ཐབས་ལ་མཁས་པའི་སྦྱོར་བ།
དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་པ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་བ་ཉིད་ལ་ཡོངས་སུ་འདུས་བར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མེད་པ་
ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམ་པར་འཇུག་པར་བགྱི། ཇི་ལར་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པར་བགྱི་ཞེས་བྱ་བ་ནི་ཐམས་ལ་མཁས་པའི་ཡུལ་ལོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། སྟོད་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདོད་པའི་ཁམས་སྟོང་ཞེས་བ་བར་བརྟག་པར་བྱའོ། །གཟུགས་ཡོད་པའི་ཁམས་དང༌། གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་ཡང་ཅི་ལས་ཀྱང་དེ་ལྟར་བརྟགས་ན་སེམས་གཡེང་པར་མི་འགྱུར་བ་དེ་ལྟར་བརྟག་པར་བྱ་སྟེ། དེ་སེམས་མི་གཡེང་པ་དང་ལྡན་པས་ཆོས་གང་མངོན་སུམ་དུ་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བས་བས་བསམ་མངོན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ལ་ལེགས་པར་བསླབས་པས་ཆོས་གང་ལ་ཡང་རྣམ་པར་གཅོད་པར་མི་བྱེད་དོ། །གང་ཞིག་མངོན་དུ་བྱེད་པ་དང༌། གང་མངོན་དུ་བྱ་བ་དང༌། གང་གིས་མངོན་དུ་བྱ་བའི་ཆོས་དེ་ཐམས་ཅད་ལྡན་པའམ་མི་ལྡན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རབ་འགྱུར་གྱིས་གསོལ་བ། བཅོམ་ལྡན་འདས་
ཀྱིས་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པའི་ཆོས་རྣམས་མངོན་དུ་མི་བྱའོ་ཞེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ་སྟོང་པ་ཉིད་ལ་མངོན་སུམ་དུ་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ན། མངོན་དུ་བྱའོ་སྙམ་དུ་རྟོག་པར་མི་བྱེད་ཅིང་མངོན་དུ་བྱ་བ་མ་ཡིན་ནོ་སྙམ་དུ་རྟོག་པར་མི་བྱེད་ཀྱི། ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་སོ་སོར་རྟོག་སྟེ། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་གྱི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་ནོ་སྙམ་དུ་སོ་སོར་རྟོག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ། བར་མདོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཟག་པ་ཟད་པའང་མངོན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུ་ཡེ་ཤེས་རླབས་པོ་ཆེ་དང་ལྡན་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང་འདི་ལྟར་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཏེ། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་སྒོམ་པའི་དུས་སོ། །འདི་ནི་ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་དུས་སོ། །འདི་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྒོམ་པའི་དུས་སོ། །འདི་ནི་ནང་སྟོང་པ་ཉིད་
སྒོམ་པའི་དུས་སོ། །འདི་ནི་ཕྱི་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་པའི་དུས་སོ། །འདི་ནི་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་སྒོམ་པའི་དུས་སོ། །འདི་ནི་འཕགས་པའི་བདེན་པ་རྣམས་སྒོམ་པའི་དུས་སོ། །འདི་ནི་མངོན་པར་ཤེས་པ་རྣམས་དང༌། ཏིང་ངེ་འཛིན་རྣམས་དང༌། གཟུངས་ཀྱི་སྒོ་རྣམས་ཐོབ་པར་བྱ་བའི་དུས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་བྱ་བའི་དུས་སོ། །འདི་ནི་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་དུས་ཡིན་ནོ། །འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བའི་དུས་མ་ཡིན། རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བའི་དུས་མ་ཡིན་ཏོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ལམ་ཡོངས་སུ་མི་གཏང་བའི་དུས་སོ་ཞེས་བྱ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ལ་གནས་པ་མ་ཡིན། མཚན་མ་མེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་མཚན་མ་མེད་པ་ལ་གནས་པ་མ་ཡིན། སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྨོན་པ་མེད་པ་ལ་གནས་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒོམ་ཞིང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་གནས་ཀྱང་མངོན་དུ་མི་བྱེད་དོ། །ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒོམ་ཞིང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་གནས་ཀྱང་མངོན་དུ་མི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྒོམ་ཞིང༌། འཕགས་པའི་ལམ་ཡན་ལག་བརྒྱད་པས་གནས་ཀྱང་མངོན་དུ་མི་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་
ལ་ཡོངས་སུ་འདྲིས་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རྣམ་པར་སྤྱོད་པ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་མི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་དཔའ་བ་དང༌། རྟུལ་ཕོད་པ་དང༌། རྩལ་ཆེ་ལ་ཤིན་ཏུ་བརྟེན་པ་དང༌། གཟུགས་མཛེས་པ་དང༌། བྱད་བཞིན་བཟང་ཞིང་བལྟ་ན་སྡུག་པ་དང༌། ཁ་དོག་བཟང་པོ་མཆོག་ཏུ་རྒྱས་པ་དང་ལྡན་པ། འཕོང་རྩལ་མཆོག་ཏུ་བྱང་བ། མཚོན་ཆ་སྲ་བ་ཐོགས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་ཡོངས་སུ་རྫོགས་པ། བཟོའི་གནས་དང༌། ལས་ཀྱི་གནས་ཐམས་ཅད་རྟོགས་པར་རིག་པ། འགྲོ་བ་མང་པོའི་ཡིད་དུ་འོང་ཞིང་སྡུག་པ་ནི་བྱ་བ་གང་དང་གང་རྩོམ་ཡང་ཐམས་ཅད་དུ་རྙེད་པ་ཆེན་པོ་དང་ལྡན་ཏེ། རྙེད་པ་དེས་སྐྱེ་བོ་མང་པོ་ལ་རིམ་གྲོར་བྱེད། བསྟི་སྟང་དུ་བྱེད་ལ། དེ་ཤིན་ཏུ་དགའ་ཞིང་སྤྲོ་བ་དང༌། ཉམས་དགའ་ཞིང་ཡིད་བདེ་ནས་ དགོས་པ ་འགའ་ཞིག་གི་ཕྱིར་ཕ་མ་དང༌། བུ་དང་ཆུང་མ་དག་ཁྲིད་དེ། འབྲོག་དགོན་པར་བྱིས་པ་རྣམས་འཇིགས་ཤིང་སྐྱི་གཡའ་བར་སོང་སྟེ། སྐྱེས་བུ་དེས་དེར་ཕྱིན་ནས་ཕ་མ་དང༌། བུ་དང་ཆུང་མ་ལ་མི་འཇིགས་པ་བྱིན་ཏེ། འཇིགས་པར་མ་བྱེད་ཅིག །མ་འཇིགས་ཤིག །བདག་གིས་ཁྱེད་འབྲོག་དགོན་པ་འཇིགས་ཤིང་ཉམས་མི་བདེ་བ་འདི་ལས་མྱུར་དུ་གདོན་ཞིང་མྱུར་དུ་ཐར་བར་བྱའོ་ཞེས་མི་འཇིགས་པ་བྱིན་ཏེ། འབྲོག་དགོན་པ་དེར་སྐྱེས་བུ་དེ་ལ་གསོད་པའི་དགྲ་ཕྱིར་རྒོལ་བ་མང་པོ་ཉེ་བར་གནས་པར་གྱུར་ནས། སྐྱེས་བུ་དེ་ཡང་ཤེས་རབ་ཀྱི་མཐུ་དམ་པ་དང་ལྡན་པར་གྱུར་ཏེ། དེས་ཕ་མ་དང་བུ་དང་ཆུང་མ་དག་འབྲོག་དགོན་པ་དེ་ནས་བཏོན་ཏེ། བདེ་ཞིང་ཉོན་མ་མོངས་པར་ཐར་བར་བྱས་ནས། ཕྱིར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ཀྱི་འདབ་ཏུ་མ་སྨས་མ་ཉམས་པར་ཕྱིན་ནས་དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། དགྲ་ཕྱིར་རྒོལ་བའི་སེམས་ཅན་དེ་དག་ལ་ཡང་སེམས་ཀྱིས་སྡང་
བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དེས་སྒྱུ་རྩལ་ཐམས་ཅད་ལ་བྱང་པར་བྱས་པས་དེས་འབྲོག་དགོན་པ་དེར་ཕྱིར་རྒོལ་བ་དེ་དག་ལས་ཕྱིར་རྒོལ་བ་གཞན་ཆེས་ཕལ་ཆེ་བ་ཆེས་མང་བ། ཆེས་དཔའ་བ། ཆེས་མཚོན་ཆ་སྲ་བ་དང་ལྡན་པ་དག་སྤྲུལ་ཏེ། ཕྱིར་རྒོལ་བ་དེ་དག་ཐམས་ཅད་འཇིགས་པ་དེས་མེད་པར་གྱུར་ནས། སྐྱེས་བུ་དེས་ཕ་མ་དང༌། བུ་དང་ཆུང་མ་དེ་དག་ཉོན་མ་མོངས་པར་བྱས་ནས་བདེ་བར་རྣམ་པར་སྤྱོད་པ་ཞིག་ཡོད་ན། རབ་འབྱོར་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱམས་པར་དམིགས་པའི་སེམས་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སུ་དམིགས་པའི་སེམས་ཀྱིས་ཁྱབ་པར་བྱས་ནས་གནས་ཏེ། དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་བཞི་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ།། ཡོངས་སུ་རྫོགས་པར་བྱས་ནས་ཟག་པ་ཟད་པ་མ་ཐོབ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་གནས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མས་ཀྱང་རྣམ་པར་མི་སྤྱོད། མཚན་མ་མེད་པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་པས་ཉན་ཐོས་ཀྱིས་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་བར་ཆད་ཀྱི་ཆོས་རྣམས་ལས་ཡང་དག་པར་འདའ་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་སྟེ། ནམ་མཁའ་པར་སྣང་ལ་གནས་ཀྱང་དེ་ལ་གནས་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ལའང་གནས། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་ཅི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་ཡང་རྣམ་པར་སྤྱོད་དེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་གང་མངོན་དུ་བྱས་པས་དེ་བཞིན་
གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་མ་རྫོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའང་མངོན་དུ་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་ལ་སྤྱད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་མི་གནས་པར་གནས་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཐུ་དང་ལྡན་པ། འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ། འཕོང་རྩལ་བསླབ་པ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་ལ། དེས་མདའ་ཞིག་གནམ་དུ་འཕངས་ཏེ། མདའ་དེ་གནམ་དུ་འཕངས་ནས་མདའ་གཞན་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཕངས་པས་མདའ་སྔ་མ་དེ་ས་ལ་ལྷུང་དུ་མ་བཅུག་སྟེ། ཇི་སྲིད་དུ་སྐྱེས་བུ་དེས་ད་ནི་མདའ་འདི་ས་ལ་ལྷུང་བར་བྱའོ་སྙམ་དུ་འདོད་པར་མ་བྱས་པ་དེ་སྲིད་དུ་མདའ་དེ་ས་ལ་མི་ལྷུང་སྟེ། ནམ་མདའ་ཕྱི་མ་མ་འཕངས་པ་དེའི་ཚེ། མདའ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་དག་ས་ལ་ལྟུང་ངོ༌། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་ཡོངས་སུ་བཟུང་བ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་མངོན་དུ་མི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་གྱུར་པ་དེ་ན་ཡང་དག་པའི་མཐའ་དམ་པ་མངོན་དུ་བྱེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་དེ་དག་གིས་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པའི་ཐབས་མཁས་པ་ཡིན་ནོ། དེ་སྐད་ཅེས་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་ལ་སློབ་པ། ཡང་དག་པའི་མཐའ་ལ་
སློབ་པ། དེ་བཞིན་ཉིད་ལ་སློབ་པ། ཆོས་ཀྱི་དབྱིངས་ལ་སློབ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང་བར་མ་དོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་ནི་དཀའ་བ་བགྱིད་པ་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟ་བུར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་སྟེ། དམ་པ་མ་ཡིན་པའི་ཆོས་ལ་གནས་པ་འདི་དག་ནི་བདག་གིས་ཡོངས་སུ་སྒྲོལ་པར་བྱའོ་ཞེས་དེ་ལྟ་བུའི་སེམས་མངོན་པར་སྒྲུབ་ཅིང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང༌། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང༌། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དེའི་ཚེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མདོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། གནས་ཟབ་མོ་དེ་དག་ལ་བརྟག་པར་འདོད་པར་གྱུར་ན། དེས་འདི་ལྟར་འདི་སྙན་
དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཏུ་འདུ་ཤེས་པ་དང༌། སེམས་ཅན་དུ་འདུ་ཤེས་པ་དང༌། སྲོག་ཏུ་འདུ་ཤེས་པ་དང༌། འགྲོ་བར་འདུ་ཤེས་པ་དང༌། གསོ་བར་འདུ་ཤེས་པ་དང༌། སྐྱེས་བུར་འདུ་ཤེས་པ་དང༌། གང་ཟག་ཏུ་འདུ་ཤེས་པ་དང༌། ཤེད་ལས་སྐྱེས་སུ་འདུ་ཤེས་པ་དང༌། ཤེད་བུར་འདུ་ཤེས་པ་དང༌། བྱེད་པ་པོར་འདུ་ཤེས་པ་དང༌། ཚོར་བ་པོར་འདུ་ཤེས་པ་དང༌། ཚོར་དུ་འཇུག་པ་པོར་འདུ་ཤེས་པས་དམིགས་པ་ལ་སྤྱོད་ཀྱིས་དེ་དག་གིས་དམིགས་པ་སྤང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་མངོན་པར་བསྒྲུབ་པར་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་ཡང་དག་པའི་མཐའ་གང་མངོན་དུ་བྱས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཐོབ་པ་དང༌། རང་བྱང་ཆུབ་ཐོབ་པར་འགྱུར་བ་མངོན་དུ་མི་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེའི་དགེ་བའི་རྩ་བ་དེ་དག་དང༌། ཐབས་མཁས་པ་དང་ལྡན་པ་ནི་བར་མ་དོར་