འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་ལས་ཀུན་གྱི་གཏེར་ཞེས་བྱ་བའི་འགྲེལ་པ།
ལྷས་སྦས།
རྒྱ་གར་སྐད་དུ། ཨཱ་ཪྻ་མཉྫུ་ཤྲཱི་གུ་ཧྱ་ཏནྟྲ་སརྦ་ཀརྨ་སཱ་དྷ་ནཱི་དྷི་ནཱ་མ་ཊཱི་ཀཱ །བོད་སྐད་དུ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐམས་དང་ལས་ཀུན་གྱི་གཏེར་ཞེས་བྱ་བའི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་ཕྱིར་སྔོན་གསུངས་པ། །སྒྲུབ་ཐབས་ཀུན་གྱི་རྩ་བ་སྟེ། །གསང་བའི་རྒྱུད་ནི་རྙེད་དཀའ་ཡང༌། །བླ་མ་དམ་པས་བརྒྱུད་པ་བཞིན། །བསྙེན་བཀུར་ལ་བརྩོན་བདག་གིས་རྟོགས། །རང་གིས་ཐོས་པ་སྔོན་འགྲོ་བས། །ཐོས་པས་རྒྱུ་བྱས་ཤེས་རབ་ལ། །གཞན་དག་ཡིད་ཆེས་རྗེས་འཇུག་ཕྱིར། །འདི་ལ་མོས་པ་གསུང་བ་དང༌། །ཞི་ལ་སོགས་པའི་ལས་རྣམས་དང༌། །དེ་བཞིན་ཆོ་ག་སྣ་ཚོགས་དང༌། །འཇམ་པའི་དབྱངས་མཆོག་མཆོག་ཡིན་པས། །དེ་དག་དོན་དུ་ལེགས་བཏུད་དེ། །འཕགས་པའི་བཀའ་ནི་བཤད་པར་བྱ། །མིང་དོན་བྱེད་དང་དགོས་དང་ཚད། །དང་པོ་གླེང་གཞི་ཡིན་པར་གསུངས་།མདོར་བསྡུས་ཙམ་ཞིག་སྦྱར་འདོད་པས། །རྒྱས་པར་བྲི་བ་རབ་སྤངས་སོ། །སྡུད་པར་བྱེད་པ་པོ་ཕྱག་ན་རྡོ་རྗེས། །ཐོས་པའི་དོན་རང་གི་ཤེས་རབ་དྲན་པ་དང་བཅས་པ་ལ་མངའ་བས་གཞན་དག་ལ་ཕན་གདགས་པའི་ཆེད་དུ་རབ་ཏུ་བསྡུས་པ་བརྩམས་པའི་ཕྱིར། དེ་ནས་འཇམ་པའི་དབྱངས་ཀྱིས་ནི། །ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །མཚོན་ཆ་མེ་ལྟར་འབར་བས་འཁྲིགས། །གཏུམ་ལ་མཐུ་རྩ་ལ་དྲག་ལྡན་པའི།། ཞེས་སྨོས་ཏེ། དེ་ནས་ཞེས། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་དྲག་པོའི་ཆ་བྱད་ཅན་དུ་འོག་མིན་གྱི་ཞིང་ཁམས་སུ་བཞུགས་པའོ། །སྟོང་པ་ཉིད་བཅུ་དྲུག་གི་རི་ལ་སེང་གེ་ཆེན་པོ་བཞིན་བརྟགས་པའི་སྣང་བ་མ་ཡིན་པར་ཡེ་ཤེས་རང་རིག་པ་ཙམ་དུ་གནས་པ་དེ་ནས་སོ། །དེ་ནས་ཏེ་སྤྲུལ་བའི་སྐུ་གཞན་གྱི་ཕྱིར་གཏུམ་བག་ཏུ་བསྟན་པ་ནི་ཆོས་བཤད་པའི་ཕྱིར་ཏེ། རྒྱུ་མཐུན་པའི་སྨོན་ལམ་གྱི་མཐུས་སོ། །གསུངས་པའི་ཆོས་ནི་རྒྱུད་ཀྱི་དོན་སྨྲས་པའི་བདེ་བར་གཤེགས་པའི་བཀའ་བརྗོད་པའི་དོན་ཏོ། །བཀའ་དེ་ཡང་ཟག་པ་མེད་པའི་ཤེས་རབ་ཀྱི་འབྲས་བུ་སྟེ། ཡང་དག་པའི་རྟོག་པས་ངག་སློང་བ་སྟེ། མ་བརྟགས་མ་དཔྱད་པར་མི་སྨྲ་བ་བཞིན་ནོ། །དེས་བསྟན་པའི་ཆོས་ནི་རྒྱུ་དང་རྒྱུ་འབྲས་ཏེ། རྒྱུད་དེ་ཐེག་པ་ཆེན་པོའོ། །དེ་ལ་ཐེག་པ་ཆེན་པོ་ནི་འབྲས་བུ་ཐོབ་པར་བྱེད་པ་སྟེ། དེ་ཐེག་པའི་ཕྱིར་རོ། །འབྲས་བུ་ནི་ཕྲིན་ལས་ཚད་མེད་པ་དང༌། རང་གི་ཡོན་ཏན་ཚད་མེད་པ་ཐོབ་པའོ། །དེ་ཉིད་ཁྱད་པར་ཅན་ཐེག་པའི་ཕྱིར་ཆེན་པོ་སྟེ། ཉན་ཐོས་ལ་སོགས་པ་དེ་
ལྟ་མ་ཡིན་ནོ། །དེ་ལ་འདིའི་བསྡུས་པའི་དོན་ནི་གང་ཅིའི་དོན་གླེང་གཞིའི་བསྡུས་པའི་དོན་འདི་སྐད་བསྟན་པ་བཞིན་ནོ། །དེ་ལ་ཚིག་གི་དོན་ནི་འཇམ་པའི་དབྱངས་ཞེས་པ་ལ་འཇམ་པ་ནི་ཐེག་པ་ཆེན་པོ་གང་ཡིན་པའོ། །དབྱངས་ནི་བཀའ་ཐེག་པ་ཆེན་པོ་ལ་བྱ་བར་འདིར་རིག་པར་བྱའོ། །དབྱངས་སྨྲ་བ་ལྟར་སྣང་བ་སྟོན་པ་པོ་ནི། ཁྲོ་བོ་སྟེ་དེའི་མིང་ནི་གཤིན་རྗེ་གཤེད་དོ། །དེས་ན་དེས་ནི་བྱེད་པ་པོ་སྨྲས་སོ། །འཇམ་པ་ཞེས་པས་ན་འཇམ་དཔལ་གསང་པའི་རྒྱུད་ཅེས་བརྡ་སྦྱར་བར་ཤེས་པར་བྱའོ། །མཚོན་ཆ་མེ་ལྟར་འབར་པ་འཁྲིགས། །ཞེས་པ་ནི་གོ་ཆ་རྣམ་པ་ལྔའི་རྒྱན་ཏེ། གཞན་འཇིགས་པར་བྱེད་པའི་ཕྱིར་མཚོན་ཆའོ། །དེ་ལས་མི་སྟག་འཕྲོ་བས་བགེགས་སྲེག་པར་བྱེད་པའི་ཕྱིར་བསྐལ་བའི་མེ་བཞིན་ནོ། །དེ་ལྟ་བུའི་གཏུམ་ལ་མཐུ་རྩལ་དྲག་ལྡན་པ་སྟེ། དེ་མཐོང་ནས་ཚངས་པ་ལ་སོགས་པ་རང་གི་འཁོར་ལས་གཞན་པའི་ཁྲོ་བོ་གཞན་ཐམས་ཅད་ཀུན་གྱིས། དེ་བཞིན་གཤེགས་པའི་འོད་ཟར་དང༌། ཕྱག་ན་བསྣམས་པའི་མཚོན་ཆའི་མཐུས་ལག་ཆ་ཤོར་རོ། །དེ་བཞིན་དུ་འདོད་པའི་ཁམས་ཀྱི་ལྷ་རྣམས་ལུས་ཀྱིས་ཕྱག་འཚལ་ཞིང་གུས་བས་བཀའ་ཉན་ཏོ། །གཞན་རང་གི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པ་ས་བཅུའི་དབང་ཕྱུག་ནི། ལྷ་རྣམས་མང་པོ་ཇི་སྙེད་ཀུན་ཏེ་དྲང་པོའི་དོན་གྱི་ཕྱིར་མདངས་མེད་པའི་ཚུལ་གྱིས་ཞུ་བ་ནི། གཟིར་བཞིན་དུ་ནི་རབ་སྨྲས་པ། ཞེས་བྱ་བ་ལ་སོགས་པ་སྟེ། བཀའ་སྩོལ་ཅིག་ཅེས་པ་ཞུས་པའོ། །དེས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པ་སྟེ། དྲང་པོའི་དོན་ཏོ། །རབ་ཏུ་མི་བཟད་འཇིགས་པའི་གཟུགས། །ཞེས་པ་དང༌། ཁམས་གསུམ་འཁྲུག་པར་མཛད་པས་མཐོང༌། །ཞེས་པ་དག་ནི་རང་གི་འཁོར་བརྗོད་ཀྱིས་མི་ལང་བ་རྣམས་ཞུ་བར་སྤོབས་པ་ཆུང་བའི་ཕྱིར། གཞན་ཟིལ་གྱིས་གནོན་པ་དག་མེད་པར་གསུངས་པའོ། །གང་ཚེ་ལྷ་དང་ལྷ་མིན་རྣམས། །སྐྲག་ནས་སྐྱབས་སུ་དོང་བ་ན། དེའི་ཚེ་འཇམ་དཔལ་དབྱངས་ཀྱིས་ནི། །ཁྲོ་བོས་སླར་ཡང་ཞི་བར་འགྱུར། །ཞེས་པ་ནི་རང་གི་འཁོར་རྣམས་གསོང་པོར་སྨྲ་བར་འདོད་པར་རིག་ནས། བཞིན་འཛུམ་པར་མཛད་པའོ། །གཤིན་རྗེ་གཤེད་ཅེས་བྱ་བ་ཡང༌། ཁྲོ་བོ་ཆེན་པོ་ཞི་བ་ལ། །ཞེས་གསུངས་པ་ནི། གཤིན་རྗེ་གཤེད་ཁྲོ་བོ་ཆེན་པོ་ཞི་བར་གྱུར་པ་ནི་འཇམ་དཔལ་
གཞོན་ནུའོ། །ལྷ་རྣམས་ཀུན་ནི་ཕྱག་ན་རྡོ་རྗེའོ། །དེ་ནས་འཁོར་རྣམས་ངོ་མཚར་དུ་གྱུར་ཏེ། ཞུས་པ་ཁྱོད་ཀྱི་དངོས་གྲུབ་མཆོག་འཚལ་བས། ཇི་ལྟ་བུར་ནི་མཉེས་པར་བགྱི། །ཇི་ལྟ་བུར་ནི་དང་བར་འགྱུར། །བདག་ལ་ཐེ་ཚོམ་ཆེན་པོ་སྐྱེས། །ཞེས་པ་སྨྲས་ཏེ། ཁྱོད་ཅེས་པ་ནི་འཕགས་པ་སྟེ། གཤིན་རྗེ་གཤེད་དོ། །དེའི་དངོས་གྲུབ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྟེ། དེ་ལས་མཆོག་ཏུ་གྱུར་འདོད་པའི་རྣལ་འབྱོར་པས། སྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་ཇི་ལྟར་དངོས་གྲུབ་ལ་ཉེ་བར་བགྱི་བ་དང༌། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས་ལུས་དང༌། སེམས་ལས་སུ་རུང་བ་ཤིན་ཏུ་སྦྱངས་པའི་བདག་ཉིད་ཀྱི་དང་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྤྲོས་པའི་རྙོག་པ་མེད་པའི་དང་བའི་བདག་ཉིད་ཀྱི་དངོས་གྲུབ་ལ་ཉེ་བར་ཐབས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཐབས་དང༌། དེའི་རིམ་པ་ལ་ཡིད་གཉིས་སུ་གྱུར་པས་ཐེ་ཚོམ་གྱི་དྲི་མ་བསལ་དུ་གསོལ་ཞེས་ཞུས་པའོ། །ཁྲོ་བོས་ལྷ་རྣམས་ཚིག་གསན་ནས། །གཤིན་རྗེ་གཤེད་ཀྱིས་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསན་ཞེས་པ་འཁོར་གྱིས་གསུངས་པ་ཐོས་པའོ། །ཐོས་ཞེས་པ་རིམ་པ་གཉིས་ཀྱི་དོན་དང༌། དེའི་བྱ་བ་ལ་རྨོངས་པར་རིག་པའོ། །སྨྲས་པ་བདག་ཉིད་ཁྱད་པར་གྱུར་པར་བསྟན་པའི་ཕྱིར་བཀའ་སྩལ་པ་སྟེ། བསྐལ་པ་གང་ལ་སེམས་སྐྱེད་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་བསྐལ་པ་གོང་མ་ལ་ཡང་བྱུང་བས་འདིའི་ཐོག་མར་བྱུང་བའོ། །དེས་ནི་ཚངས་པ་ལྟ་བུར་གཙོ་བོར་གསུངས་པའོ། །ཕྱིས་ཀྱང་འབྱུང་ཞེས་པ་ནི། མྱ་ངན་ལས་མི་འདའ་བ་སྟེ། དུས་དཔག་ཏུ་མེད་པར་སེམས་ཅད་ཀྱི་དོན་བྱེད་པའོ། །དེས་ན་མཛད་པ་རིང་བར་བསྟན་པའོ། །ད་ལྟར་ཞེས་པ་ནི་བར་ཆད་མེད་པར་ཕྲིན་ལས་ཚད་མེད་པར་མཛད་པའོ། །དེས་ནི་དོན་ལ་བསྙེལ་བ་མེད་པར་གསུངས་སོ། །བུདྡྷ་ཀུན་གྱི་སྔོན་དུ་བྱུང༌། །ཞེས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །དུས་གསུམ་འབྱུང་བའི་སྐུ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་ངོ་བོ་ལ་བྱ་བར་བཤད་དོ། །གལ་ཏེ་རྒྱུད་གཞན་དག་ཏུ་བཤད་པ་ཉིད་ཀྱིས་ཐེ་ཚོམ་སེལ་བཞིན་ཡང་བཤད་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། ལན་དུ། ད་ནི་ལྔ་བརྒྱ་
ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་བསྟན་པ་ནུབ་པའི་ཚེ་རྒྱས་པར་བྱེད་པའི་བསྟན་པ་འདི་བྱུང་བ་ནི་ཁྱད་པར་ཅན་ནོ། །ལན་གདགས་པའི་ཕྱིར་སྨྲས་པ་དུས་གཞན་ལ་དགོས་པ་མེད་པ་ཡིན་ཡང་རྩོད་པའི་དུས་ཚེ་ཐུང་ཞིང་དངོས་གྲུབ་རིང་བའི་དུས་ལ་གཞན་དག་ལས་ཁྱད་པར་དུ་གྱུར་པ་སྤྲོས་པ་ལྷུར་ལེན་པ་འདི་དགོས་པ་དང་བཅས་པས་གསུང་ཞིང་ཞུ་བ་ནི། །རིགས་དེས་ན་རིགས་སོ། །ཁྲོས་པ་ངའི་སྐུ་ཞེས་པ་རྣམས་ཀྱིས། སྨྲ་བ་པོ་ཡོན་ཏན་རྣམ་པ་མང་པོས་གང་བར་ཉིད་ཀྱིས་གསུངས་ནས། གང་ཚེ་གསུམ་ལ་སྐྱབས་སོང་བ། །ཞེས་སྨོས་པ་དག་གིས་སྐྱབས་སོང་ཞེས་པས་རང་གི་འཁོར་རྟེན་དཀོན་མཆོག་གསུམ་ཅན་དུ་བཤད་དེ། བརྟེན་པ་དེའི་ཚེ་དེའི་མི་ཟད་པའི་སྙིང་པོ་ཐུགས་སད་པར་བྱེད་པ་ལ་སོགས་པ་དག་འཁོར་གྱི་ཁྲོ་པོ་ཁྱོད་ཀྱི་ཡིད་ལ་ཟུང་ལ་གནས་པར་གྱིས་ཤིག་ཅེས་གདམས་པའོ། །ཁྱེད་རྣམས་སྐྱབས་སུ་དོང་བ་དང༌། བྱང་ཆུབ་སེམས་དང་ལྡན་ཞེས་པ་ནི། སེམས་བསྐྱེད་པ་དང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོའི་དོན་ཐམས་ཅད་གྲུབ་པར་བྱེད་པའི་གཙོ་བོ་ཡི་གེ་འབྲུ་ནི་བཅུ་བདུན་པ། ངའི་སྙིང་པོ་ཡིད་ལས་བྱུང་བ་བཟླས་ཤིང་བསྒོམ་པར་བྱས་ན། དངོས་གྲུབ་ལག་མཐིལ་ལྟར་སྣང་བར་འགྱུར་རོ། །དེ་གསུངས་པའི་ཚེས་གཞི་ལ་སོགས་པ་གཡོས་སོ། །འཁོར་རྣམས་ཡི་རང་ཞིང་དང་བར་གྱུར་ཏོ། །དེ་ནས་ཤེས་པ་ནི་སྙིང་པོ་གསུངས་པ་དེ་ནས་རྟོག་པ་འདི་ནི་འཁོར་དེ་དག་ལ་རྒྱས་པར་གསུངས་སོ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ཞེས་པ་འདི་ལ་མོས་པའི་རྣལ་འབྱོར་བའོ། །དེའི་དོན་དུ་རྟོག་པ་བཤད་པར་བྱ་བ་ཡིན་པར་གསུངས་སོ། །ཕྱག་ན་རྡོ་རྗེ་ལ་སོགས་པས་ཕྱག་འཚལ་ཏེ། ཞུས་པའི་དོན་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཐོས་པ་ནི་འདི་སྐད་ཅེས་བྱ་བ་རྒྱུད་ཀྱི་དོན་མཐའ་དག་སྟོན་པའི་ཚིག་གི་མཚམས་སྦྱར་བའོ། །ཐོས་བའི་དོན་ནི། སྙིང་རྗེ་དེ་བཞིན་རྒྱས་པ་དང༌། །ཞེས་པ་ལ་སོགས་པའོ། །མཉན་པ་ཞེས་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་ལ་བྱའི་གཞན་གྱིས་ཐོས་ནས། དེ་ལས་ཐོས་པ་མ་ཡིན་ནོ། །མཉམ་པའི་དུས་དེ་ལས་གཞན་དུ་འདི་ལས་ཐོས་པའོ། །དེས་ཐོས་པ་
མང་བར་གསུངས་པ་དང་ཡང་དང་ཡང་དུ་མི་ཐོས་པར་བཤད་པའོ། །གང་ལས་ཐོས་ཤེ་ན་ཁྲོ་བོ་ཉིད་ལས་ཐོས་པའོ། །འཁོར་གང་དང་ཞེ་ན། བྱང་ཆུབ་རྣམས་ཞེས་པས་བྱང་ཆུབ་སེམས་དཔའ་རྣམས་དང་ངོ༌། །གནས་གང་དུ་ཞེ་ན། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །རྣམ་པ་མང་པོ་བྱིན་གྱིས་བརླབ། །ཅེས་པ་སྨོས་ཏེ། ཚད་མེད་པ་བཞི་རྣམ་པར་དག་པའི་གཞལ་ཡས་ཁང་རྒྱས་པའི་རང་བཞིན་གྲུ་བཞིའི་རྣམ་པར་བྱུང་བའི་འོག་མིན་གྱི་གནས་ཏེ་དྲང་པོའི་དོན་ནི། ངེས་པའི་དོན་དུ་རྣམ་པ་མང་པོའི་དེ་བཞིན་གཤེགས་པ་སོ་སོ་ཐ་དད་པའི་རྡོ་རྗེ་འཛིན་པའི་བཙུན་མོ་ནི་ཤེས་རབ་སྟེ། འཇོམས་པའི་དོན་གྱིས་ན་བྷ་གའོ། །དེར་བཞུགས་པ་ནི་གནས་གཞིར་མཛད་པའོ། །ངེས་པའོ། །ཡང་བགེགས་ཀྱི་སྟེང་དུ་བཞུགས་པ་ནི་ཁང་པར་རོ། །འདི་སྐད་བདག་གིས་ཞེས་པ་ནི་ངེས་པར་སྟོན་པ་ཡང་ཡིན་ལ། འདིར་ཡང་དེ་བཞིན་དུ་བདག་གིས་བཀོད་དོ། །རྒྱུད་དང་དུས་ནི་དངོས་སུ་སྨྲ་བར་མི་བྱ་སྟེ། ཤེས་པར་བྱ་བ་དངོས་ཡིན་པ་དང་སླ་བའི་ཕྱིར་རོ། །རྒྱུད་འདི་བྱང་ཆུབ་རྣམས་ཀྱིས་ཞེས་པ་ནི་དེའི་ཕྱི་མ་ཡིན་པའོ། །ད་ནི་གནས་བསྟན་པའི་ཕྱིར། དེ་ནས་ཁྲོ་བོ་རྣམ་པར་རྒྱལ། །འཇམ་དཔལ་ཁྲོ་བོས་བཤད་པ་ཡི། །ཞེས་པ་སྨོས་ཏེ། ཟིལ་གྱིས་ནོན་པ་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྩ་བའི་རྒྱུད་བཤད་པ་དེ་ནས་སོ། །འདིར་སྡུད་པར་བྱེད་པ་མ་བཀོད་པ་ནི་སྔ་མར་བཀོད་པ་ལ་ལྟོས་པའོ། །སྐབས་ཀྱིས་ན་བརྗོད་པར་བྱ་བ་རྗོད་པར་བྱེད་པ་ལས་འདོགས་པ་ཡང་སྲིད། གཞན་དགོས་པ་ལས་ཀྱང་བཏགས་སོ། །འདིར་དོན་ལ་བྱ་བ་ཡིན་པས་བསྡུས་པའོ་ཞེས་འདོད་དོ། །ཟག་པ་མེད་པའི་ཤེས་རབ་ནི་དེའི་བདག་པོ་སྟེ། དེ་གསུངས་པའི་སྒྲ་ནི་མདོ་སྟེ། རྒྱུད་དུ་གདགས་པས་རྣམ་པར་གཞག་པའོ། །བགེགས་ཀྱི་ཚོགས་ལས་རྒྱལ་བས་རྣམ་པར་རྒྱལ་བ་སྟེ། འཇམ་དཔལ་ལོ། །དེས་བཤད་པ་ནི་གསུངས་པ་སྟེ། བླ་མའི་ཆོ་ག་མཆོག་ཏུ་གྱུར་པའོ། །དེའི་དོན་མདོར་བསྡུས་པས་བཤད་པར་བྱ་བ་ནི། སློབ་དཔོན་གྱིས་བསྡུས་པ་ཡིན་པར་དགོངས་སོ། །དེ་ལ་འདིའི་དཀྱིལ་འཁོར་ནི། དངོས་གྲུབ་ཐབས་ཅད་སྦྱིན་མཛད་པ། །ཞེས་པ་ནི། འདིའི་ཞེས་པ་དབང་བསྐུར་བའོ། །ཡང་འདི་ཞེས་པ་གསང་བའོ། །དེའི་
དངོས་གྲུབ་ནི་སྟོབས་ལ་སོགས་པ་དང༌། ཐུན་མོང་སྟེ་འཐོབ་པར་བྱེད་པའི་རྒྱུའོ། །གཞལ་ཡས་ཁང་ནི་དཀྱིལ་འཁོར་ཏེ་བླ་མའི་གདམས་ངག་ཐོབ་པར་བྱེད་དེ། དངོས་གྲུབ་པོ། །འཇིག་རྟེན་གསུམ་པོ་འཁྲུག་མཛད་པ། །ཞེས་པ་ནི་ཁྱད་པར་དུ་གྱུར་པར་རྟོག་པ་གསུམ་སྟེ། དེ་འགགས་པ་ཐོབ་པར་བྱེད་པས་ནའོ། །ད་ནི་ཡི་དགས་མང་པོ་སྟེ་དེ་འདུལ་བའི་རོ་དབུགས་རྒྱུ་བ་མེད་པའི་བརྡས། མི་རྟོག་པའི་ཡེ་ཤེས་ལ་དཀྱིལ་དུ་བཤད་པ་སྟེ་དགོངས་པས་བཤད་པའོ། །དངོས་གྲུབ་ཀུན་སྦྱིན་པར་བྱེད་པ་ཡིན་པས་ན་ཐ་དད་པའི་དྲུག་པར་ནི་ཞེས་པ་བསྒྱུར་ཏེ་ཐམས་ཅད་ཀྱི་དཀྱིལ་འཁོར་འདི་ཡིན་པའོ་ཞེས་སྦྱོར་རོ། །ཐོག་མ་ཉིད་དུ་བསྲུང་བའི་ཀྵ་བཀོད་ལ་ཤིང་གཅིག་པའི་ནང་དུ་དངོས་གྲུབ་སྦྱིན་པར་བྱེད་པ་འདི་བསྒོམ་པར་བྱ་སྟེ། མན་ངག་གོ །གྲུབ་འགྱུར་བའི་གནས་ནི་ནམ་མཁའི་གནས་འདི་ན་སེམས་ཀྱི་རྒྱལ་པོའི་རྟ་མགྱོགས་པ་འདི་འདུག་པ་འདི་ཐ་དད་པ་མེད་པ་ཉིད་དུ་གནས་བ་སྟེ། བླ་མ་གནང་བ་དག་ལ་གྲུབ་པའོ། །འདུ་བའི་དོན་ནི་དུར་ཁྲོད་དོ། །སྟོང་པའི་དོན་དང་གསུམ་གྱི་མདོ་ནི་བཞི་མདོའོ། །སྒོམ་པའི་ཚུལ་ནི་མཆོད་རྟེན་ནོ། །རྟག་ཆད་གཉིས་སྤངས་པ་སྟེ་དབུས་མའི་གནས་སོ། །དབང་པོ་ཡུལ་མ་ཡིན་པས་ཐིབས་སོ། །གྲགས་བ་དང་འཁོར་བ་དང་མྱ་ངན་ལས་འདས་པ་སྐྱེད་པ་དང༌། བདེན་པའི་དོན་དང་ཆུའི་འགྲམ་དང༌། ནག་ཚལ་ལ་སོགས་པའི་ཡུལ་གཙང་མ་ནི་བྲམ་ཟེའི་རིགས་ཀྱི་བུ་མོ་ལ་སོགས་པ་གནས་པའོ། །གཞན་དག་ནི་དཀྱིལ་འཁོར་གྱི་ཆོ་ག་བཞིན་རིག་པར་བྱའོ། །དེ་ལྟར་ཆོ་ག་བཞིན་བསམས་ནས་མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད་སྔགས་བརྗོད་པས་ནི་སྤྱན་དྲངས་ནས་རང་གི་སྙིང་པོས་བཞུགས་སུ་གསོལ་ཞེས་གསུངས་པ། དེ་ལྟར་ཞེས་པ་དབང་བསྐུར་བའི་ཕྱིར་དཀྱིལ་འཁོར་བྲི་བའམ། མ་བྲིས་ན་ཡང་དཀྱིལ་འཁོར་གྱི་ཆོ་ག་བཞིན་བློས་བསམས་ལ། དེ་ནས་སྒྲུབ་པའི་ཐབས་ལས་འབྱུང་བ་བཞིན་དུ་བྱའོ། །སྙིང་པོས་ཞེས་པ་ཡི་གེ་བཅུ་བདུན་པ་ལ་སོགས་པ་མ་ཡིན་ཏེ། ཤཱུ་ལའི་ཕྱག་རྒྱ་དང་རང་གི་དམ་ཚིག་སྔགས་སོ། །མེ་ཏོག་དམར་པོ་ཞེས་པ་ནི་ཁ་དོག་དམར་བ་སྟེ་དབང་བསྐུར་བའི་ཕྱིར་རོ། །དེ་ལྟར་སྙིང་པོ་སྔགས་ཀྱིས་ཀྱང༌། །ཞེས་པ་རྒྱ་ཆེར་སྨོས་པ་ནི། ཆོ་ག་
རྣམས་དགོས་པ་སྟེ་རིགས་དྲུག་གི་རྣམ་པར་བསམ་མོ། །བསྲུང་བའི་སྦྱོར་བ་དེ་བཞིན་བློ་རྣམ་པར་རྨོངས་པ་ཁ་ཅིག་སྒྲ་ལ་མངོན་པར་ཞེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལ་ལྷར་ཞེན་པའི་བསྲུང་བའི་སྦྱོར་བས་ཅི་ཞིག་བྱ་ཞེས་རྟོག་པ་ཅན་ཡང་འཇིག་རྟེན་ན་ཡོད་དོ། །དེ་ནི་སུན་དབྱུང་བ་མཚན་ཉིད་ལས་གྲགས་ཤིང༌། རིག་པས་སྤངས་ཟིན་པ་ཁོ་ནའོ། །དེ་ནས་མེ་མར་རབ་འབར་བ། །ཕྱོགས་བརྒྱད་དུ་ཡང་དགོད་པར་བྱ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཞེས་པ་ནི། གཞན་དག་གི་ཕྱིར་འཕགས་པ་དང༌། སྨེ་གཏོར་ནི་ལྷག་མ་སྟེ་ཡི་དགས་ལ་སྦྱིན་ནོ། །ལྷ་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ནས་ཡང་ནི་བདུག་པ་དབུལ། །ཞེས་པ་སྨོས་ཏེ། ལྷ་རྣམས་ལ་མཆོད་པ་རྣམས་ཀྱིས་མཆོད་ལ་གསོལ་བ་གདབ་བོ། །དེ་ཡི་ཕྱི་རོལ་ཆུ་བཅས་སྣོད། །མེ་ཏོག་གིས་ནི་བཀང་སྟེ་གཞག །ཆོ་ག་ཁྲུས་བྱས་སྨྱུང་བ་ཡིན། །སློབ་མ་དག་ནི་བོས་ནས་ཀྱང༌། །ཞེས་པ་ནི། ལས་ཐམས་ཅད་པའི་བུམ་པས་བགེགས་བསལ་ལ་ནང་དུ་དྲངས་ལ། གོང་ནས་གོང་མའི་གཏམ་བརྗོད་ལ། དེ་ནས་སློབ་མས་བླ་མ་ལ་མཎྜལ་བྱས་ལ་མེ་ཏོག་དབུལ་ལོ། །དེ་ནས་བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ། བསྲུང་བ་བྱའོ། །དེ་ནས། དཀོན་མཆོག་གསུམ་ནི་དྲན་བྱས་ཏེ། །དཀྱིལ་འཁོར་ལ་ནི་འཐོར་དུ་གཞུག །ཅེས་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དེ་ནས་བེ་ཅོན་ཞེས་བྱ་བ། །སྔགས་པས་ད་ཡི་ཕྱག་རྒྱ་བསྟན། །ཞེས་པ་ནི་བརྟུལ་ཞུགས་ཀྱི་དབང་བསྐུར་བའོ། །དཀོན་མཆོག་གསུམ་ནི་གསང་བ་ཡི། །དམ་ཚིག་འདི་ལ་སྦྱིན་པར་བྱ། །ཞེས་པ་ནི་རིགས་ལྔའི་དམ་ཚིག་དཔོག་པའོ། །ཁྲོ་བོ་ཡི་ནི་སྔགས་ཀྱིས་ནི། །ཞེས་པ་ནི་མིང་གི་དབང་བསྐུར་བ་སྟེ། མ་འོངས་པའི་དུས་ན་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་གདགས་པ། མི་བསྐྱོད་པའི་རྣམ་པར་བསྒོམ་ཞིང་ཆུ་དག་པས་ལུས་ཀྱི་དྲི་མ་བཀྲུ་བ་དང༌། པྲ་དབབ་པའི་འོག་ཏུ་མཚན་མ་བསྟན་དུ་གསོལ་ཞེས་མེ་ཏོག་དབུལ་བ་གསུངས་པའོ། །སེང་གེའི་སྟན་ལ་བཞག་ལ་ཡང་ཕུལ་ལ་སློབ་མ་དེ་ལ་མགོར་བཅིང་བར་བྱའོ། །ཆོ་ག་བཞིན་ཞེས་དཀྱིལ་འཁོར་གྱི་ཆོ་གས་དབང་བསྐུར་བའོ། །གོ་ཆས་
བསྲུང་བ་བླ་མ་དང་ལྷ་རྣམས་ལ་ཕྱག་བྱས་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ཤཱཀྱ་ཐུབ་པའི་ཞིང་ཡིན་པར་བཤད་ལ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཞིང་ནི་སྟོང་ཕྲག་གྲངས་མེད་པ་ཡིན་པར་གསུངས་པས་དེ་དག་ཁྱབ་པའི་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པས་མཆོད་པར་བྱ་བ་ཡིན་ནོ།། སློབ་མའི་སྙིང་པོ་བྱིན་ནས་ཀྱང༌། །ཞེས་པ་ནི་སློབ་མ་ལ་དབང་བསྐུར་བ་རྫོགས་པར་བྱས་ནས་མེ་ཏོག་ཙནྡན་ལ་སོགས་པས་ལྷ་རྣམས་ལ་བླ་མས་མཆོད་པ་བྱས་ཏེ། དེ་ནས་ལས་ཐམས་ཅད་པའི་བུམ་པ་དྲི་ཆུ་དང་སྨན་གྱིས་བཀང་བ་ཕྱི་རོལ་ཏེ་བྱང་ཤར་དུ་བཞག་པས་ལྷ་རྣམས་ལ་ཡོན་ཆབ་ཏུ་ཕུལ་ལ་གཤེགས་སུ་གསོལ་ལོ་ཞེས་པའོ། །དེ་ནས་ཆུ་དེས་དཀྱིལ་འཁོར་ལ་གཏོར་བར་བྱ་སྟེ་བཀྲུ་བའོ། །དངོས་གྲུབ་འདོད་པས་གཤེགས་ནས་ཡང་དུས་བཞིར་མཆོད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་མཆོད་པ་རྟག་ཏུ་བྱེད། །ཅེས་སྨོས་སོ། །དེ་བས་དངོས་གྲུབ་ཐོབ་འགྱུར་བའོ། །རྩ་བའི་རྟོག་པ་ལས་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཡི་དགས་ཕལ་པའི་དཀྱིལ་འཁོར་དུ་གཏོགས་པ་ཞེས་གསུངས་པ་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་ནས་གསུངས་པས་སོ། །དེས་གསུངས་པ་རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་རྟོག་པ་འདིར་ཡང་བཤད་དེ་འདིར་དེར་འདུ་བ་ནི་གཏོགས་པའོ། །དབང་བསྐུར་བ་རིམ་པར་ཕྱེ་བའི་ལེའུ་སྟེ་དང་པོའོ་ཞེས་པ་ལ་ལེའུ་ནི་དྲི་མ་ལས་འགེབས་པར་བྱེད་པ། །དོན་གྱི་གཙོ་བོ་སྟེ་དེ་སྟོན་པའི་གཞུང་ལ་ཡང་རྣམ་པར་བཤད་དོ། །ལེའུ་དང་པོའི་རྣམ་པར་བཤད་པའོ།། །།ད་ནི་ལེའུ་གཉིས་པའི་དཀྱིལ་འཁོར་གྱི་སྔགས་རྣམས་བཤད་པར་བྱ་བའི་ཕྱིར། དེ་ནས་གཞན་ཡང་གསང་སྔགས་ནི། །དེ་ནས་རབ་ཏུ་དབྱུང་བྱ་སྟེ། །ཞེས་སྨོས་ཏེ། དབུས་སུ་ཡི་དགས་ཏེ། ཚངས་པ་བགེགས་ཆེན་པོའི་གདན་གྱི་སྔགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བ་ཡི་དགས་གདོང་བཞིས་ཟབ་པོའི་སྟེང་དུ་བཞུགས་པའོ་ཞེས་ཤེས་པར་བྱའོ། །གྲའི་བེ་ཅོན་བཞིའི་སྔགས་ནི་འདི་ཡིན་ཏེ། གྲྭ་ནི་མཚམས་བཞིའི་པདྨའི་སྟེང་དུ་བགེགས་ཡི་དགས་མེ་འབར་བ་ཅན་འདི་དེ་བཞིན་གཤེགས་པ་ཀུན་གྱི་གཙོ་བོ་ཞེས་བྱ་བ་ཁྲོ་བོ་རྣམ་པར་རྒྱལ་བའི་བཀས་ཁུག་
