བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ།
སངས་རྒྱས་གསང་བ།
རྒྱ་གར་སྐད་དུ། དྷྱཱ་ནོཏྟ་ར་པ་ཊ་ལ་ཊཱི་ཀཱ། བོད་སྐད་དུ། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ། བམ་པོ་དང་པོ། དཔལ་རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རྒྱལ་མཆོག་དེ་ཉིད་གསུམ་རིག་པ། །རིག་སྔགས་ཚོགས་ཀུན་ཏིང་འཛིན་དམིགས་ལ་ཕྱག་འཚལ་ནས། །ལུང་དང་བླ་མས་ངེས་པར་བསྟན་པའི་ཚུལ་དག་གིས།། བསམ་གཏན་ཕྱི་མ་རིམ་པར་ཕྱེ་བས་ཅུང་ཟད་དགྲོལ། །དེ་ལ་རིམ་པར་ཕྱེ་བ་འདི་ལ་དོན་རྣམ་པ་བཅུ་གཉིས་བསྟན་པ་ནི་འདི་ལྟ་སྟེ། རིག་སྔགས་དང་གསང་སྔགས་ཀྱི་བཟླས་བརྗོད་དང༌། བསམ་གཏན་དང༌། རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོའི་བདག་ཉིད་ཆེ་བ་བསྟན་པའི་དོན་ནི་དོན་དང་པོ་སྟེ། སློབ་མ་རྣམས་དེ་ལ་ནན་ཏན་དུ་བྱེད་འདོད་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་ཀུན་རྫོགས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པར་རིག་པར་བྱའོ། །རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་དེ་ཉིད་ཀྱི་ཡུལ་རབ་ཏུ་ཕྱེ་སྟེ། རྣམ་པ་ཐམས་ཅད་བཤད་པར་ཁས་
འཆེས་པའི་དོན་ནི་གཉིས་པ་སྟེ། ཡུལ་སོ་སོར་ངེས་པ་ལ་ཀུན་རྫོགས་པར་མ་བཤད་དུ་ དོགས་པ ་བསལ་བའི་ཕྱིར། ཆོ་ག་གང་དང་གང་དག་གིས། །བསམ་གཏན་ལས་ལ་གང་གནས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པར་རིག་པར་བྱའོ། །དེ་ལ་ནན་ཏན་དུ་བྱ་བའི་དགོས་པ་བསྟན་པའི་ཕྱིར་གསུམ་པ་སྟེ། དེའི་འབྲས་བུ་མེད་པར་ དོགས་པ ་བཟློག་པའི་ཕྱིར། གསང་སྔགས་བསམ་གཏན་ཞེས་བྱ་བ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པར་རིག་པར་བྱའོ། །རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་དེ་ཉིད་ཀྱི་རང་བཞིན་བསྟན་པའི་དོན་ནི་བཞི་པ་སྟེ། དེ་ལ་མཁས་པར་བྱ་བའི་ཕྱིར། །ལྷ་ཡི་སྐུ་ཡི་གནས་དེ་ལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནས། ཡན་ལག་བཅུ་ཡི་ཆོ་ག་ལས། །ཞེས་བྱ་བའི་མཐའི་བར་དུ་རིག་པར་བྱའོ། །དེ་བཞིན་དུ་སྔོན་གྱི་ལས་ཀྱི་བག་ཆགས་ལངས་པའི་དབང་ངམ། མི་མཐུན་པ་མ་སྤངས་པས་ཉེས་པ་གང་འབྱུང་བ་ལས་གསང་སྔགས་གཞན་དུ་ཕྱོགས་པར་འགྱུར་ཏེ། དེ་བསྟན་པའི་དོན་ནི་ལྔ་པ་སྟེ། དེ་དག་ཤེས་ནས་ཡོངས་སུ་སྤང་བའི་ཕྱིར། མ་དད་པ་དང་སྙོམ་པ་དང༌། །བཀྲེས་སྐོམ་ཟིལ་གནོན་དེ་བཞིན་ཏེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པ་ནས། གསང་སྔགས་དེ་ལས་གཞན་དུ་ཕྱོགས། །ཞེས་བྱ་བའི་མཐའི་བར་དུ་རིག་པར་བྱའོ། །དེ་ནས་གཞན་ཡང་ཡོན་ཏན་གང་དག་འབྱུང་བ་ལ། གསང་སྔགས་སྤྱན་རས་གཟིགས་ཀྱིས་འཚོ་བའི་བདག་ཉིད་མངོན་དུ་གྱུར་པ་དེ་བསྟན་པའི་དོན་ནི་དྲུག་པ་སྟེ། གང་ཞིག་ཀུན་དུ་ཞེན་པ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པར་རིག་པར་བྱའོ། །དེ་བཞིན་དུ་གསང་སྔགས་སྤྱན་རས་གཟིགས་ཀྱིས་འཚོ་བའི་མཚན་ཉིད་མངོན་དུ་གྱུར་ནས་སྒྲུབ་པ་པོ་ལ་ཡོན་ཏན་གང་འབྱུང་བ་དེ་བསྟན་པའི་དོན་ནི་བདུན་པ་སྟེ། ལྷ་དང་ལྷ་མིན་སེམས་ཅན་ནི། །དབང་ཕྱུག་ཡེ་ཤེས་འཇུག་པ་རྣམས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་བསྟན་པར་ཤེས་པར་བྱའོ། །དེ་ནས་ཡང་མངོན་དུ་གྱུར་པའི་ཚེ་ཡོན་ཏན་བྱུང་ན་ལུས་དང་སེམས་དྲེགས་པ་སྐྱེ་སྟེ། བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་མི་འཛིན་སྲིད་དེ། དེ་བས་ན་དེ་དགག་པའི་ཕྱིར་བརྒྱད་པ་སྟེ། གསང་སྔགས་ལྷ་ཡི་མངོན་ཕྱོགས་པའི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་བཞིན་དུ་མངོན་དུ་ཕྱོགས་པའི་ཚེ་ན་བཟླས་བརྗོད་ལ་སོགས་པའི་དགེ་བ་ལ་འབད་པའི་མཚན་ཉིད་ལ་ཞེན་པའི་ཕན་ཡོན་བསྟན་པའི་དོན་ནི་དགུ་པ་སྟེ། མངོན་དུ་ཕྱོགས་པའི་གནས་ཐོབ་ན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །དེ་ནས་གཞན་ཡང་ཇི་སྐད་བཤད་པའི་མཚན་ཉིད་ལ་ཞེན་པའི་ཡུལ་བསྟན་པའི་ཕྱིར་བཅུ་པ་སྟེ། སྤྲོ་ཞིང་སྟོབས་དང་ལྡན་པ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་བཞིན་དུ་གསང་སྔགས་ཉེ་བར་གྱུར་པའི་གནས་སྐབས་ཀྱི་རྒྱུར་གྱུར་བ་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་གོམས་པ་ལས་བྱུང་བ་སྒྲུབ་པ་པོའི་ཡོན་ཏན་བསྟན་པའི་ཕྱིར་བཅུ་གཅིག་པ་སྟེ། གནས་དང་ཟས་དང་གྲང་བ་དང༌། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞིས་བསྟན་པར་ཤེས་པར་བྱའོ། །དེ་བཞིན་དུ་གསང་སྔགས་ཉེ་བར་གྱུར་བ་དང༌། གསང་སྔགས་གྲུབ་པའི་ཕན་ཡོན་དང་འབྲས་བུ་རྣམ་པར་ཕྱེ་སྟེ་བསྟན་པའི་ཕྱིར་བཅུ་གཉིས་པ་སྟེ། ནམ་ཞིག་ཉེ་བར་གྱུར་པ་ན། །ཞེས་བྱ་བ་ལ་
སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པར་ཤེས་པར་བྱ་སྟེ་དེ་དག་ཐམས་ཅད་ནི་བསྡུས་པའི་དོན་ཏོ། །ད་ནི་དངོས་པོ་དེ་དག་གི་སོ་སོའི་དོན་གྱི་ཡན་ལག་རྣམ་པར་ཕྱེ་སྟེ་བརྟག་པའི་སྐབས་དབྱེའོ། །དེ་ལ་བཟླས་བརྗོད་དང༌། བསམ་གཏན་དང༌། རྣལ་འབྱོར་གྱི་མཚན་ཉིད་དེ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཀྱི་མན་ངག་མི་མཐུན་པའི་ཕྱོགས་དང་གཉེན་པོར་བཅས་ཤིང་ཕན་ཡོན་དང་བཅས་པ་རྡོ་རྗེ་འཛིན་ལས་ཚངས་པའི་མེ་ཏོག་ཅེས་བྱ་བས་ཐོས་ནས་ཚངས་པ་མི་འཆི་བ་ཞེས་བྱ་བ་ལ་བསྟན་པར་བསམས་པའི་ཚིག་གིས་འདི་ལྟ་སྟེ། དེ་ནས་ཡེ་ཤེས་ཀུན་རྫོགས་པ། །རིག་སྔགས་གསང་སྔགས་ཐབས་ཆེན་དེ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་བཤད་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུམ་བསྟན་པ་དང་བཤད་པར་བྱའོ་ཞེས་བྱ་བ་འདི་དང་འབྲེལ་ཏོ། །དེ་ནས་ཞེས་བྱ་བའི་ཚིག་ནི་སྐབས་ཀྱི་དེ་མ་ཐག་པ་སྟེ། གང་གི་ཕྱིར་འདི་ནི་བྱ་བའི་རྒྱུད་འཕགས་པ་རྡོ་རྗེ་གཙུག་ཏོར་གྱི་ཕྱོགས་གཅིག་པ་སྟེ། དེར་ཡང་འདིའི་སྔོན་རོལ་དུ་དོན་གཞན་ཡང་འདས་པའི་ཕྱིར་རོ། །དེ་ཞེས་བྱ་བ་འདི་ནི་རིག་སྔགས་དང༌། གསང་སྔགས་ཀྱི་ཐབས་ཆེན་པོ་ཞེས་བྱ་བ་འདི་དང་འབྲེལ་ཏོ། །སྔར་བཤད་པ་ལ་སྙེགས་པའི་ཚིག་དེ་ཞེས་བྱ་བ་འདིས་ནི་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་བསྟན་པར་ཐོག་མ་ཉིད་དུ་ཉན་པ་པོས་གསོལ་བ་བཏབ་པར་སྟོན་པ་སྟེ། དེས་འདི་སྐད་སྨྲས་པར་འགྱུར་རོ། །ཁྱོད་ཀྱིས་རིག་སྔགས་དང་གསང་སྔགས་ཀྱི་ཐབས་སྔར་གང་དྲིས་པ་དེ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་རིག་སྔགས་དང་གསང་སྔགས་ཀྱི་ཐབས་དེ། དེ་ཉིད་ཡེ་ཤེས་ཀུན་རྫོགས་པ། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བྱེ་བྲག་ཏུ་བསྟན་ཏེ། དེ་ལ་ཡེ་ཤེས་ཀུན་རྫོགས་པ་ཞེས་བྱ་བ་ཡེ་ཤེས་ནི་ཡོངས་སུ་དག་པའི་སེམས་ཀྱི་ཁྱད་པར་གྱི་མཚན་ཉིད་དོ། །དེ་ཀུན་དུ་རྣམ་པ་ཐམས་ཅད་དུ་གང་གོམས་པས་ཀུན་དུ་རྫོགས་པར་འགྱུར་བ་དེ་ནི། ཡེ་ཤེས་ཀུན་རྫོགས་ཞེས་བྱའོ། །དེ་བས་ན་འདི་ལྟར་དགོངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡོངས་སུ་དག་པ་གང་ཡིན་པ་དེ་ཡང་མངོན་དུའམ། བརྒྱུད་དེ་འོག་
ནས་འཆད་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་གོམས་པ་ལ་འགྲུབ་སྟེ། དེ་བས་ན་འདིས་ཀྱང་འཁོར་བ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པའི་རྒྱུ་ཡིན་པས་དེ་བསྟན་ཏོ། །འདི་ལྟར་ལྷའི་ཆོས་ཀྱི་སྐུ་གོམས་པར་བྱེད་པའི་མཚན་ཉིད་རིག་སྔགས་ཀྱི་ཐབས་ཏེ། འཁོར་བ་ལས་རྣམ་པར་ཐར་པའི་རྒྱུ་ཡིན་པར་འོག་ནས། སྒྲ་མཐར་ཐར་པ་སྟེར་བ་ཉིད། །ཅེས་དངོས་སུ་འཆད་དོ། །ཡང་ན་ཡེ་ཤེས་ཀྱིས་ཀུན་རྫོགས་པས་ན་ཡེ་ཤེས་ཀུན་རྫོགས་པའོ། །དེ་ལ་ཡེ་ཤེས་ཡོངས་སུ་དག་པའི་སེམས་གཉིས་སུ་མེད་པ་རྣམ་པ་མེད་པའི་དེ་ཉིད་ལས་ཡེ་ཤེས་ཞེས་བྱ་སྟེ། དེས་ཀུན་དུ་ཡོངས་སུ་རྫོགས་ཤིང༌། ཡོངས་སུ་རྫོགས་པར་བྱ་བས། རྣམ་པ་ཐམས་ཅད་དུ་རྟོགས་ནས་བཤད་པ་ན་དེ་སྐད་ཅེས་བྱའོ། །འདི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡང་བཟླས་བརྗོད་ཀྱི་ཡན་ལག་བཞི་དང༌། མེ་ལ་གནས་པ་ལ་སོགས་པའི་སྒྲའི་སྦྱོར་བའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཀྱི་རང་བཞིན་ཡན་ལག་ཅི་ཙམ་གྱིས་དངོས་གྲུབ་མཆོག་དང་འབྲིང་ལ་སོགས་པ་ཐོབ་པར་རིག་སྔགས་དང་གསང་སྔགས་དང་སྦྱར་དགོས་པ་དེ་ཙམ་གྱི་ཡན་ལག་རྣམས་བསྟན་པས་ཡོངས་སུ་རྫོགས་པར་རིག་པར་བྱའོ། །འདི་ལྟར་སེམས་ཡོངས་སུ་དག་པའི་བྱེ་བྲག་ལ་གནས་པའི་རྣལ་འབྱོར་པ་རྣམས་སྨྲ་བ་ལ་སོགས་པའི་མི་སྲིད་མོད་ཀྱི། འོན་ཀྱང་དེའི་དབང་དང༌། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འདུལ་བ་རྣམས་ཇི་ལྟར་འདོད་པར། རིག་སྔགས་དང་གསང་སྔགས་ཀྱི་ཐབས་སྟོན་པའི་མདོ་སྡེ་དང་རྒྱུད་དང་ཆོ་ག་ཞིབ་མོ་ཉིད་ལ་སོགས་པའི་ངེས་པའི་ཚིག་རྣམས་སྣང་བ་སྲིད་པས་ན། །ཡོངས་སུ་དག་པའི་ཡེ་ཤེས་ཀུན་དུ་རྫོགས་པ་ཞེས་བྱའོ། །ཡང་ན་འཇིག་རྟེན་ལས་འདས་པ་རྣམས་པ་མེད་པའི་ཡེ་ཤེས་ཀྱི་ཕྱི་ནས་ཐོབ་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བཤད་པ་སྲིད་པས་ན། ཡེ་ཤེས་ཀུན་དུ་རྫོགས་པ་ཞེས་གསུངས་སོ། །འདིས་ཀྱང་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་མཐུས། །དེ་དག་བཤད་པར་བྱ་བ་ཡིན་གྱི་རྟོག་གེ་པའི་དཔྱོད་པས་ཆུད་པའི་ཤེས་པས་བསྟན་པར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་འདིར་ཚིག་
བཤད་པའི་དོན། བཅོམ་ལྡན་འདས་རྣམས་ཀྱིས་འདི་ལྟར་བསྟན་པར་ཡང་མངོན་ཏེ། འདི་ལྟ་སྟེ་ཡེ་ཤེས་ཀྱིས་རྣམ་པར་ཐམས་ཅད་ཀུན་དུ་རྫོགས་ཤིང་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་ནས་ཡོངས་སུ་རྫོགས་པའི་རིམ་པས་བསྟན་པའོ་ཞེས་བྱ་བས་མངོན་ནོ། །ཡི་ཤེས་ཀུན་རྫོགས་པ་དེ་ཡང་གང་ཞེ་ན། གསུངས་པ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་ཞེས་བྱ་བའོ། །དེ་ལ་དེ་ནི་རིག་སྔགས་དང་གསང་སྔགས་དག་གི་ཐབས་ཀྱང་དེ་ཡིན་ལ། ཆེ་བ་ཡང་ཡིན་པས་ན། རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོའོ་ཞེས་བྱའོ། །དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་ཀྱི་ལྷ་དང༌། དེ་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང༌། གཟུགས་དང་ཕྱག་རྒྱ་དང༌། ཚིག་དང་ཡི་གེ་དང་སྒྲ་དང༌། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སོ་སོར་རང་གིས་རིག་པ་སྟེ། བྱིན་གྱིས་རླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན་དུ་མི་རུང་ངོ༌།། གང་ཡང་དེ་དག་གི་གཟུགས་ཀྱི་སྐུ་ལ་སོགས་པར་སྣང་བའི་གཟུགས་ཀྱི་བདག་ཉིད་རང་བཞིན་དེ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འདུལ་བའི་འགྲོ་བ་མང་པོ་ཐམས་ཅད་ཀྱི་རྒྱུད་ལ་སྣང་བར་འགྱུར་བས། །དོན་བྱེད་པར་ཤེས་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ལ་གནས་པ་རྣམས། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་མཛད་དོ་ཞེས་བྱ་བའི་དོན་འདི་ཡང་ངེས་པར་ཁས་བླངས་བར་བྱའོ། །གཞན་དུ་ན་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མངོན་དུ་བཏང་ཞིང་བྱེད་པ་རྣམས་ནི། །མི་ཕལ་བ་རྣམས་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པར་མི་སྲིད་པར་འགྱུར་རོ། །ཡང་ན་བསམ་གཏན་ལ་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ།
རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ལ་གནས་པ་རྣམས་ཀྱང་གདུལ་བྱ་རྣམས་ལ་དེ་བཞིན་དུ་སྣང་བ་མི་ཕལ་པ་བཞིན་དུ་ལྷུན་གྱིས་གྲུབ་པ་ཉིད་དུ་བསྐྱེད་དོ། །ཡང་འདི་བདག་ཅག་ལྟ་བུའི་ཡུལ་མ་ཡིན་ཏེ། བསམ་པ་འདིས་ཅི་ཞིག་བྱ་སྟེ་གཏང་བར་བྱའོ། །རིག་སྔགས་དང་གསང་སྔགས་དག་གི་ངེས་པའི་ཚིག་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་མཛད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང༌། དོན་ཕུན་སུམ་ཚོགས་པ་ཐོབ་པའམ། འདིས་ཇི་ལྟར་གྱུར་པའི་དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་རིག་པས་ན་རིག་པ་སྟེ། ཇི་ལྟར་སྲིད་པར་ལྷ་རྣམ་པ་དྲུག་རང་གི་རང་བཞིན་ལ་རིག་སྔགས་ཞེས་བྱའོ། །ཤེས་པ་དང་སྐྱོབ་པ་དང་ལྡན་པའམ། གསང་སྟེ་བརྗོད་པའི་ཕྱིར་གསང་སྔགས་ཏེ། རང་བཞིན་སྔ་མ་ཡིན་ནོ། །ཐབས་ཤེས་ཞེས་བྱ་བ་ནི་ཀ་ལ་ཞེས་བྱ་སྟེ། ཀ་ལ་ཞེས་བྱ་བའི་སྒྲ་ཡང་ཁ་ཅིག་ཏུ་ནི་ཡན་ལག་ལ་བྱ་བ་ཡང་ཡོད་དེ། དཔེར་ན་ལྷའི་ཆ་ཤས་རྫོགས་པར་བྱ་བ་ལྟ་བུ་སྟེ། ལྷ་ཡན་ལག་དང་བཅས་པར་བྱ་བར་ཤེས་པར་འགྱུར་རོ། །དེ་བཞིན་དུ་ཟླ་བའི་ཆ་ཤས་ཞེས་བྱ་བ་ལྟ་བུ་སྟེ། ཁ་ཅིག་ཏུ་ནི་ཡན་ལག་ཉི་ཚེ་ཙམ་ལ་ཡང་བྱའོ། །དེ་བཞིན་དུ་ལྷ་ཆ་ཤས་དང་བཅས་པ་ཞེས་བྱ་བ་འདིར་ཡང༌། སྒྲའི་ཡན་ལག་དང༌། གཟུགས་ཀྱི་ཡན་ལག་རྣམས་དང་ལྡན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཀ་ལ་ཞེས་བྱ་བའི་སྒྲ་ཁ་ཅིག་ཏུ་ནི་དངོས་པོ་འགའ་ཞིག་མངོན་པར་སྒྲུབ་པར་བྱེད་པ་དང༌། རང་གི་བྱ་བ་ལ་སྦྱོར་བར་བྱེད་པ་ལ་ཡང་བྱ་སྟེ། དཔེར་ན་མདའ་གཞུའི་མཚོན་ཆ་ལ་སོགས་པའི་ཐབས་ཀྱི་སྒྲ་ལྟ་བུ་སྟེ། དེ་ཡང་གང་གི་མདའ་གཞུ་ལ་སོགས་པ་སྒྲུབ་ཅིང༌། རང་གི་བྱ་བ་ལ་སྦྱོར་བ་དེར་མངོན་པར་སྒྲུབ་པར་བྱེད་པ་དང༌། བྱ་བ་ལ་སྦྱོར་བ་དག་ཡིན་ནོ། །འདི་ལྟར་མདའ་གཞུའི་ཐབས་ཤེས་སོ་ཞེས་སྨྲས་ནམ་མདའ་གཞུ་ལ་སོགས་པ་བྱེད་པའི་ཆོ་ག་དང་དེ་འཕེལ་བའི་ཆོ་ག་ཤེས་སོ་ཞེས་བྱ་བར་མངོན་ན། ཀ་ལ་ཞེས་བྱ་བའི་སྒྲ་ཁ་ཅིག་ཏུ་ནི་རང་གི་བྱ་བ་ལ་སྦྱོར་བར་བྱེད་པ་ཉིད་ལ་བྱ་སྟེ། དཔེར་ན་གླང་པོ་ཆེའི་ཐབས་ཤེས་ཞེས་བྱ་བ་ལྟ་བུའོ། །དེར་ཡང་ཆོ་ག་གང་གིས་གླང་པོ་ཆེ་རང་གི་བྱ་བ་ལ་སྦྱོར་བར་བྱེད་པ་དེ་ཉིད་ལ་ཐབས་ཞེས་བྱའི་གླང་པོ་ཆེ་སྐྱེད་པར་བྱ་བ་ལ་ནི་མི་བྱའོ། །དེ་ལྟར་ན་ཀ་ལ་ཞེས་བྱ་བའི་སྒྲ་ནི་དེ་ལ་སོགས་པའི་
དོན་རྣམ་པ་དུ་མ་ལ་སྙེགས་པས་སྐབས་དང་སྦྱར་ཞིང་གཟུང་བར་བྱའོ། །དེ་ལ་འདིར་རིག་སྔགས་དང་གསང་སྔགས་དག་གི་ཐབས་ཆེན་པོ་ཞེས་བྱ་བ་དེ་ནི་རིག་སྔགས་དང་གསང་སྔགས་དག་རང་གི་ལས་ལ་སྦྱོར་བར་བྱེད་པ་ཉིད་ལ་ཐབས་ཀྱི་ཚིག་ཏུ་གདགས་ཀྱི་ཡན་ལག་དང་སྐྱེད་པའི་བྱེད་པ་ལ་ནི་མི་བྱའོ། །འདི་ལྟར་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་རྣམ་པར་དབྱེ་བ་ཡང༌། ཡན་ལག་བཞིའི་བཟླས་བརྗོད་ཀྱི་ཆོ་ག་དང༌། མེ་ལ་གནས་པ་ལ་སོགས་པ་སྒྲའི་ཆོ་གས་མཛད་དོ། །བཟླས་བརྗོད་ལ་སོགས་པ་འདི་དག་ཀྱང་རིག་སྔགས་དང་གསང་སྔགས་རྣམས་ཀྱི་རང་གི་ལས་ལ་སྦྱོར་བ་ཉིད་དུ་དམ་པ་རྣམས་ཀྱིས་བཤད་ཏེ། རིག་སྔགས་ལ་སོགས་པ་བསྐྱེད་པ་ནི་མ་ཡིན་ནོ། །ཕྲ་བ་ཞེས་བྱ་བ་ནི་དེ་ཡོད་ཀྱི་ལས་ཀྱིས་ཤེས་པར་བྱ་བས་ན་ཕྲ་བ་སྟེ། འདི་ལྟར་རང་གི་སེམས་ཡོངས་སུ་སྦྱང་བ་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་བྱེད་པ་ན། གསང་སྔགས་དང་དེ་བཞིན་གཤེགས་པ་བཞི་དང་ཟླ་བའི་དཀྱིལ་འཁོར་རྣམས་བསམ་པ་ནི་ཡིད་ཀྱི་ལས་འདི་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷ་ཆེན་པོ་ལ་སོགས་པས་ཀྱང༌། རིག་སྔགས་དང་གསང་སྔགས་ཀྱི་ཐབས་བཤད་དེ། དེ་བས་ན་བྱེ་བྲག་ཏུ་ཕྱེ་བ་དེ་བཞིན་གཤེགས་པས་གསུངས་ཞེས་བཤད། །དེ་ལ་གསུངས་པ་ནི་བཤད་ཅེས་བྱ་བའི་ཐ་ཚིག་གོ །ཀློག་པ་དང་ཉན་པ་དང་འདོན་པའི་སྒོ་ནས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་ནན་ཏན་དུ་བྱ་བ་སྲིད་པས་ན་བྱེ་བྲག་ཏུ་བྱ་བའི་ཕྱིར། བསམ་གཏན་གྱིས་ཀྱང་ཤིན་ཏུ་བརྒྱན། །ཞེས་གསུངས་སོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་ཇི་ལྟར་སྲིད་པ་བསམ་པ་ནི་བསམ་གཏན་དེ་བསམ་གཏན་དེས། བདག་གི་དེ་ཁོ་ན་ཉིད་དང་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་ཐབས་ཀྱིས་ཀུན་དུ་བརྒྱན་པ་ནི་དེ་བཞིན་གཤེགས་པའི་གཞི་ལ་སོགས་པ་སེམས་ཅན་གསལ་བར་སྣང་བའི་སྒོ་ནས་ཡོངས་སུ་རྫོགས་པར་མཛེས་པར་བྱས་ཞེས་བྱ་བའི་དོན་ཏོ། །བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་མཚན་ཉིད་རིག་སྔགས་ལ་སོགས་པའི་ཐབས་དེ་ཡང༌། སྲོག་དང་རྩོལ་བ་ལ་སོགས་པ་མེད་ན་རྫོགས་པར་བྱེད་པ་མི་
ནུས་པས་ན། རྣལ་འབྱོར་ཐབས་ནི་ཀུན་བསྟན་པ། །ཞེས་བྱ་བ་གསུངས་སོ། །ཀུན་ནི་མ་ལུས་པ་སྟེ་ལྷ་རྣམ་པ་དྲུག་ལས་ཇི་ལྟར་སྲིད་པ་དང༌། སྦྱོར་བའི་རྣལ་འབྱོར་གྱི་ཐབས་ཀྱི་ཡན་ལག་སླར་སྡུད་པ་དང༌། སྲོག་དང་རྩོལ་བ་ལ་སོགས་པའི་མཚན་ཉིད་བསྟན་པ་ནི་བཤད་པའོ། །རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་གང་ཡིན་པ་རྣལ་འབྱོར་དེའི་ཐབས་ཐམས་ཅད་ཀྱང་བསྟན་པ་སྟེ། རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་བཤད་ཅེས་བྱ་བའི་དོན་ཏོ། །དེས་ན་འདི་སྐད་དུ་རིག་སྔགས་ཀྱི་ཐབས་དེ་ཉིད་འབའ་ཞིག་བཤད་པ་མ་ཡིན་གྱི་སླར་སྡུད་པ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་དང་བཅས་པར་བཤད་དོ་ཞེས་སྨྲས་པར་འགྱུར་རོ། །ཡང་འདི་གནོད་པ་སེལ་ནུས་པའི་སྒོ་ནས་བྱེ་བྲག་ཏུ། །སྡུག་བསྔལ་སྡིག་པ་སེལ་བ་སྟེ། །ཞེས་གསུངས་སོ། །དེ་ལ་སྡུག་བསྔལ་ནི་ལུས་དང་སེམས་ལ་གནོད་པའི་མཚན་ཉིད་བཀྲེས་པ་དང་སྐོམ་པ་དང་གསད་པ་དང་བཅིངས་པ་དང་ཡིད་མི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །སྡིག་པ་ནི་ལུས་ལ་སོགས་པ་ལས་བྱུང་བ་ལ་མི་འདོད་པའི་ལས་ཀྱི་བག་ཆགས་སེམས་ལ་ཡོད་པ་སྟེ། དེ་དག་བཟླས་བརྗོད་ལ་སོགས་པའི་མཚན་ཉིད་རིག་སྔགས་ལ་སོགས་པའི་ཐབས་ཀྱིས་སེལ་བའི་ངང་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་ལས་ཚངས་པས་མངོན་དུ་ཐོས་པ་བསྟན་ཏོ། །སྐྱེ་དང་འཆི་བ་འཇིག་བྱེད་པ། །ཞེས་བྱ་བ་ནི་དེ་ངེས་པར་ལེགས་པའི་གནས་ཐོབ་པའི་རྒྱུ་ཡིན་པར་བསྟན་ཏེ། འདི་ལྟར། སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། སྒྲ་མཐར་ཐར་པ་སྟེར་བ་ཉིད། །ཅེས་བྱ་བ་འོག་ནས་འཆད་པའི་ཕྱིར་རོ། །ཀུན་དུ་མི་ཚུགས་ཞེས་བྱ་བའི་ཡུལ་དང་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་གནོད་པ་སྦྱོར་བ་ནས་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་མཚན་ཉིད་རིག་སྔགས་ཀྱི་ཐབས་ཀྱི་འབྲས་བུའི་མཐུ་ལ་གནོད་པར་བྱེད་མི་ནུས་ཏེ། དེ་བས་ན་ཀུན་དུ་མི་ཚུགས་སོ་ཞེས་བྱའོ། །བསྟན་པ་སྟེ་ཞེས་བྱ་བ་ནི་སྲོག་དང་རྩོལ་བའི་སྦྱོར་བ་ལ་སོགས་པས་གོམས་པར་བྱེད་པའི་ཚེ་སེམས་མ་ཞི་བའི་མཚན་ཉིད་མི་བརྟན་པ་མེད་པས་ན་བརྟན་པ་སྟེ། ཞི་བ་ཞེས་བྱ་བའི་དོན་ཏོ། །འདི་
དང་ཕ་རོལ་བྱེད་པར་གནས། ཞེས་བྱ་བ་ནི་དེ་ལ་ཕ་རོལ་དང་འདི་བས་ན་འདི་དང་ཕ་རོལ་དག་གོ །དེ་དག་བྱེད་པ་ནི་སྐྱེད་པ་སྟེ། ཕ་རོལ་དང་འདི་བྱེད་པའོ། །ཕ་རོལ་དང་འདི་བྱེད་པ་དེའི་རྒྱུའི་ངོ་བོར་གནས་པའི་འཇུག་པ་སྟེ། ཕ་རོལ་དང་འདི་བྱེད་པར་གནས་པའོ། །དེ་ལ་ཕ་རོལ་ནི་འཇིག་རྟེན་ཕ་རོལ་ལོ། །འདི་ནི་འཇིག་རྟེན་འདིའོ། །འདི་ཡང་སྤྱིར་འཇིག་རྟེན་ཕ་རོལ་དང༌། འཇིག་རྟེན་འདི་དག་བསྐྱེད་པ་ཙམ་དུ་བསྟན་པ་འདི་སྟོན་མོད་ཀྱི། འོན་ཀྱང་བདག་ཉིད་ཆེ་བ་སྟོན་པའི་སྐབས་ཡིན་པས་ན་འདོད་པའི་འབྲས་བུ་ཁྱད་པར་ཅན་སྒྲུབ་པའི་སྒོ་ནས་འཇིག་རྟེན་གཉིས་ཀའི་རྒྱུར་གནས་པར་རིག་པར་བྱ་སྟེ། འདིས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་ཆེན་པོ་དེ་དག་མངོན་པར་མཐོ་བའི་རྒྱུར་བསྟན་ཏོ། །དཀྱིལ་འཁོར་ཆེན་པོ་ལ་སོགས་འབྱུང༌། །ཞེས་བྱ་བ་དཀྱིལ་འཁོར་ཆེན་པོ་རྣམས་ནི་བྱ་བའི་རྒྱུད་ཀྱི་ཆོ་གར་གཏོགས་པའི་རིགས་གསུམ་གྱི་དཀྱིལ་འཁོར་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་དང༌། རབ་ཏུ་གནས་པ་དང༌། རྣམ་པར་གནོན་པ་ལ་སོགས་པ་རིགས་གསུམ་གྱི་དཀྱིལ་འཁོར་རྣམས་བྱ་བའི་རྒྱུད་ཀྱི་ཆོ་གར་གཏོགས་པའོ། །སོགས་པའི་ཚིག་གིས་ནི་རིགས་སོ་སོ་དང༌། ལྷ་སོ་སོའི་བྱེ་བྲག་གི་དཀྱིལ་འཁོར་རྣམས་ཀྱང་བསྡུའོ། །དེ་བས་ན་ཚིག་གི་དོན་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྣམས་གང་གོམས་པ་ལས་བྱེ་བྲག་ཏུ་འབྱུང་བ་དེ་ནི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་འབྱུང་བ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་དང༌། མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་བདག་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་ལ་བྱའོ། །འདིས་ཀྱང་རིག་སྔགས་ལ་སོགས་པའི་ཐབས་དེ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་མང་པོའི་རྒྱུ་ཡིན་པར་བསྟན་ཏོ། །རིག་སྔགས་ཀྱི་ཐབས་ལས་ཡོན་ཏན་རིན་པོ་ཆེ་མཐའ་ཡས་པ་འབྱུང་བ་དེའི་མཐུས་ཚིག་རེ་རེ་ནས་བསྒྲགས་པར་བྱ་མི་ནུས་པས་མདོར་བསྟན་པ། འདོད་པའི་དོན་ནི་རྗེས་སུ་སྒྲུབ། ཅེས་གསུངས་ཏེ། དེས་འདི་སྐད་གསུངས་པ་ཡིན་ནོ། །ངེས་པར་
