དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས།
ཀེ་དྷ་ར་ཎ་དྷི།
རྒྱ་གར་སྐད་དུ། ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛ་ཤ་ཏ་ཨཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང༌། །མངོན་མཐོ་དངོས་གྲུབ་ཀུན་འབྱུང་གནས། །སྔོན་བསགས་སྡིག་བ་དག་བྱའི་ཕྱིར། །བླ་མར་གྱུར་པ་ཀུན་ལ་འདུད། །དེ་ལ་དང་པོ་རྣལ་འབྱོར་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང༌། །བླ་མ་མཉེས་བྱས་རྗེས་གནང་ཐོབ། །མན་ངག་ཇི་བཞིན་རྙེད་པ་དང༌། འཇིག་རྟེན་ཆོས་དག་རྣམ་པར་སྤངས། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །རྟག་ཏུ་བསྒོམ་དང་བཟླས་ལ་དགའ།། དེ་ནི་རྒྱལ་བས་རྣལ་འབྱོར་གསུངས། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །དུར་ཁྲོད་ནགས་ཚལ་མཆོད་རྟེན་དྲུང༌། །མེ་ཏོག་འབྲས་བུའི་ཚོགས་ཀྱིས་བརྒྱན། །ཨ་ཤོ་ཀ་ཡི་ཤིང་དྲུང་དུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཡོན་ཏན་ཀུན་ཚད་རྣལ་འབྱོར་པས། །ཡིད་དང་རྗེས་
མཐུན་ནགས་སུ་ནི། །འཇམ་པའི་སྟན་ལ་ལེགས་འདུག་ནས། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡི། །སྔགས་ཀྱིས་བགེགས་རྣམས་གཞོམ་པར་བྱ། །ན་མཿ་ས་མནྟ་ཀཱ་ཡ་ཝཱ་ཀ་ཙི་ཏྟ་བཛཱ་ཎ་ནཏ་ཀྲྀཏ་ཧཱུཾ་ཛ་ཤ་།དེ་ནས་ཆ་གསུམ་ལ་གོ་རིམས་བཞིན་དུ་སྔགས་བཟླས་ནས་ལུས་ཀྱི་ཆ་གསུམ་བསྲུང་བར་བྱ་སྟེ། ཨོཾ་བྷུར་སྭཱ་ཧཱ། ཨོཾ་བྷུ་བ་སྭཱ་ཧཱ། ཨོཾ་བྷུརྦྷུ་བ་སྭཱ་ཧཱ། རིགས་ཀྱི་སྙིང་པོ་ལེགས་བཟླས་ཤིང༌། གསར་ཞིང་མ་གྲུགས་ཀུ་ཤ་ཡི། །དག་བྱེད་སོར་ནི་བཅུ་གཉིས་ཆད། །སྲིན་ལག་ལ་ནི་གདགས་པར་བྱ། །ཨོཾ་ཨ་ཛི་ན་ཛི་ཀ །དམར་སེར་བ་ཡི་འོ་མ་དང༌། །བ་ཡི་ཞོ་དང་པ་མར་དང༌། །བ་ཡི་ཆུ་དང་ལྕི་བ་རྣམས། །ཤར་བ་ལྟས་མི་སྨྲ་ཙོག་ཙོག་པོར། །འདུག་སྟེ་སྦྱར་ལ་སྲང་གསུམ་ཙམ། །པ་ལཱ་ཤ་ཡི་འདབ་མས་བཏུང༌། །ཨོཾ་བཱ་ཀ་བི་ཤུདྡྷ་ཡེ་སྭཱ་ཧཱ། དེ་ནས་ཆུ་དོགས་སུ་ཕྱིན་ལ་ལུས་ཐམས་ཅད་དམ་ཡང་ན་ཡན་ལག་ལྔ་བཀྲུས་ཏེ། ཆུའི་བགེགས་བཟློག་པ་ནི། གཡས་པའི་ཁྱོར་བས་ཆུ་བཅུས་ཏེ། གཡོན་པའི་སྡིགས་མཛུབ་བསྒྲེངས་ལ། ཨོཾ་དུ ་པི་ཀཱ་ཡ་དུ་པི་དུ་པི་སྭཱ་ཧཱ། ཞེས་བཟླས་པས་ལུས་ལ་གཏོར་བར་བྱའོ། །ལུས་ཐམས་ཅད་འཁྲུ་བའི་སྔགས་ནི། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ་སརྦ་དྷརྨཱཿ་ཕྲ་ཀྲྀ་ཏི་པ་རི་ཤུདྡྷོ་ཉ྄ཧཾ། དེ་ནས་ལག་པ་གཡས་པའི་ཁུ་ཚུར་བཅངས་པའི་མཐེ་བོ་བསྒྲེངས་ནས་མཛུབ་མོ་བཀུག་པས་སྙིང་ག་དང༌། ལྐོག་མ་དང་སྤྱི་གཙུག་དང་དཔུང་པ་གཉིས་ཏེ་གནས་ལྔར་གཏུག་ཅིང་ཁྲོ་བོ་གཙང་སྨེ་མེད་པའི་སྔགས་ཀྱིས