ལ་ཤོག་པར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་དེས་སོ། །རླུང་ལྷ་དང༌། དབང་ལྡན་དང༌། མེ་ལྷ་དང་སྲིན་པོ་རྣམས་སོ། །སྒོ་བཞིར་བརྒྱ་བྱིན་དང་གཤིན་རྗེ་དང༌། ཀླུ་དང༌། གནོད་སྦྱིན་དང་བཞིའི་སྔགས་ཏེ། ཕྱོགས་སྐྱོང་བརྒྱད་ཀྱི་སྟེང་ན་ཁྲོ་བོ་བཞུགས་ཤིང་ཕོ་ཉ་བར་བྱེད་པའོ། །བརྒྱ་བྱིན་ནི་ཐུབ་པར་དཀའོ། །གཤིན་རྗེ་ནི་གཞན་གསོད་ལ་དགའོ། །ཀླུ་ནི་མེའི་འོད་དང་ལྡན་ནོ། །གནོད་སྦྱིན་ནི་གཞན་ལ་གནོད་པ་མྱུར་བར་བསྐྱེད་དོ། །སྔགས་དེས་ཡི་དགས་རྣམས་བཟུང་ནས་གནས་སུ་གནས་པར་བྱེད་པའི་སྔགས་སོ། །ཡི་དགས་ཕྲེང་བ་ནི་བགེགས་བསད་པའི་ལག་པའི་ཕྲེང་བ་དང༌། མགོའི་ཚོགས་དང༌། ལུས་པོའི་ཚོགས་དང༌། འཕགས་པའི་ཚོགས་ནི་ཕྲེང་བའི་ཕྱིར་བརྒྱན་པར་བྱ་སྟེ། དེའི་ཕྱིར་ཡི་དགས་ཕལ་ཆེ་བས་ཡི་དགས་ཕལ་ཆེན་གྱི་དཀྱིལ་འཁོར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཞེས་པ་རང་གི་སྙིང་པོ་གསུངས་པ་སྟེ། པདྨ་འདབ་མ་བརྒྱད་པར་བྲིས་པ་ལ་པདྨའི་ལྟེ་བ་ལ་ཧཱུཾ་བཀོད་དེ། དེའི་མཐར་ཨཱ་ལི་རྣམ་པར་བཀོད་ལ། འདབ་མ་ལ་ཀཱ་ལི་རྣམ་པར་བཀོད་ལ། འདབ་མ་ལ་ཀཱ་ལི་བཀོད་ལ་དེ་ནས་བཏུ་བར་བྱ་བ་ནི། ཨཱ་ལི་དང་པོ་བླང་བྱ་ཞིང༌། །དེ་ནས་དང་པོའི་དང་པོ་དང༌། །བཞི་པའི་བཞི་པ་དེ་ནས་བླང༌། །ཡང་ནི་དང་པོ་དེ་བཞིན་ནོ། །རླུང་གི་ས་བོན་དབྱངས་བཏུ་ཞིང༌། །ལྔ་པའི་ལྔ་པ་བཞི་པའི་ལྔ། །བཞི་པ་དེ་དང་བསྲེག་ལ་གཞག །བཞི་པའི་དང་པོ་ཉིད་དག་དང༌། །དང་པོ་ཉིད་ལ་ཨ་སྦྱར་ཏེ། །ཐ་མའི་དང་པོ་ཉིད་དང་ནི། །བཞི་པའི་བཞི་པ་དེ་བླང་ངོ༌། །མ་དང་བཞི་པའི་གཉིས་པ་རིང༌། །ལྔ་པའི་མཐུག་པོ་ན་དང་སྦྱར། །གཉིས་པའི་གསུམ་པའི་ལེགས་རིང་སྟེ། །དབྱངས་ཀྱི་བཅུ་གསུམ་ཉིད་དག་དང༌། །མེ་ཡི་བུ་དང་རིང་པོ་ནི། །འོག་དང་སྟེང་དུ་གཉིས་པར་སྦྱར། །ཨེ་ཡི་རྣམ་པ་དྷ་དང་འབྲེལ། །ཐོག་མ་གསལ་བྱེད་མཐའ་རུ་ཧཱུཾ། །དེ་ཡི་མཐར་ཡང་མཚོན་ཆ་གཞག །གཤིན་རྗེ་གཤེད་གཅིག་ཏུ་ཁྲོ་བ་མེད་པ་ཉིད་ཀྱིས་མ་རུངས་པ། ཧ་ན་ཞེས་པ་ཚོམས་ཤིག་པའོ། །མ་ཏ་ཞེས་པ་ལྷོགས་ཤིག་པའོ། །བྷཉྫ་ཞེས་པ་གཞན་གྱི་སྦྱོར་བ་བཤིག་པའོ། །ཧཱུཾ་ནི་བསྐུལ་བའོ། །ཕཊ་དྲག་པོར་བཤིག་པའོ། །དེ་ལ་ཧཱུཾ་ནི་འཇམ་དཔལ་གྱི་ས་བོན་ནོ། །ཨོཾ་ནི་གསལ་
བར་བྱེད་པ་འདུས་པའི་ཕྱིར་རྫས་སུ་མེད་དོ། །ཨ་ལ་སོགས་པ་བརྒྱད་ནི་ཁྲོ་བོ་བརྒྱད་ཀྱི་ས་བོན་ནོ། །ཧ་ན་ནི་གནོད་མཛེས་ཀྱིའོ། །མ་ཐ་ནི་ཧཱུཾ་ཀ་རིའིའོ། །བྷཉྫ་ནི་ཀཱི་ལི་ཀཱི་ལའིའོ། །ཕཊ་ནི་ཀཱི་ལི་ཆེན་པོའི་ས་བོན་དུ་མཁས་པས་རིགས་པར་བྱའོ། །གཞན་དག་ནི་གོ་སླ་བས་འབད་པ་མ་བྱས་སོ།། ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།ད་ནི་ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་དབུལ་གྱི་ཡི་དགས་ཀྱི་སྟེང་དུ་དགོད་པར་བྱ་བ་ཡིན་པའི་ཕྱིར་དེ་བཤད་དེ། དེའི་ཕྱིར། དེ་ནས་གཞན་ཡང་འཇམ་དཔལ་གྱི། །ཁྲོ་བོ་དང་པོ་གཅིག་པུ་ཉིད། །ཚད་མེད་གཟི་བརྗིད་བདག་ཉིད་ཆེ། །དེ་ཡི་ཕྱག་རྒྱ་བཤད་པར་བྱ། །ཞེས་གསུངས་ཏེ། སྙིང་པོའི་སྔགས་བཟླས་ཤིང་བཅིངས་པའམ། ལོགས་ཤིན་ཏུ་སྔགས་མི་ཟློས་པར་ལྷའི་རྣལ་འབྱོར་དང་ལྡན་པས་སོ། །གཞན་དུ་ནམ་ཡང་མི་བཅིང་ངོ༌། །ཞེས་པ་གསང་བའི་ཕྱིར་རོ། །ལག་པའི་སོར་མོ་ནི་རྣམ་པ་བཞི་ཡིན་ལ། དེ་བཞིན་དུ་བཞིའི་ནང་དུ་མར་མེའི་མཐེ་བོང་འདི་སྦས་པ་ནི་གསང་བ་ཡིན་ཏེ། གཞན་དུ་སྟེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་མི་བཅིང་ཞིང་དོར་བར་བྱའོ། །ཅུང་ཟད་དུ་ནི་དེ་ཡི་ཚེར། །ཡི་དགས་མགོ་པོ་མཁས་པས་བྲི། །ཞེས་པ་ནི། དེའི་རྩེར་ཡི་དགས་ཀྱི་མགོ་བོ་སྟེ། དེར་གནས་པའི་ཆུ་དགུག་པའོ། །ཕྱག་རྒྱའི་བསྒྲུབ་པ་བཤད་དེ། །དེ་ནས་ཕྱག་རྒྱའི་བསྒྲུབ་པ་ཡི། །དཀྱིལ་འཁོར་འདི་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀྱིལ་འཁོར་གྲུ་བཞིའི་ནང་དུ་པདྨ་འདབ་མ་བརྒྱད་པར་བྲིས་ལ། ཡི་དགས་གྱི་སྟེང་དུ་བེ་ཅོན་དགུ་ཡང་བྲིས་ལ་དེ་ལ་དབུས་ཀྱི་ཡི་དགས་གྱི་བེ་ཅོན་ལས་འཇམ་དཔལ་གྱི་དངོས་པོར་བྱ་ཞིང་པདྨ་ལས་མ་མོ་རྣམ་པ་བརྒྱད་དེ། །གཟུགས་མཛེས་མ་དང༌། སྒྲ་སྙན་མའི་མ་མོ་དང༌། དབུས་དྲི་ཞིམ་མའི་མ་མོ་དང༌། ལུས་འཇམ་མ་དང༌། དཀར་མོ་དང༌། སྔོན་མོ་དང༌། དམར་མོ་དང༌། ལྗང་གུ་མའི་མ་མོ་སྟེ་བརྒྱད་དོ། །ཤེས་རབ་ཀྱི་ལྷ་མོའི་དཀྱིལ་འཁོར་ཡིན་པས་ན་ཕྱག་རྒྱའི་དཀྱིལ་འཁོར་ཞེས་ཀྱང་བྱའོ་ཞེས་གསུངས་སོ། །བར་དུ་བཅུག་པ་ནི་ཁྲོ་བོའི་སྔགས་ཨ་དང་ཧཱུཾ་གི་བར་དུ་བེ་ཅོན་གྱི་ཕྱག་རྒྱའི་སྔགས་བཅུག་པ་ནི་བཞག་པའོ། །སྔགས་དེས་ལས་སྣ་ཚོགས་འགྲུབ་པ་
ཡིན་ཡང་འདི་བདག་གིས་འགའ་ཙམ་ཞིག་སྨྲས་པ་ལས་མང་པོའི་མཐུ་མེད་དོ། །དེ་ནས་དངོས་གྲུབ་ཀུན་གྱི་མཆོག །ཁྲོ་བོའི་གཙོ་བོ་དེ་ཁོ་ན། །ཞེས་བྱ་བ་རྒྱ་ཆེར་སྨོས་པ་ནི། གྲོ་གའམ་རས་ལ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་གིས་པདྨ་འདབ་མ་བརྒྱད་བྲིས་ལ་ཆར་དབབ་པ་དང༌། ཀླུ་གནན་པར་བྱ་བའི་ནི་འདབ་མ་རྣམས་ལ་ཀླུ་བརྒྱད་ཀྱི་མཚན་མ་སྤྲུལ་རྣམ་པ་བརྒྱད་མགོ་ལྟེ་བའི་དཀྱིལ་དུ་བྲིས་ལ་དེའི་སྟེང་དུ་ཟླ་བའི་དཀྱིལ་དུ་ཨ་བྲིས་ལ་གནན་པར་བྱའོ། །དེའི་སྟེང་དུ་བཾ་ལས་བདུད་རྩིའི་ཆུས་ཀླུ་རྣམས་ངོམས་པར་བྱས་ལ། ཨའི་རྣམ་པ་ལས་འོད་ཟེར་བྱུང་བས་དབང་དུ་བྱ་ཞེས། ཨ་དེ་ལས་བེ་ཅོན་གྱི་ངོ་བོར་བྱས་ལ་དེའི་རྩེ་མོར་ཧཱུཾ་བསམས་པས། ཀླུ་གནད་ལ་བོར་ཞིང་བཀའ་བསྒོ་ན་དོན་གྲུབ་པ་སྟེ། སྔགས་དེས་བརྡས་ཤིང་མི་འབྲོས་པར་བྱ་བ་ནི་མན་ངག་གོ །ཡི་དགས་སྤྱི་བོར་ཞེས་པ་ཀླུ་ཀུན་གྱིའོ། །རང་གི་ཚིག་གིས་བསྐུལ་བར་ལྡན། །ཞེས་པ་ལ་རང་གི་ཞེས་པ་རང་གང་འདོད་པའི་ལས་ཀྱི་ཚིག་གོ །རིགས་ལས་བྱུང་བ་ཞེས་པ་ན། བེ་ཅོན་འདི་རྣམ་པར་སྣང་མཛད་ཀྱི་རིགས་སོ། །གསང་བའི་མཆོད་པའི་སྦྱོར་བ་ཡི། བདག་གིས་མདོར་ནི་བཤད་པར་བྱ། །ཞེས་བྱ་བ་ནི་ལས་རྣམ་པ་དྲུག་པོ་འདི་གསང་བའི་སྟེ་མ་བཅུ་གཉིས་ཀྱི་སྦྱོར་བར་རིག་པར་བྱའི། འདིར་རྒྱས་པར་མ་བཤད་དོ། །འོན་ཀྱང་མདོ་ཙམ་ཞིག་བཤད་དེ། །ཨ་འདི་ཁྲོ་བོ་རྣམ་རྒྱལ་གྱི། །ས་བོན་དམ་ཚིག་ཡིན་པར་བཤད། །ཅེས་པ་ནི། འོད་དཔག་ཏུ་མེད་པའིའོ། །བསྟོད་ཅེས་པ་འོད་དཔག་ཏུ་མེད་པ་ལ་བསྟོད་པའོ། །དེ་ནི་དབང་གི་ལྷག་པའི་ལྷ་སྟེ་དང་པོའི་སྦྱོར་བའོ། །ཨ་འདི་ཁྲོ་བོ་རྣམ་རྒྱལ་གྱི། །ཧཱུཾ་དང་ལྡན་པས་ཞེས་པ་ནི་ཧཱུཾ་སྟེ་མི་བསྐྱོད་པའོ། །ཞི་བའི་སྦྱོར་བའོ། །དེ་ལས་གཞན་སྔགས་འཕེལ་བར་བྱེད། །ཅེས་པ་ནི་སྭ་སྔགས་འཕེལ་བར་བྱེད་པ་རིན་ཆེན་འབྱུང་ལྡན་རྒྱས་པའིའོ། །གསུམ་པའོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་དོན་ཡོད་པར་གྲུ་བའི་སྦྱོར་བ་གསད་བའི་ལས་སོ། །ཧཱུཾ་ནི་སྙིང་གའི་ཧཱུཾ་སྟེ། དེ་ལས་ཁྲོ་བོ་གསོད་པ་པོའི་སྔགས་བྱུང་བའོ། །ཨོཾ་ཞེས་པ་ནི་རྣམ་པར་སྣང་མཛད་དང་དབྱེ་བའི་ལྷ་སྟེ་ལྷག་པའི་ལྷ་སྟེ་ལྔ་པའོ། །དེ་
ལས་གཞན་ཞེས་པ་ནི་འཇམ་དཔལ་ནི་བསྐྲད་པར་བྱེད་པ་སྟེ་དྲུག་པའོ། །རང་རང་སྐུ་འཛིན་བསྐུལ་ནས་ནི། །ཞེས་པ་ནི་ཁྲོ་བོ་རྣམ་པ་དྲུག་རང་རང་གི་ངོ་བོ་ལས་དྲུག་ལ་བསྐུལ་བར་བྱ་སྟེ་སྒྲུབ་པའི་ཐབས་བཞིན་ནོ། །དེ་ལ་ཞི་བ་ལ་ཤཱནྟིཾ་ཀུ་རུ་དང་སྭཱ་ཧཱ་ཞེས་བརྗོད་དོ། །མཇུག་ཏུ་བཽ་ཥ་ཊ་སྦྱར་ཞེས་པ་རྒྱས་པ་ལ་སྟེ། དེའི་མཐར་ན་མ་སྭཱ་ཧཱའོ། །ཧཱུཾ་ཡང་དེའི་མཐར་གཞག་གོ །གསད་པ་ལ་ཕཊ་དོ། །དབྱེ་བར་བྱ་བ་ལ་ཧཱུཾ་གཉིས་ཀྱི་བར་དུ་ཕཊ་དོ། །བསྐྲད་པ་ལ་བསྐུལ་བའི་མགོ་དང་མཇུག་དུ་ཧཱུཾ་དང་ཕཊ་དོ། །གསང་བའི་མཆོད་པའི་ཆོ་གར་གྲགས། །ཞེས་པ་ནི་མའི་འཁོར་ལོའི་ཆོ་གའོ། །གཞན་གོ་སླའོ། །རབ་ཏུ་འགྲུབ་པས་ཟླ་དྲུག་གིས། །ཞེས་པ་ནི་ལས་རེ་རེ་ལས་ཟླ་བ་རེའམ། ཡང་ན་ལོ་རེས་འགྲུབ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་རམ། ཁྲོ་བོའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་འགྲུབ་དེས་སོ། །བེ་ཅོན་ཕྱག་རྒྱའི་སྔགས་ལས་མཚོན་པའི་ལྷ་ཡིས་ལྷག་པར་བྱས་ལ། གསང་བའི་མཆོད་པ་སྟེ་འཁོར་ལོ་དྲུག་པའི་སྦྱོར་བའི་ལེའུ་སྟེ་གསུམ་པའི་རྣམ་པར་བཤད་པའོ།། །།ད་ནི་ཧེ་ལའི་འཁོར་ལོའི་བསྐུལ་བའི་རྣམ་པ་དག་བཤད་པ་དང༌། གཞན་དག་ཀྱང་བསྟན་པར་བྱ་སྟེ་དེའི་ཕྱིར་གསུངས་པ། དེ་ནས་བེ་ཅན་ཕྱག་རྒྱ་ཡི། །ཇི་སྐད་གསུངས་པ་དེ་དག་བསྒྲུབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་མ་ལས་གཞན་ཡིན་པས་ན་གཉིས་པའོ། །ཁྲོ་བོ་གཙོ་བོའི་ཕྱག་རྒྱ་ཡིན། །ཞེས་པ་ནི་ལྷ་གཅིག་པའི་སྒྲུབ་ཐབས་སོ་ཞེས་ཤེས་པར་བྱའོ། །དེ་ནས་མར་གྱི་ཚེས་བརྒྱད་ལ། །གྲོགས་གསུམ་དང་ཞེས་པ་ལྷག་པའི་ལྷ་རང་དང་གཅིག །བདུད་རྩིའི་འཁྱིལ་པ་དང་གཉིས། ཁྲོ་བོ་ཕོ་ཉ་དང་གསུམ་མོ། །བཅུ་གཅིག་པ་རྙིལ་ཅིག་ཅེས་པའི་བསྐུལ་བ་ནི་ལྷག་པའི་མཐར་ཧ་ན་པི་སྥོ་ཊ་ཡ་བྷཉྫ་ཞེས་པའོ། །དགོས་པར་བྱ་བ་སྟེ། བཅུ་པའི་བསྐུལ་བ་ནི་ད་ར་བི་སྥོ་ཊ་བྷཉྫ་ཧཱུཾ་ཞེས་པ་སྟེ། བྷཉྫ་བྷཉྫ་ཞེས་པ་ཤིག་ཤིག་པའམ་ཆོམ་ཆོམ་པའོ། །གཉིས་པ་སྐོམས་ཤིག་པའི་བསྐུལ་བ་ནི། བ་ཙ་བི་ཏྲ་སང་ཤོ་ཥ་ཡ་ཧཱུཾ་ཞེས་པའོ། །བཞི་པ་ནོན་ཅིག་པ་ནི་སྟཾ་བྷ་སྟཾ་བྷ་ཧཱུཾ་མུ་སེ་ན་སྟཾ་བྷ་ཧཱུཾ་ཞེས་པ་ཁྲོ་བོ་ཆེན་པོའི་མཐར་རོ། །ལྔ་པ་དཀྲུགས་ཤིག་པ་ནི། ཀྵོ་བྷ་ཡ་ཀྵོ་བྷ་ཡ་མ་
ཧཱུཾ་ཧྲི་ཞེས་པའོ། །བཞི་པ་ཁྱད་པར་དུ་འདིས་ཀྱང་བསྐུལ་བ་སྟེ། ཏིསྟ་ཏིསྟ་ཧཱུཾ་ཞེས་པའོ། །གསད་པར་བྱ་བ་ལ་བསྐུལ་བའི་སྔགས་འདི་སྟེ། ཧ་ན་བི་ན་ཏྤཾ་ས་མཱ་ར་ཡ་ཧཱུཾ་ཕཊ་ཞེས་པའོ། །བདུན་པ་སྐྲག་པར་གྱིས་ཤིག་པ་ནི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཞེས་པ་དཔུང་རྣམས་ཕན་ཚུན་དུ་སྐྲག་ཅིང་འཁྲུག་གོ །ཁྲག་གི་ཆར་ཕོབ་ཅིག་པ་ནི། ཏྲི་ཏྲི། ཛཱ་ཛཱ། ཏྲི་ཏྲི། ཧཱུཾ་ཞེས་བསྐུལ་ལོ། །དྲུག་པ་རྨོངས་པར་གྱིས་ཤིག་པ་ནི། ཧ་ཧ་ཧ་ཧ་བཻ་ཏ་ལ་ཕཊ་ཧཱུཾ་ཞེས་པའོ། །ལོང་པར་གྱིས་ཤིག་པ་ནི་ཧ་ཧ་ཧ་ཧ་ཨནྟ་ཡ་ཕཊ་ཧཱུཾ་ཞེས་པའོ། །རྒྱལ་པོ་འབེབས་པར་བྱེད་པ་ལ་ནི་ཏྲིཾ་ཏྲི་ཛ་ཛ་ཏྲིཾ་ཕཊ་ཧཱུཾ་ངོ༌། །དེ་དག་གི་ལས་ཀྱི་འཁྲུལ་འཁོར་ནི། རིགས་ཀྱི་ས་བོན་གྱི་ཡི་གེ་ལས་མཚན་མ་སྟེ། སྟོང་པ་ཉིད་སྔོན་དུ་འགྲོ་བས་དེ་ལ་ལས་དང་རྗེས་སུ་མཐུན་པའི་འཁོར་ལོར་ཡང་དག་པར་བསྐྱེད་པ་བྱས་པ་དང༌། ལེགས་པ་སྟེ། ཁ་དོག་གི་བྱེ་བྲག་ཀྱང་ལས་དང་མཐུན་པའི་ཡི་གེའི་ཁ་དོག་བསྐྱེད་དོ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྤྲོས་པས་སངས་རྒྱས་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཐུགས་ཀ་ན། ཨཱ་ལི་ཀཱི་ལི་གནས་པའི་ཡི་གེ་ལས་དམ་ཚིག་གི་ཡི་གེ་ལྟ་བུ་བསྡུས་ཏེ་འདིར་བསྟིམ་མོ། །དེ་ལ་མཆོད་པ་དག་གཟི་བརྗིད་བསྐྱེད་པ་བྱས་པ་ནི་བྱིན་གྱིས་བརླབ་པའོ། །འདི་ལྟ་བུའི་འཁོར་ནོ་ནི་གཤིན་རྗེ་གཤེད་དེ། །འདོད་པའི་དོན་དང༌། དེའི་བར་དུ་གཅོད་པ་སེལ་བའམ། འཇོམས་པ་སྟེ་གོ་རིམས་སོ། །གཞན་ཡང་རྣམ་པ་གསུམ་གྱིས་ན། དགུ་རུ་དབྱེ་བ་བྱས་པ་དང་བཤད་པ་རྫོགས་པར་འགྱུར་རོ། །རྒྱུ་དང་ཐབས་དང་འབྲས་བུའི་རྣམ་པ་འདོད་པ་ཉིད་དེ། དེའི་ཕྱིར་བཤད་པ་ལྔ་པ་ཉིད་དོ་ཞེས་བཤད་དོ། །འདི་ལ་ལས་ཀྱི་བྱེ་བྲག་གིས་བསྐྱེད་པའི་འཁོར་ལོ་བྲིས་པ་དག་ལ་བསྟིམ་པ་དང༌། འཁྲུལ་འཁོར་བསྐྱེད་པ་དང༌། འདོད་པའི་འཁོར་དག་བསྐུལ་བ་ནི་བསྟན་པའི་རིམ་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །དམ་ཚིག་རབ་ཏུ་སྐྱོང་བ་ཡིན། །ཞེས་པ་ནི་ཁྲོ་བོ་རྣམ་པ་བཅུ་གཉིས་པོ་ཀུན་གྱིས་ལས་བྱེད་པ་ལས་མིའི་དོན་ནོ། །ད་ནི་མ་གྲུབ་པ་ནི་འདིས་སྤོགས་པར་བྱ་བ་སྟེ། སྔ་མའི་དམ་ཚིག་བསྐུལ་
པ་ལྟར། །ཞེས་པ་ལྷག་པའི་ལྷའི་སྔགས་ཀྱི་མཇུག་ལ་ཕྱག་འཚལ་བ་དང་ལྡན་པ་དག་བརྗོད་ལ་དེའི་མཐར་བསྐུལ་བ་བརྗོད་དོ། །དེ་ནས་གཞན་དག་སྔར་གྱི་དང་མཚུངས་པར་བྱ་བའམ་མེད་པར་ཡང་རུང་བར་བཤད་དོ། །བདག་ཉིད་ངེས་པར་འཆི། ཞེས་པ་སྔོན་དུ་བསྙེན་པ་མ་བྱས་པར་འདོད་ན་དེའི་ཚེ་འགྲུབ་པར་མི་འགྱུར་གྱི་ཟད་པར་འགྱུར་རོ། །གཞན་ཡོན་ཏན་ཏེ། ལས་སྣ་ཚོགས་འགྲུབ་པར་བཤད་དེ་གོ་སླའོ། །གསང་པ་རབ་ཏུ་བསྟན་པ་ཡིན། །ཞེས་པ་ནི་གསང་བའི་འཁོར་ལོའི་བསྐུལ་བ་བསྟན་པ་ཡིན་པའི་ཕྱིར་རོ། །སྙིང་པོ་ཕྱག་རྒྱ་ནི་བཅུ་བདུན་པོའི་སྒྲུབ་ཐབས་སོ། །བེ་ཅོན་ཞེས་པ་ཕྱག་རྒྱ་དགུའི་སྒྲུབ་ཐབས་སོ། །སྙིང་པོ་རང་གིས་ཞེས་པ་ནི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་ཀྱི་བསྙེན་པ་བྱའོ། །རྩ་བའི་རྟོག་པ་བེ་ཅོན་གྱི་སྒྲུབ་པ་དང༌། དེའི་ལས་བསྐུལ་བ་བསྡུས་ཏེ་བཤད་པ་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་བཞི་པར་བསྐུལ་བ་བསྟན་པ་ལ་དེའི་སྒྲུབ་པ་དགོས་པས་དེ་བསྟན་པའི་ཕྱིར། དེ་ནས་ཡི་གེ་བཅུ་བདུན་པའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བའི་སྔགས་ཞེས་པ་ནི་རང་གི་ལུགས་བརྗོད་པ་ཡིན་ལ། འདིར་ཡང་དེ་བཞིན་ཏེ་ཨ་ཨ་ནུཏྤ་ཏེ་ཞེས་པས་དོན་དམ་པའི་བདེན་པ་གསུངས་ལ་ཁྲོ་བོ་ཞེས་པ་ཡེ་ཤེས་ཏེ་རང་བཞིན་ནོ། །དེའི་ལས་ནི་ཕྲིན་ལས་ཏེ། རྣམ་པ་སྣ་ཚོགས་ནི་སྤྲུལ་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །ཡང་ན་ཨ་ནི་རང་གི་སེམས་ཀྱི་གཞོན་པ་ལྟ་བུའི་ངོ་བོ་ཁྱབ་པའི་གནས་ལ་གསུངས་ཏེ་རྣམ་པར་ཤེས་པ་གཞན་དང་རླུང་གཞན་མདག་གི་རྒྱུ་བའི་ཕྱིར་རྩ་བའོ། །དེ་ཡང་རྣམ་པར་སྨིན་པ་ཡང་ཡིན་ལ་གཟུང་བའི་ཡུལ་ཡང་ཡིན་ཏེ་མན་ངག་གིས་ཤེས་པར་བྱའོ། །སྔགས་ཞེས་པ་ལ་སྔགས་ནི་སྤྲུལ་ལ་སོགས་པའོ། །དེ་ཡང་མགོ་ཅན་དང༌། མགོ་མེད་པ་དང༌། མཇུག་ཅན་དང༌། མཇུག་མ་མེད་པ་སྟེ་མིང་ངོ༌། །གཏོགས་པ་དང་སོད་པ་ནི། ཡིད་སྐྱོབ་པ་དང༌། དོན་ནི་དགོས་པའོ། །སྐྱོབ་པའི་ཕྱིར་ཞེས་པ་དང༌། སྟོབས་ལ་སོགས་པ་འཐོབ་པར་བྱེད་པའི་ངེས་ཚིག་གོ །དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ནི་སྔགས་སོ། །སྟོང་པ་ཉིད་ནི་མི་མཉམ་པ་དང་ཉམ་པའི་སྔགས་སོ། །ཁྱད་པར་གྱི་ལམ་ནི་བར་ཆད་མེད་པའི་ཕྱིར་
སྔགས་སོ། །དེར་རྣམ་པར་གྲོལ་བ་མཐར་ཕྱིན་པ་ནི་མཛད་པ་ཆེན་པོས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་སྔགས་སོ་ཞེས་བཤད་དོ། །ཡང༌། ལྟེ་བའི་རྩ་བར་གནས་པ་ཡི། །ལྷན་ཅིག་སྐྱེས་པའི་ཡི་གེ་ཨ། །ཁོང་ནས་བྱུང་ཡང་སྐྱེ་བ་མེད། །ཡི་གེ་ཀུན་གྱི་རྩ་བའི་ཕྱིར། །རྩ་བའི་སྔགས་སུ་ཤེས་པར་བྱའོ། །ཞེས་པ་གདམས་དག་གོ །དེ་ཡི་ཕྱག་རྒྱ་གཞན་དག་ཀྱང༌། །རོ་ལངས་ཞེས་ནི་བྱ་བ་ཡོད། །ཅེས་པ་ལ་དེའི་ཞེས་པ་སྔགས་དེའིའོ། །སྒྲུབ་པའི་ཐབས་གཞན་ནོ། །དེ་ཡང་རོའི་སྒྲུབ་པའོ། །སྙིང་ནི་དགའ་བྱེད་གསང་བའོ། །ཞེས་བྱ་བ་ནི་རོ་ལངས་ཀྱི་ཕྱག་རྒྱ་འདིས་ཐུགས་སད་པར་བྱེད་པའི་ཕྱིར་རོ། །དུར་ཁྲོད་དག་ནི་ཐམས་ཅད་ནི། །གང་ལ་རྟག་ཏུ་རག་ལུས་པ། །ཞེས་པ་ནི། དུར་ཁྲོད་ནི་རོ་ལ་བྱ་སྟེ་བདག་མེད་པའི་ངོ་བོའོ། །དེའི་དངོས་གྲུབ་ནི་དེ་མཐོང་བ་དང༌། དེའི་ཤུགས་ལས་བྱུང་བའོ། །དེའི་རག་ལས་པ་ནི་དེའི་ཕྱག་རྒྱ་སྟེ། རྒྱུའི་ཕྱིར་ཨའི་རྣམ་པའམ་སྒྱུ་མའི་རྣམ་པའོ། །ཡང་རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པ་ཡང་མི་འདའ་བའི་ཕྱིར་ཕྱག་རྒྱ་ཡིན་ལ་རག་ལས་པའི་ཕྱིར་རོ། །ཡང་ན་དུར་ཁྲོད་ནི་དབུགས་རྒྱུ་བའི་ཕྱིར་ལུས་ཡིན་ཏེ། དེའི་ཤིན་ཏུ་སྦྱངས་པ་ནི། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འདི་ལ་རག་ལུས་སོ། །རོ་ལངས་ཕྱག་རྒྱ་ལྡན་པ་དེ། །ཞེས་པ་ཡན་ཆད་ནི་སྒྲ་ཇི་ལྟ་བ་བཞིན་ཏེ་གསལ་ལོ། །ཧ་ཧར་གྱུར་བའི་དཀྱིལ་འཁོར་དུ། །ཞེས་པ་ནི་རོའི་སྒྲུབ་པ་གསུངས་པ་སྟེ། དེ་ཡང་དང་པོ་ལྷ་གཅིག་པ་ལ་སོགས་པའི་རྣལ་འབྱོར་དང༌། སྙིང་པོས་སྔོན་དུ་བསྙེན་པ་འབུམ་བྱས་ལ། དེ་ནས་ཅི་རྩེ་ལ་སོགས་པའི་གནས་ཡིད་དུ་དགའ་བར་ཟླ་བ་མར་དོའི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ཀྱི་རྫས་གྱིས་དཀྱིལ་འཁོར་གྲུ་བཞི་པར་བྱས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པར་བྲིས་ལ། དེའི་ལྟེ་བར་རོ་བྲི་ཞིང་དེ་རུ་ཉི་མའི་གཟུགས་བྲིས་ནས། དེར་རང་གི་རྣལ་འབྱོར་བྱས་ལ་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་དཀྱིལ་འཁོར་དུ་ཡང་འཇམ་དཔལ་བསྐྱེད་ལ་བདུན་རྩི་ལྔ་དང༌། སྦོས་དང༌། མར་མེ་དང༌། དུར་ཁྲོད་ཀྱི་མེ་ཏོག་གིས་མཆོད་དོ། །འབྱུང་པོ་ལ་གཏོར་མ་ཡང་བྱིན་ལ། དེ་ནས་བུམ་པ་གཅིག་ཏུ་ཁྲག་
དང༌། ཤ་དང༌། ཚིལ་བུ་དང༌། བདུད་རྩི་དང༌། སྨན་བླུགས་ལ། དུར་ཁྲོད་ཀྱི་རས་ཀྱིས་མགུལ་པ་བཅིང་ངོ༌། །གཞན་ཡང་མཆོད་པའི་རྫས་ཚིལ་ཆེན་པོ་དང༌། ཤ་ལ་སོགས་པའི་ལྷ་བཤོས་དང༌། སྲོག་ཆགས་ཆུ་ཆུན་དར་བཏགས་པའི་བདུག་པ་དང༌། དུར་ཁྲོད་ཀྱི་སྡོང་བུ་བདུན་རའི་གཅི་བས་བཀྲུས་ལ་ཚིལ་ཆེན་པོའི་མར་མེ་བཏང་བས་མིག་སྨན་དུ་བྱའོ། །དེ་ནས་བསྲུང་བའི་ཆོ་ག་གསུངས་པས་བསྲུངས་ལ། དེ་ནས་རང་ཤི་བ་མ་རྒས་པ་དང༌། ནད་མེད་པར་རོ་དེ་ལ་དྲི་ཆུ་དང་བདུད་རྩི་ཆེན་པོས་བྱུག་གོ །དཀྱིལ་འཁོར་ཀྱི་དབུས་སུ་རོ་བཞག་ལ་རོའི་སྙིང་གར་བདག་ཁ་ལྷོ་རུ་བལྟས་ཏེ་འདུག་ནས། ཁྱིའི་འོ་མ་དང་བའི་འོ་མའམ། སྲན་མ་དང༌། འབྲས་ཀྱི་ཆན་དང༌། བདུད་རྩི་དག་དུར་གྱི་ཕྲུ་བར་བླུགས་ཏེ་བཙོས་པའི་ཚེ། ཐོད་པས་ཁ་བཅད་ཅིང་ཚོས་པ་དང༌། ཐོད་པར་སྩལ་ལོ། །ཁར་ཤིང་བརྩིགས་ལ་མེ་སྦར་ཏེ་དྲང་པོར་སྦྱིན་སྲེག་བྱ་སྟེ། སྔགས་བརྒྱ་རེ་ཞིང་དབུལ་ཏེ། དེ་ལྟ་བུའི་བརྒྱ་རྩ་བརྒྱད་བྱའོ། །འཕགས་པ་འཇམ་དཔལ་ཡུམ་དང་བཅས་པ་དང༌། འཁོར་གཤིན་རྗེ་མཐའ་ཡས་པ་དང༌། དུར་ཁྲོད་ཀྱི་ཅེ་སྤྱང་དང༌། ཕྱོགས་སྐྱོང་བ་བཅུ་པོ་དག་སོད་སོད་ཀྱི་སྒྲ་སྒྲོགས་པ་དང༌། །སྲིན་པོ་འབྲུག་གི་སྒྲ་བཞིན་སྒྲོགས་པ་དག་གིས་བསྐོར་བར་བསམ་ཞིང༌། ལྷོ་ཕྱོགས་ནས་གྲོགས་གཅིག་གིས་བདུག་སྤོས་དང༌། དྲིལ་བུ་རྒྱུན་དུ་བསྒྲག་གོ །དེ་ནས་རོ་དེ་ལངས་ནས་བགྱི་བ་ཅི་འདོད་ཅེས་གང་འདོད་བ་སྟེར་རོ། །དེའི་ཚེ་ལངས་ནས་ཧ་ཧ་ཞེས་དགོད་ཅིང་ལས་གང་འདོད་པ་གཅིག་སྟེར་ཏེ། ཤ་ཟའི་མཆོད་སྦྱིན་དུ་བཤད་པའོ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །ཞེས་པ་སྦྱིན་སྲེག་གི་ཆོ་གའོ། །ཁྲོ་བོ་འབར་བྱེད་བཤད་པར་བྱ། །ཞེས་བྱ་བ་ནི་ཁྲོ་བོ་རྣམ་པ་བཅུ་གཉིས་ཀྱི་ལས་སུ་བཤད་པ་ཡང་འདིས་འགྲུབ་པར་འགྱུར་བའོ། །ཡི་དགས་ཕལ་ཆེན་བཤད་པ་བཞིན། །འདི་ཡང་ཞེས་པ་ནི་རོ་ལངས་བསྒྲུབ་པའི་དཀྱིལ་འཁོར་འདི་ཡང་ངོ༌། །ཁྲུ་བརྒྱད་ལྷག་ཆད་མེད་པར་ནི། །ཞེས་པ་ནི་དངོས་གྲུབ་སྣ་ཚོགས་ལ་ཁྲུ་བརྒྱད་པ་འདིས་ཤིས་སོ་ཞེས་པ་གཞན་དག་ནི་གོ་སླ་སྟེ་མ་བཤད་དོ། །མཆོད་པར་བྱ་ཞེས་པ་ལྷ་ལ་སྟེ་མེ་ལྷ་ལའོ། །གཏོར་མ་གསུམ་པ་ཞེས་