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱེད་དོ། །བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང༌། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་མི་ཉམས་སོ། །ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་ཡོངས་སུ་མི་ཉམས་སོ། །དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཡོངས་སུ་མི་ཉམས་སོ། །འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་ཡོངས་སུ་མི་ཉམས་སོ། །རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡང་ཡོངས་སུ་མི་ཉམས་སོ། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མི་ཉམས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཚེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཐབས་མཁས་པས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་ཞིང༌། དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལྟ་བུ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་མ་ཆགས་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ། རྟག་པར་འདུ་ཤེས་པ་དང༌། བདེ་བར་འདུ་ཤེས་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། སྡུག་པར་འདུ་ཤེས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་དག་གི་
ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཅི་ནས་ཀྱང་རྟག་ཅེས་བྱ་བའམ། བདེ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། སྡུག་ཅེས་བྱ་བར་ཡོངས་སུ་རྒྱུ་བ་མེད་པར་ཆོས་བསྟན་པར་བྱའོ་སྙམ་སྟེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་ལ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམིགས་པ་ལ་སྤྱོད་པ་སྟེ། བདག་ཅེས་བྱ་བའམ། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་ཞེས་བྱ་བའམ། གཟུགས་ཞེས་བྱ་བའམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཞེས་བྱ་བའམ། སྐྱེ་མཆེད་ཅེས་བྱ་བའམ། ཁམས་ཞེས་བྱ་བའམ། རྟེན་ཅིང་འབྲེལ་པར་འབྱུང་བཞེས་བྱ་བའམ། ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བྱ་བའམ། སྟོང་པ་ཉིད་རྣམས་ཞེས་བྱ་བའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཞེས་བྱ་བའམ། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་བའམ། རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་
ཞེས་བྱ་བའམ། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ཞེས་བྱ་བའམ། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་བར་དམིགས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་ལ། ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བྱ་བ་ནི་མི་དམིགས་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ། བུད་མེད་ཀྱི་མཚན་མའམ། སྐྱེས་པའི་མཚན་མའམ། གཟུགས་ཀྱི་མཚན་མའམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་མཚན་མའམ། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་པའམ། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་མཚན་མའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་མཚན་མའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་མ་ལ་སྤྱོད་སྤྱོད་པ་ཡིན་གྱི། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། འཁོར་ལོས་སྒྱུར་བ་ལ་མངོན་པར་དགའོ། །གཟུགས་ལ་མངོན་པར་དགའོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་མངོན་པར་དགའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་དགའོ། །དེ་ལྟ་བས་ན་དེ་དག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྨོན་ལམ་གྱི་ཉེས་པ་དེ་དག་མེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་དང་ལྡན་ལ། ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང༌། བྱམས་པ་ཆེན་
