལ། ཀུན་ནས་ཉོན་མོངས་པའི་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་དེ་གཏི་མུག་ལ་སོགས་པ་ཉོན་མོངས་པའི་རྒྱུ་ལས་ཡང་དག་པར་བྱུང་ཞིང༌། ད་ལྟར་ཡང་འདིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྗེས་སུ་འབྲང་བའི་ཕྱིར་དེ་བཞིན་གཤེགས་པ་སྟེ་དེ་དག་ཐམས་ཅད་ཀྱི་སྒྲིབ་པ་གསང་སྔགས་འདིས་ཡོངས་སུ་གཅོད་པ་ཞེས་བྱའོ། །སྙིང་པོ་ནི་ཡེ་ཤེས་ཏེ་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །གཟུངས་ནི་འཛིན་པ་སྟེ་ངན་སོང་དུ་འགྲོ་བ་རྣམས་ཡང་དག་པར་འཛིན་པ་ཉིད་དོ། །ཐུགས་ཀ་ནས་ཕྱུང་བ་ནི་ཐུགས་ཀ་ནས་ཞལ་དུ་ཕྱུང་བའོ། །དེ་ལ་འདིར་སྙིང་པོ་ནི་འདིར་དེ་བཞིན་གཤེགས་པ་མི་བསྐྱོད་པའི་སྙིང་པོ་ཡིན་ཏེ། དེའི་དོན་ཡང་འདི་ལྟར་སོལ་ཅིག་སོལ་ཅིག་ཅེས་པ་དང༌། ནོན་ཅིག་ནོན་ཅིག་ཅེས་པ་དང༌། ཤིག་ཅིག་ཤིག་ཅིག་ཅེས་པ་དང༌། སྐྲག་པར་གྱིས་ཤིག་སྐྲག་པར་གྱིས་ཤིག་ཅེས་པ་དང༌། རབ་ཏུ་ཆོམ་ཤིག་རབ་ཏུ་ཆོམ་ཤིག་ཅེས་པ་སྟེ། དེ་དག་གི་ལས་སུ་བྱ་བའི་གཞི་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་བརྒྱུད་པ་ཐམས་ཅད་དེ། དེ་དག་ཡང་དག་པར་སོལ་ཅིག་ཅེས་པ་ལ་སོགས་པར་གོ་བར་བྱ་བའོ།། འདི་བཤད་མ་ཐག་ཏུ་ཡང་ཐམས་ཅད་དེ་བཞིན་དུ་གྱུར་ཏོ་ཞེས་པ་ནི་གོང་དུ་བཤད་པའི་ཚུལ་ལས་ཡང་དག་པར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་དྲི་མ་མེད་ཅིང་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་རྣམས་མ་ལུས་པར་འཇོམས་པ་ཞེས་བྱ་བའི་སྙིང་པོའི་གཟུངས་རང་གི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་རཏྣེ་རཏྣེ། རཏྣ་སཾ་བྷ་བེ། རཏྣ་ཀི་རཏྣེ། རཏྣ་མཱ་ལེ་བི་ཤུདྡྷྱ། ཤོ་དྷ་ཡ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུཾ་ཏྲ་ཊ།
དེ་ནས་འདི་བཤད་མ་ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམ་པར་གྱུར་ཏོ་ཞེས་གསུངས་པ་ནི་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དང༌། བག་ཆགས་ཀྱི་དྲི་མ་མེད་ཅིང་རྣམ་པར་དག་པར་བྱེད་པའི་སྙིང་པོ་གསུངས་པ་ལ་ཐུགས་མཉམ་པར་གཞག་པ་སྟེ། དེ་ལ་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པའི་ཕྱིར་ཏེ། ཏིང་ངེ་འཛིན་ནི་མཉམ་པར་གནས་པར་བྱས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་རྣམས་མ་ལུས་པར་འཇོམས་པ་ནི་གོང་དུ་སྨོས་པའི་བཤད་པ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །སྙིང་པོ་ནི་ཡེ་ཤེས་སོ། །གཟུངས་ནི་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལ་སྔགས་ནི་འདིར་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་སྙིང་པོ་སྟེ། དེ་དག་གི་དོན་ནི་ལྷ་དང་མི་རྣམས་ཀྱི་རིན་པོ་ཆེ་ལས་ཁྱད་པར་དུ་འཕགས་པ་འཇིག་རྟེན་འདིའི་བདེ་བ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་སྟེར་བའི་ཕྱིར་ན་རིན་པོ་ཆེ་ཞེས་པའོ། །དེ་ལས་འདོད་པའི་དགོས་པ་ཐམས་ཅད་འབྱུང་བའི་ཕྱིར་ན་རིན་པོ་ཆེ་ཡང་དག་པར་འབྱུང་བ་ཞེས་བྱ་བའོ། །དེ་ཉིད་ལས་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོ་འབྱུང་བའི་ཕྱིར་ན་རིན་པོ་ཆེའི་འོད་ཟེར་ཞེས་བྱ་བའོ། །དེ་ཉིད་ཐུགས་རྗེ་ཆེན་པོའི་རྒྱུན་ཕྲེང་བ་ལྟ་བུར་འབྱུང་བས་ན་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའོ། །དེ་ཉིད་ཀུན་ནས་ཉོན་མོངས་པའི་སྐྱོན་དང་བྲལ་བའི་ཕྱིར་ན་རྣམ་པར་དག་པ་ཞེས་བྱ་སྟེ། དེ་དག་གིས་ལས་ཅི་ལྟ་བུ་ཞིག་མཛད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱོང་བར་བྱེད་པ་ཉིད་དོ། །དེ་ནས་འདི་བཤད་མ་ཐག་ཏུ་བདུད་ཀྱི་གནས་ཐམས་ཅད་བཅོམ་པར་གྱུར་ཏོ་ཞེས་པ་ནི་བཅོམ་པར་གྱུར་པ་དང༌། བཅོམ་པ་དང༌། འཇོམས་པར་འགྱུར་བ་ལ་དགོངས་ནས་གསུངས་པར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་ཆོམས་པས་སྒྲིབ་པ་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་
ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ༌། །ཨོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦ་ཀརྨ་ཨཱ་བ་ར་ཎི་བི་ན་ཤ་ནི་ཧ་ར་ཧ་ར་ཧཱུཾ་ཕཊ། གསང་སྔགས་འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་རབ་ཏུ་གཡོས། འཁྲུགས་རབ་ཏུ་འཁྲུགས། འགུལ་རབ་ཏུ་འགུལ་ཞིང་རྨད་ཀྱི་ངོ་མཚར་སྣ་ཚོགས་པ་སྣང་བར་གྱུར་ཏོ་ཞེས་གསུངས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སེམས་ཅན་རྣམས་ཀྱིས་གསང་སྔགས་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེ་ནི་བདུད་ཀྱི་ཚོགས་ཐམས་ཅད་ཀྱིས་གདོན་མི་ཟ་པར་མི་ཆོམས་པས་ལས་ལ་སོགས་པའི་སྒྲིབ་པ་ཐམས་ཅད་མ་ལུས་པར་འཇོམས་པའི་གསང་སྔགས་གསུངས་པ་ལ་ཐུགས་མཉམ་པར་གཞག་པ་དེ་ལ་སྙོམས་པར་ཞུགས་པའོ། །ཏིང་ངེ་འཛིན་ནི་རྩེ་གཅིག་པ་སྟེ་ཆོས་ཀྱི་སྐུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་གཟུངས་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་ཞེས་པ་ལ། དེ་བཞིན་གཤེགས་པ་ནི་ཀུན་ནས་ཉོན་མོངས་པའི་དེ་བཞིན་གཤེགས་པའམ། རྣམ་པར་བྱང་བའི་དེ་བཞིན་གཤེགས་པ་སྟེ། དེ་ལ་སྙིང་པོ་ནི་གཉིས་ཀར་ཡེ་ཤེས་ལ་བྱའོ། །གཟུངས་ནི་རྣམ་པ་གཉིས་ཏེ། ཤེས་རབ་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱིས་ནི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་འཛིན་ཏོ། །ཐབས་ཕུན་སུམ་ཚོགས་པའི་བདག་ཉིད་ཀྱིས་ནི་སེམས་ཅན་རྣམས་ངན་འགྲོ་རྣམ་པ་གསུམ་ལས་ཡང་དག་པར་འཛིན་པའི་ཕྱིར་གཟུངས་སོ་ཞེས་བྱ་བའོ། །འདི་ཞེས་པའི་སྒྲ་ནི་དམིགས་པ་ཉེ་བར་སྟོན་པ་སྟེ། ཉིད་ཀྱི་ཐུགས་ཀ་ནས་ཕྱུང་བ་ནི་ཐུགས་ཀ་ནས་ཞལ་དུ་ཕྱུང་ཞེས་པར་འབྲེལ་ཏོ། །དེ་ལ་སྔགས་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་སྙིང་པོ་སྟེ། དེ་དག་གི་དོན་ནི་བསོད་ནམས་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའི་དོན་ཡོད་ཅིང་ཞེས་པའོ། །ངན་སོང་རྣམ་པ་གསུམ་ཐེ་ཚོམ་མི་ཟ་བར་སྤོང་བར་བྱེད་པའི་ཕྱིར་གདོན་མི་ཟ་བར་ཞེས་བྱ་བའོ། །དེ་ལ་གནོད་མི་ཟ་བར་གང་མཛད་ཅེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་ཤིང་འཕྲོག་ཅིང་འཕྲོག་པར་མཛད་པ་
ཞེས་བྱ་བ་ཉིད་དོ། །གསང་སྔགས་འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཡོས་རབ་ཏུ་གཡོས་ཞེས་པ་ལ་སོགས་པ་ནི་འདིར་དོན་རྣམ་པ་གསུམ་དུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་གཟུངས་འདི་བཤད་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རྣམས་དེ་བཞིན་དུ་འཁྲུགས་པ་ལ་སོགས་པར་གྱུར་པ་སྟེ། དེ་ནི་སེམས་ཅན་གང་དག་དམ་པའི་ཆོས་གསང་སྔགས་རིན་པོ་ཆེ་འདི་ལ་བརྟེན་ནས་ཡོངས་སུ་རྫོགས་པའི་མཐར་བླ་ན་མེད་པ་ཡང་དག་པར་འཚང་རྒྱ་བའི་སྐད་ཅིག་ལ། འཇིག་རྟེན་གྱི་ཁམས་རྣམས་རབ་ཏུ་གཡོ་བ་དང་རབ་ཏུ་འགུལ་བ་དང་ངོ་མཚར་གྱི་ཆོས་སྣ་ཚོགས་པ་ཡང་དག་པར་བྱུང་བའི་ཕྱིར་འབྲས་བུའི་ཆོས་རྒྱུ་ལས་བྱུང་བར་ཡང་དག་པར་བརྟགས་པའོ། །གཅིག་ནི་སེམས་ཅན་གང་དག་གསང་སྔགས་རིན་པོ་ཆེ་འདིའི་སྒོར་ཞུགས་ནས། བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་སྐྱེས་པའི་སྐད་ཅིག་ལ་ནི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོ་བ་ལ་སོགས་པ་འབྱུང་བའི་ཕྱིར་དང༌། གཅིག་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ནི་ས་འོག་དང་ས་སྟེང་དངས་བླ་རྣམ་པ་གསུམ་སྟེ། དེ་ལས་བླ་ནི་སྒྲའི་གནས་སོ། །ས་སྟེང་ནི་འཇུག་པའི་གནས་སོ། །ས་འོག་ནི་བསྐྱོད་པའི་གནས་ཏེ་དེ་དག་ལ་བརྟེན་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་སྟེ། དེ་དག་རྣལ་འབྱོར་བའི་རིག་པ་ཆེན་པོས་ཡང་དག་པར་འཁྲུག་པར་བྱེད་གནས་གཞན་དུ་སྐྱོད་པར་བྱེད་དགའ་བ་དང་བདེ་བ་དང་ཞི་བ་ལ་སོགས་པའི་ངོ་མཚར་སྣ་ཚོགས་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཡོས་རབ་ཏུ་གཡོས་ཞེས་པ་ལ་སོགས་པ་ཡོངས་སུ་གསུངས་པ་ཉིད་དོ། །དེ་ནས་དཀྱིལ་འཁོར་བཤད་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་ཡང་དག་ལྡན། །རྟ་བབས་བཞི་དང་རབ་ལྡན་ཞིང༌། །ཐེམ་པ་དང་ནི་སྒོ་ཁྱུད་ལྡན། །དེ་ཡི་དབུས་སུ་འཁོར་ལོ་ནི། །དཀྱིལ་འཁོར་པདྨར་བྲི་བྱ་སྟེ། །རྩིབས་བཞི་པ་དང་ལྡན་པ་ལ། །ལྟེ་བའི་དཀྱིལ་འཁོར་ལྡན་པར་བྱ། །ཞེས་
གསུངས་པ་ནི་འདི་ལྟར་སྔར་བསྟན་པའི་རིམ་པས་ས་བྱིན་གྱིས་བརླབ་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ལ། སྟེགས་བུ་ཁྲུ་དྲུག་པ་བརྩིགས་ཏེ། དྲི་དང་བའི་རྣམ་ལྔ་ལ་སོགས་པས་ལེགས་པར་བྱུགས་ནས་ཐིག་གདབ་ལ། དེའི་དབུས་སུ་འཁོར་ལོ་དམར་པོ་རྩིབས་བཞི་དང་ལྡན་པ་ཅིག་བྲི་བར་བྱའོ། །དེའི་མུ་ཁྱུད་ནི་པདྨའི་ཕྲེང་བས་ཡང་དག་པར་བསྐོར་ཞིང་འཁོར་ལོའི་རྩིབས་ཀྱི་བར་དུ་ནི་བདུད་རྩིའི་བུམ་པ་བཞི་བྲི་བར་བྱའོ། །དེ་འཁོར་ལོ་ནི་འོད་ཟེར་སྣ་ཚོགས་པ་འབར་བས་ཡོངས་སུ་འཁོར་བར་བྱའོ། །དེའི་ཕྱི་རོལ་དུ་སྒོ་བཞི་དང་རྟ་བབས་དང་སྒོ་ཁྱུད་དང་སྒོ་འགྲམ་དང༌། ཡ་ཕུབས་དང་དྲ་བ་དང་དྲ་བ་ཕྱེད་པ་དང་མཆོད་པའི་སྣམ་བུ་དང་རིན་ཆེན་ཕ་གུ་དང་མདའ་ཡབ་ལ་སོགས་པའི་རྒྱ་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པར་བྱ་བ་ཉིད་དོ། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ལྡན། །ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། །ཟླ་བ་རྒྱས་པའི་ཞལ་འཛུམ་བྲི། །ཤར་གྱི་རྩིབས་ཀྱི་སྟེང་དུ་ནི། །མགོན་པོ་མི་བསྐྱོད་བྲི་བར་བྱ། །ལྷོ་ཕྱོགས་སུ་ནི་རིན་ཆེན་བྲི། །ནུབ་ཕྱོགས་གཟི་བརྗིད་དཔག་མེད་ལ། །བྱང་ཕྱོགས་སུ་ནི་གདོན་མི་ཟ། །དཔའ་བོ་སྟོབས་ཆེན་བྲི་བར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །འཁོར་ལོས་སྒྱུར་བར་ཆས་པ་དང༌། །ཟླ་བའི་དཀྱིལ་འཁོར་མདོག་འདྲ་ཞིང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་དང༌། །ཕྱག་ནི་མཆོག་སྦྱིན་མི་འཇིགས་སྐྱབས། །རྡོ་རྗེ་སྐྱིལ་མོ་ཀྲུང་བཞུགས་བྲི། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །དེ་བཞིན་གདུགས་སོགས་བྲི་བྱ་སྟེ། །སྒོ་རྣམས་སུ་ནི་སྒོ་སྐྱོང་བ། །ཁྲོས་པའི་བཞིན་དང་ལྡན་པ་བྲི། །ཞེས་པ་ལ་སོགས་པ་འདི་ལྟར་འཁོར་ལོའི་ལྟེ་བ་ལ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐབས་འདིར་སྐུ་མདོག་དཀར་པོ་ལ་ཕྱག་གཉིས་པ་ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་ཤིང༌། གཡོན་པས་དྲིལ་བུ་དཀུར་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་
བཞིན་ཤིན་ཏུ་འཛུམ་པ་དང་ལྡན་པ་བྲིའོ། །དེའི་ཤར་ཕྱོགས་ཀྱི་རྩིབས་ལ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ་བྲིའོ། །ལྷོ་ཕྱོགས་ཀྱི་རྩིབས་ལ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡང་སྐུ་མདོག་དཀར་པོ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡོན་པ་ཏིང་ངེ་འཛིན་དུ་བསྣོལ་ནས་གཡས་པ་མཆོག་སྦྱིན་དུ་མཛད་པ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་རྩིབས་སུ་ནི་བཅོམ་ལྡན་འདས་གཟི་བརྗིད་དཔག་མེད་སྐུ་མདོག་སྔ་མ་ལྟ་བུ་ལ་ཕྱག་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དུ་བྲི་བར་བྱའོ། །བྱང་ཕྱོགས་སུ་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་སྐུ་མདོག་དང་རྒྱན་ཆ་སྔ་མ་ལྟ་བུ་ལ་ཕྱག་གཡོན་པ་ཏིང་ངེ་འཛིན་དུ་བསྣོལ་ཞིང་གཡས་པ་སྐྱབས་སྦྱིན་མཛད་པའི་ཕྱག་རྒྱ་དང་ལྡན་པ་བྲིའོ། །འཁོར་ལོའི་མཐའ་ལོགས་གྲྭ་བཞིར་ནི་སྒེག་མོ་དང༌། ཕྲེང་བ་མ་དང༌། གླུ་མཁན་མ་དང༌། གར་མཁན་མ་དང༌། བདུག་པ་མ་དང༌། མེ་ཏོག་མ་དང༌། སྣང་བ་མ་དང༌། དྲི་ཆབ་མ་དང་བརྒྱད་བྲི་བར་བྱའོ། །སྒོ་བཞིར་ནི་ལྕགས་ཀྱུ་དང༌། ཞགས་པ་དང། ལྕགས་སྒྲོག་དང༌། དྲིལ་བུ་ལ་སོགས་པ་ཁྲོ་བོའི་ཆ་ལུགས་སུ་གནས་པ་བྲི་བར་བྱ་བ་ཉིད་དེ། དེ་དག་གི་ས་བོན་རྣམས་ནི་སྙིང་པོ་ལྔའི་དང་པོ་ལྔའི་དང་པོ་རྣམས་ལས་མཚོན་པར་བྱའོ། །དེ་ནས་རྣལ་འབྱོར་ཅན་ཉིད་གཞུག །སྔགས་ཀྱི་ལྷ་རྣམས་སྤྱན་དྲངས་ཏེ། ཛཿ་ཧཱུཾ་བཾ་ཧོཿ་བྷ་ག་བཱ་ན་བཛྲ་ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ། དེ་ནས་གཙོ་རྣམས་བྱོན་པ་དང༌། མཆོད་པའི་ཚོགས་ནི་རབ་བྱས་ཏེ། །འཆི་བདག་སྦྲུལ་གྱིས་ཟིན་པ་རྣམས། །འཆི་བདག་གཞོམ་ཕྱིར་གཞུག་པར་བྱ། །ཞེས་པ་ལ་སོགས་པ་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ། །སྟོང་པ་ཉིད་བསྒོམས་པའི་མཐར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་བདེ་བར་གཤེགས་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་དང༌། སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དགུག་
པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པ་རྣམས་བྱས་ཏེ། གཟུགས་བརྙན་གྱི་ལྷ་དང་གཉིས་སུ་མེད་པར་བྱས་ནས་ཞབས་བསིལ་ལ་སོགས་པ་དྲངས་ཏེ། ཕྱག་འཚལ་བ་དང་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱས་ལ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་བདག་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཞུགས་ལ་དགེ་བའི་ལས་རྣམས་ཡང་དག་པར་བྱ་བ་སྟེ། དེ་ལ་སྔགས་ཀྱི་དོན་ནི་ཀྱེ་མ་བཅོམ་ལྡན་འདས་རྡོ་རྗེ་ཅན་བདག་ལ་དམ་ཚིག་གིས་ཡོངས་སུ་གཟུང་དུ་གསོལ་ཞེས་པའོ། །དེ་ནས་བདག་ཉིད་དང་པོར་རིམ་པ་ཇི་ལྟ་བ་བཞིན་དུ་བདེ་བར་གཤེགས་པ་རྣམས་ལ་དབང་ཡོངས་སུ་མནོས་ཏེ། གནང་བ་ལེགས་པར་བླངས་ནས་འཆི་བདག་གིས་ཉེན་པའམ། བསོད་ནམས་དང་སྐལ་བ་ཆུང་བའམ། ཡེ་ཤེས་ཆེན་པོས་སྟོང་པ་རྣམས་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། དེ་ཡང་དང་པོར། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཐོག་མ་ཐ་མ་མེད་པ་ནས། །མི་དགེའི་དབང་དུ་གྱུར་པས་ན། །ལུས་ཀྱི་སྡིག་པའི་ལས་རྣམས་བཤགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སྡིག་བཤགས་པར་བྱའོ། །དེ་བཞིན་དུ་ཚིགས་སུ་བཅད་པ་རྣམས་ཀྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། རྡོ་རྗེ་ཐེག་པ་ལ་ཁས་ཡང་དག་པར་འཆེས་པ་ལ་སོགས་པས་བྱས་ཏེ། དར་ལ་སོགས་པས་མིག་བཀབ་ནས་གཞུག་པར་བྱའོ། །བཛྲ་མ་ཡ་ཧཱུཾ། རྡོ་རྗེ་ཏི་རིནྟི་རི་བཅིང༌། །ལག་ན་རིན་ཆེན་ཐོགས་ཏེ་གཞུག །ཡང་ན་མེ་ཏོག་ཕྲེང་བ་སྟེ། །དེ་ནི་དཀྱིལ་འཁོར་ཉིད་དུ་དོར། །ཨོཾ་པྲ་ཏཱི་ཙྪ་བཛྲ་ཧཱུཾ། དེ་ནས་དམ་ཚིག་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། དེ་ནས་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་ཧཱ་སྤྱོད་གྷ་ཊ་ཡ་ཧཱུཾ། དེ་ནས་འདིས་བསལ་བར་བྱའོ། །ཨོཾ་བཛྲ་པཱ་ཤྱ་ཧོཿ། ཞེས་པ་ལ་སོགས་པ་ནི་འདི་ལྟར་བདག་ཁྲོ་བོ་ཏི་རི་ནྟི་རིའི་རྣལ་འབྱོར་གྱིས་ཕྱག་རྒྱ་སོར་མོ་རྣམས་ནང་དུ་བསྣོལ་ལ་མཐེ་བོང་
གཉིས་བསྒྲེང་སྟེ། སྔར་བཟླས་པའི་བུམ་པ་ནས་ཆུ་བླངས་ལ་དེའི་བགེགས་བསྐྲད་པར་བྱའོ། །དེ་ནས་སྔགས་དང་པོས་ནི་དམ་ཚིག་གི་མནའ་བསྒྲག་པར་བྱའོ། །དེ་ནས་སྔགས་གཉིས་པས་ནི་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པ་དོར་བར་བྱའོ། །སྔགས་གསུམ་པས་ནི་གདོང་གཡོགས་དགྲོལ་བར་བྱའོ། །སྔགས་བཞི་པས་ནི་བསལ་བར་བྱས་ལ་ལྷའི་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བ་ཉིད་དོ། །དེ་ནས་འདིས་དབང་བསྐུར་བར་བྱའོ། །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ། དེ་ནས་འདིས་བུམ་པའི་དབང་བསྐུར་བར་བྱའོ། །ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། །ཨོཾ་བཛྲ་ཨ་བྷི་ཤིཉྩ་ཧཱུཾ། ཨོཾ་ཀརྨ་ཀ་ལ་ཤ་བྱའོ། །ཨོཾ་བུདྡྷ་མཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མཱ་ལ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་མཱ་ལ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བུདྡྷ་ཀརྨ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀརྨ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཨཿ། ཨོཾ་བཛྲ་ཙ་ཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ། ཨོཾ་བཛྲ་ཙ་ཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ། ཏྲཱཾ་ཏྲཱཾ་ཏྲཱཾ། ཧྲཱིཿ་ཧྲཱིཿ་ཧྲཱིཿ། ཨཿ་ཨཿ་ཨཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷ་ར་ཎི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་དྷ་ར་ཎི་ཨ་བྷི་ཥིཉྩ་ཏྲྭཱཾ། ཨོཾ་པདྨ་དྷ་ར་ཎི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་དྷ་ར་ཎི་ཨ་བྷི་ཥིཉྩ་ཨཿ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨཿ། ཨོཾ་
པྲ་ཛྙོ་པ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཨོཾ་ཨཱཿ་ཧཱུཾ། ཞེས་པ་ལ་སོགས་པའི་སྔགས་འདི་ལྟར་དབང་བཅུ་ཡོངས་སུ་རྫོགས་པར་བསྐུར་བར་གསུངས་ཏེ། དེ་ལ་འདི་ནི་བཤད་པའི་རྒྱུད་ཡིན་པའི་ཕྱིར་དང༌། ཁྱབ་པར་འབྱུང་བའི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་དཀྱལ་འཁོར་ཐམས་ཅད་དུ་ཁྱབ་པར་གསུངས་པའི་ཕྱིར་འདི་གསུངས་པའི་ཕྱིར་འདི་གསུངས་པའི་སྔགས་དང་རྣལ་འབྱོར་དང་བྱ་བ་ལ་སོགས་པ་རྣམས་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདིར་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ལ་ཁྱབ་པར་བྱ་བ་ཉིད་དེ། །དེ་ལ་དང་པོ་ནི་བདག་ཉིད་རྣམ་པར་སྣང་མཛད་དང༌། ངན་སོང་སྦྱོང་བ་དང༌། རིན་ཆེན་ཏོག་དང༌། ཤཱཀྱ་ཐུབ་པ་དང༌། མེ་ཏོག་ཆེན་པོ་རྒྱས་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པར་བྱས་ལ། སློབ་མའི་དཔྲལ་བ་དང༌། ལྐོག་མ་དང༌། སྙིང་ག་དང༌། ལྟེ་བ་དང་གསང་བའི་གནས་རྣམས་སུ་དེ་དག་གི་ས་བོན་དང༌། ཏིང་ངེ་འཛིན་གྱིས་དབང་བསྐུར་བར་བྱ་སྟེ། དེ་ནི་བདེ་བར་གཤེགས་པའི་དབང་ཞེས་བྱ་བའོ། །གཉིས་པ་ནི་ལོ་ཙ་ནཱ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་སུ་བུམ་པ་ལྔ་བྱིན་གྱིས་བརླབས་ལ། སྤྱི་བོ་དང༌། དཔྲལ་བ་དང༌། རྣ་བ་གཡས་དང༌། རྣ་བ་གཡོན་དང༌། ལྟག་པ་རྣམས་སུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི་བུམ་པའི་དབང་ཞེས་བྱའོ། །གསུམ་པ་ནི་མུ་ཏིག་དང་གསེར་དང༌། བྱི་རུ་དང༌། རྡོའི་སྙིང་པོ་ལ་སོགས་པའམ། ཡང་ན་དེ་དང་རིགས་མཐུན་པའི་ཤིང་འབྲས་ལ་སོགས་པའི་ཕྲེང་བ་བདེ་བར་གཤེགས་པ་ལྔའི་སྙིང་པོ་དང༌། རང་གི་ལྷའི་སྙིང་པོ་རྣམས་ཟློས་ཤིང་སྦྱིན་པ་སྟེ། དེ་དག་ནི་ཕྲེང་བའི་དབང་ཞེས་བྱའོ། །བཞི་པ་ནི་བདེ་བར་གཤེགས་པ་ལྔའི་ཕྱག་རྒྱ་བཅིངས་ལ། མིག་དང༌། རྣ་བ་དང༌། སྣ་དང༌། ཁ་དང༌། སྤྱི་བོ་རྣམས་སུ་དབང་བསྐུར་བར་བྱ་བ་སྟེ། དེ་དག་ནི་ཕྱག་རྒྱའི་དབང་ཞེས་བྱའོ། ལྔ་པ་ནི་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ལ། ཨོཾ་ཁྱོད་ཀྱིས་དབུས་སུ་རང་སོང་ནས། །སེམས་ཅན་སྨིན་པར་བྱ་བའི་ཕྱིར། །བདེ་བར་གཤེགས་པའི་བཀའ་
བཞིན་དུ། །སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔས་དབང་བསྐུར་བར་བྱ་སྟེ། དེ་དག་ནི་ལས་ཀྱི་དབང་ཞེས་བྱའོ། །དྲུག་པ་དང་བདུན་པ་ནི་གཅིག་སྟེ་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་དབང་བསྐུར་བར་བྱ་སྟེ། དེ་དག་ནི་འཁོར་ལོས་སྒྱུར་བའི་དབང་ཞེས་བྱའོ། །བརྒྱད་པ་ནི་བུམ་པའི་དབང་གི་ཁོངས་སུ་འདུས་པ་སྟེ། ཆུ་ལ་སོགས་པ་དབང་བསྐུར་བའི་རྗེས་ལ་རང་གི་རིགས་དར་མཐུན་པའི་མིང་གདགས་པར་བྱ་བ་ནི་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བར་བྱ་བ་སྟེ། དེ་ནི་མིང་གི་དབང་ཞེས་བྱ་བའོ། །དེ་ལ་དེ་དག་གི་འོག་ཏུ་གསུངས་པའི་ཡིག་འབྲུ་བཅོ་ལྔ་པོ་ནི་སྔགས་གསུམ་པོ་རྣམས་ལའང་བདེ་བར་གཤེགས་པ་དང༌། རྡོ་རྗེ་དང་རིན་པོ་ཆེ་དང༌། པདྨ་དང༌། ལས་ལྔའི་ཚིག་མཚོན་པར་བྱ་བར་གསུངས་པ་སྟེ། གོང་མ་ཇི་ལྟ་བ་བཞིན་དུ་བྱ་བའོ། །དགུ་པ་ནི་རྣམ་པར་མི་རྟོག་པ་སྣང་བ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པའི་ཏིང་ངེ་འཛིན་རྣམས་ཀྱིས་སྙིང་གའི་ཐིག་ལེ་ལྔ་ལ་དབང་བསྐུར་བར་བྱ་བ་སྟེ། དེ་དག་ནི་གཟུངས་ཀྱི་དབང་ཞེས་བྱ་བའོ། །བཅུ་པ་ནི་གསང་བའི་དོན་གྱི་ཕྱག་རྒྱ་བཅིངས་ལ་རང་གིས་ཡོངས་སུ་རིག་པར་བྱ་སྟེ། མུ་ཏིག་ལྟ་བུའི་ཐིག་ལེ་དཀར་པོ་ལྔས་གདོང་གི་པདྨར་གཏང་བར་བྱ་བ་སྟེ། དེ་ནི་གསང་བའི་དབང་ཞེས་བྱའོ། །བཅུ་གཅིག་པ་ནི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་མཛེས་པ་བཅིངས་ལ་ཏིང་ངེ་འཛིན་གྱིས་བདེ་བ་ཆེན་པོའི་ངོ་བོར་རིག་པར་བྱས་ལ། དབང་བསྐུར་བར་བྱ་བ་སྟེ། དེ་ནི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའི་དབང་ཞེས་བྱའོ། །དེ་ནས་འདིར་མ་གསུངས་ནའང་གོང་དུ་གསུངས་པའི་ཕྱིར་འདིར་བཀའི་དབང་ཡང་དྲན་པར་བྱ་སྟེ། དེ་དག་གི་རིམ་པ་དང་རྣལ་འབྱོར་དང༌། ཚིགས་སུ་བཅད་པ་ལ་སོགས་པ་དང༌། མཚན་ཉིད་བཤད་པ་རྣམས་ནི་ཚིག་མངས་པའི་སྐྱོན་དུ་འགྱུར་གྱིས་དོགས་ནས་འདིར་མ་བྲིས་ཏེ། དབང་གི་རིམ་པར་བལྟ་བར་བྱའོ། །དེ་
ནས་དབང་བསྐུར་ནས་ཚེ་བསྲིང་བའི་རིམ་པ་འདི་སྦྱིན་པར་བྱའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་བྷྲཱུཾ་ཧཱུཾ་ཨཱཿཞེས་པ་ནི་སྐབས་འདིར་དབང་རྣམས་རྫོགས་པའི་རྗེས་ལ་སྙིང་པོ་དེ་བརྒྱ་རྩ་བརྒྱད་ལ་སོགས་པའི་གྲངས་སུ་སྦྱིན་པར་བྱ་བ་སྟེ། གཞན་དུ་ནི་མ་ཡིན་ནོ། །དེའི་སྒྲུབ་པ་འདི་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཚེ་ཟླ་བའི་འོད་ཅན་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཤིང་ཕྱག་གཉིས་པ་ལ་མི་འཇིགས་པ་དང་མཆོག་སྦྱིན་དུ་མཛད་པ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་སྒྲུབ་པ་པོའི་ལག་པ་ཐལ་མོ་བརྐྱང་ལ་གདོང་གྱེན་དུ་བཅོམ་ལྡན་འདས་ལ་བལྟ་བར་བྲིས་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ་དེའི་སྤྱན་སྔར་འབུམ་བཟླས་པར་བྱའོ་ཞེས་པ་ནི་འདི་ལྟར་འདིར་གསུངས་པའི་དཀྱིལ་འཁོར་ནི་རྒྱུད་གཞན་ལས་གསང་སྔགས་ཐམས་ཅད་འདུས་པའི་དཀྱིལ་འཁོར་ཞེས་གསུངས་ཏེ། ཚེགས་ཆུང་བས་རྒྱུད་ཀྱི་རྒྱལ་པོ་འདི་ཉན་པ་དང་བཤད་པ་དང༌། སྒྲུབ་པ་ལ་སོགས་པའི་གང་ཟག་རྣམས་ཀྱི་དོན་དུ་གསུངས་པས་ཚེ་དཔག་མེད་ཀྱི་བསྒྲུབ་པའི་དཀྱིལ་འཁོར་ནི་འོག་ནས་སྟོན་པར་འགྱུར་བས་དེའི་སྐབས་སུ་འདིར་བཤད་པ་རྣམས་ཤེས་པར་བྱ་ཞིང༌། འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ལས་བཤད་པ་སྟེ། འདིར་གསུངས་པའི་བྲིས་སྐུའང་འོག་ཏུ་ཤེས་པར་བྱའོ། །དེ་ལ་མི་གང་དག་ཚེ་བསྒྲུབ་པར་འདོད་པ་ལ་དང་པོར་རྩ་བའི་ཡན་ལག་བཞི་དགོས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང༌། དམ་ཚིག་དང་སྔོམ་པ་མ་ཉམས་པ་དང༌། བླ་ན་མེད་པའི་འཕགས་པ་དཀོན་མཆོག་གསུམ་ལ་གུས་ཤིང་ཕྱོགས་བཞིའི་དགེ་འདུན་དང་ཡིད་མཐུན་པ་དང༌། རྣམ་པར་རྟོག་པ་ཤས་ཆུང་བའོ། །དེ་དང་ལྡན་པའི་གང་ཟག་རྣམས་ཀྱིས་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་འདིར་ཞུགས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབང་མནོས་ནས། བླ་མ་ཡོངས་སུ་མཉེས་པར་བྱས་ལ་སྦྱིན་པ་ལ་སོགས་པ་རྒྱ་ཆེན་པོར་བྱ་སྟེ། སྨོན་ལམ་བཏབ་ནས་
རས་བལ་གསར་པ་ལ་ག་བུར་ལ་སོགས་པའི་དྲིས་ཡོངས་སུ་བསྒོས་ལ་ཐ་ག་མོ་བསྙེན་གནས་ལ་གནས་པས་དཀྱུས་སུ་ཁྲུ་དོ་པ་ཞེང་དུ་ཁྲུ་ཕྱེད་དང་དོ་བཏགས་ཏེ། རི་མོ་མཁན་བསྙེན་གནས་ལ་གནས་པར་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་ཚེ་སྟེར་བར་བྱེད་པ་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ཤིང་ཟླ་བའི་འོད་དང་ལྡན་པ་སྐུ་མདོག་དམར་སྐྱ་གསལ་ཞིང་འཚེར་བ་དང༌། དེ་བཞིན་གཤེགས་པའི་ཆ་ལུགས་སུ་བཞུགས་བ་ཕྱག་གཡས་བ་སྐྱབས་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡོན་པ་མཆོག་སྦྱིན་དུ་བརྐྱང་བའི་རྩེ་མོ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུ་འཛག་པས་སྒྲུབ་པ་པོའི་ལག་མཐིལ་དུ་འབབ་པ་བྲི་ཞིང༌། དེའི་གཡོན་ཕྱོགས་སུ་སྒྲུབ་པ་པོའི་ལག་པ་གཡས་བརྐྱང་བ་གཡོན་པ་ཕྱག་འཚལ་བ་བྲིའོ། །དེའི་མདུན་དུ་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པའི་ཚོགས་ཅི་རིགས་པ་བྲི་བར་བྱའོ། །དེ་ནས་རི་མོའི་གཟུགས་དེ་རབ་ཏུ་གནས་པ་དང་སྤྱན་དབྱེ་བ་ལ་སོགས་པ་བྱས་ནས། དེ་མཆོད་པ་རྒྱ་ཆེན་པོ་རྣམས་ཀྱིས་མཆོད་ནས་དེའི་སྤྱན་སྔར་གོང་དུ་གསུངས་པའམ། འོག་ནས་འབྱུང་བའི་སྔགས་འབུམ་བཟླས་པར་བྱའོ། །དེ་ནས་གནས་དབེན་པར་འོག་ནས་འབྱུང་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ཏེ། མཆོད་པ་ལ་སོགས་པས་མཆོད་ཅིང་གསང་སྔགས་ཁྲི་བཟླས་པར་བྱའོ། །དེ་ནས་བདག་ཉིད་བཅོམ་ལྡན་འདས་ཚེ་དཔག་མེད་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བསྐྱེད་ལ། གསང་སྔགས་སྟོང་བཟླས་པར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་བཞེངས་ལ་སྦྱིན་སྲེག་འབུམ་དང་གཏོར་མ་རྒྱ་ཆེན་པོ་སྦྱིན་པ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་དང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡི་གེ་བརྒྱ་པའི་སྙིང་པོ་ཁྲིའམ་སྟོང་དུ་བཟླས་ཤིང་སྡིག་པ་མ་ལུས་པ་བཤགས་པར་བྱ་བ་ཉིད་དོ། །དེ་ནས་ཟླ་བ་ཉ་བ་དང་མཆོད་པ་ཆེན་པོ་བྱས་ལ་བ་དམར་སེར་གྱི་མར་སྣོད་སར་པར་བཅུག་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡོན་
པས་མནན་ལ། བཅོམ་ལྡན་འདས་རབ་ཏུ་སེམས་ཞིང་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་དྲི་མ་ནམ་ཞིང་སྔོན་མ་བྱུང་བའི་དྲིའི་ངད་ལྡང་ལ་རླངས་པའམ་དུ་བའམ་མེ་བྱུང་ངམ་འོད་ཟེར་རམ་མེ་སྒྲོན་ནམ་འོད་བྱུང་ངམ། དེ་ལྟ་བུ་ལ་སོགས་པའི་མཆན་མ་བྱུང་ན་མར་མེའམ་མར་སར་པའམ་ཏིལ་མར་རམ་ཆུའམ་འོ་མའམ་ཆང་ངམ་ཁྲག་གམ་ཞག་གམ་ཀླད་པའམ་ཤའམ་གང་ཡང་རུང་བ་ལ་རབ་ཏུ་བསྒྲུབས་ཏེ། ནང་པར་སྔར་བསྲུང་བ་ལ་སོགས་པ་བྱས་ནས། བདག་ཉིད་ཀྱིས་སྦྱང་བ་ལ་སོགས་པ་བྱས་ཏེ། བཏུང་ངམ་བཟའ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་གོང་དུ་སྨོས་པའི་ཆོ་ག་རྣམས་ཀྱི་མཐར་ཇི་སྐད་གསུངས་པ་བཞིན་དུ་གནས་ཤིན་ཏུ་དབེན་པར་དཀྱིལ་འཁོར་བཞེངས་ཏེ། མདུན་རོལ་དུ་བྲིས་སྐུ་བཀྲམ་ལ་སྟོན་ཟླ་ར་བའི་ཉ་ལ་གཟའ་ཕུར་བུ་སྐར་མ་རྒྱལ་གྱི་ཉི་མ་ནས་བརྩམས་ནས་སྟོན་ཟླ་འབྲིང་བོའི་ཉའི་བར་དུ་བྱ་སྟེ། དེ་ལ་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལ་སོགས་པའི་སྣོད་གཙང་མ་ལྔ་དཀྱིལ་འཁོར་གྱི་ཟུར་བཞིར་དབུས་དང་ལྔར་གཞག་གོ །བུམ་པའོ་མ་དང་དྲིའི་ཆུས་བཀང་ཞིང་ཁ་རྒྱན་དང་མགུལ་ཆིངས་སུ་བཅས་པ་ལྔ་ཕྱོགས་བཞི་དབུས་སུ་གཞག་གོ །དེ་བཞིན་དུ་ས་གཞི་བའི་རྣམ་ལྔ་ལ་སོགས་པས་ལེགས་པར་བྱུགས་ཏེ། མེ་ཏོག་དྲི་ཞིམ་པོས་བཀྲམ་ལ་གདུགས་དང་བླ་རེ་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པའང་ཡོངས་སུ་བྲིས་ལ། བགེགས་བསྐྲད་པ་ལ་སོགས་པ་བྱས་ཏེ། དེ་ལ་དབུས་ཀྱི་སྣོད་དུ་ནི་བ་དམར་སེར་གྱི་མར་བཞུ་བ་དྲི་མ་དང་ངར་བ་མེད་པས་དགང་བར་བྱའོ། །ཤར་ཕྱོགས་ཀྱི་སྣོད་དུ་ནི་མུ་ཏིག་དང་དངུལ་དང་བྱང་ཆུབ་ཀྱི་སེམས་དང༌། ལྷང་ཚེར་ནག་པོ་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། བྱེ་མ་ཀ་ར་དང༌། ཨ་རེན་དའི་ས་བོན་དང༌། རྐང་མར་དང༌། ཙནྡན་དཀར་པོ་དང༌། ག་ཕུར་ལ་སོགས་པ་སྲང་རེ་བར་ཆ་བསྙམས་ལ་ཕྱ་མར་བྱས་པས་དགང་བར་བྱའོ། །ལྷོ་ཕྱོགས་ཀྱི་སྣོད་དུ་ནི་གསེར་དང༌། རྣམ་པར་སྣང་
མཛད་དང༌། ཙི་ཏྲ་ཀའི་རྩ་བ་དང༌། སྐར་འོད་དང༌། ཨ་རུ་ར་འཇིགས་མེད་དང༌། ཞག་དང༌། གཟེ་མ་བཙོས་པའི་ཁུ་བ་དང༌། གི་ཝང་དང༌། གུར་གུམ་དང༌། སྦྲང་རྩི་རྣམས་སྲང་རེ་བར་ཆ་བསྙམས་ལ་ཕྱེ་མར་བྱས་པས་དགང་བར་བྱའོ། །ནུབ་ཕྱོགས་ཀྱི་སྣོད་དུ་འོད་དཔག་མེད་དང༌། བྱི་རུ་དང༌། ཨ་རུ་ར་སྟོབས་ཆེན་དང༌། ཏིལ་ནག་པོ་དང༌། ཀླད་པ་དང༌། བུ་རམ་དང༌། ཙནྡན་དམར་པོ་དང༌། ས་ཏ་པ་རི་དང༌། རྒྱ་སྤོས་དང༌། ཤི་ལཉྫ་དུ་རྣམས་སྲང་རེ་བར་ཆ་བསྙམས་ལ་ཕྱེ་མར་བྱས་པས་སྣོད་བཀང་བར་བྱའོ། །བྱང་ཕྱོགས་ཀྱི་སྣོད་དུ་ནི་རྡོའི་སྙིང་པོ་དང༌། མི་བསྐྱོད་པ་དང༌། འགུ་རུ་ཙེའི་ངར་བ་དང༌། ཚིལ་དང༌། གླ་རྩི་དང༌། ཨ་རུ་ར་རྣམ་པར་འདྲེན་བྱེད་དང༌། ཤིང་མངར་དང༌། སྦུར་ལེན་དང༌། ཤ་དང༌། ནིམ་པའི་འབྲས་བུ་རྣམས་སྲང་རེ་བར་ཆ་བསྙམས་ལ་ཕྱེ་མར་བྱས་པས་སྣོད་དགང་བར་བྱའོ། །དེ་ལ་མར་ནི་བྲེ་གང་ངོ༌། །དེ་ཡང་ཆུ་བྲེ་བཞིའི་ནང་དུ་བསྐོལ་བ་སྟེ། དེ་ནི་མར་གྱི་ཉིང་གུ་ཞེས་བརྗོད་དོ། །དེ་ལ་སྨན་དེ་དག་འཐག་པ་ནི་བུ་མོ་ལོ་བརྒྱད་ལོན་པ་རིགས་དང་གཟུགས་བྱད་དུ་ལྡན་པ་སྐྱེས་པ་དང་མ་ཕྲད་པས་ཁྲུས་ལེགས་པར་བྱས་ཏེ། དབང་བསྐུར་བ་ཉི་མ་རྩེ་ཤར་བ་དང་ཁ་ཤར་ཕྱོགས་སུ་བལྟས་ནས་གོས་དཀར་པོ་བགོས་པས་བཏགས་པར་བྱའོ། །དེ་ནས་ཕྱེ་མར་གྱུར་པ་དང་དར་ལ་སོགས་པས་ཚགས་ནས་བཙགས་ནས་དགང་བར་བྱའོ། །དེ་ནས་མཆོད་པ་ལ་སོགས་པ་རྒྱ་ཆེན་པོར་བྱས་ཏེ། སྨན་རྣམས་དང་མར་ལ་རས་དཀར་པོས་ཁ་བཅད་ནས་མེ་དང་མ་ཕྲད་པར་ཤ་དང་ཆང་དང་སྒོག་པ་དང་བུད་མེད་ལ་སོགས་པ་སྤངས་ཏེ། ཟས་དཀར་གསུམ་བཟའ་ཞིང་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་བཅོམ་ལྡན་འདས་རབ་ཏུ་སེམས་ཞིང་བཟླས་པར་བྱའོ། །དེ་བཞིན་དུ་མཆོད་པ་རྣམ་པ་ལྔས་ནི་ནང་ནུབ་ཐམས་ཅད་དུ་མཆོད་ཅིང་རང་ཉིད་ཁྲུས་ལ་སོགས་པའང་དེ་བཞིན་དུ་བྱ་བ་ཉིད་དོ། །དེ་ནས་དྲི་མནམ་པ་སྔར་ཉམས་སུ་མ་མྱོང་བའི་དྲི་ངད་ལྡང་པའམ་རླངས་པའམ་དུ་བའམ། མེ་འབར་བའམ་འོད་དམ་
སྣང་བའམ། སྣོད་འགུལ་བའམ་མར་འཁོལ་ལམ་ས་གཡོ་འམ་གཞན་ཡང་དེ་དག་ལ་སོགས་པའི་མཚན་མ་བདག་ཉིད་ཀྱིས་མངོན་སུམ་དུ་མཐོང་བ་ནི་ཤིན་ཏུ་ཁྱད་པར་དུ་གྱུར་པའོ། །གཞན་ཡང་ལུས་རྡུལ་བའམ། ཤིན་ཏུ་འཇིགས་པ་བག་ཚ་བ་སྤུ་ལྡད་བ་དང༌། གནས་ཀྱི་ཕྱི་རོལ་རྣམས་སུ་སྒྲ་ཁྱད་པར་ཅན་དྲག་པ་ལ་སོགས་པའང་རྟགས་འབྲིང་དུ་བཤད་པ་ཡིན་པས་འཇིགས་པའི་རྣམ་པར་རྟོག་པ་ལ་སོགས་པ་མི་བྱ་བར་བཅོམ་ལྡན་འདས་རབ་ཏུ་སེམས་པས་དགའ་བ་དང་བཅས་པའི་སྤྲོ་བ་ཆེན་པོ་བསྐྱེད་པར་བྱའོ། །གཞན་ཡང་བདག་གི་རྨི་ལམ་དུ། །མ་འམ་སྲིང་མོའམ་སྲུ་མོའམ་བྲམ་ཟེའམ་ཁྱེའུ་གཙང་མའམ་རྒྱལ་རིགས་ས་མ། མཁན་པོའམ། སློབ་དཔོན་ནམ། བླ་མ་ལ་སོགས་པས་མར་རམ། ཞུན་མར་རམ། ཆང་ངམ་འོ་མ་འམ་ཞོ་འམ་ཁ་ཟས་ཀྱི་རྣམ་པ་རོ་དང་ལྡན་པ་བྱིན་པ་བདག་གིས་ཟོས་སམ། འཐུངས་པ་རྨི་ན་ནི་མཚན་མ་ཐ་མར་ཤེས་པར་བྱའོ། །དེ་ནས་སྟོན་ཟླ་བྲིང་པོའི་ཟླ་བ་ཉ་བའི་སྐབས་སུ་བབ་པ་དང་བདག་ཉིད་ཁྲུས་ལེགས་པར་བྱས་ཏེ་མཆོད་པས་ཡོངས་སུ་མཆོད་ནས་བསྲུང་བ་ལ་སོགས་པ་བྱས་ལ་མཚན་ཐོག་ཐག་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སྙིང་པོ་ལག་པ་གཡོན་པས་མར་གྱི་སྟེང་དུ་རྡོ་རྗེ་དང་བཅས་པས་མནན་ལ་ནམ་ལངས་ཀྱི་བར་དུ་བ་ཟླས་ལ་ནམ་ལངས་པ་དང་བདག་གིས་མར་དེ་ཉིད་བཏུང་བར་བྱའོ། །འཐུངས་ནས་ཀྱང་མཆོད་པའི་ཚོགས་ཀྱིས་ཡོངས་སུ་མཆོད་ལ་བདེ་བར་གཤེགས་པ་རྣམས་གཤེགས་སུ་གསོལ་བར་བྱ་བ་ཉིད་དོ། །དེ་ནས་མཚན་མ་ཇི་ལྟར་བཞིན་དུ་བྱུང་བ་ན། ནམ་ཉི་མ་དང་ཟླ་བ་གནས་ཀྱི་བར་དུ་ཚེ་རིང་ཞིང་རྡོ་རྗེ་དང་མཚུངས་པར་འགྱུར་རོ། །ཐ་མས་ནི་ཐ་མ་འགྲུབ་པར་འགྱུར་བས་འདི་ལ་ཐེ་ཚོམ་མེད་དོ། །མཚན་མ་མ་བྱུང་ནའང་འཇིག་རྟེན་ན་ནད་མེད་ལོབ་སྐྱེན་ལུས་ལ་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར། ལུས་བརྟན་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །གཞན་ཡང་ཞི་བ་དང༌། རྒྱས་པ་དང་དབང་ལ་སོགས་
པའི་ལས་རྣམས་བརྟག་མི་དགོས་པར་འགྱུར་ཏེ་འདི་ལ་ཐེ་ཚོམ་མེད་དོ་ཞེས་གསུངས་པ་ནི། དེའི་ཕན་ཡོན་ཡོངས་སུ་གསུངས་པ་སྟེ། དེ་ལ་གོང་དུ་གསུངས་པའི་མཚན་མ་མེ་འབར་བ་དང༌། འོད་བྱུང་བ་དང་དུ་བ་བྱུང་བ་ན་མར་དེ་ཉིད་འཐུངས་ལ་གཞན་སྨན་གྱི་ཕྱེ་མ་རྣམས་ནི་བསོད་ནམས་ཆུང་བ་དང༌། ནད་མང་བ་དང༌། ཚེ་ཐུང་བ་ལ་སོགས་པའི་སེམས་ཅན་རྣམས་ལ་སྦྱིན་པར་བྱའོ། །དེ་ནས་ནི་ངེས་པར་འཇིག་རྟེན་ན་ཟླ་བ་དང་ཉི་མ་གནས་ཀྱི་བར་དུ་དེ་སྲིད་དུ་གནས་པར་འགྱུར་བ་ནི་ངེས་པའོ། །ཐ་མས་ནི་ཐམ་འགྲུབ་པོ་ཞེས་པ་ནི་མེ་འབར་བ་ལ་སོགས་པའི་མཚན་མ་མངོན་སུམ་དུ་མ་བྱུང་ན་བ་སྤུ་ལྡན་བ་དང༌། བག་ཚབ་ལ་སོགས་པ་བྱུང་བས་ནི་འཇིག་རྟེན་དུ་གནས་ཀྱི་བར་དུ་དུས་མ་ཡིན་པར་མི་འཆི་བ་དང༌། མཐུ་དང་སྟོབས་དང་དབང་ཕྱུག་ལ་སོགས་པ་སྔ་ན་མེད་པ་སྐྱེད་པར་བྱེད་པ་ཉིད་དོ། །དེ་ནས་རྨི་ལམ་གྱི་མཚན་མ་རྣམས་བྱུང་བས་ཀྱང་འཇིག་རྟེན་དུ་གནས་ཀྱི་བར་དུ་རིམས་དང་ནད་དང་དུག་དང་མཚོན་ལ་སོགས་པས་མི་ཚུགས་པ་དང༌། མདོག་བཞིན་མདངས་དང་ལྡན་པ་དང༌། སྐྲ་དཀར་དང་གཉེར་མ་མེད་པ་དང༌། རྒས་སྲ་བ་དང༌། རྟ་ལྟར་མགྱོགས་པ་དང༌། ཤེས་རབ་ཆེ་བ་དང༌། མི་རྣམས་ཀྱི་ཡིད་དུ་འོང་བ་དང༌། ཞི་བའི་ལས་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ལ་སོགས་པའང་ངེས་པར་འགྲུབ་པར་འགྱུར་རོ། །དེའི་རྣམ་པར་དབྱེ་བ་ནི་འདི་ལྟར་རྟགས་དང་མཚན་མ་དེ་རབ་ཀྱི་ཚད་དུ་བྱུང་ན་ནི་མར་གཅིག་པུ་ཙམ་བཏུང་བར་བྱ་ཞིང༌། གལ་ཏེ་རྟགས་འབྲིང་པོ་དང་ཐ་མ་བྱུང་བ་ན་ནི་མར་དེའི་སུམ་ཆ་དང་བསྙམས་པའི་འབྲས་བུ་གསུམ་དང༌། མར་དེའི་སུམ་ཆ་དང་བསྙམས་པའི་བུ་རམ་དང༌། མར་དེའི་སུམ་ཆ་དང་བསྙམས་པའི་ཚ་བ་གསུམ་དང༌། སྔར་གྱི་སྨན་གྱི་ཕྱེ་མ་རྣམས་ཡོངས་སུ་བསྲེས་ནས་རི་ལུ་ཨ་ཤྭ་ཀའི་འབྲས་བུ་ཙམ་བྱས་ཏེ། ལོ་གཅིག་གི་བར་དུ་ནང་རེ་ལྟོ་སྟོང་ལ་ཟོས་ན་ཚེ་ལོ་བརྒྱ་བདུན་ཅུ་ཐུབ་བཅིངས་བོན་རབ་ཏུ་འཕེལ་ལུས་ཀྱི་ཤ་རྣམས་བྱིས་པ་གཞོན་པ་དང་འདྲ་བར་རྒྱས་ཞིང་འཇམ་པར་འགྱུར་བ་དང༌། གཞན་ཡང་བུད་མེད་
ལ་གྲངས་དཔག་ཏུ་མེད་པ་ནུས་པ་དང༌། ཉམ་ཤེས་དང་ལྡན་པ། སྟོབས་དང་ལྡན་པ་དང་པདྨོའི་མདོག་ལྟར་འགྱུར་བ་དང༌། དངོས་གྲུབ་ལ་སོགས་པ་མང་པོ་འགྲུབ་པར་འགྱུར་བ་ནི་ཐེ་ཚོམ་མི་ཟ་སྟེ། བདག་གིས་མངོན་སུམ་མཐོང་བའི་ཕྱིར་རོ། །གཞན་ཡང་སོ་བརྗེ་བ་དང༌། སེན་མོ་བརྗེ་བ་དང༌། དྲི་གླ་རྩི་ལ་སོགས་པའི་དྲི་དང་ལྡན་པ་དང༌། རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དང་མི་མ་ཡིན་པ་དང༌། ཡི་དགས་དང༌། འདྲེ་དང༌། གདོན་དང༌། ཀླུ་རྣམས་དང༌། ཤ་ཟ་དང༌། སྲིན་པོ་རྣམས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལྟ་བུར་མཐོང་ཞིང་དེ་ལ་དངོས་གྲུབ་ལ་སོགས་པ་སྟེར་བ་དང་རང་རང་གི་གཟུགས་སྟོན་པ་དང༌། ཕྱག་འཚལ་བ་ལ་སོགས་པའི་བསྙེན་བསྐུར་བྱེད་པ་དང་ལུས་འོད་འདོམ་གང་དང་ལྡན་པར་འགྱུར་བ་སྟེ། དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཐེ་ཚོམ་མི་ཟ་བའི་ཚིག་ལན་གཉིས་སུ་གསུངས་ན་འདི་ནི་ངེས་པར་འགྲུབ་པར་འགྱུར་བ་ཁོ་ན་ཡིན་པས་འབད་པར་བྱ་བ་ཉིད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་བཤད་པར་འཚལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། རྡོ་རྗེ་འཛིན་པ་བཀའ་སྩལ་དུ་གསོལ། རྒྱལ་པོ་ཆེན་པོ་དག་ལེགས་ཀྱིས་ཤོད་ཅིག་དང་ངས་ཀྱང་རྗེས་སུ་ཡི་རང་བཞིང་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ནི་འདིར་རྣམ་པ་གསུམ་དུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ཀྱིས་དམ་པའི་ཆོས་ལ་བསྙེན་བཀུག་བྱ་བའི་ཕྱིར་རང་རང་གི་སྙིང་པོ་ཕུལ་བའོ། །གཅིག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་རྣལ་འབྱོར་པ་ལ་འཇིག་རྟེན་པའི་དངོས་གྲུབ་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་དེ་དག་གིས་སྙིང་པོ་ཕུལ་ནས་དེ་དག་གི་དཀྱིལ་འཁོར་གསུངས་པའོ། །གཅིག་ནི་དམ་པའི་
ཆོས་འདི་སྤྱོད་པ་དང་བདེ་བར་གཤེགས་པའི་བསྟན་པ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་སྲུང་མའི་ཚོགས་སུ་ཡང་དག་པར་བཀོད་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་འདིར་ཚེ་བསྒྲུབ་པ་ལ་བགེགས་ཀྱི་ཚོགས་བར་གཅོད་བྱེད་པས་ན་དེ་ཞི་བར་བྱ་བའི་ཕྱིར་འཇིག་རྟེན་པའི་དཀྱིལ་འཁོར་སྐབས་འདིར་གསུངས་པ་ཉིད་དོ། །དེ་ལ་བཅོམ་ལྡན་འདས་བདག་ཅག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་ཞེས་པ་ནི་འཇིག་རྟེན་ན་དེ་དག་གི་འཁོར་རྣམས་ཀྱི་གཙོ་བོར་གྱུར་པ་རྣམས་ལ་དཀྱིལ་འཁོར་འདིར་ཞུགས་པ་དཔོན་པོའམ་རྗེ་བོ་ལྟ་བུར་མཐོང་བའི་ཕྱིར་འཚེ་བ་ལ་སོགས་པ་མེད་པར་འགྱུར་བ་ནི་ཕན་པ་དང་བདེ་བ་ཞེས་བྱའོ། །རང་གི་སྙིང་པོ་བཤད་པར་འཚལ་གྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ཞེས་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་སྤོབས་པ་བསྐྱེད་དུ་གསོལ་ཞེས་པའོ།། གཅིག་ནི་བདག་ཅག་གི་སྙིང་བོ་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཅིང་དཀྱིལ་འཁོར་གསུང་དུ་གསོལ་ཞེས་པར་སྦྱར་རོ། །དེ་ལ་གང་དག་འདི་སྐད་དུ་རྒྱལ་པོ་ཆེན་པོ་རྣམས་ཀྱི་སྙིང་པོ་བྱིན་གྱིས་བརླབས་པ་ལ་དགོངས་པ་ཇི་ལྟ་བུ་ཞིག་ཡོད་ཅེ་ན། དེ་ནི་འདི་ལྟར་འདི་འཇིག་རྟེན་པའི་སྙིང་པོ་རྣམ་པར་མ་དག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་དང་རྣལ་འབྱོར་ཐབས་ཅིག་ཏུ་བྱར་མི་རུང་སྟེ། དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་རོ། དེའི་ཕྱིར་དེ་དག་གི་སྙིང་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡང་དག་པར་བྱིན་གྱིས་བརླབས་པ་དང་དེ་དག་གི་དཀྱིལ་འཁོར་ཡོངས་སུ་གསུངས་པ་སྟེ། དཔེར་ན་ཆུ་མ་བསྐོལ་བ་དང༌། མར་ཁུ་འདྲེར་མི་བཏུབ་པ་བཞིན་ནོ། །རྒྱལ་པོ་དག་ཤོད་ཅིག་དང་ངས་ཀྱང་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ནི་དེ་བཞིན་དུ་མཛད་པ་ཡིན་པར་ཤེས་པར་བྱ་སྟེ་གནང་བ་བྱིན་བ་ཉིད་དོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོས་བཅོམ་ལྡན་འདས་ཀྱིས་གནང་ཞིང་རྗེས་སུ་ཡི་རང་སྟེ་བྱིན་གྱིས་བརླབས་པས་རང་གི་སྙིང་ག་ནས་ཕྱུང་ངོ༌། ཨོཾ་བྷིཿ་།དེ་ནས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་སྙིང་པོ་འདི་
བཤད་དོ། །ཨོཾ་དྷི། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོས་ཀྱང་རང་གི་སྙིང་པོ་འདི་བཤད་དོ། །ཨོཾ་བྷི། དེ་ནས་ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་རང་གི་སྙིང་པོ་འདི་ཕྱུང་ངོ༌། །ཨོཾ་ཀྵ་ཞེས་པ་ལ་སོགས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྒྱལ་པོ་བཞིའི་སྙིང་པོ་ཡོངས་སུ་དག་པར་བྱིན་གྱིས་བརླབས་ཤིང་གནང་བ་བྱིན་པས་རྒྱལ་པོ་བཞིས་སྙིང་པོ་ཕུལ་བ་སྟེ་དེ་ལ་གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོས་དང་པོར་སྨོས་པའི་ཚིག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནི་གནོད་སྦྱིན་རྣམས་འདུལ་བའི་ཕྱིར་གནོད་སྦྱིན་གྱི་ཆ་ལུགས་སུ་བཞུགས་པས་གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོ་རང་ཉིད་གཙོ་བོ་ལ་སྤོབས་པ་བསྐྱེད་ནས་ངང་པོར་ཞུགས་པ་ཡིན་པའི་ཕྱིར་གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་པོ་ཞེས་དང་ལ་སྨོས་པའོ། །བཅོམ་ལྡན་འདས་ཀྱིས་གནང་ཞིང་ཞེས་བྱ་བ་ལ་སོགས་པ་ནི་གོང་མ་ལ་བསྙེགས་སོ། །རང་གི་སྙིང་པོ་ནི་རང་སྐྱེད་པར་བྱེད་པ་དང་རང་གི་མིང་དང་མཐུན་པའི་ཕྱིར་རང་གི་སྙིང་པོ་ཞེས་པ་དང༌། དེ་ལ་སྙིང་པོ་ནི་སྐབས་འདིར་སྲོག་ལ་བྱ་སྟེ། སྲོག་གི་སྙིང་པོ་ཕུལ་བ་ཉིད་དོ། །དེ་བཞིན་དུ་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་དང༌། གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ་དང༌། ཀླུའི་རྒྱལ་པོ་མིག་མི་བཟང་རྣམས་ཀྱིས་ཀྱང་རང་རང་སྐྱེད་པར་བྱེད་པ་དང༌། རང་རང་གི་མིང་དང་མཐུན་པའི་ཕྱིར་དང༌། རང་རང་གི་སྲོག་གི་སྙིང་པོ་རྣམས་ཕུལ་བ་ནི་དྷི་དང༌། བྷི་དང༌། ཀྵ་རྣམས་སུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔ་ནི་བརྒྱན་པ་སྟེ། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་འགྱིང་བཅས་བྲི། །གཡོན་ཕྱོགས་སུ་ནི་ལུས་ངན་པོ། །ལག་ན་ནེའུ་ལེ་བེ་ཅོན་ཐོགས། །རིན་ཆེན་རྒྱན་གྱི་བརྒྱན་པ་དང༌། །སྦོམ་ཞིང་སེང་གེའི་གདན་ལ་བཞུགས། །གསེར་མདོག་གཟི་བརྗིད་ལྡན་པ་བྲི། །མཁས་པས་བུམ་པ་བཟང་ལ་སོགས། །རིན་ཆེན་ཆུ་བོ་འབབ་པ་བྲི། །མདུན་དུ་གནས་སྲུང་དེ་ཉིད་ནི། པི་ཝང་བྱེད་ལ་བརྩོན་པ་དང༌། །མཛེས་པའི་ཁ་དོག་དཀར་པོ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་
པ་བྲི། །གཡས་ཕྱོགས་སུ་ནི་ལུས་འཕགས་པོ། །རལ་གྲི་ལག་ན་ཐོགས་པ་དང༌། །ཁ་དོག་སྔོན་པོ་འོད་འབར་བྲི། །ནུབ་ཕྱོགས་སུ་ནི་མིག་མི་བཟང༌། །རྡོ་རྗེ་ཞགས་པ་འཛིན་པའི་མཆོག །སྦྲུལ་མགོ་བདུན་གྱིས་བསྐོར་བ་ལ། །མིག་ཀྱང་ཤིན་ཏུ་འབུར་བ་ལ། །གཡས་སུ་ཅུང་ཟད་ལྟ་བ་བྲི། །སྒྲོ་ཡི་ཕྱོགས་ནི་ཐམས་ཅད་དུ། །སྒོ་བ་རྣམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ནི་དེ་དག་གི་དཀྱིལ་འཁོར་ཡང་དག་པར་གསུངས་པ་སྟེ། དེ་ལ། གྲུ་བཞི་པ་ལ་སྒོ་བཞི་པ། །དཀྱིལ་འཁོར་ལྔ་ནི་བརྒྱན་པ་སྟེ། །ཞེས་པ་འདི་ལྟར་གནས་ཡིད་དུ་འོང་བ་རྣམས་སུ་སྟེགས་བུ་ཁྲུ་བཅུ་དྲུག་པ་བརྩིགས་ལ་ཐིག་ལེགས་པར་གདབ་སྟེ། གྲུ་བཞི་དང་ལྡན་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། དྲ་བ་དང་དྲ་བ་ཕྱེད་པ་དང་རིན་པོ་ཆེ་ཕ་གུ་དང༌། དོ་ཤལ་དང་མངའ་ཡབ་དང་རྟ་བབས་ལ་སོགས་པས་ལེགས་པར་བརྒྱན་པ་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་ཅིག་བྲི་བར་བྱའོ། །དེའི་མུ་ཁྱུད་ལ་རྡོ་རྗེ་ཕྲེང་བར་བྱ་ཞིང་ཕྱོགས་བཞིར་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རེ་སྐུ་མདོག་ལྗང་ནག་ལ་དབུ་སྐྲ་ཁམ་པར་འཁྱིལ་བས་སྟོད་ཁེབས་པ་ཅོད་པན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པས་རྡོ་རེ་རྩེ་ལྔ་པ་བསྣམས་པ་ཐུགས་ཀར་བསྒྲེང་བ་ལ་གཡོན་པ་དཀུར་དྲིལ་བུ་འཛིན་པ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་མཆེ་བ་ཅུང་ཟད་གཅིག་པ་སྤྱན་རྒྱས་པར་དམར་བ་ང་རྒྱལ་ཆེན་པོ་དང་བཅས་པའི་འགྱིང་བག་དང་ལྡན་པར་བྲི་བར་བྱའོ། །དེའི་པདྨའི་འདབ་མ་ལ་ཤར་ལ་སོག་སྤར་རིམ་པ་ཇི་ལྟ་བ་བཞིན་སྒེག་མོ་དང་ཕྲེང་བ་མ་དང༌། གླུ་མཁན་མ་དང༌། གར་མཁན་མ་དང༌། བདུག་པ་མ་དང༌། མེ་ཏོག་མ་དང༌། སྣང་བ་མ་དང༌། དྲི་ཆབ་མ་ལ་སོགས་པ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་གླིང་ལ་པདྨ་འདབ་མ་བརྒྱད་བའི་སྟེང་དུ་ཡུལ་འཁོར་སྲུང་ཁ་དོག་དཀར་པོ་ལ་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལག་པ་གཉིས་ཀྱིས་གསེར་གྱི་པི་ཝང་བསྒྲེང་པ་
ཤིན་ཏུ་མཛེས་པའི་བཞིན་དང་ལྡན་པ་བྲིའོ། །ལྷོ་ཕྱོགས་ཀྱི་གླིང་དུ་ནི་འཕགས་སྐྱེས་པོ་ཁ་དོག་སྔོན་པོ་ལ་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་མིག་ཅུང་ཟད་རྒྱས་ཤིང་མཆེ་བ་ཅུང་ཟད་གཙིགས་པ་ལག་པ་གཡས་རལ་གྲི་འབར་བ་འཛིན་པ། གཡོན་པ་དཀུ་རུ་མེ་ཏོག་ཨུཏྤལ་འཛིན་པ་བྲིའོ། །ནུབ་ཕྱོགས་སུ་ནི་མིག་མི་བཟང་ཁ་དོག་དམར་པོ་ལ་ཕྱག་གཉིས་པ། མིག་དམར་པོ་ཤིན་ཏུ་འབུར་བ་མགོ་ལ་སྦྲུལ་མགོ་བདུན་གྱིས་བསྐོར་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལག་པ་གཡས་པས་རྡོ་རྗེ་དང་ལྡན་ཞིང་ཞགས་པ་འཛིན་པ། གཡོན་པས་མེ་ཏོག་པདྨ་དཀུར་འཛིན་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་རྣམ་ཐོས་སྲས་ཁ་དོག་སེར་པོ་ལ་ལག་པ་གཉིས་པ་གསུས་པ་ཟླུམ་པ་སྦོམ་ཞིང་རགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མིག་འབུར་བ་ལག་པ་གཡས་པས་རིན་པོ་ཆེའི་དབྱུག་ཏོ་འཛིན་པ་གཡོན་པས་ནེའུ་ལེའི་རྒྱལ་པ་རིན་པོ་ཆེས་བཀང་པ་འཛིན་པ་བྲི་བར་བྱའོ། །དེའི་གཡས་གཡོན་གཉིས་སུ་བུམ་པ་བཟང་པོ་དང༌། གང་བ་བཟང་པོ་གཉིས་ཀྱིས་རིན་པོ་ཆེའི་རྒྱལ་པ་ནས་རིན་པོ་ཆེ་ལྡུགས་པ་བྲི་བར་བྱའོ། །དེའི་མཐའ་མ་མུ་ཁྱུད་ནི་སྣ་ཚོགས་པདྨར་བསྐོར་བར་བྱ་ཞིང་ཟུར་བཞིར་ནི་བུམ་པ་རྒྱན་དང་ཆས་པ་བྲི་བར་བྱའོ། །དེའི་སྒོ་བཞིར་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྐྱོང་བ་བཞི་བྲི་བར་བྱ་བ་ཉིད་དོ། དེ་དག་གི་ས་བོན་ནི་རང་རང་གི་སྙིང་པོ་ལས་ཤེས་པར་བྱའོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བས་སྔགས་མཁན་དེ་ནི་ཞུགས་པ་དང༌། བཅོམ་ལྡན་འདས་ནི་སྤྱན་དྲངས་ཏེ། དེ་ནས་རྒྱལ་པོ་སྤྱན་དྲངས་སོ། །སྤྱན་དྲངས་ནས་ནི་མཁས་པས་མཆོད། །ཆོ་ག་བཞིན་དུ་མཆོད་པ་འབུལ། །དེ་ནས་མཁས་པས་སྔགས་འདི་དང༌། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་འདིས། །སློབ་མ་རྒྱལ་རིགས་རྗེའུ་རིགས་སམ། །བྲམ་ཟེ་ལ་སོགས་དེ་བཞིན་ཏེ། །མེ་ཏོག་རིན་ཆེན་ཐོགས་ཏེ་གཞུག །ཨོཾ་བཛྲ་ས་མ་ཡེ་ཧཱུཾ། ཞེས་གསུངས་པ་ནི་འདི་ལྟར་དང་པོར་བདག་ཉིད་ཁྲུས་ལ་སོགས་པ་བྱས་ལ་གོང་དུ་བསྙེན་པ་བྱས་པའི་བུམ་པ་ལྔ་ལ་ཡུལ་འཁོར་སྲུང་ལ་སོགས་པ་རང་རང་
གི་སྙིང་པོ་སྟོང་ངམ་བརྒྱ་རྩ་བརྒྱད་དུ་ཕྱིན་པར་བཟླས་ཏེ། རྒྱན་དང་ཆས་པས་བརྒྱན་པ་བཞི་གྲྭ་བཞིར་གཞག་པར་བྱའོ། །བུམ་པ་གཅིག་ནི་ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བཏབ་ལ་གཞག་པར་བྱའོ། །དེ་ནས་རང་གི་ས་བོན་ལས་འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་རིག་པའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་ཞབས་བསིལ་ལ་སོགས་པས་མཆོད་དེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་འགུགས་པ་ལ་སོགས་པ་བྱས་ལ་གཉིས་སུ་མེད་པར་བྱའོ། །དེ་བཞིན་དུ་རྒྱལ་པོ་བཞི་ཡང་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱས་ནས་མཆོད་པའི་ཚོགས་ཀྱིས་མཆོད་ལ། བདག་ཉིད་གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབང་མནོས་ལ་གནང་བ་ལེགས་པར་ཐོབ་པ་དང་སློབ་མ་རྒྱལ་རིགས་སམ་རྗེའི་རིགས་ལ་སོགས་པ་དབང་དང་ལྡན་ཞིང་སྟོབས་དང་འབྱོར་པ་དང་ལྡན་པར་འདོད་པ་དག་དབང་བསྐུར་བར་བྱ་བ་སྟེ། དེ་ལ་སློབ་མ་དེས་རྒྱལ་པོ་ཆེན་པོ་བཞི་དང་ཕྱག་ན་རྡོ་རྗེ་ལ་ཡོན་དབུལ་བར་བྱ་བ་ནི། རིན་ཆེན་མེ་ཏོག་ཐོགས་ཏེ་གཞུག །ཅེས་པ་སྟེ། དེ་ལ་འབྱོར་པ་དང་ལྡན་པས་ནི་གསེར་ལ་སོགས་པའི་རིན་པོ་ཆེ་དབུལ་བ་དང། འབྱོར་པ་དང་མི་ལྡན་པ་རྣམས་ཀྱིས་ནི་མེ་ཏོག་ལ་སོགས་ཐོགས་ལ་གཞུག་པར་བྱའོ། །དེ་ཡང་རས་ལ་སོགས་པས་གདོང་དགབ་པ་ལ་སོགས་པ་ནི་གོང་དུ་གསུངས་པ་ལས་ཤེས་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་པ་ནི་གཞུག་པར་བྱ་བའི་སྔགས་སོ། །དེ་ནི་མེ་ཏོག་དང་རིན་པོ་ཆེ་འདིར་དོར་བར་བྱའོ། །ཨོཾ་བཛྲ་པྲ་ཏིཙྪ་བཾ་མ་ཧོད་ཏ་མ། གང་ལ་བབ་པའི་རྒྱལ་པོ་ནི། །འགྲུབ་འགྱུར་དེ་ལས་གཞན་དུ་མིན། །དེ་ནས་གྲྭ་ན་བཞག་པ་ཡི། །བུམ་པ་བཞིས་ནི་དབང་བསྐུར་ཏེ། །ལྔ་པ་ཕྱག་ན་རྡོ་རྗེ་ཡི། །ཕྱག་རྒྱས་དེ་ཡི་དབང་བསྐུར་བྱ། །དེ་ལ་སོགས་པའི་གོ་རིམས་ཀྱིས། །དཀྱིལ་འཁོར་ཉིད་དུ་དབང་བསྐུར་ན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དབང་བསྐུར་བའི་རིམ་པ་གསུངས་པ་སྟེ། དེ་ལ་དང་པོར་མེ་ཏོག་དོར་བ་དང༌། རྒྱལ་པོ་ཆེན་པོ་བཞི་གང་ལ་ཕོག་པ་དེ་དག་གི་དངོས་གྲུབ་ཏུ་འགྱུར་
བ་ལས་གཞན་དུ་འགྲུབ་པར་མི་འགྱུར་བ་པྲ་དབབ་པའོ། །དེ་ནས་ཟུར་བཞིར་གཞག་པའི་བུམ་པ་རང་གི་མཚན་མས་མཆན་པ་བཞིས་རང་རང་གི་སྙིང་པོ་དང་བཅས་པས་དབང་བསྐུར་བ་ནི་སོ་སོའི་རྣལ་འབྱོར་དང་ལྡན་པས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་གོང་དུ་གསུངས་པ་ཡིན་པས་དབང་བསྐུར་བར་བྱ་བ་ནི་རྒྱས་གདབ་པ་དང༌། དམ་ཚིག་དང་ལྡན་པར་བྱ་བ་དང༌། བརྟན་པར་བྱ་བའི་ཕྱིར་དབང་བསྐུར་བར་བྱའོ། །དེ་ལ་སོགས་པའི་གོ་རིམས་ཀྱིས། །དཀྱིལ་འཁོར་ཉིད་དུ་དབང་བསྐུར་ན། །ཞེས་གསུངས་པ་ནི་རྒྱལ་པོ་ཆེན་པོ་བཞིའི་ཕྱག་རྒྱ་པི་ཝང་ལ་སོགས་པས་དབང་བསྐུར་བ་དང༌། མངའ་གཞུ་དང༌། གོ་ཆ་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང༌། འཁོར་ལོ་རིན་པོ་ཆེ་ལ་སོགས་པ་དབང་བསྐུར་བར་བྱ་བ་སྟེ། བདེ་བར་གཤེགས་པའི་དབང་ལ་སོགས་པ་ནི་མ་གཏོགས་སོ། །རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་ན་ཆེ་བར་འགྱུར། །འཛམ་བུའི་གླིང་དབང་དཔལ་དང་ལྡན། །ལན་བཞིར་དབང་ནི་བསྐུར་བ་དང༌། །ལན་བཞིར་གཞུག་པ་བྱས་ནས་ནི། །གླིང་བཞི་པ་ལ་དབང་བ་དང༌། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག །བུ་སྡུག་བཞིན་དུ་བསྐྱང་བར་བྱ། །བདག་ཅག་རྒྱལ་པོ་ཆེན་པོ་བཞིའི། །འབངས་དང་འཁོར་དུ་བཅས་པ་དང༌། །ཕོ་བྲང་ནང་གི་འཁོར་བཅས་པ། །རྒྱལ་པོ་རྟག་ཏུ་བསྐྱང་བར་བགྱི། །ཞེས་གསུངས་པ་ནི་དེའི་ཕན་ཡོན་ཡང་དག་པར་གསུངས་པ་སྟེ། དེ་ལ་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་འདིར་ཞུགས་ཤིང་དབང་རིམ་པ་བཞིན་དུ་མནོས་ན་རྒྱལ་པོ་ཆེན་པོར་འགྱུར་བ་དང༌། རྒྱལ་པོ་མ་ཡིན་པ་རྣམས་ཀྱང་རྒྱལ་པོར་འགྱུར་བ་དང༌། གཞན་ཡང་མཐུ་དང་ལྡན་པ་དང༌། ནུས་པ་དང་ལྡན་པ་དང༌། དབང་ཕྱུག་དང་ལྡན་པ་དང༌། ལོངས་སྤྱོད་དང་ལྡན་པར་འགྱུར་བ་ཉིད་དོ། །ལན་བཞིར་དབང་ནི་བསྐུར་བ་དང༌། །ཞེས་པ་ལ་སོགས་པ་ནི་ལན་བཞིར་དབང་བསྐུར་ཞིང་དཀྱིལ་འཁོར་དུ་བཅུག་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་སྟེ། དེ་ནི་མ་འོངས་པའི་དུས་ལ་དགོངས་པའོ། དེ་ལ་
རྡོ་རྗེ་འཛིན་རྒྱལ་བདག །བུ་སྡུག་བཞིན་དུ་བསྐྱང་བར་བྱ། །ཞེས་གསུངས་པ་ནི་སྤྲོ་བ་ཡང་དག་པར་བསྐྱེད་པའི་ཚིག་གོ །བདག་ཅག་རྒྱལ་པོ་ཆེན་པོ་བཞིས། །ཞེས་པ་ལ་སོགས་པ་ནི་དེ་སྐད་གསུངས་པ་དེ་བཞིན་དུ་ཡང་དག་པར་སྐྱོང་བ་སྟེ། ངེས་པ་ཁོ་ནའོ། །དེ་གནོད་གཞན་གྱི་དཔུང་ཚོགས་དང༌། །དེ་ཡི་ནང་དང་འཆི་བདག་དང༌། །འཇིགས་དང་མུ་གེ་ལ་སོགས་པའི། །གནོད་པ་རྣམས་ནི་གཞོམ་པར་བགྱི། །ལུས་ངན་པོས་ནི་རྒྱས་པར་བགྱིད། །ཡུལ་འཁོར་སྲུང་གིས་ཞི་བར་བགྱི། །ཕྱུགས་དང་གཉེན་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བཀྲ་ཤིས་ཤིང༌། །མུ་གེ་ལ་སོགས་རྣམ་པར་འཇོམས། །འདི་ནི་བདག་གི་དེ་ཡི་ནི། །རེ་དང་བསམ་པ་ཀུན་བགྱི་སྟེ། །ཅི་སྟེ་ངེས་པ་མ་ལགས་ན། །ཕྱག་ན་རྡོ་རྗེ་བསླུས་གྱུར་ཅིག །ཅེས་པ་ལ་སོགས་པ་གསུངས་པ་ནི་འདིར་ལས་སུ་བྱ་བ་ཡང་དག་པར་གསུངས་པ་སྟེ། དེ་ལ་རྒྱལ་པོ་ཆེན་པོ་བཞིས་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དུ་ཞུགས་པའི་མི་དེ་ལ་རིམ་གྲོ་ཡོངས་སུ་བྱེད་པ་ནི་དེ་ལ་གནོད་པར་བྱེད་པའི་དགྲའི་ཚོགས་རྣམས་མ་རུངས་པར་བྱེད་པ་དང༌། ཆུ་དང་མེ་ལ་སོགས་པའི་དུས་མ་ཡིན་པར་འཆི་བ་ལས་ཟློག་པར་བྱེད་པ་དང༌། གཞན་ཡང་བཀྲ་མི་ཤིས་པའི་ཚོགས་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ། །ལུས་ངན་པོས་ནི་རྒྱས་པར་བགྱིད། །ཅེས་པ་ལ་སོགས་པ་ནི་ཕྲིན་ལས་རྣམ་པ་བཞིས་ཡོངས་སུ་སྦྱོང་བ་སྟེ། དེ་ལ་རྣམ་ཐོས་སྲས་ནི་གནོད་སྦྱིན་གྱི་གཏེར་གྱི་བདག་པོ་ཡིན་པའི་ཕྱིར་ནི་རྫས་དང་ནོར་རྣམས་སྤེལ་བར་བྱེད་པའོ། །ཡུལ་འཁོར་སྲུང་ནི་དྲི་ཟའི་ཚོགས་ཀྱིས་ཞི་བའི་ལས་བྱེད་པའི་ཕྱིར་ནད་དང་མུ་གེ་ལ་སོགས་པ་ཞི་བར་བྱེད་པའོ། །འཕགས་སྐྱས་པོ་ནི་གྲུལ་བུམ་གྱི་ཚོགས་ཀྱིས་དྲག་པོའི་ལས་བྱེད་པའི་ཕྱིར་ཕྱི་རོལ་གྱི་དཔུང་དང་དགྲ་དང་འཆི་བདག་དང་བགེགས་ལ་སོགས་པ་འཇོམས་པར་བྱེད་དོ། །མིག་མི་བཟང་ནི་ཀླུ་རྣམས་ཀྱིས་དབང་དུ་སྡུད་པ་དང་ལོ་ཏོག་སྨིན་པར་བྱེད་པའི་ཕྱིར་དུས་རྟག་ཏུ་བཀྲ་ཤིས་པ་དང༌། རྒྱལ་པོ་ལ་སོགས་
པ་བདག་གི་དབང་དུ་འགྱུར་བ་དང༌། ཆར་ལ་སོགས་པ་འབེབས་པར་བྱེད་པ་ཉིད་དེ། དེ་ལ་སོགས་པ་བསམ་པ་ཐམས་ཅད་ངེས་པར་འགྲུབ་པ་སྟེ། འཇིག་རྟེན་པའི་ལྷ་ཡིན་པས་དངོས་གྲུབ་ཉེ་བ་ཉིད་དོ། །ཅི་སྟེ་ངེས་པ་མ་ལགས་ན། །ཕྱག་ན་རྡོ་རྗེ་བསླུས་གྱུར་ཅིག །ཅེས་པ་ནི་རང་རང་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དཔང་པོར་གསོལ་ཏེ་མངའ་བསྐྱལ་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ནི་མནའ་དམ་པོས་ཡང་དག་པར་དམ་བཅས་པས་ན་ངེས་པར་འགྲུབ་པར་ཤེས་པར་བྱ་ཞིང་བསྟོད་པ་ལ་སོགས་འདི་ཉིད་ཀྱི་སྒྲུབ་ཐབས་སུ་བལྟ་བར་བྱའོ། །དེ་ནས་ཕྱོགས་སྐྱོང་བ་བཅུ་རྣམས་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་དབུལ་བར་འཚལ་གྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ནི་གོང་དུ་གསུངས་པ་ལས་ཤེས་པར་བྱ་སྟེ། དེ་དག་རྣམས་ཀྱི་སྙིང་པོ་ནི་རྣམ་པར་མ་དག་པ་ཡིན་པའི་ཕྱིར་དང༌། ནུས་པ་ཁྱད་པར་ཅན་དུ་བྱ་བའི་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པར་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་སྐྱོང་བ་རྣམས་ལེགས་སོ་ལེགས་སོ། །ལེགས་ཀྱིས་ངས་བྱིན་གྱི་རླབས་ཀྱིས་ཕུལ་ཅིག་ཅེས་གསུངས་པ་ནི་ཡང་དག་པར་བྱིན་གྱིས་བརླབས་ནས་རྣམ་པར་དག་པར་བྱས་ནས་གནང་བར་བྱིན་པའོ། །དེ་ནས་འབྱུང་པོ་རྣམས་ཀྱི་བདག་པོ་དབང་ལྡན་ལ་སོགས་པས་རང་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨཱི། ཨོཾ་ཨཱི། ཨོཾ་ཨཱ། ཨོཾ་ཡ། ཨོཾ་རཱ། ཨོཾ་བཾ། ཨོཾ་ཡ། ཨོཾ་ཀུ། ཨོཾ་ཨཱ། ཨོཾ་བྷ། ཞེས་པ་ལ་སོགས་པའི་སྙིང་པོ་ནི་རང་རང་གི་སྙིང་པོ་རྣམས་ཕུལ་བ་སྟེ། དེ་ལ་དང་པོ་ནི་དབང་ལྡན་ཆེན་པོ་བདེ་བྱེད་ཀྱི་ས་བོན་ནོ། །གཉིས་པ་ནི་བརྒྱ་བྱིན་གྱིའོ། །གསུམ་པ་ནི་མེ་ལྷའིའོ། །བཞི་པ་ནི་གཤིན་རྗེའིའོ། །ལྔ་པ་ནི་སྲིན་པོའིའོ། །དྲུག་པ་ནི་ཆུ་ལྷའིའོ། །བདུན་པ་ནི་རླུང་ལྷའིའོ། །བརྒྱད་པ་ནི་གནོད་སྦྱིན་གྱིའོ། །དགུ་པ་ནི་ཉི་མའིའོ། །བཅུ་
པ་ནི་ས་བདག་གི་སྟེ། དེ་དག་ནི་སྐྱེད་པའི་ས་བོན་དུ་ཡང་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། མགོན་པོ་དབུས་སུ་དེ་བཞིན་གཞག །ཕྱོགས་སྐྱོང་རང་གི་ཕྱོགས་གནས་སུ། །གཞག་བྱ་མདུན་དུ་ཉི་མ་དང༌། །ས་བདག་ཕག་གི་གཟུགས་སུ་གཞག །སྒོ་རྣམས་ཀྱང་ནི་དེ་བཞིན་ནོ། །ཞེས་གསུངས་པ་ནི་དཀྱིལ་འཁོར་ཡོངས་སུ་གསུངས་པ་སྟེ། དེ་ལ་དང་པོར་ས་ཕྱོགས་ཡིད་དུ་འོང་བ་རྣམས་སུ་ས་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། སྟེགས་བུ་ཁྲུ་ཉི་ཤུ་རྩ་བཞི་བརྩིགས་ཏེ། ཐིག་ལ་སོགས་པ་ལེགས་པར་བཏབ་ནས་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལ་དབུས་སུ་ནི་པདྨ་དམར་པོ་སྙིང་པོ་དང་ཟེའུ་འབྲུར་ལྡན་པའི་འདབ་མ་བརྒྱད་པ་ཅིག་བྲི་བར་བྱའོ། །དེའི་མཐའ་མའི་མུ་ཁྱུད་ནི་རྡོ་རྗེ་རབས་བསྐོར་ཏེ། ཁྲུ་བཞི་པའི་རྣམ་པར་གཅད་པར་བྱའོ། །དེའི་དབུས་སུ་ནི་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོང་དུ་སྨོས་པ་ལྟ་བུའི་ཆ་བྱད་དང་ལྡན་པ་བྲི་བར་བྱ་ཞིང༌། པདྨ་འདབ་མ་བརྒྱད་ལ་ནི་སྒེག་མོ་ལ་སོགས་པ་སྔ་མ་བཞིན་དུ་དགོད་པར་བྱའོ། །དེའི་གྲྭ་བཞིར་ནི་བུམ་པ་དཀར་པོ་རྒྱན་དང་བཅས་པ་བཞི་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་སྣམ་བུ་གྲུ་བཞི་པ་ཅིག་ལ་པདྨའི་གདན་ལ་ཤར་ཕྱོགས་སུ་ནི་བརྒྱ་བྱིན་ཁ་དོག་དཀར་པོ་དབུ་རྒྱན་རྩེ་གཅིག་པས་བརྒྱན་ཅིང་གླང་པོ་ཆེ་ལ་ཞོན་པ་ལག་པ་གཡས་པ་ན་རྡོ་རྗེ་གདེངས་པ་ཐོགས་པ་གཡོན་པ་དཀུ་རུ་བཙུགས་པ་བྲི་བར་བྱའོ།། ལྷོ་ཕྱོགས་སུ་ནི་གཤིན་རྗེ་ཁ་དོག་སྔོན་པོ་ལ་བཞིན་ཁྲོས་པ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་མ་ཧེ་ལ་ཞོན་པ་ལག་པ་གཡས་པས་ཐོད་པ་དང་བཅས་པའི་དབྱུག་པ་འཛིན་པ་གཡོན་སྡིགས་མཛུབ་བྱེད་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་ཆུ་ལྷ་ཁ་དོག་དཀར་པོ་ལ་སྦྲུལ་མགོ་བདུན་གྱིས་བརྒྱན་པ་བཞིན་འཛུམ་པ་ཆུ་སྲིན་གྱི་སྟེང་དུ་གནས་ཤིང་ལག་པ་གཡས་པས་སྦྲུལ་གྱི་ཞགས་པ་འཛིན་པ་གཡོན་པས་པདྨ་འཛིན་པ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་གནོད་སྦྱིན་ཁ་དོག་སེར་པོ་བཞིན་འབར་བ་གསུས་པ་ཆེ་བ་རྟའམ་སེང་གེའི་སྟེང་ན་ལག་པ་
གཡས་པས་རིན་པོ་ཆེ་དང་ལྡན་པའི་དབྱུག་ཐོ་འཛིན་པ། གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན་པ་བྲི་བར་བྱའོ། །བྱང་ཤར་དུ་ནི་བདེ་བྱེད་ཁ་དོག་ཐལ་སྐྱ་ལ་བཞིན་འཛུམ་པ་རལ་པའི་ཅོད་པན་སྤྱི་བོ་ལ་ཟླ་བ་ཕྱེད་པས་བརྒྱན་པ། གླང་ཁྱུ་མཆོག་ལ་ཞོན་པ་ལག་པ་གཡས་པས་མཚོན་རྩེ་གསུམ་པ་འཛིན་པ་གཡོན་པས་རིལ་བ་འཛིན་པ་བྲིའོ། །ཤར་ལྷོའི་མཚམས་སུ་ནི་མེ་ལྷ་ཁ་དོག་དམར་སེར་དུ་འདུག་པ་ཤིན་ཏུ་རིད་པ་རལ་པའི་ཐོར་ཚུགས་ཅན་ར་སྐྱེས་ལ་ཞོན་པ་ལག་པ་གཡས་པས་དགང་གཟར་དང་ཕྲེང་བ་འཛིན་པ་གཡོན་པ་བླུགས་གཟར་དང་རིལ་བ་འཛིན་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་ནི་སྲིན་པོ་མི་རོལ་ཞོན་པ་ཁ་དོག་དམར་ནག་ཏུ་འདུག་པ་བཞིན་ཁྲོས་པ་ལག་པ་གཡས་པས་རལ་གྲི་འཛིན་པ་གཡོན་པས་མི་མགོ་འཛིན་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་རླུང་ལྷ་ཁ་དོག་དུད་ཀ་ལ་ཤ་བའི་སྟེང་ན་ཞོན་པ་ལག་པ་གཡས་པས་བ་དན་འཛིན་པ་གཡོན་པ་རླུང་གི་རྒྱལ་པ་འཛིན་པ་བྲི་བར་བྱའོ། །བརྒྱ་བྱིན་གྱི་མདུན་དུ་ནི་ཉི་མ་རྟ་ལ་ཞོན་པ་ཁ་དོག་དམར་པོ་ལ་ལག་པ་གཡས་པས་པདྨ་འཛིན་པ་གཡོན་པ་དཀུ་རུ་བཙུགས་པ་བྲི་བར་བྱའོ། །ཆུ་ལྷའི་མདུན་དུ་ནི་ས་བདག་ཁ་དོག་ནག་པོ་ལ་ཕག་པའི་སྟེང་ན་ཞོན་པ། ལག་པ་གཡས་པས་ལྕགས་ཀྱུ་འཛིན་པ་གཡོན་པ་བུམ་པ་འཛིན་པ་བྲི་བར་བྱའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་རང་རང་གི་ཁ་དོག་དང་ཕྱག་མཚན་གྱིས་མཚན་པ་བྲི་བར་བྱའོ། །དེ་བཞིན་དུ་སྒོ་ལ་སོགས་པའི་རྟ་བབས་དང༌། དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་ནི་གོང་དུ་སྨོས་པ་ལས་ཤེས་པར་བྱས་ལ། གོང་དུ་བསྙེན་པ་བྱས་པའི་རྣམ་པར་རྒྱལ་བའི་བུམ་པ་དང༌། ཕྱོགས་སྐྱོང་བཅུ་རྣམས་ཀྱི་བུམ་པ་ལ་པདྨའི་སྟེང་དུ་རང་རང་གི་ཕྱག་རྒྱ་རྣམས་བྲིས་པ་དྲི་དང་སྨན་དང་འོ་མ་ལ་སོགས་པས་བརྒྱན་པ་བཅུ་གཞག་པར་བྱ་བ་ཉིད་དོ། །དེ་ནས་སྤྱན་དྲངས་དེ་ཀུན་ལ། །མཆོད་པ་ཀུན་གྱིས་མཆོད་པར་བྱ། །དེ་ནས་བདག་ཉིད་བཞུགས་ནས་ཀྱང༌། །ཕྱོགས་སྐྱོང་རང་གི་སྔགས་བཏབ་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་རོ། །ཞེས་གསུངས་པ་ནི་དབང་
