འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག།
ཡེ་ཤེས་རྡོ་རྗེ།
འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །ཆོས་ཉིད་མཉམ་པ་ཉིད་ལ་རབ་གནས་ཀྱང༌། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང༌། །འདོད་པའི་དོན་གྲུབ་མཐའ་ཡས་གཟུགས་མངའ་བ། །དཔའ་བརྟན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་བུམ་པའི་མཚན་ཉིད་བསྟན་པའི་དབང་དུ་མཛད་ནས། ནོར་བུ་ཡུངས་ཀར་དཱུར་བ་དང༌། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེའི་མེ་ཏོག་དང༌། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་
པ་དག་ཀྱང་རུང༌། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང༌། །ཞེས་གསུངས་བས། གསེར་རམ་དངུལ་ལམ་ཟངས་ལས་བྱས་ཀྱང་རུང༌། ཞབས་ཀྱི་གདུབ་ཀོར་ནི་འཕང་དུ་སོར་གཅིག་གི་ཚད་དུ་བྱས་ལ་གདགས་སོ། །དབུས་ཀྱི་དབྱིབས་ནི་ལྷུང་བཟེད་འདྲ་བར་བྱའོ། །མགྲིན་པའི་འཕང་དུ་སོ་བཞིའི་ཚད་དུ་བྱའོ། །མགྲིན་པའི་ནང་གི་ཚད་ཀྱང་སོར་བཞི་པའི་སྦུབས་སུ་བྱའོ། །མགྲིན་པའི་ཁ་ཁྱེར་ཕྱིར་སྐྱེད་པ་ནི་སོར་གཉིས་ཀྱི་ཚད་དུ་བྱས་ལ། ཁའི་ཆ་གའི་བཤལ་ཀ་སོར་གཅིག་གི་ཚད་དུ་བྱའོ། །དབུལ་པོ་རྣམས་ཀྱིས་དངུལ་དང་གསེར་དང་ཟངས་ལ་སོགས་པ་ལས་བྱ་བ་མི་རྙེད་པས་དེའི་ཕྱིར་རྒྱུ་གཞན་ལས་བྱ་བར་གསུངས་ཏེ། བུམ་པ་པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱི་རུ་དང་ལི་ཁྲི་དང་མཚལ་གྱི་མདོག་ལྟར་དམར་བ་དང༌། སོ་བཏང་ཉེས་པའི་ནག་པོ་ར་རི་མེད་པར་བྱའོ། །ལྟོར་ནི་ཆུ་ཕུལ་ལྔ་ཡན་ཆོད་ནས་བཅུ་ཤོང་བའི་ཚད་གར་ནུས་པའི་ཆད་བྱས་ཏེ། དེ་ནས་ལག་པ་བྱུག་སྤོས་ཀྱིས་བྱུགས་ཏེ། དྲི་ཞིམ་པོ་ཤིན་ཏུ་བཀྲ་ཤིས་པའི་བདུག་པས་བདུགས་ལ། གུ་གུལ་ལ། ཨོཾ་མ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ལན་བདུན་དུ་བཟླས་པས་བུམ་པའི་ནང་དུ་བདུགས་ལ། ཆུ་གཙང་མ་སྲོག་ཆགས་མེད་པར་བཙགས་པས་བཀང་སྟེ། དེའི་ནང་དུ་ཙནྡན་དང་ག་པུར་དང༌། གུར་ཀུམ་དང་ཛཱ་ཏི་དང༌། གླ་རྩི་ལྔ་པོ་བསྲེས་པའི་ཆུ་ཡང་བླུགས་ནས་དེར་རིན་པོ་ཆེ་ལྔ་ཞེས་བྱ་བ་ནོར་བུ་རིན་པོ་ཆེ་དང༌། བྱི་རུ་དང༌། གསེར་ས་ལེ་སྦྲམ་དང༌། མུ་ཏིག་དང༌། ཤེལ་དག་དང༌། སྨན་ལྔ་ཞེས་བྱ་བ་བྱ་ཀྲྀ་དང༌། སྲེང་ཀྲི་དང༌། གི་བྲི་ཀར་ནི་དང༌། ས་ཧཱ་དང༌། ས་ཧ་དེ་བ་དང༌། འབྲུ་ལྔ་ཞེས་བྱ་བ་ནས་དང༌། སོ་བ་དང༌། ཏིལ་དང༌། མོན་སྲན་དང༌། མོན་སྲན་གྲེ་འུ་རྣམས་ཀྱང་བཅུག་ལ་བུམ་པའི་ཁར་གསེར་རམ་དངུལ་ཕོར་རམ་ཁར་ཕོར་གཙང་མའི་ནང་དུ་ཡུངས་ཀར་བླུགས་པའི་སྣོད་བཞག་སྟེ། རས་གཙང་མ་ཁ་ཚར་མ་གོད་པས་བུམ་པའི་ཁ་དང་ཡུངས་ཀར་གྱི་སྣོད་དང་བཅས་པ་དཀྲི་ཞིང་གཡོགས་ལ་བཅིངས་ཏེ། མདུད་པའི་སྟེང་དུ་བའི་ལྕི་བས་རྒྱས་གདབ་པའི་ཚུལ་དུ་གླན་ལ་དེར་རྩྭ་དཱུར་བའི་ཉག་མ་བདུན་བཙུགས་ཏེ་ཕྱག་ན་རྡོ་རྗེ་ལ་དབུལ་
བར་འོས་པའི་མེ་ཏོག་དམར་པོ་དྲི་ཞིམ་པོའམ། ཡང་ན་མེ་ཏོག་དྲི་ཞིམ་པོ་གང་ཡང་རུང་བའི་ཕྲེང་བས་ཀྱང་བུམ་པའི་མགྲིན་པ་བསྐོར་བའི་དོན་ནོ། །དཀྱིལ་འཁོར་མེད་པར་བུམ་པ་འབའ་ཞིག་གིས་འདོད་པའི་ལས་མི་འགྲུབ་པས་ཐོག་མར་དཀྱིལ་འཁོར་བྲི་ནས་བརྟག་དགོས་པས། སྤྱི་རྒྱུད་དཔུང་བཟངས་ཀྱིས་ཞུས་པ་ལས་འདིར་སྦྱར་བར་བྱ་སྟེ། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པའམ། །ལམ་གྱི་བཞི་མདོའམ་ཁང་སྟོང་ནགས་ཚལ་དུ། །ཞེས་གསུངས་སོ། །དཀྱིལ་འཁོར་བྲི་བར་བསྟན་པ་ཡང་དེ་ཉིད་ལས། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང༌། །སྒོ་བཞི་བ་ལ་ཕྱོགས་ཀྱི་རྩ་ཡང་དགྲམ། །ཞེས་གསུངས་ཏེ། །དེ་ཡང་ས་གཞི་ཤིན་ཏུ་སྦྱངས་ཤིན་ཏུ་འཐས་པར་བཅགས་པ་ལ་བའི་རྣམ་ལྔ་ཞེས་བྱ་བ། འོ་མ་དང༌། མར་དང༌། ཞོ་དང༌། གཅིན་དང༌། ལྕི་བ་རྣམས་དང༌། སྤོས་རྣམས་བསྲེས་པ་རྣམས་ཀྱིས་བསྐུས་ལ་ཐིག་གདབ་པར་བྱའོ། །ཁྲུ་བཞིའི་ཚད་ལ་གྲུ་བཞི་པར་བྱས་ལ་ཕུར་བུས་ལེགས་པར་གདབ་བོ། །དེའི་དབུས་སུ་གསང་སྔགས་འཆང་ཁྲུས་བྱེད་པའི་ས་ཁྲུ་དོ་གཞག་གོ །དེའི་ཕྱི་རིམ་ཁྲུ་གང་གི་ཁྱོན་ཡོད་པ་ལ་ཆ་གསུམ་དུ་བགོས་ཏེ། དང་པོར་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གནས་སུ་བྱའོ། །གཉིས་བ་ནི་སྒོ་ཁྱུད་དང་མུ་ཁྱུད་མུ་ཏིག་གི་ཕྲེང་བ་དག་བྲིའོ། །གསུམ་པ་ལ་ནི་མཆོད་པ་དག་བྲིའོ། །འཇིག་རྟེན་སྐྱོང་བ་རྣམས་དགོད་པ་ཡང༌། སྤྱིའི་རྒྱུད་གསང་བའི་དཀྱིལ་འཁོར་ལས། འདི་སྐད་དུ། བརྒྱ་བྱིན་གྱི་ནི་རྡོ་རྗེར་གསུངས། །མེ་ལྷའི་ཕྱག་རྒྱ་མེ་ཐབ་ཡིན། །གཤིན་རྗེའི་ཕྱག་རྒྱ་བེ་ཅོན་ཏེ། །བདེན་བྲལ་གྱི་ནི་རལ་གྲིར་བསྟན། །ཆུ་བདག་གི་ནི་ཞགས་པར་བསྟན། །རླུང་གི་ཕྱག་རྒྱ་རྒྱལ་མཚན་ཡིན། །ཀུ་བེར་ཡི་དབྱུགས་ཏོ་ཡི་ཡིན། །དབང་ཕྱུག་གི་ནི་རྩེ་གསུམ་གསུངས། །ས་ཡི་ཕྱག་རྒྱ་བུམ་པ་ཡིན། །ཉི་ཟླའི་ཕྱག་རྒྱ་ཟླུམ་པོར་བྱ། །ཞེས་གསུངས་སོ། །དཀྱིལ་འཁོར་ནི་སྒོ་བཞིར་བཏོད་ཅིང༌། བཀྲ་ཤིས་བརྒྱད་པོ་དཔལ་བེའུ་དང༌། འཁོར་ལོ་དང༌། གདུགས་དང༌། རྒྱལ་མཚན་དང༌། པདྨ་དང༌། བུམ་པ་དང༌། དུང་དང༌། ཉ་དག་བྲིས་པས་
མཛེས་པར་བྱའོ། །དབུས་སུ་ནི་ཀུ་ཤ་བཏིང་ཞིང་ཕྱི་རོལ་ཐོག་ཏུ་ཡང་ཀུ་ཤ་དགྲམ་མོ། །སྟེང་དུ་ཡང་བླ་རེས་ལེགས་པར་དག་བ་ཅིང་མེ་ཏོག་གི་ཕྲེང་བ་དང༌། བ་དན་དང༌། དར་གྱི་ལྔ་ལྡི་དང༌། མེ་ལོང་གིས་བརྒྱན་ན་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་པར་འགྱུར་རོ། །དེ་ནས་བུམ་པ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། གྲྭ་བཞིར་སེང་ལྡེང་གི་ཕུར་པ་བཞི་ལ་བདུད་རྩི་ཐབ་སྒྱོར་གྱི་སྔགས་གོང་དུ་སྨོས་པ་བཟླས་ཤིང་བཙུགས་ནས། ཚོན་སྣ་ལྔའི་སྐུད་པ་ལ་ཡང་གསང་སྔགས་དེ་ཉིད་བཟླས་ཤིང་བསྐོར་བས་མཚམས་གཅད་པར་བྱའོ། །བཤོས་དང་གཏོར་མ་བཀོད་པ་ཡང༌། དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལས། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་གསུངས་ཏེ། མ་ཕྱེ་བ་ཡང་འོས་འོས་སུ་ཕྱེ་སྟེ། ཤ་ཆང་ལ་ཕུག་དག་ནི་གཤིན་རྗེ་དང་བདེན་བྲལ་འཁོར་དང་བཅས་པ་ལ་སྦྱིན་ནོ། །དེ་ནས་རིག་སྔགས་འཆང་བདག་ཉིད་ཕྱི་ནང་གི་དྲི་མ་དག་པར་བྱས་ལ། གོས་སར་པ་བགོས་ཏེ། ཆོ་ག་བརྩམས་པའི་དབང་དུ་མཛད་ནས། དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དངས་ཤིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་གསུངས་ཏེ། དེའི་དོན་ནི་རང་གི་རྒྱུད་དག་པར་བྱེད་དེ་དཀྱིལ་འཁོར་གྱི་ནུབ་སྒོར་འགྲེང་ལ། ལག་པ་བྱུག་སྤོས་ཀྱིས་བྱུགས་ནས། རང་གི་ལྷ་ཇི་ལྟར་གནས་པ་བཞིན་དུ་བསྒོམས་ལ། མིག་གཉིས་སུ་ཡི་གེ་ཧཱུཾ་འབར་བ་རེ་བསམས་ལ་སེ་གོལ་གྱི་སྒྲ་ཕྱུང་ཞིང༌། ཕྱོགས་སུ་བལྟས་པས་མཚམས་བཅད་བགེགས་བསྐྲད་ནས། སླར་སྟན་བདེ་བ་ལ་འདུག་ནས་དཀྱིལ་འཁོར་དེ་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷའི་གནས་བཟང་པོ་དཔེ་མེད་པར་དམིགས་ཤིང༌། བུམ་པ་དེ་ཡང་ཡིད