སྐབས་བརྒྱད་པའི་འགྲེལ་བཤད།
དེ་ལྟར་སྐབས་བདུན་པོ་དེ་དག་གི་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་སྐབས་པ་འབྲས་བུའི་འབྲས་བུའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ནི་ངོ་བོ་ཉིད་དང༌། ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་རྣམས་སོ། །ཁ་ཅིག་ན་རེ་སློབ་དཔོན་གྱི་ཞལ་སྔ་ནས་ནི་གཞུང་གཞན་དུ་སྐུ་གསུམ་དུ་བསྟན་པས་དེ་ལྟར་བཞེད་མོད་ཀྱི། །འདི་ནི་མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི། །གདམས་ངག་གཙོ་བོར་མཛད་པས་ན། །དེ་ཡི་བཞེད་པ་བཀོད་པའོ། །ཞེས་ཟེར་ཏེ། འོག་ནས་སྐུའི་གྲངས་ངེས་པར་ཐ་དད་པ་བསྟན་པའི་ལུགས་གང་ཡང་སུན་མ་ཕྱུང་བས་ན། དེ་ལྟར་ངེས་པ་ནི་ཅི་ཡང་མེད་དེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་སྐུ་དུར་བཞག་ཀྱང༌། ཉེས་པ་མེད་པར་བཞེད་པར་གསལ་ལོ། །དང་པོ་ཞེས་བྱ་བ་ནི་གྲངས་ཀྱི་དང་པོའམ། ཡང་ན་མཆོག་གི་དོན་གྱི་དངོས་པོ་སྟེ། སྔར་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བའི་
བདག་ཉིད་བསྟན་པའི་སྐབས་སུ་བསྟན་པའི་ཚུལ་གྱིས་སོ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་འདི་ནི་ངོ་བོ་ཉིད་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་གཞི་མཐུན་པའི་བསྡུ་བའོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་དེ་འདིར་ངོ་བོ་ཉིད་ཅེས་བྱའོ། །ཆོས་ཅན་ཁྱད་པར་ཅན་རྣམས་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་དག་གི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་ནི་དོན་དམ་པའི་བདེན་པ་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། དེའི་ཕྱིར་དེ་བཞིན་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་དབང་གིས་རྣམ་པར་གཞག་པ་མ་ཡིན་པ་གཞན་གྱིས་ནི་ཅུང་ཟད་ཀྱང་རྣམ་པར་གཞག་པ་ནུས་པ་མ་ཡིན་ལ། །ཆོས་ཅན་དང༌། དེའི་ཆོས་ཉིད་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའོ་ཞེས་སྔར་བསྟན་ཏོ། །དེ་དག་གི་རང་བཞིན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དེ་དག་གི་རང་བཞིན་ནི་ངོ་བོ་ཉིད་དེ་ཞེས་བྱ་བའོ། །མཚན་ཉིད་ཅན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་འདི་ཡིན་ཏེ་ཞེས་བྱ་སྟེ། མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་དེའི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ལ་བློས་ཐ་དད་པར་གཟུང་བའི་ངོ་བོ་ཉིད་ལ་བྱ་བའི་ཕྱིར་ལ་འདིར་ནི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྐྱེ་བ་མེད་པ་ཉིད་ལ་འདོད་དེ། དེས་ན་རང་བཞིན་དང་དེའི་མཚན་ཉིད་སྐྱེ་བ་མེད་པ་སྟེ། དེ་ལས་གཞན་མ་ཡིན་པ་བློས་མཚོན་པར་བྱ་བ་དང༌། མཚོན་པར་བྱེད་པ་ཙམ་དུ་བཏགས་པའོ། །བཅོས་མ་མ་ཡིན་པའི་དོན་གྱིས་ཞེས་བྱ་བ་ལ། ངོ་བོ་ཉིད་དང་ལྷན་ཅིག་སྐྱེས་པ་དང༌། མ་བཅོས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་གྱི་སུས་ཀྱང་བྱས་པ་མ་ཡིན་པས་ཞེས་བསྟན་ཏེ། གསུམ་པ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་གཞག་པའི་ཤེས་པ་སེམས་རྒྱུ་བ་མེད་པ་ནི་དེ་ཐོབ་པ་སྟེ་དེ་དང་
དབྱེར་མེད་པར་འགྱུར་བའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ཡང་དེའི་འཕེན་པ་དང་མ་བྲལ་བས་ན་ཐོབ་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ཉིད་བསྟན་པ་ནི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ནོ་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་རྣམས་སོ། །དེ་ཉིད་དོན་དམ་པར་མེད་དུ་ཟིན་ཀྱང་ཀུན་རྫོབ་ཙམ་དུ་དོན་བྱེད་པ་མི་འདོར་བས་ན་སྒྱུར་མ་ལྟ་བུས་ཞེས་བྱ་བ་སྨོས་སོ། །ཆོས་ཐད་ཅད་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པས་སོ། །ཐོབ་པ་ནི་སྔ་མ་བཞིན་ནོ། །གཞན་ཡང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པ་ནི། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པས་བྲལ་བའི་སྒོ་ནས་ཐོབ་པ་རྣམ་པར་དེས་པར་བཞག་སྟེ། ནད་མེད་པ་ཐོབ་པ་ལྟ་བུའི་དཔེས་སོ། །ཆོས་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཐོབ་པར་རྣམ་པར་གཞག་པ་སྟེ། འདི་ནི་དེ་ཙམ་གྱི་ངེས་པར་གཞག་པར་བྱ་བ་ལས་རྣམ་པ་གཞན་དུ་མི་ནུས་པས་སོ། །འདི་རྣལ་འབྱོར་གྱི་མངོན་སུམ་དུ་བསྒྲུབ་པའི་ཚུལ་ཡང་དེ་ཉིད་ཡིན་པར་ཟད་དོ། །ཆོས་ཅན་ཀུན་རྫོབ་མཁྱེན་པ་རྣམས་ནི་རང་རིག་པའི་མངོན་སུམ་གྱིས་རྣམ་པར་གཞག་གོ །དེ་ཉིད་ཀྱང་རྗེས་སུ་དཔག་པ་དང་ད་ལྟར་བས་རྣམ་པར་གཞག་ཅིང་དེ་ཡང་ད་ལྟར་བའི་མངོན་སུམ་ལས་འབྲེལ་པ་ཐོབ་པའོ། །དེ་དག་གི་རིམ་པར་འབྲེལ་བ་ནི་རྒྱུ་རྣམས་བྱ་བ་བྱེད་པའི་རིགས་པ་ཉིད་ཡིན་པའི་ཕྱིར་དང༌། འབྲས་བུ་རྣམས་ལྟོས་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིགས་པས་སེལ་བར་བྱེད་དེ། དེས་ན་སངས་རྒྱས་ཀྱི་ས་ལ་ངེས་པར་འབྱེད་པའི་ཚུལ་ནི་རིགས་པ་བཞི་ཆར་གྱིས་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་སོ། །གཞན་དག་ནི་འདི་ནི་ལུང་གིས་བསྒྲུབ་པ་ཡིན་གྱི་རིགས་པའི་ལམ་གྱིས་བསྒྲུབ་པར་མི་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ཀྱང་ལེགས་པར་སྨྲས་སོ། །ཁ་ཅིག་ནི་དེ་མི་འདོད་དེ། ལུང་ནི་རྗེས་སུ་དཔག་པའི་ཚད་མར་འདུས་པའི་ཕྱིར་ལུང་འབའ་ཞིག་གིས་ཇི་ལྟར་ཆོགས་
མེད་པར་འཇུག་པར་བྱ་ཞེས་ཟེར་རོ། །ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལས་ཐོབ་པའི་སྣང་བ་ཉིད་ཡིན་གྱི་གཙུག་ལག་ཁ་ཅིག་ལ་བྱིས་པ་རྣམས་ཀྱི་ཐུན་མོང་གི་ཐ་སྙད་ལ་བསྟན་པ་ནི་འདིར་མི་བཟུང་ངོ༌། །སྣང་བ་ཞེས་བྱ་བ་ནི་སྣང་བ་ཙམ་ཡིན་གྱི་དེ་དག་དངོས་པོར་གྲུབ་པའི་མཐུ་ཅན་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོའི་ཞེས་སྨོས་ཏེ། ཀུན་རྫོབ་ནི་དངོས་པོ་ཉིད་དུ་གཞག་པ་མེད་དོ་ཞེས་སྔར་བསྟན་པའི་ཚུལ་གྱིས་ཏེ། དངོས་པོ་ཞེས་བྱ་བ་ཡང་རིགས་པ་དང་ལྡན་པར་དོན་བྱེད་པར་ནུས་པའི་རང་བཞིན་ཡིན་ན། གང་དག་ཀུན་རྫོབ་པ་དེ་དག་ནི་རིགས་པའི་སྦུངས་མི་བཟོད་པས་ན་དེ་ལྟར་ག་ལ་ཞིག་འགྱུར། དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་འཁྲུལ་པའི་དྲི་མ་མཐའ་དག་མ་ལུས་པར་སྤངས་པ་ལས་ལུས་དང་ངག་གི་བཀོད་པ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བསྡུས་པ་ཇི་སྙེད་ཅིག་སྣང་བ་དེ་དག་ནི་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད་གདུལ་བྱ་རྣམས་ལ་རང་རང་གི་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཉིད་དུ་སྣང་བའོ། །གདུལ་བྱ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་རྣམས་ནི་དང་པོ་སྟེ་དེ་དག་ལ་ནི་ཆོས་ཀྱི་སྐུ་གཉིས་པ་ཕན་ཚུན་དུ་སྣང་ངོ༌། །དོན་དམ་པའི་སྐུ་དང་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡང་ཡུལ་མ་ཡིན་ཏེ། དེ་ནི་ཡུལ་གྱི་རང་བཞིན་གང་དུ་ཡང་མ་གྱུར་པས་སོ། །ཆོས་ཀྱི་སྐུ་སྟེ་གཉིས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་དག་ལ་ལྷུན་གྱིས་གྲུབ་པར་སྣང་སྟེ། དེ་ལ་ཡང་ཐ་དད་པའི་རྟོག་པ་མི་འབྱུང་བའོ། །གདུལ་བྱ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་འབའ་ཞིག་ལ་དེར་སྣང་ངོ༌། །གཞན་དག་ནི་ས་བརྒྱད་པ་ནས་བཟུང་སྟེ། དེ་སྣང་བར་སྨྲ་ལ། ཡང་གཞན་དག་ནི་སྨོན་ལམ་དང་བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་ཡང་སྣང་མོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཆ་ལུགས་ལ་མངོན་པར་ཞེན་པའི་རིགས་ཅན་དེ་དག་འབའ་ཞིག་ལ་སྣང་བར་མི་འགྱུར་ཏེ། དེའི་ཕྱིར་འཕགས་
པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས། དེའི་འཁོར་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་མིའམ་ཅི་ལ་སོགས་པ་བསྟན་པ་མཛད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་དེ་དག་གིས་ནི་སྤྲུལ་པའི་སྐུ་ཉིད་ལ་ལོངས་སྤྱོད་རྫོགས་པའོ་ཞེས་མཐོང་བ་བརྩན་པར་བྱས་པའོ། །གདུལ་བྱ་དམན་པ་ནི་ཉན་ཐོས་ལ་སོགས་པ་སྟེ། དེ་དག་གི་ཡུལ་དུ་ནི་སྤྲུལ་པའི་སྐུ་འབའ་ཞིག་སྣང་ངོ༌། །སོགས་པ་ཞེས་བྱ་བ་ནི་མ་ངེས་པ་འབྲས་བུ་གང་ལ་ཡང་མ་ཞུགས་པ་དག་ལའོ། །དེ་ཡང་དྲོ་བར་གྱུར་པ་ཐོང་བ་ན་ནི་སྤྲུལ་པའི་སྐུ་རྟག་པར་མཐོང་བ་སྟེ། སངས་རྒྱས་ལ་སོགས་པ་མཐོང་བ་དང་ཞེས་བསྟན་པས་སོ། །དྲོད་ལ་སོགས་པ་མ་ཐོབ་ཀྱང་དེ་ལན་འགའ་ཞིག་མཐོང་བ་ནི་མི་དགག་གོ །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་ཆོས་ཅན་ཐམས་ཅད་མཐོང་བ་ལས་ངོ་བོ་ཉིད་ཀྱི་སྐུ་མཐོང་བར་མོས་པར་བྱེད་དེ། དེར་སྣང་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་བསྟན་པས་སོ། །ཐ་མི་དད་ཀྱང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱི་དབང་དུ་བྱས་ཏེའོ། །ཐ་དད་པར་རྣམ་པར་གཞག་གོ་ཞེས་བྱ་བ་ནི་དེའི་མཐུའི་བྱེ་བྲག་གིས་ཐ་དད་པ་ལྟར་སྣང་བའི་དབང་གིས་སོ། །དེའི་ཕྱིར་བྱིས་པ་རྣམས་ལ་འགལ་བར་སྣང་བ་ཇི་སྙེད་ཅིག་འགལ་བ་ལྟར་བུར་གནས་ཀྱང་འགལ་བ་མེད་པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཕྱིར་སུན་དབྱུང་བར་ནུས་པ་མ་ཡིན་པས། གང་དུ་ཡང་བདེན་པ་གཉིས་ཕན་ཚུན་འགལ་བས་གཅིག་གིས་གཅིག་སུན་དབྱུང་བར་ནི་མི་བྱའོ། །རང་གི་རྟོག་པས་གཉི་ག་ལས་འགལ་བར་མི་བྱའོ། །དེའི་ཕྱིར་འདིར་བྱིས་པའི་གནས་སྐབས་ན་ནི་ཡོངས་སུ་མ་དག་པའི་ཆོས་ཀྱི་དབྱིངས་དེ་སྣ་ཚོགས་སུ་རྣམ་པར་རྟོག་པ་ལ་མེད་བཞིན་དུ་སྣང་ལ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་ནི་ཡོངས་སུ་དག་པའི་དེ་བཞིན་ཉིད་དེ་ཉིད་སྣ་ཚོགས་སུ་སྣང་བའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མེད་དངོས་པོ་ཡོད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །
སྤྲོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་པའི་ཁྱབ་པ་ཅ་ཅན་དེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟོད་པ་མཛད་དེ། གཞན་ལས་ཀྱང་འདིའི་མཚན་ཉིད་བསྟན་པ། གསང་བ་པའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོགས་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་བསྒྲུབ་ཅེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང༌། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ་འདི་ལ་ནི་དོགས་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང༌། །ཐམ་ཅད་ངེས་པ་ཉིད་དུ་སྒྲུབ། །ཅེས་གསུངས་སོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ནི་སྐུ་བཞིར་གཞག་པའི་ཚེ་ན། ཆོས་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། སྔར་ཇི་སྐད་དུ་བསྟན་པའི་ངོ་བོ་ཉིད་ཀྱི་ཆོས་ཅན་ནི་འདི་མིན་པའི་ཕྱིར་རོ། །གང་གི་ཚེ་སྐུ་གསུམ་དུ་བསྟན་པ་དེའི་ཚེ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བསྡུས་པ་ལ་བཏགས་པ་སྟེ། ཆོ་ཉིད་ནི་ཆོས་ཅན་ལས་ཐ་དད་པར་བཞག་པར་མི་ནུ་པས་སོ། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་སྔར་བསྟན་པ་ཉིད་དོ། །དེ་ནི་སྤྲོས་པ་མེད་པ་ཡང་རྣམ་པ་དུ་མར་གནས་པར་བསྟན་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ངོ་བོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་པོ་རྣམས་སོ། །གལ་ཏེ་དེ་ལྟར་རྣམ་པ་དེ་སྙེད་ཅིག་ཡོད་ན་ཇི་ལྟར་ན་སྤྲོས་པ་མེད་པའི་ཡེ་ཤེས་ཞེས་བྱ་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཟག་པ་ཞེས་བྱ་བ་ཡང་ཁ་ཅིག་ཏུ་ནི་ཉོན་མོངས་པ་ལ་བྱ་བར་ཡང་མཐོང་སྟེ། ཟག་པ་ཟད་པ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་འདིར་བཟུང་སྟེ། ཉོན་མོངས་པ་ཆེད་དུ་མ་སྤངས་པ་བག་ལ་ཉལ་བའི་ཚུལ་ལྟ་བུར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པ་ཅུང་
ཟད་པ་དེ་སངས་རྒྱས་ཀྱི་ས་ལ་ཟད་པར་བྱས་པས་སོ། །ཁ་ཅིག་ཏུ་ནི་ཟག་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་བྱ་བར་མཐོང་སྟེ། ཟག་པའི་དབང་གིས་དེའི་ཉོན་མོངས་པ་རྣམས་སྐྱེ་བ་ནི་ཞེས་བསྟན་པ་ལྟ་བུའོ། །འདིར་ནི་ཕྱོགས་ཕྱི་མ་འདི་གཙོ་བོར་བཟུང་སྟེ། རྣམ་པ་དེ་སྙེད་དུ་ཟིན་ཀྱང་དེ་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས་ན་ཟག་པ་མེད་པའོ། །ཡང་ན་བསྐལ་པ་གྲངས་མེད་པ་དུ་མ་ཞིག་གི་བར་དུ་དངོས་པོ་རྣམས་ལ་དོན་དམ་པར་འཛིན་པས་བདེན་པར་འཛིན་པ་སྤང་བ་ལ་རབ་ཏུ་གོམས་པར་འཛད་པས་སྣང་བ་རྣམས་སྒྱུ་མ་ཙམ་དུ་ཡོངས་སུ་མཁྱེན་པའི་ཕྱིར་སྒྱུ་མ་ལྟ་བུའི་རྣམ་པར་རྟོག་པ་མངའ་ཡང་འདི་ལ་ཉེས་པ་མེད་དེ། དོན་འདི་ཉིད་ཐུགས་ལ་བཞག་ནས། སེམས་ཅན་ གྱི་ནི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བ་ན། །དེ་ཡིས་ཀུན ་མཁྱེན་རྩོམ་བ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད། །ཅེས་བསྟན་ཅིང་ཡང༌། བདེན་པར་འཛིན་པའི་དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རང་བྱུང་དེ་ལོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་རང་གི་རྣམ་པར་རྟོག་པ་བདེན་པར་འཛིན་པ་ཉིད་བཅོམ་པ་ལ་གཅིག་ཏུ་འབད་པར་བྱའི། སྒྱུ་མ་ལ་སོགས་པ་ལྟར་གནས་པའི་ཐ་སྙད་རྣམས་ཀྱིས་ནི་ཤིན་ཏུ་འཇིགས་པར་མི་བྱ་སྟེ། དོན་འདི་ལས་དགོངས་ནས་འཕགས་པ་ལང་ཀར་གཤེགས་པ་ལས། འཆིང་བའི་རྒྱུ་ནི་ཡུལ་མ་ཡིན། །ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་རིམ་པ་བཞིན་དུ་སྐུ་རིང་བསྲེལ་དུ་བཤིག་པ་ན་མི་དགྱེས་པ་མི་མངའ་བ་དང༌། ཚོར་བ་ཐམས་ཅད་ཀྱིས་མི་འཕྲོས་པ་དང༌། ཐུགས་ཡུལ་རྣམས་ལ་མི་རྒྱུ་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ལས་མི་འདའ་བའི་ཕྲིན་ལས་རྣམ་མཛད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ནི་དགེ་བའི་ཆོས་རྣམས་ལས་མི་ཉམས་པ་དང༌། དེའི་མི་མཐུན་པའི་ཕྱོགས་དག་གིས་ཉིད་ཀྱི་རྒྱུད་ལ་ཡོངས་སུ་མི་གོས་པའི་ཕྲིན་ལས་འཛད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ནི་མི་སྟེགས་ཀྱི་གཙོ་བོ་རྣམས་གདུལ་བ་ལ་སོགས་པའི་རྒོལ་བ་ཚར་གཅད་པ་དང་གཞན་འདུན་པར་མཛད་དོ། །དབང་པོ་རྣམས་ཀྱིས་ནི་དགེ་བ་
རྣམས་ལ་བཞེད་པ་བཞིན་སྦྱོར་བ་ལ་ཐོགས་པ་མེད་པར་མཛད་དོ། །སྟོབས་རྣམས་ཀྱིས་ནི་དགེ་བ་རྣམས་ལ་སྦྱོར་བ་དང༌། ནང་དུ་ཡང་དག་པར་འཇོག་པ་ལ་སོགས་པ་དག་ལ་བར་ཆད་ཀྱི་ཆོས་གང་གིས་ཀྱང་བརྫི་བར་མི་ནུས་པར་མཛད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ནི་མངོན་པར་བྱང་ཆུབ་པ་མཛད་པ་ལ་ཉིད་ཀྱི་རྒྱུད་གཞན་དུ་ཐབས་ཀྱིས་གྲོགས་བཙལ་བ་ལ་རག་ལུས་པ་མེད་ཅིང་རང་བྱུང་གི་ཡེ་ཤེས་བརྙེས་པར་མཛད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱིས་ནི་མ་འདྲེས་པའི་ལམ་ལ་བརྟེན་པས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་ལ་སོགས་པའི་སློབ་མའི་རིམ་པས་བྱང་ཆུབ་པར་གྱུར་པ་མ་ཡིན་གྱི་རང་གི་ལུགས་ཀྱི་ལམ་བཟང་པོ་ལ་བརྟེན་དགོས་པའི་ཕྲིན་ལས་མཛད་དོ། །འདི་དག་ནི་མདོར་བསྡུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ལས་བརྗོད་པ་སྟེ། རྒྱས་པར་སོ་སོའི་ལས་རེ་རེར་ཅི་རིགས་སུ་སྦྱར་ཏེ། རྒྱས་པར་ནི་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཤེས་པར་བྱའོ། །ཚད་མེད་པ་རྣམས་ཀྱིས་ནི་འགྲོ་བ་ལ་ཐུགས་བརྩེ་བ་ལ་ཞུགས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །མི་མཐུན་པའི་ཕྱོགས་ཀྱང་སྤོང་ངོ༌། །འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་ཡོངས་སུ་མི་སྐྱོ་བའོ། །རྣམ་པར་ཐར་པ་རྣམས་ལས་དང་པོ་གཉིས་ཀྱིས་ནི་སྤྲུལ་པའི་ལས་མངོན་པར་གྲུབ་པར་བྱེད་ཅིང༌། གསུམ་པས་ནི་སྡུག་པར་སྤྲུལ་ནས་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་བྱེད་དེ། ལྷག་མ་བཞིས་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐ་མས་ནི་མོས་པའི་དབང་གིས་འཕགས་པའི་གནས་པ་དམ་པ་ཤིན་ཏུ་ཞི་བར་གནས་པས་གནས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ནི་དང་པོ་བཞིས་ནི་འདོད་པའི་ཁམས་ཀྱི་བདེ་བ་རྣམས་ལ་མ་ཆགས་པས་ཤིང་འཛམ་བུའི་གྲིབ་མ་ལ་བརྟེན་པས་ལྷ་རྣམ་འདུལ་བ་དང། བཙུན་མོའི་འཁོར་བསྟེན་ཀྱང་འདོད་པའི་བདེ་བས་མ་གོས་པར་སྟོན་ཅིང་འབྲས་སཱ་ལུའི་ཆན་དང་སྨན་མར་དགེ་བ་ཆེན་པོ་ལ་སོགས་པ་གསོལ་ཡང༌། ཁམས་ཀྱི་ཟས་ལ་ཆགས་པ་མེད་པར་མཛད་དོ། །ལྷག་མ་བཞིས་ནི་གཟུགས་མེད་པར་སྐྱེས་པའི་ལྷའི་བུ་རྣམས་སྐལ་བ་མཉམ་ཞིང་