བྱ་བ་ནི་དང་པོའི་རང་གི་རྣལ་འབྱོར་དང་དེའི་གཏོར་མའོ། །གཉིས་པ་སྦྱིན་སྲེག་གི་དང༌། གསུམ་པ་ཡི་དགས་ལ་གཏང་བ་སྟེ། དེ་ལ་ཡང་ཤ་ཆེན་པོ་དང༌། ཚིལ་དང༌། ཁྲག་དང༌། བདུད་རྩི་ལྔས་བྱའོ། །བདུག་པ་ཡང་དེ་བཞིན་ནོ། །རོ་ལངས་ཕྱག་རྒྱ་བཅིངས་ནས་ནི། །གཏོར་མ་མེ་ཏོག་ལ་སོགས་དབུལ། །ཞེས་པ་ནི་ཁྲོ་བོའི་ཕྱག་རྒྱས་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱ་འདིས་དམ་ཚིག་མཚོན་པའོ། །དེས་བྱ་བ་ཀུན་ལ་ཡང་སྦྱོར་ལ་རོ་ལངས་པ་ལ་དམ་ཚིག་གི་ཕྱིར་བསྟན་པར་བྱ་བ་ཡིན་པས་ན་རོ་ལངས་སོ། །སྙིང་གར་རོ་ལངས་ཕྱག་རྒྱ་གཞག །ཅེས་པ་འཇམ་དཔལ་བཞུགས་པར་བསམ་པའམ། མཚན་མ་གཞག་པའོ། །ཨརྒྷ་དེ་ལ་དབུལ་བར་བྱ། །ཞེས་པ་ནི་འཇམ་དཔལ་ངོ་བོ་རོའི་རྣམ་པའོ། །གསེར་དུ་འགྱུར་བར་གདོན་མི་ཟ། །ཞེས་པ་ནི་གསེར་དུ་འདོད་ན་གསེར་རམ་ཡུང་བས་རོ་ལ་བྱུགས་ལ་སྔ་མ་བཞིན་ནམ། སྦྱོར་བ་གཞན་དུ་སྦྱར་ནའོ། །རོ་ལངས་ཕྱག་རྒྱ་མི་ཤེས་ན། སེམས་ནི་ཇི་ལྟར་དྲུག་གྱུར་ཀྱང༌། །ཞེས་བྱ་བ་ནི་རོ་ལངས་ཀྱི་ཕྱག་རྒྱ་ནི་འདི་རོ་ལངས་ནས་དངོས་གྲུབ་སྟེར་བ་ལ་དགོས་པའི་རང་གི་རྣལ་འབྱོར་དང༌། མེ་ལྷའི་རྣལ་འབྱོར་དང༌། དེའི་མཆོད་རྫས་དང་སྔགས་རྣམས་ནི་དེའི་ཕྱག་རྒྱ་སྟེ། དེ་མ་ཤེས་པར་དོན་འགྲུབ་པ་མེད་དེ། ས་བོན་མེད་པར་མི་འབྱུང་བ་མྱུ་གུ་ཡིན་པ་བཞིན་དུ་སྦྱོར་བ་འདི་མི་ཤེས་པའི་སྔགས་པ་སྒྲ་ལ་ནི་ཞེན་པ་དང༌། ལྷའི་དེ་ཁོ་ན་ཉིད་མི་ཤེས་པ་རྟེན་ཅིང་འབྱུང་བ་རྣམ་པ་གཉིས་སོ། །གཟུགས་ལ་སོགས་པའི་མཚན་ཉིད་ལ་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་འདི་ལྷ་མ་ཡིན་པ་ལ། དོན་དམ་པར་ལྷར་འདོད་ཅིང་ཞེན་པ་དང༌། སྒྱུ་མའི་ངོ་བོ་འདི་འཇམ་པའི་དབྱངས་སུ་བརྟགས་པའི་རྣལ་འབྱོར་ཅན་གྱིས་རྟོགས་ཀྱང་སྦྱོར་བ་བླ་མའི་ངག་ལས་བླངས་པ་མེད་ཅིང་མི་ཤེས་ན། སེམས་པས་བྱེད་ཀྱང་འདོད་པའི་དོན་འབྱུང་བ་མེད་དེ། མི་ཤེས་ཤིང་ཉེ་བར་མ་བྱས་པའི་ཕྱིར་ས་བོན་མེད་པའི་མྱུ་གུ་བཞིན་ནོ། །དེས་ནམ་མཁའ་ལ་འགྲོ་བ་དང༌། ཆུ་ལ་ཡང་ས་བཞིན་བྱེད་དོ། །གཞན་གོ་སླའོ། །ད་ནི་གཟིར་བ་ལ་སོགས་པ་རོ་ལངས་ཀྱི་ལས་གཞན་
དག་གསུངས་པ་དེ་བཤད་པའི་ཕྱིར། དེ་ནས་གཞན་ཡང་རོ་ལངས་ཀྱིས། །གཟིར་བར་བྱ་བ་གསང་བ་བཤད། །ཅེས་བྱ་བ་རྒྱ་ཆེར་སྨོས་ཏེ། ཐོད་པའི་ནང་དུ་ཚིལ་ཆེན་པོའི་མར་ཁུ་ལ་ཨ་ཤྭ་ར་བ་ཞེས་པ་ནི། འདིར་ཀ་ར་བཱི་རའི་ཤུན་ལྤགས་དང༌། རས་ཀྱི་སྡོང་བུ་བྱས་ལ་མར་མེ་དུས་ནི་ཟླ་བའམ། ཉི་མ་གཟས་ཟིན་པའི་ཚེ་སྤར་ལ་དེ་མཐར་བར་སྔགས་བཟླས་ཤིང༌། ཐོད་པ་ཁ་སྦུབ་པས་དུད་པར་བྱས་ལ་དེས་སྣག་ཚར་བྱས་ཏེ། རས་བཤུས་པ་ལ་འཁོར་ལོ་བྲིས་ལ་མར་གྱི་ཚེས་བརྒྱད་ལ་རོ་སྔ་མ་བཞིན་དུ་བྱས་པའི་ཁར་སྦྱིན་སྲེག་དུ་བྱ། མཐར་དེ་ཡང་བསྲེགས་ན་གྲུབ་སྟེ། མན་ངག་ལས་ཤེས་པར་བྱའོ། །དེ་ཡང་ན་ཤིང་ཨརྐའི་བལ་ཁོ་ན་བསྲེགས་པའི་དུད་པ་སྣག་ཚར་བྱས་པ། རོ་ལངས་པ་ན་མིག་ལ་བསྐུལ་ནའོ། །སླར་ཐར་པར་བྱ་ན་སྔ་མ་བཞིན་ལ་ཐར་བའི་སྔགས་ཀྱིས་སོ། །དེ་ནས་གཞན་ཡང་རྨོངས་པ་ནི། །ཞེས་བྱུང་བ་རྣམས་ནི། སྔ་མ་བཞིན་ལ། རྫས་འདི་རྣམས་རི་ལུར་བྱས་ལ་མར་གྱི་ཚེས་བརྒྱད་ལ་སྔགས་བཟླས་ཏེ། སྔ་མ་བཞིན་རོའི་ཁར་གཞག་པར་བྱ་སྟེ། དེ་ནས་དེས་འཁོར་ལོ་ཡང་དག་པར་བྲིས་པའི་ནང་དུ་རི་ལུ་བཞག་ནས་སྦས་ན་རྨོངས་པར་བྱེད་དོ། །རི་ལུ་བདུན་མཐར་བསྲེགས་ལ་གཅིག་གིས་བྱའོ། །དེ་ནས་གཞན་ཡང་དབབ་པ་ཡི། །ཞེས་པ་དག་གསུངས་པ་ནི་དབབ་པའི་སྦྱོར་བས་གཞན་ལས་ཁྱད་བར་དུ་གྱུར་པས་ན་མཆོག་གོ །སྟག་གི་པགས་པ་དང་ཞེས་པ་ནི་ན་ཆུང་གི་འོག་གི་གོས་སོ། །སྦྲུལ་གྱི་ཤུན་པ་ནི་གུ་གུལ་ནག་པོ་སྟེ་རྫས་དེ་རྣམས་དང༌། ཐང་ཆུ་དང༌། བདུད་རྩི་ལྔ་དང༌། ཚིལ་ཆེན་པོ་རྣམས་ཀྱི་རི་ལུ་ཐོད་པར་བསྲེག་ཅིང་བདུགས་ན་འབེབས་ཏེ་ཐབས་གཞན་ཡང་བྱའོ། །དེས་སྨྲ་བ་རྣམ་པ་སྣ་ཚོགས་ཀྱི་རྩེད་མོ་སྟོན་ཏོ། །གཤེགས་པའམ་གཏང་བ་ནི་གུར་གུམ་ཅན་བསྲེགས་ཏེ་གཏང་ངོ༌། །དབང་དུ་བྱེད་པ་དག་གི་མཆོག །རིག་པ་འཛིན་པའི་ཡིད་ལས་བྱུང༌། །ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་ཐུགས་ལས་བྱུང་བའོ། །ཁྲོ་བོ་གཏུམ་པོ་ལ་སོགས་པའི་འཁོར་ལོ་ལྟར་བྱས་ལ་སྔགས་བཟླས་ན་ངེས་པར་དབང་དུ་འགྱུར་རོ། །དེ་ནས་ཁོན་པ་ལས་ཀྱི་ནི། །སྦྱོར་བ་འབའ་ཞིག་བཤད་བར་
བྱ། །ཞེས་བྱ་བ་གསུངས་ཏེ། །ཞི་བ་དང་ནི་རྒྱས་པ་ཉིད། ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་ལས་དག་དང༌། །ཁོ་ན་དང་བསྐྲད་དང་གནས་པར་དད། །དགུག་པ་ལ་སོགས་མར་ངོ་ལའོ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་ལ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསོད་པ་ཉིད་ལ་མེ་ཡི་ཕྱོགས། །སྡང་བར་བྱ་ལ་བདེན་བྲལ་ཕྱོགས། །གནས་ལས་བསྐྲད་ལ་རླུང་གི་ཕྱོགས། །གནོན་པ་ལ་ནི་དབང་ལྡན་ཕྱོགས། །ཞི་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་དག་ལ་སེར་པོར་བྱ། །དབང་དང་དགུག་པ་དག་ལ་དམར། །གསད་ལ་ཁ་དོག་ནག་པོར་བྱ། །བྱམས་པའི་སེམས་ཀྱིས་ཞི་བ་ལ། །དགེ་བའི་སེམས་ཀྱིས་རྒྱས་པ་ལ། །ཆགས་པའི་སེམས་ཀྱིས་དབང་དག་ལ། །ཁྲོ་བོའི་སེམས་ཀྱིས་གསོད་པ་ལ། །ཞི་བ་ཕལ་ཆེར་སྲོད་ལ་བྱ། །རྒྱས་པ་ཕལ་ཆེར་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་གུང་དང་མཚན་ཕྱེད་ལ། །རྫོགས་པའི་རིམ་ལ་གནས་པ་ཡིས། །ནང་གི་དུས་ལ་བརྟེན་པར་བྱ། །འགྲོ་བའི་སྙིང་ལ་རབ་གནས་དུས། །རིམ་ནི་གོ་རིམས་ཇི་བཞིན་དུ། །ཐུན་ཕྱེད་ཀྱི་ནི་དུས་སུ་གནས། །མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་ཏེ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཞེས་དཔལ་གསང་བ་འདུས་པའི་བཤད་པའི་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདིར་ཡང་སྦྱར་རོ། །དེའི་རིམ་པ་ནི་རྫས་དེ་རྣམས་ལ་རི་ལུ་བྱས་ལ། ཟླ་བ་གཟས་ཟིན་པའི་ཚེའི་ལུ་ལ་སྔགས་བཏབ་ལ། ཁོན་པར་བྱ་བ་དག་གི་སྙིང་གར་འཁོར་ལོ་སྦས་ལ། །ཚེས་བརྒྱད་ཀྱི་ནུབ་མོ་རི་ལུ་ཁར་བཞག་ལ་སྦས་ན་ངེས་པ་ཡིན་པར་ནི་མཐུའི་ཡོན་ཏན་ནོ། །གླང་པོ་ཆེ་གླད་པའོ། །རྣལ་འབྱོར་རྣམ་པ་གཉིས་ལ་གནས་པ་དག་ལ་སྡང་བ་གསད་པར་བྱ་བ་བསྟན་པའི་ཕྱིར་དེའི་སྦྱོར་བ་གསུངས་པ་དེ་བཤད་པའི་ཕྱིར། གསོད་པའི་མཆོག་ནི་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །མི་གང་དག་གནོད་པ་མང་པོས་དཀོན་མཆོག་ལ་གནོད་པར་བྱེད་པ་དང༌། སྨོད་པར་བྱེད་པའི་ལོག་པར་ལྟ་བ་དང༌། སློབ་དཔོན་ལ་སྨོད་པ་དང༌། མཚམས་
མེད་པ་བྱེད་པ་ལ་གསད་པའི་སྦྱོར་བ་འདི་བྱའོ། །རང་ལ་ཞེ་སྡང་གི་ཕྱིར་ཀུན་ལ་བྱ་བ་ནི་རང་ཉིད་ལ་གནོད་པ་སྐྱེད་པའོ། །བྱང་ཆུབ་སེམས་དང་ལྡན་པ་ལ། །ཞེས་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པ་དང༌། རིགས་ལྔར་གྲགས་པའི་དམ་ཚིག་དང་ལྡན་པ་དང༌། སེམས་ཅན་ཀུན་ལ་བྱམས་པ་དང་ལྡན་པ་དང༌། སྙིང་རྗེ་དང༌། བཟོད་པ་དང༌། སྙིང་བརྩེ་བ་དང་འབྲེལ་བས་འགྲུབ་ཀྱི། དེ་ལས་བཟློག་པས་མི་འགྲུབ་སྟེ། །ཁྲོ་དང་གཏུམ་པའི་སྤྱོད་པ་དང༌། །ཞེ་སྡང་གིས་གསད་པར་འདོད་པས་ནི་དེ་བཞིན་གཤེགས་པ་སྟེ། འཇམ་དཔལ་གྱི་དངོས་གྲུབ་དག་དངོས་སུ་མི་འགྲུབ་ཀྱི། རྨི་ལམ་དུ་ཡང་མི་འགྲུབ་པོ་ཞེས་ཤེས་པར་བྱའོ། །དེའི་རིམ་པ་ལ་དགྲ་བོའི་རྐང་པ་གཡོན་པ་དང༌། །གཡས་པའི་རྗེས་ཟླ་བ་སྟོད་དང་སྨད་ཀྱི་བྱེ་བྲག་གིས་བླངས་པའི་ས་དང༌། དུར་ཁྲོད་ཀྱི་སོལ་བ་དང༌། རུས་པ་དང༌། བདུད་རྩི་ལྔ་དང༌། ཁྲག་དང༌། ལན་ཚྭ་དང༌། བོང་བུ་དང༌། རྔ་མོའི་སྤངས་དང༌། སྐྱེ་ཚེ་དང༌། ཤིང་ནིམ་པའི་ལོ་མ་དང༌། སྐྲ་དང༌། མར་ཁུ་ཆེན་པོ་དང༌། ཁྲ་དང༌། འུག་པའི་བཤང་བ་དང༌། སྤུ་དང༌། གཅི་བ་དང༌། མིའི་རུས་ཕྱེ་དང༌། བ་སྤུ་བ་དང༌། ཕུབ་མ་དག་ལས་གཟུགས་བརྙན་བྱས་ལ། དེའི་ལུས་ལ་མན་ངག་བཞིན་བྱས་ནས་རླུང་གི་དུས་སམ། ཉིན་གུང་ལ་རུས་པ་དང་ཚེར་མས་བཙུགས་ལ་གནས་སུ་བཅུག་ལ་རོ་ལངས་ཁྲོ་བོའི་སྔགས་ཀྱི་མཐར་སྭཱ་ཧཱ་སྤངས་ཏེ་ཧཱུཾ་དང་ཕཊ་གཉིས་ཀྱི་དབུས་སུ་སྟེ། དེ་ཡང་ཧཱུཾ་ཕཊ་ཀྱི་བར་དུ་དེ་བ་ཏ་མཱ་ར་ཡ་ཞེས་སྟོང་རྩ་བརྒྱད་དུ་བཟླས་ཤིང༌། མཐར་བསྲེག་སམ་མནན་པར་བྱའོ། །དེ་ལྟར་བྱས་ན་འཆི་བ་འདི་ལ་ཐེ་ཚོམ་མི་བྱའོ། །བསྐྲད་པའི་ལས་ནི་གོ་སླའོ། །རྩོད་པའི་ལས་ལ་བ་ར་ཧི་ནི་གུ་ཤ་རྣམ་གཅིག་གོ་ཞེས་འདིར་འདོད་དོ། །དུ་ཙིར་ནི་གི་ཝང་ངོ༌། །སྨན་དེ་དག་དང༌། གཞན་གང་ཡིན་པའི་རྫས་སོ། །རྫས་དེ་རྣམས་ལོ་མ་རླུང་གིས་བཏབ་བར་ཞེས་པ་འུག་པ་དང༌། བྱ་རོག་གི་སྒྲོ་རང་བྱི་བ་སྟེ་མ་ཤི་བའི་སྒྲོ་དང་སོ་སོར་སྦྱར་རོ། །བྱང་ཆུབ་རབ་ཞུགས་ཞེས་པ་སེམས་ཅན་ལ་གནོད་པ་དང་ཕན་པའི་ཕྱིར་རོ། །གཞན་དག་མོས་པར་བྱ་བའི་ཕྱིར་སྤྲུལ་པ་སྣ་ཚོགས་བསྟན་པ་ནི་མིག་འཕྲུལ་ལོ། །དེའི་སྦྱོར་བ་བསྟན་
པའི་ཕྱིར། །དེ་ནས་གཞན་ཡང་མིག་འཕྲུལ་གྱི། །ཆོ་ག་ཚུལ་བཞིན་བསྟན་པར་བྱ། །ཞེས་པ་དག་ནི་གསལ་བ་ཉིད་ལས་མ་བཤད་དོ། །ད་ནི་ཞི་བའི་ལས་བཤད་དེ་དེའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་མིག་འཕྲུལ་པ་དེ་ནས་སོ། །སེམས་ཅན་རྣམས་ཀྱི་ནད་དང༌། འཆི་བ་ཉེ་བར་ཞི་བར་བྱེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་ནད་མེད་པའི་འབྱོར་བ་ཅན་དུ་ཐུགས་དགྱེས་པས་ཞི་བ་ལས་ཀྱི་སྦྱོར་བ་འདི་གསུངས་ཏེ་བཀའ་སྩལ་པའོ། །མེ་ཏོག་དཀར་པོ་ཞེས་པ་ནི་དྲི་ཞིམ་པོའི་ཁ་དོག་དཀར་པོའོ། །དེ་བཞིན་དུ་སྦོས་དང༌། གཞན་ཡང་དཀར་བར་རྣམ་པར་བསམ་མོ། །རྒྱ་མཚོར་འགྲོ་བ་ཆུའི་ནང་དུ་ཞེས་པ་ཆུ་ཆེན་པོའོ། །དེར་འགྲོ་བ་ནི་ཆུ་ཆུང་བའོ། །དེར་རོ་ལོངས་ཀྱི་སྔགས་བཟླས་ཤིང་དོར་བར་བྱ་སྟེ། ནད་རྣམས་ལུས་ལས་བཏོན་ནས་ཆུར་དོར་བར་བསམ་མོ། །དེ་ནས་རྒྱས་པའི་ལས་རྣམས་ཀྱང༌། །ཞེས་པ་ནི། དེ་ལ་ནད་མེད་པས་ལུས་རྒྱས་པ་དང༌། རྣལ་འབྱོར་པ་མང་པོས་ལོངས་སྤྱོད་རྒྱས་པ་དང༌། ཚེ་རིང་པོས་སྲོག་རྒྱས་པ་དང༌། མཆོད་པ་ཆེན་པོས་བསོད་ནམས་དང༌། ལམ་གྱིས་ཡེ་ཤེས་མཆོག་ཏུ་དང༌། ཐོས་པས་ཤེས་རབ་རྒྱས་ཏེ། དེ་ལས་སྐྱེས་པའམ། བུད་མེད་ནད་ཀྱིས་ལུས་མ་རྒྱས་ན། ཚ་ཚ་གདབ་པའི་ཆོ་གའམ་ཡང་ན་རོ་ལངས་ཀྱི་སྔགས་ཀྱི་སྐུ་སེར་པོར་བཞེངས་ལ་མཆོད་པ་བྱས་ན་ནད་དང་བྲལ་ཏེ་ལུས་རྒྱས་སོ། །མཆོད་པ་ཆེན་པོ་ཡང་བྱས་ནས། དེ་ནས་བླ་མ་དང་དགེ་འདུན་དང་བྲམ་ཟེ་དག་ལ་ཆེན་པོས་བསྔོས་ན་མ་འོངས་པའམ། འདི་ལ་ལོངས་སྤྱོད་རྒྱས་སོ། །ཡང་མཆོད་པ་བྱས་ནས་རོ་ལངས་ཀྱི་སྔགས་བསྐུལ་བས་བཟླས་ཤིང་སྔགས་ཕྲེང་བར་བཟླས་ན་ཚེ་རྒྱས་སོ། །ཡང་མཆོད་པ་མཐའ་ཡས་པ་མ་ལུས་ཤིང་ལུས་པ་མེད་པའི་རྫས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཁེངས་པ་རྣམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པའི་འཕགས་པ་འཇམ་དཔལ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་རྣམས་ལ་ཕུལ་ཞིང་སྔགས་བསྐུལ་ན་བསོད་ནམས་མཐའ་ཡས་པ་རྒྱས་པར་འགྱུར་རོ། །ཡང་ལམ་བཞི་སྟེ། སྦྱོར་བའི་ལས་ངེས་པར་འབྱེད་པའི་ཆ་བཞི་
དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་དབང་པོ་དང༌། སྟོབས་དང་བཅས་པས་མཐོང་བ་རྣམ་པར་དག་པའི་ཡེ་ཤེས་རྒྱས་སོ། །དེ་ཡང་རྣམ་པ་བཞི་སྟེ། དང་པོ་བར་ཆད་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། འདོད་པའི་ཁམས་ཀྱི་སྡུག་བསྔལ་ཀྱི་སྤྲོས་པ་བཅད་ནས་དོན་མྱོང་བའོ། །མྱོང་བ་དེ་ཉིད་ཀྱིས་ཁམས་གོང་མའི་སྤྲོས་པ་བཅད་པའི་ཚུལ་གྱིས་རྗེས་སུ་ཤེས་པའི་བཟོད་པའོ། །བཟོད་པའི་སྤྲོས་པ་མེད་པ་ལ། །ཞེས་པ་ནི་རྗེས་སུ་ཤེས་པ་གཉིས་ཏེ། དེ་ནི་རྣམ་པར་གྲོལ་བར་བསྡུས་པ་བསྟན་ཏེ། དེ་ཡང་བདེན་པ་བཞི་ཡིན་པས་བཟོད་པ་བཞི་ཡིན་ལ། བཟོད་པ་བཞིའི་གྲོལ་བ་ཡང་བཞི་ཡིན་པའམ། ཡང་ན་ཁམས་ཀྱི་བྱེ་བྲག་གིས་བཟོད་པ་བརྒྱད་དང༌། ཤེས་པ་བརྒྱད་དུ་རྣམ་པར་གཞག་སྟེ། དེས་བསྒོམ་པའི་ལམ་འཕེལ་བར་བྱེད་དོ། །དེ་ཡང་ངེས་པར་ན། མཐོང་བའི་ལམ་དེ་ནི་ཐེག་པ་ཆེན་པོ་པ་བདེན་པ་སོ་སོ་ལ་རེ་མོས་དམིགས་པ་མེད་པའི་ཕྱིར། །བདེན་པ་བཞིའི་སྟོང་པ་ཉིད་སྐད་ཅིག་མ་གཅིག་གིས་དུས་ལ་ཐོག་མ་ཉིད་དུ་མཐོང་བ་ནི། བར་ཆད་མེད་པའི་ལམ་སྔར་མ་མཐོང་བའི་དོན་མཐོང་བས་ན་མཐོང་བའི་ཡེ་ཤེས་ཏེ་འཕགས་པའི་སར་ཕྱིན་པར་བྱེད་པའི་ཕྱིར་ལམ་མོ། །བདེན་པའི་དོན་དང༌། བསྟན་པ་ལ་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་སྐད་ཅིག་མ་བཅུ་དྲུག་དང༌། བརྒྱད་དང་དགུ་ལ་སོགས་པར་བཤད་དོ། །དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་སྡེ་སྣོད་གསུམ་པོ་དེ་ལ་ཡང་མངོན་པའི་སྣོད་དེ་ཉན་ཐོས་དང༌། རང་རྒྱལ་བའི་ཉན་ཐོས་ཀྱི་ཐེག་པ། ཐེག་པ་ཆུང་ངུའི་སྡེ་སྣོད་ཐོས་ལ། བྱང་ཆུབ་སེམས་དཔས་ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ཐོས་པས་ཤེས་རབ་རྒྱས་ཏེ། དེ་ཡང་ཐོས་པའི་ཤེས་རབ་ལ་བརྟེན་ནས། བསམ་པའི་ཤེས་རབ་ཅེས་འབྱུང་ངོ༌། །རྒྱས་པར་བཤད་ཟིན་ཏོ། །འཇིག་རྟེན་ཐམས་ཅད་དགར་འགྱུར་བ། །དགར་བར་འགྱུར་བ་བཤད་པར་བྱ། །ཞེས་པ་གསུངས་པ་ནི་སྡུད་པ་པོའི་ཚིག་གོ །གི་ཝང་ནི་གླང་པོ་ཆེའི་གོ་རོ་ཙ་ནའོ། །ཡང་ན་གི་ཝང་ནི་སྐྱེ་བ་བདུན་པའི་སྙིང་ཁ་ན་གོ་རོ་ཙ་ན་ཡོད་པ་སྟེ། རང་གི་ཁྲག་ཅས་པ་སྲིན་ལག་གཡོན་པའི་ཁྲག་དང་བསྲེས་ནས་རོ་ལངས་གྱི་ཁར་གཅུག་ལ། རོ་ལངས་ཀྱི་སྔགས་
ཀྱིས་བསྐུལ་ལ་དེ་ནས་ཟླ་བ་ཤི་བའི་ཚེ་བསྒྲུབ་ན་ངེས་པའོ། །ཡང་ན་དགའ་བ་ནི་ཡེ་ཤེས་ཏེ། དེ་རང་ལ་སྐྱེས་པ་ནི་ཡོད་པའོ། །དེ་ཡོང་པའི་ཐབས་ནི་ཕྱག་རྒྱ་ལ་ཡོད་པའི་གསང་བའི་པདྨའི་བདེ་བ་གི་ཝང་དང༌། རང་གི་ཐབས་ཀྱི་གསང་བ་སྦྱར་ལ་བདག་གི་དཔྲལ་བ་སྟེ་སྤྱི་བོར་གཉིས་ཀའི་ཁམས་ཀྱི་རང་བཞིན་གྱི་ཐིག་ལེས་རྩེ་གཉིས་སུ་བསྲེས་ན་དགའ་བ་སྐྱེ་སྟེ་སྦས་པའི་དོན་ཏོ། །འགྲོ་བ་དབང་དུ་བྱེད་པ་ནི་བཞུ་བས་ས། །དགུག་པའི་ཆོ་ག་ནི་བདག་གིས་རྣམ་པར་མ་བཤད་དེ། ཆགས་པ་དང་ལྡན་པའི་དོན་ཡིན་པ་དང༌། གསལ་བའི་ཕྱིར་རོ། །རོ་ལངས་རྟོག་པ་འདི་དག་ནི། །ཞེས་པ་རོའི་ལས་ཀྱི་ཆོ་ག་རིམ་པ་ལྔར་གསུངས་པ་མང་པོའོ། །རྩ་བའི་རྒྱུད་ཀྱི་རོ་བསྒྲུབ་པར་རྟོག་པ་བསྡུས་ཏེ་བཤད་པ་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལའུ་ལྔ་པ་ལ་སོགས་པར་ལས་ཏེ། ཐུན་མོང་གི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པ་འདོད་པའི་ལོངས་སྤྱོད་རྫས་དང་བུད་མེད་མཛེས་པ་འདོད་པའི་ཆགས་པ་ཅན་དང༌། མཆོག་འདོད་པས་ཀྱང་དེའི་དོན་དུ་ཀླུའི་བུ་མོ་ལ་སོགས་པ་ལ་དང་པོར་བསྟེན་པར་བྱ་དགོས་པ་དང༌། ཐུགས་ཉེ་བར་བྱ་དགོས་པས་དེའི་ཐབས་བསྐྱེད་པའི་རིམ་པ་དང༌། སྔགས་ལ་སོགས་པ་སྔོན་དུ་བྱ་བ་ཡིན་པའི་ཕྱིར་དེ་གསུངས་པ་བདག་གིས་བཤད་པར་བྱ་སྟེ། ད་ནི་རོ་ལངས་རྟོག་པ་མཆོག །རིག་པ་འཛིན་པ་རྣམས་ལ་ནི། །ཞེས་བྱ་བ་སྨོས་ཏེ། རོ་ལངས་རྟོག་པའི་མཆོག་ཅེས་པ་ནི། རོ་ལངས་ཀྱི་ལས་ཀྱི་སྦྱོར་བ་ལ་བྱའོ། །དེའི་རིག་པ་འཛིན་པ་ནི། མི་སྣང་བ་ལ་སོགས་པའི་རིག་པ་འཛིན་པར་འདོད་པ་དག་གིས། རང་རང་གི་ལྷའི་རྣལ་འབྱོར་དང༌། སྔགས་བཟླས་པས་སྔོན་དུ་བསྙེན་བ་བྱས་ན་འགྲུབ་པས་དེ་བཤད་པའི་ཕྱིར་ལེའུ་དྲུག་པ་འདི་གསུངས་སོ།། །ཁྲོ་བོ་པདྨའི་ཞལ་ནས་བྱུང༌། །ཞེས་པ་སྡུད་པ་པོའི་ཚིག་གོ །པདྨ་ནི་འོད་དཔག་ཏུ་མེད་པ་དེའི་དང་པ་ཅན་ཁྲོ་བོ་རྣམ་པར་རྒྱལ་བས་འདི་བཤད་པ་སྟེ། འཇམ་དཔལ་ཉིད་ཡིན་པས་ན་ཁྲོ་བོ་ཉིད་ཀྱིས་གསུངས་པའོ་ཞེས་བསྡུས་སོ། །འཇམ་པའི་དབྱངས་ཞས་པ་ལ་ཡིད་ཀྱིས་བསྟེན་པར་བྱ་བ་ཡིན་པས་ན་འཇམ་
པའོ། །རྣ་བས་མཉན་པར་བྱ་བ་ཡིན་པས་ན་དབྱངས་ཏེ་སྒྲ་སྙན་པ་མཉན་པར་བྱ་བ་བཞིན་ནོ། །བཀའ་དེས་གསུངས་པ་ནི་བསྐུལ་བའོ། །རང་གི་རྣལ་འབྱོར་དང་ལྡན་པས་དང་པོར་དྲུག་འབུམ་དུ་བཟླས་སོ། །དེ་ནས་སྐུ་བྲིས་ལ་རབ་ཏུ་སྤྱན་དབྱེ་བའི་ཆོག་བྱས་ལ་སུམ་བུམ་དུའོ། །དེ་ནས་རི་རྩེར་ཡང་འབུམ་བཟླས། དེ་ནས་ལས་བསྒྲུབ་པར་བྱའོ། །བདུད་རྣམས་ཐམས་ཅད་ཚར་གཅོད་པ། །ཞེས་པ་ནི་མུ་སྟེགས་ལ་སོགས་ཕྱིར་རྒོལ་བའི་བདུད་དེའི་དཔུང་གི་ཚོགས་སོ། །ཁྲུས་ཀྱི་ཆོག་ཉིན་རེ་བྱ། །ཞེས་པ་རྣལ་འབྱོར་ལ་འཇུག་པའི་ཚེའོ། །ཐོག་མར་ཞེས་པ་སྔོན་དུ་བྱ་བ་ཆོ་ག་ཡིན་པས་སོ། །མཆོད་ཡོན་གྱི་ཆུས་ཁ་དང་གདོང་པ་བཀྲུས་ཏེ། ལུས་སམ་གདོང་པ་ཨོཾ་ཧཱུཾ་ཏི་བ་ཏ་ཏེ་ཛ་སེ་སྭཱ་ཧཱ་ཞེས་པའི་སྔགས་འདི་བདུན་བཟླས་ཤིང་བཀྲུའོ། །དེས་ལུས་དག་པར་བྱེད་དོ། །ངག་སྔགས་འདིའི་སྟེ་སྲ་བ་པཾ་ཞེས་པས་ཁ་དེ་བཞིན་དུ་དག་པར་བྱའོ། །དེ་ནས་ནོར་བུ་དག་པར་བྱ་བ་དང༌། དེ་ནས་བླང་བ་དག་བྱ་སྟེ་མན་ངག་ལས་སོ། །བསྲུང་བ་རང་གི་ལུས་ལ་བྱ། །ཞེས་བེ་ཅོན་གྱི་ཕྱག་རྒྱ་བཅས་ལ་དེ་བཞིན་དུ་བསྲུང་བའི་སྔགས་ཀྱིས་སོ་ཞེས་སྟོན་ཏོ། །པཾ་གི་ས་བོན་ལས་བྱུང་བའི། །ཞེས་པ་ནི་བསྐྱེད་པའི་རིམ་པའི་གཞི་རབ་ཏུ་གསུངས་པ་ཡིན་ཏེ། པཾ་ལས་པདྨ་ནི་རི་རབ་ཀྱི་སྟེང་ངམ། ཁང་བའི་ནང་དུའོ། །ས་བོན་ཧཱུཾ་ལས་གྱུར་པའི་སྐུ། །ཞེས་པ་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུཾ་ངོ༌། །བརྟགས་ཞེས་པ་བློས་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པའོ། ཨོཾ་ཨཱཿ་ཧཱུཾ་ཞེས་པས་ནི་རྣམ་པར་སྣང་མཛད་དང༌། འོད་དཔག་མེད་དང༌། མི་བསྐྱོད་པའི་ས་བོན་དུ་མཁས་པས་ཤེས་པར་བྱའོ། །དེ་ཡང༌། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་ལ་ཚིག་ཐམས་ང་རྒྱལ་བྱ་བ་ནི་
རྣལ་འབྱོར་ཆེན་པོའོ། །དེ་ནས་ཁྲོ་བོའི་ཚོགས་མ་ཡིས། ཞེས་པ་ལ་སོགས་པ་ནི་ཡེ་ཤེས་ཀྱི་འཁོར་ལོས་དབང་བསྐུར་བྱའོ། །གོ་ཆ་ཡང་ཞེས་བྱ་བ་དག་གིས་གནས་བཞིར་ཁྲོ་བོ་རྣམ་པ་བཞིའི་གོ་ཆ་དགོད་པར་བྱ་བའོ། །རང་གི་དམ་ཚིག་ལྡན་པའི་རྒྱ། །ཞེས་པ་རོ་ལངས་ཀྱི་ཕྱག་རྒྱ་བཅིངས་ལ། བདག་གི་སྙིང་གར་བསྲུང་བའི་ཕྱིར་བཞག་ལ། དེ་བཞིན་གཤེགས་པ་དག་སྤྱན་རས་གཟིགས་དྲན་པར་བྱེད་པ་ལས་མི་འདའ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱའོ། །དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང༌། །ཞེས་པ་དེ་བཅས་ལ་མཆོད་པ་སྟེ་སྔོན་དུ་འགྲོ་བའོ། །དེ་ལ་མཆོད་པ་ནི་དབང་བསྐུར་བའི་ཚེ་དང༌། སྐུའམ་རས་རིས་ལ་མཆོད་པ་དང༌། རང་རྣལ་འབྱོར་ལ་ཞུགས་ནས་མཆོད་པའི་ཚེ་སྟེ་དུས་སོ། །ལྷའི་མེ་ཏོག་དྲི་ཞིམ་དང༌། །ཞེས་བྱ་བ་ལ་སོགས་པ་མཆོད་རྫས་ཏེ་ལྷའི་མེ་ཏོག་ནི་ལྷ་རྫས་ཀྱི་མེ་ཏོག་གོ །དེ་ཡང་པདྨོ་དང༌། ཀུ་མུཏྡ་དང༌། པུཎྜ་རཱི་ཀ་དང༌། ན་ལི་ན་དང༌། སཽ་གནྡྷི་དང༌། ཀེ་ས་ར་དང༌། ཏ་མ་ལའི་ལོ་མ་ལ་སོགས་པའོ། །གཞན་ཡང་ཆུ་ལས་སྐྱེས་པ་དང༌། ཡིད་ལས་སྐྱེས་པའོ། །ནང་དུ་བདུད་རྩི་དང་ཁྲག་སྟེ་དམ་ཚིག་ཆེན་པོ་རྣམས་སོ། །གསེར་རམ་ཞེས་པ་ནི་སྐུ་བཞེངས་པའི་རྒྱུའོ། །རྒྱལ་སྲིད་འདོད་པས་གསེར་ལས་བྱ། །ཞེས་པ་ནི་དངོས་གྲུབ་གང་ལ་རྒྱུ་གང་ཡིན་པ་བཤད་པའོ། །སོར་བརྒྱད་ཅེས་པ་ནི་ཚད་དོ། །གཡས་སུ་སྐྱེད་པ་ཁྲོ་བོ་ཆེ། །ཞེས་པ་ཁྲོ་བོ་བདུད་རྩི་འཁྱིལ་པ་སྟེ། གཤིན་རྗེ་མཐར་བྱེད་དོ། །དེའི་གཡོན་དུ་ཡུམ་རོ་ལངས་མ་སྟེ། མི་རྟོག་པའི་རོ་ལངས་སྐུ་དམར་པོ་སྤྱན་གསུམ། ཕྱག་གཉིས་མདུང་རྩེ་གསུམ་དུག་གསུམ་འཇོམས་པ་དང༌། ཐོད་པ་གཡོན་དུ་ཐོགས་པ་དང༌། སྤྱན་གསུམ་རྣམ་པར་ཐར་པ་གསུམ་ཡུལ་དུ་བྱེད་ཅིང་ལྟ་བ་སྟེ། སྐུ་ལུས་མེ་འབར་བས་གདུག་པ་རྣམས་བསྲེག་པ་བྲིའོ། །ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །རྟག་ཏུ་རི་མོ་འདི་བཀྲམ་སྟེ། །ཞེས་པ་ནི། ལྷ་དགུའི་རྣལ་འབྱོར་རམ། ལྷ་གཅིག་གམ་ལྷ་བཅུ་གསུམ་པ་ལ་སོགས་པའི་རྣལ་འབྱོར་གྱིས་བསྐྱེད་པའི་རིམ་པ་ལ་སློབ་པའི་ཚེ། །མཎྜལ་བྱས་ལ་བཞེངས་པར་བཀྲམ་ལ། མཆོད་པ་དང༌། བཟླས་པས་བསྟོད་དོ་ཞེས་ཤེས་པར་བྱའོ། །རི་མོ་གཞན་