ལེགས་པ་དང༌། མངོན་པར་མཐོ་བའི་རྒྱུར་གྱུར་པའི་དོན་གང་འདོད་པ་དེ་དག་ཉིད་འདི་གོམས་པ་ལས་བྱུང་ངོ་ཞེས་པ་སྟེ། དེ་ལྟ་བུའི་རིག་སྔགས་དང༌། གསང་སྔགས་ཀྱི་ཐབས་ཆེན་པོ་བཤད་པར་བྱའོ་ཞེས་བྱ་བ་ལ་འོག་ནས་འབྱུང་བ་དང་སྦྱར་རོ། །རིག་སྔགས་དང་གསང་སྔགས་མཉེས་པར་བྱ་བའི་ཆོ་ག་ཐབས་ཞེས་བྱ་བ་དེ་ཡང་རྣམ་པ་གཉིས་ཏེ། གཅིག་གི་དམ་ཚིག་འཛིན་པ་དང༌། དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། མཆོད་པ་ལ་སོགས་པ་ངེས་པའི་མཚན་ཉིད་དོ། །དེ་ལས་གཞན་པ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང༌། མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་རང་བཞིན་ནོ། །དེ་གཉིས་ལས་འདིར་ནི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བ་ལ་སྒྲ་དང་སེམས་དང༌། བཞིའི་བསམ་གཏན་དང་མེ་ལ་གནས་པ་དང༌། སྒྲའི་བསམ་གཏན་ལ་སོགས་པའི་མཚན་ཉིད་ཀྱི་ཐབས་ཞེས་བྱ་བ་ཉིད་རྟག་པར་བྱ་སྟེ། དེ་བསྟན་པའི་ཕྱིར། །ཆོ་ག་གང་དང་གང་དག་གིས། །བསམ་གཏན་ལས་ལ་གང་གནས་པ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དེ་དག་མ་ལུས་བཤད་པར་བྱ། །ཞེས་གསུངས་སོ། །དེ་ལ། ཆོ་ག་གང་དང་གང་དག་གིས། །ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་མེ་ལ་གནས་པ་ལ་སོགས་པ་སྒྲའི་ཆོ་གས་སོ། །གང་གནས་པ་ཞེས་བྱ་བ་ནི་རིག་སྔགས་ལ་སོགས་པའི་ཐབས་ཏེ། རིག་སྔགས་ལ་སོགས་པ་རྣམས་སྒྲུབ་པའི་ཐབས་སོ། །ཡུལ་གང་ལ་དེ་གནས་ཤེ་ན། བསམ་གཏན་ལས་ལ་ཞེས་གསུངས་ཏེ། གསང་སྔགས་ལ་སོགས་པ་སེམས་པའི་མཚན་ཉིད་བསམ་གཏན་གྱི་བྱ་བ་ལ་གནས་ཞེས་བྱ་བའི་དོན་ཏོ། །དེ་དག་བཤད་པར་བྱ་ཞེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང་མེ་ལ་གནས་པ་ལ་སོགས་པའི་རང་བཞིན་དུ་བསམ་གཏན་གྱི་ལས་ལ་གང་གནས་པ་གང་ཡིན་པ་དེ་ཉིད་བཤད་པའོ། །མ་ལུས་ཞེས་བྱ་བ་ནི་ཆོ་ག་གང་དང་གང་དག་གིས་གནས་པའི་ཆོ་ག་དེ་མ་ལུས་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །ཞེས་བྱ་བ་ནི་ཕྱག་བྱས་ནས་དམ་པའི་སྤྱོད་པའི་རྗེས་སུ་འཇུག་པ་བསྟན་ཏོ། །དེས་ཀྱང་འདི་སྐད་བསྟན་ཏེ། བསམ་གཏན་གྱི་ལས་ཉིད་
ལ་རིག་སྔགས་ལ་སོགས་པའི་ཐབས་བཤད་པ་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་བསམ་གཏན་གྱི་མཚན་ཉིད་ཡིན་པ་དེ་ཉིད་བསྟན་གྱི། དམ་ཚིག་དང༌། དབང་བསྐུར་བ་དང༌། སྦྱིན་སྲེག་ལ་སོགས་པའི་མཚན་ཉིད་བསྟན་པ་ནི་མ་ཡིན་ཏེ། དེ་དག་གཞན་དུ་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་མཚན་ཉིད་རིག་སྔགས་ལ་སོགས་པའི་ཐབས་ཀྱིས་བསམ་གཏན་དེ་ཡང་ཅི་དགོས་ཤེ་ན། གསང་སྔགས་བསམ་གཏན་ཞེས་བྱ་བ། མཆོག་ཏུ་གསང་བ་ཡང་དག་གསུངས། དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང༌། དེ་དག་མེད་ན་མི་འགྲུབ་པོ། །ཞེས་བྱ་བ་གསུངས་སོ། །དེས་ནི་འདི་སྐད་བསྟན་ཏེ། གསང་སྔགས་ཀྱི་བསམ་གཏན་མེད་ན། གསང་སྔགས་ལ་མངོན་པར་བརྩོན་པའི་དྲངས་སྲོང་རྣམས་ཀྱང་མི་འགྲུབ་སྟེ། དེ་བས་ན་གསང་སྔགས་ཀྱི་བསམ་གཏན་བཤད་པར་བྱའོ་ཞེས་བསྟན་པའོ། །དེ་ལ་འདིར་གསང་སྔགས་རྣམས་ཀྱི་བསམ་གཏན་ནི་རྣམ་པ་གཉིས་ཏེ། བཟླས་བརྗོད་ཀྱི་ཡན་ལག་བཞི་དང༌། མེ་ལ་གནས་པ་དང༌། སྒྲ་ལ་སོགས་པའི་བསམ་གཏན་དང༌། དེ་ལས་གཞན་པ་ནི་རང་གི་ལྷའི་རྣལ་འབྱོར་གྱི་བསམ་གཏན་ནོ། །དེ་ལ་ཚིགས་སུ་བཅད་པ་འདིས་ནི་བཟླས་བརྗོད་ཀྱི་ཡན་ལག་བཞི་དང༌། མེ་ལ་གནས་པ་དང༌། སྒྲ་ལ་སོགས་པའི་གསང་སྔགས་ཀྱི་བསམ་གཏན་གྱི་ཕན་ཡོན་གསུངས་པ་སྟེ། དེ་ལ་གསང་སྔགས་དེ་རྣམས་ཀྱི། །བསམ་གཏན་མཆོག་ཏུ་གསང་བ་གསུངས། །ཞེས་བྱ་བ་དང་སྦྱར་རོ། །བསམ་གཏན་ཞེས་བྱ་བ་ནི་སེམས་པ་སྟེ། ཡན་ལག་བཞི་ལ་སོགས་པར་གནས་པའི་གསང་སྔགས་ཀྱི་བསམ་གཏན་ཡང་དང་ཡང་དུ་མངོན་དུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །བྱ་བ་ཞེས་བྱ་བའི་སྒྲ་ནི་སྲིད་པ་སྟེ། དེས་གསང་སྔགས་རྣམས་སེམས་པ་མཆོག་ཏུ་གསང་བ་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ །མཆོག་ནི་དམ་པའོ། །གསང་བ་ནི་མི་བསྟན་པ་སྟེ་དེས་ནི་འདི་ལྟར་དགོངས་སོ། །གསང་སྔགས་ཀྱི་བསམ་གཏན་དེ་གསང་སྔགས་ཐམས་ཅད་གྲུབ་པའི་ཡན་ལག་གི་སྙིང་པོར་གྱུར་པ་ཡིན་ཡང་རྒྱུད་སོ་སོར་དག་ཏུ་གསལ་བར་རྣམ་པར་ཕྱེ་སྟེ་མ་བསྟན་པ་ནི་སླར་སྡུད་པ་
དང། སྲོག་དང་རྩོལ་བ་ལ་སོགས་བསམ་གཏན་གྱི་ཡན་ལག་རྣམས་ནན་ཏན་དུ་བྱེད་མི་ནུས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུད་པའི་ཕྱིར་རོ། །མི་མངོན་པའི་ཚིག་ཏུ་ནི་ཐམས་ཅད་དུ་ཡང་ཕལ་ཆེར་གསུངས་ཏེ། ཕྱིས་བཤད་པར་བྱའོ། །གསང་སྔགས་ཞེས་བྱ་བ་ནི་སྒྲ་དང་ཡི་གེའི་རང་བཞིན་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལ་དགོད་པ་རྣམས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་མེད་ན་ཞེས་བྱ་བ་ནི་སྒྲ་དང་ཡི་གེ་སེམས་པའི་མཚན་ཉིད་བསམ་གཏན་དེ་དག་མེད་ན། དངོས་གྲུབ་རབ་ལ་སོགས་པ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སུ་ཞེ་ན། དྲང་སྲོང་དཀའ་ཐུབ་ཆེན་པོ་ཡང༌། །ཞེས་བྱ་བ་སྟེ། དེས་འདི་སྐད་བཤད་པར་འགྱུར་རོ། །དྲང་སྲོང་རྣམས་ཀྱང་གསང་སྔགས་བསམ་གཏན་མེད་པར་མི་འགྲུབ་ན། སྒྲུབ་པ་པོ་གཞན་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དྲང་སྲོང་ཞེས་བྱ་བས་ཀྱང་ལུས་དང་ངག་དང་ཡིད་བསྡམས་པ་དང་ལྡན་པར་བསྟན་པ་སྟེ། འདི་ལྟར་ལུས་ལ་སོགས་པ་བསྡམས་པ་ནི་ཐུབ་པ་ཞེས་བྱའོ། །ཐུབ་པ་ཡང་དྲང་སྲོང་སྒྲའི་རྣམ་གྲངས་སུ་འཇིག་རྟེན་ན་སྣང་ངོ༌། །དཀའ་ཐུབ་བོ་ཞེས་བྱ་བའི་བྱེ་བྲག་གིས་ནི་བཟླས་བརྗོད་དང་ཁྲུས་དང་སྦྱིན་སྲེག་ལ་སོགས་པའི་ཕྱི་རོལ་གྱི་བྱ་བ་རྣམས་བསྟན་ཏོ། །དེས་ནི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། བཀའ་ཐུབ་དང་ལྡན་པའི་དྲང་སྲོང་དཀའ་ཐུབ་ཆེན་པོ་དང་ལྡན་པ་ཡང༌། གསང་སྔགས་ཀྱི་བསམ་གཏན་མེད་ན་མི་འགྲུབ་བོ་ཞེས་བྱ་བར་བསྟན་ཏོ། །ད་ནི་བཟླས་བརྗོད་ཀྱི་བྱེ་བྲག་གིས་བདག་ཉིད་ཆེ་བ་བསྟན་པའི་སྒོ་ནས། བདག་ལྷ་ཉིད་དུ་གྱུར་པའི་རྣལ་འབྱོར་གྱི་མཚན་ཉིད་བསམ་གཏན་གྱི་ཕན་ཡོན་བསྟན་པ། །གསང་སྔགས་རྣལ་འབྱོར་ཅན་རྣམས་ནི། །གསང་སྔགས་བཟླས་བརྗོད་མེ་འབར་འདྲ། །སྐྱེ་དང་འཆི་བ་འཇིག་བྱེད་པ། །རྡོ་རྗེ་ཅན་གྱིས་སྔོན་གསུངས་སོ། །ཞེས་བྱ་སྟེ་དེ་ལ་གསང་སྔགས་ཀྱི་རྣལ་འབྱོར་ཅན་སྒྲུབ་པ་པོ་རྣམས་ཀྱི་གསང་སྔགས་ཀྱི་བཟླས་བརྗོད་ནི་བརྗོད་པ་སྟེ། མེ་འབར་བ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་བཟླས་བརྗོད་ཅེས་བྱ་བ་ནི་ཡིད་ལ་སྨྲ་བ་དང༌། གཤུབས་ཏེ་སྨྲ་བའི་གསང་སྔགས་ཀྱི་བཟླས་བརྗོད་དོ། །གསང་སྔགས་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྒྲ་དང༌། ཡི་གེའི་རང་བཞིན་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །གསང་སྔགས་རྣལ་འབྱོར་ཅན་རྣམས་ཀྱི། །ཞེས་བྱ་བ་ནི་གསང་སྔགས་ལྷའི་གཟུགས་ཀྱི་མཚན་ཉིད་ཀྱི་རྣལ་འབྱོར་དང་ལྡན་ཞིབ་མི་གཉིས་པ་དབྱེར་མེད་པའི་སྒྲུབ་པ་པོ་གང་ཡིན་པ་དེ་དག་གསང་སྔགས་ཀྱི་རྣལ་འབྱོར་ཅན་ཏེ། ལྷ་ཉིད་ཀྱི་རྣལ་འབྱོར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་བཟླས་བརྗོད་གང་ཡིན་པ་དེ་མེ་འབར་བ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་ལྷའི་རྣལ་འབྱོར་བྱས་པ་རྣམས་ཀྱི་བཟླས་བརྗོད་ནི་མེ་འབར་བ་དང་འདྲ་སྟེ་ཞེས་བྱ་བ་འདིས་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ནི་ལྷའི་རྣལ་འབྱོར་བྱས་ནས་བསམ་གཏན་གྱི་ཕན་ཡོན་བསྟན་ཏེ། བཟླས་བརྗོད་ཀྱི་དཔེ་མེ་འབར་བ་ལས་བླངས་པ་ཡང་འདི་ལྟར་དགོངས་ཏེ། གང་གི་ཕྱིར་བདག་གི་དེ་ཁོ་ན་ཉིད་བརྟག་པ་སྔོན་དུ་བྱས་པའི་ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་ལྷའི་རྣལ་འབྱོར་དུ་བསྟན་ཏོ། །བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་གོམས་པར་བྱེད་པ་སྟེ་འོག་ནས་འཆད་དོ། །དེ་བས་ན་ལྷའི་རྣལ་འབྱོར་བྱས་པའི་བཟླས་བརྗོད་རྩོམ་པ་ཉིད་ན་ཡང་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱི་བུད་ཤིང་བསྲེག་པའི་ཕྱིར་མེ་འབར་བ་དང་འདྲ་སྟེ། ཞེས་བརྟགས་སོ། །རང་བཞིན་ཡང་ཡན་ལག་བཞིའི་བསམ་གཏན་ལ་ཞེན་པའི་སྦྱོར་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ཡང་སངས་རྒྱས་པའི་མཐར་ཕྱིན་པའི་བར་དུ་མི་ཤེས་པའི་བུད་ཤིང་ཐམས་ཅད་བསྲེག་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན། སྐྱེ་དང་འཆི་བ་འཇིག་བྱེད་པ། །ཞེས་བྱ་བ་གསུངས་ཏེ། མངོན་དུ་དང་བརྒྱུད་པ་ལས་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བསམ་གཏན་དང་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྒྲའི་བསམ་གཏན་དེ་དག་མཇུག་བསྡུ་བའི་སྒོ་ནས་དུས་གཅིག་ཏུ་ནན་ཏན་བྱ་བར་བསྟན་པའི་ཕྱིར། དེ་བས་དེས་འདིར་གསང་སྔགས་ཀྱི། །བསམ་གཏན་ཚིམ་བྱ་མེ་དག་ལ། །དངོས་གྲུབ་འདོད་པ་དག་གིས་ནི། །རྟག་པར་རྒྱུན་དུ་སྦྱོར་བར་བྱ། །ཞེས་བྱ་བ་གསུངས་སོ། །དེ་
ལ་གང་གི་ཕྱིར་བཟླས་བརྗོད་ཀྱི་ཚེ་གསང་སྔགས་རྣམས་ཀྱི་སྒྲ་དང༌། ཡི་གེའི་རང་བཞིན་གྱི་བསམ་གཏན་གསང་བ་གསུངས་པ་དང༌། ལྷའི་རྣལ་འབྱོར་བྱས་པའི་སྔགས་པའི་བཟླས་བརྗོད་ཀྱང་མེ་འབར་བ་ཞེས་བྱ་བ་གསུངས་པ་དེའི་བཟླས་བརྗོད་བྱེད་པ་དེའི་ཕྱིར་བཟླས་བརྗོད་ཀྱི་ཚེ་དེ་བཞིན་གཤེགས་པ་ལ་སོགས་པ་བཞི་ལ་གསང་སྔགས་ཀྱི་སྒྲ་དང་ཡི་གེའི་རང་བཞིན་བཀོད་པ་སེམས་པ་ནི་བསམ་གཏན་ནོ། །ཚིམ་པར་བྱ་བ་ནི་གསལ་བར་སྣང་བར་བྱའོ། །གང་གི་དུས་སུ་ཞེ་ན་མེ་དག་ལ་ཞེས་བྱ་བ་གསུངས་ཏེ། མེ་འབར་བ་ལ་ཞེས་བྱ་བའི་དོན་ཏོ། །མེ་འབར་བ་ཞེས་བྱ་བའི་བཟླས་བརྗོད་ཀྱིས་ཀྱང་ལྷའི་རྣལ་འབྱོར་བྱས་པའི་བཟླས་བརྗོད་བསྟན་ཏེ། གང་གི་ཕྱིར་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བཟླས་བརྗོད་ཀྱི་མེ་འབར་བ་ཞེས་གསུངས་པ་དེའི་ཕྱིར་ལྷའི་རྣལ་འབྱོར་བྱས་ནས། དེ་བཞིན་གཤེགས་པ་ལ་སོགས་པ་རྣལ་འབྱོར་རྣམ་པར་བཀོད་པའི་གསང་སྔགས་ལ་དམིགས་པ་མངོན་དུ་བྱས་ཏེ། བཟླས་བརྗོད་བྱའོ་ཞེས་གསུངས་པ་ཡིན་ནོ། །མེ་དག་ལ་ཞེས་བྱ་བ་འདིས་མེ་ལ་གནས་པའི་གསང་སྔགས་ཀྱི་སྦྱོར་བའི་ཆོ་ག་འོག་ནས་འབྱུང་བ་བསྟན་ཏོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་སྐབས་མི་ཤེས་པས་ཟན་གྱི་དུས་ན་ཡང་ལན་ཚྭ་དང་ལྡན་པའི་ཚེ་དམ་ལ་སོགས་པའི་སྒྲ་ཐོས་ནས། རྟ་དང་ལྷན་ཅིག་ཏུ་ཚོད་མ་ཟ་བར་ཡིད་ཆེས་ཀྱང་སྲིད་དོ། །འདི་ལྟར་གསང་སྔགས་ཀྱི་སྦྱོར་བའི་སྐབས་རྣམ་པ་གཉིས་འཆད་པ་ནི། བཟླས་བརྗོད་ཀྱི་ཡན་ལག་བཞིའི་ཆོ་གའི་མཚན་ཉིད་དང༌། མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་མཚན་ཉིད་དོ། །དེ་ལ་ཡན་ལག་བཞིའི་བསམ་གཏན་ལ་ནི་གསང་སྔགས་གཤུབས་ཏེ་བརྗོད་པ་དང༌། ཡིད་ཀྱིས་བརྗོད་པ་གཉིས། སྔགས་བཟླས་ཡན་ལག་མ་ཉམས་པར། །ཞེས་འོག་ནས་འཆད་དོ། །མེ་ལ་གནས་པ་ལ་སོགས་པ་སྒྲའི་སྦྱོར་བ་ནི་སེམས་པ་མཚན་ཉིད་བསམ་གཏན་ཉིད་དུ་འཆད་དེ། མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བ་འགགས་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ཏོ། །བསམ་མོ་ཞེས་བྱ་བའི་ཚིག་
བསྟན་པའི་ཕྱིར་རོ། །བསམ་པ་ཡང་བསམ་གཏན་གྱི་མཚན་ཉིད་དེ། རྟོག་པ་དང་སེམས་པ་དང༌། བསམ་གཏན་ཞེས་བྱ་བ་ནི་རྣམ་གྲངས་ཡིན་པའི་ཕྱིར་རོ། །སྐབས་འདིར་ནི། རྣལ་འབྱོར་པའི་བཟླས་བརྗོད་མེ་འབར་བ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་བཤད་ནས་མཇུག་བསྡུ་བའི་ཚིག་བྱེད་པ་ན། བཟླས་བརྗོད་མེ་འབར་བ་ཞེས་བྱ་བ་དེ་ཉིད་དང༌། ལྷ་དང་གསང་སྔགས་དག་གི་བསམ་གཏན་ལ་སྦྱར་བར་རིགས་ཀྱི་སྐབས་སུ་མ་བབ་པའི་མེ་ལ་གནས་པའི་སྒྲའི་བསམ་གཏན་ལ་ནི་མི་བྱའོ། །མེ་ལ་གནས་པའི་སྒྲའི་བསམ་གཏན་དེ་ལ་ནི་ལོགས་ཤིག་ཏུ་བསམ་གཏན་ལ་སོགས་པའི་སྐབས་འོག་ནས་འཆད་པའི་ཕྱིར་རོ། །རབ་ཏུ་འཕྲོས་པ་ནི་མི་དགོས་ཀྱི་བཏང་ངོ༌། །དེ་ལ་བརྟག་པ་ཞེས་བྱ་བ་ནི་ཉི་མ་རེ་རེའོ། །རྒྱུན་དུ་སྦྱོར་བར་ཞེས་བྱ་བ་ནི། བཟླས་བརྗོད་མ་རྫོགས་ཀྱི་བར་དུ་སྟེ། འོག་ནས་འཆད་པའི་རིམ་གྱིས་བརྗོད་ཅིང་གསང་སྔགས་ཀྱི་སྒྲ་ལ་དམིགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་གསང་སྔགས་བཟླས་བརྗོད་བྱེད་པའི་བསམ་གཏན་གྱི་ཚེ་ན་བྱ་བར། བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟངས་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང༌། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབ་པ་དང༌། འཕགས་པ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། །ཁ་ཅིག་ཏུ་ནི་མི་མངོན་པའི་ཚིག་ཏུ་བཤད། །ཁ་ཅིག་ཏུ་ནི་གསལ་བར་བསྟན་ཏེ། །འདི་ལྟར་རབ་ཏུ་གྲུབ་པར་བྱེད་པ་ལས། །བཟླས་བརྗོད་བྱེད་པས་བཟླས་བརྗོད་ཚེ། །རིག་སྔགས་ལྷ་ཉིད་བཏང་ནས་ནི། །སྒོམ་པ་མཆོག་ཏུ་གཅེས་པ་ཡང༌། །རྟོག་པ་བཟུང་ནས་ཡོང་མི་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་བཞིན་དུ་དཔུང་བཟངས་ལས་ཀྱང༌། །སྙོམ་དང་བུད་མེད་མི་དགེ་ལྡན་པའི་སེམས། །གང་དང་གང་དུ་ཀུན་དུ་རྒྱུ་བ་དག །དེ་དང་དེ་ནས་བསྒྲིམ་སྟེ་རྣམ་བཟློག་ནས། །གསང་
སྔགས་ཡི་གེ་མཆོག་ལ་སྦྱར་བར་བྱ། །ཞེས་བྱ་བ་དང༌། དེ་བཞིན་དུ། བསམ་གཏན་དག་དང་ལྡན་པའི་སྒྲུབ་པ་པོ། །ཤེད་ལས་བྱུང་བ་དགའ་བ་རབ་ཏུ་བསྐྱེད། །དགའ་ལས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ཤིན་ཏུ་སྦྱངས་སེམས་བདེ་བའི་སྐལ་ལྡན་འགྱུར། །དགའ་བདེ་ཡིད་གཅིག་ཏིང་ངེ་འཛིན་གྱུར་ན། །དེ་ཚེ་བཟླས་བརྗོད་ དོགས་པ ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་དེ་ཉིད་ལས་གསུངས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་དྲི་མར་བཅས། །དེ་བས་སེམས་ནི་འཁོར་བ་ཡིན་པར་གསུངས། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོ་མཐར་ནི་ཀུན་དུ་བསྒྲགས། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་དོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང་བཟླས་བརྗོད་བྱེད་པའི་ཚེ། བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས་གསང་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་དུ་བཤད་དོ། །ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང་འཇམ་དཔལ་ནམ་སྔགས་ལ་ལྷུན་གྱིས་གྲུབ་པར་ལྷ་ཉིད་ཀྱི་ང་རྒྱལ་དུ་གྱུར་པ་དེའི་ཚེ། གསང་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ་ཞེས་གསུངས་སོ། །རིག་སྔགས་འཆང་གི་སྡེ་སྣོད་ལས་ཀྱང༌། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ། འདིས་ནི་སྙན་ཆ་ཀུན་དུ་བསྐྱོད། །ནེའུ་ལེ་རྒྱལ་བུ་བསྒུལ་བ་སྙམ། །དེ་ལྟར་བཟླས་བརྗོད་འབད་པའི་ཚེ། །ཞབས་ལ་སོགས་པའང་རིམ་གྱིས་བརྟག །ཅེས་གསུངས་པ་དང༌། བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་གནས་པ་གསུམ་དང༌། རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བར་བྱའོ་ཞེས་དེ་ཉིད་ལས་གསུངས་ཏེ། གནས་པ་གསུམ་ནི་འཕགས་པའི་དང༌། ལྷའི་དང་ཚངས་པའི་གནས་པའོ། །དེ་ལ་འཕགས་པ་ནི་འཕགས་པའི་བདེན་པ་བཞིའོ། །ལྷའི་དེ་བསམ་གཏན་བཞིའོ། །ཚངས་པའི་ནི་ཆད་མེད་བ་བཞིའོ། །སྟོང་པ་ཉིད་དང༌། །མཚན་མ་མེད་པ་དང༌། སྨོན་པ་མེད་པའི་མཚན་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ནོ་ཞེས་དེ་ལས་བཤད་དོ། །དཔལ་རྟོག་པ་བསྡུས་པ་ལས་ནི།
ཆོས་བདག་མེད་པ་ཉིད་གོམས་པར་བྱ་བ་དང༌། ལྷའི་རྣལ་འབྱོར་གྱི་གཞུང་རབ་ཏུ་མང་པོས་བསྟན་པས་འདིར་མ་བྲིས་སོ། །དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས། ཇི་ལྟར་སྲིད་པའི་ལྷའི་གཟུགས་དང༌། གསང་སྔགས་ཀྱི་སྒྲའི་བསམ་གཏན་དུ་བྱས་པ་ཉིད་ཀྱི་བཟླས་བརྗོད་གསུངས་སོ། །གང་དག་ཏུ་གདུལ་བྱའི་དབང་གིས་མ་བཤད་པ་དེ་དག་ནི་རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟངས་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་ལས་གསུངས་སོ། །དེ་དག་ཏུ་ཡང་གསང་སྔགས་ཀྱི་བསམ་གཏན་ནི་བསྟན་གྱི་དེའི་སྦྱོར་བ་མ་བཤད་དོ། །འདིར་ནི་ཡན་ལག་བཞི་ལ་སོགས་པ་བཤད་པས་རབ་ཏུ་གསལ་བར་བསྟན་པར་རིག་པར་བྱའོ། །ད་ནི་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོའི་ཡུལ་རབ་ཏུ་དབྱེ་བ་དང༌། མཚན་ཉིད་བཤད་དོ། །དེ་ལ་རིག་སྔགས་དང་གསང་སྔགས་ནི་རྣམ་པ་དྲུག་གི་བདག་ཉིད་དོ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང༌། སྒྲ་དང༌། ཡི་གེ་དང༌། ཕྱག་རྒྱ་དང༌། གཟུགས་དང༌། ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པའི་བྱེ་བྲག་གོ །དེ་དག་གི་དངོས་གྲུབ་མཆོག་ལ་སོགས་པ་དང༌། ཞི་བ་ལ་སོགས་པའི་ལས་ཀྱི་མཚན་ཉིད་རང་གི་བྱ་བ་སྒྲུབ་པའི་ཐབས་ནི་ཐབས་སོ་ཞེས་མདའ་གཞུའི་མཚོན་ཆ་ལ་སོགས་པའི་དཔེས་སྔར་བསྟན་ཟིན་ཏོ། །ཐབས་དེ་ཡང་འདིར་རྣལ་འབྱོར་ལ་གནས་པར་འདོད་ཀྱི་བྱ་བ་ལ་གནས་པ་ནི་མ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་རྣམ་པ་གཉིས་ཏེ། གཅིག་གི་བཟླས་བརྗོད་ལ་ལྟོས་པ་དང་བཅས་པ། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱེད་པའི་མཚན་ཉིད་དོ། །དེ་ལས་གཞན་པ་ནི་བཟླས་བརྗོད་ལ་མི་ལྟོས་པ་མེ་ལ་གནས་པ་ལ་སོགས་པ་སྒྲ་ལ་མངོན་པར་བརྩོན་པའི་མཚན་ཉིད་དོ། །དེ་ཡང་ཡན་ལག་བཞི་ལ་སོགས་པ་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་སྒྲུབ་པ་དང་དེ་ལས་གཞན་ཡང་སྔར་ལྷ་མཆོད་པ་ནས་བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་བསྒྲུབ་པ་སྔར་བྱ་བར་འདོད་དེ། །དེ་བས་དེ་བསྟན་པོ། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་
ནས་ནི། ཞེས་བྱ་བ་ལ་སོགས་པ་ནས། སྲོག་དང་རྩོམ་བ་རབ་ཏུ་བསྡམས། །ཞེས་བྱ་བའི་བར་དུའོ། །དེའི་འོག་ཏུ་ཡང་བཟླས་བརྗོད་ལ་ལྟོས་པའི་རིག་སྔགས་དང༌། གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱ་བའི་མཚན་ཉིད་རིགས་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་གསུངས་པ། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཞེས་བྱ་བ་ལ་སོགས་པ་ནས། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུའོ། །དེའི་འོག་ཏུ་ཡང་བཟླས་བརྗོད་ལ་མི་ལྟོས་པར་རིག་སྔགས་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་སྦྱོར་བ་ཕན་ཡོན་དང་བཅས་པར་བསྟན་པ། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །ཞེས་བྱ་བ་ལ་སོགས་པ་ནས། ཡན་ལག་སྤངས་པ་རྒྱལ་བས་མཁྱེན། །ཞེས་བྱ་བའི་བར་དུའོ། །དེའི་འོག་ཏུ་གསང་སྔགས་དང་རིག་སྔགས་ལ་དམིགས་པ། གོམས་པར་བྱེད་པའི་མཚན་ཉིད་ཐབས། །ཞེས་བྱ་བ་རྣམ་པ་གཉིས་པོ་འདི་ཉིད་ཀྱི་ཡན་ལག་རྣམས་བསྟན་པ། སྲོག་རྩོལ་དཀའ་ཐུབ་བསམ་གཏན་དང༌། །ཞེས་བྱ་བ་ལ་སོགས་པ་ནས། །ཡན་ལག་བཅུ་ཡི་ཚུལ་ལས་ཀྱི། །ཚངས་པ་རྟག་ཏུ་རིག་པར་བྱ། །ཞེས་བྱ་བའི་བར་དུའོ། །འདི་ནི་རེ་ཞིག་རིགས་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་ཡན་ལག་དང་བཅས་པ་མདོར་བསྟན་པའི་ཚིག་རྣམས་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྟག་པ་ནི་དེ་ལ། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ཁོ་ནར་མཆོད་ནས་ནི། ཞེས་པ་མཆོད་པ་སྨོས་པ་ནི་ཉེ་བར་མཚོན་པ་བསྟན་པ་སྟེ། དེ་བས་ན་གཙང་སྤྲ་བྱ་བ་དང༌། གནས་དང༌། བདག་བསྲུང་བ་དང༌། ལྷ་སྤྱན་དྲང་བ་ལ་སོགས་པ་ཡང་འདིར་བྱ་དགོས་པར་ཤེས་པར་བྱའོ། །གང་གི་ཕྱིར་ཞེས་ན་ལྷ་སྤྱན་མ་དྲངས་ཤིང་གནས་བསྲུང་བ་མ་བྱས་པར་སྒྲུབ་པ་པོས་ལྷ་མཆོད་པའི་སྐབས་མེད་པའི་ཕྱིར་རོ། །གཙང་སྦྲ་ལ་སོགས་པ་མཆོད་པའི་ཆོ་གའི་བར་དེ་དག་ཀྱང༌། རིག་སྔགས་ལ་སོགས་པའི་རྟོག་པ་ཐམས་ཅད་ལས་ཤེས་པར་བྱའོ། །འདིར་ཡང་མཆོད་ནས་ཞེས་བྱ་བའི་ཚིག་གིས་མཚམས་སྦྱོར་བ་ཙམ་འབའ་ཞིག་བསྟན་ཏོ། །འདིར་ཡང་མཆོད་ནས་