རིགས་མཐུན་པའི་ཚུལ་གྱིས་འདུལ་ཏེ། དེ་ནས་གཟུགས་མེད་པའི་ལྷའི་བུ་དེ་དག་མེ་ཏོག་སྣ་ཚོགས་ལག་ན་ཐོགས་ཏེ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་དེ་དང་དེ་ལས་བསྟན་པ་ལྟ་བུའོ། །ཐ་མས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ལས་ཁྱད་པར་དུ་སྟོན་ཏེ། དེ་དག་ནི་ཞག་བདུན་དུ་ཡང་གནས་པའི་མཐུ་མེད་ལ། བཅོམ་ལྡན་འདས་ནི་བཞེད་ན་བསྐལ་པའི་བར་དུ་འང་དེ་ལ་གནས་པས་སོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཟད་པ་རྒྱས་པར་མཛད་པའི་ཆེད་དུ་རྣམ་པར་ཐར་པའི་དམིགས་པ་ཡོངས་སུ་བསྒྲུབ་པར་མཛད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དམིགས་པ་ཐ་དད་པར་རྟོགས་པ་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་གསུམ་པོ་རྣམས་དམིགས་པ་ལ་དབང་སྒྱུར་བར་མཛད་དོ། །ཉོན་མོངས་པ་མེད་པས་ནི་བཀའ་ལུང་གཟུང་བར་བྱ་བར་མཛད་དོ། །སྨོན་གནས་མཁྱེན་པས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་ལུང་སྟོན་པས་གཞན་ལ་ཕན་འདོགས་པ་དང༌། །རྒྱུ་མཚན་དེས་འཇིག་རྟེན་ན་མང་པོས་བཀུར་བར་བྱ་བར་འགྱུར་རོ། མངོན་པར་ཤེས་པ་རྣམས་ཀྱིས་ནི་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཤེས་བྱ་མཁྱེན་པར་བྱ་བ་ལ་ཐོགས་པ་མེད་ཅིང་དེ་ཡང་ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་ཀྱང་འདུན་པར་འཛད་དོ། །སེམས་ཀྱིས་ཀུན་ཏུ་བརྗོད་པས་ཀྱང་འདུན་པར་མཛད་དོ། །བསྟན་པས་སེམས་ཅན་རྣམས་ཚིམ་པར་མཛད་དོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་དང་འོང་བ་དང་འགྲོ་བ་མཁྱེན་ནས་སེམས་ཅན་རྣམས་ངེས་པར་འབྱུང་བ་ལ་ཇི་ལྟར་བར་འདོམས་པ་སྟེ། དེས་ཀྱང་གདུལ་བྱ་མྱུར་དུ་གྲོལ་བར་མཛད་དོ། །སོ་སོ་ཡང་ད་པར་རིག་པ་རྣམས་ཀྱིས་ནི་ཆོས་བསྟན་པ་ཐོགས་པ་མེད་པ་རྣམ་པ་སྣ་ཚོགས་པས་གདུལ་བྱ་རྣམས་ཀྱི་སེམས་ཚིམ་པར་མཛད་དེ། ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས་ཀུན་ཏུ་ཡོངས་དག་ལྡན། །ཞེས་གསུངས་པས་སོ། །ཡོངས་སུ་དག་པ་རྣམས་ཀྱིས་ནི་སྲིད་པ་རྣམས་ཀྱིས་ནི་སྲིད་པ་རྣམས་སུ་ཀྱེ་བ་བསམས་བཞིན་དུ་
འཛིན་ཅིང་བཞེད་པར་གྱུར་ན་བསྐལ་པ་མང་པོར་བཞུགས་ཏེ། ཇི་སྐད་དུ་འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་བཞེད་ན་དེ་ཚེའི་འདུ་བྱེད་གཏོང་ངོ༌། །ཡང་ཆོས་ལ་མངའ་བསྒྱུར་ཞིང་ཏིང་ངེ་འཛིན་ལ་མངའ་བསྒྱུར་ཏེ་དམ་པའི་ཆོས་ཀྱང་རབ་ཏུ་འཛིན་ཏོ། །དབང་རྣམས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་སྟོན་པའི་འབྲས་བུའི་ཆེ་བ་གཞན་ལས་སོ་སོར་རིག་པར་མཛད་དོ། །དབང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བཟོད་པའི་འབྲས་བུའོ། །དེའི་འོག་མ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བསམ་གཏན་གྱི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །སྟོབས་རྣམས་ཀྱིས་ནི་རྒྱུ་མེད་པར་སྨྲ་བ་དང༌། མི་མཐུན་པའི་རྒྱུར་སྨྲ་བ་དང༌། རང་གིས་བྱས་པ་མ་ཡིན་པ་དང༌། ཆད་པར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོ་པའི་ལམ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང༌། བསྟན་པ་བཞག་པའི་སྣོད་དང༌། བསམ་པ་དང༌། བག་ལ་ཉལ་དང༌། དམིགས་པ་དང༌། ཚོགས་དང༌། འོས་སུ་འགྱུར་བ་དང༌། ངེས་པར་འབྱུང་བ་ཡང་དག་པར་རྗེས་སུ་རྟོགས་ནས་ངེས་པར་ལེགས་པའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཐམས་ཅད་དུ་ཞུ་བ་ཞུས་པ་ཡང་ལུང་སྟོན་ཏོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་ཡང་དག་པའི་སྟོན་པ་ཡིན་པར་རབ་ཏུ་འཇོག་པ་དང༌། མུ་སྟེགས་ཅན་གཞན་རྒོལ་བ་རྣམས་ཚར་གཅོད་པར་མཛད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་སློབ་མའི་ཚོགས་ལ་རྟག་ཏུ་གདམས་པར་མཛད་དོ། །ཡང་དག་པར་རྗེས་སུ་ཡང་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་ནི་མངའ་བར་ཚོགས་ཡོངས་སུ་སྡུད་དོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་ཡལ་བར་མི་འདོར་ཏེ། རྒྱ་མཚོ་ཆུ་སྲིན་ཆེན་པོའི་གནས། །དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལ་ཡོལ་མི་མངའ། །ཞེས་བསྟན་པའི་ཚུལ་གྱིས་སོ། །བག་ཆགས་ཡང་དག་པར་
བཅོམ་པས་ནི་ཉོན་མོངས་པ་མི་མངའ་བས་ན་ཉོན་མོངས་པ་ལྟ་བུའི་སྤྱོད་པ་ནི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ནི་ལྷུན་གྱིས་གྲུབ་པས་རྟག་ཏུ་ཡེ་ཤེས་ཀྱི་སྣང་བས་འཇིག་རྟེན་ལ་གཟིགས་ཏེ། སྐད་ཅིག་ཙམ་ཡང་མི་གཟིགས་པར་མི་འགྱུར་རོ། །གཞན་དག་ནི་འདི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཡིན་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟག་ཏུ་གཟིགས་པ་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལྟར་བཤད་ན་མདོའི་དོན་དང་ཡང་མཐུན་ལ། མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང༌། རྙེད་པ་དང༌། གཤེགས་པ་དང༌། བཞུགས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་ཅིང་ཆོས་ཀྱི་ཚུལ་ཡང་ཡིན་རིང་དུ་འཇོག་སྟེ། དེས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ནོ་ཞེས་བྱ་བ་ནི། སྔར་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་ཡོན་ཏན་དང༌། རང་སངས་རྒྱས་རྣམས་ཀྱི་སྒྲ་མེད་པར་ཆོས་སྟོན་པ་ལ་སོགས་པ་ཡོན་ཏན་དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་མངའ་སྟེ། སྔར་དགེ་སློང་དག་ང་ལན་སྟོང་དུ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་བསྟན་པས་སོ། །དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པ་ན་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྣམ་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་དག་གི་ལས་ཀྱང་སངས་རྒྱས་མི་འབྱུང་བའི་དུས་སུ་གདུལ་བྱ་སྨིན་པར་མཛད་པ་དང༌། ཐེག་པ་དམན་པ་ལ་དད་པ་དག་ཉན་ཐོས་སུ་ལུང་སྟོན་པ་ལ་སོགས་པས་ཐེག་པ་ཆེན་པོ་ལ་འཇུག་པར་མཛད་དོ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། །དེ་དག་ནི་ཆོས་དེ་དག་གི་ཕྲིན་ལས་སོ་སོ་བའོ། །ཆོས་དེ་དག་གི་རང་གི་ངོ་བོ་རྣམས་ནི་མདོའི་ཚིག་གིས་གོ་བར་ནུས་ཏེ། ཆུང་ཟད་དུ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དང་པོ་སེམས་ཡོངས་སུ་སྦྱོང་བར་རྩོམ་བར་