་བཞིན་གྱི་རྒྱ་མཚོའི་བདུད་རྩིའི་ཆུས་གང་བར་དམིགས་ཏེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། ཁ་ཕྱེ་སྟེ་པདྨའི་ཚུལ་དུ་བྱས་པ་ནི་པདྨའི་གདན་གྱི་ཕྱག་རྒྱ་ཡིན་ཏེ། དེའི་སྔགས་ལ། ཨོཾ་པདྨ་ཀམ་ལ་ཡེ་སྭཱ་ཧཱ་ཞེས་བརྗོད་ནས་ཡིད་བཞིན་གྱི་མཚོའི་དབུས་སུ་པདྨའི་སྡོང་པོ་དང་ལོ་མ་དང་འདབ་མ་
དང་ཟེ་བ་དང༌། སྙིང་པོར་བཅས་པ་དཔེ་མེད་པར་བཟང་ཞིང་ཆེ་བ་གཅིག་བསམས་ཏེ། མཆོད་ཡོན་གྱི་སྣོད་བླངས་ལ་སྒྲེང་ཞིང་འདི་སྐད་དུ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་སུ་གསོལ། །མཆོད་ཡོན་བཞེས་ནས་དེ་ཉིད་དུ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར། སརྦ་བིདྱ་དྷར་པཱུ་ཛི་ཏེ་སྭཱ་ཧཱ་ཞེས་བརྗོད་པས་འཕགས་པ་མདུན་གྱི་ནམ་མཁའ་ལ་འཁོར་དང་བཅས་པ་གཤེགས་པར་རིག་པ་དང༌། བར་འདིར་ཕྱིར་འབྲེང་བའི་བགེགས་བསྐྲད། ཨ་མྲྀ་ཏས་བསང་ཡང་ན་རྩ་སྔགས་སམ་བསྐྲད་སྔགས་ཀྱིས་སོ། །ལག་པ་གཡས་པའི་མཐེའུ་ཆུང་གི་སེན་མོ་མཐེ་བོང་གིས་མནན་ཏེ། ལྷག་མ་གསུམ་ནས་དོ་ཙམ་གྱིས་མ་རེག་བར་བྱས་ཏེ། །རྡོ་རྗེའི་ཚུལ་དུ་བྱས་ནས་བསྟན་པ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིན་ཏེ། དེའི་སྔགས་ལ། ཨོཾ་ཤཾ་ཀ་རེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ་ཞེས་བརྗོད་ནས། གདན་དེ་ལ་འཕགས་པ་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་ཁྱད་པར་ལས་བྱུང་བ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་མདོག་སྔོན་པོ་ཡིད་ཙམ་ཁྲོ་བ། ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསམས་པ། ཕྱག་གཡོན་པ་དཀུར་བརྟེན་ཅིང་འགྱིང་བ། དབུ་རྒྱན་རྩེ་བྲན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་སྟོད་གཡོགས་དར་ལ་སྨད་གཡོགས་ཚི་གུ་ཅན་མནབས་པ། འཁོར་རིགས་ཀྱི་ལྷ་དཔག་ཏུ་མེད་པ་དང་གཤེགས་པར་དམིགས་ཤིང༌། རྩ་བའི་ཕྱག་རྒྱ་ལག་པ་གཉིས་ཐལ་མ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཀུག་སྟེ། ཕན་ཚུན་བསྣོལ་བའི་རྩེ་མོ་མཐེ་བོང་དང་མཛུབ་མོའི་དྲུང་དུ་ཅུང་ཟད་འབྱུང་བར་བྱས་ལ། གུང་མོ་གཤིབས་ཕྱི་རོལ་ནས་མཛུབ་མོ་བཀུག་ལ་ནས་གང་ཙམ་གྱིས་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་ཀྱང་གཤིབས་པ་ནི་རྡོ་རྗེ་རྣམ་པར་འཇོམས་པའི་རྩ་བའི་ཕྱག་རྒྱ་ལས་ཐམས་ཅད་བྱེད་དོ། །དེའི་སྔགས་ལ། ཨོཾ་བཛྲ་ཛྭ་ལཱན་ལཱ་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་རྣམ་པ་ལྔ་རིམ་བཞིན་དུ་དབུལ་བ་ནི། དང་པོར་བྱུག་སྤོས་དབུལ་ཏེ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་བྱུག་སྤོས་འདི། །བདག་གིས་དད་པས་འབུལ་
ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་མེ་ཏོག་དབུལ་ཏེ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །དེ་ནས་བདུག་པ་དབུལ་ཏེ། ཤིང་གི་ཁུ་བ་ཡིད་དུ་འོང༌། །དྲི་ཡིས་རྒྱས་པ་བདུག་པའི་མཆོག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ལྷ་བཤོས་དབུལ་ཏེ། སྨན་རྣམས་ཁུ་བ་ཡི་གར་འོང༌། །དྲི་ཡིས་རྒྱས་པ་ལྷ་ཡི་ཟས། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །འདི་ཡན་ཆད་ཀྱི་སྔགས་ནི་གོང་མར་སྨོས་པ་གོང་མ་བཞིན་དུ་སྦྱར་རོ། །དེའི་འོག་ཏུ་མར་མེ་དབུལ་ཏེ། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་བ། །ལྷ་རྫས་བཟང་པོའི་ཞུན་མར་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཱ་ལོ་ཀ་ཨཱ་ལོ་ཀ་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེ་ནས་གདོན་རྣམས་ལ་གཏོར་མ་སྦྱིན་པར་བྱ་སྟེ། །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་གིས་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་སྦྱར་དེ་དག་ལ་ནི་གསོལ་བ་འདེབས། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་པན་གདགས་སླད་དུ་འདིར་གཤེགས་ཤིག །སེམས་ཅན་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ ཚལ་དང ་ལྷ་ཡུལ་གང་གནས་དང༌། །གང་དག་ཤར་ནུབ་ཉི་མའི་ཁྱིམ་གནས་དང༌། །ཆུ་བོ་ཀུན་དང་ཆུ་ཡི་ངོགས་རྣམས་དང༌། །རིན་ཆེན་གནས་སུའང་གནས་ནི་བཅས་པ་དང༌། །རྫིང་དང་མཚོ་དང་ལུ་མ་ལྟང་ལྟེང་དང༌། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་ནགས་ ཚལ་དང ༌། །ཁོང་སྟོང་དག་དང་ལྷ་ཡི་གནས་དག་དང༌། །ལྷ་ཁང་མཆོད་རྟེན་འདུག་གནས་བསྟི་གནས་དང༌། །མུ་སྟེགས་གནས་དང་གླང་ཆེན་