ཞེས་སྔོན་གྱི་དུས་སུ་བྱ་བའི་ཚིག་འདི་འོག་ནས་འབྱུང་བ་ཕྱིས་བྱ་བ་བཟླས་བརྗོད་ལ་སོགས་པ་བསྟན་པའི་ཚིག་དང་འབྲེལ་ཏོ། །དེ་ལ་མཆོད་ནས་ཞེས་བྱ་བ་ནི། སྐབས་འདིར་མཆོད་པ་རྣམ་པ་བཞི་བསྟན་ཏེ། ཕྱག་རྒྱ་དང༌། གསང་སྔགས་དང༌། ཡིད་ཀྱི་དང༌། ཟང་ཟིང་དང་མཆོད་པ་བཞིའི་བྱེ་བྲག་གོ །ལྔ་པ་ནི་ནན་ཏན་གྱི་མཆོད་པ་སྟེ། ལྷའི་སྐུའི་གནས་དེ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་སྐབས་འདིར་མི་སྦྱར་རོ། །དེ་ལ་ཞེས་བྱ་བའི་ཚིག་དེ་ལྷའི་སྐུའི་གནས་ཞེས་བྱ་བ་དེ་དང་སྦྱར་རོ། །དེའི་དོན་ནི་འདི་ལྟ་སྟེ། ལྷ་གང་གི་བཟླས་བརྗོད་ལ་སོགས་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་ཆེན་པོ་གོམས་པར་འདོད་པས། །དེ་མཆོད་ནས་བཟླས་བརྗོད་ལ་སོགས་པ་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་དེ་ཡང་ལྷ་དེའི་གང་དུ་བྱ་ཞེ་ན། སྐུའི་གནས་ཞེས་བྱ་བ་སྟེ། དེ་ལ་སྐུ་ཉིད་གནས་པས་ན་སྐུའི་གནས་སོ། །སྐུ་དང་གཟུགས་དང་ལུས་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེས་ནི་དོན་འདི་ལྟར་འགྱུར་ཏེ། རི་མོ་དང་སྐུ་གཟུགས་ལ་སོགས་པའི་ལྷའི་གཟུགས་ཀྱི་མཚན་ཉིད་སྐུའི་གནས་ལ་མཆོད་པ་བྱས་ནས། བཟླས་བརྗོད་ལ་སོགས་པ་བྱའོ་ཞེས་བསྟན་ཏོ། །རྣལ་འབྱོར་གནས་བཅས་པ་ཞེས་བྱ་བ་ནི། རྣལ་འབྱོར་གྱི་ཕྱིར་འདུག་པས་ན་རྣལ་འབྱོར་གནས་སོ། །དེ་ལ་རྣལ་འབྱོར་ནི་སྦྱོར་བ་སྟེ། ཇི་ལྟར་སྲིད་པའི་ལྷ་རྣམས་པ་དྲུག་ལ་ཀུན་དུ་སྦྱར་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དང་རྗེས་སུ་མཐུན་པར་གནས་པ་ནི་རྡོ་རྗེ་དང་བཀྲ་ཤིས་དང་སེམས་དཔའི་སྐྱིལ་མོ་ཀྲུང་ལ་སོགས་པའི་མཚན་ཉིད་དོ། །བདེ་གཤེགས་མདུན་དུ་བསམས་ནས་ནི། །ཞེས་བྱ་བ་འདིས་བཟླས་བརྗོད་ལ་སོགས་པའི་སྦྱོར་བ་ཐམས་ཅད། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱ་བ་བསྟན་ཏོ། །དེ་ལྟར་ཅི་མངོན་ཞེ་ན། ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་གནས་བསྟན་པའི་སྒོ་ནས་དོན་དམ་པའི་བཟླས་བརྗོད་ཀྱི་གནས་འོག་ནས། གསང་སྔགས་ལ་སོགས་ལྡན་པ་ཡི། །རིག་སྔགས་ཁྲོ་བོ་མང་པོ་ཀུན། །རྒྱལ་བའི་སྐུ་ལ་མངོན་ཕྱོགས་ནས། །བསམ་གཏན་ངོམས་ཕྱིར་རྟག་ཏུ་གནས། །ཞེས་བསྟན་ཏོ། །ད་ནི་བདག་གི་དེ་
ཁོ་ན་ཉིད་བརྟག་པར་བྱ་སྟེ། དེ་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ནི་ཀུན་རྫོབ་ཀྱི་བདེན་པའི་ཐ་སྙད་དུ་ཡང་མི་བཟོད་པས་ན་རྣལ་འབྱོར་པའི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམ་པར་མ་བཤིག་པའི་རང་བཞིན་འདི་ཉིད་ལ་བདག་ཅེས་བརྗོད་པར་ཤེས་པར་བྱའོ། །རྣལ་འབྱོར་བའི་བདག་དེ་ལྟ་བུའི་ཕྱིན་ཅི་མ་ལོག་པའི་རང་བཞིན་ནི་བདག་གི་དེ་ཁོ་ན་ཉིད་དེ། དེ་ཡང་འདི་ལྟར་དགོངས་སོ། །རིགས་པ་དང་ལུང་དག་གིས་བརྟགས་ན། དེའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་བདག་ཕྱིན་ཅི་མ་ལོག་པའི་ངོ་བོ་ཉིད་ཙམ་ཞིག་ལྷག་མ་ལུས་པ་མེད་པར་སྐུར་པ་གདབ་མི་ནུས་པ་གང་ཡིན་པ་དེ་ནི་བདག་གི་དེ་ཁོ་ན་ཉིད་དོ། །དེ་ཡང་དོན་དམ་པའི་བདེན་པའི་ཡུལ་སྤྲོས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་གཞི་དང་བྲལ་བ་རྣམ་པ་མེད་པ་རང་གིས་རིག་པའི་ངོ་བོ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཡིན་པར་འདིར་འདོད་དོ། །དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཐབས་གསུངས་པ། ཕྱི་ནས་ཡན་ལག་རྣམ་གྲོལ་བ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་ཡུལ་མདུན་ན་གནས། །བདག་ཉིད་འདི་འདྲ་བཞག་ནས་ནི། །ཞེས་བྱ་བའོ། །དེ་ལ་ཡན་ལག་ལ་སོགས་པ་ལས་རྣམ་པར་གྲོལ་བའི་ཚིག་རྣམས་དང༌། བདག་ཉིད་འདི་འདྲར་བཞག་ནས་ཞེས་བྱ་བ་འདི་དང་སྦྱར་རོ། །དེ་ལ་མིག་ལ་སོགས་པའི་ཡན་ལག་ལས་རྣམ་པར་གྲོལ་ཞིང་བྲལ་བ་ནི། ཡན་ལག་ལས་རྣམ་པར་གྲོལ་བའོ། །ཡན་ལག་རྣམ་པར་གྲོལ་བདག་དེ། །བཞག་ནས་ཞེས་བྱ་བའི་ཚིག་འོག་མ་རྣམས་དང་ཡང་དེ་བཞིན་དུ་སྦྱར་རོ། །ཡན་ལག་ལས་རྣམ་པར་གྲོལ་བའི་བདག་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། མི་འབྱེད་ཅེས་བྱ་བ་གསུངས་ཏེ། དེ་ལ་ཡན་ལག་ཡོངས་སུ་སྤངས་པའི་སྒོ་ནས་གཞན་གྱི་རྒྱུད་ལ་གནས་པའི་མིག་དང་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་ཀྱང་མི་འབྱེད་ཅིང་མི་འཛིན་པས་ན་མི་འབྱེད་པ་སྟེ། གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ །ད་ནི་གཟུགས་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་བདག་སྟེ་གཟུགས་ལ་སོགས་པ་ལ་དམིགས་པ་དགག་པའི་ཕྱིར། འབྱེད་པ་རྣམ་པར་སྤངས་ཞེས་བྱ་བ་
གསུངས་སོ། །དེའི་དོན་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་ཡན་ལག་ཡོངས་སུ་སྤངས་པ་ཉིད་ཀྱིས། །མིག་ལ་སོགས་པས་བསྐྱེད་པའི་རྣམ་པར་ཤེས་པ་དམིགས་པར་བྱེད་པ་རྣམས་མེད་དོ། །མེད་པས་ན་གཟུགས་ལ་སོགས་པ་དབྱེ་བ་རྣམས་ལ་འདིས་དམིགས་པ་སྤངས་པའི་ཕྱིར། འབྱེད་པ་རྣམ་པར་སྤངས་པ་སྟེ། དེ་ལ་འབྱེད་པ་རྣམ་པར་སྤངས་ཞེས་བྱ་བ་སྔ་མ་བཞིན་དུ་སྦྱར་རོ། །དེ་ནི་ཡན་ལག་རྣམ་པར་གྲོལ་བས་ན། བདག་གཟུགས་ལ་སོགས་པའི་རང་བཞིན་ཡང་མ་ཡིན། གཟུགས་དང་སྒྲ་ལ་སོགས་པ་ལ་དམིགས་པར་བྱེད་པའི་རང་བཞིན་ཡང་མ་ཡིན་ཞེས་བཤད་པར་འགྱུར་རོ། །དེ་ལྟ་བུའི་བདག་གི་རང་བཞིན་འདི་བཅོམ་ལྡན་འདས་ཀྱིས་ཁ་ཅིག་ཏུ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་དེ་བཤད་པ་ལ། མོས་པའི་སེམས་ཅན་རྣམས་ལ་བསྟན་ཏོ། །འདིར་ནི་བདག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་བསྟན་ཏེ། དེ་ལྟ་བུའི་སྒྲ་ཐོས་པ་ཙམ་གྱིས་འདུལ་བའི་འགྲོ་བ་བསྡུ་པའི་སྒོ་ནས་བཤད་པར་མངོན་ནོ། །དེ་ལ་འདི་སྙམ་དུ་སེམས་པ་དག་ཀྱང་ཡོད་དེ། གལ་ཏེ་བདག་གི་དེ་ཁོ་ན་ཉིད་འདི་བདག་རང་གི་ཕྱི་རོལ་གྱི་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་རང་བཞིན་ཡང་མ་ཡིན་དུ་ཟིན་ཀྱང༌། གང་རྨི་ལམ་གྱི་རྣམ་པར་ཤེས་པ་དང་འདྲ་བར་ནང་གི་འཁྲུལ་པ་ལས་ཕྱི་རོལ་གྱི་དོན་སྣང་བ་སྟེ། འདིར་སུས་བཀག་ཅེས་གང་རྒོལ་བ་དེའི་ལན་དུ་ཕྲ་བ་ཞེས་གསུངས་སོ། །དེ་འདི་ལྟར་དགོངས་ཏེ། ཇི་ཙམ་དུ་ནང་གི་རྒྱུས་འཁྲུལ་པའམ། ཕྱི་རོལ་གྱི་དོན་གྱི་དབང་གིས་དོན་གྱིས་རྣམ་པར་སྣང་བ་དེ་ཙམ་དུ་བདག་ཅེས་བྱ་བ་ཤེས་པའི་རང་བཞིན་དེ་རིགས་སོ། །དེ་མེད་པ་ནི་རྣམ་པ་ཐམས་ཅད་དུ་རྣམ་པར་གྲོལ་བ་ཕྲ་བའི་དངོས་པོ་ཉིད་ཡིན་པར་མངོན་ནོ། །ད་ནི་བདག་གི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རང་བཞིན་ཏེ། ཞུམ་པ་དང་རྒོད་པ་མེད་པར་བསྟན་པ། མི་གཡོ་གསལ་བ་སྟེ་ཞེས་བྱ་བ་གསུངས་སོ། །དེ་ལ་མི་གཡོ་བ་ནི་མི་འགུལ་བ་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ཀྱང་ཤེས་རབ་རྒོད་པའི་རྣལ་འབྱོར་པ་ཆོས་རྣམ་པར་འབྱེད་པའི་རྣམ་པར་རྟོག་པ་གོམས་
པར་བྱས་པའི་སེམས་གཡོ་བ་མ་ཞི་བའི་མཚན་ཉིད་རྒོད་པ་དང་དགག་པ་གསུངས་སོ། །དེ་བས་ན་སེམས་མི་གཡོ་བ་ནི་ལམ་ལ་ཉེ་བར་ཞི་བ་ཡིན་ནོ་ཞེས་བཤད་དོ། །དེ་བཞིན་དུ་གསལ་བ་ཞེས་བྱ་བ་ནི་དང་བ་སྟེ། རྨུག་ས་པ་ལ་སོགས་པའི་ཉེས་པ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ཀྱང་ཞིག་གནས་གཅིག་པོར་སོང་བའི་རྣལ་འབྱོར་པ་ཆོས་རྣམ་པར་དབྱེ་བའི་དུས་ན་ཡང་གང་ཧ་ཅང་མཉམ་པར་གཞག་ཅེས་པ། སེམས་ཞུམ་པའི་མཚན་ཉིད་རྨུགས་པ་ཆོས་རྣམ་པར་འབྱེད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་བཀག་གོ །དེ་ལྟར་བདག་གི་དེ་ཁོ་ན་ཉིད་ཡན་ལག་མེད་པ། དམིགས་པ་མེད་པ། གཟུགས་མེད་པ། རྣམ་པ་མེད་པ། མི་གཡོ་བ། གསལ་བར་རྗེས་སུ་མྱོང་བ་མཚན་ཉིད་ཡིན་ཡང་རྣམ་པར་དཔྱོད་པའི་ལམ་མ་སྤངས་པ་ཉིད་དུ་འདོད་པས། བློ་ཡི་དཔྱོད་པ་མདུན་ན་གནས། །ཞེས་བྱ་བ་གསུངས་སོ། །བློ་ནི་ཤེས་རབ་བོ། །དེའི་རང་གི་ཡུལ་ལ་འཇུག་པ་ནི་དཔྱོད་པ་སྟེ། བློའི་དཔྱོད་པའོ། །བློའི་དཔྱོད་པ་དེ་ཤེས་རབ་ཀྱི་སྣང་བའི་མཚན་ཉིད་དེ། བདག་གི་དེ་ཁོ་ན་ཉིད་གང་ཡིན་པའི་མདུན་ན་གནས་པ་དེ་ནི་བློའི་དཔྱོད་པ་མདུན་ན་གནས་པའོ། །དེས་འདི་སྐད་གསུངས་པར་འགྱུར་ཏེ་རང་གིས་རིག་པའི་རང་བཞིན་དེ་རྣམ་པར་མི་རྟོག་པ་ཡིན་ཡང་ཤེས་རབ་ཀྱི་སྣང་བ་མདུན་ན་དཔྱོད་པ་ཉིད་དུ་འཇུག་གོ་ཞེས་བཤད་དོ། །ཤེས་རབ་དེ་བདག་གི་དེ་ཁོ་ན་ཉིད་དང་ཐ་མི་དད་དུ་ཟིན་ཀྱང༌། བདག་གི་དེ་ཁོ་ན་ཉིད་ཀྱི་མདུན་ན་གནས་ཞེས་གསུངས་ཏེ། སྣང་བའི་དཔེ་བཞིན་ནོ། །དེ་ལྟར་ཅི་མངོན་ཞེ་ན། སྣང་བ་མངོན་དུ་བྱས་ནས་མིག་ཅན་གྱིས་དངོས་པོ་སྣང་བ་རྣམས་མཐོང་ངོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་གཟུང་བ་དང་འཛིན་པའི་ཡོངས་སུ་རྟོག་པའི་རང་བཞིན་ལས་རྣམ་པར་གྲོལ་བ་གཟུགས་མེད་པ། རྣམ་བ་མེད་པ། མི་གཡོ་བ། རབ་ཏུ་འོད་གསལ་བ། རང་གི་རིག་པའི་རང་བཞིན་བདག་གི་དེ་ཁོ་ན་ཉིད་བསྟན་ནས་མཇུག་བསྡུ་བའི་ཕྱིར་རོ། །བདག་ཉིད་འདི་འདྲར་བཞག་ནས་ནི། །ཞེས་བྱ་བ་གསུངས་ཏེ། འདི་འདྲར་ཞེས་བྱ་བ་ནི་གོང་དུ་སྨོས་པའི་མཚན་ཉིད་ལྟར་རོ། །བཞག་ནས་ཞེས་བྱ་བ་ནི་བསམ་གནས་ཞེས་
བྱ་བ་སྟེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གསལ་བའི་རིགས་པས་བསམ་གནས་ཞེས་བྱ་སྟེ། གསང་སྔགས་ཀྱི་བཟླས་བརྗོད་བྱའོ་ཞེས་འོག་ནས་འཆད་དོ། །ད་ནི་བདག་གི་དེ་ཁོ་ན་ཉིད་དེ་ལྟ་བུ་མངོན་དུ་བྱས་པའི་སྣང་བ་ལས་ལངས་ནས་ལྷའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། གསང་སྔགས་རྣམ་པར་ཤེས་པས་བསྒོམ། བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམས། །ཞེས་བྱ་བ་གསུངས་སོ། །དེ་ལ་གསང་སྔགས་ཀྱི་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། སྒྲ་དང༌། ཡི་གེ་དང༌། ཕྱག་རྒྱ་དང༌། གཟུགས་ཀྱི་བྱེ་བྲག་ལས་ལྷ་རྣམ་པ་དྲུག་གོ །དེ་ལྟ་བུའི་གསངས་སྔགས་ལ་དམིགས་པའི་རྣམ་པར་ཤས་པ་དེ་ནི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྟེ། གསང་སྔགས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ངེས་བསྒོས་ཤིང་བསྒོམས་པ་ནི་གསང་སྔགས་ཀྱི་རྣམ་པར་ཤེས་པས་བསྒོམས་པ་སྟེ། བདག་ཉིད་ཅེས་བྱ་བའི་སྐབས་དང་འབྲེལ་ཏོ། །དེས་ན་འདི་ལྟར་དགོངས་ཏེ། ནམ་རྣམ་པར་མི་རྟོག་པའི་རང་བཞིན་བདག་གི་དེ་ཁོ་ན་ཉིད་དེ་ལས་ལྡང་བར་འདོད་པར་གྱུར་པ་དེ་ན། ལྷའི་རང་བཞིན་རྣམ་པ་དྲུག་པོ་དེས་བདག་བསྒོམས་ནས། ལྷའི་དེ་ཁོ་ན་ཉིད་ཀྱི་གཟུགས་སུ་བྱའོ་ཞེས་དགོངས་པའོ། །དེ་ལ་ལྷའི་ངོ་བོ་ཉིད་ཀྱིས་བསྒོ་བའི་ཚུལ་ཡང་འདི་ལྟ་སྟེ། ཇི་ལྟར་བདག་གི་དེ་ཁོ་ན་ཉིད་འདི་རྣམ་པར་མི་རྟོག་ཅིང་རྣམ་པ་མེད་པ། ཕྱོགས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ། བདག་འདོད་པའི་གསང་སྔགས་ཀྱང་དེ་བཞིན་ཏེ། དེ་བས་ན་འདི་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པས། ལྷའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་དེ་བདག་གི་རྣམ་པར་མི་རྟོག་པའི་བདག་གི་དེ་ཁོ་ན་ཉིད་ཡེ་ཤེས་སྣང་བའི་ནང་དུ་འདུས། བདག་གི་ཡང་ཆུ་དང་འོ་མ་བཞིན་དུ་དེའི་ནང་དུ་འདུས་པས་ན། བདག་ཅག་གཉིས་གཅིག་གོ་ཞེས་ཡོངས་སུ་བརྟགས་ཏེ། ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང༌། ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། སྣང་བ་མེད་པར་རང་གི་རིག་པ་ཤིན་ཏུ་མངོན་སུམ་དུ་གྱུར་པར་བསམ་
གཏན་བྱའོ། །དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་རྣམ་པར་བརྟག་གོ །དེ་ལས་ཀྱང་གསང་སྔགས་ཀྱི་ཡི་གེའི་རྣམ་པ་ནམ་མཁའི་ནང་ན་གནས་པ་སྣང་བར་བསམ་པར་བྱའོ། །དེ་དག་ཀྱང་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མངོན་པར་གྱུར་པ་ལ། ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་ནང་དུ་འདུས་པར་བསམ་མོ། །དེ་ནས་ཡང་ལྷ་དང་བདག་གི་དེ་ཁོ་ན་ཉིད་གཅིག་ཏུ་གྱུར་པའི་རང་བཞིན་ཟླ་བའི་བདུད་རྩི་ལས་འོད་ཟེར་རབ་ཏུ་འཕྲོས་པའི་སྒོ་ནས། ལྷག་པའི་ལྷའི་གཟུགས་དང༌། བདག་དང་མི་གཉིས་པའི་རྣལ་འབྱོར་གྱི་རབ་ཏུ་གསལ་བར་སྣང་ཞིང༌། དེའི་ང་རྒྱལ་དུ་མངོན་པར་སྒོམ་མོ། །བསམ་གཏན་གྱི་རྣམ་པར་རྟོག་པ་དེ་ལས་ཀྱང་ལངས་ནས། མཚོག་མ་དང་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡན་ལག་དང་བཅས་པར་བྱས་ལ། རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ། །འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ་པའི་རིམ་པའོ། །གང་ཁ་ཅིག་ཏུ་རྣམ་པ་གཞན་དུ་གསུངས་པ་དེ་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ད་ནི་གསང་སྔགས་རྣམ་པ་དྲུག་པོ་དེ་དག་ཉིད་ཀྱི་རྣམ་པར་ཤེས་པས་བསྒོ་བ་ནི་སེམས་པའི་མཚན་ཉིད། བསམ་གཏན་གྱི་ལྷའི་གཟུགས་དང་བདག་མི་གཉིས་པར་ཇི་ལྟར་བསམས་པའི་ཏིང་ངེ་འཛིན་མངོན་དུ་བྱས་པས། ཡུན་རིང་དུ་དམིགས་ཤིང་གསལ་བར་སྣང་བར་བྱ་བ་བསྟན་པ། བསྡམས་ནས་ཏིང་ངེ་འཛིན་ལ་གནས། །ཞེས་བྱ་བ་གསུངས་ཏེ། འདིར་ཡང་བདག་ཅེས་བྱ་བ་དང་འབྲེལ་ཏེ། དེ་བས་ན་བདག་བསྡམས་ནས་ཏིང་ངེ་འཛིན་ལ་གནས་པར་བྱའོ་ཞེས་བྱ་བར་འགྱུར་རོ། །དེ་ལ་བདག་བསྡམས་པ་ནི་དྲན་པ་སྲོག་དང་རྩོལ་བར་ལྡན་པར་ཇི་ལྟར་ཏིང་ངེ་འཛིན་དུ་བྱ་བའི་ལྷའི་གཟུགས་ལ་གཞན་དུ་མི་འཕྲོ་བའོ། །ཏིང་ངེ་འཛིན་ལ་གནས་ཞེས་བྱ་བ་ནི། ཏིང་ངེ་འཛིན་རྩེ་གཅིག་ཏུ་དམིགས་པའི་མཚན་ཉིད་ལ་མཉམ་པར་ལྡན་པའི་སྒོ་ནས་གནས་པས་ན་ཏིང་ངེ་འཛིན་ལ་གནས་ཏེ། བདག་གི་བྱེ་བྲག་ལ་བྱའོ། །དེ་ནས་འདི་ལྟར་དགོངས་ཏེ། རྣམ་པ་གཉིས་ཀྱི་ལྷའི་གཟུགས་བདག་དང་མི་གཉིས་པའི་རྣལ་འབྱོར་བསྐྱེད་པ་ནི་འདི་ལྟ་སྟེ་བསམ་གཏན་
དང་ཏིང་ངེ་འཛིན་གྱིས་སོ། །དེ་ལ་བསམ་གཏན་ནི་སེམས་པའི་མཚན་ཉིད་དེ་དང་པོར་བསམ་པར་བྱ་བའི་དངོས་པོའི་རང་གི་གཟུགས་ལ་རྟོག་པའི་རང་བཞིན་ནོ། །ཏིང་ངེ་འཛིན་ནི་བསམ་གཏན་གྱིས་བརྟགས་པའི་དངོས་པོའི་རང་བཞིན་ཡུལ་དུ་གྱུར་པ་ལས་རྣམ་པར་རྟོག་པའི་རབ་ཏུ་སྤྲོས་པ་དང་བྲལ་བ་རྩེ་གཅིག་ཏུ་དམིགས་པ་རྣམ་པར་མི་རྟོག་པའི་རང་བཞིན་བརྗོད་པ་མེད་པ་དོན་ཙམ་དུ་ཡུལ་དུ་གྱུར་པའི་རང་བཞིན་ནོ། །དེ་བས་ན་དང་པོ་ཁོ་ནར་གསང་སྔགས་རྣམ་པ་དྲུག་གི་ཡི་གེས་རྣམ་པར་ཤེས་པ་བསྒོམས་པ་སེམས་པའི་མཚན་ཉིད་བསམ་གཏན་གྱིས་བདག་གི་དེ་ཁོ་ན་ཉིད་པོ་དེ་ལྷའི་གཟུགས་སུ་རྣམ་པར་བརྟགས་ནས། ཡང་ཇི་ལྟར་ལྷའི་གཟུགས་སུ་བསམས་པའི་བདག་ཉིད་དེ་དང༌། རྣམ་པ་གཅིག་པར་ཏིང་ངེ་འཛིན་གྱིས་ཤིན་ཏུ་བསྒོམས་པས། གསལ་བར་བྱ་བའི་ཏིང་ངེ་འཛིན་ལ་གནས་ཞེས་བྱ་བའི་ཐ་ཚིག་གིས་བསྟན་ཏོ། །ཏིང་ངེ་འཛིན་ལག་ནས་པའི་ཚེ། །བདག་ཉིད་བསྡམ་པའི་ཚིགས་བཅད་དགོས་པར་མངོན་ཏེ། བསམ་གཏན་དུ་འཇུག་པ་ན་ཡང་བདག་བསྡམ་དགོས་མོད་ཀྱི་འོན་ཀྱང་ཇི་ལྟར་ཏིང་ངེ་འཛིན་མངོན་དུ་བྱེད་པའི་ཚེ། བདག་བསྡམ་པར་འདོད་པ་དེ་ལྟར་བསམ་གཏན་མངོན་དུ་བྱེད་པའི་ཚེ་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་གྱི་མཚན་ཉིད་ནི་བསམ་གཏན་དངོས་པོ་ལ་ཐོག་མ་ཉིད་དུ་རྟོག་པའི་སེམས་པའི་རྣམ་པ་ཅན་དུ་འདོད་དེ། དེ་བས་ན་བསམ་གཏན་ནི་བདག་ཉིད་སྣ་ཚོགས་སུ་རྣམ་པར་རྟོག་པའི་རང་བཞིན་ཡིན་པས་དེ་ལ་བདག་བསྡམ་པར་མ་བྱས་ཀྱང༌། སྣ་ཚོགས་སུ་རྟོག་པ་སེམས་པའི་རང་བཞིན་གྱི་བསམ་གཏན་ནི་ཐམས་ཅད་དུ་མེད་པར་མི་འགྱུར་རོ། །ཏིང་ངེ་འཛིན་ནི་བསམ་གཏན་གྱིས་རྣམ་པར་བརྟགས་ནས་ངེས་པའི་དངོས་པོ་ལ་དམིགས་པ་སྟེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཞེས་བཤད་པའི་ཕྱིར། དེ་རྣམ་པ་གཅིག་པ་ཉིད་དོ། །དེ་བས་ན་བདག་གི་དེ་ཁོ་ན་ཉིད་ལ་བསྡམས་ན། ཇི་ལྟར་ཏིང་ངེ་འཛིན་དུ་བྱ་བའི་ལྷའི་དེ་ཁོ་ན་ཉིད་བདག་ཏུ་གྱུར་པ་ལས་གཞན་པ་གང་དུ་ཡིད་འགྲོ་བས་རྩེ་གཅིག་ཏུ་མི་འགྱུར་ཏེ། དེ་བས་ན་བསྡམས་ནས་ཏིང་ངེ་
འཛིན་ལ་གནས་ཞེས་གསུངས་སོ། །བསྡམས་ཞེས་སྨྲས་པ་དེ་ཡང་ཇི་ལྟར་བསྡམ་པར་བྱ་བ་མི་ཤེས་ཏེ། དེ་བས་ན། སྲོག་དང་རྩོལ་བ་རབ་ཏུ་བསྡམས། ཞེས་གསུངས་སོ། །དེ་ལ་སྲོག་དང་རྩོལ་བ་ནི་སྲོག་དང་རྩོལ་བ་སྟེ། ལྷའི་དེ་ཁོ་ན་ཉིད་ལ་བདག་ཉིད་ཏིང་ངེ་འཛིན་དུ་གནས་པས་ན། དེ་གཉིས་བསྡམས་པ་དེ་ལ། སྲོག་དང་རྩོལ་བ་རབ་ཏུ་བསྡམས་པའི་བདག་ཅེས་བྱའོ། །དེ་ལ་སྲོག་ཅེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ཁ་དང༌། ལྟེ་བ་དང༌། སྐྱེ་པ་དང༌། བུད་མེད་ཀྱི་དབང་པོ་དང༌། མི་གཙང་བའི་ཁུང་བུ་དང༌། སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་བ་དང༌། འཇུག་པའི་མཚན་ཉིད་ཀྱི་རླུང་སྟེ། དེ་བསྡམས་པ་ཡང་སྐབས་འདིར་འབྱུང་བ་དང་འཇུག་པ་དགག་པའོ། །དེས་ནི་བདག་གི་ལུས་ལྷའི་སྐུའི་དེ་ཁོ་ན་ཉིད་གཉིས་སུ་མེད་པར་ཇི་ལྟར་བསམས་པའི་གནས་ཇི་ལྟ་བ་བཞིན་དུ། རླུང་འཇུག་པ་དང་འབྱུང་བ་རྣམ་པར་དགག་པ་གྱེན་དུ་འདྲེན་པའི་རླུང་གིས། རུས་སྦལ་གྱི་ལུས་བསྐུམ་པ་དང༌། ལྕེ་ཡིས་ཆུ་བཏུང་བའི་ཚུལ་དུ་བསྡུས་ཏེ། ཇི་ལྟར་བསམས་པའི་ལྷའི་སྐུ་དེ་ཁོ་ན་ཉིད་དང༌། བདག་གི་ལུས་གཉིས་སུ་མེད་པར་གྱུར་པའི་ནང་དུ་ཏིང་ངེ་འཛིན་ནམ། བཟླས་བརྗོད་མ་རྫོགས་ཀྱི་བར་དུའམ། ཅི་ནུས་པར་གཟུང་ངོ་ཞེས་དེ་སྐད་བཤད་པ་ཡིན་ནོ། །རྩོལ་བ་ནི་དྲན་པར་གསུངས་ཏེ། དེ་བསྡམས་པ་ཡང་བཟླས་བརྗོད་ཀྱི་དུས་མ་རྫོགས་ཀྱི་བར་དུའམ། ཅི་ནུས་པར་ཇི་ལྟར་བསམས་པའི་ལྷ་ཉིད་ཀྱི་གཟུགས་ལས་གཞན་པ་གུད་དུ་དམིགས་པ་དགག་པ་སྟེ། འདི་དེ་ལྟར་ཅི་མངོན་ཞེ་ན། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བས་དྲན་པ་ཞེས་བྱའོ། །ཞེས་གཞན་དག་ལས་གསུངས་སོ། །ཡང་ན་ཇི་སྐད་སྨོས་པའི་མཚན་ཉིད་ཀྱི་སྲོག་སྔ་མའི་རིམ་པ་ཉིད་ཀྱིས་ཀུན་དུ་བསྡམས་པ་རྒྱུན་བཅད་ཅིང༌། འགོག་པ་ནི་སྲོག་རྩོལ་བ་ཞེས་བྱ་སྟེ། སྲོག་རྩོལ་བ་དེས་བདག་ཤིན་ཏུ་བསྡམས་པའོ། །ཕྱོགས་འདིར་ཡང་བདག་ཅེས་བྱ་བའི་སེམས་བསྡམས་པ་ཉིད་ཀྱིས། དྲན་པ་བསྡམས་པར་རིག་པར་བྱའོ། །དེ་ལྟར་ཅི་མངོན་ཞེ་ན། སེམས་རྒྱལ་པོ་དྲན་པ་དང་ཏིང་ངེ་འཛིན་དང་ཡིད་ལ་བྱེད་པ་ལ་སོགས་
པའི་འཁོར་གྱིས་བསྐོར་བ་སྲོག་གི་ལྷ་ཞོན་པ་ཉིད་དུ་འདོད་དེ། སྲོག་གི་རྟ་དེ་བཟུང་ནས་སེམས་རྒྱལ་པོ་འཁོར་དང་བཅས་པ་ངེས་པར་བཟུང་བར་འགྱུར་རོ། །འདི་ལྟར་གཞན་དག་ལས་ཀྱང༌། སྲོག་རྩོལ་བ་ནི་སྲོག་འགོག་པ་སྟེ། དེ་བཀག་པས་དྲན་པ་དང༌། བློ་དང་ཡིད་ལ་བྱེད་པ་ལ་སོགས་པ་དང་བཅས་པའི་བདག་གི་སེམས་ངེས་པར་གཟུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དེ་ལྟར་རྣམ་པར་ཤེས་པ་གསང་སྔགས་རྣམ་པ་དྲུག་གི་རྣམ་པ་བསྒོམ་པས་ལྷའི་ད་ཁོ་ན་ཉིད་ཅེས་བྱ་བ། ལྷའི་གཟུགས་སུ་བདག་མངོན་པར་བསྒྱུར་ལ། སྲོག་དང་རྩོལ་བ་འགོག་པ་སྔར་བྱས་ཏེ། ཏིང་ངེ་འཛིན་དུ་གནས་པར་བྱས་ནས། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པ་འོག་ནས་འཆད་པ་ཐམས་ཅད་འདིར་བྱའོ་ཞེས་བསྟན་པའི་ཐ་ཚིག་གོ །དེ་བཞིན་གཤེགས་པ་ལ་སོགས་པ་བཟླས་བརྗོད་ཀྱི་ཡན་ལག་བཞི་བརྟག་པ་ཡང་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་སྔར་བསྟན་ཏེ། དེ་བས་ན་གཞུང་འདི་ནི་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་ཞེས་བསྒྲགས་སོ། །འདི་ལྟར་མིང་བཤད་པ་ནི་ཡན་ལག་བཞིའི་འོག་ཏུ་བསམ་གཏན་གྱི་ཕྱིར་བཤད་པས་ན་བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ་ཞེས་བྱའོ། །དེར་གང་གསུངས་པའི་ལྷག་མ་བཟླས་བརྗོད་དང་མེ་ལ་གནས་པ་ལ་སོགས་པའི་སྒྲའི་བསམ་གཏན་རིག་སྔགས་དང་གསང་སྔགས་ཀྱི་ཐམས་ཞེས་བྱ་བ་ཡན་ལག་དང་བཅས་པ་དེ་འདིར་བཤད་དེ། དེ་བས་ན་སྒྲ་དང་སེམས་དང་གཞི་ལ་སོགས་པ་རྣམས་ཀྱིས་བཟླས་བརྗོད་ལ་སོགས་པའི་ཡན་ལག་རྣམས་ཀྱི་མཚན་ཉིད་ཀྱི་ཚིག་འདིར་མ་བཤད་པ་ནི་འདི་ལྟར་སྒྲ་དང་སེམས་ལ་སོགས་པ་བཤད་པ་ཐོག་མ་ཉིད་དུ་རྒྱུད་འདིར་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེར་འདི་དག་གི་མཚན་ཉིད་བཤད་པ་ཡང་སྒྲ་ནི་སྔགས་ཀྱི་ཡི་གེའོ། །སེམས་ནི་སྔགས་ཀྱི་གཞི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའོ། །གཞི་ནི་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ། །གཞན་ཡང་སྲོག་དང་རྩོལ་བ་དང༌། སླར་སྡུད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་