པོ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཤིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང༌། ནང་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང༌། འཕགས་པའི་བདེན་པ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྤྱོད་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་ལ་སྤྱོད་པ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱོད་པ་དང༌། འདྲིས་པར་བྱེད་ཅིང་དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་འདུ་བྱ་བ་མེད་པར་ལྟུང་བའམ། ཁམས་གསུམ་པ་དང་ལྷན་ཅིག་གནས་པའི་གནས་མེད་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཡིན་ནོ།། །།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་སྤྱད་དེ་ཡོངས་སུ་འདྲིས་པར་བྱས་ནས། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་གང་རྟོགས་པས་རྒྱུན་དུ་ཞུགས་པའི་
འབྲས་བུ་ཐོབ་པར་འགྱུར་བ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མི་བྱེད་ཅིང༌། ཡང་དག་པའི་མཐའ་མངོན་དུ་མེད་བྱེད་པ་ཡིན་ནོ། །ཇི་ལྟར་ན་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང༌། དངོས་པོ་མེད་པ་མངོན་དུ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྒོམ་པ་ཡིན་ཞེས་དྲི་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་དག་གིས་འདི་སྐད་དུ་དྲིས་པ་ན། འདི་སྐད་དུ་ཁྱེད་ཀྱིས་སྟོང་པ་ཉིད་ཁོ་ན་ཡིད་ལ་བྱ། ཁྱེད་ཀྱི་མཚན་མ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་སྨོན་པ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་སྐྱེ་བ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་འགག་པ་མེད་པ་ཉིད་ཡིད་ལ་བྱ། ཁྱེད་ཀྱིས་དངོས་པོ་མེད་པ་ཉིད་ཡིད་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མི་གཏང་བར་བྱའོ་ཞེས་ལུང་སྟོན་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དེ་སྐད་དུ་དྲིས་ན་འདི་སྐད་ཁྱེད་ཀྱིས་སྟོང་པ་ཉིད་ལ་ཡོངས་སུ་འདྲེས་པར་མི་བྱའོ། །ཁྱེད་ཀྱི་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང། དངོས་པོ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱ་སྟེ། ཁྱེད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཀུན་ཏུ་དམིགས་པར་ཡང་མི་བྱའོ་ཞེས་ལུང་སྟོན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མི་བརྗོད་ཅིང་ལུང་མི་སྟོན་ལ། རབ་ཏུ་མི་འབྱེད་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་མི་བརྗོད་པ་དང༌། ལུང་མི་སྟོན་པ་དང༌། རབ་ཏུ་མི་འབྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཡོངས་སུ་འདྲིས་པར་བྱས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པས་བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ཡིན་ནོ།། །།གསོལ་པ། བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་པའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང༌། མ་ཐོས་ཀྱང་རུང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བ་བཞིན་དུ་ལན་ལྡོན་པའོ། །གསོལ་པ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱངས་པའི་སའམ། ཡོངས་སུ་སྦྱངས་པ་མ་ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་ལྡོན་ཏེ། གང་རྣམ་པ་ལྟར་ལན་ལྡོན་པ་དེ་དག་ནི་དགེ་བའི་རྩ་བ་འབར་བ་བསྐྱེད་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་
མི་འཕྲོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཚད་མེད་པ་ལ་ཐབས་མཁས་པ་ཡིན་ཏེ། འདི་དག་གིས་ནི་ཐབས་ལ་མཁས་པ་གསུངས་སོ། །དེ་ལྟར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། མངོན་པར་རྟོགས་པ་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་ལས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་པ་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཞི་པའོ།། །།