ཨ་ར་པ་ཙ་ནའི་སྒྲུབ་ཐབས།
མི་ཕམ་བཤེས་གཉེན།
རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། །འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཟླ་བ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་པ། །ཤིན་ཏུ་མཛེས་ཤིང་མཆོག་གི་གཞོན་ནུ་ཟུང་ཕུད་ལྔ། །དགའ་མཆོག་ཐར་པ་
རྒྱས་ཤིང་པདྨའི་འདབ་འདྲའི་སྤྱན། །བློ་ངན་སྲེག་མཁས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་ལོ་ཕྱེད་རྒྱུན་མི་འཆད་པར་མངོན་བསྒོམས་པས། །སྐྱེ་བོ་ཨ་ར་པ་ཙ་ན་ནི་ངེས་འགྲུབ་འགྱུར། །དངོས་པོ་མ་ལུས་རྟོགས་པའི་བྱང་ཆུབ་མཆོག་ཐོབ་པའི། །རིན་ཆེན་འཁོར་ལོའི་མན་ངག་ཤིན་ཏུ་བསྡུ་བར་བྱ། །མཉམ་ གཙང ་བསྔགས་བའི་ཡིད་དུ་འོང་བའི་ས་ཡི་ཆར། །དྲི་ཞིམ་མེ་ཏོག་གཅལ་བཀྲམ་སྤོས་ཆུས་ཆག་ཆག་གདབ། །ལ་ལར་འཇམ་ཞིང་ཡིད་འོང་སྟན་ལ་ཉེར་གནས་ཏེ། །བདེ་བ་ཤིན་ཏུ་མཚན་མེད་བྱང་ཆུབ་སེམས་བསྒོམ་བྱ། །གསང་སྔགས་རང་བཞིན་དག་པ་བརྗོད་ནས་ནི། །མ་ལུས་ཀུན་ནས་སྟོང་བར་རྣམ་བསྒོམས་ཤིང༌། །དངོས་དོན་དོན་བཅས་དཔག་གི་ལུས་ཉིད་ཀྱང༌། །དེ་ནི་འོད་གསལ་ལ་མཐའ་རུ་ལན་གཅིག་བསམ། །དེ་ནས་བར་སྣང་རང་ཉིད་ཟླ་དཀྱིལ་ནི། །དབྱངས་ཡིག་དང་པོས་འདོད་དང་ལྡན་པ་བསྒོམ། །དེ་བཞིན་འདིར་ནི་ཤིན་ཏུ་དཀར་བའི་དྷཱིཿ། །དེ་ནི་འཇམ་དབྱངས་དྲི་མ་མེད་པར་བསྒོམ། །ཟླ་བ་བྱེ་བའི་འོད་དང་མཚུངས་པ་ལ། །རྒྱན་རྣམས་ཐམས་ཅད་རབ་ཏུ་འབར་བ་སྟེ། །ཆགས་བཅས་ཅུང་ཟད་བཞད་ཅིང་ཡིད་འོང་བར། །བསམ་གཏན་མཐར་ཕྱིན་པདྨའི་སྟེང་བཞུགས་བསམ། །རང་གི་སྙིང་གའི་ཡི་གེ་ཨ་མཆོག་ནི། །རྣམ་པར་འཕྲོ་བར་གྱུར་བ་ལེགས་བསམས་ལ། །མཉམ་མེད་འོད་ཟེར་རྣམས་ཀྱི་དྲ་བ་སྟེ། །འཁོར་ལོའི་རྩིབས་ནི་བརྒྱད་པའི་གཟུགས་སུ་བསམ། །དེ་ཡི་སྟེང་དུ་ཟླ་བའི་གཟུགས་ཉིད་ལ། །སྔགས་པ་ཡིས་ནི་དེ་ལ་བསྒོམ་བྱ་སྟེ། །ཟླ་བའི་འོད་ལྟར་ཤིན་ཏུ་དཀར་བ་ཡི། །མགོན་པོ་འཇམ་པའི་དབྱངས་ནི་དེ་ཉིད་དོ། །གཡས་སུ་ཤིན་ཏུ་མཛེས་པའི་གཟུགས་ལྡན་པ། །རྣམ་པར་འཛུམ་ཞིང་ཟུར་གྱིས་ལྟ་བ་དང༌། །ནུ་མ་གཉིས་ནི་ཤིན་ཏུ་རྒྱས་པ་ཡི། །སྐྲ་ཅན་དེ་ལ་བལྟ་བར་བསམ་པར་བྱ། །གཡོན་ལོགས་སུ་ནི་ཉེ་བའི་སྐྲ་ཅན་མ། །ཤིན་ཏུ་མཛེས་ཤིང་སྒེག་པའི་གཟུགས་ཅན་མ། །ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་པའི། །དེ་གཉིས་ཙ་དང་ན་ལས་བསྒོམ་པར་བྱ། །མདུན་དུ་དྲན་བ་ཅན་འོད་བསམ་པ་ནི། །དྲི་མེད་རབ་དཀར་ར་ལས་བྱུང་བ་ཉིད། །ཟླ་འོད་ཡིད་དུ་འོང་ཞིང་འོད་ལྡན་ཏེ། །པ་ལས་བྱུག་བ་རྒྱབ་ཏུ་གཞག་པར་བྱ། །ཡང་ན་ཡི་གེའི་རབ་འབར་བ་ཡི། །རྒྱ་ཆེན་མཐུ་ལྡན་
རྣམ་པར་བསྒོམ་བྱ་སྟེ། །དེས་ནི་མི་ཤེས་རི་བོ་འཇོམས་པ་དང༌། །ཡེ་ཤེས་དམ་པ་རྙོག་པ་མེད་པར་བྱེད། །འོག་ཏུ་འཁོར་ལོ་མྱུར་དུ་འཁོར་བསམས་ལ། །གཏི་མུག་མུན་ནག་མ་ལུས་རྣམ་པར་སེལ། །རང་ལྷའི་སྐུ་ནི་མི་འགྱུར་ཉིད་བསམ་ཤིང༌། །ཟླ་བའི་གཟུགས་འདྲའི་འོད་ཟེར་དྲ་བ་ཆེ། །ཟླ་འདྲའི་འོད་ཟེར་སྤྲིན་ནི་རྒྱ་ཆེན་པོ། །ཕྱུང་ནས་ཕྱོགས་བཅུར་སོང་ཞིང་འབར་བསམས་ལ། །བདག་ལུས་དེ་བཞིན་སེམས་ཅན་རྣམ་བརྒྱན་ཏེ། །འོངས་ནས་སྙིང་གའི་ཟླ་བའི་གཟུགས་ལ་བཞུགས། །དེ་ནས་སྔགས་མཆོག་ཨ་ར་པ་ཙ་ན། །སྔགས་པའི་མཆོག་གིས་ལེགས་པར་བཟླས་པར་བྱ། །བློ་གྲོས་བརྟན་པས་མན་ངག་ཇི་བཞིན་དུ། །བསྒོམས་ན་མྱུར་དུ་ས་མཆོག་རྣམས་དང་ནི། །དྲི་མེད་ཡིད་འོང་ཕ་རོལ་ཕྱིན་ཀུན་དང༌། །བློ་ངན་ཉེས་བཅོམ་རྒྱལ་བ་ཐོབ་པར་འགྱུར། །བླ་མ་དམ་པ་དགའ་རབ་རྡོ་རྗེ་ནི། །དམ་པའི་ཆོས་རྣམས་མཆོག་གི་མཛོད་གྱུར་པའི།། བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔ་རུ། །གང་ཞིག་ཆོ་ག་བཞིན་དུ་དབང་བསྐུར་བ། །བློ་གྲོས་བཟང་པོ་མི་ཕམ་བཤེས་གཉེན་གྱིས། །སྐྱེ་བོ་རྣམས་ཀྱི་བློ་གྲོས་དག་བྱའི་ཕྱིར། །ཨ་ར་པ་ཙ་ན་ཡི་འཁོར་ལོ་མཆོག །དེ་ཡི་གཞུང་དུ་ཡང་དག་སྦྱར་བ་ཡིན། །འཁོར་ལོའི་ཆོ་གའི་མཆོག་ནི་ལེགས་སྦྱར་བས། །བདག་གིས་བསོད་ནམས་རྒྱ་ཆེན་ཐོབ་འདུས་པས། །གང་དེས་འགྲོ་ཀུན་སྡིག་པ་ལས་རྒྱལ་ཞིང༌། །བདེ་མཐའ་གཅིག་ཏུ་འཇམ་དབྱངས་ཉིད་གྱུར་ཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་བོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།