སྔར་བཤད་ཟིན་པས་དེ་དང་འབྲེལ་བ་བསམ་གཏན་ཕྱི་མ་ཞེས་བྱ་བ་རིམ་པར་ཕྱེ་བ་འདིར་དེ་དག་གི་མཚན་ཉིད་མ་གསུངས་པར་ཤེས་པར་བྱའོ། །ཇི་ལྟར་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་བཤད་པ། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་ལ་ནི་སྒྲ་ཞེས་བྱ། བཞི་ནི་རང་གི་ལྷ་གཞག་པར། །རང་གི་ལུས་ལ་བྱ་བ་ཡིན། །གཉིས་པའི་གཞི་ནི་ཞེས་བྱ་བ། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། །དེ་བཞིན་དུ་འདིར་ཡང་གཞི་ལ་སོགས་པ་དེ་དག་གི་མཚན་ཉིད་སྔར་བཤད་ཟིན་པར་བལྟའོ། །དེར་ཡང་ལྷ་ཉིད་ཀྱི་རྣལ་འབྱོར་བྱས་པའི་སྔགས་པས་མདུན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུ་བཞུགས་པའི་ཟླ་བའི་དཀྱིལ་འཁོར་ལ་གསང་སྔགས་ཀྱི་ཡི་གེ་གཞག་པ། སྔར་བྱས་པའི་བཟླས་བརྗོད་ཀྱི་ཚོགས་ནི་གསུངས་ན། གསང་སྔགས་ཡིད་ཀྱིས་བརྗོད་དམ་གཤུབས་ཏེ་བརྗོད་པ་ན་ཡན་ལག་བཞི་རྣམས་ལས། ཡན་ལག་གང་ལ་དམིགས་ཤིང་གསང་སྔགས་བརྗོད་པར་བྱ་བདག་བྱེ་བྲག་ཏུ་མ་ཕྱེའོ། །དེ་བཞིན་དུ་བཟླས་བརྗོད་མེད་པར་ཡང་བསམ་གཏན་ཉིད་ཀྱིས་གསང་སྔགས་འགྲུབ་པ་དང༌། རྣལ་འབྱོར་དང་ཐར་པ་ཐོབ་བོ་ཞེས་བྱ་བ་འདི་ཡང་དེར་གསུངས་ན། ཇི་ལྟར་ན་དེ་རྣམས་བསམ་གཏན་ཉིད་ཀྱིས་བཟླས་བརྗོད་ལ་མི་ལྟོས་པར་དངོས་གྲུབ་ལ་སོགས་པ་སྟེར་བར་མ་གསུངས་པས། དེ་ལ་ཇི་ལྟར་ཡན་ལག་བཞིའི་གསང་སྔགས་བརྗོད་པའི་ཚེ། སོ་སོར་ངེས་པའི་ཡན་ལག་ལ་དམིགས་པ་དང༌། ཇི་ལྟར་བསམ་གཏན་ཉིད་ཀྱིས་གསང་སྔགས་རྣམས་དངོས་གྲུབ་དང༌། རྣལ་འབྱོར་དང་ཐར་པ་སྟེར་བར་འགྱུར་བ་དེ་བཤད་པར་བྱའོ། །དེ་ལ་ཡང་རེ་ཞིག་བསམ་གཏན་གྱི་བཟླས་བརྗོད་ཀྱི་ཡན་ལག་བཞི་རྣམས་ཀྱི་གསང་སྔགས་བརྗོད་པའི་ཚེ། བཟླས་བརྗོད་བྱེད་པས་རྣམ་པ་གསུམ་གྱིས་དམིགས་པ་ངེས་པར་བསྟན་པ་ནི། དེ་ལ་ལྷ་ཉིད་དུ་བདག་རྣལ་འབྱོར་བྱས་པའི་ཟློས་པ་པོས་མདུན་ན་བཞུགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀ་ན་གནས་པའི་ཟླ་བ་ལ་བཀོད་པའི་གསང་སྔགས་ཀྱི་ཡེ་གེ་ལ་ངེས་པར་དམིགས་
ནས། གསང་སྔགས་བརྗོད་པ་དེ་བསྟན་པའི་ཕྱིར། སྒྲ་དང་སེམས་དང་གཞི་ལ་གཞོལ། གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་སོ་ཤིག །ཅེས་གསུངས་སོ། །དེ་བཞིན་དུ་གཞི་སྔ་མ་བཞིན་ཡན་ལག་བཞི་བཀོད་པ་དེ་བཞིན་གཤེགས་པའི་གཞིའི་ཐུགས་ཀ་ན་གནས་པའི་གསང་སྔགས་ཀྱི་ཡི་གེ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་སེམས་པ་ལས། ཡིད་ཀྱིས་སླར་སྡུད་པའི་སྦྱོར་བས་བདག་རང་གི་ལྷའི་སྐུའི་ཐུགས་ཀ་ན་འདུག་པའི་ཟླ་བ་ལ་གནས་པའི་གསང་སྔགས་ཀྱི་ཡི་གེ་ལ་དམིགས་ཤིང་སྔགས་བརྗོད་པའི་ངེས་པ། མི་འགྱུར་བ་དང་ཡི་གེར་ལྡན། གཞི་ལས་གཞིར་གྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཡན་ལག་བཞིའི་དགོད་པ་བྱས་པ་ཉིད་ཀྱིས་གསང་སྔགས་ཀྱི་སྒྲ་ལ་དམིགས་ཤིང༌། གསང་སྔགས་བརྗོད་པའི་ཆོ་ག་ཡང༌། །སླར་སྡུད་པ་ཡིས་བསྡམས་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །སྔགས་རིག་པས་ནི་སྔགས་ལ་སྦྱར། །ཡིད་ཀྱི་བཟླས་བརྗོད་བརྩམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་རེ་ཞིག་ཡན་ལག་བཞི་རྣམས་ལ་དམིགས་པ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་རྣམས་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བསྟན་པ་ནི་སྒྲ་དང་སེམས་དང་གཞི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གཞོལ་བར་གསང་སྔགས་བཟླས་བརྗོད་བྱའོ་ཞེས་བྱ་བ་དང་འབྲེལ་ཏེ། གང་དུ་གཞོལ་ཞེ་ན། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་སྨྲས་པའོ། །དེ་ལ་སྒྲ་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཡི་གེའི་ཕྲེང་བའོ། །སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གཞི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཞིའོ། །གཞོལ་ཞེས་བྱ་བ་ནི་ཟློས་པ་པོའི་བྱེ་བྲག་སྟེ། །དེ་བས་ན་ཟློས་པ་པོ་སྒྲ་ལ་སོགས་པ་ལ་གཞོལ་བ་ནི་རྒྱུན་མ་ཆད་པར་དམིགས་པའི་སྒོ་ནས་ཞེན་པའོ། །འདིས་ནི་མདུན་དུ་བསམས་པའི་དེ་བཞིན་གཤེགས་པའི་གཞིའི་ཐུགས་ཀ་ན་གནས་པའི་གསང་སྔགས་ཀྱི་ཕྲེང་བ་དང་བཅས་པའི་ཟླ་བའི་
གཟུགས་བརྙན་ལ་དམིགས་ཤིང་གསང་སྔགས་བཟླས་བརྗོད་བྱ་བར་བསྟན་ཏེ། སྒྲ་དང་སེམས་དང་གཞི་སྨོས་པ་ནི་ཚིག་གི་རིམ་པའི་གོ་རིམས་བཞིན་ནོ། །དེ་བས་ན་དུས་གཅིག་ཏུ་ཡང་དམིགས་པ་འདི་གསུམ་རིམ་པ་འདི་ཉིད་ཀྱིས་དམིགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གསང་སྔགས་མི་འགྱུར་གཞི་ལ་གནས། །ཞེས་བྱ་བ་ལ་ནི་དེ་ལ་ཤིན་ཏུ་བསྒོམས་པའི་ཕྱིར་རང་གི་སྣང་བའི་རང་བཞིན་ལས་མི་ཉམས་ཤིང་མི་གཡོ་བས་ནི་མི་འགྱུར་བ་སྟེ། བདག་གིས་ཤིན་ཏུ་བསྒོམས་པའི་རང་གི་ལྷ་ཉིད་ཀྱི་གཞི་ལ་བྱའོ། །མི་འགྱུར་བ་དང་གཞི་ཡང་དེ་ཡིན་པས་ན་མི་འགྱུར་བའི་གཞིའོ། །སྒྲ་དང་ཡི་གེ་ལ་སོགས་པ་རང་བཞིན་གྱི་གསང་སྔགས་མི་འགྱུར་བའི་གཞི་ཏིང་ངེ་འཛིན་གྱིས་རྟོགས་པའི་གཟུགས་ཀྱི་སྐུ་ལ་གསང་སྔགས་མི་འགྱུར་བའི་གཞི་ཞེས་བྱའོ། །གཞི་ཞེས་བྱ་བ་ནི་བདག་དང་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་གཞི་དང་དམིགས་པ་དང༌། རྟེན་གྱི་སྒོ་ནས་གཞིར་གྱུར་པའམ། སྐྱེས་པ་ལ་སོགས་པའི་གཟུགས་སུ་ཤེས་ཤིང་རྟོགས་པར་འགྱུར་བའི་སྣང་བའི་གཞི་ཡིན་པས་ན་གཞིའོ། །གསང་སྔགས་མི་འགྱུར་བའི་གཞི་དེ་ལ་གནས་པའི་རང་གི་ལྷའི་ང་རྒྱལ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །གསང་སྔགས་བཟླས་བརྗོད་བྱ་ཞེས་བྱ་བ་ནི་གསང་སྔགས་བརྗོད་པ་སྟེ། ཡིད་ཀྱིས་སམ་ཤུབ་བུར་བྱའོ་ཞེས་བསྟན་ཏོ། །ཡན་ལག་མ་ཉམས་ཞེས་བྱ་བ་ནི་ཟློས་པ་གང་གི་སྒྲ་ལ་སོགས་པའི་ཡན་ལག་ཇི་ལྟར་སྲིད་པའི་ང་རྒྱལ་དང༌། དམིགས་པ་གསུམ་མ་ཉམས་ཤིང་ཡོངས་སུ་མ་བཏང་བ་དེ་ཡན་ལག་མ་ཉམས་པ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་ཡོངས་སུ་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་གསང་སྔགས་ཀྱི་ཡི་གེ་དང༌། ཟླ་བའི་དཀྱིལ་འཁོར་དང༌། དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་ཀྱི་ཡན་ལག་གསུམ་ནི་དམིགས་པ་ཡོངས་སུ་མ་བཏང་བའོ། །བཞི་པ་ནི་བདག་གི་ལྷ་ཉིད་ཀྱི་གཞིའི་ཡན་ལག་གང་ཡིན་པ་སྟེ། དེ་ནི་ང་རྒྱལ་དུ་བྱ་བ་ཡོངས་སུ་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ །བཟླས་བརྗོད་ཀྱི་ཡན་ལག་བཞི་ལས་དེ་བཞིན་གཤེགས་པའི་གཞི་ལ་སོགས་པའི་ཡན་ལག་གསུམ་ལ་དམིགས་པའི་ཏིང་ངེ་འཛིན་
ལས་ལྡང་བར་བྱ་བའི་ཕྱིར། ངལ་ན་བདག་ལ་ངལ་སོ་ཤིག །ཅེས་བྱ་བ་གསུངས་སོ། །དེ་ལ་ངལ་བ་ནི་སྲོག་དང་རྩོལ་བ་བསྡམས་པ་དང༌། ཡན་ལག་གསུམ་ལ་དམིགས་ཤིང་གསང་སྔགས་འདོན་པས། ངལ་ན་བདག་གི་རང་བཞིན་ལ་ངལ་སོ་ཤིག་ཅེས་བསྟན་པའོ། །དེ་ལ་བདག་ནི་རྣམ་པར་སྨིན་པའི་རང་བཞིན་གྱིས་ལུས་སུ་འདོད་དོ། །དེ་ངལ་བསོ་བ་ནི་གཡེང་བ་སྤང་བའི་ཕྱིར་ཏེ། རང་གི་ལུས་ལྷའི་སྐུར་བསམ་པ་བཏང་ལ་རང་གི་ལུས་སུ་བསམས་ཏེ་ལྡན་ངོ་ཞེས་བྱ་བའི་ཐ་ཚིག་གོ །གཏང་པའི་རིམ་པ་ཡང་འདི་ལྟ་སྟེ། གསང་སྔགས་ཀྱི་ཡི་གེའི་སྒྲ་ནི་དེའི་ཡིག་འབྲུ་ལ་སེམས་པས་གཏང་ངོ༌། །ཡི་གེ་ཡང་དེ་མེད་པའི་ཟླ་བ་ལ་སེམས་པས་སོ། །ཟླ་བའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་སྐུ་འབའ་ཞིག་ལ་སེམས་པས་སོ། །དེ་ཡང་རང་གི་ལྷའི་སྐུ་འབའ་ཞིག་ཏུ་སེམས་པས་སོ། །དེ་ཡང་དེའི་ཡི་གེའི་འབྲུལ་སེམས་པས་སོ། །དེ་ཡང་དེའི་སྒྲ་ལ་སེམས་པས་སོ། །དེའི་སྒྲ་ལ་ལྷའི་ཡེ་ཤེས་ཀྱི་སྐུ་ལ་སེམས་པས་སོ། །ཡེ་ཤེས་ཀྱི་སྐུ་ལ་སེམས་པ་དེ་ཡང༌། ཆོས་ཀྱི་སྐུ་ལ་སེམས་པས་སོ། །དེ་ཡང་མི་དམིགས་པའི་བདག་གི་དེ་ཁོ་ན་ཉིད་ལ་བྱའོ། །དེ་ཡང་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པར་སྣང་བ་རྣམ་པར་སྨིན་པའི་ལུས་སུ་སེམས་པ་སྟེ། འདི་ནི་བདག་ངལ་སོ་ཤིག་ཅེས་བྱ་བའི་ཚིག་གི་དོན་ཏོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ལ་སོགས་པ་དེ་དག་ཐམས་ཅད་ནན་ཏན་དུ་བྱ་བའི་རིམ་པ་ནི། འདི་ལྟ་སྟེ་བདག་གི་དེ་ཁོ་ན་ཉིད་བསྒོམ་པ་སྔར་བྱས་ཏེ། ལྷ་ཉིད་ཀྱི་ང་རྒྱལ་མངོན་དུ་བྱས་པའི་ཟློས་པ་པོས་སྔ་མ་བཞིན་དུ་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང༌། ལྕེ་ཡིས་ཆུ་བཏུང་བ་ལྟར་ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང༌། དབང་པོའི་གྲོང་ནང་དུ་ཕྱོགས་པར་བྱས་ཀྱང༌། ཕུག་གི་ནང་ན་གནས་པའི་མི་ཕྱི་རོལ་དུ་བལྟ་བའི་ཚུལ་དུ་མིག་ཟམ་ཟིམ་དུ་བྱས་ཤིང། གདོང་ཅུང་ཟད་བསྟོད་དེ། རང་གི་གསང་སྔགས་ཀྱི་ཡི་གེ་ཕྲེང་བ་དང༌། ཟླ་བའི་དཀྱིལ་འཁོར་དང༌། དེ་བཞིན་གཤེགས་པའི་གཞི་རྣམས་རིམ་པ་འདི་ཉིད་ཀྱིས་རི་མོ་བཏིང་བ་ལ་ཅིག་ཅར་དམིགས་པའི་ཚུལ་དུ་ཡིད་ཀྱིས་སམ་ཐུབ་བུར་གསང་སྔགས་བརྗོད་པར་བྱའོ། །བར་བར་དུ་ཡང་
ལུས་ཐམས་ཅད་ཀྱི་རླུང་སྐད་ཅིག་ཙམ་བག་ཡངས་སུ་བྱས་ཏེ། དབུགས་དབྱུང་བ་ན། དེ་བཞིན་དུ་རང་གི་ལུས་རང་གི་ལྷ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལ་བལྟས་ནས་ཡང་སྔ་མ་བཞིན་དུ་ཕྱི་རོལ་དུ་བཞུགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་དམིགས་ཤིང་དབུགས་དབྱུང་བའི་ལྷའི་མཐའི་བར་དུ་སྲོག་དང་རྩོལ་བ་སྡོམ་ཞིང་བཟླས་བརྗོད་དེ་བཞིན་དུ་བྱའོ། །རིམ་པ་འདིས་བཟླས་བརྗོད་གཏང་བའི་བར་བཟླས་བརྗོད་བྱས་ལ། སྔར་སྨོས་པའི་རིམ་པས་རྣམ་པར་སྨིན་པའི་བདག་གི་ལུས་ལ་ངལ་བསོའོ། །ད་ནི་ཡན་ལག་བཞི་དགོང་པའི་གོ་རིམས་བྱས་པའི་ཟློས་པ་པོ་དེ་ཉིད་ཀྱི་གསང་སྔགས་འདོན་པའི་ཚེ། དམིགས་པའི་བྱེ་བྲག་གཞན་བསྟན་ཏེ། དེ་ཡང་གསང་སྔགས་ཀྱི་ཡི་གེ་བཀོད་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའི་རིམ་པས་དེ་བཞིན་གཤེགས་པའི་གཞི་ལས། རང་གི་ལྷ་དང་བདག་གཉིས་སུ་མེད་པའི་གཞི་ལ་སྤྲོའོ། །དེ་ལས་ཀྱང་དེ་བཞིན་གཤེགས་པའི་གཞི་ལ་སྤྲོ་སྟེ། གསང་སྔགས་ཀྱི་མྠའཱམ། དབུགས་དབྱུང་བའི་མཐར་ཕྱིར་འབྱུང་བ་དང་སླར་སྡུད་པའི་སྦྱོར་བས་བྱ་བ་དེ་བསྟན་པའི་ཕྱིར། མི་འགྱུར་བ་དང་ཡི་གེར་ལྡན། །གཞི་ལས་གཞིར་གྱུར་དེ་བཞིན་ཏེ། །རང་སྔགས་ཕྱིར་ནི་གང་བརྟགས་པ། །ཡིད་ཀྱི་དག་པ་བསམ་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཡིད་ཀྱི་ཞེས་བྱ་བ་ནི། ཡིད་ལ་བྱུང་བས་ན། ཡིད་ཀྱི་སྟེ་ཡིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་གནས་སྐབས་སོ། །ཡིད་དེ་ཇི་ལྟ་བུ་ཞིག་ཡིན་ཞེས་ཁྱད་པར་དུ་བསྟན་པའི་ཕྱིར། མི་འགྱུར་བ་དང་ཡི་གེར་ལྡན། །ཞེས་བྱ་སྟེ། དེ་ལ་ཤིན་ཏུ་བསྒོམས་པའི་ཕྱིར་གསལ་བར་སྣང་བ་ལས་མི་འགྱུར་བས་ན་མི་འགྱུར་བ་སྟེ། ཟླ་བའི་དཀྱིལ་འཁོར་ལ་བཀོད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ལ་བྱའོ། །ཡི་གེ་དེ་རྣམས་ཀྱང་མི་འགྱུར་བ་ནི་མི་འབྲལ་བ་དང་རྒྱུན་མི་འཆད་པར། རབ་ཏུ་སྣང་བར་ཡིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པ་གང་ཡིན་པ་དེ་ལ། སྦྱར་བ་དེ་ནི་མི་འགྱུར་བ་དང་ཡི་གེར་ལྡན་པའི་ཡིད་དོ། །ཡང་དེ་ཉིད་བྱེ་བྲག་ཏུ་དབྱེ་བའི་ཕྱིར། གཞི་ལས་གཞིར་གྱུར་ཞེས་བྱ་བ་གསུངས་ཏེ། གཞི་ལས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་ལས་སོ། །གཞིར་གྱུར་
ཞེས་བྱ་བ་ནི་རང་གི་ལྷའི་སྐུ་བདག་གི་གཞིར་གྱུར་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་ཡིད་དེ། གསང་སྔགས་ཀྱི་ཡི་གེ་དང་བཅས་པར་བདག་གི་གཟུགས་རང་གི་ལྷར་གྱུར་པ་དེའི་སྙིང་གར་བལྟ་ཞིང་དབུགས་དབྱུང་བའི་མཐའི་བར་དུ་བཟླས་བརྗོད་བྱའོ། །དེ་ལས་ཀྱང་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་ལ་བལྟའོ། །དེ་ལས་ཀྱང་ཡིད་ཀྱི་དེ་སླར་བསྡུས་ཏེ། སྔ་མ་བཞིན་རང་གི་ལྷའི་སྐུའི་གཞི་ལ་གནས་པར་བྱས་ལ་བཟླས་བརྗོད་བྱ་སྟེ། དེ་ལྟ་བུར་སེམས་ཤིང་གསང་སྔགས་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་ཞེས་བྱ་བའི་སྒྲས་ནི་བཟླས་བརྗོད་ཀྱི་དམིགས་པའི་ཁྱད་པར་གཞན་ཉེ་བར་སྡུད་པ་བསྟན་ཏོ། །ཡང་ཡིད་ཀྱི་དག་པ་ཞེས་བྱ་བ་དེ་ཉིད་ཀྱི་ཁྱད་པར་བསྟན་ཏེ། དེ་ལ་ཡིད་ཀྱི་དག་པ་ནི་རྣམ་པ་གཉིས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་གཡེང་བ་དང་བཅས་པ་རྣམས་ཀུན་ནས་མ་ལངས་པ་དང༌། ཟླ་བའི་གཟུགས་བརྙན་གྱི་རྣམ་པར་གྱུར་པའི་གནས་སྐབས་ན་ཡང༌། ཀུན་དུ་རྫོགས་ཤིང་དྲི་མ་མེད་པར་རབ་ཏུ་སྣང་ངོ༌། །གང་བརྟགས་ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒྱུར་ཞེས་བྱ་བའི་ཐ་ཚིག་གོ །རང་སྔགས་ཕྱིར་ཞེས་བྱ་བ་ནི་ཡིད་ཟླ་བའི་གཟུགས་སུ་བརྟག་པའི་དགོས་པ་བསྟན་ཏེ། རང་གི་གསང་སྔགས་ཀྱི་ཡི་གེའི་གནས་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འདི་བསྡུས་པའི་དོན་སྔ་མ་བཞིན་དུ་ལྷའི་དེ་ཁོ་ན་ཉིད་ཀྱི་སྐུ་བདག་གི་གཟུགས་སུ་གྱུར་པར་བདག་ཉིད་རབ་ཏུ་གོམས་པར་བྱས་ཤིང་དེ་བཞིན་དུ་སྲོག་དང་རྩོལ་བ་བསྡམས་པ་སྔར་བྱས་ཏེ། ཅུང་ཟད་ཅིག་ཏིང་ངེ་འཛིན་གྱིས་གསལ་བར་རབ་ཏུ་སྣང་བར་བྱས་ནས་སྲོག་དང་རྩོལ་བ་བསྡམས་པ་ཉིད་ཀྱིས་མིག་ཅུང་ཟད་བཙུམས་ཀྱང་ཡིད་སྣང་བ་དང་བཅས་པར་མདུན་དུ་བཏང་ལ་ཧ་ཅང་མི་རིང་བར་བདག་གི་ཚད་ལས་ཅུང་ཟད་མཐོ་བར་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྟགས་ཏེ་དེའི་ཐུགས་ཀར་གསང་སྔགས་ཀྱི་ཕྲེང་བ་བཟླས་བརྗོད་དུ་བྱ་བ་ནང་ན་གནས་པས་བརྒྱན་པའི་ཟླ་བའི་དཀྱིལ་འཁོར་རབ་ཏུ་བརྟག་གོ །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་གསང་སྔགས་དང་བཅས་པར་སྔ་མ་བཞིན་དུ་ལུས་ཐམས་ཅད་ཀྱི་རླུང་སླར་བསྡུ་
བའི་ཚུལ་གྱིས་བདག་གི་སྙིང་གའི་ནང་ན་གནས་པར་དབུགས་དབྱུང་བའི་མཐའི་བར་དུ་གསང་སྔགས་རེ་རེ་ནས་བརྗོད་པས་བལྟ་ཞིང་བདག་གི་གསང་སྔགས་འདོན་པར་བྱས་ནས། ཡང་ལུས་ཐམས་ཅད་ནས་རླུང་འབྱུང་བའི་ཚུལ་དུ་རླུང་དང་བཅས་པས་ཡིད་ཀྱིས་དེ་བཞིན་གཤེགས་པའི་ཐུགས་ཀའི་ཕྱོགས་སུ་བཏང་ངོ༌། །ཟླ་བའི་དཀྱིལ་འཁོར་དེའི་ནང་ན་གནས་པའི་གསང་སྔགས་ཀྱི་ཕྲེང་བ་ལ་བལྟ་ཞིང་སྔ་མ་བཞིན་དུ་རང་གི་སྙིང་གའི་ནང་ན་གནས་པ་ལ་དམིགས་པའི་ཚུལ་གྱིས་དབུགས་དབྱུང་བའི་མཐའི་བར་དུ། གསང་སྔགས་འདོན་པ་སྔ་མ་བཞིན་དུ་བྱས་པ། རིམ་པ་འདིས་བཟླས་བརྗོད་བཏང་གི་བར་དུ་བཟླས་བརྗོད་བྱའོ། །རླུང་འབྱུང་བའི་དུས་ན་ཡང་ཡན་ལག་བཞི་ཆར་ཡང་ཐང་ཅིག་ཏུ་དམིགས་པར་བྱའོ། །ད་ནི་དེ་བཞིན་དུ་བཟླས་བརྗོད་ཀྱི་ཡན་ལག་བཞི་པོ་ཤིན་ཏུ་བསྒོམས་པས་ལུས་ཐམས་ཅད་ཀྱི་རླུང་བསྡུས་ནས་དབང་པོའི་གྲོང་སླར་སྡུད་པའི་ཚུལ་གྱིས་གསང་སྔགས་ཀྱི་སྒྲ་འདོན་པ་ལ་དམིགས་ཤིང་བཟླས་བརྗོད་བྱ་བ་བསྟན་པའི་ཕྱིར། སླར་སྡུད་པ་ཡིས་བསྡམས་ནས་སུ། །སྲོག་དང་རྩོལ་བ་བསྡམས་པ་ཡིས། །གསང་སྔགས་རིག་པས་སྔགས་དང་སྦྱར། །ཡིད་ཀྱིས་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཡང་ན་ཤུབ་བུར་བྱ་ཡང་རུང༌། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །ཞེས་གསུངས་སོ། །དེ་ལ་ཡིད་གསང་སྔགས་ལ་སྦྱར་ནས། །ཡིད་ཀྱིས་བཟླས་བརྗོད་རྩོམ་མོ་ཞེས་བྱ་བ་དང་སྦྱར་རོ། །ཡིད་དེ་ཡང་ཇི་ལྟ་བུ་ཞིག་ཏུ་བྱ་སྟེ། གསང་སྔགས་ལ་སྦྱར་ཞེ་ན། སླར་སྡུད་པ་ཡིས་བསྡམས་ནས་ནི། །ཞེས་བྱ་བ་གསུངས་ཏེ། མཉམ་པར་མ་བཞག་པའི་ཡིད་རང་དགར་འབྱུང་བ་མིག་ལ་སོགས་པའི་སྒོ་ནས་ཇི་ལྟར་སྲིད་པར་ཕན་ཚུན་དུ་རབ་ཏུ་རྒྱུ་བ་ལུས་ཐམས་ཅད་ཀྱི་རླུང་བསྡུ་བའི་ཚུལ་གྱིས་སླར་བཀུག་ལ་རང་གི་ལུས་ཀྱི་ནང་དུ་འཇུག་པ་ནི་སླར་སྡུད་པ་སྟེ། སླར་སྡུད་པ་དེས་བསྡམས་ཤིང་བཙུམས་ལ་ནང་དུ་ཕྱོགས་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུའི་ཡིད་དེ་གསང་སྔགས་ལ་སྦྱར་རོ་ཞེས་བྱ་བ་དང་འབྲེལ་ཏོ། །ཡང་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི། སྲོག་དང་རྩོལ་བ་
བསྡམས་ཞེས་བྱ་བ་སྟེ། གོང་དུ་མོས་པའི་མཚན་ཉིད་ཀྱི་སྲོག་དང་རྩོལ་བ་དག་ཡིད་གང་གིས་བཅུམ་ཞིང་བསྡམས་པའམ། སྲོག་དང་རྩོལ་བ་དག་བསྡམས་པ་སྟེ། དེ་དག་ཉིད་ཀྱིས་བསྡམས་ཤིང་མི་གཡོ་བར་བྱས་པ་ལ། སྲོག་དང་རྩོལ་བ་བསྡམས་པ་ཞེས་ཀྱང་བྱའོ། །དེ་ནི་སྲོག་དང་རྩོལ་བ་བསྡམས་པའི་ཡིད་ཡིན་ཏེ། རླུང་གི་ལམ་དང་དྲན་པ་བརྟུལ། །ཞེས་བྱ་བའི་དོན་ཏོ། །གསང་སྔགས་རིག་པ་སྔགས་ལ་སྦྱར། །ཞེས་བྱ་བ་ནི་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཡིད་དེ་གསང་སྔགས་ཀྱི་ཡུལ་ལ་སྦྱར་བ་སྟེ། མངོན་པར་འདོད་ཅེས་བྱ་བའི་ཐ་ཚིག་གོ །ཡིད་ཀྱིས་མངོན་དུ་སྨྲ་ཞིང་རྣམ་པར་རྟོག་པའི་ཕྱིར་ཡིད་ཀྱི་བཟླས་བརྗོད་དོ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཞེས་བྱ་བ་ནི། གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཆོ་གས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཤུབ་བུར་ཡང་རུང་ཞེས་བྱ་བ་ནི། གསང་སྔགས་ཤུབ་བུར་སྨྲ་ཞིང་འདོན་པའི་བཟླས་བརྗོད་དོ། །ཤུབ་བུ་ནི་འབད་མི་དགོས་པར་གསང་སྔགས་འདོན་པའི་སྦྱོར་བའོ། །དེའི་དགོངས་པ་འདི་ལྟ་སྟེ། སླར་སྡུད་པ་དང་སྲོག་དང་རྩོལ་བ་ཤིན་ཏུ་བསྡམས་པས་དབང་པོའི་བྱེད་པ་མང་པོ་རང་དབང་མེད་པར་ནང་དུ་ཕྱོགས་པར་བྱས་པའི་ཟློས་པ་པོ་སྒྲ་ཆེན་པོར་འདོན་པར་མི་སྲིད་པས་ན་གསང་སྔགས་སྒྲ་ཆུང་ངུར་འདོན་པ་ནི་ཤུབ་བུའི་མཚན་ཉིད་དུ་ཞར་ལ་ཤེས་པར་བྱའོ། །ཤུབ་བུར་ཡང་རུང་ཞེས་བྱ་བ་དེ་ཉིད་ཀྱིས་ཡིད་ཀྱི་བཟླས་བརྗོད་ལས་ཤུབ་བུའི་བཟླས་བརྗོད་ཀྱི་ཕྱོགས་གཞན་བསྟན་པར་མངོན་མོད་ཀྱི་ཡང་ན་ཞེས་བྱ་བའི་སྒྲ་སྨོས་པས་ནི་གཙུག་ལག་མཛད་པས་ཡིད་ཀྱིས་བཟླས་བརྗོད་ཉིད་བསྔགས་པར་མངོན་ནོ། །དེའི་དོན་འདི་སྟེ། ཡིད་ཀྱིས་བཟླས་བརྗོད་ཉིད་ཏིང་ངེ་འཛིན་ཕྲ་བ་རྒྱུ་ཡིན་པས་རྟག་ཏུ་འདི་ཉིད་བྱའོ། །གལ་ཏེ་བརྒྱ་ལ་ཤུབ་བུར་བཟླས་བརྗོད་བྱེད་འདོད་ན་དེ་ཡང་དེའི་ཚེ་དེ་ཉིད་ཀྱི་སྦྱོར་བས་བྱའོ་ཞེས་བསྟན་ཏོ། །ཡོང་ནི་སླར་སྡུད་པ་དང་སྲོག་དང་རྩོལ་བ་བསྡམས་པས་ཡིད་དང་རླུང་དང༌། དབང་པོའི་བྱེད་པའི་ཚོགས་ནང་དུ་ཕྱོགས་པར་བྱས་པས་ཤུབ་བུར་བརྗོད་པར་དཀའ་སྟེ། དེ་བས་ན་ཡིད་ལ་བྱེད་པ་ཉིད་རིགས་སོ། །ཏིང་ངེ་འཛིན་དབང་དུ་མ་གྱུར་བ་རྣམས་ཚིག་
བརྗོད་ན་ཏིང་ངེ་འཛིན་ཉམས་པར་འགྱུར་བ་ཡང་སྲིད་དེ། །རིག་པས་དེ་དང་སྦྱར་ན་ཡང་ཡིད་ཀྱི་བཟླས་བརྗོད་ཉིད་མཆོག་ཡིན་ནོ། །དངོས་གྲུབ་འདོད་པས་ཞེས་བྱ་བ་ནི་དངོས་གྲུབ་འདོད་པའི་ཕྱིར་གསང་སྔགས་ཀྱི་བཟླས་བརྗོད་བྱེད་པ་གང་ཡིན་པ་དེ་དག་གིས་བཟླས་བརྗོད་ཀྱི་ཆོ་ག་འདི་ངེས་པར་ནན་ཏན་བྱའོ་ཞེས་དགོངས་པའོ། །འཇིག་རྟེན་ཕ་རོལ་གྱི་བསོད་ནམས་ལ་སོགས་པའི་ཕྱིར་བྱེད་པ་ནི་འདི་སྐད་དུ་གསུངས་པའི་ཆོ་ག་ལས་ཉམས་ཤིང་ཅི་ནུས་པར་བཟླས་བརྗོད་བྱས་ན་ཡང་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྒྲ་ལ་དམིགས་པའི་བཟླས་བརྗོད་ལ་ཡིད་ཀྱི་དང་ཤུབ་བུར་བཟླས་བརྗོད་བྱ་བ་སྨོས་པ་ནི་འདིར་ཉེ་བར་བསྟན་པའི་མཚན་ཉིད་དུ་བལྟ་སྟེ། དེ་བས་ན་སྔ་མའི་བཟླས་བརྗོད་དག་ལ་ཡང་སྦྱར་བར་བྱའོ། །འདི་བསྡུས་པའི་དོན་ཀྱང་སྔ་མ་བཞིན་དུ་ཡན་ལག་བཞིའི་ཆོ་ག་བྱས་ཤིང་དེ་བཞིན་གཤེགས་པའི་གཞི་ལ་བལྟས་ནས། ལུས་ཐམས་ཅད་ཀྱི་རླུང་གི་ལམ་གྱི་རྗེས་སུ་འབྲང་བའི་སེམས་ཀྱི་རྟ་མངོན་དུ་ཕྱོགས་པར་བྱས་ལ་རུས་སྦལ་གྱི་ལུས་བསྐུམ་པ་དང་ལྕེ་ཡིས་ཆུ་བཏུང་བའི་ཚུལ་དུ་རླུང་སླར་སྡུད་པའི་སྦྱོར་བས་ཡིད་ནང་དུ་ཕྱོགས་པར་བྱ་སྟེ། རང་གི་ལྷ་དང༌། གཉིས་སུ་མེད་པར་ཤིན་ཏུ་བསྒོམས་པའི་གཟུགས་ཀྱིས་བདག་ཁྱབ་པར་བྱས་ལ་དྲན་པ་དང་རླུང་འབྱུང་བའི་ལམ་བཀག་སྟེ། བརྗོད་པར་བྱ་བའི་སྒྲ་ལ་དམིགས་ཤིང་སེམས་བཟུང་ནས་དབུགས་དབྱུང་བའི་མྠའཱམ། གསང་སྔགས་ཀྱི་མཐའི་བར་དུ་གསང་སྔགས་འདོན་པ་བྱས་ལ། ཡང་དེ་བཞིན་དུ་རླུང་གི་ལམ་གྱི་རྗེས་སུ་འབྲང་བའི་སེམས་ཕྱིར་ཕྱོགས་པར་བྱས་ལ། དེ་བཞིན་གཤེགས་པ་ལ་སོགས་པ་གསུམ་ལ་བལྟས་ནས་སླར་བསྡུས་ཏེ། དེ་བཞིན་དུ་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་བཟླས་བརྗོད་བྱས་པ་ཡང་དེ་བཞིན་དུ་འབྱུང་བ་དང་སླར་བསྡུ་བའི་ཚུལ་གྱིས་ཇི་ཙམ་འདོད་པའི་བར་དུ་བཟླས་བརྗོད་བྱའོ། །དེ་ལྟར་གསང་སྔགས་བརྗོད་པའི་ཆོ་ག་གང་དང་པོ་ལ་དམིགས་པ་གསུམ་གསུངས་པ་ནི་དེ་བཞིན་གཤེགས་པ་དང་དེའི་ནང་ན་གནས་པའི་གསང་སྔགས་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་དམིགས་པའི་བྱེ་བྲག་གོ །གསང་སྔགས་ཟློས་པའི་ཆོ་ག་གཉིས་པ་ལ་ནི་དམིགས་པ་