ཁང་པ་དང༌། །གང་དག་རྒྱལ་པོའི་དཀོར་ཁོང་གནས་པ་དང༌། །སྲང་དང་ཁྱམས་དང་ལམ་ཁའི་བཞི་མདོ་དང༌། །གང་དག་ཤིང་གཅིག་པོ་དང་ལམ་པོ་ཆེ། །དུར་ཁྲོད་ཆེན་པོ་ནགས་ ཚལ་ཆེན་པོ་དང ༌། །གང་དག་སེང་གེ་གླང་ཆེན་དྲེད་ཀྱི་གནས། །འཇིགས་པའི་ས་དང་འབྲོག་ན་གནས་པ་དང༌། །གླིང་བཟང་རྣམས་སུ་གནས་ནི་བཅས་པ་དང༌། །གང་དག་ལྷུན་པོ་དུར་ཁྲོད་གནས་པ་རྣམས། །རབ་ཏུ་ཐུགས་དགྱེས་དྲི་དང་ཕྲེང་བ་དང༌། །བདུག་པ་གཏོར་མ་མར་མེ་བསྟོད་གུས་འབུལ། །འདི་དག་བཞེས་ནས་བསྣམས་དང་གསོལ་མཛོད་ལ། བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ལག་པ་གཉིས་ཐལ་མོ་སྦྱར་བ་ལས་ཁ་ཕྱེ་སྟེ་བཀན་པ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱའོ། །དེའི་སྔགས་ལ་སྲིན་པོ་རྣམས་ལ་ཀྲང་ཀེ་རེ། ཤ་ཟ་རྣམས་ལ། མི་ཙི་མི་ཙི། འབྱུང་པོ་རྣམས་ལ་གུང་གུང༌། ཐམས་ཅད་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏཏྑཾ་ཨུངྒ་ཏེ་སྥ་རཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ལྟར་གདོན་རྣམས་ལ་གཏོར་མ་བྱིན་ནས་ཕྱོགས་སྐྱོང་རྣམས་ལ་མཆོད་པ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས། སོར་མོ་དབུས་མ་གསུམ་བསྐྱེད་དེ། པདྨའི་ཚུལ་དུ་བྱའོ། །དེའི་སྔགས་ལ། དབང་ལྡན་གྱི་ཕྱོགས་སུ་རུ་དྲཱ་ཡ་སྭཱ་ཧཱ། དབང་པོའི་ཕྱོགས་སུ་ཤ་ཀྲཱ་ཡ་སྭཱ་ཧཱ། མེའི་ཕྱོགས་སུ་ཨགྣ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་བེཔྟ་ཡེ་སྭཱ་ཧཱ། བདེན་བྲལ་ཕྱོགས་སུ་རཀྵ་ས་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ་མེ་ག་ཨ་ཤ་ནཱ་ཡ་སྭཱ་ཧཱ། རླུང་ལྷའི་ཕྱོགས་སུ་བཱ་ཡ་བེ་སྭཱ་ཧཱ། ཀུ་བེ་རའི་ཕྱོགས་སུ་ཡཀྵ་བིདྡྷ་རེ་སྭཱ་ཧཱ། སྟེང་གི་ཕྱོགས་སུ་ཨ་དི་ཏྱཱ་ཡ་སྭཱ་ཧཱ། ཉི་མའིའོ། །ཟླ་བའི་ཙནྡྲཱ་ཡ་སྭཱ་ཧཱ། འོག་གི་ཕྱོགས་སུ་པྲྀ་ཐི་བྱཻ་སྭཱ་ཧཱ། སའི་ལྷ་མོའིའོ། །དེ་ལྟར་ཕྱོགས་སྐྱོང་རྣམས་ཀྱང་མཆོད་དེ། བཟླས་བརྗོད་བྱ་བའི་དབང་དུ་མཛད་ནས། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་འབྱུང་བའི་དོན་ནི་དེ་ལྟར་འཕགས་པ་འཁོར་དང་བཅས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། འབྱུང་པོ་ཐམས་ཅད་ལ་མཆོད་པ་བྱས་ནས། བུམ་པའི་ནང་དུ་འཕགས་པ་སྤྱན་དྲངས་པ་དེ་ཉིད་