་བདག་ཉིད་བསྲུང་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཛཿ་།ལག་པ་གཡས་པའི་གུང་མོ་དང་སྲིན་ལག་བཀུག་སྟེ། ཨོཾ་ཤུདྡྷེ་ནྟུ་ཤོ་དྷ་ཡ་སྭཱ་ཧཱ། དེ་ནས་སེམས་མ་ཡེངས་པར་བསམ་གཏན་གྱི་ཁང་པར་སོང་སྟེ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འོག་ནས་འཆད་པ་བཞིན་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནད་ནཾ་ཀ་རོ་མི་ཞེས་པས་ཞབས་ལ་ཕྱག་བྱའོ། །ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱི་ཙྪ་ར་ས་སྭཱ་ཧཱ། ཞེས་པས་ཞབས་བསིལ་དབུལ་བ་དང༌། ཇི་ལྟར་རྙེད་པའི་མཆོད་པ་ལྔའམ། མ་རྙེད་ན་ཡང་ཡིད་ཀྱི་ས་སྤྲུལ་ནས། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་གེནྡྷ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ།
ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ་ཞེས་བས་གོ་རིམས་ཇི་ལྟ་བ་བཞིན་དུ་མཆོད་པ་དབུལ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། དབང་མེད་བདག་གིས་སྡིག་པ་བགྱིས་པ་དང༌། བགྱིད་དུ་སྩལ་ལམ་རྗེས་སུ་ཡི་རང་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གིས་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེར་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པ་མཛད་དད་དེ་ལས་གཞན་པ་ལའང༌། །བདག་ནི་གུས་པར་རྗེས་སུ་ཡི་རང་ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང༌། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་པ་སྟེ། །དམན་པ་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་རྣལ་འབྱོར་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང༌། །བློ་ལྡན་རྣམ་རྒྱལ་ཐུགས་རྗེ་ཆེར་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །ཞེས་བརྗོད་ཅིང་དེ་བཞིན་དུ་བྱང་ཆུབ་སེམས་བསྐྱེད་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། དགེ་བའི་རྩ་བ་བསྔོ་བས་དེ་ལྟར་ཚོགས་བསགས་ནས་བརྟན་པ་དང་གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་བལྟས་ནས། དེ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྡྷརྨཱཿ་སྭ་བྷཱ་བ་ཤུདྡྷོཉ྄ཧཾ། དེ་ནས་སྟོང་པའི་དང་ལས་མི་ལྗང་གུ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་ཟེའུ་འབྲུལ་མཾ་གྱིས་མཚན་པ་དང་བཅས་པ་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏྲཻཾ་ལས་བྱུང་བའི་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཅོམ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱེད་བཟང་པོ་བརྒྱད་ཅུས་སྤྲས་པ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བདག་ཉིད་བསྒོམས་ལ། དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་སྟོན་ཀའི་འདམ་བུ་ལྟར་སེར་སྐྱ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ།