བྱེད་ཅིང། དེ་ནས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་ལེགས་པར་སྦྱོང་བར་བྱེད་ལ། དེའི་རྗེས་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་དེ་ཡོངས་སུ་གྲུབ་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་སྔར་རྣམ་པའི་སྐབས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་གཙོ་བོ་རྣམ་པར་ཐར་པ་བརྒྱད་སྨོས་པས་ལྷག་མ་རྣམས་བསྡུས་པར་ཤེས་པར་བྱའོ། །དབང་རྣམ་པ་བཅུའི་དབང་དུ་བྱས་ཏེ། བསྐལ་པ་བརྗོད་དུ་མེད་པར་ཚེའི་ཚད་བྱིན་གྱིས་བརླབས་པས་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོག་པར་འཇོག་ཅིང་ཡེ་ཤེས་ཀྱི་འཇུག་པའི་ཚུལ་གྱིས་སེམས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་རྣམ་པར་དབྱེ་བ་དུ་མས་བརྒྱན་པར་བྱིན་གྱི་རླབས་པ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་དང༌། དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པར་བྱིན་གྱིས་བརླབས་པས་ལས་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བལྟ་བས་མོས་པ་ལ་དབང་བ་དང༌། དུས་དང་ཞིང་གང་དུ་འདོད་པར་མངོན་པར་འཚང་རྒྱ་བས་སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང༌། ཆོས་ཀྱི་སྒོ་སྣང་བ་མཐའ་དང་དབུང་མེད་པར་ཡང་དག་པར་སྟོན་པས་ཆོས་ལ་དབང་བ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་བསྙེངས་པ་སྐད་ཅིག་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས་ཡེ་ཤེས་ལ་དབང་བའོ་ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ་རྣམས་འདིར་བཀོད་པའོ། །ཆོས་ཀྱི་སྐུ་མངོན་པར་བརྗོད་དོ་ཞེས་ཟེར་རོ་ཞེས་བྱ་བའི་མངོན་པར་འདོད་པ་དང་པོ་འདི་ནི་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་གཅིག་ཏུ་འདོད་པས་གཉིས་སུ་མི་དབྱེའོ་ཞེས་སྟོན་པར་བྱེད་པ་སློབ་དཔོན་ཡེ་ཤེས་ཟླ་བ་ལ་སོགས་པའི་གྲུབ་པའི་མཐའོ། །གཞན་དག་ནི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་འདི་ནི་སྔར་སློབ་དཔོན་ཉིད་ཀྱིས་ཇི་ལྟར་བཤད་པ་ཁོ་ན་ཡང་བསྡུས་ནས་བཟླས་པ་སྟེ། མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི་བཞེད་པའོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་
བའི་བསྟན་པ་གསུམ་པ་འདི་ནི་འདི་སྙམ་དུ་གལ་ཏེ་དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་ཡིན་ལ། དེ་དག་ཀྱང་དབྱེར་མེད་ན་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བའི་ངོ་བོ་གྱུར་པས་སེམས་དང༌། སེམས་ལས་བྱུང་བ་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་སྒྱུ་མ་ཙམ་དུ་སྣང་བའི་ངོ་བོས་འགྲོ་བའི་དོན་མཛད་པ་རྣམས་མེད་པར་འགྱུར་ཏེ། དེ་དག་ཡོད་ན་ནི་ཡང་ངོ་བོ་ཉིད་ཀྱི་སྐུ་མེད་པར་འགྱུར་བས་དེའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་མི་བརྗོད་དོ་ཞེས་བསམས་ནས་ཡེ་ཤེས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གསུམ་དུ་འཇོག་ཅིང་དེ་དག་ཐམས་ཅད་ཀྱང་དོན་དམ་པར་མ་སྐྱེས་པར་བརྗོད་ཀྱི། མ་སྐྱེས་པ་དེ་སྐུ་གཅིག་ཏུ་ག་ལ་ཞིག་གཞག་ཅེས་འདོད་པའོ། །ཁ་ཅིག་ན་རེ་སྐུ་གསུམ་ཁོ་ནའོ་ཞེས་ཟེར་རོ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྐུ་ནི་གསུམ་ཁོ་ན་ཞིག་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་དག་ཏུ་འདོད་པས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའི་མིང་གི་རྣམ་གྲངས་སུ་འདོད་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་དེ་ལ་ནི་ཆོས་ཀྱི་དབྱིངས་ལྟར་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ཙམ་ཞིག་ལ་སྔོན་གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་རྣམས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པར་སྣང་བ་སྐྱེས་པ་ཡིན་གྱི། རང་བཞིན་ནི་དེ་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ན་དེའི་སྣང་བ་ལོངས་སྤྱོད་རྫོགས་པ་དང༌། སྐུལ་བ་ཡང་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུའི་ཤུགས་ཀྱིས་སྣང་བས་ན། དངོས་སུ་ནི་ཐུབ་པ་ཆེན་པོ་ལ་ནི་སྐུ་གཅིག་ཏུ་ཟད་པས་ན། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། །ཅེས་གསུངས་སོ་ཞེས་བརྗོད་ཅིང༌། ཚུལ་དེ་ལྟ་བུས་བྱིས་པ་རྣམས་ཀྱི་དབང་དུ་སྐུ་གཅིག་པོ་དེ་ཉིད་སྐུ་གསུམ་དུ་བསྟན་ཏོ་ཞེས་འདོད་པའོ། །ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་
ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་བྱ་བའི་ཚིག་འདི་ནི་དེའི་རིགས་པ་སྟོན་པ་སྟེ། གལ་ཏེ་སྐུ་བཞི་པ་ཡིན་ན་དེའི་ཚེ་ཚིག་ལེའུར་བྱས་པའི་ནང་དུ་ངོ་བོ་ཉིད་ཀྱི་སྐུའི་འོག་ཉིད་དུ་འབྲེལ་པར་ཆོས་ཀྱི་སྐུ་སྨོས་པར་རིགས་སོ་ཞེས་སོ། །དེ་དག་གིས་ནི། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ལ་བཞི་ནི་ཕྲིན་ལས་དང་བཞི་ཞེས་འདོད་པར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྔར་སྐུ་བཞིར་འདོད་པར་སྨྲ་བ་རྣམས་ཀྱི་ལན་བཏབ་པ་སྟེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་སྨོས་པ་ནི། ཚིག་ལེའུར་བྱས་པ་སྦྱར་བའི་ངོར་ནི་ཡེ་ཤེས་ཁོ་ན་དང་མཛད་པར་སྦྱར་བའི་ཕྱིར་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་དེ་སྐད་གསུངས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་སྐུ་གསུམ་དུ་བཞག་པའི་རྒྱུ་མཚན་དུ་མི་རུང་ངོ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །དེ་ལྟར་མཛད་པ་རྣམས་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ཞེས་བཏགས་ཀྱང༌། བསྐལ་པའི་བར་དུ་སྐུ་ཐམས་ཅད་ཀྱིས་བརྒྱུད་པ་དང་དངོས་སུ་མཛད་པས་ན། སྐུ་ཐམས་ཅད་ཀྱི་མཇུག་ཏུ་བསྟན་པར་རིགས་པས་དེ་ལྟར་བསྟན་ལ། མཛད་པ་ཉིད་ཤུ་རྩ་བདུན་པོ་དེ་དག་སྤྲུལ་པའི་སྐུའི་རྗེས་ཁོ་ནར་འབྱུང་བས་དེ་དག་གིས་ནི་སྤྲུལ་པའི་སྐུའི་ཕྲིན་ལས་ཡིན་པ་ལྟ་ཞིག་ཅེས་ཁ་ཅིག་སེམས་པ་ལ། སྔར་ཆོས་ཀྱི་སྐུའི་གདགས་པ་ནི་མ་མཛད་ལ། སྐུ་དེ་ནི་གྲུབ་པའི་མཐའ་ཐམས་ཅད་ལ་གྲགས་པས་འདིར་ཡང་སྟོན་པར་རིགས་པས་དེ་ལྟར་ན་འདི་ནི་དེའི་ལས་ཡིན་ཏེ། དེས་ན་ལས་ཀྱི་བྱེད་པ་པོ་བསྟན་ཏེ་ལས་དང་བྱེད་པ་པོ་ནི་སྐུའི་ཕྲིན་ལས་ཡིན་ཞེས་རྟོགས་པར་བྱ་བའི་ཕྱིར་ཚིག་ལེའུར་བྱས་པའི་ངོ་བོ་ཉིད་ཀྱི་སྐུའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་མ་བཏགས་སོ། །དེ་ལྟར་དེ་ནི་དགོས་པ་ཉེ་བར་སྟོན་པའི་ཤུགས་ཞེས་བྱའོ། །ཡེ་ཤེས་ཁོ་ན་ཞེས་བྱ་བ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཏེ། དེ་དང་མཛད་པ་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་སྦྱར་བ་ནི་བྱེད་པ་པོ་དང་དེའི་ལས་སུ་སྦྱར་རོ། །འོ་ན་ཡེ་ཤེས་རྣམས་སྤྲུལ་པའི་སྐུའི་རྗེས་སུ་ཅིའི་ཕྱིར་མི་བསྟན་ཞེ་ན། དེ་ནི་སྐུ་རྣམས་གཙོ་བོའི་རིམ་གྱིས་བསྟན་པར་རིགས་པའི་ཕྱིར་དང༌། ངོ་བོ་ཉིད་དང་ཡེ་ཤེས་