ཡང་བཤད་པར་བྱ། །ཞེས་བྱ་བ་ནི། འཕགས་པ་ཡ་མཱནྟ་ཀ་དཔལ་གཤིན་རྗེ་གཤེད་གཅིག་པུའི་ཐང་ག་བྲི་བའོ། །སྤྱོན་མེད་ཅེས་པ་ཁ་དོག་བཟང་པོ་སྟེ་མ་འདྲེས་པའོ། །རླུང་ཟ་ཞིང་ནི་བཟླས་པར་བྱ། །ཞེས་པ་རླུང་ལ་བརྟེན་པའི་བཟླས་པ་བྱ་སྟེ། ཕྲེང་བའི་བཟླས་པའོ། །ཟ་བ་ནི་སྲོག་གི་ངོ་བོ་ཡིན་པ་སྟེ། དེའི་རྟེན་ཡིན་པའི་ཕྱིར་ཟས་དང་འདྲའོ་ཞེས་ཤེས་པར་བྱའོ། །ཡང་ན་བསྙུང་བར་གནས་པའོ། །བཟླས་པའི་བརྟུལ་ཞུགས་དང༌། ལྷའི་བརྟུལ་ཞུགས་དང༌། དུར་ཁྲོད་ལ་སོགས་པའི་བརྟུལ་ཞུགས་དང༌། ཕྲེང་བ་དང༌། རིག་པའི་བརྟུལ་ཞུགས་དང༌། ངག་གི་བཟླས་པ་དང༌། དབང་པོ་བསྡམ་པ་དང༌། མཚན་མའི་དང༌། སྤྱོད་ལམ་གྱི་རྒྱུད་པ་ལ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པ་དང༌། སེང་གེའི་བརྟུལ་ཞུགས་སོ། །དེ་དག་ལ་གནས་ཤིད་བསྒྲུབས་ན་འགྲུབ་སྟེ་དེས་ངེས་པ་ཡིན་ནོ། །རྩ་བའི་རྒྱུད་ཀྱི་བརྟུལ་ཞུགས་ཀྱི་བརྟག་པའི་བརྟག་པར་རྟོག་པ་བསྡུས་ཏེ། བཤད་པ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་དྲུག་པར་བཤད་པའི་སྐུ་རྣམས་ལ་མཆོད་ན་བསོད་ནམས་འཕེལ་བར་བསྟན་པའི་ཕྱིར་ལེའུ་བདུན་པ་གསུངས་ཏེ་ཇི་སྐད་གསུངས་པའི་སྐུ་རྣམས་ལ། མེ་ཏོག་ཇི་སྐད་གསུངས་དེ་བཞིན་གཤེགས་པ་གསུངས་པ་ལ། རབ་ཏུ་གནས་པའི་ཆོ་གས་ལྷ་རྣམས་སྤྱན་དབྱེ་བ་བྱ་ཞིང་དབང་བསྐུར་ན། བསོད་ནམས་རྒྱས་ཤིང་འདོད་པ་འགྲུབ་པས་ན་བྱ་བ་སྟེ། རྒྱལ་སྲིད་འདོད་པའི་རྣལ་འབྱོར་པས་འཇམ་དཔལ་གྱི་གཟུགས་གསེར་ལས་བཞེངས་པ་ལ་ཙནྡན་དང༌། གུར་ཀུམ་ཨ་ཀ་རུ་སྦྱར་བས་བསངས་པ་དང༌། བྱུགས་ནས་མཆོད་དེ་ཨུཏྤ་ལ་ལ་སོགས་པ་རྣམས་ཀྱིས་མཆོད་པ་འབུལ་ལོ། །དེས་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ཡང་ལོངས་སྤྱོད་འདོད་པའི་རྣལ་འབྱོར་པས་དངུལ་ལས་བྱས་པའི་སྐུ་གཟུགས་བཞེངས་པ་ལ་དབང་བསྐུར་ཞིང་མཆོད་པ་བྱ་སྟེ། སྔ་མ་བཞིན་དུ་བྱས་ན་ཐོབ་པར་འགྱུར་རོ། །ནད་སེལ་བ་ནི་བསལ་ལོ། །འདོད་དགུར་སྦྱིན་པ་ནི་ཞེས་པ་ཟངས་ལས་བྱས་ཏེ། ཞི་བ་དང་དབང་དང་རྒྱས་པ་དང༌། དགུག་པ་དང༌། ཁོན་དང་བསྐྲད་པ་དང༌། བསད་པ་དང༌། གཞན་བསྐུལ་བ་རྣམ་པ་བཅུ་གཉིས་དང༌། གཞན་
ཡང་ཡིད་ལ་གང་འདོད་པ་དག་བསྐུལ་ཞིང་བསྒྲུབས་ན་འབྱོར་པར་བྱེད་པའོ། །དེ་བཞིན་དུ་སྐུ་ལས་གྲུབ་པ་བཞིན་དུ་ཁྲོ་བོ་རྣམ་བཅུ་དག་གམ། ཕྱག་རྒྱ་རྣམས་ལས་བསྒྲུབ་པ་བཤད་དེ། ཁྲོ་བོའམ་ཡང་ན་ཕྱག་རྒྱའང་རུང༌། །ཞེས་པ་སྨོས་ཏེ། ཏྲི་ཤཱུ་ལ་རྩེ་གསུམ་པའི་སྒྲུབ་པ་དང་པོར་བཤད་དོ། །དེ་ནས་ཁྲོ་བོ་གཙོ་བོ་ཡི། །ཞེས་པ་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་བཤད་དེ། དང་པོར་སྟོང་པ་ཉིད་དང༌། འབྱུང་བ་བཞི་དང༌། རི་རབ་ཀྱི་མཐར་སྒྲུབ་པའི་ཐབས་ལས་བྱུང་བ་བཞིན་ནོ། །ཨོཾ་ལས་འཁོར་ལོའི་སྟེང་དུ་ཡི་གེ་ཏྲི་དཀར་པོ་ལས་ཏྲི་ཤཱུལ་རྩེ་གསུམ་པའོ། །དེ་ལས་གཤིན་རྗེ་གཤེད་སྐུ་མདོག་སྔོ་བས་མདངས་ཕྱུང་བ་དཀར་པོའོ། །རང་དང་འདྲ་བའི་རིག་མ་སྔོན་མོ་དང་ལྷན་ཅིག་བྱུང་བ་བདག་གིས་བསམས་ཏེ། ཞལ་གཅིག་པ་ལ་གདངས་པ། གསུས་པ་ཆེ་བ་ཕྱག་དྲུག་པ་གཡས་ན་ཏྲི་ཤཱུ་ལ་དང༌། འཁོར་ལོ་དང་རྡོ་རྗེའོ་གཡོན་པ་སྡིགས་མཛུབ་ཞགས་པ་དང་དག་སྟ་དང་དྲིལ་བུའོ། །ཡུམ་དྲིལ་བུ་དང་ཐོད་པའོ། །ཞབས་བཞི་པ་མ་ཧེ་དང་ཉི་མའི་སྟེང་ན་བཞུགས་པ། སྒྲ་སྒྲོགས་པ་ཡི་དགས་ཀྱི་ཁང་པ་རྣམ་པར་སྣང་མཛད་དབུ་ལ་གཞུགས་པ་དང༌། དབང་བསྐུར་བ་དང༌། སྤྱན་དྲང་བ་དང་མཆོད་པ་དག་བྱས་ལ་གཤེགས་པར་བྱའོ། །གཞན་དག་ལ་སྦྱོར་བ་ནི་གསལ་ལོ། །ཨོཾ་ཨ་མཱ་ན་ཏ་ཀྲི་ཏ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ན་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ་ཞེས་པ་ནི་བཟླས་པའོ། །དེ་ལ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཞེས་པ་བཏགས་ན་ཞི་བར་འགྱུར་རོ། །ཨ་སི་ལ་ཞེས་པ་རལ་གྲི་སྟེ། དེའི་སྒྲུབ་པ་ནི། ད་ནི་རལ་གྲི་བཟང་པོ་ཡང༌། །འདི་ནི་བསྒྲུབ་པར་རབ་ཏུ་བཤད། །ཅེས་པ་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྒྲུབ་པ་སྟེ་སྐུ་མདོག་དཀར་པོ་སྟེ། དེའི་རིམ་པ་ནི་སྭ་ལས་རིན་པོ་ཆེ་ཟུར་བརྒྱད་པའི་སྟིང་དུ་སི་ལས་རལ་གྲིར་གྱུར་པ་ནི་ས་བོན་ནོ། །ཞལ་གཅིག་དང༌། ཕྱག་དྲུག་དང༌། རང་གི་རིག་མ་དང་ལྡན་པ། གཡས་ན་རལ་གྲི་རྡོ་རྗེ་དབྱུག་པའོ། །གཡོན་དུ་ཞགས་པ་དང༌། དྲིལ་བུ་དང་དགྲ་སྟའོ། །གཤིན་རྗེའི་པགས་པ་གྱོན་པ་མ་ཧེ་དང་ཉི་མའི་སྟེང་དུ་ཞབས་གཉིས་བགྲད་པའོ། །རིན་ཆེན་འབྱུང་ལྡན་དབུ་ལ་བརྒྱན་པ་སྔར་གྱི་བཞིན་ནོ། །ཨོཾ་པྲཛྙཱནྟ་ཀྲྀ་ཏ་ག་ཏེ་བི་ཀ་ཏེ། ནི་
ཀ་ནི་ཀ་ཏེ་ཀ་ཏང་ཀ་ཏེ་སྭཱ་ཧཱ་ཞེས་པ་བཟླས་པ་སྟེ་རལ་གྲི་ལ་སྒྲུབ་པའམ། ཡང་ན་འཁོར་ལོར་བྲིས་ལ་མཐར་བཽཥྜ་སྦྱར་ན་རྒྱས་པ་ལ་ཤིས་སོ། །ཕོངས་པ་རྣམས་གསོ་བ་དང༌། ཁྱད་པར་དུ་དང༌། སྒྲུབ་པ་པོ་དང་ཉེ་བ་དང༌། ཤིན་ཏུ་ཡང་གསོ་བ་དག་སྟེ། རྒྱས་པ་ལས་སོ།། དཀྱུས་ནི་གསལ་བ་ཉིད་དོ། །ད་ནི་བེ་ཅོན་བསྒྲུབ་པ་བཤད། །ཅེས་པ་ནི་སྔར་གྱི་བཞིན་ཏེ། གཞན་ཁྲོ་བོ་རྟ་མགྲིན་གྱི་སྒྲུབ་ཐབས་ཏེ། དེའི་རིམ་པ་ནི་ཨ་ལས་པདྨ་དང༌། དེར་ད་ལས་བེ་ཅོན་ཏེ་ས་བོན་ནོ། །དེ་ཡང་པདྨ་ཏ་ཀྲྀ་ཏ་ཅེས་པ་ནི་པདྨ་ལ་ཆུས་མ་གོས་པ་བཞིན་དུ་ཉོན་མོངས་པས་མ་གོས་ཤིང༌། དེ་སྤོང་བར་མཛད་པ་ནི་པདྨཱནྟ་ཀྲྀད་སྟེ། ཞལ་གཅིག་གམ་གསུམ་ཡང་རུང༌། སྐུ་དམར་བ་དང༌། ཕྱག་དྲུག་དང༌། སྤྱན་གསུམ་དང༌། རྒྱན་དང་ཆ་ལུགས་སོ། །ཕྱག་གཡས་ན་བེ་ཅོན་དང་རལ་གྲི་དང༌། པདྨའོ། །གཡོན་ན་དགྲ་སྟ་དང༌། དྲིལ་བུ་དང༌། ཞགས་པའོ། །འོད་དཔག་ཏུ་མེད་པ་དབུ་ལ་བཞུགས་པ། ཞབས་བཞི་ཡི་དགས་དང༌། ཉི་མ་ལ་བཞུགས་པ་ཡུམ་རོ་ལངས་དམར་མོའོ། །ཕྱག་ན་དྲིལ་བུ་དང་ཞགས་པ་ཀུན་ཀྱང་བྱའོ། །ཨོཾ་པདྨཱནྟ་ཀྲིད་ཏ་རེ་ཏུཏྟཱ་རེ་སྭཱ་ཧཱ་ཞེས་པ་ནི་བཟླས་པའོ། །དབང་དུ་བྱ་བ་ཕོངས་པ་ནི་ཉམ་ཐག་པ་སྟེ། དེ་ལས་སྐྱོབ་པའི་སྔགས་འདི་ལ་བ་ཤ་མ་ན་ཡ་ཞེས་པའམ་དབང་དུ་གྱིས་ཞེས་པ་ནི་སྔགས་སོ། །དེ་ནས་དགྲ་སྟ་བཟང་པོ་སྒྲུབ། །ཅེས་པ་ནི་དགྲ་སྟ་ཡོངས་སུ་གྱུར་པའི་སྒྲུབ་པ་སྟེ་བ་ར་ཤུའོ། །དེ་ཡང་ཧ་ལས་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་པ་ལས་སོ། །ཁྲོ་བོ་བདུད་རྩི་ལ་འཁྱིལ་པ་སྐུ་གནག་པ་ཕྱག་གཉིས་དང་ཞལ་གཅིག་གོ །དབུ་ལ་དོན་ཡོད་གྲུབ་པ་བཞུགས་པ་གནོད་སྦྱིན་མནན་པ་རང་གི་ཡུམ་ནག་མོ་དང་གནས་པ། ཕྱག་ན་དགྲ་སྟ་དང་སྣ་ཚོགས་རྡོ་རྗེའོ། །ཨོཾ་བིགྷྣཱནྟ་ཀྲྀད། ཧཱུཾ་ཧཱུཾ་ཧཱུཾ་ཧ་ན་ཧ་ན་ས་ཏ་ཀ་མ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཞེས་པ་ནི་བཟླས་པའོ། །དེ་ལ་མཱ་ར་ཡ་ཞེས་པ་བཏགས་ན་གསོད་པ་ལ་ཤིས་སོ། །དེ་ཡང་བགེགས་རྣམས་མཐར་བྱེད་པས་འཇིག་པར་མཛད་པ་བགེགས་མཛད་བྱེད་སྟེ། བིགྷཱནྟ་ཀྲྀད་དོ། །གཞན་དུ་ན་ཡི་དགས་ཕལ་བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལྟར་ཏྲི་ཤཱུ་ལ་ལ་སོགས་པ་བཞི་པོ་
སོར་ཚད་བཅུ་པ་ལ་སོགས་པ་བསམས་ལ་དེའི་ནང་དུ་ལྷ་རྣམས་བྱ་སྟེ། བསྟེན་པ་དང་ལས་བསྒྲུབ་པའམ་སྟོང་པར་ངལ་བསོ་བར་ཤེས་པར་བྱ་སྟེ། མན་ངག་གོ །ཡང་ན་དཔལ་གཤིན་རྗེ་གཤེད་འཕགས་པ་འཇམ་དཔལ་གྱི་མཚན་མ་འདི་རྣམས་རང་གི་ཆོས་ཀྱི་ཕྱག་རྒྱའི་སྟེང༌། སྲན་མ་ཙ་ན་ཀའི་ཚད་ཙམ་ལས་དང་མཐུན་པར་ཁ་དོག་བསམས་ལ། བློ་བརྟན་པ་དང་ལས་རྣམས་བྱ་བ་ནི་རིགས་པའོ། །ཡང་དག་པར་སྒྲུབ་ཐབས་མང་ཡང་གཅིག་གིས་ཀུན་གྲུབ་སྟེ་ལྷ་མཉེས་པ་ལས་འབྱུང་བའི་ཕྱིར་རོ། །དཔེར་ན་ས་བོན་ནུས་པ་ཁྱད་པར་ཅན་ལས་འབྲས་བུ་འབྱུང་སྟེ་ས་བོན་ནུས་པ་ཁྱད་པར་ཅན་ནི་ཆོས་ཅན་ནོ། །འདི་ལས་འབྲས་བུ་ངེས་པར་འབྱུང་བ་ཡིན་ཏེ་ཞེས་པ་བསྒྲུབ་པར་བྱ་བའི་ཆོས་སོ། །མཐུ་ཁྱད་པར་དུ་གྱུར་པའི་ཕྱིར་རོ་ཞེས་པ་རིགས་པའོ་ཞེས་པ་ལྟ་བུའོ། །ལས་གཅིག་མཐུ་ལས་འབྱུང་བ་དང༌། གཞན་འབྱུང་བ་འདྲ་སྟེ་མཐུ་ལས་འབྱུང་བའི་ཕྱིར་རོ། །བཞི་པར་གྲུབ་པ་ནི་འདོད་པའི་དབང་གིས་ཞི་བར་མཐོང་ཡང་དཔེར་ན་རྣམ་པར་རྟོག་པ་ཐ་དད་པས་དངོས་པོ་གཅིག་ལ་མཐོང་བ་ཐ་དད་པ་བཞིན་ནོ། །ལྕགས་ཀྱུ་ལ་སོགས་པ་དེ་དག་ཀྱང་དེ་བཞིན་ཏེ་གསལ་ལོ། །དེ་ཡང་གཡས་པ་དྲུག་བསྒྲུབ་པ་ནི་ཉིན་གྱི་འཕོ་བ་དྲུག་བསྒྲུབ་པ་སྟེ་ཁྲི་ཕྲག་གཅིག་དང་ཆིག་སྟོང་ཕྱེད་དང༌། བརྒྱ་ཕྲག་གསུམ་དུ་མ་ཡེངས་པར་མཚན་པ་ལ་དམིགས་པའམ། རྡོ་རྗེ་ཐབས་ཀྱི་བཟླས་པ་བྱེད་དེ། དེ་ཡང་བཅོམ་ལྡན་འདས་ཀྱི་སྙིང་པོ་ཡི་གེ་གསུམ་པའི་སའམ། ཕྲེང་བར་གཞན་ཏེ་སྔགས་རྣམས་སོ། །དེ་ཡང༌། དང་པོ་ཡི་གེའི་སྦྱོར་བ་ཡིས། །རྟག་ཏུ་གཏོང་བ་ལེགས་པར་བྱེད། །བརྒྱད་པའི་མཐའ་དང་ལྡན་པ་ཡི། །ཡི་གེ་ཨུ་ནི་ཐིག་ལེར་བཅས། །རྣལ་འབྱོར་པ་ནི་དབུགས་རྔུབ་བྱེད། །ཅེས་གསུངས་པ་དང༌། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་ཨཿཧཱུཾ་ཞེས་པའོ། །རྣལ་འབྱོར་དེ་ཡི་བཟླས་པ་ནི། །དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་བ་ཡིན། །དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ། །རྡོ་རྗེ་བཟླས་པར་དེ་བཤད་དོ། །ཞེས་གསུངས་པ་དང༌། མཚན་མོ་ཡང་དེ་
བཞིན་དུ་གཡོན་པ་དྲུག་གོ །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་ཞེས་བྱ། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །དེ་ཡང༌། སོ་སོར་སྡུད་དང་བསམ་གཏན་དང༌། སྲོག་རྩོལ་དེ་བཞིན་གཟུང་བ་དང༌། རྗེས་སུ་དྲན་དང་ཏིང་ངེ་འཛིན། སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་པས་ནི་རྣལ་འབྱོར་པ་ཀུན་གྱི་རྣལ་འབྱོར་ནི་རིམ་པ་རྣམ་པ་གཉིས་སུ་ངེས་པ་དེ་ལ་ཡང་རིམ་པ་བཞིན་བསླབ་སྟེ། དཔེར་ན་འཕོང་བསླབས་པའི་སློབ་པ་དང་འདྲའོ། །དེ་ཡང་རྣལ་འབྱོར་པ་ལས་འགྲུབ་པར་འདོད་པས་རང་གི་ཏིང་ངེ་འཛིན་ལ་གོམས་པར་བྱ་དགོས་ཏེ། དེ་བས་ན་ཏིང་ངེ་འཛིན་གྱི་གེགས་རྣམ་པར་རྟོག་པ་ཡིན་པས་དེ་བསལ་བའི་ཕྱིར་དེའི་རྟ་རླུང་ཡིན་ཏེ། དེ་ཡང༌། རླུང་གི་སྦྱོར་བ་མེད་པ་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུད་གྱུར་པས། །ལས་དང་སྐྱེ་བ་ཀུན་དུ་འབྱུང༌། །དེ་ཉིད་རླུང་དང་ཡང་དག་ལྡན། །ཞེས་པ་དང༌། ཡང༌། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་པ་གསུངས་པ་ཐོས་པས་རླུང་གི་ཆོ་གས་ལས་བྱ་བར་བླ་མ་གསུང་ངོ༌། །དེ་ཡང་ཡི་གེ་འབྲེལ་བར་བྱ་བ་ཡིན་བ་ནི། ཨོཾ་གྱིས་སེམས་ཅན་ཡང་དག་སྤྲོས། །སངས་རྒྱས་སྐུ་ནི་རབ་ཏུ་བརྟག །ཧཱུཾ་གིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སར་ནི་རབ་ཏུ་བརྟག །ཨ་ཡིས་གནས་པར་གྱུར་པའོ། །ཞེས་པས་ནི་ཡི་གེ་གསུམ་དང་ལྡན་པས་བྱ་བ་ཡིན་ནོ། །དེ་དང་བྲལ་ན་སྐྱོན་ཡོད་པར་བསྟན་པ་ནི། མ་བླངས་པ་ལ་ཆགས་མི་བྱ། །ལོངས་སྤྱོད་བྲལ་བའི་མི་དག་ནི། །གཅིག་པུ་གྲོང་ཁྱེར་སྐོར་བྱེད་ཀྱང༌། །ནོར་གྱིས་གང་བ་རིང་བ་བཞིན། །རླུང་དག་ཡི་གེ་དང་བྲལ་ན། །ཞི་བའི་ལོངས་སྤྱོད་རིང་བ་ཉིད། །ཅེས་པ་ནི་སྔགས་དང་བྲལ་བའི་སྐྱོན་ནོ། །དེ་ནས་སེམས་ཀྱི་རྟ་རླུང་བསད་ན་སེམས་ཞོན་པ་མི་ལྟ་བུ་ཡང་སོད་དེ། དེ་བསད་ཅིང་མི་རྟོག་པར་བྱ་བ་ནི་རྟ་དང་བྲལ་ནས་བྱའོ། །དོན་ནི་རྣམ་པར་རྟོག་པ་དགག་པ་སྟེ། དེ་སྟོང་པ་ཉིད་ལམ་
བཞིས་ཏེ་ངེས་པར་འབྱེད་པ་ཆ་བཞིས་བཀག་ན། མི་རྟོག་པ་བཞི་པ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་སྐྱེ་སྟེ། དེ་ཡང༌། ཡེ་ཤེས་གསུམ་གྱི་སྦྱོར་བ་དང༌། །སྟོང་པ་གསུམ་ནི་མཉམ་སྦྱོར་བས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དེ་ཡིས་བླ་མེད་གོ་འཕང་འཐོབ། །ཅེས་འབྱུང་བས་རྣམ་པར་རྟོག་པ་ལས་སུ་རུང་བར་བྱ་དགོས་སོ། །དེ་ནས་སྒྱུ་མ་ལྟ་བུ་ལ་བརྟེན་ནས་ལས་འགྲུབ་སྟེ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །མཚན་མ་མེད་པའི་ཏིང་འཛིན་གྱིས། །དངོས་གྲུབ་བྱི་ག་ངེས་པར་འགྲུབ། །ཅེས་པ་བཤད་དོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ། །ཡང་རྣལ་འབྱོར་ནི་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། བརྩོན་འགྲུས་སོ། །ཡང་དེ་དག་དང༌། བཏང་སྙོམས་དང་བཞིའོ། །ཡང་དེ་དག་དང༌། དྲན་པ་དང༌། ལྔའོ། །ཟླ་བ་སྒྲོན་མའི་མདོ་ལས། བྱང་ཆུབ་ཀྱི་ཕྱོགས་ནི་རྣལ་འབྱོར་ཞེས་འབྱུང་བ་དང༌། ཡང་སངས་རྒྱས་རྡོ་རྗེ་འཛིན་པས་རྒྱུད་ཀྱི་ལུས་སུ་བཞག་པ། རྒྱུད་རྣམ་པ་གསུམ་བསྟན་པར་བཞེད་པ་དང༌། ཡང་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མོ། །ཡང་ན་དང་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། ཐབས་རྣལ་འབྱོར་ཞེས་བྱ་སྟེ་སྦྱོར་པའི་ཕྱིར་རོ། །ཡང་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པ་དང༌། སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་མོ། །དེ་ནས་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ། །རླུང་ཟ་ཞིང་ནི་བཟླས་པར་བྱ། །ཞེས་པས་རྡོ་རྗེ་བཟླས་པ་བསྒོམ་པ་ནི་རྣལ་འབྱོར་རོ། །མཚན་མ་བསྒོམ་པ་ནི་རྣལ་འབྱོར་རོ། །སྟོང་པ་གསུམ་བསྒོམ་པ་ནི་རྣལ་འབྱོར་རོ། །ཕྲ་མོ་བསྒོམ་པ་ནི་རྣལ་འབྱོར་རོ། །ཡི་གེ་དང་ཐིག་ལེ་བསྒོམ་པ་ནི་རྣལ་འབྱོར་རོ། །ཡང་ན་རྒྱུ་བ་བསྒོམ་པ་ནི་རྣལ་འབྱོར་རོ། །འབྱུང་བ་བཞི་བསྒོམ་པ་ནི་རྣལ་འབྱོར་རོ། །ཕྱག་རྒྱ་རྣམ་པ་གསུམ་ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དག་བསྒོམ་པ་ནི་རྣལ་འབྱོར་རོ། །
ཡང་ན་དཀྱིལ་འཁོར་སྤྲོ་པ་དང་བསྡུ་པ་བསྒོམ་པ་ནི་རྣལ་འབྱོར་རོ། །ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མར་བསྒོམ་པ་ནི་རྣལ་འབྱོར་རོ། །སྟོང་པ་ཉིད་བསྒོམ་པ་ནི་རྣལ་འབྱོར་རོ། །སྙིང་རྗེ་དང་ཤེས་རབ་ཁྱད་པར་དུ་ཟུང་དུ་འབྲེལ་པར་འདུག་པ་མི་གནས་པའི་མྱ་ངན་ལས་འདས་པ་ནི་རྣལ་འབྱོར་རོ། །ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་བའི་མདོ་ལས་འབྱུང་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟོག་པ་ནི་རྣལ་འབྱོར་དུ་བཤད་པ་དང༌། ཚངས་པས་ཞུས་པའི་མདོ་ལས་ཆོས་གང་སྐྱེ་བར་མི་བྱེད། འགག་པར་མི་བྱེད་པ་ནི་རྣལ་འབྱོར་དུ་བཤད་པ་དང༌། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། ཡང་དག་ཚོལ་བ་མི་རྟོག་ཅིང༌། །གང་ཚེ་སྣང་བ་མེད་པའི་ཚེ། །གཟུང་བ་དང་ནི་འཛིན་པ་དང༌། །འགྲོལ་དང་བཅིངས་པ་མི་མཐོང་བ། །དེ་ཚེ་རྣལ་འབྱོར་སྙོམས་ཞུགས་པས། །དེ་མཐོང་འགྱུར་བར་ཐོགས་པ་མེད། །ཅེས་པས་རྣལ་འབྱོར་དུ་གསུངས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བཤད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཤཱ་རིའི་བུ་སྟོང་པ་ཉིད་ལ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་དམན་པའི་སར་མི་ལྟུང་ཞིང་ཡོངས་སུ་དག་པར་བྱེད་པའི་བར་དུ་ཡང་འགྱུར་རོ་ཞེས་བཤད་པ་དང༌། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི། རྣལ་འབྱོར་ཀུན་གྱི་མཆོག་ཏུ་བཤད་པ་དང༌། །ཞེས་པ་རྣམས་ཀྱིས་རྣལ་འབྱོར་བཤད་དོ། །སྤྲོས་པ་གཏང་ལ་དཀྱུས་དཔྱད་པར་བྱ་སྟེ། དེའི་ཕྱིར་གསུངས་པ། དེ་ནས་རྟོག་པ་ལས་བྱུང་བའི། དངོས་གྲུབ་གཞན་དག་བཤད་པར་བྱ། །ཇི་ལྟར་ཁོ་བོ་མཆོག་གིས་ནི། །ཉིད་ཀྱི་མདོ་རུ་བཤད་པའོ། །ཞེས་པ་ནི་སྡུད་པའི་ཚིག་གོ །རྟོག་པ་ལས་བྱུང་བ་ནི་ཆོ་གའི་རིམ་པ་ལས་བྱུང་བ་སྟེ་དངོས་གྲུབ་པོ། །དེ་འབྱུང་བའི་ཐབས་གཞན་རོའི་སྒྲུབ་ཐབས་བཤད་པར་བྱ་སྟེ། འཕགས་པས་གསུངས་པ་དེ་བཤད་པར་བྱ་བ་ཉིད་ཀྱིས་བཤད་པའོ། །དེའི་རིམ་པ་ནི་ཡི་དགས་མང་པོའི་དཀྱིལ་འཁོར་སྔ་མར་བྲིས་ནས་ཏེ། དེ་བཞིན་དུ་ཡི་དགས་ཕལ་བའི་དཀྱིལ་འཁོར་བཞིན་བྲིའམ་བསམས་ལ། མར་གྱི་ཟླ་བའི་
ཚེས་བརྒྱད་ལ་དུར་ཁྲོད་དུ་རང་ཤི་བའི་རོ་གཞོན་ནུ་གང་ཡང་རུང་བ་བླངས་ལ་ཁྲུས་བྱས་ཏེ་ལས་ཀྱི་སྔགས་དག་པར་བྱེད་པ་བཟླས་ཤིང་དྲིའི་ཆུས་བརྐུས་ལ། རང་གི་རྣལ་འབྱོར་ལ་ཞུགས་པ་དང་གཏོར་མ་བཏང་ལ། རོ་དེ་མཎྜལ་དུ་བཞག་ལ་ཤི་བའི་རོའི་སྙིང་གར་ཤཱུནྱ་ཏཱའི་ཡི་གེའི་ཟླ་བའི་སྟེང་དུ་བསམས་ལ། དེ་དང་རོ་ཡོངས་སུ་གྱུར་པ་ལས་ཏྲི་ཤཱུ་ལར་སོང་བ་ལས་འཕགས་པ་གཤིན་རྗེ་གཤེད་ནམ་མཁའ་ལྡིང་གི་གདོང་པ་ཅན། སྐུ་ནག་པོ་ཕྱག་གཡས་ན་ཏྲི་ཤཱུ་ལ། གཡོན་ན་འཁོར་ལོ་བསྣམས་པ། སྤྱན་གསུམ་པ། ཞལ་གཅིག་པ། ཞབས་རྣམ་པ་གཉིས་སུ་བགྲད་པ། རོ་དང་ཀླུ་མནན་པ། ཁྲོ་བོའི་རྒྱན་སྣ་ཚོགས་དང་ལྡན་པ། མེ་ཐབ་ཀྱི་ནང་དུ་བཞུགས་པ་ལ་དགུག་པ་བྱས་ཏེ་མཆོད་པ་འབུལ་ལོ། །མེ་ཏོག་དང༌། སྤོས་དང༌། ལྷ་བཤོས་དང༌། མར་མེ་དང༌། ཤ་ཆེན་པོ་དང་ལྡན་པའི་གཏོར་མ་ཡང་གཏོང་ངོ༌། །ཐོད་པར་ཚིལ་དང༌། ཁྲག་དང༌། འབྲས་ཆན་དང༌། ཞོ་དང༌། བདུད་རྩི་ལྔ་ལ་སོགས་པས་བཀང་ལ་སྦྱིན་སྲེག་གི་ཚུལ་དུ་ཁར་ཕུལ་ན་སྣང་བར་བཤད་དེ་དགེ་བ་གཅིག་སྟེར་རོ། །ཡང་ན་མཁས་པས་དུར་ཁྲོད་དུ། །ཞེས་པ་ནི་རོ་ལངས་ཀྱི་སྒྲུབ་པ་པོ་གོང་དུ་བཤད་པ་བཞིན་དུའོ་ཞེས་ཤེས་པར་བྱའོ། །ད་ནས་གཞན་ཡང་ཨ་ཙ་ན། །ཞེས་པ་སྨོས་ཏེ། སྨན་དེའི་སྦྱོར་བའོ། །སྔ་མ་བཞིན་ཞེས་པ་ནི་རོ་ལངས་ཀྱི་སྒྲུབ་པ་ལྟར་བྱ་སྟེ། འབར་བས་ཞེས་པ་རྟགས་སོ། །མཁས་པས་གི་ཝང་བསྒྲུབ་པར་བྱ། །དངོས་གྲུབ་དག་ཀྱང་དེ་བཞིན་བསྟན། །ཞེས་པ་ལ་གི་ཝང་དང༌། ལི་ཁྲི་དང༌། བ་བླ་དང༌། ལྡོང་རོས་དག་དང༌། བདུད་རྩི་ལྔ་དག་སྐྱེས་བུས་བསད་པའི་རོའི་ཁར་བཞག་ལ། དུར་ཁྲོད་གྱི་གོས་ཀྱིས་གཡོགས་ལ། སྔགས་ཡི་གེ་བཅུ་བདུན་པ་བཟླས་སོ། །མར་གྱི་བརྒྱད་ལ་དུར་ཁྲོད་དུ་བསྒྲུབས་ན་ངེས་པ་ཅན་ནོ། །དེ་ཡང་ལས་གང་ལ་ཡང་འཁོར་ལོ་འདི་མཆོག་ཏུ་འགྱུར་ཏེ་ཉི་མ་རྣམ་པ་བཞིའི་འཁོར་ལོ་འམ། འཁོར་ལོ་དྲི་མ་མེད་པ་རྣམ་པ་བཅུ་དྲུག་པ་པདྨ་ལྟེ་བ་དང༌། གེ་སར་ཅན་ལ་ཉི་མས་མཛེས་པར་བྱས་པ་ལ། པདྨའི་ཕྲེང་བའམ། རྡོ་རྗེའི་ཕྲེང་བས་བརྒྱན་པར་བྲིས་ཏེ། དུར་ཁྲོད་ཀྱི་རས་སམ་