ཕྱག་གཉིས་ཀྱིས་རྡོ་རྗེ་བཟུང་ནས་སྙིང་གར་ཐལ་མོ་སྦྱར་བའོ། །གཡོན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་ཆེན་པོ་སྐུ་མདོག་སེར་པོ་གཡས་ན་ནོར་བུ་བཟང་པོ་བསྣམས་པ། མཆན་ཁུང་ གཡོན་པས་དུང་ངམ་རྡོ་རྗེ་བཟུང་བ། རྒྱན་ཐམས་ཅད་ཀྱིས་སྤྲས་པའོ། །གཡས་ཀྱི་མདུན་རོལ་དུ ་ཁྱེའུ་མཐའ་ཡས་ཁྲོ་བོའི་ཆ་བྱད་ཅན། སྐུ་མདོག་མེ་ཏོག་པ་ལཱ་ཤ་ལྟ་བུ་གཡས་ན་ཤན་པའི་ཟངས་གྲི་།གཡོན་ན་ཀ་པཱ་ལ་མེ་ཏོག་གི་ཚོགས་ཀྱིས་བཀང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤྲུལ་དཀར་པོའི་མཆོད་ཕྱིར་ཐོགས་པ་འཆང་བའོ། །གཡོན་གྱི་མདུན་རོལ་དུ་བུ་མོ་མཐའ་ཡས་ཞི་བའི་ཆ་བྱད་ཅན་སྐུ་མདོག་དཱུར་བའི་མྱུ་གུ་ལྟ་བུ་གཡས་པའི་ཐལ་མོས་རང་གི་གཙོ་བོ་ལ་ཕྱག་འཚལ་བ། གཡོན་པས་པདྨ་ཡུ་བ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བའི་སྟེང་དུས་བོན་གྱི་ཡི་གེ་ཏྲཻཾ་ལས་འོད་ཟེར་ཁ་དོག་ལྔ་པ་ཤིན་ཏུ་གསལ་བ་སྤྲོས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་ལྔ་ཕུལ་ནས་དེའི་སྤྱན་སྔར་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པའི་ཚོགས་དག་པར་བྱ་བའི་ཕྱིར་ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ་དམིགས་ཏེ་བཟླས་བརྗོད་བྱའོ། །བཟླས་བརྗོད་བྱེད་པ་མི་མྱུར་མི་དལ་ཞིང༌། །ཧ་ཅང་ཆེ་མིན་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་དྲག་ཉམས་པས་མིན། །འཕགས་པའི་ཡི་གེ་བརྒྱ་པ་ཡི། །རྟོག་པའི་རྒྱལ་པོའི་ཆོ་གར་བཤད། །སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ། །མཐུ་ནི་རྣམ་པ་དུ་མ་མཐོང༌། །བཟང་སྤྱོད་ཡི་དམ་བཅས་པ་ཡི། །ཆོ་ག་ཡིས་ནི་འདི་བཟླས་ན། །ཐར་པའང་ངེས་པར་སྐྱེད་བྱེད་ན། །འཆི་བ་སླུ་བ་སྨོས་ཅི་དགོས། །ཨོཾ་ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་བྲ་ཏི་ཧ་ཏ་པབྟི་དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨ་ས་མ་ས་མ། ས་མནྟ་ཏོ་ཨན་ནྟ་ཏྲཱ་པ་པྟེ་ཤཱ་ས་ནི་ཧ་ར་ཧ་ར། སྨར་སྨར་ཎ་བི་ག་ཏ་རཱ་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲཱ་ཡ་ཏྲཱ་ཡ། ག་ག་ན་མ་ཧཱ་བ་ར་ལ་ཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭ་ཧཱ། བཅོམ་ལྡན་འདས་ཀྱི་འོ། །