ཀྱང་སྲོག་དང་བཅས་པ་ལྟ་བུར་དམིགས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ལ་ཡི་གེའི་ཕྲེང་བ་རྣམས་བཀོད་དེ་བཟླས་སོ། །ལྷའི་སྐུ་དང༌། ཟླ་བའི་དཀྱིལ་འཁོར་དང༌། ཡི་གེའི་ཕྲེང་བ་ལ་དུས་གཅིག་ཏུ་དམིགས་པ་ནི་འཇིག་རྟེན་ན་ཟ་འོག་ལ་སོགས་པའི་གདིང་བ་ཁྲ་བོ་ལ་ལྟ་བ་དང་འདྲའོ། །ཟླ་བའི་དཀྱིལ་འཁོར་ཆུང་དུའི་ནང་དུ་ཡི་གེའི་ཕྲེང་བ་མང་བ་ཇི་ལྟར་བཀོད་ཅེ་ན། སེམས་གོམས་པ་རྣམས་ལ་མི་རུང་བ་མེད་དེ། ཆུ་ཉུང་དུ་ཤིན་ཏུ་དང་བའི་ནང་དུ་ཉི་ཟླ་དང༌། གཟའ་སྐར་ལ་སོགས་པས་བརྒྱན་པའི་ནམ་མཁའ་ཐམས་ཅད་སྣང་བ་བཞིན་ནོ། །རྒྱལ་པོ་ཞེས་པས་འཛིན་དུ་ཟད་དོ། གཞན་ཡང་ཁྲུས་ཀྱི་སྦྱོར་བ་བྱ་བའི་དབང་དུ་མཛད་ནས། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀུན། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་གསུངས་ཏེ། དེ་ལྟར་བཟླས་བརྗོད་ཀྱི་གྲངས་ཚང་ནས་ཕྱོགས་བཅུའི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར། ཚིགས་སུ་བཅད་པ་ཡང་བསྒྲག་པར་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །མ་མོའི་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་གསུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །རླུང་གི་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །
གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །དབང་ལྡན་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་པའི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང༌། །ཟླ་བ་ཉི་མ་གཟའ་ཆེན་དང༌། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དེ་ནས་ཤུ་ཏི་དང་བའི་རྣམ་ལྔ་ཆུ་དང་སྦྱར་བ་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་གོང་དུ་སྨོས་པ་བཏབ་སྟེ། ཁྲུས་བྱེད་པའི་ལུས་བསྐུས་ཏེ། དྲིལ་ནས་ཁྲུས་བྱས་ཏེ་གོས་སར་པ་བགོས་ནས། དཀྱིལ་འཁོར་གྱི་སྒོར་འདུག་སྟེ། དེ་ལ་སྲུང་བ་ཆེན་པོ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱིན་ཏེ། དཀྱིལ་འཁོར་བསྐོར་དུ་བཅུག་ལ། གུས་པས་ཕྱག་བྱས་ལ། ཆོ་ག་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་རྩྭ་ཀུ་ཤ་བཀྲམ་པའི་སྟེང་དུ་བདེ་བར