ཤིང་ལོ་ལ་བྲིའོ། །དེའི་ཕྱི་རིམ་དུ་མུ་ཁྱུད་ལ་ཡུམ་གྱི་རིག་པ་གཡོན་སྐོར་དུ་བྲིའོ། །འཁོར་ལོ་ལ་ཡང་རིག་པ་ཡི་གེ་བཅུ་དྲུག་གཡོན་སྐོར་དུ་བྲིའོ། །དབུས་སུ་ཕཊ་དང་ཞེ་སྡང་གི་ཡི་གེ་བྲི། དེའི་བར་དུ་བསྐུལ་བ་བྲི་སྟེ། དེ་ཡང་དུར་ཁྲོད་ཀྱི་སྐྱེགས་དང༌། སྭ་ཤུ་ཀྲ་དང༌། གི་ཝང་དང༌། ལི་ཁྲི་དང༌། བ་བླ་དང༌། ལྡོང་རོས་དང་ལྡན་པས་རྒྱས་པའམ་ཞི་བ་ལའོ། །ཡང་གསང་བ་ལ་ཉི་མ་གུང་ལ་ཁྲོས་པའི་སེམས་ཀྱིས་མངོན་སྤྱོད་ཀྱི་རྫས་ཀྱིས་བྲིའོ། །དབང་དུ་བྱ་བ་ལ་གི་ཝང་དང༌། ཁྲག་དང་ས་བོན་གྱིས་སོ། །འཁོར་ལོ་དེ་དག་གཟུགས་བརྙན་གྱི་སྙིང་གར་བཅུག་ན་ངེས་སོ།། ཡང་རོའི་ཁར་ཡུངས་ཀར་བཅུག་ལ་ལས་ཀྱིས་སྐྱེས་པ་སྨིན་པའི་འབྲས་བུ་བླངས་པ་དེས་གོང་གི་གཟུགས་བརྙན་ལ་སྔགས་དང་མིང་དུ་ལྡན་པས་བསྣུན་ན། རིམས་ཀྱིས་ཐེབས་ཤིང་འཆི་བ་སྟེ་མཐུའོ། །ཡུང་བ་དང་ལྡོང་རོས་ཀྱིས་སྔ་མ་བཞིན་འཁོར་ལོ་བྲིས་ནས། དེར་ཙནྡན་དམར་པོའི་རྡུལ་དང༌། སྐྱེ་ཚེ་དང༌། ལན་ཚྭ་དང༌། རྫས་རྣམས་གཏུམས་ནས་སར་སྦས་ན་རེངས་ཏེ་མ་ཤེས་པ་མ་གཏོགས་སོ། །གནོད་སྦྱིན་མོ་བསྒྲུབ་བཤད་པར་བྱ། །ཞེས་པ་ལ། གང་བྱང་གི་ཤིང་དབེན་པའི་སར་དཀྱིལ་འཁོར་ཏེ། མཎྜལ་བྱས་ལ། ལྡོང་རོས་དང་ཙནྡན་དམར་པོས་འཁོར་ལོ་ལྔ་བ་བྲིས་པ་ཙནྡན་དམར་པོ་དང༌། ཚ་དང་དུར་ཁྲོད་ཀྱི་སོལ་བས་གཟུགས་བྱས་པར་བཅུག་ལ་འཇམ་དཔལ་ལ་རྗེས་སུ་ཆགས་པའི་སེམས་ཀྱིས་སྔགས་བཟླས་ཤིང་ལོག་པར་ཕྱོགས་པར་བྱས་ལ། གནོད་སྦྱིན་མོ་མཛེས་པ་ཁ་བཞིན་གསལ་བར་བྱས་ལ། རྗེས་སུ་ཆགས་པར་བྱས་ནས་སྐྲ་བཤིག་ཅིང་གོས་མེད་པར་བྱས་ལ། ཟས་ཤ་རྗེན་པ་དང༌། ལ་ཕུག་དང༌། སྒོག་པ་དང༌། བཙོས་པ་དང༌། ཤ་ཆེན་པོ་ལ་སོགས་པ་ཐོད་པ་གང་བ་མར་ངོ་ལ་ལྷ་མོ་ལ་དབུལ་ཞིང་བཟླས་ན་སུམ་ཅུ་རྩ་གསུམ་པའང་འོང་སྟེ། དེ་ནས་སྣང་བ་དང་ཡིད་བརྟན་པས་མཆོད་པ་འབུལ་ལ་གང་དུ་འདོད་པར་ཞུ་བ་བྱའོ། །གདོན་མི་ཟ་བར་དེ་ལ་སྟེར་ཞེས་པ་གྲུབ་པ་དེས་སྟེར་ཏེ་འདོད་པའི་དོན་ནོ། །ཤ་ཟ་མོ་དག་སྒྲུབ་འདོད་ན། །སྒྲུབ་པ་པོ་ལ་དེ་ཡི་ལས། །ཞེས་པ་ལ་མངལ་ནས་སྐྱེ་བ་ནི། སྒོ་ང་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བ་མ་ཡིན་པའོ། །སྔ་མ་
བཞིན་ནོ། །ཡང་ན་གཤིན་རྗེའི་གཤེད་དམ། རྣམ་པར་སྣང་མཛད་དུ་བསྒོམས་ལ་ཐབ་ཏུ་བདུད་རྩི་འཁྱིལ་པ་སྦྱོར་པའི་ལྷར་བསམས་ལ། བརྒྱ་བྱིན་གྱི་ཆུང་མ། དེའི་ཁང་པ་ན་ཤ་རྩི་ལ་སོགས་པའམ། ཡང་ན་ཀ་རིང་ཀི་ཞེས་བྱ་བ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་འབྲས་བླུགས་པ་བླུགས་གཟར་གྱིས་སྟོང་ཕྲག་བརྒྱ་ཕུལ་བས་བསྲེགས་ན་འོང་ངོ༌། །དེ་སྟེ་ཀླུ་ཡི་བུ་མོ་མཆོག །ཅེས་པ་ནི་བླ་མའི་མན་ངག་འདིས་དགུག་སྟེ། པདྨ་དཀར་པོའི་མཚོའི་འགྲམ་དུ་སྔ་མའི་དཀྱིལ་འཁོར་ལྟར་བྲིས་ལ། དེ་ཡང་མེ་ཐབ་དབུས་སུ་ཟླ་བ་ཁམ་པ་བཞིན་དུ་བྱས་ལ། ཨུ་དུམྺཱ་རའི་ཤིང་གི་ཡམ་ཤིང་ལ། ནཱ་ག་གེ་སར་གྱི་ཕྱེ་མ་དག་དང་སྦྱིན་སྲེག་བྱས་ན་ངེས་སོ། །ཡང་ན་གནས་དེར་ཚེས་བརྒྱད་ལ་ཐོད་པ་ལ་བཙག་གས་རླུང་གི་གཟུགས་བྲིས་ལ། དེའི་སྟིང་དུ་མེ་འབར་བའི་ནང་དུ་ཀླུའི་བུ་མོ་བྲིས་ལ། དེའི་མིང་ནས་སྨོས་ཏེ་བདུད་རྩི་འཁྱིལ་པ་སྤྲོས་པ་ལས། ལྕགས་ཀྱུས་དྲང་ཞིང་རླུང་གིས་བཏེག་པར་བསམས་ཤིང༌། ཐོད་པ་རྐང་པ་གཡོན་པས་མནན་ལ། མིང་དང་སྔགས་དག་སྤེལ་ན་ཀླུའི་བུ་མོ་འགྲུབ་པ་འདི་ལ་ཐེ་ཚོམ་མེད་དོ། །དེ་ནས་སྔགས་པ་ལྷ་མིན་གྱི། །ཕུག་སྒོར་སོང་ནས་ཇི་འདོད་པ། །ཞེས་པ་ལ་ལྷ་མ་ཡིན་གྱི་བུ་མོ་དགུག་པ་སྟེ། གནས་དེར་སྔ་མའི་མཎྜལ་བྱས་ལ། གཏོར་མ་བྱས་ནས་འབྱུང་པོ་ལ་བཏང་ཞིང༌། ཤིང་པྲི་ཡང་ཀུའི་མེ་སྤར་ལ། མེ་ལྷ་གནོད་མཛེས་མདོག་དམར་པོར་བྱས་ལ་ཡུངས་ཀར་གུར་ཀུམ་གྱི་ཆུ་ལ་སྤངས་པའམ། སྙུགས་པ་ཁྱད་པར་དུ་བྱས་པ་བསྲེག་གོ །རྡོ་རྗེ་ས་འོག་སྟེ་གནོད་མཛེས་བསྐུལ་ལ་སའི་འོག་གི་ལྷ་མ་ཡིན་གྱི་བུ་མོ་མདུང་གིས་སྙིང་ཕུག་ནས་ལྕགས་ཀྱུས་དྲངས་ལ་ཞགས་བས་བཅིངས་ནས་རླུང་གི་འཁོར་ལོ་ལ་བསྐྱོན་ནས་འོང་བར་བསམས་ན་འགྲུབ་པོ། །ཤ་ཆེན་དག་ནི་འཚོང་འདོད་ན། །དང་པོར་དུར་ཁྲོད་སོང་ནས་སུ། །ཞེས་པ་ལ་རྫས་སམ་དེ་དག་གང་འདོད་པ་ཐོབ་པར་བྱ་བའི་ཕྱིར་ཤ་ཆེན་པོ་འཚོང་སྟེ། ཞིང་སྐྱོང་བཀུག་ལ་མཆོད་པར་བྱའོ། །དེ་ནས་གཞན་ཡང་འདི་ཡི་ལས། །དཔུང་རྣམས་མནན་པར་བྱ་བ་བཤད། །ཅེས་པ་ནི་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་དུག་ལ་སོགས་པ་དག་
གིས་སྔ་མ་བཞིན་དུ་བྲིས་ལ། དུར་ཁྲོད་དུ་གྲུབ་པའི་ཉི་མ་ལ་རང་གི་རྣལ་འབྱོར་བྱས་ལ། དེ་ནས་འཁོར་ལོ་དེ་རྐང་པས་མནན་ལ་སྔགས་བཟླས་ནས་དེའི་འོག་ཏུ་མནན་ན་ངེས་པ་སྟེ། བླ་མའི་ཁ་ལས་རྟོགས་པར་བྱའོ། །དེ་ནས་གཞན་ཡང་དུར་ཁྲོད་ཀྱི། །སྦྱོར་བ་བཀྲི་ཤིས་དགེ་བ་གང༌། །ཞེས་པ་ནི་དུར་ཁྲོད་ཀྱི་ཐལ་བ་འདིའི་སྦྱོར་བ་ནི་ཀུན་ལ་ཤིས་ཏེ། བྱིན་གྱིས་བརླབས་པའི་རྫས་ཡིན་པའི་ཕྱིར་བཀྲ་ཤིས་པ་སྟེ། ཀུ་ཤ་ལ་ཞེས་པ་ངན་པ་བསྙིལ་བའི་ཕྱིར་དགེ་བའོ། །དེ་ཡང་རྣོ་བ་སྟེ་དཔུང་མནན་པ་ལ་རྣོ་བའི་སྦྱོར་བའོ། །རོ་དཔའ་བོ་བསྲེགས་པའི་ནུབ་མོ་ཐལ་བ་བླངས་པ་དེ་ཐོད་པར་སྩལ་ལ་བསྲུང་བ་བྱ་སྟེ། གཤིན་རྗེ་གཤེད་ཀྱི་སྔགས། ཨོཾ་ཧྲིཿ་ཥྚིཿ་བཟླས་ལ་བསྲུང་ངོ༌། །དེ་ནས་ཟླ་བ་གཟས་ཟིན་པའི་ཚེ་ཐོད་པ་དེ་ལ་སྔགས་བཟླས་སོ། །དེ་ནས་གྲུབ་པའི་རྫས་དེ་ཡང་བསྲུང་བ་བྱས་ལ་དུས་ནམ་མནན་པའི་ཚེ་གཏོར་རོ། །འདི་ནི་མཚོན་རྣམས་གནོན་པ་ཡང༌། །ཞེས་པ་ནི་མཚོན་ཆ་ཡང་དེས་གཏོར་ན་གནོན་པའོ། །ཡང་མཚོན་གནོན་པ་ནི་དེ་ལ་མཚོན་ནི་དྲངས་པས་འཕེན་པ་དང༌། ཕྱར་བས་འཕེན་པ་དང༌། ལག་པས་འཕེན་པ་དང༌། བཟུང་ནས་འཕེན་པ་དང༌། ལག་པས་འཆིང་བའོ། །སུ་དར་ཤ་མའི་ཤིང་དང༌། ཨ་ཀར་ཤ་ན་པྲི་ཏི་ཀ་དང༌། སྤང་རྒྱན་དང༌། ལྕུག་མ་དཀར་པོ་དང༌། ད་དུ་ར་སྟེ་ཤིས་པའི་ཉིན་པར་ལ་སྨན་བཟང་པོ་དེ་རྣམས་བླངས་ཏེ། བདུད་རྩི་དང་བསྲེས་ལ་གདོལ་པ་ནག་མོའི་ཁྲག་དང་བསྣོའོ། །ནག་པོའི་ཚེས་བརྒྱད་དམ་བཅུ་བཞི་ལ་བྲམ་ཟེའི་ཐོད་པར་བཞག་གོ །དེ་རོ་བསྲེགས་པའི་སས་བཀང་ལ། སྔར་གྱི་མེ་ཏོག་གིས་བྲན་ལ་གཏོར་མ་བཏང་བས་བསྲུངས་ལ། ལྕུག་མ་རྫོགས་པ་དེ་རྒྱལ་གྱི་ཉེ་བར་བླངས་ཏེ། སྔགས་ཀྱིས་བསྲུང་ཞིང་ས་ལ་མ་རེག་པར་བླང་ངོ༌། །དེ་རྣམས་ཀུན་གཅིག་ཏུ་བྱས་པས་ལོག་པར་བསྒྲིལ་བ་དེ་ལུས་ལ་བཏགས་ན། དེ་དག་འབར་བར་ཆག་པའམ་གྲུགས་པའམ། དེ་དག་ལས་རྒྱལ་ཏེ་མཚོན་བརྒྱས་བསྣུན་ཀྱང་རྨ་མེད་དེ་རྡོ་རྗེར་འགྱུར་རོ། །འགྲོ་བ་དབང་བྱེད་སྦྱོར་བ་ནི། དཀྱུས་ནི་རྣམ་པར་གསལ་ལོ། །གཞན་དག་དྲང་བ་ནི་མ་བཤད་དེ། སྔར་བཤད་པ་དང༌། ཕྱིས་ཀྱང་སྨྲས་པས་ཟློས་པའི་སྐྱོན་སྤང་བར་བྱ་བ་ཡིན་པས་སོ། །བཙག་གི་སྦྱོར་བ་དགེ་བར་བཤད། །ཅེས་པ་
གསུངས་པ་ལ། སྔོན་དུ་བསྙེན་པ་བྱས་པར་ནི་གསལ་ལོ། །དུར་ཁྲོད་དུ་བསྲེགས་པའི་རོ་ཕྱེད་ཚིག་པ་སྟེ། ཁའི་སྔོན་པོ་མ་བྲལ་བ་ནའོ། །གཞན་དུ་བཙག་ལ་སོགས་པ་མཚོན་རྡོ་རྗེ་ལྕགས་ཀྱུ་ལྟ་བུར་བསམས་པ་དེ་ཟླ་བ་ཤི་བའི་ཚེ་ཆུས་འབྱུང་དུ་བཅུག་ལ། དེ་ཐར་པར་མ་གྱུར་པར་བསྒྲུབ་ཅིང་བཟླས་ན་འགྲུབ་སྟེ་དེ་སྲིད་དུ་སྙོམས་པར་ཞུགས་ལ། དེ་ནས་བཏོན་པ་དེ་ཐོད་པར་བཞག་ལ་བསྲུངས་ལ་དེ་ནས་ནམ་དགུག་པར་འདོད་པ་ལ་སོགས་པ་བྲིས་ཤིང་བྱུགས་ན་དེས་ཏེ་སྟ་གོན་ལ་གནས་པར་བྱས་པ་ཡིན་ནོ་ཞེས་བཤད་དོ། །སོར་སྡུད་བསྒྲུབ་པ་སྦྱོར་བཤད་བྱ། །ཞེས་པ་ནི་དབང་དུ་བྱ་བའི་སྦྱོར་བ་སྟེ་གསལ་ལོ། །དེ་ནས་གཞན་ཡང་ཡུངས་ཀར་དག །ཤིན་ཏུ་ངོ་མཚར་དང་ལྡན་པ། །ཁྲོ་བོ་ཉིད་ཀྱིས་ཇི་ལྟ་བར། །བསྒྲུབ་ཕྱིར་སྦྱོར་བ་གསུངས་པ་བཤད། །ཅེས་པ་ནི། སོར་སྡུད་བསྒོམ་པ་བསྟན་པ་དེ་ནས་ཡུངས་ཀར་ནི་གཞན་ཏེ། ཁྲོ་བོ་རྣམ་པར་རྒྱལ་བས་བཤད་པར་བྱ་བ་ནི་གསུངས་པའོ། །དེ་ནི་སྡུད་པ་པོའི་ཚིག་གོ །ཉི་མ་རེ་རེ་བཟླས་པ་ནི། །ཟླ་བ་གཟས་ནི་ཟིན་པ་ལས། །ཞེས་པ་དང་པོའི་མཚམས་དེ་གནས་སོ་ཞེས་པའོ། །སྒྲ་བྱུང་ཡང་ན་གས་ཀྱི་བར། །ཞེས་མཐའ་གཟུང་བ་སྟེ་ནུས་པ་སྐྱེད་པའོ། །དེས་ནི་མི་འགྲུབ་ཅི་ཡང་མེད། །ཅེས་པ་ནུས་པས་བྱིན་བརླབ་ཅི་ཡང་ནུས་པའོ། །ཆུ་སྐེམས་པ་དང༌། རི་འགས་པ་དང་ཞེས་པ་ན། མི་སྐྱེད་པར་བྱེད་པ་དང༌། སྟ་རེ་ལྟ་བུས་གྱུར་པར་བྱེད་པའོ། །ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི། །ཞེས་པ་ལ་ཕྱག་རྒྱ་གཉིས་ནི། །དམན་པའི་རྣལ་འབྱོར་དང་ཁྱད་པར་དུ་གྱུར་པའི་རྣལ་འབྱོར་རོ།། དམན་པ་ལ་མོས་པ་ལ་གཟུགས་ཅན་དང༌། དབེན་འདོད་པ་ལ་གཟུགས་མེད་དོ་ཞེས་བྱའོ། །མ་ལུས་པ་ནི་བཤད་པ་ཡིན། ཞེས་པ་ཡུངས་ཀར་ལ་སོགས་པ་མང་དུ་གསུངས་པ་ལ་དགོས་པའོ། །རྩ་བའི་རྟོག་པ་སྟེ་ལེའུ་བདུན་པའོ་ཞེས་པ་ནི་འདི་ཡང་དོན་ལ་མཚུངས་པས་དེའི་རྟོག་པ་སྟེ། ལེའུ་བདུན་པའི་བཤད་པའོ།། །།ལེའུ་ནི་དོན་གྱི་ངོ་བོ་ཡིན་ལ། དེ་སྟོན་པའི་གཞུང་ཡང་ལེའུའོ་ཞེས་བཤད་པ་ཉིད་དོ། །ད་ནི་ལེའུ་བརྒྱད་པ་བཤད་དེ། དེ་ཡང་ཕྱི་མ་རྟོག་པ་བསྡུས་ཏེ་བཤད་པ་ཡིན་ཏེ། དོན་ལས་དགོངས་པ་དང༌། དེ་གྲུབ་པ་གཅིག་པ་ལས་
དགོངས་ཏེ་རྒྱུད་རྩ་བར་རྟོགས་ཞེས་དེ་དག་ལ་གསུངས་པ་ཡིན་ནོ། །འདི་ཡང་དེ་བཞིན་དུ་ཡིན་པ་ནི་སྡུད་པ་པོས་ཤེས་ཀྱང་བློ་རྨོངས་པ་དག་དུས་གཅིག་ཏུ་སྒྲས་རྒྱུད་ཀུན་སྨྲས་པ་ཡིན་ན། ཕྱི་མ་ལ་སོགས་པ་ནི་མེད་པར་འཛིན་པ་བསལ་བའི་ཕྱིར། དུས་ཕྱིས་གསུངས་པ་ལ་ཕྱི་མ་ཞེས་སྡུད་པ་པོས་བཀོད་དོ། །དང་པོ་ནི་ཤེས་རབ་འཕེལ་བ་དང༌། དགོས་པ་གཅིག་པར་བཤད། གཉིས་པས་ནི་ཐེ་ཚོམ་སེལ་ཞིང་དུས་ཐ་དད་པར་གསུངས་ཏེ། ཕྱི་མ་ཉིད་ལའོ། །དེས་ན་དེའི་རྟོག་པ་ཕྱི་མ་ནི་ཞེས་སྨོས་སོ། །མཆོད་ཆེན་བྱ་ཞེས་པ་བསོད་ནམས་བསགས་པའི་ཆེད་དུའོ། །ཁྲོ་བོ་ལ་ཞེས་པ་དེ་ཡང་དེ་བཞིན་ཏོ། །དུག་ལ་སོགས་པ་གང་བརྗོད་པ། །ཞེས་པ་དང༌། གང་ཞིག་ནག་པོས་ཟིན་པ་ཡི། །ཞེས་པ་ནི་འཁོར་ལོ་སྔ་བཞིན་བྲིས་ལ། འོད་ཟེར་དཀར་པོ་འཕྲོས་པས་ཧཱུཾ་ལ་དུག་དང༌། ནད་ཀྱི་ངོ་བོ་དང༌། ཀླུ་དབྱུང་ཞིང་ཆུ་ལ་འཁོར་ལོ་བསྟིམ་པ་བྱ་བཞིན་བྱ་བ་བྱས་ན་ངེས་པའོ། །དེ་ལ་དུག་འབྱིན་པའི་སྔགས་ནི་ཧཱུཾ་སྟེ། དེ་རྐང་པ་དག་ལ་ཟླ་བ་ལྟར་བསིལ་བར་རྣམ་པར་བསམ་མོ། །རྐང་པའི་སྦུག་ས་སྟོང་པ་ལས་གྱེན་དུ་ཧཱུཾ་གིས་དྲུག་ཕུལ་ཞིང༌། དེ་ཉིད་འོད་དང་ཧཱུཾ་གི་འོད་ཀྱིས་དངོས་སུ་ཕུལ་བས་དེའི་བུ་གནས་ཀྱང་དབྱུང་ཞིང་ལྟེ་བར་ཕྱིན་པ་དང༌། དེ་ནས་ཀྱང་དབྱུང་ཞིང་སྤྱི་བོ་དང་ཁ་ནས་དབྱུང་ཞིང་རིམ་གྱིས་སྟེང་དུ་འགྲོ་བར་བྱ་བ་ནི་རྒྱུ་བའི་དུག་ཐམས་ཅད་དོ། །དེ་ཡང་རིམ་པ་གསུམ་མམ། བཞིའམ། ལྔ་རུ་བསྒོམས་ལ། ནད་པ་ལས་ནག་པོའི་གཟུགས་ཅན་གྱི་དུག་སྐྱུགས་པར་བསམས་ན་ནི་བདེ་བར་འགྱུར་རོ། །ཡང་ལ་ལ་དག་རིམ་པ་དེས་སྤྱི་བོ་ནས་རྐང་པར་དབྱུང་བར་ཕྱི་མ་སྟེ། གཞན་གྱི་རྗེས་སུ་འབྲང་བ་དག་འདོད། ནག་པོས་ཟིན་པ་ནི་ཀླུ་བརྒྱད་ཀྱིས་ཏེ་མཐའ་ཡས་ལ་སོགས་པའོ། །དེ་ལ་འཕགས་པ་གཤིན་རྗེ་གཤེད་ཀྱི་བཀས་བསྐུལ་ན་རྫུ་འཕྲུལ་སྣ་ཚོགས་པ་ཅན་དག་འཇིགས་པ་ཐོབ་པས་རང་གི་གདུག་པ་རྣམ་པར་སྡུད་དེ། དེ་ཡང་མཚོའི་འགྲམ་དུ་གནས་ལ། པདྨ་འདབ་མ་བརྒྱད་ཀྱི་རྣམ་པར་བསམས་ཤིང་དེའི་ལྟེ་བ་ལ་ལྷའི་རྒྱལ་པོ་རང་ཉིད་བསམ་ཞིང༌། དེ་ཡང་ཀླུ་བདག་བརྫིས་པ་ཕྱག་བཅུ་གཉིས་དང༌། རྒྱན་རྣམ་པ་མང་པོས་བརྒྱན་པར་བྱའོ། །འདབ་མ་ལ་ཀླུ་བརྒྱད་གཡས་སྐོར་དུ་བྲི་སྟེ། སྦྲུལ་མགོ་གསུམ་
གསུམ་གྱི་གདེངས་ཀའི་མགོ་སྟེང་ན། ནད་སེལ་བའི་རང་གི་རྒྱན་ཡོད་པའོ། །དེ་ཡང་བདག་ལ་ཁ་བལྟས་པ། ཐལ་མོ་སྦྱར་བ། ལུང་ནོད་པ། ཞུམ་པའི་ཚུལ་དུ་བལྟས་ལ། ཧཱུཾ་ནཾ་ཧཱུཾ་ཞེས་པ་དང༌། རིགས་པའི་རྒྱལ་པོའི་སྔགས་བཟླས་སོ། །དེ་ནས་འོ་མ་དང་འབྲས་ཅན་དུ་བཅས་པས་གཏོར་མ་དང་མཆོད་པས་ཡང་དག་པར་མཆོད་དོ། །དེ་ལྟར་ཟླ་བ་དྲུག་ག་མ་ཐུན་མཚམས་བཞིར་སྦྱར་ན། རང་གི་ནད་དམ། གཞན་གྱི་དུག་འབྱུང་སྟེ། ཀླུའི་དུག་རང་གི་གནས་སུ་སྡུད་དོ། །ཆུ་ཡིས་ངེས་པར་གཏོར་བྱས་དང༌། །ཞེས་པ་དང༌། ལྕག་གམ་ཡང་ན་རྐང་པ་ཡིས། །ཞེས་པ་ལ་ཆུ་ནི་འོད་ཟར་དཀར་བས་སོ། །ལྕག་ནི་ཐས་པའི་ནད་འདོན་པ་སྟེ་འདོད་པའི་རླུང་ངོ༌། །རྐང་པ་ནི་རྫུ་འཕྲུལ་གྱི་མཐུ་གཡོ་བའོ། །དེ་ནས་དེ་ལ་དབབ་པ་ཡང༌། །ཞེས་པ་ལ་སོགས་པ་གསུངས་པ་ནི། པྲ་དབབ་པ་སྟེ་སྐྱེས་པའམ། བུ་མོ་གཞོན་ནུ་མཚན་དང་ལྡན་པ་སྟེ་མཛེས་བའོ། །སྐྱོན་ནི་སྦྱད་པའོ། །དེ་མེད་པ་སྟེ་མ་སྤྱད་པ་ལ་ཡན་ལག་ཚང་པ་དེ་སྣོད་ཡིན་ཏེ། དེ་ལ་ཁྲུས་བྱས་ལ་བདུད་རྩི་ལྔ་པོས་བཀྲ་ཤིས་པ་བླུད་ལ། སྨྱུང་བ་བྱས་ཏེ་ཞེས་པ་ཚུལ་ཁྲིམས་དང་ལྡན་པ་དེ་སྟོང་པར་བྱས་ལ། ཡུམ་རོ་ལངས་མར་བསྐྱེད་བའོ། །ཡང་བཀྲུས་ལ་ཞེས་པ་ལྷ་མོ་ལ་མེ་ལོང་དུ་ཁྲུས་བྱའོ། །གོས་དང་རྒྱན་ཅན་དུ་བསམ་པ་ནི་གོས་རྣམས་དང་ནི་རྒྱན་གྱིས་བརྒྱན་པ་སྟེ། གཡས་བརྐྱང་ཐལ་མོ་སྙིང་གར་སྦྱར་བ་རླུང་གི་དཀྱིལ་འཁོར་ལ་གནས་པ། རྐང་པ་ལ་ཡཾ་བསམ་ཞིང༌། སྙིང་གར་ཡང་ལཾ་དང་བཾ་བསམས་ལ་དེ་དག་རླུང་གིས་གཡོ་བར་བྱ་བ་མི་འདར་བར་བྱ་བའི་ཕྱིར་བཀོད་ལ་ཤར་ཕྱོགས་སུ་ཁ་བལྟ་བ་ནི་ཁ་བསྟན་ཏེ་ཞེས་པའོ། །དེ་ལྟར་མཆོད་པ་བྱས་ནས་ནི། །ཞེས་པ་མེ་ཏོག་ལ་སོགས་པའི་འོ། །དེ་ཡང་བྱིན་གྱིས་བརླབ་པའི་རྫས་འདི་དག་ཐོད་པར་བསྲེགས་པས་བདུག་གོ །དེ་ཡང་བདུད་རྩི་ལྔ་དང༌། ཐང་ཆུ་དང༌། བྱི་ལའི་བྲུན་དང༌། གླད་པ་དག་དང༌། རའི་ཡན་ལག་ལྔའི་ཤ་དང༌། ཚིལ་ཆེན་པོ་དང༌། གུ་གུལ་ནག་པོ་དག་བསྲེས་ལ་རི་ལུར་བྱས་ལའོ། །དེ་ཉིད་ཀྱང་རླུང་གཡོ་བ་ལ་བཞག་ལ། བདག་ཉིད་ཀྱིས་ཡི་གེ་བཅུ་གཅིག་པ་བཟླས་ཤིང༌། ཡང་ཨ་ལ་ལ་ཧཱུཾ་ཨ་ཞེས་པ་ཡང་བཟླས་སོ། །དེ་དག་བབས་ན་ཚིགས་བཅད་དག་འདོན་ནོ། །སེམས་བབས་པས་ནི་ད་
ལྟར་ལ་སོགས་པ་རྣམས་ཤེས་སོ། །དགེ་དང་མི་དགེ་དྲི་བར་བྱ། །ཞེས་པ་ནི་མཚན་མ་བཟང་བ་དང་ངན་པའོ། །ཨ་རྒ་དབུལ་ཞེས་པ་ནི་ལུང་སྟོན་པ་ལའོ། །དེ་ནས་གཤེགས་སུ་གསོལ་ལོ། །ས་ལ་འགྱེལ་ཞེས་པ་ཁྲོ་བོ་གདུག་པས་སྣོད་དེའོ། །བསླངས་ནས་སུ། ཕྱིན་ནས་རབ་ཏུ་ཁྲུས་བྱའོ། །ཞེས་པ་ཡང་སངས་རྒྱས་ལ་མཆོད་པ་དབུལ་བའོ། །རྒྱལ་པོ་དབང་དུ་བྱེད་འདོད་ན། །ཞེས་པ་ལ་སོགས་པ་ལ་རྒྱལ་པོ་བདག་གི་དབང་དུ་བྱ་བར་འདོད་ན། དེའི་ཚེ་རི་མོའི་མདུན་དུ་ཞེས་པ་རང་གི་རྣལ་འབྱོར་གྱིས་ཁྲོ་བོའི་རྒྱལ་བོར་དམིགས་ཤིང་བྱས་པ་ནི་མངོན་སུམ་དང་འདྲ་བས་མདུན་དུ་ཞེས་བྱའོ། །རྒྱལ་པོའི་རྗེས་དང༌། ཙནྡན་དམར་པོ་དང༌། གི་ཝང་གིས་འཁོར་ལོ་བྲིས་ལ་དེ་དབང་གི་རྫས་རང་གི་རྐང་རྗེས་དང༌། དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྲིས་པ་ནི་དེ་འདྲ་བར་བྱས་པའི་དེར་བཅུག་ལ། སྔགས་རྩེ་གཅིག་པས་བཟླས་ནས་འོག་ཏུ་སྦས་ན་དོན་གྲུབ་པ་ནི་འཁོར་ལོའི་མཐུ་སྟོབས་སོ། །མཐར་སྦྱར་ཞེས་པས་ནི་སྦྱིན་བྱེད་པ། ཤ་མ་ན་ཡ་ཞེས་པ་དེའི་མཐར་ཕཊ་སྤངས་པའི་ཧྲི་སྭཱ་ཧཱ་ཞེས་པ་སྟེ། ཧྲི་ནི་དབང་དུ་བྱ་བའི་ས་བོན་ཏེ། སྭཱ་ཧཱ་ཞེས་པ་དབང་དུ་བྱེད་པ་རྫོགས་པའི་ཚིག་གོ །དེ་ནས་ཕན་ཚུན་མཛའ་བོ་གཉིས། །དབྱེ་བར་བྱ་བར་འདོད་ན་ནི། །ཞེས་པ་དབྱེ་བ་སྟེ། འཆད་པར་འགྱུར་བསམ་བཤད་དོ། །དེ་ནས་སེམས་ཅན་རབ་གདུག་པར། །ཤེས་ནས་ལེགས་པར་གདུལ་བ་ནི། །དཀོན་མཆོག་གསུམ་ལ་གནོད་བྱེད་ན། །ཁྲོ་བོས་བྱ་ཡིས་གཞན་དུ་མིན། །ཞེས་པ་ལ་རང་གི་སྦྱོར་བ་དྲག་པོས་གསོད་པ་པོས་འཆི་བདག་གི་དྲུང་དུ་གཏང་བ་ན་དཀོན་མཆོག་ལ་གནོད་པའི་གདུག་པ་འདི་ལ་བྱ་བ་ཡིན་པའོ། །དེ་ཡང་རིམ་པ་འདི་སྟེང་དུར་ཁྲོད་ཀྱི་རྫས་དང་བྱེ་བྲག་གིས་དང༌། སའི་ཚིལ་བུ་དང༌། ཆུའི་འགྲམ་གྱི་ས་དང༌། ཤ་ཆེན་ལ་སོགས་པ་ལ་སོར་བཅུ་དྲུག་པའི་ཚད་དུ་དེའི་རྣམ་པར་བྱས་ལ། དོང་གྲུ་གསུམ་པ་སྟེ། དེ་ཡང་ལུས་ལ་མཚོན་རུས་པ་དང༌། ཚེར་མས་བཙུགས་ལ་ནག་པོའི་བརྒྱད་དམ། མར་ངོ་ལ་བྱ་བ་སྟེ། དངོས་སྐྱེད་པ་ལ་གཞུག་པར་བྱ་བ་དང༌། སྡིག་པ་བསྒྲགས་པ་དང༌། ཁ་སྦྱོར་དབྱེ་བ་བྱས་ལ་བཟླས་པ་བྱའོ། །དེ་ཡང་འཁོར་ལོ་དུག་གི་ངོ་བོ་ལ་ཆེ་གེ་མོ་བ་ཤ་མ་ན་ཡ་མཱ་ར་ཡ་ཕཊ་ཅེས་དགུག་གོ །བ་ཤ་སྤངས་པའི་འཁོར་ལོ་དང་གཟུགས་
བརྙན་དེ་ལྡན་པར་བྱའོ། །དེ་ནས་སེང་ལྡེང་ཕུར་བུ་ལ་ཞེས་པ་སོར་བརྒྱད་པའོ། །བརྒྱ་རྩ་བརྒྱད་དུ་རབ་ཏུ་བཟླས་ཏེ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་པ་དང༌། རྩེ་གཅིག་པ་བཏབ་པའོ། །དེ་ནས་བདུན་གྱི་ཐུན་མཚམས་སུ་བདུད་རྩི་འཁྱིལ་པའི་རྣམ་པས་སྙིང་ལའོ། །དེའི་འོག་ཏུ་ཁྲི་བཟླས་སོ། །དེ་ནས་ཡང་ཞག་དྲུག་ཏུ་ཁྲི་ཕྲག་རེ་ནི་དེ་བཞིན་ནོ། །དེ་ལྟ་བུའི་བཏབ་པ་ཁྲི་དང༌། བརྒྱ་དང་བརྒྱད་ཚང་པ་དང༌། དྲག་པོར་བསྲེག་པ་སྟེ་མན་ངག་ལས་ཤེས་པར་བྱའོ། །མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བཟླས་པའོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱང་འཇིག་ན་གཞན་ལྟ་ཅི་སྨོས་ཏེ། དྲག་པོའི་རྣོན་པོའི་འཁོར་ལོ་མཐུ་སྟོབས་སོ། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཞེས་པ་ལ་སོགས་པ་དཀོན་མཆོག་ལ་གནོད་པ་དང༌། བླ་མ་ལ་བརྙས་པ་དག་ལ་བྱ་བ་ཡང༌། དེ་ལ་སྙིང་རྗེ་དང་བྱམས་པ་དང་ལྡན་པ་དང༌། ཞིང་དག་པར་བཏང་བར་བསམས་པས་བྱ་སྟེ། དེ་ཡང་རླུང་གཡོ་བ་ལ་རྣམ་པར་ཤེས་པ་བསྐྱོན་ལ་བྷ་གའི་གནས་སམ། བདེ་བ་ཅན་དུ་མཚན་བཟང་པོ་དང་ལྡན་པར་སྐྱེས་པར་བྱས་ལ། རྣམ་པར་ཤེས་པ་མེད་པའི་ལུས་ལ་ཅེ་སྦྱང་དང༌། ཝ་དང༌། སྤྱང་ཀི་དང༌། བྱ་རོག་དང༌། མ་མོ་ཤ་ཟ་བ་དང༌། གནོད་སྦྱིན་འཇིགས་པ་ཅན་དག་ལ་སྦྱིན་པར་གཏང་ཞིང་དེ་དག་ཀྱང་དགའ་བ་དང་བཅས་པས་ལུས་དེ་དུམ་བུར་བཅད་ཅིང་ཟ་བར་བྱ་བའི་བསམ་པས་ཞིང་དུ་ཉེ་བ་དང་ལྡན་པས་བྱའོ་ཞེས་པའོ། །དེ་ནས་བསྐྲད་པ་དང༌། ཞི་བ་དང༌། རྒྱས་པ་དང༌། དཔལ་འདོད་པ་དང༌། གཏེར་འདོད་པ་དང་ཞེས་པ་བདག་གིས་རྣམ་པར་མ་འབད་དོ། །ཚེ་ལྷག་པ་ལ་སྟེ། ཚེ་རིང་བར་བྱས་པ་ལ་དཱུར་བས་སྦྱིན་སྲེག་བྱའོ། །རྟོག་པ་ཕྱི་མའི་རྟོག་པ་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་མ་ཁོ་ན་ཡིན་ཡང་འདི་ལས་ཏེ། འདི་དག་དེའི་ཡང་ཕྱི་མར་ཕྱག་ན་རྡོ་རྗེས་བཤད་པ་ནི། དེ་བཞིན་གཤེགས་པའི་དགོངས་པ་དང་འདྲ་བའི་ཕྱིར་དེའི་དགོངས་པ་ཡང་ཟབ་སྟེ། ཟབ་པ་གཉིས་བཞི་ལ་སོགས་པས་ཟབ་པའི་དོན་ཡོད་པས་གཞན་དུ་རྣམ་པར་བཤད་དོ་ཞེས་ཤེས་པར་བྱའོ། །དེ་ཡང་བཀའ་མཐའ་ཡས་ནི་ངེས་པའི་དོན་དང༌། དྲང་བའི་དོན་དང༌། དགོངས་པ་ཅན་གྱི་དོན་དང༌། དགོངས་
པའི་དོན་གྱིས་ཟབ་བོ། །དེ་ཡང་ངེས་པ་ཡི་ནི་རྟེན་ཅིང་འབྲེལ་པ་སྒྱུ་མར་བཤད་པ་དང༌། རྣམ་པར་ཤེས་པ་འདས་པ་དང་ད་ལྟར་གྱི་ཐ་དད་པར་བཤད་པ་དག་མཆན་ཉིད་ཀྱི་དེ་ཁོ་ན་ཉིད་ནའོ། །དྲང་བའི་དོན་ན་རྣམ་པ་བཞིའི་སྦྱོར་བས་ལྷའི་དེ་ཁོ་ན་བསྒོམས་པས་ས་ཐོབ་པར་བཤད་པ་སྟེ། ཁད་ཀྱིས་དོན་ཟབ་མོ་ལ་གཞུག་པའི་ཕྱིར་རོ་ཞེས་གཞུག་པའི་དེ་ཁོ་ན་ཟབ་པའོ། །དགོངས་པའི་དེ་ཁོ་ན་ནི་སངས་རྒྱས་ཀུན་ཡིན་ཟེར་བ་དང༌། དུས་གསུམ་གྱི་སྔོན་དུ་བྱུང་ཞེས་པ་དང༌། ཁྱོད་ཀྱིས་གཞན་བསད་ན་གྲོལ་ཞེས་པ་དག་ནི་དགོངས་པའི་དེ་ཁོ་ན་སྟེ་ཟབ་བའོ། །དགོངས་པའི་དོན་ནི་གཞན་དུ་བསྟན་པས་ཤེས་རབ་འཕེལ་བས་ནི་དགོངས་པའོ། །དེ་བཞིན་དུ་འདི་ལ་འཇུག་པ་དང༌། ཡིད་གཞུངས་པ་དང༌། བསྒོམ་པ་འཕེལ་བ་ནི་དགོས་པ་སྟེ། འདིར་བཟུང་བ་ཡིན་ནོ། །འོ་ན་འདིའི་དགོངས་པ་ཞེ་ན། དུས་དེ་ཉིད་ལ་ཡང་སྐད་ཅིག་མ་དག་གིས་དེ་ལ་ཡང་སྔ་མ་དང་ཕྱི་མ་གཟིགས་པའོ། །འོ་ན་ལྷ་རྗེས་སུ་དྲན་པ་དྲང་བའི་དོན་ཡིན་ན། རྗེས་སུ་དྲན་པ་གཞན་ཅི་ཞེ་ན། སྨྲས་པ། རྣམ་པ་བཞི་ཡི་སྦྱོར་བ་ཡིས། །ལྷ་ནི་རྗེས་སུ་དྲན་པ་བསྒོམ། །ལྷ་ནི་རྗེས་སུ་དྲན་པ་ཡིས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །སངས་རྒྱས་རྗེས་སུ་དྲན་པ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །སྒྱུ་མ་རྗེས་སུ་དྲན་པ་བསྒོམ། །སྐུ་ནི་རྗེས་སུ་དྲན་པ་ཡིས། །རིགས་ནི་རྗེས་སུ་དྲན་པ་བསྒོམ། །རིགས་རྗེས་དྲན་པའི་སྦྱོར་བ་ཡིས། །སྔགས་རྗེས་དྲན་པ་བསྒོམ་པར་བྱ། །སྔགས་རྗེས་དྲན་པའི་སྦྱོར་བ་ཡིས། །སེམས་རྗེས་དྲན་པ་བསྒོམ་པར་བྱ། །ཞེས་བཤད་པ་ནི་ཁྱད་པར་རོ། །དེས་ན་གཞན་ངེས་པའི་དོན་དུ་འདིར་བཤད་དོ། །རྣལ་འབྱོར་དེ་དག་བསྒོམ་པ་ཡང་དབང་བསྐུར་བས་བྱ་བ་ཡིན་ཏེ། ཐོག་མར་དབང་རྣམས་ལེགས་ཐབ་པའི། །བླ་མ་སྒྱུ་མ་རིག་པས་གནང༌། །ཞེས་པས་ན། སྒྱུ་མ་རིག་པ་དབང་ཐོབ་པ་ནི་དབུ་མའི་ལམ་སྟེ། དེ་ཡང༌། རྟེན་ཅིང་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེས་ཞེས་སུ་སྨྲ་བ། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །རང་གི་ངོ་བོར་མ་སྐྱེས་པ། །རྐྱེན་ལས་སྐྱེས་ཏེ་རྒྱུ་ཡང་ཞི། །ཞི་བ་རྒྱུ་དང་རྐྱེན་འབྲས་མིན། །ཞེས་པ་དང་ཡང༌། གཅིག་གི་ངོ་བོར་མ་བྱུང་དང༌། །གཅིག་གི་ངོ་བོར་མ་གྲུབ་པ། །དུ་མ་བྱུང་དང་དུ་མར་མེ། །རང་བཞིན་ཞི་བ་