རྣམས་ཆོས་ཉིད་དང་ཆོས་ཅན་དུ་བསྟན་པའི་འབྲེལ་པ་བསྒྲུབ་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངོན་པར་བྱང་ཆུབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་འབའ་ཞིག་གི་སྣང་པའི་ལམ་དུ་གྱུར་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པ་དང༌། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་སྣང་བའི་ལམ་དུ་གྱུར་པ་སྤྲུལ་པའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པ་དང༌། སྤྲུལ་པའི་སྐུ་སྟེ་སྐུ་ལྔར་འདོད་དོ། །གཞན་དག་ནི་སྤྲུལ་པའི་སྐུ་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད་དོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མཚན་དང་དཔེ་བྱད་བཟང་པོ་འབར་བ་ཞེས་བྱ་བ་ལ་འདི་དག་གིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་ན་མཚན་དེ་འོག་ནས་འཆད་པའི་སུམ་ཅུ་རྩ་གཉིས་སོ། །འདི་དག་གིས་གཞན་གྱི་རྒྱུད་ལ་རྣམ་པར་སྒོ་བར་བྱེད་པས་ན་དཔེ་བྱད་བཟང་པོ་སྟེ། འདིར་ཨ་ནུ་བྱ་ཉྫ་ནའི་སྤྲའི་དོན་ནི་ཕ་རོལ་པོའི་རྒྱུད་ལ་ཐུབ་པ་ཆེན་པོའི་སྐུའི་མཛེས་པ་ཉིད་ཀྱི་རྣམ་པར་བསྒོ་ཞིང་ཞེན་པར་བྱེད་པའི་དོན་ཏེ། དེ་བས་ན་མཚན་དང་དཔེ་བྱད་རྣམས་ཀྱི་ཕྱིན་ལས་ནི་སྐྱེས་བུ་ཆེན་པོར་བྱེད་པ་དང༌། གདུལ་བྱ་རབ་ཏུ་འདུན་པར་བྱེད་པའོ། །དེ་ལ་མཚན་རྣམས་ནི་གཙོ་བོར་གྱུར་པས་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། ཇི་སྐད་དུ་སྨིན་མཚམས་ཀྱི་མཛོད་སྤུ་བ་མོ་དང་དུང་དང་མི་ཏོག་ཀུན་ད་ལྟར་དཀར་བ་ནི་སྦྱིན་པའི་འབྲས་བུའོ། །གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དཔའ་ཞིང་ཟིལ་གྱིས་མི་གནོན་པ་ནི་བཟོད་པའི་འབྲས་བུའོ། །རིང་བར་གནས་པ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །ཤིན་ཏུ་འཁྱིལ་ཞིང་ལེགས་པར་གནས་པ་ནི་བསམ་གཏན་གྱི་འབྲས་བུའོ། །འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་སྟེ་རྒྱས་པར་ནི་འཕགས་པ་བསྐལ་བ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དཔེ་བྱད་རྣམས་ནི་འཁོར་དུ་གྱུར་པས་ན་དེ་ལྟར་བསྟན་པ་མེད་དེ་གཙོ་བོས་བསྡུས་པའི་ཕྱིར་རོ། །ཇི་ལྟར་ན་གཙོ་བོ་དང་འཁོར་དུ་བསྟན་ཞེ་ན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང༌། སེན་
མོའི་མདོག་སྣུམ་པ་དང༌། སེན་མོ་མཐོ་བ་དང༌། སོར་མོ་རྣམས་ཟླུམ་པ་དང༌། སོར་མོ་རྣམས་རྒྱས་པ་དང༌། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ། དཔེ་བྱང་བཟང་པོ་འདི་དྲུག་ནི་མཚན་ཕྱག་གི་སོར་མོ་རིང་བའི་འཁོར་དུ་གྱུར་པའི། །དབུ་གདུགས་ལྟ་བུར་རྒྱས་པ་དང། དབུ་སྐྲ་བུང་བ་ལྟར་གནག་པ་དང༌། དབུ་སྐྲ་སྟུག་པ་དང༌། དབུ་སྐྲ་འཇམ་པ་དང༌། དབུ་སྐྲ་མ་འཛིངས་པ་དང༌། དབུ་སྐྲ་མི་བཤོར་བ་དང༌། དབུ་སྐྲ་དྲི་ཞིམ་པ་སྟེ། འདི་དག་ནི་དབུ་གཙུག་ཏོར་དང་ལྡན་པ་དང༌། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའི་འཁོར་དུ་གྱུར་པའོ། །དཔྲལ་བ་ལེགས་པར་འབྱེས་པ་དང༌། དཔྲལ་བའི་དབྱེས་ཆེ་དང༌། སྨིན་ཚུགས་རིང་བ་དང༌། སྨིན་མ་འཇམ་པ་དང༌། སྨིན་མ་སྣུམ་པ་དང༌། སྨིན་མའི་སྤུ་མཉམ་པ་དང༌། ཤངས་མཐོ་བ་དང༌། ཤངས་གཙང་བ་སྟེ། འདི་དག་ནི་མཛོད་སྤུའི་འཁོར་དུ་གྱུར་པའོ། །སྤྱན་དག་པ་དང༌། སྤྱན་མཛེས་པར་འཛུམ་པ་ལྟ་བུ་དང༌། སྤྱན་ཡངས་པ་དང༌། རྫི་མ་སྟུག་པ་དང༌། སྤྱན་པདྨའི་འདབ་མ་འདྲ་བ་སྟེ། འདི་རྣམས་ནི་སྤྱན་མཐོན་མཐིང་དང༌། སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུའི་འཁོར་དུ་གྱུར་པའོ། །སྙན་མཉམ་པ་དང༌། སྙན་མ་ཉམས་པ་སྟེ། འདི་དག་ནི་འགྲམ་པ་སེང་གེ་ལྟ་བུའི་འཁོར་དུ་གྱུར་པའོ། །ཞལ་ལྷ་ཅང་མི་རིང་བ་དང༌། སྒྲོས་ཤིང་ཐོག་བེམ་པ་ལྟར་དམར་བ་དང༌། ལྗགས་མཉེན་པ་དང༌། ལྗགས་སྲབ་པ་དང༌། ལྗགས་དམར་བ་དང༌། འབྲུག་གི་སྒྲ་ཉིད་དང༌། གསུང་མཉེན་པ་དང༌། གསུང་འཇམ་པ་དང༌། མཆེ་བ་ཟླུམ་པ་དང༌། མཆེ་བ་རྣོ་བ་དང༌། མཆེ་བ་དཀར་བ་དང༌། མཆེ་བ་མཉམ་པ་དང༌། མཆེ་བ་བྱིན་གྱིས་ཕྲ་བ་སྟེ། འདི་རྣམས་ནི་ལྗགས་ཡངས་པ་དང༌། ཚངས་པའི་དབྱངས་དང༌། ཚེམས་དཀར་བ་དང༌། ཚེམས་ཐགས་བཟང་བ་དང༌། ཚེམས་བཞི་བཅུ་མངའ་བ་དང༌། ཚེམས་མཉམ་པ་དང༌། རོ་བྲོ་བའི་མཆོག་བརྙེས་པ་རྣམས་ཀྱི་འཁོར་དུ་གྱུར་པ་སྟེ། ཅི་རིགས་སུ་སྦྱར་རོ། །རྩ་མི་མངོན་པ་དང༌། རྩ་མདུད་བ་མེད་པ་དང༌། ལོང་བུ་མི་མངོན་པ་དག་དང༌། སྐུ་གཞོན་མདོག་ཅན་དང༌། ཕྱག་ཤིང་བལ་ལྟར་འཇམ་པ་དང༌། ཕྱག་གི་རི་མོ་མདངས་ཡོད་པ་དང༌། ཕྱག་གི་རི་མོ་ཟབ་པ་དང༌། ཕྱག་གི་རི་མོ་
རིང་བ་རྣམས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། ཞབས་ལོང་བུ་མི་མངོན་པའི་འཁོར་དུ་གྱུར་པ་སྟེ། དཔེ་བྱད་ཀྱི་ལོང་བུ་མི་མངོན་པ་ནི་ལོང་བུ་ཆུང་ངུར་བཟུང་ལ། མཚན་བཟང་པོའི་ནི་དེ་ཆེན་པོ་བཟུང་ངོ༌། །ཁ་ཅིག་ནི་མཚན་གྱི་ཕྱིའི་ལོང་བུ་སྟེ་དཔེ་བྱད་ཀྱི་ནང་གི་ལོང་བུ་ཞེས་འདོད་དོ། །ཞབས་མཉམ་པ་ནི། ཞབས་རུས་སྦལ་ལྟར་གནས་པའི་འཁོར་དུ་གྱུར་པའོ། །སེང་གེ་དང༌། གླང་པོ་ཆེ་དང༌། དང་པ་དང༌། ཁྱུ་མཆོག་དང༌། གཡས་ཕྱོགས་སུ་དང༌། མཛེས་པར་དང༌། དྲང་པོར་གཤེགས་པ་དང༌། གོམ་པ་སྙོམས་པ་རྣམས་ནི། ཕྱག་དང་ཞབས་ཀྱི་སོར་མི་དྲ་བས་འབྲེལ་པ་དང༌། རྟིང་པ་ཡངས་པ་རྣམས་ཀྱི་འཁོར་དུ་གྱུར་པའོ། །སྐུ་འཁྲིལ་བག་ཆགས་པ་དང༌། སྐུ་བྱི་དོར་བྱས་པ་དང་འདྲ་བ་དང༌། སྐུ་རིམ་པར་འཚམ་པ་དང༌། སྐུ་གཙང་བ་དང༌། སྐུ་འཇམ་པ་དང༌། སྐུ་དག་པ་དང༌། སྐུ་ཁོ་ལག་ཡངས་ཤིང་བཟང་བ་དང༌། སྐུ་མ་ཞུ་པ་དང༌། སྐུ་རྒྱས་པ་དང༌། སྐུ་ཤིན་ཏུ་གྲིམས་པ་དང༌། ཡན་ལག་རྣམ་པར་མཛེས་པ་དང༌། དཀུ་ཟླུམ་པ་དང༌། དཀུ་སྐབས་ཕྱིན་པ་དང༌། དཀུ་མ་རྙོངས་པ་དང༌། སྐུ་ཀུན་ནས་བལྟ་ན་སྡུག་པ་དང༌། ཀུན་ཏུ་སྤྱོད་པ་གཙང་བ་དང༌། སྐུ་ལ་སྨེ་བ་གནག་བག་མེད་བ་དག་ནི་སྐུ་ཆེ་ཞིང་དྲང་བ་དང༌། སྐུའི་བདུན་མཐོ་བ་དང༌། པགས་པ་གསེར་གྱི་མདོག་འདྲ་བ་དང༌། པགས་པ་སྲབ་པ་དང༌། དཔུང་མགོ་ཟླུམ་པ་དང༌། ཐལ་གོང་རྒྱས་པ་དང༌། རོ་སྟོད་སེང་གེའི་འདྲ་བ་དང༌། ཤིང་མྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པའི་འཁོར་དུ་གྱུར་པའོ། །ཕྱལ་ཕྱང་ངེ་བ་དང༌། ཕྱལ་མ་རྙོངས་པ་དང༌། ལྟེ་བ་ཟབ་པ་དང༌། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་རྣམས་ནི་མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པའི་འཁོར་དུ་གྱུར་པའོ། །དཔལ་གྱི་བེའུ་དང༌། བཀྲ་ཤིས་དང༌། ཉ་དང༌། གཡུང་དྲུང་འཁྱིལ་པ་ལ་སོགས་པ་རྣམས་ནི། །མཚན་བཟང་པོ་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང༌། ཕྱག་དང་ཞབས་དྲ་བས་འབྲེལ་པའི་འཁོར་དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་པ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང༌།
བདེ་བ་ཁ་ན་མཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར་ཞེས་བྱ་བ་འདིས་ནི་མཚན་གྱིས་དོན་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ནི་རྟོགས་པའི་ཆོས་སོ། །ཁ་ཅིག་ན་རེ་ལུང་གི་ལོངས་སྤྱོད་ཀྱི་དགའ་བ་དང༌། མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རང་གི་འབྱོར་པ་འཇིག་རྟེན་ལ་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་སྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་པ། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་བྱ་གང་དག་སངས་རྒྱས་དཀོན་མཆོག་མི་རྟག་པའི་ཕྱིར་རྩོམ་པ་དོན་མེད་པར་རྟོག་པ་དེ་དག་གི་ཕྱིར་ནི་འདི་རྟག་པ་ཡོངས་སུ་མི་འཇིག་པའི་སྐུར་བརྗོད་ཅིང༌། རང་གི་རང་བཞིན་གྱི་དབང་དུ་བྱས་ཏེ་ནི། འདི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཁ་ཅིག་ན་རེ་གདུལ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྐུ་འདི་ཅི་རྟག་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞིག་གམ། དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་མོད་ཀྱི། འོན་ཀྱང་ལྷའི་དབང་པོ་བརྒྱ་བྱིན་རྣམས་ནི་འཆི་འཕོ་བ་དང་དེར་སྐྱེ་བ་དེ་དག་ཉིད་དང༌། དེ་བས་ཆེས་ཆེ་བའི་ལྷ་རྣམས་ཀྱིས་ཤེས་ཀྱི་ལྷའི་བུ་ཕལ་པ་རྣམས་ཀྱིས་ནི་བདག་ཅག་གི་གནས་འདིར་ལྷའི་དབང་པོ་ཅིག་ཤི་འཕོས་ཏེ། གཞན་ཞིག་ལྷའི་རྒྱལ་པོར་གྱུར་ཞེས་བྱ་བ་ནི་རབ་ཏུ་མི་ཤེས་ཏེ། ལས་ཀྱི་མེ་ལོང་ལ་སོགས་པ་ལ་ལྟ་བས་ངེས་པར་གཞན་གྱིས་མི་ཤེས་པར་དེ་ཉིད་དམ། གཞན་ཞིག་མཚམས་སྦྱོར་བ་ནི་བརྒྱ་བྱིན་དུ་གྱུར་པ་རྣམས་ཀྱི་ཆོས་ཉིད་དུ་ངེས་པའོ། །དེ་བཞིན་དུ་སྐུ་འདི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་བཞིན་གཤེགས་པ་རྣམས་འབའ་ཞིག་གི་ཡུལ་དུ་འགྱུར་གྱི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་དུ་མི་འགྱུར་བའི་ཕྱིར། སྐུ་གདུང་རྣམས་པར་དབྱེ་བ་ལ་སོགས་པ་ཡང་མེད་དོ་ཞེས་འདོད་དོ། །སྐུ་འདི་མྱ་ངན་ལས་འདའ་བའི་རྒྱུ་ཡང་ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་
རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དེ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་བཏུལ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། གཞན་གང་དག་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཤད་པ་དེ་དག་ནི་སྔར་བསྟན་པ་ལྟར། སྤྲུལ་བའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པའི་དབང་དུ་བྱས་པ་མིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་རྣམ་པར་དག་པའི་གཞིར་གྱུར་པ་ནི་ནམ་ཡང་མྱ་ངན་ལས་མི་འདའི། སྐད་ཅིག་མའི་རྒྱུན་ཅན་ཉིད་དུ་ནི་གནས་སོ། །སྐུ་འདི་ཡང་སྨོན་ལམ་མམ། ཚོགས་ཀྱིས་འཕེན་པའམ། བཞེད་པ་ཙམ་གྱིས་ཕྱེ་བའི་འོག་མིན་གྱི་གནས་གཅིག་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རྣམ་པ་རབ་ཏུ་མང་པོའི་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་རྣམས་ན་གནས་པ་ནི་སྤྲུལ་པའི་སྐུ་འབའ་ཞིག་རྒྱ་ཆེན་པོར་སྣང་བར་ཟད་དོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་བུ་ཞིག་གི་རང་བཞིན་དུ་ཟད་ཅིང་ཆོས་ཀྱི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཡང་དེ་ལྟར་གཅིག་ཏུ་ཟད་པས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པའོ་ཞེས་བྱ་བའི་སྒྲུབ་པ་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་མཚུངས་པ་མ་ཡིན་ཏེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་བདག་སེམས་ཅན་འདིའི་བུར་གྱུར་ཏེ་སྤྲུལ་པའི་སྐུ་བྱང་ཆུབ་རྙེད་པར་གྱུར་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པས་དོན་མཛད་པ་ནི་མི་འདྲ་བར་གྱུར་ཏོ་ཞེས་ཟེར་ཏེ། འདི་ལྟ་བུ་དག་ནི་བདག་ཅག་གི་སྤྱོད་ཡུལ་དུ་མ་གྱུར་པས་དཔྱད་པའི་རྣམ་པར་རྟོག་པ་ངན་པས་ཅི་ཞིག་བྱ་སྟེ། ཇི་ལྟར་བསྟན་པ་ཡང་བཟོད་པར་མཛོད་ཅིག །ལྷག་མ་རྣམས་ནི་གོ་སླའོ། །ཤཱ་ཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་ཞེས་བྱ་བ་ལ། དགའ་ལྡན་ནས་བབས་པ་ལ་སོགས་པ་དོན་
མཛད་པ་རྣམས་པར་བཅུ་གཉིས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུ་སྟེ། དེ་ལ་དོན་གྱི་མཛད་པ་བཅུ་གཉིས་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཇི་སྐད་དུ་དུས་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པའི་སྦྱོར་བ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་བཅོམ་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། ཆོས་ནུབ་པར་སྟོན་པ་ལ་མཁས་པ་ཞེས་གསུངས་པ་རྣམས་ཏེ། འདིར་ཆོས་ནུབ་པར་སྟོན་པ་ཡང༌། གདུལ་བྱ་རབ་ཏུ་མ་གུས་པ་དག་གིས་ཆོས་དང་ཆོས་སྨྲ་བ་ལ་བརྟེན་པའི་སྡིག་པ་མི་འབྱུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྟེ། དེའི་ཕྱིར་འཕགས་པ་གསེར་འོད་དམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་འདའ་ལ་སོགས་པར་སྟོན། །ཞེས་གསུངས་སོ། །མཚན་ཉིད་འདི་ལས་གཞན་པ་ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་སུ་སྣང་བས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡང་དཔག་བསམ་གྱི་ཤིང་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དུ་བསྡུས་པར་སྤྲུལ་པ་ཡང་སྲིད་དེ། འཕགས་པ་དཀོན་མཆོག་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་འབྱིན་སྙིང་པོ་དང༌། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པས་སོ། །དེ་ལྟ་བུ་དེ་དག་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་པའི་སྐུ་སྟེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་རབ་ཏུ་རྒྱས་པས་མི་འདྲ་བར་སྨིན་པའི་དོན་དུ་བརྗོད་པར་བྱ་བ་ཡིན་ལ། ཁྱེའུ་དང་བུ་མོ་ལ་སོགས་པ་དེ་དག་ནི་དམན་པར་སྣང་བའི་ཕྱིར་སློབ་པའི་ལམ་གྱི་གནས་སྐབས་དང་མི་འདྲ་བའི་ཤེས་
ཆུང་བའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱའོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང༌། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བར་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པར་དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིག་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་བསྟན་ཏོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་རྣམས་ལ། དང་པོ་བཞི་ནི་ཚོགས་ཀྱི་ལམ་ཕལ་པའི་རང་བཞིན་ནོ། །དེའི་འོག་མ་ལྔ་པ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་སྦྱར་རོ། །དེ་ནས་གཉིས་པ་ནི་སྦྱོར་པའི་ལམ་ལ་སྦྱར་རོ། །ལྷག་མ་རྣམས་ནི་གསལ་ལོ། །ཁ་ཅིག་ན་རེ་དང་པོ་ནི་ཚོགས་ཀྱི་ལམ་མོ། །དེ་ནས་ལྔ་ནི་སྦྱོར་བའི་ལམ་གྱི་རང་བཞིན་ནོ། །དེ་ནས་གཅིག་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་འབའ་ཞིག་སྟེ། དེར་འཛིན་པ་སྤོང་བའི་སྦྱོར་བ་ཡིན་ལ། འོག་མ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ་ཞེས་ཟེར་ཏེ། གཟུང་བ་དང་འཛིན་པའི་དོན་ཡང་ཕྱི་རོལ་གྱི་དོན་དང༌། རྣམ་པར་ཤེས་པ་ནང་གི་བདག་ཉིད་དུ་བལྟ་བར་བྱའོ། །སྔར་ཇི་ལྟར་བསྟན་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་མ་ཡིན་ཏེ་དེ་དག་ནི་ས་དེ་དང་དེར་འབྲེལ་པ་ཡིན་གྱི་དེས་སྤོང་བར་ནི་མི་ནུས་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འགྲོ་བ་རབ་ཏུ་ཞི་བའི་ཕྱིན་ལས་མཛད་ནས་ཞེས་བྱ་བ་ལ། འགྲོ་བ་ནི་མི་ལ་སོགས་པ་སྟེ། དེ་དག་རབ་ཏུ་ཞི་བ་ནི་འདོད་ཆགས་འབར་བ་མཛེས་དགའ་བོ་དང༌། ཞེ་སྡང་འབར་སོར་མོའི་ཕྲེང་བ་དང༌། གཏི་མུག་འབར་བ་ལྟེང་རྒྱས་འོད་སྲུངས་ལ་སོགས་ཏེ། དེ་དག་ཀྱང་རབ་ཏུ་ཞི་བར་བྱ་བའོ། །གཞན་ཡང་འཕགས་པའི་གང་ཟག་མ་ཡིན་པ་ཐམས་ཅད་ལ་ཐུན་མོང་དུ་རབ་ཏུ་སྤང་དཀའ་བ་ནི་འཁྲིག་པའི་འདོད་ཆགས་ཡིན་ལ། དེ་ཡང་བུད་མེད་གཞོན་ནུ་རྣམས་ནི་རབ་ཏུ་ཤས་ཆེ་བ་ཡིན་མོས་ཀྱི། སངས་རྒྱས་
རྣམས་ཀྱིས་ནི་དེ་ཡང་བདེ་བར་ཡོངས་སུ་སྤོང་དུ་འཇུག་པར་སྤྱོད་པའི་ཕྱིར་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེངས་རྒྱས་མཛད་ནས། ས་ལ་མི་དང་མཐོ་རིས་ན་ཆུང་མཆོག་བདེ་བའི། །དགའ་ལ་དགའ་རྣམས་བཞེད་དགུར་རབ་ཏུ་དགའ་མཛད་ནས། ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང༌། །སྐྱེ་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་རྙེད་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ། །མི་བསྙེང་ནོངས་མི་མངའ་བའི་གོ་འཕང་བརྙེས་པར་མཛོད། །ཅེས་གསུངས་སོ། །དེ་ལྟར་འགྲོ་བའི་ཉོན་མོངས་པ་ཞི་བར་གྱུར་པས་ཕྲིན་ལས་དང་པོ་མཛད་ནས་འཁོར་གྱི་དོན་བྱ་བའི་ངོ་བོ་དེ་དག་ཇི་ལྟར་དགའ་བའི་མུ་ཏིག་གི་དོ་ཤལ་དང༌། བཟའ་བ་དང་བཅའ་བའི་སྦྱིན་པས་སྡུད་དེ། དེ་ཡང་གྲོལ་བར་བྱེད་པའི་ཆོས་བསྟན་པ་དང༌། དེ་སྤྱོད་པ་དང༌། རྗེས་སུ་མཐུན་པར་བྱ་བ་དང༌། བདག་ཀྱང་སྒྲུབ་པ་སྙིང་པོར་བྱེད་པས་སྨྲ་བ་ལྷུར་མི་ལེན་པ་དག་ནི་ཕྲིན་ལས་གཉིས་པ་སྦྱིན་པ་ལ་སོགས་པ་བསྡུ་པའི་དངོས་པོ་བཞི་ལ་བཀོད་པ་སྟེ། ཇི་སྐད་དུ། །འདི་དག་གི་ནི་ཡོན་ཏན་དང༌། །འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་རྟེན། །ཀུན་གྱི་དོན་ཀུན་སྒྲུབ་བྱེད་པས། །ཐབས་བཟང་ཡོན་ཏན་ལྡན་པ་ཡིན། །ཞེས་གསུངས་སོ། །རྟོགས་པར་མཛད་ནས་ཞེས་བྱ་བ་ནི་སྙན་པར་སྨྲ་བ་ཡུན་རིང་དུ་བསྟེན་ཅིང་དེ་བཞིན་དུ་བསམ་པ་ལ་སོགས་པ་ནི་ངེས་པར་བླང་བ་དང་དོར་བར་ཁོང་དུ་ཆུད་པར་ནུས་པ་སྟེ་ཕྲིན་ལས་གསུམ་པའོ། །གཞན་དག་གི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ལྟར་བསམ་པ་ལྟར་སྒྲུབ་པར་རྟོགས་པས་ན་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ཞེས་བསྟན་ཏོ། །སེམས་ཅན་རྣམས་བདེ་བར་གྱུར་ཞེས་བསམ་པ་འབའ་ཞིག་གིས་ཆོག་པར་འཛིན་པ་དགག་པའོ། །དེ་ནི་བླང་བ་དང་དོར་བ་རྟོགས་ནས་ཡང་རྟོགས་པ་དང་མཐུན་པར་དངོས་སུ་སྒྲུབ་པའི་དོན་ཏེ་ཕྲིན་ལས་བཞི་པའོ། །རང་གི་དོན་ཞེས་བྱ་བ་ནི་རང་གི་དོན་ལ་མངོན་