བསྐུར་བར་གསུངས་པ་སྟེ། དེ་ལ་དང་པོར་བསྙེན་པ་ལ་སོགས་པའི་ཆོ་ག་རིམ་པ་བཞིན་དུ་བྱས་ཏེ། བདག་ཉིད་ཁྲུས་ལེགས་པར་བྱས་ལ་གོས་དཀར་པོ་གོན་ཏེ། མཆོད་པ་དང་གཏོར་མའི་ཚོགས་བཟང་པོར་བཤམས་ནས་རང་གི་ས་བོན་ལས་འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་རིག་པའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་ཨརྒྷ་ལ་སོགས་པས་ཞབས་བསིལ་ཏེ། ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་དང་སྔགས་དང་ཕྱག་རྒྱས་གཉིས་སུ་མེད་པར་བྱས་ལ་མཆོད་པའི་ཚོགས་ཀྱིས་མཆོད་པར་བྱའོ། །དེ་བཞིན་དུ་བརྒྱ་བྱིན་ལ་སོགས་པ་ཡང་གཉིས་སུ་མེད་པར་བྱས་ལ་མཆོད་པའི་ཚོགས་ཀྱིས་མཆོད་ནས། བདག་ཉིད་དང་པོའི་ཕྱག་རྒྱ་བཅས་ལ་དཀྱིལ་འཁོར་དུ་ཞུགས་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་དབང་མནོས་ལ། གནང་བ་ལེགས་པར་ཐོབ་པས་སློབ་མ་རྣམས་དབང་བསྐུར་བར་བྱས་ཏེ། དེ་ལ་དང་པོར་རས་ལ་སོགས་པས་མིག་བཀབ་པ་དང་རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས་པས་དེའི་བགེགས་བསྐྲད་པར་བྱའོ། །དེ་ནས་གོང་དུ་གསུངས་པ་བཞིན་དུ་མེ་ཏོག་དང་རིན་པོ་ཆེ་ལ་སོགས་པ་ཐོགས་ཏེ། བཅོམ་ལྡན་འདས་དང་ཕྱོགས་སྐྱོང་རྣམས་ལ་སྐྱབས་སུ་གསོལ་བ་བྱས་ནས་ཨོཾ་བཛྲ་དི་ཀཱ་པཱ་ལ་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱིས་གཞུག་པར་བྱའོ། །ཨོཾ་བཛྲ་དི་ཀ་པཱ་ལ་པྲ་ཏིཚྩ་ཧོ་ཞེས་པས་མེ་ཏོག་དོར་བར་བྱའོ། །དེ་ནས་མེ་ཏོག་བླངས་ལ་གང་ལ་བབ་པའི་མགོན་པོ་དེ་འགྲུབ་པར་འགྱུར་རོ་ཞེས་པའི་ཚིག་བརྗོད་དེ་སྤྱི་བོར་བཅིངས་ནས་ཕྱོགས་སྦྱོང་བ་རྣམས་ཀྱི་བུམ་པས་རིམ་པ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་འདིར་ནི་ཕྱོགས་སྐྱོང་བ་རྣམས་ཀྱི་དམ་ཚིག་གི་རྫས་སྨན་གྱི་ཝང་དང༌། རྩ་ཀུ་ཤ་དང༌། འོ་མ་དང༌། ཆུ་དག་དང༌། ཁྲག་དང༌། ཆང་དང༌། ཤ་དང༌། ཤིང་ཐོག་དང༌། ཨ་རུ་ར་དང༌། སྦྲང་རྩི་རྣམས་ཀྱིས། ཨོཾ་ཨིནྡྲ་ས་མ་ཡ་སརྦ་ཀརྨ་སིདྡྷི་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ཕྱོགས་སྐྱོང་བ་རྣམས་ཀྱི་བུམ་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དེའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ལ། ཨོཾ་ཨིནྡྲ་ཀ་ལ་ཤ་ཨ་བྷི་ཥྀཉྩ་ཧཱུཾ། ཞེས་པ་ལ་སོགས་པའི་
སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ཡང་དེ་དག་བརྟན་པར་བྱ་བ་རང་དམ་ཚིག་ལ་གནས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དང་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་གོང་དུ་བསྟན་པ་ལྟར་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་ཀྱི་རྫས་གི་ཝང་ལ་སོགས་པའི་དབང་བསྐུར་ཏེ། དེ་དག་གི་དམ་ཚིག་གོ །དེ་ན་ཕན་བར་འདོད་པ་ཡིས། །བསྒྲུབ་ཕྱིར་སྙིང་པོ་སྦྱིན་པར་བྱ། །ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས། །བསྟན་མི་དགོས་པར་འགྲུབ་པར་འགྱུར། །ཞེས་གསུངས་པ་ནི་དང་པོར་མེ་ཏོག་གང་ལ་བབ་པའི་ཕྱོགས་སྐྱོང་དེ་ངེས་པར་འགྲུབ་པ་ཡིན་པས་ན་དེ་སློབ་མ་ལ་ཕན་པར་འདོད་པས་དེ་བསྒྲུབ་པའི་ཕྱིར་སློབ་དཔོན་གྱིས་སློབ་མ་ལ་དེའི་སྙིང་པོ་བརྒྱ་རྩ་བརྒྱད་དམ་སྟོང་ལ་སོགས་པ་བཟླས་པ་སྦྱིན་པར་བྱ་བ་སྟེ། དེ་བསྒྲུབ་པ་ལས་ངེས་པར་འགྲུབ་པར་གསུངས་ཏེ། འཇིག་རྟེན་པའི་ལྷས་འཇིག་རྟེན་པའི་དངོས་གྲུབ་སྟེར་བ་ནི་མྱུར་བ་ཉིད་དོ། །དེ་ནས་དེ་དག་མགུ་ནས་ནི། །འདི་སྐད་ཅེས་ནི་ཚིག་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོའི་དཀྱིལ་འཁོར་འདིར་ཞུགས་ཏེ། དབང་བསྐུར་བ་ཐོབ་པའམ། གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དེ་དག་བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་དུས་ཐམས་ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྤ་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་ཐམས་ཅད་གཞོམ་པར་བགྱིའོ། །དུས་དུས་སུ་ཆར་དབབ་པར་བགྱི། །འབྲུ་དང༌། མེ་ཏོག་དང༌། འབྲས་བུ་རྣམས་བསྐྱེད་པར་བགྱིའོ་ཞེས་པ་ནི་བརྒྱ་བྱིན་རང་གི་ནུས་པ་དང་སྦྱར་ནས། ཆོས་དང་གང་ཟག་ལ་རིམ་གྲོ་དང་བསྙེན་བཀུར་ཡང་དག་པར་བྱེད་པ་སྟེ་ངེས་པ་ཉིད་དོ། །དེ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་གཤིན་རྗེས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་ཆེན་པོ་དེའི་ཚེབ་སྲིང་བར་བགྱིའོ། །དུས་མ་ལགས་པར་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །དེ་ནས་སྲིན་པོ་རྣམས་ཀྱི་རྒྱལ་པོ་ནི་རི་ཏིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་དེ་དང་
རྒྱལ་པོ་དེའི་བུ་དང༌། བྲམ་ཟེ་དང༌། རྒྱལ་རིགས་དང༌། མི་དང༌། བྲན་དང༌། ཕྱུགས་དང༌། གཞན་ཡང་གང་ཡང་རུང་བ་དག་ལ་ནད་དང་ཡི་དགས་དང༌། འདྲེས་མི་འཇིགས་པར་བགྱི། སྲིན་པོ་ལ་སོགས་པས་མི་འཇིགས་པར་བགྱི། དུས་མ་ལགས་པས་འཆི་བས་འཇིགས་པར་མི་བགྱི་སྟེ། དུས་ཐམས་ཅད་དུ་བསྲུང་པ་དང༌། བསྐྱབ་པ་དང་སྦ་བར་བགྱིའོ། །དེ་ནས་ཀླུའི་རྒྱལ་པོ་ཆུ་ལྷས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་རྒྱལ་པོ་དེ་དང་དེའི་ཡུལ་འཁོར་ཐམས་ཅད་སོ་སོར་བསྐྱབ་པར་བགྱིའོ། །ཀུན་དུ་བསྲང་བར་བགྱི། འབྲུ་རྣམས་བསྐྱེད་པར་བགྱི། ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱི། དུག་དང་སེར་བ་རྣམས་མི་འབབ་པར་བགྱི། དུས་མ་ཡིན་པར་འཆི་བ་རྣམས་སོ་སོར་དགག་པར་བགྱིའོ། །དེ་ནས་རླུང་གི་བདག་པོས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཆེན་པོ་དེ་ལ་རླུང་གི་འཇིགས་པ་མི་འབྱུང་བར་བགྱི། འབྲུ་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་བསྐྱེད་པར་བགྱི། འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ལས་ངན་པོས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་བསྐྱེད་ཅིང་ལེགས་པར་སྤེལ་བར་བགྱིའོ། །རང་གི་ངོ་བོ་དང༌། །ཡོངས་ཀྱི་སྐྱེ་བོ་དང༌། ཡུལ་དང༌། གནས་དང༌། བྲན་དང༌། སྣག་གི་གཉེན་མཚམས་དང༌། གྲོགས་དང༌། བུ་དང༌། བུ་མོ་དང༌། ཆུང་མ་ལ་སོགས་པ་བསྲུང་བར་བགྱིའོ། །དེ་བཞིན་དུ་གླང་དང༌། བ་དང༌། བོང་བུ་དང༌། རྔ་མོ་དང༌། ལུག་དང༌། མ་ཧེ་དང༌། བ་ལང་དང༌། རྟ་དང༌། ར་ལ་སོགས་པ་ལའང་བསྲུང་བར་བགྱིའོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་དབང་བྱེད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་
གསོལ་ཏོ། བཅོམ་ལྡན་འདས་བདག་གིས་ཀྱང་རྒྱལ་པོ་དེ་དང༌། རྒྱལ་པོ་དེ་དག་གི་བུ་དང༌། རྒྱལ་རིགས་དང༌། བྲམ་ཟེའི་རིགས་རྣམས་ཀྱི་བྲན་ལ་སོགས་པ་ལ་ཕ་རོལ་ཏུ་བསྐྱབ་པར་བགྱིའོ། །ཕན་གདགས་པར་བགྱི། ཡོངས་སུ་བསྐྱབ་པ་དང༌། ཞི་བ་དང༌། བཀྲ་ཤིས་པ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་པ་དང༌། དུག་གཞོམ་པ་དང༌། མཚམས་གཅད་པ་དང༌། ས་འོག་གི་མཚམས་གཅད་པ་དང༌། ཕྱོགས་ཀྱི་མཚམས་གཅད་པ་དང༌། རྡོ་རྗེ་རབས་བསྐོར་བ་དང༌། རྡོ་རྗེ་ཕུར་བུས་གདབ་པ་དང༌། རྡོ་རྗེའི་དྲ་བ་རྣམས་བྲི་བར་བགྱིའོ། །དགོས་པ་ཐམས་ཅད་ལ་ཉེ་བར་གནས་པར་བགྱིའོ། །དགོས་པ་དང་དགོས་པ་མ་ལགས་པ་རྣམས་ཀྱི་མཚམས་ཉེ་བར་བསྟེན་པར་བགྱིའོ། །དགེ་བ་དང་མི་དགེ་བ་ཐམས་ཅད་རྨི་ལམ་དུ་ཡང་བསྒོ་བར་བགྱིའོ། །བསྒྲུབ་ན་འང་བགེགས་མ་མཆིས་པར་དངོས་གྲུབ་ཐམས་ཅད་སྩལ་བར་བགྱིའོ། །དེ་ནས་ཡང་ནམ་མཁའི་བདག་པོ་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་རྒྱལ་པོ་དང༌། རྒྱལ་པོ་དེའི་བུ་དང༌། རྒྱལ་པོ་དེའི་བློན་པོ་དང༌། བྲམ་ཟེ་དང༌། རྒྱལ་རིགས་རྣམས་འཇིགས་པ་ཐམས་ཅད་ལས་བདག་ཉིད་འཁོར་དང་བཅས་པར་མཆིས་ལ་བསྲུང་བ་དང༌། བསྐྱབ་པ་དང་སྦ་བར་བགྱིའོ། །མཆོག་ཐམས་ཅད་རབ་ཏུ་བརྟན་པར་བགྱི། ནད་ཐམས་ཅད་རབ་ཏུ་ཞི་བར་བགྱི། དུས་ཐམས་ཅད་དུ་ཕྱི་བཞིན་འབྲང་བར་བགྱིའོ། །དེ་ནས་ས་འོག་གི་བདག་པོ་ས་བདག་ཆེན་པོས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་མིའི་བདག་པོ་ཆེན་པོ་དེ་དང༌། དེའི་བུ་དང༌། ཆུང་མ་དང༌། ཚ་བོ་དང༌། ཡང་ཚ་དང། ཞེ་ཚ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། བྲམ་ཟེའི་རིགས་དང༌། དམངས་རིགས་དག་གཞན་ཡང་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་ལ་སོགས་པ་རྣམས་ལ་བདག་ཅག་གིས་དུས་ཐམས་ཅད་དུ་བསྒྲུབ་པར་བགྱིའོ། །འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་
དུ་བསྲུང་བར་བགྱིའོ། །བདག་ཉིད་ཀྱིས་ཀྱང་དུས་ཐམས་ཅད་དུ་རྒྱལ་པོ་ཆེན་པོ་དེའི་ཕྱི་བཞིན་དུ་འབྲང་བར་བགྱིའོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བཅུས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དཀྱིལ་འཁོར་འདིར་ཞུགས་པའི་མི་དེ་ལ་དེ་བཞིན་དུ་བསྲུང་བ་ལ་སོགས་པ་མ་བགྱིས་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བསླུས་པ་ལགས་སོ་ཞེས་པ་ལ་སོགས་པ་ནི་འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པས་རང་རང་གི་ལས་དང་བྱ་བ་དང༌། ནུས་པའི་སྟོབས་རྣམས་ཀྱིས་དམ་པའི་ཆོས་ལ་གུས་པར་བྱ་བའི་ཕྱིར་དམ་པའི་ཆོས་འཛིན་པ་དང༌། རང་ཅག་གི་དཀྱིལ་འཁོར་དུ་ཞུགས་ཤིང་རང་ཅག་གིས་དབང་བསྐུར་བའི་གང་ཟག་དེ་ལ་ཡོངས་སུ་བསྐྱབ་པ་དང༌། བསྲུང་བ་དང་སྦ་བ་དང༌། རིམ་གྲོ་ལ་སོགས་པས་བསྙེན་བཀུར་བྱས་པ་སྟེ། དེ་དག་ནི་དེ་བཞིན་དུ་ཡིན་ཞིང། ངེས་པ་ཁོ་ནས་གོ་སླ་བའི་ཕྱིར་མ་བཤད་དོ། །བཅོམ་ལྡན་འདས་བདག་ཅག་གིས་དཀྱིལ་འཁོར་འདིར་ཞུགས་པའི་མི་དེ་ལ་དེ་བཞིན་དུ་བསྲུང་བ་ལ་སོགས་པ་མ་བགྱིས་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བསླུས་པར་འགྱུར་བ་ལགས་སོ་ཞེས་པ་ནི་རང་རང་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དཔང་པོར་གསོལ་ཏེ་མནའ་འདོར་བ་ཡིན་པས་མནའ་ནི་དམ་པ་ཁོ་ནས་ངེས་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་གཟའ་ཆེན་པོ་བརྒྱད་དང༌། འཁོར་རྒྱུ་སྐར་དུ་བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རང་རང་གི་སྔགས་དང་སྙིང་པོ་རྣམས་དབུལ་བར་འཚལ་ན་དེ་དག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་ངས་ཀྱང་བྱིན་གྱིས་བརླབས་ཀྱིས་གཟའ་ཆེན་པོ་རྣམས་ཤོད་ཅིག་ཅེས་གསུངས་པ་ནི་འདི་ལྟར་གཟའ་ཆེན་པོ་རྣམས་དམ་པའི་ཆོས་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་རང་རང་གི་སྙིང་པོ་དབུལ་བར་བཅོམ་ལྡན་འདས་ལ་ཞུ་བ་གུས་པར་ཞུ་བ་དང༌། རྣམ་པར་དག་པའི་བྱིན་གྱིས་བརླབ་ཏུ་གསོལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ།།
ལེགས་སོ། །ངས་བྱིན་གྱིས་བརླབས་ཀྱིས་གཟའ་ཆེན་པོ་རྣམས་ཤོད་ཅིག་ཅེས་གསུངས་པ་ནི་ནུས་པ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་ནས་གནོང་བ་ལེགས་པར་བྱིན་པའི་ཚིག་གོ །དེ་ནས་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨོཾ་ཨཱ། ཨོཾ་སོ། ཨོཾ་ཨ། ཨོཾ་བུ། ཨོཾ་བྲི། ཨོཾ་ཤུ། ཨོཾ་ས། ཨོཾ་ར། ཞེས་པ་ལ་སོགས་པའི་སྙིང་པོ་ནི་འདི་ལྟར་སྤྱིར་དངོས་པོ་ཐམས་ཅད་ལ་ལེགས་པར་སྦྱར་བའི་སྐད་ཀྱིས་རྣམ་པར་ཕྱེ་ན་ཡོན་ཏན་གྱི་སྒོ་ནས་མིང་བརྟགས་པ་དང༌། སྐྱོན་གྱི་སྒོ་ནས་མིང་བཏགས་པ་དང༌། ལས་ཀྱི་སྒོ་ནས་མིང་བཏགས་པ་དང༌། ཁ་ཟས་ཀྱི་སྒོ་ནས་མིང་བཏགས་པ་ལ་སོགས་པ་དཔག་ཏུ་མེད་པ་རེ་རེ་ཡོད་ཀྱང་དངོས་པོ་ཐམས་ཅད་ལ་རང་སྐྱེད་པར་བྱེད་པའི་ས་བོན་ཞེས་བྱ་བའི་ཡི་གེའི་རྣམ་པ་ནི་ཀུན་རྫོབ་ཏུ་ངེས་པ་ཡིན་ཏེ། དེ་ལ་རང་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་ཆོས་རང་གི་མཚན་ཉིད་འཛིན་པ་སྟེ། རང་གི་མཚན་ཉིད་ཅེས་པ་ནི་དངོས་པོ་གཞན་དུ་བསྒྱུར་དུ་མི་བཏུབ་པ་ཡིན་ཞིང༌། ཀུན་རྫོབ་ཏུ་རྟག་པ་ཉིད་དོ། །དེ་བས་ན་གཟའ་རྣམས་ཀྱིས་ཀྱང་རང་རང་བསྐྱེད་པའི་ས་བོན་ཕུལ་བ་སྟེ། དེ་ཉིད་སྲོག་ཡིན་པའི་ཕྱིར་ན་སྙིང་པོའོ། །དེ་ཉིད་འགྲོ་བ་གཞན་ལ་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཏེ། འདི་དག་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དང་བོ་ནི་ཉི་མའོ། །གཉིས་པ་ནི་ཟླ་བའོ། །གསུམ་པ་ནི་མིག་དམར་རོ། །བཞི་པ་ནི་གཟའ་ལག་གིའོ། །ལྔ་པ་ནི་ཕུར་བུའོ། །དྲུག་པ་ནི་པ་ཝ་སངས་ཀྱིའོ། །བདུན་པ་ནི་སྤེན་པའོ། །བརྒྱད་པ་ནི་སྒྲ་གཅན་འཛིན་གྱི་སྙིང་པོར་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དོ། །དབུས་སུ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་བྲི་བར་བྱའོ། །ངོས་རྣམས་སུ་ནི་ཕྱག་རྒྱ་ཆེན་པོ་བཞི་བྲིའོ། །པ་བ་སངས་ནི་མདུན་དུ་ལ། །ཟླ་བ་རྒྱབ་ཏུ་བྲི་བར་བྱ། །གཡས་སུ་ཕུར་བུ་བྲི་བྱ་ཞིང༌། །གཡོན་པར་གཟའ་ལག་བྲི་བར་བྱ། །མེ་ཡི་ཕྱོགས་སུ་མིག་དམར་དང༌། །རླུང་གི་ཕྱོགས་སུ་ཉི་མ་སྟེ། །དབང་ལྡན་ཕྱོགས་སུ་སྤེན་པའོ། །བདེན་བྲལ་
ཕྱོགས་སུ་སྒྲ་གཅན་འཛིན། །དཀྱིལ་འཁོར་ཕྱི་རོལ་ཁོར་ཡུག་ཏུ། །རྒྱུ་སྐར་ཐམས་ཅད་བྲི་བར་བྱ། །སྒོ་སྒོར་དེ་བཞིན་སྒོ་བ་རྣམས། །ཁྲོས་པའི་གཟུགས་སུ་བྲི་བར་བྱ། །ཞེས་གསུངས་པ་ནི་གཟའ་དང་རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡོངས་སུ་གསུངས་པ་སྟེ། དེ་ལས་ཕྱོགས་ཡིད་དུ་འོང་བ་རྣམས་སུ་བྱིན་གྱིས་བརླབ་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ལ། སྟེགས་བུ་ཁྲུ་ཉི་ཤུ་རྩ་བཞི་པ་བྲི་བར་བྱའོ། །དེ་ལ་ཐིག་ལ་སོགས་པ་ལེགས་པར་བཏབ་པ་དང༌། དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལ་དབུས་སུ་ནི་པདྨ་འདབ་མ་བརྒྱད་པའི་སྙིང་པོ་དང༌། ཟེའུ་འབྲུར་ལྡན་པ་ཅིག་བྲིའོ། །དེའི་དབུས་སུ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་སྨོས་པ་གཟུགས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེའི་འདབ་མ་བརྒྱད་པ་ནི་སྒེག་མོ་ལ་སོགས་པ་རང་རང་གི་ཆ་ལུགས་དང་ཕྱག་མཚན་གྱིས་མཚན་པ་བྲིའོ། །དེའི་ཕྱི་རོལ་དུ་ནི་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲིའོ། །དེའི་གྲུ་བཞི་པའི་རྣམ་པར་བཅད་པ་དང་གྲྭ་བཞིར་ནི་གཤིན་རྗེ་གཤེད་པོའི་ཕྱག་རྒྱ་དང༌། ཁམས་གསུམ་སྣང་བྱེད་ཀྱི་ཕྱག་རྒྱ་དང༌། རྟ་མགྲིན་གྱི་ཕྱག་རྒྱ་དང༌། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །དེའི་མཐའ་མ་མེ་ཏོག་གི་ཕྲེང་བས་བསྐོར་ལ་དེའི་ཕྱི་རོལ་དུ་སྣམ་བུ་གྲུ་བཞི་པ་ཕྱོགས་ཀྱི་ཁ་དོག་དང་བཅས་པ་ཅིག་ལ་པདྨའི་སྟེང་དུ་ཤར་ཕྱོགས་སུ་པ་ཝ་སངས་མདོག་དཀར་པོ་ལ་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་སྟེང་ན་གནས་པ་བཞིན་འཛུམ་པ་ལྷའི་རྒྱན་དང་ཆ་ལུགས་ཀྱིས་བརྒྱན་པ་ལག་པ་གཡས་པ་ན་མུ་ཏིག་གི་ཕྲེང་བ་ཐོགས་པ། གཡོན་པས་རིལ་པ་སྤྱི་བླུགས་བདུད་རྩིས་བཀང་བ་འཛིན་པ་བྲིའོ། །ལྷོ་ཕྱོགས་སུ་ཕུར་བུ་པདྨའི་སྟེང་ན་གནས་པ་ཁ་དོག་སེར་པོ་བཞིན་རྒྱས་པ་ལག་པ་གཡས་པ་ནི་ལྕགས་ཀྱི་མདའ་མེ་ཏོག་གི་ཕྲེང་བ་དང་བཅས་པ་འཛིན་པ། གཡོན་པ་ཨུཏྤལས་མཚན་པའི་གཞུ་ཐོགས་པ་བྲི་བར་བྱའོ། །ནུབ་ཀྱི་ཕྱོགས་སུ་ཟླ་བ་ཁ་དོག་དམར་པོ་དང་པ་ལ་ཞོན་པ་བཞིན་འཛུམ་པ་ལག་པ་གཡས་པས་པདྨའི་སྟེང་ན་ཟླ་བ་འཛིན་པ་གཡོན་
པས་ཨུཏྤལ་ཡུ་བ་དང་བཅས་པ་འཛིན་པ་བྲི་པར་བྱའོ། །བྱང་ཕྱོགས་སུ་ནི་གཟའ་ལག་ཁ་དོག་སེར་པོ་པདྨའི་སྟེང་ན་གནས་པ་བཞིན་འཛུམ་པ་ལག་པ་གཡས་པ་གསེར་གྱི་ཕྲེང་བ་སྙིང་གར་འཛིན་པ། གཡོན་པ་ག་བུར་གྱིས་བཀང་བའི་བྱ་མ་བུམ་འཛིན་པ་བྲི་བར་བྱའོ། །ཤར་ལྷོའི་མཚམས་སུ་ནི་མིག་དམར་ཁ་དོག་ཤིན་ཏུ་དམར་བར་སྐྱེས་ཁམ་པ་ལ་ཞོན་པ་ལག་པ་གཡས་པས་གྲི་གུག་འཛིན་པ། གཡོན་པ་མི་མགོ་འཛིན་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་ནི་སྒྲ་གཅན་འཛིན་ཁ་དོག་དམར་ནག་ཏུ་འདུག་པ་རྐེང་པ་ཡན་ཆད་མིའི་གཟུགས་ལ་རྐེད་པ་མན་ཆད་སྦྲུལ་དུ་འདུག་པ་སྐྲ་ཁམ་པ་གྱེན་དུ་འཕགས་པ་མཆེ་བ་གཙིགས་པ་མིག་འབུར་བ་ཤིན་ཏུ་ཁྲོ་བོའི་ཆ་ལུགས་ཅན་ལག་པ་གཡས་པས་ཉི་མ་འཛིན་པ། གཡོན་པས་ཟླ་བ་འཛིན་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་ཉི་མ་ཁ་དོག་དམར་པོ་ལ་བཞིན་འཛུམ་པ་ཤིང་རྟ་ལ་ཞོན་པ་ལག་པ་གཡས་པས་པདྨའི་སྟེང་ན་ཉི་མ་འོད་དང་བཅས་པ་འཛིན་པ། གཡོན་པས་པདྨ་ཡུ་བ་དང་བཅས་པ་འཛིན་པ་བྲི་བར་བྱའོ། །བྱང་ཤར་མཚམས་སུ་ནི་སྤེན་པ་ཁ་དོག་ནག་པོ་རུས་སྤལ་ལ་ཞོན་པ། ཤིན་ཏུ་འཇིགས་པའི་ཆ་ལུགས་ཅན་ལག་པ་གཡས་པས་དབྱུག་པ་འཕྱར་བ། གཡོན་པས་སྡིགས་མཛུབ་བྱེད་པ་བྲི་བར་བྱའོ། །སྒོ་བཞིར་ནི་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་བཞི་ཁྲོ་བོའི་གཟུགས་སུ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་རྟ་བབས་དང་ཁྱམས་དང༌། སྒོ་ལ་སོགས་པ་གོང་དུ་གསུངས་པ་ཇི་ལྟ་བ་བཞིན་བྲི་བར་བྱའོ། །དེ་ནས་ཕྱི་རོལ་དུ་ནི་པདྨའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་སྣམ་བུ་སོར་བཞི་པ་ཟླུམ་པོ་ཅིག་ལ་པདྨའི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ་རྒྱུ་སྐར་རྣམས་དགོད་པར་བྱ་སྟེ། དེ་ལ་སྨིན་དྲུག་ནི་ཁ་དོག་དཀར་པོ་པདྨ་དམར་པོ་ལ་གནས་པ་མགོ་དྲུག་པ་ལ་ལག་པ་བཞི་པ། གཡས་པ་གཉིས་ཀྱིས་མེ་ཏོག་ཨུཏྤལ་དང་ཕྲེང་བ་འཛིན་པ། གཡོན་པ་གཉིས་ཀྱིས་ལྷུང་བཟེད་དང་བདུག་པ་འཛིན་པ་བྲིའོ། །དེའི་འོག་ཏུ་སྣར་མ་ཁ་དོག་དཀར་མོ་ལ་ལག་པ་གཉིས་པ་ཤིན་ཏུ་མཛེས་པ་ནུ་མ་འབུར་བ་གླང་ཁྱུ་
མཆོག་ལ་ཞོན་པ་ལག་པ་གཡས་པས་མེ་ཏོག་འཛིན་པ། གཡོན་པས་སྐྱབས་སྦྱིན་བྱེད་པ་བྲི་བར་བྱའོ། །དེའི་འོག་ཏུ་མགོ་ཁ་དོག་དཀར་མོ་བཞིན་མཛེས་མ་ཁ་ཤ་དམར་མོ་ལ་ཞོན་པ་ལག་པ་གཡས་པས་ཨུཏྤལ་ཡུ་བ་དང་བཅས་པ་འཛིན་པ། གཡོན་པས་སྐྱབས་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་ལག་པ་ཁ་དོག་དཀར་པོ་སྦྲུལ་ལ་ཞོན་པ་ལག་པ་གཡས་པས་མེ་ཏོག་འོད་དང་བཅས་པ་འཛིན་པ། གཡོན་པས་ཚིག་སྦྱིན་པའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་ནམ་སོ་ཁ་དོག་དམར་པོ་པདྨའི་གདན་ལ་འདུག་པ་ལག་པ་གཡས་པས་ཕྲེང་བ་འཛིན་པ་གཡོན་པས་ཚིག་སྦྱིན་པའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་རྒྱལ་ཁ་དོག་དམར་པོ་ཟླ་བའི་གདན་ལ་འདུག་པ་ལག་པ་གཡས་པས་པདྨ་འཛིན་པ། གཡོན་པས་སྐྱབས་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་སྐག་ཁ་དོག་དཀར་མོ་ཤ་བ་ལ་ཞོན་པ་ལག་པ་གཡས་པས་རྩེ་གསུམ་འཛིན་པ་གཡོན་པས་དཀུར་བརྟེན་པ་བྲི་བར་བྱའོ། །དེའི་འོག་ཏུ་མཆུ་ཁ་དོག་དམར་པོ་སྲམ་ལ་ཞོན་པ་ལག་པ་གཡས་པས་བུམ་པ་འཛིན་པ་གཡོན་པས་སྐྱབས་སྦྱིན་པའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་བྲེ་ཁ་དོག་སེར་མོ་བཞིན་མཛེས་པ་བྲག་གི་སྟེང་ན་འདུག་པ་ལག་པ་གཡས་པས་རལ་གྲི་འཛིན་པ་གཡོན་པས་ཚིག་སྦྱིན་པའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་དབོ་ཁ་དོག་དམར་སེར་གླང་པོ་ཆེ་ལ་ཞོན་པ། ལག་པ་གཡས་པས་ཞགས་པ་འཛིན་པ། གཡོན་པས་སྐྱབས་སྦྱིན་པའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་མེ་བཞི་ཁ་དོག་སེར་མོ་རྨ་བྱ་ལ་ཞོན་པ་ལག་པ་གཡས་པས་ཤིང་ཏོག་ཨ་དུ་ར་འཛིན་པ། གཡོན་པ་དང་དབྱངས་ཕྱར་བ་བྲི་བར་བྱའོ། །དེའི་འོག་ཏུ་ནག་པ་ཁ་དོག་སེར་མོར་སྐྱེས་ལ་ཞོན་པ་ལག་པ་གཡས་པས་མར་མེ་འཛིན་པ། གཡོན་པས་སྐྱབས་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་ས་རི་ཁ་དོག་སེར་པོ་ངང་པ་ལ་ཞོན་པ་ལག་པ་གཡས་པས་ཞགས་པ་འཛིན་པ། གཡོན་པ་དཀུར་བརྟེན་པར་བཙུགས་པ་བྲི་བར་བྱའོ། །དེའི་འོག་ཏུ་ས་ག་ཁ་དོག་སེར་མོ་ཀུན་བིད་ད་ལ་ཞོན་པ་ལག་
པ་གཡས་པས་བེ་ཅོན་འཛིན་པ་གཡོན་པས་སྐྱབས་སྦྱིན་པའི་ཕྱག་རྒྱ་བྱེད་པ་བྲི་བར་བྱའོ། །དེའི་འོག་ཏུ་ལྷ་མཚམས་ཁ་དོག་སེར་མོ་ལ་ཕུག་གི་སྟེང་ན་ལག་པ་གཡས་པས་མེ་ཏོག་འོད་འཕྲོ་བ་དང་བཅས་པ་འཛིན་པ་གཡོན་པ་ཞགས་པ་འཛིན་པ་བྲི་པར་བྱའོ། །དེའི་འོག་ཏུ་སྣོན་ཁ་དོག་དམར་མོ་འོད་ལའི་སྟེང་ན་གནས་ཤིང་ལག་པ་གཡས་པས་སྐྱབས་སྦྱིན་པ་གཡོན་པས་དུང་ཕོར་འཛིན་པ་བྲི་བར་བྱའོ། །དེའི་འོག་ཏུ་སྣྲུམས་ཁ་དོག་དམར་མོ་ཟླ་བའི་སྟེང་ན་གནས་པ་ལག་པ་གཡས་པས་ཀུ་མུ་ཏ་ཡུ་བ་དང་བཅས་པ་འཛིན་པ་གཡོན་པས་ཚིག་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་ཆུ་སྟོང་ཁ་དོག་དམར་མོ་མི་ལ་ཞོན་པ་ལག་པ་གཡས་པས་པདྨ་འཛིན་པ་གཡོན་པས་སྐྱབས་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་ཆུ་སྨད་ཁ་དོག་དམར་མོ་པི་ན་ཏི་ལ་གནས་པ་ལག་པ་གཡས་པདྨའི་སྟེང་ན་རིན་པོ་ཆེ་འབར་བ་འཛིན་པ་གཡོན་པས་སྐྱབས་སྦྱིན་པའི་ཕྱག་རྒྱ་བྱེད་པ་བྲི་བར་བྱའོ། །དེའི་འོག་ཏུ་གྲོ་ཞུན་ཁ་དོག་དམར་མོ་གླང་ལ་ཞོན་པ་ལག་པ་གཡས་པས་སྐར་མ་འོད་དང་བཅས་པ་འཛིན་པ་གཡོན་པ་དཀུར་བཙུགས་པ་བྲི་བར་བྱའོ། དེའི་འོག་ཏུ་བྱི་བཞིན་ཁ་དོག་དམར་མོ་བྲག་གི་སྟེང་ན་གནས་པ་ལག་པ་གཡས་པས་པདྨ་དཀར་བོ་འཛིན་པ་གཡོན་པས་སྐྱབས་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་མོན་གྲེ་ཁ་དོག་ལྗང་གུ་ལྕགས་ཀྱི་གདན་ལ་འདུག་པ་ལག་པ་གཡས་པས་མདའ་འཛིན་པ་གཡོན་པས་གཞུ་འཛིན་པ་བྲི་བར་བྱའོ། །དེའི་འོག་ཏུ་མོན་གྲུ་ཁ་དོག་ལྗང་དམར་སྟན་ནང་ཚངས་ཅན་ལ་འདུག་པའོ། །ཁྲུམས་སྟོང་ནི་མདོག་ལྗང་གུ་གསེར་ཁྲི་ལ་འདུག་པ་བྲི། ཁྲུམས་སྨད་མདོག་དམར་སེར་ཁྲི་ལ་འདུག་པའོ། །ནམ་གྲུ་ནི་མདོག་དམར་རྟ་ལ་ཞོན་པ་བྲི། དེའི་འོག་ཏུ་ཐ་སྐར་ཁ་དོག་ལྗང་གུ་རི་དགས་ལ་ཞོན་པ་ལག་པ་གཡས་པས་རྡོ་རྗེ་འཛིན་པ་གཡོན་པས་ཚིག་སྦྱིན་པ་བྲི་བར་བྱའོ། །དེའི་འོག་ཏུ་བྲ་ཉེ་ཁ་དོག་ལྗང་ནག་ཡི་དགས་ལ་ཞོན་པ་ལག་པ་གཡས་པས་ལྕགས་ཀྱུ་འཛིན་པ་གཡོན་པས་ཞགས་པ་འཛིན་པ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་འོད་ཟེར་གྱི་ཕྲེང་བ་ཀུན་དུ་
འཁོར་བར་བསྐོར་བར་བྱའོ། །དེ་ནས་དབང་བསྐུར་བ་ནི་འདི་ལྟར་དང་པོར་བུམ་པ་བརྒྱད་ལ་ཁ་དོག་དཀར་པོས་ཡོངས་སུ་བསྒོས་ལ་པདྨའི་སྟེང་ན་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་ཕྱག་མཚན་ཇི་ལྟ་བ་བཞིན་དུ་བྲིས་ཏེ། དྲི་དང་སྨན་དང་འོ་མ་ལ་སོགས་པས་ཡོངས་སུ་བཀང་ལ། དཀྱིལ་འཁོར་གྱི་མཐའ་ལོགས་སུ་གཞག་པར་བྱ། དེ་ནས་དང་པོར་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོས་ཡོངས་སུ་བསྔགས་པའི་བུམ་པས་གཅིག་ནི་རང་གི་མདུན་དུ་གཞག་པར་བྱའོ། །གཟའ་རྣམས་ཀྱི་བུམ་པ་ལ་ནི་དང་པོར་བསྙེན་པའི་དུས་སུ་རང་རང་གི་སྙིང་པོས་ཡོངས་སུ་བཟླས་པར་བྱའོ། །རྒྱུ་སྐར་རྣམས་ཀྱི་བུམ་པ་ནི་ཁ་དོག་དཀར་པོ་གཅིག་པ་ཉི་མའི་འོད་དང་ལྡན་པ་བྲི་བར་བྱའོ། །ནང་དུ་ནི་འོ་མ་དང་ག་བུར་གྱིས་དགང་བར་བྱ་ཞིང་དེ་བཞིན་དུ་གོས་དང་ཁ་རྒྱན་ལ་སོགས་པས་ལེགས་པར་མཛེས་པར་བྱ་བ་ཉིད་དོ། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །བཅོམ་ལྡན་འཁྲོ་བོ་སྤྱན་དྲང་ངོ༌། །གཟའ་རྣམས་ཐམས་ཅད་སྤྱན་དྲང་ངོ༌། །དེ་ནས་སློབ་མ་གཞུག་བྱ་བ། །སྔགས་འདི་དག་གིས་རྣམ་པར་ངེས། །ཨོཾ་བཛྲ་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་ན་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་པྲ་ཏིཙྪ་ས་མ་ཡེ་ཧཱུཾ། དེ་ནས་གཟའ་བརྒྱད་སྔགས་བཏབ་པའི། །བུམ་པ་བརྒྱད་ཀྱིས་དབང་བསྐུར་རོ། །དེ་ནས་རྡོ་རྗེའི་ཕྱག་རྒྱས་ནི། །དབང་བསྐུར་བར་ནི་བརྟགས་ནས་ཀྱང༌། །གཟའ་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་གསུངས་པ་ནི་གཟའི་དཀྱིལ་འཁོར་དུ་དབང་བསྐུར་བར་གསུངས་པ་སྟེ། དེ་ལ་དང་པོར་བདག་ཉིད་ཁྲུས་ལ་སོགས་པ་ལེགས་པར་བྱས་ཏེ། གོས་དཀར་པོ་གྱོན་ལ་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་ཏེ། སྟོབས་ཉིད་བསྒོམས་པའི་མཐར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ནམ་མཁའི་ཕྱོགས་སུ་སྤྲོས་པས་བཅོམ་ལྡན་འདས་རིག་པའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་དགུག་པ་ལ་སོགས་པ་བྱས་ནས་གཉིས་སུ་མེད་པར་བྱས་ཏེ། དེ་ལ་ཨརྒྷ་དང་ཉེ་རེག་དང་འཐོར་འཐུང་
སོགས་པ་ཕུལ་ཏེ་བཞུགས་སུ་གསོལ་བར་བྱའོ། །དེ་བཞིན་དུ་གཟའ་དང་སྐར་མ་ལ་སོགས་པ་ཡང་གཉིས་སུ་མེད་པར་བྱས་པ་དང༌། བདག་ཉིད་གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ་ཞུགས་ལ། དབང་རིམ་པ་ཇི་ལྟ་བ་བཞིན་མནོས་ལ་གནང་བ་ལེགས་པར་ཐོབ་པ་དང་སློབ་མ་གཞུག་པར་བྱ་སྟེ། དེ་ལ་དང་པོར་རྣམ་པར་རྒྱལ་བའི་བུམ་པ་ནས་རྡོ་རྗེ་དང་བཅས་པའི་ཆུའི་སློབ་མའི་བགེགས་བསྐྲད་པར་བྱའོ། །དེ་ནས་རས་ལ་སོགས་པས་མིག་བཀབ་སྟེ། མེ་ཏོག་གམ་རིན་པོ་ཆེ་ལ་སོགས་པ་ཐོགས་ལ་ཁྲུས་ལེགས་པར་བྱས་ལ། ཨོཾ་བཛྲ་གྲ་ཧ་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱིས་གཞུག་པར་བྱའོ། །དེ་ནས་ཨོཾ་བཛྲ་གྲ་ཧ་པྲ་ཏིཙྪ་ས་མ་ཡེ་ཧོ་ཞེས་པས་མེ་ཏོག་ལ་སོགས་པ་དོར་བར་བྱའོ། །དེ་ནས་གོང་དུ་གསུངས་པའི་སྔགས་ཀྱིས་མིག་ཕྱེ་ལ་གཟའ་གང་ལ་བབ་པའི་མེ་ཏོག་མགོ་ལ་བཅིངས་ཏེ། བཅོམ་ལྡན་འདས་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དེ་ནས་ཉི་མ་ལ་སོགས་པའི་བུམ་པས་རིམ་པ་ཇི་ལྟ་བ་བཞིན་དུ་སོ་སོའི་རྣལ་འབྱོར་དང་ལྡན་པར་བྱས་ལ། ཨོཾ་བཛྲ་ཨཱ་དི་ཏྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་དེ་དག་གི་སྙིང་པོ་བྱིན་གྱིས་བརླབས་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་སྦྱིན་པར་བྱའོ། །དེ་ནས་གང་ལ་བབ་པའི་གཟའ་དེའི་ཉི་མ་ལ་གར་ཕྱིན་ཀྱང་འཇིགས་པ་ལ་སོགས་པ་མི་འོང་ཞིང་དོན་དང་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་བ་དང༌། གཞན་ཡང་གཟའི་ཉེས་པ་ཐམས་ཅད་དང་བྲལ་བར་འགྱུར་བ་ཉིད་དོ། །དེ་ནས་རྡོ་རྗེའི་ཕྱག་རྒྱས་ནི། །དབང་བསྐུར་བར་ནི་རབ་ཏུ་བརྟག །ཅེས་པ་ནི་གོང་དུ་གསུངས་པའི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དང་སྔགས་ཀྱིས་དབང་བསྐུར་བར་བྱ་སྟེ། དེས་ནི་གཟའ་རྣམས་དམ་ཚིག་ལ་གནས་ཤིང་བརྟན་པར་བྱེད་པ་ཉིད་དོ། །དེའི་འོག་ཏུ་རྒྱུ་སྐར་རྣམས་ཀྱིས་བུམ་པས་ནི་ཁྲུས་བྱ་བར་གསུངས་སོ། །དེ་ནས་གོང་དུ་གསུངས་པ་བཞིན་དུ་འདིར་ཡང་བཀྲ་ཤིས་ཀྱི་རྫས་དང༌། འཁོར་ལོ་རིན་པོ་ཆེ་
ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྐུར་བར་བྱ་བ་ལ་སོགས་པ་ནི་ལས་ཐམས་ཅད་དུ་ཤེས་པར་བྱའོ། །གཟའ་རྣམས་ཐམས་ཅད་དུ་བསྒྲུབ་པར་བྱ། །ཞེས་པ་ནི་དེའི་རྗེས་ལ་རང་འདོད་པའི་དངོས་གྲུབ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་བྱ་བ་སྟེ། དེ་ལ་པ་བ་སངས་ཀྱིས་ནི་རྒྱས་པར་བྱེད་དོ། །དེ་བཞིན་དུ་ཉི་མ་དང་ལག་རྣམས་ཀྱིས་ཀྱང་ཞི་བར་བྱེད་དོ། །མིག་དམར་དང༌། ཕུར་བུ་དང་སྒྲ་གཅན་གྱིས་ནི་མངོན་སྤྱོད་འགྲུབ་བོ། །ཟླ་བས་ནི་དབང་དུ་བྱེད་དོ། །སྤེན་པས་ནི་མངོན་སྤྱོད་འགྲུབ་པར་འགྱུར་བས་ན་བདག་གིས་ཡང་དག་པར་འགྲུབ་པར་བྱ་བ་ཉིད་དོ། །དེ་ནས་གཟའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གཟའ་ཆེན་པོ་བརྒྱད་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་དེ་དང་རྒྱལ་པོའི་བུ་དང༌། རྒྱལ་པོའི་ཆུང་མ་དང༌། བྲན་ལ་སོགས་པ་རྟག་པར་དུས་ཐམས་ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བ་ལ་སོགས་པ་བགྱིའོ། །དེ་ནས་རྒྱུ་སྐར་དང༌། སྐད་ཅིག་དང་ཡུད་ཙམ་དང༌། ཐད་ཅིག་དང༌། དུས་དང༌། ཟླ་ཚིགས་དང་སྦྱོར་བ་དང༌། ཁྱིམ་དང༌། དུས་འབྱོར་པ་དང༌། འཇུག་ཕོད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་དེ་བཞིན་དུ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེའི་བཀའ་མི་གཅོག་སྟེ། དཔོན་བཞིན་དུ་བསྐྱང་བར་བགྱིའོ། །གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། རྒྱལ་པོ་དང༌། རྒྱལ་པོའི་ཕོ་བྲང་འཁོར་དང༌། རྒྱལ་པོའི་ཕོ་བྲང་གི་གནས་ཐམས་ཅད་དུ་སོ་སོར་བསྐྱང་བར་བགྱིའོ། །འཇིགས་པ་ཆེན་པོ་བྱུང་བའི་ཚེའང་མི་དེས་བདག་ཅག་མཆོད་ན་གདོན་མི་ཟ་བར་འཇིགས་པ་མི་འབྱུང་ངོ༌། །བཅོམ་ལྡན་འདས་བདག་ཅག་གིས་དམ་བཅས་པ་ལས་འགལ་བར་གྱུར་ན་བདག་ཅག་གི་སྙིང་བཅོམ་ལྡན་འདས་ཀྱིས་རྡོ་རྗེས་འགས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་དམ་པའི་ཆོས་ལ་རིམ་གྲོ་དང་སྲི་ཞུ་ཡང་དག་པར་བྱེད་པའི་ཚིག་སྟེ། དེ་ལ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་རྒྱས་བཏབ་
པའི་ཕྱིར་ཏེ་ངེས་པར་བྱེད་པར་འགྱུར་ཞིང་གཟའ་རྣམས་ཀྱིས་ནི་ཁྱིམ་གཟུགས་པ་དང༌། གཙུག་ལག་ཁང་བརྩིག་པ་དང༌། གནས་གཞན་དུ་སྤོ་བ་ལ་སོགས་པ་བྱེད་པ་ན་མི་དེས་གཟའ་རྣམས་ལ་མཆོད་པ་ལ་སོགས་པས་མཆོད་ན་དེའི་དུས་སུ་འཇིག་རྟེན་པ་གཞན་ལ་གཟའ་ངན་པ་རྣམས་ཀྱང་མི་དེ་ལ་བཟང་པོར་འགྱུར་ཞིང་ལས་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་བ་སྟེ། བྱ་བ་ལ་འཇུག་པའི་དུས་སུ་གཟའ་རྣམས་ཀྱི་སྙིང་པོ་བརྒྱད་ཁ་དོན་དུ་གདོན་པར་བྱའོ། །རྒྱུ་སྐར་དང༌། སྐད་ཅིག་དང་ཡུད་ཙམ་དང༌། ཐང་ཅིག་དང༌། དུས་ཚོད་དང་ཟླ་ཚིགས་དང༌། སྦྱོར་བ་དང༌། ཁྱིམ་དང༌། དུས་འབྱོར་དང༌། འཇུག་ཕོད་ལ་སོགས་པ་ཞེས་པ་ལ་རྒྱུ་སྐར་ནི་སྐར་མའོ། །སྐད་ཅིག་ནི་སེ་གོལ་གཏོགས་པའི་ཚད་ལ་ལྷ་རྒྱུ་བའོ། །ཡུད་ཙམ་ནི་དེ་བས་ཅུང་ཟད་དུས་རིང་བ་སྟེ། དེ་ལ་ལྷ་རྒྱུ་བའོ། །ཐང་ཅིག་ནི་ཆུ་ཚོད་ལ་སོགས་པ་སྟེ། དེ་ལ་འཇིག་རྟེན་པའི་ལྷ་རྒྱུ་བའོ། །དུས་ཚོད་ནི་ཐུན་ཚོད་དེ་དེ་ལ་ལྷ་རྒྱུ་བའོ། །ཟླ་ཚིགས་ནི་རང་སྐྱེས་པའི་ཟླ་བ་ཡར་ངོ་དང་མར་ངོ་ལ་སོགས་པ་ལ་ལྷ་རྒྱུ་བའོ། །སྦྱོར་བ་ནི་རྫས་དང་ལོ་དང་དུས་རྣམས་ཀྱི་སྦྱོར་བའོ། །ཁྱིམ་ནི་སྲང་དང་བུ་མོ་ལ་སོགས་པ་སྟེ་དེ་ལ་ལྷ་རྒྱུ་བའོ། །དུས་འབྱོར་པ་ནི་དེ་དག་གི་དུས་འབྱོར་པའོ། །འཇུག་ཕོད་ནི་གནས་དང་འབྲོག་དང་རི་ལ་སོགས་པ་ལ་རྒྱུ་བའི་གནས་སྐབས་ན་མཁའ་འགྲོ་མ་ལ་སོགས་པ་རྒྱུ་བ་སྟེ། དེ་དག་ཐམས་ཅད་ཀྱང་རང་གི་སྐྱེས་བའི་དུས་ལ་སོགས་པ་རྩིས་བཏབ་ནས། ངན་པ་དང་བཟང་བ་དང་རྒྱས་པ་དང༌། ནད་ལ་སོགས་པའི་འབྲས་བུ་འབྱིན་པའི་ལྷ་སྟེ། དེ་དག་ནི་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུ་ཡོད་པ་ཉིད་དོ། དེ་དག་གིས་ཀྱང་དུས་ཐམས་ཅད་དུ་སྲུང་བ་ལ་སོགས་པ་བྱེད་ཅིང་དེ་དག་ཉེས་པ་ལ་སོགས་པ་མེད་པར་འགྱུར་བ་ཉིད་ངོ༌། །བཅོམ་ལྡན་འདས་བདག་ཅག་གིས་དམ་བཅས་པ་ལས་འགལ་བར་གྱུར་པ་ན་བདག་ཅག་གི་སྙིང་བཅོམ་ལྡན་འདས་ཀྱིས་རྡོ་རྗེས་འགས་པར་གྱུར་ཅིག་ཅེས་པ་ནི་བཅོམ་ལྡན་འདས་གཟུ་བོར་གསོལ་ཏེ་མནའ་བསྐྱལ་བ་ཡིན་པས་ན་ངེས་པ་སྙིང་དུ་བྱེད་པར་བལྟ་བར་བྱའོ། །དེ་ནས་
ཀླུ་ཆེན་པོ་བརྒྱད་ཀྱིས་ཕུད་ཅེས་བྱ་བའི་སྒྲས་ནི་བཅོམ་ལྡན་འདས་ལ་མཉེས་པར་བྱས་ནས་ཕྱག་བཙལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་རང་རང་གི་གསང་བའི་སྙིང་པོ་འབུལ་བར་འཚལ་གྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཀླུ་ཆེན་པོ་རྣམས་ལེགས་ཀྱིས་གསང་བའི་སྙིང་པོ་ཕུལ་ཅིག་ངས་བྱིན་གྱིས་བརླབས་སོ་ཞེས་གསུང་བ་ནི་ཀླུ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རང་རང་གི་སྙིང་པོ་དབུལ་བར་གུས་པ་དང་བཅས་པས་ཞུས་པ་དང་ཁྱད་པར་དུ་བྱ་བ་དང་རྣམ་པར་དག་པར་བྱ་བའི་ཕྱིར་ཞུས་པའོ། །ངས་བྱིན་གྱིས་བརླབས་སོ་ཞེས་པ་ནི་གནང་བ་ལེགས་པར་གནང་བ་དང༌། རྣམ་པར་དག་པར་བྱིན་གྱིས་བརླབས་པའོ། །དེ་ནས་དེ་དག་མགུ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨོཾ་ཕུཿ་ཨོཾ་ཕཿ་ཨོཾ་ཕུཾ། ཨོཾ་ཕ། ཨོཾ་ཕི། ཨོཾ་ཕེ། ཨོཾ་ཕཻ། ཨོཾ་ཕཱུ་ཞེས་བ་ལ་སོགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མཐའ་ཡས་དང༌། འཇོག་པོ་དང༌། ཀརྐོ་ཊ་དང༌། རིགས་ལྡན་དང༌། ནོར་རྒྱས་དང༌། དུང་སྐྱོང་དང༌། པདྨ་དང༌། ཆུ་ལྷ་ལ་སོགས་པའི་སྙིང་པོ་སྟེ། སྐྱེད་པའི་ས་བོན་ཡང་དེ་དག་ཉིད་དུ་བལྟ་བར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། །པདྨ་ཆེན་པོ་འདབ་བརྒྱད་པ། །ཁ་དོག་དཀར་པོ་བྲི་བར་བྱ། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་རབ་གནས་ཏེ། །སྦྲུལ་མགོ་མཐའ་ཡས་གདེངས་པ་ཡི། །ལྟོས་འགྲོ་ཆེན་པོ་སྡིག་པ་བྲི། །དེ་བཞིན་ཤར་ཕྱོགས་ལ་སོགས་སུ། །མཐའ་ཡས་དང་ནི་འཇོག་པོ་དང༌། །ཀརྐོ་ཊ་དང་རིགས་ལྡན་དང༌། །ནོར་རྒྱས་བུ་དང་དུང་སྐྱོང་དང༌། །པདྨ་དང་ནི་ཆུ་ལྷ་རྣམས། །དཔའ་བོ་བརྗིད་དང་ལྡན་པ་ལ། །སྤྲུལ་མགོ་གདེངས་དང་བཅས་པ་བྲི། །སྤྲུལ་ནག་མདུན་དུ་ཆུང་མ་ཡིས། །མགུལ་ནས་འཁྱུད་དང་བཅས་པ་བྲི།། ཞེས་གསུངས་པ་ནི་དེ་དག་གི་དཀྱིལ་འཁོར་ཡང་དག་པར་གསུངས་པ་སྟེ། དེ་ལ་རྒྱ་མཚོ་འམ་ཆུ་མིག་གམ་རྫིང་བུ་འམ་མཚེའུ་ལ་སོགས་པ་རང་ཡིད་དུ་འོང་བའི་གནས་རྣམས་སུ་ས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་སྟེགས་བུ་ཁྲུ་བཅུ་གཉིས་པ་བརྩིགས་ཏེ་
ཐིག་ལེགས་པར་བཏབ་ལ་དབུས་སུ་པདྨ་ཁ་དོག་དཀར་པོ་འདབ་མ་བརྒྱད་པ་སྙིང་པོ་དང་ཟེ་འབྲུར་ལྡན་པ་བྲི་བར་བྱའོ། །དེའི་མཐའ་མར་སྦྲུལ་གྱིས་བསྐོར་བར་བྲིས་ལ། དེའི་ཕྱི་རོལ་དུ་མཚོ་བྲིས་ལ་དེའི་ནང་དུ་ཉ་དང་པདྨ་དང་ཨུཏྤལ་དང༌། སྤལ་པ་དང༌། རུས་སྦལ་དང༌། ལྕོང་མོ་དང༌། མི་དང་གླང་དང་བྱ་ལ་སོགས་པ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་རིའི་ ཚུལ་དུ་བྲིས་ལ་ཤིང་སྣ་ཚོགས་དང ༌། འབྲས་བུ་སྣ་ཚོགས་དང༌། ལོ་ཏོག་དང༌། སྤྲེའུ་ལ་སོགས་པ་བྲི་བར་བྱས་ལ། དེའི་ཕྱི་རོལ་གྲུ་བཞི་བར་བཅད་པ་དང་རི་བོ་ཆེན་པོ་བཞི་བྲི་བར་བྱ་སྟེ། དེ་ལ་ཡང༌། ཤིང་དང༌། རི་དགས་དང༌། བྱ་ལ་སོགས་པ་མང་པོ་གནས་པ་བྲི་བར་བྱའོ། །དེའི་པདྨའི་སྙིང་པོ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་དང་ཕྱག་མཚན་སྔ་མ་ལྟ་བུ་ལ་སྦྲུལ་གྱི་གདན་ལ་བཞུགས་ཤིང་སྤྲུལ་མགོ་བདུན་གྱིས་དབུ་ལ་བརྒྱན་པ་འཇིགས་པའི་གཟུགས་དང་ལྡན་པ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་འདབ་མ་ལ་ནི་མཐའ་ཡས་ཁ་དོག་དཀར་པོ་ལ་སྦྲུལ་གྱི་གདན་ལ་འདུག་པ་སྦྲུལ་མགོ་ལྡས་བརྒྱན་པ་ལག་པ་གཡས་པས་པདྨ་ཡུ་བ་དང་བཅས་པ་འཛིན་པ། གཡོན་པས་སྦྲུལ་འཛིན་པ་བྲི་བར་བྱའོ། །ཆུང་མས་ཀྱང་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །དེའི་ལྷོ་ཕྱོགས་ཀྱི་འདབ་མ་ལ་འཇོག་པོ་ཁ་དོག་སྔོན་པོ་ལ་ལག་པ་གཡས་པ་ཨུཏྤལ་སྔོན་པོ་འཛིན་པ། ལག་པ་གཡོན་པ་རུས་སྦལ་ཐོགས་པ་སྦྲུལ་མགོ་ལྔས་མགོ་ལ་བརྒྱན་པ་རང་གི་ཆུང་མས་མགུལ་ནས་འཁྱུད་པ་དང་བཅས་པ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་ནི་ཀརྐོ་ཊ་ཀ་ཁ་དོག་དམར་པོ་ལ་མགོ་ལ་སྦྲུལ་མགོ་ལྔས་བརྒྱན་པ། ལག་པ་གཡས་པས་ཀུ་མུ་ཏ་འཛིན་ཅིང་གཡོན་པས་རྡོ་རྗེ་འཛིན་པ། རང་གི་ཆུང་མས་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་འདབ་མ་ལ་ནི་རིགས་ལྡན་ཁ་དོག་སེར་པོ་མགོ་ལ་སྦྲུལ་མགོ་ལྔས་བརྒྱན་པ་ལག་པ་གཡས་པ་ནི་པདྨ་དཀར་པོ་འཛིན་པ། གཡོན་བུམ་པ་འཛིན་ཅིང༌། རང་གི་ཆུང་མས་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །ཤར་ལྷོ་མཚམས་སུ་ནི་ནོར་རྒྱས་ཀྱི་བུ་ཁ་དོག་
སྔོ་སྐྱ་ལ་མགོ་ལ་སྦྲུལ་མགོ་ལྔས་བརྒྱན་ཞིང་སྦྲུལ་གྱི་གདན་ལ་འདུག་པ་ལག་བ་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པ། གཡོན་པས་ཨུཏྤལ་འཛིན་པ། རང་གི་ཆུང་མས་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །ལྷོ་ནུབ་མཚམས་སུ་ནི་དུང་སྐྱོང་ཁ་དོག་དཀར་པོ་དབུལ་སྤྲུལ་མགོ་ལྔས་བརྒྱན་ཅིང་ལག་པ་གཡས་པས་སྦྲུལ་འཛིན་པ། གཡོན་པས་དུང་འཛིན་པ་སྦྲུལ་གྱི་གདན་ལ་འདུག་པ། རང་གི་ཆུང་མས་མགུལ་ནས་འཁྱུད་པ་དང་བཅས་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་པདྨ་ཁ་དོག་དམར་སྐྱ་ལ་མགོ་ལ་སྦྲུལ་མགོ་ལྔས་བརྒྱན་པ་སྦྲུལ་གྱི་གདན་ལ་འདུག་པ་ལག་པ་གཡས་པས་པདྨ་འཛིན་ཞིང༌། གཡོན་པས་ཤིང་ཏོག་འཛིན་པ། རང་གི་ཆུང་མས་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །བྱང་ཤར་མཚམས་སུ་ནི་ཆུ་ལྷ་ཁ་དོག་དཀར་པོ་ལ་སྦྲུལ་གྱི་གདན་ལ་འདུག་ཅིང་སྦྲུལ་མགོ་ལྔས་བརྒྱན་ཅིང་ལག་པ་གཡས་པས་སྦྲུལ་གྱི་ཞགས་པ་འཛིན་པ། གཡོན་པས་ཨུཏྤལ་འཛིན་པ་རང་གི་ཆུང་མས་མགུལ་ནས་འཁྱུད་པ་བྲི་བར་བྱའོ། །པདྨའི་ལྟེ་བ་ལ་ནི་བཅོམ་ལྡན་འདས་ཀྱི་མཐའ་ལོགས་སུ་སྒེག་མོ་ལ་སོགས་པ་སྦྲུལ་མགོས་བརྒྱན་ཅིང་རང་རང་གི་ཕྱག་རྒྱས་མཚོན་པ་བྲི་བར་བྱ་བ་ཉིད་དོ། །ཀླུ་དེ་དག་ཐམས་ཅད་ཀྱང་མིག་འབུར་བ་སྐྲ་དམར་བ་དབུ་རྒྱན་ལ་སོགས་པའི་རྒྱན་ཆ་ལྔས་ཀུན་ནས་བརྒྱན་པར་བྲི་བར་བྱ་བ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་གོང་དུ་གསུངས་པའི་འཇིག་རྟེན་པའི་དཀྱིལ་འཁོར་དང༌། འོག་ནས་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ལ་གཞལ་ཡས་ཁང་དང་བཅས་པ་ལ་འདིར་ཀླུའི་རྒྱལ་པོ་རྣམས་ལ་གཞལ་ཡས་ཁང་མེད་པ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིན་པོ་ཆེའི་གཞལ་ཡས་ཁང་ནི་ལྷ་དང་མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡོད་པ་ཉིད་ཀྱི་ཀླུ་ལ་སོགས་པ་ལ་མེད་པ་ནི་གཞུང་ཐམས་ཅད་ནས་གསུངས་སོ། །དེ་བས་ན་གོང་དུ་གསུངས་བ་དང་འོག་ནས་གསུངས་པ་ཐམས་ཅད་ནི་ལྷའི་འཇིག་རྟེན་པ་ཡིན་ལ། ཀླུ་ནི་དུད་འགྲོའི་རིས་སུ་གཏོགས་པའི་ཕྱིར་གཞལ་ཡས་ཁང་མེད་པ་ཉིད་དོ། །བཅོམ་ལྡན་འདས་
ཕྱག་ན་རྡོ་རྗེ་སྦྲུལ་མགོས་བརྒྱན་པའང༌། སྒེག་མོ་ལ་སོགས་པ་སྦྲུལ་མགོ་ལྔས་བརྒྱན་པའང་བདེ་བར་གཤེགས་པ་རྣམས་སྤྲུལ་པའི་སྐུས་སེམས་ཅན་འདུལ་བ་ནི་གང་དང་གང་གིས་དེ་དང་དེ་དག་གི་གཟུགས་ཀྱིས་ཡང་དག་པར་འདུལ་བ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཤར་ཕྱོགས་ལ་སོགས་པའི་ཡུལ་དུ་སྤྱོད་པ་ལ་བགྲོད་པ་ན་ཡུལ་དེ་དང་དེ་དག་གི་ཆ་ལུགས་ཀྱིས་གཤེགས་པ་བཞིན་ནོ། །བུམ་པ་བརྒྱད་དང་གཏོར་མ་དང༌། །བཤོས་མཛེས་པ་དང་འབྱུང་པོ་ཡི། །མར་དང་འོ་མ་སྦྲང་རྩིར་བཅས། །བྱས་པ་རྣམས་ནི་གཞག་པར་བྱ། །དེ་ནས་རྡོ་རྗེ་བདག་ཉིད་ཞུགས། །སྦྲུལ་མགོས་སྦྲུལ་མགོ་ཅན་རྣམས་དགུག །ཕུད་ཅེས་བྱ་བའི་ལྷན་ཅིག་ཏུ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དེ། །དེ་ནས་སུ་ནི་རྒྱལ་པོ་དང༌། །རྒྱལ་རིགས་ཐམས་ཅད་རབ་བཅུག་ནས། །དུག་གི་ཉེས་པ་བསལ་བའི་ཕྱིར། །ཕུད་ཅེས་བྱ་བས་དབང་བསྐུར་རོ། །དེ་ནས་མིང་ཙམ་བརྗོད་པས་ཀྱང༌། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །ཅེས་གསུངས་པ་ནི་ཀླུ་རྣམས་ཀུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་གསུངས་པ་སྟེ། དེ་ལ་དང་པོར་ཀླུ་རྣམས་ཀྱི་བུམ་པ་ཁ་དོག་དཀར་པོ་ཅིག་ལ་རས་དཀར་པོས་བརྒྱན་པ་པདྨ་ལ་སོགས་པའི་ཁ་རྒྱན་གྱིས་བརྒྱན་ཅིང་ག་བུར་དང་གུར་གུམ་དང་ཙནྡན་དང་འོ་མ་དང་འབྲས་དང་ཤུ་དག་ལ་སོགས་པས་བཀང་བའི་བུམ་པ་གཅིག་དང༌། ཁམས་གསུམ་རྣམ་པར་རྒྱལ་བའི་བུམ་པ་གཅིག་ལ་བསྙེན་པ་འབུམ་ལ་སོགས་པ་བྱས་ལ། བསྙེན་པ་ཡོངས་སུ་རྫོགས་པ་དང་དཀྱིལ་འཁོར་གྱི་མཐའ་མར་བུམ་པ་ཁ་དོག་དཀར་པོ་བརྒྱད་ལ་པདྨའི་སྟེང་དུ་མཐའ་ཡས་ལ་སོགས་པ་རང་རང་གི་མཚན་མ་ལེགས་པར་བྲིས་ལ་རས་དང་ཁ་རྒྱན་ལ་སོགས་པས་ལེགས་པར་བརྒྱན་ཅིང་དྲི་ལ་སོགས་པས་བཀང་བ་གཞག་པར་བྱའོ། །གཞན་ཡང་བདེ་བར་གཤེགས་པ་རིགས་པའི་ཚོགས་དང་བཅས་པ་རྣམས་ལ་ནི་ཞལ་ཟས་དང་བདུག་པ་དང་མེ་ཏོག་དང་མེ་ཏོག་ཕྲེང་བ་དང་སྣང་བ་དང་དྲི་དང་རིན་པོ་ཆེ་ལ་སོགས་པ་དབུལ་བའི་ཕྱིར་གཞག་པར་
བྱའོ། །དེ་བཞིན་དུ་ཀླུའི་རྒྱལ་པོ་རྣམས་ལའང་མཆོད་པའི་ཡོ་བྱད་སྔས་ཉེ་བར་གནས་པར་བྱ་བ་དང༌། དེ་དག་གི་འཁོར་རྣམས་ལ་ནི་གཏོར་མ་བརྒྱད་མར་དང་འོ་མ་དང་སྦྲང་རྩི་དང་བུ་རམ་དང༌། ཁ་ར་དང༌། ཤུ་དག་དང༌། ཤིང་ཐོག་ལ་སོགས་པས་བཀང་བ་གཞག་པར་བྱའོ། །དེ་བཞིན་དུ་དེ་དག་ཐམས་ཅད་ལ་མེ་ཏོག་གི་ཕྲེང་བ་དང་སྤོས་ཀྱི་རེང་བུ་དང་དྲི་ལ་སོགས་པས་ཡོངས་སུ་ཁྱབ་པར་བྱ་བ་སྟེ། ཤ་དང་ཆང་ལ་སོགས་པའི་རྫས་ནི་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་ས་ཕྱོགས་སུ་འང་བསྙེན་པར་མི་བྱ་བ་ཉིད་དོ།། དེ་ནས་རྡོ་རྗེ་བདག་ཉིད་བཞུགས། །ཞེས་པ་ལ་སོགས་པ་ནི་དབང་བསྐུར་བར་བྱ་སྟེ། དེ་ལ་དང་པོར་བདག་ཉིད་ཁྲུས་ལ་སོགས་པ་བྱས་ལ་གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་མེ་ཏོག་གི་ཕྲེང་བ་བཀལ་ཏེ། རང་གི་ས་བོན་ལས་འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་རིགས་པའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་དགུག་པ་ལ་སོགས་པ་བྱས་ཏེ། གཉིས་སུ་མེད་པར་བྱས་ལ་ཞབས་བསིལ་ལ་སོགས་པས་ཉེ་བར་གནས་པར་བྱའོ། །དེ་བཞིན་དུ་ཀླུའི་རྒྱལ་པོ་རྣམས་ཀྱང་སྤྱན་དྲངས་ལ་སྦྲུལ་མགོའི་ཕྱག་རྒྱ་དང་ཨོཾ་ཕུད་ཅེས་པའི་སྔགས་ཀྱིས་གཉིས་སུ་མེད་པར་བྱ་བ་སྟེ། དེ་ནི་ས་འོག་གི་ཏིང་ངེ་འཛིན་གྱིས་བྱ་བའོ། །དེ་ནས་མཆོད་པའི་ཚོགས་དང་གཏོར་མ་དང་སྨན་ལ་སོགས་པས་ལེགས་པར་མཆོད་ནས་བཅོམ་ལྡན་འདས་ལ་བདག་ཉིད་ཀྱིས་དབང་མནོས་ཤིང་གནང་བ་ཐོབ་པ་དང་སློབ་མ་རྣམས་དབང་བསྐུར་བར་བྱ་བ་ནི་མེ་ཏོག་ལ་སོགས་པ་ཐོགས་སུ་བཅུག་ལ་རས་དམར་པོས་མིག་བཀབ་ལ། ཨོཾ་བཛྲ་སརྦ་ནཱ་ག་ས་མ་ཡེ་ཧཱུཾ་ཞེས་པས་གཞུག་པར་བྱའོ། །དེ་ནས་ཨོཾ་ནཱ་ག་པྲ་ཏཱི་ཙྪ་ཕུཿ་ཞེས་པས་མེ་ཏོག་དོར་བར་བྱའོ། །དེ་ནས་གང་ལ་བབ་བའི་མེ་ཏོག་མགོ་ལ་བཅིངས་ལ་བཅོམ་ལྡན་འདས་དང་ཀླུའི་རྒྱལ་པོ་རྣམས་རིམ་པ་བཞིན་དུ་བསྟན་པར་བྱའོ། །དེ་ནས་དབང་བསྐུར་བར་བྱ་བ་ནི། སྦྲུལ་མགོའི་ཕྱག་རྒྱ་བཅིངས་ལ་སོ་སོའི་རྣལ་འབྱོར་དང་ལྡན་པས་
བུམ་པ་བརྒྱད་ཀྱི་ཆུ་ཡིས་ཨོཾ་ཨ་ནན་ཏ་ཀ་ལ་ཤ་ཨ་བྷིཥིཉྩ་ཕུཿ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་ཡང་སྦྲུལ་མགོའི་ཕྱག་རྒྱ་བཅིངས་ལ་སྙིང་གའི་ཐིག་ལེ་བརྒྱད་ལ་ཡིག་འབྲུ་རྣམ་བ་བརྒྱད་བསམ་ཞིང་ཨོཾ་ཨ་ནན་ཏ་བི་ཤ་ཧ་ན་ཡ་ཕུཿ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་ནས་རྨ་བྱའི་སྒྲོའི་ཅོད་པན་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་སྔགས་ལ་རྡོ་རྗེར་བྱིན་གྱིས་བརླབས་ཏེ། གོང་དུ་གསུངས་བའི་ཕྱག་རྒྱ་དང་སྔགས་ཀྱིས་དབང་བསྐུར་བར་བྱ་སྟེ། དེ་ནི་དམ་ཚིག་ལ་གནས་པ་དང་ཀླུ་རྣམས་བརྟན་པར་བྱ་བའི་ཕྱིར་ངེས་པར་བྱ་བ་ཉིད་དོ། །དེ་ནས་འདིར་བཀྲ་ཤིས་ཀྱི་རྫས་རྣམས་ནི་རུང་གི །འཁོར་ལོ་ལ་སོགས་པའི་དབང་རྣམས་ནི་མ་གཏོགས་ཏེ། བྱ་བ་ཁྱབ་ཆུབ་པའི་ཕྱིར་རོ། །དེ་ནས་མིང་ཙམ་བརྗོད་པས་ཀྱང༌། །ཀླུ་རྣམས་དེ་དག་ཐམས་ཅད་འགྲུབ། །ཅེས་པ་ནི་ཀླུ་རྣམས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་གང་ཟག་དེ་ཀླུ་རྣམས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཟུགས་སུ་མཐོང་བའི་ཕྱིར་མི་ངེས་རང་གི་བྱ་བ་རྣམས་ལ་ཀླུ་རྣམས་མིང་ཙམ་བཏོན་ཏེ། བསྒོ་བས་ཀྱང་བྱ་བ་མ་ལུས་པར་བྱེད་ཅིང་དོན་དང་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ངེས་པ་ཉིད་དོ། །དེ་ནས་དེ་དག་ཀུན་མགུ་ནས། །བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །སྤྱན་སྔར་ཐལ་སྦྱར་འཁོད་ནས་ནི། །དམ་ཚིག་རབ་ཏུ་འཆང་བར་འགྱུར། །བཅོམ་ལྡན་འདས་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས་དང༌། གལ་ཏེ་དཀྱིལ་འཁོར་འདིར་ཞུགས་ཤིང་དབང་བསྐུར་བ་ཐོབ་པ་རྣམས་ལ་བསླུས་པར་གྱུར་ན་དེའི་ཚེ་བཅོམ་ལྡན་འདས་ལ་བསླུས་པར་གྱུར་ཅིག །ཡང་དེའི་ཚེ་བདག་ཅག་གི་གནས་བྱེ་མས་བསྲེགས་པར་གྱུར་ཅིག །རྡོ་རྗེ་ཀུན་དུ་འབར་བས་བདག་ཅག་གི་མགོ་འགས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་ལ་བདག་ཅག་གིས་བསྲུང་བ་དང་བསྐྱབ་པ་དང༌། སྦ་བར་བགྱིའོ། །བྱིན་ཆེན་པོ་དང་སྟོབས་དང་བརྩོན་འགྲུས་
བསྐྱེད་པར་བགྱི་ཞིང་དེའི་དུག་ཐམས་ཅད་དུག་མ་མཆིས་པར་བགྱི། དུས་དུས་སུ་ཆར་དབབ་པར་བགྱི། ཕ་རོལ་གྱི་ཡུལ་ཐམས་ཅད་ལ་དུག་དང༌། སེར་བ་དང༌། དུས་མ་ལགས་པར་ཆར་དབབ་པར་བགྱི། འཇིགས་པ་ཐམས་ཅད་རྣམ་པར་འཇོམས་པར་བགྱིའོ། །རྒྱལ་པོ་དེའི་བཀའ་དང༌། རྡོ་རྗེ་འཛིན་པའི་བཀའ་བདག་ཅག་གིས་མཚུངས་པ་ཉིད་དུ་བསྒྲུབ་པར་བགྱིའོ་ཞེས་པ་ལ་སོགས་པ་ནི་ཀླུའི་རྒྱལ་པོ་རྣམས་ཀྱིས་དམ་པའི་ཆོས་དང་གང་ཟག་དེ་དག་ལ་རིམ་གྲོ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དཔང་པོར་རང་གསོལ་ནས་དམ་ཚིག་གི་མནའ་ཤིང་ཏུ་གདུག་པས་མནའ་བསྐྱལ་བ་སྟེ། དེ་དག་གོ་སླ་བའི་ཕྱིར་མ་བཤད་ཅིང་ངེས་པ་ཉིད་དུ་བལྟ་བར་བྱའོ། །དེ་ནས་བསྒྲུབ་པ་བཤད་དེ། ལྷ་རྫས་འོད་ཟེར་དཀར་པོ་ཡིས། །དབུ་ལ་སྦྲུལ་མགོ་བཞིན་བསྐོར་བའི། །རྡོ་རྗེ་འཛིན་གཙོར་བསམས་ནས་ཀྱང༌། །ཕུད་ཅེས་བྱ་བ་འབུམ་བཟླས་ལ། །དེ་ནས་དུག་ལའང་ཕུད་ཅེས་པའི། །དཀྱིལ་འཁོར་རབ་ཏུ་བསམས་ནས་ཀྱང༌། །ལྷ་རྫས་འོད་ཟེར་ཕྲེང་བས་དགང༌། །དེ་ལའང་ཕུད་ཅེས་བྱ་བ་བསམ། །ལག་པ་སྦྲུལ་གྱི་ཞགས་འདྲ་དང༌། །ཕུད་ཅེས་བྱ་བའི་རླུང་གིས་གཏོར། །པགས་པ་ཤ་དང་རུས་གནས་པའི། །དུག་རྣམས་ཐམས་ཅད་མ་ལུས་པར། །ཕུད་ཅེས་བྱ་བ་ལག་པས་དྲངས། །དེ་ནས་ལས་རྣམས་ཀུན་བྱེད་ཅིང༌། །དུག་རིགས་དུག་སྦྱར་ལ་སོགས་པ། །ཁུ་ཚུར་གྱིས་ཀྱང་ཀུན་འབྱིན་ན། །སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས། །ཞེས་གསུངས་པ་ནི་འདིར་བསྒྲུབ་པ་རྣམ་པ་གཉིས་སུ་གསུངས་ལ། དུག་ཞི་བར་བྱ་བ་ལ་གཉིས་སུ་གོ་བར་བྱའོ། །དེ་ལ་གཅིག་ནི་རྫས་ཀྱི་དུག་གི་ཆོ་གའོ། །གཅིག་ནི་བྱིན་གྱིས་བརླབས་པའི་དུག་ཞི་བར་བྱེད་པ་སྟེ། དེ་གང་ལ་ཡང་བསྒྲུབ་པ་འདི་ཡིས་ཡང་དག་པར་གནས་པར་བྱ་བ་ནི། ལྷ་རྫས་འོད་ཟེར་དཀར་པོ་ཡིས། །དབུ་ལ་སྦྲུལ་མགོ་བཞིན་བསྐོར་བའི། །རྡོ་རྗེ་འཛིན་གཙོར་བསམས་ནས་ཀྱང༌། །ཕུད་ཅེས་བྱ་བ་འབུམ་བཟླས་པ། །ཞེས་བྱ་བ་གསུངས་ཏེ། དེ་ནས་དང་པོར་
རང་གི་སྙིང་གི་དཀྱིལ་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཧཱུཾ་ཡིག་སྔོན་པོ་བལྟས་ཏེ། དེ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་གཅིག་བསམ་མོ། །ཡང་དེའི་དབུས་སུ་ཧཱུཾ་བསམས་ལ་དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་གསུས་པ་ཆེ་བ་དབུ་སྐྲ་ཁམས་པའི་རལ་པས་སྟོད་ཁེབས་པ་སྤྱན་དམར་ལ་དོད་པ་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་པ་རྡོ་རྗེ་བསྣམས་པ། གཡོན་པ་དཀུར་བརྟེན་པ་དབུ་ལ་སྦྲུལ་མགོ་དང་འདྲ་བའི་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པས་བརྒྱན་པ་ཅིག་ཏུ་བསམས་ཏེ། རྫས་ཀྱི་དུག་ཞི་བར་བྱ་བའི་ཕྱིར་ཨོཾ་ན་མོ་བཛྲ་པཱ་ཎ་ཡེ་ནིར་ཙི་ཤ་ཕུད། བི་ཤ་ནན་ཡ་ཕུང༌། བི་ཤི་ཧི་རི་ཕུད་ཅེས་པའི་སྔགས་ཀྱིས་དང་པོ་བསྙེན་པ་འབུམ་དུ་བཟླས་པར་བྱ་བ་ཉིད་དོ། །དེ་ལ་རྫས་ཇི་ལྟ་བུ་ལ་བསྒྲུབ་པར་བྱ་སྙམ་པ་ལ། དེ་ནས་དུག་ལའང་ཕུད་ཅེས་པའི། །དཀྱིལ་འཁོར་རབ་ཏུ་བསམས་ནས་ཀྱང༌། །ལྷ་རྫས་འདོ་ཟེར་ཕྲེང་བས་བཀང༌། །དེ་ལའང་ཕུད་ཅེས་བྱ་བ་བསམ། །ཞེས་གསུངས་ཏེ། རྫས་ཀྱི་དུག་གི་སྔོན་པོ་གཅིག་ལ་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་རིམ་པ་ཇི་ལྟ་བ་བཞིན་དུ་བཀོད་དེ། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོའི་ཚོགས་སྤྲོས་ལ་དེའི་རྩེ་མོ་རེ་རེ་ལ་ཡི་གེ་ཕུད་དཀར་པོ་རེ་རེ་བསམ་པས་དུག་གི་སྡོང་པོ་ལ་ཁེབས་པར་དགབ་པར་བྱའོ། །དེ་ནས་ཕྱག་རྒྱ་ཇི་ལྟ་བུ་བྱ་སྙམ་པ་ལ། ལག་པ་སྦྲུལ་མགོ་ཞགས་འདྲ་དང༌། །ཕུད་ཅེས་བྱ་བའི་རླུང་གིས་གཏོར། །ཞེས་གསུངས་ཏེ། དེ་ལ་ལག་པ་གཡོན་པའི་སོར་མོ་ལྔ་སྦྲུལ་མགོའི་ཚུལ་དུ་བྱས་ལ། གཡས་པའི་མཐེ་བོང་ དང་མཛུབ་མོ་གཉིས་ཞགས་པའི་ཚུལ ་དུ་བྱ་ཞིང་ཆང་བར་རྨ་བྱའི་སྒོ་བཅུག་པས་རྫས་ཀྱི་དུག་དེ་ལ་གནས་པའི་དུག་བྱ་བས་ཤིང་ཁ་ནས་ཕུད་ཀྱི་འོད་ཟེར་རླུང་ལྟ་བུ་སྤྲོས་པས་གཏོར་བར་བྱ་བ་ཉིད་དེ། དེ་ཡན་ཆད་ཀྱིས་ནི་དུག་ཞི་བར་བྱ་བའི་ཐབས་གསུངས་སོ། །རང་ངམ་མི་གང་དག་དུག་ལ་སོགས་པས་ཟིན་པ་ན་བསྒྲུབ་པ་བྱས་པའི་དུག་དེའམ། ཡང་ན་སྔ་མའི་
རྣལ་འབྱོར་ལ་སོགས་པས་ངེས་བར་འཇོམས་པར་འགྱུར་བ་ཉིད་དོ། །པགས་པ་ཤ་དང་དྲུས་གནས་པའི། །དུག་རྣམས་ཐམས་ཅད་མ་ལུས་པར། །ཕུད་ཅེས་བྱ་བའི་ལག་པས་དྲང༌། །ཞེས་པ་ནི་བྱིན་གྱིས་བརླབས་པའི་དུག་གི་ཆོ་ག་གསུངས་པ་སྟེ། དེ་ལ་མི་གང་དག་ཀླུ་ཡིས་ཟིན་པ་རྐང་པ་དང་རུས་པ་ལ་སོགས་པ་ཁོལ་བ་ཤ་མདོག་མི་སྡུག་པ་རྣམས་ནི་དང་པོར་གོང་དུ་གསུངས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་ཀླུ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་དུ་བཅུག་ལ་དབང་བསྐུར་ཏེ། དེ་ནས་གནས་དབེན་པར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྔ་མ་ལྟ་བུའི་གཟུགས་སུ་བདག་ཉིད་བསམས་ལ་གོང་དུ་བུམ་པ་ལ་ཨོཾ་ན་མོ་བཛྲ་པཱ་ཎ་ཡེ་སརྦ་བི་ཥ་ཧ་ན་ཧ་ན་ཕུད་ཅེས་པའི་སྙིང་པོ་བརྒྱ་ཕྲག་སྟོང་ངམ་འབུམ་ཕྲག་གཉིས་ལ་སོགས་པ་བཟླས་ཏེ། དེ་ནས་དཀྱིལ་འཁོར་སྔ་མ་བཞིན་དུ་བྲིས་ལ་མཆོད་པ་ལ་སོགས་པ་བྱས་ནས་དེའི་ཐལ་མོ་སྦྱར་བའི་རྩེ་མོ་ནས་རྨ་བྱའི་སྒྲོ་ལ་ཐག་པ་བཏགས་ཏེ། བདག་གི་ལག་པས་བཟུང་ཞིང་སྙིང་པོ་སྟོང་དུ་བཟླས་པར་བྱའོ། །དེ་ནས་གྲངས་སུ་ཐིམ་པ་དང་དེའི་སྙིང་གར་པདྨ་འདབ་མ་བརྒྱད་པ་བསམས་ཏེ། བཅོམ་ལྡན་འདས་དང་ཀླུའི་རྒྱལ་པོ་འཁོར་དང་བཅས་པར་བཞུགས་སུ་གསོལ་ལ་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུཾ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱི་རང་རང་གི་ལུས་ལས་འོད་ཟེར་སྤྲོས་པས་མི་དེའི་ལུས་ལ་ཀུན་དུ་ཁྱབ་པས་དེའི་ལུས་ལ་གནས་པའི་ནད་དང་དུག་ལ་སོགས་པ་ཐམས་ཅད་པ་སྲེགས་ཤིང་ཚིག་པར་བསམ་མོ། །དེ་ནས་ཡང་བདག་གིས་སྦྲུལ་མགོའི་ཕྱག་རྒྱས་དེ་རྣམས་ཀྱི་རྩེ་མོ་ལ་ཡི་གེ་ཕུད་ཁ་དོག་དཀར་པོ་ལྕགས་ཀྱུ་འདྲ་བ་བསམས་ལ་གོང་དུ་གསུངས་པའི་སྔགས་དང༌། ཀླུའི་རྒྱལ་པོ་རྣམས་ཀྱི་སྙིང་པོས་རིམ་པ་ཇི་ལྟ་བ་བཞིན་དུ་དེའི་པགས་པ་དང་ཤ་དང་རུས་པའི་ནང་ན་གནས་པའི་དུག་ཐམས་ཅད་བྱབ་ཅིང་དྲང་བར་བྱའོ། །དེ་ནས་རྨ་བྱའི་སྒྲོའི་འོད་ལ་ཕུད་ཅེས་པས་བསྐོར་ལ་དེའི་ལུས་ལ་བྱ་བ་ཅིང་སྦྲུལ་ལ་དབབ་པར་བྱའོ། དེའི་རྗེས་ལ་བུམ་པའི་ཆུས་ཁྲུས་ལེགས་པར་བྱས་ཏེ། གོས་སྔ་མ་རྣམས་བོར་ལ་གོས་དཀར་
པོ་གསར་བ་གོན་ནས་ཞག་དྲུག་གི་བར་དུ་ཚྭ་ལ་ཕུད་ཀྱི་སྔགས་བཏབ་ལ་བཏུང་བར་བྱ་སྟེ། དེ་དག་གི་རིམ་པས་ནི་བྱིན་གྱིས་བརླབས་པའི་དུག་ཀྱང་ངེས་པར་འཇོམས་པར་འགྱུར་ཏེ་ཐེ་ཚོམ་མི་ཟ་བ་ཉིད་དོ། །དེ་ནས་ལས་རྣམས་ཀུན་བྱེད་ཅིང༌། །དུག་རིགས་དུག་སྦྱར་ལ་སོགས་པ། །ཁུ་ཚུར་གྱིས་ཀྱང་ཀུན་འབྱིན་ན། །སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས། །ཞེས་པ་རྫས་ཀྱི་དུག་དང་རྣལ་འབྱོར་པའི་ནུས་པའི་སྟོབས་གཉིས་ཀྱི་ཡོན་ཏན་གསུངས་པ་སྟེ། དེ་ལ་རྫས་ཀྱི་དུག་སྔར་བསྒྲུབས་བ་དེས་ཕྱིས་དུག་གིས་ཟིན་པ་དང༌། དུག་སྦྱར་མས་ཟིན་པ་དང༌། མཆེ་བའི་དུག་དང༌། ལྕེའི་དུག་དང༌། འཇུག་བའི་དུག་དང༌། རྭའི་དུག་དང་མཆུའི་དུག་དང༌། ཤ་དུག་དང༌། མདའི་དུག་ལ་སོགས་པས་ཟིན་པ་ཐམས་ཅད་སྔར་བསྒྲུབས་པའི་དུག་དེ་ཟས་ལ་སོགས་པ་ལ་བཏང་ན། དུག་གི་ནད་ཐམས་ཅད་དང་འབྲལ་བར་འགྱུར་བ་ཉིད་དོ། །དེ་བཞིན་དུ་རྣལ་འབྱོར་པ་དེའི་སྟོབས་ཀྱིས་ཀྱང་གོང་དུ་སྨོས་པའི་རྣལ་འབྱོར་དང་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དུག་གི་རིགས་ཐམས་ཅད་ཁུ་ཚུར་གྱིས་བསྣུན་པ་ཙམ་གྱིས་ཀྱང་ཞི་བར་ནུས་ན་སྦྲུལ་མགོའི་ཕྱག་རྒྱ་བཅས་ནས་དྲངས་པ་ལ་སོགས་པ་བྱས་ན་སྨོས་ཀྱང་ཅི་དགོས་ཏེ། ངེས་པར་དུག་ལ་སོགས་པའི་རིགས་ཐམས་ཅད་ཞི་བར་འགྱུར་བ་ཉིད་དོ། །དེ་ནི་ཁྱད་པར་དུ་དབྱུང་བའི་ཆོ་གའོ། །དེ་ལྟར་གོང་དུ་གསུངས་པའི་ཆོ་ག་དག་གིས་ནི་དུག་གི་རིགས་ཐམས་ཅད་དང༌། ཀླུའི་ཉེས་པ་ཐམས་ཅད་ནི་སེལ་བར་ངེས་ཏེ་ཐེ་ཚོམ་མི་ཟ་བས་བསྒྲུབ་པར་བྱ་བ་ཉིད་དོ། །དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་པར་བྱེད་པ་ཆེན་པོ་བུད་མེད་ཆེན་པོ་བརྒྱད་ཀྱིས་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སྐྲག་པ་དང༌། བུད་མེད་རྣམས་ཀྱིས་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་སྐྲག་རྣམ་པར་སྐྲག་སྟེ། ཁ་བུབ་ཏུ་འགྱེལ་ཏེ་གོས་དང་བྲལ་ནས་སེམས་ཀྱང་སྟོར་ཏེ། ཀུན་དུ་འཁྱམས་པ་དེ་དག་ལ་ཕན་གདགས་པའི་སླང་དུ་བདག་ཅག་གི་སྙིང་པོ་འབུལ་བར་
འཚལ་གྱིས་བཅོམ་ལྡན་འདས་ཀྱིས་དེ་དག་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འཇིགས་པར་བྱེད་པ་ཆེན་པོ་ལེགས་སོ་ལེགས་སོ། །ངས་བྱིན་གྱིས་བརླབས་ཀྱིས་འཇིགས་པར་བྱེད་བ་རང་ཉིད་ལྷའི་བུད་མེད་དང་བཅས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཤོད་ཅིག་ཅེས་གསུངས་པ་ནི་འདི་ལྟར་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱི་བདག་པོ་ཚངས་པའི་ཕོ་བོ་ཞེས་གྲགས་ཏེ་ཤིན་ཏུ་འཇིགས་ཤིང་སྐྲག་པའི་གཟུགས་ཅན་རེངས་པར་བྱེད་པ་རྨོངས་པར་བྱེད་པ་ཡིན་ཏེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དད་པའི་ཕྱིར་སེམས་བཟང་པོ་དང་བཅས་པས་རང་རང་གི་སྙིང་པོ་ཕུལ་བ་སྟེ། སྙིང་པོ་དེ་དག་རྣམ་པར་དག་པའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སྙིང་པོ་འབུལ་བར་གུས་པ་དང་བཅས་པས་ཞུ་བ་དང་རྣམ་པར་དག་པར་བྱིན་གྱིས་བརླབ་པར་ཞུ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་གནང་བ་ཡང་དག་པར་བྱིན་ཞིང་སྙན་པ་དང་བཅས་པའི་ཚིག་གིས་བྱིན་གྱིས་བརླབ་པ་ཉིད་དོ། །དེ་ནས་འཇིགས་བྱེད་ཆེན་པོས་འཇིགས་པར་བྱེད་པའི་སྒྲ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །ཨོཾ་བྷཻ་ར་བྷཻ་ར་སྭཱ་ཧཱ། ཨོཾ་བྷ་བྷི་སྭཱ་ཧཱ། ཨོཾ་བྷཱཿསྭཱ་ཧཱ། ཨོཾ་བྷཱིཿསྭཱ་ཧཱཿཨོཾ་བྷཱུཿསྭཱ་ཧཱ། ཨོཾ་བྷྲཾ་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་བྷཾ་སྭཱ་ཧཱ། ཨོཾ་བྷཿ་སྭཱ་ཧཱ། ཞེས་པ་ལ་སོགས་པའི་སྔགས་ནི་ལྷ་ཆེན་པོ་འཇིགས་བྱེད་ཀྱིས་རང་རང་གི་སྲོག་གི་སྙིང་པོ་རྣམས་བཅོམ་ལྡན་འདས་ལ་ཕུལ་ཏེ། དེ་དག་ནི་བསྐྱེད་པའི་ས་བོན་ཡང་ཡིན་ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་འཇིགས་བྱེད་ཆེན་པོ་དང་འཇིགས་བྱེད་སྲིན་མོ་དང༌། འཇིགས་བྱེད་ཡན་ལག་བརྒྱད་པ་དང༌། འཇིགས་བྱེད་གཏུམ་མོ་དང༌། འཇིགས་བྱེད་སྨྱོ་བྱེད་པ་དང༌། འཇིགས་བྱེད་འཁོར་ལོས་སྒྱུར་དང༌། འཇིགས་བྱེད་ལག་བརྐྱང་དང༌། འཇིགས་བྱེད་ཁྲོ་བོ་དང༌། འཇིགས་བྱེད་ཐོད་པ་ཅན་དང༌། འཇིགས་བྱེད་སྲོག་འཇོམས་ལ་སོགས་པའི་སྙིང་པོ་ཉིད་དོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། འཁོར་ལོ་ཆེན་པོ་རྩིབས་བརྒྱད་པ། །བྲིས་
ནས་དབུས་སུ་རྡོ་རྗེ་འཛིན། །ཁྲོ་རྒྱལ་འཇིག་རྟེན་གསུམ་ལས་ནི། །རྣམ་རྒྱལ་ཞེས་བྱ་གཞག་པར་བྱ། །དེ་ཡི་ཞབས་དྲུང་འཇིགས་བྱེད་པའི། །བདག་པོ་ཆེན་པོ་ཁྲོས་པ་ནི། །འཇིགས་བྱེད་མ་དང་བཅས་པ་བྲི། །རྩིབས་ཀྱི་ནང་ནི་ཐམས་ཅད།། གཞན་ཡང་འཇིགས་བྱེད་བརྒྱད་པོ་དག །བུད་མེད་རྣམས་དང་ལྡན་པ་ལ། །ཁྲོས་པའི་བཞིན་དང་ཡིད་འཁྲོས་པར། །ཅི་བདེ་བར་ནི་བྲི་བར་བྱ། །འདིར་ནི་སྒོ་སྒོར་དེ་བཞིན་དུ། །སྒོ་བ་ཤིན་ཏུ་ཁྲོས་ལྡན་བྲི། །ཞེས་གསུངས་པ་ནི་དེ་དག་གི་དཀྱིལ་འཁོར་ཡོངས་སུ་གསུངས་པ་སྟེ། དེ་ལ་དུར་ཁྲོད་དམ། མ་མོའི་གནས་སམ། ཤན་པའི་བཤའ་ས་ལ་སོགས་པར། སྟེགས་བུ་ཁྲུ་བཅུ་གཉིས་པ་བརྩིགས་ལ་མིའི་ཁྲག་གིས་ཐིག་བཏབ་སྟེ། མིའི་རུས་པ་དང༌། སོལ་བ་དང༌། འབྲུ་ལ་ཁྲག་གིས་བསྒོས་པ་དང༌། ད་དུ་རའི་ས་བོན་ནམ་ལོ་མ་ལ་སོགས་པས་འཁོར་ལོ་ཁ་དོག་ནག་པོ་རྩིབས་བརྒྱད་བ་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་མུ་ཁྱུད་ནི་མཚོན་རྩེ་གསུམ་པའི་ཕྲེང་བ་དང་ཐོད་པའི་ཕྲེང་བས་བསྐོར་བར་བྱའོ། །དེའི་གྲྭ་བཞིར་ནི་ཐོད་པ་ཁྲག་གིས་བཀང་བ་བཞི་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་སྒོ་དང་རྟ་བབས་དང་དྲིལ་བུ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་ཕྱི་རོལ་གྱི་ཕྲེང་གསུམ་ནི་ཀེང་རུས་དང་མིའི་མགོ་བོ་དང་རྩེ་གསུམ་གྱིས་རིམ་པ་བཞིན་དུ་བསྐོར་བའི་ནང་དུ་འཁོར་ལོའི་ལྟེ་བ་ལ་ནི་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཁ་མས་གསུམ་རྣམ་པར་རྒྱལ་བ་གོང་དུ་གསུངས་པའི་གཟུགས་དང་ཁ་དོག་དང་ཆ་བྱད་འཛིན་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བྲག་གི་སྟེང་ན་པདྨའི་གདན་ལ་བཞུགས་པ་བྲི་བར་བྱའོ། །དེའི་ཞབས་དྲུང་དུ་བཅོམ་ལྡན་འདས་ལ་ཁ་བལྟས་པའི་འཇིགས་བྱེད་ཆེན་པོ་ཁ་དོག་ནག་པོ་མགོ་ལྔ་པ་རྐང་པ་བཞི་པ་ལག་པ་བཅུ་པ་ལག་པ་གཡས་པ་ལྔས་རྩེ་གསུམ་པ་དང་རལ་གྲི་དང་འཁོར་ལོ་དང་བུམ་པ་དང་ཐོད་པ་ཁྲག་གིས་བཀང་པ་ཐོགས་པའོ། །གཡོན་པ་ལྔས་ཞགས་པ་དང་ལྕགས་ཀྱུ་དང༌། དགྲ་སྟ་དང་མི་མགོ་དང་
སྡིགས་མཛུབ་བྱེད་པ་འཇིགས་བྱེད་དུས་མཚན་མས་མགུལ་ནས་འཁྱུད་པ་སྐྲ་ཁམ་པ་གྱེན་དུ་འཕགས་པ་མིག་མེ་མདག་གི་ཕུང་པོ་འདྲ་བ་གསུས་པ་ཆེ་བ་སྦྲུལ་རྣམས་ཀྱིས་ལུས་ལ་བརྒྱན་པ་སྟག་གི་བགས་པས་རྣམ་པར་དཀྲིས་པ་རྐང་པ་བཞིས་རླུང་ལྷ་ལ་སོགས་པ་འབྱུང་པོ་མནན་པ་བྲི་བར་བྱའོ། །དེའི་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་ནི་འཇིགས་བྱེད་ཡན་ལག་བརྒྱད་པ་ཁ་དོག་ནག་པོ་ལག་པ་གཉིས་པ་གཡས་པས་རལ་གྲི་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་པ་ཐོགས་པ། ཤིན་ཏུ་འཇིགས་པའི་གཟུགས་ཅན་རང་གི་ཆུང་མ་དང་བཅས་པ་སྟག་གི་སྟེང་ན་གནས་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་འཇིགས་བྱེད་གཏུམ་མོ་ཁ་དོག་ནག་པོ་ལག་པ་གཉིས་པ་གཡས་པས་གྲི་གུག་འཛིན་པ། གཡོན་པ་མིའི་མགོ་བོ་འཛིན་པ་འཇིགས་པའི་གཟུགས་ཅན་སྟག་གི་པགས་པས་རྣམ་པར་དཀྲིས་པ་སྐྲ་ཁམ་པ་གྱེན་དུ་འཕགས་པ་རང་རང་གི་ཆུང་མ་དང་བཅས་པ་སེང་གེའི་སྟེང་ན་གནས་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་འཇིགས་བྱེད་སྨྱོ་བྱེད་ནག་པོ་ལག་པ་གཉིས་པ་ལ་གཡས་པས་རྩེ་གསུམ་པ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་འཕགས་པ་འཇིགས་པའི་གཟུགས་ཅན་རང་གི་ཆུང་མ་དང་བཅས་པ་རི་དགས་ཀྱི་སྟེང་ན་གནས་པ་བྲི་བར་བྱའོ། །བྱང་ཆུབ་ཕྱོགས་སུ་ནི་འཇིགས་བྱེད་འཁོར་ལོས་སྒྱུར་བ་ཁ་དོག་ནག་པོ་སྐྲ་ཁམ་པ་གྱེན་དུ་འཕགས་པ་མིག་དམར་ལ་ཟླུམ་པ་ལག་པ་གཡས་པས་ལྕགས་ཀྱུ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་སྟག་གི་པགས་པས་རྣམ་པར་དཀྲིས་པ། བཞིན་འབར་བ་རང་གི་ཆུང་མ་དང་བཅས་པས་ཕག་རྒོད་ཀྱི་སྟེང་ན་འདུག་པ་བྲི་བར་བྱའོ། །ཤར་ལྷོ་མཚམས་སུ་ནི་འཇིགས་བྱེད་ལག་པ་བརྐྱང་བ་ཁ་དོག་ནག་པོ་སྐྲ་ཁམ་པ་གྱེན་དུ་འཕགས་པ་སྟག་གི་པགས་པས་རྣམ་པར་དཀྲིས་པ། འཇིགས་པའི་གཟུགས་ཅན་ལག་པ་གཡས་པས་དགྲ་སྟ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་རང་གི་ཆུང་མ་དང་བཅས་པས་ཁྱུ་མཆོག་གི་སྟེང་ན་འདུག་པ་བྲི་བར་
བྱའོ། །ལྷོ་ནུབ་མཚམས་སུ་འཇིགས་བྱེད་ཁྲོ་བོ་ཁ་དོག་ནག་པོ་ཤིན་ཏུ་འཇིགས་པར་བྱེད་པའི་གཟུགས་ཅན་སྒྲ་ཁམ་པ་གྱེན་དུ་འཕགས་པ་སྟག་གི་པགས་པས་རྣམ་པར་དཀྲིས་པ། བཞིན་འབར་བ། གསུས་པ་ཆེ་བ་ལག་པ་གཡས་པས་ལྕགས་ཀྱི་ཐོ་བ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་པ་ཐོགས་པ། རང་གི་ཆུང་མ་དང་བཅས་པས་སྲིན་མོའི་སྟེང་ན་གནས་པ་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་འཇིགས་བྱེད་ཐོད་པ་ཅན་ཁ་དོག་དང་ཆ་བྱད་སྔ་མ་དང་འདྲ་བ་ལ། ལག་པ་གཡས་པས་གྲི་གུག་ཞགས་པ་དང་བཅས་པ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ། རང་གི་ཆུང་མ་དང་བཅས་པས་མ་ཧེའི་སྟེང་ན་གནས་པ་བྲི་བར་བྱའོ། །བྱང་ཤར་མཚམས་སུ་ནི་འཇིགས་བྱེད་སྲོག་གཅོད་ཁ་དོག་དང་ཆ་བྱད་སྔ་མ་ལྟ་བུ་ལ། ལག་པ་གཡས་པས་རྩེ་གསུམ་པ་འཛིན་པ་གཡོན་པས་མིའི་རྒྱུ་མ་འདྲེན་པ་རང་གི་ཆུང་མ་དང་བཅས་པས་རྔ་མོའི་སྟེང་ན་གནས་པ་བྲི་བར་བྱའོ། །ལྷ་དེ་དག་ཐམས་ཅད་ཀྱང་ཐོད་པ་ལྔ་ཡིས་མགོ་ལ་བརྒྱན་པ། མི་མགོའི་ཕྲེང་བས་ལུས་ལ་བརྒྱན་པ་རུས་པའི་རྒྱན་གྱིས་ཀུན་དུ་བརྒྱན་པ་བྲི་བར་བྱའོ། །སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་ཤིན་ཏུ་ཁྲོས་པའི་བཞིན་དང་ལྡན་པ་བྲི་བར་བྱ་བ་ཉིད་དོ། །དེ་ནས་ལྕགས་ཀྱུ་ལ་སོགས་པས། །བཀུག་སྟེ་མགོ་ཡི་ཐོད་པ་ནི། །ཁྲག་གིས་བཀང་སྟེ་མཆོད་ནས་ཀྱང༌། །ཤ་ཆང་གཏོར་མ་བཟང་པོ་དང༌། །སྣོད་རྣམས་ཁྲག་གིས་བཀང་བ་དང༌། །མགོ་ཐོད་མགོ་ཡི་དུམ་བུ་དང༌། །ཁྲག་གམ་ཆང་ངམ་བུམ་པ་བརྒྱད། །དཀྱིལ་འཁོར་དེར་ནི་གཞག་པར་བྱ། །དེ་ནས་ཁམས་གསུམ་རྣམ་རྒྱལ་བའི། །གཟུགས་ཀྱིས་སློབ་མ་གཞུག་པར་བྱ། །བུམ་པའམ་མགོ་ཡི་ཐོད་པ་ནི། །དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་གསུངས་པ་ནི་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བར་གསུངས་པ་སྟེ། དེ་ལ་དཀྱིལ་འཁོར་མཐའ་མར་བུམ་པ་ཁ་དོག་ནག་པོ་དགུ་དང་དང་པོར་བསྙེན་པ་བྱས་པའི་རྣམ་པར་
རྒྱལ་བའི་སྔགས་ཀྱིས་བཟླས་པའི་བུམ་པ་དང་བཅུ་གཞག་པར་བྱའོ། །དེ་ལ་འཇིགས་བྱེད་རྣམས་ཀྱིས་བུམ་པ་ནི་ཁྲག་དང་ཆང་དང་ཤ་ལ་སོགས་པས་བཀང་བར་བྱའོ། །དེའི་སྟེང་དུ་མིའི་ཐོད་པ་ཁྲག་གིས་བཀང་བ་བརྒྱད་གཞག་པར་བྱའོ། །མགུལ་ཆིངས་ནི་མིའི་པགས་པས་དཀྲི་ཞིང་ཁ་རྒྱན་ནི་མིའི་སྐྲ་ལ་སོགས་པས་བྱ་བ་ཉིད་དོ། །རྣམ་པར་རྒྱལ་བའི་བུམ་པ་ནི་རས་དམར་པོས་དཀྲི་ཞིང་ནང་དུག་གི་ཆུས་དགང་བར་བྱ་སྟེ། ཁ་རྒྱན་ནི་ཤིང་ཚེར་མ་ཅན་ལ་སོགས་པས་བྱའོ། །དེ་ནས་མཆོད་པའི་ཚོགས་ནི་མིའམ་གླང་པོ་ཆེ་ལ་སོགས་པའི་ཤ་དང་ཁྲག་དང་རུས་པ་དང་ཚིལ་གྱི་ཞུ་ན་མར་དང་འབྲས་ཆན་དང་ཆང་དང་མགོའི་དུམ་བུ་དང༌། པགས་པ་ལ་སོགས་པས་ཡང་དག་པར་གནས་པར་བྱ་བ་དང༌། བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བ་མཆོད་པའི་ཕྱིར་ཐུན་མོང་གི་མཆོད་པའི་ཡོ་བྱད་ལྔས་ཉེ་བར་གནས་པར་བྱས་ལ་རང་གི་ས་བོན་ལས་འོད་ཟེར་སྤྲོས་པས་བཅོམ་ལྡན་འདས་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱའོ། །དེ་བཞིན་དུ་འཇིགས་བྱེད་འཁོར་དང་བཅས་པའང་བཀུག་ལ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་གཉིས་སུ་མེད་པར་བྱས་ལ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་མཆོད་པར་བྱའོ། །དེ་ནས་མགོ་བོའི་ཐོད་པའི་ཕྱག་རྒྱས་རང་ཉིད་ཞུགས་ལ་བཅོམ་ལྡན་འདས་ལ་རིམ་གྲོ་ཇི་ལྟ་བ་བཞིན་དུ་དབང་མནོས་ཏེ། གནང་བ་ལེགས་པར་ཐོབ་པ་དང་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་བ་ནི་རང་ཉིད་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་བསམས་ཏེ་རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་སློབ་མ་དེས་ཤ་ཆེན་ལ་སོགས་པ་ཐོགས་པས་གཞུག་པར་བྱ་སྟེ། ཨོཾ་བཛྲ་བྷེ་ར་བ་ས་མ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱིས་གཞུག་པར་བྱའོ། །དེ་ནས་ཨོཾ་བཛྲ་མ་ཧཱ་བྷཻ་ར་བ་པྲ་ཏཱི་ཙྪ་ཧོ་ཞེས་པས་དོར་བར་བྱའོ། །དེ་ནས་གདོང་གཡོགས་བསལ་ཏེ་བཅོམ་ལྡན་འདས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་ཏེ། དང་པོར་འཇིགས་བྱེད་ཆེན་པོའི་སྔགས། ཨོཾ་བཛྲ་མ་
ཧཱ་བྷཻ་ར་བ་ཀ་པཱ་ལ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་གཙོ་བོའི་བུམ་པས་དབང་བསྐུར་བར་བྱའོ། །དེ་བཞིན་དུ་ཨོཾ་ཨ་ཏཾ་གེ་བྷཻ་ར་བ་ཀ་པཱ་ལ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་འཇིགས་བྱེད་བརྒྱད་པོའི་བུམ་པས་དབང་བསྐུར་བར་བྱའོ། །དེ་ནས་དེ་དག་གི་དམ་ཚིག་གི་རྫས་ཤ་ཆེན་དང་ཚིལ་ཆེན་དང་ཁྲག་ལ་སོགས་པ་ལ་འཇིགས་བྱེད་ཆེན་པོའི་སྔགས་སྟོང་ངམ་བརྒྱ་བཟླས་པས་བཏབ་ལ་ཟར་གཞུག་པར་བྱའོ། །དེ་ནས་མཚོན་རྩེ་གསུམ་པོ་ལ་སྲིད་པ་གསུམ་པོ་འབིགས་པར་བྱེད་པར་བསམས་ནས་སྔགས་དང་བཅས་པས་ལག་པ་གཡས་པས་གཏང་བར་བྱའོ། །དེ་ནས་ཐོད་པ་ཁྲག་གིས་བཀང་བ་གཅིག་ལག་པ་གཡོན་པར་གཏད་དེ་སྲིད་པ་གསུམ་པའི་སྲོག་གི་ཁྲག་ཐམས་ཅད་འཐུང་བར་བསམས་ལ་སྔགས་དང་བཅས་པས་དབང་བསྐུར་བར་བྱའོ།། དེ་ནས་དེ་ཉིད་འཇིགས་བྱེད་ཆེན་པོ་དང་གཉིས་སུ་མེད་པར་དབང་བསྐུར་ཏེ། དེའི་རྗེས་ལ་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་སྔགས་ཀྱིས་དབང་བསྐུར་བར་བྱ་སྟེ། དེ་ནི་དམ་ཚིག་བརྟན་པར་བྱ་བའི་ཕྱིར་བྱ་བ་ཉིད་དོ། །དེ་ནས་ལས་རྣམས་སྦྱིན་བྱ་སྟེ། །མ་མོའི་ཁྱིམ་མམ་ཤིང་གཅིག་གམ། །དུར་ཁྲོད་ཀྱི་ནི་གནས་དག་ཏུ། །འཇིགས་རྟེན་གསུམ་ནི་འདུལ་བའི་མཆོག །ཚུལ་བཞིན་དུ་ནི་མཆོད་ནས་ཀྱང༌། །འབུམ་ཕྲག་བཞིར་ནི་བཟླས་པར་བྱ། །ཞེས་གསུངས་པ་ནི་དེའི་བསྒྲུབ་པ་གསུངས་པ་སྟེ། དེ་ལ་མ་མོའི་ཁྱིམ་ཞེས་པ་ནི་ཁང་སྟོང་ལ་སོགས་པའོ། །ཤིང་གཅིག་པ་ནི་སྐྱེ་ཤིང་ཟླ་མེད་པར་གཅིག་པུ་གནས་པ་དང༌། དུར་ཁྲོད་ལ་སོགས་པ་གནས་མི་བཟད་པ་རྣམས་སུ་གོང་དུ་སྨོས་པའི་ ཚུལ་གྱིས་འཇིགས་བྱེད་འཁོར་དང ་བཅས་པ་བསམས་ནས་མི་རུས་ཀྱི་ཕྲེང་བ་ལ་རྩ་བའི་སྔགས་འབུམ་ཕྲག་བཞིས་གཏོར་མ་དང་མཆོད་པའི་ཚོགས་ཀྱིས་ཇི་ལྟ་བ་བཞིན་དུ་མཆོད་ཅིང་བཟླས་པར་བྱ་སྟེ་དེ་ནི་བསྙེན་པ་ཞེས་བྱའོ། །དེ་ནས་དངོས་གྲུབ་ཏུ་གྱུར་བ་དང་ཐབས་ཇི་ལྟ་བུས་བྱ་སྙམས་པ་ལ། དེ་ནས་འཇིགས་པར་བྱེད་པ་ཡི། །བདག་ཉིད་ཆེན་པོའི་སྒྲ་
ཐོས་ནས། །མི་འཇིགས་པར་ནི་མགོ་ཐོད་པ། །ཁྲག་གིས་བཀང་སྟེ་ཨརྒྷ་དབུལ། །དེ་ནས་ཁྲོ་བོ་འཇིགས་བྱེད་པ། །མ་རུངས་ཡིད་ཅན་བུད་མེད་ཀྱི། །ཚོགས་ཀྱིས་བསྐོར་ཞིང་འཇིགས་བྱེད་པ། །བརྒྱད་ཀྱིས་བསྐོར་བ་མཐོང་བར་འགྱུར། །དེ་མཐོང་འཇིགས་པ་མེད་བྱས་ལ། །ཧཱུཾ་ཞེས་བྱ་བ་དྲན་བྱེད་ཅིང༌། །ཤའམ་ཡང་ན་ཆང་མཆོག་གིས། །ཐོད་པ་བཀང་སྟེ་སྦྱིན་པར་བྱ། །དེ་ནས་འཇིགས་བྱེད་མ་ལུས་འཇོམས། །མགུ་ནས་རབ་ཏུ་གྲུབ་གྱུར་ནས། །ཅི་འདོད་ཅེས་ནི་སྨྲས་ནས་ཀྱང༌། །མགུ་བའི་ཡིད་ཀྱིས་དེ་སྟེར་ཏེ། །ས་རྣམས་སྦྱིན་པ་མ་གཏོགས་པ། །བདེ་ཆེན་ཧཱུཾ་གི་གསོལ་བ་གདབ། །ཅེས་པ་གསུངས་ཏེ། དེ་ལ་སྔགས་ཀྱི་བཟླས་པ་གྲངས་སུ་ཐིམ་པ་དང་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་དངོས་གྲུབ་ཏུ་འགྱུར་ཏེ། དེ་ལ་དང་པོ་རྟགས་ནི་ཤིན་ཏུ་འཇིགས་པའི་སྒྲ་དྲག་པོ་སྟོང་གསུམ་ཐམས་ཅད་གཡོས་པའི་སྒྲ་སྒྲོག་པར་བྱེད་དེ། དེ་ལ་བདག་གིས་འཇིགས་པ་དང་བག་ཚ་བའི་སེམས་མི་བསྐྱེད་པར་དགའ་བ་དང་བཅས་པའི་སེམས་ཀྱིས་དེ་དག་དྲུང་དུ་འོངས་པར་བསམས་ལ་ཐོད་པའི་ཕྱག་རྒྱས་ཁྲག་གིས་བཀང་བའི་ཐོད་པས་ཞབས་བསིལ་དབུལ་བར་བྱའོ། །དེ་ནས་དེའི་སྐད་ཅིག་གིས་མཐར་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་ཤིན་ཏུ་འཇིགས་ཤིང་སྐྲག་པར་བྱེད་པ་བདག་ལ་སྲོག་གཅོད་པ་དང་འདྲ་བའི་ཚུལ་དུ་མཐོང་སྟེ། དེ་ནི་དེའི་རང་བཞིན་གྱིས་གནས་པ་ཡིན་པར་བསམས་ལ་བདག་ཉིད་དེའི་སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་བསྒོམས་ཏེ། ཧཱུཾ་ཞེས་བྱ་བ་བརྗོད་ནས་ཤ་དང་ཆང་དང་ཁྲག་ལ་སོགས་པས་ཐོད་པ་བཀང་ལ་དབུལ་བར་བྱ་བ་ཉིད་དོ། །དེ་ནས་དེ་རབ་ཏུ་མགུ་བར་གྱུར་པ་ལས་ཁྱོད་དངོས་གྲུབ་ཅི་འདོད་ཅེས་སྨྲ་བར་འགྱུར་ཏེ་གང་འདོད་པ་སྟེར་ཞིང་འགྲུབ་པར་ངེས་ལ་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་བྱ་བ་ལ་སོགས་པ་ནི་རྣམ་པར་དག་པའི་ལྷ་མ་ཡིན་པའི་ཕྱིར་མི་ནུས་ལ་འཇིག་རྟེན་འདིའི་དངོས་གྲུབ་སྣ་ཚོགས་པ་སྟེར་བ་ཡིན་པས་དེ་ལ་བདག་ཉིད་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་
བའི་གཟུགས་སུ་བསྒོམས་པས་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་གང་འདོད་པ་གསོལ་བ་གདབ་པར་བྱ་བ་ཉིད་དོ། །དེ་ལ་དངོས་གྲུབ་ཇི་ལྟ་བུ་ཞིག་སྟེར་བར་འགྱུར་སྙམ་པ་ལ། ཁུ་བ་བྲོ་བའི་བཏུང་བ་དང༌། །ལྷ་རྫས་རལ་གྲི་འཁོར་ལོ་དང༌། །རྩེ་གསུམ་པ་དང་མཐོ་རིས་དང༌། །མེ་དང་ས་འོག་རྒྱལ་པོ་དང༌། །གླིང་དང་གླང་བཞི་བརྒྱ་བྱིན་དང༌། །གནོད་སྦྱིན་དབང་ཕྱུག་སྲིན་པོ་ཉིད། །རིག་འཛིན་ཉིད་དང་རིག་འཛིན་གྱི། །འཁོར་ལོས་སྒྱུར་དང་འཇིག་རྟེན་ནི། །གསུམ་གྱི་བདག་ཉིད་བཀའ་ཉན་དང༌། །རང་གི་འཁོར་དང་བུད་མེད་ཀྱི། །དངོས་གྲུབ་གང་ཡང་རུང་བ་ནི། །ཅི་དགའ་བར་ཡང་སྦྱིན་པར་བྱེད། །བྱིན་ནས་རྒོད་ཅིང་འགྲོ་བྱེད་དེ། །སྐྲག་ན་དེ་མ་ཐག་ཏུ་གསོད། །ཅེས་གསུངས་ཏེ། དེ་ལ་ཁུ་བ་བྲོ་བའི་བཏུང་བ་ཞེས་པ་ནི་ལྷའི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་ལུས་འོད་དང་ལྡན་པ་ལུས་འོད་དང་ལྡན་པར་བྱེད་པ་ཉིད་དོ། །རྫས་དང་རལ་གྲི་འཁོར་ལོ་ཞེས་པ་ནི་རྫས་ནི་རི་ལུ་ལ་སོགས་པའོ། །རལ་གྲི་དང་འཁོར་ལོས་ནི་ཕ་རོལ་གྱི་དཔུང་འཇོམས་པར་བྱེད་པའི་དངོས་གྲུབ་འགྲུབ་པར་འགྱུར་བ་དང༌། ཨ་ར་ཤའི་དངོས་གྲུབ་ལ་སོགས་པ་འགྲུབ་པར་འགྱུར་བ་ཉིད་དོ། །རྩེ་གསུམ་པ་ནི་གཞན་གྱི་དཔུང་འཇོམས་པའོ། །མཐོ་རིས་ནི་ནམ་མཁའ་ལ་གསོད་བ་རྒྱལ་པོ་ཟླ་འོད་ལྟ་བུར་འགྱུར་བའོ། །མི་ནི་ས་སྟེང་ལ་སྤྱོད་པ་ཐམས་ཅད་བདག་གི་བྲན་བཞིན་དུ་འགྱུར་རོ། །ས་འོག་ནི་ཀླུའི་དངོས་གྲུབ་འགྲུབ་པར་འགྱུར་བ་སྟེ། དཔེར་ན་འཕགས་པ་ཀླུ་སྒྲུབ་ལྟར་འགྱུར་བའོ། །རྒྱལ་པོ་ནི་གླིང་གཅིག་ལ་དབང་བ་དང་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའོ། །བརྒྱ་བྱིན་གྱི་དངོས་གྲུབ་ནི་ལྷ་རྣམས་དབང་དུ་བྱེད་པའོ། །གནོད་སྦྱིན་གྱི་དངོས་གྲུབ་ནི་འཚོ་བདེ་བར་བྱེད་པའོ། །དབང་ཕྱུག་གི་དངོས་གྲུབ་ནི་ཕུན་སུམ་ཚོགས་པར་བྱེད་པའོ། །སྲིན་པོའི་དངོས་གྲུབ་ནི་དགྲའི་ཚོགས་ཐམས་ཅད་འཇོམས་པར་བྱེད་པའོ། །རིག་འཛིན་གྱི་དངོས་གྲུབ་ནི་དྲང་སྲོང་གི་ཚོགས་ཀུན་གྱིས་བསྙེན་བཀུར་བྱེད་པའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་གསེར་ལ་སོགས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའོ། །འཇིག་རྟེན་
གསུམ་གྱི་བདག་པོ་ནི་ས་འོག་དང་ས་སྟེང་པ་དང་ས་བླ་རྣམས་ཀྱི་བདག་པོར་འགྱུར་བ་དང༌། དེ་དག་ལ་སོགས་པ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདག་གི་ཚིག་མནོས་པས་ཀྱང་ལས་ཐམས་ཅད་བྲན་བཞིན་དུ་བྱེད་པར་འགྱུར་བ་དང༌། འཇིགས་བྱེད་བརྒྱད་པོ་ལ་སོགས་པས་རྒྱལ་པོ་བཞིན་དུ་ཁུར་བ་ལ་སོགས་པ་འཇིག་རྟེན་དུ་དངོས་གྲུབ་སྣ་ཚོགས་པ་མཐོང་བར་འགྱུར་བ་ཉིད་དོ། །སྐྲག་པ་དེ་མ་ཐག་ཏུ་གསོད་ཅེས་པ་ནི་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་མཐོང་ནས་འཇིགས་པའམ་སྐྲག་པའི་སེམས་སྐྱེས་པ་ལ་དུས་མ་ཡིན་བར་འཆི་བར་འགྱུར་བ་སྟེ། དེ་ཡང་འཇིགས་བྱེད་ཆེན་པོ་ལ་སོགས་པས་ནི་གསོད་པར་མི་འགྱུར་ལ་བདག་ཉིད་དེ་དག་གི་དམ་ཚིག་ཉམས་པས་ཕྱིར་འཆི་བར་འགྱུར་བ་ཉིད་དོ། །དེ་ནས་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དཀྱིལ་འཁོར་འདིར་ཞུགས་པའི་རྒྱལ་པོ་ཆེན་པོ་དེ་ལ་བདག་ཅག་གི་འཁོར་དང་བཅས་པ་རྣམས་ཀྱིས་བསྲུང་བ་དང་སྐྱབས་པ་དང་སྦ་བར་བགྱིའོ། །དེའི་སྒྲའི་ཚོགས་ཐམས་ཅད་གཞོམ་མ་བར་བགྱིད་དེ་དེ་ལ་གནོད་པར་སེམས་པ་དང་དགྲ་བྱ་བར་སེམས་པ་དང་མི་མཛའ་བ་དང་འགྲན་འཛུགས་པའི་ལྷ་དང་མི་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱི་སྲོག་བཞོམ་པར་བགྱིའོ། །རྒྱལ་པོ་ཆེན་པོ་དེའི་དྲུང་དུ་བདག་ཅག་གི་འཁོར་རྣམས་ཀྱིས་དུས་ཐམས་ཅད་དུ་བཀའ་མནོད་པར་བགྱིའོ། །ལས་དང་བྱ་བ་དང་དངོས་གྲུབ་ཐམས་ཅད་ཀྱང་བདེ་བླག་ཏུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་མདོར་ན་བདག་ཅག་གིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྤྱན་སྔར་དམ་བཅས་པ་བཞིན་དུ་མ་བགྱིས་ན་བཅོམ་ལྡན་འདས་ཀྱི་རྡོ་རྗེ་འབར་བས་བདག་ཅག་གི་ཚོགས་ཐལ་བ་བཞིན་དུ་བརླག་པར་གྱུར་ཅིག་ཅེས་པ་ལ་སོགས་པ་ནི་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཆོས་དང་གང་ཟག་ལ་རིམ་གྲོས་ཀུན་དུ་བསྙེན་བཀུར་བྱ་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་
དམ་བཅས་ནས་མནའ་བོར་བ་སྟེ། མནའ་ནི་ཤིན་ཏུ་དམ་པར་གྱུར་པ་ཉིད་དངོས་གྲུབ་ལ་སོགས་པའང་ཉེ་ཞིང་ངེས་པར་འགྲུབ་པར་འགྱུར་བ་ཉིད་དོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་གནང་ཞིང་བཀའ་སྩལ་ན་རང་གི་ཞི་བ་མོ་བཤད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཐུགས་རྩེ་བར་དགོངས་ཏེ། བྱིན་གྱིས་བརླབ་ཏུ་གསོལ་ཞེས་བ་ནི་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་གུས་པ་དང་བཅས་པས་སྙིང་པོ་འབུལ་བར་ཞུས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་གནང་ཞིང་བཀའ་སྩལ་ནས་ཞེས་པ་ནི་དེ་དག་གི་དཀྱིལ་འཁོར་གྱིས་ཡོངས་སུ་གནང་ཞིང་དཀྱིལ་འཁོར་གྱི་ཆོ་ག་བཀའ་སྩལ་ནས་འཆད་པར་འདོད་པ་ཡིན་ཞིང་རང་ཅག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་འཁོར་ལ་སོགས་པ་བཤད་པའི་སྤོབས་པ་མེད་པ་ཉིད་དོ། །དེ་ཉིད་ཤིན་ཏུ་གུས་པའི་ཚིག་ཡིན་ཞིང་ཐུགས་བརྩེ་བར་དགོངས་ཏེ། བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ནི་སྙིང་པོ་རྣམ་པར་མ་དག་པ་དག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའོ། །ཐུགས་བརྩེ་བ་ནི་འདི་ལྟར་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་རྟག་པར་ང་རྒྱལ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ན་དོགས་པ་དང་བཅས། གནོད་པ་དང༌། བཅས་པས་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་པས་ན་བདག་ཅག་ལ་ཐུགས་བརྩེ་བར་དགོངས་སུ་གསོལ་ཞེས་གུས་པར་ཞུ་བའི་ཚིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་ཆེན་པོ་རྣམས་ལེགས་སོ་ལེགས་སོ། །ངས་གནང་ཞིང་བྱིན་གྱིས་བརླབ་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར་རང་རང་གི་སྲོག་གི་སྙིང་པོ་རྣམས་ལེགས་པར་ཕུལ་ཅིག་ཅེས་གསུངས་པ་ནི། ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ལ་སྙན་པ་དང༌།
བཅས་པའི་གསུང་གིས་བོས་ནས་གནང་བ་ལེགས་པར་བྱིན་པ་སྟེ། དེ་ལ་ངས་གནང་ཞིང་ཞེས་པ་ནི་ལྷ་ཆེན་པོ་རྣམས་ཀྱི་དོགས་པ་བསལ་བའོ། །བྱིན་གྱིས་བརླབ་ཀྱིས་ཞེས་གསུངས་པ་ནི། ནུས་པ་ཁྱད་པར་དུ་བྱས་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞེས་གསུངས་པ་ནི་ལྷ་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་དེའི་སྐད་ཅིག་ལ་བསྐྱེད་པའོ། །རང་རང་གི་སྙིང་པོ་རྣམས་ལེགས་པར་ཕུལ་ཅིག་ཅེས་གསུངས་པ་ནི་ལྷ་ཆེན་པོ་རྣམས་ང་རྒྱལ་དང་བཅས་པའི་སེམས་རྣམ་པར་སྤངས་ཏེ། སེམས་མཉམ་པར་གཞག་པ་ཉིད་ཀྱིས་རང་རང་གི་སྙིང་པོ་རྣམས་ཕུལ་ཅིག་ཅེས་གསུངས་པར་ཤེས་པར་བྱའོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་རང་རང་གི་སྙིང་པོ་རྣམས་བཤད་དོ། །ཨོཾ་ཨོཾ་ཨོཾ་བྷི། ཨོཾ་རུ། ཨོཾ་ཨི། ཨོཾ་ཀཾ། ཨོཾ་གཱ། ཨོཾ་བྷི། ཨོཾ་ཀ་ཞེས་པ་ལ་སོགས་པ་ནི་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་བཅོམ་ལྡན་འདས་ཀྱིས་ལེགས་པར་གནང་བས་དགའ་བ་དང་བཅས་པས་རང་རང་གི་སྙིང་པོ་རྣམས་ཕུལ་བ་སྟེ། དེ་ལ་དང་པོ་ནི་ཚངས་པའིའོ། །གཉིས་པ་ནི་ཁྱབ་འཇུག་གིའོ། །གསུམ་པ་ནི་དྲག་པོའིའོ། །བཞི་པ་ནི་བརྒྱ་བྱིན་གྱིའོ། །ལྔ་པ་ནི་གཞོན་ནུ་མའིའོ། །དྲུག་པ་ནི་དཀར་མོའིའོ། །བདུན་པ་ནི་བྷྲྀདྒི་རི་ཏིའིའོ། །བརྒྱད་པ་ནི་འདོད་པའི་ལྷ་མོའི་སྙིང་པོ་རྣམས་ཏེ། གང་དུ་བསྐྱེད་པའི་ས་བོན་ཡང་དེ་དག་ཉིད་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། །དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་ཁམས་གསུམ་རྣམ་རྒྱལ་ཏེ། །དེ་ཡི་མདུན་དུ་དཔའ་བོ་ནི། །དབང་ཕྱུག་རྩེ་གསུམ་ཐོགས་པ་བྲི། །རྒྱབ་ཏུ་ཚངས་པ་བྲི་བྱ་སྟེ། །གཡོན་པ་ལག་ན་འཁོར་ལོ་ཐོགས། །གཡས་པས་དབང་པོ་རང་གི་ནི། །ཕྱག་རྒྱའི་མཚན་མ་ལག་ཐོགས་བྲི། །དེ་གཡོན་རང་རང་ཆུང་མ་ལ། །འདིར་ཡང་སྒོ་བ་དེ་བཞིན་ཏེ། །བྱ་དང་བུམ་པ་གང་བ་གཞག །དཀྱིལ་འཁོར་གྱི་ནི་ཕྱི་རོལ་ཏུ། །སྟོབས་བཟངས་ལ་སོགས་མཐུ་ཆེན་གཞག །ཅེས་གསུངས་པ་ནི་ལྷ་ཆེན་པོ་དེ་
དག་གི་དཀྱིལ་འཁོར་ཡོངས་སུ་གསུངས་ཏེ། དེ་ལ་སྐྱེད་མོས་ཚལ་ལམ། འབབ་ཆུའི་འགྲམ་ལ་སོགས་པ་ས་ཕྱོགས་ཡིད་དུ་འོང་བ་རྣམས་སུ་ས་བྱིན་གྱིས་བརླབ་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་སྟེགས་བུ་ཁྲུ་ཉི་ཤུ་རྩ་བཞི་པ་བརྩིགས་ཏེ། སྤོས་དང་དྲི་དང༌། བའི་རྣམ་ལྔ་ལ་སོགས་པས་ལེགས་པར་བྱུགས་ལ། ཐིག་ལེགས་པར་བཏབ་སྟེ། རིན་པོ་ཆེ་ལ་སོགས་པས་དཀྱིལ་འཁོར་བྲི་བར་བྱ་བ་ནི་གོས་ཁ་དོག་དཀར་པོ་གྱོན་ལ། འཁོར་ལོ་ཁ་དོག་དཀར་པོ་རྩིབས་བརྒྱད་པ་གཅིག་དབུས་སུ་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་མུ་ཁྱུད་ནི་པདྨའི་ཕྲེང་བས་བསྐོར་བར་བྱའོ། །དེའི་གྲྭ་བཞིར་ནི་བུམ་པ་ཁ་དོག་དཀར་པོ་རྒྱན་དང་བཅས་པ་བཞི་བྲིས་ལ། དེའི་ཕྱི་རོལ་དུ་ནི་སྒོ་དང་རྟ་བབས་ལ་སོགས་པའི་རྒྱན་སྣ་ཚོགས་པས་ཡོངས་སུ་བརྒྱན་པ། དེའི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ནི་པདྨའི་ཕྲེང་བ་དང༌། རིན་པོ་ཆེའི་ཕྲེང་བ་དང༌། འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོ་བ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་དཔག་བསམ་གྱི་ཤིང་དང༌། རྫིང་བུ་དང༌། མེ་ཏོག་དང༌། བྱ་དང༌། སྤྲེའུ་དང༌། པདྨ་དང༌། ཨུཏྤལ་དང༌། གོས་ཀྱི་རྣམ་པ་སྣ་ཚོགས་པ་དང༌། རྒྱན་གྱི་རྣམ་པ་སྣ་ཚོགས་པ་དང༌། ལྷའི་བུ་དང༌། བུ་མོ་རོལ་མོ་ལ་སོགས་པ་མང་པོར་བྲི་བར་བྱའོ། །དེ་ནས་འཁོར་ལོའི་དབུས་སུ་ནི་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་སྨོས་པའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བྲག་གི་སྟེང་དུ་པདྨའི་གདན་ལ་བཞུགས་པ་བྲི་བར་བྱའོ། །དེའི་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་ནི་ལྷ་ཆེན་པོ་ཁ་དོག་ནག་པོ་ལག་པ་བཞི་པ་གླང་ཁྱུ་མཆོག་ལ་ཞོན་པ་སྤྲུལ་སེ་རལ་ཁར་ཐོགས་པ། དཔྲལ་བའི་སྟེང་ན་ཟླ་བ་ཚེས་པ་འཛིན་པ། ཐལ་བས་ལུས་ལ་བྱུགས་པ། ལག་པ་གཡས་ཀྱི་དང་པོས་རལ་གྲི་འཛིན་པ་གཡོན་གྱི་དང་པོས་མཚོན་རྩེ་གསུམ་པ་འཛིན་པ། གཡོན་གྱི་གཉིས་པས་དཀུར་བཙུགས་ཤིང༌། གཡས་ཀྱི་གཉིས་པས་དམ་པ་སྦྱིན་པ་འཇིགས་པའི་གཟུགས་སུ་འདུག་པ་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་རྩིབས་ལ་ནི་བརྒྱ་བྱིན་ཁ་དོག་དཀར་
པོ་ལ་གླང་པོ་ཆེའི་སྟེང་ན་ཞོན་པ། མིག་གསུམ་པ། ལག་པ་གཉིས་པ་ལ་གཡས་པས་རྡོ་རྗེ་རྩེ་གསུམ་གདེངས་པ་འཛིན་པ། གཡོན་པས་རྨ་བྱའི་སྒྲོ་འཛིན་པ་གསེར་གྱི་ཅོད་པན་གྱིས་མགོ་ལ་བརྒྱན་པ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་ནི་ཚངས་པ་ཁ་དོག་དམར་སེར་ལ་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་སྟེང་ན་གནས་པ། མགོ་གསུམ་པ་རལ་བའི་ཅོད་པན་གྱིས་བརྒྱན་པ། ལག་པ་བཞི་པ་ལ་གཡས་ཀྱིས་དང་པོས་རིལ་བ་སྤྱི་བླུགས་འཛིན་པ། གཡོན་གྱི་དང་བོས་ཕྲེང་བ་འཛིན་པ། འོག་མ་གཉིས་ཀྱིས་སྙིང་གར་ཐལ་མོ་སྦྱར་བ། བཞིན་འཛུམ་པ་དང་བཅས་པ་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་རྩིབས་ལ་ནི་ཁྱབ་འཇུག་ཁ་དོག་སྔོན་པོ་ནམ་མཁའ་ལྡིང་ལ་ཞོན་པ་ལག་པ་བཞི་པ་གཡས་ཀྱི་དང་པོས་འཁོར་ལོ་ཐོགས་པ། གཡོན་གྱི་དང་པོས་རིན་པོ་ཆེའི་བེ་ཅོན་ཐོགས་པ། གཡོན་འོག་མས་དུང་ཕོར་ཐོགས་པ། གཡས་འོག་མས་དམ་པ་སྦྱིན་པའི་ཕྱག་རྒྱ་དང་ལྡན་པ་བྲི་བར་བྱའོ། །ཤར་ལྟོ་མཚམས་ཀྱི་རྩིབས་ལ་ནི་པདྨའི་སྟེང་དུ་དབང་ཕྱུག་ཆེན་པོའི་ཆུང་མ་བྷྲྀང་གི་རི་ཏི་ཁ་དོག་ནག་མོ་ལ་བཞིན་མཛེས་པ་ལག་པ་གཡས་པས་རྨ་བྱའི་རྡུལ་ཡབ་འཛིན་པ། །གཡོན་པ་དཀུ་རུ་བཙུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྡེམ་བག་དང་བཅས་པས་དབང་ཕྱུག་ཆེན་པོ་ལ་ཆགས་པའི་མིག་གིས་ལྟ་བ་བྲི་བར་བྱའོ། །ལྷོ་ནུབ་མཚམས་ཀྱི་རྩིབས་ལ་ནི་པདྨའི་སྟེང་དུ་བརྒྱ་བྱིན་གྱི་ཆུང་མ་ཁ་དོག་དཀར་པོ་འདོད་པའི་ལྷ་མོ་ཞེས་བྱ་བ་མིག་གསུམ་པ་ལག་པ་གཡས་པས་རྡོ་རྗེ་འཛིན་ཅིང༌། གཡོན་པས་པདྨ་འཛིན་བརྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ནུ་མ་འབུར་བ་ཆགས་པའི་མིག་གིས་བརྒྱ་བྱིན་ལ་ལྟ་བ་བྲི་བར་བྱའོ། །ནུབ་བྱང་གི་མཚམས་སུ་ནི་ཚངས་པའི་ཆུང་མ་ཁ་དོག་དང་ཆ་བྱང་ཚངས་པ་ཉིད་དང་འདྲ་བ་ལག་པ་གཉིས་པ་གཡས་པས་རིལ་པ་སྤྱི་བླུགས་འཛིན་པ། གཡོན་པས་ཕྲེང་བ་འཛིན་ཅིང་ནུ་མ་འབུར་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཆགས་པའི་མིག་གིས་ཚངས་པ་ལ་ལྟ་བ་བྲི་བར་བྱའོ། །བྱང་ཤར་མཚམས་ཀྱི་རྩིབས་ལ་ནི་ཁྱབ་འཇུག་གི་ཆུང་མ་དཀར་མོ་ཁ་
དོག་སྟོན་མོ་ལ་ལག་པ་གཉིས་པ་གཡས་པས་འཁོར་ལོ་འཛིན་ཅིང༌། གཡོན་པས་རྩྭ་ཀུ་ཤ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཆགས་པའི་མིག་གིས་ཁྱབ་འཇུག་ལ་ལྟ་བ་བྲི་བར་བྱ་བ་ཉིད་དོ། །བྱ་དང་བུམ་པ་གང་བ་གཞག །ཅེས་པ་ལ་སོགས་པ་ནི་མཆོད་པའི་ཡོ་བྱད་བཤམ་པར་དགོངས་པ་སྟེ། དེ་ལ་ཟུར་བཞིར་ནི་བུམ་པ་ཁ་དོག་དཀར་པོ་སྨན་དང༌། དྲི་དང་འོ་མ་དང་འབྲས་ཐུགས་ལ་སོགས་པས་བཀང་བ་ཁ་རྒྱན་དང༌། མགུལ་ཆིངས་སུ་བཅིངས་པ་པདྨའི་སྟེང་ན་རང་རང་གི་ཕྱག་རྒྱས་མཚན་པ་བཞི་ལ་གོང་དུ་སོ་སོའི་སྔགས་རྣམས་ཡོངས་སུ་བཟླས་པ་གཞག་པར་བྱའོ། །དེའི་ཕྱི་རོལ་དུ་ནི་ངང་པ་དང་དུར་བ་ལ་སོགས་པའི་བྱ་འམ་གཟུགས་ལ་སོགས་པ་དང་མཆོད་པའི་བུམ་པའི་དྲི་དང་གཏོར་མ་ལ་སོགས་པས་བཀང་བ་བརྒྱད་དམ་བཞི་ལ་སོགས་པར་གཞག་པ་དང༌། ར་དང་ལུག་དང་བྱ་ལ་སོགས་པའི་ཤ་བཟང་པོ་རྣམས་དང་ཞོ་དང་མར་དང་འོ་མ་དང་ཀ་ར་དང༌། སྦྲང་རྩི་ལ་སོགས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པ་གཞག་པར་བྱའོ། །གཞན་ཡང་མེ་ཏོག་གི་ཕྲེང་བ་དང༌། དྲིའི་ཆུ་ལ་སོགས་པ་ཡང་ཡོངས་སུ་གཞག་པ་སྟེ། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་མཆོད་པའི་ཡོ་བྱད་ལྔས་ཉེ་བར་གནས་པར་བྱ་བ་དང༌། སྔོན་དུ་བསྙེན་པ་བྱས་པའི་རྣམ་པར་རྒྱལ་བའི་བུམ་པ་ཁ་དོག་དཀར་པོ་དྲི་དང༌། སྨན་དང་འོ་མ་ལ་སོགས་པས་བཀང་བའི་རྒྱན་གྱིས་བརྒྱན་པ་གཅིག་ནི་རང་གི་མདུན་དུ་གཞག་པར་བྱའོ། །དེ་བཞིན་དུ་གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པས་ཀྱང་བརྒྱན་ལ། མཆོད་པའི་ཚོགས་རྒྱ་ཆེན་པོ་བཤམ་པར་བྱ་བ་ཉིད་དོ། །དེ་ནས་ཞུགས་ནས་ལྷ་རྣམས་ནི། །མཁས་པས་གུན་ནས་དཀུག་པར་བྱ། །ཛཿཧཱུཾ་བཾ་ཧོཿ་ལྷ་ཐམས་ཅད། །དཀྱིལ་འཁོར་དམ་པར་ཞུགས་པར་མཛོད། །དེ་ནས་འོངས་པར་མཐོང་བ་དང༌། །དགའ་བ་ཆེན་པོས་མཆོད་པར་བྱ། །ཞེས་གསུང་བ་ནི། ལས་སུ་བྱ་བ་གསུངས་པ་སྟེ། དེ་ལ་དང་པོ་རང་ཉིད་ཁྲུས་ལ་སོགས་པ་ལེགས་བར་བྱས་ལ། གོས་
གཙང་མ་དཀར་པོ་གོན་ལ་རྒྱན་གྱིས་བརྒྱན་ཏེ། གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ལ། མེ་ཏོག་གི་ཕྲེང་བ་བཀལ་ཏེ་ཞུགས་ནས། སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས། བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བ་སྤྱན་དྲངས་ཏེ། ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་བཀུག་ལ། གཉིས་སུ་མེད་པར་བྱས་ལ་བཞུགས་སུ་གསོལ་ཏེ། ཞབས་བསིལ་ལ་སོགས་པས་མཆོད་པར་བྱའོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱང་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱས་ལ། ཞབས་བསིལ་ལ་སོགས་པས་མཆོད་པ་བྱས་ནས་བདེ་བར་གཤེགས་པ་རྣམ་པར་རྒྱལ་བ་ལ་ནི་མཆོད་པའི་ཡོ་བྱད་ལྔས་ཡང་དག་པར་མཆོད་པར་བྱའོ། །ལྷ་ལ་སོགས་པ་ལ་ནི་ཤ་དང༌། ཞོ་དང་འཇིག་རྟེན་པའི་ཡོ་བྱད་འབྱོར་པ་ཐམས་ཅད་ཀྱིས་ཡོངས་སུ་མཆོད་ནས་བཅོམ་ལྡན་འདས་ལ་དབང་ཇི་ལྟ་བ་བཞིན་དུ་མནོས་ལ་གནང་བ་ལེགས་པར་ཐོབ་པ་དང༌། སློབ་མ་དབང་བསྐུར་བར་བྱ་བ་ཉིད་དོ། །དེ་ལ་དབང་ཇི་ལྟ་བུས་བསྐུར་བར་བྱ་སྙམ་པ་ལ། དེ་ནས་རྡོ་རྗེ་འཛིན་པའི་ཕྱག་རྒྱས་སློབ་མ་གཞུག་པར་བྱ་སྟེ། ཨོཾ་པྲ་ཏཱིཙྪ་སྟཾ། མ་ཧཱ་སཏྭ་བཛྲ་དྷཱ་ར། ཨཱ་ཛྙཱ་པ་ཡ་ཏི་ཧ་ཧ་ཧོ། མེ་ཏོག་ཆོ་ག་བཞིན་དུ་དོར། །མིག་ཕྱེ་ནས་ནི་བརྟག་པར་བྱ། །དེ་ནས་སྔགས་ཀྱིས་བཏབ་པ་ཡིས། །བུམ་པའི་ཆུ་ཡིས་དབང་བསྐུར་རོ། །ཞེས་གསུངས་ཏེ། དེ་ལ་སློབ་མ་རྒྱལ་རིགས་ལ་སོགས་པ་དབང་དང་སྟོབས་དང་མཐུ་དང་ལྡན་པར་འདོད་པ་རྣམས་མེ་ཏོག་ལ་སོགས་པ་ཐོགས་སུ་བཅུག་ལ་རས་ཁ་དོག་དཀར་པོས་མིག་བཀབ་སྟེ། ཨོཾ་ཙ་ཏུར་མ་ཧེ་ཤྭ་རེ་ས་མ་ཡེ་ཧཱུཾ་ཞེས་པས་གཞུག་པར་བྱའོ། །དེ་ནས་སློབ་མ་དེ་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་པས་མེ་ཏོག་དོར་བར་བྱ་བ་ནི། ཨོཾ་པྲ་ཏཱིཙྪ་སྟྭཾ་མ་ཧཱ་སཏྭ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཧ་ཧ་ཧོ་ཞེས་པས་དོར་བར་བྱའོ། །དེ་ནས་ཨོཾ་བཛྲ་ཙ་ཀྵུ་པཱ་ཤྱ་ཧོ་ཞེས་པས་མིག་ཕྱེ་སྟེ། ཨོཾ་མ་ཧེ་ཤྭ་རི་ཏིཥྛ་བཛྲ་ཧཱུཾ་ཞེས་པས་བརྟན་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ནས་ཆུ་བླངས་
བས་བགེགས་བསྐྲད་དོ། །དབང་ཕྱུག་ཆེན་པོ་བཞིའི་བུམ་པ་བཞི་ལ་སོ་སོའི་རྣལ་འབྱོར་དང༌། ཕྱག་རྒྱར་ལྡན་པར་བྱས་ལ། ཨོཾ་རུ་དྲ་ཀ་ལ་ཤ་དེ་བཱ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་དང༌། ཨོཾ་ཨིནྡྲ་ཀ་ལ་ཤ་དེ་བཱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བྲཧྨ་ཀ་ལ་ཤ་དེ་བཱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བིཥྞུ་ཀ་ལ་ཤ་དེ་བཱ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་དེ་དག་དམ་ཚིག་གི་རྫས་རྩེ་གསུམ་པ་དང༌། རྡོ་རྗེ་དང་རིལ་བ་དང༌། འཁོར་ལོ་ལ་སོགས་པས་དབང་བསྐུར་ཏེ་བརྟན་པར་བྱས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱས་དམ་ཚིག་ལ་གནས་པར་བྱ་བའི་ཕྱིར་དབང་བསྐུར་ནས། དེའི་རྗེས་ལ་བཀྲ་ཤིས་ཀྱི་རྫས་བརྒྱད་དང་འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྐུར་ཏེ། ཡོངས་སུ་རྫོགས་པར་བྱས་ནས་ལྷ་རྣམས་ཀྱི་སྙིང་པོ་རབ་ཏུ་གཏད་པར་བྱ་བ་ཉིད་དོ། །དེ་ནས་ལྷ་རྣམས་གང་དགའ་བའི། །དངོས་གྲུབ་རྟག་ཏུ་སྦྱིན་པར་བྱ། །འབུམ་གཅིག་གམ་ནི་འབུམ་གཉིས་སམ། །དང་པོ་བསྙེན་པ་བྱས་ནས་ཀྱང༌། །དབང་ཕྱུག་ལ་སོགས་ལྷ་མཆོད་རྣམས། །རབ་ཏུ་འདོད་པས་བསྒྲུབ་བྱ་སྟེ། །ཤིང་གཅིག་ལ་སོགས་གནས་སམ་ནི། །ཕྱག་ན་རྡོ་རྗེའི་ཕོ་བྲང་ངམ། །ཡང་ན་དེ་བཞིན་གཤེགས་གནས་སམ། །རིང་བསྲེལ་ལྡན་པའི་མཆོད་རྟེན་དུ། །ལྷ་རྣམས་ཐམས་ཅད་ཆོ་ག་བཞིན། །བསྒྲུབས་པས་རྟག་ཏུ་བསྒྲུབ་བྱས་ན། །ནམ་ཕྱེད་ན་ནི་ལྷ་འོངས་ནས། །ཁྱོད་ཀྱི་འདོད་པ་གང་ཡིན་པ། །དེ་ནི་ཅི་བདེར་སྦྱིན་བྱ་ཡིས། །བཟང་པོ་མྱུར་དུ་སོགས་ཏེ་སྨྲོས། །གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན། །དེ་ནས་སྔགས་ཤེས་དངོས་གྲུབ་ཕྱིར། །ལྷ་ལ་མཆོག་གི་གསོལ་བ་གདབ། །ལྷ་རྫས་ཁུ་བ་བྲོ་བཏུང་དང༌། །མི་སྣང་བ་དང་མཁའ་འགྲོ་དང༌། རི་ལུ་རྫས་དང་རྒྱལ་ལ་སོགས། །ཡིད་འདོད་ཚད་མེད་གསོལ་བ་གདབ། །ཅེས་པ་ལ་སོགས་པ་གསུངས་པ་ནི་ལྷ་རྣམས་ཀྱི་བསྒྲུབ་པ་ཡོངས་སུ་གསུངས་པ་སྟེ། དེ་ལ་དང་པོར་མེ་ཏོག་གང་ལ་བབས་པའི་ལྷའམ་རང་གང་ལ་མོས་པའི་ལྷ་བསྒྲུབ་པར་བྱ་བའི་ཕྱིར་སློབ་
དཔོན་དེས་སློབ་མ་ལ་དེ་དག་ཅི་ལྟར་སྒྲུབ་པའི་ཐབས་སྦྱིན་པར་བྱ་བ་ནི། འབུམ་གཅིག་གམ་ནི་འབུམ་གཉིས་སམ། །དང་པོར་བསྙེན་པ་བྱས་ནས་ཀྱང༌། །ཞེས་གསུངས་པ་སྟེ། དེ་ལ་རང་གི་གནས་སམ་གནས་ཡིད་དུ་འོང་བ་རྣམས་སུ་ལྷ་གང་འདོད་པའི་གཟུགས་བྲིས་ལ། མཆོད་པ་དང་གཏོར་མ་བྱས་ཏེ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་དབང་པོར་གསོལ་ནས་མཆོད་པ་དང་སྐྱབས་སུ་གསོལ་བ་བྱས་ནས། །དེ་དག་གི་སྙིང་པོ་ཕྲག་གཅིག་གམ་གཉིས་བཟླས་པར་བྱ་བ་ཉིད་དོ། །དེ་ལ་སྙིང་པོ་ནི་ཨོཾ་བ་ཏི་ནི་ཀ་ལ་བོ་ཐ་ཨུ་མ་པྲི་ཡ་སྭཱ་ཧཱ། ཞེས་པ་ལ་སོགས་པ་དང༌། ཨོཾ་ཤུཿཞེས་པ་ནི་རྩ་བའི་སྔགས་དང་ཉེ་བར་བཅས་ལ་བཟླས་ལ། དེ་ནས་གྲངས་སུ་ཐིམ་པ་དང་བསྒྲུབ་པར་བྱ་བ་ནི། ཤིང་གཅིག་ལ་སོགས་གནས་སམ་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་དེ་དག་ནི་གནས་ཡིད་དུ་འོང་བ་བསྟན་པ་སྟེ། ཤིང་གཅིག་ནི་ཤིང་གཅིག་པུར་སྐྱེས་པའི་ས་ཕྱོགས་སོ། །ཕྱག་ན་རྡོ་རྗེའི་ཕོ་བྲང་ཞེས་པ་ནི་གནས་གང་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཞུགས་པའི་ས་ཕྱོགས་སོ། །ཡང་ན། དེ་བཞིན་གཤེགས་གནས་སམ། །ཞེས་པ་ནི་གཙུག་ལག་ཁང་ངམ་དགེ་འདུན་གྱི་ཀུན་དགའ་ར་བ་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་བཞུགས་པའི་ས་ཕྱོགས་སོ། །རིང་བསྲེལ་ལྡན་པའི་མཆོད་རྟེན་ཞེས་པ་ནི་དེ་བཞིན་གཤེགས་པའི་གདུང་ཤ་རི་རམ་བཅུག་པའི་མཆོད་རྟེན་གང་ན་ཡོད་པའི་ས་ཕྱོགས་ཏེ། དེ་དག་རྣམས་སུ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་བསྒྲུབ་པར་བྱ་བ་ཉིད་དོ། །དེ་ལ་གནས་དེ་དག་ཁོ་ན་དམིགས་སུ་བསྟན་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། གནས་དེ་དག་ནི་མཆོག་ཏུ་བཀྲ་ཤིས་པའི་གནས་ཡིན་པས་ན་དངོས་གྲུབ་ཉེ་བ་ཉིད་དང༌། ཆངས་པ་ལ་སོགས་པའི་གནས་བཀྲ་ཤིས་པ་དང༌། གནས་གཙང་ཞིང་ཁྱད་པར་ཅན་རྣམས་སུ་རྒྱུ་བ་ལས་དུར་ཁྲོད་ལ་སོགས་པའི་གནས་མི་གཙང་བ་རྣམས་སུ་མི་འོང་བའི་ཕྱིར་དེ་དག་ཁོ་ནར་ཡོངས་སུ་བསྒྲུབ་པར་གསུངས་སོ། །དེ་ནས་ལྷ་ཆེན་པོ་རྣམས་གྲུབ་པར་གྱུར་ན་རྟགས་སམ། མཚན་
མའམ་འབྲས་བུ་ཇི་ལྟ་བུ་འགྲུབ་སྙམ་པ་ལ། ནས་ཕྱེད་ན་ནི་ལྷ་འོངས་ནས། །ཞེས་པ་ལ་སོགས་པ་གསུངས་པ། དེ་ལ་ནམ་ཕྱེད་ནས་ལྷ་གང་བསྒྲུབ་པ་དེ་འོངས་ནས་རིགས་ཀྱི་བུ་ཁོད་གང་འདོད་པ་དེ་སྨྲོས་ཤིག་དང་ངས་སྦྱིན་ཞེས་སྨྲས་ཏེ། དེ་ལ་ཆོ་ག་ཤེས་པའི་རྣལ་འབྱོར་པས་ཨརྒྷ་ལ་སོགས་པས་ཡན་དག་པར་མཆོད་ནས། རང་གང་འདོད་པའི་དངོས་གྲུབ་རྣམས་གསོལ་བ་གདབ་པར་བྱའོ། །དེ་ལ་དངོས་གྲུབ་ཇི་ལྟ་བུ་དག་གསོལ་བ་གདབ་སྙམ་པ་ལ། ལྷ་རྫས་ཁུ་བ་བྲོ་བཏུང་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་རྫས་ཁུ་བ་བྲོ་བཏུང་ཞེས་པ་ནི་བདུད་རྩིའི་ཁུ་བ་གྲུབ་པར་གསོལ་བ་གདབ་པའོ། །མི་སྣང་བ་ནི་མིག་སྒྲིབ་ཀྱི་དངོས་གྲུབ་གསོལ་བ་གདབ་པར་བྱའོ། །མཁའ་འགྲོ་ནི་ནམ་མཁའ་ལྡིང་དང་ལྷའི་རྫུ་འཕྲུལ་གྱི་དངོས་གྲུབ་གསོལ་བ་གདབ་པར་བྱའོ། །རི་ལུ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་རི་ལུ་ལ་སོགས་པ་གསོལ་བ་གདབ་པར་བྱའོ། །རྒྱལ་པོ་ནི་གླིང་བཞི་ལ་དབང་བ་དང༌། ས་འོག་ལ་དབང་བ་དང༌། སེ་སྟེངས་ལ་དབང་བར་གསོལ་བ་གདབ་པ་ཉིད་དོ། །དེ་ནས། དབང་ཕྱུག་ཆེན་པོ་ལ་སོགས་པས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལགས་པ་དེ་དག་བཅོམ་ལྡན་འདས་བདག་ཅག་ལྷ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ངོ༌། །མཐོ་རིས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །ངན་སོང་མ་ལགས་པའི་ལམ་བསྟན་པར་བྱའོ། །སྒྲིབ་བ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤོངས་པའི་ལམ་བསྟན་པར་
བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་ཡོངས་སུ་བསྐྱང་བར་བགྱིའོ། །དེའི་ཕ་རོལ་གྱི་དགྲ་ཀུན་གཞོམ་པར་བགྱིའོ། །གྲོང་དང་གྲོང་འདབ་དང༌། ལྗོངས་དང༌། རྒྱལ་པོ་དང༌། རྒྱལ་པོའི་ཕོ་བྲང་དང། རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་དང༌། ཕྱོགས་དང༌། གྲོང་ཁྱེར་དང༌། འཁོར་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་ཀྱང་སྩལ་བར་བགྱིའོ། །རྒྱལ་སྲེད་ཐོབ་པ་རྣམས་ནི་རྒྱལ་སྲིད་རྒྱས་པར་བགྱིའོ། །གླིང་གཅིག་པ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བདེ་འགྲོ་དང༌། མིའི་གནས་དང༌། ས་འོག་དང༌། འཁོར་ལོས་སྒྱུར་བ་རྣམས་ཀྱང་སྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་དང༌། ཚངས་པ་ཉིད་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་ཉིད་ཀྱང་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་མདོར་ན་བདག་ཅག་གི་ས་དམ་བཅས་པ་དེ་ལས་འགལ་བར་གྱུར་ན་བཅོམ་ལྡན་འདས་ཉིད་བསླུས་པར་གྱུར་ཅིག་ཅེས་པ་ལ་སོགས་པ་ནི་དབང་ཕུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ་རྣམས་དེ་བར་གཤེགས་པའི་བསྟན་པ་ལ་མངོན་པར་དགའ་བ་ཉིད་ཀྱིས་དམ་པའི་ཆོས་དང་གང་ཟག་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ཡང་དག་པར་བྱེད་པ་ཉིད་དོ། །དེ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་དབང་ཕུག་ཆེན་པོ་བཞི་ནི། །འཇིག་རྟེན་པའི་ལྷ་རྣམས་ཀྱི་གཙོ་བོར་གྱུར་པ་མཆོག་ཏུ་གྱུར་པ་ཁྱད་པར་གྱུར་པ་དམ་པར་གྱུར་པས་ནུས་པའི་སྟོབས་ཆེན་པོ་དང་ལྡན་པ་སྟེ། དེ་དག་གིས་རྣམ་པར་བྱང་པའི་ལམ་སྟོན་པར་འགྱུར་ཉིད་དོ། །དེ་ལ་དེ་དག་ནི་འཇིག་རྟེན་པའི་ལྷ་ཡིན་ལ་འཇིག་རྟེན་པའི་ལྷས་ནི་སྲིད་པའི་རྩེ་མོ་མན་ཆང་ལས་འཐོབ་པར་མི་འགྱུར་བས་ན་དེ་དག་གིས་རྣམ་པར་བྱང་པ་ཡིན་
བའི་ལམ་ཇི་ལྟར་སྟོན་པར་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་དང་པོར་ལྷ་ཆེན་པོ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལགས་པ་དེ་དག་ཅེས་སྨོས་ཏེ། དེ་བས་ན་འཇིག་རྟེན་པའི་དཀྱིལ་འཁོར་དུ་ཞུགས་པས་ནི་མཐོ་རིས་ལ་སོགས་པའི་ལམ་སྟོན་པ་ཉིད་དོ། །དེ་ལ་བདག་ཅག་ལྷ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ་ཞེས་པ་ནས་མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ་ཞེས་པའི་བར་ནི་འཇིག་རྟེན་པའི་ལམ་སྟེ། དེ་དག་གི་ངན་འགྲོ་རྣམ་པ་གསུམ་ལ་བསམས་ནས་ནི་སྒྲིབ་པ་ཐམས་ཅད་མ་མཆིས་པ་དང༌། མཐོ་རིས་དང་བདེ་འགྲོའི་ལམ་བསྟན་པར་བགྱིའོ་ཞེས་སྨྲས་ཏེ། སྒྲིབ་པ་ནི་སྐྱེ་བའི་སྒྲིབ་པ་ཞེས་བྱ་བ་ལ་ལྟོས་ནས་ལྷའི་གནས་སུ་ཡོད་པ་ཉིད་དེ། དེ་ལ་སྒྲིབ་པ་ཐམས་ཅད་ཅེས་པའི་ཚིག་སྟེ། འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ནི་མ་གཏོགས་སོ། །དེ་ཉིད་བདེ་འགྲོའི་ཡིན་པའི་ཕྱིར་ངན་འགྲོ་ལ་སོགས་པའི་ལམ་དང༌། སྒྲིབ་པ་མ་མཆིས་པའི་ལམ་ཞེས་བྱའོ། །དེ་ནི་འཇིག་རྟེན་པ་རྣམས་ཀྱི་བདེན་པ་ཡིན་པ་དང༌། སྡུག་བསྔལ་ལས་རྣམ་པར་དབེན་པའི་ཕྱིར་དབེན་པའི་ལམ་དང་རྣམ་པར་དབེན་པའི་ལམ་ཞེས་བྱའོ། །དེ་ཉིད་འཇིག་རྟེན་པ་རྣམས་ཀྱི་བདེ་བའི་འབྱུང་གནས་ཡིན་པའི་ཕྱིར་དང༌། ངན་སོང་གསུམ་གྱི་མྱ་ངན་ལས་འདས་པའི་ཕྱིར་འབྱུང་བའི་ལམ་དང༌། མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ་ཞེས་བྱ་བ་ཉིད་དེ། དེ་དག་ནི་འཇིག་རྟེན་པའི་ལམ་ཞེས་བྱའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ་ཞེས་པ་ནས། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ་ཞེས་པའི་བར་ནི་འཇིག་རྟེན་ལས་འདས་པའི་ལམ་སྟེ། དེ་ཉིད་རྣམ་པ་བཞིའོ། །དམ་པའི་ཆོས་ནི་ཟག་པ་མེད་པའི་དམ་པའི་ཆོས་ཏེ། དེའི་ལམ་སྟོན་པར་འགྱུར་བའོ། །བདེ་འགྲོ་ནི་རྣམ་པ་གཉིས་ཏེ། ཅུང་ཟད་བདེ་བའི་བདེ་འགྲོ་དང༌། བདེ་བ་ཆེན་པོའི་བདེ་འགྲོའོ། །དེ་ལ་ལྷ་ལ་སོགས་པ་ནི་ཅུང་ཟད་བདེ་
བའི་བདེ་འགྲོ་ཡང་ཡིན་ལ། འདི་ནི་བདེ་བ་ཆེན་པོའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་བདེ་འགྲོར་འགྲོ་བའི་ལམ་སྟོན་པ་ཉིད་དོ། །དེ་ཉིད་འཁོར་བའི་སྡུག་བསྔལ་མཐའ་དག་སྤོང་བའི་ཕྱིར་ན་སྤོང་བའི་ལམ་བསྟན་པར་བགྱིའོ་ཞེས་པར་འབྲེལ་ཏོ། །དེ་ཉིད་རྣམ་པ་བཞི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སོ། །དེ་ལ་ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ་ཞེས་པ་ནི་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཉོན་མོངས་པ་མེད་པའི་ལམ་སྟོན་པའོ། །སངས་རྒྱས་ཉིད་ནི་རང་སངས་རྒྱས་ཀྱི་ལམ་སྟོན་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ནི་བྱང་ཆུབ་སེམས་དཔའི་ལམ་སྟོན་པར་འགྱུར་བའོ། །རྡོ་རྗེ་འཛིན་པ་ཉིད་དུ་ཞེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྲུབ་པའི་ལམ་སྟོན་པ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་ཅི་ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ཀྱང་ཕྱིས་ལམ་རྣམ་པ་བཞིར་འགྲོ་བའི་རྒྱུར་འགྱུར་རམ་སྙམ་བ་ལ། དེ་ནི་བདེན་ཏེ་རྐྱེན་གྱི་དབང་གིས་ཐེག་པ་ཆེན་པོར་ཞུགས་ནས་སེམས་བསྐྱེད་ཀྱང་རང་ཉིད་རིགས་མ་ངེས་པར་འགྱུར་པའི་དབང་གིས་ཕྱིས་ལྡོག་པར་འགྱུར་བའང་ཡོད་དེ། དཔེར་ན་རྒྱལ་པོ་དཔལ་གྱི་འཁོར་ལོ་ལྟ་བུའོ། །དེ་བས་ན་དེ་དག་ཡོངས་སུ་བསྲུང་བའི་ཕྱིར་ལམ་སོ་སོར་སྟོན་པ་ལ་ནི་འགལ་བ་མེད་པ་ཉིད་དོ། །དེ་ལ་ཡང་གོང་དུ་འཇིག་རྟེན་པའི་ལམ་རྣམས་ནི་འཇིག་རྟེན་པའི་ལྷ་ཡིན་པའི་ཕྱིར་སྟོན་པར་ནུས་ལ། འཇིག་རྟེན་ལས་འདས་པའི་ལམ་སྟོན་པར་ཇི་ལྟར་བྱེད་སྙམ་པ་ལ། དེ་ལ་འདི་ལྟར་འབྲས་བུ་སྟེར་བར་བྱེད་པ་ནི་མ་ཡིན་གྱི། དམ་ཚིག་དང་ལྡན་པ་ཉིད་ཀྱིས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་སྤྲུལ་པ་ལ་སོགས་པའི་གཟུགས་སམ་བསམ་པ་བསྒྱུར་བའམ། རྨི་ལམ་ལ་སོགས་པར་ལམ་ཇི་ལྟ་བ་སྟོན་པར་བྱེད་པ་ཉིད་དེ། དེ་ནི་མི་འགལ་པ་ཉིད་དོ། །ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །མདོར་ན་བརྒྱ་བྱིན་དང༌། ཚངས་པ་ཉིད་དང༌། ཁྱབ་འཇུག་ཆེན་པོ་ཉིད་དང༌། དབང་ཕྱུག་ཆེན་
པོ་ཉིད་ཀྱང་སྩལ་བར་བགྱིའོ་ཞེས་པ་ནི་དེ་དག་གི་ནུས་པ་དང༌། འབྱོར་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་དངོས་གྲུབ་སྟེར་བ་ཉིད་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་མདོར་ན་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་སྲས་ཀྱི་དམ་པ་དེ་ལ་བསྲུང་བ་དང༌། བསྐྱབ་པ་ལ་སོགས་པ་ཇི་སྐད་གསོལ་བ་བཞིན་དུ་མ་བགྱིས་པར་གྱུར་ན། བདག་གི་གནས་ལྷ་མ་ཡིན་གྱིས་བཤིག་པར་གྱུར་ཅིག །དཔག་བསམ་གྱི་ཤིང་སྐམས་པར་གྱུར་ཅིག །བདུད་རྩིའི་ཟས་དང་བྲལ་བར་གྱུར་ཅིག །བཅོམ་ལྡན་འདས་ཀྱི་བཀའ་བཅག་པར་གྱུར་ཅིག། ཅེས་པ་ལ་སོགས་པ་ནི་དེ་དག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དཔང་པོར་གསོལ་ཏེ། དམ་ཚིག་གི་མནའ་དམ་པོར་བསྐྱལ་བར་ཤེས་པར་བྱ་སྟེ། མནའ་ནི་ཤིན་ཏུ་མི་བཟད་པ་ཡིན་པའི་ཕྱིར་རིམ་གྲོ་ལ་སོགས་པའང་ཇི་སྐད་གསོལ་བ་བཞིན་དུ་བྱེད་ཅིང༌། དངོས་གྲུབ་ལ་སོགས་པའང་ཉེ་བར་འགྱུར་བ་ཉིད་དོ། །དེ་ལྟར་འཇིག་རྟེན་པའི་དཀྱིལ་འཁོར་དུ་འཇིག་རྟེན་པའི་དངོས་གྲུབ་པ་ལ་དགའ་བ་རྣམས་ལ་འཇིག་རྟེན་པའི་དཀྱིལ་འཁོར་བསྟན་ནས། ད་ནི་འཇིག་རྟེན་ལས་འདས་པའི་ཚེ་སྒྲུབ་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་ཀུན་དུ་གཟིགས་ནས་འཛུམ་པ་མཛད་པ་དང༌། འཁོར་གྱི་དཀྱིལ་འཁོར་དེ་དག་གཡོས། ཡང་དག་པར་གཡོས་འགུལ་རབ་ཏུ་འགུལ་ཡང་དག་པར་འགུལ། འབར་རབ་ཏུ་འབར། ཡང་དག་པར་རབ་ཏུ་འབར། དགོད་རབ་ཏུ་དགོད། ཡང་དག་པར་རབ་ཏུ་དགོད། རྩེ་རབ་ཏུ་རྩེ། ཡང་དག་པར་རབ་ཏུ་རྩེ་ཞིང་རྨད་ཀྱི་ངོ་མཚར་དུ་མའི་འཇིག་རྟེན་དུ་ཡང་དག་པར་རབ་ཏུ་སྣང་བར་གྱུར་ཏོ་ཞེས་གསུངས་པ་ནི་ལྷ་ལ་སོགས་པའི་འཇིག་རྟེན་པ་རྣམས་དམ་པའི་ཆོས་ལ་སྤྲོ་བ་ཆེན་པོ་བསྐྱེད་པར་བྱ་བ་དང༌། འབྲས་བུའི་ཆོས་རྒྱུ་ལ་ཉེ་བར་བསྟན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་དཀྱིལ་འཁོར་ལ་གཟིགས་ནས་ཞེས་པ་ནི་དགའ་བའི་ཚལ་དུ་འདུས་པ་ལྟ་ཞོག་གི །སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་སྤྱན་གྱིས་ཀུན་དུ་
གཟིགས་པའོ། །ཉིད་ཅེས་མོས་པ་བདག་པོ་དང་བཅས་པའི་ཚིག་ནི་སེམས་ཅན་ཐམས་ཅད་མངོན་པ་རྫོགས་པར་འཚང་རྒྱ་བར་མཛད་པར་དམ་བཅས་པའི་ཕྱིར་ཞལ་གྱིས་བཞེས་པའི་ཞིང་རྣམས་སོ། །འཛུམ་པ་མཛད་པ་ནི་རྣམ་པ་གཉིས་ཏེ། ཞལ་གྱི་འཛུམ་པ་མཛད་པ་དང༌། ཐུགས་རྡོ་རྗེ་ལ་དམ་པའི་ཆོས་རྒྱ་ཆེ་བ་ཟབ་མོ་ཡང་དག་པར་སྟོན་པར་འགྱུར་བ་ཉིད་དོ། །དེ་ལ་ཞལ་གྱི་འཛུམ་པ་མཛད་པ་ནི་དམ་པའི་ཆོས་འདི་ལ་སེམས་ཅན་རྣམ་གྲོལ་བར་འགྱུར་བ་ལ་དགྱེས་པ་ཉིད་དོ། །འཁོར་གྱི་དཀྱིལ་འཁོར་དེ་དག་ཡོངས་སུ་དག་པར་གཡོས་ཞེས་པ་ལ་སོགས་པ་ནི་དམ་པའི་ཆོས་འདི་ལ་བརྟེན་པའི་གང་ཟག་དེ་དག་ཡོངས་སུ་རྫོགས་པའི་མཐར་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་རྣམས་ཡང་དག་པར་གཡོ་བ་ལ་སོགས་པ་དང༌། འབར་བ་ལ་སོགས་པ་དང༌། བདུད་ཀྱི་ཚོགས་རྣམས་དགོད་པ་དང༌། ལྷ་དང་ལྷའི་བུ་མོ་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་རོལ་པ་དག །གཞན་ཡང་སྒྲ་དང༌། འོད་དན་སྐར་མངའ་ལ་སོགས་པའི་ངོ་མཚར་ཆོས་སྣ་ཚོགས་པ་ཡང་དག་པར་འབྱུང་བ་ལས་དགོངས་པའོ། །ཡང་དགའ་བའི་ཚལ་དུ་འདུས་པའི་འཁོར་དེ་དག་ཉིད་གཡོས་པ་ལ་སོགས་པ་འབྱུང་བ་སྟེ་དེ་ནི་ཕྱོགས་དང་པོར་ཤེས་པར་བྱའོ། །དེ་ནས་ཚངས་པ་ལ་སོགས་པ་ལྷའི་ཚོགས་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ནི་འཛུམ་པ་མ་མཛད་པའི་རྒྱུ་ཅི་ལགས། བཅོམ་ལྡན་འདས་དེའི་སླད་དུ་འཛུམ་པ་མཛད་པའི་རྒྱུ་གང་ལེགས་པ། ལུང་བསྟན་དུ་གསོལ་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་ཐེ་ཚོམ་ཡོངས་སུ་གཅོད་པའི་ཕྱིར་ཞུ་བ་སྟེ། དེ་ལ་ངོ་མཚར་ཁྱད་པར་ཅན་དག་འཇིག་རྟེན་དུ་བསྟན་པ་དང༌། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པ་ལ་ངེས་པར་གདོན་མི་ཟ་བར་རྒྱུ་བླ་ན་མེད་པ་ཅིག་ཡོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་རྣམས་རྒྱུའམ་
རྐྱེན་མ་མཆིས་པས་འཛུམ་པར་མི་མཛད་པས། ཅི་ལ་དགོངས་ཏེ་འཛུམ་པ་མཛད་ཅེས་ཡང་དག་པར་ཞུ་བའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པའི་ལྷ་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་འཆི་བདག་ཞི་བར་བྱེད་པ་དང༌། དུས་མ་ཡིན་པར་འཆི་བདག་འཇོམས་པར་བྱེད་པའི་རིགས་སྔགས་གཟི་བརྗིད་ཆེན་པོ་གང་ཡིན་པ་ཐོས་སམ་ཞེས་གསུངས་པ་ནི་ལྷ་ལ་སོགས་པའི་འཇིག་རྟེན་པ་རྣམས་དམ་པའི་ཆོས་ཁྱད་པར་ཅན་ལ་མྱུར་དུ་འཇུག་པར་བྱ་བའི་ཕྱིར་གསུངས་པ་སྟེ། དེ་ལ་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་སྟེ། ད་ནི་ཡོན་ཏན་ཁྱད་པར་ཅན་དུ་བྱ་བའི་ཕྱིར་གསུངས་པའོ། །འཆི་བདག་ཞི་བར་བྱེད་པ་ནི་དམ་པའི་ཆོས་སྒྲུབ་པའི་ཕྱིར་ཇི་སྲིད་ཉི་མ་དང༌། ཟླ་བ་འཇིག་རྟེན་དུ་གནས་ཀྱི་བར་དུ་འཚོ་བ་དང་ལྡན་པར་བྱེད་པའོ། །དུས་མ་ཡིན་པར་འཆི་བདག་འཇོམས་པ་ནི་ཐ་མལ་གྱི་གནས་སྐབས་ན་མི་ལ་སོགས་པ་རང་གི་ཚེའི་ཚད་དུ་མི་ཕྱིན་པར་རྐྱེན་གྱི་དབང་གིས་འཆི་བ་ལ་སོགས་པ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། དེ་ནི་བསྒྲུབ་པ་ཉམས་སུ་ལེན་པ་དང༌། སྐྱབས་སུ་གསོལ་བའི་བྱེ་བྲག་ཏུ་ཤེས་པར་བྱའོ། །རིག་པ་ནི་ཡེ་ཤེས་སོ། །སྔགས་ནི་ངན་སོང་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་བྱེད་པ་ཉིད་དོ། །གཟི་བརྗིད་ནི་སྟོབས་ཏེ། བདུད་ཀྱི་དཔུང་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པ་ཉིད་དང༌། ཆེན་པོ་ནི་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོར་འབྱུང་བར་བྱེད་པས་ནི་ཆེན་པོ་སྟེ། ཐོས་སམ་ཞེས་པ་ནི་འཇུག་པར་སྤྲོ་བ་བསྐྱེད་པར་ཤེས་པར་བྱ་བ་ཉིད་དོ། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་དེ་དག་ཡང་དག་པར་རབ་ཏུ་མགུ་སྟེ། བ་སྤུ་ལངས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། ལེགས་སོ་ཞེས་བྱ་བ་ནི་གསོལ་ཏོ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ་རྡོ་རྗེ་འཛི་པ་ལ་ལེགས་སོ་ལེགས་སོ། །གང་གི་སླད་དུ་ཚེ་ཐུང་བའི་སེམས་ཅན་རྣམས་ཚེ་བསྲིང་བར་བགྱི་བ་དང༌། དུས་མ་
ལགས་པར་འཆི་བདག་གིས་ཉེན་པ་རྣམས་དང༌། གང་གི་དུས་མ་ལགས་པར་འཆི་བ་ལས་རྣམ་པར་གྲོལ་བར་བགྱི་བ་དང༌། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་གི་རྒྱུད་ཐམས་ཅད་ལས་ཅི་ནས་ཀྱང་རྣམ་པར་གྲོལ་བར་བགྱི་བ་དང༌། འཁོར་བའི་འཇིགས་པས་སྐྲག་པར་སེམས་ཅན་རྣམས་བདེ་བླག་ཏུ་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས་མྱུར་དུ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་སླད་དུ་གཟི་བརྗིད་ཆེན་པོའི་སྟོབས་དང༌། མཐུ་ཆེན་པོའི་རིགས་སྔགས་བཤད་དུ་གསོལ་ཞེས་པ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར། དམ་པའི་ཆོས་ལ་ཡང་དག་པར་ཞུགས་པ་སྟེ། དེ་ལ་ཡང་དག་པར་མགུ་ནས་བ་སྤུ་ལངས་པ་ནི་འབྲས་བུའི་ཆོས་ལ་མངོན་པར་དགའ་བའོ། །ཕྱག་འཚལ་ནས་ལེགས་སོའི་ཚིག་བཞི་མངོན་པར་བསྟོད་པ་ནི་འབྲས་བུའི་ཆོས་བཞི་ལ་ཡང་དག་པར་བསྟོད་པའོ། །གང་གི་སླད་དུ་ཞེས་པ་ནི་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་བསྟན་པར་བྱ་བའི་ཕྱིར་དང༌། སེམས་ཅན་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་ཞེས་པ་སྟེ། རྒྱུའམ་གཏན་ཚིག་བརྗོད་པའོ། །ཚེ་ཐུང་པ་རྣམས་ཚེ་བསྲིང་བར་བགྱི་བ་དང་ཞེས་པ་ནི་སྒྲུབ་པའི་རྗེས་སུ་འབྲང་བ་རྣམས་སོ། །དུས་མ་ལགས་པར་འཆི་བདག་གིས་ཉེན་པ་རྣམ་པར་གྲོལ་བར་བགྱི་བ་ནི་སྐྱབས་སུ་གསོལ་བའི་གང་ཟག་རྣམས་ཏེ། དེ་དག་ནི་ཚངས་པ་ལ་སོགས་པས་དེའི་བྱེད་པའི་རྒྱུ་བྱེད་པར་ངེས་སོ། །ངན་སོང་དུ་སྐྱེ་བ་རྣམས་ངན་སོང་གི་རྒྱུད་ལས་ཅི་ནས་ཀྱང་རྣམ་པར་གྲོལ་བར་བགྱི་བར་ཞེས་པ་ནི། འདིར་འདས་པའི་སྒྲ་ཙམ་ཞིག་སྨོས་ནའང་མ་འོངས་པ་དང་ད་ལྟར་གསུམ་ཀ་ལ་ཤུགས་ཀྱིས་གོ་བར་བྱའོ། །སེམས་ཅན་ཕལ་པ་ལ་བསམས་ནས་སྨྲས་པ་ཡིན་པས་ན། དེ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བརྗོད་པར་བྱའོ། །འཁོར་བས་སྐྲག་པའི་སེམས་ཅན་རྣམས་བདེ་བླག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་སླད་དུ་ཞེས་པ་ནི་ལམ་ལ་ཞུགས་པའི་སེམས་ཅན་ཁྱད་པར་ཅན་དག་ལ་བསམས་ནས་སྨྲས་པ་སྟེ། དེ་ནི་བདག་གི་དོན་ཕུན་སུམ་ཚོགས་པར་ཤེས་པར་བྱའོ། །གཟི་བརྗིད་ཆེན་པོའི་སྟོབས་དང༌། མཐུ་ཆེན་པོའི་རིག་སྔགས་བཤད་དུ་གསོལ་ཞེས་པ་ནི་དེ་བཞིན་གཤེགས་པའི་གསང་སྔགས་དང༌། རིག་སྔགས་རྣམས་ཀྱིས་ཉོན་མོངས་པ་དང༌། བདུད་ཀྱི་ཚོགས་མ་ལུས་པར་ཡང་དག་པར་འཇོམས་པའི་ཕྱིར། གཟི་བརྗིད་ཆེན་པོའི་སྟོབས་ཞེས་བྱའོ། །མཐུ་ཆེན་པོའི་རིག་སྔགས་ཞེས་པ་ལ་དེ་ལ་འདིར་མཐུ་ནི་ཉམས་སུ་མྱོང་བ་ལ་མཐུ་ཞེས་ཟེར་ཏེ། ཉམས་སུ་མྱོང་བའི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་བདེ་བ་ཆེན་པོའི་སྐུ་མངོན་པར་གྲུབ་པ་ཉིད་དོ། །དེ་ལ་གང་དག་འདི་སྐད་དུ་ཅི་ཉམས་སུ་མྱོང་བ་ཞེས་པ་ནི་ཚོར་བ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཡིན་ན། གཉིས་སུ་མེད་པའི་ཡེ་ཤེས་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ་ཞེས་བརྗོད་པ་འགལ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་སྔར་གྱི་གནས་སྐབས་ལས་འདས་ན་གནས་སྐབས་གཞན་ཞིག་ཐོབ་པར་འགྱུར་བ་ལ་འདི་ལས་ཉམས་སུ་མྱོང་ངོ་ཞེས་ཟེར་ཏེ། དེ་བཞིན་དུ་འདིར་ཡང་ཚོར་བ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་ཞིང་དེ་ལ་འདི་ནི་བདེ་བའོ། །བདག་གི་བདེ་བ་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་མེད་དེ། སྔར་གྱི་འཁོར་བའི་ཆོས་ལས་འདས་ནས་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒས་པ་ཉིད་གནས་སྐབས་སྔ་མ་ལས་གནས་སྐབས་ཕྱི་མར་གྱུར་པའི་ཕྱིར་ཉམས་སུ་མྱོང་བ་ཞེས་བྱའོ། །དེ་ཉིད་འཁོར་བའི་སྡུག་བསྔལ་སྤངས་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བརྗོད་དེ། རྒྱ་ཆེ་ཞིང་ཟབ་མོ་མི་འགྱུར་བ་ཉིད་དོ། །དེ་ཡང་སྣང་བ་རིན་པོ་ཆེའི་མདོ་ལས་བཅོམ་ལྡན་འདས་ཀྱིས། སུ་ནི་ཡང་དག་ཡེ་ཤེས་ཏེ། །ཁ་ནི་མཁའ་ལྟར་དྲི་མེད་པས། །མི་རྟོག་ཡེ་ཤེས་བདེ་བ་ཆེ། །སྐད་ཅིག་དུས་དང་གནས་
སྐབས་ནི། །འོག་ནས་གོང་དུ་གྱུར་པ་ལས། །བདེ་ཆེན་ཉམས་སུ་མྱོང་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རིག་སྔགས་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ༌། །ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ་ཨ་པ་རི་མི་ཏ་ཨ་ཡུཿཔུ་ཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ། ཞེས་གསུངས་པ་ནི་དེ་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་འཆི་བདག་ཞི་བར་བྱེད་པ་ཞེས་བྱ་བའི་སྙིང་པོ་ཡོངས་སུ་གསུངས་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་རིག་སྔགས་ཞེས་བ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་རྣམ་པར་བྱང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ངོ་བོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཡིན་ལ། དེའི་སྙིང་པོ་ནི་ཡེ་ཤེས་སོ། །དེ་ཉིད་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་རིག་པའི་ཕྱིར་རིག་སྔགས་ཏེ། དེ་ཡང་དག་པར་གསུངས་པའོ། །གཅིག་ནི་ཀུན་ནས་ཉོན་མོངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེའི་སྙིང་པོ་ནི་གཏི་མུག་གོ །དེ་ཉིད་ཡང་དག་པར་རིག་པར་བྱེད་པའི་ཕྱིར་རིག་སྔགས་ཏེ། དེ་ཡང་དག་པར་གསུངས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་ཞེས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། དེ་ལ་སྐུ་རྡོ་རྗེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་བརྒྱན་པ་ཉིད་ཡིན་ལ། དེ་ནི་ཉོན་མོངས་པའི་ཚོགས་འཇོམས་པའི་ཕྱིར་རྡོ་རྗེ་ཞེས་བྱའོ། །གསུང་རྡོ་རྗེ་ནི་ཚངས་པ་ཆེན་པོའི་སྒྲས་འཇམ་ཞིང་ཡིད་དུ་འོང་བ། དམ་པའི་ཆོས་བླ་ན་མེད་པའི་བདུད་རྩི་ཡང་དག་པར་སྤྲོ་བ་ཡིན་ལ། དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པའི་ཕྱིར་རྡོ་རྗེ་ཞེས་བྱའོ། །ཐུགས་རྡོ་རྗེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་རང་བཞིན་གྱིས་འོད་གསལ་ཞིང༌། ཟབ་མོའི་དོན་དང་ལྡན་པ་དེ་ཡིན་ལ། དེ་ཉིད་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་
ཕྱིར་དང༌། ངོ་བོ་ཉིད་ལས་མི་འགྱུར་བའི་ཕྱིར་རྡོ་རྗེ་ཞེས་བྱའོ། །ཉིད་ནི་རང་སྟེ་སྐུ་ལ་བརྟེན་པའི་ཆོས་དང་གསུང་གིས་གསུངས་པ་དང༌། ཐུགས་ཀྱིས་མཉམ་པར་གཞག་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ཉིད་དོ། །དེ་ཇི་ལྟ་བུའི་དོན་དང་ལྡན་པ་ཞིག་ཕྱུང་སྙམ་པ་ལ་ཨོཾ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཨོཾ་ནི་གོ་འང་བཤད་ཟིན་ལ། འཇིག་རྟེན་འདིའི་བསོད་ནམས་ལས་བསོད་ནམས་ཀྱི་ཚོགས་ཆེན་པོ་བསྐྱེད་པའི་ཕྱིར་བསོད་ནམས་ཀྱི་བསོད་ནམས་ཞེས་བྱའོ། །དེ་ཉིད་བདག་ཉིད་ཆེན་པོ་དང་ལྡན་པའི་ཕྱིར་བསོད་ནམས་ཆེན་པོ་ཞེས་བྱའོ། །དེ་ཉིད་ཀྱི་ཚེ་ཡོངས་སུ་འཛིན་པའི་ཕྱིར་ཚེའི་བསོད་ནམས་ཞེས་བྱའོ། །དེ་ཉིད་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བསྐྱེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཉིད་ཀྱིས་ཚེའི་སྐད་ཅིག་ལ་ཡུན་རིང་བར་གནས་པའི་ཕྱིར་ཚེའི་བསོད་ནམས་ཞེས་བྱའོ། །ཚེ་རིང་བར་གནས་པ་ལ་རྒྱུ་བསོད་ནམས་ཀྱི་ཚོག་ཞེས་བྱ་བ་དང་རྒྱུ་བསོད་རྣམས་ཀྱི་ཚོགས་ལས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཐོབ་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་དང༌། དེ་དག་བརྗོད་ཀྱིས་མི་ལང་ཞིང་གཞལ་པ་ལས་འདས་པར་འཕེལ་བའི་ཕྱིར་དཔག་ཏུ་མེད་པ་ཞེས་བྱ་བ་དང༌། དེ་ལྟ་བུའི་ཚོགས་བསྐྱེད་པའི་ཕྱིར་ཞེས་བྱ་བ་ཉིད་ངོ༌། །དེ་དག་གི་སྔགས་ནི་གཉིས་སུ་མེད་པའི་ཡེ་ཤེས་སྙིང་པོ་དང་འདྲ་བ་སྐྱེ་བ་ཡིན་པའི་ཕྱིར་སྙིང་པོའི་རིག་པ་ཞེས་བྱ་བར་ཤེས་པར་བྱའོ། །ཨོཾ་ཏྲཾ་སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། །ཨོཾ་བྷྲཱཾ་སྭཱ་ཧཱ། སྙིང་པོ་ཉེ་བའི་སྙིང་པོའི་རིག་པའོ། །ཨོཾ་ཀྲུཾ་སྭཱ་ཧཱ། སྙིང་པོ་ཡང་དག་པར་བསྐུལ་བའི་རིག་པའོ། །ཨོཾ་ཏྲཾ་སྭཱ་ཧཱ། སྙིང་པོ་དམ་པའོ། །ཨོཾ་དྷཱཾ་སྭཱ་ཧཱ། གསང་བའི་སྙིང་པོའི་ཞེས་གསུངས་པ་ནི་དཀྱིལ་འཁོར་དང་ལས་དང༌། བྱ་བ་ལ་སོགས་པའི་རིམ་པའི་སྔགས་རྣམས་གསུངས་པ་སྟེ། དེ་ལ་འདི་དག་ནི་བསྙེན་པ་དང༌། ཉེ་བའི་བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་རྣམས་ཀྱི་བྱེ་བྲག་དང༌། བུམ་པའི་ལས་སུ་བྱ་བའི་རིམ་པ་དང༌། སྨན་དང༌། རིན་པོ་ཆེའི་སྣོད་རྣམས་སུ་བསྐྱེད་པའི་ཕྱིར་ཡིག་
འབྲུའི་དབྱེ་བ་དང༌། མཉམ་པར་གཞག་པའི་རྣལ་འབྱོར་གྱི་གནས་སྐབས་ན་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་པ་ཡོངས་སུ་གསུངས་པ་སྟེ། དེ་ལ་བསྙེན་པའི་སྐབས་སུ་ནི་སྔགས་དང་པོ་དང་གཉིས་པ་སྤྲེལ་ཏེ་ཟློས་པའི་ཕྱིར་སྙིང་པོ་དང༌། ཉེ་བའི་སྙིང་པོ་ཞེས་པའོ།། ཉེ་བའི་སྒྲུབ་པའི་སྐབས་སུ་ནི་གཉིས་པ་དང་གསུམ་པ་སྤྲེལ་ནས་ཟློས་པའི་ཕྱིར་ཉེ་བའི་སྙིང་པོ་ཞེས་པའོ། །སྒྲུབ་པའི་སྐབས་སུ་ནི་གསུམ་པ་དང་བཞི་པ་སྤྲེལ་ནས་ཟློས་པའི་ཕྱིར་སྙིང་པོ་ཡང་དག་པར་བསྐུལ་བའོ་ཞེས་པའོ། །སྒྲུབ་པ་ཆེན་པོ་སྐབས་སུ་ནི་བཞི་པ་དང་ལྔ་པ་སྤྲེལ་ནས་ཟློས་པའི་ཕྱིར་སྙིང་པོ་དམ་པ་ཞེས་པའོ། །དེ་ནས་དངོས་གྲུབ་ཡང་དག་པར་ལེན་པའི་སྐབས་སུ་ནི་སྔགས་དྲུག་ཟློས་པའི་ཕྱིར་གསང་བའི་སྙིང་པོ་ཞེས་པའོ། །བུམ་པའི་བྱ་བའི་སྐབས་སུ་དབུས་སུ་ནི་འོད་དང་པདྨའི་དབུས་སུ་བྷྲཱུཾ་ཞེས་བྱ་བས་བསྐོར་བའོ། ཤར་ཕྱོགས་ཀྱི་བུམ་པ་ལ་ནི་ཏྲཾ་ཞེས་བྱ་བས་བསྐོར་བའོ། །ལྷོ་ཕྱོགས་ཀྱི་བུམ་པ་ལ་ནི་ཏྲཾ་ཞེས་བྱ་བས་བསྐོར་བའོ། །ནུབ་ཕྱོགས་ཀྱི་བུམ་པ་ལ་ནི་དྷྲཾ་ཞེས་བྱ་བས་བསྐོར་བའོ། །བྱང་ཕྱོགས་ཀྱི་བུམ་པ་ལ་ནི་ཀྲུཾ་ཞེས་བྱ་བས་བསྐོར་བའོ། །ཡང་མར་གྱི་སྣོད་ལ་ནི་བྷྲཱུཾ་ཞེས་བྱ་བས་བསྒྱུར་བར་བྱ་བ་དང༌། མུ་ཏིག་ལ་སོགས་པའི་སྨན་དང༌། རིན་པོ་ཆེ་ལ་ནི་ཏྲཾ་ཞེས་བྱ་བས་བསྒྱུར་བ་དང༌། གསེར་ལ་སོགས་པའི་སྨན་ལ་ནི་ཏྲཾ་ཞེས་བྱ་བས་བསྒྱུར་བ་དང༌། བྱི་རུ་ལ་སོགས་པའི་སྨན་ལ་ནི་ཧྲཾ་ཞེས་བྱ་བས་སྦྱར་བ་དང༌། རྡོའི་སྙིང་པོ་ལ་སོགས་པའི་སྨན་ལ་ནི་ཀྲུཾ་ཞེས་བྱ་བས་བསྒྱུར་བར་ཤེས་པར་བྱའོ། །མཉམ་པར་གཞག་པའི་རྣལ་འབྱོར་གྱི་གནས་སྐབས་ན་ནི་བྷྲཱུཾ་ཞེས་བྱ་བའི་སྙིང་པོ་ནི་སྙིང་གར་བསྐྱེད་པའི་ཕྱིར་དང༌། ཏྲཾ་ཞེས་བྱ་བའི་སྙིང་པོས་ནི་མགྲིན་པར་བསྐྱེད་པ་དང༌། ཏྲཾ་ཞེས་བྱ་བའི་སྙིང་པོས་ནི་ལྟེ་བར་བསྐྱེད་པ་དང༌། ཧྲཾ་ཞེས་བྱ་བའི་སྙིང་པོས་ནི་གསང་བའི་གནས་སུ་བསྐྱེད་པ་དང༌། ཀྲུཾ་ཞེས་བྱ་བའི་སྙིང་པོས་ནི་རྐང་བའི་མཐིལ་དུ་བསྐྱེད་པར་བྱ་བ་ཉིད་ཀྱི་ཕྱིར་ཉེ་བའི་སྙིང་པོ་ཞེས་པ་ལ་སོགས་པ་རིམ་པ་གསུངས་པ་ཉིད་དེ། དེ་ལ་དང་པོ་ནི་བཅོམ་
ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་བསྐྱེད་པའི་ས་བོན་ནོ། །གཉིས་པ་ནི་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བསྐྱེད་པའི་ས་བོན་ནོ། །གསུམ་པ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་བསྐྱེད་པའི་ས་བོན་ནོ།། བཞི་པ་ནི་ནམ་མཁའི་སྙིང་པོ་བསྐྱེད་པའི་ས་བོན་ནོ། །ལྔ་པ་ནི་སྤྱན་རས་གཟིགས་དབང་ཕྱུག་བསྐྱེད་པའི་ས་བོན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། འཁོར་ལོ་རྩིབས་བཞི་པར་བྱས་ལ། དེའི་དབུས་སུ་ནི་དེ་བཞིན་གཤེགས་པ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་མིང་བྲིས་ཏེ། བྷྲཱུཾ་ཞེས་བྱ་བའི་སྙིང་པོའོ། །དེའི་སྤྱན་སྔར་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོའོ། །གཡོན་པ་ཁྲོ་བོ་སྟེ། ཀྲུཾ་ཞེས་བྱ་བའི་སྙིང་པོའོ། །གཡས་པར་ནི་ནམ་མཁའི་སྙིང་པོ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོའོ། །རྒྱབ་ཏུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། ཧྲཾ་ཞེས་བྱ་བའི་སྙིང་པོའོ། །ད་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་ལ་ནི་རིག་སྔགས་རྣམས་བྲིའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བ་རྣམས་རང་རང་གི་སྙིང་པོ་དང་བཅས་པ་བྲི་བར་བྱའོ་ཞེས་གསུངས་པ་དེ་དག་དཀྱིལ་འཁོར་ཡོངས་སུ་གསུངས་པ་སྟེ། དེ་ལ་དང་པོ་གནས་ཡིད་དུ་འོང་བ་རྣམས་སུ་ས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ཐིག་ལེགས་པར་བཏབ་སྟེ། དབུས་ཀྱི་འཁོར་ལོ་ཁ་དོག་དཀར་པོ་རྩིབས་བཞི་པ་ལྟེ་བ་དང་མུ་ཁྱུད་དུ་ལྡན་པ་གཅིག་བྲི་བར་བྱའོ། །དེའི་བར་བཞི་ནི་བདུད་རྩིའི་བུམ་པ་ཁ་དོག་དཀར་པོ་རིན་པོ་ཆེའི་ཁ་རྒྱན་དང་བཅས་པ་བཞི་བྲི་བར་བྱའོ། །འཁོར་ལོའི་མཐའ་མ་ནི་པདྨའི་ཕྲེང་བས་བསྐོར་ཞིང་དེའི་ཕྱི་རོལ་དུ་འོད་ཟེར་ཁ་དོག་དཀར་པོ་ཕྱོགས་བཅུར་འཕྲོ་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ནི་སྒོ་དང་རྟ་བབས་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་ལེགས་པར་བརྒྱན་ཅིང་མཛེས་པ་དང་ཡིད་དུ་འོང་བར་བྱའོ། །དེའི་ཕྱི་རོལ་དུ་ནི་རྡོ་རྗེ་ལ་སོགས་པའི་
ཕྲེང་བ་གསུམ་གྱིས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ནི་ཞོ་ལ་སོགས་པ་བཀྲ་ཤིས་ཀྱི་རྫས་བརྒྱད་དཔག་བསམ་གྱི་ཤིང་དང་བཅས་པ་བྲི་བར་བྱ་བ་དང༌། གཞན་ཡང་རྫིང་བུ་དང་འབབ་ཆུ་དང་ཉ་དང་རུས་སྦལ་དང་སྦལ་པ་དཀར་པོ་དང་པདྨའི་ཚལ་དང་ཨུཏྤལའི་ཚལ་སྨན་གྱི་འབྲས་བུ་ལ་སོགས་པ་བྲི་བར་བྱའོ། །དེའི་དབུས་སུ་ནི་པདྨ་འདབ་མ་བཅུ་དྲུག་པའི་སྟེང་དུ་བཅོམ་ལྡན་འདས་ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་དེ་བཞིན་གཤེགས་པའི་ཆ་ལུགས་ཅན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ། ཕྱག་གཡས་པ་མི་འཇིགས་པ་སྦྱིན་པ་གཡོན་པ་མཆོག་སྦྱིན་དུ་མཛད་པ་བྲི་བར་བྱའོ། །དེའི་གཡས་གཡོན་གཉིས་སུ་ནི་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་དང༌། ཡུམ་རིག་འཛིན་མ་གཉིས་པ་པདྨའི་སྟེང་དུ་ཤིང་ཐོག་ཨ་རུ་ར་འཛིན་པ་དང༌། བདུད་རྩིའི་བུམ་པ་ཐོགས་པ་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་ཕོ་བྲང་གི་ཁ་དོག་དམར་སེར་དུ་བྱས་པའི་སྟེང་དུ་རྩ་བའི་སྔགས་རྣམས་བྲི་བར་བྱ་ཞིང་རིན་པོ་ཆེའི་ཕྲེང་བས་བསྐོར་བ་ཉིད་དོ། །དེའི་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་ནི་པདྨའི་སྟེང་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཤིན་ཏུ་ཞི་བའི་ཆ་ལུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་བསྣམས་པ། གཡོན་པས་མཆོག་སྦྱིན་པ་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་འཁོར་ལོའི་རྩིབས་ལ་ནི་འཕགས་པ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ལ་བཞིན་འཛུམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པས་རལ་གྲི་འཛིན་པ་གཡོན་པ་མཆོག་སྦྱིན་པ་པདྨའི་སྟེང་དུ་བཞུགས་པ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཞིན་འཛུམ་པ་ཕྱག་གཡས་པས་མཆོག་སྦྱིན་པ་ལས་བདུད་རྩེ་འཛག་པ་ལ་གཡོན་པས་པདྨ་དམར་པོ་ཡུ་བ་དང་བཅས་པ་འཛིན་པ་བྲི་བར་བྱའོ། །བྱང་