ཨོཾ་བཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་མཾ་མ་ཧཱ་བཛྲ་དྷ་རོདྦྷ་བ་སྭཱ་ཧཱ། ཨོཾ་ཊཾ་ཊ་ཀི་ཡ་སྭཱ་ཧཱ། ཨོཾ་ནཾ་ན་ནྡི་ཀ་ཡེ་སྭཱ་ཧཱ། འཁོར་རྣམས་ཀྱི་སྔགས་སོ། །འདིའི་ཆོ་ག་ནི་ཡར་གྱི་ངོ་ཚེས་བརྒྱད་རྒྱུ་སྐར་བཟང་པོ་དང་ལྡན་པའི་བཞག་ནས་བརྩིས་ཏེ། རང་ཉིད་ཁྲུས་དང་བསྲུང་བ་ལ་སོགས་པ་སྔར་སྨོས་པ་བཞིན་བྱས་ལ། ཙནྡན་དཀར་པོའི་ཆུས་ཉེ་བར་བྱུགས་པའི་མཎྜལ་བྱས་ནས་འདོད་པའི་ལྷ་གྲངས་དང་མཉམ་པའི་མེ་ཏོག་གི་ཚོམ་བུ་ལེགས་པར་བཀོད་ནས། དང་པོར་བསྙེན་པ་བརྩམ་པར་བྱ་སྟེ། དེའི་འོག་ཏུ་ནི་ལས་ལ་སྦྱར་བར་བྱའོ། །དེ་ནས་ཡང་གཙོ་བོ་ལ་འབུམ་བཟླས་ཤིང་འཁོར་རྣམས་ལ་ཁྲི་བཟླས་པར་བྱ་ཞེས་བསམ་གཏན་གྱི་ཕྱི་མི་ལས་བཤད་དོ། །དེ་ནས་ལས་ལ་སོགས་པ་བཤད་པར་བྱ་སྟེ། ལུས་ཀྱི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྔགས་པས་གཞན་མི་སྨྲ་བར་རྒྱུ་སྐར་རྒྱལ་གྱི་ཞག་ལ་དཀའ་ཐུབ་ལ་གནས་ཏེ། གཙང་སྦྲའི་སྤྱོད་པས་ཤིང་མྱ་ངན་མེད་ཀྱི་དྲུང་དུ་གདོང་གྱེན་དུ་ཕྱོགས་པས་སྟོང་ཕྲག་བཅུ་གཉིས་བཟླས་ན་ལས་ཀྱི་སྒྲིབ་པ་ཇི་སྙེད་པ་ཟད་པར་འགྱུར་རོ། །འཆི་ཀར་ཆོ་ག་འདི་ཉིད་བཟླས་ན་བཅོམ་ལྡན་འདས་རྗེ་བཙུན་ཉིད་མདུན་དུ་བྱོན་ནས་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཀུན་ཏུ་སྤྱོད་པ་གཙང་མས་མཆོད་རྟེན་གྱི་དྲུང་དུ་སྤོས་དཀར་པོ་བསྲེགས་ནས་མི་སྨྲ་བར་སྟོང་ཕྲག་བཅུ་བཟླས་ནས། རལ་གྲི་དང་རྐང་མགྱོགས་དང༌། རི་ལུ་དང་གནོད་སྦྱིན་མོ་དང༌། ལྷ་མ་ཡིན་གྱི་ཕུག་དང༌། མིག་སྨན་དང༌། གཏེར་དང༌། མི་སྣང་བ་རྣམས་གྲུབ་པོ། །ཆུ་ཀླུང་གི་ནང་དུ་མགྲིན་པ་མན་ཆད་ནུབ་པར་ཞུགས་ནས་གཟའ་ཕུར་བུའི་ཞག་ལ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་བཟླས་ན་ས་འོག་དང་ས་སྟེང་དང་ས་བླ་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །སྔར་སྨོས་པ་ལྟར་བསྙེན་པ་བྱས་ཏེ། ཕྱིས་སྒྲུབ་པའི་དུས་སུ་འབྱུང་པོའི་ཉིན་ཞག་གི་ནམ་ཕྱེད་ན་བདུད་རྩི་ལྔ་ལ་སྤངས་པའི་པདྨའི་སྐུད་པ་ལས་སྙིང་པོ་བྱས་ལ། ཆུ་སྲིན་གྱི་ཞག་གིས་བཀང་བའི་ཐོད་པར་མར་མེ་སྤར་བར་བྱའོ། །དེ་ནས་ཐོད་པ་གསུམ་གྱི་སྒྱིད་པོའི་སྟེང་དུ་བཙུགས་ནས། དེ་ནས་ཐོད་པའི་སྟེང་ན་གནས་པའི་སྒྲུབ་པ་པོས་སྔར་སྨོས་པའི་ཆོ་གས་བསྲུང་བར་བྱ་སྟེ། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་དུ་བ་བླངས་ཏེ་ཟ་མ་ཏོག་ཏུ་ལེགས་པར་
བཞག་ནས་ཚོན་སྣ་ལྔའི་སྐུད་པས་རྒྱ་གྲམ་དུ་བཅིངས་ཏེ། ཡང་བརྒྱ་རྩ་བརྒྱད་བཟླས་ན་དངོས་གྲུབ་གསུམ་འགྲུབ་བར་འགྱུར་ཏེ། དེ་ཡང་མི་སྣང་བ་ནི་མཆོག་གོ །སའི་འོག་ན་གནས་པའི་གཏེར་མཐོང་བ་ནི་འབྲིང་ངོ༌། །རྒྱལ་པོའི་བུ་མོ་དབང་དུ་བྱེད་པ་ནི་ཐ་མའོ། །དེ་དག་ཀྱང་རང་གི་མིག་ལ་བསྐུ་བའི་སྦྱོར་བའོ། །སྔ་མ་ལྟར་བསྙེན་པ་བྱས་ལ་བྷྲཱུཾ་ལས་བྱུང་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་སྟེང་དུ་དུག་གིས་ཟིན་པ་བཞག་ལ། དུག་གི་གཟི་བརྗིད་སེར་པོ་རྣམས་ཀྱིས་མ་ལུས་པ་ཁྱབ་པ་ལ་འཁོར་ལོ་དཀར་པོ་ཉིད་ཀྱི་འོག་ནས་མནན་ཏེ། དེའི་འོད་ཟེར་གྱི་ཚོགས་ཀྱིས་འོད་ཟེར་དཀར་པོ་གསལ་བར་བསམ་པ་ནི་དུག་བསལ་བའི་ཆོ་གའོ། །དགོན་པའི་བ་ལང་གི་ལྕི་བ་ལ་སྟོང་ཕྲག་བརྒྱད་བཟླས་ཏེ། དར་སྔོན་པོས་གཏུམས་ནས་ཚོན་སྣ་ལྔའི་སྐུད་པས་བཅིངས་ནས་མཆོད་རྟེན་ཆེན་པོའི་སྲོག་ཤིང་ལ་བཏགས་ནས་ཇི་སྲིད་མ་གྲོལ་བ་དེ་སྲིད་དུ་སེར་བ་བསྲུང་བར་འགྱུར་རོ། །བག་ཟན་དང་ཙནྡན་དམར་པོའི་ཕྱེ་མ་ལ་ཀླུའི་རྒྱལ་པོ་བ་རུ་ཎའི་གཟུངས་བརྙན་བྱས་ཏེ། ནིམ་པའི་ཁུ་བས་བྱུགས་ལ་དུས་གསུམ་དུ་འབྲས་ཆན་དང་འོ་མ་དང་འབྲས་བུ་གསུམ་གྱི་གཏོར་མ་གཏོད་བཞིན་པས་གཙོ་བོའི་སྔགས་ཀྱི་སྭཱ་ཧཱ། གོང་དུ་ཨོཾ་ནཱ་ག་རཱ་ཛ་བ་རུ་ཎ་ཡེ་ཤཱི་གྷྲཾ་མུཉྫ་བ་རི་ཤ་ཡ་ད་ཏྟཾ་སྭཱ་ཧཱ་ཞེས་ཞག་བདུན་གྱི་བར་དུ་ཉིན་རེ་སྟོང་ཕྲག་བཅུ་བཟླས་ནས་གཟུགས་བརྙན་ཀླུའི་མཚོར་བསྐྱལ་ན་ཆར་འབེབས་སོ། །བཅོམ་ལྡན་འདས་ཉིད་ལ་ཕུལ་བའི་མེ་ཏོག་རྙིང་པ་གར་མཁན་གྱི་ཁྱིམ་ནས་བླངས་པའི་མེས་ཁམ་ཕོར་སར་པ་བཀང་བའི་ནང་དུ་བསྲེགས་ནས་བླ་གབ་མེད་པར་བརྒྱ་རྩ་བརྒྱད་བཟླས་ན་ཆར་འཆད་པར་འགྱུར་རོ། །གྲོ་གའམ་ཆུ་ཤིང་གི་འདབ་མ་ལ་སྔགས་གུར་གུམ་གྱིས་བྲིས་ཏེ། སྐར་མ་མེ་བཞི་ལ་སྟོང་རྩ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན་བྱིས་པ་ཆུང་དུ་བསྲུང་བར་འགྱུར་རོ། །རྨ་བྱའི་སྒོའམ་ཐིང་རིལ་གྱི་རྐང་ལ་ལན་སྟོང་ཕྲག་གསུམ་བཟླས་ནས་སྒོ་ཁང་གི་རྟ་བབས་སམ་སྒོ་སྟེང་དུ་བཙུགས་ནས། དེའི་འོག་ནས་འཛུལ་བའི་སྲོག་ཆགས་ཐམས་ཅད་ལ་ཡམས་ཀྱི་ནད་ཀྱིས་མི་ཚུགས་སོ། །ལས་ཚོགས་གཞན་དག་འདིར་གཞུང་མངས་ཀྱིས་དོགས་ནས་མ་བྲིས་སོ། །ལས་དེ་ཐམས་ཅད་སེམས་
ཅན་ཐམས་ཅད་ལ་བརྩེ་བ་ནི་ཁ་སྐོང་གི་མན་ངག་གོ །རྟོག་པའི་རྒྱལ་པོ་ལ་བརྟེན་ནས། །བླ་མའི་མན་ངག་ཇི་བཞིན་དུ། །གོ་རིམས་ཇི་བཞིན་བྲིས་པ་ལས། །མཁས་པ་རྣམས་ཀྱིས་བཟོད་པར་རིགས། སྔོན་དུ་བསྙེན་པ་བྱས་ནས་ནི། །སྔགས་འདི་ཡིས་ནི་ལས་རྣམས་ཀུན། །བརྩོན་ལྡན་ཐེ་ཚོམ་མེད་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་བ་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཀེ་དྷ་ར་ཎ་དྷིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།།