་འདུག་ལ། གསང་སྔགས་ཟློས་པས་བུམ་པ་བླངས་ཏེ། གཟུངས་སྔགས་བཟླས་ཤིང་ཁྲུས་བྱེད་དུ་བཅུག་ལ་ཕྱི་ནང་གི་དྲི་མ་ཐམས་ཅད་མ་ལུས་པར་དག་པར་བསམ་མོ། །ཤིན་ཏུ་བདེ་ལེགས་དང་བཀྲ་ཤིས་དང༌། རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་ཚིག་དང་རོལ་མོའི་སྒྲ་སྐད་རབ་ཏུ་སྙན་པ་དང་ཡང་ལྡན་པར་འགྱུར་རོ། །ཡུངས་ཀར་དང༌། ཞོ་དང༌། དཱུར་བ་དང༌། ལི་ཁྲི་དང༌། མེ་ལོང་དང༌། དུང་དང༌། བིལ་བའི་འབྲས་བུ་དང༌། གི་ཝང་རྣམས་ཀྱང་སློབ་མའི་ནང་དུ་རས་ཁྲིའུ་བཏིང་བའི་ནང་དུ་བཞག་སྟེ། དེ་བཀྲ་ཤིས་འདོན་པའི་ལག་ཏུ་བཞག་ནས་རྫས་དེ་རྣམས་རེ་རེ་ནས་བླངས་ཤིང་སྦྱིན་ནོ། །དེ་ནས་བྱ་བ་བྱ་སྟེ། རྨ་བྱའི་སྟེང་དུ་ཟླ་བའི་སྟེང་དུ་གཟུངས་སྔགས་བསམས་ལ། དེས་བྱ་བཅིང་གཟུངས་རིང་བརྗོད་པའི་གཤམ་ལ་ཆེ་གེ་མོའི་སརྦ་བྱཱ་དྷི་ལ་སོགས་པ་སྦྱར་རོ། །དེ་ནས་བསྲུང་བ་བྱ་སྟེ། སྐུད་པ་ལ་བསྲུང་བ་བྱས་ལ་གདགས། གཟུངས་རིང་བྲིས་ལ་དེ་ལ་རབ་གནས་བྱས་པ་གདགས་སོ། །དེ་ནས་ཡང་བསྲུང་བ་བྱ་སྟེ། རྡོ་རྗེ་ཕྱེད་དེའི་ལག་ཏུ་བྱིན་ནས་ཞི་བ་དང་དགའ་
བའི་སེམས་ཀྱིས་ལོངས་ཤིག་ཅེས་བྱ་བའི་ཚིག་ཀྱང་བརྗོད་པར་བྱའོ། །རྡོ་རྗེ་ཕྱེད་པོ་དེ་ལ་བཟུང་ནས་གདོན་ཐམས་ཅད་ལས་ཐར་ནས་ལྡང་སྟེ། ཟླ་བ་སྒྲ་གཅན་འཛིན་གྱིས་བཟུང་བ་ལས་ཐར་བ་བཞིན་དུ་ལུས་སྡིག་པ་དང་བྲལ་བའི་དབང་དུ་མཛད་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། །བྲམ་ཟེ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ནོར་འགྲིབ་པས་ནི་གནོད་པ་དང༌། །མྱ་ངན་ངལ་ལས་གནོད་པ་དང༌། །འཇིགས་པ་དང་ནི་ཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། །མི་བཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་ངལ་ལས་བྱུང་བ་ཡིས། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །ཆོ་ག་འདི་ཡི་ཕན་ཡོན་གྱིས། །དེ་དག་ལས་ནི་ཐར་བར་འགྱུར། །ཞེས་གསུངས་པའོ། །དེ་ནས་འབྱོར་ན་ཞི་བའི་སྦྱིན་སྲེག་བྱའོ། །ཡང་གཞན་དུ་ན་འདི་ལྟར་བྱའོ། །བྱམས་པ་ཆེ་དང་སྙིང་རྗེ་ཆེ། །མཉམ་པར་ལྡན་པར་བྱས་ཀྱང་རུང༌། །དེ་ཡང་ཞི་བར་ཤེས་བྱ་སྟེ། །ནང་གི་སྦྱིན་སྲེག་དམ་པ་ཡིན། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ་རྫོགས་སོ།།