གཉིས་ཏེ། བདག་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དང༌། དེའི་ནང་ན་གནས་པའི་གསང་སྔགས་ཀྱི་ཡི་གེའི་ཕྲེང་བའོ། །རིམ་པ་གསུམ་པ་ལ་ནི་བཟླས་བརྗོད་བྱ་བའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པ་སྟེ། བཟླས་བརྗོད་གསུམ་གྱི་བྱེ་བྲག་གོ །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང༌། བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རིག་སྔགས་དང་སྔགས་ཀྱི་ཐབས་ཆེན་པོ་བཤད་ཟིན་ཏོ། །ད་ནི་རིག་སྔགས་དང་གསང་སྔགས་ཀྱི་དངོས་གྲུབ་ཀྱི་ལམ་འདི་ཉི་ཡིན་གྱི་གཞན་ནི་མ་ཡིན་ཏེ། །ཐུང་མོང་མ་ཡིན་པའི་རྒྱུ་ཡིན་པར་བསྟན་པས་ཇི་སྐད་སྨོས་པའི་མཚན་ཉིད་རིག་སྔགས་དང་གསང་སྔགས་ཀྱི་ཐབས་འདི་ལ་ནན་ཏན་བསྟན་པར་བྱ་བའི་ཕྱིར་རོ། །རིག་སྔགས་དེ་ཉིད་མ་ལུས་དང༌། །བདག་གི་དེ་ཉིད་ཆོ་ག་དང༌། བཟླས་བརྗོད་དེ་ཉིད་ཆོག་ཤེས་ན། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །དེ་ལ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་མཆོག་ཅེས་བྱ་བ་ནི་བཟླས་བརྗོད་ཀྱི་ཡན་ལག་ལ་དམིགས་པའི་མཚན་ཉིད་གོང་དུ་སྨོས་པ་གང་ཡིན་པ་དེ་ལ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་མ་ཡིན་པ་ལས་དམ་པར་གྱུར་པས་ན་མཆོག་གོ །དེ་བས་ན་དེ་ཤེས་ན་དངོས་གྲུབ་ཐོབ་པོ་ཞེས་བྱ་བ་དང་འབྲེལ་ཏོ། །འོ་ན་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་ནན་ཏན་བྱས་ནས་ཞེས་སྨྲ་བར་རིགས་སོ། །གང་གི་ཕྱིར་ཞེ་ན་ནན་ཏན་མ་བྱས་པར་ཤེས་པ་ཙམ་གྱིས་འབྲས་བུ་ཡོད་པ་མི་སྣང་ངོ༌། །དཔེར་ན་འཇིག་རྟེན་ན་རྨོས་དང་ཚོང་གི་ཆོ་ག་ཤེས་ཀྱང་ནན་ཏན་མ་བྱས་ན་དེའི་འབྲས་བུ་དང་ལྡན་པར་མི་སྣང་སྟེ་དེ་ནི་མི་རིགས་པའོ། །དེ་ལ་ཉེས་པ་མེད་དེ་འབྲས་བུ་ལ་རྒྱུ་བཏགས་ཏེ། བསྟན་པར་དགོངས་པའམ། ནན་ཏན་ལ་སོགས་པའི་མཚན་ཉིད་དུ་བརྗོད་པར་དགོངས་པའོ། །རིག་སྔགས་དེ་ཉིད་མ་ལུས་དང༌། །ཞེས་བྱ་བ་མ་ལུས་དང་ཞེས་སྨོས་པ་ནི་རིག་སྔགས་རྣམ་པ་དྲུག་གི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བསྟན་ཏོ། །བདག་གི་དེ་ཉིད་ཆོ་ག་ཡང༌། །ཞེས་བྱ་བ་ནི་ཆོ་གའི་ཚིག་སྨོས་པས་འདི་སྐད་བསྟན་ཏེ། བདག་གི་དེ་ཁོ་ན་ཉིད་ཀྱི་ཆོ་ག་སྨོས་པས་རྣམ་པར་དཔྱད་ཀྱི་བདག་གི་དེ་ཁོ་ན་ཉིད་དེས་ཐོབ་པར་གྱུར་པ་ལ་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་དེ་ཁོ་ན་ཉིད་
གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་སྔར་སྨོས་པ་དེ་ཉིད་ཐོབ་ན་སངས་རྒྱས་སུ་གྱུར་པ་ཉིད་ཡིན་པས། དེ་ལ་བཟླས་བརྗོད་བཤད་ཅི་དགོས། །ཞེས་དགོངས་པའོ། །ད་ནི་བཟླས་བརྗོད་ལ་མི་ལྟོས་པར་བསམ་གཏན་འབའ་ཞིག་ལས་ཇི་ལྟར་འདོད་པའི་དངོས་གྲུབ་དང༌། རྣལ་འབྱོར་དང་ཐར་པ་ཐོབ་པའི་ཆོ་ག་བྱ་བ་བསྟན་པར་བྱ་སྟེ། དེའི་ཕྱིར་གསང་སྔགས་ཀྱི་བསམ་གཏན་གྱི་གནས་བསྟན་པའི་ཕྱིར། དབེན་པའི་སྐྱེད་མོས་ཚལ་དང་ངོགས། །ཕུག་དང་རི་བོ་ནགས་ཚལ་དུ། །བརྟུལ་ཞུགས་གནས་སམ་སྡོམ་པ་ཡིས། །སྔགས་པ་བསམ་གཏན་བྱེད་ཅིང་གནས། །ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་གྱི་གནས་བསྟན་པའི་དགོངས་པ་ནི། །འདི་ལྟར་གནས་རྣམ་པ་གཉིས་ཏེ། ལུས་དབེན་པ་དང༌། སེམས་དབེན་པའི་རྒྱུའི་བྱེ་བྲག་གོ །དེ་ལ་བཟླས་བརྗོད་ལ་ནི་པདྨའི་མཚོ་དང༌། རི་དང་ཕུག་ལ་སོགས་པའི་མཚན་ཉིད་ཡོན་ཏན་གང་ཡང་རུང་བ་དང་ལྡན་པའི་གནས་ཀྱི་བྱེ་བྲག་ཏུ་ཡང་ལས་དང་དངོས་གྲུབ་ཀྱི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་གནས་འཆའོ། །བསམ་གཏན་ལ་ནི་ལུས་དབེན་པ་དང༌། སེམས་དབེན་པའི་རྒྱུ་གཉིས་ཀ་དང་ལྡན་པ་ཉིད་ཀྱིས་གནས་སུ་གནས་པར་རིགས་ཏེ། དེ་བས་ན་དེ་གཉིས་ཀའི་ཡོན་ཏན་གྱི་རྒྱུ་དང་ལྡན་པ་ཉིད། དབེན་པའི་སྐྱེད་མོས་ཚལ་ལ་སོགས་པ་བསམ་གཏན་གྱི་སྐབས་སུ་བསྟན་ཏོ། །བཟླས་བརྗོད་ཀྱི་གནས་ནི་དེ་དག་ཉིད་དང་གཞན་དང་གཞན་དག་ཀྱང་རྒྱུད་འདིའི་སྔོན་རོལ་དུ་གསུངས་པར་བལྟའོ། །བསམ་གཏན་བྱེད་ཅིང་ཞེས་བྱ་བ་ནི་ཉེ་བའི་མཚན་ཉིད་དེ་ཏིང་ངེ་འཛིན་བསྒོམས་པ་ལ་ཡང་བལྟ་བར་བྱའོ། །བརྟུལ་ཞུགས་ནི་རབ་ཏུ་བྱུང་བ་དང༌། རིག་སྔགས་ཀྱི་བརྟུལ་ཞུགས་ལ་སོགས་པའོ། །སྡོམ་པ་ནི་གསོ་སྦྱོང་ལ་སོགས་པའི་མཚན་ཉིད་དོ། །བསམ་གཏན་བྱེད་ཅིང་ཞེས་གསུངས་པ་དེ་ཡང༌། བསམ་པར་བྱ་བ་ནི་འདིར་ལྷའི་རང་བཞིན་དེ་དེ་བས་ན་དེ་ཉིད་བརྟག་པར་བྱའོ། །དེ་ལ་ལྷའི་རང་བཞིན་རྣམ་པ་གསུམ་སྟེ། འདི་ལྟར་གཟུགས་ཀྱི་སྐུའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང༌། སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང༌། དོན་དམ་པའི་ལྷའི་རང་བཞིན་ནོ། །དེའི་གཟུགས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། གཅིག་ནི་
མིག་ལ་སོགས་པའི་ཡན་ལག་གི་དབྱིབས་ཀྱི་རང་བཞིན་ནོ། །གཉིས་པ་ནི་ཕྱག་རྒྱའི་རང་བཞིན་ནོ། །སྒྲའི་རང་བཞིན་གྱི་ལྷའི་བདག་ཉིད་ལ་ཡང་རྣམ་པ་གཉིས་ཏེ། གཅིག་ནི་ཡི་གེའི་མཚན་ཉིད་དོ། །གཉིས་པ་ནི་སྒྲར་བརྗོད་པའི་རང་བཞིན་ནོ། །སྒྲར་བརྗོད་པའི་རང་བཞིན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་རྐན་དང་མཆུ་ལ་སོགས་པའི་རྩོལ་བས་བསྐྱེད་པ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱེད་པའི་སྒྲའི་རང་བཞིན་ནོ། །གཉིས་པ་ནི་ཡིད་ཀྱིས་སྤྱིར་གསང་སྔགས་འདོན་པའི་རང་བཞིན་ནོ། །གསུམ་པ་ཡང་གསང་སྔགས་ཀྱི་ཡི་གེ་རེ་རེ་ནས་སེམས་པའི་བདག་ཉིད་རྣམ་པར་རྟོག་པའི་རང་བཞིན་ནོ། །དོན་དམ་པའི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ལས་གཞན་པ་ནི་དེ་ལ་དམིགས་པ་སྣང་བ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་ལྷའི་རང་བཞིན་ཐམས་ཅད་ཀྱི་བྱེ་བྲག་འདི་དག་གི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་ཆོ་ག་ལ་ལྷའི་དེ་ཁོ་ན་ཉིད་དང༌། བཟླས་བརྗོད་ཀྱི་མཐའི་བར་དུ་ཇི་ལྟར་དཔྱད་པར་བྱ་བ་དེ་དག་ནི་བཤད་ཟིན་ཏོ། །བཟླས་བརྗོད་ལ་མི་ལྟོས་པར་བསམ་གཏན་ལས་གསང་སྔགས་ཀྱི་འབྲས་བུ་འདོད་པས་ནི། རང་བཞིན་གསུམ་འོག་ནས་འཆད་པའི་རིམ་པས་ཇི་ལྟར་སྲིད་པར་བསམ་གཏན་དུ་བྱའོ། །དེ་ལ། གཅིག་ནི་ཇི་སྐད་སྨོས་པ་སྒྲ། །ཞེས་བྱ་བ་ལྷའི་བྱེ་བྲག་གི་བདག་ཉིད་གསང་སྔགས་ཀྱི་ཡན་ལག་གི་བྱེ་བྲག་གི་ཡི་གེ་རྣམས་སོ་སོར་ཡིད་ཀྱིས་རྣམ་པར་བརྟགས་པའི་བསམ་གཏན་གྱི་རང་བཞིན་ནོ། །གཉིས་པ་ནི་རིག་སྔགས་དེ་ཉིད་ཀྱི་ཚིག་ཏུ་སྨྲ་བའི་ཡི་གེ་སྒྲའི་རང་བཞིན་ནོ། །གསུམ་པ་ནི་ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ལ་རང་བཞིན་གསུམ་པོ་ཇི་ལྟར་སྲིད་པ་དེའི་བསམ་གཏན་གྱི་སྦྱོར་བ་དང་བསམ་གཏན་གྱི་འབྲས་བུ་བསྟན་པའི་ཕྱིར། གསང་སྔགས་མི་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བ་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་གསུངས་སོ། །དེ་ལ། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བ་དྲན། །ཞེས་བྱ་བའི་ཚིག་
གཉིས་ཀྱིས་ཇི་ལྟར་སྲིད་པའི་ལྷའི་རང་བཞིན་གཉིས་ཀྱི་བསམ་གཏན་གྱི་སྦྱོར་བ་ལས་དངོས་གྲུབ་མཆོག་དང༌། སེམས་མཉམ་པར་གནས་པའི་མཚན་ཉིད་རྣལ་འབྱོར་འགྲུབ་པར་བསྟན་ཏོ། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །ཅེས་བྱ་བ་དེས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ལྷའི་བསམ་གཏན་གྱི་ཐར་པ་ཐོབ་པ་བསྟན་ཏོ། །སྦྱོར་བ་གསུམ་གྱི་བསམ་གཏན་དེ་དག་ནི་ཀུན་རྫོབ་ཡིན་ཡང་ཇི་སྐད་དུ་སྨོས་པའི་འབྲས་བུ་ཐོབ་པ་ལས་གཞན་དུ་མི་འགྱུར་པས་ན། འདི་གསུམ་ཆར་ཡང་དེ་ཁོ་ན་ཉིད་གསུམ་དུ་གསུངས་སོ། །བཟླས་བརྗོད་ལ་སོགས་པའི་དེ་ཁོ་ན་ཉིད་བསྟན་པ་ལ་ཡང་དགོངས་པ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དེ་དག་གིས་དོན་འདི་དག་ཇི་ལྟར་བསྟན་པ་དེ་ཡང་གླེང་བ་ལ་འགྲེལ་པའི་ཚིགས་བཅད་བཤད་པས་དེ་མ་ཐག་ཏུ་འོག་ནས་བསྟན་པར་བྱའོ། །དེ་ལ་ཡང་བཟླས་བརྗོད་ཀྱི་ཆོ་ག་གོང་དུ་སྨོས་པ་བཞིན་དུ་གསང་སྔགས་ཀྱི་བསམ་གཏན་གྱི་ཆོ་ག་ལ་ཡང་བདག་གི་དེ་ཁོ་ན་ཉིད་ཤིན་ཏུ་བསྒོམས་ཤིང་སྒྲ་ཞེས་བྱ་བ་ལྷའི་སྒྲ་སྣང་བ་དང༌། གཉིས་སུ་མེད་པར་མོས་པར་བྱས་ལ་དེ་བསྒོམ་པར་འདོད་དེ། དེ་བས་ན་ཐོག་མ་ཉིད་དུ་བདག་གི་དེ་ཁོ་ན་ཉིད་སྔར་གསུངས་པའི་མཚན་ཉིད་ཚིགས་སུ་བཅད་པ་འདིས་བཤད་པ། མི་འབྱེད་ལས་བྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་བསྡམ། །སྔགས་པ་ཡན་ལག་འདས་པ་གནས། །ཞེན་པ་མེད་པར་བསམ་གཏན་བྱའོ། །ཞེས་གསུངས་སོ། །དེ་ལ་སྔགས་པས་བདག་གཏན་བྱའོ། །བསམ་མོ་ཞེས་བཤད་པ་ཅི་ཞིག་བསྡམ་པར་ཞེ་ན། མི་འབྱེད་ལས་བྱུང་དངོས་པོ་རྣམས། །བསྡམས་ནས་ཞེས་བྱ་བ་གསུངས་སོ། །དེ་ལ་མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པས་མི་འབྱེད་པས་ན་མི་འབྱེད་པ་སྟེ་ཡིད་དོ། །དེ་ལ་མཚུངས་པར་ལྡན་པའམ། དེའི་རྒྱུས་གང་འབྱུང་ཞིང་སྐྱེ་བ་དེ་རྣམས་མི་འབྱེད་པ་ལས་བྱུང་སྟེ། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་དེ་རྣམས་བསྡམས་ནས་ཞེས་བྱ་བ་དང་འབྲེལ་ཏོ། །དེ་དག་བསྡམས་པ་ཡང་ཀུན་ནས་དཀྲིས་པའི་ངོ་བོར་མི་སྐྱེ་བ་སྟེ། ཇི་སྐད་སྨོས་པའི་མཚན་ཉིད་བསྡམས་པ་དེ་ཡང་གང་དུ་བསྡམ་ཞེ་ན། བདག་ལ་ཞེས་བྱ་བ་གསུངས་ཏེ། ཡིད་ལ་ཞེས་བྱ་བའི་དོན་ཏོ། །དེས་འདི་སྐད་དུ་
གསུངས་པར་འགྱུར་ཏེ། ཇི་སྐད་དུ་གསུངས་པའི་མཚན་ཉིད་སྣང་བ་མེད་པ་གཉིས་སུ་མེད་པའི་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱེད་པས་ཀུན་ནས་དཀྲིས་པ་དེ་དག་མི་འབྱུང་ཞིང༌། བག་ཆགས་སུ་གནས་པའི་མཚན་ཉིད་ནི་བསྡམས་པའོ། །དེའི་གཞི་ཡང་ཡིད་ཀྱི་རང་བཞིན་བདག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། བདག་ལ་ཞེས་བྱ་བ་གསུངས་སོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་ན་དེ་ཁོ་ན་ཉིད་བརྟག་ནུས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡན་ལག་འདས་ལ་གནས་ཞེས་བྱ་བ་ནི་འདི་སྙེད་ཅིག་གོ་ཞེས་ཡོངས་སུ་ཆད་པར་ཡན་ལག་ཏུ་དབྱེ་ཞིང་བགྲང་དུ་ཡོད་པ་ནི་ཡན་ལག་སྟེ། མིག་དང་རྣ་བ་ལ་སོགས་པའི་ཡན་ལག་རྣམས་ལ་བྱའོ། །སྔགས་པ་གང་གིས་ཡིད་ལ་མི་བྱེད་པའི་སྒོ་ནས་སམ། ཆོས་བདག་མེད་པར་སྒྲུབ་པའི་རིགས་པས་སུན་ཕྱུང་སྟེ། ཡན་ལག་དེ་དག་ལས་འདས་ཤིང་རྒལ་བ་དང༌། ཡོངས་སུ་བཏང་བ་དེ་ནི་ཡན་ལག་ལས་མ་འདས་པ་སྟེ། ཡན་ལག་ལས་འདས་པ་ཞེས་བྱ་བའི་དོན་འདི་ལ་ཡན་ལག་ལས་འདས་པར་གྱུར་ནས་གནས་པ་ནི། ཡན་ལག་འདས་ལ་གནས་པ་སྟེ། སྣང་བ་མེད་པའི་ཡེ་ཤེས་གསལ་བ་ལས་མ་ལངས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདག་གི་དེ་ཁོ་ན་ཉིད་ལ་གནས་པས་སྒྲ་ཞེས་བྱ་བའི་ལྷའི་རང་བཞིན་དང༌། ཆོས་ཀྱི་དབྱིངས་ཀྱི་ལྷའི་རང་བཞིན་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། བསམ་གཏན་བྱའོ་ཞེས་གསུངས་སོ། །ཇི་ལྟར་བསམ་གཏན་བྱ་ཞེ་ན། ཞེན་པ་མེད་པར་ཞེས་གསུངས་ཏེ། ཞེན་ཅིང་ཆགས་པ་དང་བྲལ་བ་གང་ཡིན་པ་དེ་ནི་ཞེན་པ་མེད་པ་སྟེ། འདིས་ཀྱང་བསམ་གཏན་དུ་བྱ་བའི་དངོས་པོ་ལ་མངོན་པར་ཆགས་པ་དགག་པ་གསུངས་ཏེ། མངོན་པར་ཆགས་པ་དགག་པ་དེ་ཡང་ཤེས་རབ་ཀྱི་སྣང་བའི་སྒོ་ནས་བདག་གི་དེ་ཁོ་ན་ཉིད་རྣམ་པར་བཅད་པ་ཉིད་ལ་དགག་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། བསམ་གཏན་དུ་བྱ་བ་ལ་ཆགས་ན་གོང་ནས་གོང་དུ་ཆོས་རྣམ་པར་འབྱེད་པར་མི་འགྱུར་བས། ཁྱད་པར་མི་ཐོབ་པར་འགྱུར་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་ལྷའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་བསམ་གཏན་དུ་བྱ་བ་ལ་ནི་དེ་ལ་མངོན་པར་ཆགས་པར་འདོད་པ་
ཉིད་པས་ཞེན་པ་མེད་པར་བྱ་ཞེས་བྱ་བའི་དགག་པ་དེ་ལ་དགོངས་པར་ནི་དེ་ལ་མཁས་པ་རྣམས་ཀྱིས་མི་བལྟའོ། །དེ་ལ་དེ་ལྟ་བུའི་བདག་གི་དེ་ཁོ་ན་ཉིད་ལ་གནས་ནས་ལྷའི་དེ་ཁོ་ན་ཉིད་མངོན་དུ་བྱ་སྟེ། སྒྲ་ཞེས་བྱ་བའི་ལྷའི་དེ་ཁོ་ན་ཉིད་མངོན་དུ་བྱ་བའི་ཕྱིར། སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་པ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདིས་ཀྱང་སྣང་བ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་བདག་གི་དེ་ཁོ་ན་ལས་ལྡང་བ་དང༌། གསང་སྔགས་ཀྱི་སྒྲའི་རྣམ་པའི་ལྷའི་རྣལ་འབྱོར་བསྟན་ཏེ། འདིར་ཡང་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་མཚན་ཉིད་ཀྱི་ཕྱི་ནས་ཐོབ་པའི་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་སྒྲའི་རྣམ་པར་རྟོག་པ་ལྷན་ཅིག་ཏུ་སྐྱེས་པ་ཉན་པ་དང་ཆུ་དང་འོ་མ་བཞིན་དུ་སྒྲ་དང་གཅིག་ཏུ་གྱུར་པར་སེམས་པའི་རྣལ་འབྱོར་གྱིས་གསལ་བར་རབ་ཏུ་སྣང་བ་རྣམ་གྱུར་པ་དེ་ན། སྔགས་པ་དེ་སྒྲའི་བདག་ཉིད་ཀྱི་ལྷའི་སྦྱོར་བ་ལ་གནས་པར་གྱུར་པ་དེ་བསྟན་ཏོ། །དེ་ལ་སྒྲ་ཞེས་བྱ་བ་ཡི་གེ་རྣམས་ཕྲེང་བར་སྦྱར་བ་སེམས་པ་ན་ཞེས་བྱ་བ་དང་སྦྱར་ཏེ། དེ་བས་ན་ཡི་གེ་རྣམས་ཕྲེང་བར་སྦྱར་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཡི་གེའི་སྒྲ་གཅིག་བརྒྱུད་པར་མ་ཆད་པའི་མཚན་ཉིད་བསམ་གཏན་དུ་བྱ་བ་ལ་སྦྱར་ནས་ཞེས་བྱ་བ་སྟེ། བཀོད་ནས་ཞེས་བྱ་བའི་ཐ་ཚིག་གོ །ཕྲེང་བར་སྦྱར་བར་ཞེས་སྤྱིར་གསུངས་ཏེ། དེ་བས་ན་སྒྲ་ཞེས་བྱ་བ་བྱེ་བྲག་ཏུ་བསྟན་ཏོ། །སྒྲར་སྣང་བ་གསང་སྔགས་ཀྱི་ཡི་གེའི་སྒྲ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ཏུ་སྒྲའི་ཚིག་ནི་ཡི་གེ་ལ་ཡང་སྦྱར་མོད་ཀྱི་འོན་ཀྱང་འདིར་གསང་སྔགས་ཀྱི་སྒྲ་ཉིད་དུ་རིག་པར་བྱ་སྟེ། དྲིལ་བུའི་སྒྲ་བཞིན་རྒྱུན་མི་འཆད་པར་ཞེས་འོག་ནས་འཆད་པའི་ཕྱིར་ཏེ། དྲིལ་བུའི་སྒྲ་ལྟར་སྒྲ་འབྱུང་བ་ཡི་གེའི་མཚན་ཉིད་ཀྱི་སྒྲ་ལ་མི་སྲིད་པའི་ཕྱིར་རོ་ཞེས་དགོངས་པའོ། །བསམ་གཏན་དུ་བྱ་བའི་གསང་སྔགས་ཀྱི་ཡི་གེའི་སྒྲ་གཅིག་ནས་གཅིག་ཏུ་འབྱུང་བའི་མཚན་ཉིད་སྒྲ་ཞེས་བྱ་བའི་ཕྲེང་བ་སྦྱར་བ་ནི་གསང་སྔགས་ཀྱི་ཡན་ལག་གི་ཡི་གེའི་སྒྲ་རྒྱུན་མི་འཆད་པར་རབ་ཏུ་སྣང་བར་འདོད་པས་ན། ཡི་གེ་བརྒྱུས་པ་ཞེས་
གསུངས་སོ། །དེ་ལ་ཡི་གེ་རྣམས་བརྒྱུས་པས་ན་ཡི་གེ་བརྒྱུས་པ་སྟེ། ཕྲེང་བ་ཞེས་བྱ་བ་དང་སྦྱར་རོ། །དེས་ཀྱང་ཡི་གེ་བརྒྱུད་པའི་ཕྲེང་བ་བཀོད་པའི་མཚན་ཉིད་དེ་ཉིད་སྦྱར་ནས་ཞེས་བྱ་བ་འདིས་བསྟན་མོད་ཀྱིས་ངེས་པར་བྱ་བའི་ཕྱིར་ཡང་བརྗོད་པར་བྱ་སྟེ། དེ་བས་ན་མི་འགྱུར་ཞེས་བྱ་བས་བྱེ་བྲག་ཏུ་བསྟན་ཏོ། །བརྒྱུས་པ་དེ་མི་འགྱུར་བ་ནི་རང་བཞིན་མི་འགྱུར་ཞིང་མི་གཡོ་བའི་ངང་ཚུལ་ཅན་གསང་སྔགས་ཀྱི་ཡི་གེའི་སྒྲ་རྒྱུན་མ་ཆད་པར་རབ་ཏུ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཡི་གེའི་སྒྲ་དེ་དག་ཉིད་གཅིག་ཏུ་འབྱུང་བའི་མཚན་ཉིད་ཀྱི་ཕྲེང་བ་བྱེ་བྲག་ཏུ་བསྟན་པའི་ཕྱིར། དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཞེས་བྱ་བ་གསུངས་སོ། །དེ་ལ་དྲིལ་བུའི་སྒྲ་ནི་གང་རྣ་ལམ་དུ་སྒྲ་བསྒྲགས་པའི་ཕྱི་རོལ་གྱི་དྲིལ་བུའི་སྒྲ་འདྲ་བར་ལྷན་ཅིག་སྐྱེས་པ་རྒྱུན་མི་འཆད་པར་ཡི་གེའི་སྒྲའི་རྒྱུན་མངོན་པར་མི་གསལ་བ་དེ་འདིར་འདོད་དོ། །དེ་བས་ན་དེ་ལྟ་བུའི་དྲིལ་བུའི་སྒྲ་བཞིན་དུ་རྒྱུན་མི་འཆད་པ་དང་འབྲེལ་བའི་ཡི་གེའི་སྒྲ་གཅིག་ནས་གཅིག་ཏུ་འབྱུང་བའི་ཕྲེང་བ་ལ་ཞེན་པ་མེད་པར་བསམ་གཏན་དུ་བྱའོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །དེ་དག་གིས་ནི་སྒྲའི་བདག་ཉིད་ཀྱི་ལྷ་དང་མི་གཉིས་པའི་རྣལ་འབྱོར་དུ་དེའི་རྣ་བ་ལ་རྣམ་པར་རྟོག་པར་གནས་པར་བསྟན་ཏོ། །དེ་ནི་དེ་ལྟ་བུའི་སྒྲའི་བདག་ཉིད་ཀྱི་ལྷར་སྣང་བ་ཏིང་ངེ་འཛིན་གྱི་སྦྱོར་བས་ཤིན་ཏུ་གསལ་བར་བྱས་ནས་བཟླས་བརྗོད་ལ་མི་ལྟོས་པའི་བསམ་གཏན་ཉིད་ཀྱིས་དངོས་གྲུབ་ཐོབ་པར་འདོད་པས་རང་གི་སྙིང་གར་མར་མེའི་མེ་ལྕེ་འདྲ་བའི་མེ་འབར་བའི་ནང་དུ། དེའི་ཚིག་གི་ཡིག་འབྲུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རང་བཞིན་བསམས་ཏེ་བསྒོམ་མོ་ཞེས་བསྟན་པའི་ཕྱིར། ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམ་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བ་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་བྱ་བ་གསུངས་སོ། །དེ་ལ་སེམས་པ་ན་ཞེས་བྱ་བ་ནི་དེ་ལྟ་བུའི་ཕྲེང་བ་ལྟ་བུའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ། བསམ་གཏན་བྱེད་པའི་ཚེ་ཉིད་ན་མེ་ལས་སོགས་པའི་རྣམ་པར་རྟོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་ཡི་གེར་བཀོད་པའི་སྒྲའི་བདག་ཉིད་ཀྱི་ལྷ་སྒྲར་རྣམ་པར་རྟོག་པ་གཅིག་
ནས་གཅིག་ཏུ་འབྱུང་བ་སྟེ། སྙིང་ག་དང་ཉེ་བ་ཉིད་དུ་བསམ་མོ་ཞེས་དེ་སྐད་གསུངས་པ་ཡིན་ནོ། །མེ་ཡི་ནང་ན་གནས་ཞེས་བྱ་བ་ནི་སྙིང་གའི་ཕྱོགས་དེར་ཡང་མར་མེའི་མེ་ལྕེ་དང་འདྲ་བ་མེ་འབར་བའི་ནང་ན་འདུག་པ་རྣམ་པར་བརྟག་གོ་ཞེས་པའོ། །ཞི་བ་ཞེས་བྱ་བ་ནི་མི་གནོད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེས་འདི་སྐད་དུ་གསུངས་པར་འགྱུར་རོ། །དེའི་གནས་མེ་འབར་བའི་ཡི་གེའི་འབྲུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་བཅས་པ་དེ་ཚ་བ་ལ་སོགས་པ་རེག་པའི་སྒོ་ནས་གནོད་པའི་རང་བཞིན་མ་ཡིན་པས་གསང་སྔགས་ཀྱི་སྒྲར་སྣང་བའི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་འབྱུང་བ་ལ་ཞི་བ་ཞེས་གསུངས་སོ། །ཚིག་རྣམ་པར་དག་པ་ཞེས་བྱ་བ་ནི། གང་ལ་རྐན་དང་མཆུ་ལ་སོགས་པ་སྦྱར་བས་བསྐྱེད་པའི་ཚིག་དང་ཡིད་ལ་གསང་སྔགས་ཟློས་པའི་མཚན་ཉིད་ཀྱི་ཚིག་རྣམ་པར་དག་ཅིང་མེད་པར་གྱུར་པ་དེ་ནི་ཚིག་རྣམ་པར་དག་པའོ། །དེས་འདི་སྐད་དུ་གསུངས་པར་འགྱུར་ཏེ། དེ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱ་བའི་སྒྲའི་རང་བཞིན་ཡང་མ་ཡིན། །ཡིད་ཀྱིས་བཟླས་བརྗོད་བྱ་བའི་རང་བཞིན་ཡང་མ་ཡིན་གྱི་གསང་སྔགས་ཀྱི་ཡི་གེའི་སྒྲ་རིང་པོར་སེམས་པའི་རྣམ་པར་རྟོག་པའི་རང་བཞིན་ནོ། །མེད་པ་ལ་གང་རྣམ་པར་རྟོག་པའི་སྒྲར་འདོགས་པར་སྣང་སྟེ། ཇི་ལྟར། ལྟོ་ཡི་དྲི་མ་རྣམ་པར་དག །ཅེས་བྱ་བ་ལྟ་བུའོ། །དེ་བས་ན་ཚིག་རྣམ་པར་དག་པ་ཞེས་བྱ་བ་ཚིག་གི་མཚན་ཉིད་རྣམ་པ་གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཡན་ལག་ལྡན་ཞེས་བྱ་བ་དེ་ལ་ཡན་ལག་གི་སྒྲ་དེའི་ཚིག་ཏུ་བརྗོད་པ་ཡིག་འབྲུའི་ཕྲེང་བའི་རང་བཞིན་ཏེ། ཡན་ལག་དེ་དང་ལྡན་པ་ནི་ཡན་ལག་དང་ལྡན་ཞིང་བཅས་པ་སྟེ། ཚིག་ཅིས་བྱ་བའི་སྒྲར་རྣམ་པར་རྟོག་པའི་ཕྲེང་བ་གང་ཡིན་པ་དེ་ཡན་ལག་དང་ལྡན་པའོ། །དེས་ནི་སྒྲ་དེའི་ཚིག་གི་ཡི་གེའི་འབྲུའི་ཕྲེང་བ་མེ་འབར་བའི་ནང་ན་གནས་པ་དེ་མངོན་པར་གྲགས་པར་རྣམ་པར་བརྟག་གོ་ཞེས་བྱ་བའི་ཐ་ཚིག་གོ ། ད་ནི་དེ་ལྟ་བུའི་གསང་སྔགས་ཀྱི་སྒྲས་སེམས་པ་ལ་ཞུམ་པ་དང་རྒོད་པ་སྤང་བར་བསྟན་པ། སྲོག་དང་རྩོལ་བ་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་བྱ་བ་གསུངས་སོ། །དེ་ལ་གོང་དུ་གསུངས་པའི་སྲོག་དང་རྩོལ་བ་བདག་གི་མཚན་ཉིད་སྔར་གསུངས་པའི་
རིམ་པ་ཉིད་ཀྱིས་རྣལ་འབྱོར་པའི་རང་བཞིན་གྱི་བདག་གང་ཡིན་པ་ལ། བསམ་གཏན་བྱེད་པའི་ཚེ་བཀག་པ་དེ་ནི། སྲོག་དང་རྩོལ་བ་བཀག་པའི་བདག །ཅེས་བྱའོ། །འདིས་ཀྱང་རྣལ་འབྱོར་བའི་རྒོད་པ་དགག་པ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། དྲན་པ་དང་སྲོག་གི་སྐྱོན་མ་བཀག་པ་ནི་ཕྱུགས་དང་འདྲ་བར་སེམས་མཉམ་པར་གཞག་པ་མེད་པར་ཉེ་བར་ཞི་བའི་སེམས་སུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཉིད་སྤངས་ནས་ཞེས་བྱ་བ་འདིས་ཞུམ་པའི་ཕྱོགས་སུ་གཏོགས་པའི་གཉིད་ཡོངས་སུ་སྤང་བ་བཤད་པ་ཞུམ་པ་མེད་པ་བསྟན་ཏོ། །དེས་ན། གསང་སྔགས་མི་གནས་དངོས་གྲུབ་སྟེར། ཞེས་གང་གསུངས་པ་དེ་བཤད་ཟིན་ཏེ། གང་གི་ཕྱིར་ཞེ་ན། ཡིད་ཀྱི་བསམ་པ་མེར་རྣམ་པར་རྟོག་པ་ནི་མེ་སྟེ། དེར་ཚིག་གི་ཡི་གེ་ཕྲེང་བ་དང་བཅས་པ་ཇི་སྐད་གསུངས་པའི་མཚན་ཉིད་ཀྱི་གསང་སྔགས་ཀྱི་སྒྲ་བསམ་པར་བྱ་བའི་བསམ་གཏན་ཞེས་བྱ་བ་ཡི་གེ་དང་བཅས་པའི་གསང་སྔགས་ཀྱི་སྒྲའི་མཚན་ཉིད་ཀྱི་གསང་སྔགས་དེ་ལ་གནས་པས་ན། མེ་ལ་གནས་ཞེས་བསྟན་ཏོ། །བསམ་གཏན་འདི་ཡི་འབྲས་བུ་ཡང༌། །སྐྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང༌། །དངོས་པོ་ཀུན་གནས་དམ་པའི་དཔལ། །གྲུབ་པའི་སྐྱེས་བུ་ཐོབ་པར་འགྱུར། །ཞེས་འོག་ནས་འབྱུང་སྟེ། དེ་ཉིད་དུ་བཤད་པར་བྱའོ། །བསམ་གཏན་འདིའི་སྦྱོར་བའི་རིམ་པ་ཡང་འདིའོ། །དེ་ལ་ཐོག་མ་ཉིད་དུ་གཉིས་སུ་མེ་དཔའི་ཡེ་ཤེས་ཀྱི་མཚན་ཉིད་བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། དེའི་རྗེས་ལ་ཐོབ་པའི་སྒྲའི་བདག་ཉིད་ཀྱི་ལྷའི་དེ་ཁོ་ན་ཉིད་དུ་རྣམ་པར་རྟོག་པས་བདག་བསྒོས་ཏེ་སྒྲ་དེ་སྙིང་གའི་ཕྱོགས་ན་གནས་པའི་མེ་འབར་བའི་ནང་ན་འདུག་ཅིང་དེའི་ཡི་གེའི་ཕྲེང་བ་གནས་པར་སྲོག་དང་རྩོལ་བ་བཀག་སྟེ། ཉིན་རེ་བཞིན་བསམ་གཏན་དུ་བྱ་བ་ནི། ཇི་སྐད་དུ་བྲུ་བ་མི་ཚ་བ་ལ་སོགས་པ་ཕྱི་དང་ནང་གི་མཚན་མ་བྱུང་ནས་བདག་ཉིད་ཇི་ལྟར་བསམས་པ་སྒྲུབ་ནུས་པར་གྱུར་གྱི་བར་དུའོ། །མེ་ལ་གནས་པའི་གསང་སྔགས་ཀྱི་ཡི་གེའི་སྒྲའི་བསམ་གཏན་འདི་ཡང་ཡན་ལག་བཞིའི་བཟླས་བརྗོད་བྱེད་པས་ཀྱང་བཟླས་བརྗོད་ཀྱི་མཇུག་གམ་གཞན་དུ་ཡང་རུང་སྟེ། གསང་སྔགས་ཀྱི་མཐུ་བསྐྱེད་