ཕྱོགས་ཀྱི་རྩིབས་ལ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་སྨོས་པའི་ཆ་ལུགས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་གྱི་གྲྭ་བཞིར་ནི་སྒེག་མོ་ལ་སོགས་པ་རང་རང་གི་ཁ་དོག་དང་མཚན་མས་མཚན་པ་བྲི་བར་བྱའོ། །སྒོ་བཞིར་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་སྐྱོང་བ་བཞི་དགོད་པར་བྱ་བ་ཉིད་དོ། །བུམ་པ་ལྔའམ་བརྒྱད་འཁོར་ལོས་སྒྱུར་བའི་སྔགས་ཀྱིས་བཏབ་ལ་བཞག་གོ །བདུག་པ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ལ་ནི་ལས་ཐམས་ཅད་པའི་ཁྲོ་བོའི་སྔགས་ཀྱིས་བཏབ་ལ་གཞག་པར་བྱ་བ་ཉིད་དོ་ཞེས་གསུངས་པ་ནི་མཆོད་པའི་རྫས་བསག་པར་བྱ་བ་གསུངས་པ་སྟེ། དེ་ལ་དང་པོར་བསྙེན་པ་བྱས་པའི་བུམ་པ་ཁ་དོག་དཀར་པོ་གཅིག་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྨན་དང་སྤོས་ལ་སོགས་པས་བཀང་བ་གཅིག་ནི་རང་གི་མདུན་དུ་གཞག་པར་བྱའོ། །དེའི་མཐའ་མ་རྣམས་སུ་ནི་བུམ་པ་ཁ་དོག་དཀར་པོ་ལྔ་ལ་པདྨ་འདབ་མ་བཅུ་དྲུག་པ་འོད་དང་བཅས་པ་བྲིས་ལ། དེའི་ལྟེ་བ་ལ་ལྷ་སོ་སོའི་ཕྱག་རྒྱ་བྲིས་ནས་པདྨའི་འདབ་མ་ལ་ཡིག་འབྲུའི་རྣམ་པ་བྷྲཱུཾ་དང་ཛྷི་ལ་སོགས་པ་བཅུ་དྲུག་ཏུ་འཁོར་བར་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་འོད་ལ་ནི་ཁྱབ་པར་འབྱུང་བ་རྡོ་རྗེའི་སྐབས་སུ་གསུངས་པའི་གསང་སྔགས་རྣམས་རང་རང་གི་རིག་པ་ཇི་ལྟ་བ་བཞིན་པས་བྲི་བར་བྱའོ། །གཞན་ཡང་འདིར་ནི་མཆོད་པའི་ཚོགས་བསག་པ་ནི་བུམ་པ་དེ་དག་གི་ནང་དུ་དྲི་དང༌། འོ་མ་དང། སྨན་གྱི་རྣམ་པ་འབྱོར་ཚད་དང༌། འབྲས་ཐུག་དང་སྙིང་པོ་ལ་སོགས་པས་རྫོགས་པར་བྱ་བ་དང༌། རས་ལ་སོགས་པ་ཁ་དོག་དཀར་པོ་རྣམས་ཀྱིས་མགུལ་བཅིངས་པ་དང༌། པདྨ་ལ་སོགས་པའི་འབྲས་བུ་དང༌། མེ་ཏོག་དང་ལོ་མར་ལྡན་པ་རྣམས་ཀྱིས་ཁ་རྒྱན་ལེགས་པར་བྱས་པ་དང༌། མེ་ཏོག་དང་བདུག་པ་དང་དྲི་དང་ཞལ་ཟས་དང་སྣང་བ་དང༌། བཏུང་བའི་རྣམ་པ་དང༌། བཅའ་བའི་རྣམ་པ་རྣམས་ནི་བརྒྱ་རྩ་བརྒྱད་དུ་ཡང་དག་པར་བསྔགས་པས་རྒྱུད་གཞན་ནས་ཡོངས་སུ་གསུངས་པའོ། །མཐའ་འཁོབ་ལ་སོགས་པར་ཤིན་
ཏུ་དཀའ་བར་གྱུར་ནའང་ལྔའམ་བཅུ་ལས་ཉུང་དུ་མི་རུང་པས་ཁོ་ནས་མི་བྱ་བ་ཉིད་དོ། །དེ་ལ་བདུག་པ་ལ་སོགས་པ་ལ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ་ལ་གཞག་པར་བྱ་བ་དང༌། བུམ་པ་རྣམས་ལ་ནི་གོང་དུ་གསུངས་པའི་རྩ་བའི་རིགས་བརྒྱ་རྩ་བརྒྱད་ལ་སོགས་པར་བསྔགས་ལ་གཞག་པར་བྱ་བ་ཉིད་དོ། །དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ། བདེ་བར་གཤེགས་པ་སྲས་དང་བཅས་ཤིང་རིག་པ་དང་ལྷན་ཅིག་སྤྱན་དྲངས་ལ་བདག་ཉིད་དབང་བསྐུར་བར་བྱའོ། །དེ་ནས་སྐྱིལ་མོ་ཀྲུང་བཅས་ལ་འདུག་ལ་མཉམ་པར་བཞག་ལ་སྟོང་ངམ་བརྒྱ་བཟླས་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པའམ། དེ་ནས་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་མངོན་སུམ་དུ་མཐོང་བ་ན་ཅི་འདོད་པའི་མཆོག་སོ་སོར་ཐོབ་པར་འགྱུར་རོ།། ཅི་སྟེ་མཉམ་པར་མ་བཞག་ནའང་དེའི་ཚེ་ཡིད་ཀྱི་ལས་ནུས་པ་དང་སྟོབས་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་ནི་ཉེ་བའི་སྒྲུབ་པ་གསུངས་པ་སྟེ། དེ་ལ་དང་པོ་བདག་ཉིད་དྲི་དང༌། འོ་མ་དང༌། བའི་རྣམ་ལྔ་ལ་སོགས་པས་ཁྲུས་ལེགས་པར་བྱས་ལ་ག་བུར་ལ་སོགས་པས་ལུས་བྱུགས་ཏེ། གོས་དཀར་པོ་ཁ་དོག་གཙང་མ་གྱོན་ནས། དབུ་རྒྱན་དང་རྣ་ཆ་དང༌། གདུ་བུ་དང༌། མགུལ་རྒྱན་དང༌། སོར་གདུབ་རྣམས་ཀྱིས་ལེགས་པར་བརྒྱན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ནས་རང་གི་ས་བོན་ལས་འོད་ཟེར་སྤྲོས་ནས་བདེ་བར་གཤེགས་པ་སྲས་དང་རིག་པར་བཅས་པ་སྤྱན་དྲངས་ལ། ཨརྒྷ་ལ་སོགས་པས་ཞབས་བསིལ་ཏེ། ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས་དགུག་པ་དང༌། གཞུག་པ་དང་བཅིང་བ་དང་དགྱེ་བ་རྣམས་བྱས་ལ། གཉིས་སུ་མེད་པར་བྱས་ནས། མཆོད་པའི་ཚོགས་ཀྱིས་ཡོངས་སུ་མཆོད་དེ། གོང་དུ་གསུངས་པའི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཞུགས་ལ། བཅོམ་ལྡན་འདས་ལ་དབང་རིམ་པ་ཇི་ལྟ་བ་བཞིན་དུ་ནོད་པར་བྱའོ། །དེ་ནས་གནང་བ་ལེགས་པར་ཐོབ་པ་དང༌། སྟན་བདེ་བ་ལ་འདུག་སྟེ། སྙིང་པོ་དང་ཉེ་བའི་
སྙིང་པོའི་བར་དུ་དབྱངས་ཀྱི་ཡི་གེ་གཉིས་པ་དང༌། མཐར་གནས་ཀྱི་དང་པོ་ལ་དབྱངས་ཀྱི་ཡི་གེ་ལྔ་པ་བཏགས་པས་འབུམ་ཕྲག་གཅིག་གམ་ཁྲི་ཕྲག་གཅིག་གི་བར་དུ་དག་གི་སྤྱོད་ཡུལ་ལས་འདས་ཤིང༌། པདྨའི་དཀྱིལ་འཁོར་ནས་པདྨའི་དཀྱིལ་འཁོར་དུ་བཟླས་པར་བྱ་སྟེ་དེ་ནི་རྡོ་རྗེ་བཟླས་པ་ཞེས་བྱའོ། །དེ་ཉིད་འོད་ཟེར་ཁ་དོག་དཀར་པོ་ཤིན་ཏུ་གསལ་ཤིང་འཚེར་བ་སྟོང་གསུམ་གྱི་སྟོང་ཐམས་ཅད་དུ་རབ་ཏུ་ཁྱབ་པའི་འོད་ དང་ལྡན་པས་རིན་པོ་ཆེའི་ཕྲེང་བའི་ཚུལ ་དུ་བསྒོམ་པར་བྱའོ། །དེ་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྣང་བའི་ཆའམ། མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་དེ་བཞིན་གཤེགས་པའམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའམ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གམ་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་སོགས་པ་སྣང་བར་གྱུར་པ་ནི་བདག་དང་གཞན་གྱི་དོན་མ་ལུས་པར་གྲུབ་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ངེས་པ་ཉིད་དོ། །དེ་ཉིད་ལས་གཞན་པ་གཟུགས་གཡོ་བའམ་སེམས་ཀྱི་བདེ་བ་ལ་སོགས་པ་རང་གིས་ཡང་དག་པར་རིག་པར་གྱུར་བ་ནའང་དངོས་གྲུབ་ལ་སོགས་པ་ཉེ་བར་གྱུར་པ་དང་བྱིན་གྱི་རླབས་ཆེན་པོར་གྱུར་པའོ། །ཅི་སྟེ་མཉམ་པར་མ་བཞག་པ་ཞེས་པ་ནི། ཕྱི་རོལ་དུ་དམིགས་པའི་བཟླས་པ་བྱ་བ་སྟེ། དེས་ཀྱང་གྲངས་སུ་ཐེམ་པར་འགྱུར་བ་ནི་ཕྱིས་དབང་བསྐུར་བ་དང༌། བསམ་པའི་ཁྱད་པར་ཐམས་ཅད་གུས་པ་དང་ལྡན། སྟོབས་དང་ལྡན་བྱིན་གྱི་རླབས་དང་ལྡན་པར་འགྱུར་བ་སྟེ། དེ་ནི་སྔགས་ཀྱི་མཐུ་ལས་བྱུང་བར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏས་མ་ཡ་མ་ཏི་ཀྲ་མ་ཏ་ཐཱ་ག་ཏ་ས་མ་ཡ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བསྐྱེད་ལ་སློབ་མ་རྣམས་གཞུག་པར་བྱའོ་ཞེས་པ་ནི་སྒྲུབ་པའི་རིམ་པ་གསུངས་པ་སྟེ། དེ་ལ་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་སྟེང་དུ་སྔགས་གཉིས་པའི་ཡིག་འབྲུ་བསྐྱེད་ལ། དེ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པར་གྱུར་ཏེ། དེ་དག་
ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསམས་ལ། ཨོཾ་བཛྲ་དྷ་ར་ས་མ་ཡ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བསྐྱེད་པར་བྱ་བ་དང༌། དེ་བཞིན་དུ་དཔྲལ་བར་སྙིང་པོ་ལྔ་པ་ལས་རིན་པོ་ཆེ་བསམས་ལ་དེ་དག་གྱུར་པ་ལས་ནམ་མཁའི་སྙིང་པོའི་ང་རྒྱལ་བསྐྱེད་པ་དང༌། ལྐོག་མར་སྙིང་པོ་དྲུག་པ་ལས་པདྨ་བསམས་པ་ལས་དེ་གྱུར་པ་ལས་སྤྱན་རས་གཟིགས་དབང་ཕྱུག་ཏུ་ང་རྒྱལ་བསྐྱེད་པ་དང༌། ལྟེ་བར་སྙིང་པོ་བཞི་པ་ལས་རལ་གྲིར་བསམས་ལ་དེ་གྱུར་པ་ལས་ཁམས་གསུམ་རྣམ་པར་རྒྱལ་བར་བསྐྱེད་པ་དང༌། ཡན་ལག་ཐམས་ཅད་ལ་སྙིང་པོ་གསུམ་པ་རྩའི་སྦུབས་སུ་ཞུགས་པ་ལས་འཁོར་ལོ་བསམས་ལ་དེ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ང་རྒྱལ་བསྐྱེད་པར་བྱ་བ་ཉིད་དང༌། རྡོ་རྗེ་འཛིན་མའི་ཕྱག་རྒྱ་ནི་གོང་དུ་གསུངས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་བསམ་པ་དང་མཐུན་པར་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་དོ། །དེ་ནས་འདིས་མེ་ཏོག་དོར་བར་བྱའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ། དེ་ནས་ཕྲེང་བ་ཉིད་ཀྱིས་མགོ་ལ་བཅིངས་ཏེ། དབང་བསྐུར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་བྷྲཱུཾ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་བཛྲཾ། ཨོཾ་རཏྣ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཾ། ཨོཾ་པདྨ་པདྨ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཾ། ཨོཾ་ཀརྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཀྲུཾ། ཞེས་པ་ལ་སོགས་པ་ནི་དབང་བསྐུར་བའི་རིམ་པ་གསུངས་པ་སྟེ། དེ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བའོ།། དེ་ལ་དང་པོ་སློབ་མ་དེ་ཁྲུས་ལ་སོགས་པ་ལེགས་པར་བྱས་ལ། རྒྱན་གྱིས་བརྒྱན་ནས་སྡིག་པ་བཤགས་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ནས། རས་ལ་སོགས་པས་མིག་བཀབ་སྟེ། རིན་པོ་ཆེའམ་མེ་ཏོག་རྣམས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ་ཞེས་མེ་ཏོག་དོར་བར་བྱའོ། །དེ་ནས་པྲའི་མཚན་མ་ལེགས་པར་གྱུར་པ་དང༌། གོང་དུ་གསུངས་པའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རིམ་པ་ཇི་ལྟ་བ་བཞིན་དུ་
བསྟན་ཏེ། སྡོམ་པ་གཟུང་བ་དང་རྡོ་རྗེ་ཐེག་པ་ལ་ཁས་ཡང་དག་པར་འཆེས་པར་བྱས་ནས། མེ་ཏོག་གི་ཕྲེང་བ་དེ་ཉིད་མགོ་ལ་བཅིངས་ཏེ། ཆུ་ལ་སོགས་པའི་དབང་རིམ་པ་ཇི་ལྟ་བ་བཞིན་དུ་བསྐུར་བར་བྱའོ། །དེའི་རྗེས་ལ་གོང་དུ་གསུངས་པའི་བུམ་པ་ལྔས་དབང་བསྐུར་བར་བྱའོ། །དེའི་རྗེས་ཐོགས་སུ་བདག་ཉིད་གོང་དུ་གསུངས་པའི་ལྷའི་ང་རྒྱལ་དང་ལྡན་པར་བྱས་པ་ལས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་བྷྲཱུཾ་ཞེས་པ་ལ་སོགས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ནས་ཁྱད་པར་འབྱུང་བའི་རྡོ་རྗེར་གསུངས་པའི་དབང་ཕྲེང་བ་དང་ཕྱག་རྒྱ་དང་ལས་དང༌། གཟུངས་དང་གསང་བ་དང་ཐབས་དང་ཤེས་རབ་དང༌། འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་དབང་བཅུ་རྫོགས་པར་བསྐུར་བར་བྱ་བ་ཉིད་དོ། །དེ་ཡང་འདིར་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་རིགས་ཀྱི་མཚན་ལན་གཉིས་སྨོས་པ་ནི་སྤྲུལ་པ་ལ་དགོངས་ནས་གསུངས་པ་སྟེ། སྤྲུལ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུའི་སྤྲུལ་པ་ཡིན་དུ་ཟིན་ཀྱང༌། འབྲས་བུའི་ས་ལ་གནས་པ་དང༌། ལམ་གྱི་ས་ལ་གནས་པ་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་རྣམས་སྤྲུལ་པའི་སྤྲུལ་པར་འདོད་དོ། །དེ་བཞིན་གཤེགས་པའི་དབང་ལ་རྡོ་རྗེའི་རིགས་ཀྱི་མཚན་སྨོས་པ་ནི་འདིར་ཚེ་དཔག་མེད་ཀྱི་སྒྲུབ་པ་ཡིན་པའི་ཕྱིར་ཚེ་རྡོ་རྗེ་དང་འདྲ་བར་བྱེད་པས་ན་རྡོ་རྗེའི་ཚིག་སྨོས་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་དམ་ཚིག་དང་བཀའི་དབང་བསྐུར་བར་བྱའོ། །དེ་ལ་དམ་ཚིག་ནི། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་མི་སྤང་ཞིང༌། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ཞིང༌། །བརྫུན་དུ་སྨྲ་བར་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །ཉེས་པ་ཀུན་གྱི་གཞིར་གྱུར་པའི། །ཆང་ནི་བཏུང་བར་མི་བྱ་ཞིང༌། །བླ་མ་སྨད་པར་མི་བྱ་སྟེ། །དེ་ཡི་གྲིབ་མའང་མི་འགོམ་ཞིང༌། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱའང་མི་སྨད་ན། །ལྷ་རྣམས་ལ་ལྟ་སྨོས་ཅི་དགོས། །གལ་ཏེ་གླེན་
པས་སྨད་ན་ནི། །འདིར་ནི་ནད་ཀྱིས་འཆི་འགྱུར་ཞིང༌། །ཕ་རོལ་མནར་མེད་མི་བཟད་པའི། །དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །སྙིང་དང་ལྷ་ཡི་གྲིབ་མ་དང༌། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ།། མཁས་པས་དཀོན་མཆོག་གསུམ་སོགས་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་བརྩོན་ལ་སོགས་རྣམས། །སྙིང་རྗེས་བསྒྲལ་ཏེ་གསད་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང༌། །རྟག་ཏུ་སེམས་ཅན་གནོད་བརྩོན་དང༌། །དམ་ཚིག་ཉམས་རྣམས་མཁས་པས་ནི། །སྔགས་དང་མཐུ་དང་སྦྱོར་བས་བསད། །རྫས་དང་ལྡན་ཞིང་སེར་སྣ་ཅན། །ཤིན་ཏུ་འཆུམས་པའི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པ་བྱ། །བླ་མ་ལ་ནི་མཆོད་པ་དང༌། །དེ་ལྟར་དམ་ཚིག་བསྒྲུབ་པ་དག །དཀྱིལ་འཁོར་ཕྱིར་དང་སྤུན་རྣམས་དང༌། །དེ་བཞིན་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་བདག་པོའམ། །ཕྱུག་པོ་རྣམས་ཀྱི་ནོར་ཕྲོག་གོ །སེམས་ཅན་རྣམས་ལ་ཕན་སྤྱོད་དང༌། །དེ་བཞིན་བླ་མའི་ནོར་རྣམས་དང༌། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་གྱི་ཚིག་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང༌། །དམ་ཚིག་ཡོངས་སུ་བསྲུང་བ་དང༌། །སྔགས་མཁན་གྱིས་ནི་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་སྤྱད་ཅིང་ཀུན་ཟོས་ཀྱང༌། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་ལ་སྨོས་ཅི་དགོས། །ཞེས་པ་ལ་སོགས་པ་གསུངས་པ་ནི་དམ་ཚིག་གི་དབང་བསྐུར་བ་གསུངས་པ་སྟེ། དེ་ལ་དེ་དག་ལས་དཀོན་མཆོག་མི་སྤང་བ་དང༌། བྱང་ཆུབ་ཀྱི་སེམས་མི་སྤང་བ་དང༌། བླ་མ་དམ་པ་མི་སྤང་བ་དང༌། སྲོག་གཅོད་པ་ལས་སླར་ལྡོག་པ་དང༌། མ་བྱིན་པར་ལེན་པ་ལས་སླར་ལྡོག་པ་དང༌། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པ་དང༌། བརྫུན་དུ་སྨྲ་བ་ལས་སླར་ལྡོག་པ་དག་ནི་རྩ་བའི་དམ་ཚིག་བདུན་ཞེས་བྱ་སྟེ། དེ་དག་ཉམས་པར་གྱུར་པ་ནི་ཐེག་པ་ཆེན་པོའི་ལམ་ལས་ལྟུང་
བར་གྱུར་པ་དང༌། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་ངེས་པས་ན། དེ་ལ་གསོ་བར་བྱ་བའི་ཐབས་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཞུགས་ཤིང་དབང་མནོས་ནས་སྦྱིན་སྲེག་འབུམ་དང༌། གཏོར་མ་དང་ཡི་གེ་བརྒྱ་པའི་སྙིང་པོ་འབུམ་དང༌། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་སྙིང་པོ་ལ་སོགས་པས་ཡོངས་སུ་དག་པར་བྱ་བ་ཉིད་དོ། །དེས་ནི་སྡིག་པའི་རྒྱུད་ལས་རྣམ་པར་ཐར་བར་འགྱུར་ཏོ། གཞན་དུ་ནི་མ་ཡིན་ནོ། །དེ་ལ་དཀོན་མཆོག་གསུམ་མི་སྤང་བ་ནི་དེ་དག་ལ་མ་གུས་པ་དང༌། རྒྱབ་ཀྱིས་ཕྱོགས་པར་མི་བྱ་བ་ཉིད་དོ། །བྱང་ཆུབ་སེམས་མི་སྤང་བ་ནི་གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་མི་སྤང་པའོ། །བླ་མ་མི་སྤང་བ་ནི་བླ་མ་དམ་པ་རྣམས་ལ་མ་གུས་པ་དང༌། ཁྱད་དུ་གསོད་པ་ལ་སོགས་པ་མི་བྱ་བ་ཉིད་དོ། །སྲོག་གཅོད་པ་ནི་རྣམ་པ་གཉིས་ཏེ། བསམས་བཞིན་དུ་གདུག་པའི་སེམས་དང་ལྡན་པས་མིའི་འགྲོ་བ་བསང་ན་ལྟུང་བར་འགྱུར་བའོ། །དུད་འགྲོའམ་སྤྲུལ་པ་ལ་སོགས་པ་ནི་ཉེས་པ་སྦོམ་པོ་ཡིན་ཏེ། དེ་ནི་གཏོར་མས་འདག་པར་གསུངས་སོ། །མ་བྱིན་པར་ལེན་པ་ནི་རྣམ་པ་བཞི་སྟེ། བླ་མའི་རྫས་དང༌། ཕྱོགས་བཞིའི་དགེ་འདུན་གྱི་རྫས་དང༌། འཕགས་པའི་དཀོར་དང་སྦྱིན་པའི་བདག་པོ་རྣམས་ཀྱི་རྫས་ཏེ། དེ་དག་གི་ཉེས་པས་ནི་གོང་དུ་སྨོས་པ་རྣམ་པར་སྦྱང་ངོ༌། །སེམས་ཅན་གཞན་དང་དུད་འགྲོ་ལ་སོགས་པའི་རྫས་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ཕ་རོལ་གྱི་བུད་མེད་མི་སྤྱད་པ་ནི་གཉིས་ཏེ། འཁོར་བའི་ལོངས་སྤྱོད་རེག་བྱའི་བདེ་བ་ལ་ཆགས་པ་དང༌། གཟུགས་ལ་ཆགས་པས་བདག་པོ་དང་བཅས་པའི་བུད་མེད་ལ་སྤྱོད་པ་དང༌། རྙེད་པ་དང་བཀུར་སྟིའི་ཕྱིར་བདག་པོ་དང་བཅས་བའི་བུད་མེད་ལ་སྤྱོད་པ་སྟེ། གཞན་གྱིས་བདག་གིར་མ་བྱས་པའི་བུད་མེད་ལ་རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཆེད་དུ་སྤྱོད་པ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བརྫུན་དུ་སྨྲ་བ་
ནི་གཉིས་ཏེ། དམ་པའི་ཆོས་ལོག་པར་སྟོན་པ་དང༌། བདག་ཉིད་ཡོན་ཏན་གྱི་ཚོགས་དང་མི་ལྡན་པར་གཞན་གྱི་རྙེད་པ་བསྡུ་བའི་ཕྱིར་རང་གི་ཡོན་ཏན་གྱི་ཚོགས་དང་ལྡན་པར་སྨྲ་ཞིང་གཞན་བསླུ་བ་སྟེ། དེ་ལས་གཞན་པའི་བརྫུན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །རྩ་བའི་དམ་ཚིག་ནི་གོང་དུ་སྨོས་པ་ལས་ཤེས་པར་བྱ་བ་ཉེས་པ་སྦོམ་པོ་ནི་གཏོར་མ་དང་ཡི་གེ་བརྒྱ་པ་དང༌། སྦྱིན་སྲེག་ལ་སོགས་པ་གང་ཡང་རུང་བས་བཤགས་པར་བྱ་བ་ཉིད་དོ། །ཆང་ནི་ཉེས་པ་སྦོམ་པོ་རྣམས་ཀྱི་ནང་ན་ལྕི་བ་སྟེ། དེ་ནི་རྣམ་པ་གསུམ་མོ། ཉེས་པ་སྦོམ་པོ་རྣམས་ཤོར་བ་དང༌། གཞན་གྱི་སེམས་འཁྲུགས་པར་བྱས་པ་དང་ཇི་སྲིད་འཇིག་རྟེན་པ་མོས་པར་མ་གྱུར་གྱི་བར་དུ་ཡན་ལག་ཚང་བ་སྟེ། ཅུང་ཟད་བསྟེན་པ་ལ་སོགས་པ་ནི་ཡན་ལག་གི་དམ་ཚིག་ཡིན་པས་དེའི་སྐད་ཅིག་ལ་ལྷའི་རྣལ་འབྱོར་ཉིད་ཀྱིས་འདག་པར་འགྱུར་བ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གྱི་རྒྱུད་ལས། བསམས་བཞིན་གདུག་པའི་སེམས་ལྡན་པས། །མཚམས་མེད་རྒྱུ་མིན་མི་གསོད་ན། །སྲོག་གཅོད་པ་ཡི་ཡན་ལག་ཚང༌། །བླ་མ་དམ་ཚིག་འབྲེལ་པ་དང༌། །ཕྱོགས་བཞིའི་དགེ་དུན་འཕགས་པའི་དཀོར། །སྦྱིན་བདག་ལ་སོགས་མི་རྣམས་རྫས། །དེ་མི་ཤེས་པར་བླངས་ནས་ནི། །སྦྱིན་སེམས་མེད་ཅིང་འཁྲུགས་གྱུར་ན། །རྡོ་རྗེ་འཛིན་པའི་སྡོམ་པ་ཞིག །རེག་བྱ་བདེ་བ་གཟུགས་དག་དང༌། །རྙེད་པ་ལ་སོགས་བཀུར་སྟིའི་ཕྱིར། །གཞན་གྱིས་བདག་བྱས་བུད་མེད་ལ། །སྤྱད་ནས་ཕ་རོལ་འཁྲུགས་གྱུར་ན། །འདོད་པས་ལོག་སྤྱོད་རྣམས་སྨིན་ཆེ། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་ལོགས་པར་སྟོན་པ་དང༌། །རྙེད་དང་གྲགས་པའི་ཕྱིར་དག་ཏུ། །མེད་བཞིན་ཡོན་ཏན་ཚོགས་སྨྲ་བ། །དམྱལ་བའི་རྒྱུ་ནི་མི་བཟད་འཐོབ། །ཉེས་པའི་ཚོགས་རྣམས་ཤོར་བ་དང༌། །གཞན་གྱི་སེམས་ནད་འཇིག་རྟེན་དཔྱ། །ཆང་བཏུང་བ་ཡི་ཡན་ལག་ཚང༌། །ཞེས་གསུངས་པའི་ཕྱིར་རོ། །བླ་མ་སྨད་པར་མི་བྱ་སྟེ། །ཞེས་པ་ནས། གོམ་པས་འགོམ་པར་མི་བྱའོ། །ཞེས་པའི་བར་དུ་ཡན་ལག་གི་དམ་ཚིག་ཤེས་
པར་བྱ་བ་དྲུག་ཅེས་བྱ་བ་སྟེ། དེ་ལ་བླ་མ་མི་སྨད་པ་ནི་བླ་མའི་སྐྱོན་མི་བརྗོད་པའོ། །དེའི་གྲིབ་མ་ལ་མི་འགོམ་པ་ན་དེ་ཉིད་རྡོ་རྗེ་འཛིན་པའི་སྐུའི་ངོ་བོ་ཡིན་པའི་ཕྱིར་བདེ་བར་གཤེགས་པའི་སྐུ་བཅོམ་པ་དང་འདྲ་བར་གསུངས་པའོ། །སློབ་དཔོན་མ་ཡིན་པ་མི་བཟུང་བ་ནི་རང་ཉིད་ཀྱི་བླ་མ་ལ་ཡོད་བཞིན་དུ་རྙེད་པའམ། ཁ་ཟས་སམ། གཅམ་གསག་གི་ཕྱིར། མི་གཞན་ལ་བླ་མ་ཞེས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་གྱི་ཚིག་མི་བརྗོད་པ་དང༌། བསྙེན་བཀུར་ལ་སོགས་པ་མི་བྱ་བ་སྟེ། དེ་ནི་བླ་མའི་ཐུགས་ལ་རག་ལས་པ་ཉིད་དོ། །རྡོ་རྗེ་སློབ་དཔོན་གྱི་མཚན་མི་བརྗོད་པ་ནི་མི་ཕལ་བའི་མིང་ནས་བརྗོད་པ་བཞིན་དུ་རྡོལ་ཐབས་ཀྱི་བླ་མའི་མཚན་མི་བརྗོད་པ་སྟེ། གང་དག་མོས་པ་དང་དད་པའི་ཕྱིར་འདྲི་ན་ནི་གང་དུ་ཡོན་ཏན་བསྟོད་པའི་ཚིག་བརྗོད་དེ། ཞལ་སྔ་ནས་ལྡན་པར་བྱས་པས་སྨྲ་བ་ཉིད་དོ། །སྔགས་དང་ཕྱག་རྒྱ་དང་ལྷ་ལ་མི་སྨད་པ་ནི། ལྷ་འདི་ཉིད་དང༌། སྔགས་འདི་ཉིད་དང༌། ཕྱག་རྒྱ་འདི་ལ་བརྟེན་ནས་ནི་དངོས་གྲུབ་འགྲུབ་པར་མི་འགྱུར་བ་ཉིད་དོ་ཞེས་པ་ལ་སོགས་པའི་ཚིག་མི་བརྗོད་པ་སྟེ། དེ་ནི་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་སྐུར་པ་འདེབས་ཤིང་ལོག་པར་ལྟ་བ་ཞེས་བྱ་བ་སྟེ། ངན་སོང་དུ་ལྟུང་བའི་རྒྱུ་ཆེན་པོར་འགྱུར་བ་ཉིད་དོ། །རྙིང་དང་ལྷ་ཡི་གྲིབ་མ་དང༌། །ཞེས་པ་ནི་ལྷ་ལ་ཕུལ་བའི་རྙིང་པ་སྟེ། མཆོད་པའི་རྫས་ཐམས་ཅད་དོ། །གྲིབ་མ་ནི་ལྷའི་གྲིབ་མའོ། །དེ་ལ་འགོམས་པ་ནི་ལྷ་ཉིད་བཤིག་པ་དང་འདྲ་བའི་སྡིག་པར་བཅོམ་ལྡན་འདས་ཀྱི་གཞུང་དུ་མཐོང་ངོ༌། །འཇིག་རྟེན་པའི་ཕྱག་རྒྱ་དང་མཚན་མ་ནི་འཇིག་རྟེན་པའི་ལྷ་ཚངས་པ་ལ་སོགས་པའི་རིམ་པའམ། ཨོཾ་ལ་སོགས་པ་སྟེ་དེ་ཡང་བཅོམ་ལྡན་འདས་ཀྱིས་དམ་ཚིག་ཏུ་བསྡུས་པའི་ཕྱིར་རུང་བ་མ་ཡིན་པ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་དང་མཚན་མ་ནི་དེ་བཞིན་གཤེགས་པའི་འཁོར་རྣམས་བཞིས་བསྡུས་པའི་རྒྱན་དང༌། རྡོ་རྗེ་དང་དྲིལ་བུ་དང༌། ཕྲེང་བ་དང༌། ཡིག་འབྲུ་ལ་སོགས་པ་ཐམས་ཅད་དེ། དེ་དག་ནི་དེ་བཞིན་གཤེགས་པའི་
གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་བདག་གི་ཡེ་ཤེས་བསྐྱེད་པའི་ཕྱིར་མ་དང་འདྲ་བ་ཉིད་ཀྱིས་སྡིག་པར་འགྱུར་བ་ཉིད་དོ། །དེ་བས་ན་དེ་དག་ལམ་ཁ་ལ་སོགས་པ་གཞན་སྡིག་པ་སོགས་པའི་གནས་ནའང་གནས་གཙང་མ་རྣམས་སུ་བཞུགས་སུ་གསོལ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་གཞལ་ཡས་ཁང་ཕུལ་བ་དང་འདྲ་བར་དེ་བཞིན་གཤེགས་པས་གསུངས་སོ། །གཞན་དུ་ན་དེ་དག་ལ་མ་གུས་པ་ནི་དེ་བཞིན་གཤེགས་པ་ལ་མ་གུས་པ་ཉིད་དུ་ཐལ་བར་འགྱུར་རོ། །མཁས་པས་དཀོན་མཆོག་གསུམ་སོགས་དང༌། ཞེས་པ་ནས། སྔགས་མཁན་གྱི་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་པའི་བར་དུ་ནི་གནང་བ་སྤྱད་པར་བྱ་བའི་དམ་ཚིག་བཞི་ཞེས་བྱ་བ་གསུངས་ཏེ། དེ་ལ་དེའི་དགོངས་པ་ནི་རྣམ་པ་གཉིས་སུ་གོ་བར་བྱ་སྟེ། ཕྱི་རོལ་དུ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པ་དང༌། ནང་དུ་སྒྲ་ཇི་བཞིན་མ་ཡིན་པར་གསུངས་པའོ། །དེ་ལ་ཕྱི་རོལ་དུ་སྒྲ་ཇི་བཞིན་པ་གསུངས་པ་ནི། མཁས་པས་དཀོན་མཆོག་གསུམ་སོགས་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། མི་གང་དག་རྒྱལ་པའམ་མུ་སྟེགས་ལ་སོགས་པ་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་ཞེ་སྡང་བ་དང༌། བདེ་བར་གཤེགས་པའི་བསྟན་པ་ལ་ཡོངས་སུ་བཤིག་པར་བརྩོན་པ་དང༌། བདག་གི་ཐེག་པ་ཆེན་པོའི་བླ་མར་གྱུར་པ་ཞེ་སྡང་གིས་སྨོད་པར་བྱེད། སྲོག་ལ་སྔོ་བར་བྱེད་པ་རྣམས་ནི་འཇིག་རྟེན་འདི་རུ་སྡིག་པའི་རྒྱུ་ཆེན་པོ་བསགས་པ་ལས་མངར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བའི་ཕྱིར། རྣལ་འབྱོར་པ་མཆོག་གི་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་ཉིད་དུ་སྡུག་བསྔལ་ལས་ཡུན་ཐུང་བར་བྱ་བ་དང༌། བདེ་བར་གཤེགས་པའི་འཁོར་རྣམས་དང༌། བླ་མ་ལ་སོགས་པ་བདེ་བླག་ཏུ་བྱང་ཆུབ་སྒྲུབ་ཏུ་གཞུག་པའི་ཕྱིར། ཞེ་སྡང་གི་སེམས་སྤངས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་མཐུ་དང་སྟོབས་ལ་སོགས་པས་གསད་པར་བྱ་བ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དང་ལྡན་པ་སྲོག་གི་རྣམ་པར་སྨིན་
པའང་མི་འོང་བར། བདེ་བ་ཆེན་པོའི་གནས་སུ་སྐྱེ་བར་ནུས་པའི་རྣལ་འབྱོར་པས་བྱ་བ་ཉིད་དོ། །དེ་བཞིན་དུ་གཞན་ཡང༌། ཆོས་མིན་ལྡན་དང་སྡིག་སྤྱོད་དང༌། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་མིན་པ་དང་སྡིག་པ་སྤྱོད་པ་ནི་གཅག་ཏུ་ཤེས་པར་བྱའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཕྱོགས་གཞན་དུ་དོན་གཞན་ལ་དགོངས་ནས་སྐྱེ་བ་བདུན་པ་དང་ལྡན་པ་དང༌། དཔྲལ་བར་ཨུཏྤལ་ལྟ་བུའི་རི་མོ་མཆོག་ཏུ་སྣང་བ་དང༌། དྲི་སོགས་ལྡན་པའི་མི་ལ་སོགས། །ཤ་ཟོས་ན་ནི་ཐར་བར་འགྱུར། །ཞེས་གསུངས་པ་རྣམས་ལ་གཏི་མུག་གི་དྲ་བས་ཀུན་ནས་བཅིངས་ཤིང་ཤེས་རབ་ཀྱི་ཁ་ཕྱིར་ཕྱོགས་བལྟས་ཏེ། ཁོ་ན་བཞིན་དུ་དཔྲལ་བའི་སྟེང་ན་ཨུཏྤལ་འདྲ་བའི་རི་མོ་ཡོད་པ་དང༌། ག་བུར་ལ་སོགས་པའི་དྲི་ཞིམ་པ་ཡོད་པ་རྣམས་ཀྱི་མི་དང༌། དུད་འགྲོ་ལ་སོགས་པ་བསད་ནས་ཤ་ཟ་བ་ལ་སོགས་པ་ཡོད་དེ། དེ་ནི་མི་དགེ་བའི་བ་ཤེས་གཉེན་ལ་བརྟེན་པ་དང༌། ལོག་པར་རྟོག་པའི་བདག་ཉིད་ཀྱིས། དེ་ནི་དུས་ཐམས་ཅད་དུ་དེ་གྲོལ་བར་འདོད་ན། དེ་ལྟར་མི་ལ་སོགས་པ་སྐྱེ་བ་བདུན་དང་ལྡན་པ་དང༌། ཨུཏྤལ་འདྲ་བའི་རི་མོ་དཔྲལ་བའི་སྟེང་ན་ཡོད་པའི་སེམས་ཅན་གང་ཡིན་པ་དེའི་ཤ་ཟོས་པས་གྲོལ་བར་འགྱུར་བ་ཞིག་ན། དེ་ནི་དངོས་གྲུབ་ཀྱི་རྫས་ཆེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར་ལན་ཅིག་ཟོས་པས་ཅི་སྟེ་གྲོལ་བར་མི་འགྱུར་བ་དེ་ལའང་ཡིད་ཆེས་པ་མེད་པར་སྤྱོད་པ་དག་ནི་དམ་པའི་ཆོས་མ་ཡིན་པ་དང༌། སྡིག་པའི་ལས་ཐམས་ཅད་ལ་སྤྱོད་པའི་ཕྱིར་ཆོས་མིན་ལྡན་དང་སྡིག་སྤྱོད་ཅེས་བྱ་སྟེ། དེ་དག་ལ་གོང་དུ་གསུངས་པ་བཞིན་དུ་སྙིང་རྗེ་ཆེན་པོ་བསྐྱེད་པས་གསད་པར་བྱ་བ་ཉིད་དོ། །རྟག་ཏུ་སེམས་ཅན་གནོད་བརྩོན་ནི། །དེ་ཉིད་དང༌། ཉ་བ་དང། ཤན་པ་དང༌། བྱ་བ་དང༌། རི་དགས་པ་ལ་སོགས་པ་སྟེ། དེ་དག་ཀྱང་ལས་ཤིན་ཏུ་མི་བཟད་པ་ཆེན་པོ་བྱེད་པ་ན། སྙིང་རྗེའི་སེམས་ཀྱིས་གསད་པར་བྱ་བ་ཉིད་དོ། །དམ་ཚིག་ཉམས་པ་ནི་འདིར་རྣམ་པ་གཉིས་ཏེ། བླ་མ་གང་རྡོ་རྗེ་འཛིན་པ་དང་དབྱེར་མེད་པ་དང་
གཉིས་དམ་ཚིག་ཉམས་པ་ལས་ཕྱིས་ཡང་བླ་མ་གསོད་པར་འདོད་པའི་སེམས་ཅན་སྡིག་པའི་དབང་དུ་གྱུར་པ་དག་སྡིག་པའི་རྒྱུ་གཞིག་པའི་ཕྱིར་སྙིང་རྗེའི་སེམས་ཀྱིས་གསད་པར་བྱ་བ་དང༌། ཡང་རྣལ་འབྱོར་པ་གང་དག་གསང་སྔགས་ཀྱི་དམ་ཚིག་ཉམས་ནས། ད་ནི་བདག་ལ་རྩ་བ་ཆད་པའི་ཕྱིར། ཡན་ལག་སྐྱེ་བར་མི་འགྱུར་བས་ན་བདག་གི་སྡིག་པའི་ལས་ཅི་དགར་བྱའོ་སྙམ་ནས་དམག་དཔོན་དང༌། གཤེད་མི་དང༌། ཉེ་བ་ལ་སོགས་པ་སྡིག་པའི་ཚོགས་དཔག་ཏུ་མེད་པ་སྤྱོད་པ་ཡོད་དོ། །དེ་དག་ལྟ་བུའི་གང་ཟག་ནི་ཏིང་ངེ་འཛིན་ཁྱད་པར་ཅན་གྱིས་མཉམ་པར་གཞག་ལ། ད་ལྟར་གྱི་ཚེ་སྲོག་འདི་བཤད་པ་ལས་སྡིག་པའི་རྒྱུར་མི་འགྱུར་ཞིང༌། དེ་ཉིད་རྣམ་པར་གྲོལ་བའི་ལམ་དུ་ཤེས་པ་ན་སྙིང་རྗེ་ཆེན་པོས་གསད་པར་བྱ་བ་ཉིད་དོ། །དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །རྫས་དང་ལྡན་ཞིང་སེར་སྣ་ཅན། །ཤིན་ཏུ་འཆུམས་པའི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པ་བྱ། །ཞེས་པ་འདིར་གསུམ་སྟེ། དེ་ལ་གཅིག་ནི་མི་གང་དག་རིན་པོ་ཆེ་ལ་སོགས་པའི་རྫས་ཀྱི་རྣམ་པ་ནི་དཔག་ཏུ་མེད་པ་ཞིག་ཡོད་ལ། ཤིན་ཏུ་སེར་སྣའི་དབང་དུ་གྱུར་ནས་བླ་ན་མེད་པའི་དཀོན་མཆོག་གསུམ་ལ་མཆོད་པར་མི་བྱེད་ཅིང༌། སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པའི་ལས་མི་བྱེད་པ་ནི་ཤིན་ཏུ་འཆུམས་པར་འགྱུར་བ་སྟེ། དེའི་རྫས་ནི་སྔགས་དང་སྨན་གྱི་མཐུ་དང༌། སྟོབས་ལ་སོགས་པས་བླངས་ལ་རང་འདོད་པའི་ཕྱིར་མ་ཡིན་པར་སེམས་ཅན་གཞན་ལ་སྙིང་རྗེའི་སེམས་བསྐྱེད་པ་དང༌། མི་དེ་ཉིད་ལ་སྙིང་རྗེ་བསྐྱེད་ལ་གཞན་ལ་སྦྱིན་པར་བྱ་སྟེ། དེ་ཡང་ཡུལ་གང་ལ་སྙིང་རྗེའི་སེམས་རྣམ་པ་གཉིས་སྐྱེ་བའི་བྱང་ཆུབ་སེམས་དཔའི་བསླབ་པའི་རང་གི་ངོ་བོ་ཉིད་དོ། །གཅིག་ནི་རྒྱལ་པོ་ལ་སོགས་པ་དབང་དང་ལྡན་སྟོབས་དང་ལྡན་པས་རང་ཉིད་ལའང་རྫས་ཀྱི་རྣམ་པ་དཔག་ཏུ་མེད་པ་ཡོད་བཞིན་དུ་ཆགས་པའི་དབང་གིས་སེམས་ཅན་གཞན་གྱི་རྫས་འཕྲོག་པར་བྱེད་སྡོམ་པར་བྱེད་ཆད་པ་གཅོད་པར་བྱེད་པ་དང༌། སྦྱིན་པའི་སེམས་དང་མི་ལྡན་པ་རྣམས་
ཀྱི་རྫས་ནི་བདག་གིས་འཕྲོག་པ་དང༌། རྐུ་བ་ལ་སོགས་པས་བླངས་ནས་ཆགས་པ་མེད་པའི་སེམས་ཀྱིས་གཞན་ལ་སྦྱིན་པར་བྱ་བ་ཉིད་དོ། །བླ་མ་ལ་ནི་མཆོད་པ་དང༌། །ཞེས་པ་ནས། ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ །ཞེས་པའི་བར་ནི་འདི་ལྟར་ཡང་བདག་ནི་སེར་སྣའི་རྒྱུ་ལས་གྲུབ་པས་ཡོ་བྱད་དང་མི་ལྡན་ལ་བླ་མ་དམ་པ་ལ་མཆོད་པ་དང༌། རྣལ་འབྱོར་གྱི་བྱ་བ་བསྒྲུབ་པ་དང༌། དཀྱིལ་འཁོར་ཆེན་པོ་བཞེངས་པའི་མཆོད་པའི་ཡོད་བྱད་བྱ་བ་དང༌། རྡོ་རྗེ་སྤུན་ལ་སོགས་པ་ལ་མཉེས་པར་བྱ་བ་དང༌། བླ་ན་མེད་པའི་འཕགས་པ་དཀོན་མཆོག་གསུམ་ལ་སོགས་པ་ལ་མཆོད་པའི་ཁྱད་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར། རྒྱལ་པོའམ་ཕྱུག་པོ་རྫས་དང་ཡོ་བྱད་ཀྱིས་བྲེལ་བར་མ་གྱུར་པ་རྣམས་ཀྱི་རྫས་ཕྲོགས་ལ་ལོངས་སྤྱོད་པར་བྱ་བ་ཉིད་དེ། དེ་ཡང་ཇི་སྲིད་སེམས་ཅན་དེ་དག་གི་སེམས་དང་འགལ་བར་མ་གྱུར་པ་དེ་སྲིད་དུ་བསྒྲུབ་པ་སྟེ། དེ་དག་ལས་གཞན་དུ་སེམས་དང་འགལ་བ་ནི་མ་གཏོགས་སོ། །སེམས་ཅན་རྣམས་ལ་ཕན་སྤྱོད་དང༌། །རྟག་ཏུ་བླ་མའི་ནོར་རྣམས་དང༌། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་གསུངས་པ་ནི་འདི་ལྟར་རྣམ་པ་གསུམ་སྟེ། དེ་ལ་མི་གང་གིས་སེམས་ཅན་གང་དག་བརྡུང་བ་དང༌། རྫས་འཕྲོག་པ་དང༌། འཛིན་པ་དང༌། ཆད་པས་གཅོད་པ་ལ་སོགས་པའི་ལས་བྱེད་པ་ན་གནས་གཞན་དང་གཞན་དག་ཏུ་ཤིན་ཏུ་འཇིགས་ཤིང་སྐྲག་པས་བྲོས་ནས་འདུག་པ་ལ། དེ་ལ་གཞན་དག་འདྲི་བ་ཞིག་ན་ནི་རྣལ་འབྱོར་པ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མ་མཐོང་བ་ཞེས་པ་དང༌། མེད་ཅེས་པ་དང༌། མ་ཡིན་ཞེས་པ་ལ་སོགས་པ་ནི་བརྫུན་དུ་སྨྲ་བར་བྱ་བ་ཉིད་དང༌། ཡང་ཕྱོགས་གཞན་དུ་བླ་མ་ལ་དགྲ་སྡང་བར་གྱུར་པ་དག་ནོར་ལ་སོགས་པ་དག་འཕྲོག་པར་འགྱུར་ན་འདི་ནི་བདག་གི་ཞེས་པ་ལ་སོགས་པས་བླ་མའི་ནོར་བསྲུང་བར་བྱ་བ་དང༌། ཡང་ཕྱོགས་འགའ་ཞིག་ཏུ་གཤེད་མ་ལ་སོགས་པས་བརྡས་པའི་མི་དག་
ནགས་ཚལ་ལམ། གྲོང་ཁྱེར་ལ་སོགས་པར་བྲོས་ནས་གཞན་དག་འདྲི་བར་གྱུར་པ་ན་ཕྱོགས་ལོག་པར་གཞན་དུ་ལམ་བསྟེན་པར་བྱ་བ་སྟེ། དེ་ནི་རྣམ་པར་གྲོལ་བའི་རྒྱུའི་བརྫུན་དུ་སྨྲ་བ་ཞེས་བྱའོ། །སངས་རྒྱས་རྣམས་ནི་མཉེས་བྱས་དང༌། །ཞེས་པ་ལ་སོགས་པ་ནི་འདི་ལྟར་རྣམ་པ་གཉིས་ཏེ། བདག་གིས་མཆོད་པའི་ཚོགས་བྱེད་པའི་གནས་སྐབས་སུ་རྡོ་རྗེའི་སྲིང་མོ་ལ་སོགས་པས་དགའ་བ་ཆེན་པོས་ལུང་སྟོན་པར་འགྱུར་བ་ནི་དེ་ཉིད་དམ་ཚིག་ཡིན་པའི་ཕྱིར། གཞན་གྱིས་བདག་ཏུ་བྱས་ཀྱང༌། འདོད་པའི་ཆགས་པའི་བསམ་པ་ནི་མ་ཡིན་གྱི། བདེ་བར་གཤེགས་པའི་ཚོགས་ལ་བདེ་བ་ཆེན་པོའི་རོས་མཆོད་པའི་ཕྱིར་དང༌། ལོངས་མ་སྤྱོད་པར་གྱུར་ན་རྡོ་རྗེའི་སྲིན་མོ་འཁྲུགས་ཤིང་ཞེ་སྡང་བར་གྱུར་ཏེ། དམ་ཚིག་ཉམས་པར་གྱུར་པ་བསྲུང་བའི་ཕྱིར། གཞན་གྱི་བུད་མེད་བསྟེན་པ་དང༌། །ཡང་སྒྲུབ་པ་གཞན་དག་ཏུ་བུད་མེད་མཚན་དང་ལྡན་པ་ལོའི་གྲངས་དང་ཁ་དོག་དང༌། གཞོན་བྱད་དང༌། རང་བཞིན་དང༌། ཕྱག་རྒྱ་ལ་སོགས་པས་མཚོན་པའི་བུད་མེད་དག་དགོས་པར་གྱུར་ལ། དེ་དང་མི་ལྡན་ན་ནི་དམ་ཚིག་ཉམས་ཤིང་དངོས་གྲུབ་འགྲུབ་པར་མི་འགྱུར་པ་ཞིག་ན། གཞན་གྱི་དབང་དུ་བྱས་ཀྱང་སྔགས་དང་སྨན་ལ་སོགས་པས་བཀུག་ལ་ལོངས་སྤྱད་པར་བྱ་བ་སྟེ། དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་བདག་པོ་དག་གིས་ཤེས་པར་མ་གྱུར་པ་དེ་སྲིད་དུ་བསྒྲུབ་པར་བྱ་བ་སྟེ། གཞན་དག་ཞེ་སྡང་ལས་ནན་གྱིས་སྒྲུབ་པ་ནི་སྡིག་པའི་རྒྱུར་གྱུར་པ་ཉིད་དོ། །དེ་དག་རྣམས་ཀྱང་རབ་ཏུ་བྱུང་བའི་དགེ་སློང་རྣམས་ཀྱིས་ནི་བསྒྲུབ་པའི་དུས་སུ་ལུས་ལ་རེག་པར་བྱ་བ་དང༌། དེའི་གཟུགས་བརྙན་བྲིས་ལ་བསྟེན་པས་བྱས་ཀྱང་འགྲུབ་པར་གསུངས་ཏེ། དེ་ལ་ཐེག་པ་ཆེན་པོ་ནམ་མཁའ་མཛོད་ཀྱི་རྒྱུད་ལས། གང་དུ་ཁྱིམ་པས་བསྒྲུབ་བྱ་བའི། །ཕྱག་རྒྱ་མཆོད་རྫས་བུད་མེད་སོགས། །ཚངས་པར་སྤྱོད་པའི་དགེ་སློང་གིས། །ཆོས་ཀུན་སེམས་ལས་གྲུབ་པས་ན། །མི་འགལ་བར་ནི་ཡིད་ཀྱིས་བརྟག །ཅེས་གསུང་པའི་ཕྱིར་རོ། །ཡང་དེ་དག་གི་དོན་ནང་དུ་སྒྲ་ཇི་བཞིན་
མ་ཡིན་པར་བསྟན་པར་ནི། འདི་ལྟར་བདག་ཉིད་ཀྱི་རྣམ་པར་རྟོག་པའི་རྒྱུད་ཡོངས་སུ་གཅད་པར་བྱ་བ་སྟེ། དེ་ནི་དེ་ཡིས་འཚོ་བའི་ཕྱིར་སྲོག་ཅེས་བྱ་སྟེ། དེ་ཉིད་དམ་ཚིག་ཉམས་པའི་རྒྱུ་ཡིན་པ་དང༌། ཡང་དག་པའི་ཆོས་མ་ཡིན་པ་དང༌། སྡིག་པའི་ལས་ལ་ཀུན་དུ་སྤྱོད་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་བསྟན་པའི་སྙིང་པོ་ལ་གནོད་པར་བྱེད་པའི་ཕྱིར་གསད་པར་བྱ་བ་ཉིད་དོ། །དེ་ཇི་ལྟ་བུས་གསད་པར་བྱ་ཞེ་ན། ཤེས་རབ་ཆེན་པོའི་མཚོན་བདེ་བར་གཤེགས་པའི་བཀའ་ལ་བརྡར་ཏེ། ཐར་པ་ཆེན་པོའི་གྲོང་ཁྱེར་གསང་སྔགས་བླ་ན་མེད་པའི་ཁྱིམ་དུ་ཁྲིད་ལ། བླ་མ་དམ་པའི་རྩལ་དད་བསྡོངས་ཏེ། སྐེ་གཅད་པར་བྱ་བ་ཉིད་དོ། །མ་བྱིན་པར་ལེན་པ་ནི་འདི་ལྟར་བདག་ཉིད་ཀྱིས་ཆོས་དང་ཟང་ཟིང་དང༌། སྐྱབས་ཀྱི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་དུས་གསུམ་དུ་གཏང་བར་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། སེམས་དེ་ཉིད་ལས་བསམས་པའི་འབྲས་བུ་སྣ་ཚོགས་པ་འབྱུང་བ་དང༌། དེ་ཉིད་སྔར་རུས་སྦལ་ཁོག་པའི་ནང་དུ་འཁུམས་པ་བཞིན་དུ་བསམ་པ་ཆུང་དུ་དང་ལྡན་པར་འཇུག་པ་དང༌། རྒྱལ་པོ་ལྟ་བུར་རྣམ་པར་ཤེས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཕྱུག་པོ་ཞེས་བྱ་བ་དང༌། འཆུམས་པ་ཞེས་བྱ་བ་དང༌། མིའི་བདག་པོ་ཞེས་བྱ་བ་སྟེ། དེ་ནི་ནོར་དབྲོག་པའོ། །དེ་མ་བྱིན་པར་ལེན་པར་ཇི་ལྟར་འགྱུར་སྙམ་པ་ལ། དེ་ནི་བདག་ལས་སུས་ཀྱང་མ་བྱིན་པར་གང་ལས་ཀྱང་མ་ཐོབ་ཅིང་བདག་གིས་བླངས་ནས་གཏོང་བའི་ཕྱིར་མ་བྱིན་པར་ལེན་པ་ཉིད་དོ། །ཡང་འདིར་བརྫུན་དུ་སྨྲ་བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བླ་ན་མེད་པ་བསྐྱེད་ནས། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་སྟེ། དེ་ཉིད་བླ་ན་མེད་པ་བྱང་ཆུབ་ཀྱི་ནོར་ཚོལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་ལ་མངོན་པར་སྤྱོད་པ་དང༌། བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པའི་གཤེད་མ་ལས་བསྲུང་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱོད་པའི་ཕྱིར་སེམས་ཅན་ལ་ཕན་པར་སྤྱོད་པ་དང༌། བླ་མའི་ནོར་བསྲུང་
བ་དང༌། སྲོག་ཆགས་རྣམས་ཀྱི་སྲོག་བསྲུང་བ་ཞེས་བྱའོ། །དེ་ལ་བརྫུན་གྱི་ཚིག་ཏུ་ཇི་ལྟར་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་སེམས་ཅན་རྣམས་ནི་སྐྱེ་བ་ཐོག་མ་མེད་པ་ནས་ལོག་པར་རྟོག་པའི་དབང་གིས་འཁོར་བའི་རྒྱ་མཚོའི་གཏིང་མཐའ་མེད་པར་གང་བ་དེ་ལ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་འང་བདག་གིས་གྲོལ་བར་མི་འགྱུར་བའི་བརྫུན་གྱི་ཚིག་ཅེས་བྱ་བ་ཁོ་ནའོ། །ཡང་འདི་ལྟར་གཞན་གྱི་བུད་མེད་བསྟེན་པ་ནི་མེ་ལོང་ལྟ་བུ་ཡེ་ཤེས་ལ་སོགས་པ་ལ་མངོན་པར་སྦྱོར་བ་སྟེ། དེ་ནི་འདི་ལྟར་བདེ་བར་གཤེགས་པ་རྣམས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་དང༌། ཆོ་ག་རྣམ་པ་གསུམ་གྱིས་དགྱེས་པར་བྱེད་པ་དང༌། དེ་ཉིད་དམ་ཚིག་ཆེན་པོ་དང་ལྡན་པ་དང༌། ཡང་དག་པའི་རྣལ་འབྱོར་སྒྲུབ་པའི་ཕྱིར། །སངས་རྒྱས་རྣམས་མཉེས་པར་བྱ་བ་དང་དམ་ཚིག་བསྲུང་བ་དང་སྔགས་མཁན་གྱི་བསྒྲུབ་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེ་ལ་ཅིའི་ཕྱིར་བུད་མེད་ཅེས་བྱ་སྙམ་པ་ལ། དེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་བདེ་བ་སྟེར་བའི་ཕྱིར་དང༌། འགྲོ་བ་མ་ལུས་པ་ལ་ཕན་པར་བྱེད་པའི་ཡོན་ཏན་དཔག་ཏུ་མེད་པའི་ཚོགས་བསྐྱེད་པའི་ཕྱིར་བུད་མེད་ཅེས་བྱའོ། །དེ་ལ་གཞན་གྱི་ཇི་ལྟར་ཡིན་ཞེ་ན། བདག་ཉིད་ཉོན་མོངས་པ་དང་བཅས་པའི་རྒྱུད་ལས་གཞན་པ། རྣམ་པར་གྲོལ་བའི་ལམ་པ་རྣམས་ཀྱིས་སྤྱོད་པའི་ཕྱིར། གཞན་གྱི་བུད་མེད་ཅེས་པ་ཉིད་དོ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་སྤྱད་ཅིང་ཀུན་ཟོས་ཀྱང༌། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པ་སྨོས་ཅི་དགོས། །ཞེས་གསུངས་པ་ནི་རྣལ་འབྱོར་པ་སེམས་ཀྱི་ཁྱད་པར་བསྡུས་པའི་དོན་གསུངས་པ་སྟེ། དེ་ལ་དེའི་དགོངས་པ་ནི་རྣམ་པ་གསུམ་དུ་གོ་བར་བྱའོ། །དེ་ལ་གཅིག་ནི་དཔལ་རྡོ་རྗེ་སེམས་དཔའི་གནས་དམ་པར་འགྱུར་བ་ཐར་པའི་གྲོང་ཁྱེར་ཆེན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་པའི་གང་ཟག་དེས་སྒོར་ཞུགས་པ་ཙམ་གྱིས་ཀྱང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང༌། བཟའ་བ་ལ་སོགས་པ་ཐམས་ཅད་ཀྱང་ཟོས་ཀྱང་
སྡིག་པའི་ལམ་དུ་འཇུག་པར་མི་འགྱུར་ན། དར་ཞུགས་ཤིང་ཞུགས་ནས་ཀྱང༌། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞིང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པར་འགྱུར་རོ་ཞེས་པ་སྟེ། དེ་ནི་གཞན་དག་ཏུ་གཞུག་པའི་ཡན་ལག་ཏུ་ལམ་གྱི་ཕན་ཡོན་བསྟན་པར་ཤེས་པར་བྱའོ། །གཅིག་ནི་འདི་ལྟར་དཔལ་རྡོ་རྗེ་སེམས་དཔའི་གནས་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་སྟོང་པ་ཉིད་ཡིན་ཞིང་དེ་ལ་ཡང་དག་པར་གནས་པར་བྱས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་འདུ་ཤེས་ཀྱིས་ཆགས་པ་དང་འདོད་པའི་སེམས་སྤངས་ནས། འདོད་པའི་ལོངས་སྤྱོད་ལ་མངོན་པར་སྤྱད་ཀྱང༌། ཡང་དག་པར་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་ཞིང་ཉེས་པར་མི་འགྱུར་བ་དེ་ལས་ཀྱང་ཁྱད་པར་དུ་ལྷའི་རྣམ་པར་དག་པའི་རྣལ་འབྱོར་གྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་སྨོས་ཀྱང་ཅི་དགོས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་འཐོབ་པར་བྱ་བ་ཉིད་དེ་ཞེས་སྦྱར་བར་བྱའོ། །གཅིག་ནི་རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་གནས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་བསྐྱེད་པ་གཅིག་པུ་ལ་གནས་ནས་འདོད་པའི་ལོངས་སྤྱོད་ལ་ལོངས་སྤྱད་ཀྱང་ཡང་དག་པའི་དེ་ཁོ་ན་ཉིད་འགྲུབ་པར་འགྱུར་ན། དེ་ལས་ཀྱང་སྙིང་རྗེ་ཆེན་པོས་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཉིད་དོ། །དེ་དག་གིས་ནི་ཐེག་པ་ཆེན་པོ་གསང་སྔགས་པའི་གང་ཟག་རྣམས་ཀྱི་ལྷག་པ་ ཚུལ་ཁྲིམས་ཀྱི་བསླབ་པ་དང ༌། ལྷག་པ་སེམས་ཀྱི་བསླབ་པ་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྣམ་པ་གསུམ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་གྲུབ་པའི་མཐའ་ཡང་བཤད་པ་ཉིད་དུ་ཤེས་པར་བྱའོ། །ཡང་དེ་དག་ལ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཚད་མེད་པ་རྣམ་པ་བཞི་དང༌། དྲན་པ་ཉེ་
བར་གཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་ལམ་བཞི་ལ་སོགས་པའི་ཆོས་རྣམས་ཀྱང་ཐམས་ཅད་ཚང་བར་ལྡན་པ་སྟེ། ཚིག་མངས་པའི་སྐྱོན་དུ་འགྱུར་གྱིས་དོགས་ནས་འདིར་ནི་མ་བྲིས་པས་ཅི་རིགས་སུ་སྦྱར་བར་བྱ་བ་ཉིད་དོ། །དེ་ཡན་ཆད་ཀྱིས་ནི་དམ་ཚིག་གི་དབང་བསྐུར་བ་བསྟན་ནས། དེ་ནི་བཀའི་དབང་བསྐུར་བར་བྱ་བ་གསུངས་ཏེ། དེ་ནས་འདིས་བཀའི་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཛྙཱ་ཏེ། རཱ་ཧཱ་སི་མེ་གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ་ཞེས་པ་ནི་གོང་དུ་གསུངས་པའི་ཆོ་ག་ལས་ཤེས་པར་བྱ་སྟེ་དེ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་བསྒྲལ་བའི་ཕྱིར། སྔགས་ཀྱི་རྒྱུད་རྣམས་བཤད་པ་ཡང༌། །དཀྱིལ་འཁོར་རབ་གནས་སྦྱིན་སྲེག་རྣམས། །རྒྱུད་ནས་གསུངས་པ་བཞིན་དུ་བསྒྲུབ། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་བསྒྲུག་པར་བྱ་བ་ཉིད་དོ། །འདིས་ལག་ཏུ་རྡོ་རྗེ་བྱིན་ལ་ལས་ཀྱི་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཀརྨ་ཎི་ཀུ་རུ་བྷཱུ་ཏ་མ་རེ་ཧཱུཾ། དེ་ནས། སངས་རྒྱས་བསྒྲུབ་ཕྱིར་བླ་མ་ལ། །ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ། །ནོར་དང་དབྱིག་དང་འབྲུ་རྣམས་དང༌། །སྟན་དང་བཞོན་པ་དེ་བཞིན་ཏེ། །བྲན་གྱི་མཆོག་དང་ཁང་པ་དང༌། །རྒྱལ་པོ་རྒྱལ་སྲིད་དེ་བཞིན་ཏེ། །བུ་དང་བུ་མོ་ཆུང་མ་དང༌། །མ་དང་སྲིང་མོ་ཚ་མོ་དང༌། །གཞན་ཡང་ཅི་བདོག་ཐམས་ཅད་ནི། །དད་པས་བསམས་ནས་བླ་མ་ལ། །དབུལ་བ་ཉིད་དུ་བྱ་བ་ཡིན། །དེ་ནས་བྱང་ཆུབ་བར་དུ་ནི། །སངས་རྒྱས་ཉིད་དང་གཞན་དག་དང། །འཇིག་རྟེན་པ་ཡི་མཐུ་ཆེན་རྣམས། །གང་འདོད་པ་དག་སྒྲུབ་འདོད་པས། །དངོས་གྲུབ་རྣམས་ནི་གསོལ་བ་གདབ། །ཅེས་གསུངས་པ་ནི་སྔགས་གཉིས་པ་དང༌། །ཁྱོད་ཀྱིས་ཤར་ཕྱོགས་སོང་ནས་ནི། །རྡོ་རྗེ་ཆོས་ཀྱི་འཁོར་ལོ་བསྐོར། ཞེས་གསུངས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ནི་ལས་ཀྱི་དབང་བསྐུར་བ་གསུངས་པ་སྟེ། ཁྱབ་པ་འབྱུང་བ་རྡོ་རྗེའི་སྐབས་སུ་གསུངས་པའི་སྔགས། ཨོཾ་བུདྡྷ་ཀརྨ་ཨ་བྷིཥིཉྩ་ཨོཾ་ཞེས་པ་ལ་སོགས་པའི་སྔགས་རྣམས་ཀྱིས་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་དབང་
བསྐུར་བར་བྱ་བ་ཉིད་དོ། །སངས་རྒྱས་འགྲུབ་ཕྱིར་བླ་མ་ལ། །ཁྱོད་ཀྱི་ལུས་མཆོག་སྦྱིན་པར་བྱ། །ཞེས་པ་ལ་སོགས་པ་ནི་སློབ་མའི་བྱ་བ་གསུངས་པ་སྟེ། དེ་ལ་འཇིག་རྟེན་འདིར་སྐྱབས་དང༌། གླིང་ལ་སོགས་པ་ཡུད་ཙམ་གྱི་བདེ་བ་སྟེར་བ་ལ་འང་རྫས་དང་ཁ་ཟས་ལ་སོགས་པས་ཡང་དག་པར་མགུ་བར་བྱེད་ན། བསྐལ་བ་གྲངས་མེད་པར་འཁོར་བའི་སྡུག་བསྔལ་མི་ཟད་པ་ལས་ཐར་བར་བྱེད་པའི་བླ་མ་ལ་ནོར་དང༌། དབྱིག་དང༌། འབྲུ་དང༌། ཆུང་མ་དང༌། བུ་དང་བུ་མོ་དང༌། སྲིང་མོ་དང༌། ཡུལ་ལ་སོགས་པ་དབུལ་བར་བྱ་བ་ཉིད་དོ། །རྒྱལ་པོ་རྒྱལ་སྲིད་ཅེས་པ་ནི། །སློབ་མ་གང་དག་རྒྱལ་པོ་ཡིན་ནའང་རྒྱལ་སྲིད་ཀྱང་དབུལ་བར་བྱ་བ་ཉིད་དང༌། གཞན་ཡང་བླ་མའི་ཐུགས་སུ་ཇི་ལྟར་འོང་བའི་རྫས་དབུལ་བར་བྱ་བ་དང༌། ཐ་ན་རང་གི་སྲོག་གིས་ཀྱང་བླ་མ་ལ་མཆོད་པར་བྱ་བ་སྟེ། བླ་མ་ལ་གུས་པར་བྱ་བ་ནི། ཐེག་པ་ཆེན་པོ་རྒྱལ་བའི་བཀའ་ཐམས་ཅད་ནས་རྒྱས་པར་གསུངས་པས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་ཡོངས་སུ་མཉེས་པར་བྱ་བ་ཁོ་ནའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟེར་བར་ལྟ་བ་མ་ཡིན་གྱི། ཕྱི་རོལ་གྱི་བསྟན་བཅོས་དབང་ཕྱུག་ཆེན་པོའི་རྒྱུད་ལ་བརྟེན་པ་ཤིན་ཏུ་མཆོག་ཏུ་གྱུར་པའང༌། སྲིད་པའི་རྩེ་མོ་ལས་མི་འཐོབ་པ་ལ་ཡང༌། བླ་མ་དང་མཉམ་པ་ཡང་མིན། བླ་མ་དང་མཉམ་མ་ཡང་མིན། །འཁོར་བ་རྒྱ་མཚོ་རྒལ་དཀའ་བའི། །སྡུག་བསྔལ་དེ་ལས་དེ་དག་ཀུན། །ཞེས་ཟེར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྟེར་བ་ལ་བཀའ་དྲིན་གྱི་ལན་གཞན་གྱིས་མི་འཁོར་བ་ཡིན་པས་ན། འཇིག་རྟེན་པའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ། །དེ་ཡང་བསམ་པ་ཇི་ལྟ་བུས་བྱ་སྙམ་པ་ལ། འདོད་པས་བསམས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲགས་པ་དང༌། སྙན་པ་དང་གཞན་ལ་འགྲན་པའི་ཕྱིར་ནི་མ་ཡིན་གྱི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བྱ་བའི་ཕྱིར་སེམས་རྣམ་པར་དག་པ་
དང་བཅས་པས་དབུལ་བར་བྱ་བ་ཉིད་དོ། །དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་པ་ལ་སོགས་པ་ནི་རྒྱུའི་དྲིན་མནོད་བར་གསུངས་པ་སྟེ། དེ་ལ་དང་པོ་བླ་མ་དམ་པ་ལ་ཡང་དག་པར་བསྙེན་པས་དབང་དམ་པ་རྣམས་བསྐུར་བས་སྣོད་དུ་བྱས་པའོ། །དེ་ནས་བསྐྱེད་པར་བྱ་བའི་རྒྱུ་གསོལ་བ་གདབ་པར་བྱ་བ་ནི། ཡོན་ལ་སོགས་པས་གོང་དུ་སྨོས་པ་བཞིན་དུ་ཕུལ་ལ། འཇིག་རྟེན་པའི་དངོས་གྲུབ་རལ་གྲི་དང༌། དྲིལ་བུ་དང་རྩེ་གསུམ་པ་ལ་སོགས་པ་སྣ་ཚོགས་པ་གསོལ་བ་གདབ་པ་དང༌། གཞན་ཡང་བདག་ཉིད་ཞི་བ་དང༌། རྒྱས་པ་ལ་སོགས་པའི་དངོས་གྲུབ་གང་ཡིན་ལ་འདོད་པ་རྣམས་གསོལ་བ་གདབ་པ་དང༌། དེ་བཞིན་དུ་ཇི་སྲིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྲུབ་པའི་བར་དུ་དངོས་གྲུབ་རྣམས་གསོལ་བ་གདབ་པ་བྱ་བ་ཉིད་དོ། །དེ་ནས་སློབ་དབོན་གྱི་ལས་སུ་བྱ་བ་ཇི་ལྟ་བུ་ཞིག་སྙམ་པ་ལ། དེ་ནས་བུལ་ཕན་པའི་ཕྱིར། །སྔགས་མཁན་སེར་སྣ་མེད་སེམས་ཀྱིས། །དད་བས་དད་པའི་སེམས་ལྡན་ལ། །དངོས་གྲུབ་རྣམས་ནི་སྦྱིན་པར་བྱ། །ཞེས་གསུངས་པ་སྟེ། དེ་ལ་དང་པོ་སློབ་དཔོན་གྱིས་སློབ་མའི་སྣོད་བརྟག་པར་བྱ་སྟེ། སྣོད་བརྟག་པ་ནི་རྣམ་པ་གཉིས་སོ། །དང་པོར་ལོ་གཅིག་གི་བར་དུ་ཕྱག་ཙམ་བླངས་ལ། ཚིག་མི་སྦྱིན་པར་བྱ་བ་དང༌། དེ་ནས་ལོ་གཉིས་ཀྱི་བར་དུ་ཚངས་པར་སྤྱོད་པ་དགེ་བསྙེན་གྱི་སྡོམ་པ་འབོགས་པ་དང༌། ལོ་གསུམ་པ་ལ་དཀྱིལ་འཁོར་དུ་གཞུག་པ་དང༌། དེ་ནས་དེ་སྲིད་ཀྱི་བར་དུའང་དང་པོ་སྐྱོ་བ་མེད་ཅིང་འཕགས་པ་རྟག་ཏུ་དུ་ལྟ་བུར་གནས་པ་ན། ལོ་བཞི་པ་ལ་དབང་རྫོགས་པར་བསྐུར་ལ། ལྔ་པ་ལ་མན་ངག་སྦྱིན་པར་བྱ་བ་ནི། བུ་དེ་ལ་ཕན་པའི་ཕྱིར་རྡོ་རྗེ་སློབ་དཔོན་དམ་པའི་ཆོས་ལ་སེར་སྣ་མེད་པས་བདག་ཉིད་དད་པ་དང་ལྡན་པས་སློབ་མ་དང་པ་དང་ལྡན་པ་ལ་དངོས་གྲུབ་རྣམས་ཇི་ལྟར་སྐྲུབ་པ་ཡང་དག་པར་སྦྱིན་ནོ། །གཅིག་ནི་ཡུན་ཐུང་བར་གནས་པ་ཡིན་ཡང་འཇིག་རྟེན་ན་འཇིག་རྟེན་པ་རྣམས་རྫས་དང་ཡོ་བྱད་དང༌། ལོངས་སྤྱོད་ལ་ཆགས་ཤིང་གཏོང་མི་
བྲ་བར་གྱུར་པ་སྟེ། དེ་ལ་མི་གང་དག་གོང་དུ་གསུངས་པ་ལྟར་མཆོག་ཏུ་དད་པ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་ཡུལ་དང་བུ་དང་ཆུང་མ་དང༌། རྒྱལ་སྲིད་ལ་སོགས་པ་ཡང་གཏོང་ཞིང་འབུལ་བར་གྱུར་པ་ན་དེ་ནི་གདོན་མི་ཟ་བར་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན་པས་ན་རྣལ་འབྱོར་པས་སེར་སྣ་མེད་པས་དད་པ་ཆེན་པོས་དད་པ་དང་ལྡན་པའི་བུ་ལ་དངོས་གྲུབ་འགྲུབ་པའི་རྒྱུ་བླ་ན་མེད་པ་སྦྱིན་པར་བྱ་བ་ཉིད་དོ། །དེ་ལ་དངོས་གྲུབ་ཀྱི་རྒྱུ་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལ། ཆོས་རྣམས་ཐམས་ཅད་བདག་མེད་པར། །སེམས་ཀྱིས་བསྒོམ་པར་བྱས་ནས་ཀྱང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་ཡང༌། །བསམས་བཞིན་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་པོ་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ ཚུལ་གནས་ཏེ། །དེ་ནས་རང་གི་ས་བོན་དང ༌། །ཕྱག་རྒྱ་སྔགས་ཀྱིས་དེ་བྱིན་བརླབ། །རིམ་པའི་རྗེས་ལས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང༌། །མཁས་པ་ཡིས་ནི་བསྒྲུབ་བྱས་ནས། །དེ་བཞིན་གཤེགས་ཀྱང་འགྲུབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པ་སྟེ། དེ་ལ་ཚིགས་སུ་བཅད་པ་འདི་དག་ནི། རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཅེས་གསུངས་སོ། དེ་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཏུ་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་སེམས་ཅན་རྣམས་ཀྱིས་གང་དང་གང་བསམ་པ་ཐམས་ཅད་འབྱུང་བར་བྱེད་པ་སྟེ། དེ་བཞིན་དུ་འདི་ལའང་དམ་པའི་ཆོས་ཀྱི་དོན་མཐའ་དག་མ་ལུས་པར་སྟོན་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚིག་ཅེས་བྱའོ། །དེ་ལ་དམ་པའི་ཆོས་ཀྱི་དོན་མཐའ་དག་ཇི་ལྟར་སྟོན་སྙམ་པ་ལ། དེ་ནི་འདི་ལྟར་དམ་པའི་
ཆོས་མཐའ་དག་ནི་རྒྱུ་རྣམ་པར་དག་པ་དང༌། ལམ་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་དང་གསུམ་དུ་འདུས་ཏེ། དེ་ལ་རྒྱུ་རྣམ་པར་དག་པ་ནི་གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་མོ། །ལམ་རྣམ་པར་དག་པ་ཡང་གསུམ་སྟེ། གཞན་ལ་བརྟེན་པའི་མཚན་ཉིད་དང༌། །བདག་ལ་བརྟེན་པའི་མཚན་ཉིད་དང༌། །རྟེན་པ་སྤངས་པའི་མཚན་ཉིད་དོ། །འབྲས་བུ་རྣམ་པར་དག་པ་ནི། །ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གསུམ་མོ། །དེ་དག་གི་མཚོན་པའི་ཕྱག་རྒྱ་ནི་ཚིགས་སུ་བཅད་པ་བཞི་པོ་འདི་ཡིན་ཏེ། དེ་ལ་ལམ་རྣམ་པར་དག་པ་གཞན་ལ་བརྟེན་པའི་མཚན་ཉིད་ཀྱི་སྐབས་སུ་ནི་དོན་རྣམ་པ་གཉིས་ཀྱིས་སྟོན་ཏེ། དམིགས་པ་དང་བཅས་པའི་དབང་དང༌། དམིགས་པ་མེད་པའི་དབང་ངོ༌། །དེ་ལ་དམིགས་པ་དང་བཅས་པའི་དབང་ནི་དང་པོ་བདག་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཏེ། དེའི་རྗེས་ལ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེའི་སྟེང་དུ་ཧཱུཾ་བསམས་ལ་དེ་གྱུར་པ་ལས་རྡོ་རྗེ་བསམ་མོ། །ཡང་དེའི་དབུས་སུ་ཧཱུཾ་བསམས་ལ། དེ་དག་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད་དོ། །སློབ་མའི་མིག་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་དང་ཕྱག་རྒྱ་དང་སྙིང་པོ་རྣམས་ཀྱིས་བྱིན་གྱིས་བརླབས་ནས། ཡང་ཆོ་ག་རྣམ་པ་གསུམ་མམ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་བདེ་བར་གཤེགས་པ་རྣམས་བསྐྱེད་ལ་དབང་བསྐུར་བར་བྱ་བ་སྟེ། དེས་ནི་སློབ་མ་བདེ་བར་གཤེགས་པ་རང་གི་ངོ་བོར་བྱིན་གྱིས་བརླབས་པས། ནུས་པ་དང༌། སྟོབས་དང༌། དངོས་གྲུབ་འགྲུབ་པའི་རྒྱུ་ཆེན་པོར་འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ་རྒྱུད་གཞན་ན་གནས་པ་དེ་འདིར་ཤེས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། དམིགས་པ་མེད་པའི་དབང་འདིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་དེ་ལ་དེ་ནི་སྐུའི་གནས་དང༌། གསུང་
གི་གནས་དང༌། ཐུགས་ཀྱི་གནས་དང༌། སྲིད་པའི་གནས་དང༌། རླུང་གི་གནས་རྣམས་སུ་སྒྱུ་མ་བྱང་ཆུབ་ཀྱི་སེམས་དམིགས་པར་བྱས་ལ། དེ་དག་ཏུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྐུའི་གནས་སུ་ནི་དེ་ཉིད་ཀྱི་གཟུགས་སུ་མུ་ཏིག་གི་ཆུན་པོ་ལྟ་བུ་ལས་རྣམ་པར་བསྐྱོད་པའི་སྐད་ཅིག་ལ་གང་ཟག་གི་ནུས་པ་དང༌། སྟོབས་དང་སྦྱར་ནས་ཡུངས་ཀར་ཙམ་དང༌། སྲན་ཆུང་ཙམ་དང་མུ་ཏིག་རྣམ་པར་རྒྱལ་བཙམ་དུ་འོང་བར་འགྱུར་ཏེ། དེ་ནི་དྲི་མ་དང་བྲལ་ཞིང་ཁ་དོག་དཀར་པོས་རྣམ་པར་རྒྱུ་བའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །དེ་ནས་གསུང་གི་གནས་སུ་ནི་དངུལ་ཆུ་ལྟ་བུར་འབར་བ་དང༌། འབྲོས་པ་ལ་སོགས་པ་མེད་པར་རྣལ་དུ་འདུག་པས་གནས་པའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །དེ་ནས་ཐུགས་ཀྱི་གནས་སུ་ནི་དེའི་འཁོར་དུ་གྱུར་པ་ལུས་ཀྱི་ཡན་ལག་ཐམས་ཅད་ནས་འདུས་པའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཏུ་འདུག་པའི་ཕྱིར། སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་ནས་སྲིད་པའི་གནས་ནས་རླུང་གི་གནས་ཀྱི་བར་དུ་ནི་བཙལ་བ་ལས་བྱུང་བའི་བྱ་བ་གྲུབ་པའི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་བའོ། །དེ་ནས་གཞལ་ཡས་ཁང་གི་ནང་དུ་རྟ་བབས་ཀྱི་ཕྱི་རོལ་དུ་མ་གྱུར་པའི་སྐད་ཅིག་ལ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྣམ་པར་རྟོག་པ་དང་བྲལ་ཞིང་འོད་གསལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །དེ་ནས་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་དང་གསང་སྔགས་བླ་ན་མེད་པ་རྣམས་སུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་གསུངས་སོ། །དེ་ལ་ཡེ་ཤེས་ལྔའི་ངོ་བོ་དེ་ཉིད་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་སོགས་པ་བདེ་བར་གཤེགས་པ་ལྔའི་ངོ་བོ་ཡིན་ཏེ། དེ་བས་ན་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྟན་བདེ་བ་ལ་བཞག་ལ་རང་ལ་མངོན་དུ་ཕྱོགས་པས་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རྒྱས་པར་བསྐྱེད་ལ། ཕྱོགས་བཅུ་དུས་གསུམ་
ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ་གཉིས་སུ་མེད་པར་བྱས་ཏེ་གནས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཉིད་བདག་ཉིད་འདོད་པའི་ལྷར་བསམས་ལ། དེའི་ནང་དུ་ཡོངས་སུ་རྫོགས་པར་འདོད་དོ། །དེ་ནས་བྱིན་གྱི་རླབས་ཆེན་པོ་ཉམས་སུ་མྱོང་བ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་བ་ཆེན་པོ་གཉིས་སུ་མེད་པ་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ངོ་བོར་བསམས་པར་བྱས་ཏེ། དེ་དག་གི་སྐད་ཅིག་ལ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡང་ཡོངས་སུ་རྫོགས་པར་གྱུར་པ་ཉིད་དོ། །དེ་ལྟར་སློབ་མའི་ཉོན་མོངས་པ། ཆེ་འབྲིང་དང་སྦྱར་ནས། ཡུད་ཙམ་མམ། ཐང་ཅིག་གམ། མཚན་མོའམ། ཞག་གི་བར་དུ་གནས་པར་བྱའོ། །དེས་ནི་འཇིག་རྟེན་པ་ཐམས་ཅད་སྐད་ཅིག་མ་གཅིག་གིས་བགྲོད་པ་ཡིན་ཏེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་གསུངས་སོ། །དེ་དག་ནི་སྐུ་འབེབས་པ་དང༌། གསུང་འབེབས་པ་དང༌། ཐུགས་འབེབས་པ་ཞེས་བྱ་སྟེ། གསང་བ་འདུས་པ་ལ་སོགས་པ་རྣམས་སུ་ནི་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བར་གསུངས་སོ། །དེ་ནས་ཉམས་སུ་མྱོང་བར་གྱུར་པ་དང༌། སློབ་མ་གང་ཡིན་པ་དེས་བླ་མས་ཇི་ལྟར་བསྟན་པ་ལྟར་ཡོངས་སུ་གོམས་པར་བྱ་སྟེ། དེ་ཡང་རྣམ་པ་གཉིས་སོ། །བདག་དང་གཞན་གྱི་སྦྱོར་བ་ལས་བྱུང་བ་དང༌། བདག་གི་སྦྱོར་བ་ལས་བྱུང་བའོ། །བདག་དང་གཞན་ཉིད་ཀྱི་སྦྱོར་བ་ལས་བྱུང་བ་ནི་གཉིས་ཏེ། ལས་དང་པོ་པས་ནི་གཞལ་ཡས་ཁང་གི་ནང་ན་རྟ་བབས་ཀྱི་ཕྱི་རོལ་དུ་མ་གྱུར་པ་དེ་སྲིད་དུ་བྱིན་གྱི་རླབས་སྐྱེའོ། །དེ་བས་ཁྱད་པར་དུ་གྱུར་པར་ནི་རླུང་གི་གནས་སུ་བྱིན་གྱི་རླབས་སྐྱེའོ། །བདག་གི་སྦྱོར་པ་ལས་བྱུང་བ་ལ་ལས་དང་
པོ་པས་གསུང་གི་གནས་སུ་སྐྱེ་སྟེ། དེ་ནི་བདག་གི་ལུས་ཀྱི་སྦྱོར་བདག་བྱུང་བའོ། །དེ་བས་ཁྱད་པར་དུ་གྱུར་པས་ནི་སེམས་ཀྱི་སྦྱོར་བས་ཐུགས་ཀྱི་གནས་སུ་སྐྱེས་ནས་ཡུན་རིང་ཞིག་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་སྐྱེ་བར་འགྱུར་བ་ཉིད་དོ། །དེ་ལྟར་དུས་ཐམས་ཅད་དུ་གཉིས་ཀྱི་སྦྱོར་བ་ལས་བྱུང་བ་དང༌། བདག་གི་སྦྱོར་བ་ལས་བྱུང་བ་ཐམས་ཅད་དུ་སྒྱུ་མ་བྱང་ཆུབ་ཀྱི་སེམས་རྣམ་པར་མ་སྤངས་པར་གྱུར་པ་ལ་ནི་ནུས་པ་དང་ལྡན་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས་ན། ཚིགས་སུ་བཅད་པ་ཐ་མའི་དོན་ཡོངས་སུ་རྫོགས་པ་ཉིད་དོ། །དེ་ཉིད་སློབ་མས་བསྒྲུབ་པའི་དབང་དུ་བྱས་ནས་ནི། བདག་ལ་བརྟེན་པའི་མཚན་ཉིད་ཅེས་བྱ་བར་འདོད་དོ། །དེ་ཉིད་ལས་རྣམ་པ་ཐམས་ཅད་དང་བྲལ་བའི་དབང་དུ་བྱས་ནས་ནི། བརྟེན་པ་སྤངས་པའི་མཚན་ཉིད་ཅེས་བྱ་བ་ཁོ་ནའོ། །དེ་ལྟར་རྒྱུ་རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ལྟ་བུ་བདུད་ཀྱི་ཚོགས་ཐམས་ཅད་འཇོམས་པའི་ཕྱིར་སྔགས་པས་རྡོ་རྗེ་དང་བྲལ་དུ་མི་རུང་བར་གསུངས་ཏེ། དེ་ནི་མི་བརྗེད་པར་བྱ་བའི་རྟགས་སུ་བསྟན་པར་ཤེས་པར་བྱའོ། །བདག་ལ་བརྟེན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་བཞི་པོ་འདིས་ནི་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་རྒྱུད་འདིར་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པར་འཇུག་པ་སྟེ། དེ་ཡང་སྐབས་ཀྱི་བྱེ་བྲག་གིས་རང་ཉིད་དང་པོ་རྡོ་རྗེ་འཛིན་མའི་ཕྱག་རྒྱས་ཞུགས་ནས། བདེ་བར་གཤེགས་པ་ཐམས་ཅད་ལ་དབང་མནོད་པ་ལས་གནང་བ་ཐོབ་ཀྱི་བར་དུ་ཤེས་པར་བྱའོ། །རྟེན་པ་སྤངས་པའི་དབང་དུ་བྱས་ནས་ནི་གོང་དུ་བཤད་མ་ཐག་པའི་རིམ་པས་སྐུ་གསུང་ཐུགས་དབབ་པར་ཤེས་པར་བྱའོ། །དེ་ལྟར་སྒྱུ་མ་བྱང་ཆུབ་ཀྱི་སེམས་ནི་སྤྲུལ་པའི་སྐུའི་རྒྱུ་རྣམ་པར་དག་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་
རྣམ་པར་དག་པའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་སྐུའི་རྒྱུ་རྣམ་པར་དག་པའོ། །དེ་བཞིན་དུ་ལམ་རྣམ་པར་དག་པ་གཞན་ལ་བརྟེན་པའི་མཚན་ཉིད་ནི་སྤྲུལ་པའི་སྐུའི་ལམ་རྣམ་པར་དག་པའོ། །བདག་ལ་བརྟེན་པའི་མཚན་ཉིད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ལམ་རྣམ་པར་དག་པའོ། །རྟེན་པ་སྤངས་པའི་མཚན་ཉིད་ནི་ཆོས་ཀྱི་སྐུའི་ལམ་རྣམ་པར་དག་པ་ཉིད་དོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་གཞུང་གིས་ཀྱང་ཆོས་ཀྱི་སྐུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་ཐོབ་པར་འདོད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཐོབ་པར་འདོད་དོ། །སྤྲུལ་པའི་སྐུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ དང༌། ཚུལ་ཁྲིམས་དང ༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོབ་པར་འདོད་དོ། །འདིར་ནི་རྒྱུ་དང་ལམ་རྣམ་པ་གསུམ་གྱིས་སྐུ་གསུམ་བསྒྲུབ་པར་འདོད་དོ། །གསང་སྔགས་བླ་ན་མེད་པ་རྣམས་སུ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྐུ་རྣམ་པ་གསུམ་བསྒྲུབ་པར་འདོད་དེ། དེ་ནི་འདིར་ཡང་ཚང་བ་ཁོ་ནས་མི་འགལ་བ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་འདི་ཉིད་ལས་ཚང་བས་ན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པར་བྱའོ། །ཡང་འདིར་ལམ་རྣམ་པ་གསུམ་གྱི་སྐབས་སུ་ནི་གསང་སྔགས་ཡོངས་སུ་ཟློས་པའི་ཕྱིར་དྲིལ་བུ་ཞེས་བྱ་བ་དང༌། ཕྱག་རྒྱ་བཞིས་ཀུན་དུ་སྤྱོད་པའི་ཕྱིར། ཕྱག་རྒྱ་ཞེས་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་དང༌། སློབ་དཔོན་གྱི་བྱ་བ་ལ་ཞུགས་པའི་ཕྱིར་སློབ་དཔོན་ཞེས་བྱ་སྟེ། དེ་དག་དང་ལྡན་པ་ལ་རྣལ་འབྱོར་པ་ཞེས་བྱ་བ་ཉིད་དོ། །དེའི་ཕྱིར་དེ་ཁོ་ན་བསྡུས་པའི་བརྟག་པ་ལས་ཀྱང༌། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །ཞེས་སྡོམ་པ་འབོགས་པའི་སྐབས་སུ་གསུངས་སོ། །དེ་ལ་གང་དག་འདི་སྐད་དུ་ཆོས་ཀྱི་སྐུ་གཅིག་ལ་ཕ་རོལ་ཏུ་ཕྱིན་པའི་གཞུང་དུ་ནི་ཆོས་ཀྱི་སྐུ་ལ་རབ་ཏུ་ཞི་བའི་འོད་གསལ་བའི་ངོ་བོ་ཞེས་བརྗོད་ལ། ཐེག་པ་ཆེན་པོ་
གསང་སྔགས་སུ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གསང་སྔགས་ནི་འདོད་ཆགས་ཆེན་པོས་འདུལ་བའི་སེམས་ཅན་ལ་དགོངས་ནས་བདེ་བ་ཆེན་པོའི་རོ་གཉིས་སུ་མེད་པ་ཞེས་གསུངས་ལ། ཕ་རོལ་ཏུ་ཕྱིན་པ་ནི་འདོད་ཆགས་དང་བྲལ་བའི་སེམས་ཅན་འདུལ་བ་ལ་དགོངས་ནས་བདེ་བ་ཆེན་པོ་ཞེས་སྦས་ཏེ། རབ་ཏུ་ཞི་བ་འོད་གསལ་བ། །ཞེས་བྱ་བ་སྟེ། དེ་གཉིས་ཀ་ལ་ཡང་གཅིག་ཏུ་རབ་ཏུ་ཞི་བའམ། རྟོག་པ་དང་བྲལ་བའི་ཕྱིར་བདེ་བ་ཡིན་པ་ལ་བདེ་བ་ཆེན་པོའང་སྤྲོས་པ་དང་བྲལ་བའི་ཕྱིར་ཞི་བ་ཁོ་ནས་མདོར་ན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཉིད་དོ། །ཕན་ཚུན་དུ་མི་འགལ་བ་ཉིད་དོ། །དེ་ལྟར་ན་དད་པ་དང་ལྡན་པའི་སློབ་མ་ལ་སློབ་དཔོན་གྱིས་དངོས་གྲུབ་ཡང་དག་པར་འཛིན་པ་སྟེ། ཆོས་དེ་དག་དང་ལྡན་པའི་ཕྱིར་ན་ཚིགས་སུ་བཅད་པ་བཞི་པོས་དེ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བྱ་བ་ཁོ་ནའོ། །ད་ནི་དེ་དག་གི་ཕན་ཡོན་ཡང་དག་པར་བསྟན་པའི་ཕྱིར། །ཚངས་པ་ལ་སོགས་པའི་སེམས་ཡང་དག་པར་བསྐུལ་ནས་ཞུ་བའི་ཚུལ་དུ་སྟོན་པ་ཉིད་དོ། །དེ་ནས་ཚངས་པ་ལ་སོགས་པ་ལྟ་ཆེན་པོ་རྣམས་ཀྱང་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་དང་རྒྱལ་པོའི་བུ་དང༌། རྒྱལ་པོའི་བློན་པོ་དང༌། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། གཞན་ཡང་རིགས་དམན་ཞིང་བསོད་ནམས་ཆུང་བ་ཕྱག་དར་བ་དང༌། མཐའ་འཁོབ་པའི་རིགས་ངན་གྱི་སྐྱེ་བོ་ལ་སོགས་པ་རྣམས་དཀྱིལ་འཁོར་རྒྱལ་པོ་འདིར་ཞུགས་ན། དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུར་གྱུར་པ་ལགས་ཞེས་པ་ལ་སོགས་པ་དེ་ལ་དཀྱིལ་འཁོར་གྱི་རྒྱལ་པོ་ཞེས་པ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོར་བའི་རྒྱལ་པོའི་རྒྱུད་དུ་གསུངས་པའི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་བྱ་སྟེ། འཇིག་རྟེན་པའི་དཀྱིལ་
འཁོར་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སོགས་པ་ཞེས་པའི་སྒྲས་ནི་དུད་འགྲོ་ལ་སོགས་པའི་སེམས་ཅན་ཐམས་ཅད་བསྡུས་སོ། །དེ་ལ་དེ་དག་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ཞུགས་པ་ལས་འབྲས་བུ་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར་ཞེས་ཞུ་བར་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ང་ལ་ཞུས་པ་དེ་ནི་ལེགས་སོ་ཞེས་སོ། །ལྷའི་བུ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ཞུགས་པ་དང༌། དབང་བསྐུར་བ་དང༌། བྲིས་པ་དང༌། འདིར་འཇུག་པ་དང༌། རྗེས་སུ་ཡི་རང་བ་དང༌། ཕྱག་བྱས་པ་དང༌། མཆོད་པ་རྣམས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་ཉོན་ཅིག །ལྷའི་བུ་རྣམས་མདོར་ནང་ལའང་དེའི་ཕན་ཡོན་བཤད་པའི་སྤོབས་པ་མེད་དོ། །ངའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་བརྒྱ་ཕྲག་སྟོང་དུ་མར་བརྒྱུད་ཀྱང་གྲངས་སུ་ཡང་མི་ཆོག །བགྲང་བར་ཡང་མི་ཆོག །དཔེར་ཡང་མི་བཟོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་གསུངས་པ་ནི་འདིར་དེར་ཞུགས་པའི་ཕན་ཡོན་ཡང་དག་པར་གསུངས་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རང་ལ་ཞུས་པ་ལེགས་སོ་ལེགས་སོ་ཞེས་གསུངས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པར་སྤྲོ་བ་བསྐྱེད་པའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །ལྷའི་བུ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་པ་དང་ཞེས་པ་ལ་སོགས་པ་ནི་དེ་ལ་མངོན་པར་དད་པ་རྣམས་ཀྱི་གང་ཟག་བསྟན་པའོ། །ང་ལ་དེའི་ཡོན་ཏན་བཤད་པའི་སྤོབས་པ་མེད་དེ་ཞེས་གསུངས་པ་ནི་འདིར་དོན་གཉིས་སུ་གོ་བར་བྱ་སྟེ། དེ་ལ་གཅིག་ནི་འདི་ལ་བརྟེན་པའི་གང་ཟག་ཡོངས་སུ་རྫོགས་པའི་མཐར་གཉིས་སུ་མེད་པའི་ཉེ་ཤེས་ཐོབ་པའི་གནས་སྐབས་ན་གཉིས་སུ་མེད་པ་དེ་ཡེ་ཤེས་དེའི་བདེ་བ་དང༌། ངོ་བོ་འདི་ལྟ་བུའོ་ཞེས་པ་བསྟེན་པར་མ་ནུས་ཤིང་བརྗོད་པར་དཀའ་བ་ལ་དགོངས་ནས། དེའི་ཡོན་
ཏན་བཤད་པའི་སྤོབས་པ་མེད་དོ་ཞེས་གསུངས་པའོ། །གཅིག་ནི་ཡོན་ཏན་ཆེན་པོ་ཕུལ་དུ་བྱུང་བས་སེམས་ཅན་རྣམས་དད་པ་ཆེན་པོས་ཞུགས་པར་བྱ་བའི་ཡན་ལག་ཏུ་གསུངས་པར་ཤེས་པར་བྱའོ། །ངའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་པའི་བར་ནི་དོན་གསུམ་དུ་གོ་བར་བྱ་སྟེ། དེ་ལ་སྐད་ཅིག་ནི་ང་ཞེས་པའི་སྒྲ་འཇིག་རྟེན་པའི་ལྟ་བ་ལ་མངོན་པར་དད་པ་བདག་དང་བདག་གིར་ལྟ་བ་ལ་སོགས་པའོ། །དེ་དག་གིས་འཇིག་རྟེན་པའི་ལྷ་ལ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་བ་གྲངས་མེད་པ་བརྒྱད་ཁྲི་བཞི་སྟོང་དུ་བསྙེན་བཀུར་བྱས་པའི་བསོད་ནམས་དེ་བརྒྱ་ཕྲག་སྟོང་དུ་བསྒྱུར་ཀྱང༌། སེམས་ཅན་གང་དག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་པའི་གང་ཟག་དེའི་བསོད་ནམས་ལ་གྲངས་སུ་མི་ཆོ་ག །བགྲང་བར་ཡང་མི་ཆོག །དཔེར་ཡང་མི་བཟོད་དོ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་དོ་ཞེས་པ་ནི་ཀུན་ནས་ཉོན་མོངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བརྒྱ་ཕྲག་སྟོང་དུ་བསྒྱུར་བས་ཀྱང༌། སེམས་ཅན་གང་དག་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་འདིར་ཞུགས་པ་བསོད་ནམས་ཀྱི་ཕུང་པོ་ལ་དཔེར་ཡང་མི་བཟོད་པའི་ཕྱིར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད་ཅེས་བྱའོ། །གཅིག་ནི་ང་ཞེས་པའི་སྒྲས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་དེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་པ་ལ་དགོངས་ནས། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ཁྱད་པར་དུ་ཕྱུང་བ་སྟེ། དེ་ནི་འདི་ལྟར་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་རྣམ་པ་གཉིས་ལ་དགོངས་ནས་དེའི་ཆོས་ཀྱི་སྐུའི་ཡོན་ཏན་ལ་བགྲང་བས་མི་བཟོད་ཅེས་པ་ཉིད་དོ། །གཅིག་ནི་གོང་དུ་བསྟན་པ་ལྟར་ཡོན་
ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་ཕུལ་དུ་བྱུང་བ་ལས་སེམས་ཅན་རྣམས་ཞུགས་པའི་ཡན་ལག་ཏུ་ཕན་ཡོན་རྒྱ་ཆེན་པོ་ཚད་མེད་པར་གསུངས་པར་ཤེས་པར་བྱའོ། །ལྷ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ཞུགས་པའི་སེམས་ཅན་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་གང་ལགས་པ་དེ་ནི་ངོ་མཚར་ཆེའོ། །རྡོ་རྗེ་འཛིན་པ་ཆེན་པོ་ངོ་མཚར་ཆེ་སྟེ། བཅོམ་ལྡན་འདས་བདག་ཅག་ཀྱང་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་འཇུག་པར་སྤྲོའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་འཇུག་པར་སྤྲེའོ་ཞེས་པ་ལ་སོགས་པ་ནི་ངོ་མཚར་ཆེན་པོའི་ཚིག་གིས་བཅོམ་ལྡན་འདས་ལ་དཀྱིལ་འཁོར་དུ་འཇུག་པར་ཞུ་བ་སྟེ། དེ་ལ་ཚངས་པ་ལ་སོགས་པའི་ལྷ་རྣམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བསོད་ནམས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱིས་ཀྱང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་དུ་ཞུགས་པའི་སེམས་ཅན་དེའི་བསོད་ནམས་ལ་མི་བཟོད་པར་གསུངས་པས། ལྷ་རྣམས་ཡོན་ཏན་གྱི་ཚོགས་ཁྱད་པར་ཅན་མཐོང་བས་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་དུ་ཞུགས་པར་འདོད་པའོ། །ངོ་མཚར་གྱི་ཚིག་ལན་གཉིས་པ་ནི་ཤིན་ཏུ་ངོན་མཚར་བའོ། །འཇུག་པར་སྤྲོ་བའི་ཚིག་ལན་གཉིས་པ་ནི་མཆོག་ཏུ་འཇུག་པར་སྤྲོ་བ་སྟེ། དེ་དག་གི་མཐར་དཀྱིལ་འཁོར་ཆེན་པོའི་བརྟག་པ་རྫོགས་ནས་ལྷ་རྣམས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ནི་ལྷ་དབང་བསྐུར་བའི་བརྟག་པ་ཞེས་བྱ་བ་ཞིག་བཞུགས་པར་རྒྱུད་གཞན་ནས་གསུངས་སོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་དེ་དག་གིས་དེ་བཞིན་གཤེགས་པ་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང༌། ངན་སོང་གི་རྒྱུ་དང་ལྡན་པ་དང༌། སེམས་ཅན་དམྱལ་བ་དང༌། ཡི་དགས་དང་བྱོལ་སོང་རྣམས་སུ་སྐྱེ་བ་དག་མཆིས་ན། བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ནི་
ཇི་ལྟར་བསྒྲུབ་པར་བགྱི་ཞེས་པ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞུ་བ་སྟེ། དེ་ལ་འཛམ་བུའི་གླིང་གི་སེམས་ཅན་སྨོས་པ་ནི་གང་ན་ནད་ཞི་བར་བྱེད་པའི་སྨན་གྱི་ཚོགས་མང་བ་དེ་ནི་ལོག་པར་གྱུར་པའི་དབང་གི་ནད་དང༌། འཆི་བ་མང་བར་གྱུར་བ་བཞིན་དུ། ལྷོའི་འཛམ་བུའི་གླིང་ན་དམ་པའི་ཆོས་ཕལ་ཆེར་སྤྱོད་དེ། དེ་དག་གིས་མི་ཤེས་པ་དང༌། ལོག་པར་སྤྱད་པ་ལས་ངན་སོང་གི་དབང་དུ་གྱུར་པ་དང༌། སེམས་ཅན་དམྱལ་བ་ལ་སོགས་པའི་ནང་དུ་སྐྱེ་བ་མང་བའི་ཕྱིར། འཛམ་བུའི་གླིང་གི་སེམས་ཅན་ཞེས་སྨོས་པའོ། །བསོད་ནམས་ཆུང་བ་ནི་ནད་མང་བ་དང༌། མི་སྡང་བ་དང༌། ནོར་ལ་སོགས་པ་དབུལ་པོར་གྱུར་པའོ། །ཚེ་ཐུང་བ་ནི་འཚོ་བ་ཡུན་ཐུང་བའོ། །ངན་སོང་གི་རྒྱུ་དང་ལྡན་པ་ནི། སྡིག་པ་མི་དགེ་བའི་ཆོས་ལྷག་པར་སྤྱོད་པ་དང༌། སྡིག་པ་ཆེན་པོའི་ལས་བྱས་པའི་སེམས་ཅན་ཏེ། དེ་དག་གི་འཚོ་བ་དང༌། ལྟ་བ་ལ་བསམས་ནས་སྨྲས་པའོ། །དམྱལ་བ་ལ་སོགས་པའི་ནང་དུ་སྐྱེས་པ་ནི་འཚོ་བ་འདས་པའི་སེམས་ཅན་རྣམས་ལ་བསམས་ནས་སྨྲས་པས་ན། དེ་དག་ལ་ཇི་ལྟར་བགྱི་ན་ངན་སོང་དུ་སྐྱེས་པ་རྣམས་ངན་སོང་ལས་ཐར་བར་བགྱི་བ་དང༌། ངན་སོང་དུ་སྐྱེ་བ་རྣམས་ངན་སོང་གི་རྒྱུ་གཞིག་པར་བྱ་བའི་ཐབས་ཞུ་བ་ཉིད་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀྱེ་ལྷའི་བུ་རྣམས་སེམས་ཅན་དེ་དག་དཀྱིལ་འཁོར་དུ་ཆུག་ལ་དབང་བསྐུར་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་ཤིག་དང༌། དེས་ནི་སེམས་ཅན་དེ་དག་ཚེ་རིང་བར་འགྱུར་བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར་རོ།། ངན་སོང་བའི་རྒྱུ་དང་ལྡན་པ་རྣམས་ནི་ངན་སོང་གི་རྒྱུད་བཅད་དེ། ཐར་པ་དང་བདེ་འགྲོའི་རྒྱུ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་ནི་འཚོ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་དགོངས་ནས་གསུངས་པ་སྟེ། དེ་ལ་སེམས་ཅན་གང་དག་ཚེ་ཐུང་བ་དང༌། བསོད་ནམས་
ཆུང་བ་དང༌། ངན་སོང་གི་རྒྱུ་དང་ལྡན་པ་རྣམས་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་རྣམ་པ་གསུམ་དུ་བཅུག་ནས། དབང་ཇི་ལྟ་བ་བཞིན་དུ་བསྐུར་ཏེ། དེ་བཞིན་གཤེགས་པའི་རྩ་བའི་སྙིང་པོ་དང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོའི་དུས་ཐམས་ཅད་དུ་བཟླས་བརྗོད་བྱས་ན་ཚེ་ཐུང་བ་རིང་བར་འགྱུར་བ་དང༌། བསོད་ནམས་ཆུང་བ་བསོད་ནམས་དང་ལྡན་པར་འགྱུར་བ་དང༌། སྡིག་པའི་རྒྱུ་དང་ལྡན་པ་རྣམས་སྡིག་པའི་ཆོགས་ཐམས་ཅད་དང་བྲལ་ནས། བདེ་འགྲོ་དང་ཐར་པའི་ལམ་ལ་གནས་པར་གྱུར་པ་ནི་ངེས་པ་ཉིད་དུ་ཤེས་པར་བྱའོ། །ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་རྣམས་གང་ཡིན་པ་དེ་དག་གི་མིང་ལ་དབང་བསྐུར་ཅིག །གང་གཟུགས་བརྙན་ལའང་དབང་བསྐུར་བར་གྱིས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་གཟུགས་ལ་དབང་བསྐུར་བར་བྱོས་ཤིག །ཆུང་དུ་ན་དེ་དང་རིགས་མཐུན་པ་དང༌། དེའི་བུ་དང་དེ་དང་རུས་མཐུན་པ་དང༌། དེའི་མིང་འཛིན་པ་དང་བྲན་ལ་ཡང་དབང་བསྐུར་བར་བྱོས་ཤིག །དེ་ལྟར་ལན་བདུན་དུ་དཀྱིལ་འཁོར་དུ་བཅུག་ཅིང༌། དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་པ་ནི་འཚོ་བ་འདས་པའི་གང་ཟག་རྣམས་ལ་དགོངས་ནས་གསུངས་པ་སྟེ། དེ་ལ་ངན་སོང་དུ་སྐྱེ་བར་གྱུར་པའི་སེམས་ཅན་རྣམས་ཀྱི་མིང་དང་གཟུགས་བརྙན་ལ་སོགས་པ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་དེའི་རྣམ་པར་ཤེས་པ་བཀུག་ལ། ཚིགས་སུ་བཅད་པ་དང༌། སེམས་བསྐྱེད་པ་ལ་སོགས་པ་ནི་བུའམ། ཕའམ། སྲིང་མོའམ། ཕུ་བོ་ལ་སོགས་པས་བརྗོད་ཅིང་ཡོན་ཕུལ་ལ་དེ་དང་གཉིས་སུ་མེད་པར་བྱས་པས་དབང་བསྐུར་བར་བྱའོ། །དེ་ལྟར་ལན་བདུན་གྱི་བར་དུ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོའི་དཀྱིལ་འཁོར་དུ་ལན་བདུན་དུ་བཅུག་ཅིང་དབང་བསྐུར་ནས་དེ་དང་མཐུན་པའི་འོག་ནས་འབྱུང་བའི་སྦྱིན་སྲེག་རྣམ་པ་བཞི་
བྱས་པར་གྱུར་ན་ངེས་པར་ངན་སོང་ལས་རྣམ་པར་གྲོལ་བར་འགྱུར་བ་ནི་ངེས་པ་ཉིད་དུ་ཤེས་པར་བྱའོ། །དེ་ལ་གང་དག་འདི་སྐད་དུ། དེ་ཉིད་ཀྱི་རོལ་དབང་བསྐུར་བ་ལ་སོགས་པ་བྱས་པས་ངན་སོང་ལས་གྲོལ་བར་འགྱུར་བར་རིགས་ན། དེའི་མིང་དང་གཟུགས་བརྙན་དང༌། བུ་དང་མཆོད་རྟེན་ལ་སོགས་པ་ལ་དབང་བསྐུར་བ་དེ་ལ་སོགས་པ་བྱས་པས་ནི་མི་དེ་ཉིད་དང་མ་འབྲེལ་ཏེ། རྣམ་པར་ཤེས་པ་གཞན་ན་གནས་པའི་ཕྱིར། ཇི་ལྟར་གྲོལ་བར་འགྱུར་ཞེ་ན། དེ་ལྟ་ན་ནི་རོལ་དབང་བསྐུར་བས་ཀྱང་གྲོལ་བར་མི་འགྱུར་ཏེ། རོ་ནི་བེམས་པོའི་རྣམ་པ་དང་འདྲ་བ་ལ་དེའི་རྣམ་པར་ཤེས་པ་གཞན་དུ་སོང་བས་འབྲེལ་བ་མེད་དེ། ཚེ་ལས་འདས་པའི་གང་ཟག་ལ་ནི་བདེ་བར་གཤེགས་པའི་ཐབས་ཀྱིས་མི་ཟིན་པར་ཐལ་བར་འགྱུར་རོ། །དེ་བས་ན་དེ་ལྟར་སྨྲ་བའི་གང་ཟག་ནི་ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཆོ་མ་ཟ་བ་ཉིད་པས་ཁ་ན་མ་ཐོ་བ་དང་བཅས་པས་འགྱུར་བ་སྟེ། དེ་ནི་འདི་ལྟར་རོལ་དབང་བསྐུར་བ་དང༌། དེའི་གཟུགས་བརྙན་ལ་སོགས་པ་ལ་དབང་བསྐུར་བ་ལ་ནི་བྱེ་བྲག་མེད་པ་ཉིད་དོ། གཉིས་ཀ་ལ་རྣམ་པར་ཤེས་པ་སྟོང་ཞིང་རྡོ་རྗེ་སློབ་དཔོན་གྱི་མཐུས་རྣམ་པར་ཤེས་པ་བཀུག་པས་བྱེད་པ་ཉིད་དོ། །དེ་ལ་གང་དག་ཅི་དེའི་རྣམ་པར་ཤེས་པ་སློབ་དཔོན་གྱིས་འགུགས་པར་ནུས་སམ་ཞེ་ན། དེ་ལྟར་ན་ནི་ཤི་བ་ཐམས་ཅད་གསོན་པོར་ཐལ་བར་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ། འདི་ལྟར་བདེ་བར་གཤེགས་པའི་བཀའ་ཡང་དག་པའི་བདེན་པའི་བྱིན་གྱི་རླབས་ཀྱིས། སེམས་ཅན་གྱི་རྣམ་པར་ཤེས་པ་ལྟ་ཞོག་གི །དུས་གསུམ་གྱི་བདེ་བར་གཤེགས་པ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱི་ཡང་ཐུགས་བསྐུལ་ནས་རབ་ཏུ་གནས་པ་ལ་སོགས་པའི་སྐབས་སུ་བྱོན་པར་གྱུར་པ་ཁོ་ནའོ། །དེ་ལ་འདི་སྐད་དུ་དེ་ཡང་མོས་པ་ཡིད་ལ་བྱེད་པ་ཙམ་ལས་དེ་ཉིད་བྱོན་པར་མི་འགྱུར་རོ་ཞེ་ན་དེ་མ་ཡིན་ཏེ། འོ་ན་འདི་ལྟར་ཡུལ་དབུས་ཀྱི་དེ་བཞིན་གཤེགས་པ་མར་མེ་མཛད་གྲོང་ཁྱེར་དུ་
གཤེགས་པའི་སྐབས་སུ་དེའི་ ཚུལ་བཞིན་དུ་མ་གཟུགས་བྱད་དང ་ལྡན་པ་ལ་རྒྱན་དང་མཚོན་གྱིས་བརྒྱན་ནས། རྡོ་རྗེ་སློབ་དཔོན་རྣམས་ཀྱིས་རབ་ཏུ་གནས་པར་བྱས་པའི་སྐད་ཅིག་ལ་མི་དེ་རང་གི་ཤེས་པ་ཉམས་ཤིང་རྟོག་པ་དང་བྲལ་བའི་ཤེས་པ་སྐྱེས་པར་གྱུར་ནས། ཇི་སྲིད་གཤེགས་སུ་གསོལ་བ་མ་བྱས་པ་དེ་སྲིད་དུ་མི་དེའི་ཤེས་པ་ཉམས་པའི་བྱིན་དང་ལྡན་པར་འགྱུར་ན། བདེ་བར་གཤེགས་པ་ཉིད་མ་ཡིན་ན་སྲིན་པོ་ལ་སོགས་པས་བྱིན་གྱིས་བརླབས་སམ། ཡང་ཕྱོགས་གཞན་དུ་བདེ་བར་གཤེགས་པའི་གཟུགས་བརྙན་རྣམས་ལ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་རབ་ཏུ་གནས་པ་བྱས་པ་ན་གཟུགས་བརྙན་དེ་གཡོ་བ་དང༌། འཛུམ་པ་དང༌། འོད་ལ་སོགས་པ་འབྱུང་བར་འགྱུར་ན་དེ་ཡང་བདེ་བར་གཤེགས་པ་ལས་མ་གཏོགས་པ་གཞན་ཞིག་ཡིན་ནམ། དེ་བས་ན་རྣམ་པར་ཤེས་པ་བཀུག་ཅེས་ཏེ། མི་གང་ཤི་བའི་རྣམ་པར་ཤེས་པའི་རོལ་བཅུག་པ་ལས་ཕྱིས་མིའི་དངོས་པོར་འགྱུར་བ་ནི་མ་ཡིན་ཏེ། སེམས་ཅན་གང་ཞིག་སྡིག་པའི་འབྲས་བུ་སྦྱོང་བ་ནི་ནུས་པ་ཁོ་ནའོ། །དེ་ལ་གང་དག་འདི་སྐད་དུ་བདེ་བར་གཤེགས་པ་རྣམས་ནི་དད་པ་དང་དམ་ཚིག་ཏུ་འབྲེལ་པའི་སྟོབས་ཀྱིས་རབ་ཏུ་གནས་པ་ལ་སོགས་པའི་སྐབས་སུ་བྱོན་པར་འགྱུར་བ་ལ་སེམས་ཅན་ངན་སོང་དུ་གནས་པ་རྣམས་ནི་དེ་ཉིད་ལ་ནུས་པ་དང་མི་ལྡན་པའི་ཕྱིར་རྣམ་པར་ཤེས་པ་འོད་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉིད་ནི་ནུས་པའི་སྟོབས་ཀྱིས་འོང་བར་འགྱུར་ན། ལྷ་གསང་སྔགས་ཀྱི་སྦྱོར་བས་ཀྱང་དགོས་པ་ཡོད་པར་མི་འགྱུར་ཞིང་ཕྱོགས་གཞན་དུ་ན་ངན་སོང་གི་དབང་དུ་སོང་བའང་མེད་པར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་བདེན་པ་དང༌། སྔགས་དང་ཕྱག་རྒྱའི་བྱིན་གྱི་རླབས་ཀྱིས། མི་གང་དག་ངན་སོང་དུ་གནས་པའི་རྣམ་པར་ཤེས་པ་གཟུགས་བརྙན་ལ་བསྟིམས་ཏེ། དབང་བསྐུར་བ་ལ་སོགས་པ་བྱས་པ་ལས་ངན་འགྲོའི་རྒྱུད་ལས་རྣམ་པར་གྲོལ་བར་འགྱུར་བ་ནི་ངེས་པ་སྟེ། དེའི་ཕྱིར་བརྒྱ་བྱིན་ལ་སོགས་པས་ཀྱང་ལྷའི་བུ་ནོར་བུ་
དྲི་མ་མེད་པའི་འོད་རྣམ་པར་གྲོལ་བའི་སྐབས་སུ། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་ཞི་བྱེད་མེད། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་བསྟོད་པ་དང༌། གཞན་ཡང་གཙུག་ཏོར་ཆེན་པོའི་བརྟག་པ་ལས་ཀྱང༌། རྫས་རྣམས་ཀྱིས་ཀྱང་རི་བོ་སོགས། །གཡོ་ཞིང་བསྐྱོད་པར་ནུས་བྱེད་ན། །ཕྱག་རྒྱ་གང་དང་སྔགས་གང་གིས། །མནར་མེད་ནང་དུ་སྐྱེས་པ་དང༌། །ངན་སོང་དག་གི་རྒྱུད་ལས་ནི། །གྲོལ་བར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ།། དེ་ལ་གང་དག་འདི་སྐད་དུ་རྣམ་པར་ཤེས་པ་ཏིང་ངེ་འཛིན་གྱིས་བཀུག་པ་སྟེ། བདེ་བར་གཤེགས་པས་ནི་འདིར་མ་གསུངས་པའི་ཕྱིར་རང་གི་བརྟག་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གཙུག་ཏོར་ཆེན་པོའི་བརྟག་པ་ལས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ན་རོ་ལ་དབང་བསྐུར་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ་རྣམ་པར་ཤེས་པ་བཀུག་པས་དབང་བསྐུར་བར་བྱའོ། །བརྒྱ་བྱིན་གྱིས་གསོལ་པ། རྣམ་པར་ཤེས་པ་ཅི་ལྟ་བུས་དགུག་པར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཏིང་ངེ་འཛིན་གྱིས་སོ། །བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟ་བུའི་ཏིང་ངེ་འཛིན་གྱིས་བཀུག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མནར་མེད་པ་ལ་སོགས་པའི་དབྱིངས་སུ་འོད་ཟེར་སྤྲོས་པ་ལས། དེའི་རྣམ་པའི་ཆ་བྱད་ཅི་འདྲ་བ་བཀུག་པས་རོ་ལ་བཅུག་པས་གཉིས་སུ་མེད་པར་བྱས་པས་དབང་བསྐུར་བར་བྱ་སྟེ། ཐེ་ཚོམ་མི་ཟ་བ་ཉིད་དོ་ཞེས་གསུངས་པའི་ཕྱིར་རང་གི་བརྟག་པ་མ་ཡིན་པ་ཉིད་ཁོ་ནའོ། །དེ་ཡན་ཆད་ཀྱིས་ནི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བའི་ཕན་ཡོན་ཡང་དག་པར་གསུངས་ལ། ད་ནི་དེའི་མིང་ལ་སྔགས་ཀྱིས་ཟློས་པའི་ཕན་ཡོན་དང༌། ཆོ་གའི་རིམ་པ་གསུངས་པ་སྟེ། ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ། འབུམ་ཕྲག་གཉིས་སམ། འབུམ་ཕྲག་གསུམ་མམ། འབུམ་ཕྲག་བཞིའམ། འབུམ་ཕྲག་བརྒྱ་སྟོང་ཕྲག་གི་བར་དུ་བཟླས་བརྗོད་བྱས་ན་མཚམས་
མེད་པ་ལྔ་བྱས་པའང་རྣམ་པར་བྱང་བར་འགྱུར་ན། སྡིག་པ་ཆུང་དུ་བྱས་པ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་མྱུར་དུ་ངན་སོང་གི་རྒྱུད་ལས་གྲོལ་ནས་བདེ་འགྲོ་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་སེམས་ཅན་གང་དག་ངན་སོང་དུ་སྐྱེས་པའི་མིང་ནས་སྨོས་ལ། རང་ཉིད་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོར་བསྐྱེད་དེ། རིག་པ་ཆེན་པོ་འབུམ་ཕྲག་གཉིས་སུ་བཟླས་ན་ནི་སྡིག་པ་ཆུང་ངུ་བྱས་པའི་གང་ཟག་གྲོལ་བར་འགྱུར་རོ། །འབུམ་ཕྲག་གསུམ་མམ། བཞིས་ནི་མཚམས་མེད་པ་དང་ཉེ་བའི་སྡིག་པ་བྱས་པ་རྣམ་པར་གྲོལ་བར་འགྱུར་རོ། །འབུམ་ཕྲག་བརྒྱ་ཕྲག་སྟོང་གིས་མཚམས་མེད་པ་ལྔ་བྱས་པའི་སེམས་ཅན་ཡང་ངེས་པར་རྣམ་པར་གྲོལ་བར་འགྱུར་བ་ནི་ངེས་པ་ཉིད་དུ་ཤེས་པར་བྱའོ། །དེ་ལ་དེའི་མིང་ནས་ཞེས་པ་ལ། དེ་ཞེས་བྱ་བའི་སྒྲ་ནི་མ་ནིང་གི་རྟགས་ཏེ། ཚེ་འདས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ད་ལྟར་མིའི་ཡུལ་ན་གནས་པ་མཚམས་མེད་པ་ལ་སོགས་པའི་སྡིག་པ་བྱས་པ་ཡང་གསང་སྔགས་ཆེན་པོ་གོང་དུ་གསུངས་པའི་ཆོ་གས་ངེས་པར་ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་པར་འགྱུར་བའོ། །སྡིག་པ་ཆུང་དུ་བྱས་པ་ལྟ་ཅི་སྨོས་ཏེ་ཞེས་གསུངས་པ་ནི། འོག་མ་ལས་མྱུར་དུ་ཚེགས་ཆུང་དུས་ངེས་པ་ཉིད་དུ་གྲོལ་བར་གསུངས་པའོ། །དེ་ལ་གྲོལ་བར་འགྱུར་བ་གསང་སྔགས་དང་སྙིང་པོ་ལ་སོགས་པ་བདེ་བར་གཤེགས་པའི་བཀའ་ཐམས་ཅད་ནས་ངན་སོང་ནི་རྒྱུད་ལས་གྲོལ་བར་འགྱུར་བའི་ལས་གྲོལ་བར་མི་འགྱུར་བའི་ཚིག་གཅིག་ཀྱང་མ་གསུངས་ན། འདིར་ཡིད་ཆེས་པའི་རྟགས་ཅི་ལྟ་བུ་ཞིག་སྟོན་པར་འགྱུར་སྙམ་པ་ལ། དེ་ནི་འདི་ལྟར་གོང་དུ་སྐུ་གདུང་འབར་བ་དང༌། སྦྱིན་སྲེག་གི་སྐབས་སུ་མེའི་ལྟས་སྟོན་པ་དང༌། མེ་དེ་ཉིད་ཀྱི་གཟུགས་སྟོན་པ་ལ་སོགས་པའང་མང་ཞིག་གསུངས་པ་དང༌། གཞན་ཡང་གཙུག་ཏོར་ཆེན་པོའི་རྟོག་པ་ལས། དེ་ཡི་གཟུགས་བརྙན་ཤོག་བུ་ལ། །བྱས་པས་གུར་གུམ་བཟང་པོས་ནི། །སྙིང་གར་མིང་དང་སྙིང་པོ་བྲི། མར་མེའི་སྡོང་བུ་གསེར་ལ་སོགས། རིན་ཆེན་ལས་ནི་
བྱས་ནས་ཀྱང༌། །བདེ་གཤེགས་སྙིང་པོ་བཀོད་ནས་ནི། །སྨོན་ལམ་བཏང་སྟེ་རབ་བསྔགས་ན། །གཟུགས་དེ་མཁའ་ལ་འཕུར་བའམ། །མར་མེའི་སྡོང་བུ་འབར་བར་འགྱུར། །དེས་ནི་ངན་སོང་རྒྱུད་ལས་ནི། །གྲོལ་བ་ཉིད་དུ་ཤེས་པར་བྱ། །ཞེས་གསུངས་བའི་ཕྱིར། ངན་སོང་གི་རྒྱུད་ལས་གྲོལ་བ་ནི་ཡིད་ཆེས་པའི་རྟགས་ཏེ། དེ་དག་ལས་ཡོངས་སུ་ཤེས་པར་བྱ་སྟེ། གདོན་མི་ཟ་བ་ཉིད་དོ། །དེ་ཇི་ལྟར་ན་གདོན་མི་ཟ་ཞེ་ན། བདེ་བར་གཤེགས་པའི་བཀའ་གཞན་དག་ནི་དྲང་བའི་དོན་གྱི་མདོ་སྡེ་ཡང་ཡིན་སྲིད་ལ། འདི་ནི་མི་རྣམས་ཀྱིས་གསང་སྔགས་ཀྱི་འབྲས་བུ་མང་པོར་ཉམས་སུ་མྱོང་བའི་ཕྱིར་ངེས་པའི་དོན་གྱི་རྒྱུད་དུ་ཤེས་པར་བྱ་བ་ཁོ་ནའོ། །དེ་ཡན་ཆད་དུ་ནི་རྩ་བའི་དཀྱིལ་འཁོར་རྣམས་གསུངས་ལ། ད་ནི་དེ་དག་གི་ཡན་ལག་ཏུ་གྱུར་པས་ཕྲིན་ལས་རྣམ་པ་བཞིའི་སྦྱིན་སྲེག་གསུངས་ཏེ། དེ་ཡང་སྦྱིན་སྲེག་འདི་ནི་འབྲས་བུ་ལས་ཀྱི་སྦྱིན་སྲེག་ཅེས་བྱའོ། །དེ་ཇི་ལྟར་ན་འབྲས་བུ་ལས་ཀྱི་སྦྱིན་སྲེག་ཡིན་ཞེ་ན། དེ་ནི་འདི་ལྟར་རྣལ་འབྱོར་པ་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གང་དག་ངན་སོང་གི་རྒྱུད་ལས་རྣམ་པར་དྲངས་ནས་བདེ་འགྲོ་ལྷ་དང་མིའི་འཇིག་རྟེན་དུ་སྐྱེས་པར་ཤེས་པ་དང༌། སེམས་ཅན་དེ་བདེ་འགྲོའི་འཇིག་རྟེན་ན་ཉོན་མོངས་པ་དང་ནད་དང༌། སྡུག་བསྔལ་རྣམས་ཞི་བར་བྱ་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱ་བ་དང༌། དེའི་ཚེ་དང་བསོད་ནམས་དང༌། ལོངས་སྤྱོད་སྤེལ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་བྱ་བ་དང༌། ལྷ་དང་མི་ལ་སོགས་པ་ཐམས་ཅད་དེའི་དབང་དུ་བྱ་བའི་ཕྱིར་དབང་གི་སྦྱིན་སྲེག་བྱ་བ་དང༌། དེ་ལ་གནོད་པར་བྱེད་པའི་བགེགས་དང༌། མི་མ་ཡིན་པ་དང༌། བདུད་ཀྱི་ཚོགས་གཞོམ་པར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་བ་ཁོ་ན་སྟེ། དེའི་ཕྱིར་འབྲས་བུ་ལས་ཀྱི་སྦྱིན་སྲེག་ཅེས་བྱ་བ་ཉིད་དོ། །ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོ་མ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་དུ་བྱས་ནས་ཀྱང༌། །དེ་ཡི་མིང་དང་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་
ལས་ཐར་བར་འགྱུར། །དེ་ཡི་ཤ་དང་རུས་པ་དང༌། །སྐྲ་དང་ཐལ་བ་ལ་སོགས་ཀྱིས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང༌། །ཀུན་ནས་རྣམ་པར་ཐར་པར་འགྱུར། །ཞེས་གསུངས་པ་ནི་དང་པོ་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་ཏེ། དེ་ལ་ལྷའི་བུ་རྣམས་ཞེས་ལྷ་རྣམས་ལ་བོས་པ་ནི་དང་པོར་ལྷ་རྣམས་ཀྱིས་སེམས་ཅན་སྡིག་པའི་དབང་དུ་གྱུར་པ་རྣམས་ལ། །ཇི་ལྟར་བསྒྲུབ་པར་ཞུས་པའི་ཕྱིར་ལྷ་རྣམས་ལ་བོས་ཏེ། སེམས་ཅན་ཐམས་ཅད་ལ་གསུངས་པའོ། །དེ་ལ་སྦྱིན་སྲེག་འདི་ནི་ངན་སོང་གི་རྒྱུད་ཞི་བར་བྱ་བར་སྟོན་ཀྱང་འབྲས་བུའི་གནས་སུ་ཡང་ནད་ལ་སོགས་པ་ཞི་བར་བྱ་བའི་སྦྱིན་སྲེག་ཏུ་ཤེས་པར་བྱའོ། །དེ་ཅི་ལྟར་བྱ་སྙམ་པ་ལ། ཧོམ་ཁུང་ཐ་མ་བར་མ་མཆོག །ཅེས་པ་ལ་སོགས་པ་གསུངས་ཏེ། ཐ་མ་ནི་ཁྲུ་གང་ངོ༌། །བར་མ་ནི་ཁྲུ་དོའོ། །མཆོག་ནི་རབ་སྟེ། ཁྲུ་བཞི་བར་བྱ་བའོ། །དབྱིབས་བསྟན་པ་ནི། ཟླུམ་པ་ཞེས་གསུངས་སོ། །རྫས་ནི་ཇི་ལྟ་བུས་བྱ་སྙམ་པ་ལ། དེ་ཡི་མིང་དང་ཡུངས་ཀར་གྱིས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་རྫས་ནི་རྣམ་པར་གཉིས་སོ། །དེ་ལ་བརྟེན་པའི་རྫས་དང༌། མཆོད་པའི་རྫས་ཏེ། མཆོད་པའི་རྫས་ནི། འོག་ནས་སྟོན་པའི་མར་དང་འོ་མ་དང༌། སྦྲང་རྩི་དང་ཞེས་པ་ལ་སོགས་པ་དང་ཡུངས་ཀར་རྣམས་སོ། །དེ་ལ་བརྟེན་པའི་རྫས་ནི་དེའི་མིང་དང་ཤ་དང་རུས་པ་དང་ཞེས་པ་ལ་སོགས་པའོ། །གྲངས་ཇི་ཙམ་དུ་བྱ་སྙམ་པ་ལ། བརྒྱ་ཕྲག་སྟོང་དུ་སྦྱིན་སྲེག་བྱས་ན་ཞེས་གསུངས་པ་སྟེ། འབུམ་ཕྲག་གཅིག་ཏུ་བྱ་བར་གསུངས་པའོ། །དེའི་འབྲས་བུ་ཇི་ལྟ་བུ་འོང་བར་འགྱུར་སྙམ་པ་ལ། ངན་སོང་ལས་ནི་ཐར་བར་འགྱུར། །ཞེས་གསུངས་པ་སྟེ། སེམས་ཅན་དེ་ངན་སོང་རྣམ་པ་གསུམ་ལས་ངེས་པར་གྲོལ་བར་ཤེས་པར་བྱའོ། །དེ་ལ་ཕྱག་རྒྱ་ཅི་ལྟ་བུ་དག་བྲི་བར་བྱ་སྙམ་པ་ལ། དེ་ཡི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་འོད་ཟེར་དཀར་བར་བྲི། །འཁོར་ཡུག་རྡོ་རྗེ་རྩེ་ལྔ་ལ། །འོད་ཟེར་དཀར་དང་ལྡན་པ་བྲི། །དེ་ནས་རྡོ་རྗེ་རྒྱ་གྲམ་དང༌། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག་
སྡིག་པ་གཞོམ་ཕྱིར་ཕྱག་རྒྱ་རྣམས། །སྣ་ཚོགས་པ་ནི་གཞག་པར་བྱ། །ཕྱི་རོལ་རྡོ་རྗེ་རིགས་རྣམས་ཀྱི། །ཕྱག་རྒྱ་རྣམས་ནི་བྲི་བར་བྱ། །གཟའ་དང་སྐར་མའི་མཚན་མ་དང༌། །དེ་ལྟར་འཇིག་རྟེན་སྐྱོང་རྣམས་ཀྱི། །གཙོ་བོ་རི་མོ་ལུགས་མའང་རུང༌།། རྡོ་རྗེ་ཅན་དང་ལྷན་ཅིག་གཞག །ཅེས་གསུངས་ཏེ། དེ་ལ་ཐབ་ཁུང་གི་ནང་དུ་ནི་འཁོར་ལོ་ཁ་དོག་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་དུ་བཅས་པ་བྲི་བར་བྱའོ། །དེའི་མུ་རན་ལ་རྡོ་རྗེའི་ཕྲེང་བ་དཀར་པོ་རྩེ་ལྔ་པ་བྲི་བར་བྱའོ། །དེའི་མུ་རན་གྱི་སྟེང་དུ་ནི་མེའི་འོད་ཁ་དོག་དཀར་དམར་དུ་བྲི་བར་བྱའོ། །དེ་ནས་འཁོར་ལོའི་ལྟེ་བ་ལ་ནི་པདྨའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་འཁོར་ལོ་རྩིབས་བརྒྱད་པ་གཞག་གོ །ཤར་གྱི་རྩིབས་ལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྱག་རྒྱ་རྡོ་རྗེ་བྲི་བར་བྱའོ། །ལྷོའི་རྩིབས་ལ་རིན་པོ་ཆེ་ཏོག་གི་ཕྱག་རྒྱ་རིན་པོ་ཆེ་བྲི་བར་བྱའོ། །ནུབ་ཀྱི་རྩིབས་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་རྒྱ་མཚན་མ་པདྨ་བྲི་བར་བྱའོ། །བྱང་གི་རྩིབས་ལ་མེ་ཏོག་ཆེན་པོ་རྒྱས་པའི་མཚན་མ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །ཤར་ལྷོ་ལ་སོགས་པའི་མཚམས་སུ་ནི། །སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་ཀྱི་མཚན་མ་རྡོ་རྗེ་དང་རེ་མིག་དང༌། པདྨ་དང༌། ཨུཏྤལ་རྣམས་བྲི་བར་བྱའོ། །དེའི་ཕྱི་རོལ་གྱི་རྩིབས་བཅུ་དྲུག་པ་གཅིག་ལ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་མའམ། ཡིག་འབྲུ་ཧཱུཾ་དང་ཛ་ལ་སོགས་པ་དགོད་པར་བྱའོ། །དེའི་ཕྱི་རོལ་གྱི་གྲྭ་བཞིར་ནི་སྒེག་མོ་ལ་སོགས་པའི་མཚན་མའམ། ཡིག་འབྲུ་དགོང་པར་བྱའོ། །རྟ་བབས་ཀྱི་ཁྱམས་རྣམས་སུ་བྱམས་པ་ལ་སོགས་པའི་ཡིག་འབྲུ་དགོད་པར་བྱའོ། །དེའི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ནི་གོང་དུ་གསུངས་པ་ལྟར་ཕྱོགས་སྐྱོང་བ་དང༌། གཟའ་དང་སྐར་མ་ལ་སོགས་པའི་གཟུགས་སམ་ཡིག་འབྲུའམ་ཐིག་ལེ་ཡང་བྲི་བར་བྱའོ། །རྡོ་རྗེ་ཅན་དང་ལྷན་ཅིག་གཞག །ཅེས་པ་ནི་དེའི་འཁོར་དུ་གནས་པ་ལ་ལྷན་ཅིག་གནས་ཞེས་བྱའོ། །དེ་
ཡང་སྐབས་འདིར་ནི་རྒྱུད་གཞན་ནས་དོན་གཉིས་སུ་གསུངས་ཏེ། ཕྱོགས་སྐྱོང་བ་ཙམ་འཁོར་དུ་གཞག་པ་དང༌། ཕྱོགས་སྐྱོང་བ་དང་གཟའ་དང་རྒྱུ་སྐར་དུ་བཅས་པ་གཞག་པར་བྱ་བ་སྟེ། འཕགས་པ་རང་རྒྱལ་བ་དང༌། དྲང་སྲོང་ལ་སོགས་པ་ནི་བྱ་བ་ཆུང་དུས་བསྒྲུབ་པའི་ཕྱིར་མ་གཏོགས་སོ། །བྱ་དང་བུམ་པ་གང་བ་དང༌། །གཏོར་མ་ཞལ་ཟས་རབ་དཀར་དང༌། །དེ་བཞིན་མེ་ཏོག་དཀར་རྣམས་དང༌། །མདོར་ན་ཐིག་ནི་བཏབ་ནས་ཀྱང༌། །ཆོ་ག་བཞིན་དུ་བྲི་བར་བྱ། །དཀར་པོའི་གོས་ནི་གྱོན་ནས་ནི། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་རྒྱུད་ལས་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང༌། །སྡིག་དང་སྒྲིབ་པ་ཞི་བའི་ཕྱིར། །དག་པའི་རྒྱུད་ལས་སྦྱིན་སྲེག་ནི། །མར་དང་འོ་མ་སྦྲང་རྩི་དང༌། །འབྲས་ཡོས་ཡུངས་ཀར་སྲེག་པ་དང༌། །དེ་ཡི་ཤ་དང་རུས་ལ་སོགས། །ཡང་ན་མིང་ནས་སྨོས་ལ་བྱ། །ཞེས་གསུངས་པ་ནི་མཆོད་པའི་རྫས་བསགས་པ་གསུངས་པ་སྟེ། དེ་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ནི་ངང་པ་ལ་སོགས་པ་བྱའི་གཟུགས་དང༌། བུམ་པ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་གོས་ཁ་དོག་དཀར་པོས་དཀྲིས་ལ་གཞག་པ་དང༌། གཏོར་མ་དང༌། ཞལ་ཟས་ཁ་དོག་དཀར་པོ་བརྒྱ་རྩ་བརྒྱད་ལ་སོགས་པ་གཞག་པར་བྱའོ། །གཞན་ཡང་བདག་གིས་ལས་བྱ་བ་ནི་བདག་ཉིད་གོས་ཁ་དོག་དཀར་པོས་བགོ་བ་དང༌། རྒྱན་མུ་ཏིག་ལ་སོགས་པ་དཀར་པོས་བརྒྱན་པ་དང༌། མེ་ཏོག་དཀར་པོས་དཀྱིལ་འཁོར་གྱི་སྟེང་དུ་དགྲམ་པར་བྱ་བ་དང༌། གཟར་བུ་ནི་དངུལ་ལམ་ཙནྡན་དཀར་པོ་ལས་བྱས་པའི་གཟར་བུ་བཟུང་བ་དང༌། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་དེ། དེས་སྦྱིན་སྲེག་བྱ་བ་ནི། ངན་སོང་གི་རྒྱུད་ལ་གནས་པའི་སེམས་ཅན་དེའི་སྡིག་པའམ། མཐོ་རིས་ན་གནས་པའི་སེམས་ཅན་དེའི་ནད་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་ཞི་བའི་ལྟ་སྟངས་སྣའི་རྩེ་མོར་བདེ་བར་གཤེགས་པའི་གཟུགས་སུ་བལྟས་ལ། དབུགས་དྲང་པོ་ནས་དྲངས་ལ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས་པས། མར་དང༌། འབྲས་ཡོས་དང༌། མ་དུ་དང༌། ཏིལ་
དཀར་པོ་དང༌། ཡུངས་ཀར་དཀར་པོ་དང༌། ག་བུར་ལ་སོགས་པ་དྲི་དཀར་པོ་དང༌། དེ་བ་ད་རུའི་ཡམ་ཤིང་དང༌། རྩྭ་ཀུ་ཤ་དང༌། ཙནྡན་དཀར་པོའི་ཕྱེ་མ་དང༌། ཞོ་དང་འོ་ཐུག་དང༌། འབྲས་ཆན་ལ་སོགས་པའི་སྦྱིན་སྲེག་བྱ་བ་དང༌། དེ་ལ་བརྟེན་པའི་རྫས་རུས་པའམ། ཐལ་བ་འམ། ཤའམ། ཡང་ན་དེའི་མིང་བྱང་ཤི་རི་ཤའི་ལོ་མ་ལ་བྲིས་པས་ཞི་བའི་སྔགས་དང་སྦྱར་ཞིང་སྦྱིན་སྲེག་བྱ་བ་ཉིད་དོ། །དེ་ལྟར་འབུམ་ཕྲག་གཅིག་ཏུ་བྱས་པ་ལས་སེམས་ཅན་དེའི་སྡིག་པའི་ཚོགས་ངེས་པར་བྱང་བར་འགྱུར་ཏེ་སྡིག་པ་བྱང་བ་ལས། དེའི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་སྤེལ་བའི་ཕྱིར་རྒྱས་པའི་ལས་བྱ་བ་ནི། དེ་ནི་བདེ་འགྲོར་སྐྱེས་ནས་ཀྱང༌། །མཁས་པས་རྒྱས་པ་བྱ་དགོས་ཏེ། ཁྲུ་དོ་པའམ་ཁྲུ་བཞི་པ། །དེ་ལྟར་རབ་ནི་ཁྲུ་བརྒྱད་པར། །བྱས་པས་ཧོམ་ཁུང་གྲུ་བཞི་པར། །ཀུན་དུ་མུ་རན་ལྡན་པར་བྱ། །དེ་དབུས་པདྨ་རིན་ཆེན་ཅན། །འོད་ཟེར་སེར་པོ་ལྡན་པར་བྲི། །ཁོར་ཡུག་ཏུ་ནི་རིན་ཆེན་དང༌། །མུ་རན་རྣམས་ལ་ཆུ་སྐྱེས་བྲི། །ཕྱི་རོལ་དུ་ནི་རིགས་ལྔ་དང༌། །སོ་སོའི་ཕྱག་རྒྱ་བྲི་བར་བྱ། །དེ་ལྟར་ཕྱི་ཡི་ལྷ་རྣམས་དང༌། །ལྕགས་ཀྱུ་ལ་སོགས་བྲི་བར་བྱ། གོས་རྣམས་སེར་པོར་བསྒྱུར་ནས་ནི། །མཐོ་རིས་གནས་སུ་རྗེས་སུ་དྲན། །དེ་ལ་ཕན་ཞིང་རྒྱས་པའི་ཕྱིར། །རྒྱས་པ་ཡི་ནི་ལས་བྱས་ན། །ལུས་ཅན་དེ་ཡི་ཚེ་དཔལ་དང༌། །གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །ཞེས་གསུངས་ཏེ། དེ་ལ་རྒྱས་པའི་ཐབ་ཁུང་ནི་ཐ་མ་ཁྲུ་དོ་བར་བྱའོ། །འབྲིང་ནི་ཁྲུ་བཞི་པར་བྱའོ། །རབ་ནི་ཁྲུ་བརྒྱད་པར་བྱས་ལ། །དབྱིབས་ནི་གྲུ་བཞི་འམ། ཟུར་བཞིའམ་ཟུར་བརྒྱད་པར་བྱས་ཏེ། དེའི་སྟེང་དུ་མུ་རན་ནི་སོར་བརྒྱད་པའམ། བཅུ་དྲུག་གམ་ཡང་ན་སུམ་ཅུ་རྩ་གཉིས་པའི་ཚད་དུ་བྱས་ལ་དེའི་དབུས་སུ་པདྨའི་སྟེང་དུ་རིན་པོ་ཆེ་འབར་བ་འོད་ཟེར་སེར་པོ་དང་ལྡན་པ་བྲི་བར་བྱའོ། །མུ་རན་གྱི་སྟེང་དུ་རིན་པོ་ཆེ་པདྨའི་སྟེང་ན་འདུག་པར་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་རིམ་པ་གསུམ་དུ་བཀོད་ལ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་
རྒྱའམ། སྙིང་པོའི་ཚོན་དམར་སེར་གྱས་བྲི་བར་བྱའོ། །དེ་བཞིན་དུ་སྤྱན་ལ་སོགས་པའི་ཕྱག་རྒྱ་དང༌། དེའི་ཕྱི་རོལ་དུ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གི་ཕྱག་རྒྱ་དང༌། སྒོ་སྐྱོང་ལ་ཐུག་གི་བར་དུ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་ཕྱོགས་སྐྱོང་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱས་ལ་རང་ཉིད་གོས་ཁ་དོག་སེར་པོ་གྱོན་ཏེ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་སྐུར་བསྐྱེད་ལ། མིག་མདུན་དྲང་པོར་བལྟ་ཞིང༌། །དབུགས་མདུན་དྲང་པོར་དྲང་ལ། གསེར་རམ་སྐྱེར་པ་ལས་བྱས་པའི་གཟར་བུ་གྲུ་བཞི་པ་ཐོགས་ཏེ། བདེ་འགྲོའི་འཇིག་རྟེན་ན་གནས་པ། དེའི་བསོད་ནམས་རྒྱས་པར་བྱ་བའི་ཕྱིར་སྦྱིན་སྲེག་བྱ་བ་སྟེ། རིན་པོ་ཆེའི་སྐྱིལ་ཀྲུང་དུ་གནས་ལ། ཡུངས་ཀར་གྱི་མར་ཁུ་དང༌། མེ་ཏོག་སེར་པོ་དང༌། གུར་གུམ་དང༌། སྨན་གི་ཝང་དང༌། འབྲས་བུར་བཅས་པའི་ཤིང་དང༌། ཡུངས་ཀར་དང༌། སྤོས་སེར་པོ་དང༌། འབྲས་ཡོས་དང༌། མ་དུ་ལ་དང༌། ཤི་རི་ཤའི་ཤིང་ལ་སོགས་པའི་རྫས་རྣམས་ལ། ཡང་གུར་གུམ་མ་མ། དྲི་སེར་པོས་བསྒོས་ཏེ། ལན་འབུམ་དུ་བྱ་བ་ཉིད་དེ། དེས་ནི་མཐོ་རིས་ན་གནས་པ་དེའི་ཚེ་དང་བསོད་ནམས་དང་ལོངས་སྤྱོད་ལ་སོགས་པ་རྒྱས་ཤིང་འཕེལ་བ་ཉིད་དུ་འགྱུར་བ་ཁོ་ནའོ། །དེའི་རྗེས་ལ་སེམས་ཅན་དེའི་དབང་དུ་ལྷ་དང་མི་ལ་སོགས་པ་ཐམས་ཅད་བསྡུ་བའི་ཕྱིར་དབང་གི་སྦྱིན་སྲེག་བྱ་བ་ནི། དེ་ནས་ཕན་ཕྱིར་ངེས་པར་ཡང༌། །དབང་དུ་བྱ་བའི་ལས་བྱ་སྟེ། །ཧོམ་ཁུང་གཞུ་ཡི་དབྱིབས་འདྲ་བ། །ཁྲུ་གང་པའམ་ཁྲུ་དོ་པ། །ཁྲུ་བཞིར་བྱས་ལ་དེ་དབུས་སུ། །པདྨ་དམར་པོ་བྲི་བར་བྱ། །དེ་ཡི་དབུས་སུ་མངར་བྱས་པའི། །གཞུ་ཡང་དེ་བཞིན་བྲི་བར་བྱ། །ཁོར་ཡུག་ཏུ་ནི་མངར་བྱས་པའི། །གཞུ་ནི་ཁ་དོག་དམར་པོར་བྲི། །སྔགས་རྫོགས་པས་ན་རྟག་པར་ཡང༌།། ཕྱི་རོལ་དེ་དང་འདྲ་བར་བྱ། །སེམས་ཅན་དེ་ཡང་དྲན་བྱས་ཏེ། །དམར་པོར་གྱུར་པའི་གོས་གྱོན་ལ། །མེ་ཏོག་དམར་རམ་པདྨ་འམ། །འབྲས་བུ་དམར་རམ་ཚོན་བསྐུས་པས། །མར་དང་གུར་གུམ་བསྲེས་པའམ། །ཙནྡན་དམར་པོའི་ཕྱེ་མ་ཡིས། །སྦྱིན་སྲེག་བྱས་ན་ལྷ་ལ་སོགས།།
ཐམས་ཅད་དེ་ཡི་དབང་དུ་འགྱུར། །ཞེས་གསུངས་ཏེ། དེ་ལ་དབང་གི་ཐབ་ཁུང་ཐ་མ་ནི་ཁྲུ་གང་ངོ༌། །འབྲིང་ནི་ཁྲུ་དོ་པའོ། །རབ་ནི་བཞི་པ་ཡིན་ཏེ། དེའི་དབྱིབས་ནི་གཞུ་ལྟ་བུ་འམ། ཟླ་བ་ཚེས་པ་ལྟ་བུར་བྱ་བའོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཅུ་དྲུག་པར་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་ཨུཏྤལ་དམར་པོའི་མངའ་པདྨའི་གཞུ་དང་ལྡན་པ་བཀང་བ་བྲི་བར་བྱའོ། །དེའི་མུ་རན་ལ་མདའ་དང་གཞུ་རུ་ལྡན་པ་ལ་བཀང་བ་དང་བཅས་པ་བྲི་བར་བྱའོ། །དེའི་མུ་རན་གྱི་སྟེང་དུ་ནི་འོད་ཟེར་ཁ་དོག་དམར་པོ་ཀུན་ནས་འབར་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཁོར་ཡུག་རྣམས་སུ་ནི་པདྨ་དམར་པོའི་སྟེང་དུ་བདེ་བར་གཤེགས་པ་རིགས་ལྔའི་ཕྱག་རྒྱ་དང༌། ལྷ་མོ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་སེམས་དཔའ་རྣམས་དང༌། མཆོད་པའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་སྒོ་སྐྱོང་བ་རྣམས་དང༌། ཕྱོགས་སྐྱོང་བ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །དེ་ནས་བདག་ཉིད་གོས་ཁ་དོག་དམར་པོ་གྱོན་ལ། པདྨའི་སྐྱིལ་མོ་ཀྲུང་དུ་འདུག །མིག་གཡོན་དུ་བལྟ་ཞིང་དབུགས་གཡོན་དྲངས་ཏེ། ཟངས་སམ་ཙནྡན་དམར་པོའི་གཟར་བུ་ཟླ་གམ་ཐོགས་ཏེ། རྒྱན་དམར་པོས་བརྒྱན་ལ་མཐོ་རིས་ན་གནས་པའི་སེམས་ཅན་དེའི་དབང་དུ་སེམས་ཅན་ཐམས་ཅད་བྱ་བའི་ཕྱིར། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དབང་གི་སྔགས་མཐར་བཏགས་པས་བསྲེག་པར་བྱ་བ་ནི་མེ་ཏོག་དམར་པོའམ། པདྨའམ། འབྲས་བུ་དམར་པོའམ། ཚོན་དམར་པོ་བསྐུས་པའི་འབྲས་ཆན་དང༌། འབྲས་ཡོས་དང༌། མ་དུ་དང༌། མར་དང༌། གུར་གུམ་དང༌། ཙནྡན་དམར་པོའི་ཕྱེ་མ་དང༌། ཏིལ་མར་དང༌། ཡུངས་ཀར་དམར་པོའི་ཕྱེ་མ་དང༌། ཀ་ར་བཱི་ར་དམར་པོའི་ཡམ་ཤིང་ཏིལ་དང༌། ཨེ་རཎྜའི་ས་བོན་ལ་སོགས་པའི་རྫས་རྣམས་ལ་ལན་གྲངས་འབུམ་དུ་བསྲེག་པར་བྱའོ། །དེ་ལྟར་བྱས་པར་གྱུར་པ་ལས་ནི་སེམས་ཅན་དེའི་དབང་དུ་ལྷ་དང་མི་ལ་སོགས་པ་ཐམས་ཅད་དེའི་
དབང་དུ་གྱུར་པར་ངེས་པ་ཉིད་དོ། །དེ་ནས་དེ་ལ་གནོད་པར་གྱུར་པའི་བགེགས་དང་བདུད་ལ་སོགས་པའི་ཚོགས་གཞོམ་པའི་ཕྱིར་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་བ་ནི། དེ་ལ་གདོན་རྣམས་གཞོམ་བྱའི་ཕྱིར། །མངོན་སྤྱོད་ཀྱི་ནི་ལས་བྱ་སྟེ། །ཕྱེད་དང་གསུམ་ལས་ཁྲུ་གསུམ་མམ། །དེ་ལྟར་རབ་ནི་ཁྲུ་དགུར་བྱ། །གྲྭ་གསུམ་དང་ནི་ལྡན་པ་ལ། །དབུས་སུ་རྡོ་རྗེ་རྩེ་དགུ་པ། །ཁ་དོག་ནག་པོ་འབར་བ་བྲི། །མུ་རན་གྱི་ནི་ནང་དག་ཏུ། །རྩེ་གསུམ་པ་དང་རྒྱ་གྲམ་པའི། །རྡོ་རྗེ་རྣམས་ནི་བསྐོར་བར་བྱ། །དེ་ཡི་ཕྱི་རོལ་མུ་ཁྱུད་ནི། །དབྱུག་པ་རྡོ་རྗེ་རྩེ་གསུམ་དང། །དགྲ་སྟ་དང་ནི་རལ་གྲིས་བསྐོར། །ཕྱི་རོལ་དུ་ནི་རིམ་གསུམ་དང༌། །སྔ་མ་བཞིན་དུ་བརྒྱན་པར་བྱ། །བྱ་དང་གཏོར་མའི་བུམ་པ་དང༌། །བཤོས་ཆ་རྣམ་པ་མང་དུ་གཞག །ཤ་དང་ཁྲག་གིས་བཀང་བ་ཡི། །མགོ་བོའི་ཐོད་པ་ཀུན་དུ་གཞག །ལུས་ཅན་དེ་ཡི་སྡིག་སོགས་པ། །བགེགས་རྣམས་གཞོམ་པར་བྱ་བའི་ཕྱིར། །གོས་ནག་བགོས་ཤིང་ཁྲོས་ནས་ཀྱང༌། །འཇིག་རྟེན་གསུམ་རྒྱལ་བདག་ཉིད་ཅན། །ཏིང་ངེ་འཛིན་དུ་སྙོམས་ཞུགས་ནས། །དེ་ནས་སྡིག་བཅོམ་ལུས་དེ་ནི། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང༌། །ཁམས་གསུམ་པོ་ན་ཅི་དགར་སྤྱོད། །ཅེས་གསུངས་ཏེ། དེ་ལ་མངོན་སྤྱོད་ཀྱི་ཐབ་ཁུང་ཐ་མ་ནི་ཁྲུ་ཕྱེད་དང་གསུམ་པའོ། །བར་མ་ནི་ཁྲུ་གསུམ་པའོ། །རབ་ནི་ཁྲུ་དགུ་པར་བྱ་སྟེ། དབྱིབས་ནི་གྲུ་གསུམ་དུ་བྱའོ། །དེའི་དབུས་སུ་རྡོ་རྗེ་རྩེ་མོ་དགུ་པ་ཁ་དོག་ནག་པོ་འོད་ཟེར་ནག་པོ་དང་ལྡན་པ་བྲི་བར་བྱའོ། །དེའི་གྲྭ་གསུམ་དུ་ནི་མཚོན་རྩེ་གསུམ་པ་འབར་བ་གསུམ་ནང་དུ་ཁ་བལྟས་པ་བྲི་བར་བྱའོ། །དེའི་མུ་རན་དུ་ནི་རྡོ་རྗེ་རྩེ་གསུམ་པ་དང༌། རྡོ་རྗེ་རྒྱ་གྲམ་གྱི་ཕྲེང་བས་བསྐོར་བ་བྲི་བར་བྱའོ། །དེའི་སྟེང་དུ་ནི་དབྱུག་པ་དང་དགྲ་སྟའི་ཕྲེང་བས་བསྐོར་བ་བྲི་བར་བྱའོ། །རལ་གྲི་དང་རྡོ་རྗེ་ནི་མཚོན་རྩེ་གསུམ་པའི་བར་དུ་བྲི་བར་བྱའོ། །མུ་རན་གྱི་སྟེང་དུ་དབྱུག་པ་ལ་སོགས་པའི་ཕྱི་རོལ་དུ་ནི་མེ་འོད་འབར་བ་དམར་ནག་ཏུ་འདུག་པ་བྲི་བར་བྱའོ། །དེ་ནས་མཆོད་པའི་
ཚོགས་ནི་བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། བྱ་དང་བུམ་པ་དང་བཤོས་ལ་སོགས་པ་འཇིག་རྟེན་པའི་འབྱོར་པ་ཐམས་ཅད་གཞག་པར་བྱའོ། །མུ་རན་གྱི་ཕྱི་རོལ་རིམ་པ་གསུམ་པ་ལ་ནི་གོང་དུ་གསུངས་པའི་བདེ་བར་གཤེགས་པའི་ཚོགས་དང། ལྟ་མོའི་ཚོགས་དང༌། བྱང་ཆུབ་སེམས་དཔའི་ཚོགས་དང༌། ཕྱོགས་སྐྱོང་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ནས་གཏོར་མའི་ཚོགས་དང༌། མེ་ཏོག་ནག་པོའམ་སྔོན་པོའི་ཕྲེང་བས་བརྒྱན་པར་བྱའོ། །དེ་ནས་བདག་ཉིད་རྡོ་རྡེ་རྩེ་གཅིག་པའམ། རལ་གྲིའི་སྐྱིལ་མོ་ཀྲུང་བཅས་ལ་གོས་ནག་པོ་གྱོན་ཏེ། མི་རུས་ཀྱི་རྒྱན་གྱིས་བརྒྱན་ནས། བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། མིག་བགྲད་པས་བགེགས་ལ་བལྟས་ཏེ། དབུགས་དྲག་པོར་འབྱུང་བ་དང༌། རྔུབ་པ་བགེགས་ལ་བྱས་ལ་ལྕགས་སམ་མི་རུས་ཀྱི་གཟར་བུ་ཟུར་གསུམ་པ་ཁྲུ་གང་པ་ཐོགས་ཏེ་བསྲེག་པར་བྱ་བ་ནི། ཤ་དང་ཁྲག་དང༌། ལྕགས་ཕྱེ་དང་རུས་ཕྱེ་དང༌། སེང་ལྡེང་གི་ཚོར་མ་དང༌། དུག་དང་སྐེ་ཚེ་དང་ཡུངས་ཀར་གྱི་རྒྱལ་པོ་དང༌། དྲི་ཆེན་དང༌། །དྲི་ཆུ་དང༌། མེ་ཏོག་སྔོན་པོ་དང༌། མིའི་མར་ཁུའི་བདུག་པ་དང༌། ཤིང་ཚེར་མ་ཅན་ལ་སོགས་པའི་ཡམ་ཤིང་གིས་ལན་གྲངས་སྟོང་ངམ་འབུམ་ཕྲག་གཅིག་གི་བར་དུ་བསྲེག་པར་བྱ་བ་ཉིད་དོ། །དེ་བཞིན་དུ་དྲག་པོའི་ལས་ཀྱི་སྔགས་མཐར་བཏགས་བ་གྲངས་ཇི་ལྟ་བ་བཞིན་དུ་བྱས་པ་ལས་ནི་མཐོ་རི་ས་ན་གནས་པའི་གང་ཟག་དེ་བགེགས་དང་གནོད་པའི་ཚོགས་དང་བྲལ་ནས་བདེ་འགྲོའི་གནས་ན་བདེ་བ་དང་ལྡན་པར་སྤྱོད་པ་ཉིད་དོ། །གོ་རིམས་འདི་དག་ཉིད་ཀྱིས་ནི། །དེ་ཡི་གནས་ལ་བྱ་བ་སྟེ། །དེ་ནས་གང་གི་ཕྱིར་བྱ་བ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ནི། །སྔ་མ་དེ་བཞིན་དེ་ལྟར་བྱ། །དེས་ནི་སེམས་ཅན་རྣམས་ལ་ཡང༌། །མྱུར་དུ་བདེ་སྐྱིད་འགྲུབ་པར་འགྱུར། །ཞེས་གསུངས་པ་ནི་ཕྲིན་ལས་རྣམ་པ་བཞིའི་ལས་སྤྱིར་ཁྱབ་པར་གསུངས་
ཏེ། དེ་ལ་གོ་རིམས་འདི་དག་ཉིད་ཀྱིས་ནི། །ཞེས་པ་ནི་གོང་དུ་གསུངས་པའི་ཐབ་ཁུང་དང༌། མཆོད་རྫས་དང་ཕྱག་རྒྱལ་སོགས་པའི་རིམ་པ་སྟེ། དེ་དག་གིས་ཚེ་འདས་པའི་དོན་དུ་ཡང་བྱ་ལ། གང་གཞན་དག་ཏུ་འཚོ་བ་དང་ལྡན་པའི་ཕྱིར་ཡང་དེ་བཞིན་དུ་ལས་ཀྱི་རིམ་པ་རྣམས་བྱ་བར་གསུངས་སོ། །དེ་ལ་སོགས་པའི་ལས་དང་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་སེམས་ཅན་གང་དང་གང་གི་དོན་དུ་བྱས་པ་ལས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ་ཉིད་དོ། །གཞན་ཡང་དེ་དག་གིས་རྣམ་པར་དབྱེ་བ་ནི་སངས་རྒྱས་རོལ་པའི་རྒྱུད་ལས། ཕྱོགས་དང་ཏིང་འཛིན་ཁ་དོག་དང༌། །གྲངས་དང་ཕྲེང་བ་བཟླས་པ་ཡི། །རིམ་པ་ལས་རྣམས་འགྲུབ་འགྱུར་ཏེ། །གཞན་དུ་འཁྲུགས་པས་བདག་བརླག་འགྱུར། །ཞེས་གསུངས་པ་ནི་ཞི་བའི་ལས་ཀྱི་སྐབས་སུ་མཆོད་རྫས་དང་ཡོ་བྱད་ཐམས་ཅད་དཀར་པོར་བྱས་ལ། ཁ་ཤར་ཕྱོགས་སུ་བལྟས་ལ་བརྒྱ་རྩ་བརྒྱད་པའི་ཕྲེང་བས་མཛུབ་མོ་ལ་བཟླས་ཤིང་ཞི་བའི་སེམས་ཀྱིས་བྱའོ། །རྒྱས་པ་ནི་ཡོ་བྱད་ཐམས་ཅད་སེར་པོར་བྱས་ལ་ཁ་བྱང་ཕྱོགས་སུ་བལྟས་ཏེ། བརྒྱ་རྩ་བརྒྱད་པའི་ཕྲེང་བ་གུང་མོ་ལ་བཟླས་ཤིང་དགའ་བ་ཆེན་པོའི་སེམས་ཀྱིས་རྒྱས་པར་བྱའོ། །དབང་ལ་ནི་ཡོ་བྱང་ཐམས་ཅད་དམར་པོར་བྱས་ལ། ནུབ་ཕྱོགས་སུ་ཁ་བལྟས་ཏེ་ཉི་ཤུ་པའི་གྲངས་ཀྱི་ཕྲེང་བ་སྲིན་ལག་ལ་བཟླས་ཤིང་ཆགས་པ་ཆེན་པོའི་སེམས་ཀྱིས་དབང་དུ་བྱའོ། །མངོན་སྤྱོད་ལ་ནི་ཡོང་བྱང་རྣམས་ནག་པོར་བྱས་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་དྲུག་ཅུ་པའི་ཕྲེང་བ་མཐེའུ་ཆུང་ལ་བཟླས་ཤིང་ཞེ་སྡང་ཆེན་པོའི་སེམས་ཀྱིས་མངོན་སྤྱོད་བྱའོ། །ཕྲེང་བའི་རྣམ་པར་དབྱེ་བ་ནི་ཞི་བ་ལ་ནི་ཤེལ་ལམ་དངུལ་གྱི་རི་ལུ་ལ་སོགས་པས་བྱའོ། །རྒྱས་པ་ལ་ནི་གསེར་རམ་གུར་གུམ་གྱི་རི་ལུ་ལ་སོགས་པས་བྱའོ། །དབང་ལ་ནི་ཙནྡན་དམར་པོའི་འབྲས་བུའམ། པདྨའི་ས་བོན་གྱི་རི་ལུ་ལ་སོགས་པས་བྱའོ། །མངོན་སྤྱོད་ལ་ནི་མི་རུས་ཀྱི་ཕྲེང་བ་ནག་པོའམ། ཀ་རཱཉྫའི་ཕྲེང་བའམ། དུག་གི་རི་ལུ་ལ་སོགས་པས་བྱའོ། །དུས་ཚོད་ཀྱི་
དབྱེ་བ་ནི་འོག་ནས་སྟོན་པ་འགྱུར་ལ། འདིར་ཡང་རྒྱུད་གཞན་ནས་ནི་ཞི་བ་ལ་ནི་སྔ་དྲོ་དང་པོ་ཤིས་སོ། །རྒྱས་པ་ལ་ནི་བཟའ་བ་ལོངས་སྤྱོད་པའི་ཐུན་ཚོད་གཉིས་པ་ལ་ཤིས་སོ། །དབང་ལ་ནི་ཐུན་ཚོད་གསུམ་པ་ནས་ནུབ་ཀྱི་བར་དུ་ཤིས་སོ། །མངོན་སྤྱོད་ལ་ནི་སྲོད་འཁོར་ནས་ནམ་ཕྱེད་ཀྱི་བར་དུ་ཤིས་པར་གསུངས་སོ། །དེ་བས་ན་དེ་ལྟར་ཡན་ལག་ཐམས་ཅད་ཡོངས་སུ་མཐུན་ཞིང་ཚང་བས་ལས་རྣམ་པར་འགྲུབ་པར་འགྱུར་གྱི། །གཞན་དུ་ནི་རང་ཉིད་དམ་ཚིག་ཉམས་པ་དང༌། རང་གི་འཚོ་བ་དང་འབྲལ་བར་འགྱུར། དཔེར་ན་ནད་པ་གང་ཞིག་ལ་ནད་འཚོ་བར་བྱེད་པའི་སྨན་དག་གཏོང་ན་སྨན་རྣམས་ཀྱི་ཐུན་དང༌། དྲོད་ཚད་དང་སྣ་གྲངས་འཛོམ་པ་ལས་ནད་ཞི་བར་འགྱུར་གྱི། ཕན་ཚུན་དུ་སྣ་གྲངས་མ་འཛོམ་པ་དང༌། ཐུན་ཆེ་ཆུང་གྱུར་པ་ལས་ནི་ནད་པ་དེའི་འཆི་བ་དང་འབྲེལ་པར་འགྱུར་བ་དང༌། ནད་སླར་ཐུ་བ་ལ་སོགས་པར་འགྱུར་བ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་བདེ་བར་གཤེགས་པས་ཇི་སྐད་གསུངས་པ་བཞིན་དུ་གསང་སྔགས་ཀྱི་སྦྱོར་བ་ཡོངས་སུ་རྫོགས་པ་ལས་ཐམས་ཅད་བྱ་བ་ཉིད་དོ། །དེ་ཡན་ཆད་ཀྱིས་ནི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཡན་ལག་ཕྲིན་ལས་བཞིའི་སྦྱིན་སྲེག་བཤད་ནས། ད་ནི་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཡིད་ཚིམ་པར་གྱུར་ཏེ། དགའ་བ་ཆེན་པོས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་དམ་པའི་ཆོས་དང་དེའི་སྤྱོད་པའི་གང་ཟག་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་བྱ་བར་དམ་བཅས་ཏེ། དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཡིད་མགུ་ནས། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངན་སོང་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་སླད་དུ་བརྟག་པའི་རྒྱལ་པོ་ཆེན་པོ་འདི་འདྲི་བ་དང༌། འདི་འདྲིར་འཇུག་པ་དང༌། འཆད་པ་དང༌། གཞན་ལ་རྒྱ་ཆེན་པོ་སྟོན་པ་དང༌། འདི་རྣལ་འབྱོར་དུ་བྱེད་པ་དང༌། རིག་པ་ཆེན་པོ་ཟློས་པ་དང་ཉན་པ་དང༌། མཆོད་པ་དག །བསྙེན་བཀུར་བྱེད་པ་རྣམས་ཀྱིས་རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བདག་ཅག་ཚངས་པ་ལ་སོགས་པ་དང༌། ལྷ་དང་བཅས་པའི་འཁོར་རྣམས་ཀྱི་བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱི། གང་རྒྱལ་པོའམ་རྒྱལ་པོའི་བུའམ། རྒྱལ་པོའི་བློན་པོ་ལ་སོགས་པ་ཇི་ལྟར་གསུངས་པའི་རྗེས་སུ་སློབ་ན་དེའི་རྒྱལ་སྲིད་འཕེལ་བར་བགྱི། ཡུལ་ཕྱོགས་དང་རང་གི་སྐྱེ་བོ་དང་ཡོངས་ཀྱི་སྐྱེ་བོ་དང༌། བྲན་ལ་སོགས་པ་བསྲུང་བར་བགྱིའོ། །ནོར་དང་འབྲུ་རྣམས་མང་དུ་འབྱོར་པར་བགྱི། སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་རྣམས་དང་ལྡན་པར་བགྱིའོ། །འབྱོར་པ་རྒྱས་པ་དང༌། ལོ་ལེགས་པ་དང༌། ཞི་བ་རྣམས་སུ་བགྱིད་ན། ཇི་ལྟར་བཤད་པའི་བསྒྲུབ་པ་ལ་མངོན་པར་ཞུགས་པ་རྣམས་ལྟ་སྨོས་ཀྱང་ཅི་འཚལ་གང་གིས་བརྟག་པའི་རྒྱལ་པོ་འདི་དད་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། གྲོང་དང་གྲོང་ཁྱེར་དུ་བཙུགས་ལ། བདག་ཉིད་ཀྱིས་བསུ་བ་དང༌། གླང་པོ་ཆེའི་སྟེང་དུ་བཞག་ལ། གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་བསྐོར་ན། ནད་དང་གནོད་པ་ཐམས་ཅད་མ་མཆིས་པར་འགྱུར་ལ། སེམས་ཅན་ཆེན་པོ་དེའི་དྲུང་དུ་བདག་ཅག་བྲན་གྱི་ཚུལ་ལམ་བུའི་ཚུལ་དུ་གནས་པར་བགྱིའོ།། གང་དུ་བརྟག་པའི་རྒྱལ་པོ་འདི་རབ་ཏུ་སྤྱོད་པ་དེ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའམ་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་འཚལ་བར་བགྱི་བ་དང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་དུ་བཟང་པོ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག་པའི་རྒྱལ་པོའི་གཟུགས་སུ་བཞུགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་ཏེ་བཞུགས་པར་འཚལ་བར་བགྱིའོ། །ས་ཕྱོགས་དེ་མཆོད་རྟེན་དུ་འཚལ་བར་བགྱིའོ། །མཆོད་པར་བགྱི་སྟེ་ཕྱག་འཚལ་བར་བགྱིའོ། །ཀུན་དུ་བསྲུང་བར་བགྱིའོ། །བདག་ཅག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱི་བརྟག་པའི་རྒྱལ་པོ་འདི་ཀུན་ལ་རྒྱས་པར་འཆད་པའི་རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེན་པོ་དེའི་གཡོག་བགྱི། བྲན་གྱི་ཚུལ་དུ་གནས་པར་བགྱིའོ། །བཀའ་ཉན་པའི་ཚུལ་དུ་གནས་པར་བགྱིའོ།།
བསྒོ་བ་ཐམས་ཅད་མཉན་པར་བགྱིའོ། །ཕན་པ་དང་བདེ་བ་ཐམས་ཅད་བགྱིའོ། །དངོས་གྲུབ་ཐམས་ཅད་ཀྱང་སྩལ་བར་བགྱི་སྟེ། བཅོམ་ལྡན་འདས་མདོར་ན་དེའི་རྐང་པའི་རྡུལ་བདག་གི་སྤྱི་བོས་བླང་བར་བགྱིའོ། །བཅོམ་ལྡན་འདས་ལ་ཕྱག་བཙལ་བར་བགྱིའོ། །བཅོམ་ལྡན་འདས་ལ་མཆོད་པར་བགྱིའོ། །བདག་ཅག་དེའི་ཕྱི་བཞིན་འབྲང་བར་བགྱིའོ། །བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ། དབང་བསྐུར་བ་གང་ལགས་པ་དེ་དག་ཐམས་ཅད་ཀྱང་བདག་ཅག་གི་དཔོན་པོ་ལགས་པར་འཚལ་བར་བགྱིའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལེགས་པར་འཚལ་བར་བགྱིའོ། །རྡོ་རྗེ་སེམས་དཔའ་ལེགས་པར་འཚལ་བར་བགྱིའོ། །བདེ་བ་ཆེན་པོ་ཀུན་དུ་བཟང་པོ་ལགས་པར་འཚལ་བར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལགས་པར་འཚལ་བར་བགྱིའོ་ཞེས་པ་ལ་སོགས་པ་རྩོལ་བ་ནི། དམ་པའི་ཆོས་ལ་བསྙེན་བཀུར་བ་དང༌། རིམ་གྲོར་ཡོངས་སུ་མཆོད་པར་དམ་བཅས་པ་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་དགོངས་པ་མ་ཡིན་ཞིང་ངེས་པ་ཉིད་དུ་ཇི་སྐད་རྩོལ་བ་བཞིན་དུ་བྱེད་པ་ཁོ་ནའོ། །དེ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའམ། རྡོ་རྗེ་སེམས་དཔའི་སྐུར་བཞུགས་པར་བགྱི་སྟེ། བཅོམ་ལྡན་འདས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་དེ་ཉིད་བརྟག་པའི་རྒྱལ་པོའི་གཟུགས་སུ་འཚལ་བར་བགྱིའོ། །ཞེས་པ་ནི་འབྲས་བུའི་བདག་ཉིད་རྒྱུ་ལས་ཡོངས་སུ་ཚང་བར་འདོད་པས་རིམ་གྲོར་བྱེད་པ་སྟེ། དེ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྡོ་རྗེ་སེམས་དཔའ་ནི་འགྲོ་དོན་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། སྤྲུལ་པའི་སྐུའོ། །ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུ་སྟེ། དེ་ལྟར་བརྟག་པའི་རྒྱལ་པོ་འདི་སྐུ་གསུམ་ཡོངས་སུ་འགྲུབ་པར་བྱེད་པའི་ཕྱིར་ཚངས་པ་ལ་སོགས་པ་རྣམས་ཀྱི་སྐུ་གསུམ་གྱི་རང་བཞིན་དུ་བལྟས་ནས་རིམ་གྲོར་བགྱིའོ་ཞེས་གསོལ་བར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་དང༌།
མཆོད་རྟེན་དུ་འཚལ་བར་བགྱིའོ་ཞེས་པ་བརྟག་པའི་རྒྱལ་པོ་འདི་ཉིད་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་བཞུགས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དུ་བཞུགས་པར་འཚལ་བར་བགྱིའོ་ཞེས་པ་དང༌། མཆོད་རྟེན་ནི་དེ་བཞིན་གཤེགས་པའི་གདུང་དང་ལྡན་པའི་མཆོད་རྟེན་ཡིན་ལ། བརྟག་པའི་རྒྱལ་པོ་འདི་ཡང་དེ་བཞིན་གཤེགས་པའི་གདུང་ཉིད་ཡིན་པའི་ཕྱིར་འདི་གང་ན་བཞུགས་པ་དེ་ཉིད་གདུང་དང་ལྡན་པས་མཆོད་རྟེན་དུ་འཚལ་བར་བགྱིའོ་ཞེས་པའོ། །དེ་ལྟར་གོང་དུ་བསྟན་པའི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལགས་པར་འཚལ་བར་བགྱིའོ་ཞེས་པ་ལ་སོགས་པའང་སྐུ་གསུམ་གྱི་ངོ་བོར་ཤེས་པར་བྱ་སྟེ། ལྷག་མ་ནི་དེ་བཞིན་དུ་བྱེད་པར་འགྱུར་ཞིང་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚངས་པ་ལ་སོགས་པའི་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལ་སོགས་པ་རྣམས་ཆོས་ལ་རིམ་གྲོ་བྱ་བ་དང༌། དེ་ལྟར་དམ་བཅས་པར་འགྱུར་བ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ལེགས་ཀྱིས་ཇི་སྐད་དུ་སྨྲས་པ་བཞིན་དུ་བརྟག་པའི་རྒྱལ་པོ་འདི་ལ་མངོན་པར་སྦྱོར་བའི་སེམས་ཅན་ཆེན་པོ་དེ་ལ་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་གྱིས་ཤིག་དང༌། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱས་པ་ཉིད་དུ་འགྱུར་བའོ་ཞེས་གསུངས་པ་ནི་འདི་ལྟར་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་འཁོར་ཐམས་ཅད་ལ་བརྟག་པའི་རྒྱལ་པོ་འདི་ལ་མངོན་པར་སྦྱོར་བའི་རིགས་ཀྱི་བུ་རྣམས་ལ་རིམ་གྲོར་བྱེད་པ་ལ་བཅོམ་ལྡན་འདས་ཀྱིས་ནན་ཏན་ཆེར་གདམས་པ་སྟེ། དེ་ལ་ལེགས་པའི་ཚིག་གསུམ་པོ་ནི་རྗེས་སུ་ཡི་རང་བའོ། །ཇི་སྐད་དུ་སྨྲས་པ་བཞིན་དུའོ་ཞེས་པ་ནས། །བསྐྱབ་པ་ལ་སོགས་པ་གྱིས་ཤིག་དང་ཞེས་པའི་བར་ནི་ཆེར་གདམས་པའོ། །དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱས་པར་འགྱུར་རོ་ཞེས་པ་ནི། ཚངས་པ་ལ་སོགས་པའི་རིམ་གྲོ་དང་བསྙེན་བཀུར་བྱེད་པ་ལ་སྤྲོ་བ་ཡང་དག་པར་བསྐྱེད་པ་དེ། དེ་ལ་བརྟག་པའི་རྒྱལ་པོ་ལ་
མངོན་པར་སྦྱོར་བའི་སེམས་ཅན་དེས་ནི། སེམས་ཅན་རྣམས་རྣམ་པར་གྲོལ་བའི་ལམ་ལ་གནས་པར་བྱེད་ཅིང༌། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མཛད་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཐུགས་ཀྱིས་རྗེས་སུ་ཡི་རང་བར་མཛད་དེ། དེ་དག་མངོན་པར་དགྱེས་པ་ཉིད་ལས་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པར་འགྱུར་བ་ནི་ངེས་པ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱས་པར་འགྱུར་བ་ཉིད་དོ་ཞེས་གསུངས་པ་ཁོ་ནང་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྔགས་དང་རིག་པ་དང༌། སྙིང་པོ་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་ཉིད་ཀྱི་སྙིང་པོ་འདི་བཤད་དོ། །ཨོཾ་བྷྲཱུཾ་ཏྲཱུཾ། བཛྲ་པཱ་ཎི་ཧྲྀ་ད་ཏིཥྛ་ཨོཾ་ཨཱཿ་ཧཱུཾ། ཨོཾ་བཛྲ་ཧཱུཾ། ཨོཾ་ཧྲྀ་ད་བཛྲ་ཧཱུཾ་ཏྲཾ་ཧཱུཾ། ཨོཾ་བཛྲ་ཧཱུཾ་ཏྲཾ་ས། ཨོཾ་བཛྲ་ཧཱུཾ་ཨ། ཞེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་སྙིང་པོ་རྣམ་པ་གསུམ་སྟེ། དེ་ལ་སྔགས་དང་རིག་པ་དང༌། སྙིང་པོ་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནི་འདི་ལྟར་གོང་དུ་གསུངས་པ་དང༌། འོག་ནས་གསུངས་པར་འགྱུར་བའི་དཀྱིལ་འཁོར་ཐམས་ཅད་དུ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མ་གསུངས་ལ། དེ་ཐམས་ཅད་ལ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི་གསང་སྔགས་དང་རིག་སྔགས་དང༌། གཟུངས་སྔགས་ཐམས་ཅད་སྐྱེད་པར་བྱེད་པའི་མ་དང་འདྲ་བ་ཡིན་པའི་ཕྱིར་བརྟན་པར་བྱ་བ་ཞེས་བྱའོ། །སྔགས་ནི་རྩ་བ་དང་ཉེ་བའི་སྙིང་པོ་ལ་སོགས་པའོ། །རིག་པ་ནི་ལྷའི་ཚོགས་རྣམས་སོ། །སྙིང་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་དག་ཡོངས་སུ་བསྐྱེད་ཅིང་དོན་ཐམས་ཅད་འགྲུབ་པའི་ཕྱིར་བསྟན་པར་བྱ་ཞེས་སྦྱོར་རོ། །ཇི་ལྟར་ན་བསྟན་པ་ཡིན་ཞེ་ན་ངེས་པ་ཉིད་ཀྱིས་བྱ་བ་བསྒྲུབ་པའི་ཕྱིར་བསྟན་པ་ཞེས་བྱའོ། ཇི་ལྟར་ན་བྱ་བ་སྒྲུབ་ཅེ་ན། ཕྱག་རྒྱ་ཆེན་པོའི་སྟོབས་ཀྱིས་འགྲོ་བའི་དོན་བྱེད་ནུས་པ་ལས་དེ་དང་བྲལ་བ་ལས་ནི་མ་ཡིན་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་པའི་རྒྱུད་ཆེན་པོ་ལས་བཅོམ་ལྡན་འདས་ཀྱིས། ཕྱག་རྒྱ་ཆེན་པོ་རྣམས་བྲལ་བས། །གསང་སྔགས་བསྒྲུབ་
པར་འདོད་པ་དང༌། །འགྲོ་དོན་བྱེད་པར་འདོད་པ་ནི། །རྟེན་མེད་མཁའ་ཡི་བར་སྣང་ལ། །རྒྱལ་མཚན་འཛུགས་པར་འདོད་པ་སྟེ། །དེས་ནི་ནམ་དུའང་ཡེ་ཤེས་ནི། །རྙེད་པར་མི་འགྱུར་རམ་སྡུག་བསྔལ། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ཀྱི་དོན་ནི་འདི་ལྟར་སྐུ་རྣམས་བསྐྱེད་པའི་ས་བོན་ཏེ། དེ་ལ་དང་པོ་ཡིག་འབྲུ་གཅིག་ནི་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ས་བོན་ནོ། །གཉིས་པ་ནི་གོ་ཆ་བསྲུང་བར་བྱ་བའོ། །སྔགས་གཉིས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྙིང་པོས་དཀྱིལ་འཁོར་རྣམས་བྱིན་གྱིས་བརླབས་པའོ། །དེའི་མཐའི་ཡིག་འབྲུ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་སྙིང་པོའོ། །གསུམ་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའིའོ། །བཞི་པ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའིའོ། །ལྔ་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དྲུག་པ་ནི་འོད་དཔག་མེད་ཀྱིའོ། །བདུན་པ་རྣམས་ནི་དོན་ཡོད་གྲུབ་པའི་སྙིང་པོ་རྣམས་ཏེ། སྐུ་བསྐྱེད་པའི་ས་བོན་ཡང་དེ་དག་ཉིད་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །དབུས་སུ་རྡོ་རྗེ་བྲི་བར་བྱ། །ཡང་ན་རྡོ་རྗེ་སེམས་དཔའམ། །ཀུན་དུ་བཟང་པོ་བདེ་ཆེན་བྲིས། །སྤྱན་སྔར་ཕྱག་ན་རྡོ་རྗེ་ལ། །གཡས་ཕྱོགས་སུ་ནི་རིན་ཆེན་བསྣམས། །ནུབ་ཕྱོགས་འོད་དཔག་མེད་པ་སྟེ། །བྱང་ཕྱོགས་སུ་ནི་རྒྱ་གྲམ་བསྣམས། །ཕྱི་རོལ་དུ་ནི་ཀུན་བསྐོར་བས། །སངས་རྒྱས་ཐམས་ཅད་བསྡུས་པའི་གཟུགས། །སྐུ་བཞི་པོ་ནི་གཞག་པར་བྱ། །དེ་ཡི་ཕྱི་རོལ་སེམས་དཔའ་རྣམས། །གོ་རིམས་བཞིན་དུ་བྲི་བར་བྱ། །སྒོ་སྒོར་སྒོ་བ་དེ་བཞིན་ཏེ། །དེ་ཡི་ཕྱི་རོལ་བྱམས་པ་སོགས། །བསྐལ་པ་བཟང་པོའི་སེམས་དཔའ་བྲི། དེ་ལྟར་དགེ་སློང་ཀུན་དགའ་སོགས། །ཐུབ་རྣམས་དེ་ཡི་ཕྱི་རོལ་བྲི། །རང་གི་ཆུང་མ་བུས་བསྐོར་བའི། །ཚངས་པ་ལ་སོགས་ཕྱི་རོལ་བྲི། །དེ་བཞིན་རྒྱལ་པོ་བཞི་རྣམས་དང༌། །འཇིག་རྟེན་སྐྱོང་བ་རྣམས་དང་ནི། །དྲང་སྲོང་རྒྱལ་པོ་རྒྱས་ལ་སོགས། །རིག་པ་འཛིན་པ་བྲི་བར་བྱ། །དེ་ཡི་ཕྱི་རོལ་གཟའ་དང་ནི། །སྐར་མ་ལ་སོགས་ལྷ་རྣམས་བྲི། །དེ་ཡི་ཕྱི་རོལ་དམྱལ་བ་དང༌། །ཡི་དགས་
བྱོལ་སོང་མི་རྣམས་དང༌། །དེ་བཞིན་ལྷ་དང་ལྷ་མིན་སོགས། །འགྲོ་བ་དྲུག་པོ་བྲིས་ནས་ནི། །དྲི་རྣམས་ལྔ་ཡི་ཆུས་བཀང་པའི། །གསེར་གྱི་བུམ་པ་འོད་ཅན་དང༌། །གཏོར་མ་དང་ནི་ཞལ་ཟས་དང༌། །མེ་ཏོག་བདུག་པ་རབ་མཛེས་དང༌། །གདུགས་དང་རྒྱལ་མཚན་འཕན་རྣམས་དང༌། །བླ་རེ་དང་ནི་རྔ་ཡབ་མཆོག །དྲིལ་བུ་རྡོ་རྗེ་ནོར་བུ་དང༌། །དོ་ཤལ་ཉི་ཟླ་ལ་སོགས་བརྒྱན། །འཇིག་རྟེན་པ་ཡི་མཆོག་གྱུར་པ། །འདོད་པའི་ཡོན་ཏན་ལྔར་ལྡན་པས། །དཀྱིལ་འཁོར་མཆོག་ནི་བརྒྱན་པར་བྱ། །ཞེས་གསུངས་པ་ནི་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་བསགས་པར་གསུངས་ཏེ། དེ་ལ་དཀྱིལ་འཁོར་སྔ་མ་བཞིན་བྲིས་ལ། །ཞེས་པ་ནི་གོང་དུ་ཐོག་མར་གསུངས་པའི་རྩ་བའི་དཀྱིལ་འཁོར་ཆེན་པོ་ལ་བསྙགས་པ་སྟེ། རྩ་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་འཁོར་ལོ་རིམ་པ་གསུམ་པ་ལ་རྩིབས་ཉིས་འགྱུར་དུ་བྱས་པ་དང༌། སྲིད་པའི་འཁོར་ལོ་ཆ་དྲུག་པ་བྲི་བར་བྱའོ། །དབུས་སུ་རྡོ་རྗེ་བྲི་བའམ། །ཡང་ན་རྡོ་རྗེ་སེམས་དཔའམ། །ཀུན་དུ་བཟང་པོ་བདེ་ཆེན་བྲི། །ཞེས་གསུངས་པ་ནི་འདི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་ནི་འཁོར་ལོས་སྒྱུར་བའི་གཙོ་བོ་ཆོས་ཀྱི་སྐུའི་རྟགས་སུ་བྲི་བར་བྱ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན་སྙམ་པ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་ཞུགས་པའི་ཕྱིར་མཆོག་ཏུ་གྱུར་པ་ཆོས་ཀྱི་སྐུ་ཡིན་པ་ན་འཁོར་ལོས་སྒྱུར་བའི་དེ་དག་ཁོ་ན་ངེས་པ་ཉིད་དོ། །དེ་དག་འདི་སྐད་དུ་ཅི་ཀུན་དུ་བཟང་པོ་དང༌། རྡོ་རྗེ་སེམས་དཔའ་ཡང་ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བཞུགས་པ་ལ། ཕྱག་ན་རྡོ་རྗེ་དང་གཉིས་འདྲ་བའི་སྣང་བའི་ཕྱིར་ཁྱད་པར་མེད་དོ་ཞེ་ན་མ་ཡིན་ཏེ། འདིར་གཟུགས་ཀྱི་སྐུ་རུ་བཞུགས་པར་འདྲའང༌། ཕྱག་རྒྱའི་དབྱེ་བས་ཆོས་ཀྱི་སྐུ་མཚོན་པ་ཡིན་པའི་ཕྱིར་ན་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་འམ་བདེ་བ་ཆེན་པོ་ཀུན་དུ་བཟང་པོ་ཞེས་གསུངས་སོ། །དེ་ལ་ཕྱག་རྒྱ་ཇི་ལྟ་བུས་མཚོན་སྙམ་པ་ལ། ཕྱག་རྒྱ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་
རྟོག་པ་ཐམས་ཅད་དང་བྲལ་ཞིང༌། རང་བཞིན་གྱིས་འོད་གསལ་བའི་ཕྱིར། དེའི་དབུས་སུ་ཕྱོགས་ཆ་དང་བྲལ་བའི་རྡོ་རྗེ་ཁ་དོག་དཀར་པོས་མཚོན་པ་དང༌། ཡང་ཆོས་ཀྱི་སྐུ་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་སྐུ་རྣམ་པ་གཉིས་ཀྱི་རྟེན་དུ་གྱུར་པའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་དང་དྲིལ་བུར་ལྡན་པ་ཞི་བ་ཆེན་པོའི་སྐུས་མཚོན་པ་དང༌། ཡང་ཆོས་ཀྱི་སྐུ་དེ་ཆོས་ཀྱི་དབྱིངས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རེག་པར་བྱས་ཤིང༌། བདེ་བ་ཆེན་པོའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ་བདེ་བ་ཆེན་པོ་གཉིས་སུ་མེད་པར་མཛད་པས་མཚོན་པའོ། །གཞན་དུ་སྤྲུལ་པའི་གཟུགས་ཀྱི་འཁོར་དང་ལྡན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་གཟུགས་ཀྱི་གཙོ་བོར་བཞུགས་པ་ལ་ནི་འགལ་བ་མེད་པ་ཉིད་དོ། །དེ་ལ་དཀྱིལ་འཁོར་ནི་རྩ་བའི་དཀྱིལ་འཁོར་དང་འདྲ་བའི་ཕྱིར་མ་བཤད་དེ། །འཁོར་ལོས་སྒྱུར་བ་བཞི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་བཞི་སྟེ། ཕྱག་རྒྱ་ནི་ཏིང་ངེ་འཛིན་དུ་བཞག་ནས། གཡས་པ་རྣམས་ན་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་མཚན་པའོ། །གདན་ནི་འདིར་ཡང་སེང་གེ་ལ་སོགས་པ་ཉིད་དོ། །གྲྭ་རྣམས་སུ་ནི་རྡོ་རྗེ་སེམས་མ་ལ་སོགས་པའི་རིགས་ཀྱི་ཡུམ་བཞི་དང་ལྡན་པའོ། །ལྷག་མ་ནི་གོང་དུ་གསུངས་པ་ཇི་ལྟ་བ་བཞིན་དུ་ཡིན་ཞིང་ཡང་ཡང་སྨྲ་བའི་ཉེས་པར་འགྱུར་བའི་ཕྱིར་མ་བཤད་དོ། །དྲི་རྣམས་ལྔ་ཡིས་བཀང་བ་ཡི། །ཞེས་པ་ནས། དཀྱིལ་འཁོར་མཆོག་ནི་བརྒྱན་པར་བྱ། །ཞེས་པའི་བར་དུ་ནི་མཆོད་པའི་ཚོགས་ཡང་དག་པར་བརྒྱན་པ་གསུངས་པ་སྟེ། དེ་ལ་དཀྱིལ་འཁོར་ཆེན་པོའི་མཐའ་སྟེགས་བུ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མེ་ཏོག་དང༌། དྲི་དང༌། བདུག་པ་དང༌། སྣང་བ་དང༌། བཟའ་བ་དང༌། བཅའ་བ་དང༌། བལྡག་པ་དང༌། མྱང་བ་དང༌། བཏུང་བའི་བྱེ་བྲག་སྣ་ཚོགས་པ་དང༌། གཞན་ཡང་གསེར་རམ་དངུལ་ལས་རིན་པོ་ཆེའི་བུམ་པ་དང༌།
གཏོར་མའི་ཚོགས་སྣ་ཚོགས་པའང་གཞག་པར་བྱའོ། །དེ་བཞིན་དུ་མེ་ལོང་དང༌། རལ་གྲི་དང༌། འཁོར་ལོ་དང༌། རྔ་དང༌། ཅང་ཏེའུ་དང༌། རྫ་རྔ་དང༌། རྔ་རྐེད་ཉག་དང༌། དྲིལ་བུ་དང༌། རོལ་མོའི་རྣམ་པ་སྣ་ཚོགས་པ་བརྡུང་བར་བྱ་བ་དང༌། གཞན་ཡང་བླ་རེ་དང༌། གདུགས་དང༌། རྔ་ཡབ་དང༌། རྒྱལ་མཚན་དང༌། བ་དན་དང༌། རྡོ་རྗེ་དང༌། ནོར་བུའི་འཕྱང་འཕྲུལ་དང༌། གསེར་གྱི་ཉི་མ་དང༌། དངུལ་གྱི་ཟླ་བ་དང་ལྡན་པའི་མུ་ཏིག་གི་དོ་ཤལ་གྱིས་ཡོལ་བའི་ནང་དུ་བྲེ་བ་དང༌། ན་བཟའི་རྣམ་པ་དར་ལ་སོགས་པ་འཕྱང་བ་དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་པས་དཀྱིལ་འཁོར་དང་མཆོད་པའི་རྫས་ཐམས་ཅད་ཡོངས་སུ་བརྒྱན་པར་བྱའོ། །འདོད་པའི་ཡོན་ཏན་ལྔར་ལྡན་པས། །དཀྱིལ་འཁོར་མཆོག་ནི་བརྒྱན་པར་བྱ། །ཞེས་པ་ནི་གོང་དུ་གསུངས་པའི་རིམ་པ་ཐམས་ཅད་ལ་ཁྱབ་པར་འཇུག་པ་ཉིད་དུ་ཤེས་པར་བྱ་བ་ཉིད་དོ། །དེ་ནས་སྔགས་མཁན་བདག་ཉིད་ཀྱིས། །སྤྱན་དྲངས་ནས་ནི་བཞུགས་ནས་ཀྱང༌། །བདག་ཉིད་ཀྱིས་ནི་དབང་བསྐུར་བྱ། །ཞེས་པ་ནི་སློབ་མ་དབང་བསྐུར་བའི་ཕྱིར་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་གསུངས་ཏེ། དེ་ལ་གོང་དུ་གསུངས་པའི་རིམ་པ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅས་ལ། གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་མེ་ཏོག་གི་ཕྲེང་བ་ཐོགས་ཏེ། དཀྱིལ་འཁོར་དུ་ཞུགས་ལ་དབང་ཇི་ལྟ་བ་བཞིན་དུ་མནོས་ནས་གནང་བ་ལེགས་པར་ཐོབ་པ་དང༌། སློབ་མ་དབང་བསྐུར་བར་བྱ་བ་ཉིད་དོ། །སྔོམ་གནས་དམ་ཚིག་ལྡན་པ་ལ། །བླ་མར་མོས་ཤིང་དད་པར་བཅས། །རིགས་སྐྱེས་སྐྱོན་དང་བྲལ་བ་དང༌། །སེར་སྣ་མ་ལུས་སྤངས་གྱུར་ཅིང༌། །ཡོན་ཏན་མང་པོར་ལྡན་གྱུར་དང༌། །གཏོང་ དང་ཚུལ་ཁྲིམས་མང་དུ་ཐོས། །བྱམས་པ་དང ་ནི་སྙིང་རྗེར་ལྡན། །དགའ་དང་བཏང་སྙོམས་གནས་པ་དང༌། །སྟོང་པ་མཚན་མ་མེད་པའི་སེམས། །སྨོན་པ་མེད་པར་ཡིད་ལྡན་ཞིང༌། །སློབ་མ་དམ་པ་སྔགས་འདི་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལ། །སྔགས་མཁན་གྱིས་ནི་གཟུད་པར་བྱ། །ཞེས་པ་ལ་སོགས་པ་གསུངས་པ་ནི་སློབ་མའི་
སྣོད་བརྟག་པ་གསུངས་པ་སྟེ། དེ་ལ་ཐོས་པ་ཆུང་བ་ནི་དམ་པའི་ཆོས་གོ་བར་མ་གྱུར་པ་ལས་བླ་མ་གུས་པར་མི་འགྱུར་བ་དང༌། སེར་སྣ་དང་བཅས་པ་ནི་བསོད་ནམས་ཀྱི་ཚོགས་སོགས་པར་མི་འགྱུར་བ་དང༌། སོ་སོར་ཐར་པ་ལ་སོགས་པའི་སྡོམ་པ་དང་བྲལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལ་ནི་གསང་སྔགས་ཀྱི་དངོས་གྲུབ་འགྲུབ་པར་མི་འགྱུར་བ་དང༌། བླ་མ་ལ་མ་གུས་པ་དང༌། དད་པ་དང་མི་ལྡན་པ་ལས་ནི་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་དང༌། ཡོན་ཏན་མང་པོ་དང་ལྡན་པ་ནི། ལུས་ཀྱི་སྤྱོད་པ་ཀུན་ནས་བསྡམས་པ་དང༌། ངག་འཇམ་པ་དང༌། ཤེས་རབ་ཆེ་བ་དང༌། བཟོ་ལ་སོགས་པའི་རྣམ་པ་མང་པོ་ཤེས་པ་དང་ལྡན་པ་སྟེ། དེ་དག་དང་མི་ལྡན་པས་ནི་དཀྱིལ་འཁོར་དམ་པ་བཞེངས་པར་མི་ནུས་ཤིང་ཤེས་པར་མི་འགྱུར་བ་དང་གཏོང་བ་དང་མི་ལྡན་པ་ལས་ནི་སེམས་ཅན་རྣམས་ལ་ཕན་པར་མི་འགྱུར་བ་ དང༌། ཚུལ་ཁྲིམས་དང ་མི་ལྡན་པ་ལས་ནི་ཐེག་པ་ཆེན་པོའི་སྣོད་དུ་མི་རུང་བ་དང༌། དེ་བཞིན་དུ་ཚད་མེད་པ་རྣམ་པ་བཞི་དང་མི་ལྡན་པ་ལས་ནི་གསང་སྔགས་ཀྱི་རྣལ་འབྱོར་པར་མི་འགྱུར་བ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང་མི་ལྡན་པས་ནི། རྣམ་པར་རྟོག་པ་དང་བཅས་པ་ལས་ལྷའི་དངོས་གྲུབ་ཏུ་མི་འགྱུར་བའི་ཕྱིར་ན་སྔོམ་གནས་དམ་ཚིག་ལྡན་པ་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སློབ་མའི་སྣོད་བརྟག་པར་གསུངས་པ་སྟེ། དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སེམས་ཀྱིས་སློབ་མའི་སྣོད་བརྟགས་ཏེ། དབང་ལ་སོགས་པ་བསྐུར་བར་བྱ་སྟེ། གཞན་དུ་ན་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་མི་བྱ་བ་ཁོ་ནའོ། །དེ་ལ་གོང་དུ་རིགས་སྐྱེས་གསུངས་པས་ནི་ཐེག་པ་ཆེན་པོའི་རིགས་ཅན་དུ་གོ་བར་བྱ་སྟེ། འཇིག་རྟེན་པའི་རིགས་ལ་དགོངས་ནས་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་མི་འགྱུར་བའི་ཕྱིར། དེ་མ་ཡིན་པ་ཉིད་དུ་ཤེས་པར་བྱའོ། །སློབ་མ་དམ་པ་ནི་རབ་ཏུ་གྱུར་པ་སྟེ། གང་ཟག་རྣམ་པ་བཞི་
ལས་རིན་པོ་ཆེ་ལྟ་བུ་ཞེས་བྱ་བའི་གང་ཟག་གོ །དེ་ལྟར་གོང་དུ་གསུངས་པའི་ཡོན་ཏན་གྱི་ཚོགས་མང་པོ་དང་ལྡན་པའི་སློབ་མ་ནི་གོང་དུ་སྨོས་པའི་རིག་པ་ཇི་ལྟ་བ་བཞིན་དུ་སྡིག་པ་བཤགས་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། རྡོ་རྗེ་ཐེག་པ་ལ་ཁས་ཡང་དག་པར་འཆེས་པར་བྱ་བ་དང༌། སྔོམ་པ་གཟུང་བ་ལ་སོགས་པ་བྱེད་དུ་བཅུག །མེ་ཏོག་གམ་རིན་པོ་ཆེ་ཐོགས་ཏེ། དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར་ཞུགས་པར་བྱ་བ་ཉིད་དོ། །ཨོཾ་བཛྲ་ཧཱུཾ་ཇ། བཛྲ་ས་མ་ཡ་པྲ་བེ་ཤ་ཧཱུཾ། ཨོཾ་བཛྲ་པཱ་ཎི་པྲ་ཏཱི་ཙྪ་བཛྲ་སཏྭ་མ་ཧཱ་སུ་ཁ་ཧཱུཾ། ཧ་ཧ་ཧོས་མ་ཡ་སྟྭཾ། མེ་ཏོག་གི་ཕྲེང་བ་དོར་ནས། གང་ལ་བབ་པའི་སྔགས་དང་ཕྱག་རྒྱས་མགོ་ལ་བཅིང་བར་བྱའོ་ཞེས་གསུངས་པ་ནི་དཀྱིལ་འཁོར་དུ་ཞུགས་པའི་ཆོ་ག་སྟེ། དེ་ལ་དང་པོར་བསྙེན་པ་བྱས་པའི་བུམ་པ་ནས་ཆུ་བླངས་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་ནས་བཟུང་སྟེ། སྔགས་དང་པོས་གཞུག་པར་བྱའོ། །དེ་ནས་སྔགས་གཉིས་པས་མེ་ཏོག་ལ་སོགས་པའི་ཕྲེང་བ་དོར་ཏེ། རིགས་ཀྱི་རྗེས་སུ་མཆོན་པ་ལས་དེའི་ཕྱག་རྒྱ་དང་སྔགས་ཀྱི་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིང་བར་བྱ་བ་ཉིད་དོ། །དེ་ནས་དམ་ཚིག་སྦྱིན་པར་བྱ་སྟེ། ཨོཾ་རིགས་ཀྱི་བུ་ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱའོ། །གལ་ཏེ་ཁྱོད་ཀྱིས་སུ་དག་ལ་སྨྲས་པར་གྱུར་ན་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་རྡོ་རྗེ་འབར་བ་རབ་ཏུ་འབར་བས་ཁྱེད་ཀྱི་མགོ་འགས་པར་འགྱུར་རོ། །ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཏྲི་ཏ་ཧཱུཾ་ཨ། འདིས་དམ་ཚིག་གི་ཆུ་བླུད་ལ་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་ཙཀྵུ་དྲྀ་ཤྱ་ཧོ། །ཨཱ་ཛྙཱ་ན་པ་ཏ་ལེ་མོ་ཀྵཱ་ཡ་མི་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། སངས་རྒྱས་ཐམས་ཅད་བསྟན་པར་བྱ་ཞིང༌། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དབང་བསྐུར་བར་བྱའོ་ཞེས་གསུངས་པ་ནི་ལས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་གསུངས་པ་སྟེ། དེ་ལ་དང་པོར་དམ་ཚིག་གིས་མནའ་བསྒག་པའི་ཕྱིར་ཙནྡན་ལ་སོགས་པའི་
དྲི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཏ་ཐཱ་ག་ཏ་ས་མ་ཡ་ཧཱུཾ། ཞེས་པའི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པར་བསྔགས་ལ། གོང་དུ་གསུངས་པའི་ཚིག་གི་འོག་ཏུ་དེའི་མཐའི་སྔགས་ཀྱིས་ཆུ་བླུད་པར་བྱ་བ་ནི་མནའ་བསྒག་པར་བྱའོ། །དེ་ནས་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་བསྐྱེད་པས་དེའི་མ་རིག་པའི་ལིང་ཏོག་བསལ་བར་བསམས་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཀྱང་ནི། །དེ་རིང་ཁྱོད་ཀྱི་མིག་འབྱེད་མཛད། །རྡོ་རྗེའི་མིག་ནི་བླ་མེད་པའི། །མིག་རྣམས་ཐམས་ཅད་དབྱེ་བར་བྱ། །ཞེས་པའི་ཚིགས་སུ་བཅད་པ་དང༌། འོག་ཏུ་བཤད་པའི་སྔགས་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་བརྟན་པར་བྱས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རིམ་པ་ཇི་ལྟ་བ་བཞིན་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་དབང་བསྐུར་བར་བྱ་བ་ནི། ཨོཾ་བཛྲ་པཱ་ཎི་ས་ཡན་ཏེ་ཨ་ནུ་རཱ་ག་ཏོ་ཨ་བཏི་ཥིཉྩ་ཧཱུཾ། ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་སརྦ་བཛྲ་ཨ་བྷི་ཥེ་ཀ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་སརྦ་བུདྡྷ་ཨ་བྷི་ཥེ་ཀ་ཨོཾ་ཧཱུཾ། ཨོཾ་རཏྣ་ཨ་བྷིཥིཉྩ་ཧཱུཾ་ཏྲཱཾ། ཨོཾ་པདྨ་ཨ་བྷིཥི་ཉྩ་སརྦ་པདྨ་ཨ་བྷིཥ་ཀ་ཧྲཱིཿ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་སརྦ་ཀརྨ་ཨ་བྷི་ཥེ་ཀ་ཨ་ཞེས་གསུངས་ཏེ། དེ་ལ་དང་པོར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སློབ་མའི་སྤྱི་བོར་པདྨ་དཀར་པོའི་སྟེང་དུ་གནས་པར་བྱ་བ་ནི་སྔགས་དང་པོར་བྱིན་གྱིས་བརླབ་པའོ། །དེ་ནས་རིམ་པ་ཇི་ལྟ་བ་བཞིན་གོང་དུ་སྨོས་པ་ལྟར་བདེ་བར་གཤེགས་པ་ལྔའི་འཁོར་ལོས་སྒྱུར་བས་གནས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ། །དེ་ལ་འདིར་ནི་སྔགས་གཉིས་པ་ལས་རིགས་ཀྱི་མཚན་ལན་གསུམ་དུ་སྨོས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར་དང༌། དེ་ཉིད་རྡོ་རྗེའི་རིགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང༌། རྡོ་རྗེའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་དབང་བསྐུར་བའི་ཕྱིར་རིགས་ཀྱི་མཚན་ལན་མང་དུ་སྨོས་པའོ། །དེ་བཞིན་དུ་སྔགས་གཞན་རྣམས་ལའང་རིགས་ཀྱི་མཚན་ལན་གཉིས་སུ་སྨོས་པ་རིགས་ཉེ་བར་མཚོན་པ་དང༌། སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་པའི་ཕྱིར་མ་ལུས་པའི་ཚོགས་དང་གཉིས་སུ་སྨོས་པའོ། །དེ་ལ་གང་དག་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་རྣམས་སུ་མི་གསུང་ལ་འདིར་གསུངས་པ་ཅིའི་ཕྱིར་སྙམ་པ་ལ། དེ་ལ་གོང་དུ་གསུངས་པ་རྣམས་ནི་ལས་ཀྱི་དཀྱིལ་འཁོར་ཞེས་བྱ་ལ་འདི་ནི་དེ་དག་ཐམས་ཅད་བརྟན་པར་བྱེད་པའི་ཕྱིར་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་བདག་གི་ལུས་ལ་སོགས་པ་ཡོན་དུ་ཕུལ་ལ་བཀའ་ནོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ །ཨེ་ཀཱནྡཱ་མ་སྱ་མི་གྲྀ་ཧྣ་བཛྲ་པྲ་སིདྡྷ་ཡེ་སྭཱ་ཧཱ། དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་པར་བྱའོ་ཞེས་གསུངས་པ་ནི། འདི་ལྟར་བཀའི་དབང་བསྐུར་བར་བྱ་བར་གསུངས་པ་སྟེ། དེ་ལ་བདག་ཉིད་རང་འདོད་པའི་ལྷའམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་བསྐྱེད་ལ། ཐུགས་ཀྱི་ས་བོན་ལས་འོད་ཟེར་སྤྲོས་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། བདག་དང་གཉིས་སུ་མེད་པར་གྱུར་པ་ལ། ལག་ཏུ་རྡོ་རྗེ་བྱིན་ནས་གོང་དུ་བཤད་པའི་ཚིགས་སུ་བཅད་པ་རྣམས་བཏོན་ཏེ། སྔགས་དེ་ཉིད་ཀྱིས་དབང་བསྐུར་བར་བྱའོ། །དེ་ལ་སྔགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་གཅིག་ཏུ་གྱུར་པ་སྟེ། བཟུང་བ་ལས་རྡོ་རྗེ་ལྟ་བུར་གྲུབ་པར་གྱུར་ཅིག་ཅེས་པའོ། །དེ་ལས་འདིར་དབང་གཞན་རྣམས་རྫོགས་པར་མ་བསྟན་པ་ནི་གོང་དུ་ཁྱབ་པར་བྱུང་བ་རྡོ་རྗེའི་སྐབས་སུ་གསུངས་པ་ལས་དགོངས་ནས་མ་གསུངས་ཏེ། འདིར་ཡང་གོང་དུ་གསུངས་པའི་བུམ་པའི་དབང་དང༌། ཕྱག་རྒྱ་དང་ཕྲེང་བ་ལ་སོགས་པ་ཐམས་ཅད་རྫོགས་པར་དབང་བསྐུར་བར་བྱ་བ་ཉིད་དོ། །དེ་ལ་གང་དག་དེ་ལྟན་ནི་བདེ་བར་གཤེགས་པའི་དབང་དང་བཀའི་དབང་ཡང་གོང་དུ་མཚོན་པ་ལས་ཤེས་པར་བྱས་པས་ཆོག་གི་འདིར་བསྟན་པ་ལ་དགོས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་དུ་དབང་གི་སྐབས་སུ་བབ་པ་ནི་དབང་ཐམས་ཅད་མཚོན་པར་བྱ་བའི་ཕྱིར་དཀྱིལ་འཁོར་
ཐམས་ཅད་ཀྱི་དབང་ལ་དང་པོར་ནི་བདེ་བར་གཤེགས་པ་རྣམས་ཀྱི་དབང་གིས་མཚོན་པ་སྟེ། དཔེར་ན་གང་དུ་འབྲས་བུ་གསུམ་གྱི་སྨན་གཏོང་བ་ནི། ཨ་རུ་ར་ཐོགས་ཤིག་ཅེས་པའི་སྒྲས་སྐྱུ་རུ་ར་ལ་སོགས་པའང་བརྟག་དགོས་པ་བསྟན་པ་བཞིན་ནོ། །ཡང་འདིར་བཀའི་དབང་ནི་ཁྱབ་པར་བྱུང་བའི་རྡོ་རྗེར་མ་གསུངས་པའི་ཕྱིར། འདིར་བསྟན་པར་བྱ་བ་ཁོ་ན་སྟེ། མི་འགལ་བ་ཉིད་དོ། །དེའི་ཕྱིར་དབང་ཐམས་ཅད་རྫོགས་པར་སྟོན་པའང་ཡང་དང་ཡང་སྦྱོར་བའང་ཉེས་པའི་སྐྱོན་དུ་འགྱུར་བ་དང༌། དང་པོ་ཙམ་མ་སྨོས་ནའང་དབང་ཇི་ལྟར་བསྐུར་པ་མི་ཤེས་པའི་ཕྱིར། དཀྱིལ་འཁོར་ཐམས་ཅད་རྫོགས་པར་མ་གསུངས་ཤིང་དང་པོ་ཙམ་སྨོས་པར་ཤེས་པར་བྱའོ། །དེ་ནས་ལས་ཐམས་ཅད་ཀྱང་བྱེད་དུ་གཞུག་ཅིང་དངོས་གྲུབ་ཐམས་ཅད་ཀྱང་སྦྱིན་ནོ་ཞེས་པ་ནི་བཀའི་རྗེས་ཐོགས་སུ་ལས་ཀྱི་དབང་བསྐུར་བར་བྱ་བ་དང༌། དད་པ་དང་ལྡན་པའི་སློབ་མ་ལ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བའི་བྱིན་གྱིས་རླབས་ཆེན་པོས་བྱིན་གྱིས་བརླབ་པར་བྱ་བ་ཉིད་དེ། ཚིགས་སུ་བཅད་པ་བཞི་པོའི་དོན་བསྟན་པར་བྱའོ། དེ་ཡན་ཆད་ནི་དཀྱིལ་འཁོར་གྱི་རིམ་པ་གསུངས་ནས། ད་ནི་དཀྱིལ་འཁོར་གྱི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ཡང་དག་པར་བསྟན་པའི་ཕྱིར་གསུངས་པ་ནི། དེ་ནས་བདེ་བ་བསྐྱེད་ནས་ཀྱང༌། །དཀྱིལ་འཁོར་བཞི་པོའི་དབུས་སུ་ནི། །ཀུན་དུ་བཟང་པོ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམ་བྱས་ནས། །སྙིང་གར་ཧཱུཾ་ཞེས་བྱ་བསམས་ན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང༌། །ཀུན་དུ་བཟང་པོ་བདག་ཉིད་འགྱུར། །དེ་ལྟར་གྱུར་པས་ཐེ་ཚོམ་མེད། །ཧཱུཾ་ལས་སངས་རྒྱས་གཟུགས་བསྒྱུར་ལ། །སྙིང་གར་འཁོར་ལོ་རབ་བསྒོམས་ནས། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །ཁྲོ་བོ་སྟོབས་ཆེན་རྣམས་བསྒོམས་ཏེ། སྙིང་གི་དབུས་སུ་ཕཊ་ཅེས་པ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ནས། །ཁྲོ་བོ་སྟོབས་ཆེན་བདག་ཉིད་འགྱུར། །རྡོ་རྗེ་བརྟན་པར་བདག་བསྒྱུར་ལ། །སྙིང་གར་ཨོཾ་ཞེས་བྱ་བ་ཡིས། །བསྐོར་བའི་ཏྲཱཾ་ཞེས་
བྱ་བསམས་ནས། །རིན་ཆེན་འཛིན་པ་འདྲ་བར་འགྱུར། །རྡོ་རྗེ་བསྒོམས་ནས་སྙིང་གི་ནི། །དབུས་སུ་ཏྲཱཾ་ཞེས་བྱ་བ་ལ། །ཨོཾ་ཞེས་བྱ་བས་བསྐོར་བསམས་ནས། །ཕྱག་ན་པདྨོ་མཉམ་པར་འགྱུར། །འཁོར་ལོ་རྒྱ་གྲམ་ཧཱུཾ་ལྡན་པར། །ཨ་ཞེས་བྱ་བས་བསྐྱེད་ནས་ཀྱང༌། །ཨ་ཞེས་བྱ་བས་བསྐོར་བསམས་ན། །རྡོ་རྗེ་ལས་དང་མཉམ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་འདི་དག་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པའི་རིམ་པ་ཡིན་ལ། དེ་ཉིད་ཕྱག་རྒྱ་གཅིག་པའི་ཚུལ་དུ་བཞུགས་ཤིང་ལས་ཐམས་ཅད་ནི་ཕྱག་རྒྱ་བཞི་པ། ཕྱག་རྒྱ་ཆེན་པོས་བྱེད་པར་འགྱུར་བ་སྟེ། དེ་ཡང་གང་དུ་ཕྲིན་ལས་བཞི་ཡིས་བསྡུས་པའི་ལས་ཀྱི་སྦྱིན་སྲེག་ནི་ཕྱག་རྒྱ་གཅིག་པས་རྣལ་འབྱོར་དུ་བྱ་བ་དང༌། མཆོད་པའི་ཚོགས་ཀྱི་སྐབས་སུ་ནི། ཕྱག་རྒྱ་བཞི་པའི་རྣལ་འབྱོར་གྱིས་བྱེད་པ་ཁོ་ན་སྟེ། གཞན་དུ་རིམ་པ་དང་མི་ལྡན་པ་ལས་ནི་ཆོས་ཀྱི་དངོས་གྲུབ་ཏུ་མི་འགྱུར་བ་ཉིད་དོ། །དེ་ལ། དེ་ནས་བདེ་བ་བསྐྱེད་ནས་ཀྱང༌། །དཀྱིལ་འཁོར་བཞི་ཡི་དབུས་སུ་ནི། །ཞེས་པ་ནི། འདིར་ནི་དོན་རྣམ་པ་གཉིས་ལ་འཇུག་པ་སྟེ། གོང་དུ་མཆོད་པའི་ཚོགས་ཀྱི་སྐབས་སུ་ནི། སངས་རྒྱས་སྤྱན་ལ་སོགས་པའི་རིགས་ཀྱི་ཡུམ་བཞིའི་དབུས་སུ་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་དུ་བཟང་པོའི་སྐུ་བསྒོམས་པ་ལས། ཉིད་ཀྱིས་ཉིད་ལ་མཆོད་པའི་ཚོགས་ཀྱིས་རྒྱས་པར་བྱེད་པ་དང༌། དེ་བཞིན་དུ་རྡོ་རྗེའི་རིགས་ཀྱི་མཆོད་པའི་སྐབས་སུ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཞིའི་དབུས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སོགས་པར་བསྒོམས་པས་མཆོད་པར་བྱ་བ་དང༌། རིན་ཆེན་རིགས་ཀྱི་མཆོད་པའི་སྐབས་སུ་ནི་རྡོ་རྗེ་རིན་ཆེན་ལ་སོགས་པ་སེམས་དཔའ་བཞིའི་དབུས་སུ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་པར་བསྒོམས་པས་མཆོད་པར་བྱ་བ་དང༌། པདྨའི་རིགས་ཀྱི་མཆོད་པའི་སྐབས་སུ་ནི་རྡོ་རྗེ་ཆོས་ལ་སོགས་པ་སེམས་དཔའ་བཞིའི་དབུས་སུ་བཅོམ་ལྡན་འདས་འོད་དཔག་མེད་ལ་སོགས་པར་བསྒོམས་པས་མཆོད་པར་བྱ་བ་དང༌། ལས་ཀྱི་རིགས་ཀྱི་མཆོད་པའི་སྐབས་སུ་ནི་རྡོ་རྗེ་ལས་ལ་
སོགས་པ་སེམས་དཔའི་བཞིའི་དབུས་སུ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་སོགས་པར་བསྒོམས་པས་མཆོད་པ་བྱ་བའི་ཕྱིར། དཀྱིལ་འཁོར་བཞི་ཡི་དབུས་སུ་ནི། །ཞེས་གསུངས་པའོ། །བདེ་བ་བསྐྱེད་པ་ནི་སྡུག་བསྔལ་དང་བྲལ་བའི་རྣལ་འབྱོར་ལ་བྱ་སྟེ། ཚིགས་སུ་བཅད་པ་བཞི་པོས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་སྙམ་པ་ལ། དང་པོར་ཚིགས་སུ་བཅད་པ་བཞི་པོས་སློབ་མ་གང་ལ་བྱིན་གྱི་རླབ་ཆེན་པོ་བསྐྱེད་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣལ་འབྱོར་རྣམ་འགྲུབ་པར་འགྱུར་གྱིས་གཞན་དུ་ནི་ནུས་པ་དང་མི་ལྡན་པའི་ཕྱིར། སེམས་ཅན་ལ་ཕན་པའི་སྟོབས་སུ་མི་འགྱུར་རོ། །དེ་ལ་གང་དག་འདི་སྐད་དུ་ཕྱག་རྒྱ་བཞི་པ་ཉིད་དཀྱིལ་འཁོར་ཡིན་ཞིང་དེ་ལ་འཁོར་དང་མི་ལྡན་པའི་ཕྱིར་རྡོ་རྗེ་རིགས་ཀྱི་འཁོར་ལོས་སྒྱུར་བ་ལ་སོགས་པ་ལ་ནི་དཀྱིལ་འཁོར་བཞིའི་དབུས་སུ་ཞེས་བྱ་བ་མི་རིགས་སོ་ཞེ་ན་མ་ཡིན་ཏེ། དེ་དག་ཐམས་ཅད་ལ་ཡང་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རེ་རེ་དང་ལྡན་པ་ནི། ཡིག་འབྲུ་དྲུག་ཅུ་རྩ་བཞིས་འོག་ནས་སྟོན་པར་འགྱུར་ཞིང༌། དེའི་ཕྱིར་དཀྱིལ་འཁོར་བཞི་པའོ་དབུས་སུ་ཞེས་བྱ་བ་ཁོ་ནའོ། །མཚམས་གཅོད་པ་ལ་སོགས་པའི་སྐབས་སམ། སྒོ་སྐྱོང་ལ་སོགས་པ་མཆོད་པའི་སྐབས་སུ་ནི་འཇིག་རྟེན་སྣང་བྱེད་ལ་སོགས་པ་ཁྲོ་བོ་བཞིའི་དབུས་སུ་ཁམས་གསུམ་རྣམ་པར་རྒྱལ་བའི་གཟུགས་སུ་བསྒོམ་པར་བྱ་བ་ཉིད་དོ། །དེ་ནས་ཕྱོགས་གཞན་དུ་ཕྲིན་ལས་རྣམ་པ་བཞིའི་སྦྱིན་སྲེག་བྱེད་པའི་སྐབས་སུ་ཕྱག་རྒྱ་གཅིག་པའི་གཟུགས་སུ་བསྒོམ་པར་བྱ་བ་སྟེ། དཀྱིལ་འཁོར་བཞི་པོའི་དབུས་སུ་ཞེས་པ་ནི་བདག་ཉིད་རྩ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་བ་དང༌། དེའི་ཡན་ལག་ཏུ་གྱུར་པ་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་རྣམས་ཀྱི་དཀྱིལ་འཁོར་ཏེ། དེ་དག་གི་དབུས་སུ་གོང་དུ་བཤད་པའི་ཏིང་ངེ་འཛིན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། དྲག་པོའི་སྐབས་སུ་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་
རྒྱལ་བའི་གཟུགས་སུ་རྣམ་པར་བསྒོམ་པ་ལས་ཞི་བ་ལ་སོགས་པའི་ལས་བྱ་བ་སྟེ། དེས་ནི་བདེ་བར་གཤེགས་པ་དེ་དག་དང་འདྲ་བའི་ཕྱིར་ལས་ཐམས་ཅད་མ་ལུས་པར་འགྲུབ་པར་འགྱུར་བ་ཉིད་དོ། །དེ་ལ། ཀུན་དུ་བཟང་པོ་བདེ་བ་ཆེ། །བདག་ཉིད་ཀྱིས་ནི་བསྒོམ་པས་ནས། །སྙིང་གར་ཧཱུཾ་ཞེས་བྱ་བསམས་ནས། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །ཞེས་པ་ནི་འདི་ལྟར་སྐུའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། དེ་ཡང་རྣམ་པ་གསུམ་མོ། །གཅིག་ནི་ལྟོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཅིག་ནི་རྒྱུ་ལས་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །གཅིག་ནི་འབྲས་བུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འདིར་ནི་བཅོམ་ལྡན་འདས་རྒྱུ་ལས་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་ནས་གོ་རིམས་འདི་དག་གསུངས་པ་སྟེ། དེ་ལ་དང་པོར་བདག་ཉིད་ཀྱི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་ཉི་མའོ། །དེའི་སྟེང་དུ་ཧཱུཾ་བསམ་མོ། །དེ་ལྟར་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པ་གཅིག་བསམ་པར་བྱའོ། །དེའི་ལྟེ་བ་ལ་ཡིག་འབྲུ་དགུ་པོ་ཨོཾ་དང་བཅས་པ་བཀོད་ལ། དེ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱག་རྒྱ་མཛད་པའམ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་རོལ་པར་བསམས་ཏེ། དེས་ནི་སྦྱིན་སྲེག་གི་དབང་དུ་བྱས་ནས་ནི་ལས་ཐམས་ཅད་པའི་སྦྱིན་སྲེག་གི་སྐབས་སུ་བྱའོ། །དབང་གི་སྐབས་སུ་ནི་བདེ་བར་གཤེགས་པའི་རིགས་ཀྱི་དབང་བསྐུར་བའམ། དེའི་བུམ་པས་དབང་བསྐུར་བའི་དུས་སུ་བྱའོ། །འོད་ཟེར་སྤྲོ་བའི་དབང་དུ་བྱས་ནས། བདེ་བར་གཤེགས་པའི་རིགས་ལ་དགབ་པར་བྱའོ། །དེ་ལྟར་བྱས་པ་ལས་ངེས་པར་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཉིད་དང༌། ཁྱད་པར་མེད་པར་འགྲོ་བའི་དོན་བྱེད་ནུས་པ་ནི་དེ་བཞིན་གཤེགས་པས་རྒྱུད་གཞན་དུའང་གསུངས་སོ། །ཧཱུཾ་ལས་སངས་རྒྱས་གཟུགས་བསྒྱུར་ལ། །སྙིང་གར་འཁོར་ལོ་རབ་བསྒོམས་ན། །ཕྱག་ན་
རྡོ་རྗེ་འདྲ་བར་འགྱུར། །ཞེས་པ་ནི། འདི་ལྟར་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་ཉི་མ་བསམས་ཏེ། དེའི་སྟེང་དུ་ཧཱུཾ་བསམ་མོ། །ད་དག་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཁོར་ལོ་ལྟ་བུ་རྩེ་གསུམ་པ་གཅིག་བསམ་མོ། །ཡང་དེའི་དབུས་སུ་ཡིག་འབྲུ་གསུམ་པོ་བསམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་བཞིན་འཛུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་རྩེ་གསུམ་པ་འཛིན་པ། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ་བསྒོམ་པར་བྱ་སྟེ། དེ་ནི་སྦྱིན་སྲེག་བྱེད་པའི་དབང་དུ་བྱས་ནས་ནི། ཞི་བའི་སྦྱིན་སྲེག་བྱེད་པའི་སྐབས་སུ་ཤེས་པར་བྱ་བ་དང༌། དབང་བསྐུར་བའི་དབང་དུ་བྱས་ནས་ནི། རྡོ་རྗེ་རིགས་ཀྱི་བདེ་བར་གཤེགས་པས་དབང་བསྐུར་བ་དང༌། རྡོ་རྗེ་རིགས་ཀྱི་བུམ་པས་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱའོ། །འོད་ཟེར་སྤྲོས་པའི་དབང་དུ་བྱས་ནས་ནི། རྡོ་རྗེ་རིགས་ཀྱི་སེམས་ཅན་ལ་དགབ་པར་བྱའོ། །དེ་ལྟར་བསྒོམས་པས་ལས་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་གཉིས་དབྱེར་མེད་པར་གྱུར་པ་ལས་ཞི་བའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ངེས་པ་ཁོ་ནའོ། །རྡོ་རྗེ་ཁྲོ་བོ་རྣམས་བསྒོམས་ཏེ། །ཞེས་པ་ལ་སོགས་པ་ནི་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་རོ། །དེ་དག་གི་སྟེང་དུ་ཕཊཿནག་པོ་བསམས་ཏེ། དེ་དག་གྱུར་པ་ལས་རལ་གྲི་འབར་བ་བསམ་མོ། །ཡང་དེའི་དབུས་སུ་ཡིག་འབྲུ་བཞི་པོ་བསམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་གོང་དུ་གསུངས་པའི་ཁ་དོག་དང་ཆ་ལུགས་ཅི་འདྲ་བ་བསྒོམ་པར་བྱ་སྟེ། དེ་ནི་སྤྱིན་སྲེག་གི་དབང་དུ་བྱས་ནས་ནི། དྲག་པོའི་ལས་ཀྱི་སྦྱིན་སྲེག་བྱེད་པའི་སྐབས་སུ་ཤེས་པར་བྱའོ། །དེ་དག་གི་འོད་ཟེར་ལ་སྤྲོས་པའི་དབང་དུ་བྱས་ནས་ནི་མཚོན་ཆའི་འོད་ཟེར་སྤྲོ་བའི་སྐབས་སུ་ཤེས་པར་བྱའོ། །དབང་གི་ཁྲོ་བོས་འཁོར་ལོས་སྒྱུར་བ་
ལྔའི་དབང་བསྐུར་དུ་མི་གཏུབ་པའི་ཕྱིར། འོག་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བསྒོམ་པར་ཤེས་པར་བྱའོ། །དེ་དག་གིས་ནི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་གཉིས་དབྱེར་མེད་པར་གྱུར་པ་སྟེ། དེ་ཡིས་ནི་དྲག་པོའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཁོ་ནའོ། །རྡོ་རྗེ་བསྟན་པར་བདག་འགྱུར་ལ། །ཞེས་པ་ལ་སོགས་པ་ནི། འདི་ལྟར་རང་གི་སྙིང་གར་ཨ་ལས་ཟླ་བ་བསམས་ཏེ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་སྟེང་དུ་ཏྲ་སེར་པོ་བསམས་ཏེ། དེ་གྱུར་པ་ལས་རིན་པོ་ཆེའོ། །དེའི་དབུས་སུ་ཡང་ཨོཾ་དང་བཅས་པའི་ཡིག་འབྲུ་བདུན་པོ་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཕྱག་གཡོན་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འབར་བ་བསྣམས་པ། ཕྱག་གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱ་མཛད་པར་བསྒོམ་པར་བྱ་སྟེ། དེ་ནི་དབང་བསྐུར་བའི་དབང་དུ་བྱས་ནས་ནི་རིན་པོ་ཆེའི་རིགས་ཀྱི་བདེ་བར་གཤེགས་པས་དབང་བསྐུར་བ་དང༌། རིན་ཆེན་རིགས་ཀྱི་བུམ་པས་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱའོ། །སྦྱིན་སྲེག་བྱེད་པའི་དབང་དུ་བྱས་ནས་རྒྱས་པའི་སྦྱིན་སྲེག་བྱེད་པའི་སྐབས་སུ་ཤེས་པར་བྱའོ། །འོད་ཟེར་སྤྲོ་བའི་དབང་དུ་བྱས་ནས་ནི་རིན་པོ་ཆེའི་རིགས་ཀྱི་གང་ཟག་ལ་དགབ་པར་བྱ་སྟེ། དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་དབྱེར་མེད་པར་འགྱུར་ཞིང་རྒྱས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཁོ་ནའོ། །རྡོ་རྗེར་བསྒོམས་ནས་སྙིང་གི་ནི། །ཞེས་པ་ལ་སོགས་པ་ནི། །འདི་ལྟར་རང་གི་སྙིང་གར་ཨ་ལས་ཟླ་བ་བསམས་ལ། དེའི་སྟེང་དུ་རཾ་ལས་ཉི་མ་བསྒོམས་ཏེ། དེའི་སྟེང་དུ་ཧྲི་དམར་པོ་བསམས་ལ། དེ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་གཅིག་བསམ་མོ། །ཡང་དེའི་དབུས་སུ་ཨོཾ་དང་བཅས་པའི་ཡིག་འབྲུ་ལྔ་པོ་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་འོད་དཔག་མེད་སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པ་ན་
པདྨ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་འཛིན་ཅིང་གཡས་ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ་ཅིག་བསྒོམ་པར་བྱའོ། །དེ་ནི་སྦྱིན་སྲེག་གི་དབང་དུ་བྱས་ནས་ནི། དབང་གི་སྦྱིན་སྲེག་བྱེད་པར་ཤེས་པར་བྱའོ། །དབང་བསྐུར་བའི་དབང་དུ་བྱས་ནས་ནི། །པདྨའི་རིགས་ཀྱི་བདེ་བར་གཤེགས་པས་དབང་བསྐུར་བ་དང༌། པདྨའི་རིགས་ཀྱི་བུམ་པས་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱའོ། །འོད་ཟེར་སྤྲོ་བའི་དབང་དུ་བྱས་ནས་ནི། པདྨའི་རིགས་ཀྱི་སེམས་ཅན་ལ། དགབ་པར་བྱ་བ་ཉིད་དོ། །དེས་ནི་བཅོམ་ལྡན་འདས་འོད་དཔག་མེད་དང་གཉིས་དབྱེར་མེད་པར་འགྱུར་ཞིང་དབང་གི་ལས་ཐམས་ཅད་ལ་ཐེ་ཚོམ་མི་ཟ་བར་གྲུབ་པར་འགྱུར་བ་ཁོ་ནའོ། །འཁོར་ལོ་རྒྱ་གྲམ་ཧཱུཾ་ལྡན་པར། །ཞེས་པ་ལ་སོགས་པ་ནི་འདི་ལྟར་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རཾ་ལས་ཉི་མ་བསམས་ཏེ། དེའི་སྟེང་དུ་ཨ་ཧཱུཾ་གིས་མཚན་པ་བསམ་པར་བྱའོ། །ཡང་དེའི་ལྟེ་བ་ལ་ཨོཾ་དང་བཅས་པའི་ཡིག་འབྲུ་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ནི་བདག་ཉིད་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡོན་པ་ན་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ་གཅིག་བསྒོམ་པར་བྱ་སྟེ། དེ་ནི་དབང་བསྐུར་བའི་སྐབས་སུ་ལས་ཀྱི་རིགས་ཀྱི་བདེ་བར་གཤེགས་པས་དབང་བསྐུར་བ་དང༌། ལས་ཀྱི་བུམ་པས་དབང་བསྐུར་བར་ཤེས་པར་བྱ་སྟེ། དེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་གཉིས་དབྱེར་མེད་པར་གྱུར་པ་དང༌། ལས་ཐམས་ཅད་ལ་འཇུག་པར་འགྱུར་བ་ཉིད་དོ། །དེ་ལྟར་རིམ་པ་དེ་དག་གིས་གང་དུ་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱེད་པ་ཐམས་ཅད་དུ་མངོན་པར་སྦྱར་བར་བྱ་སྟེ། དེས་ནི་སེམས་ཅན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གྲུབ་པས་ན། བདེ་བར་གཤེགས་པ་ཉིད་དང་དབྱེར་མེད་པར་བྱིན་གྱི་རླབས་དང་ལྡན་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་འགྲུབ་བར་འགྱུར་བ་ཁོ་ན་ཡིན་ཏེ། དེ་ལ་གང་གི་དུས་ན་ལྷའི་རྣལ་འབྱོར་དང་ལྡན་པའི་ཤེས་པ་སྐྱེས་པ་ན་གཞན་དུ་ཐ་མལ་གྱི་རྣམ་པར་རྟོག་པ་ཉམས་སུ་
མྱོང་བར་མི་འགྱུར་རོ། །དེ་ལ་འདིར་དེའི་དུས་སུ་སྒྱེ་བར་མི་རྟོག་པ་ལས་ཐ་མལ་གྱི་ངོ་བོ་ཡོད་པ་ཉིད་དོ་ཞེ་ན་དེ་ལྟ་ན་ནི་མི་དམིགས་པའི་དངོས་པོ་མཐའ་དག་ཡོད་པར་ཐལ་བར་འགྱུར་ཏེ། དེ་ནི་ཤེས་པར་མི་ནུས་སོ། །དེ་བས་ན་དངོས་པོ་མེད་པའི་རྣམ་པར་རྟོག་བཙམ་གྱིས་འཆིང་བར་མི་ནུས་ཤིང་དེའི་ཕྱིར་རྟོག་པ་དང་བྲལ་བའི་རྣལ་འབྱོར་ཀུན་དུ་བཟང་པོའི་ཡེ་ཤེས་ལས་བྱུང་བའི་འོད་ཟེར་ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་ཡང་གསང་བ་འདུས་པའི་རྒྱུད་ལས། ཕྱག་རྒྱ་གང་གི་ཆོ་ག་ཡིས། །བསྐལ་པ་བྱེ་བ་གྲངས་མེད་དུ། །ཐོབ་དཀའ་བ་ཡི་སངས་རྒྱས་ཏེ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་རང་གི་ལྷའི་རྣལ་འབྱོར་ནས་བརྩམས་ནས། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་བསྒོམ་པར་བྱའོ། །དེ་ལྟར་ཡང་དག་པའི་ཡིད་ལ་བྱེད་པ་ལ་ལྟོས་ནས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཕུལ་དུ་བྱུང་བའི་ཡོངས་སུ་རྫོགས་པའི་སངས་རྒྱས་དང་དེ་མོས་པ་ཡིད་ལ་བྱེད་པའི་རྣལ་འབྱོར་པ་གཉིས་སངས་རྒྱས་སུ་དབྱེར་མེད་ཅིང་མཉམ་པ་ཉིད་དུ་གསུངས་སོ། །གཞན་དུ་བྱེ་བྲག་ཏུ་བྱེད་པས་ནི་བདེ་བར་གཤེགས་པ་ཡིད་ལ་བྱེད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བྱེ་བྲག་ལ་ལྷག་པར་ཞེན་པ་སྤངས་པའི་ཕྱིར་རོ། །བདེ་བར་གཤེགས་པའི་བདག་ཉིད་དང༌། གཞན་གྱི་རྣམ་པའི་མཚན་ཉིད་དུ་རྣམ་པར་རྟོག་པས་ནི། ཡང་དག་པའི་ཡེ་ཤེས་ཐོབ་པར་མི་འགྱུར་ཞིང༌། ཁ་ན་མ་ཐོ་བའི་རྒྱུ་ཆེན་པོ་དང་ལྡན་པ་ཉིད་དོ། །དེའི་ཕྱིར་སྒྱུ་འཕྲུལ་དྲ་བའི་རྒྱུད་ཏིང་ངེ་འཛིན་གྱི་དྲ་བའི་ལེའུ་ལས། བདག་ཉིད་ལུས་འདི་དྲི་མ་མེད་པ་ལས། །མཐའ་ཡས་རྒྱལ་བའི་སྐུ་རྣམས་ཡིད་ཀྱིས་མངོན་བཅུག་པས། །སངས་རྒྱས་ཀུན་དང་མཚུངས་བའི་བློ་གྲོས་མཆོག །འགྲོ་བ་མ་ལུས་པ་ལ་ཕན་འདོགས་བསྒྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་བས་ན་དེའི་འོད་ཟེར་གྱི་ཕྲེང་བའི་ཚོགས་དཔག་ཏུ་མེད་པ་སྤྲོས་པ་ལས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་རྟེན་དུ་འགྱུར་བ་ཉིད་དོ། །དེ་ལ་གང་དག་གིས་རང་གི་ཤེས་རབ་ཀྱི་བཙན་མོ་
དང་བྲལ་བའི་སྡུག་བསྔལ་གྱི་ཐབས་གཞན་དུ་བསྒྲུབ་པ་མངོན་དུ་བྱེད་པས་ནི་མཉམ་པར་གཞག་པའི་འབྲས་བུ་ཐོབ་པར་མི་འགྱུར་བས་ན། ཤེས་རབ་དེའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པའི་སེམས་ཀྱིས་བསྒོམ་པར་བྱ་སྟེ། དྲི་མ་དང་བྲལ་ཞིང་ཕུན་སུམ་ཚོགས་པའི་འབྲས་བུ་ནི་ཡང་དག་པའི་ཐབས་དང་ཤེས་རབ་ཀྱི་སྟོབས་ལས་བྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ཕྱིན་ཅི་མ་ལོག་པ་ལས་བདག་མེད་པའི་ཤེས་པ་སྐྱེས་པ་ན་གཅིག་གི་མཚན་ཉིད་དུ་གྱུར་ཀྱང་ཐ་སྙད་ཀྱི་དབྱེ་བ་ལས་ལྷག་པར་ཞེན་པས་གཉིས་སུ་མེད་པ་ཉིད་དོ། །དེ་ལྟར་ཕྱིན་ཅི་ལོག་གི་སེམས་ཀྱིས་ཕྱེ་བས་ནི། ཤེས་རབ་ཀྱི་ལྷག་པར་ཞེན་ཅིང་ལོག་པའི་དབང་གིས་རང་གི་བྱ་བ་བྱེད་པའི་ནུས་པ་མེད་པ་སྟེ། དཔེར་ན་གོང་བུ་དང་དངོས་པོར་བརྟགས་པ་ལྟ་བུའོ། །དེ་བས་ན་བློ་དང་ལྡན་པ་རྣམས་ཀྱིས་རང་གི་ཤེས་རབ་ཀྱི་བཙུན་མོ་ལ་ལེགས་པར་འཁྱུད་ཅིང་བདེ་པ་ཆེན་པོའི་རོ་ཉམས་སུ་མྱོང་བས་རྒྱུན་མི་འཆད་པར་བསྒོམ་པར་བྱ་བ་དང༌། ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་སྤྲུལ་པའི་མཆོད་པས་རང་གི་ལུས་ཡང་ནས་ཡང་དུ་མཆོད་པར་བྱའོ། །དེ་བས་ན་ཇི་ལྟར་བཤད་པའི་རིམ་པས་ཐབས་དང་ཤེས་རབ་ཀྱི་ངོ་བོ་མངོན་དུ་བྱེད་པ་ནི་ཇི་སྲིད་སྤྲུལ་པ་དང༌། རང་གི་ངོ་བོ་གཉིས་སུ་དབྱེར་མེད་པ་དེ་སྲིད་དུ་མངོན་དུ་བྱས་ཏེ། རང་གི་ཤེས་པ་ཕྱིན་ཅི་མ་ལོག་པ་ལས་བྱུང་བའི་རྣལ་འབྱོར་གྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མཚན་ཉིད་གཅིག་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ལ་དེ་ཉི་རྒྱུན་གྱི་ངོ་བོ་ཉིད་ལ་དབྱེར་མེད་པ་དང༌། སྔོན་དང༌། སྔོན་གྱི་ཀུན་དུ་རྟོག་པ་ལས་བྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་དང་རྒྱུན་དུ་འབྲེལ་པ་ཉིད་དོ། །དེ་ལ་སྤྲུལ་པ་ཙམ་ལས་མ་གཏོགས་པའི་གཞན་དུ་ནི་རྣམ་པར་རྟོག་པ་མེད་པ་ན། ཁ་དོག་ལ་སོགས་པས་དབྱེ་བདེའི་ངོ་བོ་སྣ་ཚོགས་པ་མཐོང་བའི་ཕྱིར་ཏེ། བདག་མེད་མའི་ཤེས་པ་དང་ཇི་ལྟར་གཅིག་པར་འགྱུར་ཞེ་ན། དེ་ལྟ་ན་ནི་གཅིག་ཅེས་བྱ་བ་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་ཏེ། ལྷ་གཅིག་གི་སྐུ་ལ་རང་གི་ངོ་བོ་ཆ་ཤས་དུ་མར་སྣང་སྟེ། སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཞན་ཆ་ཤས་མེད་པ་ནི་དམིགས་པའི་ཡུལ་དུ་
མི་འགྱུར་ཏེ། དེ་བས་ན་ཇི་ལྟར་ཀུན་རྫོབ་ཀྱི་རང་གི་ངོ་བོ་ལ་གཅིག་ཏུ་རྣམ་པར་གཞག་པ་དེ་བཞིན་དུ་སྣ་ཚོགས་པའི་གཟུགས་ལ་སོགས་པ་ལ་རང་གི་ངོ་བོ་ལྷག་པར་ཞེན་པ་ལ་ལྟོས་ནས་ཐམས་ཅད་བདག་གི་རང་བཞིན་ནོ་ཞེས་པར་ཡིད་ལ་བྱེད་པ་ནི་ཐོག་མ་ནས་བདག་མེད་པ་ལ་ལྷག་པར་ཞེན་པ་ལ་རབ་ཏུ་ཞུགས་པ་སྟེ། དེ་ནི་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བཤད་པ་ཡིན་ནོ། །དེ་བས་ན་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བ་ནི་ཐམས་ཅད་མཉམ་པ་ཉིད་དུ་འགྱུར་བ་སྟེ། ཡུལ་ལ་ལྷག་པར་ཞེན་པ་ལ་མ་གཏོགས་པའི་གཞན་དུ་ནི་དངོས་པོ་ཐ་སྙད་མེད་པ་ཉིད་དོ། །དེ་དག་ཀྱང་ཤེས་པ་རང་གི་ངོ་བོར་ཅིག་ཅར་དུ་སྣང་བས་ན་ཐ་དད་དབྱེ་བར་མི་ནུས་པ་སྟེ། གཞན་དུ་མཚན་ཉིད་གཅིག་པ་མེད་པ་ནི་སྔོན་དུ་བསྒྲུབས་ཟིན་ཏོ། །དེ་བས་ན་ཐམས་ཅད་ལྷའི་དཀྱིལ་འཁོར་གྱི་བདག་ཉིད་དོ་ཞེས་པ་ནི་ཀུན་རྫོབ་ཀྱི་རང་གི་ངོ་བོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའི་ཤེས་པ་འཇུག་པ་སྟེ། དེས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ལ་རབ་ཏུ་གནས་པར་འགྱུར་བ་ཉིད་དོ། །དེ་ལ་གཞན་དག་ན་རེ་ལྷ་ཉིད་ལ་རྣམ་པར་རྟོག་པའོ་ཞེས་སྨྲ་བ་ནི་ཁ་ན་མ་ཐོ་བའི་རྒྱུན་ཆེན་པོར་འགྱུར་ཏེ། འབྲས་བུའི་གནས་སྐབས་ལ་བསམས་ནས་རྒྱུན་ཆད་པར་ལྟ་བ་ནི་ནམ་དུ་ཡང་དག་པའི་བྱང་ཆུབ་ལ་ཉེ་བར་མི་འགྱུར་ཞིང༌། བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པར་མཚུངས་པར་ལྡན་པའི་མདོ་ལས། དམིགས་བཅས་རྣམ་པར་དག་པ་ལ། །བརྟེན་ནས་འབྲས་བུ་བླ་ན་མེད། མི་དམིགས་མཐའ་བཞི་རྣམ་བྲལ་བའི། །རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །དེ་བས་ན་རྒྱུ་རྣམ་པར་དག་པ་ལ་དམིགས་པ་དང་བཅས་པ་ལྷའི་སྐུ་ལས་འདྲས་བུ་རྣམ་པར་དག་པ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བ་སྟེ། དེའང་རྒྱུའི་གནས་སྐབས་ཙམ་ན་ཡང་ལྷའི་སྐུའི་དེ་ཉིད་ཡིན་ཞིང༌། དེའི་ངོ་བོ་དང་གཉིས་སུ་དབྱེར་མེད་པར་འགྱུར་བ་ཉིད་དོ། །དེ་བས་ན་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གྲུབ་པའི་མཆོད་པའི་ཚོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བྱ་བ་ནི། ཐ་མལ་གྱི་གནས་སྐབས་ན་ཡང་གཞན་དུ་གཟུགས་ཡིད་དུ་འོང་བ་
དག་མཐོང་བ་ན། བདག་ཉིད་དཀྱིལ་འཁོར་གྱི་ལྷ་རུ་བསྒོམས་པས་ལོངས་སྤྱོད་པར་བྱ་ཞིང༌། ཨོཾ་ན་མ་སརྦ་མཎྜལ་དེ་བ་ཏ་ནཾ་རཱུ་པ་པཱུ་ཛ་མེ་གྷ་ནི་ཪྻ་ཏ་ཡཱ་མི་ཧཱུཾ་ཞེས་པའི་སྔགས་ཀྱིས་དེའི་སྐད་ཅིག་ལ་གཟུགས་ཀྱི་མཆོད་པ་བླ་ན་མེད་པ་སྤྲོས་པས་མཆོད་པར་བྱ་བ་དང༌། གཞན་དུ་སྒྲ་ཡིད་དུ་འོང་བ་དག་ཐོས་པ་ནི་བདག་ཉིད་རྣལ་འབྱོར་དང་ལྡན་པ་ལས་སྒྲའི་མཆོད་པ་བླ་ན་མེད་པ་སྤྲོས་པ་ལས། ཨོཾ་ན་མ་སྶརྦ་མཎྜལ་དེ་བ་ཏ་ནཾ་ཤབྟ་པཱུ་ཛ་མེགྷ་ནི་ཪྻ་ཏ་ཡཱ་མེ་ཞེས་པའི་སྔགས་ཀྱིས་དབུལ་བར་བྱ་བ་དང༌། གཞན་དུ་དྲི་ཡིད་དུ་འོང་བ་བདག་ཚོར་བ་ན་བདག་ཉིད་དང་རྣལ་འབྱོར་དང་ལྡན་པ་ལས་དྲིའི་མཆོད་པ་བླ་ན་མེད་པ་སྤྲོས་ཏེ། ཨོཾ་ན་མ་སྶརྦ་མཎྜལ་དེ་བ་ཏ་ནཾ་གནྡྷ་པཱུ་ཛ་མེ་གྷ་ནི་ཪྻ་ཏ་ཡཱ་མི་ཧཱུཾ་ཞེས་པས་མཆོད་པར་བྱ་བ་དང༌། གཞན་དུ་རོ་ཡིད་དུ་འོང་བདག་ཉམས་སུ་མྱོང་བ་ན་བདག་ཉིད་རྣལ་འབྱོར་དང་ལྡན་པ་ལས་རོའི་མཆོད་པ་བླ་ན་མེད་པ་སྤྲོས་པ་ལས། ཨོཾ་ན་མ་སྶརྦ་མཎྜལ་དེ་བ་ཏཱ་ནཾ་ར་ས་པཱུ་ཛ་མེ་གྷ་ནི་ཪྻ་ཏ་ཡཱ་མི་ཧཱུཾ། ཞེས་པས་མཆོད་པར་བྱ་བ་ཉིད་དང༌། གཞན་དུ་རེག་བྱ་ཡིད་དུ་འོང་བ་བདག་ཉམས་སུ་མྱོང་བ་ན་བདག་ཉིད་རྣལ་འབྱོར་དང་ལྡན་པ་ལས། རེག་བྱའི་མཆོད་པ་བླ་ན་མེད་པ་སྤྲོས་ཏེ། ཨོཾ་ན་མ་སྶརྦ་མཎྜལ་དེ་བ་ཏ་ནཾ་པར་ཤ་ནིཪྻ་ཏ་ཡཱ་མི་ཧཱུཾ། ཞེས་པས་མཆོད་པར་བྱ་བ་ཉིད་དང༌། སྦྱིན་པ་ལ་སོགས་བ་གཏོང་བའི་སྐབས་སུ་ནི་སྦྱིན་པའི་གནས་དཀྱིལ་འཁོར་གྱི་ལྷ་རུ་བསམས་ལ་སྦྱིན་པའི་རྫས་དཔག་ཏུ་མེད་པ་སྤྲོས་པས་མཆོད་པར་བྱ་བ་དང༌། བླ་མ་ལས་གཞན་པའི་སེམས་ཅན་རྣམས་ལ་བསྙེན་བཀུར་ལ་སོགས་པ་བྱེད་པ་ན་ནི། དེ་ཉིད་དཀྱིལ་འཁོར་གྱི་ལྷར་བསྒོམས་པ་ལ། ན་མ་སརྦ་མཎྜལ་དེ་བ་ཏ་ནཾ་པཱུ་ཛོ་པ་སྠ་ན་ཨཱཏྨ་ན་ནི་ཪྻ་ཏ་ཡཱ་མི་ཧཱུཾ་ཞེས་པས་མཆོད་པ་བྱ་བ་དང་བདག་ཉིད་ལ་གཞན་བསྙེན་བཀུར་ལ་སོགས་པ་བྱེད་པ་ན་བདག་ཉིད་རྣལ་འབྱོར་དང་ལྡན་པ་ལས་གོང་མའི་སྔགས་ཀྱིས་ལོངས་སྤྱོད་པར་བྱ་བ་ཉིད་དོ། །གཞན་དུ་རྣལ་འབྱོར་ཕྱི་རོལ་དུ་གྱུར་པ་ན་ནི་གཟུགས་ལ་ནི་སྣང་བ་མ་དང༌། གར་མཁན་མ་དང༌། མེ་ཏོག་མ་དང༌། ཕྲེང་བ་མའི་ལྷ་མོར་བསམས་པས་མཆོད་པར་བྱ་བ་དང༌། སྒྲ་ལ་ནི་གླུ་མཁན་མར་བསམས་པ་ལས་མཆོད་པར་བྱ་བ་དང༌། དྲི་ལ་ནི་བདུག་པ་མ་དང་
དྲི་ཆབ་མར་བསམས་པས་མཆོད་པར་བྱ་བ་དང༌། རེག་བྱ་ལ་ནི་སྒེག་མོར་བསམས་པ་ལས་མཆོད་པར་བྱ་བ་ཉིད་དོ། །དེ་དག་ནི་ཆགས་པའི་ཡུལ་དུ་གྱུར་པ་རྣམ་པར་དག་པས་མཆོད་པ་སྟེ། གཞན་དུ་དེ་ལས་བཟློག་པའི་མི་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་བ་ནའང༌། སེམས་ཀྱི་བདེ་བའི་རྣམ་པར་བསྒྱུར་ཏེ། ལྷའི་རྣལ་འབྱོར་གྱིས་བདེ་བ་ཆེན་པོའི་མཆོད་པས་མཆོད་པ་བྱ་བ་ཉིད་དོ། །དེ་ལྟར་རྒྱུན་དུ་སྐད་ཅིག་མ་གཅིག་ཀྱང་རྣལ་འབྱོར་དང་མི་འབྲལ་བའི་ཕྱིར། རང་གི་ཤེས་རབ་ཀྱི་བཙུན་མོ་ལ་མཉམ་པར་འཁྱུད་པར་བྱ་བ་ཉིད་དེ། ཤེས་རབ་ཀྱི་བདག་ཉིད་ལས་བྱུང་ཞིང་ཐབས་བླ་ན་མེད་པར་གྱུར་པའི་ཕྱིར་ཐབས་དང་ཤེས་རབ་སྐད་ཅིག་ཙམ་ཡང་མི་འབྲལ་བ་ཉིད་དུ་འདོད་དོ། །དེ་ལྟར་སེམས་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། སེམས་ནི་ས་དང་མཚུངས་པས་ན། །ཐམས་ཅད་ཁུར་དུ་ཁྱེར་བར་བྱེད། །དགེ་བ་དང་ནི་སྡིག་པའང་རུང༌། །འཕེལ་བ་མེད་ཅིང་འགྲིབ་པའང་མེད། །སེམས་ནི་ཆུ་དང་མཚུངས་པས་ན། །དྲི་མ་མི་གཙང་འཁྲུ་བྱེད་དང༌། །འཇིག་རྟེན་རྣམས་ནི་གསོ་བྱེད་ཅིང༌། །ཉོན་མོངས་གདུང་བ་སལ་པར་བྱེད། །སེམས་ནི་མེ་དང་མཚུངས་པ་ན། །ཉོན་མོངས་དག་ནི་སྲེག་བྱེད་ཅིང༌། །སྒྲོན་མ་ཆེན་པོ་སྣང་བ་ཡིས། །གསལ་བར་མི་བྱེད་གང་ཡང་མེད། །སེམས་ནི་རླུང་དང་མཚུངས་པ་སྟེ། །གནས་པ་མེད་ཅིང་རྟེན་མེད་པར། །ཚུལ་ཁྲིམས་ཐོས་པའི་དྲི་ཡིས་ནི། །དུས་གསུམ་ཀུན་དུ་ཁྱབ་པར་བྱེད། །སེམས་ནི་ནམ་མཁའ་དང་མཚུངས་པས། །ལྟ་བ་སྤངས་ཤིང་རྣམ་པར་དག །ཐམས་ཅད་ཀུན་དུ་ཁྱབ་གནས་ཀྱང༌། །བདུད་ཀྱི་རྗེས་སུ་འབྲང་མི་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་རྣལ་འབྱོར་པའི་སྦྱངས་པའི་ཡོན་ཏན་ལྔ་ཞེས་བྱ་སེ། རྒྱ་མཚོ་ལྟ་བུ་དང༌། །རི་རབ་ལྟ་བུ་དང༌། ནམ་མཁའ་ལྟ་བུ་དང༌། རླུང་ལྟ་བུ་དང༌། རྡོ་རྗེ་ལྟ་བུའི་ཆོས་ལྔའོ། དེ་ལྟར་ཡོངས་སུ་དག་པའི་ལམ་ལ་ཞུགས་པ་ལ་ནི་འཁོར་བའི་འདམ་ན་གནས་ཀྱང་པདྨ་ལྟ་བུ་འཁོར་བའི་ཉེས་པས་གོས་བར་མི་འགྱུར་ཞིང༌། སྟོན་ཀའི་ཟླ་བ་ལྟར་
གནས་པ་སྟེ། དེ་ཉིད་ཡང་དག་པའི་ཏིང་ངེ་འཛིན་དང༌། ཡང་དག་པའི་བསླབ་པ་དང༌། ཡང་དག་པའི་ཡེ་ཤེས་དང༌། ཡང་དག་པའི་བརྩོན་འགྲུས་དང༌། ཡང་དག་པའི་བཟོད་པའི་རྒྱུ་ལས་བྱུང་བ་ཉིད་དོ། །དེ་ལྟར་བདག་ཉིད་ལས་ཐམས་ཅད་ཀྱི་སྐབས་སུ་ལྷའི་རྣལ་འབྱོར་གྱི་ལས་ལ་ཡང་དག་པར་ཞུགས་པས་བྱ་བ་བྱེད་ཅིང་སྦྱིན་སྲེག་གི་སྐབས་སུ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གྱི་ལས་བྱ་བར་གསུངས་པ་ནི་གོང་དུ་ལྷའི་སྐུ་བསྐྱེད་ནས་ལས་བྱ་བར་གསུངས་སོ། །དེ་ནས་ལས་རྣམས་བཤད་བྱ་སྟ། །ཞི་བ་དང་ནི་རྒྱས་པའི་ལས། །དེ་ལྟར་དབང་དང་མངོན་སྤྱོད་རྣམས།། བཟླས་དང་སྦྱིན་སྲེག་ཆོ་ག་ཡིས། །ལས་རྣམས་ཐམས་ཅད་བྱ་བ་ཡིན། །ཞེས་གསུངས་པ་ནི་ཞི་བ་ལ་སོགས་པ་ལས་ཐམས་ཅད་ལ་བཟླས་པའི་སྔགས་ཀྱི་ཡིག་འབྲུའི་ཁ་དོག་དང༌། དེའི་ལས་ཀྱི་སྔགས་དང་རྣལ་འབྱོར་དང༌། རྒྱན་དང་ཆ་བྱད་དང༌། རྫས་དང་ཡོ་བྱད་དང༌། ཁ་དོག་དང་དུས་ཚོད་ལ་སོགས་པ། རིགས་དང་རྗེས་སུ་མཐུན་པ་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གཞན་དུ་ནི་ལས་ཀྱི་འབྲས་བུ་འགྲུབ་པར་མི་འགྱུར་ཞིང་དེ་དག་ཀྱང་འདི་ཉིད་དུ་བགེགས་ཉེ་བར་ཞི་བར་བྱ་བའི་དོན་དུའོ། །དེ་དག་ཇི་ལྟ་བུས་བྱ་སྙམ་པ་ལ། རྡོ་རྗེ་སེམས་དཔའ་བདག་བསྒྱུར་ལ། །ཞི་བའི་ལས་ནི་བརྩམ་པར་བྱ། །ཆོ་ག་ཤེས་པས་སྔ་དྲོ་ཉིད། །བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང༌། །འོད་ཟེར་སྤྲིན་གྱིས་དེའི་ལུས་ལ། །འཕྲོས་པས་ཡོངས་སུ་ཁེབས་པས་དགབ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །དེ་ནི་སེམས་ཅན་ཕན་དགའ་བས། །དེ་བཞིན་གཤེགས་པའི་རིགས་ལ་བྱ། །ཞེས་གསུངས་ཏེ། དེ་ལ་རྣལ་འབྱོར་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར། བདག་ཉིད་གོང་དུ་གསུངས་པའི་རིམ་པས་དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་ལ། ཉི་མ་དང་པོ་ཤར་བའི་རྩེ་ལ་གོས་དང་རྒྱན་ཐམས་ཅད་དང༌། རིགས་དང་རྗེས་སུ་མཐུན་པ་བྱས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བཟླས་པ་དང་སྦྱིན་སྲེག་བྱ་བ་ཉིད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་རྣམ་པར་དག་པས་སེམས་ཅན་གང་དག་ངན་སོང་དུ་གནས་པའི་ལུས་ལ་ཧཱུཾ་ལས་འཕྲོས་པའི་
འོད་ཟེར་ཁ་དོག་དཀར་པོ་འཚེར་བ་དང་ལྡན་པ་ལ་དེའི་རྩེ་མོ་ལ་སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་ཡིག་འབྲུ་ཧཱུཾ་དཀར་པོ་བལྟས་ཏེ། དེའི་ལུས་ལ་ཀུན་དུ་ཁྱབ་པར་བྱས་ནས་རྒྱ་མཚོའི་ལྦུ་བ་ལ་རླུང་གིས་བཤིག་པ་ལྟ་བུས་སྡིག་པ་ཞི་བར་བྱ་སྟེ། དེ་ནི་འཁོར་ལོ་རིགས་ཀྱི་འོད་ཟེར་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་ལ་བྱ་བ་ཉིད་དོ། །ཀུན་དུ་བཟང་པོ་བདེ་ཆེན་ནམ། །བདེ་བ་ཆེན་པོར་བསམས་ནས་ཀྱང༌། །ནང་པར་རེ་རེ་ཉི་ཤར་ན། །སྔ་མ་བཞིན་དུ་ལས་བྱས་ཏེ། །རྡོ་རྗེ་རིགས་ཀྱི་སེམས་ཅན་གྱི། །སྡིག་ཅན་སེམས་ནི་ཞི་བྱེད་འགྱུར། །ཞེས་གསུངས་པ་ནི། བདག་ཉིད་གོང་དུ་གསུངས་པའི་རིམ་པས་ཀྱང༌། བཅོམ་ལྡན་འདས་ཀུན་དུ་བཟང་པོའམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསྐྱེད་དེ། རིགས་དང་རྗེས་སུ་མཐུན་པའི་རྣལ་འབྱོར་རིམ་པ་ཡོངས་སུ་རྫོགས་པར་བྱ་སྟེ། རང་གི་སྙིང་གནས་འོད་ཟེར་མུ་ཏིག་ལྟ་བུའི་ཕྲེང་བའི་ཚོགས་ལ་སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་ཡེ་གེ་ཧཱུཾ་བལྟས་ཏེ། རྡོ་རྗེ་རིགས་ཀྱི་སེམས་ཅན་གྱི་ལུས་ལ་ཡོངས་སུ་ཁེབས་པར་དགབ་པ་དང༌། སྦྱིན་སྲེག་ལ་སོགས་པའི་ལས་ཐམས་ཅད་བྱ་བ་ཉིད་དོ། །གསེར་འོད་མཛེས་ཤིང་འབར་བ་ཡི། །རིན་ཆེན་འཛིན་དུ་བསམས་ནས་ནི། །བཟའ་བ་ལོངས་སྤྱོད་ཉི་མ་ཡི། །གུང་ལ་རྒྱས་པའི་ལས་ཤིས་ཏེ། །རིན་ཆེན་འདྲ་བར་ཁུང་བརྐོས་ལ། །བཟླས་དང་སྦྱིན་སྲེག་བྱ་བའམ། །ཡང་ན་སྔགས་པ་སྔ་མ་བཞིན། །འོད་ཀྱིས་ལུས་ལ་རབ་ཏུ་དག་པ། །ཅེས་གསུངས་པ་ནི་རྒྱས་པའི་རྣལ་འབྱོར་ཏེ། དེ་ལ་དང་པོ་བདག་ཉིད་གོང་དུ་གསུངས་པའི་རིམ་པས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དུ་སྐུ་མདོག་སེར་པོ་བསམས་ཏེ། ཉི་མ་གུང་ལ་ཁ་བྱང་དུ་བལྟས་པས་སྦྱིན་སྲེག་ལ་སོགས་པ་བྱ་བའམ། བདག་ཉིད་ཀྱི་སྙིང་ག་ནས་འོད་ཟེར་གྱི་ཁ་དོག་ལྟ་བུ་ཤིན་ཏུ་འཚེར་བ་དང་ལྡན་པ་བསམས་པ་ལས། དེའི་རྩེ་མོ་ལ་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བྱེད་པའི་ཡིག་འབྲུ་ཏྲཱཾ་སེར་པོ་བལྟས་ཏེ། རིན་ཆེན་རིགས་ཀྱི་སེམས་ཅན་ལ་དགབ་པར་བྱ་བ་སྟེ། དེས་ནི་ཚེ་དང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་འགྱུར་བ་ཉིད་དོ། །ཆོ་ག་བཞིན་དུ་ཁུང་བུ་ནི་
པདྨ་འདྲ་བར་བྱས་ནས་ཀྱང༌། །པདྨ་འཛིན་པར་བདག་བསྒྱུར་ལ། །རྒས་དང་ཉ་བའི་ཉི་མའི་མཐར། །བཟླས་དང་སྦྱིན་སྲེག་བྱ་བའམ། །དེ་ཡི་ལུས་ལ་འོད་ཟེར་གྱིས། །ཀུན་དུ་བསྐོར་བར་བྱས་གྱུར་ན། །མ་ལུས་དེ་ནི་དབང་དུ་འགྱུར། །ཞེས་གསུངས་པ་ནི་དབང་གི་རྣལ་འབྱོར་གྱི་རིམ་པ་གསུངས་པ་སྟེ། དེ་ལ་དང་པོར་བདག་ཉིད་གོང་དུ་གསུངས་པའི་རིམ་པས་བཅོམ་ལྡན་འདས་འོད་དཔག་མེད་དུ་བསམས་ནས་རང་གི་སྙིང་ག་ནས་འོད་ཟེར་དམར་པོ་པདྨ་རཱ་ག་ལྟ་བུ་སྤྲོས་པས་དེའི་རྩེ་མོ་ལ་འདོད་པ་ཐམས་ཅད་དབང་དུ་བྱེད་བའི་ཧྲི་དམར་པོ་བསམས་ཏེ། པདྨ་རིགས་ཀྱི་སེམས་ཅན་གྱི་ལུས་ལ་ཁེབས་པར་བཀབ་པར་བྱ་བ་ལས་དེའི་དབང་དུ་སེམས་ཅན་ཐམས་ཅད་རྒྱལ་པོ་གཏུམ་པོའི་འཁོར་བཞིན་དུ་འདུས་པར་འགྱུར་རོ། །ཆོ་ག་ཤེས་པའི་སྔགས་པ་ཡིས། །གྲི་རྩེ་ལྟ་བུར་ཁུང་བརྐོས་ལ། །སྐར་མ་རྫོགས་པའི་དུས་སུ་ནི། །རྡོ་རྗེ་ཁྲོ་བོར་བདག་བསྒྱུར་པ། །བཟླས་པའི་རྣལ་འབྱོར་བྱ་བའམ། །འོད་ཀྱིས་དེ་ལ་བཀབ་གྱུར་ན། །དེ་ལ་གནོད་བྱེད་མ་ལུས་འཇོམས། །ཞེས་གསུངས་པ་ནི་དྲག་པོའི་ལས་ཀྱི་རིམ་པ་གསུངས་པ་སྟེ། དེ་ལ་དང་པོར་བདག་ཉིད་གོང་དུ་གསུངས་པའི་རིམ་པས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུར་བསྐྱེད་ད་རང་གི་སྙིང་ག་ནས་འོད་ཟེར་ཁ་དོག་ནག་པོ་ཤིན་ཏུ་སྡུག་པ་སྤྲོས་ལ། དེའི་རྩེ་མོ་ལ་མ་རུངས་པ་འཇོམས་པར་བྱེད་པའི་ཡི་གེ་ཕཊ་ནག་པོ་བལྟས་ཏེ་ལས་ཀྱི་རིགས་ཀྱི་སེམས་ཅན་གྱི་ལུས་ལ་དགབ་པར་བྱས་པ་ན། དེ་ལ་གནོད་པར་བྱེད་པའི་ཚོགས་ཐམས་ཅད་ཐོ་བས་དུམ་པ་བཅོམ་པ་བཞིན་དུ་བརླག་པར་འགྱུར་བ་ཉིད་དོ། །ཕྱག་རྒྱ་ཆེན་པོར་བཤད་པ་རྣམས། །འདྲེན་པ་ཀུན་དུ་བཟང་པོ་ཡིས། །ཞི་བའི་ལས་ནི་བྱེད་པར་འགྱུར། །རྡོ་རྗེ་རིན་ཆེན་རྒྱས་པ་སྟ། །དབང་བསྐུར་བ་ལ་དེ་བཞིན་ནོ། །ཏོག་གི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་མཉམ་བྱེད། །རྡོ་རྗེ་ཉི་མའི་གཟི་བརྗེད་དང༌། །མདོག་སྡུག་ཤིན་ཏུ་འབར་བར་བྱེད། །བཞད་ཅིང་རྨད་དུ་མཛེས་པ་ཡིས། །དགའ་མགུ་རངས་པ་ཉིད་དུ་འགྱུར། །པདྨོ་མཛེས་པའི་ཆོས་ཀུན་གྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང༌། །མཉེས་འགྱུར་ལྷ་བྲན་སྨོས་ཅི་དགོས།།
གཞན་གྱི་གནོད་བྱེད་ཚོགས་ཆེན་རྣམས། །རྣོན་པོས་གཅོད་པ་ཉིད་དུ་མཛད། །གདོན་དང་ཡི་དགས་འདྲེ་རྣམས་དང༌། །གནོད་སྦྱིན་སྲིན་པོའི་བཀའ་ཉན་དང༌། །གཟའ་མཆོག་བརྒྱད་པོ་མ་རུངས་རྣམས། །འཁོར་ལོས་རྩ་ནས་འབྱིན་པར་བྱེད། །ལྕེ་ལས་ཛཾ་ཞེས་བྱ་བ་ཡིས། །ལྐུགས་རྣམས་ལྐུགས་པ་མ་ཡིན་དང༌། །གླེན་རྣམས་མི་སྨྲ་སྨྲ་མཛད་ཅིང༌། །མ་རུངས་རྣམས་ཀྱང་ལྐུགས་པར་མཛད། །རྒྱ་གྲམ་གྱིས་ནི་མཆོད་པ་དང༌། །སེམས་ཅན་དོན་མཛད་ཐམས་ཅད་སྟོན། །ཧཱུཾ་ཞེས་བྱ་བས་འཕྲོག་མཛད་ཅིང༌། །རྡོ་རྗེ་སྲུང་བས་བསྲུང་པ་མཛད། །ཧཱུཾ་ཞེས་བྱ་བའི་སོ་ཡིས་ནི། །མ་རུངས་ཐམས་ཅད་འཇོམས་བྱེད་ཅིང༌། །རྡོ་རྗེ་གནོད་སྦྱིན་ཉིད་ཀྱིས་ཀྱང༌། །སྡིག་པའི་ཚོགས་རྣམས་འཇོམས་པར་མཛད། །མ་རུངས་སྙིང་གར་དམ་དུ་ནི། །བཾ་ཞེས་བྱ་བ་བསམས་ནས་ཀྱང༌། །དུག་དང་རིམས་དང་གདོན་ལ་སོགས། །རྡོ་རྗེ་བསྡམས་པས་འཆིང་བར་མཛད། །ཅེས་གསུངས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་གིས་ཕྲིན་ལས་ཇི་ལྟ་བ་མཛད་པ་ཡང་དག་པར་གསུངས་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ་བཤད་པ་རྣམས། །ཞེས་པ་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དང་ལྡན་པས་གོང་དུ་བཤད་པའི་རིམ་པ་རྣམས་ཡིན་ལ། དེ་ཉིད་སེམས་དཔའི་ངོ་བོ་ཡང་དག་པར་བྱ་བ་སྟེ། དེ་ལ་འདྲེན་པ་ཀུན་དུ་བཟང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་སྡིག་པ་ལ་སོགས་པ་ཐམས་ཅད་ཞི་བར་མཛད་པ་ཉིད་དོ། །རྡོ་རྗེ་རིན་ཆེན་གྱིས་ནི་རྒྱས་པར་བྱེད་པ་ཁོ་ནའོ། །དེ་བཞིན་དུ་རྡོ་རྗེ་རྒྱལ་མཚན་དང༌། རྡོ་རྗེ་རྒྱལ་པོས་ཀྱང་རྒྱས་པར་ལོངས་སྤྱོད་དང༌། དབང་ཕྱུག་དཔལ་གྱི་འབྱོར་པ་དང་ལྡན་པར་བྱེད་པའོ། །རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཆགས་པས་ནི་བདུད་ཀྱི་ཚོགས་ཐམས་ཅད་མ་ལུས་པར་དབང་དུ་བྱེད་པར་འགྱུར་བའོ། །རྡོ་རྗེ་བཞད་པ་དང༌། རྡོ་རྗེ་ལེགས་པས་ནི་སེམས་ཅན་ཐམས་ཅད་དགའ་བ་དང༌། མགུ་བར་བྱེད་པའོ། །རྡོ་རྗེ་ཆོས་ཀྱིས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཉེས་པར་འགྱུར་ན། ལྷ་ལ་སོགས་པ་ལྟ་སྨོས་མི་དགོས་པར་དབང་དུ་འགྱུར་བར་གསུངས་སོ། །གཞན་
དུ་གནོད་པར་བྱེད་པའི་ཚོགས་ཐམས་ཅད་མ་ལུས་པར་ནི་རྡོ་རྗེ་རྣོན་པོ་དང༌། རྡོ་རྗེ་འཁོར་ལོས་རྩ་བ་མ་ལུས་པར་གཅོད་པར་མཛད་པར་གསུངས་སོ། །རྡོ་རྗེ་གསུང་པས་ནི་ལྐུགས་པ་རྣམས་ལྐུགས་པ་མ་ཡིན་པར་མཛད་པ་དང༌། གླེན་པ་རྣམས་མི་སྨྲ་བ་སྨྲ་བར་མཛད་པ་དང༌། མ་རུངས་པ་རྣམས་ལྐུགས་པར་མཛད་པ་ཉིད་དོ། །རྡོ་རྗེ་ལས་ཀྱིས་ནི་བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཚོགས་ཀྱིས་ཡོངས་སུ་མཆོད་པ་དང༌། སེམས་ཅན་གྱི་དོན་ཐམས་ཅད་མ་ལུས་པར་མཛད་པ་ཉིད་དོ། །རྡོ་རྗེ་སྲུང་བས་ནི་ནང་དང་རིམས་དང་གནོད་པ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་མཛད་པའོ། །རྡོ་རྗེ་གནོད་སྦྱིན་གྱིས་མ་རུངས་པའི་ཚོགས་དང་སྡིག་པ་དང་ལྡན་པའི་གང་ཟག་རྣམས་ཟ་བར་བྱེད་པའོ། །རྡོ་རྗེ་ཁུ་ཚུར་གྱིས་ནི་དུག་དང་རིམས་དང༌། གདོན་དང་མ་རུངས་པའི་ཚོགས་ཐམས་ཅད་ཀུན་ནས་བསྡམས་པས་འཆིང་བར་མཛད་པའོ། །ཡིག་འབྲུ་བཞི་པོ་ནི་ལས་སུ་བྱ་བའི་ཡིག་འབྲུ་སྟེ། གང་གི་ལྕེ་ལ་ཛཾ་དུད་ཁ་བསམས་ནས་རྨུགས་འཛིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ནི་ལྐུགས་པར་མཛད་དོ། །ཡང་ཕྱོགས་འགའ་ཞིག་ཏུ་གང་དག་གི་སྙིང་གར་ཧཾ་དམར་པོ་བསམས་ཏེ། མཁའ་འགྲོ་མའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པས་ནི་དེའི་མདངས་འཕྲོག་པར་མཛད་པའོ། །ཡང་ཕྱོགས་འགའ་ཞིག་ཏུ་གང་དག་གི་སྙིང་གར་ཧཱུཾ་ནག་པོ་བསམས་ཏེ་གཤིན་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས་ནི་དེའི་སྲོག་གཅོད་པར་བྱེད་པ་དང༌། ཡང་ཕྱོགས་གཞན་དག་ཏུ་གང་དག་གི་སྙིང་གར་བཾ་དམར་སེར་བསམས་པ་ལས་དེའི་ཡན་ལག་ཐམས་ཅད་རེངས་པར་བྱེད་པ་སྟེ་དེ་དག་ནི་སྨན་དང་སྔགས་དང་རྣལ་འབྱོར་གྱིས་ངེས་པར་འགྲུབ་པ་ཡིན་པས་ན་ལས་ཀྱི་སྦྱོར་བའི་ཆོ་གར་བལྟ་བར་བྱའོ། །རྒྱུད་གཞན་ལ་སེམས་དཔའམ། ལས་ཕྲིན་ལས་རྣམ་བཞིར་བཤད་པ་ནི་འོག་ནས་འཆད་པར་འགྱུར་བས་འདིར་མ་སྨོས་སོ། །བཟླས་དང་སྦྱིན་སྲེག་ལས་རྣམས་ཀྱིས། །དགོས་པ་ཐམས་ཅད་བསྒྲུབ་པར་བྱ། །འོད་ཟེར་གསལ་བ་དཀར་པོ་ལ། །འཚེར་ཞིང་རྒྱས་པ་བསྒོམ་
བྱས་ལ། །ཞི་བའི་ལྷ་ཡི་རྣལ་འབྱོར་དང༌། །ཞི་བའི་སེམས་ཀྱིས་ཞི་བར་བྱ། །རང་གི་ལུས་འདི་གསེར་བཙོས་དང༌། །ཉི་མ་གསར་ཤར་དགེ་འདྲ་བ། །བསམས་ལ་རྒྱས་པར་བྱ་བའི་ཕྱིར། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །ཀུན་ནས་གང་བར་དགབ་པར་བྱ། །པདྨ་སེམས་དཔའི་ཏིང་འཛིན་གྱིས། །ཧྲི་འདྲའི་འོད་ཟེར་སྤྲོས་པ་ནས། །སྙིང་ལ་ཀུན་དུ་བཀོད་བྱས་ན། །འདོད་པ་ཐམས་ཅད་དབང་དུ་བྱེད། །རྡོ་རྗེ་ཧཱུཾ་གི་ཏིང་འཛིན་གྱིས། །ཁྲོས་པས་རྡོ་རྗེ་མཚོན་ཆའི་ཆར། །སྡིག་སྤྱོད་ལུས་ལ་དགབ་བྱས་ན། །དེ་མ་ཐག་ཏུ་འབར་བར་འགྱུར། །ཞེས་གསུངས་པ་ནི་གོང་དུ་གསུངས་པའི་ཕྲིན་ལས་རྣམ་པ་བཞིའི་བསྡུས་པའི་དོན་གསུངས་པ་སྟེ། དེ་ལ་འདིར་འོད་ཟེར་གྱི་དབྱིབས་བསྟན་པ་ནི། འཇིག་རྟེན་མགོན་པོ་རིགས་རྒྱུད་ལས། །ཟླ་བ་རྒྱས་ དང་རིན་ཆེན་དང༌། །ལྕགས་ཀྱུ་རལ་གྲིའི་ཚུལ ་གྱིས་ནི། །ལས་རྣམས་བཞི་ལ་མངོན་པར་བརྩོན། །ཞེས་གསུངས་ཏེ། དེ་ལ་ཞི་བའི་འོད་ཟེར་ནི་ཟླ་བ་རྒྱས་པ་ལྟ་བུ་འོད་ཟླུམ་པོ་འཕྲོ་བར་བྱ་བ་དང༌། རྒྱས་པ་ལ་ནི་འོད་ཟེར་རིན་པོ་ཆེ་ལྟ་བུ་ཟུར་བརྒྱད་པ་སྤྲོ་བར་བྱ་བ་དང༌། དབང་ལ་ནི་འོད་ཟེར་ལྕགས་ཀྱུ་ལྟ་བུ་གུག་པ་དང་བཅས་པ་སྤྲོ་བར་བྱ་བ་དང༌། མངོན་སྤྱོད་ལ་ནི་འོད་ཟེར་རལ་གྲི་ལྟ་བུའམ། མདུང་ལྟ་བུའམ། མདའ་ལྟ་བུའམ། རྩེ་གསུམ་པ་ལྟ་བུའི་འོད་ཟེར་རྩེ་མོ་རྣོ་བ་ཟུར་དང་ལྡན་པ་སྤྲོ་བར་བྱ་སྟེ། དེས་ནི་གང་དང་གང་ལ་དེ་དང་དེའི་ཀུན་དུ་ཁྱབ་པར་བསྐོར་བ་ནི་ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་ལས་ཐམས་ཅད་ཡོངས་སུ་རྫོགས་པར་འགྲུབ་པར་འགྱུར་བ་ཁོ་ནའོ། །དེ་ལས་དབང་དུ་བྱས་ན་རྗེས་སུ་ཆགས་པ་དང༌། གུས་པ་དང་བཅས་པ་བཞིན་སྟོན་པ་དང༌། ཞི་བར་བྱས་ན་ནི་སྡུག་བསྔལ་དང་བྲལ་བའི་བདེ་བ་འཐོབ་པར་འགྱུར་བ་དང༌། རྒྱས་པ་བྱས་ན་ནི་འབྱོར་པ་དང་ལྡན་པར་འགྱུར་བ་དང༌། དྲག་པོའི་ལས་བྱས་ན་ནི་དེ་མ་ཐག་ཏུ་ནད་དང་ཟུག་རྔུ་འབར་ཞིང་རབ་ཏུ་འབར་བར་འགྱུར་བ་དེ་ལས་འབྱུང་བའི་འབྲས་བུ་ཉིད་དོ། །དེ་ལྟར་ཆོ་ག་དང་རྣལ་འབྱོར་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ལས།
ཕྲིན་ལས་རྣམ་པ་བཞིའི་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་པས་ན་རྣལ་འབྱོར་པ་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་ཡོངས་སུ་བརྟགས་པའི་ལས་ཐམས་ཅད་བྱ་སྟེ། གཞན་དུ་ནི་འགྲུབ་པར་མི་འགྱུར་པས་ནི་མི་བྱ་བ་ཉིད་དོ། །དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ཡིད་མགུ་རངས་པར་གྱུར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པ། དོན་ཐམས་ཅད་རྒྱས་པར་སྟོན་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བརྟག་པའི་རྒྱལ་པོ་དམ་པ་ཕྱི་མ་འདི་བཤད་པ་ལེགས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལེགས་སོ་ལེགས་སོ། །གང་གི་ཕྱིར་དེ་དག་གི་མཚོན་པར་གྱུར་པའི་ཕྱག་རྒྱ་རྣམས་བཤད་དུ་གསོལ་ཞེས་གསོལ་བ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་དམ་པའི་ཆོས་ཀྱིས་ཡང་དག་པར་མགུ་བར་གྱུར་པའི་ཚིག་སྙན་པ་ལན་བཞིར་བརྗོད་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞེས་པ་ནི་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོས་སེམས་ཅན་རྣམས་ངན་སོང་རྣམ་པ་གསུམ་གྱི་འདམ་ནས་ཡང་དག་པར་འདོན་པ་སྟེ། དེ་ཉིད་རྒྱུད་རྣམ་པ་གཉིས་ཀྱི་རྣལ་འབྱོར་ལས་བྱུང་ཞིང༌། རྒྱུད་རྣམ་པ་གཉིས་བའི་ཡན་ལག་ཏུ་གྱུར་པའི་དབང་དང༌། སྦྱིན་སྲེག་དང་ཆོ་ག་ལ་སོགས་པའི་ལས་སུ་བྱ་བའི་རིམ་པ་རྣམས་རྒྱུད་རྣམ་པ་གཉིས་པོར་གསལ་བར་མ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་གསལ་བར་བྱེད་པའི་བཤད་པའི་རྒྱུད་འདི་བཤད་པས་སེམས་ཅན་རྣམས་ལ་ཕན་པར་འགྱུར་བར་འགྲེལ་ཏོ། །ཐེ་ཚོམ་ཐམས་ཅད་རྣམ་པར་གཅོད་པ་ནི་དབང་ལ་སོགས་པ་ཇི་ལྟ་བ་མི་ཤེས་པ་གསལ་བར་བསྟན་པ་ཉིད་དོ། །དེ་ཉིད་རྒྱུད་གཉིས་ཀྱི་དོན་ཐམས་ཅད་རྒྱས་པར་བསྟན་པ་ཡིན་པའི་ཕྱིར་ན་དོན་ཐམས་ཅད་རྒྱས་པར་སྟོན་པ་ཞེས་བྱ་བའོ། །བརྟག་པའི་རྒྱལ་པོ་དོན་རྒྱས་པར་སྟོན་པ་ཉིད་ལ་ཡོན་ཏན་གྱི་སྒོ་ནས་མཚན་བཏགས་པའོ། །ཕྱི་མར་ནི་སླད་མར་
གྱུར་པའོ། །སྙན་པའི་ཚིག་ནི་གོང་དུ་བཤད་ཟིན་ཏོ། །གང་གི་ཕྱིར་དེ་དག་གི་མཚོན་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཞེས་པའོ། །དེ་དག་གི་མཚོན་པ་ནི་གོང་དུ་གསུངས་པའི་བཅོམ་ལྡན་འདས་ཉིད་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང༌། འཇིག་རྟེན་པའི་དཀྱིལ་འཁོར་གྱི་ལྷ་མཚོན་པ་སྟེ་དེ་ཉིད་ཕྱག་རྒྱ་ཡིན་པར་བཤད་དོ། །དེ་དག་སྔར་མ་བཤད་པའི་ཕྱིར་བཤད་པར་གསོལ་བ་འདེབས་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལེའུ་འདི་བཤད་དོ། །ལག་པ་གཉིས་མདུན་དུ་བཞག་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། དེའི་སྟེང་དུ་ཧཱུཾ་དང་ཨ་ལས་རིགས་ཀྱི་བདག་པོ་རིགས་ལྟར་བསམས་ནས། ཟླ་བའི་དཀྱིལ་འཁོར་དེ་ཉིད་ལས་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་ཀུན་ནས་འཁོར་ཞིང་འོད་ཟེར་སྣ་ཚོགས་འཕྲོ་བ་བསྒོམས་ཏེ། མཐེ་བོང་གཉིས་ལ་ཨོཾ་ཞེས་བྱ་བ་བསམ། མཛུབ་མོ་གཉིས་ལ་ཧཱུཾ་ཞེས་བྱ་བ་བསམ། གུང་མོ་གཉིས་ལ་ཏྲཱཾ་ཞེས་བྱ་བ་བསམ། སྲིན་ལག་གཉིས་ལ་ཧྲི་ཞེས་བྱ་བ་བསམ། མཐེའུ་ཆུང་གཉིས་ལ་ཨ་ཞེས་བྱ་བ་བསམ། དེ་ལྟར་ཡི་གེ་རྣམས་བཞག་ནས་དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པར་གྱུར་པ་དང༌། བདག་དང་རྗེས་སུ་མཐུན་པར་བྱའོ་ཞེས་གསུངས་པ་ནི། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་མཚན་ཉིད་བསྟན་ཏེ། ད་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་ལ། ཕྱག་རྒྱའི་ལེའུ་ཞེས་པ་ནི་དཀྱིལ་འཁོར་ཕྱི་མ་རྣམས་ཀྱི་ཕྱག་རྒྱའི་ལེའུ་སྟེ་དེ་ཡང་དག་པར་བཤད་པ་ཉིད་དོ། །དེ་ལ་ལག་པ་གཉིས་མདུན་དུ་གཞག་པ་ནི་ཕྱག་རྒྱ་བཅིངས་བའི་ལས་ཀྱི་དུས་སུ་བབ་པར་གྱུར་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་པ་ལས་རང་གི་མདུན་དུ་དུས་མོའི་ཁར་ལག་པ་གཉིས་ཀྱི་ཐལ་མོ་གན་རྒྱལ་དུ་གཞག་སྟེ། དེ་གཉིས་ཀྱི་མཐིལ་དུ་ཨ་དཀར་པོ་འོད་དང་ལྡན་པ་གཉིས་བསམས་ལ། དེ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་མོ། །ཡང་དེའི་སྟེང་དུ་ཧཱུཾ་དང་ཨ་གཉིས་བསམས་པ་ལས་
ལག་པ་གཡས་པ་རྡོ་རྗེ་རྩེ་ལྔ་པར་གྱུར་པར་བསམ་མོ། །གཡོན་པ་ནི་དྲིལ་བུ་རྩེ་ལྔ་པར་གྱུར་པར་བསམས་ཏེ་དེར་ཐིམ་པས་རྡོ་རྗེའི་ལག་པ་དང༌། རྡོ་རྗེ་དྲིལ་བུའི་ལག་པར་བྱིན་གྱིས་བརླབས་ལ། དེར་ཟླ་བའི་དཀྱིལ་འཁོར་གཉིས་བསམས་པ་ནི་དེ་དག་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པའི་ཕྱག་རྒྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་ནའང་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་ཀུན་ནས་འཁོར་བར་འགྱུར་པ་ལས་འོད་ཟེར་ཆེན་པོ་དང་ལྡན་པར་བསྒོམ་པར་བྱའོ། །དེ་ནས་ལག་པའི་སོར་མོ་བཅུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་རྩེ་ལྔ་པ་རེ་རེ་བསམས་པའི་རྩེ་མོ་ལ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་བསམས་ལ། དེ་དག་གི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ་མཐེ་བོང་ལ་བཅོམ་ལྡན་འདས་རྣམས་པར་སྣང་མཛད་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ངོ་བོ་ཨོཾ་དཀར་པོ་འོད་དང་ལྡན་པ་བསམས་པར་བྱའོ། །དེ་བཞིན་དུ་མཛུབ་མོ་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་དང༌། མཱ་མ་ཀཱིའི་ངོ་བོ་ཧཱུཾ་དཀར་པོ་བསམ་པར་བྱ་བ་དང༌། གུང་མོ་ལ་བཅོམ་ལྡན་འདས་རིན་ཆེན་ཏོག་དང༌། སངས་རྒྱས་སྤྱན་གྱི་ངོ་བོར་ཏྲཱཾ་སེར་པོ་བསམ་པར་བྱ་བ་དང༌། སྲིན་ལག་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་གོས་དཀར་མོའི་ངོ་བོ་ཧྲི་དམར་པོ་བསམ་པར་བྱ་བ་དང༌། མཐེའུ་ཆུང་གཉིས་ལ་བཅོམ་ལྡན་འདས་མེ་ཏོག་ཆེན་པོ་རྒྱས་པ་དང༌། སྒྲོལ་མའི་ངོ་བོ་ཨ་ལྗང་གུ་བསམས་ཏེ། དེ་ནས་རྡོ་རྗེ་བསྡམས་པ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་རྣམས་སྐྱེ་ཞིང་ལྷ་དེ་དག་ངོ་བོ་ཉིད་གཅིག་པར་མོས་པར་བྱའོ། །ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་ནི་འདི་ལྟར་སྣང་བའི་ཆོས་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བདེ་བ་ཆེན་པོའི་བདག་ཉིད་ལྷ་དང་ལྷ་མོའི་ངོ་བོ་ཉིད་དུ་ཐམས་ཅད་བསམས་ཏེ། དེ་ཉིད་བདག་དང་རྗེས་སུ་མཐུན་པ་ནི་ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པའོ། །དེ་ལ་འདིར་ཆོས་ཀྱི་དབྱིངས་བདག་མེད་པ་ལ་བདག་ཅེས་ཇི་ལྟར་བྱ་སྙམ་པ་ལ། དེ་ནི་འདི་ལྟར་
ཆོས་ཐམས་ཅད་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་དུ་རོ་གཅིག་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་བདག་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་དེའི་བདག་ཉིད་ཡིན་པ་དང༌། དེ་ལས་བྱུང་བའི་བདག་ཉིད་ཡིན་པ་དང༌། དེའི་བདག་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་བདག་ཅེས་བྱའོ། །ཡང་ན་དེ་ཉིད་རྣལ་འབྱོར་པ་ཉིད་དང༌། རྗེས་སུ་མཐུན་ཞིང་དབྱེར་མེད་པའི་ཕྱིར་ན་བདག་དང་ཡང་མཐུན་པར་བྱའོ་ཞེས་པ་སྟེ། དེ་ནི་རིག་པའི་ཚོགས་ཀྱིས་བླ་ན་མེད་པའི་མཆོད་པ་དང་རྗེས་སུ་མཐུན་པ་ལས་དེའི་བདག་ཉིད་ལ་དེའི་བདག་ཉིད་ཀྱིས་མཆོད་པ་བྱེད་པར་འགྱུར་པ་སྟེ། མཆོད་པ་དང་མཆོད་པར་བྱེད་པ་དང་མཆོད་པར་བྱ་བ་ནི་གཞན་དུ་མེད་པ་ཁོ་ནའོ། །དེ་ལ་འདིར་གཟུགས་ཀྱི་མཆོད་པ་བླ་ན་མེད་པ་ཉིད་ཡིན་ཞིང༌། དེའི་མཆོད་པའི་ལས་བྱེད་པ་དང༌། དེ་དག་ཉིད་ལས་འདའ་བར་དཀའ་ཞིང་ལྷའི་ཚོགས་འབྱིན་པའི་ཕྱིར་ན་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཁོ་ནའོ། །ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་དང་དྲིལ་བུར་ལྡན་པའི་སྐུ་རུ་བསམས་པ་ཉིད་ཡིན་ལ། ལས་ཀྱི་ཕྱག་རྒྱན་ནི་ཏིང་ངེ་འཛིན་དང་ས་གནོན་ལ་སོགས་པའི་ཕྱག་རྒྱའོ། །ཚེས་ཀྱི་ཕྱག་རྒྱ་ནི་ལྷ་རྣམས་ཀྱི་ལྗགས་ལ་བཛྲ་ཛྙཱ་ན་ལ་སོགས་པས་བསམས་པའོ། །དེ་དག་ཉིད་ཇི་ལྟ་བུར་བྱ་སྙམ་པ་ལ། ལག་པ་གཉིས་པདྨ་ལྟ་བུར་སྦྱར་ནས། ཨོཾ་ཞེས་བྱ་བ་གཉིས་བརྐྱང་ནས་ཨཱཿཞེས་བྱ་བ་གཉིས་བཀུག་ལ་དེ་བཞིན་དུ་ཧཱུཾ་ཞེས་བྱ་བ་དང་ཏྲི་ཞེས་བྱ་བ་གཉིས་པདྨའི་འདབ་མ་འདྲ་བར་བྱས་ལ། ཏྲཾ་ཞེས་བྱ་བ་གཉིས་གཤིབས་ཏེ་བརྐྱང་བ་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་དང་ལྡན་པའི་དམ་ཚིག་གོ་ཞེས་གསུངས་པ་སྟེ། དེ་ལ་འདིར་དང་པོར་ལག་པ་གཉིས་པདྨ་ཁ་འབུས་པ་ལྟར་བྱས་ལ། དེ་ནས་གུང་མོ་གཉིས་གཤིབས་ཏེ་ལྟོ་སྦྱར་ལ་བརྐྱང་ནས་སྲིན་ལག་དང་མཛུབ་མོ་གཉིས་སོ་སོར་རྩེ་སྤྲད་དེ། ཚིགས་གཉིས་བཀུག་ལ་མཐེ་བོང་བརྐྱང་པ་བྱས་ནས་མཐེའུ་ཆུང་བཀུག་པའོ། །གཞན་དུ་ནི་མཐེའུ་ཆུང་བརྐྱང་བར་གསུངས་ཏེ་གང་ཡང་མི་འགལ་བ་གཉིད་དོ། །འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱ་ལས་
ཐམས་ཅད་དང་ལྡན་པར་བྱ་བའི་དམ་ཚིག་གོ་ཞེས་པ་ནི་གོང་དུ་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྐབས་སུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཞེས་གསུངས་པ་དེ་ཉིད་ཡིན་ཏེ། དེ་ཉིད་དང་པོར་འཇུག་པའི་ཕྱིར་ན་རྩ་བ་ཞེས་བྱ་བ་དང༌། དཀྱིལ་འཁོར་གྱི་ལས་ཐམས་ཅད་ལ་འཇུག་པའི་ཕྱིར་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་དང༌། དེ་ཉིད་རྣལ་འབྱོར་པ་དམ་ཚིག་རྣམ་པར་བཅུ་དང་ལྔ་འཛིན་པའི་ཕྱིར་ན་ལས་ཐམས་ཅད་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཁོ་ནའོ། །འདི་དག་ཕྱག་རྒྱའི་ཚོགས་ཡིན་ཏེ། །དེ་ནས་རྣོན་པོར་བྱས་པ་དང༌། །དེ་ཉིད་རབ་ཏུ་འཁོར་ལོ་འདྲ། །དེ་ཉིད་ཁར་གཞག་སྒྲ་གཅན་གྱིའོ། །དེ་ཉིད་གསུམ་བྱས་ལས་ཀྱིའོ། །ཞེས་གསུངས་པ་ནི། འདིར་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་བཞིའི་ཕྱག་རྒྱ་གསུངས་ཏེ། དེ་ལ་དང་པོ་གུང་མོ་ལྟོ་སྦྱར་ལ་བརྐྱང་སྟེ། མཛུབ་མོ་གཉིས་སོ་སོར་བརྐྱང་ལ་རྩེ་མོ་གསུམ་རྣོན་པོར་བྱས་པ་སྟེ་འདི་ནི་དྲག་པོའི་ཕྱག་རྒྱའོ། །གཉིས་པ་ནི་བྲམ་ཟེའི་རིག་བྱེད་ཀྱི་ཚིག་སྨྲ་བ་ལྟར་སྲིན་ལག་གི་རྩ་བར་མཐེ་བོང་བཞག་སྟེ་ལྷག་མ་རྣམ་བརྐྱང་བར་བྱ་སྟེ་དེ་ནི་ཚངས་པའི་ཕྱག་རྒྱའོ། །གསུམ་པ་ནི་ལག་པ་གཉིས་ཕན་ཚུན་དུ་བསྣོལ་བ་ལས་གུང་མོ་གཉིས་རྩེ་སྤྲད་ལ་མཚོན་ཆའི་འཁོར་ལོ་འདྲ་བ་བྱས་པ་སྟེ་དེ་ནི་ཁྱབ་འཇུག་གི་ཕྱག་རྒྱའོ། །བཞི་པ་ནི་གུང་མོ་གཉིས་རྩེ་སྤྲད་དེ་བསྒྲེང་ལ་མཛུབ་མོ་དགུ་བོར་བྱས་ཤིང་རྡོ་རྗེ་འདྲ་བར་བྱས་པ་སྟེ། དེ་ནི་བརྒྱ་བྱིན་གྱི་ཕྱག་རྒྱའོ། །དེ་དག་ནི་གཞན་དུ་གྲགས་པའི་ཕྱག་རྒྱ་ཆེན་པོ་བཞི་ཞེས་བྱ་བས་ན་ཕྱག་རྒྱའི་ཚོགས་ཞེས་གསུངས་སོ། །གཡོན་པ་མགོ་ཐོད་ཐོགས་འདྲ་དང༌། །གཡས་པ་མདུང་རྩེ་རྩེ་གསུམ་པ། །གཡོན་པ་པདྨ་ཁ་འཛུམ་དང༌། །གཡས་པ་ཨོཾ་ཞེས་བྱ་བར་གཞག །གཡོན་པ་འཁོར་ལོ་དབྱུག་ཐོག་གསུམ། །ཨ་དང་ཨོཾ་གཉིས་རྩེ་སྤྲད་ནས། །ལྷག་མ་གསུམ་ནི་རྡོ་རྗེ་ཅན། །ཧཱུཾ་དང་ཨོཾ་གཉིས་གཞུར་བྱས་ལ། །ལྷག་མ་མདའ་བྱས་མདའ་ཅན་གྱིའོ། །ཞེས་གསུངས་པ་ནི་འཇིགས་བྱེད་ཆེན་པོ་དགུའི་ཕྱག་རྒྱ་གསུངས་པ་སྟེ། དེ་ལ་ལག་པ་གཡོན་པ་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་
དང་འདྲ་བར་སོར་མོ་རྣམས་དགུ་བོར་བྱས་ལ་སྙིང་གར་བཟུང་སྟེ། གཡས་པ་མཐེ་བོང་དང་མཐེའུ་ཆུང་གཉིས་རྩེ་སྤྲད་དེ་ལྷག་མ་གསུམ་མཚོན་རྩེ་གསུམ་པ་ལྟར་བྱས་ཏེ་འདི་ནི་འཇིགས་བྱེད་ཆེན་པོ་དང༌། འཇིགས་བྱེད་ཐོད་པ་ཅན་གྱི་ཕྱག་རྒྱའོ། །གཉིས་པ་ནི་ལག་པ་གཡོན་པ་པདྨ་ཁ་འབུས་པ་ལྟར་རྩེ་མོ་བསྡུས་ལ་ནུ་མའི་ཁར་བཟུང་ལ། གཡས་པ་ཚངས་པའི་ཕྱག་རྒྱ་ལྟར་བྱས་པ་ནི་འཇིགས་བྱེད་གཏུམ་པོ་དང༌། འཇིགས་བྱེད་ལག་པ་བརྒྱད་པའི་ཕྱག་རྒྱའོ། །གསུམ་པ་ནི་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་ལ་མཚོན་ཆའི་འཁོར་ལོ་ལྟ་བུར་བྱས་ལ། ལྷག་མ་གསུམ་དབྱུག་ཏོ་ལྟ་བུར་བྱས་པ་ནི་འཇིགས་བྱེད་སྲོག་འཕྲོག་དང༌། འཇིགས་བྱེད་སྨྱོ་བྱེད་ཀྱི་ཕྱག་རྒྱའོ། །བཞི་པ་ནི་རྩེ་གསུམ་པའི་ཕྱག་རྒྱ་ལྟར་བྱས་པ་ཡིད་དབུ་བོར་བྱས་ཏེ་དེ་ནི་འཇིགས་བྱེད་ཁྲོ་བོའི་ཕྱག་རྒྱའོ། །ལྔ་པ་ནི་ལག་པ་གཡོན་པའི་མཛུབ་མོ་དང་མཐེ་བོང་གཉིས་གཞུ་ལྟ་བུར་བྱས་ལ་གཡས་པའི་སོར་མོ་རྣམས་མདའ་ལྟ་བུར་བརྐྱང་སྟེ། དེ་ནི་འཇིགས་བྱེད་ལག་བརྐྱང་གི་ཕྱག་རྒྱར་ཤེས་པར་བྱའོ། །ལག་པ་གཡས་གཡོན་འཁོར་ལོ་བྱ། །ཐལ་མོ་དམ་སྦྱར་སོར་མོ་འཕྲོ། །འདི་ནི་ཉི་མ་ཟླ་བའི་ཞལ། །གཟའ་ལྷག་རྟག་ཏུ་སེ་གོལ་གཏོགས། །དེ་ཉིད་ཚིག་དབྱུང་གསུམ་པ་སྟེ། མཆུ་ལ་ཚིག་དབྱུང་འདྲ་བར་གཞག །པ་བསངས་ནི་གཉིས་མཉམ་སྦྱར། །སྦེན་པ་དབྱུག་པ་འཛིན་པར་བྱ། །བ་ལང་སྣ་ནི་ཆུ་སྲིན་འདྲ། །ཤེས་བྱ་རྒྱུད་ཤེས་མེ་སྟག་འདྲ། །དེ་ཉིད་བསྐོར་བ་གློག་ཕྲེང་སྟེ། །བླ་འོག་ལྟོ་སྦྱར་སྤྲིན་ཕྱག་རྒྱ། །དེ་དག་སྙིང་པོའི་ཕྱག་རྒྱ་སྟེ། །ལས་ཀྱི་ཕྱག་རྒྱའང་དེ་དག་གོ །ཞེས་གསུངས་པ་ནི། གཟའ་བརྒྱད་ཀྱི་ཕྱག་རྒྱ་ཡོངས་སུ་གསུང་སྤ་སྟེ། དེ་ལ་ལག་པ་གཉིས་རྒྱབ་སྤྲད་དེ་སོར་མོ་རྣམས་ཕན་ཚུན་ལྟོ་སྦྱར་ནས་འཁོར་ལོ་འདྲ་བར་བྱས་པ་ནི་ཉི་མའི་ཕྱག་རྒྱའོ། །ཐལ་མོ་དམ་པོར་སྦྱར་ནས་སོར་མོ་རྣམས་འོད་ཟེར་འདྲ་བར་བྱས་པ་ནི་ཟླ་བའི་ཕྱག་རྒྱའོ། །ལག་པ་གཡོན་པའི་གུང་མོ་དང་མཐེ་བོང་རྩེ་སྤྲད་དེ་ཕྱིར་བསྟན་ལ། གཡས་
པའི་གུང་མོའི་ཚིགས་དང་མཐེ་བོང་གཉིས་ཀྱི་བར་དུ་མཛུབ་མོ་བཅུག་ལ་མཆུའི་ཐབས་ཀར་ཚིགས་དབྱུང་བ་ལྟར་བྱེད་པ་སྟེ་དེ་ནི་གཟའ་ལྟག་གི་ཕྱག་རྒྱའོ། །ལག་པ་གཉིས་མཉམ་པར་སྦྱར་བ་ལས་དཔུང་བ་གཡོན་པའི་ཁར་བཞག་པ་ནི་པ་བ་སངས་ཀྱི་བཀྲ་ཤིས་ཀྱི་ཐལ་མོའི་ཕྱག་རྒྱའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་སྡིགས་མཛུབ་སྙིང་གར་བསྒྲེང་སྟེ་གཡས་པའི་མཛུབ་མོ་བརྐྱང་བ་གཞན་རྣམས་བུ་གུར་བྱས་ལ་སྟེང་དུ་ཕྱར་བ་ནི་སྤེན་པ་དབྱུག་པ་འཛིན་པའི་ཕྱག་རྒྱའོ། །ལག་པ་གཉིས་པར་བ་བཟེད་པས་ཆུ་སྲིན་གྱི་སྣ་འདྲ་བར་བྱས་ནས་ཕྲག་པ་གཉིས་ཀྱི་སྟེང་དུ་ཕྱར་བ་ནི་སྒྲ་གཅན་འཛིན་གྱི་ཕྱག་རྒྱའོ། །ལག་པ་གཉིས་སོར་མོ་ཕན་ཚུན་དུ་བསྣོལ་ཏེ་ལག་པའི་ཟུར་གཉིས་སྦྱར་ནས་མཐེ་བོང་དང་སོར་མོ་ཐམས་ཅད་མེ་སྟག་བྱས་ནས་ཐལ་མོ་ནང་ཕྱེ་ལ་གཡས་པས་གཡོན་དུ་བསྐོར་བ་ནི་མིག་དམར་གྱི་ཕྱག་རྒྱའོ། །ལག་པ་གཉིས་ལྟོ་སྦྱར་ནས་མཐེ་བོང་དང་མཐེའུ་ཆུང་གཉིས་ཕན་ཚུན་དུ་རྩེ་སྤྲད་དེ་སྤྱི་གཙུག་གི་ནོར་བུ་ལྟར་བྱས་ནས་གཞན་རྣམས་སོ་སོར་བརྐྱང་བ་ནི་ཕུར་བུའི་ཕྱག་རྒྱའོ། །སྙིང་པོའི་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་དེ་ཉིད་འཇིག་རྟེན་པའི་ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཁོ་ནའོ། །དེ་ཉིད་ལས་སྲིན་ལག་དང་མཛུབ་མོ་གཉིས་བཅིངས་པ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བའི་ཚིགས་པར་མ་བཅག་པ་ནི་དབང་བསྐུར་བ་སྦྱིན་པར་བྱེད་པའི་ཕྱག་རྒྱ་སྟེ། དེ་ཉིད་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་ལས་ཧཱུཾ་ཞེས་བྱ་བ་བསྡམས་པ་ལའང་སྲིན་ལག་པདྨ་འདྲ་པར་བྱས་པ་འདི་ནི་པདྨ་ལས་བྱུང་བའི་ཕྱག་རྒྱའོ། །།དྷྲི་ཞེས་བྱ་བ་གཉིས་གཤིབས་ཏེ་བསྒྲེང་བ་ནི་རྡོ་རྗེ་བདམས་པའི་ཕྱག་རྒྱའོ། །དེ་ཉིད་ལས་པདྨ་འདྲ་བར་བྱས་པ་ནི་བདེ་བ་ཆེན་པོའི་ཕྱག་ཪྻའོ། །དེ་ཉིད་ལས་འོད་ཟེར་འཕྲོ་བའི་ཚུལ་དུ་བྱས་པ་ནི་ཀུན་དུ་བཟང་པོའི་ཕྱག་རྒྱའོ། །དེ་ཉིད་ལས་དེ་གཉིས་ནང་དུ་བཀུག་པ་ནི་ཁྲོ་བོ་སྣ་ཚོགས་གཟི་བརྗིད་ཆེན་པོའི་ཕྱག་རྒྱའོ་ཞེས་གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཕྱག་རྒྱ་གསུངས་པ་སྟེ། དེ་ལ་དང་པོ་སོར་མོ་རྣམས་རྡོ་རྗེ་བསྡམས་པ་ལས་
གུང་མོ་གཉིས་གཤིབས་ནས་བསྒྲེང་སྟེ་རྡོ་རྗེ་ལྟར་བྱས་པ་སྟེ། འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །གཉིས་པ་ནི་གུང་མོ་སྔ་མ་ལྟར་བྱས་ལ་དེའི་ངོས་ལ་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱས་པ་སྟེ། དེ་ནི་འཇིག་རྟེན་པའི་དཀྱིལ་འཁོར་ལ་ཕྱག་རྒྱ་འདེབས་པའི་སྐབས་སུ་ཤེས་པར་བྱ་སྟེ་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱར་ཤེས་པར་བྱའོ། །དེ་ཉིད་ཚེ་དཔག་མེད་ཀྱི་སྙིང་པོའི་དཀྱིལ་འཁོར་གྱི་སྐབས་སུ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱར་ཤེས་པར་བྱའོ། །གསུམ་པ་ནི་གུང་མོ་སྔ་མ་ལྟར་བྱས་པ་སྲིན་ལག་གཉིས་རྩེ་སྤྲད་དེ་དགུ་པོར་བྱས་ཤིང་པདྨའི་འདབ་མ་ལྟ་བུར་བྱས་ཏེ་དེ་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའོ། །བཞི་པ་ནི་སོར་མོ་རྣམས་བསྔགས་པ་ལས་སྲིན་ལག་གཉིས་རྡོ་རྗེ་ལྟར་བསྒྲེང་བའོ། །ལྔ་པ་ནི་གུང་མོ་སྔ་མ་ལྟ་བུ་ལས་སྲིན་ལག་པདྨ་ལྟར་རྩེ་སྤྲད་དེ་བཀུག་པ་དེ་དག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་སྐབས་སུ་ཤེས་པར་བྱའོ། །དྲུག་པ་ནི་སོར་མོ་རྣམས་ཕན་ཚུན་དུ་བསྣོལ་ནས་བརྐྱང་སྟེ་འོད་ཟེར་འདྲ་བར་བྱས་པ་སྟེ། དེ་ནི་བཅོམ་ལྡན་འདས་ཚེ་དཔག་མེད་ཀུན་དུ་བཟང་པོའི་ཕྱག་རྒྱའོ། །བདུན་པ་ནི་དེ་ཉིད་ནང་དུ་བཀུག་ནས་མཐེ་བོང་གཉིས་མཆེ་བ་ལྟ་བུར་བསྒྲེང་བ་སྟེ་དེ་ནི་ཁྲོ་བོ་ཁམས་གསུམ་རྣམས་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ཉིད་ལས་ཤིན་ཏུ་བསྔགས་པ་ནི་རྡོ་རྗེ་བསྡམས་པའོ། །བརྐྱང་པ་ནི་སྲུང་བའིའོ། །ཧཱུཾ་ཞེས་བྱ་བའི་སོ་ནི་གནོད་སྦྱིན་གྱིའོ། །ཧཱུཾ་ཞེས་བྱ་བ་གཉིས་ལྕགས་ཀྱུ་ལྟར་བྱས་པ་ནི་རྒྱལ་པོའིའོ། །དེ་ཉིད་མདའ་ལྟར་བྱས་པ་ནི་འདོད་པའོ། །ཨོཾ་ཞེས་བྱ་བ་གཉིས་སྦྱོར་བ་ནི་ལེགས་པའིའོ། །དེ་ཉིད་དཀྱིལ་འཁོར་དུ་བྱས་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ནོར་བུ་འདྲ་བར་བྱས་པ་ནི་རྒྱལ་མཚན་གྱིའོ། །དེ་ཉིད་རྒྱ་གྲམ་དུ་བྱས་པ་ནི་ལས་ཀྱིའོ། །དེ་ཉིད་རིན་པོ་ཆེ་ལྟར་བསྐོར་བ་ནི་རིན་ཆེན་གྱིའོ། །གུང་མོ་སྦྱར་ལ་སོར་མོ་བཞི་བརྐྱང་བ་ནི་རྡོ་རྗེ་སེམས་དཔའིའོ། །དེ་ཉིད་ཁར་གཞག་པ་ནི་དགྱེས་པའིའོ། །ཐལ་མོ་པདྨ་ལྟར་བཀུག་པ་ནི་པདྨའིའོ། །ཨ་
ཞེས་བྱ་བ་དང་ཨོཾ་ཞེས་བྱ་བ་གཉིས་ནང་དུ་བཀུག་པ་ནི་རལ་གྲིའི་ཕྱག་རྒྱའོ། །གཅིག་ལ་གཅིག་སྦྱར་བ་ནི་འཁོར་ལོའི་ཕྱག་རྒྱའོ། །སྔ་མ་ལས་ཨོཾ་ཞེས་བྱ་བ་ནི་གཉིས་ཁར་གཞག་པ་ནི་ཚིག་དབྱུང་བ་སྟེ། མདོར་ན་ཕྱག་རྒྱ་འདི་དག་ནི་ལས་ཐམས་ཅད་སྦྱིན་པར་བྱེད་པའོ་ཞེས་གསུངས་པ་ནི་འདིར་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་གི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ། དེ་ལ་དང་པོ་ནི་ཁྲོ་བོའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ཕན་ཚུན་དུ་བསྣོལ་ནས་ཁུ་ཚུར་དུ་བསྡམས་པའོ། །གཉིས་པ་ནི་གོ་ཆའི་ཚུལ་དུ་སོར་མོ་རྣམས་བརྐྱང་བའོ། །གསུམ་པ་ནི་མཛུབ་མོ་གཉིས་མཆེ་བ་ལྟར་བྱས་པའོ། །བཞི་པ་ནི་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་བའོ། །ལྔ་པ་ནི་ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོང་གཉིས་གཞུ་ལྟར་བྱས་ལ། གཡོན་པའི་མཛུབ་མོ་དེའི་སྟེང་དུ་མདའ་གཏོང་བ་ལྟར་བྱས་པའོ། །དྲུག་པ་ནི་མཐེ་བོང་གཉིས་ཀྱི་རྩེ་མོ་དང་མཛུམ་མོའི་རྩེ་མོ་སྦྱར་བའོ། །བདུན་པ་ནི་གུང་མོ་གཉིས་ཉི་མའི་དཀྱིལ་འཁོར་ལྟར་བྱས་པའོ། །བརྒྱད་པ་ནི་མཛུབ་མོ་གཉིས་སྤྱི་གཙུག་གི་ནོར་བུ་ལྟར་བྱས་པའོ། །དགུ་པ་ནི་མཐེའུ་ཆུང་གཉིས་རྒྱ་གྲམ་དུ་བྱས་པའོ། །བཅུ་པ་ནི་གུང་མོ་གཉིས་རིན་པོ་ཆེའི་རྩེ་མོ་ལྟར་བྱས་པའོ། །བཅུ་གཅིག་པ་ནི་མཐེ་བོང་གཉིས་དང་སོར་མོ་རྣམས་ཕན་ཚུན་དུ་བསྣོལ་བ་ལས་སོ་སོར་བརྐྱང་ནས་ཁར་གཞག་པའོ། །བཅུ་གཉིས་པ་ནི་སྲིན་ལག་གཉིས་རྩེ་སྤྲད་དེ་པདྨའི་འདབ་མ་ལྟར་བཀུག་པའོ། །བཅུ་གསུམ་པ་ནི་མཐེ་བོང་དང་དང་མཐེའུ་ཆུང་གཉིས་ནང་དུ་བཀུག་ནས་སོར་མོ་གསུམ་ལྟོ་སྦྱར་ཏེ་བརྐྱང་བའོ། །བཅུ་བཞི་པ་ནི་ལག་པ་གཉིས་རྒྱབ་སྦྱར་ནས་སོར་མོ་རྣམས་རྩེ་སྤྲད་པའོ། །བཅོམ་ལྔ་པ་ནི་མཐེ་བོང་གཉིས་གཤིབས་ནས་བསྒྲེངས་ནས་ཁར་གཞག་པའོ། །བཅུ་དྲུག་པ་ནི་གུང་མོ་གཉིས་གཤིབས་ནས་མཐེ་བོང་གཉིས་སོ་སོར་བརྐྱང་བའོ། །དེ་དག་ནི་ཞི་བ་ལ་སོགས་པ་ལས་ཀྱི་བྱེ་བྲག་ལས་འདའ་བར་དཀའ་བའི་ཕྱིར་དང་ལྷ་རྣམས་ཀྱི་དམ་ཚིག་ཡིན་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཕྱག་རྒྱའི་ཚོགས་སོ། །
དེ་ཉིད་བསྡུས་མདུང་སྤྲུལ་མགོར་གྱུར། །དབང་པོ་སོར་གསུམ་རྡོ་རྗེ་སྟེ། །གཤིན་རྗེ་གུང་མོ་དབྱུག་པ་འདྲ། །མཐེའུ་ཆུང་བཀུག་ལ་མཛུབ་ཞགས་པ། །ཆུ་ལྷའི་ཕྱག་རྒྱ་ཡིན་པར་འདོད། །དབྱུག་ཏོ་ལྡན་པ་གནོད་སྦྱིན་ཏེ། །རྩེ་གསུམ་བདེ་བྱེད་ཡིན་པར་འདོད། །བྷྲྀདྒི་རི་ཏི་ལག་བརྐྱང་སྟེ། །སྲིན་པོ་ཡིན་ནི་ཁྲག་འཕྲོག་པ། །ལག་པ་བསྐོར་བ་རླུང་གི་སྟེ། །བུམ་པ་གཞག་པ་ནོར་གྱིའོ། །སྟེང་ཕྱོགས་ཀུན་དུ་འོད་འཕྲོ་ཞིང༌། །པི་ཝང་གཡོན་ཐོགས་དྲི་ཟའིའོ། །དེ་ལྟར་མཐེའུ་ཆུང་རལ་གྲི་འདྲ། །གུང་མོ་ཞགས་པར་རྣམ་པར་ལྡན། །མཐེ་བོང་ནེའུ་ལེའི་རྣ་འདྲ་བྱས། །མགོ་བོ་ཐོད་པ་ནག་པོ་སྟེ། །ལག་གཉིས་འབར་བ་མེ་འབར་འདྲ། །རྣོ་ལ་ཁྲོ་བ་དབང་དང་ལྡན། །རླུང་གི་ཕྱག་རྒྱ་མཚན་ལྡན་ཡིན། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། ལག་པས་དགྱེས་པས་ཀུན་དུ་སྤྱོད། །ཅེས་གསུངས་པ་ནི་འཇིག་རྟེན་པའི་དཀྱིལ་འཁོར་གསུམ་གྱི་ཕྱག་རྒྱ་གསུངས་པ་སྟེ། དང་པོ་ནི་ལག་པ་གཉིས་ཀྱི་མཐེ་བོང་གཉིས་མདུད་ལ། མཛུབ་མོ་གཉིས་རྩེ་སྤངས་པ་གཅིག་ཏུ་བྱས་ཏེ་ལྷག་མ་རྣམས་སོ་སོར་སྤྲུལ་མགོ་བཞིན་དུ་བྱས་པ་སྟེ། དེ་ནི་ཀླུ་ཆེན་པོ་བརྒྱད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །གཉིས་པ་ནི་ཕྱོགས་སྐྱོང་བཅུའི་ཕྱག་རྒྱ་སྟེ། དེ་ལ་དང་པོ་ནི་མཐེ་བོང་གིས་མཐེའུ་ཆུང་མནན་ལ་ལྷག་མ་གསུམ་རྡོ་རྗེ་ལྟར་བྱས་པའོ། །གཉིས་པ་ནི་གུང་མོ་གཉིས་ཐོད་དབྱུག་ལྟར་བྱས་པའོ།། གསུམ་པ་ནི་མཐེ་བོང་དང་གུང་མོ་ཞགས་མིག་ལྟར་བྱས་ལ་མཛུབ་མོ་བརྐྱང་བའོ། །བཞི་པ་ནི་མཛུབ་མོ་དབྱུག་ཏོ་ལྟར་བྱས་པའོ། །ལྔ་པ་ནི་གུང་མོ་གཉིས་བསྒྲེང་སྟེ་མཛུབ་མོ་གཉིས་སོ་སོར་བརྐྱང་པའོ། །དྲུག་པ་ནི་སོར་མོ་རྣམས་དགུ་པར་འཕྱར་བའོ། །བདུན་པ་ནི་སོར་མོ་རྣམས་དགུ་པོར་བྱས་པས་འཕྱར་བའོ། །བརྒྱད་པ་ནི་ལག་པའི་ཐལ་མོ་གཉིས་རྩེ་སྦྱར་ནས་ཡང་ནས་ཡང་དུ་བསྐོར་བའོ། །དགུ་པ་ནི་ལག་པ་གཅིག་གི་སྟེང་དུ་གཅིག་གཞག་པ་བུམ་པ་འཛིན་པའི་ཚུལ་དུ་བྱས་པའོ། །བཅུ་པ་ནི་སོར་མོ་རྣམས་ཕན་ཚུན་དུ་བསྣོལ་བ་
ལས་འོད་ཟེར་ལྟར་བྱས་པའོ། །གསུམ་པ་ནི་རྒྱལ་པོ་ཆེན་པོ་བཞིའི་ཕྱག་རྒྱ་སྟེ། དེ་ལ་དང་པོ་ནི་ལག་པ་གཡོན་པ་རྣ་བའི་རྩར་བཟུང་ལ་གཡས་པའི་གུང་མོ་དང་མཐེ་བོང་སྦྱར་བས་དཀུར་གཟུང་བའོ། །གཉིས་པ་ནི་མཐེའུ་ཆུང་རྩེ་སྤྲད་དེ་རལ་གྲི་ལྟར་བྱས་པའོ། །གསུམ་པ་ནི་གུང་མོ་བརྐྱང་བ་ཞགས་པ་ལྟར་བྱས་པའོ། །བཞི་པ་ནི་མཐེ་བོང་གཉིས་ཚིགས་པར་མ་བཅག་པས་ཕྲལ་ཏེ་སོ་སོར་ཕྱར་བའོ། །ལྷག་མ་བཞི་ནི་གཤིན་རྗེ་དང༌། མེ་ལྷ་དང༌། དབང་ལྡན་དང༌། རླུང་གི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ལ་དང་པོ་ནི་ལག་པའི་སོར་མོ་རྣམས་ཡོངས་སུ་བསྡུས་ཤིང་བསྐོར་བའོ། །གཉིས་པ་ནི་ལག་པའི་སོར་མོ་རྣམས་བསྣོལ་ཞིང་བརྐྱང་པ་ལས་མེ་སྟག་འདྲ་བར་བྱས་པའོ། །གསུམ་པ་ནི་གུང་མོ་དང་སྲིན་ལག་དང་མཛུབ་མོ་རྣམས་རྩེ་གསུམ་པ་ལྟར་བྱས་པའོ། །བཞི་པ་ནི་ལག་པ་གཉིས་ཀྱི་སྲིན་ལག་གི་རྩེ་སྤྲད་ལ་གུང་མོ་དང་མཛུབ་མོ་གཉིས་སོ་སོར་གཤིབས་པས་བརྐྱང་སྟེ་མཐེའུ་ཆུང་གཉིས་དེ་བཞིན་དུ་རྩེ་སྤྲད་ནས་བ་དན་འཕྱར་བ་ལྟར་བྱས་པའོ། །དེ་ལ་སོགས་པའི་ཕྱག་རྒྱ་རྣམས། །ལག་པ་སྐྱེས་པས་ཀུན་དུ་སྤྱོད། །ཅེས་པ་ནི། གཞན་ཡང་གང་དང་གང་དུ་ཕྱག་རྒྱའི་ཚོགས་ཀྱིས་མངོན་པར་སྦྱོང་བ་དེ་ཉིད་དང་རྗེས་སུ་མཐུན་པའི་ཕྱག་རྒྱས་མཆོད་པ་དང་དགྱེས་པར་བྱ་བ་ཉིད་དོ། །ལྷ་རྣམས་ཀུན་གྱི་ཐུན་མོང་དུ། །པདྨའི་ཕྱག་རྒྱ་བཀྲ་ཤིས་ཏེ། །ཀླུ་རྣམས་ཕྱག་རྒྱ་ཨུཏྤལ་ལ། །དེ་ལྟར་སོ་ནི་གནོད་སྦྱིན་རྣམས། །སྲིན་པོ་རྣམས་ཀྱི་མགོ་ཚལ་བ། །བུད་མེད་རྣམས་ཀྱི་སོར་བཅུ་བསྣོལ། །གཟའ་རྣམས་ཀྱི་ནི་དབྱུག་པ་སྟེ། །ཨརྒྷ་དབུལ་བ་རྒྱུ་སྐར་རྣམས། །མགོ་བོའི་ཐོད་པ་ཁར་གཞག་པའི། །ཕྱག་རྒྱ་འདི་ནི་ཕྲ་མེན་མའོ། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་རྣལ་འབྱོར་མ་ཡི་རབ་བཤད། །ཅེས་གསུངས་པ་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་བསྡུས་ནས་གསུངས་པ་སྟེ། དེ་ལ་དང་པོ་ནི་ལག་པ་གཉིས་ཕན་ཚུན་དུ་སོར་མོ་རྣམས་རྩེ་སྤྲད་པ་བླས་པདྨ་དཀར་པོའི་ཚུལ་དུ་བྱས་པ་སྟེ་དེ་ནི་བཀྲ་ཤིས་ཀྱི་རྫས་དང་ལྷ་
དང་ལྷའི་བུ་མོ་ཐམས་ཅད་ཀུན་རྩེ་ཞིང་རོལ་པ་ན་བདུད་རྩི་པདྨ་ལས་ལོངས་སྤྱོད་པའི་ཕྱིར་ན་ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་པདྨའི་ཕྱག་རྒྱ་བཤད་པའོ། །གཉིས་པ་ནི་ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་རྩེ་སྤྲད་པ་སྦྱར་ཏེ་བསྒྲེང་ནས་མཐེའུ་ཆུང་ཕྱིར་སྦྱར་ཏེ། མཛུབ་མོ་གཉིས་གོང་མའི་ཚིགས་དང་པོ་སྦྱར་ནས་བཀུག་པ་སྟེ་དེ་ནི་ཀླུ་རྣམས་ཐམས་ཅད་ནམ་མཁའ་ལྡིང་གི་འཇིགས་པ་ལས་འཕགས་པ་འཇམ་དཔལ་ལ་ཀླུའི་རྒྱལ་པོ་དགའ་བོས་ཨུཏྤལའི་ཕྲེང་བ་ཕུལ་ནས་སླར་ཞུས་ཏེ་བྱིན་གྱིས་བརླབས་པ་ལས་ཀླུ་རྣམས་ཀུན་དུ་བསྲུང་བའི་ཕྱིར་ཀླུ་དང་ཀླུའི་བུ་མོ་རྣམས་དུས་ཐམས་ཅད་དུ་ཨུཏྤལ་འཛིན་པའི་ཕྱིར། ཀླུ་ཐམས་ཅད་ཀྱི་ཐུན་མོང་དུ་ཨུཏྤལའི་ཕྱག་རྒྱར་བཤད་པའོ། །གསུམ་པ་ནི་མཛུབ་མོ་གཉིས་བསྣོལ་ཏེ་ཁའི་ཐད་ཀར་མཆེ་བ་ལྟར་བྱ་བ་དང་མཐེའུ་ཆུང་གཉིས་འོག་ཏུ་མཆེ་བ་ལྟར་བྱས་པ་སྟེ། དེ་ནི་གནོད་སྦྱིན་རྣམས་སེམས་ཅན་རྣམས་ཀྱི་སྲོག་གཅོད་ཅིང་ཤ་རྣམས་ཟ་བའི་མཆེ་བ་གདུག་པ་དང་ལྡན་པའི་ཕྱིར་གནོད་སྦྱིན་ཐམས་ཅད་ཀྱི་ཐུན་མོང་དུ་མཆེ་བའི་ཕྱག་རྒྱར་བཤད་དོ། །བཞི་པ་ནི་ལག་པ་ཕན་ཚུན་སོར་མོ་རྣམས་ལེགས་པར་མདུད་ཅིང་མཐེ་བོང་གཉིས་ནི་མིག་ལྟར་བྱས་པ་སྟེ། དེ་ནི་སྲིན་མོ་རྣམས་རྟག་ཏུ་མིའི་ཐོད་པ་ལ་ལོངས་སྤྱོད་པའི་ཕྱིར། སྲིན་པོ་ཐམས་ཅད་ཀྱི་ཐུན་མོང་དུ་མགོ་བོའི་ཐོད་པ་དུམ་བུའི་ཕྱག་རྒྱར་བཤད་པའོ། །ལྔ་པ་ནི་མ་མོ་རྣམས་ཀྱི་སྟ་ལག་པ་རྣམས་ཀྱི་སོར་མོ་བཅུ་ཕན་ཚུན་དུ་བསྣོལ་བ་སྟེ། དེ་ནི་མ་མོ་རྣམས་ཀྱི་འཁྲིག་པའི་ཆོས་ལ་ཉེ་བར་བརྟེན་པའི་ཕྱིར་ན་བུད་མེད་ཐམས་ཅད་ཀྱི་ཐུན་མོང་དུ་སོར་མོ་བཅུ་ཕན་ཚུན་དུ་བསྣོལ་ནས་བྲང་དུ་བཟུང་བའོ། །དྲུག་པ་ནི་ལག་པའི་སོར་མོ་རྣམས་བསྡམས་པ་ལས་མཛུབ་མོ་གཡས་པ་དབྱུག་པ་ལྟར་ཕྱར་བ་སྟེ། དེ་ནི་གཟའ་རྣམས་ལྷ་མ་ཡིན་གྱི་འཇིགས་པ་ཐམས་ཅད་བཟློག་པའི་ཆེད་དུ་རིན་པོ་ཆེའི་དབྱུག་པ་འཛིན་པའི་ཕྱིར་གཟའ་རྣམས་ཀྱི་ཐུན་མོང་དུ་དབྱུག་པའི་ཕྱག་རྒྱར་བཤད་པའོ། །བདུན་པ་ནི་ལག་པ་གཉིས་ཟུར་སྦྱར་ལ་སོར་མོ་རྣམས་རྩེ་
སྤྲད་དེ་མཐེ་བོང་གཉིས་མཛུབ་མོའི་ངོས་ལ་སྦྱར་བ་སྟེ། དེ་ནི་རྒྱུ་སྐར་རྣམས་རང་རང་གི་བདག་པོ་ལ་ཞབས་བསིལ་གྱི་དུས་ཀུན་དུ་བསྙེན་བཀུར་བྱེད་བའི་ཕྱིར་སྐར་མའི་ལྷ་མོ་ཐམས་ཅད་ཀྱི་ཐུན་མོང་དུ་ཨརྒྷ་དབུལ་བའི་ཕྱག་རྒྱར་བཤད་པའོ། །བརྒྱད་པ་ནི་སོར་མོ་རྣམས་བསྣོལ་བ་ལས་གུང་མོ་དང་མཐེའུ་ཆུང་གཉིས་ཚིགས་བཀུག་ལ་མཐེ་བོང་གིས་མཛུབ་མོ་མནན་ལ་ཁར་བཞག་པ་སྟེ། དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་ཐོད་པ་ཁྲག་གིས་བཀང་བ་འཐུང་བའི་ཕྱིར། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུན་མོང་དུ་མགོ་བོའི་ཐོད་པ་ཁར་གཞག་པའི་ཕྱག་རྒྱར་བཤད་པའོ། །དགུ་པ་ནི་དེ་ཉིད་ལས་སྲིན་ལག་གཉིས་རྩེ་སྤྲད་ནས་ལྕེ་འདྲ་བར་བྱས་པ་སྟེ་དེ་ནི་རྡོ་རྗེ་རྣལ་འབྱོར་མ་ཐམས་ཅད་མགོ་རློན་པ་ལ་ལོངས་སྤྱོད་པའི་ཕྱིར་མགོ་རློན་པ་ལྕེ་དང་བཅས་པའི་ཕྱག་རྒྱ་བཤད་པའོ། །དེ་ནས་ཀུན་གྱི་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བ་བྱས་པའམ། །ཡང་ན་ཐལ་མོ་པདྨོར་བྱ། །རྡོ་རྗེའི་ཁུ་ཚུར་བཅིངས་ནས་ཀྱང༌། །ཨཿཞེས་བྱ་བ་ལུ་གུ་རྒྱུད། །ཧཱུཾ་ཞེས་བྱ་བ་གཉིས་བསྒྲེང་ལ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །རྡོ་རྗེ་བཅིངས་པས་བསྡམས་ནས་ཀྱང༌། །ཧཱུཾ་དང་ཨཿགྙིས་གཤིབས་ནས་བསྒྲོད། །ཨོཾ་ཞེས་བྱ་བས་ངོས་སྦྱར་བའི། །ཕྱག་རྒྱ་སྣང་བར་བྱེད་པར་དགོངས། །དེ་ལ་ཨཿཞེས་བྱ་བས་བཅིང༌། །ཨོཾ་ཞེས་བྱ་བས་ནང་དུ་གཞུག །ཧཱུཾ་ཞེས་བྱ་བས་སྔོན་བཞིན་བྱ། །ཏྲཾ་ཡང་ཧཱུཾ་དང་འདྲ་བར་བྱ། །གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ཡིན། །ཏྲཾ་ཞེས་བྱ་བ་གཤིབས་ནས་ནི། །ཨ་དང་ཨོཾ་གཉིས་ལུ་གུ་རྒྱུད། །ལྷག་མ་གཤིབས་པའི་ཕྱག་རྒྱ་འདི། །བདུད་རྩི་འཁྱིལ་པར་ཤེས་པར་བྱ། །ཏྲཾ་ཞེས་བྱ་བར་གཤིབས་ནས་ནི། །ཧཱུཾ་ཞེས་བྱ་བའང་དེ་བཞིན་ནོ། །དེ་ལྟར་ཨཿཞེས་བྱ་བ་གཤིབས། །ལྟག་མ་འོད་ཟེར་འདྲ་བར་བྱ། །དེ་ནི་རྟ་མགྲིན་ཕྱག་རྒྱ་སྟེ། །དེ་དག་ལས་རྣམས་ཀུན་ལ་གསུངས། །ཞེས་གསུངས་པ་ནི་ཕྱག་རྒྱ་ཆེན་པོ་བཞི་དང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་གསུངས་པ་སྟེ། དེ་ལ་དང་པོ་ནི་འཇིག་རྟེན་པའི་ལྷ་རྣམས་ལ་
ཕྱག་རྒྱ་ཆེན་པོ་མེད་པའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་རྒྱས་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་བསྒྱུར་བ་ནི་དེ་དག་ཐམས་ཅད་ཀྱི་ལུས་ཀྱི་སྐབས་སུ་ལག་པ་གཉིས་ཀྱི་ཐལ་མོ་བརྐྱང་བའམ། པདྨ་འདྲ་བར་བྱ་བ་སྟེ། །འདི་ནི་བཅོམ་ལྡན་འདས་ཀྱི་ལྷ་རྣམས་གུས་པ་དང་བཅས་པའི་མཆོད་པའི་རྫས་ཀྱིས་བསྙེན་བཀུར་བྱེད་པའི་ཕྱིར་ལག་པ་བརྐྱང་བ་དང་པདྨ་འདྲ་བར་བྱས་པའོ། །དེ་ལས་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་པ་ལས་ལག་པ་རྒྱབ་སྦྱར་ཏེ་མཐེ་བོང་གཉིས་རྩེ་སྤྲད་ནས་གཞན་རྣམས་བཀུག་ཅིང་མཛུབ་མོ་གཉིས་རྒྱབ་སྦྲད་ནས་བསྒྲེང་ལ་སྙིང་གར་བཟུང་བའོ། །གཉིས་པ་ནི་རྡོ་རྗེ་བསྡམས་པ་ལ་མཛུབ་མོ་གཉིས་དང་མཐེ་བོང་གཉིས་གཤིབས་ལ་བསྒྲེང་སྟེ་མཐེ་བོང་གཉིས་མཛུབ་མོའི་ངོས་ལ་སྦྱར་ལ། ཐལ་མོ་ཁ་བྱེ་བར་བྱས་པའོ། །གསུམ་པ་ནི་སོར་མོ་རྣམས་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་སྟེ། མཛུབ་མོ་ དང་གུང་མོ་གཉིས་གཤིབས་ལ་བསྒྲེངས་ནས་རལ་གྲིའི་ཚུལ ་དུ་བྱས་པའོ། །བཞི་པ་ནི་ལག་པ་གཉིས་རྒྱབ་སྦྱར་ལ། མཐེ་བོང་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་བྱས་ནས་གུང་མོ་གཉིས་གཤིབས་ལ་བསྒྲེང་བ་སྟེ། ལྷག་མ་རྣམས་ཚིགས་བར་མ་བཅག་ལ་བཀུག་པས་སྙིང་གར་གཟུང་བའོ། །ལྔ་པ་ནི་གུང་མོ་དང་མཛུབ་མོ་གཤིབས་ལ་བསྒྲེང་བ་སྟེ། མཐེའུ་ཆུང་ཡང་དེ་བཞིན་དུ་གཤིབས་ལ་བསྒྲེངས་ནས་སྲིན་ལག་དང་མཐེ་བོ་གཉིས་འོད་ཟེར་འདྲ་བར་བྱས་ལ་རྟའི་ཁ་གདངས་པ་ལྟར་བྱས་པས་སྤྱི་བོར་གཟུང་བའོ། །དེ་དག་ནི་འདིར་གསུངས་པའི་ཕྱག་རྒྱ་ཆེན་པོ་བཞི་ཞེས་པར་འདོད་དེ། འཇིག་རྟེན་པའི་ལྷ་རྣམས་ཡང་དག་པར་འདུལ་བར་བྱེད་པའོ། །དེ་དག་ལས་རྣམས་ཀུན་ལས་གསུངས། །ཞེས་པ་ནི་འཇིག་རྟེན་པའི་དཀྱིལ་འཁོར་གྱི་སྐབས་སུ་ནི་ཕྱག་རྒྱ་ཆེན་པོ་བཞིས་སྟོན་པར་བྱེད་པའི་ཕྱིར་རོ། །དཀྱིལ་འཁོར་རྒྱས་འདེབས་པར་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་སྐབས་སུ་ནི་ཕྲིན་ལས་རྣམ་བཞིའི་ཕོ་ཉའི་ཚོགས་ཀྱི་ལས་ཐམས་ཅད་བྱེད་པའི་ཕྱིར།
དེ་དག་ལས་རྣམས་ཀུན་ལས་གསུངས། །ཞེས་པ་ཉིད་དོ། །སྦྱན་གྱི་མིག་དང་འདྲ་པར་བཤད། །མཱ་མ་ཀཱི་ནི་རྡོ་རྗེ་འདྲ། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤལ་ནི་སྒྲོལ་མར་དགོངས། །ཞེས་པ་ནི་རིགས་ཀྱི་ཡུམ་བཞིའི་ཕྱག་རྒྱ་གསུངས་པ་སྟེ། དེ་ལ་དེ་དག་གི་མཛུབ་མོ་དང་གུང་མོ་སོ་སོར་བརྐྱང་ཞིང་སྲིན་ལག་མདུད་པས་མིག་འདྲ་བར་བྱས་པ་དང༌། གུང་མོ་རྡོ་རྗེ་འདྲ་བར་བྱས་པ་དང་དེ་ཉིད་པདྨ་འདྲ་བར་བྱས་པ་དང་སོར་མོ་རྣམས་བསྡུས་ནས་བརྐྱང་བས་ཨུཏྤལ་འདྲ་བར་བྱས་པའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ལས་ཐམས་ཅད་འགྲུབ་པར་བྱེད་པའི་སྔགས་ཀྱི་ཡིག་འབྲུ་རྣམས་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ༌། །ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས་ས། བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ་བ། ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ་ཛ། ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ་ཏྭ། ཧཱུཾ་ཛཾ་ཧོཾ་དྷུཾ། ཏྲཾ་རཾ་བྷིཾ་ཧཾ། ཧྲི་དྷི་ཏྲུཾ་བྷྲཾ། ཀཾ་པཾ་ཀྵཾ་སཾ། ཨོཾ་བུདྡྷ་ལོ་ཙཱ་ནི་ཧཱུཾ། བཛྲ་མཱ་མ་ཀཱི་ཏྲཾ། ཨོཾ་པདྨ་བཎྜ་ཌ་བ་སི་ནི་ཧྲིཾ། ཨེཾ་ཀརྨ་ཏཱ་རེ་ཨ། ཨོཾ་དེ་ཧི་དེ་ཧི། སིདྡྷི་སིདྡྷི་བིདྡྷི་ནི། ལོ་ཀ་ཨུཏ་རིམ་མ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་གསུངས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ཚོགས་ཐམས་ཅད་ཁྱབ་པར་འཇུག་པའི་ཡིག་འབྲུ་རྣམས་གསུངས་པ་སྟེ། དེ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞེས་པ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་དན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་འདིས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ཞིང་དེའི་དཀྱིལ་འཁོར་དང་ལྷ་རྣམས་ནི་གོང་དུ་གསུངས་པ་དེའི་སྐྱེད་པར་བྱེད་པའི་ཡིག་འབྲུ་དང༌། ལས་སོ་སོའི་སྔགས་རྣམས་མ་གསུངས་པའི་ཕྱིར་གསུངས་ལ། དེ་ཉིད་གང་དག་ལ་ཡང་དག་པར་རྫོགས་པར་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ཕན་པ་ཞེས་བྱའོ། །ལས་ཐམས་ཅད་གྲུབ་པར་བྱེད་པ་ནི་དཔེར་ན་སྲུབ་མཁན་གྱིས་བསྲུབས་པའི་ལྕགས་ལྟ་བུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་
དངོས་གྲུབ་ཐམས་ཅད་མ་ལུས་པར་རྫོགས་པར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་རོ། །སྔགས་ཀྱི་ཡིག་འབྲུ་ནི་འབྲུར་བཀོད་པའི་ཚོགས་ཏེ། དེ་དག་ཉིད་ཀྱི་ཐུགས་ཀ་ནས་ཞལ་དུ་ཕྱུང་བ་ཉིད་དོ། །དེ་ཉིད་གང་ཡིན་སྙམ་པ་ལ་ཡིག་འབྲུ་དྲུག་ཅུ་རྩ་བཞི་ལ་སོགས་པ་གསུངས་ཏེ། དེ་ལ་ཡིག་འབྲུ་ལ་སོགས་པའི་དྲུག་ཅུ་རྩ་བཞི་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སྟེ། དེ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་མཚོན་ནས་ཡིག་འབྲུ་དང་པོ་གསུངས་པ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་མཚོན་ནས་ཡིག་འབྲུ་གསུམ་པ་གསུངས་པ་དང༌། སོ་སོར་རྟོག་པའི་ཡེ་ཤེས་ལ་མཚོན་ནས་ཡིག་འབྲུ་བཞི་པ་གསུངས་པ་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ལ་མཚོན་ནས་ཡིག་འབྲུ་གཉིས་པ་གསུངས་པ་དང༌། དེ་ཉིད་ཆོས་ཀྱི་ཚུལ་གྱི་སྒོ་ནས་རྡོ་རྗེ་སེམས་དཔའ་རྣམ་པ་བཞིར་འགྱུར་རོ། །ཇི་ལྟ་བུར་འགྱུར་སྙམ་པ་ལ། རྣམ་པར་སྣང་མཛད་ཀྱི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས། རྒྱུ་རྐྱེན་ལམ་དང་འབྲས་བུ་ཡིས། །རྡོ་རྗེ་སེམས་དཔའ་བཞིར་འགྱུར་ཞིང༌། །རྟོག་དང་བྲལ་ཞིང་འོད་གསལ་དང༌། །གཞིག་པར་མི་ནུས་ཀུན་འཇོམས་ཕྱིར། །རྡོ་རྗེ་སེམས་ཞེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། དེ་ལ་ཚིགས་སུ་བཅད་པ་དེས་ནི་བསྒྲུབ་པར་བྱ་བའི་ཆོས་མཐའ་དག་གསུངས་སོ། །དེ་ལ་དེ་དག་ནི་ཇི་ལྟ་བུ་ཞིག་སྙམ་པ་ལ། དེ་ནི་འདི་ལྟར་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་ངོ་བོ་གསུངས་སོ། །ཕྱེད་ཀྱིས་ནི་ངེས་པའི་ཚིག་གསུངས་ཏེ། དེ་ཡང་འདི་ལྟར་རྒྱུ་རྡོ་རྗེ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་ཐོག་མ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ས་བོན་ཡོད་པ་ཉིད་དེ། དེ་ལ་ཐོག་མ་མེད་པ་ནས་ལོག་པར་རྟོག་པའི་དབང་གིས་ལོག་པར་བརྟགས་པའི་དྲི་མ་དེ་བཞིག་དཀའ་བའི་ཕྱིར་རྡོ་རྗེ་ཞེས་བྱ་ཞིང་དེ་ཉིད་སེམས་ཀྱི་ཆ་ལས་བྱུང་བའི་ཕྱིར་སེམས་དཔའ་ཞེས་བྱའོ། །རྐྱེན་རྡོ་རྗེ་སེམས་དཔའ་ནི་གང་དུ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པ་བསྐྱེད་པ་དེ་སྟེ། ཡང་དག་པའི་དེ་ཁོ་ན་ཉིད་བསྒོམས་པ་ལས་ལོག་པར་རྟོག་པའི་བག་ཆགས་ཐམས་ཅད་འཇོམས་པའི་ཕྱིར་
རྡོ་རྗེ་ཞེས་བྱ་བ་དང༌། དེ་ཉིད་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཕྱིར་སེམས་དཔའ་ཞེས་བྱའོ། །ལམ་རྡོ་རྗེ་སེམས་དཔའ་ནི་གང་དུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམས་པ་དེ་སྟེ། དེ་ཉིད་ལས་རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པ་སྐྱེ་བའི་ཕྱིར་ན། རྡོ་རྗེ་ཞེས་བྱ་བ་དང༌། དེ་ཉིད་སེམས་ཀྱི་ཁྱད་པར་ལས་བྱུང་བའི་ཕྱིར་སེམས་དཔའ་ཞེས་བྱ་བ་ཉིད་དོ། །འབྲས་བུ་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། རང་བཞིན་གྱིས་འོད་གསལ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་རྣམ་པ་གཉིས་ལ་ཁྱབ་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་དང༌། དེ་ཉིད་ལས་སྤྲུལ་པ་སྣ་ཚོགས་བྱུང་བའི་ཕྱིར་སེམས་དཔའ་ཞེས་བྱ་བ་སྟེ། དེ་དག་གིས་ནི་བདུད་ཀྱི་སྒྱུ་མའི་ཚོགས་མ་ལུས་པར་འདུལ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཁོ་ནའོ། །དེ་ཉིད་ལས་ཕྲིན་ལས་རྣམ་པ་བཞིའི་དཀྱིལ་འཁོར་དང་ལྡན་པའི་ཕྱིར་ཡིག་འབྲུ་བཞི་གསུངས་ལ། དེ་དག་བཅུ་དྲུག་ཏུ་གསུངས་པ་ནི་ཡེ་ཤེས་ཀྱི་སེམས་དཔའ་བཅུ་དྲུག་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དང་ལྡན་པར་གསུངས་པའོ། །དེ་ལ་ཧཱུཾ་ལ་སོགས་པའི་ཡིག་འབྲུ་བཅུ་དྲུག་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་སྟེ། དེ་ཉིད་ཀྱི་མཚན་ལ་ཡིག་འབྲུ་བཏགས་པའི་ཕྱིར་སྔགས་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་དག་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་ཧཱུཾ་ནི་སེམས་དཔའོ། །ཛྲ་ནི་རྒྱལ་པོའོ། །ཧོ་ནི་ཆགས་པའོ། །དྷུ་ནི་ལེགས་པའོ། །ཏྲཾ་ནི་རིན་ཆེན་གྱིའོ། །རཾ་ནི་ཉི་མའིའོ། །བྷྲི་ནི་རྒྱལ་མཚན་གྱིའོ། །ཧ་ནི་བཞད་པའིའོ། །ཧྲི་ནི་ཆོས་ཀྱིའོ།། དྷི་ནི་རྣོན་པོའིའོ། །ཀྲུཾ་ནི་འཁོར་ལོའིའོ། །བྷ་ནི་གསུང་བའིའོ། །ཀཾ་ནི་ལས་ཀྱིའོ། །རཾ་ནི་སྲུང་བའིའོ། །ཀྵཾ་ནི་གནོད་སྦྱིན་གྱིའོ། །སཾ་ནི་དམ་ཚིག་གི་སྙིང་པོར་ཤེས་པར་བྱ་སྟེ། དེ་དག་ཀྱང་སོ་སོ་ལ་ཕྲིན་ལས་རྣམ་པ་བཞི་དང་ལྡན་པར་གསུངས་པ་ནི་རྒྱལ་པོ་དང༌། རྒྱལ་མཚན་དང༌། རྣོན་པོ་དང༌། གནོད་སྦྱིན་རྣམས་ཀྱིས་ནི་མངོན་སྤྱོད་ཀྱི་ལས་མཛད་པ་ཉིད་དེ། ཆགས་པ་དང༌། བཞད་པ་དང༌། གསུང་བ་དང༌། དམ་ཚིག་རྣམས་ཀྱིས་ནི་དབང་གི་ཕྲིན་ལས་མཛད་དོ། །རྡོ་རྗེ་སེམས་དཔའ་དང༌། རིན་ཆེན་དང༌། འཁོར་ལོ་དང༌།
ལས་རྣམས་ཀྱིས་ནི་རྒྱས་པའི་ཕྲིན་ལས་མཛད་དོ། །རྡོ་རྗེ་ལེགས་པ་དང༌། ཉི་མ་དང༌། ཆོས་དང༌། སྲུང་བ་རྣམས་ཀྱིས་ནི་ཞི་བའི་ལས་མཛད་པ་ཉིད་དོ། །དེ་དག་གི་མཚན་དང་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ལས་འགྲོ་བ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱ་བའི་ཕྱིར་སྤྲུལ་པའི་སྐུ་རྣམས་ཡོངས་སུ་སྤྲོས་པ་སྟེ། དེ་ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་ལེའུ་སུམ་ཅུ་རྩ་གསུམ་པ་ལས། མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས། །རང་གི་འཁོར་ལོ་རྫོགས་བྱའི་ཕྱིར། །ཉི་ཟླ་ཁ་སྦྱོར་འོད་ལྡན་པས། །ཕྱོགས་བཞི་རུ་ནི་རྣམ་པར་སྤྲོ། །དེ་སྟེང་ཡིག་འབྲུ་དཀར་ལྡན་བཞི། །དེ་ལས་གྱུར་པའི་མཚན་མ་བཞིས། །སེམས་དཔའ་བཞི་ནི་ཡོངས་སུ་རྫོགས། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། དེ་ལ་དང་པོར་བཅོམ་ལྡན་འདས་མི་བསྐྱོད་པའི་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་བཞི་བྱུང་བར་གྱུར་ཏོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བཞི་བྱུང་བར་གྱུར་ཏོ། །དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས་ཧཱུཾ་ལ་སོགས་པའི་ཡིག་འབྲུ་བཞི་སྤྲོས་པ་སྟེ། དེ་དག་རྡོ་རྗེ་སེམས་དཔའི་མཚན་མ་བཞིར་གྱུར་ཏོ། །དེའི་སྐད་ཅིག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་བཞི་ཡོངས་སུ་རྫོགས་པར་གྱུར་ཏེ། དེ་དག་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ཉི་མ་ལ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཡིག་འབྲུ་དང་མཚན་མ་ལ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ་བའོ། །དེ་དག་གཅིག་ཏུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དེ་དག་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་བདག་ཉིད་ལས་བྱུང་བའོ། །དེ་དག་ནི་དྲོད་གཤེར་ལས་སྐྱེས་པའི་ ཚུལ་དང ་སྦྱར་བ་སྟེ། དཔེར་ན་གང་དུ་རླན་དང་དྲོད་དང༌། དེའི་གནས་དང་དུས་ཚོད་དང༌། དེའི་རྒྱུ་ལས་གྲུབ་པའི་སེམས་ཅན་བཞིན་ནོ། །དེ་དག་གི་ཁ་དོག་ནི་རྡོ་རེའི་རིགས་ལ་བརྟེན་པའི་ཕྱིར་ཁ་དོག་དཀར་པོར་ངེས་སོ། །མཚན་
ནི་དེའི་སྐད་ཅིག་དེ་ཉིད་ལས་སེམས་དཔའ་རྣམས་ཀྱི་རང་རང་གི་ཚིགས་སུ་བཅད་པ་དང་སྙིང་པོ་རྣམས་གསུངས་པ་སྟེ། དེ་ཡང་རྣམ་པར་སྣང་མཛད་ཀྱི་རྒྱུད་ལས། ཨེ་མ་ཧོ་བདག་ཉིད་སེམས་དཔའ་སྟེ། །མི་བསྐྱོད་རྡོ་རྗེར་བྱིན་བརླབས་ཤིང༌། །སེམས་ཅན་དོན་ལ་མངོན་སེམས་ཕྱིར། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པའི་ཚིགས་སུ་བཅད་པ་རྣམས་གསུངས་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་བཞིན་དུ། ཨེ་མ་ཧོ་བདག་ནི་རྒྱལ་པོ་སྟེ། །རྡོ་རྗེ་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་བདུད་ལས་རྒྱལ་བྱེད་ཕྱིར།། རྡོ་རྗེ་རྒྱལ་པོ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ཆགས་པ་སྟེ། །རྡོ་རྗེ་འདོད་པར་བྱིན་བརླབས་ཤིང༌། །འགྲོ་བའི་ཆགས་པ་རྗེས་ཆགས་ཕྱིར། །རྡོ་རྗེ་ཆགས་པ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ལེགས་པ་སྟེ། །མཛེས་པའི་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་ཡེ་ཤེས་རྒྱན་འདོགས་ཕྱིར། །རྡོ་རྗེ་ལེགས་པ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ཉིད་རིན་ཆེན་ཆེ། །རིན་ཆེན་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་རེ་བ་བསྐང་བའི་ཕྱིར། །རྡོ་རྗེ་རིན་ཆེན་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ཉི་མ་སྟེ། །གཟི་བརྗིད་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་ཉོན་མོངས་སེལ་བའི་ཕྱིར། །རྡོ་རྗེ་ཉི་མ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་རྒྱལ་མཚན་ཏེ། །སེང་གེ་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་སྤྱི་གཙུག་ལྡན་བྱེད་ཕྱིར། །རྡོ་རྗེ་རྒྱལ་མཚན་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་བཞད་པ་སྟེ།། དགྱེས་པའི་རྒྱལ་པོར་བྱིན་བརླབས་ཏེ། །འགྲོ་ཀུན་དགའ་བར་བྱེད་པའི་ཕྱིར། །རྡོ་རྗེ་བཞད་པ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ཆོས་མཆོག་སྟེ། །དམ་ཆོས་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་དམ་ཆོས་ལམ་བགྲོད་ཕྱིར། །རྡོ་རྗེ་ཆོས་ཞེས་བྱ་བར་བརྗོད། །ཨེ་མ་ཧོ་བདག་ནི་རྣོན་པ་སྟེ། །མཚོན་ཆའི་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་རྟོག་པའི་དྲ་གཅོད་ཕྱིར། །རྡོ་རྗེ་རྣོན་པོ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་འཁོར་ལོ་སྟེ། །གཏུམ་པོའི་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་ཐར་པའི་གྲོང་བསྐྱོད་ཕྱིར། །
རྡོ་རྗེ་འཁོར་ལོ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ཚིག་ཡིན་ཏེ། །ཚིག་གི་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་ལེགས་པའི་ལམ་སྟོན་ཕྱིར། །རྡོ་རྗེ་གསུངས་བ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་ལས་ཡིན་ཏེ། །ཀུན་མཛད་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་བའི་ལས་རྣམས་རྫོགས་བྱེད་ཕྱིར། །རྡོ་རྗེ་ལས་ཞེས་བྱ་བར་བརྗོད། །ཨེ་མ་ཧོ་བདག་ནི་སྲུང་བ་སྟེ། །མི་འཇིགས་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་བདུད་ལས་བསྲུང་བའི་ཕྱིར། །རྡོ་རྗེ་སྲུང་བ་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་གནོད་སྦྱིན་ཏེ། །མཆེ་བའི་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་སྒྲིབ་པ་གཅོད་བྱེད་ཅིང༌། །རྡོ་རྗེ་གནོད་སྦྱིན་ཞེས་བྱར་བརྗོད། །ཨེ་མ་ཧོ་བདག་ནི་དམ་ཚིག་སྟེ། །མི་འགྱུར་རྒྱལ་པོར་བྱིན་བརླབས་ཤིང༌། །འགྲོ་ཀུན་སྡིག་པའི་ཚོགས་སྔོམ་ཕྱིར། །རྡོ་རྗེ་དམ་ཚིག་ཅེས་བྱར་བརྗོད། །ཅེས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་རང་རང་གི་ལས་སུ་བྱ་བ་དང༌། ངེས་པའི་ཚིག་གིས་མཚན་ཡོངས་སུ་བཏགས་པའོ། །ཁ་དོག་ནི་འདིར་རྡོ་རྗེའི་རིགས་ལ་སོགས་པ་རིགས་བཞིའི་བྱེ་བྲག་དང༌། ཕྲིན་ལས་རྣམ་པ་བཞི་དང༌། ཡེ་ཤེས་རྣམ་པ་བཞིའི་བྱེ་བྲག་ལ་སོགས་པའི་དབྱེ་བས་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུར་ངེས་པའོ། །ཕྱག་མཚན་ཡང་གོང་གི་རྗེས་སུ་མཚོན་པ་ལས་ཤེས་པར་བྱའོ། །དེ་ལ་སེམས་ཅན་རྣམས་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་དང་ངན་སོང་གསུམ་ནས་འདྲེན་པ་དང༌། བདུད་ཀྱི་ཚོགས་འབིགས་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་དུ་འཇོག་པར་བྱེད་པ་དང༌། ཇི་ལྟར་བསམ་པའི་རེ་བ་སྐོང་བར་བྱེད་པ་དང༌། མ་རིག་པའི་མུན་པའི་ཚོགས་བསལ་བར་བྱེད་པ་དང༌། ཡང་དག་པའི་བཀའ་དང་ལྡན་པར་བྱེད་པ་དང༌། ཉོན་མོངས་པའི་འདམ་ནས་འདོན་པར་བྱེད་པ་ དང༌། ཚུལ་ཁྲིམས་ཀྱི་དྲིས་འགོད་པར་བྱེད་པ་དང ༌། རྣམ་པར་རྟོག་པའི་དྲ་བ་གཅོད་པར་བྱེད་པ་དང༌། ཆོས་ཀྱི་དབྱིངས་སུ་སྐྱོད་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་
ས་ལ་གནས་པར་བྱེད་པ་དང༌། དངོས་གྲུབ་རྣམ་པ་བཞི་སྟེར་བར་བྱེད་པ་དང༌། བདུད་ཀྱི་ཚོགས་ལས་སྐྱོབ་པ་དང༌། འཁོར་བའི་དྲ་བ་གཅོད་པ་དང༌། སྡིག་པ་མི་དགེ་བའི་ཆོས་རྣམས་སྡོམ་པར་བྱེད་པའི་ཕྱིར་རང་རང་གི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་འཛིན་པ་ཉིད་དེ། །རྣལ་འབྱོར་པའི་རྒྱུའི་དཀྱིལ་འཁོར་གྱི་སྐབས་སུ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རིམ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་གི་ངོ་བོ་ཉིད་དུ་འགྱུར་རོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེ་ཞི་བ་ལ་སོགས་པའི་འཁོར་བཞི་དང༌། རྒྱལ་པོ་ལ་ཀུན་དུ་བཟང་པོ་ལ་སོགས་པའི་འཁོར་བཞི་དང༌། ཆགས་པ་ལ་ཀུན་ནས་འོད་ཟེར་ལ་སོགས་པའི་འཁོར་བཞི་དང༌། ལེགས་པ་ལ་ཞི་བའི་བློ་གྲོས་ལ་སོགས་པའི་འཁོར་བཞི་དང༌། རིན་ཆེན་ལ་བཟང་པོ་དཔལ་ལ་སོགས་པའི་འཁོར་བཞི་དང༌། ཉི་མ་ལ་བཟང་སྐྱོང་ལ་སོགས་པའི་འཁོར་བཞི་དང༌། རྒྱལ་མཚན་ལ་སྟོབས་ཆེན་ལ་སོགས་པའི་འཁོར་བཞི་དང༌། བཞད་པ་ལ་འོད་བཟང་ལ་སོགས་པའི་འཁོར་བཞི་དང༌། རྡོ་རྗེ་ཆོས་ལ་རྒྱལ་བའི་ཏོག་ལ་སོགས་པའི་འཁོར་བཞི་དང༌། རྣོན་པོ་ལ་རྒྱལ་བའི་བློ་གྲོས་ལ་སོགས་པའི་འཁོར་བཞི་དང༌། འཁོར་ལོ་ལ་དྲི་མེད་རྒྱལ་པོ་ལ་སོགས་པའི་འཁོར་བཞི་དང༌། གསུང་བ་ལ་ཆོས་ཀྱི་རྒྱལ་བ་ལ་སོགས་པའི་འཁོར་བཞི་དང༌། ལས་ལ་དེ་ཉིད་སྣང་བ་ལ་སོགས་པའི་འཁོར་བཞི་དང༌། སྲུང་བ་ལ་སྤྱོད་པའི་བློ་གྲོས་ལ་སོགས་པའི་འཁོར་བཞི་དང༌། གནོད་སྦྱིན་ལ་རྡོ་རྗེ་སྣང་བ་ལ་སོགས་པའི་འཁོར་བཞི་དང༌། དམ་ཚིག་ལ་འཁོར་ལོ་ལ་སོགས་པའི་འཁོར་བཞིས་བསྲུང་ཞིང་མཆོད་པ་དང༌། སྒོ་སྐྱོང་བས་ཡང་དག་པར་ལྡན་པ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཞེས་བྱ་བ་ཁོ་ན་སྟེ། དེའི་ཕྱིར་ཡིག་འབྲུ་དྲུག་ཅུ་རྩ་བཞི་པོ་གསུངས་པར་ཤེས་པར་བྱའོ། །སངས་རྒྱས་སྤྱན་ལ་སོགས་པའི་སྙིང་པོ་རྣམས་ནི་དམ་ཚིག་གི་ཕྱག་རྒྱས་བསྡུས་པ་ཡིན་ལ། འོག་ཏུ་གསུངས་པའི་སྔགས་ནི་འཇིག་རྟེན་ལས་འདས་པའི་ཡུམ་བཞིའི་དངོས་གྲུབ་
དམ་པ་བྱང་ཆུབ་ཀྱི་དངོས་གྲུབ་ཏུ་ཡང་དག་པར་གསོལ་བ་འདེབས་པའོ། །དེ་དག་ཀྱང་རྣམ་པར་སྣང་མཛད་ཀྱི་རྒྱུད་ལྷ་འབྱུང་བའི་ལེའུ་ལས། ཀུན་དུ་སྒེག་ཅིང་མཛེས་པའི་གཟུགས། །དཀྱིལ་འཁོར་གཉིས་དང་ཡང་དག་ལྡན། །སངས་རྒྱས་ཀུན་གྱི་ཡུམ་གྱུར་པ། །བདེ་བར་གཤེགས་ཀྱིས་མངོན་སྤྲོས་པས། །ཡོངས་སུ་རྫོགས་ལ་རང་རང་གི །མཚན་དང་སྔགས་སུ་ཡང་དག་གསུངས། །ཞེས་པ་དང༌། རིམ་པའི་རྣམ་པ་ཆ་བྱད་ཅན། །མཆོད་པ་ཐམས་ཅད་རྫོགས་པའི་ཕྱིར། །ཡེ་ཤེས་ལྔ་ཡི་ངོ་བོ་ལས།། གཟུགས་དང་ལྡན་པར་ཚིག་བརྗོད་པས། །སྒེག་མོ་ལ་སོགས་མཆོད་པ་བརྒྱད། །ཤར་ལ་སོགས་པའི་སྒོ་རྣམས་སུ། །དེ་ལྟར་གཟུགས་དང་རྗེས་མཐུན་པས། །རང་རང་སྔགས་ནི་གསུངས་པ་ཡི། །ལྕགས་ཀྱུ་ལ་སོགས་ཕྱག་རྒྱ་བཞིས། །ཞེས་གསུངས་པས་ན། །དེ་དག་ཀྱང་ དང་པོས་སེམས་དཔའ་རྣམས་ཀྱི་ཚུལ ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཀྱི་མཐའ་ལོགས་སུ་ཉི་མ་དང་ཟླ་བ་བཅུ་དྲུག་བྱུང་བར་གྱུར་པ་དང༌། དེ་དག་གི་སྟེང་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས་ལཾ་ལ་སོགས་པའི་ཡིག་འབྲུ་རྣམས་སྤྲོས་པ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་མར་གྱུར་ཅིང༌། དེའི་སྐད་ཅིག་ལ་སྐུ་ཡོངས་སུ་རྫོགས་པས་རང་རང་གི་ཚིགས་སུ་བཅད་པ་དང༌། སྔགས་རྣམས་གསུངས་ཤིང་དགྱེས་པ་ཡང་དག་པར་ཕུལ་བའི་ཕྱིར། སངས་རྒྱས་སྤྱན་ཞེས་པ་ལ་སོགས་པ་མཚན་དུ་བཏགས་པས་ཤེས་པར་བྱའོ། །ཕྱག་མཚན་ནི་རིགས་ཀྱི་ཡུམ་ཡིན་པའི་ཕྱིར་རིགས་བཞིའི་ཕྱག་རྒྱ་འཛིན་པ་དང་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་མངོན་པར་མཆོད་པའི་ཕྱིར་སྒེག་མོ་ལ་སོགས་པའི་ཕྱག་རྒྱ་མཛད་པ་དང། དགུག་པ་ལ་སོགས་པའི་དམ་ཚིག་དང་ཡེ་ཤེས་འདྲ་བར་བྱེད་པའི་ལས་བཞི་བྱེད་པའི་ཕྱིར། ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་འཛིན་པ་ཉིད་དོ། །ཁ་དོག་ནི་དེའི་རིགས་ཀྱི་རྗེས་སུ་མཐུན་པ་ལས་བྱུང་བའོ། །དེ་ལ་རིགས་ཁ་དོག་གི་རྗེས་སུ་འབྲང་བ་
ནི་རིགས་པ་མ་ཡིན་ནོ་ཞེ་ན། དེ་ནི་གཞལ་ཡས་ཁང་གི་འོག་གཞི་རིན་པོ་ཆེ་མུ་ཏིག་ལ་སོགས་པ་ལས་གྲུབ་པའི་ཕྱིར་དེའི་འོད་དང་ལྡན་པ་ཉིད་དོ། །གཞན་དུ་ཁ་དོག་གི་ངེས་པ་མེད་པ་ནི་ཡོན་ཏན་གྱི་སྒོ་ནས་ཤེས་པར་བྱའོ། །དེ་ལ་ལྷ་ལས་རིན་པོ་ཆེའི་འོད་གསལ་བར་འགྱུར་རམ་ཞེ་ན། དེ་ནི་འདི་ལྟར་ལྷ་ལས་ནི་དོན་དམ་པར་ན་ཁ་དོག་དག་དང་དབྱིབས་ཀྱི་རྣམ་པ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། འགྲོ་བ་རྣམས་ཀྱི་བསམ་པ་ལ་དགོངས་ནས་དེའི་རྣམ་པར་འགྱུར་བ་བསྟན་པ་སྟེ། དཔེར་ན་རི་རབ་ཀྱིས་ནམ་མཁའི་ཁ་དོག་བསྒྱུར་བ་བཞིན་ནོ། །ཞི་བའི་བརྡུང་བའི་སྔགས་ནས་མངོན་སྤྱོད་ཀྱི་བརྡུང་བའི་སྔགས་ཀྱི་བར་དུ་ནི་གང་དང་གང་དུ་ལས་བྱེད་པའི་སྐད་ཅིག་ལ་རིགས་དང་རྗེས་སུ་མཐུན་པའི་ཕུར་བུས་ལས་སུ་བྱའི། སྤྱི་བོར་བཏབ་ན་ཞི་བ་ལ་སོགས་པའི་ལྷ་བསམས་ཏེ་རིགས་དང་རྫེས་སུ་མཐུན་པའི་ཐོ་བས་བརྡུང་བར་བྱ་སྟེ། ལན་བཅུ་དྲུག་ནི་སེམས་དཔའ་བཅུ་དྲུག་གི་རྣལ་འབྱོར་གྱིས་བྱ་བའོ། །དེ་ཉིད་ཞི་བར་བྱེད་པའི་ཕྱིར་ཤཾ་པ་ཏ་ཞེས་བརྗོད་པ་དང༌། ཆོས་དང་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་གྷུཾ་ཞེས་བྱ་བ་བརྗོད་པ་དང༌། ཁྱོད་བདག་གིར་ཤོག་ཅེས་དབང་དུ་བྱེད་པའི་ཕྱིར་ཧོ་ཏུཾ་ཞེས་བརྗོད་པ་དང༌། ཚེ་དང་སྲོག་རྣམས་གཅོད་པར་བྱེད་པའི་ཕྱིར་ཁ་ཏཾ་ཞེས་བརྗོད་པར་ཤེས་པར་བྱའོ། །དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་འཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཕྱིར་གདུག་པ་ཐམས་ཅད་གཞིག་པར་བྱ་བ་དང༌། མ་རུངས་པའི་ཚོགས་ཐམས་ཅད་མ་ལུས་པར་གཞོམ་པར་བགྱི་བའི་སླད་དུ་ཁྲོ་བོ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་བཤད་དུ་གསོལ། བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ་ཞེས་པ་ནི་འདིར་བརྒྱ་བྱིན་ལ་སོགས་པས་དཀྱིལ་འཁོར་བཤད་པར་ཞུས་པ་སྟེ། དེ་ལ་ཕྱག་བཙལ་བ་ནི་གུས་པ་དང་བཅས་པར་ཞུ་པའོ། །གང་གི་ཕྱིར་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་
ཕྱིར་ཞུས་པ་སྟེ། གདུག་པ་ཐམས་ཅད་གཞིག་པར་བགྱི་བ་དང༌། མ་རུངས་པ་ཐམས་ཅད་གཞོམ་པར་བགྱི་བ་ནི་སྲིན་པོ་འམ་གནོད་སྦྱིན་ནམ། ནམ་མཁའ་ལྡིང་ངམ། མཁའ་འགྲོ་མ་ལ་སོགས་པ་མ་རུངས་པའི་སེམས་དང་ལྡན་པ་གདུག་པའི་ལས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པ་སྟེ་དེ་དག་གཞིག་པ་ནི་གདུལ་བར་བྱ་བ་སྟེ་དེའི་ཕྱིར་བཤད་དུ་གསོལ་ཞེས་པར་སྦྱར་རོ། །ལན་གསུམ་ནི་ཆེད་དུ་བྱ་བའི་ཚིག་ཏུ་ཤེས་པར་བྱ་བ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་སྐུ་བོར་ནས་རྡོ་རྗེ་སེམས་དཔའི་སྐུར་བཞུགས་ཏེ་གཉིས་སུ་མེད་པའི་མཉམ་པར་གཞག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་སེམས་དཔའི་ཁྲོ་བོ་མེའི་ཉི་མ་ཞེས་བྱ་བའི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་ཞེས་གསུངས་པ་ནི་ཁྲོ་བོའི་དཀྱིལ་འཁོར་གསུངས་པ་ལ་སྙོམས་པར་ཞུགས་པ་སྟེ། དེ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་བོར་ནས་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པ་ནི་བདག་པོ་དང་རྗེས་སུ་མཐུན་པ་ཁྲོ་བོའི་དཀྱིལ་འཁོར་གསུངས་པ་སྟེ། གཅིག་ཏུ་ན་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ངོ་བོ་གཅིག་ལ་སེམས་ཅན་རྣམས་ཀྱི་བསམ་པ་དང་སྦྱར་ནས་སྐུ་བོར་བར་ཤེས་པར་བྱའོ། །གཉིས་སུ་མེད་པར་མཉམ་པར་གཞག་པ་ནི་འབྲས་བུའི་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་མཉམ་པར་གཞག་པ་སྟེ་དེ་ཉིད་དང་ཁྲོ་བོ་ངོ་བོ་གཅིག་པར་གསུངས་པ་ལ་ཐུགས་མཉམ་པར་གཞག་པའོ། །རྡོ་རྗེ་སེམས་དཔའི་ཁྲོ་བོ་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པའི་ངོ་བོ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཀྱི་རྟགས་སྐུ་མེའི་ཕུང་པོ་ལྟར་འདུག་པ་དང༌། གསུང་ཉི་མའི་འོད་ཟེར་ལྟ་བུས་མུན་པ་སེལ་བར་བྱེད་པ་དང༌། ཐུགས་རྡོ་རྗེ་ལྟར་མི་འགྱུར་བའི་ཕྱིར་ན་རྡོ་རྗེ་མེའི་ཉི་མའི་ཞེས་བྱ་བ་ཁོ་ནའོ། །སྙིང་པོ་ནི་སྔགས་ཏེ་དེ་བཅོམ་ལྡན་འདས་ཀྱི་ཐུགས་ནས་ཞལ་དུ་ཕྱུང་བར་ཤེས་པར་བྱའོ། །ཨོཾ་བཛྲ་སཏྭ་ཀྲོ་དྷཱ་ན་ལཱརྐ། བཛྲ་ཀྲོ་དྷ་དྲ་བ་དྲ་བ། བི་དྲ་བ་བི་དྲ་བ། སརྦ་ཨ་བྷ་ཡ་ནཱ་ཤ་ཡ། ནཱ་ཤ་ཡ། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་ཨཱ་ལོ་ཀ་ཀ་ར་ཧཱུཾ་ཕཊ།
ཨོཾ་ཏྲཻ་ལོ་ཀྱ་ད་མ་ཀ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་ནཱ་ཤ་ཧཱུཾ་ཕཊ། ཨོཾ་ཏྲི་བྷ་བ་བནྡྷ་ཀ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏོཥྞཱི་ཥ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་དཾཥྚ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་དཱུ་ཏི་ཧཱུཾ་ཕཊ། ཨོཾ་ཏྲི་ཏ་བི་ཏ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་ཨཾ་ཀུ་ཤ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་པཱ་ཤ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་བནྡྷ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཱ་ག་ཧཱུཾ་ཕཊ། ཨོཾ་ཀཱ་ལ་རཀྵ་སི་ཧཱུཾ་ཕཊ། ཨོཾ་ཀཱ་ལ་དནྟི་ཧཱུཾ་ཕཊ། ཨོཾ་ཀཱ་ལ་ར་ཏྲི་ཧཱུཾ་ཕཊ། ཨོཾ་ཨོཾ་ཀཱ་ལ་ཡ་ཀྵི་ཧཱུཾ་ཕཊ་ཅེས་པ་ལ་སོགས་པའི་སྔགས་ནི་ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱི་སྔགས་གསུངས་པ་སྟེ། དེ་ལ་དང་པོ་ནི་མེའི་རྡོ་རྗེ་ཉི་མའི་སྔགས་ཡིན་པས་ན་དེ་ནི་འདི་ལྟར་རྡོ་རྗེ་སེམས་དཔའ་ཁྲོ་བོ་མེའི་རྡོ་རྗེ་ཉི་མས་སྲེག་པར་གྱིས་ཤིག་པ་དང༌། རྣམ་པར་སྲེག་པར་གྱིས་ཤིག་པ་དང༌། སྔགས་ལན་བཞི་གསུངས་པ་དང༌། འཇིགས་པ་ཐམས་ཅད་ཆོམས་ཤིག་ཕྲོགས་ཤིག་རབ་ཏུ་ཕྲོགས་ཤིག་པའི་སྔགས་གསུངས་པའོ། །གཉིས་བ་ནི་ཁམས་གསུམ་སྣང་བྱེད་ཀྱིའོ། །གསུམ་པ་ནི་སྲིད་གསུམ་གནོད་བྱེད་ཀྱིའོ། །བཞི་པ་ནི་ཁམས་གསུམ་འཇིག་བྱེད་ཀྱིའོ། །ལྔ་པ་ནི་སྲིད་གསུམ་འཆིང་བྱེད་ཀྱིའོ། །དྲུག་པ་ནི་བདུད་རྩིའི་གཙུག་ཏོར་གྱིའོ། །བདུན་པ་ནི་དུས་ཀྱི་མཆེ་བའིའོ། །བརྒྱད་པ་ནི་དུས་ཀྱི་ཕོ་ཉའིའོ། །དགུ་པ་ནི་རྣམ་པ་གསུམ་རིག་གིའོ། །བཅུ་པ་ནི་དུས་ཀྱི་ལྕགས་ཀྱུའིའོ། །བཅུ་གཅིག་པ་ནི་དུས་ཀྱི་ཞགས་པའིའོ། །བཅུ་གཉིས་པ་ནི་དུས་ཀྱི་འཆིང་བྱེད་ཀྱིའོ། །བཅུ་གསུམ་པ་ནི་དུས་ཀྱི་ཆགས་པའིའོ། །བཅུ་བཞི་པ་ནི་དུས་ཀྱི་སྲིན་མོའིའོ། །བཅོ་ལྔ་པ་ནི་དུས་ཀྱི་སོ་ཅན་གྱིའོ། །བཅུ་དྲུག་པ་ནི་དུས་ཀྱི་མཚན་མའིའོ། །བཅུ་བདུན་པ་ནི་དུས་ཀྱི་གནོད་སྦྱིན་མོ་ཡིར་ཤེས་པར་བྱ་སྟེ་བསྐྱེད་པའི་ས་བོན་ཡང་དེ་དག་གི་དབུས་ཀྱི་ཡིག་འབྲུ་ལས་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་མི་བཟད་པ། །ཆེ་བའི་ཆེ་མཆོག་རྩིབས་བཅུ་གཉིས། །ལྷ་རྫས་འབར་བའི་ཕྲེང་བས་དཀྲིས། །ཤིན་ཏུ་འབར་ཞིང་ཆེར་འབར་བ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཀྱང༌། །རྡོ་རྗེ་སེམས་དཔའ་གཞག་པར་བྱ། །འཇིག་རྟེན་གསུམ་སྣང་ལ་སོགས་ཁྲོ་བོ་ཀུན། །མ་རུངས་སྙིང་གར་མནན་ཅིང་སྡིགས་བྱེད་ཅིང༌། །ཞལ་ནི་ཤིན་ཏུ་
མཆེ་བ་གཙིགས་པས་འཇིགས་འཇིགས་འདྲ། །ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། །སྦྲུལ་དང་མི་མགོས་དབུ་བརྒྱན་ཅིང༌། །སྟག་གི་པགས་པས་རྣམ་དཀྲིས་ཤིང༌། །རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །མགོ་ཐོད་ཁྲག་བཀང་ཕྱག་ན་བསྣམས། །དེ་ལྟར་བྱིན་ནས་ཕྱི་རོལ་དུ། །སྲིན་མོའི་ཚོགས་རྣམས་གཞག་བྱ་སྟེ། །སྒོ་རྣམས་སུ་ནི་སྒོ་བ་རྣམས། །རང་རང་ཕྱག་རྒྱས་རྣམ་པར་གནས། །ཞེས་གསུངས་བ་ནི་དེ་དག་གི་དཀྱིལ་འཁོར་གྱི་ཆོ་ག་གསུངས་པ་སྟེ། དེ་ལ་དུར་ཁྲོད་དམ་མ་མོའི་གནས་སམ་ཤན་པའི་ཁྱིམ་ལ་སོགས་པར་སྟེགས་བུ་ཁྲུ་ཉི་ཤུ་རྩ་བཞི་པ་བརྩིགས་ཏེ་བདུད་རྩི་རྣམ་པ་ལྔ་ས་བྱུགས་ལ་ཐིག་ལེགས་པར་བཏབ་ལ་བྲི་བར་བྱ་བ་ནི་དབུས་སུ་འཁོར་ལོ་སྔོན་པོ་མེའི་འོད་དང་བཅས་པ་རྩིབས་བཅུ་གཉིས་པ་གཅིག་བྲི་བར་བྱའོ། །དེའི་གྲྭ་བཞིར་ནི་མེ་རི་བཞི་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་སྒོ་དང་རྟ་བབས་དང༌། དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པས་བརྒྱན་ཅིང་ཀུན་ནས་མཛེས་པར་བྱས་པ་ཉིད་དོ། །དེ་ལ་འཁོར་ལོའི་དབུས་སུ་ནི་ཁྲོ་བོ་ཆེན་པོ་མེའི་རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་འཛིན་ཅིང་གཡོན་པ་གསུམ་གྱིས་དྲིལ་བུ་དང་ཞགས་པ་དང་ཐོད་བ་བསྣམས་པ། ཞལ་དང་པོ་དམར་པོ་གཡས་དཀར་བ་ལ་གཡོན་ནག་པོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ལྷ་དྲག་པོ་དཀར་པོ་སྙིང་གར་མནན་པ་བྲི་བར་བྱའོ། །དེའི་མདུན་གྱི་རྩིབས་ལ་ཁྲོ་བོ་ཁམས་གསུམ་སྣང་བྱེད་སྐུ་མདོག་ནག་པོ་ཞལ་གསུམ་པ་ལ་ཞལ་དང་པོ་ནག་པོ། གཡས་དཀར་བ་གཡོན་དམར་བ། ཕྱག་དྲུག་པ་ལ་གཡས་པ་གསུམ་གྱིས་མདུང་དང་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་པ་གསུམ་གྱིས་རྡོ་རྗེས་མཚན་པའི་ཐོ་བ་དང་རིན་པོ་ཆེ་དང་ཐོད་པ་འཛིན་པ། མ་ཧེའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་དང་ལྡན་པ་བྲི་བར་བྱའོ། །དེའི་རྩིབས་
གཉིས་པ་ལ་ཁྲོ་བོ་ཁམས་གསུམ་གནོན་བྱེད་སྐུ་མདོག་དཀར་སེར་ལ་ཞལ་གསུམ་པ་དང་པོ་དཀར་སེར་ལ་གཡས་པ་ནག་པོ་གཡོན་པ་དམར་པོ། །ཕྱག་གཡས་པ་གསུམ་གྱིས་ལྕགས་ཀྱུ་དང་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་གསུམ་གྱིས་ཐོད་པ་དང་རིན་པོ་ཆེ་དང་པདྨ་འཛིན་པ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་སེང་གེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བྲིའོ། །དེའི་འཁོར་ལོ་གསུམ་པ་ལ་ནི་ཁྲོ་བོ་ཁམས་གསུམ་འཇིག་བྱེད་ཁ་དོག་དམར་པོ་ལ་ཞལ་གསུམ་པའི་དང་བོ་དམར་པོ། །གཡས་ནག་པོ་ལ་གཡོན་དཀར་པོ། །ཕྱག་དྲུག་པ་གཡས་པ་གསུམ་གྱིས་རྡོ་རྗེ་དང་རལ་གྲི་དང་དགྲ་སྟ་འཛིན་པ། གཡོན་པ་གསུམ་གྱིས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང་པདྨ་དང་ཐོ་བ་འཛིན་པ། འོད་དཔག་མེད་ཀྱི་དབུ་རྒྱན་ཅན་སྟག་གི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་བྲིའོ། །དེའི་འཁོར་ལོ་རྩིབས་གསུམ་པ་ལ་ནི་ཁྲོ་བོ་སྲིད་གསུམ་འཆིང་བྱེད་ཁ་དོག་སྔོན་པོ་ལ་ཞལ་གསུམ་པའི་དང་པོ་སྔོན་པོ། །གཡས་པ་དཀར་བ་ལ་གཡོན་པ་དམར་པོ་ཕྱག་དྲུག་པའི་གཡས་པ་གསུམ་གྱིས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་པ་གསུམ་གྱིས་དྲིལ་བུ་དང་རིན་པོ་ཆེ་དང་ཐོད་པ་འཛིན་པ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་ཚོགས་བདག་གི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་བྲིའོ། །དེའི་རྩ་བའི་འཁོར་ལོ་ལ་ནི་ཁྲོ་བོ་བདུད་རྩི་གཙུག་ཏོར་ནག་པོ་ལ་ཞལ་གསུམ་བ་ཕྱག་དྲུག་པ་ཞལ་དང་པོ་ནག་པོ་གཡས་དཀར་བ། གཡོན་དམར་བ་ལ་ཕྱག་གཡས་པ་གསུམ་གྱིས་དབྱུག་པ་ཐོད་པས་མཚན་པ་དང༌། རལ་གྲི་དང༌། རིན་པོ་ཆེ་འཛིན་པ། གཡོན་པ་གསུམ་གྱིས་པདྨ་དང་རྩེ་གསུམ་པ་དང༌། ཐོད་པ་འཛིན་པ་མི་བསྐྱོད་པའི་དབུ་རྒྱན་ཅན། ཚངས་པ་སེར་པོའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་བྲི་བར་བྱའོ། །འཁོར་ལོ་དང་པོའི་རྩར་ནི་ཁྲོ་བོ་དུས་ཀྱི་མཆེ་བ་ཁ་དོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དང་པོ་ནག་པོ་ལ་གཡས་པ་དཀར་བ་གཡོན་དམར་བ། ཕྱག་གཡས་
པ་གསུམ་གྱིས་རྡོ་རྗེ་དང༌། རལ་གྲི་དང་བེ་ཅོན་འཛིན་པ། གཡོན་པ་གསུམ་ན་རིན་པོ་ཆེ་དང་པདྨ་དང་ཐོད་པ་འཛིན་པ་མི་བསྐྱོད་པའི་དབུ་རྒྱན་ཅན་ལོག་འདྲེན་གྱི་སྟེང་ན་ཉི་མའི་གདན་ལ་བཞུགས་པ་བྲི་བར་བྱའོ། །འཁོར་ལོ་གཉིས་པའི་རྩར་ནི་ཁྲོ་བོ་དུས་ཀྱི་ཕོ་ཉ་སྐུ་མདོག་སྔོན་པོ་ལ་ཞལ་གསུམ་ཕྱག་དྲུག་པའི་ཞལ་དང་པོ་སྔོན་པོ་ལ་གཡས་དཀར་ལ་གཡོན་དམར་པོར་འདུག་པའོ། །ཕྱག་གཡས་པ་གསུམ་གྱིས་ནི་རལ་གྲི་དང་ཐོ་བ་དང་ཞགས་པ་འཛིན་པ། གཡོན་པ་གསུམ་གྱིས་ལྕགས་ཀྱུ་དང་མདའ་གཞུ་དང་ཐོད་པ་འཛིན་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། ཞབས་གཉིས་ཀྱིས་འདོད་པ་དང་ཆགས་མའི་སྙིང་གར་ཉི་མའི་གདན་ལ་བཞུགས་པ་བྲི་བར་བྱའོ། །འཁོར་ལོ་གསུམ་གྱི་རྩར་ནི་ཁྲོ་བོ་རྣམ་པ་གསུམ་རིག་ཁ་དོག་དམར་པོ་ལ། ཞལ་གསུམ་ཕྱག་དྲུག་པ་ཞལ་དང་པོ་པདྨ་རཱ་ག་འདྲ་བ་ལ་གཡས་དཀར་བ་ལ་གཡོན་པ་ནག་པོར་འདུག་ཅིང་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་དང་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་གསུམ་གྱིས་སྣ་ཚོགས་རྡོ་རྗེ་དང་པདྨ་དང་ཐོ་བ་འཛིན་པ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅན་ནག་པོ་ཆེན་པོའི་སྟེང་ན་ཉི་མའི་གདན་ལ་བཞུགས་པ་བྲི་བར་བྱའོ། །འཁོར་ལོ་གཉིས་པའི་རྩར་ནི་ཁྲོ་བོ་དུས་ཀྱི་ལྕགས་ཀྱུ་ཁ་དོག་དཀར་པོ་ལ་ཞལ་གསུམ་པ་ཕྱག་དྲུག་པ། ཞལ་དང་པོ་དཀར་པོ་གཡས་ནག་པོ་གཡོན་དམར་པོར་འདུག་པ། ཕྱག་གཡས་པ་གསུམ་གྱིས་ལྕགས་ཀྱུ་དང་རྔ་ཡབ་དང་ཐོ་བ་འཛིན་པ། གཡོན་པ་གསུམ་གྱིས་སྡིགས་མཛུབ་དང་ཐོ་བ་དང་ཐོད་པ་འཛིན་པ་སངས་རྒྱས་ཀྱི་དབུ་རྒྱན་ཅན། འཇིགས་བྱེད་ཀྱི་སྟེང་ན་ཉི་མའི་གདན་ལ་བཞུགས་པ་བྲིའོ། །འཁོར་ལོ་གསུམ་པའི་རྩར་ནི་ཁྲོ་བོ་དུས་ཀྱི་ཞགས་པ་ཁ་དོག་སྔོན་པོ། །ཞལ་གསུམ་ཕྱག་དྲུག་པ་ལ་དང་པོ་སྔོ་བ་ལ་གཡས་པ་དཀར་བ་གཡོན་པ་དམར་བ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅན། ཕྱག་གཡས་པ་གསུམ་གྱིས་ཞགས་པ་དང་རལ་གྲི་དང་འཁོར་ལོ་
འཛིན་པ། གཡོན་པ་གསུམ་ན་དགྲ་སྟ་དང༌། རིན་པོ་ཆེ་དང་ཐོད་པ་འཛིན་པ་སྒྲ་གཅན་གྱི་སྟེང་ན་ཉི་མའི་དཀྱིལ་ན་བཞུགས་པ་བྲིའོ། །འཁོར་ལོ་བཞི་པའི་རྩར་ནི་དུས་ཀྱི་འཆིང་བྱེད་ཁ་དོག་དམར་པོ་ལ་ཞལ་གསུམ་པ་ཕྱག་དྲུག་པ། ཞལ་དང་པོ་དམར་པོ་གཡས་དཀར་པོ་གཡོན་ནག་པོར་འདུག་པ་ལ། ཕྱག་གཡས་པ་གསུམ་གྱིས་རལ་གྲི་དང་རྡོ་རྗེ་དང་ལྕགས་སྒྲོག་འཛིན་པ། གཡོན་པ་གསུམ་གྱིས་མདའ་གཞུ་དང་པདྨ་དང་ཐོ་བ་འཛིན་ཅིང་འོད་དཔག་མེད་པའི་དབུ་རྒྱན་ཅན་བདེ་བྱེད་ཀྱི་སྟེང་ན་ཉི་མའི་གདན་ལ་བཞུགས་པ་བྲིའོ།། འཁོར་ལོ་དང་པོའི་རྩར་ནི་ཁྲོ་བོ་དུས་ཀྱི་ཆགས་པ་ཁ་དོག་ལྗང་གུ་ལ་དབུ་གསུམ་ཕྱག་དྲུག་པ་ཞལ་དང་པོ་ལྗང་གུ་གཡས་དཀར་བ་གཡོན་དམར་བ། ཕྱག་གཡས་ཀྱིས་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྡིགས་མཛུབ་མཛད་པ། གཡོན་པ་གསུམ་གྱིས་འཁོར་ལོ་དང་ཐོ་བ་དང་ཐོད་པ་བསྣམས་པ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅན་གར་གྱི་དབང་ཕྱུག་གི་སྟེང་ན་ཉི་མའི་གདན་ལ་བཞུགས་པ་བྲིའོ། །དེའི་ཟུར་བཞིར་ནི་མི་རོའི་སྟེང་ན་མཆོད་པའི་ཁྲོ་མོ་ཕོ་ཉའི་ཚོགས་དུས་ཀྱི་སྲིན་མོ་དང༌། དུས་ཀྱི་སོ་ཅན་མ་དང་དུས་ཀྱི་མཚན་མོ་དང༌། དུས་ཀྱི་གནོད་སྦྱིན་མོ་རྣམས་ཞལ་གཅིག་པ་ལ་ཕྱག་གཉིས་པ། ཤིན་ཏུ་ཁྲོ་བོའི་གཟུགས་ཅན་གཡས་ན་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བདུད་རྩི་ལྔས་གང་བའི་ཐོད་པ་འཛིན་པ་གཡོན་པ་ན་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ་སྐྲ་ཁམ་པ་གྱེན་དུ་འཕགས་པ། མིག་འབུར་བ་འཇིགས་པའི་གཟུགས་ཅན་རྣམས་གཞག་པར་བྱའོ། །སྒོ་རྣམས་སུ་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་རྣམས་གཞག་པར་བྱའོ། །ཁྲོ་བོ་དེ་དག་ཐམས་ཅད་ཀྱང་དབུ་སྐྲ་ཁམ་པ་གྱེན་དུ་འཕགས་པ། མཆེ་བ་རྣམ་པར་གཙིགས་པ། ཧ་ལ་ཧ་ལ་གུ་ལུ་གུ་ལུའི་སྒྲ་སྒྲོགས་པ། མི་མགོའི་ཕྲེང་བས་སྐུ་ལ་བརྒྱན་པ་ཐོད་པ་ལྔས་དབུ་ལ་བརྒྱན་པ་སྟག་གི་པགས་པས་སྨད་དཀྲིས་ཤིང་སྦྲུལ་གྱི་ཆུན་པོའི་ཅོད་པན་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། དཔུང་རྒྱན་དང༌།
གདུ་བུ་དང༌། རྐང་གདུབ་དང༌། སྐ་རགས་དང༌། སེ་རལ་ཁར་ཐོགས་པ། ཤིན་ཏུ་འཇིགས་པའི་གཟུགས་བྲི་བ་སྟེ། དེ་དག་ནི་བཅོམ་ལྡན་འདས་བདེ་བར་གཤེགས་པ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པའི་ཐུགས་ལས་ཡང་དག་པར་སྤྲུལ་པར་ཤེས་པར་བྱའོ། །དུས་ཀྱི་སྲིན་མོ་ལ་སོགས་པའི་ཁྲོ་མོ་རྣམས་ནི་སངས་རྒྱས་སྤྱན་ལ་སོགས་པ་རིགས་ཀྱི་ཡུམ་བཞིའི་ཐུགས་ཀྱི་སྤྲུལ་པར་ཤེས་པར་བྱའོ། །གདུག་པའི་ཚོགས་ཐམས་ཅད་མ་ལུས་པར་གདུལ་བའི་ཕྱིར་ཁྲོ་བོའི་གཟུགས་སུ་བསྟན་པ་ཡིན་ཞིང༌། དེ་ཉིད་བདེ་བ་ཆེན་པོའི་ངོ་བོ་ལས་བྱུང་བ་ཉིད་དོ། །གཞལ་ཡས་ཁང་གི་ཕྱི་རོལ་དུ་ནི་དུར་ཁྲོད་ཤིན་ཏུ་འཇིགས་པའི་གཟུགས། རོ་ལངས་དང་ཅེ་སྦྱང་དང༌། འཇིགས་པའི་གཟུགས་སྣ་ཚོགས་པ་དང༌། ཤིང་ལ་སོགས་པས་ཡོངས་སུ་བརྒྱན་པའོ། །དེ་ནས་བདུད་རྩིས་གང་བ་ཡི། །བུམ་པ་བཅུ་དྲུག་གཞག་པར་བྱ། །བདུག་པ་མེ་ཏོག་དྲི་ཞིམ་དང༌། །མར་མེ་དང་ནི་བྲོ་སྣོད་དང༌། །ཁ་ཟས་བཀྲམ་པའི་གཏོར་མ་དང༌། །བཟའ་བ་བཅའ་བ་བདུད་རྩི་ཆེས། །མགོ་ཐོད་གང་བར་གྱུར་པ་རྣམས། །དཀྱིལ་འཁོར་དུ་ནི་མང་དུ་གཞག །ཅེས་གསུངས་པ་སྟེ་མཆོད་པའི་ཚོགས་བསགས་པ་གསུངས་པ་སྟེ། དེ་ལ་བདུད་རྩི་རྣམ་པ་ལྔས་གང་བར་གྱུར་པའི་བུམ་པ་བཅུ་གཉིས་སམ་བཅུ་དྲུག་ལ་སོགས་པའི་སྟེང་དུ་ཤ་ཆེན་ལ་སོགས་པས་གང་བར་གྱུར་པའི་ཐོད་པ་གཞག་པར་བྱ་བ་དང༌། མེ་ཏོག་དང༌། བདུག་བ་དང༌། དྲི་དང་བྱུག་པ་དང༌། སྣང་བ་ལ་སོགས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་ཀུན་ནས་རྒྱས་པར་བྱ་བ་དང༌། འཇིག་རྟེན་པའི་འབྱོར་པ་བཟའ་བའི་ཚོགས་ལ་སོགས་པ་མང་བར་གཞག་པར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱིས། །མགོ་ཐོད་ཕྱག་རྒྱས་ཞུགས་ནས་ཀྱང༌། །ཕྱག་རྒྱ་དེ་དང་དེ་ཡིས་ནི། ཤ་རྣམས་ཀུན་གྱི་དམ་ཚིག་གསོལ། །དེ་ནས་འདོད་ལྡན་རྙེད་ནས་ནི། །ཧཱུཾ་ཞེས་བྱ་བས་སྒྲུབ་
པར་བྱེད། །དེ་ནས་སྔགས་པ་སྒོ་སྒོར་ཡང༌། །དེ་ཉིད་དྲན་པས་བསྙེན་པར་བྱ། །དེས་ནི་ངེས་པར་དངོས་གྲུབ་སྟེར། །ཡུད་ཙམ་འཇིག་རྟེན་གསུམ་དབང་བསྐུར། །དཀྱིལ་འཁོར་དུ་ནི་ཚོགས་རྣམས་དང༌། །རང་གི་ལྷ་ཡི་ཚོགས་རྣམས་ལ། །རྒྱུད་ལས་བྱུང་བའི་དམ་ཚིག་བརྗོད། །དེ་ནས་མཆོད་དེ་ལངས་ནས་ཀྱང༌། །ཚོགས་མཆོད་རྡོ་རྗེ་སེམས་དཔའ་ཡི། །ཚུལ་དུ་གནས་པ་དབྱུང་བར་བྱ། །ཞེས་གསུངས་པ་ནི། བདག་ཉིད་དཀྱིལ་འཁོར་དུ་གཞུག་པའི་རིམ་པ་གསུངས་པ་སྟེ། དེ་ལ་ཐོད་པའི་རྒྱན་ལ་སོགས་པས་བརྒྱན་ནས་གོང་དུ་གསུངས་པའི་ཕྱག་རྒྱ་བཅས་ཏེ་འཇུག་པར་བྱའོ། །དེ་ནས་བདག་ཉིད་ཁྲོ་བོའི་ཚོགས་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དབང་མནོས་ནས་གནང་བ་ཐོབ་པར་གྱུར་པ་དང༌། ཐོད་པའི་ཕྱག་རྒྱ་བཅས་པས་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བདག་ཉིད་ཁྲོ་བོ་རྡོ་རྗེ་མེའི་ཉི་མར་བསམས་ལ་སྙིང་གར་ཧཱུཾ་བསམ་ཞིང༌། དེ་ལས་གྱུར་པའི་ཐུགས་ཀའི་རྡོ་རྗེ་དང་གཉིས་སུ་མེད་པར་བྱས་ལ་དག་པར་གྱུར་པའི་རྣལ་འབྱོར་བྱའོ། །དེ་ནས་སྒོ་རྣམས་སུ་ལྕགས་ཀྱུ་ལ་སོགས་པའི་རྣལ་འབྱོར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ཏེ་ཨརྒྷས་མཆོད་ནས། སློབ་མ་ལ་དམ་ཚིག་གི་ཚིགས་སུ་བཅད་པ་སྔར་གསུངས་པ་རྣམས་བསྒྲག་པར་བྱའོ། །དེའི་རྗེས་ལ་བདག་ཉིད་སྔར་གྱི་རྣལ་འབྱོར་དང་ལྡན་པས་སློབ་མ་ལ་དབང་བསྐུར་བར་བྱ་བ་ནི། དེ་ནས་སློབ་མ་བསྡུས་ནས་ནི། །ལག་ན་རིན་ཆེན་ཐོགས་ཏེ་གཞུག །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་རཱཀྵ་སི་ཕཊ། ཨོཾ་བཛྲ་ཀྲོ་དྷཱ་ན་ལཱརྐ་སྤུ་ར་པྲ་ཏཱིཙྪ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཨི་ཀྵེ་ཧཱུཾ་པཱ་ཤ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་པི་པ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་རིད་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། འདིས་དབང་བསྐུར་ལ་དེ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་པ་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པ་གསུངས་པ་སྟེ། དེ་ལ་སློབ་