འོད་གསལ་བའོ། །གསལ་བ་དུ་མ་དུ་འབྱུང་མིན། །ཞེས་པ་ནི་དབུ་མའི་དོན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །རྒྱུ་ལས་འབྱུང་བ་སྟེ། རྒྱུ་ཚོགས་པ་ལས་འབྱུང་བ་ནི། །རང་བྱུང་བ་མ་ཡིན་བས་རྐྱེན་ལ་ལྟོས་པའི་ཕྱིར་རང་གི་ངོ་བོས་མ་བྱུང་བས། དངོས་པོ་མེད་དོ། །ཡང་རྒྱུ་ལས་རང་གིས་ནུས་པ་རང་གི་ངོ་བོ་ཡོད་པས་རྒྱུ་གཞན་མེད་དོ་ཞེ་ན། རྐྱེན་ལས་བྱུང་བའི་དོན་མ་མཐོང་ཞེས་གཞན་དག་ལས་གསུངས་པས་ན། འབྲས་བུ་དང་རྒྱུ་གཅིག་པར་སྨྲ་བའི་རྨོངས་པ་ནི་བློ་གྲོས་དམན་པ་སྟེ། རྐྱེན་ལས་བྱུང་བའི་དོན་དུ་མ་ཤེས་པའོ། །རང་གི་ངོ་བོར་མ་སྐྱེས་པས། །ཞེས་པ་ལན་ཏེ་རྨོངས་པར་བསྟན་ནས། འབྲས་བུ་མྱུ་གུ་བདག་མ་ཐོབ་པས་ས་བོན་ལ་སྔ་མ་ནས་ཡོད་ན་རང་བཞིན་བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར། གང་རྒྱུ་ཡིན་ལ་གང་འབྲས་བུར་གཞག་པ་དང༌། འབྲས་བུ་ཡང་ས་བོན་སྣང་བ་ནས་མཐོང་བར་རིགས་པ་ལས། མ་མཐོང་བ་སྣང་བ་མི་དམིགས་པས་ཡོད་པར་མ་འགྲུབ་བའི་ཕྱིར་བདག་གི་ཡོད་པ་ལས་སྐྱེས་པ་མ་ཡིན་པས་རྒྱུ་ལས་བྱུང་བའོ། །དེ་ཕྱིར་ཡང་དག་པར་མ་གྲུབ་པོ་ཞེས་ཁས་བླང་ངོ༌། །འོ་ན་རྒྱུ་རྟག་པའོ་ཞེ་ན། རྒྱུ་ཡང་ཞི་ཞེས་པས་ན་སྒྱུ་ཡང་རང་གི་ངོ་བོས་ཀྱང་སྟོང་ལ། དེ་ཡང་རྒྱུ་གཞན་ལ་མ་ལྟོས་པར་མ་བྱུང་བས་ན། ཞི་བ་སྟེ་རྟག་པ་མ་ཡིན་ནོ། །འོ་ན་ཞི་བའི་ངོ་བོ་ར་གྲུབ་བམ་ཞེ་ན། ཞི་བ་རྒྱུ་དང་རྐྱེན་འབྲས་མིན། །ཞེས་པ་གསུངས་པས་ན། ཞི་བ་ཡང་ཡང་དག་པར་མ་གྲུབ་སྟེ་རྒྱུ་ཡང་མ་ཡིན། རྐྱེན་ཡང་མ་ཡིན། འབྲས་བུ་ཡང་མ་ཡིན་ཏེ། སྤྲོས་དང་རྣམ་པར་ཆ་ད་པ་ལ་མཚན་མའི་གནས་མེད་པའི་ཕྱིར་རོ། །དེས་ན་དབུ་མའི་དོན་རིག་པ་ནི། སྒྱུ་མ་རིག་པའོ། །འབྲས་བུ་དེ་གཅིག་ཏུ་མ་བྱུང་སྟེ་ཆོས་མང་བར་བྱུང་བ་དང༌། གཅིག་གི་ངོ་བོ་མ་གྲུབ་སྟེ། སྣ་ཚོགས་པ་དང༌། ཆའི་བྱེ་བྲག་གིས་གཅིག་མ་གྲུབ་པའོ། །དེ་ནས་དུ་མ་ཡང་མེད་པའི་རིགས་བ་འདིས་ན་ཡང་དག་པར་གྲུབ་པ་མེད་དོ་ཞེས་པ་ཡང་རིགས་པའི་དོན་རྣམ་པར་དཔྱད་ན་གང་བཙལ་བའི་དོན་ལ་ཤེས་པ་དེས་བཙལ་ན། དངོས་པོ་སྒྱུ་མ་འདི་ལ་ཡང་དག་པའི་མཐའ་སྤྲོས་པ་རྣམ་པར་ཆད་པ་ལ་ངེས་པ་འཛིན་པ་རྗེས་སུ་དཔག་པ་འདིས་བཟུང་བ་ནི་འོད་གསལ་བ་སྟེ། དེས་ན་སྣང་
བ་ལ་རྗེས་སུ་དཔྱོད་པས་ངེས་པར་སྐྱེ་སྟེ་རིག་པའོ། །ཡུལ་གཉིས་བ་ཅན་ཡིན་པས་ན་ཤེས་པ་འདི་ཡང་གཉིས་སུ་རྣམ་པར་བཞག་སྟེ། རང་གི་སྣང་བ་རིག་པ་དང་སྟོང་པ་ལ་དཔྱོད་པའོ། །ངོ་བོ་ལ་ཁྱད་པར་མེད་ཀྱི་ཐ་དད་པ་ཉིད་ཡིན་ན། འོ་ན་ཆོས་ཅན་གང་ཡིན་ཞེ་ན། སྨྲས་བ་བྱ་ཀ་ར་ཎ་འི་སྒྲའི་ལུགས་དང༌། རིགས་པའི་སྒོ་ནས་དོན་རྣམ་པར་གཞག་པ་ལ། སྒྲའི་སྦྱོར་བའི་བྱེད་པ་དང༌། རིགས་པའི་ཚུལ་གྱིས་གཞན་ལ་དོན་གོ་བར་བྱེད་པས་ན། རྣམ་པར་གཞག་པ་མཐའ་ཡས་སུ་རྣམ་པར་འཇོག་སྟེ། ཆོས་དང་ཆོས་ཅན་ལ་སོགས་པའོ། །དོན་ཙམ་སྟོན་པ་ནི་འདི་ཀ་བ་ཡིན་ཞེས་བརྗོད་ན་སྒྲ་དེ་དང་འདི་ཀ་བ་ཡིན་སྙམ་པའི་བློ་སྐྱེ་བ་དེས་དོན་བརྗོད་པ་དང༌། བློའི་ཡུལ་སྣང་བའམ་ཡུལ་ཞེན་པ་དེ་དངོས་པོ་བརྗོད་ཅིང་ཡུལ་བཟུང་བ་ནི། གཉིས་ཀ་མ་ཡིན་པ་བརྗོད་ཅིང་བཟུང་བ་ཡིན་ཏེ། ཆོས་ཅན་ཡང་མ་བརྗོད་ལ་གཉི་ག་མ་བཟུང་ངོ་ཞེས་ཤེས་པར་བྱའོ། །དེ་ཁྱད་པར་དུ་ཤེས་པར་འདོད་ནས་སྒྲ་སྦྱོར་བ་ན། ཀ་བ་མི་རྟག་ཅེས་བརྗོད་པའི་སྒྲ་དང༌། བློ་དེ་ལྟར་སྐྱེ་བ་ནི་ཆོས་སུ་འདྲ་བར་རིགས་པས་གྲུབ་ཀྱང་སྟེ། ཆོས་ཅན་དུ་ཀ་བ་གཞག་གོ །ཀ་བ་མ་ཡིན་པ་དག་རིགས་སུ་བསྡུས་པ་གཅིག་ལས་ལྡོག་པ་ཀ་བ་ཡིན་ལ། ཀ་བ་མ་ཡིན་པའི་ངོ་བོ་ཡང་རིགས་མ་བསྡུས་པ་ཡིན་པའི་ངོ་བོ་གཅིག་ལས་ལོག་པ་བརྗོད་པ་དང་ཤེས་པ་སྐྱེ་བའི་བརྗོད་བྱ་དང་ཡུལ་དག་ངོ་བོ་ཁྱད་པར་མེད་པའི་ཚུལ་ཡིན་ཏེ། ལོག་པའི་ཕྱོགས་དང༌། ལོག་པའི་ངོ་བོ་ལ་མང་བའམ་ཉུང་བའི་ཁྱད་པར་ལ་སོགས་པ་མེད་ཀྱང་དེའི་ཁྱད་པར་རྟོགས་པར་བྱ་བའི་དོན་གྱིས་ངོ་བོ་ལ་གཞི་ཞེས་བྱ་བའམ། ཆོས་ཅན་དུ་རྣམ་པར་གཞག་གོ །དོན་ལ་བརྟེན་པའི་ཁྱད་པར་ནི་མང་དུ་གནས་པའི་ངོ་བོ་མ་གྲུབ་པའི་སྔོ་སེར་མི་དམིགས་པ་བཞིན་ཏེ། དངོས་པོ་གང་གི་ཡང་སྒྲ་འཇུག་པའི་རྒྱུ་མཚན་དང་ལྡན་པ་སྨྲའམ། རིགས་པས་ངོ་བོར་ཐ་སྙད་གཞག་པའི་དོན་གང་ཡིན་པ་ཁྱད་པར་འདུ་ཤེས་པར་བྱ་བ་དང་བཅས་པ་ནི་ཆོས་ཅན་ཡིན་ནོ། །དངོས་པོ་མེད་པའི་མཛེས་པ་ནི་མེད་པས་ཆོས་སོ་ཞེས་ཤེས་པར་བྱའི་མང་བ་ལས་ལོག་པ་དང༌། གཅིག་ལས་ལོག་བའི་ཕྱིར་ནི་མ་ཡིན་ནོ། །དེའི་ངོ་བོ་དང༌། དེའི་ཁྱད་པར་གྱི་ཚུལ་རྣམ་པ་གཉིས་སུ་ཀླུ་གྲུབ་པ་ལས་ཐོས་ཤིང་
རིགས་པ་ཡིན་ནོ་ཞེས་གཞན་དག་ཀྱང་ཟུང་ཤིག་པ་ནི་ཚུལ་གཅིག་པའོ། །འདི་ལ་རྣམ་པ་གཞན་དུ་ཡང་འདོད་པ་ནི་མང་ཡང་སྒྲ་ཙམ་ལ་ཞེན་པར་རིག་པས་ནི་གྲུབ་པའོ། །འོན་ཀྱང་ད་རུང་བློས་བཙལ་ཞིང་དཔྱད་པ་ནི་གནང་ངོ༌། །ལེའུ་དགུ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་འབྲུ་གཅིག་པའི་སྔགས་དང༌། དེའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྟན་པ་བཤད་པར་བྱ་སྟེ། དེའི་ཕྱིར་གཤིན་རྗེ་རབ་འཇོམས་འདི། །ཞལ་ནི་ཧཱུཾ་ཞེས་བྱ་བར་བཤད། །ཅེས་བ་སྨོས་ཏེ། གཤིན་རྗེ་ནི་ཡི་དགས་ཏེ། རང་བས་སྟོབས་ཆུང་བ་དག་གི་སེམས་ཅན་གྱི་བདུད་བྱེད་པ་སྟེ། གང་ནས་ཤི་འཕོས་ནས་གནས་ངན་པར་སོང་བ་ནི་ཤི་བ་སྔོན་དུ་སོང་བ་ཡིན་པས་གཤིན་ཞེས་བྱ་བར་དགོངས་ལ། དེའི་དབང་ཡང་བྱེད་པ་རྗེ་སྟེ། དེ་ཡང་འཇིག་རྟེན་དབང་ཆེ་བ་རྣམས་སོ། །དེའི་རྣམ་པར་འཇིག་པར་བྱེད་པ་ནི་གཤིན་རྗེ། དེ་ཡང་ཕྱོགས་སྐྱོང་བ་ལས། ལས་མཐུ་ཆེ་བའི་གཤེད་ནི། འཕགས་པ་སྟེ་ཁྱད་པར་དུ་གྱུར་པའི་ཡེ་ཤེས་ཏེ་དེ་ལས་བྱུང་བའོ། །དེའི་ལྷན་ཅིག་པའི་བསྒྲུབ་པ་དང༌། སྙིང་པོ་གཅིག་པའི་སྒྲུབ་ཐབས་སུ་རྣམ་པར་བཤད་པར་ཤེས་པར་བྱའོ། །ཐ་མ་དག་ཏུ་ཞེས་པ་ནི་དབུས་སུ་རོ་བྲི་བ་དང༌། དེའི་ཕྱི་སྐོར་ལ་རོའི་ཕྲེང་བ་དང༌། དེའི་ཡང་མཐར་ཐོད་པའི་ཕྲེད་བ་ལ་ཐ་མར་བཤད་དོ། །གྲྭ་བཞི་ནི་གྲུ་ཆད་དོ། །ཐོད་བ་དག་ཀྱང་ཕྲེང་བར་བྱ། །ཞེས་པ་ནི་ལྕགས་རིའིའོ། །ཁྲོ་བོའི་སྤྱན་སྔར་འདུག་ནས་སུ། །ཞེས་པ་རྣལ་འབྱོར་བྱས་པའི་འོག་ཏུ་སྔགས་གདོན་པའོ། །དུར་ཁྲོད་གནས་སུ་སློབ་མ་གཟུང༌། །ཅེས་པ་ནི་སློབ་མ་དུར་ཁྲོད་ཀྱི་གནས་ཏེ་འཇམ་དཔལ་གྱི་དཀྱིལ་འཁོར་དུ་གཞུག་པའོ། །ཧཱུཾ་བཟླས་ཤིང་གཞུག་པའོ། །ཧཱུཾ་བཞག་བ་ནི་རྒྱུའི་ངོ་བོ་སྟེ་ལྷ་ལ་བཤད་པ་ནི་མན་ངག་གོ །དེ་ནས་ཤཱུ་ལའི་ཕྱག་རྒྱ་ནི། །རས་ཀྱིས་གཡོགས་ཏེ་བཅིང་བར་བྱ། །ཞེས་པ་སྨོས་པ་ནི་དཀྱིལ་འཁོར་དུ་བཅུག་ལ། དམ་ཚིག་དབོག་པའོ།། དེ་ནས་དམ་བསྒྲགས་པ་ལ་སོགས་པ་བྱས་ལ་ཡང་པྲ་དབབ་པའོ། །དེ་ནས་མེ་ཏོག་ཕུལ་བ་ལ་སོགས་པ་བྱས་ལ། དབང་བསྐུར་ཏེ། དེའི་ཕྱིར་སྨོས་པ། དེ་ནས་དབང་བསྐུར་གཤིན་རྗེ་གཤེད། །ཅེས་པ་དེའི་དབང་བདུན་བསྐུར་བའོ། །ཡིག་འབྲུ་གཅིག་སྦྱིན་ཅེས་པ་སྔགས་སོ། །ཤཱུ་ལ་
རབ་ཏུ་བསྟན་པར་བྱ། །ཞེས་པ་དྲིལ་བུའི་དབང་ངོ༌། །དཔུང་ནས་གྱེན་དུ་བགྲངས་ཏེ་གཞག །ཅེས་པ་དབུ་རྒྱན་ནོ་ཞེས་ཤེས་པར་བྱ་བ་ནི་མན་ངག་གོ །གཞན་དུ་ན་རྣམ་པར་གཞན་ཏེ་གསལ་ལོ། །ཙནྡན་དམར་པོས་བསྐུས་ཞེས་པ་དབང་ལའམ་སྟེ། གཞན་དང་རང་གི་དོན་ལ་ཤེས་པས་སོ། །ལྷ་གཅིག་པའི་བྱ་སྟེ་རིག་པའི་དབང་དང༌། རྣལ་འབྱོར་རྣམ་པར་དགོས་པ་བཤད་པ་ཡིན་ནོ། །རྒྱལ་པའི་དཀྱིལ་འཁོར་དགོས་པ་ཞེས་བྱ་བ་ནི། ཕོ་བྲང་དུ་གཉིས་པ་རྣམ་པར་མེད་པའོ། །ཕྱི་མའི་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པ་རྒྱལ་པོའི་དཀྱིལ་འཁོར་དགོད་པའི་རྟོག་པ་སྟེ་དང་པོ་རྣམ་པར་བཤད་པའོ།། །།ད་ནི་ལྷ་གཅིག་པའི་བསྒྲུབ་པ་བསྟན་ཏེ། དེ་ནས་འདིར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མཚན་མོ་ནི་ཉིན་པར་མ་ཡིན་པའོ། །དེའི་མཆོག་ནི་ཉི་མ་སྒྲ་གཅན་གྱིས་ཟོས་པའི་དུས་ཏེ། དུས་དེར་སྦྱིན་པའི་ཀུན་དུ་མཆོད་པ་བྱས་ལ། དེ་ནས་སྐུ་བྲི་བར་བྱ་སྟེ་ཤིས་པའི་ཕྱིར་སྒྲུབ་པའི་ཡན་ལག་གི་ཕྱིར་རོ། །བྲིས་པ་ལ་སྤྱན་དབྱེ་བ་ནི་རིམ་པ་འདི་ལྟར་རོ། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་བཏང་ཐབས་གདན་དང་ནི། བཟླས་བརྗོད་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེར་བསྡུ་བྱ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང༌། །ཁྲུས་བྱས་པ་རང་གི་ལྷའི་རྣལ་འབྱོར་གྱིས་གསལ་བ་དང༌། སྟོང་པ་ཉིད་དུ་གནས་ལ་ཡང་ལྡན་པ་ལྟར། རང་གི་རིགས་ཀྱི་ས་བོན་ལས་མཚན་མའི་རིམ་པས་དམ་ཚིག་གི་ལྷ་བསྐྱེད་ལ། ཡང་ཡེ་ཤེས་ཀྱི་འཕགས་པ་འཇམ་དཔལ་གཤིན་རྗེ་འཇོམས་པ་དགུག་སྟེ། ཀུ་ཤ་རང་གི་ལག་པར་བཅུག་ལ་གཡབ་སྟེ། སྤྱན་དྲངས་ལ་འཐོར་འཐུང་དག་ཕུལ་ལ་བསྟིམས་ཏེ། མཆོད་པ་ཕུལ་ལ། ཁྱོད་ལ་མཆོད་པ་དབུལ་བ་དང༌། སློབ་མའམ་བདག་ལ་ཕན་པའི་ཕྱིར། བདག་མིང་རྡོ་རྗེ་འདི་ཞེས་བྱ། །རིག་པའི་རྒྱལ་པོ་འདི་ཞེས་བྱ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །སང་ནི་རབ་གནས་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་དགོངས་ནས། །ཚོགས་པ་ཐམས་ཅད་རབ་གནས་པ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་བརྗོད་ནས་གཤེགས་པར་བྱའོ། །དེ་ནས་ཡང་རང་གི་རབ་གནས་
ཀྱི་དུས་སུ་རང་ཉིད་ཀྱི་ལྷའི་འཁོར་ལོ་ཡང་བསྐྱེད་པ་དང་དགུག་པ་དང༌། མཆོད་པ་དང་དབང་བསྐུར་བ་བྱ་སྟེ། སྤྲོ་བ་དང་བསྡུ་བས་བཟླས་པ་དང༌། མཆོད་པ་བྱ་ཞིང་ཁྲུས་དང་དབང་གཟི་བསྐྱེད་དོ། །དེ་ཡང་བཟླས་པ་དང༌། ལྷ་གཅིག་པའི་ལས་དང་མཆོད་པ་དག་ནི་སྒྲུབ་པའི་ཐབས་བཞིན་ནོ། །ཕྱི་མའི་ཕྱི་མ་ལས་ཡི་གེ་གཅིག་པའི་རི་མོ་ལ་སོགས་པའི་ཆོ་གར་གཏོགས་པ་གཉིས་པའོ།། །།དེ་ནས་སྔོན་དུ་བསྙེན་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཡི་གེ་གཅིག་པ་ལ་སོགས་པའི་གྲངས་སོ། །ཁྲོ་བོའི་བརྟུལ་ཞུགས་ནི་སྦྱངས་པའི་ཡོན་ཏན་ནོ། །དེ་ཡང་མཚན་མ་དང༌། པགས་པ་དང༌། ཐལ་བ་དང༌། རུས་པའི་ཕྲེང་བ་དང༌། འཁོར་ལོ་དང༌། ལག་གདུབ་དང༌། རྣ་ཆ་ལ་སོགས་པ་དང་ལྡན་པར་བྱས་ནས་སྤྱོད་པ་སྤྱད་པའོ། །ལྕི་བ་བཟའ་ཞིང་ཞེས་པ་ནི། ལྕི་བ་ནི་འདིར་གསུང་པས་ན་ཤ་ཆེན་པོའོ། །དུར་ཁྲོད་དུ་གནས་པས་སྦྱང་བ་ལ་སོགས་པ་བྱས་ལ་དམ་ཚིག་གི་ཕྱིར་བསྟེན་ཞིང་བཟའ་བར་བྱའོ། །གཙང་ཞིང་གཙང་མར་ཞེས་པ་ཐ་མལ་པའི་དངོས་པོ་དང་བྲལ་ཞིང་དབེན་བས་ན་གཙང་བའོ། །དེ་ཡང་ཕྱག་རྒྱ་བཞིའི་ངོ་བོ་དང་ལྡན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པའི་ཕྱིར་དུལ་བའོ། །ཛ་ཏི་ཞེས་པ་ལ་ཛ་ནི་སོང་བ་སྟེ་འགྲོ་བའོ། །དེས་ན་འོང་བ་ཡང་བསྟན་ཏེ། རླུང་དང་ལྡན་པའི་སྔགས་གྲངས་དགུ་བརྒྱ་ལ་གཅིག་གིས་རྒྱུ་བའི་འགྲོ་བ་སྟེ་སྟོང་དང་ཉེ་བས་སོ། །ཇི་སྐད་གསུངས་པའི་ལས་དག་གིས། །ཞེས་པ་དཀར་པོ་ལ་སོགས་པ་རིགས་བཞིའོ། །མཆོད་པ་བྱ་ཞེས་པ་ལ། དེ་བཟླས་པ་ཉིད་ནི་དེའི་མཆོད་པའོ། །འདོད་པའི་འབྲས་བུ་ནི་འདིར་ཞེས་པ་ཉེ་བར་ཐོབ་པའོ། །ཡང་ལས་ཐམས་ཅད་དོ། །དེ་ལ་སའི་དབང་པོ་ནི་ས་བདག་གོ །ཕྱི་མའི་ཕྱི་མར་གཏོགས་པ་གསུམ་པ་རྣམ་པར་བཤད་པའོ། །དེ་ནས་གཞན་ལས་གསུངས་པའི་ལས་བཤད་པ་དག་ཆོ་ག་སྔ་མ་བཞིན་བསྒྲུབ་པ་ནི་བརྟུལ་ཞུགས་མེད་པར་མི་འགྲུབ་པར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས་བསྒྲུབ་པའི་ལས་རྣམས་བཤད་པར་བྱ་བ་ལ་སོགས་པ་སྨོས་ཏེ། བརྟུལ་ཞུགས་མེད་པར་མི་འགྲུབ་པའམ། བརྟུལ་ཞུགས་ལ་བརྟེན་པའི་ལས་ནི། བརྟུལ་ཞུགས་ཀྱིས་བསྒྲུབ་པའི་ལས་ཏེ། །རག་ལས་པའི་རྒྱུའི་དོན་ཏོ། །
གཞན་དག་ནི་རྣམ་པར་གསལ་ལོ། །རལ་གྱི་ལ་བརྟེན་པ་སྟེ་དེའི་རིག་པའོ། །ཡི་གེ་འབྲུ་གཅིག་པའི་སྔགས་དང་དེའི་སྒྲུབ་པ་ཕྱི་མའི་ཕྱི་མར་གཏོགས་པའི་ལེའུ་སྟེ་བཞི་པ་རྣམ་པར་བཤད་པའོ།། །།དོན་གྱི་བདག་ཉིད་ཡིན་ཡང་ཚིག་ལ་ཡང་གདགས་སོ། །དེ་ལྟར་ལེའུ་གཞན་གོང་དུ་བསྟན་པ་དག་ཏུ་བཤད་པའི་ལས་ཀྱི་སྔགས་སྦྱར་བ་བཤད་པ་བསྟན་པའི་ཕྱིར། ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས། །བཟླས་པ་ཙམ་གྱིས་འགྲུབ་པའི་སྔགས། །ཞེས་པ་ནི་ཞེ་སྡང་གི་ངོ་བོའི་ཧཱུཾ་དྲུག་ནི་ཞལ་དྲུག་ཧཱུཾ་ཉིད་ཀྱིས་དོན་ཟ་བའི་ཕྱིར་ཞལ་དྲུག་ཧཱུཾ་ངོ༌། །ཧཱུཾ་དང་ཡི་གེ་ཕྱི་མར་སྦྱར། །ཞེས་པ་ནི། གཤིན་རྗེ་ཞེས་པ་གཞན་དག་གོ །ཧཱུཾ་གི་ཐ་མར་ནི་བསྐུལ་བར་བྱ། །ཞེས་པ་ནི་རི་དགས་ལ་སོགས་པའོ། །ཧཱུཾ་ཏྲི་ཤཱུ་ལའི་ཕྱག་རྒྱར་ལྡན། །ཞེས་པ་ནི། ཧཱུཾ་ཏྲཾ་ད་ར་བི་སོཕ་ཊ་ཡ་བཉྫ་བཉྫ་ཧཱུཾ་ཞེས་པ་ཡང་ཤེས་པར་བྱའོ། །ཧཱུཾ་ཏྲཾ་ཧ་ན་བི་སོཕ་ཊ་ཡ་བཉྫ་ཧཱུཾ་ཏྲཾ་ཞེས་པ་ནི་ས་གཡོ་བའོ། །ཧཱུཾ་གཅིག་རིག་སྔགས་ཐམས་ཅད་དང༌། མཚོན་ཆ་རྣམས་གཅོད་པར་བྱེད་ཅེས་པ་ལ་ཧཱུཾ་སརྦ་མུ་ས་ལ་ཨ་སི་མནྟྲ་ན་ཙིཚནྦྷ་ཙིཚ་ནདྷ་ཞེས་པ་ཞལ་དྲུག་གི་དང་བ་སྟེ། དེ་དག་ཀུན་ཏྲཾ་གི་འོག་ཏུ་རྣམ་པར་བཤད་པ་དེ་རེ་རེ་སྦྱོར་རོ་ཞེས་བཤད་དོ། །ཧཱུཾ་ཁ་ཞེས་པ་ལ་ཧཱུཾ་ཆེ་གེ་མོ་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་ཡ་ཕཊ་ཅེས་པའོ། །ཧཱུཾ་ཐ་ཞེས་པ་ལ་ཧཱུཾ་ཐ་སྟེ། ཨརྠ་དེ་བ་པྲེ་ཏ་མ་ཐ་མ་ཐ་ཧཱུཾ་ཕཊ་ཅེས་པའོ། །ཧཱུཾ་ཧ་ཞེས་པ་ལ། ཧ་ཧ་ཧ་ཧ་བཻ་ཏ་ལ་ཕཊ་ཧཱུཾ་ཞེས་པའོ། །ཧཱུཾ་གྲ་ཞེས་པ་ལ། དེ་དང་འབྲེལ་བར་ཨ་མུ་ཀཾ་ཨ་སི་མུ་ས་ལ། ཨ་ཀླ་ཨེ་ཀ་ཧ་ན་ཧ་ན་ཕཊ་ཅེས་པའོ། །ཧཱུཾ་ཛྫ་ཞེས་པ་ལ་ཛ་ཛྷ་ཞེས་དེ་བཏང་ཞིང་བཟློག་པའོ། །ཧཱུཾ་ཀ་ཞེས་པ་ལ་ག་གོ་རུ་སྟེ། གླང་པོ་དང་རྟ་ལ་སོགས་པའོ། །གང་སྟཾ་བྷ་ཡ་སྟཾ་བྷ་ཡ་ལ་ཧཱུཾ་ཕཊ་ཅེས་པའོ། །ཧཱུཾ་མུ་ཞེས་སླར་འགྲོ་བ་སྟེ་མནན་པ་ལ་སླར་གཤེགས་སུ་གསོལ་ཞེས་པའི་ས་བོན་ནོ། །ཧཱུཾ་ཏྲཾ་ཞེས་པ་ནི། དེར་ཧྲི་ལྷ་སྦྱིན་ཨཱ་ཀཪྵ་ཡ་ཧྲི་ཛ་ཨཱ་ཀཪྵ་ཡ་ཛ་ཞེས་པའོ། །དངོས་གྲུབ་ཕྲ་མོ་ནི་དགུག་པའོ། །ཧཱུཾ་བཾ་ཞེས་པ་ལ་བཾ་ཞེས་དབང་དུ་བྱེད་པའི་ས་བོན་ཏེ་ཨ་མུ་ཀཾ་པ་ཤ་མན་ཡ་བོ་ཀཥ་ད་སྭཱ་ཧཱ་ཞེས་པའོ། །མ་ཞེས་པ་ནི། མེས་སྲེག་པའི་ལས་དང་མཱ་ར་ཡ་ཞེས་པའོ། །ཡཾ་ཞེས་པ་རླུང་གི་དཀྱིལ་འཁོར་རོ། །ཝ་ཞེས་པ་ཞི་བའི་ངོ་བོ་ཆུའོ། །ལ་ཞེས་པ་རྒྱས་པ་སའོ། །བཽ་ཥཊ་ཡང་སྦྱར་ཏེ་བསྐུལ་
བའི་ཚིག་གོ །དེ་ལ་གསོད་པའི་ས་བོན་དང༌། སྐྲོད་པའི་དང༌། ཞི་བ་ལ་སོགས་པའི་ཚིག་རེ་རེ་བཞིན་ས་བོན་ནོ། །གཞན་ཡང་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྴེ་ཡ། ཡཀྴེ་ཡ་ཙྪ་ནི་ར་མ་ཡ་ཞེས་པ་དག་ནི་ལས་སྣ་ཚོགས་པ་བསྒྲུབ་པར་གསུངས་པ་ཡིན་ཏེ། དེ་ཡང་དང་པོས་མགོ་བར་བྱེད་གཉིས་པས་ཁྲག་ཏུ་སྐྱུག་པར་བྱེད། གསུམ་པས་ཡིད་ནི་བརྒྱལ་བར་བྱེད། །བཞི་པས་མར་གདོན་མི་ཟ། །མ་རས་མེ་དོ་ཎ་ད་ཡོ་ར་ཀེཥ་ཙྪ་ར། ནང་གི་རེ་མིག་བརྒྱད་པ་ཡི། ལྷོ་ནས་བརྩམས་པའི་རིམ་པ་ཡིས། །ཤར་ལྷོ་མཚམས་ལ་ཐུག་པར་བྲི། །ཡཱ་ཛ་དོ་ཡ་རུ་ཡོ་ཡ་ནི་ཡ་ཡ་ཡ་ནི། འཁོར་ལོ་བཅུ་གཉིས་དབུས་སུ་ནི། །སྔ་མའི་ཚུལ་དུ་བྲི་བར་བྱ། །ཞི་བ་ཡ་དང་ནི་མེད་པར། །ནང་དུ་ལྷག་མ་བཀོད་པས་ཡིན། །དེ་ནས་གཞན་ཡང་བཤད་པ་ནི། །ཡ་ཛ་ས་ཡ་རུ་ཎ་ཡ་ན་ར་ཡ་ཙྪ་ནི། །སྔ་མ་བཞིན་དུ་ནང་དུ་དགོད། མཚམས་སུ་གཉིས་གཉིས་དེ་བཞིན་ནི། །མ་ར་དོ་མེ་དོ་ཡོད་ཡོ་ཡཀྵ་ཡང༌། སྔ་མ་བཞིན་དུ་ཕྱི་རོལ་དགོད། །ལྟེ་བ་འདིར་ནི་ཚངས་ཐིག་ལྡན། །དེ་ནས་གཞན་ཡང་བཤད་པ་ནི། །ཡ་མ་རཱ་ཛ་ས་ཏོ་མེ་ཡ། གཡོན་ནས་བརྩམས་ཏེ་ནང་དུ་དགོད། ཧྲིཿ་ཥྚྲིཿ་ལ་སོགས་གཡས་ནས་བཀོད། དང་པོས་མགོ་བོ་འཁོར་བར་བྱེད། །དེ་ནས་གཞན་ཡང་བཤད་པ་ནི། །ལྷག་མ་གསུམ་ཡང་དེ་དང་འདྲ། །དེ་ནས་གཞན་ཡང་བཤད་པ་ནི། །ཡ་ནི་དབུས་སུ་ཤར་དུཀྵ། །ལྷོ་རུ་མ་སྟེ་ནུབ་དུ་མེ། བྱང་དུ་ད་ཡིག་བྲི་བར་བྱ། །རཱ་ཛ་ས་དོ་རུ་ན་ཡོ་ན་ར་ཡི་ཙ་ནི། གཡན་ནས་བརྩམས་ཏེ་དགོད་པར་བྱ། །ལས་རྣམས་མ་ལུས་འགྲུབ་པར་བྱེད། །དེ་ནས་གཞན་ཡང་བཤད་པ་ནི། །ཡ་མེ་དོ་ རུ་ཡ་ཀྴེ་ཡ་ཙྪ། །ལྷོ་ནས་བརྩམས་ཏེ་གཡོན ་ཏུ་དགོད། །ནང་ན་བརྒྱད་པོ་དེ་དག་གོ །མ་རཱ་ཛ་ས་ན་ཡོད་ཡོན་རི་ནི་ར། །འདི་དག་ཕྱི་མ་དག་ལ་བྲི། །དེ་ནས་གཞན་ཡང་བཤད་པ་ནི། །ཡ་ཛས་ཡ་རུ་ན་ཡ་ནི་ར་ཡ་ཙ་ཎ། འདི་དག་ནང་དུ་དགོད་པའོ། །མར་དོ་མེ་དོ་ཡོ་ད་ཡོ་ད་ཡ་ཀྴ་ཡ་ར། །སྔ་མ་བཞིན་དུ་ཕྱི་རོལ་དགོད། །གསད་པ་ཉིད་ལ་སྦྱར་བར་བྱ། །ལས་རྣམས་ཀུན་ལ་མི་འགྲུབ་མེད། །དེ་ནས་གཞན་ཡང་བཤད་པ་ནི། །རྣལ་འབྱོར་རང་སྙིང་ཡེ་ཤེས་སེམས། །ཏིང་འཛིན་སེམས་དཔའ་རའི་དང་པོ། །དེ་ལས་འོད་བྱུང་ཡིག་གསུམ་རེག །ལས་
ཀྱི་གཤིན་རྗེར་གྱུར་པ་ཡིས། །གང་གི་སྙིང་ག་གཅིག་གིས་ཕྱེ། །དེ་ཡི་ལྷ་ཚོགས་བཞུགས་པའམ། །ཡང་ན་ཡེ་ཤེས་སེམས་དཔའ་ཉིད། །བཀུག་ལ་འདི་སྐད་སྨྲ་བར་བྱ། །བླ་མ་དག་ལ་འཁུ་བ་དང༌། །བསྟན་པ་བཤིག་དང་སངས་རྒྱས་བརྙས། །མཚམས་མེད་པ་དག་བྱེད་པ་འདི། །འདི་ལ་སྲུང་བར་ག་ལ་རིགས། །འོག་མིན་ལྷ་ཡི་རྒྱལ་ལ་དྲི། །དྲིས་པས་དེ་ལྟའི་སེམས་ཅན་འདི། །དུས་ལ་བབ་པོ་རང་ཉིད་སྒྲོལ། །དེ་སྐད་གསུང་པ་དེ་ཉིད་ཀྱིས། །མགོ་བ་བཅད་པར་བསྒོམ་པར་བྱ། །གསོད་ལ་དགའ་བའི་གཤིན་རྗེ་ཡིས། །རྩ་བ་བཅད་པའི་ཤིང་འདྲ་དེ། །ལྟོ་པར་བཅུག་པ་བྱས་པ་དེ། །ནད་ལ་སོགས་པས་གཟིར་བར་བྱ། །ཡང་ན་ཡེ་ཤེས་སེམས་དཔའ་ཡིས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །སེམས་ནི་ལིངྒར་ཐིམ་པར་བྱ། །ཟླ་བ་ས་ཆུའི་ཁམས་ཏེ་ཤེས་པ་གསལ། །ཉི་མ་མེད་དང་རླུང་གི་ཁམས་ཏེ་གཡོ། །བཞི་ལ་བརྟེན་པའི་ཤེས་པ་དབུས་ན་གནས། །བཞི་པོ་ཉམས་ན་བརྟེན་པར་ག་ལ་ནུས། །ས་ཉམས་མགོ་འཁོར་ཆུ་ཉམས་ཁྲག་ཏུ་སྐྱུག །མེ་ཉམས་དྲོད་ཆུང་ཡིད་ལ་སྡུག་བསྔལ་སྐྱེ། །རླུང་མེད་རྣམ་ཤེས་ལུས་ལས་ཡང་དག་བྱུང༌། །ཞེས་བཤད་པ་འདིར་སྦྱར་བར་བྱའོ། །གསང་བ་དམ་པ་ཞེས་པ་སྔགས་དམ་པའོ། །ཕྱི་མའི་ཕྱི་མར་གཏོགས་པ་ལེའུ་ལྔ་པ་རྣམ་པར་བཤད་པའོ།། །།དེ་ནས་རྟོག་པ་རབ་ཏུ་གཞན་བཤད་དེ། དེ་ནས་རྟོག་པ་རབ་རྒྱས་པ། །ཞེས་པ་རྒྱ་ཆེར་འབྱུང་བ་ལ། དེ་ཡང་སྒྲུབ་པ་པོ་ལེགས་པར་བསླབས་པས་བྱའོ། །གཞན་གྱིས་ནི་མ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དང་པོ་སེམས་བསྐྱེད་པར་བྱའོ། །དེ་ཡང་དབང་ཐོབ་པ་དང་ལྡན་པ། རྒྱུད་ཀྱི་དོན་ཤེས་པ་དང་ལྡན་ན་སྙིང་རྗེ་སྐྱེ་བས་རང་གི་སེམས་ལ་ནན་ཏན་དུ་དབང་པོ་བསྡམ་པར་བྱའོ། །དེ་ནས་དུལ་བས་གཞན་གྱི་སེམས་ཀྱི་རྣམ་པ་དང་མཐུན་བར་བྱའོ། །དེ་ནས་བདག་གི་སེམས་ལ་བརྟག་གོ །དེ་ནས་དོར་བ་དང༌། བླང་བ་ལ་བརྩོན་པར་བྱའོ། །དེ་ནས་བླངས་པ་དང་ལྡན་པས་ཐུན་མོང་ལ་སོགས་པ་ལ་འཇུག་པར་བྱའོ་ཞེས་པ་ནི་མཉམ་གཞག་བྱང་ཆུབ་སེམས་ལྡན་ཞེས་པའོ། །དེ་བཞིན་དུ། བྱང་ཆུབ་བསླབ་པ་དང་བྲལ་བས། །ཚེ་འདི་ཉིད་ལ་
འབྱུང་མི་འགྱུར། །གཡོ་སྒྱུ་བློ་ལྡན་ལེ་ལོ་ཅན་དག་དང༌། རྗེ་བཙུན་དག་དང་བླ་མ་ཡིས། །སྐྱོན་རྣམ་མཐོང་གི་ཡོན་ཏན་མིན། །བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་པར་འདོད། །ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། དེ་ནས་ཕྲག་ཏུ་གུས་པ་སྒྱུས་བྱེད་པ། བླ་མ་ལ་སྨོད་ཞིང་ནི་སྤང་བར་བྱ། །ཞེས་བྱ་བ་ནི་མི་འགྲུབ་པའི་རྒྱུའོ། །མཚོ་དང་ཞེས་པ་གནས་གསུངས་པ་སྟེ། རི་བོའི་སྟིང་དུ་རེངས་པ་དང༌། རྨོངས་པ་དང༌། གསད་པ་བྱའོ། །ཚང་ཚིང་ནི་ཤིང་མང་པོ་ཡོད་པར་དབང་དང་དགུག་པ་བྱའོ། །ཕུག་ནི་ཆུ་དྲི་མ་མེད་པའི་གནས་སུ་ཞི་བ་དང་རྒྱས་པ་བྱའོ། །ཆུ་ཆེན་པོའི་དོགས་སུ་སྡང་བ་དང༌། བསྐྲད་པ་དང༌། གསད་པའོ། །དུར་ཁྲོད་དུ་སྔགས་བསྒྲུབ་པོ། །རི་བོར་གཏེར་དང༌། ཚང་ཚིང་དུ་རིན་པོ་ཆེ་དང༌། ཕུག་ཏུ་བདུད་རྩི་དང༌། ཆུ་བོའི་དོགས་སུ་རལ་གྲི་དག་བསྒྲུབ་བོ་ཞེས་བཤད་དོ། །དཔའ་བོ་ཞེས་པ་འཕགས་པ་འཇམ་དཔལ་ལོ། །དགོད་པར་བྱ་ཞེས་པ་གོ་ཆའི་སྔགས་སོ། །ཁྲོ་མིག་ཅེས་པས་བསྲུང་བའམ། བགེགས་བསྐྲད་པའོ། །དཀྱིལ་འཁོར་འདི་ནི་བེ་ཅོན་མང་པོ་ཞེས་བཤད་དོ། །དཀྱིལ་འཁོར་རྣམ་པ་དྲུག་ཏུ་དབང་བསྐུར་བའི་ལེའུ་སྟེ་དྲུག་པ་ཕྱི་མའི་ཕྱི་མ་རྣམ་པར་བཤད་པའོ། །གཞན་གོ་བས་མ་བཤད་དོ།། །།ད་ནི་ལེའུ་བདུན་པ་རྣམ་པར་བཤད་དེ། །དེ་ནས་གཞན་ཡང་གཤིན་རྗེ་གཤེད་པོ་ཡི། །སྔགས་ནི་འདི་དག་གནས་ནས་སུ། །ཞེས་བ་ལ་སོགས་བས་སྨོས་ཏེ། དེ་ལ་གཤིན་རྗེ་གཤེད་པོ་ནི། །འཇིགས་པར་སྣང་བ་སྤྲུལ་པའི་སྐུའོ། །འོ་ན་དེ་ཡང་དག་པ་ཡིན་ན་མ་ཞེ་ན། མ་ཡིན་ནོ། །བཟོ་བོ་སྨྱུང་བ་བྱས་ནས་ནི། །ཞེས་པ་ནི། དབང་བྱིན་པའམ། སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །ཕྱག་ནི་བཅོ་བརྒྱད་རྣམས་ཀྱིས་བརྒྱན། །ཞེས་པ་རྒྱ་ཆེར་སྨོས་པ་ལ། ཕྱག་ནི་བཅོ་བརྒྱད་ནི་སྟོང་པ་བཅོ་བརྒྱད་དག་པའི་ཕྱིར་རོ།། མི་མཉམ་སྔགས་ནི་བཅུ་གཅིག་པའོ། །ཞེས་པ་ནི་ཞལ་རྣམ་པ་དྲུག་དང༌། ཕྱག་བཅོ་བརྒྱད་ཀྱི་སྔགས་སོ། །གོ་ཆ་བགོས་ནས་བཟླས་བྱས་ན། །ཞེས་པ་ལ། ལམ་དུ་ཞུགས་པའི་ཚེ་ན་ཡང་གོ་བགོས་ཏེ་བཟླས་བ་བྱས་ན། རལ་གྲི་ལ་སོགས་པའི་རིག་པ་འཛིན་པ་འགྲུབ་པའོ། །ཁྲོ་བོ་བདུད་རྩི་
འཁྱིལ་པ་སྟེ། །བགེགས་མཐར་བྱེད་པ་འདི་ནི་འཆི་བ་མེད་པ་སྟེ། དེའི་སྔགས་དང་པོ་ཨོ་ཡི་གེ་ཨ་དང་ཨུ་ལས་ཨོ། །དེ་ཨ་ལ་བསྐྱོན་པ་ལས་ཨོ་སྟེ། རྡོ་རྗེ་གསུམ་གྱི་བདག་ཉིད་དོ། །དེ་ཡང་བསོད་ནམས་ལེན་པས་སོ། །ཨ་མྲྀ་ཏ་ཀུཎྜ་ལི་ཞེས་པ་ནི་བདུད་རྩི་འཁྱིལ་པ་ཞེས་བོད་པའོ། །སརྦ་བིགྷྲཱན་ཏ་ཀྲྀཏ་ཅེས་པ་བགེགས་ཐམས་ཅད་མཐར་བྱེད་པ་ཞེས་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་བགེགས་བཤིག་པའི་ཕྱིར་སྡིགས་མཛུབ་བྱ་བའོ། །ཕཊ་ཅེས་པ་དེ་དག་བཀས་པའོ། །བུདྡྷ་ལོ་ཙ་ནེ་ཞེས་པ་ལ། སངས་རྒྱས་སྤྱན་ཏེ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ནི་སྤྱན་ཏེ། དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་སྤྱན་ཞེས་བྱའོ། །སྭཱ་ཧཱ་ཞེས་པ་རྩེ་གཅིག་པའོ། །གནས་དག་ཇི་ལྟར་ཡིན་པ་བཤད། །ཅེས་པ་ལ་སོགས་པ་ནི་སྔར་བཤད་པ་ཉིད་དོ། །མྱུར་བ་དང་ནི་བུལ་བ་དང༌། །དེ་བཞིན་ཡི་གེར་རྣམ་འདྲེས་པ། །ཞེས་པ་ལ་དེ་དེས་པར་ན་རླུང་མྱུར་བ་དང་ཡི་གེ་མྱུར་བའོ། །རླུང་བུལ་བ་དང་ཡི་གེ་བུལ་བའོ། །འདྲེས་པ་ནི་ཡི་གེ་གཅིག་གིས་གཉིས་ཀའི་དོན་དུ་སྦྱར་བའོ། །ཡི་གེ་གསུམ་གྱིས་བྱ་བ་ལ། གཉིས་སམ་གཅིག་གིས་བྱས་པའོ། །ཡང་ན་བློ་རྣམ་པར་མ་གསལ་བ་ཡིན་པར་དགོངས་སོ། །སྙིང་གར་ཕོག་པར་དབུལ་བྱ་ཞིང༌། །ཞེས་པ་ལ་གུས་པའི་སེམས་ཀྱིས་ཐུགས་ཟེར་ཡང་དབུལ་བའོ། །ས་ཡང་རབ་ཏུ་འགས་པར་བྱེད། །ཅེས་པ་ལ་རོ་བསྲེགས་པའི་སོལ་བ་ཐོད་པར་བཅུག་ལ་སྔགས་ཁྲི་བཟླས་ལ་དེས་མར་གྱི་ཚེས་བརྒྱད་ཀྱི་དུས་སུ་རང་རྣལ་འབྱོར་བྱས་པས་རིའི་གཟུགས་སམ་སའི་གཟུགས་རས་ལ་བྲིའོ། །དེའི་རྩེ་ནས་སོལ་བ་དེས་དག་པར་བྲི་ཞིང་གསལ་བར་བསམ་མོ། །བ་ཏ་ཡ་པ་ཧ་ཡ་ས་ད་ཡ་ཕཊ་ཅེས་པ་བཟླས་སོ། །སོ་ལ་བ་དེ་སྟ་རེ་ལྟ་བུར་བསམ་ཞིང་གཉིས་སུ་བྱའོ། །འདིའི་ལ་མང་པོ་དག་ནི་ངེས་པ་ཅན་ཏེ་ཡོན་ཏན་ནོ། །དེ་ལ་འདིའི་ལས་ཀྱི་ཕྱག་རྒྱ་ནི་བེ་ཅོན་གྱི་ཕྱག་རྒྱ་སྟེ། སྤྱན་དྲང་བ་ལ་སོགས་ཕྱག་རྒྱའམ། དུས་སུ་ལེགས་པར་བྱ་ཞིང་བཅིང་ངོ༌། །ཁྲོ་བོ་རྣམ་པར་རྒྱལ་བཱ་རྒྱུད་ཆེན་པོ། །འཇམ་དཔལ་གྱི་རྩ་བའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མ་ཡང་ཕྱི་མ་ལས། ཁྲོ་བོ་རྣམ་པར་རྒྱལ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྒྱལ་པོའི་རྟོག་པ་ཕྱི་
མའི་ཡང་ཕྱི་མ་གསང་བ་ཞེས་བྱ་བ་ནི་གསང་བར་གཏོགས་པའོ། །རིམ་པར་ཕྱེ་བ་བདུན་པ་བདུན་ཏེ་བཤད་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་ལས་རྣམས་ཀྱི་སྦྱོར་བ་བསྟན་པ་ངེས་པ་དྲུག་པའི་རིམ་པ་འདི་རྣལ་འབྱོར་པས་བསླབ་པར་བྱ་བའི་ཕྱིར། ལས་བསྡུས་པ་བཤད་པའི་རྒྱུད་གསུངས་པ་ནི། ཁྲོ་བོ་རྣམས་ཀྱིས་ཞུས་པ་འདི་ནི་ཐབས་བཤད་པ་ལས་མཆོག་གི་ཐབས་ཡིན་པའོ། །དེ་བསྟན་པའི་ཕྱིར་ཁྲོ་བོ་རྣམ་པར་རྒྱལ་བ་ནི། གཤིན་རྗེ་གཤེད་ལ་འདི་སྐད་སྨྲས། །བཅོམ་ལྡན་ཁྱོད་ཀྱི་རྟོག་པ་འདི། །སྒྲུབ་པོ་རྣམས་ལ་ཕན་པའི་ཕྱིར། །ཞེས་པ་གསུངས་ཏེ། ཁྲོ་བོ་ནི་འཁོར་གྱི་ཁྲོ་བོ་སྟེ། དེ་ཡང་དྲག་པོ་འཇིགས་པ་ཆེན་པོ་ལས་རྒྱལ་བའི་ཕྱིར་རྣམ་པར་རྒྱལ་བའོ། །གཤིན་རྗེ་ནི་འཇིག་རྟེན་ལ་དབང་ཆེ་བ་སྟེ། དེའི་གཉེན་པོ་ནི་གཤིན་རྗེའི་གཤེད་དེ་འཇིག་རྟེན་པའི་གཉེན་པོའི་མཐུ་རྣམ་པ་མཐའ་ཡས་མངའ་བའི་ཕྱིར་དང༌། མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་དེ་ཉིད་བཤད་དོ། །ལ་ཞེས་པ་ལ་ནི་གནས་བཞི་སྟེ། ཞུ་བའི་གནས་ཐམས་ཅད་མཁྱེན་པ་དེ་ཡིན་པའི་ཕྱིར་རོ། །དབང་ཕྱུག་བརྒྱད་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །དེས་བཤད་པའི་ཆོ་ག་ནི་རྟོག་པ་སྟེ། རྟོག་པའི་ཡུལ་ཡིན་པས་སོ། །ངག་ལ་བརྟེན་ཅིང་དང་དུ་ལེན་པ་དང༌། བླ་མའི་རིམ་པ་ལ་སྒྲུབ་པས་སྒྲུབ་པ་པོ་སྟེ། ལས་དང་མཆོག་འདོད་པའོ། །དེའི་ཆེད་དུ་ཕྱིར་ཞེས་བྱ་བ་བྱེད་པ་བཞི་པའི་ཚིག་སྟེ། རྣལ་འབྱོར་པའི་ཕྱེད་དུ་བཟླས་པ་ལ་སོགས་པ་གསུངས་སོ། །དེས་ན་མང་བ་དེ་དག་གིས་བྱེད་པ་ནི་འགྲུབ་པའོ། །འདིར་གང་གིས་ཞེས་པ་གཅིག་གི་སྒྲ་གང་ཞེས་པ་དང༌། གང་དག་ཅེས་གཉིས་ལ་སོགས་པར་དོན་གྱིས་སྨྲས་ལ། དེ་ལས་གཅིག་གིས་དངོས་གྲུབ་སྟེར་བ་ཡིན་པར་བཤད་པ་དང༌། མང་པོའི་སྒྲ་དོན་མེད་པ་མ་ཡིན་ཞེས་ཞུས་པ་དང༌། རྒྱུད་གཅིག་ཁོ་ནར་བཤད་པ་དང༌། གཞན་དུ་བཤད་པ་དག་ཚེགས་ཆེ་བ་མ་ཡིན་ནམ་ཞེ་ན། ལན་གདབ་པའི་ཕྱིར། ཁྲོ་བོ་དྲག་ཏུ་བཞད་པ་ཡིས། །ཞེས་པ་རྒྱ་ཆེར་གསུངས་པ་ལ། བཞད་པ་ནི་སྣང་བ་སྟེ། གསོང་བོར་བཞུགས་པའོ། །གང་སྨྲས་པ་ཞེས་པ་ནི་སྔར་བཤད་པ་རྣམས་སོ། །མེད་པར་ཡང་ཞེས་པ་ནི་བཤད་པ་ཉིད་དོ། །
སྦྱོར་བ་ཤེས་པ་ཞེས་པས་ནི། ལས་ཀྱི་སྦྱོར་བ་ཤེས་རབ་དང་ཐབས་ཤེས་པའམ། དྲག་པོ་དང་དྲག་པོ་མ་ཡིན་པའམ། སྣང་བྱེད་དང་བདུད་རྩི་འཁྱིལ་བའི་སྦྱོར་བ་ལ་སོགས་པའོ། །ལྷ་རྣམས་ཞེས་པ་སྒྲུབ་པ་པོ། །དངོས་གྲུབ་གཅིག་པུ་ཞེས་པ་དེ་མཉེས་པ་ནི་དངོས་གྲུབ་སྟེ། དེ་ལས་དངོས་གྲུབ་འབྱུང་བའི་ཕྱིར་རོ། །ཐུགས་སད་པའི་ཐབས་ནི་མོས་པས་ཕྱེ་བས་ན། རྣམ་པ་ཐ་དད་པར་བཤད་དེ། དེའི་ཕྱིར་སྔར་གྱི་སྐྱོན་མེད་པ་ཁོ་ན་ཡིན་ནོ། །མཚན་མ་དེ་ཞེས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དངོས་པོའོ། །དངོས་གྲུབ་དེ་ཞེས་པ་ནི། སྔོན་དུ་བསྙེན་པས་གྲུབ་པའི་སྤྱན་རས་ཀྱིས་གཟིགས་པའོ། །ཐོག་མར་བྱང་ཆུབ་རྩལ་ལ་བརྟེན། །ཞེས་པ་ནི། ཐོག་མར་ཞེས་པ་དང་པོའོ། །བྱང་ཆུབ་ནི་སེམས་བསྐྱེད་པའོ། །རྩལ་ཞེས་པ་བྱང་ཆུབ་ནི་འདོད་པའི་འབྲས་བུ་ཡིན་ལ་དེ་སེམས་བསྐྱེད་པ་སྟེ། གཞན་གྱི་ཕྱིར་བདག་བྱང་ཆུབ་འདོད་པ་ལས་འབྱུང་ངོ༌། །དེ་ཡང་རྩལ་ལ་བརྟེན་པ་ནི་སྒྱུ་རྩལ་ལ་བརྟེན་པ་སྟེ་གོམས་པ་དང༌། སྔོན་གྱི་སྨོན་ལ་མ་དང༌། རང་གཞིན་གྱི་ས་བོན་ལས་འབྱུང་ངོ༌། །ཡང་ན་བྱང་ཆུབ་ནི་སྙིང་པོའོ། །དེ་རྩལ་ལ་བརྟེན་པ་ནི་ལམ་གྱི་ཕྱག་རྒྱ་ལ་བརྟེན་པའོ། །ཡང་ན་བྱང་ཆུབ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །རྩལ་ལ་བརྟེན་པ་ནི་སྟོང་པ་ཉིད་ལའོ། །དེ་ཉིད་ཤེས་རབ་བོ། །ཡང་ན་བྱང་ཆུབ་ནི་ཐམས་ཅད་སྟོང་པའི་ཡེ་ཤེས་སོ། །དེ་རྩལ་ལ་ཞེས་པ་སྒོམ་པ་རྣམ་པ་གསུམ་གྱི་ཡེ་ཤེས་ལའོ། །དེ་གསུམ་ཉིད་ཤེས་རབ་སྟེ་དེ་བསྒོམས་པས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པས་ཞེས་བྱའོ། །དེ་ནས་སྒྲིབ་པ་མཐའ་དག་སྤངས་ནས་སངས་རྒྱས་ཉིད་འཐོབ་ནི། བདེ་གཤེགས་དངོས་གྲུབ་དེ་དག་འཐོབ། །ཅེས་བཤད་པར་ཤེས་པར་བྱའོ། །ཡང་ན། ཐོག་མར་བྱང་ཆུབ་རྩལ་ལ་བརྟེན། །ཞེས་པ། དང་པོ་སེམས་བསྐྱེད་པ་དང༌། དེ་ལ་བརྟེན་པའི་དག་བ་ཚད་མེད་པ་བཞི་དང༌། དེ་ལ་བརྟེན་པ་མཆོད་པ་དང༌། དེ་ལ་བརྟེན་པ་བྱང་ཆུབ་ཏུ་བསྔོ་བ་དང༌། དེ་ནས་རང་དང་གཞན་ཡི་རང་བ་དང༌། དེ་ནས་སྐྱབས་སུ་འགྲོ་བའོ། །དེ་ནས་སྟོང་པ་ཉིད་བསྒོམ་པའོ། །དེ་ནས་མཚན་མ་དང་དེ་ལ་ཡང་ས་བོན་གྱི་རིམ་པ་གྱུར་པས་དེའི་གཟུགས་སུ་གྱུར་པར་བྱའོ་ཞེས་པ་ནི། སྔོན་དུ་འགྲོ་བ་
མངོན་པར་བྱང་ཆུབ་པ་དང་བཅས་པའོ། །སྙིང་པོར་ལྡན་ཞེས་པ། སྙིང་བསྐུལ་བའི་སྙིང་པོ་དང་ལྡན་པའོ། །ཕྱག་བཅུ་ཞེས་པ་བཅུའོ། །དྲུག་ཅེས་པ་གཡས་དང་གཡོན་ནོ། །ས་ཡི་སྟེང་ན་ཟ་ཟ་ལྟར། །ཞེས་པས་བདག་ལ་ལྟ་བ་སྟེ། དེ་ཟ་བར་བྱེད་པའོ། །ཐོག་མར་བདག་གི་དམ་ཚིག་སྦྱིན། །ཞེས་པ། བྱེ་བྲག་གིས་ཤཱུ་ལའི་ཕྱག་རྒྱའམ། བེ་ཅོན་གྱིའམ། དམ་ཚིག་གི་ཕྱག་རྒྱའོ། །དེ་ལ་འདི་ལྷག་པའི་ལྷ་སྐུ་མདོག་ཆར་སྤྲིན་སྔོན་པོའི་ཁ་དོག་ལྟ་བུ་ལ་ཞལ་དྲུག་པ་ལ་ཕྱག་བཅུ་པའམ། ཞལ་གཅིག་པ་ལ་ཕྱག་དྲུག་པའམ། ཞལ་གསུམ་པ་ལ་ཕྱག་དྲུག་པ་དག་སྟེ། ཕྱག་བཅུ་པ་ལ་ཞབས་བཞི་པའོ། །ཕྱག་དྲུག་པ་ལ་ཞབས་གཉིས་པའམ་བཞིའོ། །དེ་ལ་ཕྱག་བཅུའི་གཡས་དང་པོ་ན་བེ་ཅོན། གཡོན་དང་པོ་སྡིགས་མཛུབ། གཉིས་པ་གཉིས་ན་ཏྲི་ཤཱུ་ལ་དང་རལ་གྲི། གཡས་པའི་གསུམ་པ་ལ་དགྲ་སྟ། བཞི་པ་ལ་ཐོད་པ། ལྔ་པ་ལ་ཐོད་པ། གཡོན་པའི་གསུམ་པ་ལ་ལྕགས་ཀྱུ། བཞི་པ་ལ་ཤཀྟི། ལྔ་པ་ལ་དབྱུག་པའོ། །དྲུག་པའི་གཡས་དང་པོ་བེ་ཅོན། འོག་མ་ན་མདའ། ཐ་མ་ནར་ལ་གྲིའོ། །གཡོན་དང་བོ་ན་འཁོར་ལོ། །གཉིས་པ་ན་གཞུ། གསུམ་པ་ན་རྡོ་རྗེ་རྩེ་མོ་གསུམ་པ་ཁ་གྱེས་པའོ། །ཞལ་གཅིག་པའི་བེ་ཅོན་དང་སྡིགས་མཛུབ་པོ། །ཞལ་དྲུག་པ་ལ་སྤྱན་བཅོ་བརྒྱད་དོ། །ཞལ་གསུམ་ལ་སྤྱན་དགུའོ། །དཔྲལ་བ་ལ་ཁྲོ་གཉེར་དང༌། དབུ་ལ་ཐོད་པའི་ཕྲེང་བ་དང༌། རྣ་ཆ་དང༌། མགུལ་དོ་དང༌། དོ་ཤལ་དང༌། ཕྱག་གདུབ་དང༌། སྦྲུལ་གྱིས་ཡན་ལག་ལ་འཁྱུད་པ་དང༌། སྣ་ཚོགས་རྡོ་རྗེས་དབུ་ལ་མནན་པ་དང༌། སྟག་ལྤགས་གོན་པ་དང༌། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་པའོ། །སྒྲ་འབྲུག་ལྟར་སྒྲོགས་པ། མིག་འོག་ཏུ་ལྟ་བ། ཚམ་ངམ་སྣ་ཚོགས་པ་བྱེད་པ། ས་བདག་དང༌། ཉི་མའི་སྟེང་ན་ཞབས་གཡས་བརྐྱང་བ། གཡོན་བསྐུམ་ནས་བཞུགས་པར་བདག་ཉིད་དུ་བསམ་མོ། །དེ་ནས་གོ་ཆའི་བསྲུང་བ་བྱ་སྟེ། རང་གི་ས་བོན་དགོད་པར་བྱ། །ཞེས་པའོ། །དེ་ནས་སྤྱན་དྲང་བ་བྱ་སྟེ། སྔགས་ཀྱི་སྙིང་པོ་ཐ་མ་ལ། ཚུར་གཤེགས་པའི་ཚིག་གཉིས་དག་ཅེས་པ་ནི་སྤྱན་དྲང་བའོ། །དེ་ནས་བསྟིམ་པ་སྟེ། གཟུགས་ནི་གཟུགས་ལ་གནས་པར་བྱ། །ཞེས་པའོ།།
དེ་ནས་བཞུགས་སུ་གསོལ་ཏེ། མེ་ཏོག་དག་གི་གདན་འདི་ལ། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ། །ཞེས་པས་སོ། །དེ་ནས་མེ་ཏོག་དང༌། ཨརྒྷ་དང༌། སྤོས་དང༌། མར་མེ་དང༌། ལྷ་བཤོས་དང༌། གཏེར་མ་དབུལ་ཏེ་རིམ་པའོ། །གཞན་ནི་སླའོ། །གསང་བའི་རྟོག་པ་སྟེ་ལས་ཀྱི་རྒྱུ་ལྷ་བསྐྱེད་པ་དང༌། མཆོད་པ་ལ་སོགས་པ་དང༌། དཀྱིལ་འཁོར་བྲི་བ་རྣམ་པར་བཤད་པ་སྟེ། དང་པོའི་འགྲེལ་པའོ།། །།ད་ནི་འཁོར་ལོའི་སྦྱོར་བ་འདི་རྣལ་འབྱོར་པས་ཉམས་སུ་བླང་ངོ་ཞེས་པའི་ཕྱིར་དེ་བཤད་པར་བྱ་ལྟེ། མ་མཱ། ཞེས་པ་ལ་སོགས་པ་གསུངས་ཏེ། ཁྲ་བོ་ཞེས་པ་འཕགས་པའོ། །ས་བོན་ནི་སྙིང་པོའོ། །ཡང་ན་ས་བོན་ནི་ཧཱུཾ་ངོ༌། །དཀྱིལ་ནི་ཟླ་བ་དང་ཉི་མའོ། །ཟུང་དང་ཞེས་པ་མ་མའོ། །དེས་མཚོན་པ་ཁྲོ་བོ་དྲུག་དང་ངོ༌། །ཐ་མར་བཞག་པ་ནི་བསྐུལ་བའོ། །མཚོན་ཆ་མེད་པ་ནི་ཧྲི་འོ། །དེའི་མཐར་སྭཱ་ཧཱ་ཞེས་པ་ནི་དབང་དུ་བྱའོ། །བསྒྲུབ་པར་བྱ་བའི་གཟུགས་བྱས་ནས། །ཞེས་པ་ནི་ཙནྡན་དམར་པོ་དང༌། གི་ཝང་དང༌། རང་གི་ཁུ་བ་དང༌། རྐང་རྗེས་ཀྱི་རྡུལ་ལ་སོགས་པ་ལས་གཟུགས་བརྙན་བྱས་ལ། འཁོར་ལོ་དང་འབྲེལ་པ་དེ་རྐང་པས་བརྫིས་ན་དབང་དུ་འགྱུར་རོ། །ས་བོན་གཉིས་པའི་གནས་ལ་ནི། །ཞེས་པ་ཁོ་ན་ཞིང་འཐབ་པར་བྱ་བ་ནི་བསྒྲུབ་པར་བྱ་བ་གཉིས་པའོ། །གདོང་ཡང་བསྒྱུར་ནས་སུ་ཞེས་པ་ནི། རྐང་པ་ཡ་གཅིག་ཐུར་དུ་བཞག་པ་དང༌། གདོང་དང་ནུ་མཇིང་གིས་བཙུགས་པ་དང༌། མིག་ཡ་གཅིག་གིས་བཙུམས་པའོ། །གྲུབ་པར་བྱ་བ་གཉིས་ཀ་ཡི། །གཟུགས་ནི་འཇིགས་པའི་ལས་བྱེད་དེ། གཅིག་ཏུ་དཔའ་བའི་ཉམས་ལྡན་པ། །ཞེས་པ་ནི་དུག་རྫས་དང༌། སྨྱོ་བྱེད་དང༌། ཚ་བ་དང༌། རྗེས་ལ་དུར་ཁྲོད་ཀྱི་རྫས་ཀྱིས་གཟུགས་གཉིས་བྱས་པ་ལ་མན་ངག་བཞིན་དུ་བྱས་ཏེ། དེ་གཉིས་མཚོན་ཆ་འཇིགས་པ་ཤིན་ཏུ་འདེབས་པར་བསམ་མོ། །དེ་ཡང་སྔ་མ་བཞིན་བྱས་ན་འཐབ་པར་འགྱུར་རོ། །གསུམ་པ་ལ་གནས་ཏེ། ཡང་དེ་ཉིད་དམ། ཡང་ན་གསུམ་པ་བསྒྲུབ་སྟེ་ལས་སུ་བསྒྲུབ་པའོ། །དེ་ཡང་མི་འདི་གསད་པ་སྟེ་ཤི་བར་བསྒྲུབ་པའོ། །ཁྲོས་པའི་སེམས་ཀྱིས་མར་ངོའི་ཚེས་བརྒྱད་ལ་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་བྲིས་ལ། དུར་ཁྲོད་ཀྱི་ཐལ་བས་དགྲ་བོའི་
གཟུགས་བརྙན་བྱས་ལ། མཚོན་གདབ་ཅིང༌། དུག་བཀོད་པའི་ནང་དུ་ཁྲག་འཛག་པ་དེ་ལག་པ་ནས་བཟུང་ཞིང་དེར་གཞུག་པར་བྱའོ། །དེ་ནས་ཡང་དུར་ཁྲོད་དུ་སྦས་ན་འཆི་བར་འདི་ལ་ཐེ་ཚོམ་མེད་དོ། །བཞི་པ་དེ་ལ་སྒྲུབ་པ་འདུག །ཅེས་པ་ནི་ཡང་བསྐྲད་པ་བསྒྲུབ་པ་སྟེ་སྔ་མ་བཞིན་ཏེ། དྲག་ཤུལ་ཅན་གྱི་ལུས་གནས་ཞེས་པ་ནི་ཚམ་ངམ་བྱས་པས་སོ། །ཡི་གེ་ཧ་ནི་དབུལ་བ་བཞག །ཅེས་པ་ལ། ཨུ་ཙ་ཏ་ཡ་ཧ་ཕཊ་ཅེས་པའོ། །དེ་དག་ཞི་བར་བྱ་འདོད་ན། །ཞེས་པ་ནི་ཞི་བའི་མཚན་ཉིད་གསུངས་པས་སོ། །གནས་ལྔ་ལ་ཞེས་པ་ལྔ་བ་འདི་བསྒྲུབ་པའོ། །དེའི་ཐོག་མ་ཐ་མར་ནི། ཨོཾ་དང་སྭཱ་ཧཱར་སྦྱར་བར་བྱ། །ཞེས་པ་ནི་ཞི་བ་ལའོ། །དྲུག་པའི་གནས་ལ་སོང་ནས་སུ། །རྐང་པ་དལ་བུས་གནོན་པ་ཡིས། །ཞེས་པ་ནི་རྒྱས་པ་ལ་བསྒྲུབ་པ་སྤྱིའི་བཤད་པ་དང་འདྲ་སྟེ། དགེ་བའི་སེམས་ཀྱིས་བྱའོ། །ཁྲོ་བོའི་འཁོར་ལོའི་བཀའ་ནན་ཀྱིས། །ཞེས་པ་ལ་ཁྲོ་བོ་ནི་ལྷག་པའི་ལྷ་བཀའ་བསྒོ་བར་བྱེད་པས་སོ། །འཁོར་ལོ་ནི་ཁྲོ་བོ་རྣམ་པ་དྲུག་གོ །དེ་ཡང་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཁྲོ་བོའོ། །དེས་ངེས་པར་བྱེད་པ་ནི་མྱུར་དུ་གྲུབ་པའོ། །ཕྱིས་ཀྱང་རིམ་གྱིས་འདི་ལ་གནས། །ཞེས་པ་ནི། རྣམ་པ་ལྔ་ལ་ལྷག་པའི་ལྷར་གནས་པ་སྟེ། རིམ་གྱིས་ནི་གོ་རིམས་སོ། །ལོགས་ཤིག་ཁྲོ་བོ་འཁོར་ལོའི་བཀས། ཞེས་པ་ནི་ཕོ་ཉ་དང༌། གཙོ་བོ་ཐ་དད་པས་སོ། །མེ་དང་འདྲ་བར་འབར་བ་དེ། །ཞེས་པ་ལ། མེ་དང་འདྲ་སྟེ། མེས་བསམ་གཏན་དང་པོ་མན་ཆད་དུ་ཚིག་པར་བྱེད་པ་བཞིན། འཁོར་ལོ་དྲུག་གི་སྦྱོར་བ་འདི་ཡང་དབང་དང་རྒྱས་པ་མན་ཆད་འགྲུབ་པར་བྱེད་དོ་ཞེས་པའོ། །སོ་སོའི་འམ་ཞེས་པ་ཡི་གེ་སོ་སོའམ། གཅིག་ཏུ་ཡང་རུང་ཞེས་པ་ཡང་ཡི་གེའོ། །དོན་ནི་ཁྲོ་བོ་དྲུག་དག་གིས་ལས་གང་འདོད་པ་གཅིག་སྟེ། སོ་སོས་སོ་སོར་བཤད་པ་མ་དགོངས་སོ། །ད་ནི་ཡང་གཞན་དེ་ཉིད་སླར་བཤད་དེ་གནད་ལ་དབབ་པའི་འཁོར་ལོ་དྲུག་གོ །དེ་བསྟན་པའི་ཕྱིར། བདུན་པའི་འཁོར་ལོའི་གནས་ལ་བཞུགས། །ཞེས་པ་ནི་རིམ་པ་སྔ་མ་དེ་ཉིད་ལ། དྲག་པོའི་སེམས་ཀྱིས་བསྐུལ་ཞིང་འཁོར་ལོ་རྟེན་དང་བཅས་པར་བསྲེག་གོ །དེ་ཡང་བདུན་ནི་གྲངས་ཏེ། ལྷ་རྣམས་ལ་ལྟོས་པའོ།།
འཁོར་ལོ་ནི་དང་པོ་ཉིད་དོ་ཞེས་མན་ངག་ལས་ཤེས་པར་བྱའོ། །དེ་ནས་བརྒྱད་པ་དང༌། དགུ་པ་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ན་ཁྲོ་བོའི་འཁོར་ལོ་ནི། ཆོ་གར་བཅས་པ་རྒྱས་པ་དག །ཅེས་པ་ལ་ཁྲོ་བོ་ནི་འབར་ཕྲེང་ལ་སོགས་པའོ། །དེའི་འཁོར་ལོ་ནི་དེའི་ཚོགས་ཉིད་དོ། །དེའི་ཆོ་གའི་རིམ་པ་ནི། བླ་མས་བསྟན་པའི་རིམ་པའོ། །རིམ་པ་དེ་གསང་ཞིང་སྦ་བར་བྱ་བ་ཡིན་པས་གསལ་བར་མ་བཤད་དོ། །མི་ཤེས་པ་ནི་རྨོངས་པ་སྟེ། གདམས་ངག་དང་རྒྱུད་མཐའ་དག་ཐོས་པ་མེད་པ་ཉིད་དོ། །ད་ནི་འཁོར་ལོ་བྲི་བ་བཤད་དེ། དེའི་ཕྱིར། འཁོར་ལོ་རྩིབས་ཀྱི་ནང་རྣམས་ནི། དེ་དང་དེ་དག་གཉིས་སུ་སྦྱར། ཞེས་པས། རི་མོ་རྣམ་པ་གསུམ་དུ་བྱ་ལ། གཉིས་སུ་སྦྱོར་ཞེས་པས་འཁོར་ལོ་ཉིས་རིམ་མོ། །དེ་བཞིན་འཁོར་ལོའི་ནང་དུ་ཡང༌། །ཞེས་པ་ལྟེ་བ་ལའོ། །དེ་ནི་འཁོར་ལོའི་དབུས་སུ་ཡིན་པས་ནང་སྟེ་དེ་ཉིད་ཀྱི་ནང་ནི་མ་ཡིན་ནོ། །མཐའ་ནི་ཀུན་གྱི་མཐའ་སྟེ། དབང་ལ་དྲི་ལ་བུ་དཀྲོལ་བའོ། །འཁོར་ལོའི་མུ་རན་ནང་དག་ཏུ། །ཅེས་པ་ནི་འཁོར་ལོ་ལ་ཁྲོ་བོ་དང་དེའི་མཐར་མ་མཱ་དང༌། དེ་ནས་བ་ཤ་མ་ན་ཡ་ཧོ་ཞེས་པ་ནི་མན་ངག་གོ །མུར་ན་ལ་ཟུང་གཅིག་པའི་ཡི་གེ་དང་སྐུལ་བ་དག་དང༌། །ཧོ་ལ་སོགས་པ་ཕྱེ་བས་དགོད་དེ་སྒྲ་ཇི་བཞིན་པའོ། །གཞན་དུ་ན་ཁྲོ་བོ་བཞི་སུམ་ཅུ་གཉིས་སུ་རྣམ་པར་གནས་པ་སྟེ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྔགས། ཨོཾ་ཡ་མཱནྟ་ཀྲིད་ཡ་མ་རཱ་ཛ་ས་དོ་མེ་ཡ་སྭཱ་ཧཱ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྔགས། ཨོཾ་པྲཛྙཱ་ནྟ་ཀྲྀད་ཡ་མེ་དོ་རུ་ཎ་ཡོ་ད་ཡ་སྭཱ་ཧཱ། ཁྲོ་བོ་རྟ་མགྲིན་གྱི་སྔགས། ཨོཾ་པདྨཱནྟ་ཀྲྀད་ཡ་ད་ཡོ་ནི་ར་ཡཀྴེ་ཡ་སྭཱ་ཧཱ། ཁྲོ་བོ་བདུད་རྩི་འཁྱིལ་པའི་སྔགས། ཨོཾ་བགྷྣཱིནྟ་ཀྲྀད་ཡ་ཀྴེ་ཡ་ཙྪ་ནི་ར་མ་ཡ་སྭཱ་ཧཱ། ཞེས་པ་ནི་དེ་དག་དང་བཅས་པར་བསྙེན་པར་གསུངས་པ་ཡིན་ནོ། །དེ་ཡང་ཉི་མ་བཞི་བཞིར་བསྙེན་པ་ཁྲི་ཁྲི་བྱ་བ་ནི་གདམས་ངག་གོ །མི་གཡོ་བ་དང༌། འདོད་པའི་རྒྱལ་པོ་དང༌། དབྱིག་པ་སྔོན་པོ་དང༌། སྟོབས་པོ་ཆེ་དང༌། བཞི་ནི་ཕོ་ཉ་དང་པོ་སྟེ། རི་མོ་རྣམ་གསུམ་ཡོངས་སུ་ཟླུམ། །དབུས་སུ་པདྨ་འདབ་བཞི་ལ། །ཕྱི་མ་དག་ལ་འཁོར་ལོ་ནི། །དྲུག་དྲུག་རྣམ་པར་མཛེས་པར་བྲི། །འཁོར་ལོ་
གཉིས་པོ་ལ་བྲི་བ། །ཡི་གེ་སུམ་ཅུ་རྩ་གཉིས་དང༌། །དེ་ཡིས་བཤད་པའི་ཚིག་དག་བྲི། །འཁོར་ལོ་ཐ་མ་དྲི་མེད་ལ། །རིང་པོ་ཐུང་དུ་ཟུང་གཅིག་བྲི། །དེ་ལ་དབང་བྱེད་སྔགས་ཀྱང་སྤེལ། །ཞེས་བཤད་པ་ནི། ཁྲོ་བོ་རྣམ་བཞིའི་ལས་ཏེ། །རྒྱུད་གཞན་ལས་ཀྱང་བཤད་དོ། །ཁྲོ་བོ་གནོད་མཛེས་དང༌། །གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། །ཀི་ལི་རྣམ་པ་གཉིས་ཏེ་བཞི་ནི། མ་གྲུབ་ན་སྤོགས་པའི་ཆོ་ག་སྟེ། འཁོར་ལོ་དེ་ཉིད་ལ་གཡས་ནས་སྔགས་དེ་ཉིད་བསྐོར་བར་བྲི་བ་སྟེ་རིམ་པ་སྔ་མ་བཞིན་ནོ། །དེ་ཡང་འཁོར་ལོ་ལ་ལྷ་བཞིར་བྱེད་པས་དབང་བསྐུར་རོ། །གཞན་མ་ཚང་བ་ནི་གཞན་ལས་ཤེས་པར་བྱའོ། །དེ་ནི་མན་ངག་གོ །སྐུ་ནས་སུ་ནི་བསྒྱུར་ཏེ་ཞེས་པ་འདིར་ཉི་མ་རྣམ་པ་བཞིའི་དུས་སུ་ཁྲོ་བོ་རེ་རེའི་རྣམ་པར་བྱའོ། །དེ་ཡང་དང་པོ་གཡོན་ལ། དེ་ནས་ཡང་གཡོན་སྐོར་རོ། །མཐར་གཡས་བསྐོར་ཏེ་ལྷ་རྣམས་སོ། །ཚམ་ངམ་ནི་གསལ་ལོ། །གསང་བ་རྟོག་པ་སྟེ་ལེ་འུ་གཉིས་པ་བཤད་པའོ།། །།དེའི་ཡོན་ཏན་མཐའ་ཡས་པ་བསྟན་པས་འདུལ་བས་དེ་བསྟན་པའི་ཕྱིར། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི། །སྣ་ཚོགས་ཐོགས་མེད་ཐ་དད་པ། །ཞེས་གསུངས་པ་ནི། ཁྲོ་བོ་ནི་རྣམ་པ་གཉིས་སོ། །དེ་དག་ཉིད་རྒྱལ་བ་སྟེ། གནོད་པ་ལ་སོགས་པས་བརྫི་བར་མི་ནུས་པའོ། །རབ་ཏུ་གསང་བའི་སྔགས་འདི་ནི། །ཞེས་པ་ནི། བཛྲ་ཀྲོ་དྷ་བི་ཛ་ཡ། བཛྲ་ཀྲོ་དྷ་ནཱི་ལ་དཎྜཱ་ཡ། བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། བཛྲ་ཀྲོ་དྷ་ཨ་ཙ་ལ་ཨཪྻ་བནྡྷ་བནྡྷ། བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ། བཛྲ་ཀྲོ་དྷ་ཨ་པར། ཙྪིནྡ་ཙྪིནྡ། བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི། བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ། སུཾ་བྷ་ནི་སུཾ་བྷ། ཨུཥྞཱི་ཥ་ཙཀྲ་བརྟི། ཨ་མྲྀ་ཏཱ་ཀི་ལཱི་ཡ། བཛྲ་ཀྲོ་དྷ་པ་ཏྲ་ཡ་པ་ཏཱ་ཡ། བཛྲ་ཙཎྜ་བཛྲ། བཛྲ་ན་ལཱརྐ་བཛྲ། བཛྲོ་ཥྞཱི་ཥཱ་བཛྲ། བཛྲ་ཀུཎྜ་ལི་བཛྲ། བཛྲ་བི་ཤ་ན་བཛྲ། བཛྲ་མ་ཧཱ་པཱ་ལཱ་བཛྲ། བཛྲ་ཀ་ར་ལ་བཛྲ་བཛྲ་ཡ་ཀྴ་བཛྲ། བཛྲོ་ཥྞཱི་ཤ་ཙ་ཀྲ་བརྟི་བཛྲ། བཛྲ་པ་ཏ་ལ་བཛྲ་བཛྲ་ཀཱི་ལ་ཡ་བཛྲ། བཛྲ་ཀཱི་ལཱ་ཡ་མ་ཧཱ་བཛྲི་ཀི་ལཱ་ཡ། ཞེས་པ་སྟེ་འདི་དག་ལ་ཐོག་མར་ཨོཾ་དང༌། མཐར་ཧཱུཾ་གཉིས་ཕཊ་ཅེས་པ་ནི། རང་གི་མིང་དང་ལྡན་པའི་སྔགས་སུ་བཅོམ་ལྡན་འདས་ཀྱིས་སྔགས་
སུ་གསུངས་སོ། །དེ་བཞིན་དུ་ཧྲིཿ་ཥྚྲིཿ་དང༌། མ་མཱ་ཡ། བཅོམ་ལྡན་འདས་ཀྱིས་སྔགས་སུ་བཤད་དོ། །ཨོཾ་ནི་དེའི་ཐོག་མར་ཞེས་པ་ནི་འཁོར་ལོ་ལ་བྲི་པའོ། །དྲག་པོའི་ཚིག་དང་བྲལ་ཞེས་པ་ཚེག་དྲག་དང་མ་སྦྱར་བའོ། །མནན་པ་ཞེས་པ་ཐིག་ལེས་བརྒྱན་པའོ། །སྔགས་རྣམས་ཐམས་ཅད་ཅེས་པ་མ་མཱ་ལ་སོགས་པའོ། །གསལ་བྱེད་པ་ཞེས་པ་ནི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སྦྱར་བ་སྟེ། གསལ་བྱེད་ཅེས་བཞི་སྨྲས་ལ་འདིས་ཤེས་བྱེད་པ་མི་གསལ་བར་བྱས་པའོ། །སྙིང་གར་འདུག་ཅེས་པ་འདུག་གོ །དུས་གསུམ་དུ་ཞག་བདུན་བྱས་ནའོ། །མ་མོའི་གནས་ནི་དུར་ཁྲོད་དོ། །ཉི་མ་ནུབ་ཀྱི་བར་ཁྲོས་ཤིང་དགྲའི་མིང་སྨོས། བཟླས་ཞེས་པ་ཉིད་ནི་ཉི་མ་བཞིར་བཟླས་པ་སྟེ། ཉི་མ་ནུབ་ནས་མི་བཟླས་སོ། །ཞེས་པའོ། །དེ་ཡང་མ་མོ་དང་ཤ་ཟ་ཉི་མ་ནུབ་ནས་དེར་སོང་ཞིང༌། སྲོག་འཕྲོག་པར་བསམ་མོ། །ཞི་བའི་ཆོ་ག་མཁས་པ་ཡིས། །ཞེས་པ་ནི་མ་མོའི་གནས་དེར་མ་མོ་བདག་གི་དྲུང་དུ་བསམས་ལ། ཞི་བའི་སྔགས་བཟླས་པ་སྟེ་ཞི་བར་འགྱུར་རོ། །གཞན་དག་རྣམ་པར་གསལ་ལོ། །ལེའུ་གསུམ་པ་གསང་བའི་རྟོག་པར་བཤད་པའོ།། །།ད་ནི་ཧའི་སྒྲུབ་པ་རབ་ཏུ་བཤད་དེ། དེའི་ཕྱིར་གསུངས་པ། དེ་ནས་གཞན་ཡང་མཆོག་གྱུར་པ། །ཧ་ལ་སོགས་པའི་དཀྱིལ་འཁོར་ནི། །དེ་ལས་མཆོག་གྱུར་གཞན་མེད་པ། །ཞེས་སྨོས་ཏེ། དེ་ལ་འཁོར་ལོ་དྲི་མ་མེད་པ་རྩིབས་བཅུ་གཉིས་པ་བྲིས་པ་ནི། ཁྲོ་བོའི་དངོས་གྲུབ་རབ་ཏུ་སྩོལ་བའི་ཐབས་མྱུར་བའི་ཕྱིར་མཆོག་ཏུ་འགྱུར་ཏེ་དེའི་ཐབས་ཏེ། དེ་ཉིད་འདོད་པ་ལེན་པ་དང་འཛིན་པའི་ཕྱིར་ཏེ། གང་གིས་བརྟེན་ན་དེས་ནི་འདོད་པའི་དགོས་པ་དེ་འགྲུབ་པར་བྱེད་པའོ། །གྲུབ་པ་ནི་བླངས་པའོ། །འཕགས་པའི་དངོས་གྲུབ་འདིའི་སྦྱོར་བས་བླང་བར་རུང་བ་སྟེ། རྒྱུའི་ངོ་བོ་རྣལ་འབྱོར་དང་མ་འབྲེལ་ཀྱང་གནས་པ་ནི་འཛིན་པའོ། །དེ་ལ། དང་པོར་ཧ་ཞེས་གང་བཤད་པ། །ཞེས་པ་ནི་རྣམ་པར་རྒྱལ་བའོ། །བསྐུལ་ཞེས་པ་འཕགས་པས་སོ། །གང་ལྟར་ཞེ་ན་སྔགས་བྱུང་བས་སྙིང་བསྐུལ་བའོ། །ས་བོན་ཐམས་ཅད་ཅེས་པ་ཁུག་ཤིག་པའོ། །དེ་ནས་ཐོག་མར་བསྐུལ་བ་དང༌། །དེ་བཞིན་དོན་ནི་རིམ་པ་རུ། །ཁྲོ་བོ་ཡི་ནི་རྒྱལ་པོ་ཡི། །ཞེས་སྨོས་ཏེ། ཐོག་མར་ཞེས་ཁུག་
ཤིག་པར་རོ། །དེ་ནས་བསྲེག་པར་རོ། །དེ་ནས་སྐྲོད་པར་བྱེད་པར་རོ། །གོ་རིམས་ཀྱི་དོན་བཤད་དོ། །ཡི་གེ་བཅུ་གཉིས་དེས་སྦྱར་བ། །ཞེས་པ་ནི་གསལ་བྱེད་དེ། ཡལ་སོགས་པ་བརྒྱད་པའི་ས་བོན་དེ་གཉིས་བཅུ་གཉིས་དང༌། དབྱངས་ཀྱི་ཡི་གེ་བཅུ་གཉིས་སུ་སྦྱར་བ་ལ་ཐིག་ལེས་བརྒྱན་པར་བྱའོ། །ཁྲོ་ཆེན་ཚིག་གི་དང་པོར་སྦྱར། །ཞེས་པ་དངོས་གཞི་སྟེ། རྩིབས་རྣམ་པ་བཅུ་གཉིས་ལ་ཁྲོ་བོ་རྣམ་པ་བཅུ་གཉིས་སུ་སྦྱར་ཏེ། གཙོ་བོར་དགོད་པར་རབ་ཏུ་ལྷག་པའི་ལྷར་ཤེས་པར་བྱའོ། །ཟུང་ཤིག་པ་ཚིག་གཉིས་པ། ཟུང་དྲུག་འཁོར་ལོའི་མཐའ་མར་དགོད། །ཅེས་བ་ནི་ཟུང་དྲུག་ཏུ་སྦྱར་བ་ལ་ཚིག་བཅུ་གཉིས་ཏེ། དངོས་སུ་ཁྲོ་བོ་རྣམ་པ་བཅུ་གཉིས་སོ། །འཁོར་ལོ་ཞེས་རྩིབས་བཅུ་གཉིས་སོ། །དེ་ཡང་མཐར་གསལ་བྱེད་ཕོ་ཉ་རྣམ་པ་བཅུ་གཉིས་ཀྱི་སྔགས་ཀྱི་གཞི་ཡང་དག་པར་དགོད་པའོ། །མཐའ་མེད་པ་ཡང་མུ་རན་དང༌། རྩིབས་ཀྱི་མིག་ཏུ་ཡོད་དོ། །དེའི་ཕྱིར། མུ་རན་རྩིབས་ཀྱི་མིག་རྣམས་སུ། །ཞེས་སྨོས་སོ། །དེ་ཡང་སྔགས་དགོད་པ་ཡིན་པས། སྔགས་ལས་བྱུང་བ་ཞེས་པ་ནི། རང་གི་ས་བོན་ཧཱུཾ་ལས་བྱུང་བ་སྟེ། བཅུ་གཉིས་ཀྱི་རྒྱུ་མཚན་ནོ། །སོ་སོའི་ལས་ལ་ཞེས་པ་ནི། ལས་བཅུ་གཉིས་ལ་སོགས་པ་མཐའ་ཡས་ཀྱང་འདིར་ཁྲོ་བོས་རྣམ་པར་གཞག་པས་བཅུ་གཉིས་ཏེ་ཁུག་ཤིག་པ་ལ་སོགས་པ་རྣམས་སོ། །དེ་དག་ཀྱང་མཐར་དགོད་པའོ། །དེ་ནས་ཡི་གེ་དགོད་པ་དང༌། སྔགས་བཏུ་བ་ནི་ཚུལ་བཞིན་བྱ། །ཞེས་པ་ནི་འཁོར་ལོ་བྲི་བའི་ཐབས་ཏེ། ནང་གི་ལྟ་བ་ལ་འཁོར་ལོ་གསུམ་གྱིས་བསྐོར་པའོ། །དེ་ཡང་མན་ངག་ལས་ཤེས་པར་བྱའོ། །དེ་དབུས་དེ་བཞིན་གཤེགས་པ་ཡི། །ཞེས་པ་ནི། འཕགས་པ་འཇམ་དཔལ་ལ་བྱའོ། །སྙིང་པོའི་རིགས་ཀྱི་མཆོག་ཡི་གེ་བཅུ་གཅིག་པ་ནི་མཚན་རྗོད་པར་བྱེད་པ་ལ་གསུངས་སོ། །དེའི་མཐར་ནི་སྔགས་ཏེ་ལས་ཀྱི་སྔགས་ཏེ་བཞག་གོ །ཚིག་དེ་ཡང་འདོད་པ་བསྒྲུབ་པའི་ཕྱིར་སྔགས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་མུར་ན་གཉིས་པ་ལ། །ཞེས་པ་ལ། ཧོ་དག་དང་ཧཾ་ལ་སོགས་པ་སྟེ། དེ་ནི་དགྱེས་པར་བྱེད་པ་མཆོད་པ་ཡིན་ཏེ། དེས་ན་སྙིང་པོར་བཤད་ལ། དེའི་དངོས་གྲུབ་ལེན་པས་དགོངས་པ་
ནི་ཞབས་ཀྱིས་མནན་བ་སྟེ། བདེ་བར་གཤེགས་པ་བྱ་རྒོད་ཀྱི་རི་ལ་དགྱེས་ཤིང་དེར་ཞབས་ཀྱིས་བཞིན་ནོ། །ཁྲོ་བོ་ཞབས་ཀྱིས་བཅགས་བྱས་པ། །རྩིབས་རྣམས་ཁྲོ་བོའི་མཐུ་དང་ལྡན། །ཞེས་པའི་དོན་དེ་ལྟར་རོ། །མུ་རན་གསུམ་དང་དབུས་སུ་དེ། །ཞེས་པ་ལ་ལྟེ་བ་དང་འདབ་མ་གསུམ་གྱི་སྔགས་ཏེ། མཚན་མ་བརྗོད་པ་མཐུ་དང་ལྡན་པ་རྣམས་སོ། །ཡི་གེ་བཅུ་གཉིས་རབ་སྦྱར་བ། ཁྲོ་བོ་ཆེན་པོའི་དབུས་ནས་ཞེས་གསུངས་པ་ནི། བྱེད་པ་གསུམ་པའི་སྟགས་ཀྱི་རྟེན་དུ་སྤེལ་བར་བྱ་ལ། དེའི་མཐར་ལས་ཀྱི་ཚིག་དང༌། བསྐུལ་བའི་སྔགས་དགོད་ཅིང་བཟླས་པ་ཡིན་ནོ། །དེ་ནས་གསང་སྔགས་དགོད་པ་ལས་གཞན་ཕོ་ཉ་རབ་ཏུ་བསྟན་པའི་ཕྱིར། ཁྲོ་བོ་དུ་མ་སྐུལ་བ་སྟེ། །ཐམས་ཅད་ཀུན་དུ་དོན་རྣམས་ཀུན། །གྲུབ་པའི་ཕྱིར་ནི་འདི་ལ་གནས། །ཞེས་པ་སྨོས་ཏེ། །དུ་མ་བསྐུལ་ཞེས་པ་རྣམ་པ་བཅུ་གཉིས་བཀའ་སྒོ་བར་བྱ་སྟེ། རང་གི་བྱིན་རླབས་བདུད་རྩི་འཁྱིལ་པ་དང༌། ཁྲོ་བོ་དག་གི་ལས་འགྲུབ་པར་བྱེད་པས་ནི། དེའི་ཕྱིར། ཐམས་ཅད་ཀུན་དུ་དོན་རྣམས་ཀུན། གྲུབ་པའི་ཕྱིར་ནི་འདི་ལ་གནས། །ཞེས་གསུངས་སོ། །དེ་ནས་གཞན་ཡང་རིམ་བཞིན་དུ། །ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་དང་པོའི་མིང་ནི་ཁྲོ་བོ་འབར་བའི་ཕྲེང་བ་ཞེས་པ་ནི། རྣམ་པར་རྒྱལ་བ་སྟེ། འགུགས་པར་བྱེད་པའི་བྱེད་པ་པོ། །ཁ་དོག་དམར་པོ་སྤྲོས་པ་ཡིས། །སྙིང་བསྐུལ་ན་ལྕགས་ཀྱུ་འབར་བ་ཆེན་པོས་འགུགས་པར་བྱེད་པ་བསྐུལ་བསྔགས་སོ། །རྡོ་རྗེ་མེ་ཡི་རྒྱལ་པོ་ཡིན། །ཞེས་པ་ལྷོ་ཤར་གྱི་དབྱིག་པ་སྔོན་པོ་འཇིག་པའི་མེ་བཞིན་སྐེམས་པར་བྱེད་པ་ཡིན་ཏེ་ལས་སོ། རབ་ཏུ་དྲག་པོའི་ཤུགས་ཡིན་ཏེ། །ཞེས་པ་ནི་ཁྲོ་བོ་ཡ་མཱནྟ་ཀ་སྟེ། གཤིན་རྗེ་མཐར་བྱེད་པ་རླུང་རབ་ཏུ་དྲག་པའི་ཤུགས་ཆེ་བས་དངོས་པོ་བསྐྱོད་པ་ལྟར་འདིས་ཡུལ་གཞན་དུ་སྐྲོད་པའོ། །རབ་ཏུ་དྲག་གནོན་སྟོབས་པོ་ཆེ། །ཞེས་པ་ནི་མི་གཡོ་བ་སྟེ་དེའི་སྟོབས་གྱིས་གཞན་གནོན་པ་ནི་མི་འགུལ་བར་བྱེད་པའོ། །རྒྱ་ཆེན་ཁྲོ་བོ་ཉེད་ཡིན་ཏེ། །ཞེས་པ་ཁྲོ་བོ་རྟ་མགྲིན་ཏེ། རྒྱ་ཆེ་བའི་སྲིད་པ་དག་འཁྲུག་ཅིང་འཐབ་པར་བྱེད་པའི་ཕྱིར་རོ། །དྲུག་པ་གཞན་གྱིས་མི་ཐུབ་པ། །ཞེས་པ་ནི། མཐུ་ཁྱད་པར་དུ་གྱུར་པ་ཉིད་ཀྱིས་གཞན་རྨོངས་པར་བྱེད་པ་ནི། གཞན་དྲེགས་པ་ཅན་གྱི་
མཐུ་འཇོམས་པའི་ཕྱིར་རོ། །འཇིགས་པར་བྱེད་པ་ཞེས་བཤད་པ། །ཞེས་པ་ནི། ཁྲོ་བོ་བདུད་རྩི་འཁྱིལ་པ་སྟེ། གཞན་དཀོན་མཆོག་ལ་གནོད་པ་སྐྲག་པའི་ཕྱིར་འཇིགས་བྱེད་ཅེས་གསུངས་སོ། །བྱང་ཤར་ཁྲོ་བོ་དྲིལ་བུ་སྒྲོགས། །ཞེས་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། དགའ་བར་བྱེད་པའི་ཕྱིར་སྒྲོགས་པ་ཡིན་ལ་འཇིགས་རྟེན་ཁམས་ལས་ཀྱང་རྒྱལ་བས་ཁམས་གསུམ་རྣམ་པར་རྒྱལ་བའོ། །ཕོངས་པ་སྒྲོལ་བ་དགུ་པ་སྟེ། །ཞེས་པ་གནོད་མཛེས་སྟོབས་པོ་ཆེ་སྟེ་ས་འོག་གི་གཏེར་གྱིས་དབུལ་བ་འཇོམས་པའི་ཕྱིར་རོ། །རབ་ཏུ་འཇོམས་པ་བཅུ་པ་ཡིན། །ཞེས་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བས་གཞན་འཇོམས་པའི་ཕྱིར་ཏེ་ལས་སོ། །ཀི་ལི་ཞེས་པ་བཞག་པ་ནི་རྙིལ་བར་བྱེད་པའི་ཁྲོ་བོ་སྟེ། དོན་ཡོད་གྲུབ་པའི་རིགས་སོ། །ཀི་ལི་ཆེན་པོ་དེ་བཞིན་གསུངས། །ཞེས་པ་ནི་འདི་ཡང་ཁྲོ་བོ་ཆེན་པོ་ཕུར་པ་ཅན་ཏེ། ཞུགས་པར་བྱེད་པ་ཡིན་ནོ། །བཅུ་གཉིས་སུ་ནི་གསུངས་པ་ཡིན། །ཞེས་པ་ལ་སོགས་པ་ནི། འདིར་བཅུ་གཉིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དག་བས་སོ། །ཕོ་ཉ་ཡིན་པའི་ཕྱིར་སྣང་བྱེད་དེ། གཙོ་བོས་ཀུན་བསྐུལ་བའི་ཕྱིར་ན་གནོན་པ་ཡིན་ནོ། །འཁོད་པ་ན། བཞི་པ་དང་གསུམ་པ་ལའོ། །ཀུན་ལ་བདུད་རྩི་འཁྱིལ་པའོ། །ཞེས་པ་དག་ནི་ཀུན་གྱི་བཅུ་གཉིས་སོ། །དེ་དག་ལ་བདུད་རྩི་འཁྱིལ་པ་དང་སྦྱར་ཏེ་བསྡུས་པ་ཞེས་པའི་དོན་ཏོ། །ད་ནི་སྔགས་བཏུ་བར་བྱ་བའི་ཕྱིར་གསུངས་པ། གུག་སྐྱེད་དྲུག་དང་ལྡན་པར་བྱ། །ཞེས་པ་རྒྱ་ཆེར་སྨོས་ཏེ། གུག་སྐྱེད་ནི་དབྱངས་ཀྱི་ཡི་གེ་དག་གོ །ས་བོན་སྔ་མ་ནི་ཡ་ལ་སོགས་པའིའོ། །སྟེང་དུ་ཐིག་ལེ་ཞེས་པ་ཨང་ངོ༌། །ས་བོན་བདུད་རྩི་ཞེས་པ་ཐིག་ལེ་སྟེ་བདུད་རྩི་འཁྱིལ་པའོ། །ཧ་ནི་ལྷག་པ་སྟེ། གཙོ་བོའོ། །དབྱངས་ནི་སྣང་བྱེད་དེ། ཁྲོ་བོ་གསུམ་པོ་སུམ་ཅུ་རྩ་དྲུག་གམ། བཅུ་བཞིའོ། །དང་པོ་དཀྱིལ་འཁོར་ནང་ནས་གཅིག །ཅེས་པ་ལྟེ་བ་ལ་མཚན་རྗོད་པར་བྱེད་པའི་མཐར་ཧཱུཾ་དབྱངས་ཀྱི་དྲག་པོས་ཞུགས་པ་དྲག་པོར་བྲི་བའོ། །དོན་ཀུན་སྒྲུབ་བྱེད་ཅེས་པ་ཧཱུཾ་གི་མཐར་གསོད་པ་སྟེ་མཱ་ར་ཡ་དང་དེའི་མཐར་ཕཊ་སྦྱར་བའོ། །འབར་བའི་ཕྲེང་བཞེས་པ་ཁྲོ་བོ་དེ་ཡང་སྦྱར་བ་འདྲ་བར་
རེག་པར་བྱའོ། །གཉིས་པ་ཞེས་པ་ནི་བདུད་རྩི་འཁྱིལ་པ་ནས་ཡིན་ལ། དངོས་སུ་དང་པོར་ཤེས་པར་བྱའོ། །ལྷག་མ་གོ་སླའོ། །ས་བོན་འདི་དག་རྣམས་ཀྱིས་བསྒྲགས། །ཞེས་པ་ཧཾ་ཧཱཾ་ལ་སོགས་པས་སྦྱར་བར་རིག་པར་བྱ་བའོ། །ཁྲོ་བོའི་རྒྱལ་པོ་འཁོར་ལོའི་གནས། །ཞེས་པ་ལྟེ་བར་གཤིན་རྗེ་གཤེད་བཞུགས་པ་སྟེ་སྔགས་སོ། །དེའི་བསྡུས་པའི་དོན་ནི་འདི་ཡིན་ཏ། དེ་ནང་མུ་རན་གསུམ་པོ་དང༌། དབུས་ཀྱི་མུ་རན་བཟང་པོར་ལྡན། །ཞེས་པ་ལ་དེ་ཞེས་པ་ཀ་ལ་དང༌། ཨ་དང་ཧཾ་ལ་སོགས་པའི་འཁོར་ལོ་དེའིའོ། །མུ་རན་གསུམ་ནི་དྲིལ་བུའི་ཁྱམས་དང༌། བདུད་རྩི་འཁྱིལ་པའི་དང༌། སྣང་བྱེད་ཀྱི་འཁོར་ལོ་དང་གསུམ་མོ། །དབུས་ནི་གེ་སར་དང་ལྟེ་བའོ། །དེ་ཡང་མཚན་བརྗོད་པ་སྟེ། སྒྲུབ་པའི་འཁོར་ལོར་ཤེས་པར་བྱའོ། །མཐའ་མུ་རན་དྲུག་པོ་སྟེ། རྩིབས་ཀྱི་ཟུར་དྲུག་རབ་བཟང་བ། །ཞེས་པ་ནི་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་ཧཾ་ལ་སོགས་པ་དང༌། དེའི་གྲྭར་དབྱངས་ཡིག་བཅུ་གཉིས་དང༌། དེའི་ཕྱི་སྐོར་ལ་རེའུ་མི་གསུམ་ཅུ་རྩ་བཞི་ལ། ཀཱ་ལི་སུམ་ཅུ་རྩ་བཞི་དང༌། དེའི་མཐར་པདྨ་འདབ་མ་བཅུ་གཉིས་པ་བསྐུལ་བར་རྣམ་པར་བྲིའོ། །ཡང་ན་འཁོར་ལོའི་འདབ་མ་བཅུ་གཉིས་ལ་གསུམ་གསུམ་དང་གཅིག་ལ་ཀྴ་སྟེ་ཚང་དུ་འདུག་པའོ། །བདེན་པ་གཉིས་གཉིས་སུ་མེད་པའི་ངོ་བོ་འདི་དག་ནི་འདོད་པའི་དོན་མཐའ་དག་སྒྲུབ་པ་ཐབས་དང་ཤེས་རབ་ལས་བྱུང་བ་སྟེ། བདག་མེད་པའི་ལྷ་ཡིན་ནོ། །བསྡུས་པའི་དོན་ནོ། །ཟུང་དྲུག་འཁོར་ལོའི་མཐའ་མར་དགོད། མུ་རན་རྩིབས་ཀྱི་མིག་རྣམས་སུ། སྔགས་ལས་བྱུང་བ་རེ་རེའོ། །དོན་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །བཅུ་གཉིས་དག་ཏུ་གསུངས་པའི་སྔགས། །གནས་སུ་ཇི་ལྟར་བཀོད་པ་དག །སོ་སོའི་ལས་ལ་སྦྱར་བར་བྱ། །ཞེས་པའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། རེའུ་མིག་དགུ་དང་དེའི་ཕྱི་སྐོར་ལ་ཟུང་དྲུག་ཅེས་པས་འཁོར་ལོ་བཅུ་གཉིས་སོ། །དེ་ལ་དབུས་སུ་རླུང་གི་ས་བོན་དང༌། ལྷོ་རུ་འཇམ་དཔལ་རྡོ་རྗེ་དང༌། །ཤར་དུ་དངོས་མེད་ཡི་གེ་དང༌། །བྱང་དུ་མཁའ་འགྲོའི་ཡི་གེ་དང༌། །མ་དང་ཨེ་ནི་བསྡུས་ནས་སུ། །ནུབ་ཀྱི་ཕྱོགས་སུ་མཁས་པས་གཞག །གཡོན་ནས་དགོད་པའི་རིམ་
པ་ཡིས། །སྔགས་ལས་བྱུང་བ་རེ་རེའོ། །མེ་ཡི་ས་བོན་མདུན་དུ་ཡིན། །དེ་བཞིན་འགྲོ་བའི་མིང་ཡིག་དང༌། །དེ་ནས་ཁམས་ཏེ་དབང་ཆེན་དང༌། །རྫོགས་པའི་ཡི་གེ་བཞི་པ་ཡི། །གཟུགས་དང་ཡིད་གཉིས་དྲུག་པར་བཤད། །རྣལ་འབྱོར་མ་དང་ངེས་པས་བཟུང༌།། མེ་ཡི་བུ་དང་རླུང་དང་ནི། །སྡུད་པོ་ངེས་དང་བཅུ་གཉིས་པའོ། །བདུན་ཡིག་གསུམ་གསུམ་མཁས་པས་བཏུ། །ཞེས་གསུངས་པ་ནི་འདིར་མན་ངག་གོ །དེ་ལྟར་ན་བདུན་པའི་མཐའ་ཚེག་དང་བཅས་པ་སྟེ། བཅུ་གཉིས་པོ་ཀུན་གྱི་སྔགས་སོ། །བདུད་རྩི་འཁྱིལ་པ་ནི་ཕྱོགས་བཞི་པོ་ཡིན་ལ། རྩིབས་བཅུ་གཉིས་ནི་སྣང་བྱེད་དུ་འདིར་མཁས་པས་རིག་པར་བྱའོ། །དེས་ན་བདུད་རྩི་འཁྱིལ་པ་ཟློས་བུའི་ཉེས་པ་ཡང་མེད་ལ། བདུན་པ་ཡང་ཡིན་ཞིང་གཉིས་པ་ཡང་དེ་ཉིད་ཡིན་ནོ། །དང་པོ་དཀྱིལ་འཁོར་ནང་ནས་གཅིག །ཅེས་པ་ནས་འབར་བ་ཞེས་པ་ནི། ནང་གི་ཡ་ལ་སོགས་པ་བཅུ་གཉིས་སོ། །སྔགས་ཀྱི་མཐར་ཞེས་པ་དེའི་མཐར་རོ། །ས་བོན་གཉིས་པ་ཞེས་པ་ཡི་གེ་མའོ། །མེ་རྒྱལ་ནི་མེའི་བུ་སྟེ་ཡི་གེ་རའོ། །གསུམ་ལ་ཞེས་པ་ནི་ཡ་གསུམ་པའོ། །ཤུགས་དྲག་ཅེས་པ་ནི་ཏོའོ། །ཁྲོ་བོ་ཆེ། དེ་ནི་སྟོབས་པོ་ཆེ་ཞེས་གསུངས། ཞེས་པ་ཕ་རོལ་རེག་པས་སྟོབས་ཆེ་བའི་ཕྱིར་མེའོ། །དྲུག་པ་འཁོར་ལོ་ཞེས་བྱ་བ་ནི། ནང་ནས་གཅིག་བླངས་ཏེ་ཏོ་ནི་དྲུག་པའོ། །མི་ཐུབ་ཁྲོ་བོ་ཞེས་པ་གཞན་གྱིས་ཐུབ་པར་དཀའ་བས་ཏེ་ཡི་གེ་ཡའོ། །འཇིགས་པ་ཞེས་བྱ་ཞེས་པ་ནི། འཇིགས་པར་བྱེད་པའི་ཡི་གེ་དའོ། །ཟུར་དུ་ཁྲོ་བོ་ཞེས་པ་ནི། བྱང་ཤར་དུ་པོའི་ཡི་གེ་ཡོ་ཡིན་ནོ། །དགུ་པ་ཕོངས་པ་ཞེས་བྱ་ནི། མ་ནས་ཏེ་ཕོངས་པ་སེལ་བའི་སྔགས་ཡའོ། །རབ་འཇོམས་པ་ཞེས་བསྒྲགས་པ་ཞེས་པ་ནི་ཀྵེ་སྟེ་དེས་སོ། །ཀི་ལི་ཞེས་པ་ནི་ཀི་ལི་ཡ་སྟེ་ཡའོ། །མཐུ་ཁྱད་པར་གྱུར་པས་ནི་དངོས་གྲུབ་རབ་ཏུ་སྟེར་རོ། །ཀི་ལི་ཆེན་པོ་ཞེས་པ་ནི་ནི་ར་སྟེ་ཡི་གེ་རའོ། །ཚེག་བཅས་ཅེས་པ་ནི་དེ་དག་ཀུན་རེ་རེར་དགོད་ཅིང༌། རེ་རེ་རབ་ཏུ་བའོ། །དང་པོ་ནི་འཁོར་ལོ་བསྟན་ཞེས་པ་ནི་མཐའི་མུ་ཁྱུད་གཉིས་ཏེ། རེའུ་མིག་ཉི་ཤུ་རྩ་བཞིའོ། །ཁྲོ་བོ་བདུད་རྩི་འཁྱིལ་པ་དང༌། །ཁྲོ་བོའི་རྒྱལ་པོ་དེ་ལས་གཞན། །ཞེས་པ་ལ། བདུད་རྩི་འཁྱིལ་པ་ནི་ཡི་གེ་ཕཊ་བཞི་སྟེ། མཚོན་ཆའི་ཡི་གེ་འདི་གཞན་དག་
གིས་གསད་པར་མི་ནུས་པས་འཆི་བ་མེད་པ་ཡིན་ནོ། །དེ་ལས་གཞན་ཞེས་པ། དེ་ལས་འཕྲོས་པའི་མཚོན་ཆ་སྣ་ཚོགས་པ་དག་གོ །ད་ནི་ལེའུ་ལྔ་པར་གོང་གི་སྔགས་དགོད་པ་རྒྱས་པར་བཤད་པར་བྱ་སྟེ། དེའི་ཕྱིར་གསུངས་པ། ཁྲོ་བོ་ཆེན་པོ་གཅིག་གི་མཐར། །ཞེས་པ་ལ་སོགས་པ་གསུངས་ཏེ། ཁྲོ་བོའི་ཚིག་ནི་ཡི་གེ་སུམ་ཅུ་རྩ་གཉིས་སོ། །བསྐུལ་ཅིག་ཅེས་པ་ནི་ལས་ཀྱི་ཚིག་གོ །བདུད་རྩི་འཁྱིལ་པ་ནི་མཚོན་ཆའི་ཡི་གེའོ། །འབར་ཕྲེང་ནི་མཚོན་དང་ཕོ་ཉའོ། །དང་པོའི་གནས་བཅུ་གཉིས་དག་ནི། འཕོ་བ་བཅུ་གཉིས་ལ་སྟེ། ཉིན་འཕོ་བ་དྲུག་ལ་སྔགས་ཁྲི་དང་བརྒྱད་བརྒྱའོ། །ནུབ་འཕོ་བ་དྲུག་ལ་ཁྲི་དང་བརྒྱད་བརྒྱ་སྟེ། རབ་ཀྱི་ཚད་འདིས་དོན་ངེས་པ་ནི་མན་ངག་ལ་རག་ལས་པ་ཡིན་ནོ། །བདག་ཉིད་ཀྱིས་ཐོས་པ་ནི་དང་པོའི་སྔགས་ཞག་གཅིག་ཡིན་པས་ན། གཞན་ཞག་གསུམ་སྟེ། དེ་ལྟར་ན་ཁྲི་ཕྲག་བརྒྱད་དང༌། སྟོང་ཕྲག་དྲུག་དང་བཞི་བརྒྱའོ། །འདིར་སྣང་བྱེད་ནི་ཕྱོགས་སྐྱོང་བ་བཞིའོ། །ཚམ་ངམ་བཅུ་གཉིས་ནི་ལས་དང་སྦྱར་བ་ཡིན་ནོ། །གཞན་མ་བཀྲོལ་བ་དག་གོ་སླ་བར་ཤེས་སོ། །ཆོ་ག་ཤེས་པས་ཞེས་པ་ནི། རྣམ་པ་བཞི་སྟེ། ལྷ་རྣམ་པ་གསུམ་བསྐྱེད་ཅིང་སྐུ་རྣམ་པ་གསུམ་རྫོགས་པར་བྱ་བ་དང་གཅིག །དེ་ལ་གནས་པས་དེ་དག་ལ་མཆོད་པ་བྱ་སྟེ། རྫས་རྣམས་བསངས་ལ། ཐོག་པར་སྨན་ཨ་ཀ་རུ་དང་སྦྱར་བའམ། ཙནྡན་དང་སྦྱར་བར་འཐོར་འཐུང་དབུལ་ཏེ། ཨོཾ་ཧཱུཾ་པྲ་ཏི་ཛ་སྭཱ་ཧཱ། དེ་ནས་ཨ་རྒྷ་དབུལ་ཏེ། ཨོཾ་ཧཱུཾ་ཧྲི་ཀ་ལ་མ་ཐ་ན་སྭཱ་ཧཱ། དྲི་དབུལ་བ། ཨོཾ་ཧཱུཾ་ཧྲི་ཤྲི་ཁ་ཁཱ་སྭཱ་ཧཱ། སྤོས་དབུལ་བ། ཨོཾ་ཧཱུཾ་ཧྲཾ་དུ་པ་རི་ཀ་ཧ་སྭཱ་ཧཱ། ལྷ་བཤོས་དབུལ་བ། ཨོཾ་བི་མཱནྟ་ཀ་ཏེ་ཇོ་བ་ལེན་ནི་སྭཱ་ཧཱ། མར་མེ་དབུལ་བ། ཨོཾ་ཧཱུཾ་ཛཱིཾ་ཛཱིཾ་ཧ་སྭཱ་ཧཱ། མེ་ཏོག་དབུལ་བ། ཨོཾ་ཀ་ར་ལ་རཱ་ད་ན་ཧ་སྭཱ་ཧཱ། ཞེས་པ་ཞེས་བཞེས་བདག་གིས་ཕུལ་བའི་མེ་ཏོག་འདི། ཨརྒྷ་འདི་བཞེས་སུ་གསོལ་བ་ཞེས་སུ་གསོལ། གཉིས་པོའོ། །ཡི་གེ་ཧཱུཾ་ལས་བྱུང་བ་ཡི། ཕྲེང་བ་འབིགས་པའམ། འཛིན་པའམ། འགུགས་པ་དག་གོས་ཁ་སྦྱར་དབྱེ་ཤིང་བསྡུས་ལ། ཡེ་ཤེས་སེམས་དཔའ་ཕྱུང་ལ་རྟེན་མེད་པའི་རྣམ་པར་ཤེས་པ་བདག་གི་རླུང་ལ་ཞོན་ནས་བྱུང་བ་མཚན་མ་ལ་བསྟིམ་ཞིང་བཅུག་ལ། མཚོན་ཆ་འམ། ཕུར་བུར་ཕྲེང་བ་གྱུར་པ་ལས་གནོད་པ་མཚན་མ་ལ་བསམ་མོ། །བཟླས་པ་སྟེ།
གསུམ་པའོ། །འཁྲུལ་འཁོར་གྱི་རིམ་པ་དག་དང༌། མནན་པའམ། བསྲེག་པ་ནི་ཆོ་ག་བཞི་པའོ། །ཁྲོ་བོ་རྣམ་པར་རྒྱལ་བའི་ཞེས་པ་ནི། དེའི་རྟོག་པ་དང་པོར་གསུངས་པའི་ཁྲོ་བོ་རྣམས་ཀྱི་ལས་བཤད་པའི་ལས་ཀྱི་རིམ་པའི་ཆོ་ག་རྒྱས་པ་ནས་བསྡུས་པའོ། །ཆོ་ག་འདི་ནི་ཞེས་པ་ལས་བཤད་པའོ། །དེ་གསང་བ་སྟེ་དེ་བས་གསང་བ་འཁོར་ལོའོ། །དེ་བས་མཆོག་ནི་བཟླས་པའོ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ། ཞེས་པ་འཇམ་དཔལ་གྱི་སྟེ། དེའི་རིགས་ཀྱི་ཁྲོ་བོའི་རྟོག་པ་ནི་དེའི་རྟོག་པའོ། །ཆོ་གའི་རིམ་པ་སྟེ། དེའི་ལས་སུ་གཏོགས་པ་འཁོར་ལོའི་སྤྱོར་བ་སྟེ། ལེའུ་བཞི་པའི་བཤད་པའོ།། །།འཕགས་པ་རྡོ་རྗེ་ཁྲོ་བོའི་སྐུ་མངའ་ཤེས་རབ་མཚོན་ཆར་ལྡན། །འགྲོ་བ་བྱམས་པའི་ཐུགས་མངའ་ཐུགས་རྗེ་ཀུན་ལ་སྙོམས། །དེ་སྲས་བདག་ལ་བདུད་རྩི་སྐྱེད་པ་བླ་མ་རིན་ཆེན་ལ། །བདག་གིས་མོག་ཡིས་བླ་མའི་ཞབས་ལ་ཕྱག་འཚལ་ནས། །འགྲོ་ལ་ཕན་ཕྱིར་འགྲེལ་པ་འདི་བྱས་པས། །རྩ་བའི་ལྟུང་བར་གྱུར་ན་བཤགས་པར་བགྱིད། །གལ་ཏེ་འདི་ཡིས་འགྲོ་ལ་ཕན་གྱུར་ན། །དགེ་བ་དེ་ཀུན་བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སློབ་དཔོན་ལྷ་སྤས་ཀྱིས་མཛད་པ་སྒྲུབ་ཐབས་ཀུན་གྱི་གཏེར་ཞེས་བྱ་བའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིག་པ་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ལྷོ་ཕྱོགས་ཀྱི་ཡུལ་བེ་ཏར་སྐུ་འཁྲུངས་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་གྱི་མཆོག་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བསྡུས་པའོ།།