པར་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་སྔར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་འདི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བསྟན་པ་རྣམས་སོ། །རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཅེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་དང༌། མ་བྱིན་པར་ལེན་པ་སྤོང་བ་དང༌། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང༌། བརྫུན་དུ་སྨྲ་བ་སྤོང་བ་དང༌། ཚིག་རྩུབ་པོ་སྤོང་བ་དང༌། ཕྲ་མ་སྤོང་བ་དང༌། གནོད་སེམས་སྤོང་བ་རྣམས་ནི་གཞན་ལ་གནོད་པ་སྤོང་པས་གཞན་གྱི་དོན་དུ་བསྡུས་ལ། ངག་འཁྱལ་པ་དང༌། བརྣབ་སེམས་དང༌། ལོག་པར་ལྟ་བ་རྣམས་སྤོང་བ་ནི་རང་ལ་གནོད་པ་སྤོང་བས་རང་གི་དོན་བསྡུས་པའམ། ཡང་ན་རང་དང་གཞན་གྱི་དོན་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་མ་བསྔོས་པས་ཉན་ཐོས་རྣམས་ལྟར་ན་རང་འབའ་ཞིག་གི་དོན་ནི་མ་ཡིན་གྱི་གཉི་གའི་དོན་དུའོ་ཞེས་བྱ་བའོ། །སངས་རྒྱས་ཉིད་ཀྱི་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐོབ་པར་བྱ་བ་ལ་ལམ་དང་ལམ་གྱི་ཡན་ལག་ཇི་སྙེད་དུ་བསྟན་ཀྱང་དེ་དག་ལས་གཙོ་བོ་ནི་དགེ་བ་བཅུ་པོ་འདི་དག་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དགེ་བ་བཅུའི་ལས་ཀྱི་ལམ་ལའོ་ཞེས་བྱ་བ་ལ། འདི་དག་ནི་རྣམ་པར་སྨིན་པ་སྡུག་ཅིང་ཡིད་དུ་འོང་བ་ཅན་ཡིན་པས་ན་དགེ་བའོ། །ལུས་ཀྱི་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་རྣམས་ནི་བཅུའོ། །ལས་ཀྱི་ལམ་ཞེས་བྱ་བ་ནི། སྐད་ཅིག་གཞན་དུ་མི་གནས་ཤིང༌། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་བྱ་བའི་ཚུལ་གྱིས་ན་ལས་ནི་སེམས་པ་སྟེ། སེམས་པ་དེ་ཡང་བརྣབ་སེམས་སྤོང་བ་དང༌། གནོད་སེམས་སྤོང་བ་དང༌། ལོག་པར་ལྟ་བ་སྤོང་བ་རྣམས་ཀྱི་དབང་དུ་འགྲོ་ཞིང་དེ་དག་གི་ལམ་དུ་འཇུག་པས་ན་ལས་དེའི་ལམ་ནི་དེ་དག་གོ །ལྷག་མ་སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་ཡང་དང་པོར་འདི་དག་སློང་ཞིང་བསྐྱེད་ལ། དེ་ནས་ཀྱང་འདི་དག་ལ་རྟེན་ཅིང་འཇུག་པས་ལས་ཀྱི་ལམ་ཡང་
ཡིན་ཏེ། དེ་སྐད་དུ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གསུམ་མམ་བདུན་ནི་ལས་ཀྱང་ཡིན། །ཞེས་བཤད་ལ། ལས་ཀྱི་མཚན་ཉིད་ཀྱང༌། དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེ་བསྐྱེད་ལུས་དང་ངག་གི་ལས། །ཞེས་སོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གོམས་པ་ལའོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པའི་དབང་གིས་གོམས་པར་བྱེད་པ་ཙམ་ཞིག་ཏུ་གཞག་གི་དངོས་གཞི་ནི་མ་ཡིན་ཏེ། དེ་ནི་ས་རབ་ཏུ་དགའ་བ་ལ་སོགས་པར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པར་བཞག་པའི་ཕྱིར་རོ། །དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཞེས་བྱ་བ་ནི་སྦྱིན་པ་ནི་བསོད་ནམས་ཀྱི་ལས་ཀྱི་མཆོག་ཡིན་ལ། བསོད་ནམས་ཤིན་ཏུ་ཆེར་བསགས་པའི་སེམས་ལ་ཇི་ལྟར་སྨོན་པ་འགྲུབ་པའི་ཕྱིར་ན་སྦྱིན་པ་ནི་ས་དང་པོ་དེར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོག་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ཀྱི་རྒྱུས་ཏེ་དེ་ལ་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་ནི་ས་དང་པོ་བསོད་ནམས་དང་ཡེ་ཤེས་གཉིས་སོ། །དེ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་ཚོགས་ཁྱད་པར་ཅན་ལ་གནས་ཀྱང་ད་དུང་ཡོངས་སུ་རྫོགས་པ་ནི་མ་ཡིན་པས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ས་གཉིས་པ་ལ་སོགས་པ་ལ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང༌། དེའི་ཚེ་ཡང་དེ་དག་གི་བརྡར་བཏགས་པར་ཤེས་པས་དཔྱོད་ཀྱི་དངོས་པོར་འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ལ་འགོད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་བརྡར་བཏགས་པ་ཙམ་ལ་ལྟོས་པའོ། །ཤེས་པ་དང་ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཞེས་བྱ་བ་ནི། །གཟུང་བ་དང་འཛིན་པའི་བློ་རབ་ཏུ་ལོག་པས་འདི་དག་ནི་དབྱེར་མེད་པར་ཆོས་ཀྱི་དབྱིངས་སྣ་ཚོགས་སུ་སྣང་བའོ་ཞེས་བྱ་བ་ལ་ངེས་པར་གྱུར་པའོ། །དེ་ལྟར་ན་ཤེས་པའི་ཕྱིར་རང་དང་གཞན་དུ་འབྱེད་པ་མེད་པས་རང་གི་དོན་དུ་མཐོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་
ཤེས་ཕྲིན་ལས་དང་བཅས་པ་དེ་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་སོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པ་ནི་དྲོད་ལ་སོགས་པ་ཐོབ་པ་སྟེ། ཤིང་ཏོག་སྨིན་པ་དང༌། མ་སྨིན་པ་བཞིན་དུ་ལས་སུ་རུང་བའོ་ཞེས་བདག་གི་བླ་མས་ལུང་ཕོག་པའོ། །དེ་ལྟར་ན་མདོ་སྡེ་རྒྱན་ལས་ཀྱང་བསྟན་ཏོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ནི་ཤིན་ཏུ་མཚན་མ་མེད་པའི་དབྱིངས་སུ་ཡང་ཞུགས་ལ། །འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་མཐུས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱེད་པས་སོ། །ཆོས་ཐམས་ཅད་ལ་མངོན་བར་ཞེན་པ་སྤངས་པ་ཞེས་བྱ་བ་ནི་སྔར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བསྟན་པའི་ཆགས་པ་ཕྲ་མོ་ཡང་ས་འདི་ལས་བརྩམས་ནས་ནི་བྲལ་ཏེ། འོན་ཀྱང་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པའོ། །གཞན་དག་ནི་ས་འོག་མ་ལ་ལྟོས་ནས་མངོན་པར་ཞེན་པ་སྤངས་པར་འདོད་ཀྱི་ཆགས་པ་ཕྲ་མོ་ནི་ས་བཅུ་པའི་བར་དུ་ལྡན་པར་འདོད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་ཐོབ་པ་ལའོ་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་གཟུགས་ཀྱིས་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དེ་ཐོབ་པ་ནི་ཚོགས་མ་རྫོགས་པས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས་ཀྱི། གདུལ་བྱའི་དབང་གིས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་སྨོན་ལམ་གྱི་མཐུས་ནུས་པར་གྱུར་ཏེ། འདི་སྐད་དུ་རྒྱལ་བའི་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འདོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་འཕགས་པ་ས་བཅུ་པའི་མདོ་ལས། ས་བཅུ་པ་ནས་བརྩམས་ཏེ་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་ནས་བབས་པ་ལ་སོགས་པའི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེའི་ཚེ་ནི་ས་དགུ་པ་ལ་འཇིག་རྟེན་