མ་རས་ལ་སོགས་པས་མིག་བཀབ་ལ། རིན་པོ་ཆེ་ལ་སོགས་པ་ཐོགས་སུ་བཅུག་སྟེ། སྡིག་པ་བཤགས་པ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བྱས་ནས་སྔགས་དང་བོས་ནི་གཞུག་པར་བྱའོ། །གཉིས་པས་ནི་བརྟན་པར་བྱའོ། །གསུམ་པས་ནི་མེ་ཏོག་དོར་བར་བྱའོ། །བཞི་པས་ནི་མིག་དབྱེ་བར་བྱའོ། །ལྔ་པས་ནི་ཐོད་པའི་ཁྲག་ལ་ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཨ་མྲྀ་ཏོད་བྷ་བ་ཧཱུཾ་ཞེས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་དམ་ཚིག་གི་ཆུ་བླུད་བར་བྱའོ། །དྲུག་པས་ནི་དམ་ཚིག་བསྒྲག་པའི་སྔགས་སོ། །བདུན་པས་ནི་དབང་བསྐུར་བ་སྟེ་ཁྲོ་བོ་འཁོར་ལོས་སྒྱུར་བའི་ཕྱག་རྒྱས་སློབ་མའི་སྤྱི་བོ་ནས་དབང་བསྐུར་བར་བྱ་སྟེ། དེ་ནས་བུམ་པ་ལྔ་ལ་ཁྲོ་བོ་ལྔའི་རྣལ་འབྱོར་གྱིས། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷཱ་ན་ལཱ་རྐ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་པཱ་ཎི་ཧཱུཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་ཨཱ་ལོ་ཀ་ཀ་ར་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ་ཕཊ། ཨོཾ་བཛྲ་རཏྣ་ཏྲཱཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་དྷ་རྨ་ཀ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཕཊ། ཨོཾ་བཛྲ་པདྨ་ཧྲཱིཿ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་ནཱ་ཤ་ན་ཀ་ལ་ཤ་ཨ་བྷི་ཥིཉྩ་ཕཊ། ཨོཾ་བི་ཤྭ་ཀརྨ་ཨཿ་བཛྲ་ཀྲོ་དྷ་ཀྲི་དྷ་བནྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཕཊ། ཅེས་པ་ལ་སོགས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །དེ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་པ་ནི་གོང་དུ་གསུངས་པའི་ཕྲེང་བ་ལ་སོགས་པའི་དབང་ཡོངས་སུ་རྫོགས་པར་བསྐུར་བར་བྱ་བ་དང་དེའི་རྗེས་ལ་ཐོད་པ་དང་རྡོ་རྗེ་རལ་གྲི་གསུམ་གྱིས་ཁྲོ་བོའི་དམ་ཚིག་ལ་གནས་པར་དབང་བསྐུར་བར་བྱ་བ་ཉིད་དོ། །དེ་ནས་སློབ་མ་བདུད་རྩི་རྣམ་པ་ལྔ་ཟ་རུ་གཞུག་གོ །དེ་ནས་དེ་དག་གི་སྒྲུབ་པ་བཤད་དེ། བདག་ཉིད་ཁྲོ་བོར་སྙོམས་ཞུགས་ནས། །དེ་ཡི་སྙིང་གར་ཉི་མ་བསྒོམ། །རང་གི་ཆོས་ཀྱི་ཡི་གེ་ལས། །ཁྲོས་པས་ཡང་དང་ཡང་སྤྲོ་ཞིང༌། །དེ་ཉིད་གཅིག་ཏུ་བསྒོམ་པར་བྱ། །དེ་ནས་འགྲུབ་འགྱུར་གཞན་དུ་མིན། །ཞེས་གསུངས་པ་ནི་དེ་དག་སྒྲུབ་པ་གསུངས་པ་སྟེ། དེ་ལ་རང་གི་སྙིང་གར་བྷཱུཾ་ལས་འཁོར་ལོ་རྩིབས་བཅུ་གཉིས་བ་
མེའི་ཕུང་པོ་ལྟ་བུར་བསམ་པར་བྱའོ། །དེའི་རྩིབས་རྣམས་ལ་ཁྲོ་བོའི་ཚོགས་རྣམས་སྤྲོས་ནས་གནས་པར་བྱ་བ་དེ་དག་དུས་ཀྱི་སྲིན་མོ་ལ་སོགས་པའི་ཁྲོ་མོ་བཞིས་མཆོད་པའི་ཁྱད་པར་གྱིས་མཆོད་ཅིང་དེ་དག་གི་སྙིང་གར་ཡང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཐུགས་ཀྱི་ཡི་གེ་རྣམས་བསམ་ལ་དེ་དག་ཐབས་དང་ཤེས་རབ་ཏུ་ལྡན་པའི་ཡིག་འབྲུ་གཉིས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ཁྱབ་པར་བྱའོ། །དེ་ཉིད་སླར་འདུས་པ་ལས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེའི་བདག་ཉིད་གྱུར་པར་བྱས་པ་ལས། རྣམ་པར་རྟོག་པ་ཐམས་ཅད་སྲེག་པ་བདུད་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་འཇོམས་པའི་མེའི་ཕུང་པོ་ཆེན་པོ་རང་བཞིན་གྱིས་འོད་གསལ་ཞིང་འཇིགས་པའི་ང་རོ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་རྩེ་གཅིག་པར་གནས་པར་བྱ་སྟེ། དེས་ནི་ཁྲོ་བོའི་རྒྱལ་པོ་རྣམས་ངེས་པ་ཉིད་དུ་འགྲུབ་པར་གྱུར་པ་ཉིད་དོ། །ཁྲོ་བོའི་རྒྱལ་པོ་ལས་དངོས་སུ། །གསོད་པ་ཡིན་པར་བཤད་མོད་ཀྱི། །ཞི་བ་དང་ནི་དབང་དང་རྒྱས། །འགྲུབ་འགྱུར་གཞན་དུ་གདོན་མི་ཟ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་ལ། །གདུག་པའི་སེམས་ཅན་འཛིན་བྱེད་ཅིང༌། །མདོར་ན་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། །བླ་མེད་ཐབས་ཀྱིས་མཛེས་པར་བྱེད། །ཁྲོས་ནས་སྙིང་ལས་བྱུང་འགྱུར་བས། །གསད་པའི་ལས་ལ་བསམ་པར་བྱ། །ཁྲོས་པར་གྱུར་བས་ཞེ་སྡང་ཁམས། །ཤ་དང་ཁྲག་རྣམས་འཇིབ་བྱེད་ཅིང༌། །དེ་དག་འཚེ་བ་འཕྲོག་བྱེད་པར། །བསམས་ན་ངེས་པར་བརླག་པར་འགྱུར། །ཞེས་གསུངས་པ་ནི་ལས་ཀྱི་ཆོ་ག་རྣམས་གསུངས་པ་སྟེ། དེ་ལ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཕྲིན་ལས་སུ་གསོད་པར་བྱེད་པ་ཡིན་ཡང༌། །དེ་ཉིད་ལ་མངོན་པར་བརྩོན་པའི་གང་ཟག་རྣམས་ཀྱིས་བདེ་བར་གཤེགས་པའི་སྤྲུལ་པ་ཡིན་པའི་ཕྱིར་ཁ་དོག་དང་རྣལ་འབྱོར་གྱི་བྱེ་བྲག་གིས་ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པ་ངེས་པར་འགྲུབ་པར་གསུངས་སོ། །རྡོ་རྗེ་སེམས་དཔའི་
ཏིང་འཛིན་གནས། །ཞེས་པ་ནས། བསམས་ན་ངེས་པར་བརླག་པར་འགྱུར། །ཞེས་པའི་བར་ནི་འདི་ལྟར་དྲག་པོའི་ལས་ལ་སྦྱོར་བ་གསུངས་པ་སྟེ། དེ་ལ་བདག་ཉིད་རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཁྲོ་བོ་བསམས་ནས་གོང་དུ་བཤད་པའི་ཁྲོ་བོའི་དཀྱིལ་འཁོར་སྤྲོས་ཏེ་གང་ལ་བྱ་བའི་བསྒྲུབ་བྱ་ཏིང་ངེ་འཛིན་གྱིས་བཀུག་ལ། དེའི་སྙིང་གར་ཁྲོ་བོའི་དཀྱིལ་འཁོར་སྤྲོས་པས་དེའི་ཤ་དང་ཁྲག་དང༌། རུས་པ་དང༌། སྲོག་རྣམས་གསོལ་བར་བསམས་པ་སྟེ། དེ་ཡང་སྔ་མ་ལ་དེའི་གཟུགས་བརྙན་བྱས་ལ་སྙིང་གར་ཡིག་འབྲུ་བཀོད་ནས་མ་དུ་ལུང་གའི་ཁུ་བས་བསྒོས་ནས་བདག་ཉིད་ཀྱི་སྙིང་པོའི་སྔགས་དང་དེའི་མིང་དུ་བཅས་པ་བཟླ་ཞིང༌། ཡུན་རིང་བར་གཞིབས་པ་ནི་ཐབས་བླ་ན་མེད་པ་ཞེས་བྱའོ། །དེ་ལྟར་བྱས་པ་ལས་གདོན་དང་རིམས་དང་དུག་དང་དགྲ་ལ་སོགས་པ་ཐམས་ཅད་ངེས་པར་ཟླ་བའམ་ཞག་གི་གྲངས་ཀྱིས་བརླག་པར་འགྱུར་བར་ནི་ངེས་པའོ། །ཁྲོ་བོ་འཇིག་རྟེན་གསུམ་སྣང་མཛད། །ཟླ་བ་འདྲ་བའི་དགེ་བསམ་ཞིང༌། །འོད་ཟེར་འབྱུང་བ་མང་པོ་ཡིས། །དེ་ཡི་ལུས་ལ་དགང་བྱས་ཏེ། །རིམས་དང་གདོན་དང་དུག་ལ་སོགས། །འོད་ཟེར་དེས་ནི་ཕྱུང་ནས་ཀྱང༌། །དེ་ཡི་ནད་སོགས་གནོད་པ་རྣམས། །ཞི་བར་བྱ་ཕྱིར་རིང་དུ་དོར། །དེ་ནས་ཧཱུཾ་གི་ཚོགས་བཞག་ལ། །རྡོ་རྗེ་ལྟ་བུར་ལུས་བསམས་ཤིང༌། །ཧ་ཡིས་འཁོར་ལོ་གོ་ཆ་བྱ།། འོད་ཟེར་ཆུ་ཡི་དབང་བསྐུར་ན། །དེ་ནི་ངེས་པར་བདེ་བར་འགྱུར། །ཞེས་གསུངས་པ་ནི་ཞི་བར་བྱ་བའི་ལས་གསུངས་པ་སྟེ། དེ་ལ་དང་པོར་བདག་ཉིད་ཁྲོ་བོ་ཁམས་གསུམ་སྣང་བྱེད་ཁ་དོག་དཀར་པོ་ལ་བཞིན་རྒྱས་པའི་གཟུགས་སུ་བསམས་ནས། དེའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ལས་འོད་ཟེར་དཀར་པོའི་ཕྲེང་བ་སྤྲོས་ལ་དེའི་རྩེ་མོ་ལ་ཧཱུཾ་བལྟས་ཏེ། དེས་གང་ལ་བྱ་བའི་ཕྱིར་ལུས་ལ་ཁྱབ་བར་དགབ་པར་བྱའོ། །དེ་ནས་འོད་ཟེར་དེས་ནད་དང་གདོན་ལ་སོགས་པ་བླངས་ནས་དཔག་ཚད་ལ་
སོགས་པའི་སར་དོར་བར་བྱ་ཞིང༌། དེའི་མིང་ནས་སྨོས་ལ་སྔགས་ཀྱི་སྙིང་པོ་ཞི་བའི་ཚིག་དང་ལྡན་པ་འབུམ་ལ་སོགས་པར་བྱས་པ་ན་དེའི་ལུས་ལ་གནོད་པ་དང་བྲལ་ཞིང་བདེ་བའི་ལུས་སུ་འགྱུར་བ་ཉིད་དོ། །དེ་ནས་ཕྱིས་མི་འཇུག་པར་བྱ་བའི་ཕྱིར། དེའི་སྙིང་གར་ཧཱུཾ་རབ་ཏུ་གནས་པར་བྱས་ལ་དེ་ལས་དེའི་ལུས་རྡོ་རྗེ་ལྟ་བུར་བསམ་པར་བྱ་ཞིང༌། ཧ་ན་ཧ་ན་ཞེས་པའི་ཡི་གེའི་ཕྲེང་བ་ལ་ཡང་དང་ཡང་དུ་བཏགས་པས་དེའི་ལུས་ལ་བསྐོན་པར་བྱ་བ་དང༌། དེ་ནས་ཧཱུཾ་ལས་སྤྲོས་པའི་ཁྲོ་བོའི་བུམ་པ་བདུད་རྩིས་གང་བ་ལྔས་ཁྲོ་བོའི་གཟུགས་སུ་དབང་བསྐུར་བར་བྱ་སྟེ། དེས་ནི་ཇི་སྲིད་འཚོའི་བར་དུ་བདེ་བ་དང་ལྡན་པར་འགྱུར་བ་ཉིད་དོ། །དབང་དུ་བྱ་བ་ནི་ཁྲོ་བོ་ཁམས་གསུམ་གནོད་བྱེད་ཀྱི་ཏིང་ངེ་འཛིན་གྱི་ལྕགས་ཀྱུ་ལྟ་བུའི་འོད་ཟེར་དམར་པོས་བསྒྲུབ་བྱའི་སྙིང་ལ་སྤྲོས་པས་དྲང་བར་བྱ་བ་དང༌། རྒྱས་པ་ལ་ནི་ཁྲོ་བོ་ཁམས་གསུམ་འཇིག་བྱེད་ཀྱི་ཏིང་ངེ་འཛིན་གྱིས་འོད་ཟེར་སེར་པོ་རིན་པོ་ཆེ་ལྟ་བུ་སྤྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་འབྱོར་པ་ཐམས་ཅད་བླངས་ཏེ་དེའི་ལོངས་སྤྱོད་དུ་ཐིམ་པར་བྱ་བ་ཉིད་དེ་དེ་དག་གིས་ནི་ཁྲོ་བོའི་ཕྲིན་ལས་རྫོགས་པར་འགྱུར་རོ། །དེ་ནས་རྡོ་རྫེ་འཛིན་རྒྱལ་པོས། །སྦྱིན་སྲེག་ཡོངས་སུ་རྫོགས་བྱའི་ཕྱིར། །ལས་རྣམས་བཞི་ཡི་སྦྱིན་སྲེག་བཤད། །ཞི་བའི་ཐབ་ཁུང་གསུམ་ནི་ལེགས་བྱས་ལ། །ཟླ་བ་རྒྱས་པའི་འོད་ཟེར་འཕྲོ་འདྲ་ལ། །ཁྲུ་གང་ཙམ་མམ་ཡང་ན་ཁྲུ་དོ་པ། །མི་ཡི་རྒྱལ་མཆོག་རྣམས་ཀྱི་ཉིས་འགྱུར་ཚད། །དེ་དག་རིམ་པར་ལེགས་ཤིང་མཛེས་བྱས་ལ། །ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་གསུངས་པ་སྟེ། དེ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གོང་དུ་གསུངས་པའི་སྦྱིན་སྲེག་ནི་ཚེ་འདས་པའི་ཆེད་དུ་གསུངས་ལ། འདི་ནི་འཚོ་བ་ད་ལྟ་བ་ལ་ཐུན་མོང་དུ་གསུངས་པར་ཤེས་པར་བྱའོ། །དེ་ལ་དང་པོར་ཞི་བའི་ཐབ་ཁུང་རབ་འབྲིང་ཐ་མ་གསུམ་ནི་ཁྲུ་གང་བ་དང་དོ་པ་དང་བཞི་པར་བྱ་བ་སྟེ། དེ་ཡང་རིགས་ཀྱི་བྱེ་བྲག་གིས་མཚོན་པ་ནི་རྒྱལ་རིགས་ལ་
སོགས་པ་ལ་སྦྱར་རོ། །དེ་ཤིན་ཏུ་ལེགས་ཤིང་མཛེས་པར་བྱ་བ་ནི་ཟུར་ལ་སོགས་པ་ཁ་དོག་གི་ཁྱད་པར་གྱིས་ལེགས་པར་བྱ་བ་ཉིད་དོ། །འཁོར་ལོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི། །དབུས་སུ་རྡོ་རྗེ་རྩེ་ལྔར་གྱུར་བ་ཅིག །འོད་ཟེར་དཀར་པོའི་ཕྲེང་བའི་གཟི་ཅན་ལ། །ཕྱག་རྒྱའི་ཚོགས་རྣམས་ཐམས་ཅད་བྲི་བྱ་སྟེ། །བྱམས་པ་ལ་སོགས་ཕྱག་མཚན་ཟུར་བཞིར་བྲི། །རྒྱལ་པོ་བཞི་ཡི་ཇི་བཞིན་ཕྱག་མཚན་དང༌། །ཕྱོགས་ཀྱི་བདག་པོ་དེ་བཞིན་ཕྱོགས་བྲི། །ཁྱབ་འཇུག་ལ་སོགས་ལྷ་ཆེན་ཕྱག་རྒྱ་རྣམས། །འཁོར་ལོ་ལྟ་བུ་ཉིད་དུ་བྲི་བར་བྱ། །ཞེས་གསུངས་པ་ནི་ཕྱག་རྒྱའི་ཚོགས་བྲི་བ་གསུངས་ཏེ། དེ་ལ་ཐབ་ཁུང་གི་དབུས་སུ་འཁོར་ལོ་རྩིབས་བཅུ་དྲུག་པ་དཀར་པོ་བྲིས་ནས། དེའི་དབུས་སུ་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ཟླ་བའི་སྟེང་དུ་བྲི་བར་བྱའོ། །དེ་བཞིན་དུ་འཁོར་ལོའི་རྩིབས་ལ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་དང༌། དེའི་མུ་རན་གྱི་ཕྱི་རོལ་དུ་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་ལ་བྱམས་པ་ལ་སོགས་པ་བཅུ་དྲུག་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་མོ་བཅུ་དྲུག་གི་ཕྱག་རྒྱ་བྲིའོ། །དེའི་ཕྱི་རོལ་དུ་འཁོར་ལོ་དྲུག་ཅུ་རྩ་བཞི་པ་ལ་རྒྱལ་པོ་ཆེན་པོ་བཞི་དང་ལྷ་ཆེན་པོ་བཞི་ཆུང་མ་དང་བཅས་པ་དང༌། ཕྱོགས་སྐྱོང་བཅུ་དང༌། གཟའ་ཆེན་པོ་བརྒྱད་དང༌། ཀླུ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་ཕྱག་རྒྱ་རྣམས་བྲི་བར་བྱ་བ་ཉིད་དོ། །དྲི་ཞིམ་ཆུས་བཀང་ཁ་དོག་དཀར་བསྒྱུར་ལ། །དཀར་པོས་ལེགས་པར་དཀྲིས་པའི་བུམ་པ་བརྒྱད། །དཀར་གསུམ་གང་བའི་གཏོར་མ་ལྷ་བཤོས་དང༌། །བདུག་པ་མར་མེ་མེ་ཏོག་རྣམས་ཀྱང་གཞག །མཆོད་པར་བྱ་བའི་ཕྱིར་ནི་བླ་རེ་དང༌། །གདུགས་དང་རྒྱལ་མཚན་རྔ་ཡབ་ལ་སོགས་གཞག །ཅེས་གསུངས་པ་ནི་མཆོད་པའི་ཡོ་བྱད་གསུངས་པ་སྟེ་དེ་ལ་བུམ་པ་ཁ་དོག་དཀར་པོ་ལ་གོས་དཀར་པོས་དཀྲིས་པ་བརྒྱད་གཞག་པ་དང༌། ཞོ་དང་མར་དང་འོ་མ་ལ་
སོགས་པས་སྦྱར་བའི་ལྷ་བཤོས་དང༌། གཏོར་མ་འབྱོར་ཚད་དུ་གཞག་པ་དང༌། གདུགས་དང་བླ་རེ་ལ་སོགས་པ་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་སྤོས་དང་མེ་ཏོག་ལ་སོགས་པ་འཇིག་རྟེན་པའི་ལོངས་སྤྱོད་ཅི་འབྱོར་པ་གཞག་པར་བྱ་བ་ཉིད་དོ། །ནང་རེ་ག་བུར་དྲི་ཞིམ་སྣ་ཚོགས་དང༌། །ཙནྡན་ལ་སོགས་བྱུག་པས་ལུས་བྱུགས་ལ། །ཁ་ནི་ཤར་ཕྱོགས་བལྟས་ཏེ་སྦྱིན་སྲེག་བྱ། །དེ་བཞིན་གཤེགས་པའི་གདན་ལ་འདུག་བྱའམ། །ཡང་ན་རྣལ་འབྱོར་ལྡན་པས་སེམས་དཔའི་གདན་འདུག་སྟེ། །གོས་དང་ཕྲེང་མཆོག་དཀར་པོས་བརྒྱན་པར་བྱ། །ཞེས་གསུངས་པ་ནི་བདག་ཉིད་ཕུན་སུམ་ཚོགས་པ་གསུངས་པ་སྟེ། དེ་ལ་སྦྱིན་སྲེག་འབུམ་མ་ཐེམ་གྱི་བར་དུ་ནང་པར་རེ་རེ་ག་བུར་ལ་སོགས་པས་ལུས་བྱུགས་པ་དང༌། གོང་དུ་བསྟན་པའི་རྣལ་འབྱོར་ཕུན་སུམ་ཚོགས་པར་བྱ་བ་ཉིད་དོ། །དེ་བཞིན་གཤེགས་པའི་གདན་ལ་འདུག་པ་དང༌། །ཞེས་པ་ལ་སོགས་པ་འདུག་པ་ནི་སེང་གེའི་ཁྲིའི་སྟེང་ངམ་ཡང་ན་རྣལ་འབྱོར་གྱིས་པདྨ་འདབ་མ་བཅུ་དྲུག་པ་བསམས་པ་ལ་འདུག་པར་བྱ་བ་ཉིད་དོ། །མར་དང་འོ་མ་སྦྲང་རྩི་དང༌། །ནས་ཀྱི་ཐུག་པ་ལ་སོགས་དང༌། །ཏིལ་དང་མར་དང་ཁ་ར་དང༌། །ཡུངས་ཀར་དང་ནི་འབྲས་ཡོས་དང༌། །འབྲས་ཆན་ནས་དང་གྲོ་རྣམས་དང༌། །མེ་ཏོག་ཤིན་ཏུ་དྲི་ཞིམ་རྣམས། །ག་བུར་དང་ནི་བསྲེས་ནས་ཀྱང༌། །ཙནྡན་དཀར་པོས་བསྒོས་པ་དང༌། །འདབ་བདུན་མེ་ཏོག་འབྲས་བུར་བཅས། །ཞོ་དང་ལྡན་པའི་ཡམ་ཤིང་ནི། །དེ་དག་ཁུང་བུའི་ཁྱད་པར་ལས། །རང་གི་སོར་གྱིས་གཞལ་བྱ་བ། །ཉི་ཤུ་རྩ་བཞི་ཡན་ཆད་མཆོག །སོར་མོ་བཅུ་དྲུག་བར་མ་སྟེ། །ཐ་མ་བཅུ་གཉིས་ཉིད་དུ་བཤད། །ཤིན་ཏུ་ཆུང་ན་སོར་བརྒྱད་དེ། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བསྐུས་པར་ཤེས་པར་བྱ། །ཞེས་གསུངས་པ་སྟེ། སྲེག་རྫས་རྣམས་གསུངས་པ་སྟེ། །དེ་ལ་སྲེག་པའི་རྫས་གོང་དུ་སྨོས་པའི་ ཚུལ་གྱིས་མར་དང ༌། སྦྲང་རྩི་དང༌། ནས་ཀྱི་ཐུག་པ་ཞོ་དང་
སྦྱར་བ་དང༌། ཏིལ་དཀར་པོ་དང༌། ཡུངས་ཀར་དཀར་པོ་དང༌། མེ་ཏོག་དཀར་པོ་དང༌། ལ་དུ་བ་དང༌། མངར་གསུམ་དང༌། འབྲས་ཡོས་ལ་སོགས་པ་དང་ག་བུར་དང་ཙནྡན་གྱིས་བསྒོས་པ་གཞག་པར་བྱ་བ་དང༌། ཡམ་ཤིང་ནི་མེ་སྤོར་བར་བྱེད་པ་སྟེ་དེ་བ་ད་རུའམ་ཁ་དོག་དཀར་ཞིང་འོ་མ་དང་ལྡན་པ་རྣམས་ལ་ཁུང་བུ་རབ་ལ་ནི་སོར་ཉི་ཤུ་རྩ་བཞི་དང༌། འབྲིང་ལ་ནི་བཅུ་དྲུག་དང༌། ཐ་མ་ལ་ནི་བཅུ་གཉིས་དང་བརྒྱད་དུ་བྱ་བ་སྟེ། དེ་ལས་ཐུང་བ་ནི་རྣལ་འབྱོར་གྱི་རྫས་སུ་རུང་བ་མ་ཡིན་ནོ། །དེ་དག་ཀྱང་དབྱིབས་ནི་རྩེ་མོ་རལ་གྲི་ལྟར་བྱས་ལ་རྩ་བཟླུམ་པོར་བྱ་བ་ཉིད་དོ། །བུད་ཤིང་ནི་ཀ་མ་ལ་སོགས་པ་ཁ་དོག་དཀར་ཞིང་འོ་མ་དང་འབྲས་བུར་ལྡན་པ་ལ་ག་བུར་ལ་སོགས་བས་བསྒྲེ་བར་བྱས་བས་ཟླུམ་པོ་ཉིད་དུ་བརྩིག་པར་བྱའོ། །བུད་ཤིང་དེ་ལས་བྱུང་བའི་མེ། །སྦར་ནས་དྲི་ཆུས་གཏོར་ནས་ནི། །པདྨ་དཀར་པོ་ཞལ་འདྲ་དགེ །པདྨ་ནོར་བུ་རིལ་བ་ཐོགས། །ལག་པ་གཟའ་སྐར་མཆོག་ཐོགས་པ། །པདྨ་དཀར་པོའི་གདན་སྟེང་འདུག །དེ་ལྟའི་མེ་ལྷ་བཀུག་ནས་ཀྱང༌། །ཨརྒྷ་བླངས་ཏེ་དབུལ་བར་བྱ། །ཞེས་གསུངས་པ་ནི་ལས་ཀྱི་མེ་ལྷ་སྤྱན་དྲང་བ་སྟེ། དེ་ལ་དང་པོར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་ལས་ཀྱི་མེ་སྦར་བར་བྱ་བའི་ཕྱིར་ལས་ཀྱི་མེ་ལྷ་དྲང་སྲོང་ཆེན་པོ་ཁ་དོག་དཀར་དམར་དུ་འདུག་པ། ཞི་བའི་ཆ་ལུགས་ཅན་ལག་པ་བཞི་པ་ལ་གཡས་པ་གཉིས་ན་གཟར་བུ་དང་པདྨའི་སྟེང་ན་རིན་པོ་ཆེ་ཐོགས་པ། གཡོན་པ་གཉིས་ཀྱིས་རིལ་པ་སྤྱི་བླུགས་དང༌། བགྲང་ཕྲེང་ཐོགས་པ། ར་སྐྱེས་ཀྱི་སྟེང་ན་པདྨ་དཀར་པོའི་གདན་ལ་བཞུགས་བ་སྤྱན་དྲངས་ལ་ཨརྒྷ་ཕུལ་ནས་མེ་སྦར་ནས་ཤར་ལྷོ་མཚམས་སུ་བཞུགས་སུ་གསོལ་བར་བྱའོ། །དེ་ནས་ཟླ་རྒྱས་དཀར་པོ་ལ། །བཞུགས་པའི་འགྲོ་ཕན་སྤྱན་དྲངས་ཏེ། །པདྨའི་སྟེང་དུ་ཤར་ཕྱོགས་སུ། །བསམས་ཏེ་བརྟན་པར་བཞུགས་པར་བྱ། །ཞེས་པ་ནི་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་བ་གསུངས་
བ་སྟེ། དེ་ཡང་རང་གི་ས་བོན་ལས་འོད་ཟེར་སྤྲོས་པས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་པདྨའི་སྟེང་ན་ཟླ་བའི་གདན་ལ་བཞུགས་པ་སྐུ་མདོག་དཀར་པོ་དང་ཕྱག་མཚན་གོང་དུ་གསུངས་པ་སྤྱན་དྲངས་ནས་ཤར་ཕྱོགས་སུ་བཞུགས་པར་བསམ་པ་ཉིད་དོ། །དེ་ལྟར་བསམས་ནས་དེ་ནས་ནི། །བསྒྲུབ་བྱ་རྟག་ཏུ་མདུན་བཞག་སྟེ། །དེ་ཡི་ཉེས་པ་དྲངས་ནས་ནི། །ཤིན་ཏུ་བསྲིངས་ཏེ་སྤར་བར་བྱ། །ནང་པར་སྔར་ནི་མཚན་བྱས་ནས། །དྲི་ཞིམ་ཆུ་ཡིས་ལུས་བྱུགས་ལ། །བདུད་རྩི་བཞིན་བསམས་སྦྱིན་སྲེག་བྱ། །ཞེས་བ་ནི་རྣལ་འབྱོར་བ་གསུངས་ཏེ། དེ་ལ་གང་གི་བསྒྲུབ་པར་བྱ་བ་དེ་མདུན་དུ་དམིགས་པ་དེའི་ཉེས་པ་ནད་ལ་སོགས་པ་ཏིང་ངེ་འཛིན་གྱིས་མེའི་ནང་དུ་བཅུག་སྟེ། ཨོཾ་ཨགྷ་ཡེ་ཞེས་པ་དང༌། ཨོཾ་ཏི་བི་ཤཱཀྱ་བུདྡྷ་སི་ཞེས་པ་ལ་སོགས་པའི་སྔགས་ཀྱིས་མར་ཁུ་བླུགས་ཏེ་མེ་སྦར་བར་བྱ་བ་ཉིད་དོ། །ནང་པར་སྔར་ནི་གཙང་བྱས་ལ། །ཞེས་པ་ནི་སྦྱིན་སྲེག་གི་སྐབས་སུ་ལུས་ཁྲུས་བྱས་ལ་དྲི་ཡིས་ལུས་བྱུགས་ནས། རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབས་ནས་བསྲེག་པར་བྱ་བ་ཉིད་དོ། །དམ་ཚིག་འདི་ནི་ལས་ཀྱི་མཆོག །ལྷ་རྫས་བདུད་རྩི་བྲོ་ལྔ་འདིས། །དང་པོར་མེ་ལྷ་བརྟག་བྱས་ལ། །ཁྲོ་བོ་དེ་ནི་དེ་ལུས་སུ། །སྤྱན་དྲངས་ནས་ནི་བཞུགས་པར་བཤམ། །དེ་ནས་དང་བོར་ཁྲོ་བོ་ལ། །བསྲེག་བྱ་ལན་གསུམ་དབུལ་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་གསུམ། །དེ་ནས་མེ་ལྷ་ཉིད་ལ་གསུམ། །དེ་ནས་རྡོ་རྗེ་སེམས་དཔའ་ལ། །དེ་ནས་ལྷ་རྣམས་རེ་རེ་ལ། །ཕུལ་ཏེ་བགེགས་ལའང་དེ་བཞིན་འགྱུར། །ལྷ་རྣམས་ཡིད་འོང་མཛེས་པ་ཡིས། །རྣམ་པར་དག་པས་སྦྱིན་སྲེག་བྱ། །ཞེས་གསུངས་པ་ནི་གོང་མ་ལ་སྙེགས་ཤིང་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ནས་དང་པོར་ཁྲོ་བོ་ཡི། །སྔགས་ཀྱིས་ཡམ་ཤིང་སྦྱིན་སྲེག་བྱ། །དེ་ནས་གཅིག་ཏུ་བསྲེས་ནས་ནི། །བདུད་རྩིའི་སྔགས་ཀྱིས་བཏབ་ནས་ཀྱང༌། །དེ་བཞིན་སྦྱིན་སྲེག་དེ་འོག་ཏུ། །བརྒྱ་སྟོང་རྙེད་དམ་ཡང་ན་ནི།
བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཁྲོ་བོ་ཉིད་ལ་དབུལ་བར་བྱ། །ཞེས་གསུངས་པ་ནི་འདིར་ཕོ་ཉ་ལས་ཀྱི་སྦྱིན་སྲེག་གསུངས་པ་སྟེ། དེ་ལ་ཁྲོ་བོ་ཆེན་པོ་མེའི་ནང་དུ་བཞུགས་སུ་གསོལ་ཏེ་ཞལ་བསིལ་ལ་སོགས་པས་མཆོད་ནས། རྫས་ལྷག་མ་རྣམས་གཅིག་ཏུ་བསྲེས་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སྔགས་ཀྱིས་བདུད་རྩིར་བྱས་ནས་འབུམ་མམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཁྲོ་བོའི་སྔགས་ཀྱིས་དབུལ་བར་བྱས་ཏེ། དེ་ནི་ཁྲོ་བོས་བསྒྲུབ་པར་བྱ་བའི་ཉེས་པ་རྣམས་མྱུར་དུ་སེལ་བར་བྱེད་པའི་ཕྱིར་སྦྱིན་སྲེག་བྱ་བ་ཉིད་དོ། །དེ་ནས་ལུས་ལ་དབང་བསྐུར་ཞིང༌། །མཉམ་པར་གཞག་པས་བསྲུངས་ནས་ཀྱང༌། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་སུ་གསོལ། །འདིས་ནི་ཞི་བའི་ལས་རྣམས་བྱ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ནི་ཡོ་བྱད་རྫོགས་པའི་ཆོ་ག་གསུངས་པ་སྟེ་དེ་ལ་ཕྱིས་ཉེས་པས་མི་གོས་པའི་ཕྱིར་བསྒྲུབ་བྱའི་ལུས་བུམ་པའི་ཆུས་དབང་བསྐུར་བར་བྱ་སྟེ། བདེ་བར་གཤེགས་པ་ལྔའི་སྔགས་དང་ཕྱག་རྒྱས་གནས་ཇི་ལྟ་བ་བཞིན་དུ་བསྲུང་བར་བྱ་བ་ཉིད་དོ། །དེ་ནས་མཆོད་པའི་ཡོ་བྱད་ལྔས་ལེགས་པར་མཆོད་ནས་རོལ་མོ་རྣམ་པ་མང་པོ་དང༌། ཏིང་ངེ་འཛིན་གྱིས་ལྷ་ཐམས་ཅད་ལ་བཟོད་པར་གསོལ་ཏེ། གཤེགས་སུ་གསོལ་བ་བྱས་ནས་འགྲོ་བའི་དོན་མཛད་པར་ཞུ་བ་གསོལ་བར་བྱ་བ་ཉིད་དོ། །དེས་ནི་ཞི་བའི་ལས་ཐེ་ཚོམ་མི་ཟ་བར་འགྲུབ་པར་འགྱུར་བ་ཉིད་དོ། །གལ་ཏེ་དེ་ཡི་སྡིག་ལ་སོགས། །སེམས་ཀྱིས་མཉམ་པར་མ་བཞག་པས། །དེ་ཚེ་དངོས་གྲུབ་མ་གྱུར་ན། །སྟོང་པ་ཉིད་དུ་རྣམ་བསྒོམས་ལ། །དེ་ནས་དེ་བཞིན་ལས་བྱས་ན། །གདོན་མི་ཟ་བར་དངོས་གྲུབ་འགྱུར། །ཞེས་གསུངས་པ་ནི་ཕྱིས་བསྐྱར་བའི་ཆོ་ག་གསུངས་པ་སྟེ་དེ་ལ་གང་དག་སྡིག་པའམ་ནད་ལ་སོགས་པ་ཞི་བར་མ་གྱུར་པ་ན་ཕྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་པས་ལྷའི་སྐུར་བསྐྱེད་དེ། སྔ་མ་ཇི་
ལྟ་བ་བཞིན་དུ་ཞི་བའི་ལས་བྱས་པར་འགྱུར་ན་ལན་གཉིས་པའི་སྟོབས་ཀྱིས་ངེས་པ་ཉིད་དུ་འགྲུབ་པར་འགྱུར་བ་ཉིད་དོ། །དེ་དག་གིས་ཞི་བའི་སྦྱིན་སྲེག་རྫོགས་པའོ། །འབྲས་བུར་ལྡན་པའི་ནགས་ཚལ་ལམ། །ཡང་ན་སྐྱེད་མོ་ཚལ་མཆོག་གམ། །རྒྱལ་རིགས་ཁྱིམ་དུ་རྒྱས་པ་ནི། །དགའ་བའི་སེམས་ཀྱིས་བྱ་བ་སྟེ། །ཁྲུ་དོ་ཡང་ན་ཁྲུ་བཞི་འམ། དེ་ལྟར་མཆོག་ནི་ཁྲུ་བརྒྱད་དེ། །ཐབ་ཁུང་ལེགས་པར་བརྐོས་ནས་ནི། །རྒྱས་པའི་ལས་ནི་བྱ་བ་སྟེ། །དཀྱིལ་འཁོར་སྟེགས་བུ་བརྩིག་བྱ་བ། །ཆུང་དུ་ལ་ནི་ཁྲུ་བརྒྱད་དེ། །བར་མ་ལ་ནི་བཅུ་གཉིས་ཉིད། །མཆོག་ལ་བཅུ་དྲུག་ཡང་ན་ནི། །ཉི་ཤུ་རྩ་བཞིར་ཤེས་པར་བྱ། །མུ་ཁྱུད་སོར་བརྒྱད་བཅུ་དྲུག་གམ། །སུམ་ཅུ་གཉིས་སུ་བྱ་བ་ཡིན། །ཞེས་གསུངས་པ་ནི་རྒྱས་པའི་སྦྱིན་སྲེག་གསུངས་ཏེ། དེ་ལ་གོང་དུ་གསུངས་པའི་གནས་ཇི་ལྟ་བ་རྣམས་སུ་སྟེགས་བུ་ཐ་མ་ནི་ཁྲུ་བརྒྱད་པ་བརྩིག་པ་དང༌། བར་མ་ནི་བཅུ་གཉིས་བརྩིག་པ་དང༌། རབ་ལ་ནི་བཅུ་དྲུག་གམ་ཉི་ཤུ་རྩ་བཞིར་བརྩིགས་ནས་དེ་ཇི་ལྟ་བ་བཞིན་དུ་ཐབ་ཁྲུ་དོ་པ་དང༌། བཞི་པ་དང༌། བརྒྱད་པ་ཟུར་བཞི་པའམ། རིན་པོ་ཆེ་ལྟ་བུ་ཟུར་ལྔ་པའམ། བརྒྱད་པར་བྱས་ལ་ཟབས་སུ་ནི་ཕྱེད་བརྐོ་བར་བྱ་ཞིང༌། དེའི་ཕྱི་རོལ་གྱི་སྟེང་དུ་མུ་ཁྱུད་སོར་བརྒྱད་པ་དང༌། བཅུ་དྲུག་པ་དང་སུམ་ཅུ་རྩ་གཉིས་པ་ནི་གོང་དུ་གསུངས་པའི་རབ་འབྲིང་ལ་སྦྱར་ཏེ་བྱ་བ་ཉིད་དོ། །ཕྱི་ཡི་དཀྱིལ་འཁོར་དེ་ཡི་ཕྱེད། །པདྨ་སྣ་ཚོགས་བརྒྱན་པར་བྱ། །དཀྱིལ་འཁོར་དབུས་སུ་རིན་ཆེན་དང༌། །པདྨ་སྣ་ཚོགས་གཞག་པར་བྱ། །དེ་ཡི་དབུས་སུ་བསྒོ་བ་ནི། །ལེགས་པར་བལྟས་ཏེ་ཕྱེད་ཀྱི་ཚད། །ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །ཡང་ན་དཔལ་སྟེར་རིན་ཆེན་འདྲ། །མདོར་ན་འཇིམ་པ་སེར་པོ་ཡིས། །ཁུང་མཆོག་དེ་ནི་བསྒོ་བར་བྱ། །ཞེས་གསུངས་པ་ནི་དཀྱིལ་འཁོར་བྲི་བར་གསུངས་པ་སྟེ། དེ་ལ་དཀྱིལ་འཁོར་གྱི་ནང་དུ་ནི་པདྨའི་སྟེང་དུ་རིན་པོ་ཆེ་འབར་བ་འོད་ཟེར་པོ་དང་ལྡན་པ་བྲི་བར་བྱ་བ་དང༌། དེའི་མུ་རན་ལ་རིན་པོ་ཆེ་
པདྨའི་སྟེང་ན་འདུག་པ་པྲི་བར་བྱའོ། །དེའི་ཕྱི་རོལ་དུ་གྲུ་བཞི་པ་ལ་རིམ་པ་གསུམ་པ་ལ་ནི་བདེ་བར་གཤེགས་པ་སྲས་དང་འཁོར་དུ་བཅས་པ་ཕྱག་རྒྱའི་ཚོགས་རྣམས་ཚོན་དམར་སེར་གྱིས་ཡོངས་སུ་རྗོགས་པར་བྲི་ཞིང་དེའི་ཁུང་བུ་ནི་འཇིམ་པ་སེར་པོས་བསྐུ་བ་སྟེ་ལྷག་མ་ནི་གོང་དུ་བཤད་པ་ལ་སྙེགས་སོ། །གུར་གུམ་ལ་སོགས་བསྐུས་ནས་ཀྱང༌། །དེ་ཡི་དབུས་སུ་བྲི་བ་ནི། །ཚོན་མཆོག་སེར་པོ་ཉིད་ཀྱིས་ནི། །རིན་ཆེན་ཟུར་བརྒྱད་འབར་བ་བྲི། །དེ་ནས་ཚོན་ནི་དམར་སེར་གྱིས།། རིན་ཆེན་པདྨ་ལ་སོགས་པའི། །ཕྱག་རྒྱའི་དཀྱིལ་འཁོར་འཁོར་ཡུག་ཏུ། །གནས་པ་ཉིད་དུ་བྲི་བར་བྱ། །རིམ་གཉིས་སམ་ནི་རིམ་གསུམ་མམ། །ཡང་ན་རིམ་པ་བརྒྱད་ལྡན་པར། །དེར་ནི་སྒོ་བ་དེ་དག་སོགས། །ཕྱག་རྒྱའི་གཟུགས་སུ་བྲི་བར་བྱ། །ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །བུམ་པ་ཁ་དོག་གསེར་འདྲ་ཞིང༌། །དྲི་ཞིམ་ཆུ་ཡིས་བཀང་བ་ལ། །ཤིན་ཏུ་མཛེས་པ་བཅུ་གཉིས་སམ། །སུམ་ཅུ་གཉིས་སམ་བཅུ་དྲུག་སྟེ། །དཀྲི་བ་དར་ནི་སེར་པོ་ལ། །ཁ་རྒྱན་ཡལ་ག་མེ་ཏོག་ཅན། །དྲི་ཞིམ་མེ་ཏོག་བདུག་པ་དང༌། །ཕྲེང་བ་མར་མེ་རྣམས་དང་ནི། །རྒྱལ་མཚན་འཕན་ལ་སོགས་པ་དང༌། །བླ་རེ་གདུགས་རྣམས་སེར་པོས་བརྒྱན། །ཞེས་གསུངས་པ་ནི་འདིར་མཆོད་པའི་ཡོ་བྱད་གསུངས་པ་སྟེ། དེ་ལ་འདིར་རྒྱས་པའི་སྦྱིན་སྲེག་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་ཁ་དོག་སེར་པོས་བསྒོས་པ་དང༌། བཙོས་པ་རྣམས་ཀྱིས་བརྒྱན་པར་བྱ་བ་སྟེ། དེ་ལ་བུམ་པ་ནི་རྣམ་པར་རྒྱལ་བའི་བུམ་པ་མ་གཏོགས་པ་རྣམས་མཆོད་པའི་བུ་མ་པར་ཤེས་པར་བྱའོ། །བདག་ཉིད་གོས་དང་རྒྱན་རྣམས་དང༌། །མེ་ཏོག་ལ་སོགས་སེར་པོས་བརྒྱན། །བྱང་ཕྱོགས་ཁ་བལྟས་འདུག་ནས་ནི། །རིན་ཆེན་རྒྱལ་བོ་རྒྱས་མཛད་པ། །བཙོ་མ་གསེར་གྱི་མདོག་དང་འདྲ། །ཡིད་བཞིན་ནོར་བུ་རྒྱལ་མཚན་མ་ཆོག །ཡིད་ཀྱིས་རྣལ་འབྱོར་རྗེས་དྲན་པས། །ལས་འདི་དག་ཀྱང་བྱ་བར་བཤད། །ཅེས་
གསུངས་བ་ནི་བདག་དང་རྣལ་འབྱོར་ཕུན་སུམ་ཚོགས་པ་གསུངས་པ་སྟེ། དེ་ལ་བདག་ཉིད་གོང་དུ་སྨོས་པའི་རྒྱན་ཐམས་ཅད་གསེར་ལས་བྱས་པ་སྟེ་གོས་དང་མེ་ཏོག་ཕྲེང་བ་ཡང་རིགས་དང་རྗེས་སུ་མཐུན་པ་ལས། བདག་ཉིད་མངོན་པར་བྱང་ཆུབ་པ་ལྡས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དུ་བསྐྱེད་དེ། ཡིད་བཞིན་ནོར་བུ་རྒྱལ་མཚན་གྱིས། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་མཛད་པ་ནི་རྒྱས་པའི་ལས་ཀྱི་གཙོ་བོ་སྟེ། ལས་ནི་འདི་དག་བྱ་བར་བཤད། །ཅེས་བྱའོ། །དེ་བཞིན་ཉི་ཟླ་ཀུ་བེ་ར།། གནོད་སྦྱིན་སྡེ་དཔོན་ཛམྦྷ་ལ། །གསེར་གྱི་ཆར་ནི་རབ་འབེབས་ཤིང༌། །ཡིད་ཀྱི་འདོད་པ་སྐོང་མཛད་པ། །མདོར་ན་དེ་ཡི་འོད་ཟེར་གྱིས། །ངེས་པར་དབང་ནི་བསྐུར་བར་བསམ། །དེ་ནས་རྒྱལ་སྲིད་ཐོབ་པར་གསུངས། །ལུས་རྒྱས་པ་ལ་སྨོས་ཅི་དགོས། །ཞེས་གསུངས་པ་ནི་འདིར་འཚོ་བ་ད་ལྟར་བའི་ལས་གསུངས་པ་སྟེ་དེ་ལ་སློབ་མ་དབང་བསྐུར་བའི་དུས་སུ་དཔལ་དང་འབྱོར་པ་ཐམས་ཅད་སྟེར་བར་བྱེད་པ་ལྷའི་བུ་ཉི་མ་དང་ཟླ་བ་དང༌། རྣམ་ཐོས་སྲས་དང༌། ལྷ་མོ་ནོར་འཛིན་དང༌། ཛམྦྷ་ལ་རྣམས་གསེར་ལ་སོགས་པ་རིན་པོ་ཆེའི་ཆར་གྱིས་ལག་པར་འབེབས་པ་དང༌། དེ་དག་གི་འོད་ཟེར་གྱིས་དེའི་ལུས་ལ་དཔལ་དང་ལོངས་སྤྱོད་རྒྱས་པར་བྱེད་པ་སྒོམ་པ་ནི་མཐོང་བའི་ཆོས་འདི་ཉིད་ལ་རྒྱལ་སྲིད་ཀྱང་ཐོབ་པར་འགྱུར་ན། ལོངས་སྤྱོད་རྒྱས་པ་ལྟ་སྨོས་མི་དགོས་པ་ཉིད་དོ། །རྒྱས་པར་བྱེད་ཕྱིར་དེའི་མིང་ནས། །སྨོས་ཏེ་བརྒྱ་ཕྲག་བརྒྱ་རྩ་བརྒྱད། །ཡང་ན་དེ་བཞིན་སྟོང་ཕྲག་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཞེས་གསུངས་པ་ནི་དེ་བཞིན་གཤེགས་པའི་རྩ་བའི་སྔགས་ལ་ལས་ཀྱི་སྔགས་ཆེ་གེ་མོ་པུཥྚཾ་ཀུ་རུ་ཞེས་པ་བཏགས་ཏེ་གྲངས་གཉིས་པའི་ཚད་དུ་བཟླས་པར་བྱ་བ་ཉིད་དོ། །དེ་ནས་སྦྱིན་སྲེག་རབ་བྱས་ཏེ། །བྱང་ཕྱོགས་སུ་ནི་སེང་གེ་ཡི། །གདན་གྱི་སྟེང་ན་རིན་ཆེན་དང༌། །པདྨ་ཉི་ཟླའི་གདན་སྟེང་ན། །རྡོ་རྗེ་རིན་ཆེན་རིན་ཆེན་མཆོག །རིན་ཆེན་
དཔལ་དང་གཟི་བརྗིད་མཆོག །རྡོ་རྗེ་བཞད་དང་རྒྱལ་བ་ཡང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་ནས་ནི། །ཕྱག་ནི་མཆོད་སྦྱིན་གཞོལ་བ་དང༌། །རིན་ཆེན་ཆར་ཡང་འབེབས་བརྩོན་ཞིང༌། །འོད་ཟེར་སེར་འཕྲོ་ཐམས་ཅད་ཀྱིས། །དེ་ལ་ཤིན་ཏུ་ཁྱབ་བྱེད་བསམ། །ཞེས་གསུངས་པ་ནི་འདིར་ཡེ་ཤེས་ཀྱི་ཚོགས་རྒྱས་པར་བྱེད་པའི་སེམས་དཔའ་ཆེན་པོ་བཞི་ཡང་དག་པར་བསམས་ཏེ། དེ་ལ་རྒྱས་པའི་ལས་ཡིན་པས་ན་བྱང་ཕྱོགས་སུ་སེང་གེའི་གདན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ལ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེ་དག་གི་སྟེང་དུ་རྡོ་རྗེ་རིན་ཆེན་དང༌། རྒྱལ་མཚན་དང༌། གཟི་བརྗིད་དང༌། རྡོ་རྗེ་བཞད་པ་རྣམས་སྐུ་མདོག་སེར་པོར་སྣང་བ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡས་པ་མཆོག་སྦྱིན་པ་ལ། གཡོན་པ་དཔལ་དང་ལོངས་སྤྱོད་རྒྱས་པར་བྱེད་པའི་ནོར་བུ་རིན་པོ་ཆེ་བསྣམས་པས་སློབ་མ་ལ་རིན་པོ་ཆེའི་ཆར་འབེབས་ཤིང་དེ་དག་གི་འོད་ཟེར་གྱིས་ལུས་ལ་ཁྱབ་པར་བསམ་པ་ཁོ་ནའོ། །དུང་དང་པི་ཝང་ཅང་ཏེའུ་དང༌། །སིལ་སྙན་གླུ་དང་གར་མཆོག་གིས། །མདོར་ན་མཆོད་པ་བྱས་ནས་ཀྱང༌། །དེ་ཡི་འོག་ཏུ་ལས་བརྩམ་མོ། །ཞེས་པ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་མཆོད་པ་ཇི་ལྟ་བ་བཞིན་དུ་བྱས་ལ་གོང་དུ་བཤད་པའི་རིམ་པའི་སྦྱིན་སྲེག་བྱ་བའོ་ཞེས་པའོ། །ཁུང་བུའི་ཁྱད་པར་ཉིད་ལས་ཀྱང་ཡམ་ཤིང་བུད་ཤིང་ཁྱད་པར་དབྱེ། །མཛུབ་གང་ཁུ་ཚུར་བཅངས་ཁྲུ་གང༌། །ཆུང་དུ་ཉིད་དུ་བཤད་པ་ཡིན། །བར་མ་ཁྲུ་དོར་ཤེས་གསུངས་ཏེ། །ཁྲུ་བཞི་པ་ནི་མཆོག་ཡིན་པས། །ཤིང་ནི་མེ་ཏོག་འབྲས་བཅས་རིགས། །ཡ་ཐོག་མ་ཐོག་མར་ཁུ་གཞུག །འབྲུ་རྣམས་ཐམས་ཅད་འབྱོར་པ་དང༌། །མེ་ཏོག་འབྲས་བུ་སེར་པོར་ལྡན། །མར་དང་སྦྲང་རྩི་བསྲེས་པའམ། །ཕལ་ཆེར་དཔལ་གྱི་འབྲས་བུར་ལྡན། །ཞེས་གསུངས་པ་ནི། སྲེག་རྫས་ཡོངས་སུ་གསུངས་པ་སྟེ། དེ་ཡང་ཁུང་བུ་རབ་ལ་
སོགས་པའི་ཁྱད་པར་ལས་དང་བུད་ཤིང་ཁྱད་པར་བྱ་བ་དང༌། ཡམ་ཤིང་ནི་སོར་བརྒྱད་པ་དང༌། བརྒྱད་གཉིས་དང༌། ཉི་ཤུ་རྩ་བཞི་རྣམས་སུ་བྱ་བ་སྟེ། དེ་དག་ཉིད་བལ་པོ་སེའུ་ལ་སོགས་པ་འབྲས་བུ་དང་བཅས་པའི་ཤིང་ལས་བྱ་སྟེ་རྩེ་མོ་གཉིས་སྦྲང་རྩིར་སྨྱུགས་པ་དང༌། ཏིལ་ལ་སོགས་པའི་འབྲུ་དང་མེ་ཏོག་ལ་སོགས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཚོན་སེར་པོས་བསྒོ་བ་ཉིད་དོ། །མར་དང་སྦྲང་རྩི་བསྲེས་པའམ། །ཞེས་པ་ནི་དཔལ་དང་ཤིས་པ་བསྐྱེད་པའི་རྫས་མར་དང་སྦྲང་རྩི་བསྲེས་པའི་རི་ལུའམ། པ་ཏྲ་ཀའི་འབྲས་བུ་རྣམས་བསྲེས་པར་བྱ་བ་ཉིད་དུ་གསུངས་སོ། །མེ་ལྷ་གསེར་དང་འདྲ་བ་ལ། །ཕྱག་བཞི་པ་ནི་འདིར་དེ་བཞིན། །པདྨའི་གདན་བཞུགས་རྣམ་བརྒྱན་པ། །སྤྱན་དྲངས་ནས་ནི་སྦྱིན་སྲེག་བྱ། །ཞེས་པ་ནི་འདིར་ལས་སུ་བྱ་བའི་རྣལ་འབྱོར་གསུངས་པ་སྟེ། དེ་ལ་རང་གི་སྙིང་གའི་ས་བོན་ལས་ལས་ཀྱི་མེ་ལྷ་དྲང་སྲོང་ཆེན་པོ་སྐུ་མདོག་སེར་པོ་ལ་ཕྱག་བཞི་པ། ཕྱག་མཚན་གོང་དུ་སྨོས་པ་ཇི་ལྟ་བ་བཞིན་དུ་འཛིན་པ་ལུས་རྒྱས་པ་སྤྱན་དྲངས་ལ་སྦྱིན་སྲེག་བྱ་བ་ཉིད་དོ། །དེ་ཡི་ལུས་ལ་ཁྲོ་རྒྱལ་པོ། །གཟི་ཅན་ལེགས་པར་སྤྱན་དྲངས་ནས། །སྔོན་བཞིན་དྲན་བྱེད་དེ་བཞིན་དུ། །སྦྱིན་སྲེག་ཡོངས་སུ་བརྟག་བྱས་ཏེ། །འབུམ་མམ་ཉིས་འབུམ་ཙམ་གྱིས་ཀྱང༌། །དེ་ནི་ངེས་པར་རབ་ཏུ་འགྲུབ། །ཅེས་གསུངས་པ་ནི་ཡེ་ཤེས་ཀྱི་མེ་ལྷ་མཆོད་པ་གསུངས་པ་སྟེ། དེ་ལ་གོང་དུ་བཤད་པ་ལྟར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་སེར་བོ་གོང་དུ་གསུངས་པའི་ཆ་ལུགས་ཅན་སྤྱན་དྲངས་ལ་འགྲོ་བ་གང་དག་དྲན་པར་བྱས་ལ། དེའི་ཚེ་དང་འབྱོར་པ་རྒྱས་པར་བྱ་བའི་ཕྱིར། སྦྱིན་སྲེག་གྲངས་ཀྱི་ཚད་དུ་བྱ་བ་སྟེ། དེའི་ཚེ་དང་བསོད་ནམས་རྒྱས་པར་འགྱུར་བའི་དོན་ངེས་པར་འགྲུབ་པར་གསུངས་སོ། །འབུམ་ཕྲག་བརྒྱ་ནི་རྒྱལ་སྲིད་དམ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། །དེ་ནས་མཇུག་ཏུ་འོད་ཟེར་གྱིས། །དེ་ལ་དབང་བསྐུར་བསྲུང་བར་བྱ། །དེ་ནས་དེ་ནི་རྒྱལ་འགྱུར་ཏེ། །ཕྱག་ན་རྡོ་རྗེ་བཀའ་བཞིན་
ནོ། །ཞེས་གསུངས་པ་ནི་འདིར་དེ་ཉིད་ཀྱི་ཕན་ཡོན་ཡོངས་སུ་གསུངས་པ་སྟེ། དེ་ལ་འབུམ་ཕྲག་བརྒྱས་ནི་མཐོང་བའི་ཆོས་འདི་ཉིད་ལ་རྒྱལ་སྲིད་ཐོབ་པར་འགྱུར་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང་མཚུངས་པར་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །ཡང་འདིར་སྦྱིན་སྲེག་དེ་ཉིད་ཀྱི་ལས་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་རིན་ཆེན་ལ་སོགས་པའི་རྣལ་འབྱོར་གྱིས་དེ་ལ་དབང་བསྐུར་བ་དང་བགེགས་ལ་སོགས་པའི་གནོད་པ་ཉུང་བའི་ཕྱིར་གོ་ཆའི་བསྲུང་བ་བྱས་པས་ནི་དེ་ཡི་གནོད་པ་དང་བཀྲེན་པ་ཐམས་ཅད་ལས་རྒྱལ་བར་འགྱུར་བ་སྟེ། དེ་ཉིད་གོང་དུ་གསུངས་པ་དང་འབྲེལ་ཏོ། །དེ་དག་གིས་ནི་རྒྱས་པའི་སྦྱིན་སྲེག་ཡོངས་སུ་རྫོགས་པ་སྟེ། ད་ནི་དབང་གི་སྦྱིན་སྲེག་བསྟན་པའི་ཕྱིར། དབང་ནི་ཆགས་པའི་སེམས་དང་ནི། །ཆགས་པའི་ཏིང་ངེ་འཛིན་གྱིས་བྱ། །ཆགས་པ་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་ཆགས་པ་དེ་ལས་བྱུང༌། །ཁམས་གསུམ་ཆགས་པར་བྱེད་པའི་ཕྱིར། །པདྨ་སེམས་དཔའ་རྟག་ཏུ་ཆགས། །དེ་བས་འདིར་ནི་དེ་དག་གི །ལས་གྲུབ་པར་ནི་བཤད་པ་ཡིན། །ཞེས་གསུངས་པ་སྟེ། དེ་ལ་འདིར་བདག་ཉིད་འདོད་ཆགས་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་འོད་དཔག་མེད་དུ་ཡང་དག་པར་བསྐྱེད་དེ། དེ་གང་ལ་ཆགས་པའི་སེམས་ཆེན་པོ་དང་འདོད་པ་དབང་དུ་བྱེད་པའི་ཏིང་ངེ་འཛིན་གྱིས་བྱ་བ་སྟེ། དེ་ཉིད་འདིར་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་པོ་ཐམས་ཅད་ཆགས་པར་བྱ་བའི་ཕྱིར་པདྨ་རིགས་ཀྱི་བཅོམ་ལྡན་འདས་རྟག་ཏུ་ཆགས་པ་ཆེན་པོར་བཞུགས་པ་སྟེ། དེའི་ཕྱིར་དེའི་རྣལ་འབྱོར་གྱིས་དབང་གི་ལས་ཡོངས་སུ་འགྲུབ་པ་ཉིད་དོ། །ཆགས་དང་མཐུན་པའི་ས་ཕྱོགས་སམ། །ཆགས་པར་བྱེད་པའི་ཁྱིམ་དུ་ཤིས། །བཙོ་བླག་མཁན་ནམ་ཟླ་མཚན་འཛག །ཁྱིམ་དུ་ཆགས་པའི་ལས་རྣམས་བྱ། །ཡང་ན་རྡོ་རྗེ་ཆགས་གནས་སམ། །ཕྱག་ན་པདྨོའི་གནས་ཉིད་དམ། །རྟག་ཏུ་རྡོ་རྗེ་སེམས་དཔའི་གནས།།
བདེ་ཆེན་གྱི་ནི་གནས་ཉིད་དང༌། །པདྨ་ཨུཏྤལ་རྫིང་བུ་དང༌། །མེ་ཏོག་ཙནྡན་ཚལ་དང་ནི། །མེ་ཏོག་འབྲས་བུ་དམར་ཚལ་དང༌། །ཡིད་འོང་སེམས་ནི་ཆགས་བྱེད་པ། །ཞེས་གསུངས་པ་ནི་གནས་ཕུན་སུམ་ཚོགས་པ་བསྟན་པ་སྟེ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་དབང་གི་ལས་ལ་ཤིན་ཏུ་བསྔགས་པ་ཉིད་དེ་དེ་དག་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །འདིར་ནི་སྟེགས་བུ་ཁྲུ་བརྒྱད་དམ། །དེ་ལྟར་བཅུ་གཉིས་བཅུ་དྲུག་རྣམས། །བྱས་ནས་དེ་ཡི་དབུས་སུ་ཡང༌། །ཐབ་ཁུང་དཀྱིལ་འཁོར་བྱ་བ་ནི། །ཁྲུ་གང་ཡང་ན་ཁྲུ་དོའམ། །དེ་ལྟར་ཁྲུ་ནི་བཞི་པ་བྱ། །ཞེས་གསུངས་པ་ནི་སྟེགས་བུ་བརྩིག་པ་གསུངས་པ་སྟེ། དེ་ལ་རྒྱལ་པོ་ལ་སོགས་པའི་རིམ་པས་ཁྲུ་བཅུ་དྲུག་པ་དང་ཐབ་ཁུང་ཁྲུ་བཞི་པ་ལ་སོགས་པ་བྱ་བ་ཉིད་དོ། །དེ་ཉིད་ཀྱི་དབྱིབས་བསྟན་པའི་ཕྱིར། གཞུ་འདྲ་བའམ་པདྨོའམ། །ཡང་ན་རྡོ་རྗེ་འདྲ་བར་བྱ། །མདའ་འདྲ་ཟླ་བ་ཁམ་པ་འདྲ། །ཞེང་དུ་མཆུ་ཡི་ཕྱེད་ཀྱི་ཚད། །ཞིང་གི་ཕྱེད་ཀྱི་ཚད་ཙམ་དུ། །ཐབ་ཁུང་ཟབས་སུ་བརྐོ་བར་བྱ། །མུ་ཁྱུད་སོར་མོ་བཞི་པར་བྱ། །ཉིས་འགྱུར་པ་ནི་ཉིས་འགྱུར་ཏེ། །ཐ་མ་མཆོག་གི་ཁྱད་པར་ལས། །ཡམ་ཤིང་སོ་སོར་ངེས་པར་བྱ། །ཞེས་གསུངས་པ་སྟེ་དེ་ལ་གཞུ་བདུངས་པ་ལྟ་བུའམ། པདྨའི་འདབ་མ་འདྲ་བའམ། རྡོ་རྗེའི་རྩེ་མོ་ར་གཅིག་པ་ལྕགས་ཀྱུའི་རྣམ་པ་ལྟ་བུའམ། ཨུཏྤལའི་མདའ་སྒྲོ་དང་བཅས་པ་ལྟ་བུའམ། ཟླ་བ་ཁམ་པ་ལྟ་བུ་ལ་ཞེང་དཀྱུས་ཀྱི་ཕྱེད་དང་ཟབས་སུ་ཞེང་གི་ཕྱེད་བསྐོར་བར་བྱ་སྟེ་མུ་ཁྱུད་ཕྱི་དང་ནང་གཉིས་སུ་སོར་བརྒྱད་དུ་བྱས་ལ་རབ་འབྲིང་གསུམ་གྱི་བྱེ་བྲག་གིས་ཡམ་ཤིང་སོར་བརྒྱད་པ་ལ་སོགས་པར་བྱ་བ་ཉིད་དོ། །ཡང་ན་ཡམ་ཤིང་བསྲེག་ཤིང་ནི། །ཞི་བའི་ཚད་དུ་གསུངས་པ་སྟེ། །ཤིན་ཏུ་དམར་བའི་ཙནྡན་ནམ། །ཡང་ན་ཤིང་དམར་གཞན་ཡང་རུང༌། །མེ་ཏོག་འབྲས་བུ་དམར་པོའམ། །བཙག་དང་ཙནྡན་རྒྱ་སྐྱེགས་སོགས། །ལེ་བརྒན་ཙི་དང་གུར་གུམ་གྱིས། །མདོར་ན་བུད་པའི་ཤིང་དང་ནི། །ཡམ་ཤིང་ལ་ཡང་བསྐུས་ནས་ཀྱང༌། །ཡུངས་ཀར་ཁ་དོག་དམར་པོ་
དང༌། །བཙག་དང་མཚལ་དང་དེ་བཞིན་དུ། །ཟངས་ཀྱི་ཕྱེ་དང་སྐེ་ཚེ་དང༌། །ཏིལ་དང་ལན་ཚྭ་སྐྱུར་རྩི་དང༌། །ལ་ཕུག་ཉུང་རྡོག་དེ་བཞིན་ཏེ། །ཁྲག་དང་རྡུལ་ནི་ཆེན་པོ་རྣམས། །བསྲེག་པའི་ཕྱིར་ནི་བསྡུས་ནས་ཀྱང༌། །སྔར་བཤད་འབྲས་བུ་ལ་སོགས་པའི། །ཁུ་བས་ཡང་ནས་ཡང་བསྐུས་ནས། །ཁྲོ་བོའི་སྔགས་ཀྱིས་བྱིན་བརླབས་ཏེ། །བ་དང་ར་ལས་བཞོས་པ་ཡི། །བཤིགས་མ་ཐག་པའི་མར་སར་དང༌། །མར་དང་ཏིལ་ནི་རྣམས་ཀྱིས་དགང༌། །ག་བུར་ལ་སོགས་བསྒོས་ནས་ཀྱང༌། །བདུད་རྩི་བཏབ་སྟེ་གཞག་པར་བྱ། །ཞེས་གསུངས་པ་ནི། འདིར་སྲེག་རྫས་གསུངས་པ་སྟེ། དེ་ལ་ཡང་ན་ཡམ་ཤིང་དང་བསྲེག་ཤིང་དག་ཞི་བའི་ཚད་དུ་བྱ་བ་དང༌། སྲེག་རྫས་བཅུ་གཅིག་པོ་རྒྱུད་གཞན་ནས་བསྔགས་པ་ཐམས་ཅད་ལ་བཙག་དང༌། ཙནྡན་དམར་པོ་དང་རྒྱ་སྐྱེགས་རྣམས་ཀྱིས་དམར་པོར་བསྒོས་པ་ལ་དེ་དག་ཐམས་ཅད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བཏབ་ནས་ཡོངས་སུ་བསྲུངས་ཏེ། དེའི་རྗེས་ལ་བདུད་རྩི་འབྱུང་གནས་ཀྱི་སྔགས་ཀྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་འགྲམ་དུ་གཞག་པར་བྱ་བ་ཉིད་དོ། །དེ་ནས་ཐབ་ཁུང་དམར་པོ་ནི། །བྱི་རུའི་སྡོང་པོ་འདྲ་བ་ལ། །བསྙམས་ནས་སྤོས་དམར་ལ་སོགས་དང༌། །གུར་གུམ་དམར་པོས་བྱུག་པར་བྱ། །དེ་ནས་ཁ་དོག་དམར་པོ་ཡིས། །སྟུག་པོ་ཉིད་དུ་བསྐུས་ནས་ནི། །གུར་གུམ་སེར་པོ་བསྲེས་པ་ཡི། །ཚོན་གྱིས་རི་མོ་བྲི་བ་ནི། །ཐབ་ཁུང་ནང་དུ་པདྨ་བྲི། །དེ་སྟེང་མདར་བཅས་གཞུ་བྲི་སྟེ། །རྟག་ཏུ་ཐབ་ཁུང་ཁོར་ཡུག་ནི། །པདྨ་ཉིད་ནི་བྲི་བར་བྱ། །གཞུ་ཡི་དབྱིབས་སུ་རྡོ་རྗེ་ཉིད། །འཁོར་ཡུག་ཏུ་ནི་གཞུ་ཡིན་ཏེ། །གཞུ་ཡི་ཕྱི་རོལ་པདྨ་ཉིད། །བྲིས་ནས་དེ་སྟེང་མདའ་ཡིན་ཏེ། །ལྕགས་ཀྱུ་མདའ་བཅས་གཞུ་ཡང་བྲི། །ཞེས་གསུངས་པ་ནི་དཀྱིལ་འཁོར་བྲི་བ་གསུངས་པ་སྟེ་དེ་ལ་ཐབ་ཁུང་བྱི་རུའི་སྡོང་པོ་ལྟ་བུར་ས་དམར་པོ་ལས་བྱས་ཏེ་རྣལ་འབྱོར་པ་མཉམ་པར་གཞག་པས་གུར་གུམ་མམ་རྒྱ་སྐྱེགས་ལ་སོགས་པའི་ཚོན་དམར་པོས་ཐབ་
ཁུང་སྟུག་པོ་ཉིད་དུ་བསྐུས་ནས་དེའི་སྟེང་དུ་གུར་གུམ་སེར་པོ་དང༌། ཙནྡན་དམར་པོ་བསྲེས་པས་བྲི་བར་བྱ་བ་ནི་ཐབ་ཁུང་གི་ནང་དུ་པདྨ་འདབ་མ་བརྒྱད་པ་བྲིའོ། །དེའི་ལྟེ་བ་ལ་མེ་ཏོག་གི་མདའ་ལྟོངས་པའི་གཞུ་བྲིས་ལ་གཞུའི་དཀྱིལ་མདའི་རྐེད་པར་རྡོ་རྗེ་རྩེ་གསུམ་བྲི་བར་བྱའོ། །དེ་ནས་ཐབ་ཁུང་ནང་གི་མུ་ཁྱུད་ལ་པདྨའི་ཕྲེང་བ་བྲིས་ནས་དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་གཞུ་བྲིས་ལ་དེའི་སྟེང་དུ་པདྨ་ཁ་འབུས་པ་གསུམ་བྲི་བའོ། །དེ་ཉིད་མདེའུར་བྱས་པའི་མདའ་དམར་པོ་གཞུ་ལ་ལྟོངས་པ་བྲི་བར་བྱའོ། །ད་ནི་ཕྱག་རྒྱའི་ཚོགས་དགོད་པ་བསྟན་པ་ནི། དེ་ཡི་ཕྱི་རོལ་རྡོ་རྗེ་དང༌། །ལྕགས་ཀྱུ་མདའ་བཅས་གཞུ་དང་ནི། །ལེགས་པའི་བློ་གྲོས་ཨུཏྤལ་བྲི། །ལྷོ་ཕྱོགས་རིན་ཆེན་གཟི་བརྗིད་དང༌། །རྒྱལ་མཚན་བཞད་པ་བཞུགས་པ་སྟེ། །པདྨ་རལ་གྲི་འཁོར་ལོ་དང༌། །གསུངས་པ་རྣམས་ནི་ནུབ་ཕྱོགས་བྲི། །ལས་རབ་གོ་ཆ་མཆེ་བ་དང༌། །མཚམས་སྦྱོར་རྣམས་ནི་བྱང་ཕྱོགས་བྲི། །གྲྭ་རྣམས་སུ་ནི་སྤོས་ལ་སོགས། །ཕྱག་རྒྱའི་གཟུགས་སུ་བྲི་བར་བྱ། །ཞེས་གསུངས་ཏེ་དེ་ལ་པདྨ་དམར་པོའི་ལྟེ་བ་ལ་གཞུའི་དབུས་སུ་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་བྲིས་ལ་དེ་ཉིད་འཁོར་ལོའི་དབུས་སུ་ཆུད་པར་འཁྲོ་ལོ་སེར་པོ་བྲིའོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་རྣམས་བྲི་བར་བྱའོ། །ཐབ་ཁུང་གི་ཕྱི་རོལ་དུ་ནི་འཁོར་ལོ་རྩིབས་བཅུ་དྲུག་པ་དམར་པོ་བྲིས་ལ། དེ་དག་གི་སྟེང་དུ་རིམ་པ་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པར་རྡོ་རྗེ་དང༌། །ལྕགས་ཀྱུ་དང༌། མདའ་གཞུ་དང༌། ཨུཏྤལ་རྣམས་བྲིའོ། །དེ་བཞིན་དུ་རིན་པོ་ཆེ་དང༌། ཉི་མ་དང༌། རྒྱལ་མཚན་དང༌། པདྨའི་འདབ་མ་ལྟ་བུའི་སྤྱན་དང༌། པདྨ་དང༌། རལ་གྲི་དང༌། འཁོར་ལོ་དང༌། པདྨའི་འདབ་མ་ལྟ་བུའི་ལྕེ་དང༌། སྣ་ཚོགས་རྡོ་རྗེ་དང༌། ཡ་ལད་དང༌། མཆེ་བ་དང༌། ཁུ་ཚུར་རྣམས་བྲི་བར་བྱའོ། །དེའི་ཟུར་བཞིར་ནི་ཅོད་པན་དང༌། ཕྲེང་བ་དང༌། པི་ཝང་དང༌། དར་དཔྱངས་དང༌། པོག་ཕོར་དང༌། མེ་ཏོག་དང༌། མར་མེ་དང༌། དུང་ཕོར་རྣམས་བྲི་
བར་བྱའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་ཅི་རིགས་པར་བྲི་བར་བྱ་བ་ཉིད་དོ། །དེ་ཉིད་དུ་བསྲེག་པའི་རྫས་ཇི་ལྟ་བུས་བྱ་སྙམ་པ་ལ། མེ་ཏོག་དམར་པོ་ལ་སོགས་པས། །ཤིན་ཏུ་སྔ་མ་བཞིན་མཆོད་དེ། །ཞེས་གསུངས་ཏེ་མེ་ཏོག་དམར་པོ་དང༌། འབྲས་བུ་དམར་པོ་དང༌། ཙནྡན་དམར་པོ་དང༌། ཏིལ་དམར་པོ་རྣམས་དང་གཞན་ཡང་རྫས་ཐམས་ཅད་ལ་རྒྱ་སྐྱེགས་ཁུ་བས་བསྒོས་པར་བྱས་པ་ཉིད་དོ། །རྣལ་འབྱོར་ཅི་ལྟ་བུས་བྱ་སྙམ་པ་ལ། དཔལ་ལྡན་གོས་དང་ཕྲེང་བ་དང༌། །དམར་པོའི་དྲིས་ནི་བསྐུས་ནས་ཀྱང༌། །རྟག་ཏུ་ཐུབ་པ་ནུབ་བལྟས་ལ། །དམར་ཐག་མ་ཆད་ལས་བྱས་ཏེ། །པདྨ་དམར་པོའི་གདན་བསམས་ལ། །རབ་ཆགས་ཕྱག་ན་པདྨ་བསྣམས། །གཡོན་དུ་རྡོ་རྗེ་ཆགས་པ་ལ། །གཡས་སུ་བདེ་བ་ཆེན་པོ་སྟེ། །དེ་བཞིན་བསམས་ནས་དེ་དབུས་སུ། །ཆུ་སྲིན་རྒྱལ་མཚན་འཛིན་པ་གཞག །རྡོ་རྗེ་གཞུ་དང་གཡོན་འགྱིངས་མ། །མེ་ཏོག་དམར་པོས་རབ་བརྒྱན་ལ། །དྲི་དམར་སོགས་ཀྱིས་མཆོད་པར་བྱ། །ཞེས་གསུངས་ཏེ། དེ་ལ་བདག་གོང་དུ་བསྟན་པ་ལྟར་གོས་དམར་པོ་ལ་སོགས་པས་བརྒྱན་ནས་ཉི་མ་ནུབ་ཀར་ཁ་ནུབ་ཏུ་བལྟས་ཏེ་བཅོམ་ལྡན་འདས་འོད་དཔག་མེད་པདྨའི་གདན་ལ་བཞུགས་པར་བསམས་ཏེ། དེའི་གཡས་ཕྱོགས་སུ་བདེ་བ་ཆེན་པོ་ཀུན་དུ་བཟང་པོ། གཡོན་ཕྱོགས་སུ་སྤྱན་རས་གཟིགས་དབང་ཕྱུག་གོ །ཀུན་དུ་བཟང་པོའི་གཡོན་དུ་ཡུམ་ཀུན་དུ་བཟང་མོ་འདོད་པ་ཐམས་ཅད་དབང་དུ་བྱེད་པ་ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་བསམ་མོ། །སྤྱན་རས་གཟིགས་ཀྱི་གཡོན་ཕྱོགས་སུ་སྒྲོལ་མ་འདོད་པའི་མངའ་གཞུ་འགེངས་པས་འགྲོ་བ་རྣམས་ཀྱི་སྙིང་ལ་འབིགས་པ་གཞག་པར་བྱ་བ་སྟེ་མེ་ཏོག་དམར་པོ་ལ་སོགས་པ་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་པར་བྱ་བ་ཉིད་དོ། །དེ་ཉིད་དུ་ཆགས་པ་ཆེན་པོའི་མེ་ལྷ་བཀུག་པ་ནི། །མདའ་དང་གཞུ་ཐོགས་དེ་བཞིན་དུ། །པདྨ་དམར་དང་དབྱུག་བསྣམས་པའི། །མེ་ཡི་ལྷ་ནི་བཀུག་ནས་ཀྱང༌།།
དེ་ཡི་དབུས་སུ་ཁྲོ་རྒྱལ་པོ། །ལེགས་པར་གཞུག་སྟེ་གཞག་པར་བྱ། །གསུངས་པ་སྟེ་འདི་ལྟར་རང་གི་ས་བོན་ལས་འོད་ཟེར་དམར་པོས་ལས་ཀྱི་མེ་ལྷ་ཁ་དོག་དམར་པོ་ཕྱག་གཡས་པ་དང་གཡོན་པའི་དང་པོ་གཉིས་ན་མདའ་དང་གཞུ་ཐོགས་པ་ཐ་མ་གཉིས་ན་པདྨ་དང་དབྱུག་པ་འཛིན་པ་བཀུག་སྟེ་གཞག་པར་བྱའོ། །དེའི་རྗེས་ལ་དམ་ཚིག་གི་མེ་ལྷ་ཁམས་གསུམ་རྣམ་པར་རྒྱལ་བ་སྤྱན་དྲངས་ནས་དེའི་ལུས་ལ་ཡང་དར་པར་བཅུག་སྟེ་སྦྱིན་སྲེག་གི་ལས་ཐམས་ཅད་བྱའོ་ཞེས་འདོད་དོ། །དེ་ཉིད་ཇི་ལྟ་བུས་གཞུག་པར་བྱ་བ་ནི། དེའི་ལུས་རྡོ་རྗེ་ལྕགས་ཀྱུ་དང༌། །ཞགས་པ་དགུག་གཞུག་བྱས་པ་ནི། །སྤྱི་བོ་ཞབས་ཀྱི་དྲུང་དུ་གཞག །དེ་ལྟར་བསམས་ཏེ་སྙོམས་ཞུགས་པས། །ལས་བྱ་བ་ནི་གང་ཡིན་པ། །དེས་ནི་ལྷ་ཡང་དབང་གྱུར་ན། །མི་དང་ལྷ་མིན་སྨོས་ཅི་དགོས། །ཞེས་གསུངས་ཏེ། དེ་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱས་ནས་བདག་ཉིད་ཀྱི་སྤྱི་པོས་ཕྱག་བཙལ་བར་བྱའོ། །གོང་དུ་གསུངས་པའི་རིམ་པ་དེ་དག་ནི་ལྷ་དང་མི་ལ་སོགས་པ་སྨོས་མི་དགོས་པར་འགྲུབ་པར་འགྱུར་བ་སྟེ་ཆོ་ག་རྒྱས་པ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཉིད་བསམ་པ་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར་ཆགས་པའི་སེམས་སུ་བྱས་ནས་ནི། དེ་ཡི་འོད་ཟེར་སྤྱི་བོར་དགང༌། །དེ་བསྲུངས་ནས་ནི་གཏང་བར་བྱ། །དེ་ནས་རྡོ་རྗེ་འདོད་པ་ཡིས། །ལྷ་རྣམས་མཆོད་དེ་གཤེགས་སུ་གསོལ། །དེ་ནས་སྲུང་བ་བྱས་ན་ནི། །རྡོ་རྗེ་འདོད་པས་རྟག་ཏུ་བཟླས། །ཞེས་གསུངས་ཏེ། དེ་ལ་བསྒྲུབ་བྱ་གང་ལ་ཆགས་པ་ཆེན་པོའི་སེམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པའི་འོད་ཟེར་སྤྱི་བོར་འདོད་པ་ཐམས་ཅད་དབང་དུ་བྱེད་པར་དབང་བསྐུར་བར་བྱའོ། །དེའི་རྗེས་ལ་རྡོ་རྗེའི་གོ་ཆས་གནས་ལྔར་སྲུང་བ་བྱས་ལ་གཏང་བར་བྱ་བ་དང་དེ་ཉིད་ཀྱི་ལས་ལ་ནི། ཨོཾ་བཛྲ་རཱ་ག་སརྦ་ཀརྨ་བ་ཤཾ་ཀུ་རུ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བཟླས་པར་བྱ་བ་སྟེ་བསྙེན་པ་དང་དབང་བསྐུར་བའི་སྐབས་སུ་ཤེས་པར་བྱ་བ་དང༌། དེ་ནས་རྡོ་རྗེ་འདོད་པའི་སངས་རྒྱས་ཐམས་ཅད་
འདོད་པ་ཆེན་པོའི་མཆོད་པས་རྒྱས་པར་བྱས་ཏེ་ཆགས་པ་ཆེན་པོའི་དོན་དུ་སླར་གཤེགས་སུ་གསོལ་བར་བྱ་བ་ཉིད་དེ། དེས་ནི་རྒྱལ་པོ་གཏུམ་པོའི་བྲན་བཞིན་དུ་འདོད་པ་ཐམས་ཅད་དབང་དུ་འགྱུར་བ་ཉིད་དོ། །དེ་དག་གིས་ནི་དབང་གི་ལས་བསྟན་ནས། ད་ནི་མངོན་སྤྱོད་ཀྱི་ལས་བསྟན་པར་བྱ་བའི་ཕྱིར། དུར་ཁྲོད་དག་དང་ཤན་པ་ཡི། །ཁྱིམ་དང་སྲིན་པོའི་གནས་རྣམས་སུ། །མངོན་སྤྱོད་ཀྱི་ནི་ལས་བྱ་བ། །ཐབ་ཁུང་ཐ་མ་བར་མ་མཆོག །ཕྱེད་དང་གསུམ་མ་མ་ཁྲུ་གསུམ་མམ། །ཁྲུ་དགུ་རུ་ནི་བྱས་པ་ལས། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །གྲུ་གསུམ་པའམ་མདུང་རྩེ་འདྲ། །ལྕགས་ཕྱེ་སོལ་ཕྱེ་དུག་གིས་ནི། །བསྐུས་པ་ཐབ་ཁུང་ནག་པོར་བྱ། །ཞེས་གསུངས་ཏེ། དེ་ལ་གོང་དུ་གསུངས་པའི་གནས་ཇི་ལྟ་བ་རྣམས་སུ་འདིར་གསུངས་པའི་ཐབ་ཁུང་གི་ཚད་ལ་ལྕགས་ཕྱེ་ལ་སོགས་པས་བསྐུས་པ་ནག་པོ་དང་རྩུབ་པར་བྱ་བ་ཉིད་དོ། །སྟེགས་བུ་དེ་ཡི་ཚད་བརྩིགས་ཏེ། །ཞེས་པ་ནི་ཐབ་ཁུང་ལས་མཚོན་པའི་ཚད་དེ། དེ་ལ་ཐབ་ཁུང་ལས་ཉིས་འགྱུར་དུ་སྟེགས་བུ་བརྩིག་པར་བྱ་བ་ཁོ་ནའོ། །དཀྱིལ་འཁོར་འདི་ལྟ་བུས་བྲི་བར་བྱ་བ་ཁོ་ན་ཞེས་བསྟན་པའི་ཕྱིར། དབུས་སུ་རྡོ་རྗེ་རྩེ་དགུ་པ། །ནག་པོ་ཤིན་ཏུ་འབར་བ་བྲི། །མུ་རན་སྟེང་དུ་རྩེ་གསུམ་དང༌། །རྒྱ་གྲམ་པ་ཡི་རྡོ་རྗེས་མཚན། །དེ་ཡི་ཕྱི་རོལ་མུ་ཁྱུད་ལ། །དབྱུག་པ་དང་ནི་དགྲ་སྟ་དང༌། །རལ་གྲི་ཤིན་ཏུ་འབར་བ་བྲི། །དེ་ཡི་ཕྱི་རོལ་ཀེང་རུས་ཏེ། །བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན། །ཞེས་གསུངས་པ་སྟེ། དེ་ལ་ཐབ་ཁུང་ནང་དུ་རྡོ་རྗེ་རྩེ་དགུ་པ་ཁ་དོག་ནག་པོ་གཅིག་བྲི་བར་བྱའོ། །དེའི་ཟུར་གསུམ་དུ་ནི་མཚོན་རྩེ་གསུམ་པ་གསུམ་བྲིའོ། །དེའི་ལོགས་གསུམ་ལ་ནི་རྡོ་རྗེ་རྒྱ་གྲམ་གསུམ་བྲིའོ། །དེའི་མུ་ཁྱུད་ནང་མ་ལ་ནི་དབྱུག་པ་དང༌། རྡོ་རྗེ་རྩེ་གསུམ་པ་དང༌། དགྲ་སྟ་རྣམས་སོ། །དེའི་མུ་ཁྱུད་ཀྱི་སྟེང་དུ་ནི་རལ་གྲི་དང་མེ་འོད་ནག་པོ་བྲི་བ་དང༌། དེའི་ཕྱི་རོལ་དུ་ནི་ཀེང་རུས་ཀྱི་སྟེང་དུ་རིམ་པ་གསུམ་མམ་བཞི་ལ་བདེ་བར་གཤེགས་པ་ལ་སོགས་པའི་ཕྱག་མཚན་རྣམས་རིམ་པ་དང་པོ་ལ་ལྔ་དང༌། གཉིས་པ་ལ་བཅུ་དྲུག་ལ་
སོགས་པ་བྲི་བར་བྱའོ་ཞེས་གསུངས་སོ། །མེ་ལྷ་འདི་ལྟ་བུ་བྱའོ་ཞེས་བསྟན་པའི་ཕྱིར། དུད་སྲིན་མདོག་འདྲ་དྲང་སྲོང་མཆོག །མི་རོའི་སྟེང་བཞུགས་རྩེ་གསུམ་དང༌། །གཟར་བུ་ཕྲེང་བ་རིལ་བར་ལྡན། །དེ་ལྟའི་མེ་ལྷ་སྤྱན་དྲངས་ནས། །ལྷོར་བལྟས་ཁྲོས་པའི་སེམས་ཀྱིས་བསྲེག །ཅེས་གསུངས་ཏེ། དེ་ལ་ལས་ཀྱི་མེ་ལྷ་ཁ་དོག་ནག་པོ་མི་རོ་ལ་ཞོན་པ་ཕྱག་བཞི་པ་རྩེ་གསུམ་པ་དང༌། གཟར་བུ་དང་རིལ་བ་ཐོགས་པ་སྤྱན་དྲང་བ་གཞན་དུ་བསྟན་པ་ལྟར་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པ་བཅུག་སྟེ། ཁྲོས་པ་དང་བཅས་པས་དེ་ཉིད་ཀྱི་རྣལ་འབྱོར་གྱིས་བསྲེག་པར་བྱའོ། །དེ་ཉིད་ཀྱི་རྒྱུ་འདི་ལྟ་བུས་བྱའོ་ཞེས་བསྟན་པའི་ཕྱིར། །ཤིན་ཏུ་གདུག་ཅིང་ཚེར་མར་བཅས། །བསྲེག་ཤིང་ཡམ་ཤིང་བྱས་ནས་ཀྱང༌། །ཤ་དང་ཁྲག་དང་ལྕགས་ཕྱེ་དང༌། །རུས་ཕྱེ་དུག་དང་སྐེ་ཚེ་དང༌། །དྲི་ཆེན་དྲི་ཆུ་ལ་སོགས་པའི།། རྫས་རྣམས་ཀུན་ལ་དུག་གིས་ནི། །བསྒོས་པས་ལན་གྲངས་གསུམ་བསྲེགས་ནས། །དེ་ཡི་ལོངས་སྤྱོད་འབྱོར་པ་དང༌། །གཉེན་དང་འཁོར་དང་བྲན་རྣམས་དང༌། །བུ་དང་ཆུང་མར་བཅས་པ་རྣམས། །སྤངས་ཏེ་སྲོག་དང་བྲལ་ནས་ནི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར། །ཞེས་གསུངས་ཏེ། དེ་ལ་ཤིན་ཏུ་གདུག་པའི་སེང་ལྡེང་ལ་སོགས་པ་ལ་བསྲེག་ཤིང་དང་ཡམ་ཤིང་བྱས་ལ། དེ་ཉིད་ཀྱི་བསྲེག་པའི་རྫས་ཤ་དང་ཁྲག་དང་རུས་ཕྱེ་དང༌། སེང་ལྡེང་གི་ཚེར་མ་དང༌། བཤང་བ་དང༌། གཅི་བ་དང༌། ཏིལ་ནག་པོ་ལ་སོགས་པའི་རྫས་ཐམས་ཅད་ལ་དུག་གིས་བསྐུས་ནས་ཉི་མ་ཕྱེད་ནས་ཁ་ཤར་ལྷོར་བལྟས་ཏེ་དེའི་མིང་རུས་དང་བསྲེས་ནས་བསྲེག་པར་བྱ་བ་ཉིད་དོ། །དེས་ནི་བསྒྲུབ་བྱ་གང་དག་འཇིག་རྟེན་གྱི་འབྱོར་པ་ཐམས་ཅད་དང་བྲལ་ནས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བ་ནི་ངེས་པར་ཤེས་པར་བྱ་སྟེ་དེ་དག་གིས་ནི་མངོན་སྤྱོད་ཀྱི་ལས་ཡོངས་སུ་རྫོགས་ནས། དེ་ལྟར་བཤད་པའི་རྒྱུད་ཡོངས་སུ་རྫོགས་ནས། ད་ནི་དེ་ཉིད་ཀྱི་སྟོན་པ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འཁོར་འདུས་པའི་ཚངས་པ་ལ་སོགས་པས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆེན་པོའི་སྒོ་ནས་
བསྟོད་པ་འདི་ལྟ་བུའོ་ཞེས་བསྟན་པའི་ཕྱིར། དེ་ནས་བརྒྱ་བྱིན་ཚངས་སོགས་ལྷ། །ཕྱག་འཚལ་ཡང་ནས་ཡང་དུ་ནི། །རིན་ཆེན་གདུགས་སོགས་མཆོག་གིས་ནི། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང༌། །ཕྱག་ན་རྡོ་རྗེ་རྒྱལ་སྤྱན་ལ། །དགའ་བའི་བསམ་པས་སྟོད་བྱེད་པ། །ཞེས་གསུངས་ཏེ་དེ་ལ་འདིར་ཚངས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོ་ཡོངས་སུ་རྫོགས་པར་མཛད་པའི་ཕྱིར་དྲིན་ཆེན་པོ་དེ་ཉིད་ལ་མཆོད་པའི་ཁྱད་པར་མཆོད་པ་ནི། རིན་པོ་ཆེའི་གདུགས་ལ་སོགས་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བདག་དང་གཞན་གྱི་མངོན་པར་མཆོད་ནས་འགྲོ་བ་རྣམས་ཀྱི་མུན་པ་བསལ་བའི་སྤྱན་གྱི་རྒྱལ་པོ་ཕྱག་ན་རྡོ་རྗེ་ལ་བསྟོད་པ་བྱའོ། །དེ་ཉིད་ཀྱི་བསྟོད་པ་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འདིར་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པ་བཞི་མཛད་པ་ཉིད་དེ། དེ་ལ་སངས་རྒྱས་ཀུན་པས་སྔར་སངས་རྒྱས་པ་ནི་ཐུགས་དེ་ཉིད་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་དེ། དེ་ཉིད་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ངག་གི་ཡུལ་ལས་འདས་པས་དམིགས་པ་ཉིད་དེ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་ཡང་ཡིན་ལ། རྒྱལ་པོ་ཡང་ཡིན་པ་དང༌། སྐུ་གསུམ་མངོན་པར་གསལ་བ་ཉིད་ཀྱི་ཕྱིར། རྡོ་རྗེ་རྡོ་རྗེ་འཛིན་རྒྱལ་པོ། །ཞེས་བྱ་བ་ལ་སོགས་པའི་ཤློ་ཀ་གཅིག་ཏུ་བསྡུས་སོ། །དེ་ཉིད་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་འབྱུང་བའི་ཕྱིར་རྡོ་རྗེ་ཡན་ལག་ཅེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་གཟི་བརྗིད་ཆེན་པོ་དང་ལྡན་པ་དང༌། རྣམ་པར་རྟོག་པ་འཇོམས་པའི་ཤུགས་དང་ལྡན་པ་དང། བདུད་ཀྱི་ཚོགས་འཇོམས་པའི་མཚོན་ཆ་དང་ལྡན་པ་ཉིད་དང༌། ཕྱག་རྒྱ་ཆེན་པོའི་གཟུགས་སུ་ཞུགས་པ་ཉིད་ཀྱིས། རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ཀྱིས་ཉོན་
མོངས་པ་ཐ་མ་འབིགས་པར་བྱེད་པ་དེ་ཉིད་དང༌། སྲིད་པའི་དྲ་བ་རབ་ཏུ་གཅོད་པ་ཉིད་དང༌། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་རྒྱ་མཚོ་ལྟ་བུར་མངའ་བ་ཉིད་དང༌། ཐབས་དང་ཤེས་རབ་ལས་བྱུང་བ་ཉིད་ཀྱིས། རྡོ་རྗེ་མངའ་སྟེ་རབ་འབིགས་པ། །ཞེས་པ་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །དེ་ཉིད་ཀྱི་སྤྲུལ་པའི་སྐུའི་སྒོ་ནས་བསྟོད་པ་ནི་སྤྲུལ་པའི་སྐུ་ཉིད་སྨོན་པ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་ཉིད་དང༌། ཕྱོགས་བཅུ་དུས་གསུམ་ཐམས་ཅད་དུ་འགྲོ་བ་རྣམས་ཀྱི་དོན་མཛད་པ་ཉིད་དང༌། སྣ་ཚོགས་པར་སྤྲུལ་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་བདུད་ཀྱི་ཚོགས་འཇོམས་ཤིང་ཡེ་ཤེས་སྐྱེད་པའི་རྒྱུར་འགྱུར་བ་ཉིད་ཀྱི་ཕྱིར། སངས་རྒྱས་བྱང་ཆུབ་རང་བྱུང་བ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །སྤྲུལ་པའི་སྐུ་དེ་ཉིད་ཀྱི་ཐབས་ཤེས་རབ་སྟོབས་ཀྱིས་འགྲོ་བའི་དོན་བྱེད་པ་ཉིད་དང༌། རིགས་ལྔའི་རྣམ་པར་དབྱེ་བ་ལས་སྲིད་པའི་དྲ་བ་འཇོམས་པ་དང༌། འཁོར་བའི་འཇིགས་པ་ཆེན་པོ་ལས་སྲུང་བ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་པདྨས་རྣམ་སྦྱོང་བ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །སྤྲུལ་པའི་སྐུ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དབང་དུ་བསྡུས་ནས་དོན་བྱེད་པ་ཉིད་དང༌། འཇིགས་པ་ཆེན་པོའི་གཟུགས་ཀྱིས་གདུལ་བར་དཀའ་བ་རྣམས་འདུལ་བ་ཉིད་དང༌། གནོད་པ་ཆེན་པོའི་རྣམ་པས་འཇིགས་པའི་གཟུགས་ཅན་འདུལ་བ་ཉིད་ཀྱི་ཕྱིར། རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །སྤྲུལ་པའི་སྐུ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཡོངས་སུ་འཛིན་པ་ཉིད་དང༌། སེམས་ཅན་རྣམས་ཀྱི་བདུད་དུ་གྱུར་པ་རྣམས་འཇིགས་པར་བྱེད་ཅིང་དེ་དག་ཉིད་དགའ་བར་བྱེད་པ་ཉིད་དང༌། འཇིགས་པར་བྱེད་པ་རྣམས་འཇིགས་པར་བྱེད་པ་ཉིད་དང༌། ཡོངས་སུ་སྒྲུབ་པ་ཉིད་ལ་དངོས་གྲུབ་ཀྱིས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར། རྡོ་རྗེ་གདོན་དེ་ཆེ་བའི་མཆོག །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །སྤྲུལ་པའི་སྐུ་དེ་ཉིད་ཀྱིས་
ལེགས་པ་ཆེན་པོ་འགྲོ་བ་རྣམས་དགའ་བར་མཛད་པ་ཉིད་དང༌། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཉིད་དང༌། དགའ་བ་ཆེན་པོ་ཉིད་དང༌། དེ་བཞིན་དུ་ཞི་བས་འདུལ་བའི་སེམས་ཅན་རྣམས་ལ་དགའ་བའི་བདག་ཉིད་ཀྱིས་དབང་དུ་བྱེད་པ་ཉིད་དང༌། སངས་རྒྱས་ཀྱི་འོད་ཟེར་སྟུག་པོ་ཀུན་གྱིས་མི་ཤིགས་པ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་ལེགས་པ་དགྱེས་མཛད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །སྤྲུལ་པའི་སྐུ་དེ་ཉིད་ཀྱིས་དམ་ཚིག་ཆེན་པོས་ནམ་མཁའ་དང་མཉམ་པར་ཐམས་ཅད་ཁྱབ་པ་ཉིད་དང༌། དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དང༌། རྡོ་རྗེ་རིན་པོ་ཆེའི་རྒྱུ་ལས་བྱུང་བས་དབང་བསྐུར་བ་ཉིད་དེ། རྡོ་རྗེ་རྒྱལ་མཚན་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དཔལ་དུ་གྱུར་པ་ཉིད་ཀྱི་ཕྱིར་དང་ནམ་མཁའ་དང་མཉམ་པ་སྟེ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །དེ་དག་གིས་ཐུགས་ལ་བསྟོད་པ་སྟེ་སྐུ་གསུམ་དང་ཕྲིན་ལས་རྣམ་པ་བཞི་ཡང་བསྡུས་སོ། །ད་ནི་གསུང་ལ་བསྟོད་པ་སྟེ། སྤྲུལ་པའི་སྐུ་དེ་ཉིད་ཀྱི་ཡེ་ཤེས་ལྔས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་བསྐྱེད་པ་ལས་སངས་རྒྱས་ཀྱི་གསུང་ཆེན་པོ་ཉིད་དང༌། དེ་ཉིད་ལ་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱིས་མཆོད་པ་ཉིད་དང༌། གདུག་ཅིང་སྐྲག་པར་བྱེད་པའི་ཡིག་འབྲུ་བཞི་འདོན་པ་ཉིད་དང༌། དེ་ཉིད་སྒྲ་ཆེན་པོས་གདུག་པ་རྣམས་ཀྱི་སྙིང་འཇོམས་པར་མཛད་པའི་ཕྱིར། རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །གསུང་དེ་ཉིད་ཀྱིས་ཆགས་པ་ཆེན་པོའི་སེམས་ཅན་གདུལ་བའི་ཆེད་དུ་འདོད་པ་ཆེན་པོའི་ཆོས་གསུང་པ་ཉིད་དང༌། ཆགས་པ་ཆེན་པོའི་སེམས་དེ་ཉིད་ཀྱིས་སྙིགས་མའི་དུས་ངན་གྱི་སེམས་ཅན་ཉོན་མོངས་པའི་དབང་དུ་གྱུར་པ་རྣམས་ཡོངས་སུ་སྦྱོང་བ་ཉིད་དང༌། དེ་ཉིད་ཀྱིས་རྣམ་པར་རྟོག་པའི་རྒྱུན་གཅོད་པ་ཉིད་དང༌། ནམ་མཁའི་གློག་ལྟ་བུར་མྱུར་ཞིང་གསལ་བའི་ལས་གསུང་པ་ཉིད་ཀྱི་ཕྱིར། རྡོ་རྗེ་འདོད་པ་འདོད་པ་ཆེ། །ཞེས་
པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །གསུང་དེ་ཉིད་ཀྱིས་གདུག་པའི་ཚོགས་སྲེག་པར་བྱེད་པའི་ཧཱུཾ་གི་སྒྲ་གྲག་པ་གསུང་བ་ཉིད་དང༌། དེ་ཉིད་ཀྱིས་མུན་པའི་ཚོགས་སྣང་བར་བྱེད་པ་ཉིད་དང༌། ཞལ་དེ་ལས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་འབར་བ་ཉིད་དང༌། ཞི་བ་དང་བྲལ་བའི་གསུང་གསུང་བ་ཉིད་ཀྱི་ཕྱིར། རྡོ་རྗེ་མེ་སྟེ་དྲག་པོའི་ཞལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །ད་ནི་སྐུའི་སྒོ་ནས་བསྟོད་པ་སྟེ། དེ་ལ་སངས་རྒྱས་ཀྱི་སྤྱན་མེ་མདའ་དང་འདྲ་བས་གདུག་པ་རྣམས་འཇིགས་པར་མཛད་པ་ཉིད་དང༌། ཞལ་ཁྲོ་གཉེར་སྣ་ཚོགས་སྟོན་པར་མཛད་པ་ཉིད་དང༌། ཕྱག་ན་རྡོ་རྗེ་རྩེ་དགུ་པ་ལས་སྤྲུལ་པའི་གཟུགས་ཀྱིས་མཚོན་ཆ་སྣ་ཚོགས་སྤྲུལ་པ་ཉིད་དང༌། ཞི་བ་ལ་སོགས་པའི་ཞལ་དང༌། དེ་དང་མཐུན་པའི་སྐུ་སྟོན་པ་ཉིད་ཀྱི་ཕྱིར་དང༌། དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་པ་ལ་རྒྱན་རབ་ཏུ་འཁྱིལ་པ་ཉིད་ཀྱི་ཕྱིར། སྤྱན་དམར་འཇིགས་པར་མཛད་པ་པོ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །བཅོམ་ལྡན་འདས་ཀྱི་དབུ་སྐྲ་དམར་སེར་རབ་ཏུ་འཁྱིལ་པ་ལ། ཆུན་འཁོར་ལ་སོགས་པའི་རྒྱན་རབ་ཏུ་འཁྱིལ་པ་ཉིད་དང༌། ཐུགས་ལས་སྤྲུལ་པའི་སྐུ་སྣ་ཚོགས་པའི་དོན་མཛད་པ་ཉིད་དང༌། གདུག་པ་རྣམས་འདུལ་བའི་ཕྱིར་ཁྲོ་བོ་ཆེན་པོ་ལ་སོགས་པའི་སྐུར་སྟོན་ཀྱང་ཐུགས་རྗེ་མཉམ་པ་ཉིད་ཀྱི་རྣམ་པར་རྟོག་པ་མ་ལུས་པར་སྤངས་པ་ཉིད་དང༌། མི་ཤེས་པའི་རབ་རིབ་འཇོམས་པ་ཉིད་ཀྱི་ཚངས་པ་ཆེན་པོའི་གཙུག་ཏོར་ལྟར་བཞུགས་པ་ཉིད་ཀྱི་ཕྱིར། འཁྱིལ་ཞིང་རྒྱན་ཡང་འཁྱིལ་པ་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །ཉོན་མོངས་པ་རྣམས་ཀྱི་རྩ་བར་གྱུར་པ་དང་འདོད་ཆགས་དང་ཞེ་སྡང་དང་དེ་དང་ཉེ་བའི་ཉོན་མོངས་པ་རྣམས་རབ་ཏུ་སྤངས་པ་ཉིད་དང༌། བརྒྱ་བྱིན་དང་ཚངས་པ་དང་ཁྱབ་འཇུག་དང་དྲག་པོ་རྣམས་འཇོམས་པར་མཛད་པ་ཉིད་དང༌། བཅོམ་ལྡན་འདས་དེ་ཉིད་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོས་ཆགས་ཤིང་ཉོན་མོངས་པའི་ཚོགས་འཇོམས་པར་མཛད་པ་ལ་ཐུགས་རང་
ཏུ་དྲག་པ་ཉིད་དེ། དེ་ཉིད་གདོད་མ་ནས་རྟོག་པ་དང་བྲལ་ཞིང་ཞི་བའི་ཕྱིར། འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །འཁོར་བ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་རྣམ་པར་སྦྱང་བ་ཉིད་དང༌། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་གནས་པ་ཉིད་དང༌། ས་བཅུའི་དབང་ཕྱུག་ཆེན་པོ་ཉིད་སངས་རྒྱས་ཡིན་ལ་དེ་ཉིད་ལ་རྡོ་རྗེ་འཛིན་པ་ཆེན་པོ་རང་གི་ངོ་བོར་བཞུགས་པ་ཉིད་དང༌། དེ་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྐུར་བཞུགས་པ་ཉིད་ཀྱི་ཕྱིར། སྲིད་དང་སྲིད་མིན་རྣམས་སྦྱོང་བ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །བཅོམ་ལྡན་འདས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལས་སྐྱེས་པ་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པ་ཉིད་དང༌། དེ་ཉིད་ཐུབ་པ་ཆེན་པོ་ཀུན་དུ་བཟང་པོའི་སྐུ་ཉིད་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པ་ཉིད་དང༌། རྡོ་རྗེ་འཛིན་པ་ཆེན་པོ་དྲི་མ་མ་ལུས་པ་ལས་རྣམ་པར་དག་པའི་ཕྱིར། རྡོ་རྗེ་ལས་སྐྱེས་རྡོ་རྗེ་སེམས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་བསྡུས་སོ། །དེ་ལྟར་ཚངས་པ་ལ་སོགས་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སྐུ་གསུམ་དང་སྐུ་གསུང་ཐུགས་དང༌། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་ཡང་དག་པར་བསྟོད་ནས། ད་ནི་བསྟོད་པའི་ཚིགས་དེ་ཉིད་ལ་མངོན་པར་སྦྱོར་བའི་ཕན་ཡོན་ཡོངས་སུ་བསྟན་པ་ནི། གང་གིས་འདི་བྲིས་བཀླགས་གྱུར་ཏམ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གང་བདག་གིས་བསྟོད་པ་འདི་ཉིད་ཉན་ཏམ། འཆང་ངམ། ཀློག་གམ། འདྲི་འམ། ཁ་ཏོན་དུ་འདོན་པ་ཡང་དག་པར་སྟོན་པ་ན་དེ་ཉིད་བཅོམ་ལྡན་འདས་ལ་རབ་ཏུ་དད་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་དངོས་གྲུབ་ཐོབ་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་འདྲ་བར་གྱུར་པ་ཁོ་ནའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ནི་འདི་ལྟར་ཚངས་པ་
ལ་སོགས་པས་བསྟོད་ནས་མཐར་ཐུག་པར་གྱུར་ཀྱང༌། བཅོམ་ལྡན་འདས་ཀྱིས་དུས་ཕྱི་མར་ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ཉིད་དོ། །བཤད་པའི་རྒྱུད་འདི་ཉིད་ཀྱིས་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ཡོངས་སུ་རྫོགས་པའི་མཐར་ཐུག་པར་གྱུར་པ་ནི་བརྒྱ་བྱིན་དང༌། ཚངས་པ་ལ་སོགས་ཞེས་པ་རྣམས་གསུངས་ཏེ། དེ་ལ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་འཁོར་དུ་འདུས་པ་ཐམས་ཅད་བཅོམ་ལྡན་འདས་རྣམ་པ་གསུམ་གྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ཉིད་དོ། །བདག་གིས་མཛེས་པའི་རྒྱན་མཆོག་བླ་ན་མེད། །དྲི་མེད་སྐྱོན་བྲལ་འགྲེལ་འདི་བྱས་པ་ལས། །བསོད་ནམས་དྲི་མེད་རྒྱ་ཆེན་གང་ཐོབ་དེས། །འགྲོ་ཀུན་རྡོ་རྗེ་འཛིན་པའི་གོ་འཕང་མྱུར་ཐོབ་ཤོག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འགྲེལ་པ་མཛེས་པའི་རྒྱན་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆའི་སློབ་མ་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། །། འགྲེལ་པ་འདི་ཡི་ཚད་གྱུར་པ། །ཚིགས་སུ་བཅད་པ་དྲུག་སྟོང་དང༌། །བཅུ་བཞི་དག་ནི་ཡོད་པ་སྟེ། །ཡི་གེ་མཁན་ལ་ཕན་ཕྱིར་རོ། །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱ་ཆེར་འགྲེལ་པ་འདི་དཔྱིད་ཟླ་ར་བའི་ཡར་གྱི་ངོའི་གཟའ་ཕུར་བུ་སྐར་མ་རྒྱལ་གྱི་ཉིན་པར་མཆོག་གི་རྗེ་བཙུན་རྒྱལ་པོ་ཆེན་པོ་དཔལ་གྱི་དབང་ཕྱུག་འོད་ཟེར་གོ་ཆའི་ལྷ་ཁང་དུ་ཤཱཀྱའི་དགེ་སློང་རིན་ཆེན་འབྱུང་གནས་བཟང་པོ་རང་གིས་བྲིས་སོ།།