པ་དང། སེམས་མཉམ་པར་གཞག་པའི་ཕྱིར་སྦྱར་བར་བྱའོ། །ཞེས་དེ་ལ་མཁས་པ་དག་སྨྲའོ། །ད་ནི། སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །ཞེས་གང་གསུངས་པ་དེ་བརྟག་པར་བྱ་སྟེ། དེ་ལ་སྒྲ་ནི་ཇི་སྐད་དུ་གསུངས་པའི་སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་ནོ། །སྒྲ་ཙམ་པོ་དེ་ལ་བརྗོད་པར་བྱ་བའི་ཚིག་གི་རང་བཞིན་དང༌། །ཡི་གེ་ཡོངས་སུ་སྤངས་པ་ནང་གི་བརྗོད་པ་ཙམ་རྣམ་པ་དང་བཅས་པའི་ཡིད་ཀྱི་རང་བཞིན་དུ་གང་གནས་པ་གསང་སྔགས་ཀྱི་དོན་གྱི་རང་བཞིན་དེ་དག་ནི་སྒྲ་ལ་གནས་པའོ། །དྲན་པ་ནི་བསམ་པ་སྟེ། རྣལ་འབྱོར་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣལ་འབྱོར་ནི་སྐབས་འདིར་ཡིད་ཡེངས་པ་བརྟུལ་ལ། མ་ཡེངས་ཀྱི་བར་དུ་བསམ་གཏན་བྱ་བའི་སྒྲའི་ཡུལ་ལ་གང་རྩེ་གཅིག་ཏུ་འཇུག་པ་སྟེ། བསམ་གཏན་བྱ་བའི་སྒྲའི་དབྱངས་དང་ཡིད་དུ་སྦྱོར་བ་ནི་རྣལ་འབྱོར་རོ་ཞེས་སྒྲའི་དོན་བཤད་པའི་ཕྱིར་ཏེ། དེ་བས་ན་ཁ་ཅིག་གིས་རྣལ་འབྱོར་ནི་སེམས་འཇུག་པ་བཀག་པའོ་ཞེས་སྨྲས་པ་དང༌། དེ་བཞིན་དུ་སྲོག་ཅེས་བྱ་བའི་རླུང་ལེགས་པར་བཀག་པ་ནི་རྣལ་འབྱོར་རོ་ཞེས་གང་སྨྲས་པ་དེ་ཡང་བཤད་པར་གྱུར་ཏེ་ཇི་ལྟར་སྒྲ་གཅིག་པུ་ལ་དམིགས་པའི་ཡིད་ནི་གང་ལ་ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པ་འཇུག་པ་དེ་དག་རེ་ཞིག་ དོགས་པ ་མེད་པར་བཀག་པར་འགྱུར་རོ། །དེ་བཞིན་དུ་ཡིད་རྩེ་གཅིག་ཏུ་གྱུར་པ་ཉིད་ལ་ནི་སྲོག་ཅེས་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པའི་གནས་རླུང་གཞན་དུ་མི་འཇུག་སྟེ། དེ་བས་ན་སེམས་རྩེ་གཅིག་ཏུ་གྱུར་ན་རླུང་བཀག་པར་དོན་གྱི་དབང་གིས་འགྱུར་རོ། །དེ་ལྟར། སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །ཞེས་བྱ་བ་སྟེ་བསྟན་པའི་ཕྱིར། སྙིང་གར་གནས་པ་ཕྲ་བ་ནི། །དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་བཟང་བ། །མི་འགྱུར་གཞི་ནི་དེར་བཞག་ནས། །དེར་འདུག་ནས་ནི་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་གཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་གསུངས་ཏེ། དེ་ལྟར་སྣང་བ་མེད་པའི་བདག་གི་དེ་ཁོ་ན་ཉིད་ལ་གནས་པ་ཉིད་ཀྱི་སྙིང་ག་ན་ཟླ་བའི་གཟུགས་ཀྱི་ངན་འདུག་པའི་མེ་ལྕེའི་ནང་ན་ལྷའི་གཞིའམ། ཟླ་བའི་དཀྱིལ་
འཁོར་འབའ་ཞིག་ལ་ཡི་གེའི་འབྲུའི་ཕྲེང་བ་རབ་ཏུ་བརྟགས་ལ། ཅུང་ཟད་ཙམ་ཞིག་ཏིང་ངེ་འཛིན་གྱིས་རབ་ཏུ་གསལ་བར་བྱས་ཏེ། དེའི་རྣམ་པ་ཡང་སྤངས་ལ་ཇི་སྐད་སྨོས་པའི་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་གཏན་དུ་བྱའོ་ཞེས་བྱ་བ་ནི་བསྡུས་པའི་འདོན་ཏོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཕྲ་བཟླ་བའི་དཀྱིལ་འཁོར་ཞེས་པ་ནི་སྡུག་ཅིང་རྒྱ་ཆེ་བའི་སྐྱོན་སྤངས་པའི་ཟླ་བ་ནི་ཕྲ་བ་སྟེ། དེ་ལྟ་བུ་བསྒོམས་ན་རྣལ་འབྱོར་པའི་སྙིང་གར་གནས་ཤིང་སེམས་མཉམ་པར་གནས་པར་མི་འགྱུར་བའི་ཕྱིར་རོ། །དྲི་མ་མེད་པ་ཞེས་བྱ་བ་ནི་རབ་ཏུ་འོད་གསལ་ཞིང་མདངས་ཅན་དུ་བསྒོམ་པར་བྱ་བ་བསྟན་པའོ། །མི་འགྱུར་གཞི་ནི་དེར་བཞག་ནས། །ཞེས་བྱ་བ་མི་འགྱུར་བ་ནི་གསང་སྔགས་ཀྱི་ཡི་གེའི་གཞི་སྟེ། གནས་ཀྱི་སྒོ་ནས་ལྷའི་གཟུགས་ཀྱི་སྐུ་ལ་གཞི་ཞེས་བྱའོ། །མི་འགྱུར་བའི་གཞི་རང་གི་ལྷའི་སྐུ་བཞག་ནས་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མེ་ལྕེ་དེ་ལ་བསམས་ནས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གང་གནས་པའི་ལྷ་མི་འགྱུར་བའི་གཞི་ཞེས་བྱ་བ་ལ་ཅི་ལྷ་དེ་ཉིད་ཀྱི་གཟུགས་བསམ་པའམ། འོན་ཏེ་གཞན་འབའ་ཞིག་བསམ་པ་བྱེ་བྲག་ཏུ་མ་ཕྱེ་བས་དེ་བསྟན་པའི་ཕྱིར། སྒྲ་བསམ་མོ་ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་སྒྲའི་མཚན་ཉིད་བསམ་ཞིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། སྔར་ཟླ་བའི་དཀྱིལ་འཁོར་གྱི་ནང་ན་གནས་པའི་མེ་ལྕེ་དེ་ལ་ལྷའི་སྐུ་བསམ་གཏན་དུ་བྱས་ནས་ཕྱིས་བསྒོམ་པ་དེ་བཏང་སྟེ། སྒྲ་འབའ་ཞིག་བསམ་གཏན་དུ་བྱའོ། །དབུགས་དབྱུང་བའི་ཚེ་ཡང་སེམས་ཀྱིས་ཀྱང༌། །ལྷའི་སྐུ་ལ་དམིགས་པར་བྱའོ་ཞེས་བསྟན་ཏོ། །འདིས་ཀྱང་བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་དམིགས་པའི་སྦྱོར་བ་ལས་མེ་ལ་གནས་པའི་གསང་སྔགས་ལ་དམིགས་པ་བྱེ་བྲག་ཏུ་བསྟན་ཏོ། །དེ་ལྟར་ཅི་མངོན་ཞེ་ན། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་དེ་བཞིན་གཤེགས་པ་དང༌། ཟླ་བའི་དཀྱིལ་འཁོར་དང༌། གསང་སྔགས་ཀྱི་ཡི་གེའི་ཕྲེང་བ་དང་གསུམ་ཅིག་ཅར་དམིགས་པ་དང༌། ནང་དུ་ཟླ་བའི་དཀྱིལ་འཁོར་དང༌། ཡི་གེའི་ཕྲེང་བ་གཉིས་དམིགས་པའམ་
གསང་སྔགས་ཀྱིས་གྲ་བརྗོད་ཅིང་བསམ་གཏན་དུ་བྱ་བ་ཟློས་པ་པོས་གསང་སྔགས་བརྗོད་པའི་ཚེ་ཅིག་ཅར་བྱ་བ་སྔར་བསྟན་ཏོ། །དེ་བཞིན་དུ་མེ་ལ་གནས་པའི་གསང་སྔགས་ལ་དམིགས་པའི་སྦྱོར་བ་ལ་ཡང་མེ་ལྕེའི་ནང་ན་འདུག་པའི་ཡི་གེ་ཕྲེང་བ་དང་བཅས་པའི་གསང་སྔགས་ཀྱི་སྒྲ་དང༌། མེ་ལ་སོགས་པ་གསུམ་ཆར་དུས་གཅིག་ཏུ་དམིགས་པ་བསྟན་པ། ཡིད་ལ་ཞེན་པར་སེམས་པ་ན། །མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །ཞེས་བྱ་བ་གསུངས་ཏེ། མེའི་མཚན་ཉིད་དང༌། གསང་སྔགས་ཀྱི་ཡི་གེ་དང་བཅས་པའི་གསང་སྔགས་ཀྱི་ཡི་གེའི་ཕྲེང་བའི་སྒྲ་ལ་དུས་གཅིག་ཏུ་དམིགས་ངེས་པའི་ཕྱིར་རོ། །འདིར་ནི་མི་འགྱུར་བའི་གཞི་སྔར་བཞག་ནས་ཕྱིས་སྒྲ་བསྒོམ་མོ་ཞེས་བྱ་བའི་ཕྱི་མའི་དུས་བསྟན་པའི་ཚིག་གིས་ནི་སྒྲ་བསྒོམ་པའི་ཚེ་གསང་སྔགས་མི་འགྱུར་བའི་གཞི་ཡོངས་སུ་བཏང་བ་གསུངས་སོ། །དེ་བཞིན་དུ་གཞུང་གཞན་དག་ལས་ཀྱང་སྒྲའི་བསམ་གཏན་བྱེད་པའམ། རླུང་གིས་རེག་པའི་བསམ་གཏན་བྱེད་པའི་ཚེ། གཟུགས་ལ་དམིགས་ན་སེམས་གཡེང་བར་འགྱུར་རོ་ཞེས་གསུངས་སོ། །སྒྲའི་བསམ་གཏན་ཉིད་རྣམ་པ་གཞན་དུ་བྱ་བ་ཡང༌། མི་འགྱུར་བ་ལ་ཡི་གེ་གཞག ། སྒྲ་ཉིད་འབའ་ཞིག་བསམ་པར་བྱ། ཞེས་གསུངས་ཏེ། སྣང་བ་མེད་པར་རྣམ་པ་གཅིག་པར་གནས་པ་ན་རྒྱུན་དུ་འཇུག་ཀྱང་རང་བཞིན་མི་འགྱུར་བས་ན་མི་འགྱུར་བ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་ལ་བྱའོ། །དེ་བས་ན་དེའི་མཚན་མར་གྱུར་བ་ཟླ་བའི་དཀྱིལ་འཁོར་ལ་ཡང་མི་འགྱུར་བ་ཞེས་བྱ་སྟེ། ཟླ་བའི་དཀྱིལ་འཁོར་མི་འགྱུར་བ་དེ་ལ་གསང་སྔགས་ཀྱི་ཡི་གེའི་འབྲུའི་རང་བཞིན་རྣམས་བཞག་སྟེ་བསྒོམས་ནས་སྒྲ་འབའ་ཞིག་བསམ་མོ་ཞེས་བྱ་སྟེ་སྔ་མ་བཞིན་དུ་སྒྲའི་དབྱངས་ཙམ་འབའ་ཞིག་བསམ་མོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ཀྱང་སྔ་མའི་སྒྲའི་བསམ་གཏན་གྱི་སྦྱོར་བ་ལས་བྱེ་བྲག་ཏུ་བསྟན་ཏོ། །དེ་ལྟར་ཅི་མངོན་ཞེ་ན་སྔ་མ་ནི་རང་གི་ལྷའི་སྐུ་དེ་སེམས་ངལ་བསོ་བའི་ཕྱིར་བསམ་གཏན་དུ་བྱས་ནས་ཕྱིས་སྒྲའི་དབྱངས་འབའ་ཞིག་ལ་དམིགས་པ་གསུངས་སོ། །འདིར་ནི་ཡི་གེའི་འབྲུ་རྣམས་ཀྱི་རང་བཞིན་འབའ་ཞིག་སེམས་
ངལ་བསོ་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལ་བསམས་ནས་ཕྱིས་སྒྲའི་བསམ་གཏན་བྱའོ་ཞེས་དགོངས་སོ། །སྒྲའི་བསམ་གཏན་གྱི་སྦྱོར་བ་ཡང་ཕྲེང་བའི་གསང་སྔགས་ཀྱི་ཡི་གེ་རེ་རེའི་སྒྲ་ལུས་ཐམས་ཅད་ཀྱི་རླུང་སླར་སྡུད་པ་དང༌། ལྷན་ཅིག་ཏུ་ཡིད་ཀྱིས་རྣམ་པར་བརྟག་ཅིང་བྱའོ། །ད་ནི་མེ་ལ་གནས་པ་ལ་སོགས་པ་སྒྲའི་བསམ་གཏན་གྱི་འབྲས་བུ་གང་ཡིན་པ་དེ་བསྟན་པ། སྒྲ་ལ་དམིགས་པའི་བསམ་གཏན་ནི། །འབའ་ཞིག་བྱས་པ་ཉིད་ཀྱིས་ཀྱང༌། །དངོས་པོ་ཀུན་ནས་དམ་པའི་དཔལ། །སྒྲུབ་པའི་སྐྱེས་བུས་ཐོབ་པར་འགྱུར།། ཞེས་བྱ་བ་གསུངས་སོ། །དེ་ལ་འབའ་ཞིག་ཅེས་བྱ་བ་ནི་བཟླས་བརྗོད་ལ་མི་ལྟོས་པའི་བསམ་གཏན་འབའ་ཞིག་གིས་སོ། །སྒྲ་ལ་དམིགས་པ་ཞེས་བྱ་བ་ནི་གོང་དུ་དམིགས་པའི་རིམ་པས་སྒྲ་རིག་ཅིང་སྒྲའི་རྗེས་སུ་སོང་བ་སྟེ། སྒྲ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །སྒྲུབ་པའི་སྐྱེས་བུ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་སྟེ། བུད་མེད་ཀྱིས་ཀྱང་འཐོབ་པའོ། །དངོས་པོ་ཀུན་གནས་དམ་པའི་དཔལ། །ཞེས་བྱ་བ་ནི་ལྷའི་དང་ལྷའི་མ་ཡིན་པའི་སེམས་ཅན་ཐམས་ཅད་ཀྱི་དངོས་པོ་ལ་གནས་པའི་དཔལ་ལོངས་སྤྱོད་ཐོབ་པ་སྟེ། ཇི་ལྟར་འདོད་པའི་དངོས་གྲུབ་སྒྲུབ་ནུས་པར་འགྱུར་བ་ལྷའི་དང་ལྷའི་མ་ཡིན་པའི་དཔལ་སྦྱོར་བ་ལས་འབྱུང་བ་དང༌། སྦྱོར་བ་མ་ཡིན་པ་ལས་བྱུང་བ་གསང་སྔགས་ཀྱི་རྣལ་འབྱོར་གྱི་མཐུས་ཐོབ་པར་འགྱུར་རོ་ཞེས་དགོངས་པའོ། །དཔལ་དེ་ཡང་ཡིད་བཞིན་གྱི་ནོར་བུ་དང༌། བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་དང༌། རལ་གྲི་ལ་སོགས་པས་སྦྱོར་བའི་དངོས་གྲུབ་ལོངས་སྤྱོད་ཀྱི་མཚན་ཉིད་དང༌། དེ་བཞིན་དུ་ཕྲ་བ་དང་ཆེ་བ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་བརྒྱད་པའི་མཚན་ཉིད་དོ། །དམ་པའི་དཔལ་ཞེས་བྱ་བ་དམ་པའི་སྒྲའི་ཁྱད་པར་ནི་རྣལ་འབྱོར་གྱི་མཐུས་ཐོབ་པའི་དཔལ་ཏེ། བརྟན་པ་དང་ཟིལ་གྱིས་མི་ནོན་པ་ཉིད་དང༌། ཉོན་མོངས་པའི་གདུང་བ་ལ་སོགས་པ་ཐུལ་བའི་ཡོན་ཏན་གྱི་ཚོགས་ལ་ལོངས་སྤྱོད་བྱེད་པར་བསྟན་པའི་ཕྱིར་རོ། །ད་ནི། སྒྲ་མཐར་ཐར་པ་སྟེར་བ་ཉིད། །ཅེས་གསུངས་པ་དེ་བརྟག་པར་བྱའོ། །དེ་ལ་གོང་དུ་སྨོས་པའི་སྒྲའི་མཐའ་ནི་སྒྲ་མེད་པ་སྟེ། གསང་སྔགས་
ཀྱི་སྒྲ་ཙམ་ལ་གནས་པ་ཡོངས་སུ་བཏང་བ་ནི་སྒྲའི་མཐའོ། །སྒྲའི་མཐའ་དེར་གསང་སྔགས་ཀྱི་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པ་རྣམ་པར་ཐར་པ་སྟེར་བ་དྲན་པ་ནི་བསམས་པའོ། །འདི་སྐད་དུ་གསུངས་པར་འགྱུར་ཏེ། སྒྲའི་གནས་སྐབས་ཀྱི་ཡོངས་སུ་བཏང་བས་གཉིས་སུ་མེད་པའི་རྣམ་པར་བསྒོམས་ན། རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ལ་སེམས་གྲོལ་བར་འཐོབ་བོ་ཞེས་བྱ་བའོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའི་སེམས་ཅན་སྤྱིའི་ཐུན་མོངས་ཡིན་མོད་ཀྱི་འོན་ཀྱང་གསང་སྔགས་ཀྱི་ངོ་བོའི་རང་བཞིན་དུ་གནས་པ་དེ་མངོན་དུ་གྱུར་པར་བྱའོ། །གང་གི་ཕྱིར་ཞེ་ན། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་གསང་སྔགས་ཡན་ལག་ཏུ་གྱུར་པར་སྣང་བ་དང༌། སྒྲ་ཞེས་བྱ་བ་དང༌། ཡིད་ཀྱི་དང༌། ཚིག་རྣམ་པར་དག་པའི་གནས་སྐབས་ཡོངས་སུ་བཏང་བའི་རིམ་པས་ཆོས་ཀྱི་སྐུ་དེ་མངོན་དུ་གྱུར་པར་བྱའོ། །དེ་བས་ན་སྒྲའི་མཐའ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམས་ན་ཐར་པ་སྟེར་རོ་ཞེས་གསུངས་སོ། །རྣམ་པ་འདི་ལྟ་བུའི་ཚིག་དཔྱད་པ་ལ་རྣམ་པ་དུ་མར་རྒོལ་བ་དང༌། ལན་ལྡོན་པའི་ཡུལ་ལ་བདག་ཅག་ལྟ་བུའི་བློ་འཕྲོར་བཏུབ་མོད་ཀྱི་ཧ་ཅང་འཕྲོས་པ་ཅི་ཞིག་བྱ། བཏང་ལ་སྐབས་ཉིད་བརྟག་པར་བྱའོ། །གསང་སྔགས་ཀྱི་སྒྲའི་རྣམ་པ་ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་སྒྲའི་ངོ་བོ་ཉིད་ཀྱི་གནས་སྐབས་དེ་ཡང་རྣམ་པ་གསུམ་གྱིས་གཏང་བར་བྱ་བ་ནི་གནས་ཡོངས་སུ་གཏང་བ་དང༌། དེ་མངོན་པར་འབྱེད་པ་ཡོངས་སུ་གཏང་བ་དང༌། རང་བཞིན་ཡོངས་སུ་གཏང་བའོ། །དེ་ལ་གནས་ནི་གཟུགས་ཀྱི་ཡན་ལག་གི་གནས་སྐབས་ཏེ། དེ་ལ་གནས་པ་གསང་སྔགས་ཀྱི་སྒྲ་ཙམ་ཉིད་ལ་རྣམ་པར་རྟོག་པའི་རང་བཞིན་ལ་འཇུག་པའི་ཕྱིར་རོ། །མངོན་པར་བྱེད་བ་ནི་ཡིད་ཀྱིས་དང་ཤུབ་བུར་བཟླས་བརྗོད་བྱེད་པའི་སྒྲ་སྟེ། ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་ཚིག་ཏུ་གསལ་བར་མངོན་པར་སྟོན་པའི་ཕྱིར་རོ། །དེ་ལ་རང་བཞིན་ནི་གསང་སྔགས་ཀྱི་ཡི་གེའི་སྒྲར་རྣམ་པར་རྟོག་པའི་ངོ་བོ་ཉིད་དེ། ཡིད་ཀྱིས་དང་ཤུབ་བུར་བཟླས་བརྗོད་བྱེད་པའི་སྒྲ་ལས་གཞན་པའོ། །དེ་བས་ན་རྣམ་
པ་གསུམ་པོ་དེས་ཇི་སྐད་གསུངས་པའི་གསང་སྔགས་ཀྱི་རང་བཞིན་གྱི་གནས་སྐབས་ཡོངས་སུ་གཏང་བ་བསྟན་པའི་ཕྱིར། ལྟོས་བཅས་ཡན་ལག་གྱུར་པར་སྣང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ། ལྟོས་བཅས་ཡན་ལག་གྱུར་པར་སྣང༌།། ཞེས་བྱ་བ་འདིས་ནི་གནས་ཡོངས་སུ་གཏང་བ་བསྟན་ཏོ། །སྒྲ་ཞེས་བྱ་བ་ཡིད་ཀྱི་དང༌། །ཞེས་བྱ་བ་ནི། གསལ་བར་མངོན་པར་བྱེད་པ་ཡོངས་སུ་གཏང་བ་བསྟན་པའོ། །ཚིག་རྣམ་པར་དག་པ་ཞེས་བྱ་བ་ནི་རང་བཞིན་ཡོངས་སུ་གཏང་བ་བསྟན་པ་སྟེ། །དེ་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ། །རིག་སྔགས་དབང་པོའི་ཡན་ལག་སྤངས། ཞེས་བྱ་བ་ནི་རིག་སྔགས་རྣམས་ཀྱི་དབང་པོ་བས་ན། རིག་སྔགས་ཀྱི་དབང་པོ་སྟེ། མཉེས་པར་བྱ་བའི་རང་བཞིན་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བའི་རིག་སྔགས་ལ་བྱའོ། །རིག་སྔགས་ཞེས་བྱ་བ་ནི་ཉེ་བར་བསྟན་པ་སྟེ། གསང་སྔགས་ལ་ཡང་བྱའོ། །རིག་སྔགས་ཀྱི་དབང་པོ་དེ་དང་འབྲེལ་བའི་ཡན་ལག་སྤང་བར་བྱ་བ་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་སྟེ། སྤང་བ་ཡང་དེ་ཡིན་ལ་ཡན་ལག་ཀྱང་དེ་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེས་ནི་འདི་སྐད་གསུངས་ཏེ། རིག་སྔགས་ཀྱི་དབང་པོ་དང་འབྲེལ་པའི་ཡན་ལག་སྤང་པ་ནི་གཏང་བར་བྱ་བ་སྟེ། ཡན་ལག་ཅེས་བྱ་བའི་སྒྲ་ནི་འདིར་ཆ་ཤས་ཙམ་གྱི་རྣམ་གྲངས་སོ། །ཡང་ན་ཡན་ལག་གི་ཚིག་གནས་སྐབས་ལ་ཡང་བྱ་སྟེ། ཇི་ལྟར་བདག་ཅག་གི་དུས་འདི་འདྲའོ་ཞེའམ་བདག་ཅག་གི་གནས་སྐབས་འདི་འདྲའོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་ཚིག་གི་དོན་འདི་ལྟར་འགྱུར་ཏེ། རིག་སྔགས་ཀྱི་དབང་པོའི་སྤང་བར་བྱ་བའི་གནས་སྐབས་སམ། ཆ་ཤས་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་སྟེ། རིག་སྔགས་ཀྱི་དབང་པོའི་ཡན་ལག་སྦང་བར་བྱ་བ་དེ་རྒྱལ་པ་དེ་བཞིན་གཤེགས་པས་མཁྱེན་པ་ནི་རིག་པར་འགྱུར་བའོ། །རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བའང་ཅི་འདྲ་བ་ཞིག་རྒྱལ་བས་མཁྱེན་ཞེ་ན། ལྟོས་བཅས་ཡན་ལག་གྱུར་པར་སྣང༌། སྒྲ་ཞེས་བྱ་བ་ཡིད་ཀྱི་དང༌། །ཚིག་རྣམས་དག་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ལྟོས་པ་
དང་བཅས་པར་གྱུར་པས་ན་ལྟོས་པ་དང་བཅས་པ་སྟེ་སྔགས་པའོ། །བདག་གི་དངོས་པོ་གང་ལ་ཡན་ལག་ལྷའི་སྐུ་ཡན་ལག་གི་མཚན་ཉིད་ཀྱི་རང་བཞིན་དུ་གྱུར་ཅིང་སྐྱེས་པ་དེ་ནི་ཡན་ལག་ཏུ་གྱུར་པའོ། །རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བའམ། རིག་སྔགས་ཀྱི་དབང་པོའི་ཆ་ཤས་སམ། གནས་སྐབས་སྤང་བར་བྱ་བ་གང་ལ་ཡན་ལག་ཏུ་གྱུར་བ་ཅུང་ཟད་མི་གསལ་བར་སྣང་བ་ཡོད་པ་དེ་ནི་ཡན་ལག་ཏུ་གྱུར་པར་སྣང་བ་སྟེ། དེ་ལ། ལྟོས་བཅས་ཡན་ལག་གྱུར་པར་སྣང༌། །ཞེས་དེ་སྐད་གསུངས་སོ། །ལྟོས་བཅས་ཡན་ལག་གྱུར་བར་སྣང་བའི་རིག་སྔགས་ཀྱི་དབང་པོ་དང་འབྲེལ་པ་སྤང་བར་བྱ་བའི་གནས་སྐབས་དེ། རྒྱལ་བ་དེ་བཞིན་གཤེགས་པས་མཁྱེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །སྔགས་པ་སྲོག་དང་རྩོལ་བ་དང་དཀའ་ཐུབ་དང༌། བསམ་གཏན་ལ་སོགས་པ་ལ་ལྟོས་པ་དང་བཅས་པའི་ཡན་ལག་ཏུ་གྱུར་པར་སྣང་བ་ཞེས་བྱ་བ་རིག་སྔགས་ཀྱི་གཟུགས་ཀྱི་རྣམ་པ་དག་ཏུ་གྱུར་པ་རྣམ་པར་ཤེས་པ་སྣང་བ་གང་ཡིན་པ་དེ་ལྟོས་པ་དང་བཅས་པ་ཡན་ལག་ཏུ་གྱུར་པར་སྣང་བའོ། །དེ་ཡང་ཐར་པ་འདོད་པ་བསམ་གཏན་གྱི་ཚེ། རྣལ་འབྱོར་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ལྷའི་ཆ་ཤས་ལ་དམིགས་པའི་ཚུལ་གྱིས་སྤང་བར་བྱའོ། །ལྟོས་པ་དང་བཅས་པ་མ་ཡིན་པའི་གཟུགས་ཀྱི་ཡན་ལག་གསང་སྔགས་ཀྱི་རྣམ་པར་སྨིན་པ་དེ་ནི་སྔགས་པ་ལ་མི་སྲིད་པས། ཡོངས་སུ་སྤང་བར་བྱ་བ་མི་རིགས་པའི་ཕྱིར་མ་སྨོས་སོ། །སྒྲ་ཞེས་བྱ་བ་ལ་སྒྲ་ནི་གསང་སྔགས་ཤུབ་བུར་བཟླས་བརྗོད་བྱེད་པ་ལས་བྱུང་བའི་སྒྲ་དེ་ལ་བྱ་སྟེ། རིག་སྔགས་ཀྱི་དབང་པོ་ཡན་ལག་སྤང་བར་བྱ་བ་རིག་སྔགས་ཀྱི་དབང་པོའི་སྤང་བར་བྱའི་གནས་སྐབས་གང་ཡིན་པ་དེ་ནི་སྒྲ་ཞེས་བྱ་བའི་ཡན་ལག་ཤུབ་བུར་བཟླས་བརྗོད་བྱེད་བའི་གནས་སྐབས་ལ་བྱའོ་ཞེས་བྱ་བར་དགོངས་པའོ། །དེས་ནི་གསང་སྔགས་ཤུབ་བུར་བཟླས་བརྗོད་བྱེད་པའི་རང་བཞིན་ཡང་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པས་སྤང་པར་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ནས་ཡང་ཡིད་ལས་བྱུང་བའི་གསང་སྔགས་ཀྱི་སྒྲའི་རང་བཞིན་གྱི་གནས་སྐབས་ཀྱང་ཆོས་ཀྱི་དབྱིངས་ལ་དམིགས་པས་ཡོངས་སུ་སྤང་བར་
བྱའོ་ཞེས་བསྟན་པ། ཡིད་ཀྱི་དང་ཞེས་གསུངས་སོ། །ཡིད་ལས་བྱུང་བས་ན་ཡིད་ཀྱི་སྟེ། རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤད་བར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཡིད་ཀྱི་བཟླས་བརྗོད་ལས་བྱུང་བའི་སྒྲའི་ངོ་བོ་ཉིད་མཉེས་པར་བྱ་བའི་ལྷའི་གསང་སྔགས་འདོན་པའི་རང་བཞིན་གྱི་གནས་སྐབས་དེ་ཡང་གྲོལ་བར་འདོད་པས་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་རྣམ་པར་དག་པ་ཞེས་བྱ་བ་ནི་རིག་སྔགས་ཀྱི་དབང་པོའི་ཡན་ལག་གང་ལ་ཚིག་རྣམ་པ་གཉིས་མེད་པར་གྱུར་ཅིང་རྣམ་པར་དག་པ་དེ་ནི་ཚིག་རྣམ་པར་དག་པའོ། །ཚིག་རྣམ་པར་དག་པ་རིག་སྔགས་ཀྱི་དབང་པོའི་ཡན་ལག་སྤང་བར་བྱ་བ་རྒྱལ་བས་མཁྱེན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པའི་རང་བཞིན་ཡིད་ཀྱི་དང༌། ཤུབ་བུར་བཟླས་བརྗོད་བྱེད་པའི་ངོ་བོ་ཉིང་དང་བྲལ་བ་རིག་སྔགས་ཀྱི་དབང་པོའི་གནས་སྐབས་གང་ཡིན་པ་དེ་ཡང་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པས་སྤང་བར་བྱ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །ཡང་ན་ཚིགས་སུ་བཅད་པ་དེ་ཉིད་ཀྱི་དོན་འདི་ལྟར་བཤད་པར་བྱ་སྟེ། ལྟོས་པ་དང་བཅས་པ་དང༌། ཡན་ལག་ཏུ་གྱུར་པར་སྣང་བ་དང༌། སྒྲ་ཞེས་བྱ་བ་དང༌། ཡིད་ཀྱི་དང༌། ཚིག་རྣམ་པར་དག་པའི་ཡན་ལག་དག །ཀྱེ་རིག་སྔགས་ཀྱི་དབང་པོ་སྦང་བར་བྱས་ནས། རིག་པ་མཁས་པ་གསང་སྔགས་ཀྱི་དོན་རྣམ་པར་དབྱེ་བ་ལ་མཁས་པའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་གྲོལ་བར་འདོད་པས་རགས་རེམ་གྱིས་སྤང་བའི་རིམ་པ་ནི་འདི་ལྟ་སྟེ། སླར་སྡུད་པ་དང༌། དཀའ་ཐུབ་དང༌། བསམ་གཏན་དང༌། སྲོག་དང་རྩོལ་བ་ལ་སོགས་པ་བྱས་ནས། རང་གི་ལྷའི་གཟུགས་བརྙན་ལ་དམིགས་པས་རབ་ཏུ་སྦོམ་པའི་ཏིང་ངེ་འཛིན་བརྟན་པར་བྱས་ལ། ཤུབ་བུར་བཟླས་བརྗོད་བྱེད་པའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཏིང་ངེ་འཛིན་རབ་ཏུ་རགས་པ་ལ་དམིགས་པ་ཡོངས་སུ་སྤངས་ནས་རགས་པའི་ཏིང་ངེ་འཛིན་བརྟན་པར་བྱའོ། །རགས་པ་ལ་དམིགས་པ་དེ་ཡང་ཕྲ་བ་ཡིད་ཀྱི་སྒྲའི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྤང་ངོ༌། །དེ་ཡང་རབ་ཏུ་སྤངས་ནས་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལ་གནས་
སོ། །དེ་ཡང་ཡོངས་སུ་སྤངས་ཏེ། གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ནན་ཏན་དུ་བྱའོ། །ལྟོས་པ་དང་བཅས་པའི་སྔགས་པ་ཡན་ལག་ཏུ་གྱུར་པར་སྣང་བའི་གནས་སྐབས་གང་ཡིན་པ་དེ་ཡོངས་སུ་སྦང་ངོ་ཞེས་ནི་གསུངས་ན། ཇི་ལྟར་དེ་ལྟོས་པ་དང་བཅས་པ་མ་གསུངས་པས་དེ་བསྟན་པ། སླར་སྡུད་ཅེས་བྱ་བ་ལ་སོགས་པའོ། །དེ་ལ་སླར་སྡུད་པ་དང༌། དཀའ་ཐུབ་དང་བསམ་གཏན་དང༌། སྲོག་དང༌། རྩོལ་བ་དང༌། ཆོ་ག་སྟེ། དེ་དག་ནི་སླར་སྡུད་དང་དཀའ་ཐུབ་དང་བསམ་གཏན་དང༌། སྲོག་དང་རྩོལ་བའི་ཆོ་ག་རྣམས་ཏེ། དེ་དག་གི་བྱ་བ་ནི་བྱེད་པ་སྟེ། ནན་ཏན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་བས་ན་ཇི་ཙམ་དུ་སྔགས་པ་ལ་སླར་སྡུད་པ་ལ་སོགས་པའི་རྣམ་པར་ཤེས་པ་སྣ་ཆོགས་སུ་འབྱུང་བ་དེ་ཙམ་དུ་ལྟོས་པ་དང་བཅས་པ་ཞེས་བྱ་སྟེ། དེ་ནི་བསྡུས་པའི་དོན་ཏོ། །སླར་སྡུད་པ་ལ་སོགས་པ་ལ་ལྟོས་པས་ན་ལྟོས་པ་དང་བཅས་པ་ཞེས་བྱའོ། །དེ་ལ་སླར་སྡུད་པ་དང་སྲོག་དང་རྩོལ་བ་ནི། སླར་སྡུད་པས་ནི་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །ཅེས་བྱ་བའི་སྐབས་དེར་བཤད་ཟིན་ཏོ། །བསམ་གཏན་གྱི་སྒྲ་ཡང༌། བསམ་གཏན་ཞེས་བྱ་མཆོག་ཏུ་གསང། ཞེས་བྱ་བའི་ཚོགས་སུ་བཅང་པས་བཤད་ཟིན་ཏོ། །དེ་བས་ན་གང་མ་བཤད་པ་དེ་དག་བཤད་པར་བྱའོ། །དེ་ལ་དཀའ་ཐུབ་ཀྱི་བྱ་བ་བཤད་པར་བྱ་བ་སྟེ་འདིས་བསྲུངས་ཤིང་བསྡམས་བས་ན་དཀའ་ཐུབ་སྟེ། འདོད་ཆགས་དང༌། ཞེས་སྡང་དང༌། རྒྱགས་པ་དང༌། སྒྱུ་ལ་སོགས་པ་ཉོན་མོངས་པའི་གཉེན་པོར་གྱུར་པ་ལུས་དང་དག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་ལ་ནན་ཏན་བྱེད་བའི་ངོ་བོ་དགེ་བ་བཅུའི་ལས་ཀྱི་ལམ་གྱི་རང་བཞིན་ཅན་གྱི་ཡིད་དོ། །གཞན་ཡང་གསང་སྔགས་ཀྱི་ཚུལ་ལ་སོགས་པ་ལས་བཅས་བ་དམ་ཚིག་དང༌། འདུལ་བ་དང༌། དཔྱོད་པ་དང། ནན་ཏན་གྱི་མཚན་ཉིད་དེ། དེ་བས་ན་འདོད་ཆགས་ལ་སོགས་པའི་གཉེན་པོ་དཀའ་ཐུབ་ཅེས་བྱ་བ་དེ་ནན་ཏན་དུ་བྱས་ན། ལུས་དང་ངག་ལ་སོགས་པ་བསྡམས་པས་གནོད་པར་འགྱུར་པའི་ཕྱིར། དེའི་གཉེན་པོ་ནན་ཏན་དུ་བྱེད་བ་གནོད་པའི་བདག་ཉིད་ཅན་ལ་དཀའ་ཐུབ་
ཅེས་བྱ་བའི་ཚིག་ཏུ་བཤད་དོ་ཞེས་དགོངས་སོ། །ཆོ་ག་བྱ་བ་ཞེས་བྱ་བ་ནི་ཆོ་གར་བྱ་བ་སྣ་ཚོགས་རྣམས་ཏེ། དཀྱིལ་འཁོར་བསྟན་པ་དང༌། དབང་བསྐུར་བ་དང༌། མེ་ཏོག་ལ་སོགས་པའི་ཡོ་བྱད་ཀྱིས་མཆོད་པ་དང༌། སྦྱིན་སྲེག་ལ་སོགས་པ་གསང་སྔགས་མཉེས་པར་བྱེད་པའི་རྒྱུ་རྣམས་ཏེ། དེ་དག་གི་བྱ་བ་ནི་ནན་ཏན་དུ་བྱ་བ་སྟེ། ཆོ་གའི་བྱ་བའོ། །རྣམ་པར་ཤེས་པ་སྣ་ཚོགས་ཞེས་བྱ་བ་ནི་བདག་གི་དེ་ཁོ་ན་ཉིད་རབ་ཏུ་ཤེས་པར་བྱེད་པའི་ཚེ། །ཕུང་པོ་ལྔའི་རང་དང་སྤྱིའི་མཚན་ཉིད་ངེས་པར་རྟོགས་པའི་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་ནི་རྣམ་པར་ཤེས་པ་སྣ་ཚོགས་ཏེ། སྣ་ཚོགས་ནི་རྣམ་པ་ཐ་དད་པའི་རང་བཞིན་ཞེས་བྱ་བའི་དོན་ཏེ། །དེས་ནི་དཀའ་ཐུབ་དང་ལྡན་པས་དཀྱིལ་འཁོར་གྱི་ལས་བྱ་སྟེ། ལྷ་མཆོད་པ་ལ་སོགས་པ་ལེགས་པར་བྱས་ནས་སླར་སྡུད་པ་བྱ་སྟེ། དེ་ཡང་བདག་གི་དེ་ཁོ་ན་ཉིད་བརྟག་པ། རྫོགས་པར་བྱས་པས་རྣམ་པར་ཤེས་པ་སྣ་ཚོགས་པ་སྤངས་ལ་སྲོག་དང་རྩོལ་བ་མངོན་དུ་བྱས་ནས་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ཡན་ལག་ཏུ་གྱུར་པར་སྣང་བའི་རྣམ་པར་ཤེས་པར་ནན་ཏན་བྱའོ་ཞེས་བསྟན་པ་སྟེ། དེ་ཡང་མཇུག་བསྡུ་བའི་སྒོ་ནས་བསྟན་པ། དཀའ་ཐུབ་ཆེན་པོ་དང་ལྡན་པར།། ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དཀའ་ཐུབ་ཆེན་པོ་དང་ལྡན་པར་བྱས་ལ་ཡན་ལག་སྣང་བ་ནན་ཏན་བྱའོ་ཞེས་བྱའོ་ཞེས་པ་དང་སྦྱར་རོ། །དེ་ལ་དཀའ་ཐུབ་ཀྱི་མཚན་ཉིད་ནི་གོང་དུ་བཤད་པའོ། །དེའི་ཚེ་ཆེ་བ་ཡང་ལེགས་པར་བྱས་པ་དང༌། རྟག་ཏུ་བྱས་པ་དང༌། མ་ཉམས་པ་དང༌། མ་འདྲེས་པར་སྒྲུབ་པའི་སྒོ་ནས་མཐོང་བ་དེ་ཆོས་ལ་འབྲས་བུ་ཐོབ་པར་བྱེད་ནུས་པའོ། །ཆོས་བསྐྱེད་ཅེས་བྱ་བ་ནི་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར། བདག་གི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ལ་འདིར་ཆོས་ཞེས་བྱ་བའི་ཚིག་ཏུ་འདོད་དོ། །དེ་བསྐྱེད་པ་ནི་རྣམ་པ་མེད་པར་མོས་པ་སྐྱེད་པའོ། །བརྟུལ་ཞུགས་མཆོག་ཅེས་བྱ་བ་ནི་རིག་སྔགས་ཀྱི་བརྟུལ་ཞུགས་ལ་སོགས་པ་མ་འདྲེས་པའི་ཚུལ་དུ་གནས་ཞེས་བྱ་བའི་དོན་ཏོ། །ལྟོས་བཅས་ཞེས་བྱ་བ་ནི་སླར་སྡུད་པ་དང༌། བསམ་གཏན་དང། སྲོག་དང་རྩོལ་བ་ལ་ལྟོས་པ་དང་ལྡན་པའོ། །ཡུལ་
ལས་གྲོལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་རྣམ་པའི་མཚན་ཉིད་ཀྱི་ཡུལ་ལས་གྲོལ་བའོ། །ཡན་ལག་སྣང་བ་བསམ་གཏན་བྱ། །ཞེས་བྱ་བ། ཡན་ལག་ནི་ལྷའི་ཡན་ལག་གོ །དེ་དག་ཅུང་ཟད་ཙམ་སྣང་བ་ནི། སྣང་བ་སྟེ། རྣམ་པར་སྨིན་པའི་གཟུགས་མ་ཡིན་པའི་ཕྱིར། བསམ་གཏན་དང་ཏིང་ངེ་འཛིན་གྱི་བྱེ་བྲག་ལས་རེ་ཞིག་མི་གསལ་པར་སྣང་ཞེས་བྱ་བའི་ཐ་ཚིག་གོ །ཡན་ལག་སྣང་པ་དེ་ཡང་མངོན་དུ་བྱས་ནས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་ལྷའི་རང་བཞིན་ཇི་ལྟར་མངོན་དུ་བྱ་བ་དེ་བསྟན་པ། དེར་ཡང་བརྟུལ་ཞུགས་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པའོ། །དེར་ཡང་ཞེས་བྱ་བ་ནི་ཡན་ལག་གོམས་པར་བྱ་བའོ། །བརྟུལ་ཞུགས་བྱས་ནས་ཞེས་བྱ་བ་ནི་ཡི་དམ་བྱ་སྟེ། བདག་ཉིད་ལྷའི་རང་བཞིན་དུ་སེམས་ཀྱིས་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཡན་ལག་གོམས་པར་ཞེས་བྱ་བའི་བརྟུལ་ཞུགས་དེ་ཇི་ལྟ་བུ་ཞིག་ཅེ་ན། དོགས་པ ་ཞེས་བྱ་བ་གསུངས་ཏེ། གསལ་བར་མི་སྣང་ཞེས་བྱ་བའི་དོན་ཏོ། །དེས་འདི་ལྟར་དགོངས་སོ། །ཏིང་ངེ་འཛིན་མ་ཐོབ་པ་སླར་སྡུད་པ་ལ་སོགས་པ་ལ་ལྟོས་པ་དང་བཅས་པར་བསམ་གཏན་བྱེད་པ་ན་རེ་ཞིག་བདག་ལྷའི་གཟུགས་བརྙན་གྱི་རྣམ་པ་གང་ཡིན་པར་བདག་གྱུར་པར་སྣང་པར་སང་བ་དེ་མི་གསལ་བའི་རང་བཞིན་ཉིད་དེ། རྣམ་པར་རྟོག་པ་དང་བཅས་པའི་བསམ་གཏན་གྱི་སྤྱོད་ཡུལ་ལས་བྱུང་བའི་ཕྱིར་རོ། །དེ་བས་ན། རྣམ་རྟོག་རྗེས་སུ་སོང་བ་ནི། །དོན་གསལ་བར་ནི་མི་སྣང་ངོ༌། ཞེས་བཤད་དོ། །དེ་ལྟ་བུའི་བརྟུལ་ཞུགས་མངོན་དུ་བྱས་ནས་ཅི་ཞིག་བྱ་ཞེ་ན། འཇིག་རྟེན་སྨད་པའི་ཞེས་གསུངས་ཏེ། བསམ་གཏན་གཅིག་པོ་སྤྱད་ཅེས་བྱ་བ་དང་འབྲེལ་ཏོ། །བསམ་གཏན་དངོས་པོ་སེམས་པ་གང་ལ་འཇིག་རྟེན་སྨོད་པ་ཡོད་པ་དེ་ནི་འཇིག་རྟེན་སྨད་པའི་བསམ་གཏན་ནོ། །དེས་ཇི་སྐད་བསྟན་པ་ཡིན་ཏེ། བདག་ལྷའི་རྣམ་པར་སྣང་བར་གྱུར་པ་སྒྲ་ཞེས་བྱ་བ་ལ་སོགས་པའི་བཟླས་བརྗོད་དང་བཅས་པ་ཡིད་ལམ་ལ་མི་བྱེད་པས་ཡོངས་སུ་སྤངས་ནས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་སྐྱེས་པའི་རྣམ་པར་དཔྱོད་པ་སྨོད་པའི་རང་བཞིན་གྱི་བསམ་
གཏན་སེམས་པ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་བྱའོ་ཞེས་པའོ། །བསམ་གཏན་བ་ཇི་ལྟ་བུ་ཞིག་ཅེ་ན། བློ་གྲོས་ཞི་བ་བསྟན་པ་ཞེས་གསུངས་སོ། །དེ་ལ་ཡུལ་ལ་མ་ཆགས་པས་ན་བློ་གྲོས་ཞི་བའོ། །བཀྲེས་པ་དང༌། སྐོམ་པ་ལ་སོགས་པའི་ཉོན་མོངས་པ་ལ་ཇི་མི་སྙམ་པ་ནི་བསྟན་པའོ། །འཇིག་རྟེན་སྨད་པའི་བསྟན་ནམ་གཅིག་པུ་ཞེས་བྱ་བ་གཅིག་ཏུ་སྨོས་པ་འབའ་ཞིག་བསྟན་པའི་དོན་ཏེ། འཇིག་རྟེན་སྨད་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་སྤྱད་ཀྱི། །བར་བར་དུ་སྒྲའི་བསམ་གཏན་ལ་སོགས་པ་མི་སྤྱད་དོ་ཞེས་པའོ། །ད་ནི་འདི་དཔྱད་དེ་བདག་གི་དེ་ཁོ་ན་ཉིད་བརྟག་པ་སྔར་བྱས་ནས་བསམ་གཏན་པས་ཡན་ལག་བསྒོམ་པའི་ནན་ཏན་བྱའོ། །བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་འདུས་བྱས་དང་འདུས་མ་བྱས་པའི་དངོས་པོ་ཐམས་ཅད་སུན་འབྱིན་པའི་རྣམ་པའོ། །དེ་བས་ན་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་སྒྱུ་མ་དང་སྨིག་རྒྱུ་བ་དང་མཚུངས་པར་མོས་པར་བྱས་ན་གལ་ཏེ་གཙང་སྤྲ་ལ་སོགས་པ་ཡང་མི་བྱེད་པར་འགྱུར་སྲིད་དེ། དེ་དགག་པའི་ཕྱིར། ཁུ་བ་བཤང་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ནི་འདི་བསྟན་ཏེ། བདག་གི་དེ་ཁོ་ན་ཉིད་སྔར་བྱས་ནས། ལྷའི་རྣལ་འབྱོར་ལ་གནས་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་རྗེ་སུ་འཇུག་པའི་མཚན་ཉིད་གཙང་སྦྲ་བྱ་ཞིང་མི་དགེ་བའི་འབྲས་བུར་འགྱུར་བ་སེམས་ཅན་ལ་གནོད་པ་སྤང་བར་བྱའོ་ཞེས་པའོ། དེ་ལ་ཁུ་བ་ཞེས་བྱ་བ་ནི་ཁུ་ཆུ་འབྱུང་བའོ། །བཤང་གཅི་འབྱུང་བ་ལ་སོགས་པ་དང༌། འབགས་པ་ནི་ཁར་ཟོས་པ་ལ་སོགས་པའོ། །རྒྱུ་བ་ནི་ཕྱེན་ནོ། ། དོགས་པ ་ཞེས་བྱ་བ་ནི་རང་གི་ལུས་ལྷར་སྣང་བར་གནས་པས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བའི་ཚིག་གིས་ དོགས་པ ་མེད་ཅིང་ལྷའི་བྱེ་བྲག་ཏུ་བསྒོམ་པ་མ་བྱས་པ་འབའ་ཞིག་གིས་བྱ་བ་མ་ཡིན་གྱི་ དོགས་པ ་ཅན་ལྷའི་རྣམ་པར་གནས་པའི་ཟློས་པ་པོས་ཀྱང་བྱ་བར་བསྟན་པའོ། །བཤང་གཅི་ལ་སོགས་པ་འགྲོ་བ་མེད་པ་འཇིག་རྟེན་མི་འཕྱ་བའི་ཕྱོགས་སུ་དྲི་དང་ཆགས་པ་མེད་པའི་མཚན་ཉིད་གཙང་སྦྲ་བྱ་སྟེ། གཙང་སྦྲ་བྱེད་པ་མེད་པ་ནི་བྱ་བའི་རྒྱུད་ཀྱི་
ཚུལ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱིས་ཀྱང་དེ་ལྟ་ཡིན་ཏེ། གང་གཙང་སྒྲ་ལ་སོགས་པ་ལ་ལྟོས་པས་གསང་སྔགས་བཟླས་བརྗོད་བྱས་ན་འབྲས་བུ་འཕྲལ་དུ་ཐོབ་པར་འགྱུར་རོ། །རྣལ་འབྱོར་གྱི་རྒྱུད་ཀྱི་ཚུལ་ལ་ཡང་ཇི་ལྟར་བྱ་སྙམ་ན་ཡང་དེར་ཡང་ཕྱི་རོལ་ཆེ་ཆུང་ལ་སོགས་པ་བྱས་ནས་མི་གཙང་བཞིན་དུ་གསང་སྔགས་བཟླས་བརྗོད་བྱའོ་ཞེས་ནི་མ་གསུངས་སོ། །འབགས་ཀྱང་རུང་མ་འབགས་ཀྱང་རུང༌། གཙང་ཡང་རུང་མི་གཙང་ཡང་རུང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་དག་ཀྱང་གཙང་སྦྲ་ལ་མངོན་པར་ཞེན་པ་ཡོང་སུ་སྤང་བའི་ཕྱིར་རམ། རྣལ་འབྱོར་ལ་གཅིག་ཁོ་ནར་འབད་པའི་གང་ཟག་ལ་དགོངས་པ་སྟེ། གང་གི་ཕྱིར་ཞེ་ན། འདི་ནི་ཕྱི་རོལ་གྱི་བྱ་བ་ཐམས་ཅད་ལ་མི་ལྟོས་པ་ཉིད་དུ་རྣལ་འབྱོར་གོམས་ཤིང་སེམས་བརྟན་པར་སྣང་བའི་མཚན་ཉིད་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ཡིན་པས་དེ་ལ་ཕྱི་རོལ་གྱི་གཙང་སྦྲ་བསྟན་པའི་ཆོ་ག་འདིས་ཅི་ཞིག་བྱ། གང་ཡང་རལ་གྲི་ལ་སོགས་པའི་དངོས་གྲུབ་ཕྱི་རོལ་གྱི་མཚན་མ་ལ་ལྟོས་པ་དང་བཅས་པ་དེ་བསྒྲུབ་པའི་ཕྱིར། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང༌། རྣལ་འབྱོར་གྱི་རྒྱུད་ཀྱི་དགོངས་པ་འགྲེལ་བ་རྡོ་རྗེ་རྩེ་མོ་ལ་སོགས་པ་ལས་དུས་གསུམ་དུ་ཁྲུས་བྱ་བ་ལ་སོགས་པ་ཡང་དེའི་ཕྱིར་གསུངས་ཏེ། རྒྱ་ཆེར་འཕྲོས་པ་འདིས་ནི་ཅི་ཞིག་བྱ་ཞེས་བཏང་ངོ༌། །ཡོང་ཡེ་འདི་ནི་བྱ་བའི་རྒྱུད་ཡིན་པས་ན་རྣལ་འབྱོར་བསྒོམ་པ་བྱས་པས་ཀྱང་གཙང་སྦྲ་ཡོངས་སུ་མི་གཏོང་བར་བྱའོ། །ཞེས་བཀའ་སྩལ་ཏོ། །དབོན་པར་གཙང་སྦྲ་བརྩམ་པར་བྱ། །ཞེས་བྱ་བ་ལ་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བ་གང་དག་འཆད་པ་དེའི་ལན་དུ་བྱ་བ་ནི། གལ་ཏེ་དོན་འདི་ལྟ་བུར་དགོངས་པ་ཞིག་ཡིན། སྟོང་པ་ཉིད་བསྒོམ་མོ་ཞེས་གསུངས་པར་གྱུར་མོད་ཀྱི། དབེན་པར་གཙང་སྦྲ་བྱ་བའི་དགོངས་པ་ཅི་ཞིག་བྱ། རབ་ཏུ་སྟོང་པར་སྨྲ་བ་དག་བཤང་གཅི་བྱས་པའི་མི་གཙང་བས་ལུས་དང་གོས་ལ་རེག་པའི་དྲི་ང་བས་འཇིགས་ནས་སྒོར་འཇུག་ཏུ་ཡང་མི་སྟེར་རོ། །ཟས་བསླང་དུ་ཡང་མི་ཐོབ་པས་བཀྲེས་པའི་སྡུག་བསྔལ་བས་ལུས་དང་ཡིད་ཉོན་མོང་
ཏེ། དུས་མ་ཡིན་པ་ཉིད་དུ་ཐམས་ཅད་སྟོང་པར་འགྱུར་བའི་མཚན་ཉིད་འཆི་བར་འགྱུར་ཏ་རེ། མི་འདོད་པའི་ལས་སྤངས་པའི་མན་ངག་ཀྱང༌། སྲང་དང་ཁྲོན་པ་ལུ་མ་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སྲང་ལ་སོགས་པར་སེམས་ཅན་ལ་གནོད་པ་ཀུན་དུ་མི་སྤྱད་ཅེས་བྱ་བ་དང་འབྲེལ་ཏོ། དེ་ལ་སེམས་ཅན་ནི་སྲོག་ཆགས་སོ། །དེ་དག་ལ་འཚེ་བ་ནི་གནོད་པ་སྟེ། དེ་ཀུན་དུ་མི་སྤྱད་པ་ནི་མི་བྱ་བའོ། །དེ་དག་གང་གིས་མི་སྤྱད་ཅེ་ན། ལུས་ངག་ཡིད་ཀྱིས་ཞེས་བྱ་བ་གསུངས་སོ། །དེ་ལ་ལུས་ཀྱི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་སྤྱོད་པ་དང༌། མི་ཚངས་པར་སྤྱད་པ་སྤོང་བའི་མཚན་ཉིད་སེམས་ཅན་ལ་གནོད་པ་ཡོངས་སུ་སྤང་བའོ། །དེ་བཞིན་དུ་ངག་གི་ལས་ཀྱང་བརྫུན་དུ་སྨྲ་བ་དང༌། ཚིག་འཁྱལ་པ་ལ་སོགས་པ་ཡོངས་སུ་སྤང་བའི་མཚན་ཉིད་དོ།། ཡིད་ཀྱིས་ནི་ཆགས་སེམས་ལ་སོགས་པ་སྤང་བའི་ངོ་བོ་ཉིད་དོ། །འོ་ན་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་ལམ་རྗེས་སུ་ཞུགས་པ་ནི་སེམས་ཅན་རྣམས་ལ་གནོད་པར་སྲིད་ན་ཆགས་སེམས་དང༌། གནོད་པར་སེམས་པ་དང༌། ལོག་པར་ལྟ་བའི་མཚན་ཉིད་ནི་ཡིད་ཀྱི་ལས་ཀྱི་ལམ་གྱི་རྗེས་སུ་འཇུག་པ་སྟེ། བདག་ལ་མི་འདོད་པ་ལ་སོགས་པའི་ལས་ལ་སོགས་པར་གྱུར་དུ་ཟིན་ཀྱང་ཡིད་ཀྱིས་སེམས་ལ་གནོད་པ་ཀུན་དུ་མི་སྤྱོད་དོ་ཞེས་དགག་པ་སེམས་ཅན་ལ་གནོད་པར་གོ་ཇི་ལྟར་འགྱུར། དེ་ལ་ཉེས་པ་མེད་དེ་གང་གི་ཕྱིར་ཞེ་ན། བདག་ཀྱང་སེམས་ཅན་གྱི་ནང་དུ་གཏོགས་ཏེ། དེ་བས་ན་བདག་ལ་ཡང་གང་མི་འདོད་པའི་ལས་ཀྱི་འབྲས་བུ་ཚེ་ཕྱི་མ་ལ་སོགས་པར་འགྱུར་བ་དེ་ཡང་ཉེ་བར་འགྱུར་བ་ཉིད་པས་དགག་པར་དགོངས་པའི་ཕྱིར་རོ། །ཡང་ན་ལུས་དང་ངག་གི་ལས་བསྐྱེད་པའི་རྒྱུ་སེམས་པ་བཀག་པས་ཉེས་པ་མེད་དོ། །སྤང་ངོ་ཞེས་བྱ་བ་ནི་བསླབ་པ་བླངས་པས་སེམས་ཅན་ལ་གནོད་པ་ཡོངས་སུ་སྤངས་ཏེ། མི་བྱའོ་ཞེས་པའོ། །དེས་འདི་སྟོན་ཏེ་སྡོམ་པ་གཟུང་བ་སྔར་བྱས་ནས། གང་ལས་ཀྱི་ལམ་གྱི་རྗེས་སུ་འཇུག་པར་བྱེད་པ་དེ་སེམས་རབ་ཏུ་བརྟས་པས་ལྷུན་གྱིས་གྲུབ་པར་ཡང་མངོན་དུ་འགྱུར་རོ།།
ད་ནི་བསམ་གཏན་དང་བཟླས་བརྗོད་དང་སྒྲུབ་པ་ལ་སོགས་པའི་རྒྱུའི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་གང་གསུངས་པ། བརྟུལ་ཞུགས་དེ་མངོན་དུ་བྱ་བའི་གནས་དང་དུས་ངེས་པར་བྱ་བའི་ཕྱིར། བསམ་གཏན་དང་ནི་བཟླས་པ་དང༌། །གསང་སྔགས་བསྒྲུབ་པར་བྱ་བ་དང༌།། སྦྱིན་སྲེག་ལས་དང་དབང་བསྐུར་དང༌། །ཡུལ་གྱི་བྱ་བ་རྣམས་ལ་ཡང༌། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །ཞེས་བྱ་བ་གསུངས་ཏེ། དེ་ལ་གསང་སྔགས་རྣམས་ཀྱི་བསམ་གཏན་བྱ་བའི་ཕྱིར། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་དུ་བཟླས་བརྗོད་ལ་སོགས་པ་ལ་ཡང་སྦྱར་རོ། །དེ་ལ་གསང་སྔགས་རྣམས་ཀྱི་བསམ་གཏན་ནི། །མེ་གནས་དངོས་གྲུབ་སྟེར་ཞེས་བྱ་བ་ལ་སོགས་པ་སྔར་གསུངས་པའོ། །བསམ་གཏན་དེའི་ཕྱིར། གསང་སྔགས་ཀྱི་ཡི་གེ་རེ་རེ་ལ་རྟོག་པའི་རྣམ་པ་ཚིག་རྣམ་པར་དག་པ་སྒྲའི་བདག་ཉིད་ཀྱིས་བསྒོས་པ་སྒྲའི་བདག་ཉིད་ཀྱི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་ལ་རིག་སྔགས་ཀྱི་བརྟུལ་ཞུགས་སུ་བཤད་དོ། །དེ་བཞིན་དུ་གསང་སྔགས་རྣམས་བཟླས་བརྗོད་བྱ་བའི་ཕྱིར་བརྟུལ་ཞུགས་གསུངས་པ། མི་འགྱུར་གསང་སྔགས་གཞི་ལ་གནས། །ཞེས་བྱ་བ་འདིས་བདག་ཉིད་བདག་གི་ལྷའི་སྐུར་གྱུར་པར་བསམ་པའི་སྒོ་ནས་བརྟུལ་ཞུགས་བྱ་བ་བསྟན་ཏོ། །དེ་བཞིན་དུ་བསྒྲུབ་པ་ལ་སོགས་པའི་བརྟུལ་ཞུགས་ཀྱང་རང་གི་ལྷའི་བདག་ཉིད་དུ་རིག་པར་བྱ་སྟེ་དེས་འདི་ལྟར་སྦྱར་རོ། །གསང་སྔགས་རྣམས་ཀྱི་སྦྱིན་སྲེག་གི་ཕྱིར་བརྟུལ་ཞུགས་གང་གསུངས་པ་ཞེས་བྱ་བ་ནི་གསང་སྔགས་རྣམས་ལ་སྦྱིན་སྲེག་དབུལ་བའི་ཕྱིར། ལྷའི་རྣལ་འབྱོར་བཤད་པ་གང་ཡིན་པའོ། །གསང་སྔགས་རྣམས་དབང་བསྐུར་བའི་བརྟུལ་ཞུགས་ནི་གསང་སྔགས་ཀྱི་གཟུགས་བརྙན་གྱི་སྐུ་ལ་ཐིམ་པར་བྱ་བའི་ཕྱིར་འོག་མ་ལ་སོགས་པས་དབང་བསྐུར་བའོ། །ཡང་ན་སྒྲུབ་པ་པོས་གསང་སྔགས་བསྒྲུབ་པར་བྱ་བའི་ཕྱིར། གང་དབང་བསྐུར་བར་བྱ་བ་དེ་ནི་གསང་སྔགས་ཀྱི་དབང་བསྐུར་བ་སྟེ། གསང་སྔགས་ཀྱི་དབང་བསྐུར་བ་དེ་ལ་གང་གསུངས་པ་གང་ཡིན་པ་ཞེས་བྱ་བ་དང་སྦྱར་རོ། །ཡུལ་གྱི་བྱ་བ་
རྣམས་ལ་ཡང༌། །བརྟུལ་ཞུགས་གསུངས་པ་གང་ཡིན་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་དང༌། །སྒྲུབ་པ་དང༌། བཟླས་བརྗོད་ཀྱི་གནས་བྱི་དོར་བྱེད་པའི་ཚེ། གང་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་མངོན་དུ་བྱའོ་ཞེས་གསུངས་པའོ། །བརྟུལ་ཞུགས་དེ་གནས་གང་དུ་བྱ་བ་དང༌། དུས་ཇི་སྲིད་དུ་བྱ་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་སྔོན་བདག་ལ་བཤད་དོ་ཞེས་ཆོ་ག་འཆད་པའི་ཚངས་པས་ཉན་པའི་ཚངས་པ་ལ་སྨྲས་པ། །དེ་ཡི་གནས་དང་ཚད་རྣམས་ཀྱང༌། །སྔོན་གྱི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཞེས་བྱའོ། །དེའི་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་ཀྱི་སྟེ། གནས་དང་ཚད་གང་ཡིན་དེ་དག་ཀུན་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །འདིར་ཡང་བདག་གི་བློས་བརྟགས་ཏེ་སྨྲ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྔོན་ནི་བདག་ཉིད་འབའ་ཞིག་ལ། །མཐུ་ཆེན་རྡོ་རྗེ་འཛིན་པའི་ལྷས། །རབ་ཏུ་གསང་བ་གསུངས་པ་ཡིན། །ཞེས་བཤད་དོ། །ལྷའི་རྣལ་འབྱོར་གྱི་མཚན་ཉིད་བརྟུལ་ཞུགས་མངོན་དུ་བྱེད་པའི་གནས་དང་དུས་གང་གསུངས་པ་དེ་ཐམས་ཅད་བཤད་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཉེ་བར་གྱུར་པ་ལ་སོགས་པའི་མཚན་ཉིད་གང་གསུངས་པ་དེ་ཡང་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉེར་གྱུར་མངོན་དུ་ཕྱོགས་པ་དང༌། །གསང་སྔགས་སྟེར་བར་གྱུར་པ་དང༌། །གཞན་དུ་ཕྱོགས་པ་གང་ཡིན་པ། །དེ་ཀུན་ཚངས་པ་ཁྱོད་ལ་བཤད། །ཅེས་གསུངས་སོ། །དེ་ལ་ཉེ་བར་གྱུར་པ་ལ་སོགས་པའི་ཚིག་རྣམས་ནི། གསང་སྔགས་རྣམས་ཞེས་བྱ་བའི་སྐབས་འདི་དང་སྦྱར་རོ། །དེ་བས་ན་གསང་སྔགས་ཉེ་བར་གྱུར་པ་དང༌། མངོན་དུ་ཕྱོགས་པ་དང༌། གསང་སྔགས་སྟེར་བ་དང༌། གཞན་དུ་ཕྱོགས་པ་རྣམས་བསྟན་པར་བྱའོ།། ཞེས་གསུངས་པ་ཡིན་ནོ། །དེ་ལ་བསམ་གཏན་དང་བཟླས་བརྗོད་ལ་སོགས་པ་རབ་ཏུ་གོམས་པས་སེམས་མཉམ་པར་གཞག་པར་གྱུར་པའི་སྒྲུབ་པ་པོ་བྱིན་གྱིས་བརླབ་ཏུ་རུང་བར་མཁྱེན་ནས་ལྷ་སྤྱན་དྲངས་ཀྱང་རུང་མ་དྲངས་ཀྱང་རུང༌། ནམ་དེ་དང་ཉེ་བར་གཤེགས་པ་དེ་ནི་རིག་སྔགས་
ཉེ་བར་གྱུར་པ་ཞེས་བྱ་སྟེ། དྲུང་དུ་གཤེགས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་ཉེས་པར་གྱུར་པའི་མཚན་མ་གང་ཡིན་པ་དེ་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་དུ་ཕྱོགས་ཞེས་བྱ་བ་ནི་ལྷ་ཉིད་ཀྱི་གནས་ན་བཞུགས་པ་བཞིན་དུ་གང་སྤྱན་རས་ཀྱིས་འཚོ་བ་དེ་ལ་མངོན་དུ་ཕྱོགས་པ་ཞེས་བྱའོ། །དེ་བས་ན་མངོན་དུ་ཕྱོགས་པར་གྱུར་པའི་མཚན་མ་གང་ཡིན་པ་དེ་དག་ཀྱང་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གསང་སྔགས་ཉིད་ཀྱི་གནས་ན་བཞུགས་བཞིན་དུ་སྤྱན་རས་ཀྱིས་འཚོ་བའི་མཚན་ཉིད་འདི་ཡང་ཉེ་བར་གྱུར་པའི་སྔོན་རོལ་དུ་བལྟ་བར་བྱ་སྟེ། དེ་བཞིན་དུ་འོག་ནས་ཀྱང་འཆད་དོ། །གསང་སྔགས་སྟེར་བ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་སྦྱིན་ཞིང་གསོལ་བ་ལ་གསང་སྔགས་སྟེར་བ་ཞེས་བྱ་སྟེ་དངོས་གྲུབ་ལ་བྱའོ། །དེས་ནི་དངོས་གྲུབ་ཀྱི་བྱེ་བྲག་ཀྱང་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ཕྱོགས་ཞེས་བྱ་བ་ནི་གསང་སྔགས་འཕངས་བར་འགྱུར་བའི་གནས་སྐབས་ཀྱང་བཤད་པར་བྱའོ་ཞེས་བསྟན་པ་སྟེ། ཉེས་པ་གང་དག་བྱུང་ན་གསང་སྔགས་འཕང་བར་འགྱུར་བ་དེ་དག་ཀྱང་བཤད་པར་བྱའོ་ཞེས་པའོ། །ད་ནི་རིག་སྔགས་ཀྱི་བརྟུལ་ཞུགས་ཀྱི་གནས་སྐབས་མདོར་བསྟན་པ་དེ་ཞིབ་ཏུ་བཤད་པའི་ཕྱིར། གསང་སྔགས་ལ་སོགས་དང་ལྡན་པའི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། ནམ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་མངོན་དུ་བྱེད་པར་འདོད་པ་དེའི་ཚེ་མདུན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བསམས་ལ། རིག་སྔགས་དང་གསང་སྔགས་དང༌། ཁྲོ་བོ་དང་མངག་གཞུག་པ་དང༌། མངག་གཞུགས་མ་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་ཅིང་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བར་ཐང་ཅིག་ཙམ་ཞིག་མངོན་པར་བསམས་ལ་ཏིང་ངེ་འཛིན་གྱིས་གསལ་བར་བྱ་སྟེ། བདག་ཉིད་ཀྱང་གསང་སྔགས་དང་རིག་སྔགས་ཀྱི་གཟུགས་ཀྱི་རང་བཞིན་གྱི་མཚན་ཉིད་བརྟུལ་ཞུགས་བཤད་པར་བྱིན་གྱིས་བརླབས་ལ་དེའི་དབུས་ན་འདུག་པར་བྱའོ། །ཅིའི་ཕྱིར་ཞེ་ན། རིག་སྔགས་དང་གསང་སྔགས་ལ་སོགས་པ་ཐམས་ཅད་རྒྱལ་བའི་སྤྱན་སྔ་ན་རྟག་ཏུ་འཁོད་དེ། དེ་བས་ན་སྔགས་པ་ཡང་གསང་
སྔགས་ལ་སོགས་པའི་ལྷའི་རྣལ་འབྱོར་བྱས་པས་ཏིང་ངེ་འཛིན་གྱི་ཚུལ་གྱིས་རྒྱལ་བ་ལ་མངོན་དུ་ཕྱོགས་པར་ཅི་ནུས་སུ་བྱའོ། །ད་ནི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་ནང་ན་འདུག་པ་རང་གི་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་དེ་མངོན་དུ་བྱ་བའི་དུས་ངེས་པར་བསྟན་པའི་ཕྱིར། །དུས་གསུམ་དུ་ནི་ཕྲ་མོ་འདི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དུས་གསུམ་ཞེས་བྱ་བ་ནི་སྔ་དྲོ་དང་ཕྱེད་དྲོ་མཚམས་ཀྱི་བྱེ་བྲག་གོ །འདི་ཞེས་བྱ་བ་ནི་དེའི་ནང་ན་འདུག་པ་རང་གི་རིག་སྔགས་ཀྱི་བརྟུལ་ཞུགས་ལ་སྙེགས་སོ། །ཕྲ་མོ་ཞེས་བྱ་བ་ནི་བསམ་གཏན་གྱི་རིག་པར་བྱ་བའི་ཕྱིར་རོ། །གསང་སྔགས་རྣམས་བསྒྲུབ་པ་ལ་བརྩོན་པས་རིག་པར་བྱའོ་ཞེས་བྱ་བ་ནི། བརྟག་པར་བྱ་ཞིང་མངོན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་འདི་འབའ་ཞིག་དུས་གསུམ་དུ་མངོན་དུ་བྱའམ་ཞེས་པ་ལ་མ་ཡིན་ནོ་ཞེས་བསྟན་པ། ཡན་ལག་བཅུ་ཡི་ཆོ་ག་ལས། །ཞེས་བྱ་བ་སྟེ། དེ་ཇི་ལྟ་ཇི་ལྟར་སྲིད་པའི་ཡན་ལག་བཅུའི་རྣམ་པ་དང་ལྡན་པར་རིག་སྔགས་ཀྱི་བརྟུལ་ཞུགས་དེ་དུས་གསུམ་དུ་མངོན་དུ་བྱའོ་ཞེས་པའོ། །ཡན་ལག་བཅུར་ངེས་པའི་ཆོ་ག་འདི་ནི་ཡན་ལག་བཅུའི་ཆོ་ག་སྟེ། བཟླས་བརྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་ཆོ་གའི་མཚན་ཉིད་དོ། །ཡན་ལག་བཅུའི་ཆོ་ག་དེ་གང་ལས་སུ་བྱ་ཞིང་ནན་ཏན་དུ་བྱ་བ་དེ་གང་ཡིན་པ་དང་ལྷན་ཅིག་ཏུ་རིག་སྔགས་ཀྱི་བརྟུལ་ཞུགས་དེ་དུས་གསུམ་དུ་མངོན་དུ་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ལ་ཡན་ལག་བཅུ་ནི་བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། མེ་ལ་གནས་པ་ལ་སོགས་པའི་བསམ་གཏན་རྣམ་པ་གསུམ་དང༌། གསང་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། དབང་བསྐུར་བའི་ཆོ་ག་དང༌། གནས་ཀྱི་བྱ་བའི་ནན་ཏན་ཏེ། དེ་དག་ནི་ཡན་ལག་བཅུ་པོ་རྣམས་སོ། །དེ་བས་ན་ཡན་ལག་བཅུ་པོ་དེ་རྣམས་ལས་ཇི་ལྟར་སྐབས་སུ་བབ་པ་ལས་གང་ཡང་རུང་བའི་ཡན་ལག་ནན་ཏན་དུ་བྱས་པ་ལས། ལྷན་ཅིག་ཏུ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་དེ་མངོན་དུ་བྱའོ་ཞེས་
བྱ་བར་དགོངས་པའོ། གང་གི་ཕྱིར་ཞེ་ན། ལྷའི་རྣལ་འབྱོར་བྱས་པ་ལ་གསང་སྔགས་ལས་བྱུང་བའི་ལས་ཀྱི་བྱེ་བྲག་སྦྱོར་བའི་མཚན་ཉིད་ནི་དེ་དག་ཙམ་དེ་ཟད་པའི་ཕྱིར་རོ། །ད་ནི་གསང་སྔགས་གཞན་དུ་ཕྱོགས་པར་འགྱུར་བའི་རྒྱུ་རྣམས་བཤད་པར་བྱ་སྟེ། དེ་ཤེས་ནས་ཡོངས་སུ་སྤང་པའི་ཕྱིར་རོ། །དེ་དག་ཀྱང་མི་འདོད་པའི་ལས་ཀྱི་བག་ཆགས་ལངས་པའི་དབང་ངམ། ཡང་བ་མ་སྤངས་པ་ལས་གསང་སྔགས་ཀྱི་བྱིན་གྱིས་བརླབ་པའི་སྐལ་པ་མེད་པར་འགྱུར་བའི་རྒྱུ་རྣམས་ནི་མ་དད་པ་དང༌། སྙོམ་པ་ལ་སོགས་པ་སྔགས་པའི་རྒྱུད་ལས་འབྱུང་བ་སྟེ། དེ་བས་ན་དེ་དག་བསྟན་པའི་ཕྱིར་གསུངས་པ། །ཞེས་བྱ་བ་ལ་སོགས་པ་ནས། གསང་སྔགས་དེ་ལས་གཞན་དུ་ཕྱོགས། །ཞེས་བྱ་བའི་བར་དུའོ། །དེ་ལམ་དད་པ་ལ་སོགས་པ་དེ་དག་ཇི་ལྟར་སྲིད་པར་རང་གི་ལས་དང༌། རང་གི་རྣམ་པར་རྟོག་པ་དང་སྐྱོ་བ་སྡང་བ་དང་བརྟེན་པའི་མཚན་ཉིད་དང༌། རྒྱུ་རྣམ་པ་གསུམ་ལས་བྱུང་བ་ཡང་གཉེན་པོ་ལ་ནན་ཏན་བྱས་པས་བཟློག་པར་བྱའོ། །དེ་ལ་ལས་ལས་སྐྱེས་པ་རྣམས་ཟློག་པ་ནི་བདག་མེད་པའི་བསམ་གཏན་དང༌། བཟླས་བརྗོད་དང་སྦྱིན་སྲེག་ལ་སོགས་པའོ། །རང་གི་རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ནི་དེའི་རང་བཞིན་རྣམ་པར་དཔྱད་པས་སོ། །སྐྱེ་བོ་སྡང་བ་དང་བརྟེན་པའི་སྐབས་སུ་གྱུར་པ་ནི་དེ་ཡོངས་སུ་སྤང་བས་བཟློག་གོ །ལས་ལ་ཐེ་ཚོམ་ཟ་བ་དང༌། །ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུའམ། ཡང་ན་གསང་སྔགས་ཀྱི་ལས་དུས་དུས་སུ་ཇི་ལྟར་བྱེད་པའི་ཐེ་ཚོམ་ཟ་ཞིང་བརྗེད་པའི་ཐབས་སུ་འབྱུང་བའོ། །ལོག་འདྲེན་གྱིས་ནི་བརླབས་པ་དང༌། །ཞེས་བྱ་བ་ནི་སྐད་གསུངས་པའི་ཉེས་པ་རྣམས་ལས་གཞན་པ་སེམས་གཡེངས་པ་ལ་སོགས་པ་ནི་ལོག་འདྲེན་གྱིས་བརླབས་པའི་ཉེས་པ་ཡིན་པར་ཤེས་པར་བྱའོ། འདིར་ཡང་འདི་ལྟར་ཤེས་པར་བྱ་སྟེ། ནམ་མ་དད་པ་ལ་སོགས་པ་དེ་དག་ལས་ཀྱི་བག་ཆགས་ལ་སོགས་པའི་མཐུ་ལས་བྱུང་བར་གྱུར་པ་དེའི་ཚེ་སྔགས་པ་དེ་ལས་གསང་སྔགས་གཞན་དུ་ཕྱོགས་པར་འགྱུར་ཏེ། བྱིན་གྱིས་བརླབ་པའི་སྐལ་བ་མེད་པར་འགྱུར་གྱི་སྒྲིབ་པ་ཐམས་ཅད་སྤངས་པས་རྟོག་
པའི་བག་ཆགས་བསལ་བའི་གསང་སྔགས་ལ་སོགས་པ་ཉིད་ནི་འཕང་བར་མི་འགྱུར་རོ། །སྔགས་པའི་རྒྱུད་ལས་དེ་དག་སྐྱེས་པའི་ཚེ་གཙོ་བོའི་རྒྱུ་མ་ཚང་བས་རིག་སྔགས་དང་གསང་སྔགས་དག་གིས་ཀྱང་བཟློག་པར་མི་ནུས་སོ། །འདི་ལྟར་གསང་སྔགས་ལ་སོགས་པ་ནི་མཆོད་པ་དང་བཟླས་བརྗོད་ལ་སོགས་པས་བསོད་ནམས་སྐྱེ་བའི་རྒྱུར་འགྱུར་ཞིང་དངོས་གྲུབ་ཐོབ་བའི་བག་ཆགས་བརྟས་པའི་གྲོགས་ཙམ་ཞིག་སྒྲུབ་པ་པོ་ལ་མཛད་པར་འདོད་དོ། །གལ་ཏེ་འགྲུབ་པའི་ལས་ཀྱི་བག་ཆགས་མེད་པ་ལ་ཡང་དངོས་གྲུབ་སྟེར་བར་འགྱུར་ན་ནི་དེའི་ཚེ་རབ་ཏུ་ཐུགས་རྗེ་ཆེ་བས་ཆོ་ག་ཐམས་ཅད་ལ་ཐམས་ཅད་སྩོལ་བའི་མཐུ་མངའ་བར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་པས་རབ་ཏུ་སྤྲོས་པ་བཏང་ངོ༌། །དེ་ནས་གཞན་ཡང་གསང་སྔགས་ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས་པར་གྱུར་པའི་རྒྱུ་སྒྲུབ་པ་པོས་བསམ་གཏན་དང༌། བཟླས་བརྗོད་ལ་གོམས་པར་བྱས་པ་ལས་བྱུང་བའི་ཡོན་ཏན་བསྟན་པ། གང་ཞིག་ཞི་བར་འདུག་པ་དང༌། །སྒྲ་ཡི་ངོ་བོར་གྱུར་བ་ན། །དེ་ཚེ་སྔགས་པ་གསངས་སྔགས་ལ། །ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས། །ཞེས་བྱ་བ་ཡིན་ནོ། །དེ་ལ་གང་ཞིག་ཅེས་བྱ་བ་ནི་འདིས་ནི་ཇི་ལྟར་སྲིད་པའི་བསམ་གཏན་དང༌། བཟླས་བརྗོད་བྱེད་པ་གང་ཡང་རུང་བ་དེ་ལ་སྙེགས་སོ། །ཞི་བ་ཞེས་བྱ་བ་ནི་འདོད་པ་དང༌། ཁྲོ་བ་དང༌། རྒྱགས་པ་དང༌། སྒྱུ་ལ་སོགས་པ་ཀུན་ནས་མ་ལངས་ཞིང་ལུས་དང་ངག་དང་ཡིད་མ་གྱུར་པའི་གནས་སྐབས་ཐོབ་ནས་ཞེས་བསྟན་པའོ། །འདུག་པ་ཞེས་བྱ་བ་ནི་བསམ་གཏན་ནམ་བཟླས་བརྗོད་བྱེད་པའི་ཕྱིར་འདུག་ཅེས་དགོངས་པའོ། །སྒྲ་ཡི་ངོ་བོར་གྱུར་བ་ཞེས་བྱ་བ་ལ། དེའི་ངོ་བོ་ནི་རང་བཞིན་དུ་གྱུར་པས་ན། སྒྲ་དེའི་ངོ་བོ་ཞེས་དེ་སྐད་གསུངས་ཏེ། སྒྲའི་རྣམ་པའི་རང་བཞིན་དུ་རྣམ་པར་ཤེས་པ་གཅིག་ནས་གཅིག་དུ་རྒྱུན་མི་འཆད་ཅེས་བྱ་བའི་དོན་ཏོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པ་དེ་བསམ་གཏན་ནམ་བཟླས་བརྗོད་བ་ལ་འདུག་ནས་གང་གི་ཚེ་བསམ་གཏན་དུ་བྱེད་པའམ་བཟླས་བརྗོད་དུ་བྱ་བའི་སྒྲ་གཅིག་པུ་ལ་དམིགས་པར་གྱུར་ན། དེའི་ཚེ་གསང་སྔགས་ཉེ་བར་གྱུར་ཅིང་མངོན་དུ་ཕྱོགས་པ་ཞེས་བྱའོ། །འདིར་ནི་ཉེ་བར་ཞེས་བྱ་བ་མངོན་དུ་ཕྱོགས་
པའི་ཁྱད་པར་ཏེ། དེ་ན་ནི་བསམ་གཏན་པའམ། བཟླས་བརྗོད་བྱེད་པ་སྒྲའི་ངོ་བོར་གྱུར་པ་དེའི་ཚེ། །གསང་སྔགས་ཉེ་བར་གྱུར་པ་སྤྱན་རས་ཀྱིས་འཚོ་བའི་མཚན་ཉིད་མངོན་དུ་ཕྱོགས་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་བས་ན་གཞན་ཡང་གསང་སྔགས་མངོན་དུ་གྱུར་པའི་ཚེ་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་བསྟན་ཏེ། དེ་དག་ཀྱང༌། ལྷ་དང་ལྷ་མིན་སེམས་ཅན་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་པོ་དང་གཉིས་པ་དང་བཞི་པས་མངོན་དུ་གྱུར་པའི་ཚེ་ཕྱི་རོལ་གྱི་མཚན་མ་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པས་ནང་གི་མཚན་མ་བསྟན་པར་རིག་པར་བྱའོ། །ལྷ་ནི་ལྷ་ལ་སོགས་པའོ། །ལྷ་མ་ཡིན་ནི་སྲིན་པོ་ལ་སོགས་པའོ། །ཞི་བ་ཞེས་བྱ་བ་ནི་མི་གནོད་པའོ། །ད་ནི་གསང་སྔགས་མངོན་དུ་གྱུར་པའི་ཡོན་ཏན་ཐོབ་པ་མི་ཉམས་པར་བྱ་བའི་ཐབས་བསྟན་ཏེ། དེ་བསྲུང་བ་སྔོན་དུ་འགྲོ་བའི་བརྩོན་པ་བྱེད་ན། དངོས་གྲུབ་ཉེ་བར་གྱུར་པའི་ཕྱིར། གསང་སྔགས་ལྷ་ནི་མངོན་ཕྱོགས་པའི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། ཀུན་དུ་ཞེན་ཞེས་བྱ་བ་ནི་བཟླས་བརྗོད་དང༌། བསམ་གཏན་ལ་སོགས་པའོ། །དཀའ་ཐུབ་དང་ལྡན་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པའི་དཀའ་ཐུབ་བྱ་བ་ལ་བརྩོན་པ་ཞེས་བྱ་བའི་ཐ་ཚིག་གོ །ནམ་མཁར་རྒྱུ་བའི་འགྲོ་བར་གནས། ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ན། ནམ་མཁར་རྒྱུ་བ་སྟེ་ལྷའོ། །དེ་དག་གི་འགྲོ་བ་ནི་ལྷའི་འགྲོ་བའོ། །དེར་གནས་པ་ནི་ལྷར་གྱུར་པའོ། །ནམ་མཁར་རྒྱུ་བར་གནས་ཞེས་བྱ་བ་འདི་ཡང་གྲུབ་པའི་གནས་སྐབས་ཉེ་བར་བསྟན་པའི་ཚིག་ཏུ་གཏོགས་པར་བལྟའོ། །མྱོས་པའི་མཚན་ཉིད་གཏི་མུག་པ་ནི། མངོན་དུ་གྱུར་པའི་ཚེ་དང༌། གྲུབ་པར་གྱུར་པའི་ཚེ་དབང་ཕྱུག་ཐོབ་པ་མ་ཉམས་པར་འགྱུར་བའི་རྒྱུར་མཚུངས་པར་བསྟན་པའི་ཕྱིར་རོ། །དབང་ཕྱུག་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་མཆོག་ཐོབ་པའི་མཚན་ཉིད་དོ། །དེ་ཡང་མངོན་དུ་གྱུར་པའི་ཚེའི་མཚན་ཉིད། །དེ་ལ་ཤེས་པའང་དེ་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའོ། །གྲུབ་པའི་གནས་སྐབས་ཉེ་བར་བསྟན་པ་ཡང༌། རིག་དང་རྫས་ཀྱི་དངོས་གྲུབ་དང༌། །སྨན་གྱི་
ཡང་ནི་ལུས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་འོག་ནས་འཆད་དོ། །གང་ཞིག་མ་མྱོས་ཞེས་བྱ་བ་ནི་རྨོངས་བར་མི་འགྱུར་བ་སྟེ། སེམས་བློང་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ཇི་སྐད་བསྟན་པར་འགྱུར་ཏེ། མངོན་དུ་གྱུར་པའི་ཚེ་དབང་ཕྱུག་ཐོབ་པ་མི་ཉམས་པའི་རྒྱུ་ནི་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་ཞེན་ཅིང་དཀའ་ཐུབ་དང་ཁ་ཏོན་ལ་འགྲུས་པ་དང་སེམས་མ་རྨོངས་པའོ། །གྲུབ་པའི་ཚེ་དབང་ཕྱུག་ཐོབ་བ་ལ་ནི་མི་རྨོངས་པ་གཙོ་བོ་སྟེ། དེའི་ཚེ་ནི་ཁྱད་པར་དུད་མ་ཚིག་བསྲུང་བ་ལ་བྱེ་བྲག་ཏུ་ནན་ཏན་བྱ་བར་འདོད་དོ། །དེ་བས་ན་བཟླས་བརྗོད་བྱ་བ་ལ་སོགས་པ་ནི། དམ་ཚིག་ཙམ་དུ་དགོངས་སུ་ཟད་ཀྱི་མ་གྲུབ་པ་གྲུབ་པའི་རྒྱུ་ནི་མ་ཡིན་ནོ། །ད་ནི་མངོན་དུ་གྱུར་པའི་ཚེ་དབང་ཕྱུག་ཐོབ་པའི་ཡོན་ཏན་ཉམས་པར་གྱུར་པའི་རྒྱུ་སྤོང་ཞིང་བཟླས་བརྗོད་དང་བསམ་གཏན་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱས་ན། རིམ་གྱིས་འབྲས་བུ་གང་ཐོབ་པར་འགྱུར་བ་དེ་བསྟན་པའི་ཕྱིར། གསང་སྔགས་འབྲས་བུ་མ་ལུས་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །དེས་ཞེས་བྱ་བ་ནི་མངོན་དུ་གྱུར་པ་དང༌། གྲུབ་བའི་ཚེ་ཐོབ་པ་ཉམས་པར་གྱུར་པའི་རྒྱུ་སྤོང་བའོ། །གནས་མཆོག་ཅེས་གསུངས་པ་དེ་ཡང་གང་ཞེན། །རྡོ་རྗེ་ཅན་གྱི་གསང་བའི་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པ་སྟེ། །གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཁྱད་པར་རོ། །དེའི་གསང་བའི་མཆོག་ནི་སྐུ་དང་གསུང་དང་ཐུགས་ཀྱི་འབྱོར་པའི་མཚན་ཉིད་དོ། །དེས་འདི་སྐད་བསྟན་པར་འགྱུར་ཏེ། གསང་སྔགས་སྤྱད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་གོ་འཕང་ནི་གནས་མཆོག་སྟེ། དམ་པ་དེ་ཐོབ་བར་འགྱུར་རོ་ཞེས་པའོ། །རྡོ་རྗེ་འཛིན་པ་དེའི་གསང་བའི་མཚན་ཉིད་ཀྱི་ཕན་ཡོན་ནི་བསྔགས་པའི་ཕྱིར། གང་ཞིག་ཐོབ་ནས་བདེར་འགྱུར་བ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །ཞེས་གསུངས་སོ། །དེས་འདི་ལྟར་དགོངས་ཏེ། གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡུལ་མ་ཐོབ་ཀྱང༌། གསང་སྔགས་ཀྱི་སྦྱོར་བའི་འབྲས་བུར་གྱུར་པ་མྱོང་བར་འགྱུར་ཏེ། དེ་དག་
ནི་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པའི་འཁོར་ལོའི་སྤྲུལ་བའི་སེམས་ཅན་སྨིན་བ་དང༌། གྲོལ་བ་ལ་སོགས་པའི་རྒྱུར་གྱུར་པ་ཡང་གསང་སྔགས་ཀྱི་སྦྱོར་བས་བྱས་ནས་བདག་ཀྱང་བདེ་བ་འཕེལ་བར་བྱེད་དོ། །ཇི་ལྟར་ཞེ་ན། རྫུ་འཕྲུལ་ནི་རྣམ་བ་བཞི་སྟེ། སྐྱེས་ནས་ཐོབ་པ་དང༌། སྦྱོར་བ་ལས་བྱུང་བ་དང༌། གསང་སྔགས་དང༌། སྨན་ལས་བྱུང་བ་དང༌། ལས་ལས་སྐྱེས་པའོ། །དེ་བས་ན་གསང་སྔགས་ཀྱི་སྦྱོར་བའི་མཐུས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཁ་ཅིག་ཀྱང་ཐོབ་པོ་ཞེས་བསྟན་པ། གང་ཞིག་ཐོབ་ནས་བདེར་འགྱུར་བ། ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །ཞེས་སྔར་གསུངས་སོ། །དེ་ལ་གསང་སྔགས་ཀྱི་ལྷ་མངོན་དུ་གྱུར་པ་ཐོབ་ནས་སྒྲུབ་བ་བོས་ཞེན་བར་བྱའོ་ཞེས་གོང་དུ་བཤད་པ་དངོས་པོས་གང་ལ་ཞེན་པར་བྱ་བ་འདི་བཤད་དེ། དེ་བས་ན་ཞེན་པར་བྱ་བའི་ཡུལ་གསུངས་པ། སྤྲོ་ཞིང་སྟོབས་དང་ལྡན་པ་ནི། །ཞེས་བྱ་བ་ལ་སོགས་པའོ། །དེས་ནི་དཀའ་ཐུབ་དང་བསམ་གཏན་དང༌། བཟླས་བརྗོད་ཇི་སྐད་བཤད་པ་ལ། ཞེན་ཅིང་མངོན་པར་བརྩོན་པར་བྱའོ། །ཞེས་བཤད་དེ། །དེ་ལ་སྤྲོ་བ་ནི་བརྩོན་འགྲུས་དང་ལྡན་པའོ། །སྟོབས་དང་ལྡན་པ་ནི་བཀྲེས་པ་དང༌། སྐོམ་པ་དང༌། ཕ་རོལ་གྱི་གནོད་པ་ལ་སོགས་ཏེ། ཉོན་མོངས་པ་བཟོད་པའོ། །གསང་སྔགས་རང་བཞིན་མེ་ཡིས་ནི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །ཞེས་བྱ་བ་དང་འབྲེལ་ཏོ། །གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་མེ་ཞེས་བཤད་པ་ཡིན་ནོ། །མེའི་རང་བཞིན་ཡང་གང་གི་ཕྱིར་གསང་སྔགས་བཟླས་བརྗོད་བྱས་སམ། བསམ་གཏན་དུ་བྱས་ནས་མངོན་སུམ་དུའམ། བརྒྱུད་པས་སྐྱེ་བ་དང་འཆི་བའི་ཞགས་པ་ལ་སོགས་པ་སྲེག་པར་བྱེད་དོ་ཞེས་སྔར་བཤད་དོ། །སྡིག་པ་རྣམས་ཇི་ལྟར་བསྲེག་ཅེ་ན་གསུངས་པ། བཟླས་བརྗོད་བསམ་གཏན་དཀའ་ཐུབ་མེས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་བྱ་བའི་བྱེ་བྲག་གོ །དེས་ནི་གསང་སྔགས་རྣམས་ཀྱི་བཟླས་བརྗོད་དང༌། བསམ་གཏན་དང༌། དཀའ་ཐུབ་ཀྱི་བྱ་བས་དེ་དག་བསྲེག་ཅེས་བྱ་བའི་ཐ་ཚིག་གོ །བསྲེག་པར་བྱ་ཞེས་བྱ་བ་ནི་སྲེག་པ་དང་འདྲ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་སྐད་བཤད་པར་འགྱུར་ཏེ། གསང་སྔགས་ཀྱི་བསམ་གཏན་དང༌། བཟླས་བརྗོད་ལས་བྱུང་བའི་
དགེ་བའི་བག་ཆགས་དེ་ནི་འགྲུས་པ་དང༌། རྟག་ཏུ་སྦྱོར་བ་ལས་གྱུར་པའི་ཕྱིར་སྟོབས་དང་ལྡན་པའོ། །དེ་བས་ན་དེའི་རྣམ་པར་སྨིན་པ་དེ་མ་ཐག་པ་ཉིད་དུ་མངོན་པར་སྐྱེའོ། །རྣམ་པར་སྨིན་པ་དེ་ཡང་བག་ཡོད་པས་རིག་འཛིན་ལ་སོགས་པའི་གྲུབ་པའི་རིམ་ཕྱིས་འཕགས་བ་རྡོ་རྗེ་འཛིན་གྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་ཐོབ་པའི་རིམ་པས་སངས་རྒྱས་པའི་བར་དུ་འགྱུར་རོ། །དེ་བས་ན་སྡིག་པའི་བག་ཆགས་འབྲས་བུ་རྣམ་པར་སྨིན་པའི་སྐབས་མི་རྙེད་པ་ནི་ས་བོན་བསྲེགས་པ་དང་འདྲ་བས་ན་སྡིག་པ་རྣམ་པར་བསྲེག་ཅེས་བཤད་དོ། །གཞན་ཡང་འདོད་ཆགས་མེད་པ་ལ་སོགས་པས་བསྐྱེད་པ་བཟླས་བརྗོད་དང་བསམ་གཏན་གྱི་མཚན་ཉིད་དགེ་བའི་བག་ཆགས་ནི་འདོད་ཆགས་ལ་སོགས་པའི་མཐུ་ཆུང་བར་བྱེད་པས་སྡིག་པའི་བག་ཆགས་ཕྱིར་ལྡོག་གོ་ཞེས་དེ་སྐད་དུ་བཤད་དུའང་རུང་མོད་ཀྱི། གཞུང་རབ་ཏུ་མང་པོར་འཕྲོས་སུ་ དོགས་པ ་དང༌། ཚུལ་འདི་ལྟ་བུར་རབ་ཏུ་གྲགས་པའི་ཕྱིར་འདིར་བདག་གིས་ཞིབ་ཏུ་མ་དཔྱད་དོ། །ད་ནི་བཟླས་བརྗོད་དང་བསམ་གཏན་བསྒོམས་པ་ལས་སྒྲུབ་པ་པོའི་ཡོན་ཏན་འབྱུང་བ་གསང་སྔགས་ཉེ་བའི་རྒྱུར་གྱུར་པ་བསྟན་པ། གནས་དང་ཟས་དང་གྲང་བ་དང༌། །ཞེས་བྱ་བ་ལ་སོགས་པའི་རི་ཚིག་སུམ་བཅད་པ་བཞི་གསུངས་སོ། །དེ་ཚེ་ལས་ཀྱི་འབྲས་བུ་དེས། །ཞེས་བྱ་བ་ནི་བཟླས་བརྗོད་དང༌། བསམ་གཏན་གྱི་བག་ཆགས་ཀྱི་མཚན་ཉིད་ལས་ཀྱི་འབྲས་བུ་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱི་མཚན་ཉིད་གདོན་མི་ཟ་བར་ངེས་བར་འགྱུར་བར་རིག་པར་བྱའོ། །འདིས་ཀྱང་ལུས་ཀྱི་ཡོན་ཏན་གསང་སྔགས་ཉེ་བར་གྱུར་པའི་རྒྱུ་ལས་བྱུང་བ་རྣམས་བསྟན་ཏོ། །ཡིད་ཀྱི་ཡོན་ཏན་འབྱུང་བ་བསྟན་པའི་ཕྱིར། སྒྲའམ་ཡང་ན་གཟུགས་ལ་གང༌། །གང་བརྩོན་པ་ནི་མི་རྨོངས་པ། །ཞེས་གསུངས་ཏེ། བསམ་གཏན་བའམ། ཟློས་པ་པོ་ཇི་ལྟར་རིགས་བར་ཡི་གེ་དང་དབྱངས་ཀྱི་རང་བཞིན་སྒྲ་དང༌། ལྷའི་རང་བཞིན་གྱི་གཟུགས་ལ་བྱ་སྟེ། མི་རྨོངས་ཞེས་བྱ་བ་ནི་དམིགས་པའི་ཚེ་སེམས་བླང་བར་མི་འགྱུར་བའོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། བསམ་གཏན་དུ་བྱ་བ་དང་བཟླས་བརྗོད་དུ་བྱ་བའི་སྒྲ་ལ་སོགས་བ་ལ་ཇི་ཙམ་འདོད་བར་རྣམ་པར་ཤེས་པའི་རྒྱུན་འཇུག་པར་བར་མ་ཆད་པར་འཛིན་
ཞེས་བྱ་བའི་དོན་ཏོ། །དོན་འདི་ནི། སྒྲ་ཡི་ངོ་བོར་གྱུར་པ་ན། །ཞེས་བྱ་བའི་ཚིག་དེས་གོང་དུ་ཡང་བཤད་ཟིན་མོད་ཀྱི། གསང་སྔགས་ཀྱི་སྐབས་བསམ་གཏན་ལ་ཕལ་ཆེར་སྒྲའི་ངོ་བོ་ལ་དམིགས་པ་གཙོ་བོར་བསྟན་པའི་ཕྱིར་གསང་སྔགས་ཉེ་བར་གྱུར་པ་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ཡང༌། སྒྲའམ་ཡང་ན་གཟུགས་ལ་ཡང་མི་རྨོངས། ཞེས་གསུངས་སོ། །ཡང་ན་སྒྲའི་ངོ་བོར་གྱུར་བའི་གསང་སྔགས་ཉེ་བར་གྱུར་པ་མངོན་དུ་ཕྱོགས་པ་ཉིད་ཀྱི་རྒྱུ་ཡིན་གྱི་གསང་སྔགས་ཉེ་བར་གྱུར་པའི་གནས་སྐབས་ཀྱི་ནི་མ་ཡིན་ནོ་ཞེས་ཁ་ཅིག་དེ་ལྟར་སེམས་ན་ཡང་གཟུགས་ལ་སྦྱོར་བ་ན་མི་རྨོངས་བའོ་ཞེས་དེ་ཙམ་ཞིག་བཤད་པ་ལ་སྒྲ་འམ། ཡང་ན་གཟུགས་ཞེས་བྱ་བའི་དོན་མཚུངས་པར་བསྟན་པས་ཉེས་བ་མེད་དོ། །ཉེ་བར་གྱུར་པར་དེས་བཤད་བྱ། །ཞེས་བྱ་བ་ནི་གསང་སྔགས་ཀྱི་སྐབས་སོ། །གང་ཞིག་མཐོང་བ་ཙམ་གྱིས་ནི། །སེམས་ཅན་ཐམས་ཅད་བྱམས་འགྱུར་བ། ཞེས་བྱ་བ་འདིས་ནི་ལུས་ཀྱི་ཡོན་ཏན་བཤད་དོ། །དེ་ལ་སྣང་བ་དང༌། མི་སྣང་བ་དང༌། མི་དང་སྲིན་བུ་དང༌། སྦྲུལ་དང༌། གཅན་གཟན་ཁྲོ་བོ་ལ་སོགས་པ་ནི་སེམས་ཅན་ཐམས་ཅད་ཅེས་བྱ་བའི་སྒྲར་བརྗོད་དོ། །དེ་ནི་དངོས་གྲུབ་ཉེ་བར་འགྱུར། །ཞེས་བྱ་བ་ནི་དངོས་གྲུབ་ཉེ་བར་གྱུར་པས་གསང་སྔགས་ཉེ་བར་གྱུར་པ་བསྟན་ཏོ། །སེམས་ཅན་བགེགས་བྱེད་པ་དེ་རྣམས་སྒྲུབ་པ་པོ་ལ་བྱམས་བའི་སེམས་འཇོག་སྟེ། དེ་བས་ན་བགེགས་མེད་པར་བསྟན་པ། བགེགས་རྣམས་ཐམས་ཅད་རྣམ་པར་སྤངས། །ཞེས་གསུངས་སོ། །གལ་ཏེ་སེམས་ཅན་ཆེན་པོ་རྣམས་སྒྲུབ་པ་པོ་ལ་བྱམས་པར་འགྱུར་ཏེ། བགེགས་མེད་པར་གྱུར་པ་དངོས་པར་གྱུར་པ་དངོས་གྲུབ་ཀྱི་རྒྱུ་ཡིན་ན། འོ་ན་ནི་དེ་ལྟར་གྱུར་པའི་ཚེ་བགེགས་མེད་པས་བསྒྲུབ་པའི་ཚེ་སྲུང་བ་ལ་སོགས་པ་ཅུང་ཟད་ཀྱང་མི་དགོས་སོ་ཞེས་སྨྲས་པ་ལ། བདེ་བ་དང་ནི་སྡུག་བསྔལ་མཐའ། །འདོད་དང་ཁྲོ་དང་འཇིགས་པ་དང༌། །ནད་དང་འཆི་དང་གདོན་དག་གི །རྒྱུ་ནི་སྔགས་པ་རྣམས་ལ་ཡོད། །ཅེས་གསུངས་སོ། །འདིར་བདེ་བ་ལ་སོགས་པའི་བག་ཆགས་སྒྲུབ་པ་པོའི་རྒྱུད་ལ་ཡོད་དོ་ཞེས་བསྟན་ཏོ། །དེས་འདི་སྐད་གསུངས་པར་འགྱུར་ཏེ། གནས་དང་ཟས་དང་གྲང་བ་ལ་སོགས་པ་ལ་ཇི་མི་སྙམ་པར་གྱུར་ནས་གྲངས་ལ་སོགས་པའི་
གནོད་པ་སྡུག་བསྔལ་གྱིས་ཀུན་ནས་དཀྲིས་པའི་མཚན་ཉིད་ཀྱི་བགེགས་མེད་པར་གྱུར་པ་དང༌། དེ་བཞིན་དུ་བསམ་གཏན་དང༌། བཟླས་བརྗོད་བྱེད་པའི་ཚེ་དམིགས་པ་ལ་བརྟན་བར་གྱུར་པ་ན་སེམས་གཡེང་བ་ལ་སོགས་པའི་མཚན་ཉིད་ཀྱི་འགེགས་མེད་པར་གྱུར་པ་དང༌། དེ་བཞིན་དུ་སེམས་ཅན་ཐམས་ཅད་བྱམས་པར་གྱུར་པས། དེ་ལས་བྱུང་བའི་གནོད་པ་མེད་པའི་ཕྱིར་དེས་ཉེ་པར་བསྐྱེད་བ་གནོད་བའི་མཚན་ཉིད་ཀྱི་བགེགས་དེའི་ཡུལ་ལ། ཁྲོ་བ་ལ་སོགས་བས་ཀུན་ནས་དཀྲིས་པ་དང་བཅས་པ་མེད་བར་ཀུན་དུ་ཟིན་ཀྱང་གང་ཡང་དེ་དག་གི་རྒྱུ་བདག་གི་རྒྱུ་ལ་བག་ཆགས་སུ་གནས་པའི་མཚན་ཉིད་དེ་དག་བཟླས་བརྗོད་བྱེད་པ་ལ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་བག་ཆགས་ཀྱི་མཚན་ཉིད་ཀྱི་བགེགས་ཀྱི་རྒྱུ་ཡིན་པས་གྲོགས་བྱེད་པའི་རྐྱེན་དང་ཕྲད་ན་བགེགས་འབྱུང་བར་འགྱུར་རོ། །དེ་བས་ན་དེ་བསལ་བའི་ཕྱིར། སྒྲུབ་པ་ལ་སོགས་པ་ལ་བསྲུང་བ་བྱ་བར་རིགས་པས་ཉེས་པ་མེད་དོ། །ད་ནི་གསང་སྔགས་ཉེ་བར་གྱུར་པའི་སྔགས་པའི་ཕན་ཡོན་བསྟན་པའི་ཕྱིར། ནམ་ཞིག་ཉེ་བར་གྱུར་བ་ན། །དུས་དང་ཡུལ་དང་བྱ་དང་ལས། །ཆོས་དང་ཆོས་མིན་འབྲས་བུ་ལ། །དེ་ཚེ་སྔགས་པ་མི་ལྟོས་སོ། །ཞེས་བྱ་བ་གསུངས་སོ། །དེས་འདི་སྐད་གསུངས་པར་འགྱུར་ཏེ། ནམ་སྔགས་པ་ལ་གསང་སྔགས་ཉེ་བར་གྱུར་པ་དེའི་ཚེ་དུས་ལ་སོགས་པ་ལ་མི་ལྟོས་པར་དངོས་གྲུབ་སྒྲུབ་པ་རྩོམ་མོ་ཞེས་བྱ་བའི་ཐ་ཚིག་སྟེ། ནམ་གསང་སྔགས་ཉེ་བར་མ་གྱུར་པ་ལ་སྔོན་དུ་བསྙེན་བ་མེད་བ་དེའི་ཚེ་བཟླས་བརྗོད་དང༌། བསམ་གཏན་དང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ལ་དུས་ལ་སོགས་པ་ལ་ལྟོས་པར་བྱའོ་ཞེས་དོན་གྱི་དབང་གིས་གསུངས་པར་འགྱུར་རོ། །འོ་ན་སྔགས་པ་དུས་ལ་སོགས་བ་ལ་མི་ལྟོས་ན་བསྒྲུབ་པར་བྱ་བ་ལ་གསང་སྔགས་འཕང་བར་འགྱུར་རོ་ཞེས། བསྡམ་བ་དང་ནི་བཤིག་པ་དང༌། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ན། དེ་ཅིའི་ཕྱིར་དུས་ལ་སོགས་པ་ལ་མི་ལྟོས་བར་བཤད། དེ་ནི་གསང་སྔགས་ཉེ་བར་མ་གྱུར་པ་ལས་དགོངས་ཏེ་གསུངས་པས་ཉེས་པ་མེད་དོ། །གང་རིག་སྔགས་ཉེ་བར་གྱུར་བ་ལ་སོགས་པའི་སྒྲུབ་བ་པོས་ནི་ཉེས་པ་བྱས་པ་ཡང་བཟོད་དོ་ཞེས་བསྟན། རིག་སྔགས་ཉེ་བར་གྱུར་འདོད་
དང། སྒྲུབ་པ་དང་ནི་དེ་བཞིན་མཆོག །ཉེས་བ་སྟོང་དག་བྱས་པ་ཡང༌། །བཟོད་བར་འགྱུར་པ་དགོས་པ་མེད། །ཅེས་བྱ་བ་གསུངས་སོ། །རིག་སྔགས་ཉེ་བར་གྱུར་པ་བཟོད་པའི་སྐབས་འདིར། རིག་སྔགས་འདོད་པ་ལ་སོགས་པ་རྣམས་ཀྱང་བཟོད་པར་འགྱུར་བ་སྲིད་དོ་ཞེས་བསྟན་ཏོ། །འདིར་བཟླས་བརྗོད་དང་བསམ་གཏན་ལ་སོགས་པས་སྒྲུབ་པ་པོའི་ཡོན་ཏན་ཇི་སྐད་དུ་སྨོས་པ་དང་ལྡན་བ་ལ་རིག་སྔགས་ཉེ་བར་གྱུར་བ་བསྟན་ཏོ། །འདོད་པ་ནི་ཉེ་བར་མ་གྱུར་ཀྱང་སྒྲུབ་པ་པོ་སྔོན་དུ་བསྙེན་པ་ཕྱེད་པའི་ཚེ་ཡང་ཉེས་པ་བྱས་པ་བཟོད་དོ། །འདོད་པར་གྱུར་པ་ཡང་དེ་དང་ཆ་མཐུན་པའམ། ཚེ་རབས་སྔ་མ་ལ་མཉེས་པར་བྱས་པས་སོ། །གྲུབ་པ་ནི་རལ་གྲི་ལ་སོགས་བའི་དངོས་གྲུབ་སྟེར་པའི་སྒོ་ནས་གྲུབ་པའི་དམ་ཚིག་ལས་འདས་པའི་ཉེས་བ་བྱས་པ་ཡང་ཅུང་ཟད་བཟོད་དོ། །དེ་བཞིན་དུ་རིག་སྔགས་མཆོག་ནི་ཉེ་བར་མ་གྱུར་པ་དང༌། འདོད་པ་མ་ཡིན་པ་དང། མ་གྲུབ་པ་ཡང་མཐུ་ཆེ་བས་ཅུང་ཟད་ཀྱིས་མི་འཁྲུགས་པའི་ཕྱིར། སྒྲུབ་པ་པོའི་ཉེས་པ་མེད་དོ་ཞེས་གསུངས་སོ། །སྟོང་ཞེས་བྱ་བ་ནི་མང་པོའི་ཉེ་བའི་མཚན་མའམ། ངེས་པའི་ཚིག་སྟེ་སྟོང་ལས་ལྷག་པར་མི་བཟོད་ཅེས་བྱ་བའི་ཐ་ཚིག་གོ །སྒྲུབ་པ་པོ་ཉེས་པ་བཟོད་པ་འབའ་ཞིག་མ་ཡིན་གྱི། རིགས་ལས་བྱུང་བ་ལ་སོགས་པའི་དངོས་གྲུབ་ཀྱང་ཉེ་བར་གྱུར་བ་དང༌། གྲུབ་པ་དག་སྟེར་རོ་ཞེས་བསྟན་པ། །རིགས་དང་རྫས་ཀྱི་དངོས་གྲུབ་དང༌། །སྨན་གྱི་ཡང་ནི་ལུས་ཅན་ལ། །ཉེ་བར་གྱུར་དང་སྔགས་གྲུབ་པ། །དབང་དུ་གྱུར་པ་རྟག་པར་རོ། །ཞེས་བྱ་བ་གསུངས་སོ། །དེ་ལ་རིགས་ཀྱི་དངོས་གྲུབ་ནི་བསྒྲུབ་པར་བྱ་བའི་རྫས་མེད་པར་ཡང་བཟླས་བརྗོད་བྱས་བའམ། བསམ་གཏན་དུ་བྱ་བ་ལས་མངོན་པར་ཤེས་པ་ལ་སོགས་པའི་རིག་སྔགས་ཀྱིས་བྱིན་པའམ། རང་གི་རིགས་དང་རིགས་མཐུན་པའམ། །གནོད་སྦྱིན་ལ་སོགས་པའི་རིགས་དང་རིགས་མཐུན་པར་སྐྱེ་བདེ་ནི་བསྒྲུབ་པར་བྱ་བའི་རྫས་མེད་པར་ཡང་རིག་སྔགས་སུ་གཏོགས་པའི་གསང་སྔགས་ཀྱི་ལྷ་འབའ་ཞིག་ལས་ཐོབ་པས་ན་རིགས་ལས་བྱུག་བ་ཞེས་གསུངས་སོ། །དེ་བཞིན་དུ་རྫས་ལས་བྱུང་བ་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་མཚན་ཉིད་དོ། །སྨན་གྱི་ཞེས་བྱ་བ་ནི་
ཤུ་དག་ལ་སོགས་པ་བསྒྲུབས་པ་ལས་བྱུང་བའི་མཚན་ཉིད་དོ། །དངོས་གྲུབ་དེ་དག་ནི་གསང་སྔགས་ཉེ་བར་གྱུར་པའམ། གྲུབ་པ་ལ་དབང་དུ་གྱུར་པ་སྟེ། ཉེ་བར་སྤྱད་དུ་རུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འགྲེལ་པ་འདི་ནི་བྱས་ལས་དེ་རིང་བདག་གིས་དགེ་བ་གང་ཞིག་ཐོབ་གྱུར་པ། །ཟླ་འོད་གསལ་དང་མུ་ཏིག་དོ་ཤལ་དྲི་མ་མེད་པ་དཀར་པོ་འདྲ་བ་དེས། །ཉོན་མོངས་མི་ཤེས་སྒྲིབ་པའི་བློ་རྒྱུད་སྤང་ཕྱིར་སེམས་ཅན་བྱང་ཆུབ་ཡིད་གྱུར་ཅིག །ཡང་དག་རྟོགས་པའི་གཏམ་འདི་སངས་རྒྱས་གསང་བས་སྨྲས་པ་སེམས་ཅན་རྣམས་ཀྱིས་ཉོན། །བསམ་གཏན་ཕྱི་མ་ཞེས་བྱ་བ། རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།