གྱི་ཁམས་རབ་ཏུ་མང་པོར་འཚང་རྒྱ་བའི་སྦྱོར་བ་སྟོན་པས་ས་འོག་མ་དག་ལས་ཁྱད་པར་དུ་བསྟན་ཏོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་པར་དག་པ་ལ་བཀོད་ནས་ཞེས་བྱ་བ་ལ་ཞིང་རྣམས་ནི་ཡང་དག་པའི་དོན་དུ་ན་ཡེ་ཤེས་ཀྱི་སྣང་བ་སྟེ། དེའི་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང༌། སང་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་བར་འདོད་པས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ་ཞེས་གསུངས་ལ་འདིར་ཡང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཞེས་གསུངས་སོ། །དེ་ལྟ་བུའི་ས་བཅུའི་བདག་ཉིད་ཀྱི་མཐའི་བྱ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ནས་བསྒོམ་པའི་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཐའ་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་བའི་བྱང་ཆུབ་ཐམས་ཅད་དོ། །དེ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ་བདུན་ཏེ། སྔར་རྣམ་པའི་སྐབས་སུ་བཤད་པ་རྣམས་སོ། །དེ་ཡང་དེ་དག་ནི་མཐོང་བའི་ལམ་ཡིན་ལ། མཐོང་བའི་ལམ་ནི་སྔར་བྱང་ཆུབ་ཆེན་པོ་གྲུབ་པར་བྱེད་པ་མཐོང་བའི་ལམ་ཞེས་བསྟན་པས་ན་དེ་དག་ལ་བྱང་ཆུབ་མཐའ་དག་འདྲེན་པར་བཞག་གོ །ལས་དང་འབྲས་བུར་འབྲེལ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཆུད་མི་ཟབ་ནི་སྐད་ཅིག་མ་གཅིག་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དེས་ནི་ཡེ་ཤེས་རྣམ་པར་དག་པ་བསྐྱེད་ཀྱི། བསྐལ་པ་མང་པོ་ཞིག་ཏུ་དཀའ་བ་བྱས་ནས་རང་གི་ཡེ་ཤེས་རྒྱུན་གཅོད་པ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་དག་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀུན་རྫོབ་ཏུ་ཡང་མེད་པར་སྨྲ་བ་དེ་དག་གི་ལྟ་བ་དགག་པར་འདི་གསུངས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ལས་དེ་དག་ཐ་དད་པར་མི་འཛིན་པའི་ངོ་བོ་སྟེ། ཇི་སྐད་དུ་འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་
པས་བདེན་པ་གཉིས་སུ་དབྱེར་མེད་པར་བསྟན་པ་ལྟ་བུའོ། །ཕྱིན་ཅི་ལོག་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་བདེན་པ་གཉིས་ལོག་པར་རྟོགས་པ་སྟེ་དེ་དག་སྤང་བ་ནི་ཇི་སྐད་དུ་བསྟན་པའི་བདེན་པ་གཉིས་སུ་མི་འཛིན་པའི་མཐུ་སྟེ། དེས་ན་སྔ་མའི་འབྲས་བུར་འདི་བསྟན་པའོ། །དེ་ལྟར་ཕྱིན་ཅི་ལོག་སྤང་བ་དེ་ཡང་གང་ཞིག་ཡོད་པ་བོར་བ་ནི་མ་ཡིན་པས་ན་ཕྱིན་ཅི་ལོག་སྤང་བ་གཞི་མེད་པའི་ཡེ་ཤེས་ཞེས་སྨོས་ཏེ། གཟོད་མ་ནས་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཕྲ་བ་ཡང་མེད་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཞིག་དེས་ཤེས་པར་ཟད་དེ། དེ་ལྟ་བས་ན་སྔར། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་ལ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། ཡུལ་འདི་དག་ནི་དུག་མེད་སྟོང་པ་སྟེ། དངོས་པོར་དམིགས་པ་ཐམས་ཅད་གཟུང་དུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ནི་རྒྱ་ཆེར་འཕགས་པ་འཇམ་དཔལ་གྱི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་ཚུལ་གྱིས་རང་བཞིན་གྱིས་ཡོངས་སུ་ངག་པའི་མཚན་ཉིད་ཀྱི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་ཞེས་གསུངས་ཏེ། རྒྱལ་བའི་སྲས་དེའི་ཡོན་ཏན་དེ་དག་རབ་ཏུ་དག་ཅིང་འོད་གསལ་བའི་རྒྱུ་མཚན་ནི་སྔ་མ་ཉིད་དོ། །དེ་ལྟར་རྣམ་པར་དག་པའི་ཡོན་ཏན་གྱི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་སའི་རྒྱུར་གནས་པའི་ཕྱིར་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ཞེས་སྨོས་སོ། །ཡང་ལམ་དེ་ལ་གནས་པ་ནི་བདག་གི་སློབ་པའི་ས་འདི་ཡོངས་སུ་སྤངས་ཏེ། ཆོས་ཀྱི་སྐུ་འདུས་མ་བྱས་ཐོབ་པར་བྱའོ་ཞེས་མི་རྟོག་པར་སྟོན་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདུས་བྱས་དང་འདུས་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འགྲོ་བ་རབ་ཏུ་ཞི་བར་མཛད་པ་ནས་བཟུང་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ནི་གནས་སྐབས་གོང་མ་གོང་མ་ལས་འོག་མ་རྣམས་ཐ་དད་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ཁྱད་
པར་གསུམ་དང་ཁྱད་པར་གྱི་ལམ་གྱི་ཡོན་ཏན་རྣམ་པ་བརྒྱད་ནི་རང་རང་གི་ཆོས་ཅན་གཅིག་གི་ཡོན་ཏན་གྱི་ཁྱད་པར་ལྔའོ། །དེ་བཞིན་གཤེགས་པའི་ས་ནི་ཀུན་ཏུ་འོད་དེ། དེ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འགོད་པར་མཛད་པས་ན་ཕྲིན་ལས་ཡོངས་སུ་རྫོགས་པས་ཐུགས་ལ་མི་མངའ་བར་བརྩོན་པའི་ཕྱིར། ལས་གཞན་དེ་ནས་མ་སྨོས་སོ། །འཁོར་བ་ཇི་སྲིད་བར་ཞེས་བྱ་བ་ནི་སྔར་དེ་ཉིད་ཟད་པ་མེད་པའི་ཕྱིར། རྟག་པ་ཞེས་ཀྱང་དེས་པར་བརྗོད། །ཅེས་བསྟན་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཕྲིན་ལས་མཛད་པ་མངོན་པར་བརྩོན་པའི་ཕྱིར། སངས་རྒྱས་བརྒྱུད་པ་ཐོག་མ་མེད་པ་དག་གིས་སེམས་ཅན་དཔག་ཏུ་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྔ་མ་ཉིད་དུ་བཀོད་ཅིང༌། ད་ལྟར་དང་མ་འོངས་པའི་དུས་སུ་ཡང་དེ་ལྟར་འགོད་པར་མཛད་ན་ཅིའི་ཕྱིར་འཁོར་བ་ཐོག་མ་མེད་ཅེ་ན། དགེ་སློང་དག་ཁྱེད་ཀྱིས་ལྷའི་མིག་དག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་མཐོང་བ་ནི་ཆེས་ཉུང་གི །ངས་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སེམས་ཅན་གནས་པ་རྣམས་མཐོང་བ་ནི་ཆེས་མང་ངོ་ཞེས་གསུངས་པའི་ཚུལ་གྱིས་སེམས་ཅན་གྱི་ཕུང་པོ་ནི་རབ་ཏུ་མང་ལ་སངས་རྒྱས་རྣམས་ནི་བརྒྱ་ལམ་ན་ལན་འགའ་ཁོ་ན་ཨུ་དུམ་ཝཱ་རའི་མེ་རྟག་བཞིན་དུ་འབྱུང་བའི་ཕྱིར། །འདི་དག་ཟད་པར་བྱ་དཀའ་བའི་ཕྱིར་ཏེ། རྔུལ་ཕྲ་རབ་རེ་རེ་ལ་ཡང་སངས་རྒྱས་དཔག་ཏུ་མེད་པར་བཞུགས་པ་གང་དང་གང་ལས་སྟན་པ་ནི་སྤྲུལ་པའི་སྐུའི་དབང་དང༌། བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་དུས་ཉེ་བར་གནས་སུ་ཆུག་ན་ཡང་དེ་དག་གི་ཡེ་ཤེས་སྐད་ཅིག་མ་བདེ་བ་ཆེན་པོ་རྒྱུན་དུ་འབྱུང་བ་ཉིད་ལ་འཁོར་བ་ཞེས་བྱ་བའི་ཕྱིར་ཡང་ཉེས་པ་མེད་དོ། །བཞེད་པས་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་སྟེ། ཁྱོད་ཀྱི་ཕྲིན་ལས་ཇི་སྙེད་པ། །བཞེད་པ་ཙམ་
ལ་རག་ལས་ཏེ། །སྦྱོར་འབྱུང་ཡོན་ཏན་གཅིག་མ་མཆིས། །ཞེས་བསྟོད་པ་ལྟ་བུའོ། །སེམས་བསྐྱེད་པ་དང་པོ་ནི། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པའོ། །ཐ་མ་ནི། །འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ལས་དེ་ལྟར་བསྟན་པས་ཞེས་བྱ་བ་ནི་རང་རང་གི་གནས་སྐབས་ཀྱི་བྱ་བ་དང་ཡོན་ཏན་དང་རང་བཞིན་བསྟན་པའོ། །གོ་རིམས་བསྟན་པའི་རིམ་པ་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རིམ་པ་མ་འཁྲུགས་པར་བསྟན་པས་སོ། །ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམས་ཀྱང་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་སྟོན་པའི་དབང་དུ་བྱས་པ་དེ་དག་གི་རྗེས་སུ་འབྲངས་ཏེ། དེ་དག་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱས་ཏེ། དེའི་དགོས་པ་ནི་སྔར་བསྟན་ཏོ། །དེ་ལྟར་ན་སློབ་དཔོན་གྱི་ཞལ་སྔ་ནས་ཅིའི་ཕྱིར་འགྲེལ་པར་དེ་ལྟར་མི་སྟོན་སྙམ་པ་ལ་ཚིགས་མང་དུ་དོགས་པས་བདག་གིས་མ་བྲིས་སོ་ཞེས་བྱ་བ་གསུངས་ཏེ། དེས་ན་ཚིགས་ལ་ལྟ་བའམ། དགོད་པར་མི་མཁྱེན་པ་ནི་མ་ཡིན་གྱི་དང་པོ་ནས་ཀྱང་ཡུམ་འདི་ཟློས་བུ་ལྟ་བུར་རབ་ཏུ་མང་པོ་བྱུང་བས་དོན་ཁོང་དུ་ཆུད་པར་དཀའ་བར་གྱུར་ན། གལ་ཏེ་ངག་རེ་རེ་ལ་སྐབས་ཀྱི་དོན་མཐའ་དག་བཀོད་ན། དེའི་ཚེ་ཡུམ་འདིས་གདུལ་བྱ་ཕལ་ཆེར་ཁམས་རབ་ཏུ་འཁྲུག་པར་བྱེད་པ་ཉི་ཚེ་བ་ཞིག་གི་ཡན་ལག་ཏུ་འགྱུར་བའི་ཕྱིར་མ་བཀོད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་གིས་ཀྱང་འདིར་དཔྱད་པ་མ་བྱས་སོ། །སྐབས་བརྒྱད་པའི་འགྲེལ་བཤད་རྫོགས་སོ།། །།སྐབས་བསྡུས་པ་གཉིས་ཀྱི་དོན་ནི་དང་པོར་བཤད་ཟིན་ཏེ། ཚིག་གི་དོན་ཡང་གོ་བར་སླའོ། །ཆུང་ཟད་དུ་ན་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་བསྡུས་པ་རྣམ་པར་དབྱེ་བ་བསྡུས་པ་ཡིན་དུ་ཟིན་ཀྱང༌། དོན་ལ་ནི་ཁྱད་པར་དུ་བྱ་བ་མེད་དོ། །ཚིགས་ཆུང་ཟད་ཅིག་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །