སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་ཞེས་བྱ་བ།
ཁ་ཆེའི་པཎྜི་ཏ་དྷརྨ་ཤྲཱི།
སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་བཞུགས། སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཆོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བཞེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་དང༌། །གང་དག་ཡང་དག་ལྡན་རྣམས་ཐུབ་རྣམས་སྣ་ཚོགས་འདི་དག་རྣམ་པ་ཀུན་གསུངས་པ། །སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོན་ལུགས་ནི་གཉིས་ཏེ། སྔོན་བྱུང་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་པོས་ཇི་ལྟར་མཛད་པ་དང༌། རྗེས་སུ་འཇུག་པ་མངོན་པར་རྟོགས་པའི་རིམ་པའོ། །སྔོན་བྱུང་ལ་གཉིས། མདོ་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུ་གླེང་ཞིག་ཕུན་སུམ་ཚོགས་པ་དང༌། མདོ་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྐྱེན་གླེང་བསླང་བའོ། །གླེང་གཞི་ལ་གཉིས་ལས། ཐུན་མོང་གི་གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། དེ་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔས་བསྟན་ཏོ། །ཐུན་མོང་མ་ཡིན་པའི་གླེང་གཞི་ནི་འཁོར་ཐུན་མོང་མ་ཡིན་པ་དང༌། སྟོན་པ་ཐུན་མོང་མ་ཡིན་པས་བསྟན་ཏོ། །འཁོར་ལ་གཉིས་ལས། ཉན་ཐོས་
ཞི་བ་ཚོལ་བ་ནི་དགེ་སློང་གི་དགེ་འདུན་ནོ། །ཉེ་བར་ཞི་བར་ཁྲིད་པ་ནི་དགྲ་བཅོམ་པ་ལ་སོགས་པའི་ཡོན་ཏན་བཅུ་བཞིའོ། །ཀུན་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་མོ། །འགྲོ་ལ་ཕན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པའོ། །འཇིག་རྟེན་དོན་སྒྲུབ་མཛད་པ་ནི་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ལ་སོགས་པའི་ཡོན་ཏན་ནོ། །ལམ་ཤེས་པ་ཉིད་ནི་ལམ་མོ། །སྟོན་པ་ཐུན་མོང་མ་ཡིན་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས། རྡོ་རྗེའི་སྐྱིལ་ཀྲུང་བཅས། སྐུ་དྲང་པོར་བསྲང༌། དགོངས་པ་མངོན་དུ་བཞག་པ་ནི་ཐུབ་རྣམས་ཞེས་པའོ། །རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་ཞེས་པས་ནི་ཆོས་འཕྲུལ་རྣམ་པ་གསུམ་བསྟན་པ་ལས། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་གྱིས་སྣོད་ཀྱི་འཇིག་རྟེན་བྱི་དོར་དང༌། བཅུད་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་གཉིས་ལས། ཏིང་ངེ་འཛིན་གྱི་རྒྱལ་པོ་དང༌། སེང་གེ་རྣམ་པར་རོལ་པའོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་བཞི། སྐུ་ཐམས་ཅད་ནས་འོད་ཟེར་རབ་ཏུ་བཀྱེ་བ་དང༌། བ་སྤུའི་བུ་ག་དང༌། རང་བཞིན་གྱི་འོད་ཟེར་དང༌། ལྗགས་ཀྱི་དབང་པོ་ལས་འོད་ཟེར་བཀྱེ་བའོ། །སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཡོངས་སུ་སྦྱོང་བ་ལ་ལྔ། ངན་འགྲོའི་རྒྱུད་ཡོངས་སུ་སྦྱང་བ་དང༌། མིའི་སྐྱོན་སྦྱང་བ་དང༌། ཕན་སེམས་བསྐྱེད་པ་དང༌། དགེ་སེམས་བསྐྱེད་པ་དང༌། དེ་ལ་ཆེད་དུ་བརྗོད་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བཞི། རྫུ་འཕྲུལ་གྱིས་ཟིལ་གྱིས་མནན་པ་དང༌། གདུལ་བྱ་མོས་པར་བྱ་བ་དང༌། མཆོད་པ་བྱིན་གྱིས་བརླབ་པ་དང༌། གདུལ་བྱ་སྐལ་པ་དང་ལྡན་པར་བསྟན་པའོ། །འཁོར་སྡུད་པའི་ཆོ་འཕྲུལ་ལ། ཞིང་ཁམས་བཅུ། དེ་བཞིན་གཤེགས་པ་བཅུ། བྱང་ཆུབ་སེམས་དཔའ་བཅུ། དྲིས་པ་བཅུ། ལན་བཅུ། ཞུས་པ་བཅུ། གནང་བ་བཅུ། འདི་ཉིད་དུ་བྱོན་ནས་བསྙེན་བཀུར་བྱས་པ་བཅུ་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་བཞུགས་ཤིང་འཚོ་གཞེས་ཏེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ཞེས་བྱ་བ་འདུག་འདུག་པས། འོད་ཆེན་པོ་འཇིག་རྟེན་དུ་བྱུང་བ་དང༌། དོགས་ཆེར་གཡོས་པ་དང༌། དེ་བཞིན་
གཤེགས་པའི་སྐུ་བྱད་ལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་ཅིའི་རྒྱུ་ཅིའི་རྐྱེན་དྲིས་པས། འདི་ནི་ནུབ་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ༌། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་ནི་དེའི་མཐུའོ། །བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་གྱིས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་བལྟ་བའི་ཕྱིར་མཆིའོ་ཞེས་ཞུས་པས། གནང་བ་ནི་ཁྱོད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག་ལ་འཇིག་རྟེན་གྱི་ཁམས་དེར་བག་ཡོད་པར་སྤྱོད་ཅིག་ཅེས་པ་ལ་སོགས་པའོ། །དེ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་མཐུ་ཆེན་པོས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་བྱོན་ཏེ། བཅོམ་ལྡན་འདས་ལ་བསྙུན་མི་མངའ་འམ་ཞེས་གསོལ་ནས་མེ་ཏོག་གཏོར་རོ། །བཅོམ་ལྡན་འདས་ཀྱིས་མེ་ཏོག་བཞེས་ནས་ཤར་ཕྱོགས་ཀྱི་ལོགས་སུ་གཏོར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དེ་རྣམས་མེ་ཏོག་པདྨས་ཁེབས་པར་གྱུར་ནས། མེ་ཏོག་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་སྟོན་ཏོ། །ཆོས་དེ་སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའམ། ཁྱེའུ་དང་བུ་མོའི་གཟུགས་ཀྱིས་རང་རང་གི་དགེ་བའི་རྩ་བས་མཆོད་པ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། །དེ་བཞིན་དུ་ཕྱོགས་གཞན་ལ་བསྒྲེའོ། །དེའི་ཚེ་དེའི་དུས་ན་གཞི་རིན་པོ་ཆེའི་རང་བཞིན་དུ་གྱུར། མེ་ཏོག་སེལ་མ་སྣ་ཚོགས་དང༌། དར་གྱི་ལྔ་ལྡི་དང༌། སྤོས་ཀྱི་ཤིང་དང་དཔག་བསམ་གྱི་ཤིང་རྩེ་མོ་གཡུར་ཟ་བ་སྣ་ཚོགས་དཔེར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་ཏོག་ཀུན་ནས་རྒྱས་པའི་ཞིང་གང་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས་པའམ། ལྷའི་བུ་ཤིན་ཏུ་བརྟན་པ་བཞུགས་པའི་
འཇིག་རྟེན་གྱི་ཁམས་པདྨ་ཅན་བཞིན་དུ་གྱུར་ཏོ། །གང་དག་ཡང་དག་ལྡན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཡུམ་དེ་གསུམ་ལ་ཕྱག་འཚལ་བའོ། །དེ་ཡང་གླིང་གཞི་རྒྱས་པར་བཀའ་སྩལ་སྡུད་པར་བྱེད་པ་མཆོད་བརྗོད་ཚིག་ལེའུར་བཅས་པ་མཛད་ཅེས་པའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།མདོ་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྐྱེན་གླེང་བསླང་བ་ནི་གཉིས། སྟོན་པས་གླེང་བསླང་བ་དང༌། འཁོར་གྱིས་གླང་བསླང་བའོ། །སྟོན་པས་གླེང་བསླང་བ་ནི་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དང་བཅས་པ། བདུད་དང་བཅས་པ། དགེ་སྦྱོར་དང་བྲམ་ཟེ་དང་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་མང་པོ་སྟོང་གསུམ་གྱི་སྟོང་འདིར་འདུས་པར་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་པའོ། །འཁོར་གྱིས་གླེང་བསླང་བ་ནི་མདོ་དོན་གཞུང་གནས་སྐབས་སུ་སྟོན་ཏོ། །དགོས་འབྲེལ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདིས་ལས་བཤད་པ་གང༌། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དགོས་པའི་དགོས་པའོ། །བརྗོད་བྱ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དགོས་པ་ནི་བརྗོད་བྱ་རྟོགས་པའོ། །འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའོ། །མངོན་རྟོགས་མཛད་པའི་དགོས་པ་ནི་དོན་དེ་ཉིད་འཕགས་པ་ཐོགས་མེད་ལ་སོགས་པས་བདེ་བླག་ཏུ་རྟོགས་པའི་ཐབས་སུ་མཛད་པའོ། །རྗེས་སུ་འཇུག་པ་ལ་གཉིས། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །ལུས་རྣམ་པར་གཞག་པ་ནི་ཡུམ་ཆེན་མོ་འདི་ལ་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་ཐམ་པ། བམ་པོ་སུམ་བརྒྱ། ཞུས་ལན་བརྒྱ་ཉི་ཤུ། རྣམ་གྲངས་བཅུ་གཅིག །འགྲེས་རྐང་བརྒྱ་རྩ་བརྒྱད། འགྲེས་རྩ་སུམ་བརྒྱ་
དྲུག་ཅུ། བཤད་ཐབས་རྣམ་པ་ལྔ། བཤད་པ་དཀྱུས་ཐོག །གང་ཟག་ཉམས་ཐོག །ཆོས་ཉིད་དོན་ཐོག་དང་གསུམ། སྐབས་བརྒྱད་ཀྱིས་མདོར་བསྟན། སྐབས་བུ་ཆུང་བདུན་ཅུས་རྒྱས་པར་བཤད། གཞུང་བྱེ་བྲག་ཏུ་ཕྱེ་བས་ཤིན་ཏུ་རྒྱས་པར་བཤད་དོ། །ཉེ་བར་བསྡུ་བ་ལ་གཉིས། དྲུག་གིས་གནས་སྐབས་ཀྱི་བསྡུ་བ། གསུམ་གྱིས་རྩ་བའི་བསྡུ་བའོ། །སྐབས་བརྒྱད་ནི། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པའོ། །དེ་ལ་ལྟ་སྒོམ་རྣམ་པ་བཞི། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རང་བཞིན་མེད་པར་རྟོགས་པ་ནི་རྣམ་པ་སྐྱེ་མེད་དོ། །འཕགས་པའི་གང་ཟག་ཐམས་ཅད་ཀྱི་ལམ་རྣམས་རང་བཞིན་མེད་པར་རྟོགས་པ་ནི་ལམ་སྐྱེ་མེད་དོ། །གཞི་ཕུང་པོ་ཁམས་ལ་སོགས་པ་གདོད་མ་ནས་རྣག་བཞིན་མེད་པར་ཤེས་པ་ནི་གཞི་སྐྱེ་མེད་དོ། །དེ་གསུམ་གྱི་གཞི་དངོས་པོར་སྒྲོ་འདོགས་པ་དང༌། ལམ་སེམས་ཉིད་དུ་ཞེན་པ་དང༌། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རེ་བའི་སྒྲོ་འདོགས་གསུམ་ཆོད་པས་གཏན་ལ་ཕེབས་པའོ། །སྒོམ་པ་ལ་གཉིས། ཐུན་སྒོམ་དུ་དེ་གསུམ་རྫོགས་པར་སྒོམ་པ་ནི་རྣམ་ཀུན་མངོན་རྫོགས་སོ། །དེ་ཉིད་རྟོགས་པ་ལ་སྐྱེད་བྱུང་ནས་འབད་རྩོལ་མི་དགོས་པར་སྒོམ་པ་ནི་རྩེ་མོ་མངོན་རྟོགས་སོ། །སྤྱོད་པ་ལ་གཉིས། ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་འཆར་བ་ནི་མཐར་གྱིས་པ། འབྲལ་མེད་དུ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅིག་ཅར་དུ་རྫོགས་པ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཆོས་སྐུ་མཛད་པ་དང་བཅས་པ་ནི་བདག་དོན་གཞན་དོན་ཕུན་སུམ་ཚོགས་པ་སྟེ། འབྲས་བུའོ། །སྐབས་བུ་ཆུང་བདུན་ཅུ་ནི། སེམས་བསྐྱེད་བ་དང་གདམས་ངག་དང༌། །ངེས་འབྱེད་ཡན་ལག་རྣམ་བཞི་དང༌། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང༌། །
ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །མོག་མོག་པོར་བྱེད་ལ་སོགས་དང༌། །སློབ་མ་བསེ་རུའི་ལམ་གང་དང༌། འདི་དང་གཞན་པའི་ཕན་ཡོན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང༌། །བསྟོད་དང་བཀུར་དང་བསྔགས་པ་དང༌། བསྔོ་དང་རྗེས་སུ་ཡི་རང་དང༌། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང༌། །སྦྱོར་དང་དེ་ཡི་མཉམ་ཉིད་དང༌། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲར་ཀུན་ཤེས་ཉིད་དུ་འདོད། །རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །མཐར་དང་ངེས་འབྱེད་ཆ་མཐུན་དང༌། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་དང༌། །འདི་ནི་ཐབས་མཁས་བཅས་པ་ཡིན། །དེ་ཡིས་རྟགས་དང་རྣམ་འཕེལ་དང༌། །བརྟན་དང་སེམས་ཀུན་གནས་པ་དང༌། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་མཐར་གྱིས་པ། །རྣམ་གསུམ་རྣམ་བཅུ་སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་བ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ངོ་བོ་ཉིད་ལོངས་རྫོགས་བཅས་པ། །དེ་བཞིན་གཞན་ནི་སྤྲུལ་སྐུ་དང༌། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ་ནི་བསྡུས་པའི་དོན་ནོ། །དགོས་པའི་དོན་ནི་བཤད་པ་བོས་བཤད་སླ་བ། ཉན་པ་པོས་རྟོགས་སླ་བའོ། །ཚིག་གི་དོན་ནི་གཞུང་དང་སྦྱར་རོ། །ལེའུ་འདི་ནས་ཤཱ་རིའི་བུའི་ཞུས་ལན་གསུམ། འཁོར་སྤྱིའི་ཞུས་ལན་དང་བཞི། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བརྐྱང་ནས་རབ་འབྱོར་ལ་ཆོས་སྟོན་པར་བསྐུལ་
པ་ནི་བསྡུས་པའི་དོན་ཏོ། །ཞུས་ལན་དང་པོ་ནི་ཤཱ་རིའི་བུས་སངས་རྒྱ་བར་འདོད་པས་ཞུས་ལན་ལ་སེམས་བསྐྱེད། །ཞུས་ལན་གཉིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བརྩོན་གྱི་ཞུས་ལན་ལ་གདམས་ངག་རང་གི་ངོ་བོ། །དམིགས་པ་བདེན་པ་བཞི། རྟེན་སངས་རྒྱས་དང་ཆོས་ལ་གདམས་པའོ། །ཞུས་ལན་གསུམ་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གང་ནས་ཚེ་འཕོས་ནས་འདིར་འོངས། འདི་ནས་གར་སྐྱེ་ཞེས་ཞུས་པའི་ལན་དུ་དགེ་འདུན་ཉི་ཤུ། མ་ཞེན། མི་ངལ། ལམ་ཡོངས་སུ་འཛིན་པ། སྤྱན་ལྔ་དང༌། མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །ཞུས་ལན་བཞི་པ། འཁོར་སྤྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞུས་པས། དེའི་ལན་འཐད་པ་དང་བཅས་པ་གསུངས་སོ། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ནི་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་སྟེ། སེམས་བསྐྱེད་ཀྱི་ངོ་བོའོ། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པ་ལ། དེ་དང་གཞན་དོན་དེ་ནི་བྱང་ཆུབ་མདོ་བཞིན་ནི་བསྡུས་པ་ནས་སྨོན་འཇུག་གཉིས་སུ་གསུངས། མདོ་རྒྱས་པ་ནས་དགོས་པའི་སྒོ་ནས་ཉི་ཤུ་རྩ་གཉིས་གསུངས་པ་ནི། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལས། འདུན་པས་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །དགེ་བའི་ལོ་ཏོག་ཐམས་ཅད་སྨིན་པས་ས་དང་འདྲའོ། །བསམ་པ་བཟང་པོ་གསེར་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སྦྱིན་པ་དང་གཏོང་བ་དང་ལེན་པ་མི་དམིགས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་འདོད་པ་ལ་སོགས་པས་ཡུམ་ལ་བསླབ་པར་བྱའོ། །ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསམ་པ་མི་འགྱུར་བས་གསེར་དང་འདྲའོ། །ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་རྫོགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །དགེ་བའི་རྩ་བ་རྫོགས་པར་གོང་ནས་གོང་དུ་འཕེལ་བས་ཟླ་བ་ཚེས་པ་ལྟ་བུའོ། །སྦྱོར་བ་མེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པ་དང༌། ལམ་རྫོགས་པར་འདོད་པ་དང༌། གཞི་ཐམས་ཅད་ཤེས་པར་འདོད་པ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་ཡོངས་སུ་སྤང་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །མཁྱེན་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ཀྱི་བུད་ཤིང་བསྲེགས་པས་མེ་ལྟ་བུའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏེར་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པར་འདོད་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཟིལ་གྱིས་མནན་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །སྦྱིན་པ་མི་ཟད་པ་གཏེར་ཆེན་པོ་ལྟ་བུའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་འབྱུང་ཁུངས་བཟང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །མངོན་མཐོ་དང་ངེས་ལེགས་ཚུལ་ཁྲིམས་ལས་འབྱུང་བས་རིན་པོ་ཆེའི་འབྱུང་ཁུངས་བཟང་པོ་ལྟ་བུའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སེམས་འཁྲུགས་པ་རྣམས་བཟོད་པ་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །བཟོད་པ་དེ་ཟབ་པས་རྒྱ་མཚོ་ལྟ་བུའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མི་དགེ་བས་དབྱེ་བར་མི་ནུས་པས་རྡོ་རྗེ་ཕ་ལམ་ལྟ་བུའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རིའི་རྒྱལ་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་སེམས་གཡེང་བ་རྣམས་བསམ་གཏན་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
མཚན་མ་དང་མཚན་མ་མེད་པས་མི་སྒུལ་བས་རི་རབ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨན་བཟང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཤེས་རབ་འཆལ་བ་རྣམས་ཤེས་རབ་ལ་འགོད་པར་འདོད་པ་དང༌། ཉན་ཐོས་དང་རང་རྒྱལ་གྱི་ཤེས་རབ་ཟིལ་གྱིས་མནན་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པས་སྨན་ལྟ་བུའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དགེ་བའི་བཤེས་གཉེན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐབས་མཁས་པས་ཆུང་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཟད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་དགེ་བའི་གྲོགས་སུ་འཆར་བས་དགེ་བའི་བཤེས་གཉེན་ལྟ་བུའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཚེ་རབས་ཐམས་ཅད་དུ་བདག་གིས་སངས་རྒྱས་ཀྱི་སྐུ་མཐོང་བ་དང༌། སངས་རྒྱས་ཀྱིས་དགོངས་ཤིང་མྱུར་དུ་དེ་བཞིན་གཤེགས་པའི་ས་རྟོགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དགོས་འདོད་ཐམས་ཅད་འབྱུང་བས་རིན་པོ་ཆེ་ལྟ་བུའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་མའི་སྙིང་པོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྫོགས་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་དགེ་བ་ལ་གཟུད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པས་ཉི་མ་ལྟ་བུའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སེམས་སྐྱེད་པ་གཅིག་གིས་འདོད་ཞིང་ཡོན་ཏན་བརྗོད་པ་དང༌། སྒྲ་དབྱངས་གཅིག་གིས་གོ་བར་འདོད་པ་དང༌། སྟོང་པ་བཅོ་བརྒྱད་ཤེས་པར་འདོད་པ་དང༌། དེ་བཞིན་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདུལ་བྱ་རྣམས་ཀྱི་དང་བ་འདྲེན་པར་བྱེད་པའི་དྲི་ཟའི་གླུ་དབྱངས་སྙན་པ་ལྟ་བུའོ། །མངོན་པར་ཤེས་པ་རྒྱལ་པོ་ལྟ་བུའི་བྱང་
ཆུབ་ཀྱི་སེམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་པར་འདོད། ཆུ་ཐམས་ཅད་སྒྲའི་ཉག་མ་གཅིག་གིས་བླང་བར་འདོད། མེའི་ཕུང་པོ་ཐམས་ཅད་ཞི་བར་འདོད། །རླུང་གི་དཀྱིལ་འཁོར་ཐམས་ཅད་ཞི་བར་འདོད། སྐྱིལ་མོ་ཀྲུང་གཅིག་གིས་ཁེངས་པར་འདོད། སྐྲ་ཉག་མ་གཅིག་གིས་སྦམས་ནས་གཞན་དུ་འཕང་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །མངོན་པར་ཤེས་པ་དབང་འབྱོར་པ་ཐོབ་པར་འདོད་པས་འདི་ལ་མི་མོས་པར་མི་བྱ་སྟེ་རྒྱལ་པོ་དང་འདྲའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བོད་མཛོད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་དང༌། མེ་ཏོག་དང་སྤོས་ལ་སོགས་པ་གཅིག་གིས་ཁྱེད་པར་འདོད་པ་དང༌། མི་མཉམ་པའི་ཕུང་པོ་ལྔ་ལ་དགོད་པར་འདོད་པ་དང༌། རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་དགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟད་མི་ཤེས་པས་བང་མཛོད་ལྟ་བུའོ། །ལམ་པོ་ཆེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཤེས་པར་འདོད་པ་དང༌། ཐོབ་པར་འདོད་པ་དང་དགེ་བ་ལ་སོགས་པ་དམིགས་པ་བཅུ་གཅིག་གི་ཕ་རོལ་ཏུ་ཕྱིན་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །བྱང་ཆུབ་ཀྱི་སེམས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་གཤེགས་པས་ལམ་པོ་ཆེ་ལྟ་བུའོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་བཞོན་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པ་དང༌། དེ་བཞིན་གཤེགས་པའི་ནང་གི་འཁོར་དུ་འགྱུར་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་གང་དུའང་མི་ལྟུང་བར་འགྲོ་བས་བཞོན་པ་གླང་པོ་ཆེ་ལྟ་བུའོ། །གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་
གསུངས་པ་དང༌། གསུང་བ་དང་གསུང་བར་འགྱུར་པ་ཐམས་ཅད་ཤེས་པ་དང་མི་བརྗེད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །གཟུངས་དང་སོ་སོ་ཡང་དག་པར་རིག་པ་དང་ལྡན་པ་ནི་རུང་ཞིང་མི་ཟད་པས་ན་བཀོད་མའི་ཆུ་ལྟ་བུའོ། །སྒྲ་སྙན་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན། མུན་པ་མུན་ནག་སྨག་གིས་ཁྱབ་པ་ཐམས་ཅད་བསལ་བར་འདོད་པ་དང༌། དཀོན་མཆོག་གསུམ་གྱི་སྒྲ་བསྒྲག་པར་འདོད་པ་དང༌། ཡང་དག་པའི་ལྟ་བ་ལ་འགོད་པར་འདོད་པ་དང༌། བརྩོན་ར་དང་ཁྲི་མོན་ན་འཁོད་པ་ཐམས་ཅད་བདག་གི་མཐུས་རང་དགར་སྤྱད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཐར་པ་འདོད་པ་རྣམས་ལ་སྙན་པ་སྒྲོགས་པ་དགའ་སྟོན་ལྟ་བུའོ། །ཆུ་བོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམུས་ལོང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་མིག་གིས་གཟུགས་མཐོང་བ་དང༌། འོ་ན་པ་ལ་སོགས་པས་སྒྲ་ཐོས་པ་ལ་སོགས་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་བྱེད་པས་ཆུ་བོ་ལྟ་བུའོ། །སྤྲིན་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་ནམ་ཞིག་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་འདོད་པ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སེམས་ཅན་གྱི་དོན་ཆར་ལྟ་བུར་འབབ་པས་སྤྲིན་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ནི། རྒྱལ་པོ་ཆེན་པོ་བཞི་ཡང་ལྷུང་བཟེད་འབུལ། ལྷ་རྣམས་ཀྱང་དགའ་བའི་ཡིད་ཀྱིས་འབུལ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་འདོད་པ་ལ་སྤྱོད་པས་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་བར་དུ་གཅོད་ན། བླ་ན་མེད་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་སྙམ་ནས་ཚངས་པར་སྤྱད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞུས་ལན་ནི་ཤཱ་རིའི་བུས་གསོལ་པ། བྱང་ཆུབ་སེམས་དཔའ་འདོད་པ་ལ་བརྟེན་པ་མཆིས་སམ་ཞེས་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་ལ་ལ་ནི་སེམས་དང་པོ་བསྐྱེད་པ་ཉིད་དེས་གཞོན་ནུར་གྱུར་པ་དག་ཀྱང་ཡོད་དོ། །ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་རྣམ་པར་སྤྱོད་པས་འདོད་པའི་ཉོན་མོངས་པ་དང་བྲལ་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏོ། །ཉམས་ཀྱི་
སྤྱོད་པ་ནི་མེད་དོ། །དཔེ་སྒྱུ་མ་མཁན་ལྟ་བུའོ། །འདོད་པ་རང་རྒྱུད་དུ་སྤྱོད་ན་འདོད་པ་རྣམས་ནི་ཀུན་ནས་འབར་བ་ལ་སོགས་པའི་སྐྱོན་ཡོད་དོ། །གདམས་ངག་ནི་དོན་དུ་གཉེར་བར་བྱ་བའི་དོན་ལ་ཚེགས་ཆུང་དུས་དོན་འགྲུབ་པའི་ཐབས་ཀྱི་ངག་གོ །ད་རེས་ནི་སངས་རྒྱས་འགྲུབ་པར་བྱེད་པའི་ཐབས་སླ་བ་ཅིག་སྟོན་པ་སྟེ། སངས་རྒྱས་འགྲུབ་པར་བྱེད་པ་ལ་འཁོར་བར་མི་འཁྱམ་པ་ཅིག་དགོས། འཁོར་བར་མི་འཁྱམ་པ་ལ་ཆགས་སྡང་མེད་པ་ཅིག་དགོས། དེ་ལ་གཟུང་འཛིན་མེད་པ་ཅིག་དགོས། དེ་ལ་དངོས་པོ་འཁྲུལ་སྣང་དུ་ཤེས་པ་ཅིག་དགོས་པས་མཁས་པ་པཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། རྟོག་བཅས་འཕྲུལ་པ་ཡིན་པར་འདོད་པས་ཡུལ། བཅད་པས་དེར་འཛིན་གྱི་ཤེས་པ་ལྡོག་པའོ། །ཀུ་སུ་ལུའི་གདམས་ངག་གི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ་རྟོག་མེད་འཁྲུལ་པ་ཡིན་པས་རང་ངོ་རང་གིས་ཤེས་དགོས། རྟོག་པ་ཅིག་རང་ལ་སྐྱེ་དགོས། ཕྱི་རོལ་གྱི་ཡུལ་བཀག་པས་མི་ཁེགས། བསྒྲུབས་པས་མི་འགྲུབ་དཔེར་ན་མིག་ནད་ཅན་གྱི་སྐྲ་བཤད་དང་འདྲ། རང་སེམས་དག་ན་མཚན་མ་རང་སར་གྲོལ་ལོ། །དེ་ཡང༌། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང༌། །ལམ་ནི་ཡོངས་སུ་འཛིན་པ་དང༌། །སྤྱན་ལྔ་དང་ནི་མངོན་ཤེས་དང༌། ཡོན་ཏན་དྲུག་དང་མཐོང་ལམ་དང༌། །བསྒོམ་ཞེས་བྱ་བ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་པ་ལས་རང་གི་ངོ་བོ་སྒྲུབ་པ་ལ་གདམས་པ་ལ་གསུམ་སྟེ། སྣང་སྲིད་འཁྲུལ་སྣང་དུ་བསྟན་པ་དང༌། དེ་ལྟར་ཤེས་པའི་ཤེས་རབ་དེ་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་དང༌། དེས་ན་བྱང་ཆུབ་སེམས་དཔའ་སྦྱིན་པའི་གནས་སུ་འགྱུར་བའོ། །སྣང་སྲིད་འཁྲུལ་སྣང་དུ་བསྟན་པ་ལ་ལྔ་ལས། དང་པོ་ནི་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་བར་བགྱི། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་དང༌། མིང་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྤྱོད་པ་དང༌། གཟུགས་ལ་སོགས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་
སོགས་པ་སྟོང་པའི་ཕྱིར་རོ། །གཟུགས་ཀྱང་གཞན་མ་ཡིན། །སྟོང་པ་ཡང་གཞན་མ་ཡིན་ཞེས་པས་སྟོང་པ་བཞི་སྦྱོར་དུ་བསྟན། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་མིང་ཙམ། གཟུགས་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུའོ། །སྒྱུ་མ་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། སྒྱུ་མ་ལ་སྐྱེ་བ་མེད། འགག་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད། ཆོས་སོ་སོའི་མིང་དེ་ཐམས་ཅད་ནི་སྒྱུ་མའི་མིང་གིས་སྒྲོ་བཏགས་པ་སྟེ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱེ་མེད་འགག་མེད་དུ་རྟོགས་ཏེ། བྱེད་པའི་སྐྱེས་བུ་བཅུ་གཉིས་ཞེས་ཐ་སྙད་དུ་བརྗོད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཐ་སྙད་དུ་བརྗོད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དོ། །དེ་ལྟར་དུ་ཤེས་པའི་ཤེས་རབ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཕགས་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདམ་བུའི་ཚལ་ལ་སོགས་པ་བཞིན་གང་བར་གྱུར་པ་ཡིན། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་དེའི་བརྒྱལ་སོགས་པའི་ཆར་ཡང་ཉེ་བར་མི་ཕོད་དོ། །ཤཱ་རིའི་བུས་གསོལ་པ། ཆོས་ཐམས་ཅད་དབེན་པ། མ་སྐྱེས་པ། ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་དང་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་ཁྱད་པར་ཅི་མཆིས་ལགས། བཀའ་སྩལ་པ། ཤཱ་རིའི་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙམ་མམ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་སྙམ་མམ། གསོལ་པ་དེ་ལྟ་མ་ལགས་སོ། །བཀའ་སྩལ་པ། དཔེར་ན་སྲིན་བུ་མཁྱེན་གྱི་འོད་དང་ཉི་མའི་དཀྱིལ་འཁོར་གྱི་དཔེས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སྦྱིན་པའི་གནས་སུ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་སྦྱིན་པའི་གནས་ལགས་སམ། བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ཉིད་ནས་ཉན་ཐོས་ཆེན་པོ་རྣམས་ཀྱི་སྦྱིན་པའི་གནས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡོད་ན་དགེ་བའི་རྩ་བ་ལ་སོགས་པ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དམིགས་བ་བདེན་པ་
བཞི་ལ་གདམས་པ་ལས། སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི། གསོལ་པ་ཇི་ལྟར་བརྩོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བགྱི། བཀའ་སྩལ་པ། ཕུང་པོ་ཁམས་སྐྱེ་མཆེད་བདེན་པ། འདུས་བྱས། འདུས་མ་བྱས། རྟེན་འབྲེལ། རང་བཞིན་སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཀུན་འབྱུང་གི་བདེན་པ་ལ་གདམས་པ་ནི། དེ་དག་ལ་བརྩོན་པའི་ཚེ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་མི་སྤྱོད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བའམ་འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། གཟུགས་ནི་ཚོར་བ་དང་ལྷན་ཅིག་རྗེས་སུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། དེ་ཅིའི་ཕྱིར་ཞེ་ན། གཟུགས་གཟུགས་ཀྱིས་སྟོང་ངོ༌། །སྟོང་པ་ཉིད་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པ་མེད། སྐྱེ་འགག་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། དུས་གསུམ་མེད་དོ། །འགོག་པ་ལ་གདམས་པ་ནི་དེ་འདྲ་བ་དེ་ལ་གཟུགས་ནས་སངས་རྒྱས་དང་བྱང་ཆུབ་ཀྱི་བར་དུ་མེད་དོ། །ལམ་ལ་གདམས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་ཐར་སྒོ་གསུམ་དང་སྦྱོར་བར་ཡང་མི་བྱེད་འབྱེད་པར་མི་བྱེད་དོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྦྱོར་བར་མི་བྱེད་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། གང་ལ་དབྱེ་བར་བྱ་བའམ་སྦྱར་བར་བྱ་བའི་ངོ་བོ་ཉིད་མེད་ཅིང་མི་དམིགས་པའི་ཕྱིར་རོ། །སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི་དུས་གསུམ་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད། གཟུ་སྣས་རྣམ་མཁྱེན་གྱི་བར་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་འབྱེད་བར་མི་བྱེད་དོ། །ཆོས་དཀོན་མཆོག་ལ་གདམས་པ་ནི། འདྲེས་རྐང་བཅུ་གཉིས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། སྡུག་མི་སྡུག་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། སྐྱེ་འགག་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་
བྱང་བ་དང༌། དུས་གསུམ་དང༌། ཡོད་མེད་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བརྟན་ཞེས་བྱ་བའམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྤྱོད་ཅེས་བྱ་བ་དང་མི་སྤྱོད་ཅེས་བྱ་བ་དང༌། གཉི་ག་དང་གཉི་ག་མ་ཡིན་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བློ་རེ་བ་མེད་པ་ནི་ཕར་ཕྱིན་ནས་ཡང་དག་པའི་མཐའི་བར་གྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མངོན་པར་ཤེས་པ་དྲུག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕན་ཡོན་གྱི་ཆོས་བཅུ་སངས་རྒྱས་རྣམས་དགོངས་པ་མཛད་དོ། །ལྷ་རྣམས་བསྲུང་བ་མཛད་དོ། །གཟུངས་དང་ཏིང་ངེ་འཛིན་ཐམས་ཅད་ཀྱང་ཚེགས་ཆུང་ངུས་མངོན་དུ་འགྱུར་རོ། །གང་ལ་ཡང་ཐེ་ཚོམ་མི་ཟ་ཞིང་སྣང་སྟོང་དུ་མི་འབྱེད་དོ། །དགེ་འདུན་དཀོན་མཆོག་ལ་གདམས་པ་ནི། དབང་པོ་རྟུལ་དང་རྣོན་པོ་དང༌། །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱིས་འདོད་ཆགས་བཅོམ་པ་དང༌། །མཐོང་ཆོས་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་ལས། ཤཱ་རིའི་བུས་གསོལ་བ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་གང་ནས་ཚེ་འཕོས་ནས་འདིར་འོངས་པ་ལགས། འདི་ནས་ཚེ་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཀའ་སྩལ་པ། འདི་ནི་སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ནས་འདིར་སྐྱེས་པ་དབང་པོ་རྣོན་པོ། དགའ་ལྡན་གྱི་གནས་ནས་འདིར་སྐྱེས་པ་དབང་པོ་འབྲིང༌། མིའི་ནང་ནས་འདིར་སྐྱེས་པ་དབང་པོ་ཐ་མའོ། །ཡང་སངས་རྒྱས་ཀྱི་ཞིང་འདི་ནས་ཚེ་འཕོས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ཞེས་པ་ནི་མདོ་སྦྱོར་བསྟན་ནོ། །དད་པས་མོས་པའི་དགེ་འདུན་ནི་བསམ་གཏན་ལ་མཉམ་པར་གཞོག་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དེ། བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོར་སྐྱེ་ཞིང༌། བསམ་གཏན་སྤངས་ནས་མིའི་ནང་དུ་སྐྱེས་ཏེ་དབང་པོ་མི་རྣོ་བ་དག་ཀྱང་ཡོད་དོ། །མཐོང་ཐོབ་ནི་སྙོམས་འཇུག་གསུམ། བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ལ་སྙོམས་པར་འཇུག་ཅིང་སྙིང་རྗེ་ཆེན་པོ་ལ་འཇུག་སྟེ། དེ་དག་གིས་མི་སྐྱེ་ཞིང༌། སངས་རྒྱས་
བཅོམ་ལྡན་འདས་མངོན་དུ་གྱུར་པ་ལ་བསྙེན་བཀུར་བྱེད་པ་དག་ཀྱང་ཡོད་དོ། །མིའི་རིགས་ནས་མིའི་རིགས་སུ་སྐྱེ་བ་ནི་ཏིང་ངེ་འཛིན་རྣམ་པ་གསུམ་ལ་སྙོམས་པར་འཇུག་ཀྱང་དེ་དག་གི་དབང་གིས་མི་སྐྱེ་ཞིང་རྒྱལ་རིགས་སམ། བྲམ་ཟེའམ་ཁྱིམ་བདག་གི་རིགས་སུ་སྐྱེས་ཏེ། ཡང་སྲིད་པ་ལ་བརྐམ་པའི་ཕྱིར་ནི་མ་ཡིན་གྱི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །འདོད་པ་ཁམས་ཀྱི་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་སྙོམས་འཇུག་གསུམ་ལ་སྙོམས་པར་འཇུག་ཅིང༌། དེ་དག་གི་དབང་གིས་མི་སྐྱེ་བར་འདོད་ཁམས་ཀྱི་ལྷའི་རིགས་སུ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །གཟུགས་ཁམས་ཀྱི་རིགས་ནས་རིགས་སུ་སྐྱེ་བ་ནི་སྙོམས་འཇུག་གསུམ་ལ་ཞུགས་པ་དེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་ཚངས་པ་བརྒྱ་ཕྲག་བཅུ་ལ་དབང་བསྒྱུར། སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་བྱེད་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པ་དག་སྙོམས་འཇུག་གསུམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། རྣམ་ཐར་སྒོ་གསུམ་ལ་སྙོམས་པར་འཇུག་ཅིང༌། དེ་དག་གི་དབང་གིས་མི་སྐྱེ་བར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ། །བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བྱང་ཆུབ་སེམས་དཔའ་མངོན་ཤེས་དྲུག་ཐོབ་པ་དག །ཁམས་གསུམ་དུ་མི་སྐྱེ་བར་སངས་རྒྱས་ལ་རིམ་གྲོ་བྱེད། ཉན་ཐོས་དང་རང་རྒྱལ་གྱི་སྒྲ་མི་གྲག་པའི་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་ཚེ་དཔག་ཏུ་མེད་པར་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་སར་དཀོན་མཆོག་གསུམ་གྱི་སྒྲ་སྒྲོགས་པར་བྱེད་པ་དག་ཀྱང་ཡོད་དོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་བསམ་གཏན་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་ཐོབ་ནས་ཁམས་གསུམ་དུ་མི་སྐྱེ་བར་དེ་དག་ཏུ་དོན་བྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཆོས་ཀྱིས་འཁོར་ལོ་བསྐོར་ཏེ། སེམས་ཅན་སྨིན་པར་བྱེད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་མྱ་ངན་ལས་འདའ་བ་ནི་སྙོམས་འཇུག་གསུམ་གྱིས་རྣམ་པར་རྩེ་ཞིང་བསམ་
གཏན་དང་པོ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་གོ་ལ་སོགས་པའོ། །མངོན་པར་འདུ་བྱེད་པ་མེད་པར་མྱ་ངན་ལས་འདའ་བ་ནི་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། རྣམ་ཐར་སྒོ་གསུམ་ཐོབ་ཀྱང༌། རང་རྒྱུན་དུ་ཞུགས་པ་ལ་སོགས་པ་ཐོབ་པར་མི་བྱེད་པར་གཞན་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ། །འཕར་བ་དང་པོ་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །འཕར་བ་གཉིས་པ་ནི་དགའ་ལྡན་གྱི་གནས་ཡོངས་སུ་སྦྱོང་བ་དག་ཀྱང་ཡོད་དེ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་པར་ཤེས་པར་བྱའོ། །འཕར་བ་གསུམ་པ་ནི་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་དག་གཞན་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྤྱོད་ཀྱང་རྟོགས་པར་མི་བྱེད་པ་ནི་ཚེ་གཅིག་གིས་ཐོགས་པའོ། །སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའི་དགེ་འདུན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ནས། ཟས་འདོད་པ་རྣམས་ལ་ཟས་ལ་སོགས་པས་བསྟན། གཟུགས་ཀྱི་འདོད་ཆགས་བཅོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་དོང་ཞིང་སེམས་ཅན་ལ་ཆོས་སྟོན། །སངས་རྒྱས་ལ་བསྙེན་བཀུར་བྱེད། བྱང་ཆུབ་སེམས་དཔའི་དགེ་འདུན་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་མཐོང་ཞིང་དེ་དག་གི་མཚན་མ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པ་བསྒྲུབས་ཤིང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱ་སྟེ་ལ་སོགས་པའོ། །བསེ་རུ་ལྟ་བུའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་ངག་ཡིད་གསུམ་གྱི་གོ་མི་འབྱེད་དོ། །མ་ཞེན་པ་ལ་གདམས་པ་ནི་གསོལ་པ། ལུས་ངག་ཡིད་གསུམ་ཁ་ན་མ་ཐོ་བ་དེ་གང་ལགས། བཀའ་སྩལ་བ། འདི་ནི་ལུས་ངག་ཡིད་གསུམ་ཡིན་ཏེ་ལས་ཅི་རྩོམ་སྙམ་ན། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སྐྱེ་བས་ཁ་ནས་མ་ཐོ་བ་དང་ཞེས་པ་ལ་སོགས་པའོ། །
མི་ངལ་བ་ལ་གདམས་པ་ནི་གསོལ་པ། བྱང་ཆུབ་ཀྱི་ལམ་གང་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རློམ་སེམས་མེད་པ་སྟེ། ཡེ་ཤེས་དེ་དང་ལྡན་པ་ནི་ནམ་ཡང་ངན་སོང་རྣམས་སུ་མི་སྐྱེ་བ་ལ་སོགས་པའོ། །ལམ་ཡོངས་སུ་འཛིན་པའི་ནི་གསོལ་པ། །དེ་ལྟ་བུར་མི་ལྟུང་བའི་ཡེ་ཤེས་དེ་གང་ལགས། བཀའ་སྩལ་པ། ཡེ་ཤེས་དེ་དང་ལྡན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་ངོ༌། །ཆོས་ཉན་ཐོས་ཏོ་ནས་བདག་གཞན་གྱི་འདུ་ཤེས་མི་སྐྱེད་པ་དང་རྣམ་མཁྱེན་པར་དུ་འདུ་ཤེས་མི་སྐྱེད་པའོ། །སྤྱན་ལྔ་དང༌། མངོན་པར་ཤེས་པ་དྲུག་ལ་གདམས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མིག་ལྔ་ཡོངས་སུ་སྦྱོང་བ་ཡོད་དོ། །ཤའི་མིག་གི་ཡུལ་ནི་དངོས་པོ་སོ་སོར་ངེས་པའོ། །ལྷའི་མིག་གི་ཡུལ་ནི་སྐྱེ་བ་དང༌། འཆི་འཕོ་ཤེས་པའོ། །ཤེས་རབ་ཀྱི་མིག་གི་ཡུལ་ནི་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པའོ། །ཆོས་ཀྱི་མིག་གིས་འཕགས་པའི་གང་ཟག་རྣམས་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པ་ཐམས་ཅད་མཁྱེན་པའོ། །མངོན་ཤེས་དྲུག་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ། ལྷའི་མིག་གི་དང༌། རྣ་བའི་དང༌། སྔོན་གྱི་གནས་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་རྟོགས་པར་བདག་གིས་ཤེས་སོ་ཞེས་བྱ་བའི་རློམ་སེམས་མེད་དེ། རང་བཞིན་གྱིས་སྟོང་པ་དང༌། མ་སྐྱེས་པ་དང་མེད་པའི་ཕྱིར་རོ། །དེ་དག་གི་ཡོན་ཏན་དྲུག་ལས་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་ལ་སྦྱོང་བ་དག་ཀྱང་ཡོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མི་མཐུན་པའི་ཕྱོགས་དྲུག་བྱིས་པ་ལ་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་དང་སེར་སྣ་ལ་སོགས་པའི་རློམ་སེམས་མེད་དེ། མ་སྐྱེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་ཐམས་ཅད་གཅོད་པའོ། །ཡོན་ཏན་གཉིས་པ་ནི་ཉན་རང་བས་ཁྱད་པར་དུ་འཕགས་ཏེ། མཉམ་པ་ཉིད་ཐུགས་སུ་ཆུད་ནས་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །ཡོན་ཏན་གསུམ་པ་ནི་མིག་གིས་གཟུགས་ཡིད་དུ་
མི་འོང་བ་ལ་སོགས་པ་མཐོང་བར་མི་འགྱུར་རོ། །བཞི་པ་ནི་ལུང་སྟོན་པ་གསུམ་སྟེ། དགེ་སློང་སུམ་བརྒྱ་དང༌། ལྷའི་བུ་རྣམས་དང༌། འཁོར་སྟོང་ཕྲག་དྲུག་ཅུ་ལུང་བསྟན་པའོ། །ལྔ་པ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོའོ། །ཚད་མེད་པ། དཔག་ཏུ་མེད་པ། དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། མི་མཉམ་པ་དང་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དོ་སྤྱོད། སྤྱོད་པར་འགྱུར་རོ། །དེའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་སོ། །རྫོགས། རྫོགས་པར་འགྱུར་རོ། །མི་མཉམ་པ་དང་མཉམ་པའི་ལུས་ཐོབ་བོ། །འཐོབ། ཐོབ་པར་འགྱུར་རོ། །མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བྱང་ཆུབ་ཐོབ་པར་འགྱུར་རོ། །ཐོབ་བོ། །ཐོབ་པར་འགྱུར་རོ། །དུས་གསུམ་གྱི་སངས་རྒྱས་དང་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་འདི་ལ་བརྟེན་ནས་སངས་རྒྱས་སོ། །སངས་རྒྱའོ། །རྒྱ་བར་འགྱུར་རོ། །དེའི་སླད་དུ་སངས་རྒྱ་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡོད་ན། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་ལེགས་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཡོན་ཏན་དྲུག་ནི་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང༌། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་མཛད་དོ། །ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་བལྟམས་པ་འདི་སུའི་མཐུ་ལགས་ཞེས་ཞུས་པ་དང༌། སངས་རྒྱས་རྣམས་ཀྱིས་བཀའ་སྩལ་པ། མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བཞུགས་ཏེ། དེའི་ཞལ་ནས་ལྗགས་བཀྲམ་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པའི་མཐུའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་ལགས་ན་བདག་ཅག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་བལྟ་བའི་སླད་དུ་མཆིའོ་ཞེས་བྱ་བ་ནས་ཕྱོགས་བཅུ་ནས་མཆོད་རྫས་མང་པོ་
ཁྱེར་ནས་འཇིག་རྟེན་གྱི་ཁམས་འདིར་མཆིས་སོ། །ཤཱ་རིའི་བུའི་ལེའུ་སྟེ་གཉིས་པའོ།། །།ལེའུ་འདི་ནས་མཐོང་ལམ་དང་བསྒོམ་ལམ་ལ་གདམས་པ་གཉིས་སྟོན། མཐོང་ལམ་ལ་གདམས་པ་ལ་ཞུས་ལན་གཉིས་ཏེ། ངེས་ཤེས་བསྐྱེད་པ་དང་སྒྲོ་འདོགས་གཅོད་པའོ། །སྒྲོ་འདོགས་གཅད་པ་ལ་གསུམ། དངོས་ཀྱི་སྒྲོ་འདོགས་གཅད་པ་དང༌། བཏགས་པའི་དང༌། མཐོང་བའི་སྒྲོ་འདོགས་གཅད་པ་སྟེ་བསྡུས་པའི་དོན་ཏོ། །དེ་ལས་དང་པོ་འཕྲོས་པའི་ཞུས་ལན་དང༌། དགོས་པའི་མངོན་རྟོགས་གཉིས་ལས་ཞུས་ལན་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་བ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ངེས་པར་འབྱུང་བར་འགྱུར་བའི་ཆོས་ཀྱི་གཏམ་བྱ་བར་སྤོབས་པ་སྐྱེད་ཅིག །དེ་ལ་འཁོར་གྱི་རྟོག་པ་སྐྱེས་པ་ནི་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷའི་བུ་རྣམས་རབ་འབྱོར་གྱི་སྤོབས་པའི་མཐུས་སྟོན་ནམ། སངས་རྒྱས་ཀྱི་མཐུས་སྟོན་སྙམ་པ་དང༌། རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་དེ་རྣམས་ཀྱི་སེམས་ཀྱི་རྟོག་པ་ཤེས་ནས། ཤཱ་རིའི་བུ་ལ་སྨྲས་པ། ཉན་ཐོས་རྣམས་ཅི་སྨྲ་བ་དང༌། སྟོན་པ་ནི་དེ་བཞིན་གཤེགས་པའི་མཐུས་ཡིན་གྱི་ཉན་ཐོས་ཀྱི་ཡུལ་མ་ཡིན། དེ་བཞིན་གཤེགས་པ་ཉིད་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་སྟོན་པའོ། །དགོས་པའི་མངོན་རྟོགས་ནི་རབ་འབྱོར་གྱིས་གསོལ་བ། བདག་གིས་ནི་བྱང་ཆུབ་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ན། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། ཡང་དག་པར་རྗེས་སུ་མ་མཐོང་ན། གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་སྟེ། མིང་དེ་ནི་ནང་ནའང་མེད། ཕྱི་རོལ་དང་གཉིས་ཀ་ན་མེད་ཅིང་མི་དམིགས་སོ། །དཔེར་ན་བྱེད་པའི་སྐྱེས་བུ་བཅུ་གཉིས་དང༌། ཕུང་པོ་ཁམས་སྐྱེ་མཆེད་ནང་གི་མགོ་ལ་སོགས་པ་དང༌། ཕྱི་རོལ་གྱི་རྩྭ་དང་ཤིང་ལ་སོགས་པ་དང༌། འཁྲུལ་པའི་དཔེ་བརྒྱད་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི་ཕུང་པོ་ཁམས་སྐྱེ་མཆེད། རྟག་པ་དང་བདེ་བ་དང་
བདག་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་དང༌། སྨོན་པ་དང༌། འདུས་བྱས་དང༌། ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བ་དང༌། དབེན་པ་དང༌། དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང་ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་དང༌། འཇིག་རྟེན་པ་དང༌། འཁོར་བ་ཞེས་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང༌། དེ་རྣམས་ཀྱི་ཟློག་ཟླར་ཡང་དག་པར་རྗེས་སུ་མི་མཐོང༌། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ། དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཆོས་རྣམས་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་མི་འགྱུར་བར་ཐུགས་སུ་ཆུད་དེ་མིང་དང་བརྡ་ཙམ་དུ་ཤེས་པས་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཆགས་པར་མི་འགྱུར་ཞིང་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར། བྱང་ཆུབ་སེམས་དཔའ་སྐྱོན་མེད་ཅིང་ཕྱིར་མི་ལྡོག་པའི་ས་ཡོངས་སུ་ནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས་མིང་དང་བརྡར་ཁོང་དུ་ཆུད་པར་བྱའོ། །དངོས་པོའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་མ་འཚལ་ཞེས་ཟེར་བ་ནི། གཟུགས་ནས་རྒ་ཤིའི་བར་གྱི་དེ་བཞིན་ཉིད་ལ་ལྔ་ལྔར་བསྒྲེ་བ་ནི་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་ན། གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཏགས་པའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་གི་ཚིག་བླ་དགས་ལགས་ཞེས་ཟེར་བ་ནི་གཟུགས་དང༌། གཟུགས་ཀྱི་དེ་བཞིན་ཉིད་དང༌། རྟག་པ་དང༌། མི་རྟག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བདག་དང༌། བདག་མེད་པ་དང༌། ཞི་བ་དང༌།
མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་བ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །ཕུང་པོ་ལྔ་རྟག་པ་དང་མི་རྟག་པ་ལ་སོགས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མཐོང་བའི་སྒྲོ་འདོགས་གཅད་པ་ནི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་ཟེར་བ་ནི་ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ན། གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང༌། དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དོ། །བསྒོམ་ལམ་ལ་གདམས་པ་ནི་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང༌། དེ་སྐད་ཅེས་བཤད་པ་ལ་མི་འཇིགས་མི་དང་ན་དེ་ཉིད་གདམས་ངག་ཡིན་ཏེ་རྗེས་སུ་བསྟན་པའོ། །རབ་འབྱོར་གྱི་ལེའུ་སྟེ་གསུམ་པའོ། །། །ངེས་འབྱེད་ནི་མགོན་པོས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཁྱད་པར་འཕགས་པའི་སྒོ་ནས་མདོར་བསྟན་པ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོ་བ་ཡི། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཞེས་པ་ནི་གང་ལས་ཁྱད་པར་དུ་འཕགས་པ་ན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པ་ལས་འཕགས། གང་གི་ཁྱད་པར་དུ་འཕགས་ན་བྱང་ཆུབ་སེམས་དཔའ་སྐྱོབ་པའི་འཕགས། གང་ཁྱད་པར་དུ་འཕགས་ན་རྒྱུ་དང་ཏིང་ངེ་འཛིན་དང༌། རྣམ་རྟོག་དང་ཡོངས་སུ་འཛིན་པ་ཁྱད་པར་དུ་འཕགས། ཚུལ་ཇི་ལྟར་འཕགས་ན་ཉན་ཐོས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ནི་རང་འབའ་ཞིག་གི་ཐེག་པ་རྟོགས་པའི་རྒྱུ་བྱེད། བྱང་ཆུབ་སེམས་དཔའི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་གསུམ་གྱི་རྒྱུ་བྱེད་པས་འཕགས་སོ། །ཉན་ཐོས་ཀྱི་དམིགས་རྣམས་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་དམིགས་ནས་རྟོག་པ་ལ་སོགས་པ་ལམ་ཞེན་པའོ། །བྱང་ཆུབ་སེམས་དཔའི་དམིགས་རྣམས་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ལ་དམིགས་ནས། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ལ་མ་ཞེན་པའོ། །ཉན་ཐོས་ལ་སོགས་པའི་རྣམ་རྟོག་ནི་ངེས་འབྱེད་
ཀྱི་ཏིང་ངེ་འཛིན་གྱིས་སྤོང་བའོ། །དེ་ནི་མི་འཐད་དེ། ཡོད་པ་སྤང་བར་མི་ནུས། མེད་པ་སྤང་མི་དགོས་པས་སོ། །བྱང་ཆུབ་སེམས་དཔའི་རྣམ་རྟོག་ནི་རང་བཞིན་ཡོངས་སུ་ཤེས་པས་རང་ལ་རྣམ་རྟོག་ཡེ་ཤེས་སུ་འཆར་བས་ལྡན་པའོ། །གཞན་དོན་དུ་རྣམ་རྟོག་བརྟེན་པའོ། །ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ནི་ཉན་ཐོས་རངས་རྒྱལ་གྱི་ཐབས་ཤེས་རབ་ཡ་གལ་ལ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་དམ་བ་རྣམ་པ་གསུམ་གྱིས་ཟིན་པས་ཁྱད་པར་དུ་འཕགས་སོ། །ལེའུ་འདི་ནས་ངེས་འབྱེད་ཀྱི་རྒྱུ་དང༌། དྲོད་ཆུང་དུ་སྟོན། རྒྱུ་ལ་གསུམ་སྟེ། ཤེས་པའི་རྒྱུ། སྤོང་བའི་རྒྱུ། རྟོགས་པའི་རྒྱུའོ། །ཏིང་ངེ་འཛིན་བཅུ་གཉིས་ཏེ། རབ་འབྱོར་གྱི་གཏམ་བཅུ་གསུམ་བསྡུས་པའི་དོན་ནོ། །ཤེས་པའི་རྒྱུ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ཤེས་པར་འཚལ་བས་ཡུམ་ལ་བསླབ་པར་བགྱིའོ། །སྤོང་བའི་རྒྱུ་ནི་དུག་གསུམ། སྦྱོར་བ་བཞི། ཆུ་བོ་བཞི། ཕྱིན་ཅི་ལོག་བཞི། མི་དགེ་བ་བཅུ་སྤང་བར་འཆལ་བས་ཡུམ་ལ་བསླབ་པར་བགྱིའོ། །རྟོགས་པའི་རྒྱུ་ནི་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང༌། སྙོམས་འཇུག་དང༌། ཏིང་ངེ་འཛིན་རྣམས་དང༌། བྱང་ཆུབ་སེམས་དཔའི་སྐྱོན་ཆེན་པོར་མི་ལྟུང་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ངེས་འབྱེད་བརྒྱད་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་པ་ལ། དྲོད་ཆུང་དུའི་དམིགས་རྣམས་ནི་ཤཱ་རིའི་བུས་གསོལ་པ། བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས། ཆོས་ལ་སྲེད་པའོ། །ཆོས་ལ་སྲེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། གཟུགས་སྟོང༌། མི་རྟག་སྡུག་བསྔལ་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་ནི་སྐྱོན་ནོ་ཞེས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །ཀུན་འབྱུང་གི་བདེན་པ་ནི་གལ་ཏེ་གཟུགས་འདི་སྤང་བར་བྱའོ། །འདིས་སྤང་བར་བྱའོ། །ཡོངས་སུ་ཤེས་པར་བྱའོ་ཞེས་མངོན་དུ་བྱའོ། །འདི་ནི་ཕ་རོལ་ཏུ་ཕྱིན་པའོ། འདི་ནི་མ་ཕྱིན་པའོ་ལ་སོགས་པ་གཉིས་འཛིན་ལ་མངོན་པར་ཞེན་ཅིང་གནས་པ་ནི་སྐྱོན་ནོ། །འགོག་པ་ནི་སྐྱོན་མེད་པ་གང་ཞེ་ན། སྟོང་པ་བཅོ་བརྒྱད་ལ་བཅོ་བརྒྱད་དུ་ཡང་
དག་པར་རྗེས་སུ་མི་མཐོང་བའོ། །ལམ་གྱི་བདེན་པ་ནི་དེ་ལྟར་བསླབ་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་ཤེས་པར་བྱ་སྟེ་དེས་ཀྱང་རློམ་སེམས་སུ་མི་བྱ། དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །རབ་འབྱོར་གྱིས་སྨྲས་པ། འོད་གསལ་བ་ནི་ཉོན་མོངས་པ་དང༌། ཉན་རང་གི་སེམས་དང་མི་ལྡན་མ་བྲལ་བའོ། །སེམས་མ་ཡིན་པ་ནི་ཡོད་པའམ་མེད་པ་ནི་མི་དམིགས་ཤིང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །ཤཱ་རིའི་བུས་སྨྲས་པ། སེམས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་པ་དེ་བཞིན་དུ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་དུ་ཡིན་ནོ། །ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ནི་ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ལེགས་སོ་ལེགས་སོ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ཆོས་ཀྱི་བགོས་སྐལ་ལ་སྤྱོད་པ། ཟང་ཟིང་གི་བགོས་སྐལ་ལ་སྤྱོད་པ་མ་ཡིན་པ་ལ་སོགས་པའོ། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་དེ་བཞིན་དུ་ཉན་རང་དང་བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱའོ་ལ་སོགས་པའོ། །སྐྱོན་མེད་པའི་ལེའུ་སྟེ་བཞི་པའོ།། །།ལེའུ་འདི་ནས་དྲོད་འབྲིང་དང་ཆེན་པོའོ། །རྩེ་མོ་ཆེ་འབྲིང་གསུམ། བཟོད་པ་ཆུང་ངུ་དང་འབྲིང་སྟེ་བདུན་སྟོན་ནོ། །གཟུགས་སོགས་སྐྱེ་འཇིག་གནས་བྲལ་དང༌། །གནས་དང་བཏགས་དང་བརྗོད་དུ་མེད། །ཅེས་པ་ལ་སོགས་དྲོད་འབྲིང་གི་དམིགས་རྣམས་ནི་གཟུགས་ལ་སོགས་པ་སྐྱེ་འཇིག་མེད་པས་གང་ལའང་མི་གནས་པ་ནི་བདག་གིས་དེ་ལྟར་ཆོས་ཐམས་ཅད་འཕེལ་བ་དང་འགྲིབ་པ་མ་དམིགས་མ་འཚལ་ཏེ། མིང་ཙམ་དུ་བྱང་ཆུབ་སེམས་དཔའ་ཞེའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འཕེལ་བ་དང་འགྲིབ་པར་བགྱིད་ན་དེ་ཉིད་བདག་གིས་བགྱིས་འགྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གཟུགས་ནས་ཡང་དག་པའི་མཐའི་བར་གྱིས་འཕེལ་བ་དང་འགྲིབ་པ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེ་རྣམས་མ་མཐོང་ན་བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། ཆོས་དེ་རྣམས་ཀྱི་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབ་པ་མ་
མཆིས་ཏེ། དེ་ཅིའི་ཕྱིར་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་གནས་པ་ལ་སོགས་པ་མ་མཆིས་སོ། །དེའི་ཕྱིར་ན་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་མི་བགྱིའོ། །དྲོད་ཆེན་པོའི་དམིགས་རྣམས་ནི་བརྡར་བཏགས་པའི་ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་གང་ལ་མིང་དང་བརྡར་བགྱི་བ་དང་བཏགས་པ་དེ་ཡང༌། བཏགས་པ་ཙམ་དུ་བས་ཤིང་བརྗོད་དུ་མེད་པ་སྟེ། དཔེར་ན་རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །དེ་བཞིན་དུ་སྒྱུ་མ་ལ་སོགས་པ་དང་དེ་བཞིན་ཉིད་ལ་སོགས་པ་དང༌། སྦྱིན་པ་ནས་ཡང་དག་པའི་མཐའི་བར་དུ་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །རྩེ་མོའི་ཏིང་ངེ་འཛིན་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོ་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །དེ་ལ་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །ཆོས་རྣམས་མི་འཛིན་གང་ཡིན་པ། །དེ་དག་མཚན་མར་མི་མཐོང་ཕྱིར། །ཐམས་ཅད་དམིགས་སུ་མེད་པར་ནི། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པའོ། །ཞེས་པ་ལ། རྩེ་མོ་ཆུང་ངུའི་དམིགས་རྣམས་ནི་ཕུང་པོ་ལྔ་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང༌། མཚན་མ་ཡོད་མེད། སྨོན་པ་ཡོད་མེད། དབེན་མི་དབེན་ལ་གནས་པར་མི་བགྱིའོ། །རྩེ་མོ་ཆུང་དུན་གྱི་རྣམ་པ། དེ་ཅིའི་ཕྱིར་ཞེ་ན། རྟག་མི་རྟག་ལ་སོགས་པ་རང་རང་གི་ངོ་བོས་སྟོང་ངོ༌། །སྟོང་པ་གང་ཡིན་པ་དེ་ཡང་གཞན་མ་ཡིན། གཟུགས་ལ་སོགས་པའང་གཞན་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་དང་ཡང་དག་པའི་མཐའི་བར་ལ་སྦྱོར་རོ། །རྩེ་མོ་མི་མཐུན་པའི་ཕྱོགས་བསྟན་པ་ནི། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང༌། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན་གཟུགས་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱེད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་མི་འགྱུར། རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་
རོ། །དེ་བཞིན་དུ་ཀུན་ལ་བསྒྲེའོ། །རྩེ་མོ་འབྲིང་གི་དམིགས་པ། ཆོས་རྣམས་མི་འཛིན་པ་ནི་དེ་ཅིའི་སླད་དུ་ཞེ་ན། གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས། །དེ་བཞིན་དུ་ཡང་དག་པའི་མཐའི་བར་རོ། །ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མི་འགྱུར་བ་དེ་ལྟར་བརྟག་པར་བྱའོ། །ཆོས་ཐམས་ཅད་མ་བཟུང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་སྟེ། ཐམས་ཅད་མཁྱེན་པ་ཉིད་དེ་ཡང་སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར་གཟུང་དུ་མ་མཆིས་སོ། །རྩེ་མོ་འབྲིང་གི་རྣམ་པ་ཐམས་ཅད་མཚན་མར་མི་མཐོང་བ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི་མཚན་མའོ། །མཚན་མར་བཟུང་བ་ཅིག་ལགས་ན་ཀུན་ཏུ་རྒྱུ་ཕྲེང་བ་ཅན་དད་པ་ཐོབ་པར་མི་འགྱུར་བ་ལས། ཀུན་ཏུ་རྒྱུ་དེས་ཀྱང་ཉི་ཚེ་བའི་ཤེས་རབ་ཀྱིས་ཞུགས་ཏེ་ཕུང་པོ་ལྔ་ཡོངས་སུ་མི་འཛིན། དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་རྟོགས་པ་དང་ཐོབ་པར་བགྱི་བའི་ཚུལ་གྱིས་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང༌། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་ཡང་དག་པའི་མཐའི་བར་དུ་ཕྱི་ནང་རྣམ་པ་བཞིའི་ཚུལ་དུ་མི་མཐོང་ངོ༌། །དེ་ལ་ཀུན་དུ་རྒྱུ་མོས་པར་གྱུར་ནས། ཆོས་ཐམས་ཅད་གཟུང་དུ་མ་མཆིས་པའི་སླད་དུ། གཟུགས་ནས་ཡང་དག་པའི་མཐའི་བར་དུ་ཡོངས་སུ་མི་འཛིན་པ་འདི་ན་ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རྩེ་མོ་ཆེན་པོའི་དམིགས་པ་ཤེས་རབ་ཀྱིས་ཡོངས་སུ་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང༌། གང་གི །ཅི་ཞིག །ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྟག་སྟེ། མི་དམིགས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །རྩེ་མོ་ཆེན་པོའི་རྣམ་པ་ཐམས་ཅད་དམིགས་སུ་མེད་པ་ནི་སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར་ཕུང་པོ་རྣམས་མི་དམིགས་སོ། །སངས་རྒྱས་དང་བྱང་ཆུབ་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །དེ་སྐད་བཤད་པ་ལ་མི་འཇིགས་ན་བྱང་ཆུབ་སེམས་དཔའ་ཡུམ་དང་མ་བྲལ་བའོ། །བཟོད་པའི་ཏིང་ངེ་འཛིན་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཡི་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་ཡི་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པ་ལས། བཟོད་པ་ཆུང་ངུའི་
དམིགས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་ཞིན་ནི་རང་བཞིན་དང་བྲལ་བ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བཟོད་པ་ཆུང་ངུའི་རྣམ་པ་དེ་མེད་པའི་ངོ་བོ་ཉིད་ནི་ཤཱ་རིའི་བུས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །བཟོད་པ་འབྲིང་གི་དམིགས་པ་དེ་དག་སྐྱེ་མེད་ངེས་འབྱུང་མེད་ནི་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ་སྐྱེ་བ་དང་ངེས་པར་འབྱུང་བ་མེད་དོ། །དེ་བཞིན་དུ་བསྒྲེའོ། །བཟོད་པ་འབྲིང་གིས་རྣམ་པར་དག་པ་ནི་ལུས་ངག་ཡོངས་སུ་དག །ཉོན་མོངས་ཡོངས་སུ་དག །སྐྱེ་གནས་ཡོངས་སུ་དག་ཅིང་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་དང་བྲལ་བར་མི་འགྱུར་རོ། །ཀུན་དུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ་སྟེ་ལྔ་པའོ།། །།ལེའུ་འདི་ནས་བཟོད་པ་ཆེན་པོ་དང་ཆོས་མཆོག་ཆེ་འབྲིང་གསུམ་དང༌། གཟུང་རྟོག་གཉིས་སྟོན་པ་ལས། བཟོད་པ་ཆེན་པོའི་དམིགས་རྣམས་མཚན་མ་མེད་ཅིང་མོས་པ་མེད་པ་སྟོན་པ་ལས། དེའི་མི་མཐུན་པའི་ཕྱོགས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་རྟག་པ་དང༌། མི་རྟག་པ་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། དབེན་མི་དབེན་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཐབས་མི་མཁས་པའོ། །དེ་བཞིན་དུ་ཀུན་ལ་བསྒྲེའོ། །བདག་ནི་ཡུམ་ལ་སྤྱོད་པ་དང་མི་སྤྱོད་པ་དང༌། གཉི་ག་དང་གཉི་ག་མ་ཡིན་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཐབས་མི་མཁས་པའོ། །ཤཱ་རིའི་བུས་སྨྲས་པ། ཅིའི་ཕྱིར་ན་ཐབས་མི་མཁས་པར་རིག་པར་བྱ། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས་གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་གྲོལ་བར་བརྗོད་དོ། །དེས་ཀུན་ལ་བསྒྲེའོ། །དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། ཐབས་མི་མཁས་པར་ཤེས་པར་བྱའོ། །བཟོད་པ་ཆེན་པོ་དངོས་ནི་ཤཱ་རིའི་བུས་སྨྲས་པ། ཇི་ལྟར་
ཐབས་མཁས་པར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་རྟག་པ་དང་མི་རྟག་པ་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། ཞི་མ་ཞི་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་དང༌། དབེན་པ་དང་མི་དབེན་པ་དང༌། དེ་བཞིན་དུ་ཆོས་ཐམས་ཅད་ལ་མི་སྤྱོད་པའི་ཚེ། ཐབས་མཁས་པར་ཤེས་པར་བྱའོ། །དེ་ཅིས་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ཞེས་པ་ལས་སྣང་སྟོང་བཞི་སྦྱོར་དང༌། སྤྱོད་མི་སྤྱོད་ལ་སོགས་པ་མུ་བཞི་རུ་མི་དམིགས་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཆོས་མཆོག་གི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་དེའི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་ཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པས་ཆོས་མཆོག་ཆུང་ངུའི་དམིགས་རྣམས་ཏིང་ངེ་འཛིན་དེའི་བྱེད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་རྣམ་པར་སྤྱོད་པ་ནི་མྱུར་དུ་བླ་ན་མེད་པར་སངས་རྒྱའོ། །སྐྱེ་བ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་ཀུན་ལ་སྦྱར་རོ། །ཆོས་མཆོག་འབྲིང་གི་དམིགས་རྣམས་ལུང་སྟོན་པ་དང་རློམ་པ་ཟད་པ་ནི་དེ་ནས་སངས་རྒྱས་ཀྱི་མཐུས་རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་དག་གི་སྤྱོད་པ་ནི་འདས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཏེ། ཏིང་ངེ་འཛིན་དང་བདག་དང་སྙོམས་པར་འཇུག་པ་ལ་རློམ་སེམས་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་བྱང་ཆུབ་སེམས་དཔའ་ངོ་བོ་གཅིག་པ་ནི་ཆོས་མཆོག་ཆེན་པོའི་དམིགས་པའོ། །དེ་རྣམས་ལ་རྣམ་པར་མི་རྟོག་པ་ནི་རྣམ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་ཞེས་གནང་བ་ནི། བཀའ་སྩལ་པ། ངས་ཉོན་མོངས་མེད་པར་བཤད་པ་ནི་འདི་ཡིན་ནོ། །བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་དེ་ལྟར་བསླབ་པར་བྱའོ། །དེ་ནས་ཤཱ་རིའི་བུས་གསོལ་བ། ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ལགས་སམ། བཀའ་སྩལ་པ། དེ་ལྟར་སློབ་པ་ནི་མི་དམིགས་
པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཅིའི་ཕྱིར་ན་མི་དམིགས་པ་ལགས་ཞེས་པའི་ལན་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་ལ་སོགས་པ་མི་དམིགས་སོ། །རྣམ་པར་དག་པ་གང་ལགས་ཞེས་པའི་ལན་ཆོས་ཐམས་ཅད་སྐྱེ་འགག་མེད། ཀུན་ནས་ཉོན་མོངས་དང་རྣམ་བྱང་མེད་པ་ནི་རྣམ་པར་དག་པ་སྟེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ནི་གང་ལ་ཡང་མི་སློབ་བོ། །གཟུང་བའི་རྣམ་པར་རྟོག་པ་ལས། །གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་པ་ལས། རྣམ་རྟོག་གི་གོ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁོར་འདས་ལ་ཞེན་པའི་ཆ་ནས་ནི་རྟོག་པ་ལ། དེ་གསལ་སྣང་གི་ཆ་ནས་ནི་ཡེ་ཤེས་སོ། །གཞིའི་རྟོག་པ་དགུ་ལས། དང་པོ་མ་རིག་པའི་རྟོག་པ་ནི་ཤཱ་རིའི་བུས་ཆོས་འདི་དག་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །གཉིས་པ་གཟུགས་ལ་སོགས་པའི་རྟོག་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ། སྟོང་པ་བཅོ་བརྒྱད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །གསུམ་པ་མིང་དང་གཟུགས་ཀྱི་རྟོག་པ་ནི་མེད་པ་ལ་བཏགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ནོ། །བཞི་པ་མཐའ་གཉིས་ལ་ཆགས་པའི་རྟོག་པ་ནི་མེད་པ་ལ་ཞེན་ཅིང་རྟག་ཆད་ཀྱི་མཐའ་མི་ཤེས་སོ། །ལྔ་པ་མི་ཤེས་པའི་རྟོག་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མི་ཤེས་མི་མཐོང༌། དྲུག་པ་ངེས་པར་མི་འབྱུང་བའི་རྟོག་པ་ནི་དེ་ཁམས་གསུམ་དང་ཉན་རང་ལས་ངེས་པར་མི་འབྱུང་བའོ། །བདུན་པ་ཡིད་མི་ཆེས་པའི་རྟོག་པ་ནི་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་པ་ལ་སོགས་པའོ། །བརྒྱད་པ་མི་གནས་པའི་རྟོག་པ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་གནས་པ་མ་ཡིན་ནོ། །དགུ་པ་མངོན་པར་ཞེན་པའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཞེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བའོ། །གཉེན་པོའི་རྟོག་པ་དགུ་ལས་དང་པོ་ནི་ཤཱ་རིའི་བུས་གསོལ་པ། ཇི་ལྟར་བསླབས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ལགས། ལམ་ནི་ཕ་རོལ་ཏུ་ཕྱིན་
པ་རྣམས་ནི་མི་དམིགས་དང་པོའོ། །གཉིས་པ་སྟོང་པ་བཅོ་བརྒྱད་མི་དམིགས། གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས། བཞི་པ་འཕགས་པའི་བདེན་པ་ལ་སོགས་པ་མི་དམིགས། ལྔ་པ་ཏིང་ངེ་འཛིན་དང་གཟུགས་ཀྱི་སྒོ་དང་མངོན་པར་ཤེས་པ་རྣམས་མི་དམིགས། དྲུག་པ་སྟོབས་ལ་སོགས་པ་རྣམས་མི་དམིགས། བདུན་པ་ཐམས་ཅད་ཤེས་པ་མི་དམིགས། བརྒྱད་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས། །དགུ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །མཚན་མ་མེད་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་འདི་ནས་འཛིན་པའི་རྣམ་པར་རྟོག་པ་གཉིས། ཐབས་ལ་མཁས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན། ཐབས་མི་མཁས་པ་དང་ལྡན་པའི་སྡིག་པའི་གྲོགས་པོའོ། །དེ་ཡང༌། བདག་སོགས་རང་དབང་ངོ་བོ་དང༌། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པ་རྣམ་པ་གཉིས་སུ་འདོད། །ཅེས་པ་ལ། གང་ཟག་གི་རྫས་ཀྱི་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་རྒྱུ་མེད་པའོ། །སྐྱེས་བུ་བཏགས་པའི་རྟོག་པ་ནི་ངེས་པར་འབྱུང་རྒྱུ་མེད་པར་སྟོན་ནོ། །རྟོག་པ་དང་པོ་ནི་རབ་འབྱར་གྱིས་གསོལ་པ་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང༌། སྒྱུ་མའི་སྐྱེས་བུ་འདི་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། བཀའ་སྩལ་པ། ཁྱོད་ལ་དྲི་ཡིས་ཁྱེད་ཀྱིས་ཇི་སྐད་དུ་བསྟན་པ་དེ་ལྟར་ལན་ཐོབ་ཅིག །རྟོག་པ་དང་ཕུང་པོའང་གཞན་ལས་སྒྱུ་མའང་གཞན་ཞིག་ཡིན་སྙམ་མམ། གཉིས་པ་ཁམས། གསུམ་པ་སྐྱེ་མཆེད། བཞི་པ་རྟེན་འབྲེལ། ལྔ་པ་ཕ་རོལ་ཏུ་ཕྱིན་པ་རྣམས། དྲུག་པ་སྟོང་པ་རྣམས། བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་རྣམས། བརྒྱད་པ་འཕགས་པའི་བདེན་པ་ལ་སོགས་པ། དགུ་པ་སྟོབས་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །རབ་འབྱོར་གྱིས་གསོལ་པ། གཟུགས་ཀྱང་གཞན་མ་ལགས། སྒྱུ་མའང་གཞན་མ་ལགས། གཟུགས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུགས་སོ། །དེ་བཞིན་དུ་ཀུན་ལ་
སྦྱར་རོ། །སྐྱེས་བུ་བཏགས་པའི་རྟོག་པ་ནི་ངེས་པར་འབྱུང་རྒྱུ་མེད་པར་སྟོན་པ་ལས་དང་པོའི་སྒྱུ་མ་ལ་སྐྱེ་འགག་ཡོད་དམ། གཉིས་པ་སྒྱུ་མ་ལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་ཡོད་དམ། གསུམ་པ་སྐྱེ་འགག་མེད་ཀུན་ནས་ཉོན་མོངས་དང་རྣམ་བྱང་མེད་པ་དེ་ངེས་པར་འབྱུང་པར་འགྱུར་རམ། བཞི་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱང་ཆུབ་སེམས་དཔའ་ཞེས་བརྡ་དང་ཐ་སྙད་དུ་བརྟགས་པ་ཡིན་ནམ། ལྔ་པ་བརྡ་དང་ཐ་སྙད་ཙམ་གྱིས་ཉེ་བར་ལེན་པའི་ཕུང་པོ་འདི་སྐྱེ་བ་དང་འགག་པར་འགྱུར་རམ། དྲུག་པ་བརྡ་དང་ཐ་སྙད་མེད་ལུས་ངག་ཡིད་གསུམ་མེད་སྐྱེ་འགག་མེད་པ་དེ་གསུམ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། བདུན་པ་ཕུང་པོ་ལྔ་པོ་འདི་དག་ཡུམ་ལ་བསླབས་ཤིང་ངེས་པར་འབྱུང་བར་འགྱུར་རམ། བརྒྱད་པ་འཁྲུལ་པའི་དཔེ་བརྒྱད་ལྟ་བུའི་ཕུང་པོ་ལྔ་པོ་འདི་དག་ཡུམ་ལ་བསླབས་ནས་ངེས་པར་འབྱུང་བར་འགྱུར་རམ། དགུ་པ་ཕུང་པོ་ལྔ་པོ་ནི་འཁྲུལ་པའི་དཔེ་བརྒྱད་ལྟ་བུ་སྟེ་ཡུམ་ལ་སློབ་པ་དང་ངེས་པར་འབྱུང་བའང་མེད་དོ། །རབ་འབྱོར་གྱིས་གསོལ་པ། དེ་སྐད་བསྟན་ཅིང་བཤད་ན་འཇིགས་ཤིང་དངང་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། ཐབས་མཁས་པའི་དགེ་བའི་བཤེས་གཉེན་དང་ཕྲད་ན་མི་འཇིགས། ཐབས་མི་མཁས་པའི་སྡིག་པའི་གྲོགས་པོ་དང་ཕྲད་ཟིན་ན་འཇིགས་སོ། །སེམས་མི་འགོང་བ་ཉིད་སོགས་ཀྱིས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པ་ལ། ཐབས་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕུང་པོ་ལྔ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། དབེན་ཞེས་བྱ་བར་སོ་སོར་རྟོག་སྟེ་དེ་མི་དམིགས་སོ། །དེ་བཞིན་དུ་ཕུང་པོ་ལྔ་ཆོས་དགུའི་རྣམ་པར་སོ་སོར་རྟོག་སྟེ་དེ་མི་དམིགས་སོ། །དེ་ཉིད་ལྡོག་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་སུ་སྟོན་པ་ལས། །ཕུང་པོ་ལྔ་ཆོས་དགུ་པོ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕུང་པོ་ལྔ་ཆོས་དགུ་པོ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་ཉན་རང་གི་ཡིད་ལ་བྱེད་
བ་དང་མི་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་མི་དམིགས་པའི་ཚུལ་གྱིས་ཡིད་ལ་མོས་ཤིང་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་ཀྱི་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་གཏོང་བར་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕུང་པོ་ལྔ་ཆོས་དགུ་པོ་དེ་ཉིད་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་མི་ལྡན་པ་དང༌། དེ་མ་ཡིན་པ་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མི་དགེ་བ་གཞན་གྱི་གོ་མི་འབྱེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི་གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རོ། །ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བསྟན་པ་འདི་ཐོས་ན་སྐྲག་པར་མི་འགྱུར་རོ། །དགེ་བའི་བཤེས་གཉེན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་དགུ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང༌། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སྐྲག་པར་མི་འགྱུར་རོ། །ཐབས་མི་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ཞིང་དམིགས་ཏེ་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མི་ལྡན་པས་གཟུགས་སྟོང་པ་བཅོ་བརྒྱད་དོ་ཞེས་བྱ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང༌། དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལའོ། །དེས་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་སྐྲག་གོ །སྡིག་པའི་གྲོགས་པོ་ནི་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དྲུག །ཉན་ཐོས་ཕ་མ་མཁན་སློབ་དགེ་སློང་གི་ཆ་བྱད་དང་བཅུས་སྟོན་པ་ལས། དང་པོ་དབྱེས་འཛུད་པའི་བདུན་ནི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མེད་པར་བྱེད་དེ། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན། ཆོས་དང་འདུལ་བ་མ་ཡིན། རང་བཟོར་བྱས་པ་སྟེ་འདི་དག་ལ་ཉན་པ་ལ་སོགས་པར་མི་བྱའོ། །གཉིས་པ་
ནི་དགོས་པ་མེད་པར་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ་ཟེར་བའོ། །གསུམ་པ་ཁ་འདྲེན་པའི་བདུད་ཀྱི་ལས་ནི་ཉན་རང་གི་གསུང་རབ་ལ་སྙན་པར་བརྗོད་པའོ། །བཞི་པ་བྱང་ཆུབ་སེམས་དཔའ་སུན་འབྱིན་པའི་བདུད་ཀྱི་ལས་ནི་ཁྱོད་ལ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད་ན་ཕྱིར་མི་ལྡོག་པ་ཡང་མིན་པས་སངས་ཀྱང་མི་རྒྱའོ་ཞེས་ཟེར་བའོ། །ལྔ་པ་སྟོང་པ་ཧ་ང་པོའི་བདུད་ཀྱི་ལས་ནི་མིག་ནི་བདག་གམ་བདག་གིས་སྟོང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ནི་བདག་གམ་བདག་གིས་སྟོང་ན་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བའོ། །དྲུག་པ་ཆད་ལྷའི་བདུད་ཀྱི་ལས་ནི་ཕྱོགས་བཅུ་དང་སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་སྟེ། སངས་རྒྱས་ལ་སོགས་པ་མེད་ཅེས་ཟེར་བའོ། །བདུན་པ་ནི་བདུད་སྡིག་ཅན་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ཟློག་ཅིང༌། ཉན་རང་གི་ཡིད་ལ་བྱ་བ་འདེབས་ཤིང་སྟོན་པའོ། །བརྒྱད་པ་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་ཀྱི་སྤྱོད་པ་བཟློག་ནས་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་གྱིས་ཤིག །ཐམས་ཅད་མཁྱེན་པས་ཅི་ཞིག་བྱ་ཞེས་ཟེར་པའོ། །དགུ་པ་ཕ་མའི་ཆ་བྱད་དུ་བྱས་ནས་འཁོར་བ་ན་རྐང་ལག་དང་མགོ་བོ་བཅད་པ་མེད་པས་ཉོན་མོངས་པར་འགྱུར་གྱི་ཞེས་པའོ། །བཅུ་པ་དགེ་སློང་གི་ཆ་བྱད་དུ་བྱས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་དགུ་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ནི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །སྒྱུ་མ་ལྟ་བུའི་ལེའུ་སྟེ་བདུན་པའོ།། །།ལེའུ་འདི་ནས་རིགས་ཅན་བྱང་ཆུབ་སེམས་དཔའ་བཅུ་གསུམ། དམིགས་པ་བཅུ་གཅིག །ཆེད་དུ་བྱ་བ་གསུམ། གོ་ཆའི་སྒྲུབ་པ་སུམ་ཅུ་སོ་དྲུག །འཇུག་པའི་སྒྲུབ་པ་དགུ། ཚོགས་ཀྱི་སྒྲུབ་པ་བཅུ་ཐམ་པ་སྟོན་ནོ། །དེ་ལ་རིགས་ཅན་བྱང་ཆུབ་སེམས་དཔའ་མ་གྲུབ་པར་སྟོན་པ་ནི། རྟོག་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གཏུགས་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམས་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །མདོ་སྤྱིར་བསྟན་པ་ནི་རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ལགས། བཀའ་
སྩལ་པ། ཚིག་གི་དོན་མེད་དེ། བྱང་ཆུབ་དང་སེམས་ཅན་སྐྱེ་བ་མེད་པའི་ཕྱིར་ནམ་མཁའ་ལ་བྱའི་རྗེས་མེད་པ་དེ་བཞིན་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་གི་དོན་མེད་དོ། །དྲོད་ཀྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་རྨི་ལམ་ལ་སོགས་པ་འཁྲུལ་པའི་དཔེ་བརྒྱད་ལ་ཚིག་གི་གཞིའི་དོན་མེད་དོས་བསྟན། རྩེ་མོའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་ཆོས་ཉིད་བརྒྱད་ལ་ཚིག་གི་དོན་མེད་དོས་བསྟན། བཟོད་པའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་སྒྱུ་མའི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་ཚིག་གི་གཞིའི་དོན་མེད་དོས་བསྟན། ཆོས་མཆོག་གི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཚིག་གི་གཞིའི་དོན་མེད་དེ། དེ་རྣམས་མེད་པའི་ཕྱིར་རོས་བསྟན། མཐོང་ལམ་གྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་འདུས་བྱས་དང་འདུས་མ་བྱས་ལ་གཞི་མེད་དོས་བསྟན། །བསྒོམ་ལམ་གྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་གཟུགས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་མངོན་པར་འདུ་བྱ་བ་དང་འབྱུང་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་གནས་མེད་གཞི་མེད་དོས་བསྟན། གཉེན་པོའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་ཉི་མའི་དཀྱིལ་འཁོར་འཆར་བ་ལ་མུན་པའི་གནས་མེད་དོ། །སྤོང་བའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་དོ། །དེ་དག་ཡོངས་སུ་གཏུགས་པའི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་དཔེ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ལ་ཚུལ་ཁྲིམས་ལ་སོགས་པ་འཆལ་པ་ལྔའི་གནས་མེད་དོ། །ཤེས་རབ་སྙིང་བརྩེར་བཅས་པ་མ་གྲུབ་པའི་དཔེ་ནི་དཔེར་ན་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་དོ། །སློབ་མ་ཐུན་མོང་མ་ཡིན་པའི་དཔེ་ནི་གཟའ་དང་སྐར་མའི་འོད་ལ་གཞི་མེད་དོ། །གཞན་གྱི་དོན་གྱི་གོ་རིམས་ཀྱི་བྱང་ཆུབ་སེམས་དཔའ་མ་གྲུབ་པའི་།དཔེ་ནི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནི་དཔེར་ན་དེ་བཞིན་གཤེགས་པ་སངས་རྒྱས་འོད་ལ་གནས་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཚིག་གི་གཞིའི་དོན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཐམས་ཅད་ལྡན་པ་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །བྱང་ཆུབ་
སེམས་དཔའ་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །དེ་ཡང་མགོན་པོས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པ་ནི་ཆོས་ཉིད་ལ་དབྱེ་བ་མེད། ཆོས་ཉིད་རྟོགས་པའི་གང་ཟག་ལ་ཕྱེ་བ་ཡིན། དཔེར་ན་བུམ་པ་ལ་དབྱེ་བ་མེད་ཀྱང་བུམ་པར་བླུགས་པའི་ཆུ་དང་འོ་མ་དང་སྦྲང་རྩི་ལ་སོགས་པས། ཆུའི་བུམ་པ་དང་སྦྲང་རྩིའི་བུམ་པ་ཞེས་པ་ལྟ་བུའོ། །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོག་པ་དང༌། །གང་དག་འཇིག་རྟེན་འདས་འདོད་དང༌། །ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་པ་ནི་ཀུན་རྫོབ་ཏུ་བསྟན་གྱི། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས་མི་དམིགས་པ་ལ་བསླབ་བོ། །ཆེད་དུ་བྱ་བ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་ཉིད་ཅེས་བརྗོད། །ཆེན་པོ་ལྔ་ལྡན་གྱི་བཤད་པ་ལ་སེམས་དཔའ་ཆེ་བ་ནི་རབ་འབྱོར་གྱིས་གསོལ་པ། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི། བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཕུང་པོ་ངེས་པ་ནི་འཕགས་པའི་གང་ཟག་རྣམས་སོ། །རྡོ་རྗེ་ལྟ་བུའི་སེམས་དང༌། རླབས་པོ་ཆེའི་སེམས་དང༌། མི་འགུལ་པའི་སེམས་དང༌། ཕན་བདེ་བསྐྱེད་པའི་སེམས་དང༌། ཆོས་ལ་དགའ་བའི་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །སྤོང་བ་ཆེ་བ་ནི་ཤཱ་རིའི་བུས་གསོལ་པ། བདག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་སྤོབས་པ་སྐྱེའོ། །བཀའ་སྩལ་པ། སྤོབས་པ་སྐྱེད་ཅིག །སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་དང༌། ཡོད་མེད་དང༌། རྟག་ཆད་དང་གཟུགས་ནས་སངས་རྒྱས་དང་བྱང་ཆུབ་ཀྱི་བར་དུ་ལྟ་བ་སྤོང་བའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །རབ་འབྱོར་གྱིས་སྨྲས་པ། ཅིའི་ཕྱིར་ན་གཟུགས་ནས་སངས་རྒྱས་བྱང་ཆུབ་ཀྱི་བར་དུ་ལྟ་བར་འགྱུར་བ་ཡིན། ཤཱ་རིའི་བུས་སྨྲས་པ། གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་དམིགས་ཤིང་
དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །དེའི་ཕྱིར་ན་གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་ལྟ་བར་འགྱུར་བ་ཡིན་པས་དེ་སྤོང་བའི་ཕྱིར་ཆོས་སྟོན་ནོ། །རྟོགས་པ་ཆེ་བ་ནི་རབ་འབྱོར་གྱིས་གསོལ་པ། སེམས་དཔའ་ཆེན་པོའི་དོན་དེ་ལ་བདག་ཀྱང་སྤྲོ་བ་སྐྱེའོ། །བཀའ་སྩལ་པ། སྤོབས་པར་གྱིས་ཤིག ། རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་ཀྱི་སེམས་ཉན་ཐོས་དང་རང་རྒྱལ་དང་ཐུན་མོང་མ་ཡིན་པའི་སེམས་དེ་ལའང་ཆགས་པ་མེད་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དང་པོ་བསྐྱེད་ཕྱིན་ཆད་ཆོས་གང་སྐྱེ་བའམ། འགག་པའམ་འཕེལ་འགྲིབ་བམ་འགྲོ་འོང་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུ་ཡང་དག་པར་རྗེས་སུ་མི་མཐོང་བས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཆགས་པར་མི་འགྱུར་རོ། །སྒྲུབ་པ་རྣམ་པ་བཞི་ལས་གོ་ཆའི་སྒྲུབ་པ་ནི། སྦྱིན་པ་ལ་སོགས་རྣམ་དྲུག་གིས། །དེ་དག་སོ་སོར་བསྡུས་པ་དང༌། གོ་ཆའི་སྒྲུབ་པ་གང་ཡིན་པ། །དྲུག་ཚན་དྲུག་གིས་ཡང་དག་བཤད། །ཅེས་པ་ལ། བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་བདག་ཀྱང་སེམས་དཔའ་ཆེན་པོའི་དོན་དེ་ལ་སྤོབས་པར་བགྱིད་ལགས་སོ་གྱིས་ཤིག །གསོལ་བ། གོ་ཆ་ཆེན་པོ་བགོས་པ་ཐེག་པ་ཆེན་པོ་ལ་གནས་ཤིང་འཇུག་པའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །ཤཱ་རིའི་བུས་སྨྲས་པ། གང་པོ་ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་ཞེས་བྱ། གང་པོས་སྨྲས་པ། སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་གོ་ཆ་གྱོན་པ་མ་ཡིན། །སེམས་ཅན་འདི་སྙེད་ཅིག་ནི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱའོ། འདི་སྙེད་ནི་དགོད་པར་མི་བྱའོ་སྙམ་དུ་གོ་ཆ་གྱོན་པ་མ་ཡིན། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་དུ་གོ་ཆ་གྱོན་པའོ། །འདི་ལྟ་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་གཏོང་ཞེ་ན། །མ་ཆགས་པར་གཏོང་བའི་ཆ་ནས་སྦྱིན་པ། དེ་ཉིད་མི་དགེ་བ་དང་མ་འདྲེས་པར་གཏོང་བས་ན་ཚུལ་ཁྲིམས། དེ་ཉིད་མི་མཐུན་པ་མེད་པར་གཏོང་བའི་ཆ་ནས་བཟོད་པ་དགེ་བ་ལ་སྤྲོ་བའི་ཆ་ནས་གཏོང་བས་བརྩོན་འགྲུས། མ་ཡེངས་པའི་ཆ་ནས་བསམ་གཏན། སྦྱིན་པ་གཏོང་བ་དང་ལེན་པ་ལ་སོགས་པ་སྒྱུ་མ་ལྟ་བུར་ཤེས་པས་ཤེས་རབ་པོ། །དེ་ལྟར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ལ་དྲུག་དྲུག་ཏུ་བསྒྲེའོ། །དེ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་ལ་
ཆེད་དུ་བརྗོད་པ་མཛད་དོ། །འཇུག་པའི་སྒྲུབ་པ་དགུ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། །དམིགས་པ་མེད་པར་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ལ། ཤཱ་རིའི་བུས་སྨྲས་པ། གང་པོ་ཐེག་པ་ཆེན་པོ་ལ་ཇི་ལྟར་འཇུག་དྲིས་པའི་ལན་ནི། ཐེག་པ་ཆེན་པོ་ལ་བསམ་གཏན་གཟུགས་མེད་ཀྱི་འཇུག་པ་ནི། བསམ་གཏན་བཞི་ཚད་མེད་པ་བཞི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་རོ་མྱོང་བར་མི་བྱེད་དབང་གིས་ཀྱང་མི་འཕྲོགས་པའོ། །སྦྱིན་སོགས་ཀྱི་འཇུག་པ་ནི་སྙོམས་འཇུག་གསུམ་གཏང་བའི་ཆ་ནས་སྦྱིན་པ། སྲུང་བའི་ཆ་ནས་ཚུལ་ཁྲིམས། མི་བཟོད་པ་མེད་པའི་ཆ་ནས་བཟོད་པ། མི་གཏོང་བའི་ཆ་ནས་བརྩོན་འགྲུས། །ཡིད་ལ་བྱེད་པ་གཞན་གྱི་གོ་སྐབས་མི་འབྱེད་པའི་ཆ་ནས་བསམ་གཏན། ཆོས་ཐམས་ཅད་མི་དམིགས་པའི་ཆ་ནས་ཤེས་རབ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ཆེད་དུ་བརྗོད་པ་མཛད་དོ། །ལམ་གྱི་འཇུག་པ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའོ། །བྱམས་པ་ལ་སོགས་པའི་འཇུག་པ་ནི་ཚད་མེད་པ་བཞི་འཛིན་ཆགས་མེད་པའི་ཆ་ནས་སྦྱིན་པ། མི་དགེ་བ་སྲུང་བས་ཚུལ་ཁྲིམས། ཚད་མེད་ཀྱི་བཟོད་པ། ཚད་མེད་ཀྱི་བརྩོན་འགྲུས། ཚད་མེད་ཀྱི་བསམ་གཏན། ཚད་མེད་ཀྱི་ཤེས་རབ་པོ། །མི་དམིགས་པའི་འཇུག་པ་ནི་སྟོང་པ་བཅོ་བརྒྱད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན། རྟག་པ་དང་མི་རྟག་པ་ལ་སོགས་པ་དང༌། ཁམས་གསུམ་དང་དམིགས་པ་བཅུ་གཅིག་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ནོ། །འཁོར་གསུམ་རྣམ་པར་དག་པའི་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཀྱང་གསུམ་པོ་ལ་མི་དམིགས་པའོ། །ཆེད་དུ་བྱ་བའི་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པས་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་རྣམ་པར་མི་སྒོམ་པའི་ཚུལ་དུ་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །གཟུགས་དམིགས་སུ་མེད་པའི་ཕྱིར་གཟུགས་ཞེས་བྱ་བ་ནི་མིང་ཙམ་དུ་ཟད་དོ། །དེ་བཞིན་དུ་སངས་རྒྱས་དམིགས་སུ་མེད་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་
ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བའི་བར་རོ། །མངོན་པར་ཤེས་པའི་འཇུག་པ་ནི་བདག་གིས་མངོན་པར་ཤེས་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་འཇུག་པ་ནི་བདག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་ཚད་མེད་པའི་དོན་བྱེད་ཀྱང་མངོན་པར་མ་ཞེན་པའོ། །ཚོགས་ཀྱི་སྒྲུབ་པ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌། །ཟུང་དུ་འབྲེལ་པའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། །ལམ་དང་གཟུངས་དང་ས་བཅུ་དང༌། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །དེ་ལ་སྙིང་རྗེའི་ཚོགས་ལ་སོགས་པ་བཅུ་ནི་རབ་འབྱོར་གྱིས་གསོལ་བ། བྱམས་མའི་བུ་གང་པོས་གོ་ཆ་ཆེན་པོ་བགོས་པ་དང༌། ཐེག་པ་ཆེན་པོ་ལ་འཇུག་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བརྗོད་ན། བཅོམ་ལྡན་འདས་གོ་ཆ་ཆེན་པོ་ནི་ཇི་ལྟར་གྱོན་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་འགེངས། སྟོང་གསུམ་ན་སེམས་ཅན་དམྱལ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ལ་ཕྱག་འཚལ་ལོའི་སྒྲ་བརྗོད་དོ། །དེས་དེ་ཐོས་ནས་དགའ་བདེ་ཐོབ་སྟེ་དེ་ནས་རྣམ་པར་ལྡང་ངོ༌། །ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཞུགས་པ་དེར་སྐྱེའོ། །དེ་བཞིན་དུ་བྱོལ་སོང་དང་གཤིན་རྗེའི་འཇིག་རྟེན་སྦྱར་རོ། །སྦྱིན་པའི་ཚོགས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད་དོ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་ཆེད་དུ་བསམ་སྟེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་ལ་གནས་ནས་སེམས་ཅན་རྣམས་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་འགོད་དོ། །བཟོད་པའི་ཚོགས་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་རྡོ་དང་དབྱུག་པས་རྡེག་ཅིང་ལ་སོགས་པའོ། །བརྩོན་འགྲུས་ཀྱི་ཚོགས་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་སེམས་བསྐྱེད་པས་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་བསྐུལ་ཞིང་འཇོག་གོ །བསམ་གཏན་གྱི་ཚོགས་ནི་ཆོས་ཉིད་ལ་གནས་ཤིང་ཆོས་གང་ཡང་འཁྲུག་པར་མི་བྱེད་དོ། །ཤེས་རབ་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་ཅིང༌། ཆོས་གང་ཡང་སྐྱེ་བའམ་འགག་པའམ་ཀུན་ནས་ཉོན་མོངས་དང་རྣམ་བྱང་ངམ། ཚུ་རོལ་ལམ་ཕ་རོལ་མི་དམིགས་སོ། །ཞི་གནས་ཀྱི་ཚོགས་ནི་དཔེར་ན་སྒྱུ་མའི་མཁན་པོའམ་མཆན་བུ་ཅིག་གིས་ལམ་གྱི་བཞི་མདོར་སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ནས་དེས་ངན་སོང་གསུམ་ནས་བཏོན་ནས་ཕར་ཕྱིན་དྲུག་ལ་བསྐུལ་ཞིང་བཙུད་ན་དེ་ཇི་སྙམ་དུ་སེམས་སྒྱུ་མའི་མཁན་པོའམ་མཆན་བུ་དེས་སེམས་ཅན་གང་ཡང་ངན་སོང་ནས་བཏོན་ནས་ཕར་ཕྱིན་ལ་བཀོད་པ་ཡོད་དམ། བཀོད་པ་མེད་པ་དེ་བཞིན་དུ་ཕྱོགས་བཅུ་ཀུན་ལ་སྦྱར་རོ། །ལྷག་མཐོང་གི་ཚོགས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པ་གོ་ཆར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། བྱང་ཆུབ་སེམས་དཔའ་དང་གོ་ཆས་སྟོང་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོ་ཆ་དེ་ནི་མ་བྱས་རྣམ་པར་མ་བྱས་མངོན་པར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །ཟུང་དུ་འབྲེལ་པའི་ཚོགས་ནི་རབ་འབྱོར་གྱིས་གསོལ་པ། ཕུང་པོ་ལྔ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། མ་བཅིངས་མ་གྲོལ་བའི་ཕུང་པོ་ལྔ་པོ་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། འཁྲུལ་པའི་དཔེ་བརྒྱད་ཀྱི་ཕུང་པོ་ལྔ་དང༌། དུས་གསུམ་གྱི་ཕུང་པོ་ལྔ་ནི་མ་བཅིངས་མ་གྲོལ་བ་སྟེ། མེད་པ་དང་དབེན་པ་དང་མ་སྐྱེས་པ་དང༌། ངོ་བོ་ཉིད་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཀུན་ལ་སྦྱར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལེའུ་སྟེ་བརྒྱད་པའོ།། །།ལེའུ་འདི་ནས་ཕ་རོལ་ཏུ་ཕྱིན་པ་དྲུག །སྟོང་པ་བཅོ་བརྒྱད། ཏིང་ངེ་འཛིན་བརྒྱ་ཉི་ཤུ་སྟོན་ཏེ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ནི་གང་ལགས། ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་དག་པར་
ཞུགས་པར་རིག་པར་བགྱི། ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བ་ལགས། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་ཞེས་ཞུ་བ་ལྔ་ཕུལ་བའི་ལན། ཐེག་པ་ཆེན་པོ་ནི་ལྔས་བསྟན་པ་ལས། ཐབས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་དམིགས་པའི་ཚུལ་གྱིས་བསྟན་པའོ། །ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་བཅོ་བརྒྱད་ལས། ནང་སྟོང་པ་ཉིད་ནི་ནང་གི་ཆོས་མིག་ལ་སོགས་པ་དྲུག་ཐེར་ཟུག་ཀྱང་མ་ཡིན་འཇིག་པའི་ཆོས་ཅན་ཀྱང་མ་ཡིན་པའི་ཕྱིར་མིག་མིག་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་ལ་བསྒྲེའོ། །བསོད་ནམས་ཀྱི་ཚོགས་ནི་ཏིང་ངེ་འཛིན་བརྒྱ་ཉི་ཤུའི་རྐང་གྲངས་དང་བཤད་པའོ། །ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ།། །།ལེའུ་འདི་ནས་ལམ་གྱི་ཚོགས་དང༌། གཟུགས་ཀྱི་ཚོགས་གཉིས་སྟོན། ལམ་གྱི་ཚོགས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། ཏིང་ངེ་འཛིན་གསུམ། ཤེས་པ་བཅུ་གཅིག །དབང་པོ་གསུམ། རྗེས་སུ་དྲན་པ་བཅུ། བསམ་གཏན་བཞི། ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་འཇུག་བཞི། རྣམ་ཐར་བརྒྱད། མཐར་གནས་དགུ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོའོ། །གཟུགས་ཀྱི་ཚོགས་ནི་ཡི་གེ་ལ་འཇུག་པ་སུམ་ཅུ་སོ་དྲུག་དང༌། ཕན་ཡོན་ཉི་ཤུའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོའོ། །ལམ་དང་གཟུགས་ཀྱི་ལེའུ་སྟེ་བཅུ་པའོ།། །།ལེའུ་འདི་ནས་སའི་ཚོགས་དང་གཉེན་པོའི་ཚོགས་སྟོན། སའི་ཚོགས་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །སངས་རྒྱས་སྐུ་འདོད་དགའ་བ་དང༌། །ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་གཞན་མི་དམིགས་པས། །ཡོངས་སུ་སྦྱང་བ་ཤེས་པར་བྱ། །གཉིས་པའི་ས་སྦྱོང་བརྒྱད་ནི། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་རྗེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང༌། །བརྒྱད་པ་སྦྱིན་ལ་སོགས་ལ་
བརྩོན། །གསུམ་པའི་ས་སྦྱོང་ལྔ་ནི། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲེལ་ཡོད་བཅས་པ་དང༌། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །བཞི་པའི་ས་སྦྱོང་བཅུ་ནི། །ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །སྦྱངས་པ་ཡང་དག་སྡོམ་རྟེན་དང༌། །བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟ་བ་མེད། །ལྔ་པའི་ས་སྦྱོང་བཅུ་ནི། འདྲིས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུ་འཛིར་གྱུར་པའི་གནས་དང་ནི། །བདག་སྟོད་གཞན་ལ་བརྙས་པ་དང༌། །མི་དགེ་ལས་ཀྱི་ལམ་བཅུ་དང༌། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་ཐོབ། །དྲུག་པའི་སྦྱང་ལུགས་བཅུ་གཉིས་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་ནས། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་ཐོབ། །བདུན་པའི་སྦྱོང་ལུགས་ནི་བཞི་བཅུ་ལས་མི་མཐུན་པའི་ཕྱོགས་ཉི་ཤུ་ནི། བདག་དང་སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང༌། །སེམས་ནི་ཀུན་དུ་ཞུམ་པ་དང༌། །དེ་ལྟར་ལྟ་ལ་མངོན་ཞེན་དང༌། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང༌། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །དེ་ཤེས་པའི་ཆོས་ཉི་ཤུ་ནི། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །ཁམས་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་རློམ་མེད་དང༌། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་དུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །སེམས་དུལ་བ་དང་
ཐམས་ཅད་དུ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །ཆགས་པའི་ས་མིན་གར་འདོད་པས། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་དུ་བདག་གི་ངོ་བོ་ནི། །སྟོང་པ་ཉིད་དང་ཉི་ཤུའོ། །བརྒྱད་པའི་ས་སྦྱོང་བརྒྱད་ནི། །སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་པས་བརྩེ་བ་དང༌། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། །བསམས་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །དགུ་པའི་ས་སྦྱོང་བཅུ་གཉིས་ནི། །སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང༌། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཇི་ལྟར་འཇུག་ཅེས་པའི་ཞུས་ལན་ནོ། །གཉེན་པོའི་ཚོགས་ལ་གསུམ་ནི། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཤེས་བྱ། །ཞེས་པ་གང་ནས་ངེས་པར་འབྱུང་བ་ནི་བཀའ་སྩལ་པ། རབ་འབྱོར་ཐེག་པ་དེ་གང་ནས་ངེས་པར་འབྱུང་ཞེས་ཟེར་བ་ནི་ཁམས་གསུམ་ནས་ངེས་པར་འབྱུང་ཞིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་དམིགས་པའི་ཚུལ་གྱིས་ངེས་པར་འབྱུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་མེད་པའི་ཆོས་ནི་ངེས་པར་འབྱུང་བའམ། འབྱུང་བར་འགྱུར་བ་མེད་དེ་མཚན་ཉིད་མེད་པའི་ཆོས་ལ་ངེས་པར་འབྱུང་བར་འདོད་པ་དེ་ནི་ཆོས་ཉིད་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བ་འདོད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ༌། །རྣམ་མཁྱེན་གྱི་བར་དུ་རང་བཞིན་གྱིས་སྟོང་ངོ༌། །བཀའ་སྩལ་པ། ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་ནི་གནས་དམིགས་སུ་
མེད་པའི་ཕྱིར་ཐེག་པ་ཆེན་པོ་ནི་མི་གནས་པའི་ཚུལ་གྱིས་གནས་སོ། །འདི་ལྟ་སྟེ་དཔེར་ན་ཆོས་ཀྱི་དབྱིངས་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་ནི་དེ་རྣམས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །བཀའ་སྩལ་བ། ཐེག་པ་ཆེན་པོ་དེས་སུ་ཞིག་ངེས་པར་འབྱུང་ཞེས་ཟེར་བ་ནི་ཐེག་པ་གང་ཡིན་པ་དང༌། གང་འབྱུང་བ་དང༌། གང་གིས་འབྱུང་བ་དེ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་སུ་མེད་དོ། །ཆོས་ཉིད་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་དང་ས་བཅུ་དམིགས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ཏེ། སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར་རོ། །ངེས་འབྱུང་གི་ལེའུ་སྟེ་བཅུ་གཅིག་པའོ། །། །ལེའུ་འདི་ནས་ངེས་འབྱུང་གི་སྒྲུབ་པ་ལྔ། ཐོབ་པའི་ངེས་འབྱུང་གི་ས་བོན་དང་དྲུག་སྟོན་པ་ནི། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སེམས་ཅན་དོན་དང་འབད་མེད་དང༌། །ཤིན་ཏུ་ངེས་པར་འབྱུང་བ་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དུ། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་དང༌། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་པ་ལ། རབ་འབྱོར་གྱིས་ལ་ཟློ་བ་རྣམ་པ་བརྒྱད་ནི་འཁོར་འདས་ཀྱི་ཆོས་དངོས་པོ་མེད་པར་ངེས་པར་འབྱུང་བ་ནི། ལྷ་དང་ལྷ་མ་ཡིན་གྱི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་དང་ངོ༌། །མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ནི་ནམ་མཁའ་དང་མཉམ་པ་དང་ངོ༌། །དམིགས་པ་མེད་པར་ངེས་པར་འབྱུང་བ་ནི་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པའོ། །ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ནི་འགྲོ་འོང་མེད་པའོ། །ཤིན་ཏུ་ངེས་པར་འབྱུང་བ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་དམིགས་པའོ། །ཐོབ་པའི་མཚན་ཉིད་ངེས་འབྱུང་ནི་ཐོབ་པ་པོ་དང་ཐོབ་པར་བྱ་བ་ཐོབ་རྒྱུ་མེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་འབྱུང་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའོ། །ལམ་གྱི་ངེས་འབྱུང་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ཡིད་ལ་མི་བྱེད་པའོ། །རེ་ཞིག་ངེས་འབྱུང་གི་
བསྡུས་པའི་དོན་རྣམ་པར་གཞག་པའོ། །ཆེད་དུ་བྱ་བའི་ངེས་འབྱུང་གི་ཐེག་པ་ནི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དག་སྟེ། ལྷ་དང་མི་ཡི་འཇིག་རྟེན་ཟིལ་གྱིས་གནོན། །ཞེས་ཟེར་བ་ནི་ཁམས་གསུམ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དེ་བཞིན། མ་ནོར་པ་དེ་བཞིན་ཕྱིན་ཅི་མ་ལོག་པ་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ན་ནི་ཐེག་པ་འདིས་ཀྱང་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ངེས་པར་འབྱུང་བར་མི་འགྱུར་བ་ལས། དེ་ཐམས་ཅད་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། མི་རྟག་ཅིང་མི་བརྟན་ལ་འགྱུར་བའི་ཆོས་ཅན་ཡིན་ཞིང་དངོས་པོ་མེད་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་འགྱུར་རོ། །རང་བཞིན་མེད་པའི་ཐེག་པ་ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་ལ་ཕྱོགས་ཁ་དོག་དབྱིབས་དུས་འཕེལ་འགྲིབ་སྐྱེ་འགག་བདེན་པར་མེད་པས་འཕགས་པའི་གང་ཟག་ཉོན་མོངས་པ་སྣང་མུན་མེད་པ་དེ་བཞིན་དུ་ནམ་མཁའ་དང་ཐེག་པ་ཆེན་པོ་མཉམ་པའོ། །དམིགས་པ་མེད་པའི་སེམས་ཅན་དོན་གྱི་ངེས་འབྱུང་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་མི་དམིགས་པས། ཆོས་ཀྱི་དབྱིངས་ལ་སོགས་པ་བརྒྱད་མི་དམིགས། དེ་མི་དམིགས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མི་དམིགས། དེ་མི་དམིགས་པས་ནམ་མཁའ་མི་དམིགས། དེ་མི་དམིགས་པས་ཐེག་པ་ཆེན་པོ་མི་དམིགས་པ་དང༌། མི་འཇལ་བ་དང༌། མི་འགྲངས་པ་དང༌། མི་དཔོགས་པ་མི་དམིགས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱེད་པའི་སྐྱེས་བུ་བཅུ་གཉིས་གང་ཡིན་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང༌། ནམ་མཁའ་དང་ཐེག་པ་ཆེན་པོ་དང༌། མི་འཇལ་བ་དང༌། མི་འགྲངས་པ་དང༌། མི་དཔོགས་པ་གང་ཡིན་པ་དེ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །འགྲོ་འོང་མེད་པའི་ཐེག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་དུ་ཡང་གནས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་དང༌། དེ་བཞིན་ཉིད་དང༌། ངོ་བོ་ཉིད་དང་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད་གར་ཡང་གནས་པར་འགྱུར་བ་མེད་དོ། །ཤིན་ཏུ་ངེས་པར་འབྱུང་བའི་ཐེག་པ་ནི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་
དམིགས་ད་ལྟར་བྱུང་བ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདས་མ་འོངས་ད་ལྟར་བྱུང་བ་དུས་གསུམ་མཉམ་པ་ཉིད་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་རྣམས་རང་རང་གིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྔོན་གྱི་མཐའ་དང༌། ཕྱི་མ་ད་ལྟར་བྱུང་བ་མཉམ་པ་ཉིད་ལ་མཉམ་པ་ཉིད་ཀྱང་མི་དམིགས་ན་ལྷག་པ་ལྟ་ཅི་སྨོས། ཐོབ་པའི་ངེས་འབྱུང་གི་ས་བོན་ནི་རབ་འབྱོར་གྱིས་གསོལ་པ། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་ལགས་སོ། །བཀའ་སྩལ་པ། མཉམ་པ་ཉིད་ཀྱི་ཐེག་པ་འདི་ལ་བརྟེན་ནས་སངས་རྒྱས་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ། །ཐོབ་པོ། །འཐོབ་པར་འགྱུར་རོ། །ཟིལ་གྱིས་གནོན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ལེའུ་འདི་ནས་འཕྲོས་པའི་ཞུས་ལན་ཐོབ་པ་པོ་མ་གྲུབ་པ་བཅུ་གཅིག །ཐོབ་པར་བྱ་བ་མ་གྲུབ་པ་བཞི་སྟེ། ཞུས་ལན་བྱམས་གང་གི་བུས་སྙན་གསན་དབབ་པ་ནི་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པས་བསྐོ་བ་མཛད་པས་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་པར་གདའོ། །རབ་འབྱོར་གྱིས་མི་འགལ་ལམ་ཞུས་པ་ནི། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་ཐེག་པ་ཆེན་པོ་བསྟན་པ་འགལ་བར་མ་གྱུར་པ་ལགས་སམ། བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དག་གཉིས་སུ་མེད་པས་མཐུན་པར་ཐེག་པ་ཆེན་པོ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའང་གཞན་ལ་ཕར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རབ་འབྱོར་གྱིས་ཆོས་བཅུ་གཅིག་གིས་ཐོབ་པ་པོ་མ་གྲུབ་པར་མདོར་བསྟན་པ་དང༌། ཤཱ་རིའི་བུས་དེའི་འཐད་པ་བཅུ་གཅིག་དྲིས་པ་དང༌། དེའི་ལན་རྒྱས་པར་བཤད་པ་ལས། ཐོབ་པ་པོ་མ་གྲུབ་པོ། །དང་པོ་ནི་རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་པ་ལ་སོགས་པ་ཟེར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་པ་དང༌། སྟོང་
པ་དང་དབེན་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་ལ་སོགས་པར་མི་དམིགས་ཏེ། དེ་ཅིས་ན། མེད་པ་དང་སྟོང་པ་དབེན་པ་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་སྔོན་གྱི་མཐའ་ལ་སོགས་པ་གང་ཡིན་དེ་མེད་ཅིང་མི་དམིགས་སོ། །དེ་ཅིས་ན་མེད་པ་ལ་སོགས་པ་ཡང་གཞན་མ་ཡིན་བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན་ནོ། །ཐོབ་པ་པོ་མ་གྲུབ་པ་གཉིས་པ་ནི་ཕུང་པོ་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱ་ཞེས་ཟེར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ནམ་མཁའ་དང་མཉམ་པ་སྟེ། དཔེར་ན་ནམ་མཁའ་ལ་ནི་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་ཏེ་མཐའ་ཡས་ཀུན་དུ་མཐའ་ཡས་པའི་ཕྱིར་ནམ་མཁའ་ཞེས་མིང་དུ་བརྗོད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་ཀྱི་ཕྱིར་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་ཏེ། སྟོང་པ་ཉིད་ནི་མཐའ་ལས་སོ། །ཐོབ་པ་པོ་མ་གྲུབ་པ་གསུམ་པ་ནི་ཅིའི་ཕྱིར་ན་ཕུང་པོ་ལྔ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་ཅིང་མི་དམིགས་པ་ཡིན་ཞེས་ཟེར་བ་ནི་གཟུགས་ནི་གཟུགས་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ལ་གཟུགས་མེད་བྱང་ཆུབ་སེམས་དཔའ་མེད་དོ། །རྣམ་གྲངས་དེས་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་མེད་ཅིང་མི་དམིགས་སོ། །དེས་བསྒྲེའོ། །ཐོབ་པ་པོ་མ་གྲུབ་པ་བཞི་པ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་ཐམས་ཅད་ནས་ཐམས་ཅད་དུ་མི་དམིགས་ན་ཞེས་ཟེར་བ་ནི་གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །བསྒྲེའོ། །ཐོབ་པ་པོ་མ་གྲུབ་པ་ལྔ་པ་ནི་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་མིང་ཙམ་ཟེར་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ཞེས་པ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མིང་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། གར་ཡང་མི་གནས། མིང་ནི་མིང་གི་རང་བཞིན་གྱིས་སྟོང་ངོ༌། །ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་ནི་མིང་ཙམ་སྟེ། མིང་ལའང་སྦྱིན་པ་ལ་སོགས་པ་མེད་སྦྱིན་པ་ལ་སོགས་པ་ལའང་མིང་མེད་གཉི་ག་མེད་ཅིང་མི་དམིགས་སོ། །ཐོབ་པ་པོ་མ་གྲུབ་པ་དྲུག་པ་ནི་ཅིའི་ཕྱིར་ན་བདག་ཅེས་བྱ་བ་ཤིན་ཏུ་མེད་ཅིང་མི་དམིགས་པ་ཡིན་ཞེས་ཟེར་བ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་མེད་ཅིང་མི་དམིགས་ན་དེ་མངོན་པར་གྲུབ་པ་ལྟ་ག་ལ་ཡོད། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་
དུ་བལྟའོ། །ཐོབ་པ་པོ་མ་གྲུབ་པ་བདུན་པ་ནི་ཅིའི་ཕྱིར་ན་ཆོས་ཐམས་ཅད་དངོས་པོ་མེད་པ་ཡིན་ནམ་ཞེས་ཟེར་བ་ནི་འདྲེས་རྐང་བཅུ་དྲུག་ལས། གཟུགས་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །གཟུགས་ནི་མི་རྟག་པ་སྟེ། སྡུག་བསྔལ་བ་སྟེ། བདག་མེད་པ་སྟེ། ཞི་བ་སྟེ། སྟོང་པ་སྟེ། མཚན་མ་མེད་པ་སྟེ། གཟུགས་ནི་སྨོན་པ་མེད་པ་སྟེ། དགེ་བ་སྟེ། ཁ་ན་མ་ཐོ་བ་མེད་པ་སྟེ། ཟག་པ་མེད་པ་སྟེ། ཉོན་མོངས་པ་མེད་པ་སྟེ། རྣམ་པར་བྱང་བ་སྟེ། འཇིག་རྟེན་ལས་འདས་པ་སྟེ། འདུས་མ་བྱས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་གང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིས་ན་དེ་རྣམས་ནི་དངོས་པོ་མེད་པ་དང་ཟད་པ་སྟེ། གཟུགས་ནི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེའོ། །རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་རང་བཞིན་ནོ། །ཐོབ་པ་པོ་མ་གྲུབ་པ་བརྒྱད་པ་ནི་ཅིའི་ཕྱིར་ན་གཟུགས་ལ་སོགས་པ་མངོན་པར་མ་གྲུབ་ཅེས་ཟེར་བ་ནི་འདི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མངོན་པར་འདུས་མ་བྱས་པ་སྟེ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །རྣམ་གྲངས་དེས་ན་གཟུགས་ལ་སོགས་པ་མངོན་པར་མ་གྲུབ་པའོ། །ཐོབ་པ་པོ་མ་གྲུབ་པ་དགུ་པ་ནི་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་དེ་གཟུགས་ལ་སོགས་པ་མ་ཡིན་ཞེས་ཟེར་བ་ནི་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་བསྒྲེའོ། །རྣམ་གྲངས་དེས་ན་མངོན་པར་འདུས་མ་བྱས་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་ཡིན་ནོ། །ཐོབ་པ་པོ་མ་གྲུབ་པ་བཅུ་པ་ནི་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་ན་ཞེས་ཟེར་བ་ནི་མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་གཟུགས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་བསྒྲེའོ། །ཐོབ་པ་པོ་མ་གྲུབ་པ་བཅུ་གཅིག་པ་ནི་དེ་སྐད་བསྟན་པའི་ཚེ་མི་འཇིགས་མི་དངང་མི་སྐྲག་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ཟེར་བ་ནི་ཆོས་ཐམས་ཅད་རྨི་ལམ་ནས་སྤྲུལ་པ་དང་
འདྲ་བར་ཡང་དག་པར་རྗེས་སུ་མ་མཐོང་བས་མི་འཇིགས་མི་སྐྲག་གོ །ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ཡོངས་སུ་རྟོག་པའི་ཚེ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་གཉིས་པ་ནི་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཤིང༌། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་སོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་གསུམ་པ་ནི་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་སོ། །ཐོབ་པར་བྱ་བ་མ་གྲུབ་པའི་ཆོས་བཞི་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གཉིས་སུ་མེད་ཅིང་ཉམས་པ་མ་མཆིས་པའི་གྲངས་སུ་བགྱིད་པའོ། །གཉིས་སུ་མེད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ལེའུ་འདི་ནས་ཐོབ་པར་བྱ་བའི་འབྲེལ་པ་མ་གྲུབ་པ་དྲུག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་འབྱུང༌། ལམ་གྱི་ངེས་འབྱུང༌། དེ་ལ་ཆེད་དུ་བརྗོད་པ། ཤཱ་རིའི་བུའི་དྲི་བ་དྲུག་ནི་བྱང་ཆུབ་སེམས་དཔའ་ནི་གང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི། ཡོངས་སུ་རྟོག་པ་ནི་གང༌། མ་སྐྱེས་པ་ནི་གང༌། འགྲིབ་པ་མེད་པ་ནི་གང༌། གཉིས་སུ་མེད་པ་ནི་ཅི་ཞེས་དྲིས་པའི་ལན་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་པར་ཤེས་པ་སྟེ། དེ་ལ་མངོན་པར་ཆགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིང་དུ་སོང་བ་སྟེ། ཕུང་པོ་ནས་རྣམ་མཁྱེན་གྱི་བར་ལས་རིང་དུ་སོང་བའོ། །ཡོངས་སུ་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རྟག་པ་དང་མི་རྟག་པ། བདེ་སྡུག །བདག་ཡོད་མེད། སྡུག་མི་སྡུག །སྟོང་མི་སྟོང༌། མཚན་མ་ཡོད་མེད། སྨོན་པ་ཡོད་མེད། ཞི་མ་ཞི། དབེན་མི་དབེན་དུ་ཉེ་
བར་མི་རྟོག་གོ །མ་སྐྱེས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཟེར་བའི་ལན་ནི་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ་གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ། །དེས་ན་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་པའི་ལན་ནི་འགྲིབ་པ་གང་ཡིན་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང༌། གཉིས་སུ་བྱར་མེད་པ་དེ་གང་ཡིན་པ་དེ་ཐམས་ཅད་མཚན་ཉིད་མེད་པའོ། །དེས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འགྲིབ་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ནོ། །གཟུགས་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་པའི་ལན་ནི་གཟུགས་ཀྱང་གཞན་མ་ཡིན་མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས་གཟུགས་ཉིད་ཀྱང་མ་སྐྱེས་པའོ། །དེས་ན་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ངེས་འབྱུང་ལ་དྲིས་ལན་དྲུག་ལས། རབ་འབྱོར་གྱིས་རྟོག་པ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་ནས་སངས་རྒྱས་ཀྱི་བར་དུ་མ་སྐྱེས་པ་མ་མཐོང་ལགས་སོ། །ཤཱ་རིའི་བུས་རབ་འབྱོར་གྱི་འདོད་པ་བླངས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་སྐྱེས་པ་སོ་སོའི་སྐྱེ་བོ་དང་འཕགས་པ་དང་དེའི་ཆོས་ཀྱང་མ་སྐྱེས་པ་ལགས་ན། དེ་ཚེ་མ་སྐྱེས་པ་ཡིན་པའི་ཕྱིར། འཕགས་པའི་གང་ཟག་རྣམས་ཀྱིས་འཕགས་པའི་འབྲས་བུ་ཐོབ་ཟིན་པར་འགྱུར་བ་དང༌། འགྲོ་བ་རྣམས་ཀྱང་ཐ་མི་དད་པར་འགྱུར་བ་དང༌། བྱང་ཆུབ་པ་རྣམ་པ་ལྔ་ཡང་ཐོབ་ཟིན་པར་འགྱུར་རོ། །འདོད་ཐོག་ན་བསལ་བ་བཏང་བ་ནི་མ་སྐྱེས་པ་ཡིན་ན་འཕགས་པའི་གང་ཟག་རྣམས་ཅིའི་ཕྱིར་ལམ་ལ་འབད། བྱང་ཆུབ་སེམས་དཔའ་རྣམས་ཅིའི་ཕྱིར་ན་དཀའ་བ་སྤྱོད། སངས་རྒྱས་ཅིའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང༌། རབ་འབྱོར་གྱི་ལན། ཤཱ་རིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་ཐོབ་པ་དང་མངོན་པར་རྟོགས་པ་ཡོད་པར་མི་འདོད་དོ། །འཕགས་པའི་གང་ཟག་རྣམས་ཡོད་པར་མི་འདོད་དོ། །བྱང་ཆུབ་སེམས་དཔའ་ཡང་དཀའ་བའི་འདུ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མི་འདོད་དོ། །དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །དྲིས་ལན་གཉིས་པ་ཤཱ་རིའི་བུས་སྨྲས་པ།
ཆོས་སྐྱེས་པས་ཐོབ་པར་འདོད་དམ་མ་སྐྱེས་པས་ཐོབ་པར་འདོད། རབ་འབྱོར་གྱིས་སྨྲས་པ། གཉི་གས་ཐོབ་པར་མི་འདོད་ཀྱི། འཕགས་པའི་གང་ཟག་རྣམས་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པའོ། །ཤཱ་རིའི་བུས་སྨྲས་པ། ཐོབ་པ་དང་མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། དེ་བཞིན་དེ་ཅིས་ན། དོན་དམ་པར་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པའང་མེད། སྐྱེ་འགག་དང༌། ཀུན་ནས་ཉོན་མོངས་དང་རྣམ་བྱང་མེད་དོ། །དྲིས་ལན་གསུམ་པ་ཤཱ་རིའི་བུས་སྨྲས་པ། སྐྱེས་པའི་ཆོས་སྐྱེའམ་མ་སྐྱེས་པའི་ཆོས་སྐྱེ། རབ་འབྱོར་གྱིས་སྨྲས་པ། བདག་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེས་པས་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །དྲི་བ་བཞི་པ། སྐྱེ་བ་སྐྱེའམ་འོན་ཏེ་མི་སྐྱེ་བ་སྐྱེ། ལན་སྐྱེ་བ་གང་ཡིན་པ་དང༌། སྐྱེ་བ་མེད་པ་གང་ཡིན་པ་གཉི་ག་ལྡན་པ་ཡང་མ་ཡིན་པ་ལ་སོགས་པའོ། །དྲིས་ལན་ལྔ་པ་མ་སྐྱེས་པའི་ཆོས་ཞེས་བྱ་བའི་སྤོབས་པ་ཡོད་དམ་ཞེས་པའི་ལན། སྤོབས་པ་མེད་དེ་དེ་ཅིའི་ཕྱིར་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྐྱེ་བ་མེད་དོ། །དྲིས་ལན་དྲུག་པ་འཕགས་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ན་མཆོག་ཏུ་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ནའང་མི་གནས་ཕྱི་རོལ་ནའང་མི་གནས་གཉིས་ཀ་མེད་པར་ཡང་མི་གནས་སོ། །ལམ་གྱི་ངེས་འབྱུང་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བྱང་ཆུབ་ཀྱི་ལམ་འཇིག་རྟེན་ལས་འདས་པ་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བར་སྤྱད་པར་བགྱིའོ། །ཤཱ་རིའི་བུས་སྨྲས་པ། ཡིད་ལ་བྱེད་པ་དང་མ་བྲལ་བར་ངེས་པར་འབྱུང་ན་སེམས་ཅན་ཐམས་ཅད་ཀྱང་གྲོལ་བར་མི་འགྱུར་རམ་ཞེ་ན། རབ་འབྱོར་གྱིས་སྨྲས་པ། དྲིའོ་དྲིའོ་སྙམ་པ་ཁྱོད་ཀྱིས་དྲིས་པས་གཏན་ལ་ཕེབས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སེམས་ཅན་མེད་པ་དང༌། དངོས་པོ་མེད་པ་དང༌། རང་བཞིན་མེད་པ་དང༌། སྟོང་པ་དང༌། དབེན་པ་དང༌། མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མེད་པ་དང༌། དངོས་པོ་མེད་པ་དང༌། རང་བཞིན་མེད་པ་དང༌། སྟོང་
པ་དང༌། དབེན་པ་དང༌། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་སྟེ། ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།ལམ་ཤེས་པ་ལ་ཆོས་བཅུ་གཅིག་ལས། ལམ་སྐྱེ་བའི་རྟེན་གྱི་གང་ཟག་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་པ། །ཡུལ་ངེས་པ་དང་ཁྱབ་པ་དང༌། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་པ་ལས། ང་རྒྱལ་བཅག་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་ཇི་སྙེད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་རྣམས་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱི་གམ་ན་ལྷམ་མེ་མ་ཡིན་པ་ལ་སོགས་པའོ། །ཡུལ་ངེས་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཁྱབ་པ་ནི་སེམས་ཅན་ཐམས་ཅད་ལའོ། །རང་བཞིན་ནི་འཁོར་བ་མི་སྤོང་བའོ། །ལམ་ནི་མ་ཞི་བ་ཞི་བར་བྱེད་པ་ལ་སོགས་པའི་ལས་སོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པ་ལྔ། བཅོམ་ལྡན་འདས་ལ་ཞུས་པ་ལྔ་བཅུས་བརྒྱ་བྱིན་གྱི་ལེའུ་སྟོན་པ་ལས། དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ཡུམ་ལ་ཇི་ལྟར་གནས་པར་བྱ། ཡུམ་ལ་ཇི་ལྟར་བསླབ་པར་བྱ། ཡུམ་གར་ནས་བཙལ་བར་བྱ། ཡུམ་གྱི་ཡོན་ཏན་བརྗོད་པའོ། །བཅོམ་ལྡན་འདས་ལ་ཞུས་པ་ལྔ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ལ་སོགས་པར་འཛིན་པའི་ཕན་ཡོན་དང༌། མཆོད་རྟེན་དང་ཡུམ་ལ་བསྙེན་བཀུར་བྱས་པ་བསོད་ནམས་གང་ཆེ་ཞུས་པ་དང༌། ཡུམ་ལ་ཡོན་ཏན་མང་པོ་འབྱུང་བའི་རྒྱུ་མཚན་ཞུས་པ་དང༌། འཛམ་བུ་གླིང་ལ་སོགས་པ་སྐུ་གདུང་གིས་བཀང་བ་བས་ཡུམ་འདམ་པའི་འཐད་པ་དང༌། རང་གཅིག་པུས་བསྙེན་བཀུར་བྱས་པ་བས་ཡུམ་གཞན་ལ་བྱིན་པའི་བསོད་ནམས་ཆེ་བ་སྟེ་བརྒྱ་བྱིན་རྣམ་གྲངས་ཀྱི་བསྡུས་པའི་དོན་ཏོ། །ཉན་ཐོས་ཀྱི་ལམ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་
བ་ནི་སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ། དངོས་གཞི་མི་དམིགས་པ། མཇུག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཉན་ཐོས་ཀྱི་ལམ་ལ་བྱང་ཆུབ་སེམས་དཔའི་ཤེས་ལུགས་སོ། །ཉན་ཐོས་རང་རྒྱུད་པའི་ལམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་རང་གི་དོན་སྒྲུབ་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཟེར་བའི་ལེན་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཕུང་པོ་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཞི་བ། དབེན་པ། ནད། ཤུ་བ་ཟུག་རྔུ། སྡིག་པ། ན་བ་དགྲ་འཇིག་པའི་ཆོས་ཅན། མི་བརྟེན་པ། འཇིག་པ་འཇིགས་པ། འགོ་བའི་ནད། སྟོང་པ་ཉིད། བདག་གི་བ་མེད་པ་དང༌། ཡིད་བརྟན་དུ་མི་རུང་བ། གནོད་པ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱའོ། །ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །འཕྲོས་པ་ནི་ལེགས་སོ་གནང་པས་བཀའ་དྲིན་དུ་གཟོ་བ་བགྱིས་པའོ། །ཉན་ཐོས་ཀྱི་ངེས་འབྱེད་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པས་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟགས་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་ནི། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དོ། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བའི་ལན་ནི་ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོན་ངོ༌། །གཟུགས་ཀྱི་སྟོང་པ་དང་བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་དུ་བྱར་མེད་པ་ནི་དྲོད་དོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་པའི་ཚུལ་དུ་མི་གནས་པ་ནི་རྩེ་མོའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་མི་རྟག་དང༌། བདེ་སྡུག་དང༌། བདག་ཡོད་མེད་དང༌། སྡུག་མི་སྡུག་དང༌། ཞི་མ་ཞི་དང༌། དབེན་མི་
དབེན་དང༌། སྟོང་མི་སྟོང་དང༌། མཚན་མ་ཡོད་མེད་དང༌། སྨོན་པ་ཡོད་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་མི་གནས་པ་ནི་བཟོད་པའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ཞེས་བྱ་བའམ། སྦྱིན་པའི་གནས་ཞེས་བྱ་བའམ། ས་དང་པོ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ནི་ཆོས་མཆོག་གོ །མི་གནས་པའི་གཏན་ཚིགས་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དེ་ཅི་ལ་གནས་སྙམ་པ་དང༌། རབ་འབྱོར་གྱིས་མགོ་བསྒྲེས་པ་དང༌། དེ་བཞིན་གཤེགས་པ་ཅིལ་གནས། ཤཱ་རིའི་བུས་སྨྲས་པ། དེ་བཞིན་གཤེགས་པ་ནི་གཟུགས་ནས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱི་བར་ལ་མི་གནས་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་གཟིགས་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། དེ་བཞིན་གཤེགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །ཉན་ཐོས་པས་རང་རྒྱལ་གྱི་ལམ་ཁྱད་པར་དུ་འཕགས་པ་ནི་མགོན་པོས། རང་འབྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་བརྗོད་པ་ཡིན། །གང་དང་གང་དོན་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་ལྟར། །དེ་ལ་སྒྲ་མེད་ཀྱང་དོན་ཏེ། །དེ་ནི་དེ་ལྟ་དེ་ལྟར་སྣང༌། །རང་རྒྱལ་གྱི་ལམ་དངོས་ནི། གཟུང་བར་རྟོག་པ་ཉམས་ཕྱིར་དང༌། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པ་ལ་སྒྲོ་འདོགས་རྣམ་པ་དྲུག་བཅད་ནས། །མེ་ཏོག་གི་དཔེས་མཚོན་ནས་མ་སྐྱེས་པ་ལ་རང་བཞིན་མེད་པར་བསྟན་པ་ནི་དེས་ན་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་འདི་སྙམ་དུ་སེམས་པར་འགྱུར་ཏེ། གནོད་སྦྱིན་རྣམས་ཀྱི་རང་རང་གི་སྐད་དང་རང་རང་གི་ཚིག་གིས་བསྟན་ན་ཤེས་པར་རུང་གི །རབ་འབྱོར་གྱི་དེ་ལྟ་མ་ཡིན་ནོ་སྙམ་མོ། །རབ་འབྱོར་གྱིས་སྨྲས་པ། སུས་ཀྱང་སྨྲས་པ་མེད་ཐོས་པ་མེད་པ་ནི་སུས་ཀྱང་ཤེས་པར་མི་འགྱུར་རོ། །དེ་ཅིས་ན་དུས་གསུམ་གྱི་བྱང་ཆུབ་ཐམས་ཅད་ནི་ཚིག་དང་ཡི་གེ་ཐམས་ཅད་ལས་འདས་པའོ། །སྒྲོ་འདོགས་
གཅོད་པ་ནི་རྨི་ལམ་ན་རྨི་ལམ་གྱིས་སྟོན་པས་རྨི་ལམ་གྱི་འཁོར་བཞི་ལ་སོགས་པ་ལ་ཆོས་བསྟན་ན། སུས་ཀྱང་སྨྲས་པ་དང་ཐོས་པ་དང་ཤེས་པ་ཡོད་སྙམ་མམ། ལྷའི་བུས་སྨྲས་པ་མེད་དོ། །དེ་བཞིན་དུ་སྒྱུ་མ། བྲག་ཅ། སྤྲུལ་པ་ལྟ་བུ་སྟེ། སུས་ཀྱང་སྨྲས་པ་དང་ཐོས་པ་མེད་དོ། །ཟབ་པའི་སྒྲོ་འདོགས་བཅད་པ་ནི་ལྷའི་བུས་སྨྲས་པ། རབ་འབྱོར་ནི་ཟབ་པ་བས་ཀྱང་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཕྲ་བ་ལ་འཇུག་གོ་ཞེས་པ་ལ་རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དེ་རྣམས་ཀྱི་རང་བཞིན་ཡང་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་པའི་ཕྱིར་རོ། །བཏགས་པའི་སྒྲོ་འདོགས་བཅད་པ་ནི་ལྷའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བཏགས་པ་ཙམ་ཡང་མེད་དོ་སྙམ་པ་དང༌། རབ་འབྱོར་གྱིས་སྨྲས་པ། དེ་བཞིན་དུ་ཅིས་ན། དུས་གསུམ་གྱི་བྱང་ཆུབ་ནི་ཚིག་དང་ཡི་གེ་ཐམས་ཅད་ལས་གདགས་སུ་མེད་པ་སྟེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱིས་བཟོད་པ་འདི་ལ་མི་བརྟན་དུ་མི་རུང་ངོ༌། །བརྒྱ་བྱིན་ལེའུ་སྟེ་བཅོ་ལྔ་པའོ།། །།ལེའུ་འདི་ནས་གྲོ་འདོགས་རྣམ་པ་གསུམ་གཅོད་པ་ལ། ཉན་པའི་སྒྲོ་འདོགས་བཅད་པ་ནི་ལྷའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་ཅིག་གིས་མཉན་སྙམ་པ་དང༌། རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་མྱ་ངན་ལས་འདས་པའི་བར་དུ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བས་ཆེས་ལྷག་པའི་ཆོས་ཅིག་ཡོད་ན་མྱང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རྟོག་པའི་སྒྲོ་འདོགས་གཅོད་པ་ནི་ཤཱ་རིའི་བུ་ལ་སོགས་པ་འཁོར་སྤྱིས་སྨྲས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་ཕྲ་བ་འདི་ལྟར་རྟོགས་པར་དཀའ་བ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་འདི་སུས་རྟོགས། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང༌། བདེན་པ་མཐོང་བ་དང༌། དགྲ་བཅོམ་པ་ཟག་པ་ཟད་པ་དང༌། དགེ་བའི་ཤེས་གཉེན་གྱིས་ཟིན་པ་བཞིས་འདི་ལྟར་དུ་རྟོགས་ཏེ། གཟུགས་སྟོང་པ་ཉིད་དོ་ཞེས་ནས། རྣམ་བྱང་གི་བར་སྟོང་པ་དང་མི་སྟོང་པ། མཚན་མ་ཡོད་མེད་སྨོན་པ་ཡོད་མེད་སྐྱེ་འགག །ཀུན་ནས་ཉོན་མོངས་པ་དང་རྣམ་བྱང༌། །ཞེ་བ་དང་མ་ཞེ་བ། གཟུགས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། བསྟན་པའི་སྒྲོ་འདོགས་བཅད་པ་ནི།
ཤཱ་རིའི་བུས་སྨྲས་པ། ཡུམ་འདི་ལ་ཐེག་པ་གསུམ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་ཕར་ཕྱིན་ནས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་བར་མ་བསྟན་ནམ། རབ་འབྱོར་གྱིས་སྨྲས་པ། དེ་རྣམས་མི་དམིགས་པའི་ཚུལ་གྱིས་བསྟན་གྱི། དམིགས་པའི་ཚུལ་གྱིས་མ་བསྟན། སྟོང་པ་བཅོ་བརྒྱད་ཡིན་པའི་ཕྱིར། བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་རྣམ་བྱང་གི་བར་དུ་མི་དམིགས་སོ། །རྟོགས་པར་དཀའ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།ལེའུ་འདི་ནས་མེ་ཏོག་གི་དཔེའི་སྒོ་ནས་མ་སྐྱེས་པ་དང༌། རང་རྒྱལ་གྱི་ངེས་འབྱེད་བཞི་དང༌། བྱང་ཆུབ་སེམས་དཔའི་མཐོང་ལམ་གྱི་ཕན་ཡོན་དགུའོ། །དེ་ནས་བརྒྱ་བྱིན་གྱི་སེམས་ལ་རབ་འབྱོར་གྱིས་ཆོས་ཀྱི་ཆར་ཕབ་ན། ཡུམ་དང་སངས་རྒྱས་དང་རབ་འབྱོར་ལ་མེ་ཏོག་གི་ཆར་ཆེན་པོ་ཕབ་ནས་མཆོད་པ་ཕུལ་བ་དང༌། དེས་ན་རབ་འབྱོར་འདི་སྙམ་དུ་སེམས་ཏེ། མེ་ཏོག་འདི་དག་ནི་སྔོན་ཆད་ལྷ་དང་མིའི་ཡུལ་དུ་མ་མཐོང༌། །ཆུ་དང་ཐང་ལས་སྐྱེས་པ་ཡང་མ་ཡིན་སྙམ་པ་དང༌། བརྒྱ་བྱིན་གྱིས་སྨྲས་པ། མེ་ཏོག་འདི་དག་འབའ་ཞིག་ངེས་པར་མ་བྱུང་བར་ཟད་དམ། གཟུགས་ལ་སོགས་པའང་དེ་ལྟ་བུ་ཡིན། རབ་འབྱོར་གྱིས་སྨྲས་པ། མེ་ཏོག་འདི་དག་མ་བྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའོ། །ངེས་འབྱེད་ཀྱི་དྲོད་ནི། བཏགས་པ་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོད་གྱུར་པ། །ཞེས་པ་ལ་བཀའ་སྩལ་བ། གཟུགས་ནས་རྣམ་མཁྱེན་གྱི་བར་ནི་བཏགས་པ་ཙམ་མོ། །དེ་ནི་ཆོས་ཉིད་དེ་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཆོས་ཐམས་ཅད་བཏགས་པ་ཙམ་དུ་སློབ་པ་དེ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སློབ་སྟེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང༌། །རྩེ་མོ་ནི། རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ཞེས་པ་ནི་རྣམ་མཁྱེན་གྱི་བར་དུ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །བཟོད་པ་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །ཞེས་པ་ནི་གཟུགས་ལ་སོགས་པ་ཡོངས་སུ་མི་འཛིན་ནོ། །ཆོས་མཆོག་ནི། གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྐྱེ་བ་དང་འགག་
པ་དང༌། བླང་བ་དང་དོར་བ་དང༌། ཀུན་ནས་ཉོན་མོངས་དང་རྣམ་བྱང་སྣོན་པ་དང་འབྲིང་བ། འཕེལ་བ་དང་འགྲིབ་པ་མི་མཐོང་སྟེ། གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་ཅིང་མི་དམིགས། དེ་ལྟར་ན་ངེས་པར་མི་འབྱུང་བའི་ཚུལ་གྱིས་ཡུམ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་ནི། ཆོས་ཤེས་རྗེས་སུ་ཤེས་བཟོད་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ནི། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང། །ཞེས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ། དྲིས་པའི་ལན་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་ཟེར་བ་དེ་ཁྱོད་ཀྱི་མཐུ་དང་བྱིན་གྱི་རླབས་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཁོ་བོའི་མཐུ་མ་ཡིན། དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ། །བརྒྱ་བྱིན་གྱིས་སྨྲས་པ། ཆོས་ཐམས་ཅད་སྟོང་པ་བྱིན་གྱི་རླབས་མེད་པ་ལ། དེ་བཞིན་ཉིད་དང་ཆོས་ཉིད་ལས་གུང་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །རབ་འབྱོར་གྱིས་སྨྲས་པ། བྱིན་གྱི་རླབས་མེད་པའི་ཆོས་ཉིད་དང་དེ་བཞིན་ཉིད་ལས་གུང་ན་དེ་བཞིན་གཤེགས་པ་མི་དམིགས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ལའང་དེ་བཞིན་གཤེགས་པ་མི་དམིགས། དེ་བཞིན་གཤེགས་པ་ལའང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་མི་དམིགས་ཏེ། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་ལྡན་པའང་མ་ཡིན་མི་ལྡན་པའང་མ་ཡིན་ནོ། །མཐོང་ལམ་གྱི་ཆོས་ཤེས་ནི་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པའོ། །རྗེས་ཤེས་ནི་དོན་དམ་པ་སྤྲོས་པ་དང་བྲལ་བར་ཤེས་པའོ། །བཟོད་པ་གཉིས་ནི་ཇི་སྙེད་པ་ཤེས་པ་དང༌། ཇི་ལྟ་བ་ཤེས་པ་སྟེ། རབ་འབྱོར་གྱིས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་ཟེར་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལས་བཙལ་བར་མི་བྱ། དེ་ལས་གཞན་དུའང་བཙལ་བར་མི་བྱ་སྟེ། དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གང་ཡིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌། བཙལ་བ་གང་ཡིན་པའི་ཆོས་དེ་དག་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །
དེ་ཅིས་ན་གཟུགས་དང་གཟུགས་ཀྱི་ཆོས་ཉིད་དང༌། གཟུགས་ཀྱི་དེ་བཞིན་ཉིད་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། དེ་ལས་གཞན་ན་ཡང་མེད། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །མཐོང་ལམ་གྱི་ཕན་ཡོན་ནི། །ཆེན་པོ་ཚད་མེད་ཉིད་བཅས་དང༌། །དཔག་མེད་མཐའ་ནི་མེད་པ་དང༌། །ཞེས་པ་ནི་བརྒྱ་བྱིན་གྱིས་གསོལ་པ། ཡུམ་འདི་ནི་ཆེན་པོ་ལགས་སོ། །ཚད་མེད་པ་ལགས་སོ། །མཐའ་ཡས་པ་ལགས་སོ། །རབ་འབྱོར་གྱིས་སྨྲས་པ། དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཐོབ་པོ་འཐོབ་པོ་ཐོབ་པར་འགྱུར་རོ། །གཟུགས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་མི་དམིགས་པས། གཟུགས་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བའོ། །བསྒྲེའོ། །ནམ་མཁའ་ཚད་མེད་པའི་ཕྱིར་གཟུགས་ཚད་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པའོ། །འདྲེའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དང༌། ཆོས་ཉིད་བརྒྱད་དང༌། སེམས་ཅན་གྱི་དམིགས་པ་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་སོ། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་མེད་དོར་བ་མེད་སོགས་དང༌། །བྱམས་ལ་སོགས་དང་སྟོང་ཉིད་དང༌། །སངས་རྒྱས་ཉིད་ནི་ཐོབ་པ་དང༌། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་ལས་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པ་ལ། བཅོམ་ལྡན་འདས་ལ་ཞུ་བ་ལྔ་ནི། ལྷའི་བུ་རྣམས་ཀྱིས་གསོལ་བ། འཕགས་པ་རབ་འབྱོར་གྱིས་ཡུམ་གྱི་དོན་དེ་ལྟར་བསྟན་པ་ནི་ངོ་མཚར་ཆེའོ། །བདག་ཅག་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་སངས་རྒྱས་སུ་འཛིན་པ་ལ་སོགས་སོ། །བཀའ་སྩལ་པ། ཟུང་ཅིག་ཕར་ཕྱིན་ལ་སོགས་པ་ལས་གུང་ན་དེ་བཞིན་གཤེགས་པ་མི་དམིགས་སོ། །རིགས་ཀྱི་བུ་ཕར་ཕྱིན་ལ་སོགས་པ་ལ་སློབ་པ་དེ་སངས་རྒྱས་ཡིན་ཏེ་ངས་སྔོན་རྒྱལ་པོའི་འཁོར་པདྨ་ཅན་གྱི་ཚོང་དུས་ན་ཕར་ཕྱིན་དང་མ་བྲལ་བ་དེའི་ཚེ་ང་ལུང་བསྟན་ནོ། །བླང་དོར་
མེད་ནི་ལྷའི་བུ་རྣམས་ཡུམ་ལ་སྤྱོད་པའི་ཚེ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མི་ལེན་མི་འདོར་བ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཁོར་ཐམས་ཅད་ཚོགས་པ་མཁྱེན་ནས་དབང་པོར་བཙུགས་ཏེ། རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་ནི་བདུད་དང་བདུད་ལ་སོགས་པས་གླགས་མི་རྙེད། དེས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་དུ་བྱིན་གྱིས་བརླབས་པས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། །བྱམས་པ་ལ་སོགས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་ལ། བདུད་ལ་སོགས་པས་གླགས་མི་རྙེད། དེས་ཚད་མེད་པ་རྣམས་བསྒོམ་པའི་ཕྱིར། སྟོང་ཉིད་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་གང་ན་གནས་ཀྱང་གླགས་མི་ཐོད་དེ། དེས་སྟོང་པ་བཅོ་བརྒྱད་རྟོགས་པའི་ཕྱིར་རོ། །སངས་རྒྱས་ཉིད་ཐོབ་པ་ནི་འདོད་པ་དང་གཟུགས་ཀྱི་ལྷའི་བུས། རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་ལ་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་བགྱིའོ། །དེ་ཅིས་ན། བྱང་ཆུབ་སེམས་དཔའ་ཡོད་ན། དགེ་ལ་བཅུ་བ་སོགས་པ་མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཕྱིར་རོ། །མཐའ་ཡས་ལུང་སྟོན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།ལེའུ་འདི་ནས་མཐོང་ལམ་གྱི་ཕན་ཡོན་བདུན། བསྒོམ་ལམ་གྱི་བྱེད་པ་གཉིས་ཏེ་དགུའོ། །རྣམ་པར་བྱང་ཀུན་ཡོངས་བསྡུས་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར། ཕ་རོལ་ཏུ་ཕྱིན་པ་ལྔ་ནས་རྣམ་མཁྱེན་གྱི་བར་འདུས་སོ། །ཉམ་ང་སེལ་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ལ་བདུད་དང་མུ་སྟེགས་ལ་སོགས་པའི་ཚེ་བ་ཐམས་ཅད་ཞི་བའོ། །ནད་ཀུན་སེལ་བ་ན་ཡུམ་འཛིན་པ་ལ་སོགས་པ་ལ་རྩི་མ་གིའི་དཔེས་ནད་ཞི་བའོ། །མྱ་ངན་ལས་འདས་པར་འཛིན་པ་ཞི་པ་ནི་ཡུམ་འཛིན་པ་ལ་སོགས་པས་མི་དགེ་བ་ཐམས་ཅད་གཟུགས་སུ་འཛིན་པ་ནས་མྱ་ངན་ལས་འདས་པའི་བར་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ་འཕེལ་བར་བྱེད་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས་པ་ནི་ཡུམ་འཛིན་པ་ལ་སོགས་པ་ལ་སངས་རྒྱས་རྣམས་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་མཛད་དོ། །སྲོག་མི་གཅོད་པ་ལ་སོགས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ནི་བདག་ཀྱང་མི་དགེ་བ་བཅུ་སྤངས། གཞན་ཡང་མི་དགེ་བ་བཅུ་སྤོང་དུ་འཇུག །དེ་བཞིན་དགེ་བ་ལ་སོགས་སོ། །སྦྱིན་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །བསྒོམ་
ལམ་གྱི་བྱེད་པ་དྲུག་ནི། ཀུན་ནས་ཞི་དང་ཐམས་ཅད་ནས། །བདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་བརྫིབ་མེད་ཉིད་དང༌། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པ་ལ། ཀུན་ནས་ཞི་དང་ཐམས་ཅད་ནས་འདུད་པའི་བྱེད་པ་གཉིས་ནི་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དྲུག་ལ་སྤྱད་པས། བདག་ཉིད་ཀྱི་ཁེངས་པ་ཞི་ནས་བདག་ལ་གཞན་འདུད་པའོ། །ཡོན་ཏན་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ལེའུ་འདི་ནས་བསྒོམ་ལམ་གྱི་བྱེད་པ་བཞི། རང་དོན་དུ་མོས་པ་དགུའོ། །ཉོན་མོངས་པ་ལས་རྒྱལ་བ་ནི་བདག་དང་གཞན་གྱི་ཉོན་མོངས་པ་རྣམས་ཀྱི་མདའ་ལ་སོགས་པ་ཡང་བཅོམ། དེ་ཅིས་ན་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས་ཉོན་མོངས་པའི་རྒྱུད་མེད་པའོ། །གནོད་པས་མི་བརྫི་བ་ནི་ཡུམ་འཛིན་པ་ལ་སོགས་པ་ནི་བདག་ལ་སོགས་པ་ལ་གནོད་པར་བྱ་བར་ཡང་མི་སེམས། མཚོན་ལ་སོགས་པས་ཀྱང་འཕོག་པར་མི་འགྱུར་རོ། །བྱང་ཆུབ་པའི་བྱེད་པ་ནི་ཡུམ་འཛིན་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །མཆོད་རྟེན་ནི་ཡུམ་བཅངས་ནས་མཆོད་པ་བྱེད་པའི་ས་དེ་མཆོད་རྟེན་དུ་འགྱུར་བའོ། །མོས་པ་ནི། མོས་པས་རང་གི་དོན་དང་ནི། །གཉི་གའི་དོན་དང་གཞན་དོན་དང༌། །དེ་ཡང་རྣམ་གསུམ་དེ་ལྟར་ན། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རེ་རེ་ལ་ཡང་དེ་བཞིན་ཏེ། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་ལས། རང་གི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ནི། བརྒྱ་བྱིན་གྱིས་གསོལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཡུམ་ལ་སྤྱད་པ་དང༌། མཆོད་རྟེན་ལ་བསྙེན་བཀུར་བྱས་པ་བསོད་ནམས་གང་ཆེ་ལགས་ཞུས་པའི་ལན་བཀའ་སྩལ་པ། ཁྱོད་ཉིད་ལ་དྲི་ཡིས་ལན་ཐོབ་ཅིག །དུས་གསུམ་དུ་སངས་རྒྱས་པ་དེ་མཆོད་རྟེན་ལ་བསྙེན་བཀུར་བྱས་པས་ཡིན་ནམ། ཡུམ་ལ་སྤྱད་པས་ཡིན། བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། ཡུམ་ལ་སྤྱད་པས་སངས་རྒྱས་ལགས་སོ། །བགའ་སྩལ་པ། དེ་བཞིན་དེ་ཡུམ་ཡོད་ན་དགེ་བ་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང༌། མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཕྱིར་རོ། །ཆུང་ངུའི་འབྲིང་ནི་བརྒྱ་བྱིན་གྱིས་གསོལ་བ། ཡུམ་ལ་ཕན་ཡོན་དེ་ཙམ་བདོག་པ་མི་རྣམས་ཀྱིས་མ་འཚལ་ལགས་སམ། །བཀའ་སྩལ་པ། འཛམ་
བུའི་གླིང་ནས་སངས་རྒྱས་ལ་ཤིན་ཏུ་བརྟེན་པ་ཉུང་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཤིན་ཏུ་ཉུང་སྟེ། འཁོར་བ་ནས་འཁོར་བས་སངས་རྒྱས་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །ཆུང་ངུའི་ཆེན་པོ་ནི་མཆོད་རྟེན་གཅིག །འབྲིང་གི་ཆུང་ངུ་འཛམ་བུའི་གླིང་འབྲིང་གི་འབྲིང་གླིང་བཞི། འབྲིང་གི་ཆེན་པོ་སྟོང་སྤྱི་ཕུད་ཆེན་པོའི་ཆུང་ངུ་སྟོང་གཉིས་བར་མ། ཆེན་པོའི་འབྲིང་སྟོང་གསུམ་གྱི་སྟོང་ཆེན་པོའི་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། འཕང་དུ་དཔག་ཚད་ཙམ་ལ་རྒྱར་དཔག་ཚད་ཕྱེད་པ། བྱེད་པ་པོ་མང་བ་དེ་ན་གནས་པའི་སེམས་ཅན་རེ་རེས་ཀྱང་དུས་བསྐལ་པའམ་དེ་ལས་ལྷག་པར་ལན་གསུམ་གསུམ་དུ་མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱས་བ་བས་ཡུམ་འཛིན་པ་ལ་སོགས་པ་བསོད་ནམས་ཆེའོ། །མཆོད་རྟེན་ལ་བསྙེན་བཀུར་བྱས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།ལེའུ་འདི་ནས་གཉིས་ཀའི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ལ་བཅུ་ཡོད་པ་ལས་དྲུག་གོ །ཡུམ་འཛིན་པ་ལ་སོགས་པ་ཡོད་ན་དཀོན་མཆོག་གསུམ་གྱི་གདུང་མི་ནུབ་བ་དང༌། བརྒྱ་བྱིན་གྱིས་ཁ་ཏོན་བྱས་པས་ལྷ་མ་ཡིན་རྣམས་ཟློག་པའི་དགྲ་བཟློག་དང༌། ལྷའི་བུ་ཤི་ནས་ངན་སོང་དུ་སྐྱེ་བ་ལ་རྣམ་ལམ་དུ་བསྒྲགས་པས་ངན་སོང་ལས་ཐར་ནས་ལྷའི་ནང་དུ་སྐྱེས་པ། རིམ་གྱིས་བྱང་ཆུབ་ཐོབ་པས་ངན་སོང་སྦྱོང་བ་དང༌། ཡུམ་འདི་རིག་སྔགས་ཆེན་མོ་དང་འདྲ་བར་མྱ་ངན་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང༌། རྒྱལ་པོ་ལ་སོགས་པའི་འཇིགས་པ་ཡོད་ན་ཡུམ་ཁ་ཏོན་དུ་བྱས་པས་འཚེ་བ་ཉེ་བར་ཞི་བ་དང༌། ཚེར་བས་གཞན་གྱི་ཕན་ཡོན་ནམ་ཡང་ཡུམ་འཛིན་པ་ལ་སོགས་པ་ནི་ཕར་ཕྱིན་ལ་སོགས་པ་དང་འབྲལ་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་ཉི་ཤུ་བའོ། །ལེའུ་འདི་ནས་བཞི་ལས་ཀུན་དུ་རྒྱུ་བཟློག་པ་ནི། ཀུན་དུ་རྒྱུ་མང་པོ་བཅོམ་ལྡན་འདས་ལ་གླགས་ལྟ་བའི་བསམ་པས་འོངས་པ། བརྒྱ་བྱིན་གྱིས་ཁ་ཏོན་བྱས་པས་བསྐོར་བ་ལན་གསུམ་བྱས་ནས་ལམ་དེ་ཉིད་ནས་དོང་ངོ༌། །བདུད་བཟློག་ནི་བདུད་སྡིག་ཅན་གྱིས་དཔུང་གི་ཚོགས་ཆེན་པོ་སྤྲུལ་པ་ལ་བརྒྱ་བྱིན་གྱིས་དཔུང་གི་ཚོགས་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་རྣམས་ཀྱི་མ་ཡིན་ཏེ། ངེས་པར་བདུད་སྡིག་ཅན་གྱི་དཔུང་གི་ཚོགས་སོ་སྙམ་ནས་ཡུམ་ཁ་ཏོན་བྱས་པས་བདུད་ཕམ་པར་བྱས་པའོ། །དཀོན་མཆོག་གསུམ་
འབྱུང་བ་ནི་ཡུམ་བཞུགས་ན་དཀོན་མཆོག་གསུམ་འབྱུང་ཞིང་ཡུན་རིང་དུ་གནས་པར་འགྱུར་རོ། །སྟོན་པ་དང་མཚུངས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ནི་སྟོན་པའམ། སྟོན་པའི་གནས་དང་མཚུངས་པ་ཡིན་ནོ། །ཀུན་དུ་རྒྱུ་བཟློག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །། །ལེའུ་འདི་ནས་གཉི་གའི་དོན་དུ་མོས་པ་བརྒྱད། ཆུང་ངུའི་འབྲིང་ནི་ཀུན་དགའ་བོས་གསོལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་ལྟ་བུ་གཞན་ལ་མ་བརྗོད་ལགས་སོ། །བཀའ་སྩལ་པ། ཡུམ་ནི་ས་ཆེན་པོ་དང་འདྲ་བར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཡོན་ཏན་ཐམས་ཅད་བསྐྱེད་པའོ། །ཆུང་ངུའི་ཆེན་པོ་ཉན་རང་གི་མི་མཉམ་པ་དང༌། མཉམ་པའི་ཕུང་པོ་ལྔ་ལས་ཁྱད་པར་དུ་འཕགས་པའོ། །འབྲིང་གི་ཆུང་ངུ་ནི་ཡུམ་འཛིན་པ་ལ་སོགས་པ་ལ་སྤོབས་པ་ཉེ་བར་སྒྲུབ་བོ། །འབྲིང་གི་འབྲིང་ནི་ཡུམ་འཛིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྙིང་དུ་སྡུག་པའོ། །འབྲིང་གི་ཆེན་པོ་ནི་སྤོབས་པ་མི་འཕྲོགས་པ་གྱུར་པའོ། །ཆེན་པོའི་ཆུང་ངུ་ནི་ཡུམ་འཛིན་པ་ལ་སོགས་པ་ལ་ལྷའི་བུ་རྣམས་ཉན་དུ་འོངས་པའོ། །ཆེན་པོའི་འབྲིང་ནི་ལྷའི་བུ་རྣམས་འོངས་པའི་རྟགས་སྔོན་ཆད་མེད་པའི་དྲི་བཟང་པོ་ལ་སོགས་པ་འབྱུང་བའོ། །ཆེན་པོའི་ཆེན་པོ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་འཁོར་དང་བཅས་པར་ཞུགས་པ་ལ་ནམ་འཚོའི་བར་དུ་མེ་ཏོག་ལ་སོགས་པས་མཆད་པ་བྱས་ཏེ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སྐུ་གདུང་མཆོད་རྟེན་གྱི་ནང་དུ་སྩལ་ཏེ་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་པ་བས། ཡུམ་འཛིན་པ་ལ་སོགས་བྱས་ནས་བཀུར་སྟི་བྱས་ན་བསོད་ནམས་ཆེའོ། །མཆོད་རྟེན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ལེའུ་འདི་ནས་གཞན་གྱི་དོན་དུ་མོས་པ་དགུ། ཆུང་ངུའི་ཆུང་ངུ་ནི་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་འཛམ་བུའི་གླིང་འདི་སྐུ་གདུང་གིས་གང་བ་ཞིག་ཀྱང་གཏད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་གཏད་ན། བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་ལགས་སོ། །ཅིས་ན་ཕར་ཕྱིན་ལས་སྐུ་གདུང་འབྱུང་བས་སོ། །ཆུང་ངུའི་འབྲིང་ནི་དཔེར་ན་བདག་ཆོས་བཟང་ན་སྟན་ལ་བསྡད་ནས་ཆོས་བཤད་པའི་གདན་ལ་མཆོད་པ་ལྟ་བུ་སྟེ། ཡུམ་ནི་སྟོན་པ་དང་འདྲ། སྐུ་གདུང་ནི་གདན་ཁྲི་རྙིང་པ་དང་འདྲའོ། །ཆུང་ངུའི་ཆེན་པོ་ནི་སྟོང་སྐུ་གདུང་གིས་བཀང་བ་བས་ཀྱང་འདམ་མོ། །འབྲིང་གི་
ཆུང་ངུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་གསུང་བ་དང༌། ཡུམ་ནི་འདི་དང་མཚུངས་ལགས་ཏེ་འདི་ལས་བྱུང་བའོ། །འབྲིང་གི་འབྲིང་ནི་ཡུམ་འདི་འཛིན་པ་ལ་སོགས་པ་ལ་ནི་ངན་སོང་ལ་སོགས་པའི་འཇིགས་པ་མ་མཆིས་ཏེ། ཡུམ་ནི་རྒྱལ་པོ་དང་འདྲ་ལ་སྐུ་གདུང་ནི་རྒྱལ་པོ་ལ་བརྟེན་པའི་མི་ལ་འཇིགས་པ་མེད་པ་དང་འདྲའོ། །འབྲིང་གི་ཆེན་པོ་ནི་ཡུམ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་ལ། སྐུ་གདུང་དེའི་སྣོད་གའུ་ཏོག་རྙིང་པ་དང་འདྲའོ། །ཆེན་པོའི་ཆུང་ངུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྐུ་གདུང་གིས་བཀང་བ་བས་ཀྱང་འདམ་མོ། །ཆེན་པོའི་འབྲིང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་མཐོང་བར་འདོད་པས་ཡུམ་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །ཆེན་པོའི་ཆེན་པོ་ནི་དགེ་བའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན། རོ་གཅིག་ཏུ་འགྱུར་བ་ཤིང་གི་གྲིབ་མའི་དཔེས་བསྟན་ཏོ། །སྐུ་གདུང་གི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།ལེའུ་འདི་ནས་བསྟོད་བཀུར་བསྔགས་པ་གསུམ་སྟོན། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་བརྗོད། །ཅེས་པ་ལས། བསྟོད་པ་དང་པོ་ནི་བརྒྱ་བྱིན་གྱིས་གསོལ་པ། བདག་ཉིད་གཅིག་པུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང༌། གཞན་ལའང་བྱིན་ན་བསོད་ནམས་གང་ཆེ་ལགས། བཀའ་སྩལ་པ། ཁྱོད་ཉིད་ལ་དྲི་ཡིས་ལན་ཐོབ་ཅིག །དེ་བཞིན་གཤེགས་པའི་སྐུ་གདུང་བདག་ཉིད་འབའ་ཞིག་གིས་བཅངས་ནས་བསྙེན་བཀུར་བྱས་པ་དང༌། གཞན་ཡང་བསྙེན་བཀུར་བྱེད་དུ་བཅུག་པ་གཉིས་བསོད་ནམས་གང་ཆེ། བརྒྱ་བྱིན་གྱིས་གསོལ་པ། བདག་ཉིད་འབའ་ཞིག་གིས་བཅངས་པ་བས་གཞན་ལའང་བྱིན་ན་བསོད་ནམས་ཆེ་བས་སྐུ་གདུང་གིས་འདུལ་བའི་སེམས་ཅན་ལ་རྡོ་རྗེའི་སྐུ་བཤིག་ནས་གནང་བ་མཛད་དོ། །བཀའ་སྩལ་པ། དེ་བཞིན་དུ་བདག་ཉིད་འབའ་ཞིག་གིས་བཅངས་པ་བས་གཞན་ལ་བྱིན་ན་བསོད་ནམས་ཆེའོ། །བསྟོད་པ་གཉིས་པ་ནི་དེ་ཡང་གཞན་གྱི་དྲུག་དུ་ཕྱིན་ནས་བསྟན་ཅིང་བཤད་ན་བསོད་ནམས་ཆེ་སྟེ། དེ་ནི་སྟོན་པའམ་སྟོན་པའི་གནས་དང་མཚུངས་སོ། །བསྟོད་པ་གསུམ་པ་ནི་
འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུ་ལ་བཀོད་པའོ། །བཞི་བ་རྒྱུན་ཞུགས་ལའོ། །ལྔ་པ་ལན་ཅིག་ཕྱིར་འོང་ངོ༌། །དྲུག་པ་ཕྱིར་མི་འོང་ངོ༌། །བདུན་པ་དགྲ་བཅོམ་མོ། །བརྒྱད་པ་རང་བྱང་ཆུབ་བོ། །དགུ་པ་འཛམ་བུའི་གླིང་ལ་སོགས་པ་རྒྱུན་ཞུགས་ལ་བཀོད་པ་བས་སེམས་ཅན་གཅིག་ཅིག་བྱང་ཆུབ་སེམས་དཔའ་ལ་བཀོད་ན་བསོད་ནམས་ཆེ་སྟེ། ཅེས་ན་རྒྱུན་ཞུགས་ལ་སོགས་པ་ཡོད་པས་སངས་རྒྱས་འབྱུང་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཡོད་པས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་ངོ༌། །བཀུར་བ་དང་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་བ་བཅུ་ལ་བཀོད་པ་བས་ལ་སོགས་སོ། གཉིས་པ་བསམ་གཏན་བཞི་ལ་བཀོད་པ། གསུམ་པ་ཚད་མེད་པ་བཞི་ལ་བཀོད་པ། བཞི་པ་གཟུགས་མེད་པ་བཞི་ལ་བཀོད་པ། ལྔ་པ་སྟོང་གསུམ་གྱི་སྟོང་གི་སེམས་ཅན་རྣམས་མངོན་པར་ཤེས་པ་ལྔ་ལ་བཀོད་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་ན་བསོད་ནམས་ཆེའོ། །དྲུག་པ་ཚུལ་བཞིན་དུ་ཡིད་ལ་བྱས་ན་ཡང་དག་པའི་དོན་བསྟན་ན་ཆེའོ། །བདུན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་གཉིས་སུ་མ་གཉིས་སུ་མ་ཡིན་པ་ཡང་མ་ཡིན་ལ་སོགས་པ་གཉིས་མེད་པ་བསོད་ནམས་ཆེའོ། །བརྒྱད་པ་སྟོང་གསུམ་གྱི་སངས་རྒྱས་ལ་བསྙེན་བཀུར་བྱས་པ་བས་ཀྱང་ཡུམ་གྱི་དོན་བསྟན་ན་བསོད་ནམས་ཆེའོ། །དགུ་པ་ཡུམ་གྱི་གཟུགས་བརྙན་མི་རྟག་པ་ལ་སོགས་པ་མི་སྟོན་པ། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ་གཟུགས་མི་རྟག་པ་ལ་སོགས་པར་ཡང་མ་ལྟ་ཅིག་ཅེས་པ་ལ་སོགས་པའོ། །བསྔགས་པ་དང་པོ་སྟོང་གསུམ་གྱི་སྟོང་གི་སེམས་ཅན་རྒྱུན་ཞུགས་པ་ལ་བཀོད་པ། གཉིས་པ་ཕྱིར་འོང་བ། གསུམ་པ་ཕྱིར་མི་འོང་བ་ལ། བཞི་པ་དགྲ་བཅོམ་ལ། ལྔ་པ་རང་རྒྱལ་ལ། དྲུག་པ་བྱང་ཆུབ་ལ་བཀོད་པ། བདུན་པ་ཕྱིར་མི་ལྡོག་པ་ལ་བཀོད་པ། བརྒྱད་པ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་བས། དགུ་པ་སེམས་ཅན་གཅིག་ཅིག་མྱུར་དུ་སངས་རྒྱས་བར་འདོད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་བཅས་པ་ཡི་གེ་དང་བཅས་པར་བྱིན་ན་བསོད་ནམས་ཆེ་སྟེ། དེ་ཅིས་ན་ཇི་ལྟ་ཇི་ལྟར་རྫོགས་པའི་བྱང་ཆུབ་ལ་ཉེ་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པས་གདུངས་པའི་ཕྱིར་རོ། །བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།
ལེའུ་འདི་ནས་བསྔོ་བ་དང་རྗེས་སུ་ཡི་རང་བ་གཉིས་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དང༌། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། །ཁམས་གསུམ་གཏགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསོད་ནམས་ཆེ་འབྱུང་བདག་ཉིད་དེ། །བསྔོ་བའི་མཆོག་ནི་རྣམ་པ་གསུམ། །ཞེས་པ་ལས། ཁྱད་པར་ཅན་གྱི་བསྔོ་བ་ནི། །བྱམས་པས་སྨྲས་པ། ཉན་རང་ནི་རང་གི་དོན་དུ་བསྔོ་བ་ཡིན་ལ། བྱང་སེམས་ནི་གཞན་གྱི་དོན་དུ་བསྔོ་བ་ཡིན་པས་ཁྱད་པར་དུ་འཕགས་ཏེ། ལས་དང་པོ་པའི་གང་ཟག་ལ་དམིགས་པ་ཅན་དུ་མ་བསྟན་ན་མོས་པ་ལྡོག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱངས་པ་ལ་མི་དམིགས་པའི་ཚུལ་གྱིས་བསྔོ་བའོ། །མི་དམིགས་པའི་བསྔོ་བ་ནི་རབ་འབྱོར་གྱིས་སྨྲས་པ། སེམས་དང་པོ་བསྐྱེད་པ་ནས་སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྔོ་བའོ། །ཕྱིན་ཅི་མ་ལོག་པའི་བསྔོ་བ་ནི་དེ་ལྟར་དམིགས་པར་མི་བྱེད། མཚན་མར་ཡང་མི་བྱེད། །འདུ་ཤེས་པར་ཡང་མི་བྱེད་ན་ཕྱིན་ཅི་མ་ལོག་པའོ། །དབེན་པའི་བསྔོ་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རང་བཞིན་གྱིས་དབེན་པར་བསྔོ་བའོ། །སངས་རྒྱས་ལ་སོགས་པ་ཚོགས་ཀྱི་རང་བཞིན་དྲན་པར་བསྔོ་བ་ནི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སོ་སོའི་སྐྱེ་བོའི་དགེ་བའི་རྟ་བ་ཅི་ཡོད་པ་མི་དམིགས་པ་བསྔོ་བའོ། །ཐབས་མཁས་པའི་བསྔོ་བ་ནི་ཚོགས་སོགས་པར་བྱེད་པའི་ཐབས་སོ། །མཚན་མ་མེད་པའི་བསྔོ་བ་ནི་མཚན་བཅས་ཀྱིས་བསྔོས་ན་ཁ་ཟས་བཟང་པོ་དུག་དང་འདྲེས་པ་དང་འདྲ་བས་མཚན་མ་མེད་པར་བསྔོ་བའོ། །སངས་རྒྱས་རྗེས་སུ་ཡི་རང་གི་བསྔོ་བ་ནི་སྔོན་གྱི་སངས་རྒྱས་ལ་སོགས་པས་ཇི་ལྟ་ཇི་ལྟར་བསྔོས་པ་དེ་ལྟ་དེ་ལྟར་རྗེས་སུ་འཇུག་གི་བསྔོ་བའོ། །ཁམས་གསུམ་དུ་མ་གཏོགས་པའི་བསྔོ་བ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཁམས་གསུམ་གྱི་ཁོངས་སུ་ཆུད་པ་མ་ཡིན་པ་དུས་གསུམ་ལས་འདས་པ་དེ་མཚན་མའམ་དམིགས་པའི་ཚུལ་གྱིས་བསྔོ་བར་མི་ནུས་སོ། །དེ་ཅིས་ན། དེ་ལ་རང་
བཞིན་མེད་དོ། །གང་ལ་རང་བཞིན་མེད་པ་དེ་དངོས་པོ་མེད་པ་སྟེ། དངོས་པོ་མེད་པས་ནི་དངོས་པོ་མེད་པ་བསྔོ་བར་མི་ནུས་སོ། །བསོད་ནམས་ཆེ་འབྱུང་གི་ཆུང་ངུ་ནི་དགེ་བ་བཅུ་དང་བསམ་གཏན་བཞི་ཚད་མེད་པ་བཞི་གཟུགས་མེད་པ་བཞི་ལ་བཀོད་པ་བས་འབྲིང་གི་རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བར་རོ། །ཆེན་པོ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དམིགས་པ་ཅན་དུ་བསྔོ་བ་བས། བྱང་ཆུབ་སེམས་དཔའ་དམིགས་པ་མེད་པ་མཚན་མ་མེད་པ་གོས་པ་མེད་པར་བསྔོས་ན་བསོད་ནམས་ཆེའོ། །རྗེས་སུ་ཡི་རང་བ་ནི་ཐབས་དང་མི་དམིགས་པ་དག་གིས། དགེ་བའི་རྩ་བ་ལ་ཡི་རང་བ། རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ལ་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་བ་བས་མི་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་བ་མཆོག་རབ་ཡིན་ནོ། །དཔེར་ན་སྟོང་གསུམ་གྱི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་པ་པས། མི་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་བ་མཆོག་ཡིན་ནོ། །རྗེས་སུ་ཡི་རང་བ་དང་བསྔོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།སྒྲུབ་པ་ལ་ལྔ་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་པ་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །མཆོག་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་མཆོག་སྤྱན་འདྲ་བ་སྟེ། ཕར་ཕྱིན་གཞན་ནི་དམུས་ལོང་དམིགས་བུ་མེད་པ་དང་འདྲའོ། །ཀུན་ལ་མངོན་དུ་མི་བྱེད་པ་ནི་ཤཱ་རིའི་བུས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བསྒྲུབ་པར་བགྱི། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་འདུ་མི་བྱེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། དམིགས་པ་མེད་པ་དང༌། འཇིགས་པ་མེད་པའི་ཚུལ་གྱིས་གང་ཡང་མི་སྒྲུབ་པོ། །ཤཱ་རིའི་བུས་གསོལ་པ། མི་སྒྲུབ་པ་དེ་གང་ལགས། བཀའ་སྩལ་པ། གང་ཡང་ཐོབ་པར་མི་བྱེད་དགེ་བ་ལ་སོགས་པའི་དམིགས་པ་བཅུ་གཅིག །མཚན་མའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །ཆོས་རྣམས་དམིགས་པ་མེད་པར་གཏོད་པར་བྱེད་པ་ཞེས་པ་
ནི་ཐོབ་པར་བྱེད་པའོ། །ཐོབ་པར་མི་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོག་གོ །གསོབ་པོ་ཞེས་བྱ་བར་འདུ་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡིད་ཆེས་པར་མི་འགྱུར་རོ། །དོན་ཆེན་པོ་ཉིད་ནི་ཡུམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། འདུ་བར་མི་བགྱིད། ཡངས་པར་མི་བགྱིད། ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། རྒྱ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད། མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མི་བགྱིད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་ལྔར་བགྱིད་ན་ཡུམ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ལྔར་བགྱིད་པ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ། །དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་མེད་དོ། །ཆེན་པོ་བཅུ་ནི་སེམས་ཅན་དང་གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་བ་མེད་པ་དང༌། དངོས་པོ་མེད་པ་དང༌། རང་རྒྱལ་གྱི་རྣམ་དག་དང༌། རང་བཞིན་མེད་པ་དང༌། སྟོང་པ་དང༌། དབེན་པ་དང༌། མ་མཆིས་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། རྣམ་པར་འཇིག་པ་མེད་པ་དང༌། མངོན་པར་རྫོགས་པར་སངས་རྒྱ་བ་མ་མཆིས་པ་དང༌། སྟོབས་གྲུབ་པ་མ་མཆིས་པའི་ཕྱིར་ཡུམ་ཆེ་བའོ། །སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལེའུ་འདི་ནས་རྣམ་དག་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་བསྟན་པ་དང༌། རྣམ་དག་དངོས་བསྟན་པའོ། །དངོས་ལ་ལྔ་སྟེ། རྣམ་དག་སྤྱིར་བསྟན་པ་དང༌། ཉན་ཐོས་ཀྱི་རྣམ་དག་དང༌། རང་རྒྱལ་གྱི་རྣམ་དག་དང༌། བྱང་ཆུབ་སེམས་དཔའི་རྣམ་དག་དང༌། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་ཆེ་བའོ། །རྣམ་དག་སྐྱེ་བའི་རྒྱུ་ནི། སངས་རྒྱས་བསྟན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ། སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས་པ། བསྐལ་པ་གྲངས་མེད་པ་ནས་ཞུགས་པ་སེམས་དང་པོ་བསྐྱེད་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ཡིན་ཏེ། ད་ལྟར་ཡང་ཡུམ་མཐོང་ངམ་ཐོས་ན་སྟོན་པ་མཐོང་ངོ་སྙམ་མོ། །རབ་འབྱོར་གྱིས་གསོལ་པ། ཡུམ་མཐོང་བ་དང་བལྟ་བར་ནུས་སམ།
བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་ལ་སེམས་མེད་པའི་ཕྱིར་མི་མཐོང་མི་ཐོས་ཏེ། ཡང་དག་པར་མི་མཐོང་བ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་དག་མི་སྐྱེ་བའི་རྒྱུ་ནི། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་པ་ནི་རིགས་ཀྱི་བུ་སངས་རྒྱས་མང་པོ་མཐོང་སྟེ་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་མི་དམིགས་པའི་ཚུལ་གྱིས་སྟོན་པ་ཐོས་ན་ད་ལྟ་བྱོལ་ནས་གུད་དུ་དོང་སྟེ། སྔོན་ཡང་གུད་དུ་བྱོལ་བྱོལ་བ་ཤེས་རབ་འཆལ་བར་འགྱུར་བའི་ལས་བསགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དམྱལ་བར་སྐྱེའོ། །དེར་མེ་ལ་སོགས་པས་འཇིག་པའི་ཚེའང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེ། དེ་བཞིན་དུ་དུད་འགྲོ་དང་ཡི་དགས་སུ་འགྱུར་རོ། །བརྒྱ་ལ་མིར་སྐྱེས་ནའང་དམུས་ལོང་དང་མཛེ་ཅན་ལ་སོགས་པ་དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པར་འགྱུར་རོ། །ཤཱ་རིའི་བུས་གསོལ་པ། མཚམས་མ་མཆིས་པ་ལྔས་ཀྱང་ཆོས་སྤོང་བར་འགྱུར་བའི་སུག་ལས་བགྱིས་པའི་གཟུགས་བརྙན་ཙམ་དུ་ཡང་མི་ཕོད་ལགས་སོ། །བཀའ་སྩལ་པ་དེ་བཞིན་ཏེ། ཆོས་སྤོང་བར་འགྱུར་བའི་ལས་བསགས་པ་ནག་པོའི་རང་བཞིན་ཅན་དེ་ནི་བདག་གི་རྒྱུད་ཀྱང་དུག་ཅན་དུ་བྱས་ནས་གཞན་གྱི་རྒྱུད་ཀྱང་དུག་ཅན་དུ་བྱེད་པ་དེ་ནི་ཐོས་པར་ཡང་མ་གནང་ན། བལྟར་མི་རུང་འགྲོགས་སུ་ལྟ་ག་ལ་མཆིས། ཆོས་སྤོང་བར་འགྱུར་བའི་ལས་བསགས་པའི་ལུས་ཀྱི་ཚད་ནི་བཀའ་མ་སྩལ་ཏོ། །རྣམ་པར་དག་པ་ནི། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །བཅད་དུ་མེད་པས་དག་པར་བརྗོད། །རྣམ་དག་སྤྱིར་བསྟན་པ་ནི་དེ་ཙམ་དུ་ཟབ་པའི་ཡུམ་དེ་གང་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དུས་གསུམ་རྣམས་མ་བཅིངས་མ་གྲོལ་ལགས་སོ། །དེ་ཅིས་ན། གཟུགས་རྣམ་པར་དག་པས་འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་
ཐ་མི་དད་དོ། །གཟུགས་ལ་སོགས་པ་ནི་དག་པར་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པར་བྱེད་པའོ། །དག་པའི་འབྲས་བུ་ནི་རྒྱུན་ཞུགས་ལ་སོགས་པའོ། །གཉིས་སུ་མེད་པ་ནི་དངོས་པོ་ལའོ། །གཉིས་སུ་བྱར་མེད་པ་ནི་བློས་སོ། །སོ་སོ་མ་ཡིན་པ་ནི་སྤྱིའི་མཚན་ཉིད་དོ། །མདོར་ན་ཆོས་ཐམས་ཅད་སྤྱི་དང་རང་གི་མཚན་ཉིད་ལས་གྲོལ་བ་ནི་རྣམ་དག་གོ །རྣམ་དག་ནི་རྣམ་བཅད་དེ་དགག་ཏུ་མེད་པའོ། །ཡོངས་དག་ནི་ཡོངས་གཅོད་སྒྲུབ་ཏུ་མེད་པ་སྟེ། ཆོས་ཉིད་ཀྱི་དོན་ལ་དགག་སྒྲུབ་མེད་པ་ཞེས་བྱའོ། །ཡང་དག་ནི་གཟུགས་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་པ་ལ་སོགས་པའོ། །བྱེ་བྲག་གི་རྣམ་དག་ནི། །ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་པ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་རྣམ་དག་ཡོངས་དག་དུས་གསུམ་གྱི་རྣམ་དག་ཡོངས་དག་ནི་ཉན་ཐོས་ཀྱིའོ། །རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་དག་ནི་རང་རྒྱལ་གྱིའོ། །ཕར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་རྣམ་དག་ནི་བྱང་ཆུབ་སེམས་དཔའོ། །སངས་རྒྱས་ཀྱི་རྣམ་དག་ནི་ཤིན་ཏུ་བ་ལ་གཉིས་ལས། ཇི་ལྟ་བའི་རྣམ་དག་ནི་ཕར་ཕྱིན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་རྣམ་པར་བྱང་བ་རྣམ་པར་དག་པ། ཕུང་པོ་ཁམས་སྐྱེ་མཆེད་རྣམ་པར་དག །ཀུན་ནས་ཉོན་མོངས་པ་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ་ཞེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་ཀུན་ནས་ཉོན་མོངས་རྣམ་པར་དག་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་དག་པས་དུས་གསུམ་དག་པའོ། །དམྱལ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ལེའུ་འདི་ནས་ས་དགུའི་རྣམ་དག །གཞི་ཤེས་ཀྱི་ཟུང་གསུམ་ཡ་དྲུག་སྟོན། མགོན་པོས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི་།གཉེན་པོའི་སྒོ་ནས་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་ལམ་ཡིན་ནོ། །ཀླན་ཀ་དེ་ནི་སྤང་བའི་ཕྱིར། །ཞེས་པ་ནི་ཁམས་གསུམ་ས་དགུ་རྫས་སུ་ཡོད་པར་འདོད་ཅིང་སྤང་བྱ་དང་གཉེན་པོ་རང་རྒྱུད་པ་ཀླན་ཀ་ཡིན་པས་དེ་སྤང་བའི་ཕྱིར། ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་པ་ནི་ཤཱ་རིའི་བུ་ལ་རྣམ་
དག་དགུ་།ཇི་སྙེད་པའི་རྣམ་དག་བསྟན་པ་ནི་གཟུགས་རྣམ་པར་དག་པ་ནི་ཟབ་པོ། །གཟུགས་རྣམ་པར་དག་པ་ནི་སྣང་བའོ། །གཟུགས་རྣམ་པར་དག་པ་ནི་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པའོ། །གཟུགས་རྣམ་པར་དག་པ་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ། །གཟུགས་རྣམ་པར་དག་པ་ནི་ཐོབ་པ་མེད་པའོ། །གཟུགས་རྣམ་པར་དག་པ་ནི་མངོན་པར་གྲུབ་པ་མ་མཆིས་པའོ། །གཟུགས་རྣམ་པར་དག་པ་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཁམས་གསུམ་དུ་སྐྱེ་བ་མ་མཆིས་པའོ། །རྣམ་པར་དག་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་སྨན་པར་མི་བགྱིད་གནོད་པར་མི་བགྱིད་དོ། །གཟུགས་རྣམ་པར་དག་པ་ནི་ཆོས་ལ་སེམས་མེད་པའི་ཕྱིར་མ་འཚལ་བ་ལགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་དེ་རྣམས་ཀུན་བསྒྲེའོ། །རབ་འབྱོར་གྱིས་གསོལ་པ། བདག་རྣམ་པར་དག་པའི་སླད་དུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དག་པ་ལགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཐའ་ཡས་པ་ལགས་སོ། །གཞི་ཤེས་པའི་ཞུས་ལན་དྲུག་ནི། རང་བཞིན་གཞིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁོར་འདས་ལ་མ་ཞེན་པ་དང༌། མིང་དང་ཚིག་ཏུ་བཟུང་ན་རིང་ལ། མ་བཟུང་ན་ཡུམ་ལ་ཉེ་བར་དང་སྤང་བྱ་དང་གཉེན་པོ་ལ་མ་ཞེན་པ་དང༌། གཟུགས་ལ་སོགས་པ་གང་ལ་ཡང་མི་སྤྱོད་པ་དང༌། གཟུགས་ལ་སོགས་པ་ལ་རློམ་སེམས་མེད་པ་དང༌། གཟུགས་ལ་སོགས་པ་ལ་སྐྱེ་འགག་མེད་པར་རྟོགས་པ་སྟེ་བསྡུས་པའི་དོན་ཏོ། །དེ་ལས་གཞི་ཤེས་ཀྱི་ངོ་བོ་ནི། ཚུལ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ལ་མི་གནས་པ། །དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པ་ནི་ཚུ་རོལ་ནི་འཁོར་བ། ཕ་རོལ་ནི་མྱང་འདས། དེ་ལ་མི་གནས་པའི་རྒྱུ་མཚན་དུས་གསུམ་དག་པའོ། །དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉིད་དུ་ཉེ་བར་བཤད། །ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཉན་རང་གི་མིང་དང་མཚན་མར་གཟུང་བས་རིང་ངོ༌། །ཡུམ་དེ་བྱང་ཆུབ་སེམས་
དཔས་སྨྲ་བསམ་བརྗོད་མེད་དུ་རྟོགས་པས་ཉེའོ། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་པ་ནི་ལྟ་བའི་ཡུལ་ལ་འདུ་ཤེས་པ་མི་མཐུན་པའི་ཕྱོགས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྟོང་པ་དང་དུས་གསུམ་དུ་འདུ་ཤེས་ན་ཆགས་པའོ། །སྤྱོད་པའི་ཡུམ་ལ་འདུ་ཤེས་ནི་ཕར་ཕྱིན་ལ་སོགས་ལ་སྤྱོད་སྙམ་ནའོ། །མ་ཆགས་པ་ནི་དེ་ལས་བཟློག་པ་སྟེ། གཞན་དག་དེ་ལ་བཀོད་ནས་ཆགས་པའི་མཐའ་འགོག་པའོ། །རྒྱལ་བའམ་འབྲས་བུ་ལ་ཆགས་པའི་མི་མཐུན་པའི་ཕྱོགས་ནི། བཀའ་སྩལ་པ། དེ་བས་ཀྱང་ཆགས་པ་ཕྲ་བ་བསྟན་པ་ནི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཡིད་ལ་བྱེད་པ་ཆགས་པའོ། །དེའི་གཉེན་པོ། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་མེད་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་བཤད། །ཅེས་པ་ནི་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དང༌། གཟུང་འཛིན་མེད་པ་བསམ་ལས་འདས་པའོ། །དེའི་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །ཇི་ལྟར་བཤད་པ་འདི་ཞེས་བྱ། །རྣམ་པར་དག་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།སྦྱོར་བ་ནི། གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་མ་རྫོགས་དང་རབ་རྫོགས་དང༌། །སྤྱོད་པ་བཀག་པའི་སྦྱོར་བ་དང༌། །དེ་ལ་ཆགས་པ་མེད་ཉིད་དང༌། །མི་འགྱུར་བྱེད་པོ་མེད་ཉིད་དང༌། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །སྐལ་པ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལ་རག་ལས་མིན་གང་དང༌། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པ་ལ། རབ་འབྱོར་གྱིས་གསོལ་བ། བྱང་ཆུབ་སེམས་དཔའ་ཡུམ་ལ་ཇི་ལྟར་སྤྱད་པར་བགྱི། དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སྤྱོད་ན་ཡུམ་ལ་སྤྱོད་དོ་ཞེས་པ་ནི་གཟུགས་སོགས་ཀྱི་སྦྱོར་བའོ། །དེ་མི་
རྟག་སོགས་ཀྱི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་པར་རྟག་པ་དང་མི་རྟག་པ་དང༌། བདེ་བ་དང་སྡུག་བསྔལ་བདག་ཡོད་མེད། སྡུག་པ་དང་མི་སྡུག་པར་མི་སྤྱོད་ན་ཡུམ་ལ་སྤྱོད་དོ། །རྫོགས་པ་དང་མ་རྫོགས་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པ་དང་མ་རྫོགས་པ་ལ་མི་སྤྱོད་ནའོ། །ཆགས་པ་དང་མ་ཆགས་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཆགས་པ་དང་མ་ཆགས་པའོ་ཞེས་བྱ་བར་མི་སྦྱོར་ནའོ། །མི་འགྱུར་བའི་སྦྱོར་བ་ནི་ནམ་མཁའ་ལ་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་ཀྱང་འཕེལ་འགྲིབ་མེད་པའི་དཔེས་ཡུམ་ལ་འགྱུར་བ་མེད་པ་དང༌། བྱེད་པ་པོ་མེད་པའི་སྦྱོར་བ་ནི་སྒྱུ་མའི་སྐྱེས་བུ་ལ་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་ཀྱང་ཆགས་སྡང་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ལ་ཆགས་སྡང་མེད་པ་དང༌། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་ནི། རབ་འབྱོར་གྱིས་སྨྲས་པ། །ཡུམ་བསྒོམ་པ་ནི་ནམ་མཁའ་བསྒོམ་པ་ལགས་ཏེ། ནམ་མཁའ་ལ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱིས་བསྐལ་པ་ཚད་མེད་གྲངས་མེད་པར་བཞུགས་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་བཀོད་ཀྱང་སེམས་ཅན་གྱི་ཁམས་ལ་བྲིའང་མེད་གང་བའང་མེད་དེ། སེམས་ཅན་གདོད་མ་ནས་རྣམ་པར་དག་པའི་ཕྱིར། །བཤད་ཀྱང་དེ་བཞིན་མ་བཤད་ཀྱང་དེ་བཞིན་ནོ། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་བུ་ཡོད་པར་འདོད་པའི་སྦྱོར་བ་ནི་དེ་ནས་དགེ་སློང་ཅིག་གིས་ཆོས་ཐམས་ཅད་སྐྱེ་བའམ་འགག་པའམ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལྔ། རྒྱུན་ཞུགས་ལ་སོགས་པ་འཕགས་པའི་གང་ཟག་ཐོབ་པའི་ཡུམ་ལ་ཕྱག་འཚལ་ལོ། །གཞན་ལ་རག་ལས་པ་མ་ཡིན་པའི་སྦྱོར་པ་ནི་བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་ཡུམ་དེ་ལ་ཇི་ལྟ་བུ་ཞིག་བརྩོན་པར་བགྱི། རབ་འབྱོར་གྱིས་སྨྲས་པ། ནམ་མཁའ་སྟོང་པ་ཉིད་ལ་ཁྱོད་བརྩོན་པར་འདོད་དམ། སྣང་བ་རྣམ་བདུན་གྱི་སྦྱོར་བ་ནི་བརྒྱ་བྱིན་གྱིས་སྨྲས་པ། ཡུམ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བདག་གིས་ཇི་ལྟ་བུ་ཞིག་བསྲུང་བར་བགྱི།
རབ་འབྱོར་གྱིས་སྨྲས་པ། རྨི་ལམ་ནས་སྤྲུལ་པའི་བར་གྱི་བརྫུན་ལ་ཁྱོད་བསྲུང་བར་འདོད་དམ། རིགས་ཀྱི་བུ་ཡུམ་དེ་ཉིད་ལ་གནས་ན་བསྲུང་བའི་མཆོག་གོ །མཉམ་པ་ཉིད་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དེ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད་དོ། །སྤྲུལ་པའི་བར་རློམ་སེམས་སུ་མི་བྱེད་ན་ཡུམ་ལ་བརྩོན་པའོ། །དེ་ནས་སངས་རྒྱས་ཀྱི་མཐུས་འདི་ན་འཁོད་པའི་ལྷ་དང་མི་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་རྣམས་ཡུམ་མིང་འདི་ཉིད་དང་ཚིག་འདི་ཉིད་དང་ཡི་གེ་འདི་ཉིད་ཀྱིས་སྟོན་ཅིང་རབ་འབྱོར་དང་ལྷའི་དབང་པོ་བརྒྱ་བྱིན་འབའ་ཞིག་ཞུ་བ་མཐོང་བར་གྱུར། དུས་གསུམ་གྱི་སངས་རྒྱས་དང་བྱམས་པའང་འདི་ཉིད་ལ་བརྟེན་ནས་སངས་རྒྱའོ། །བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟར་ཆོས་མི་སྟོན་པ་དང་སྟོན་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང༌། །མ་སྐྱེས་མ་འགགས་ལ་སོགས་དང༌། །མཁའ་འདྲ་ཆགས་པ་སྤངས་པ་དང༌། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །དམིགས་པ་མེད་པར་བྱེད་པ་དང༌། །ཤིན་ཏུ་རྣམ་དག་ནད་མི་འབྱུང༌། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང༌། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་བཟོད་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ནི། །ཀུན་ཤེས་ཉིད་ལ་མཐོང་བའི་ལམ། །ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལ་འདོད་ཁམས་ཀྱི་ཉོན་མོངས་པ་བཅུ་དང་བྲལ་བ་ནི་ཆོས་ཤེས་པའི་བཟོད་པ། དེའི་ཤུལ་དུ་གཉེན་པོ་སྐྱེས་པས་ན་ཆོས་ཤེས་པ། ཁམས་གོང་མ་གཉིས་ཀྱི་ཁོང་ཁྲོ་མ་གཏོགས་པ་དགུ་དགུ་དང་བྲལ་བ་ནི་རྗེས་སུ་ཤེས་པའི་བཟོད་པ། དེའི་ཤུལ་དུ་གཉེན་པོ་སྐྱེས་པ་ནི་རྗེས་སུ་ཤེས་པའོ། །དེ་ལྟར་བཞི་ནི་ཉན་ཐོས་ཀྱི་མཐོང་ལམ་མོ། །བྱམས་པ་ནི་གཟུགས་ནས་རྣམ་མཁྱེན་
གྱི་བར་རྟག་པ་དང་མི་རྟག་པའམ། བདེ་སྡུག་གམ། བདག་ཡོད་མེད་དམ། སྡུག་མི་སྡུག་དང༌། ཞི་མ་ཞི་དང༌། བཅིངས་གྲོལ་དང༌། དུས་གསུམ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཇི་ལྟར་སྟོན་ན་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་གོ །ཡོངས་སུ་དག་གོ །ནམ་མཁའ་ལ་སྐྱེ་འགག་མེད། གོས་པ་མེད་གཟུང་དུ་མེད་པ་བསྙད་དུ་མེད་བརྗོད་དུ་མེད་དམིགས་སུ་མེད། དེ་བཞིན་དུ་ཡུམ་ལ་མི་དམིགས་སོ། །ནད་མི་འབྱུང་བའི་ཕན་ཡོན་ནི། །མིག་གི་ནད་འབྱུང་བར་མི་འགྱུར་རོ་ལ་སོགས་པའོ། །ངན་སོང་ཆད་པ་ནི་དམྱལ་བ་ལ་སོགས་པར་མི་ལྟུང་བའོ། །འབྲས་བུ་མངོན་དུ་བྱ་བ་ལ་མི་རྟོག་པ་ནི་མངོན་མཐོ་དང་ངེས་ལེགས་ལམ་ཞེན་པའོ། །མཚན་མ་དག་དང་མ་འབྲེལ་བ་ནི་དམིགས་པ་བཅུ་གཅིག་གིས་མ་གོས་པའོ། །དངོས་དང་མིང་གཉིས་པོ་ལ་ཤེས་པ་མི་སྐྱེ་བ་ནི་དེ་ལྟར་འདུ་ཤེས་པར་ཡང་མི་བྱེད། དེ་ལྟར་མི་རྟོག་དེ་ལྟར་མི་དམིགས་སོ། །གཞི་ཤེས་ཀྱི་བསྡུ་བ་ནི། དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །དེ་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པ་འདི་དང་ནི་རྣམ་མཁྱེན་ནོ། །ཡང་འདི་ནི་ལམ་ཤེས་སོ། །ཡང་འདི་ཡིན་ཏེ་གཞི་ཤེས་སོ། །གནས་མེད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་ཞུས་ལན་བཅོ་བརྒྱད་སྟོན་པ་ལས་ རྣམ་པ་ནི། གཞི་ཤེས་པ་ཡི་ཁྱད་པར་གྱིས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན ་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པ་ལ་གཞི་ཤེས་པའི་རྣམ་པ་ཉི་ཤུ་རྩ་བདུན་ནི། མེད་པའི་རྣམ་པ་ནས་བཟུང་ནས། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་ལ། །ལམ་ལ་དེ་ནི་བཅོ་ལྔར་འདོད། །ཅེས་པ་ལས་སྡུག་བསྔལ་གྱི་གཞི་ནི་མེད་པ་དང་མཉམ་པ་ཉིད་དང༌། དབེན་པ་དང་ཐུབ་པ་མེད་པའོ། །ཀུན་འབྱུང་གི་གཞི་ནི་གནས་མེད་པ་དང༌། ནམ་མཁའ་དང༌། བརྗོད་དུ་མེད་པ་དང༌། མིང་མེད་པའོ། །འགོག་པའི་གཞི་ནི་འགྲོ་བ་མེད་པ་དང༌། མི་འཕྲོགས་པ་དང༌། སྐད་ཅིག་མ་དང༌། སྐྱེ་མེད་དོ། །ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་མེད་པ་དང༌། ཤེས་པ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། འཇིགས་པ་མེད་པ་དང༌། རྨི་ལམ་དང༌།
སྒྲ་བརྙན་དང༌། མི་གཡོར་དང༌། སྨིག་རྒྱུ་དང༌། སྒྱུ་མ་དང༌། རྨོངས་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། དམིགས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རློམ་པ་མེད་པ་དང༌། ཡུམ་ནི་གཡོ་བ་མེད་པའོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་སོ་དྲུག་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་གྲགས་སོ། །ཞེས་པ་ལས། ཀུན་འབྱུང་གི་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང༌། ཀུན་ནས་ལྡང་བ་མེད་པ་དང༌། ཞི་བ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པའོ། །ལམ་གྱི་བདུན་ནི་རབ་ཏུ་སྤངས་པ་དང༌། མཐའ་གཉིས་སུ་མི་འགྱུར་བ་དང༌། ཐ་མི་དད་པ་དང༌། ཉམས་པ་མེད་པ་དང༌། རྟོགས་པ་མེད་པ་དང༌། ཚད་མེད་པ་དང༌། ནམ་མཁའོ། །སྡུག་བསྔལ་གྱི་ལྔ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་དང༌། མཚན་ཉིད་མེད་པའོ། །འགོག་པའི་བཅུ་དྲུག་ནི་སྟོང་པ་བཅུ་དྲུག་གོ །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱད་དང་བཅུ་ཐམ་པ་ནི། ཀུན་མཁྱེན་པ་ཉིད་གསུམ་བྱེ་བྲག་གིས། །དྲན་པ་ཉེར་གཞག་ནས་བཟུང་ནས། །ཐ་མ་སངས་རྒྱས་ཉིད་རྣམ་པ། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་དུ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་པ་ལ། ཉན་ཐོས་དང་མཐུན་པའི་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་སོ། །བྱང་ཆུབ་སེམས་དཔའ་དང་མཐུན་པའི་སུམ་ཅུ་རྩ་བཞི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ། རྣམ་ཐར་བརྒྱད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། རྣམ་ཐར་སྒོ་གསུམ། ཚད་མེད་བཞིའོ། །སངས་རྒྱས་ཀྱི་རྣམ་པ་སུམ་ཅུ་སོ་དགུ་ནི་སྟོབས་བཅུ་མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་གི་ཡེ་ཤེས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡུམ་ནི་དེ་དག་ལགས་སོ། །དམིགས་པ་མེད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ལེའུ་འདི་ནས་སྦྱོར་བ་ཉི་ཤུ། ཡོན་
ཏན་བཅུ་བཞིའོ། །སྦྱོར་བ་པོ་རྟེན་གྱི་གང་ཟག་གི་ཆོས་ལྔ་ནི། །སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བཅས་པ། །འདི་ཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ། །ལེན་དང་འཛིན་ལ་སོགས་པ་དང༌། །ཞེས་པ་ལ། ཡུམ་གང་གི་རྣ་ལམ་དུ་གྲག་པ་ནི་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱས། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད། དེ་ལྟ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའོ། །བསྟེན་ནས་ཐེ་ཚོམ་གྱི་དོན་ཞུས་པ་ནི་མི་འཇིགས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །སྦྱོར་བ་ཉི་ཤུ་ནི། གཟུགས་ལ་སོགས་པ་མི་གནས་ཕྱིར། །དེ་ལ་གནས་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚེགས་ཆེན་ཡུན་རིངས་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་པ་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། །བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །དེ་ནི་དག་པ་མཚམས་དང་བཅས། །ཞེས་པ་ལ། གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ནི་བརྒྱ་བྱིན་གྱིས་གསོལ་པ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཇི་ལྟར་གནས་པ་དང་ཇི་ལྟར་བརྩོན་པར་བགྱི། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་ན། ཡུམ་ལ་བརྩོན་ཏེ། དེ་ཅིས་ན། གཟུགས་ལ་སོགས་པ་སྔོན་གྱི་མཐའ་ལ་སོགས་པར་མི་དམིགས་སོ། །གནས་པ་བཀག་པའི་སྦྱོར་བ་ནི་གཟུགས་ལ་སོགས་པ་ལ་སྦྱོར་བར་ཡང་མི་བྱེད་མི་སྦྱོར་བར་ཡང་མི་བྱེད་དེ་རང་བཞིན་མི་དམིགས་པའི་ཕྱིར་རོ། །ཟབ་པའི་སྦྱོར་བ་ནི་གཟུགས་ལ་སོགས་པ་ཟབ་པའི་ཕྱིར་ཡུམ་ཟབ་པོ། །གཏིང་དཔག་དཀའ་བའི་སྦྱོར་བ་ནི་གཟུགས་ལ་སོགས་པ་གཏིང་དཔག་དཀའ་བའི་ཕྱིར་ཡུམ་གཏིང་དཔག་དཀའོ། །ཚད་མེད་པའི་སྦྱོར་བ་ནི་གཟུགས་ལ་
སོགས་པ་ཚད་མེད་པའི་ཕྱིར་ཡུམ་ཚད་མེད་དོ། །ཟབ་ཅེས་བྱ་བ་དང༌། གཏིང་དཔག་དཀའ་ཞེས་བྱ་བ་དང༌། ཚད་མེད་ཅེས་བྱ་བར་ཡང་མི་སྤྱོད་ན་ཡུམ་ལ་སྤྱོད་དོ། །གནས་སྐབས་ཀྱི་སྦྱོར་བ་བདུན་ནི་ཤཱ་རིའི་བུས་གསོལ་པ། དེ་སྐད་བཤད་པ་ལ་མི་འཇིགས་མི་དངང་བ་དེ། ཚེགས་ཆེན་པོ་ཡུན་རིང་པོའི་སྦྱོར་བའོ། །ལུང་བསྟན་གྱི་སྦྱོར་བ་ནི། ལས་དང་པོ་པ་ལ་བཤད་ནས་མི་འཇིགས་མི་དངང་ན་དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལས་མི་འདའ་བར་ལུང་སྟོན་ཏོ། །བར་ཆད་མེད་པའི་སྦྱོར་བ་ནི་རྨི་ལམ་ན་ཡུམ་འཛིན་པ་ལ་སོགས་པ་བྱེད་པ་བཟང་ན་ད་ལྟ་མངོན་སུམ་གཅེར་མཐོང་དུ་འཛིན་པ་ལ་སོགས་པ་བྱེད་པ་ནི་རྟགས་སོ། །ངེས་འབྱུང་གི་སྦྱོར་བ་ནི་དགོན་པ་ཐག་རིང་པོ་ནས་འོང་ཙམ་ན་ཡུམ་གྱི་ས་མཚམས་མཐོང་བས་འཇིགས་པ་ཡིད་ལ་མི་བྱེད་པའི་དཔེས་འཁོར་པ་ལས་ངེས་པར་འབྱུང་བ་དང༌། བར་ཆད་མེད་པའི་སྦྱོར་བ་ནི་རྒྱ་མཚོ་ཆེན་པོ་ལྟར་འགྲོ་བ་ལ་མཚན་མ་མ་མཐོང་ན་ཉེ་བའི་དཔེས་རྟགས་མེད་རྟགས་སུ་བསྟན་པའོ། །བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ནི་དཔྱིད་དུས་སུ་རྩི་ཤིང་ཁ་འབུས་པའི་དཔེས། བྱང་ཆུབ་མྱུར་བའི་སྦྱོར་བ་ནི་སྦྲུམ་མ་ཟླ་བ་ཚང་པའི་དཔེས་བྱང་ཆུབ་མྱུར་བར་ཐོབ་པའོ། །གཞན་དོན་གྱི་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པའོ། །རབ་འབྱོར་གྱིས་གསོལ་པ། ཡུམ་ཇི་ལྟར་ན་བསྒོམ་པ་ཡོངས་སུ་རྫོགས་པ་ལགས་ཀྱི་ལན་ནི། འཕེལ་མེད་འགྲིབ་མེད་ཀྱི་སྦྱོར་བ་ནི་ནམ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་འཕེལ་བ་དང་འགྲིབ་པར་མི་མཐོང་བའི་ཚེ་སྒོམ་པ་ཡོངས་སུ་རྫོགས་པའོ། །ཆོས་དང་ཆོས་མིན་ལ་སོགས་པ་མི་མཐོང་བའི་སྦྱོར་བ་ནི་ཆོས་དང་ཆོས་མ་ཡིན་པ་དང༌། དགེ་བ་དང་མི་དགེ་བ་དང་དུས་གསུམ་དང་ཁམས་གསུམ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ན་བསྒོམ་པ་རྫོགས་པ་དང༌། བསམ་གྱིས་མི་ཁྱབ་པའི་སྦྱོར་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བསམ་གྱིས་མི་ཁྱབ་པར་ཤེས་ན་བསྒོམ་པ་རྫོགས་པ་དང༌། རྣམ་པར་མི་རྟོག་པའི་སྦྱོར་བ་ནི་གཟུགས་དང་གཟུགས་ཀྱི་མཚན་མ་དང༌། གཟུགས་ཀྱི་རང་བཞིན་དུ་མི་རྟོག་ན་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ལ་སོགས་ཤིང་བསྒོམ་པ་རྫོགས་པའོ། །འབྲས་བུ་རིན་པོ་ཆེ་སྟེར་བ་ནི་ཡུམ་ལས་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་འབྱུང་བའོ། །དག་པའི་སྦྱོར་བ་ནི་
གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྣམ་པར་དག་པའོ། །ས་མཚམས་ཀྱི་སྦྱོར་བ་ནི་ཡུམ་འདྲི་བ་ལ་སོགས་པ་ལ་བར་ཆད་འབྱུང་བས་བྲིན་ཡང་མྱུར་དུ་བྲི་བ་ལ་སོགས་པའོ། །བདུད་ཀྱི་མཐུས་བཅོམ་པ་ལ་སོགས་པ། ཡོན་ཏན་རྣམ་པ་བཅུ་བཞི་ནི་འདྲི་བ་ལ་སོགས་པ་ལ་བདུད་ལ་སོགས་པས་མི་ཚུགས་པ་ནི་བདུད་ཀྱི་མཐུ་བཅོམ་པའོ། །སངས་རྒྱས་ཀྱི་དགོངས་པ་ནི་བྱིན་གྱིས་རློབ་པས་མི་ཚུགས་པའོ། །མངོན་སུམ་དུ་མཛད་པ་ནི་འདྲི་བ་ལ་སོགས་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི་ཡུམ་འདྲི་ན་སངས་རྒྱས་ལ་ཉེ་བའོ། །དོན་ཆེན་པོ་ཉིད་ལ་སོགས་པ་ནི་ནམ་ཡང་ངན་སོང་དུ་མི་སྐྱེ་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཡུམ་སྤྱད་པའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ལྷོ་ཕྱོགས་དང་ཡུམ་ཝརྟ་ནི་དང༌། བྱང་ཕྱོགས་སུ་འཁོར་རྣམ་པ་བཞི་ཡུམ་འདྲི་བ་ལ་སོགས་པ་དང་མེ་ཏོག་ལ་སོགས་པ་མཆོད་པ་བྱས་ཏེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐོབ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ཅིས་ན་ཡུམ་ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། དམ་པའི་ཆོས་འདུལ་བ་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་དགོངས་པ་སངས་རྒྱས་ཀྱིས་དགོངས་ལ་སངས་རྒྱས་ཀྱི་དགོངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པའོ། །སྨྲ་བའི་སྐྱེས་བུར་གྱུར་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་སྨྲ་བའོ། །མི་ཕྱེད་པ་ནི་བདུད་སྡིག་ཅན་གྱིས་བར་ཆད་བྱ་བར་མི་ནུས་པའོ། །དགའ་བ་མཆོག་ཏུ་གྱུར་པ་ནི་ཡུམ་འདྲི་བ་ལ་སོགས་པ་བྱེད་པ་ནི་དགའ་བ་དང་བདེ་བའི་ཉམས་ཆེན་པོ་སྐྱེ་བའོ། །དམ་བཅས་པའི་དོན་ཇི་ལྟ་བ་བཞིན་སྒྲུབ་པ་ནི་སེམས་བསྐྱེད་ཀྱི་དུས་སུ་ཇི་ལྟར་ཁས་བླངས་པ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་གྱི་དོན་བྱེད་པའོ། །རྒྱ་ཆེན་པོ་འཛིན་པ་ནི་ཡུམ་གྱིས་སྦྱིན་པ་ལ་སོགས་པ་རྒྱ་ཆེན་པོ་བཏང་བས་འབྲས་བུ་རྒྱ་ཆེན་པོ་འཐོབ་པའོ། །ངེས་པར་རྙེད་པའི་ཕན་ཡོན་ནི། བཙལ་ན་ངེས་པར་རྙེད་པའོ། །བྱང་ཕྱོགས་ཀྱི་རྒྱུད་ཀྱི་ལེའུ་སྟེ་སོ་གཅིག་པའོ།། །།སྐྱོན་ནི་བཅུ་ཚན་
བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པ་ཡིན། །ཞེས་པ་ལ། བཅུ་ཚན་དང་པོ་ནི་སྤོབས་པ་ཧ་ཅང་མཆི་བའི་བདུད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དཀའ་བའི་འདུ་ཤེས་ཀྱིས་སྤྱོད་པའོ། །སྤོབས་པ་མྱུར་བའི་བདུད་ནི་འདྲི་བ་ལ་སོགས་པའི་ཚན་ཁུགས་སུ་སྤྱད་ནས་དེས་ཀྱང་རློམ་སེམས་སུ་བྱེད་པའོ། །ལུས་ཀྱི་གནས་ངན་ལེན་ནི་ཕན་ཚུན་གླལ་ཞིང་འདྲི་བ་ལ་སོགས་པའོ། །སེམས་ཀྱི་གནས་ངན་ལེན་ནི་སེམས་གཡེངས་ཤིང་འདྲི་བ་ལ་སོགས་པའོ། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་ནི་དགེ་སེམས་ཀྱིས་མ་ཟིན་པའི་ཆོས་སྤྱོད་དོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་ནི་བདག་གི་མིང་དང་ལུང་ཡང་མ་བསྟན་འདིའི་དོན་ཡང་མི་རྟོགས་སོ་སྙམ་སྟེ་སྟན་ལས་ལངས་པའོ། །རྩ་བ་བོར་ནས་ཡལ་འདབ་ཚོལ་བའི་དཔེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུམ་བོར་བ་ནི་རྒྱུ་ལས་ཉམས་པའོ། །ཁྱིས་ཇོ་བོ་བོར་ནས་ལས་མི་ལས་ཁ་ཟས་ཚོལ་བའི་དཔེས་ཁ་ཟས་མཆོག་ལས་ཉམས་པའོ། །གླང་པོ་རྙེད་ནས་རྗེས་ཚོལ་གྱི་དཔེས་ཐེག་པ་མཆོག་ལས་ཉམས་པའོ། །རྒྱ་མཚོ་ཆེན་པོ་ཚོལ་བ་བ་ལང་གི་རྨིག་རྗེས་ཀྱི་དཔེས་ཆེད་དུ་བྱ་བ་ལས་ཉམས་པའོ། །བཅུ་ཚན་གཉིས་པ་རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པའི་དཔེས། ལྷའི་དབང་པོའི་ཁང་བཟངས་བྱེད་པ་ཉི་མ་དང་ཟླ་བའི་ཚད་བྱེད་པ་ལྟ་བུའོ། །གོང་ན་མེད་པ་ཉམས་པའི་དཔེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བ་ལ་མཁར་གྱི་རྒྱལ་པོ་དང་ཕྲད་པ་ལྟ་བུའོ། །ཡུམ་མང་པོ་ལ་རྣམ་པར་རྟོག་པ་ནི་ཡི་གེར་འདྲི་བ་ལ་སོགས་པ་ལ་གཞན་གྱིས་གཡེངས་པའོ། །རོ་མཆོག་ལས་ཉམས་པ་ནི། རོ་བརྒྱད་དང་ལྡན་པའི་ཁ་ཟས་བོར་ནས་དྲུག་ཅུ་པའི་ཁ་ཟས་བ་ལྟ་བུའོ། །ཡོན་ཏན་མཆོག་ལས་ཉམས་པ་ནི་ནོར་བུ་རིན་པོ་ཆེ་ནོར་བུ་མཆིང་བུ་དང་སྙོམས་པའོ། །ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་ནི་ཆོས་ཉིད་ཀྱི་དོན་མ་རྟོགས་པའོ། །དངོས་པོ་མེད་པ་ལ་མངོན་པར་ཞེན་པ་ནི་ཐབས་ཁྱད་དུ་གསོད་པའོ། །ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཡིད་ལ་བྱེད་པའོ། །རྙེད་ཕ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་རོ་མྱང་བ་ལས་ཉམས་པ་ནི་འཇིག་རྟེན་ཆོས་བརྒྱད་ལ་ཤོར་བའོ། །བདུད་ཀྱི་ལས་ཀྱི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།བཅུ་ཚན་གསུམ་པ་འཆད་པ་པོ་དང་ཉན་པ་པོ་གང་ཡང་རུང་བ་འདུན་པ་དང་སྙོམ་ལས་ཀྱིས་ཟིན་པས་ཉམས་པ་དང༌། འདུན་པའི་ཡུལ་ཐ་
དད་པས་ཉམས་པ་དང༌། འདོད་ཆེན་ཆུང་བ་དང་འདོད་ཆེན་ཆུང་བ་མ་ཡིན་པས་ཉམས་པ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་མི་ལྡན་དང༌། དགེ་མི་དགེ་དང༌། སྟོང་པ་དང་ལེན་པར་མི་འདོད་པ་དང༌། སྦྱིན་པ་དང་སེར་སྣ་དང་མགོ་སྨོས་པས་གོ་བ་དང༌། རྣམ་པར་བརྟགས་པས་དང༌། གསུང་རབ་ཡན་ལག་བཅུ་གཉིས་ཤེས་པ་དང་མི་ཤེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པའོ། །བཅུ་ཚན་བཞི་པ། ཐབས་མཁས་པ་དང་ལྡན་པ་དང་མི་ལྡན་པ་དང༌། གཟུངས་ཐོབ་མ་ཐོབ་དང༌། ཡི་གེ་འདྲིར་འདོད་མི་འདོད་དང༌། འདོད་པའི་འདུན་པ་དང་བྲལ་མ་བྲལ་དང༌། ངན་འགྲོར་འགྲོ་བ་ལ་ཕྱིར་ཕྱོགས་པ་དང༌། བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྐྱེས་པ་དང༌། གཅིག་པུར་འདུག་པ་དང་འཁོར་ལ་དགའ་བ་དང༌། འདོད་པ་ཉེ་བར་འབྲེལ་པ་དང༌། དེ་སྦྱིན་པར་མི་འདོད་པ་དང༌། འདོད་པ་སྒྲུབ་པ་ལ་དེ་སྐབས་མི་འབྱེད་པ་དང༌། ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ས་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་དང༌། ཁྱིམ་ལ་འདྲིས་པར་བྱེད་པའི་བདུད་ཀྱི་ལས་དང༌། ཁ་ཟས་དཀོན་པའི་ཕྱོགས་སུ་འགྲོ་བ་དང༌། བདུད་ཀྱི་འབྱེད་པ་དང༌། བཅོས་མ་ཉེ་བར་བསྒྱུར་བ་དང༌། ཇི་ལྟ་བ་མ་ཡིན་པས་སླུ་བའོ། །དེ་ཅིས་ན་ཡུམ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད། དེ་ལ་འཕགས་པའི་གང་ཟག་རྣམས་མེད་པའི་ཕྱིར་རོ། །ཡུམ་ལ་བར་ཆད་འོང་བའི་དཔེ་ནི་ནོར་བུ་རིན་པོ་ཆེ་ལ་དགྲ་མང་བའི་དཔེས་བསྟན། ལས་དང་པོ་པ་ལ་བདུད་འབྱུང་གི །སྦྱངས་པ་ཅན་ལ་མི་འབྱུང་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྲུང་བ་མཛད་དོ། །མཚན་ཉིད་མདོར་བསྟན་པ་ནི། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང༌། །ཁྱད་པར་བྱེད་དང་རྣམ་གསུམ་པོ། །ངོ་བོ་ཉིད་དང་མཚན་ཉིད་དོ། །དེ་ལ་ཤེས་རབ་ཕ་རོལ་ཕྱིན་མ་ནི་ཡུམ། ཕྱོགས་བཅུའི་སངས་རྒྱས་ནི་སྲས་ཡིན་པར་སྟོན་པ་ནི། དཔེར་ན་བུད་མེད་ཅིག་ལ་བུ་མང་དུ་ཡོད་ལ། དེ་རྣམས་ཇི་ལྟར་བྱས་ན་བདག་ཅག་གི་མ་མ་འདི་ཡུན་རིང་དུ་འཚོ་བ་བར་ཆད་མེད་པར་འགྱུར་སྙམ་ཞིང་བཀུར་སྟི་བྱེད་དེ། ཅི་ནས་བདག་ཅག་བསྐྱེད་པ་འཇིག་རྟེན་སྟོན་པའོ་སྙམ་མོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་ཡུམ་གྱིས་བསྐྱེད་འཇིག་རྟེན་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གཏན་ནས་རྣམ་མཁྱེན་གྱི་བར་དུ་
བསྟན་པས་སངས་རྒྱས་སུ་བརྗོད་དོ། །ཤེས་པའི་མཚན་ཉིད་ནི་ཡུམ་འདི་ལ་བརྟེན་ནས་གཞི་དང་ལམ་དང་རྣམ་པ་སྐྱེ་མེད་དུ་ཤེས་པས་སོ། །ཁྱད་པར་གྱི་མཚན་ཉིད་ནི་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའོ། །བྱེད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའ་ཡུམ་བསྟན་ནས་སེམས་ཅན་གྱི་དོན་བྱེད་པས་སོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཉོན་མོངས་པ་མི་སྐྱེ་བའི་རང་བཞིན་དང༌། བྱང་ཆུབ་ཀྱི་སེམས་སྐྱེ་བའི་རང་བཞིན་དང༌། འཇིག་རྟེན་གྱི་སྤྱོད་པ་དང་མི་མཐུན་པ་ལ་སོགས་པ་སྟེ་མདོར་བསྟན་ནོ། །གཞི་ཤེས་ཀྱི་མཚན་ཉིད་བཅུ་དྲུག་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །དེས་བསྡུས་པ་དང་ཕྱིར་ལྟ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། །ཆེན་པོར་གྱུར་དང་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་བལྟར་མེད་དང་ཤེས་པ་དང༌། །གཡོ་བ་ལ་སོགས་ཞེས་བྱ་དང༌། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པ་ཞེས། །ཐུབ་པས་དེ་བཞིན་ཉིད་རྟོགས་དང༌། །གཞན་བསྟན་པ་ཞེས་བྱ་བ་འདི། །ཐམས་ཅད་མཁྱེན་པ་ཉིད་སྐབས་ཀྱི། །གཞི་ཤེས་མཚན་ཉིད་ཅེས་བཤད་དོ། །ཞེས་པ་ལ། དེ་བཞིན་གཤེགས་པ་འབྱུང་བ་ནི་ཡུམ་འདིས་སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་བསྐྱེད་དོ། །འཇིག་རྟེན་བསྟན་པ་ནི་ཡུམ་གྱིས་ཕུང་པོ་ལྔ་འཇིག་རྟེན་དུ་བསྟན་ཏོ། །འཇིག་རྟེན་འཇིག་མེད་ནི་ཡུམ་ཕུང་པོ་ལྔ་སྟེ་འཇིག་དང་བླང་དོར་ལ་སོགས་པར་མི་སྟོན། ཅིས་ན་གང་ལ་བསྟན་པར་བྱ་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དམིགས་སུ་མེད་དོ། །སེམས་ཅན་སེམས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པས་ཡུམ་ལ་བརྟེན་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མི་དམིགས་ཏེ། ཡུམ་ཉིད་ཀྱང་མི་དམིགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྟ་ཅི་སྨོས། བསྡུས་པ་དང་རྣམ་པར་གཡེངས་པ་ནི་དེ་བཞིན་གཤེགས་པས་ཡུམ་ལ་བརྟེན་ནས་ཆོས་ཉིད་ཀྱང་མི་དམིགས་ན། བསྡུས་པ་དང་རྣམ་པར་གཡེངས་པ་ལྟ་ཅི་སྨོས། མི་ཟད་པའི་རྣམ་པ་ནི་ཟད་པ་དང་འགོག་པ་ལ་སོགས་པ་མཁྱེན་ཏོ། །ཆགས་བཅས་སོགས་ནི་སེམས་དང་སེམས་ལས་བྱུང་བ་མི་དམིགས་པའི་ཕྱིར་དུག་གསུམ་དང་བཅས་པ་མི་དམིགས་སོ།།
སོགས་ཁོངས་ཀྱི་འབྲལ་བ་མེད་པ་ནི་ཕྲད་པ་མེད་པའི་ཕྱིར་དུག་གསུམ་དང་འབྲལ་བ་མེད་པའོ། །རྒྱ་ཆེ་ནི་སེམས་དེ་དངོས་པོ་མེད་པས་རྒྱ་ཆེ་ཆུང་ལ་སོགས་པ་འཕེལ་འགྲིབ་མེད་དོ། །ཆེན་པོར་གྱུར་པ་ནི་ངོ་བོ་ཉིད་མེད་པས་སྐྱེ་བ་དང་འགག་པ་ལ་སོགས་པ་མི་གཟིགས་སོ། །ཚད་མེད་པ་ནི་སེམས་ཀྱི་རྒྱུད་རྟེན་མེད་པས་ཚད་མེད་པའོ། །རྣམ་ཤེས་བསྟན་དུ་མེད་པ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་སེམས་མེད་པར་ཤེས་པའོ། །སེམས་བལྟར་མེད་པ་ནི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་དེ་སྣང་བར་མ་གྱུར་པའོ། །གཡོ་བ་ལ་སོགས་པ་ཤེས་པ་ནི་འཕྲོ་འདུ་ལ་སོགས་པ་ལུང་མ་བསྟན་བཅུ་བཞི་ལ་བརྟེན་པའོ། །དེ་ལས་གཞན་པ་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་འགྱུར་བ་མེད་ཅིང་ལ་སོགས་པའོ། །ཐུབ་པས་དེ་བཞིན་ཉིད་རྟོགས་ནི་ཕུང་པོ་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ཐུགས་སུ་ཆུད་པའོ། །འཇིག་རྟེན་སྟོན་པའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།ལེའུ་འདི་ནས་ལམ་ཤེས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད་བཞིའོ། །ལམ་ཤེས་ཀྱི་མཚན་ཉིད་བཅུ་དྲུག་ནི། སྟོང་ཉིད་མཚན་མ་མེད་པ་དང༌། །སྨོན་པ་རྣམ་པར་སྤངས་པ་དང། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུག་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་པ་ལ། ལྷའི་བུས་གསོལ་པ། ཡུམ་ཟབ་མོའི་མཚན་ཉིད་གང་ལགས་ཞུས་པའི་ལན་ཡུམ་གྱི་མཚན་ཉིད་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་དང་སྐྱེ་འགག་མེད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་དང༌། དངོས་པོ་མེད་པ་དང༌། ངོ་བོ་ཉིད་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་མེད་པ་དང་བཅུ་གཉིས། དཔེ་ནམ་མཁའ་འཁྲུག་པ་མེད་པ་ནི་ལྷ་དང་ལྷ་མ་ཡིན་གྱིས་མི་འཁྲུགས་པའོ། །འདུ་བྱེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་འདུས་མ་བྱས་པའོ། །རྣམ་པར་མི་རྟོག་པ་ནི་ནམ་མཁའ་ལ་མཚན་ཉིད་སྨྲ་བ་ནི་ཡང་དག་པ་མ་ཡིན་པའོ། །མཚན་ཉིད་མེད་པ་ནི་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དེ་ཞེས་
པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ཡང་མཚན་ཉིད་མེད་པར་མངོན་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་བཅུ་དྲུག་ནི། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་འཇུག་མཁྱེན་པ་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་དང༌། །བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཐམས་ཅད་ཉིད་བརྟེན་ནས། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་པ་ལ། ཡུམ་ལ་བསྙེན་བཀུར་བྱེད་པ་དང༌། དེ་བཞིན་གཤེགས་པ་བྱས་པ་དྲིན་དུ་གཟོ་བས། གང་ནས་གཤེགས་པའི་ལམ་དེ་ཉིད་ནས་བསྙེན་བཀུར་བྱེད་པའོ། །བྱེད་པ་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པ་ལ་བརྟེན་ཏེ། བྱེད་པ་པོ་མེད་པའི་ཕྱིར་མ་བྱས་པས་སངས་རྒྱས་སོ། །ཀུན་འཇུག་མཁྱེན་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མེད་པ་ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་པའོ། །མཐོང་བ་པོ་མེད་པར་སྟོན་པ་ནི་ཆོས་ཐམས་ཅད་གསོག་གསོབ་སྙིང་པོ་མེད་པའོ། །མ་མཐོང་བ་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཅིའི་ཕྱིར་དེ་རྣམས་མ་མཐོང་བའི་ཕྱིར་སྟོན་པ་ལགས། ལན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ་ཡུམ་གྱིས་དེ་བཞིན་གཤེགས་པ་བསྐྱེད་ཅིང་སྟོན་པའོ། །འཇིག་རྟེན་དུ་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྟོང་ཞེས་བྱ་བར་འཇིག་རྟེན་དུ་སྟོན་པའོ། །འཇིག་རྟེན་དུ་ཕུང་པོ་ལྔ་སྟོང་ཞེས་བརྗོད་དོ། །འཇིག་རྟེན་ན་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་འཇིག་རྟེན་ན་སྟོང་ཞེས་བྱ་བར་སྟོན་ཏོ། །བསམ་གྱིས་མི་ཁྱབ་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་བསམ་གྱིས་མི་ཁྱབ་ཅེས་བྱ་བར་བསྟན་པའོ། །དབེན་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དབེན་པར་སྟོན་པའོ། །མཐའ་ལས་འདས་པ་སྟོང་པར་སྟོན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་པའོ། །ངོ་བོ་ཉིད་སྟོང་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་པའོ། །དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པར་སྟོན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་པའོ། འཇིག་རྟེན་ཞི་བར་སྟོན་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འཇིག་རྟེན་ཞི་བར་ཞེས་བྱ་བ་སྟོན་ཏོ། །འཇིག་རྟེན་སྟོང་པ་ཉིད་ནི་གཟུགས་ནས་རྣམ། མཁྱེན་གྱི་བར་སྟོང་པ་ཉིད་དོ། །འདུ་ཤེས་འགོག་པ་ནི། འཇིག་རྟེན་འདི་དང་ཕ་རོལ་གྱི་འདུ་ཤེས་མེད། ཁྱད་པར་གྱི་མཚན་ཉིད་མདོར་བསྟན་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱི། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་པ་ནི་ཀུན་རྫོབ་ཀྱི་སྣང་བ་བསམ་གྱིས་མི་ཁྱབ། དོན་དམ་གྱི་ཆོས་ཉིད། མཁྱེན་པའི་ཡེ་ཤེས། སངས་རྒྱས་ཀྱི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའོ། །བསམ་མི་ཁྱབ་དང་མི་མཉམ་དང༌། །གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མེད་ཤེས་རིག །ཤེས་མྱུར་ཉུང་དང་མང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང༌། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱོང་མེད་པའི་ཁྱད་པར་གྱིས། །བཅུ་དྲུག་བདག་ཉིད་ཤེས་པར་བྱ། །ཞེས་པ་ལ། བསམ་གྱིས་མི་ཁྱབ་པ་ནི་བསམ་པ་ལས་འདས་པའོ། །དཔག་ཏུ་མེད་པ་ནི་དཔག་པར་མི་ནུས་པའོ། །གཞལ་དུ་མེད་པ་ནི་གཞལ་བར་མི་ནུས་པའོ། །མི་མཉམ་པ་དང་མཉམ་པ་ནི་མཉམ་པ་མེད་པའོ། །མི་མཉམ་པ་དང་མཉམ་པའི་ལེའུ་སྟེ་སོ་བཞི་པའོ།། །།འཕགས་པ་ཀུན་སྡུད་པ་ནི་ཡུམ་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ནས་རྣམ་མཁྱེན་གྱི་བར་དུ་འདུས་ཏེ། དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་འཛིན་པ་མེད་པ་དང༌། མངོན་པར་ཆགས་པ་མེད་པར་ཉེ་བར་གནས་སོ། །རབ་འབྱོར་གྱིས་གསོལ་པ། ཡུམ་འདི་གཟུགས་ནས་རྣམ་མཁྱེན་གྱི་བར་འཛིན་ཆགས་མེད་པ་གནས་པ་ལགས་ཞེས་པའི་ལན་རབ་འབྱོར་གྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འཛིན་ཆགས་མཐོང་ངམ་ཞེས་པའི་ལན་གསོལ་པ། །མ་མཐོང་ལགས་སོ། །བཀའ་སྩལ་པ། ངས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དག་པར་རྗེས་སུ་མ་མཐོང༌། མ་མཐོང་བས་ཡོངས་སུ་མི་འཛིན། ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་ཏོ། །བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས་ཀྱང་ཡོངས་སུ་གཟུང་བ་དང༌། འཛིན་པ་
དང་ཆགས་པར་མི་བྱའོ། །མཁས་པས་རིག་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུས་གསོལ་པ། ཡུམ་འདི་ལྟར་ཟབ་པ་འདི་ལྟར་ཕྲ་བ་འདི་ལྟར་རྟོགས་པར་དཀའ་བ་འདི་ལ་མོས་པ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ནི་སྟོང་གསུམ་གྱི་དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་ཤེས་པ་དང་སྤོབས་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའི་གདུགས་གཅིག་གི་བཟོད་པའོ། །མྱུར་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ནི་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ། །བྲི་བ་དང་གང་བ་མེད་པ་ནི་ཡུམ་འདི་ལ་བརྟེན་ནས་འཕགས་པ་ཐམས་ཅད་བྱུང་བ་ཡང་བྲི་བ་དང་གང་བ་མི་གདའོ་ཞེས་ནས་གཞན་དུ་འཁོད་དོ། །སྒྲུབ་པ་ནི་ཡུམ་འདྲི་བ་ལ་སོགས་པའི་མོས་པ་བྱེད་པ་ནི་སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་གྱི་གནས་དང་མིའི་ནང་དུ་སྔོན་ཡུམ་སྤྱད་པའོ། །ཡང་དག་པར་འགྲུབ་པ་ནི་སྔོན་གྱི་མཐར་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་མ་དྲིས་བརྟག་པ་མ་བྱས་པས་འདི་བསྟན་པའི་ཚེ་ནེམ་ནུར་ལ་སོགས་པར་འགྱུར་རོ། །ད་ལྟ་སྤྱོད་པའི་ཚེ་ཐེ་ཚོམ་དུ་གྱུར་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་མ་བསླབས་མཐུན་པར་མ་བྱས་པས་ཐེག་པ་དམན་པར་འགྱུར་རོ། །འདུས་པའི་ལེའུ་སྟེ་སོ་ལྔ་པའོ།། །།གྲུ་ཞིག་པའི་ཚེ་མི་རོ་ལ་སོགས་པ་ལ་འཇུག་པ་དང་མ་འཇུས་པའི་དཔེས་དམིགས་པའི་ཁྱད་པར་དང༌། རྫ་སོ་བཏང་བ་དང་མ་བཏང་བར་ཆུ་བླུགས་པའི་དཔེས་རྟེན་གྱི་ཁྱད་པར་དང༌། གྲུ་ཟག་ལྷན་མ་བྱས་པ་དང་བྱས་པའི་དཔེས་མཐའ་དག་པའི་ཁྱད་པར་དང༌། རྒན་པོ་ལ་མིས་བརྟེན་པ་དང་མ་བརྟེན་པའི་དཔེས་ཡོངས་སུ་འཛིན་པའི་ཁྱད་པར་དང༌། སྤྱིར་གྱི་ཞུས་ལན་ཐབས་དང་ཤེས་རབ་ཀྱིས་ཟིན་ན་བྱང་ཆུབ་སེམས་དཔའ་མ་ཟིན་ན་ཐེག་པ་འོག་མའོ། །གྲུའི་ལེའུ་སྟེ་དྲུག་པའོ།། །།རོ་མྱང་བ་མེད་པའི་ཁྱད་པར་ནི་རབ་འབྱོར་གྱིས་གསོལ་པ། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཇི་ལྟར་བསླབ་པར་བགྱི། བཀའ་སྩལ་པ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པས་དགེ་བའི་བཤེས་གཉེན་བརྟེན་ན་དེས་ཕ་རོལ་ཏུ་ཕྱིན་པ་རྣམས་བྱང་ཆུབ་ཏུ་སྔོས་ཤིག །གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རྟོག་པར་མ་བྱེད་ཅིང་།དེ་ཅིས་ན་ཡོངས་སུ་མ་བརྟགས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ།།
རིགས་ཀྱི་བུ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་འདོད་པ་མ་བསྐྱེད་ཅིག །འདོད་པ་མེད་པ་ནི་བླ་ན་མེད་པའི་བྱང་ཆུབ་པོ། །བྱེད་པའི་མཚན་ཉིད་ནི། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱི་ནི་སྐྱབས་དག་དང༌། །གནས་དང་དགོན་དང་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང། །ལྷུན་གྱིས་གྲུབ་དང་ཐེག་གསུམ་ནི། །ཐ་མའི་རྣམ་པའི་མཛད་པ་ཡིན། །ཞེས་པ་ལ། འཇིག་རྟེན་གྱི་དོན་གྱི་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཅན་གྱི་སྡུག་བསྔལ་དགྲོལ་བའི་ཕྱིར་སྟོན་པའོ། །ཕན་པ་ནི་སེམས་ཅན་འགྲོ་བའི་རྒྱུད་ལྔ་ནས་བཏོན་ཅིང་མི་འཇིགས་པའི་ཐང་བདེ་བ་མྱ་ངན་ལས་འདས་པ་ལ་འགོད་པའོ། །བདེ་བ་ནི་སེམས་ཅན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་བཀྲོལ་ཞིང་མྱ་ངན་ལས་འདས་པ་ལ་འགོད་པའོ། །སྐྱོབ་པ་ནི་སེམས་ཅན་གྱི་སྡུག་བསྔལ་བསྐྱབ་པར་བྱ་བའི་ཕྱིར་ཆོས་སྟོན་པའོ། །སྐྱབས་ནི་སེམས་ཅན་སྐྱེ་རྒ་ན་འཆི་ལས་དགྲོལ་ཞིང་མྱ་ངན་ལས་འདས་པ་ལ་འགོད་པའོ། །རྟེན་གྱི་ཆོས་ཐམས་ཅད་འདྲེ་བ་མེད་པར་ཆོས་སྟོན་ཏེ། གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་དེ་ནི་འབྲེལ་པ་མེད་པ། འབྲེལ་མེད་གང་ཡིན་པ་དེ་ནི་སྐྱེ་འགག་མེད་པར་ཆོས་སྟོན། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །དཔུང་གཉེན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་མ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་ཏེ་ཞེས་པ་ནི་ཆོས་ཞི་བ་བཟང་པོའོ། །གླིང་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །སྣང་བ་ནི་མ་རིག་པའི་སྒོ་ངའི་སྦུབས་ཀྱི་མུན་པས་ཟིལ་གྱིས་ནོན་པའི་སེམས་ཅན་རྣམས་ལ་ཤེས་རབ་ཀྱིས་སྣང་བར་བྱེད་པའོ། །སྒྲོན་མ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བྱིན་གྱི་རླབས་བཞི་སེམས་ཅན་ལ་སྟོན་པའོ། །དེད་དཔོན་ནི་སེམས་ཅན་ཚུལ་མ་ཡིན་པ་བཞི་ལ་ཞུགས་པ་རྣམས་ཕྱིན་ཅི་ལོག་ལས་བཟློག་ནས་བྱང་ཆུབ་ལ་འགོད་པའོ། །ཡོངས་སུ་འདྲེན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཏོ། །ལམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ནམ་མཁའི་ངང་ཚུལ་ཅན་ནོ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྷུན་གྱིས་གྲུབ་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་
བར་གྱི་སྟོང་པ་ཉིད་ན་འགྲོ་བ་མེད་པ་སྟེ་མི་འགྲོ་མི་འོང་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཐེག་པ་གསུམ་གྱི་བྱེད་པ་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་ནི་འགྲོ་འོང་མེད་པའི་ངང་ཚུལ་ཅན་ཏེ། དེ་དག་ནི་ངང་ཚུལ་དེ་ལས་མི་འདའོ། །ངོ་བོ་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།ངོ་བོ་ཉིད་ཀྱི་མཚན་ཉིད་ནི། །ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་ཡིས། །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། །དམིགས་པ་ཞེས་བྱ་བ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་ནི། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་པ། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་ཉིད་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་པ་ལ། ལེའུ་འདི་ནས་ངོ་བོ་ཉིད་ཀྱི་མཚན་ཉིད་བཅུ་སྟོན་པ་ལས་དབེན་པ་བཞི་ནི་ཉོན་མོངས་པས་དབེན་པ་དང༌། དེའི་རྟགས་ཀྱིས་དབེན་པ་དང༌། ཚུལ་དང་རྣམ་པས་དབེན་པ་ནི་བྱང་ཆུབ་སེམས་དཔའ་ལ་མོས་བའི་རང་བཞིན་ནོ། །དཀའ་བ་ནི་སེམས་ཅན་གྱི་དོན་དུ་གོ་ཆ་གེན་པ་ལ་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ། གཟུགས་ཀྱང་མེད་གོ་ཆ་ཡང་མེད་པས་གཟུགས་དང་འབྲེལ་པ་མ་ཡིན་ནོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །ངེས་པ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཐེག་པ་འོག་མར་མི་ལྟུང་བའོ། །ཆེད་ནི་དེ་ཅིའི་ཕྱིར་ན། སེམས་ཅན་དང་ཡེ་ཤེས་ཉུང་ཟད་ཉི་ཚེའི་དོན་གྱི་ཕྱིར་མ་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུའོ། །མི་དམིགས་པ་ནི་ཡུམ་སྒོམ་པའི་ཚེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྒོམ་པ་རྣམ་པར་སྒོམ་པའོ། །མངོན་པར་ཞེན་པ་བཀག་པ་ནི་ཡུམ་ལ་སྤྱོད་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པ་མེད་དམ་ཞེས་ཡོངས་སུ་བརྟག་པར་བྱའོ། །དམིགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་འཁྲུལ་བ་ལ་སོགས་པ་ལ་ཤེས་པས་གཟུགས་ལ་སོགས་པ་ལ་རྣམ་པར་མི་རྟོག་པ་སྟེ། དེ་ཅིས་ན་གཟུགས་ཉིད་སྟོང་བ་སྟོང་པ་ཉིད་གཟུགས་དེ་གཉིས་ཀྱི་དེ་བཞིན་ཉིད་གཅིག་པའོ། །ཆགས་པ་མེད་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།མི་མཐུན་པ་ནི་འདོད་པ་དང་
གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་སྨྲས་པ། ཡུམ་འདི་ནས་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ལགས་སོ་ཞེས་པའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་དང་དེ་བཞིན་ཉིད་དབྱེར་མེད་པས། དེ་བཞིན་གཤེགས་པ་ཐུགས་ཁྲལ་ཆུང་བར་མཛད་ནས་མ་གསུངས་སོ། །ཡང་ལྷའི་བུས་གསོལ་པ། ཆོས་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་བསྟན་པ་མ་ཡིན་ལ། སེམས་ཅན་རྣམས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ང་དང་ང་ཡིར་འཛིན་པ་ལགས་སོའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་གཟུང་བའམ་མི་གཟུང་བའི་ཕྱིར་སྤྱོད་པས་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཐོགས་པ་མེད་པ་ནི། རབ་འབྱོར་གྱིས་གསོལ་པ། ཆོས་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཐོགས་པ་མ་མཆིས་ལགས་སོ། །སྐྱེ་བ་མེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྐྱེ་བ་དམིགས་སུ་མེད་པའི་ཕྱིར་སྐྱེ་མེད་དོ། །གཞི་མེད་པ་ནི་ཆོས་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟེན་དམིགས་སུ་མེད་པའི་ཕྱིར་གཞི་མེད་དོ། །འགྲོ་བ་མེད་པ་ནི་ལྷའི་བུས་སྨྲས་པ། རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ་ཞེས་སྨྲས་པའི་ལན་ནི། རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་སྟེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་མ་འོངས་མ་སོང་མི་གནས་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་སྦྱར་རོ། །མ་སྐྱེས་པ་ནི་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་དང༌། གཟུགས་ལས་གཞན་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་ལ་སྦྱར་རོ། །དེ་བཞིན་ཉིད་མི་དམིགས་པ་ནི་ཤཱ་རིའི་བུས་གསོལ་པ། དེ་བཞིན་ཉིད་དང་ཆོས་ཉིད་བརྒྱད་ནི་ཟབ་སྟེ། གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་མི་དམིགས་གཟུགས་ཉིད་ཀྱང་མི་དམིགས་ན། དེ་
བཞིན་ཉིད་དམིགས་པ་ལྟ་ཅི་སྨོས་ཞེས་པའི་ལན་མཐུན་པར་བསྟན་པའོ། །ཐར་པའི་ཆ་མཐུན་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པ་ལ། བསྐལ་པ་དཔག་ཏུ་མེད་པར་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཀྱང་མཚན་མ་མེད་པ་མ་རྟོགས་པས་ཉན་རང་གི་སར་ལྟུང་བ་ནི། བྱ་ཆེན་པོ་འདབ་གཤོག་ཟད་པའི་དཔེས་བསྟན། མཚན་མ་མེད་པར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱད་ན་ཐེག་པ་འོག་མ་ལས་ཐར་པ་ལ་ལྷའི་བུ་དང་བཅོམ་ལྡན་འདས་ཀྱིས་མཚན་མ་མེད་པ་ལ་སངས་རྒྱ་བ་བཀའ་བར་བསྟན། རབ་འབྱོར་གྱིས་སེམས་ཅན་རྣམས་ཀྱིས་མ་ཤེས་མ་རྟོགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རང་བཞིན་མེད་པས་སངས་རྒྱ་བར་ནི་སླ་ལགས་སོ། །ཤཱ་རིའི་བུས་སྨྲས་པ། སངས་རྒྱ་བར་ནི་དཀའ་སྟེ། ནམ་མཁའ་ནི་འདི་སྙམ་དུ་སངས་རྒྱ་བར་བྱའོ་སྙམ་དུ་མི་སེམས་པ་བཞིན་ནོ། །སླ་ན་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱང་ཆུབ་ལས་ཕྱིར་ལྡོག་པ་མི་འཐད་དོ་ཞེ་ན། རབ་འབྱོར་གྱིས་སྨྲས་པ། གཞན་གཟུགས་དང་གཟུགས་ལས་གཞན་པ་དང༌། གཟུགས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་ཉིད་ལས་གཞན་པ་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་སྙམ་མམ། རྣམ་མཁྱེན་གྱི་བར་ལ་སྦྱར་བས་དེ་བཞིན་ཉིད་ལ་དབྱེར་མེད་པ་བསྟན་པ་ལ། མགོན་པོས། སངས་རྒྱས་སོགས་དམིགས་དད་པ་དང༌། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པ་ནི་གནས་བརྟན་གཉིས་ཀྱིས་སངས་རྒྱ་བར་དཀའ་བླའི་ཞལ་ཆེ་དད་པ་ལ་སོགས་པ་དབང་པོ་ལྔ་རྣོན་པོས་རྟོགས་པར་སླ་ལ། རྟུལ་པོས་ཤིན་ཏུ་རྟོགས་པར་དཀའ་བས་གཉིས་ཀ་བདེན་པར་བཅད་དོ། །ངེས་འབྱེད་ཀྱི་རྗེས་ཤེས་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་པ་ལ། སེམས་ཅན་རྣམས་ལ་མཉམ་པ་དང་ཕན་པ་དང༌། བྱམས་པ་དང༌། རྣམ་པར་མི་འཚེ་བ་དང༌། ཁྲོ་བ་མེད་པ་དང༌། ཕ་དང་མ་དང༌།
ཕུ་ནུ་དང་གྲོགས་དང་གཉེན་དང་རུས་གཅིག་པའི་སེམས་བསྐྱེད་པ་ནི་དྲོད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །གཞན་དག་དེ་ལ་འགོད་པ་དང༌། །བསྔགས་པ་བརྗོད་ཅིང་མཐུན་བྱེད་པ། །རྩེར་གྱུར་ཞེས་པ་ནི་བདག་ཀྱང་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་ལ་སྤྱོད། གཞན་ཡང་དེ་ལྟར་འགོད་པ་ལ་སོགས་པ་ནི་རྩེ་མོའོ། །དེ་བཞིན་བཟོད་པ་ནི། རང་གཞན་རྟེན་ཅན་བདེན་ཤེས་པ། །ཞེས་པ་ནི་བདེན་པ་བཞི་ལ་བདག་གཞན་སྤྱོད་པའོ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་ནི་བདག་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། བདག་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅེས་པའི་བར་ནི་ཆོས་མཆོག་གོ །དེའི་ཕན་ཡོན་ནི་དེའི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིས་ན་སྔོན་གྱི་མཐའ་ནས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་མ་བཟུང་ངོ༌། །བྱང་ཆུབ་སེམས་ཀྱི་བསླབ་པ་རྣམ་པར་གཞག་པའི་ལེའུ་སྟེ་སོ་དགུ་པའོ།། །།ཕྱིར་མི་ལྡོག་པའི་རྟགས་མདོར་བསྟན་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་ནས། །མཐོང་དང་བསྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་གང་གནས། །དེ་ནི་ཕྱིར་མི་ལྡོག་པའི་རྟགས། །རྣམ་པ་དག་ནི་བཤད་པ་ཡིན། །སྦྱོར་ལམ་གྱི་རྟགས་མདོར་བསྟན་པ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུས་བཤད་པ་ནི། །ངེས་འབྱེད་ཡན་ལག་ལ་གནས་ཤིང༌། །ཕྱིར་མི་ལྡོག་པའི་མཚན་ཉིད་དོ། །རྒྱས་པ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་ངལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་ཤེས་དང༌། །ཟབ་མོའི་ཆོས་ལ་ཐེ་ཚོམ་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་ཚོལ་དང༌། །གཞན་གྱིས་བཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་
སྤྱོད་པ་སྟེ། རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་པ་དང༌། །ཆོས་མཆོག་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པ་ལ། གཟུགས་ལ་སོགས་པ་ལས་ལྡོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་པའོ། །དེ་ཅིས་ན་གང་ལ་གནས་པར་འགྱུར་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཐེ་ཚོམ་ཟད་པ་ནི་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེའི་ངོར་མི་ལྟ། བཀྲ་ཤིས་དང་དགེ་མཚན་གྱིས་དག་པར་མི་བྱེད། ལྷ་གཞན་ལ་ཕྱག་ལ་སོགས་པ་མི་བྱེད་པའོ། །མི་དལ་བ་ཟད་པ་ནི་མི་ཁོམ་པའི་གནས་བརྒྱད་བུད་མེད་དང་དགུར་མི་སྐྱེའོ། །བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་འགོད་པ་ལ་མི་དགེ་བ་བཅུ་བདག་གིས་ཀྱང་སྤངས་གཞན་ཡང་སྤོང་དུ་འཛུད། རྨི་ལམ་གྱི་གནས་སྐབས་ན་ཡང་མི་དགེ་བ་ལ་མི་འཇུག་ན་སད་པ་ན་ལྟ་ཅི་སྨོས། གཞན་གྱི་རྟེན་ཅན་སྦྱིན་ཤེས་ནི། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་གསུང་རབ་ཡན་ལག་བཅུ་གཉིས་ནི་གཞན་གྱི་དོན་དུ་བསྔོ་བའོ། །ཟབ་མོའི་ཆོས་ལ་སོམ་ཉི་མེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡང་དག་པར་རྗེས་སུ་མ་མཐོང་བས་ཐེ་ཚོམ་མེད་པའོ། །བྱམས་ལུས་སོགས་ནི་ལུས་ངག་ཡིད་གསུམ་གྱི་ལས་འཇམ་པ་ལ་སོགས་པ་དང་ལྡན་པའོ། །སྒྲིབ་པ་ལྔ་དང་མི་འགྲོགས་པ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྨུགས་པ་དང་གཉིས་རྒོད་པ་དང་འགྱོད་པ་ཐེ་ཚོམ་དང་ལྔ་མེད་པའོ། །བག་ལ་ཉལ་འཇོམས་པ་ནི་རྣམ་པ་ཐམས་ཅད་དུ་བག་ལ་ཉལ་མེད་པའོ། །དྲན་ཤེས་བཞིན་གྱིས་ཟིན་པ་ནི་འགྲོ་ཞིང་འོང་ཡང་ནོར་པའི་སེམས་ཀྱིས་མི་འགྲོ་བ་ལ་སོགས་པའོ། །གོས་ལ་སོགས་པ་གཙང་མ་ནི་གོས་ཀྱི་ཆགས་ལ་སྨད་དུ་མེད་པ་ཡིན། གཙང་ཞིང་དྲི་ང་བ་མེད། ནད་ཉུང་བ་ཡིན་ནོ། །ལུས་ལ་སྲིན་བུ་མི་འབྱུང་བ་ནི་མིའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ཟ་བ་ཡོད་པ་དེ་འཇིག་རྟེན་ལས་འཕགས་པའི་དགེ་བའི་རྩ་བས་དེ་ལ་མི་འབྱུང་བའོ། །གྱ་གྱུ་མེད་པའི་སེམས་ནི་ལུས་ངག་ཡིད་གསུམ་དྲང་བས་གྱ་གྱུ་མེད་པ་ཡིན། སྦྱངས་པའི་སྡོམ་པ་འཛིན་པ་ནི་རྙེད་པ་དང་བཀུར་སྟིའི་ཕྱིར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྷུར་ལེན་པ་མ་ཡིན་གྱི། བྱང་ཆུབ་ཀྱི་དོན་བྱེད་དོ། །སེར་སྣ་མེད་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དག་གི་མི་མཐུན་པའི་ཕྱོགས་མེད་པའོ། །ཆོས་ཉིད་ལྡན་པར་འགྲོ་བ་ནི་བློ་བརྟན་པ་ཡིན་ཟབ་པ་ཡིན་གུས་པར་ཉན་པ་ཡིན། དེ་ཐམས་ཅད་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་ཤིང་ཆོས་ཉིད་དང་སྦྱོར་བའོ། །སེམས་ཅན་དོན་དུ་དམྱལ་ཚོལ་ནི། བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བར་བྱང་ཆུབ་སེམས་དཔའ་འང་སྐྱེས་ཏེ་སྡུག་བསྔལ་ཚ་བ་རྩུབ་པ་མང་པོ་བསྟན་ནས། བྱང་སེམས་ཕྱིར་མི་ལྡོག་པ་ཀུན་ཀྱང་འདི་ལྟར་གྱུར་གྱི་ཟེར་ཡང་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །གཞན་གྱིས་བཀྲི་བར་མི་བཏུབ་པ་ནི་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའི་དྲུང་དུ་སྔོན་ཁྱོད་ཀྱིས་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་སྦྱང་བ་བྱས་པ་འདི་ཐམས་ཅད་ནོར་བ་ཡིན་གྱི་བཤགས་པར་གྱིས་ཤིག །ཁྱོད་ཀྱིས་ཐོབ་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ཟེར་ཡང་ཐེ་ཚོམ་ལ་སོགས་པ་མི་ཟ་བའོ། །ལམ་གཞན་ཉེ་བར་སྟོན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་གྱི་དྲིང་མི་འཇོག་པར་ཉན་ཐོས་ལ་སོགས་པའི་ལམ་ལ་མི་འཇུག་པའོ། །བདུད་ཅེས་བྱ་བར་རྟོགས་པ་ནི་བྱང་ཆུབ་ཀྱི་ལམ་ལ་བར་དུ་གཅོད་པའི་བདུད་ངོ་ཤེས་པའོ། །མཐོང་ལམ་གྱི་རྟགས་མདོར་བསྟན་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །རྒྱས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་པ་ལ། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་པ་སྤྱོད་པ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། ཕུང་སོགས་པར་ཆད་བྱེད་རྣམས་ལ། །ཚོགས་དང་དབང་སོགས་བཅས་པ་དང༌། །གཡུལ་འགྱེད་སེར་སྣ་ལ་སོགས་པ། །སྦྱོར་དང་རྗེས་སུ་སྦྱོར་བ་ལ། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །ས་གསུམ་ལ་ནི་གང་གནས་པ། །རང་གི་ལ་ངེས་པ་ཉིད། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲ་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པ་ལ། གཟུགས་སོགས་འདུ་ཤེས་ལྡོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འདུ་ཤེས་ལོག་པའོ། །སྦྱོར་ལམ་གྱི་རྟགས་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།སེམས་བརྟན་པ་ནི་བདུད་སྡིག་ཅན་བྱང་ཆུབ་
སེམས་དཔའ་ལ་མོས་པ་ཟློག་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་དང་མཚུངས་པའོ། །དངོས་པོ་མེད་པ་དེའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཅི་ཞིག་བྱ་ཞེས་ཟེར་ཡང་ཆོས་ཐམས་ཅད་རང་བཞིན་མེད་ཀྱང་དེ་མ་རྟོགས་པའི་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སེམས་བརྟན་པོས་སྤྱོད་པའོ། །ཐེག་པ་དམན་པ་ལས་ལོག་པ་ནི། ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་མི་ལྡོག་པ་ཞེས་བགྱི། མི་ལྡོག་པ་ལ་ལྡོག་པ་ཞེས་བགྱི་བ་ནི་ཉན་རང་ལས་ཕྱིར་ལོག་པས་ན་ཕྱིར་ལྡོག་པའོ། །བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་ནི་བསམ་གཏན་བཞི་ཚད་མེད་པ་བཞི་གཟུགས་མེད་པ་བཞི་ནི་བྱང་ཆུབ་ཀྱི་ཕྱོགས་ལ་ཞུགས་པས་འབྲས་བུ་ཡོངས་སུ་མི་འཛིན་རྒྱུན་ཞུགས་ལ་སོགས་པ་མངོན་དུ་མི་བྱེད་པའོ། །ལུས་སེམས་ཡང་ཉིད་ནི་གཟུགས་ནས་སངས་རྒྱས་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན་ཞེས་སོ། །འདོད་ལ་སྤྱོད་པ་ཐབས་མཁས་ནི། །བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཀྱང་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་ཉེ་བར་སྟོན་ཏོ་ལ་སོགས་པའོ། །རྟག་ཏུ་ཚངས་པར་སྤྱོད་པ་ནི་རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཡང་ཆགས་སེམས་མེད་པའོ། །དེ་ལ་ཆོས་སྐྱོང་ནི་གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་རྣམས་རྒྱུན་མི་འཆད་པར་རྗེས་སུ་འབྲང་བའོ། །འཚོ་བ་རྣམ་པར་དག་ཉིད་ནི། །བུད་མེད་ཟེ་སློང་བ་དང་བུ་ཚ་ཕོ་མོ་ལ་སོགས་པ་དང་ཚེ་རིང་བ་ལ་སོགས་པ་ཆོ་འཕྲུལ་མི་བྱེད་དོ། །ཕུང་སོགས་པར་ཆད་བྱེད་རྣམས་ཀྱི་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། ཕུང་པོ་ཁམས་ཀྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་མི་བྱེད་དེ། །དེས་ནི་ཕུང་པོ་ལ་སོགས་པ་སྟོང་པར་རྟོགས་པའི་ཕྱིར་རོ། །རྒྱལ་པོ་ལ་སོགས་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་བྱེད་དེ། རང་བཞིན་སྟོང་པ་ཉིད་ལ་གནས་པས་བཟང་བ་དང་ངན་པར་ཡང་དག་པར་རྗེས་སུ་མི་མཐོན་ངོ༌། །རྐུན་པོའི་སྦྱོར་བ་ནི་རང་གི་མཚན་ཉིད་སྟོང་པས་བླང་བའམ་དབྲོག་པ་མེད་དོ། །དམག་གི་གཏམ་གྱི་སྦྱོར་བ་ནི་ཆོས་ཉིད་ལ་བྱམས་སྡང་མེད་དོ། །གྲོང་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་ཏེ་ཡང་དག་པའི་མཐའ་ཡིན་པས་འཕེལ་བ་དང་འགྲིབ་པ་མེད་དོ། །སེར་
སྣ་མེད་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །ས་གསུམ་ལ་གང་གནས་ནི་རྒྱུན་ཞུགས་ལ་སོགས་པ་རང་གི་ས་ལ་ཐེ་ཚོམ་མེད་པ་ནི་དཔེའོ། །རང་གི་ལ་ངེས་པ་ནི་བྱང་ཆུབ་སེམས་དཔའ་རང་གི་ས་ལ་ཐེ་ཚོམ་མི་ཟ་བའི་དོན་ཏོ། །ཆོས་ནི་རྡུལ་ཙམ་མི་དམིགས་པ་ནི་གཏན་ཚིགས་སོ། །ཆོས་ཀྱི་དོན་དུ་སྲོག་གཏོང་ནི་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བའོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།བསྒོམ་ལམ་ལས་ཕྱིར་མི་ལྡོག་པ་དགུ་ནི། ཟབ་པར་བསྟན་པ་དང༌། དེ་སྒྲོ་འདོགས་དང་སྐུར་འདེབས་དང་བྲལ་བ་དང༌། དེ་གོམས་པར་བྱེད་པའི་དཔེ་དང་བསོད་ནམས་ཆེ་འབྱུང་དགུ་དང༌། དེ་ཀུན་རྫོབ་ཏུ་བསྟན་གྱི་དོན་དམ་དུ་མ་ཡིན་པ་དང༌། དངོས་པོ་བརྗོད་དུ་མེད་པ་ལ་འཕེལ་འགྲིབ་མི་འཐད་པ་དང༌། བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་དོན་བྱེད་པ་དང༌། དེ་ལ་བརྒལ་བ་དང༌། ཟབ་མོ་བརྒྱད་ཀྱིས་ལན་བསྟན་པའོ། །དང་པོ་ཟབ་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཟབ་པོ། །དེ་བཞིན་ཉིད་ཇི་ལྟར་ཟབ་ཞུས་པའི་ལན་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་མེད། གཟུགས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་པའོ། །དེ་སྒྲོ་འདོགས་སྐུར་འདེབས་ཀྱི་མཐའ་དང་བྲལ་བ་ནི། ཟབ་མོ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་དང་བྲལ་བའོ། །ཞེས་པ་ནི་གཟུགས་ལས་ཀྱང་བཟློག །མྱ་ངན་ལས་འདས་པ་ཡང་བསྟན། དེ་བཞིན་དུ་རྣམ་མཁྱེན་གྱི་བར་རོ། །བསྒོམ་ལམ་གོམས་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་ནས། །མཐོང་དང་བསྒོམ་པའི་ལམ་དག་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ཉེར་རྟོག་བསྒོམ་པའི་ལམ། ཞེས་པ་ནི་ཇི་ལྟ་བ་བཞིན་དུ་སྒྲུབ་སེམས་བརྩོན་པར་བྱེད་པ་སྟེ། སྐྱེས་བུ་འདོད་ཆགས་ལ་སྤྱོད་པའི་བུད་མེད་དུས་བཏབ་ཀྱི་དཔེས་བསྟན་ཏོ། །བསོད་ནམས་ཆེ་འབྱུང་དགུ་ལས། ཆུང་ངུའི་ཆུང་ངུ་ནི་ཤེས་རབ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་པས་ཡུམ་ལ་སྤྱོད་པའི་ཉིན་གཅིག་གི་དགེ་བའི་རྩ་བ་ཆེའོ། །ཆུང་ངུའི་འབྲིང་ནི་ཡུམ་དང་བྲལ་བའི་དཀོན་མཆོག་གསུམ་ལ་བསྐལ་པར་སྦྱིན་པ་
བྱིན་པ་དང༌། ཆུང་ངུའི་ཆེན་པོ་ནི་ཡུམ་དང་བྲལ་བར་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་ཡོན་ཕུལ་བ་དང༌། འབྲིང་གི་ཆུང་ངུ་ནི་ཡུམ་དང་བྲལ་བར་བསྐལ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང༌། འབྲིང་གི་འབྲིང་ནི་ཡུམ་དང་བྲལ་བར་བསྐལ་པར་ཆོས་ཀྱི་སྦྱིན་པ་བྱིན་པ་དང༌། འབྲིང་གི་ཆེན་པོ་ནི་ཡུམ་དང་བྲལ་བར་བསྐལ་པར་བྱང་ཆུབ་ཀྱི་ཕྱོགས་ལ་སྤྱད་པ་དང༌། ཆེན་པོའི་ཆུང་ངུ་ནི་ཡུམ་དང་བྲལ་བས་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་དང་ནང་དུ་ཡང་དག་འཇོག་པ་དང༌། ཆེན་པོའི་འབྲིང་ནི་ཡུམ་དང་བྲལ་བའི་བསྔོ་བ་དང༌། ཆེན་པོའི་ཆེན་པོ་ནི་བསོད་ནམས་དེ་ཡང་གསོག་དང་གསོབ་དང་སྙིང་པོ་མེད་པར་བསྔོས་ན་ཁྱད་པར་དུ་འཕགས་པའོ། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་པའོ། །གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་དེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་འགྱུར་བར་ཐུབ་པ་བཞེད། །ཅེས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་གྲངས་མེད་ལ་སོགས་པ་བསྟན་གྱི། དེ་དག་ལ་དོན་ནམ་ཡི་གེས་ཐ་དད་དུ་བགྱི་བ་མ་མཆིས་སོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །ཞེས་བྱ་བ་ནི་སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་བརྗོད་དུ་མ་མཆིས་པའི་ཕྱིར་འཕེལ་བ་དང་འགྲིབ་པ་མེད་དོ། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །ཅེས་པ་ནི་རབ་འབྱོར་གྱིས་གསོལ་པ། བརྗོད་དུ་མ་མཆིས་ན་ཕར་ཕྱིན་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མ་མཆིས་པར་འགྱུར་རོ། །བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །དེ་ཡང་འདོད་པའི་དོན་སྒྲུབ་བྱེད། །ཅེས་པ་ནི་ཆོས་ཉིད་ལ་གྲུབ་པ་མེད་ཀྱང་བྱང་ཆུབ་ཇི་ལྟ་བ་བཞིན་འདོད་པའི་དོན་སྒྲུབ་པོ། །དེ་ལ་བརྒལ་བ་ནི་སེམས་བསྐྱེད་པ་དང་པོས་བྱང་ཆུབ་བམ། དང་པོ་ལ་མ་བརྟན་པར་བྱང་ཆུབ། སེམས་བསྐྱེད་པ་སླད་མས་བྱང་ཆུབ་བམ། སེམས་སླད་མ་ལ་མ་བརྟེན་པར་བྱང་ཆུབ་ཅེས་པའི་ལེན་ནི། །སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡིས་ཚུལ་གྱིས་སུ། །ཟབ་མོ་དེ་ནི་རྣམ་པ་བརྒྱད། །སྐྱེ་བ་དང་ནི་འགག་པ་དང༌། །དེ་བཞིན་ཉིད་དང་ཤེས་བྱ་དང༌། །
ཤེས་དང་སྤྱོད་དང་གཉིས་མེད་དང༌། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་པ་ནི་སྐྱེ་བ་དང་འགག་པ་དང༌། དེ་བཞིན་ཉིད་དང༌། ཤས་པ་དང༌། ཤེས་བྱ་དང༌། སྤྱོད་པ་དང༌། གཉིས་མེད་དང༌། ཐབས་ལ་མཁས་པ་ཟབ་པའོ། །ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།ཆོས་སྐུའི་ཆེད་དུ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ནི། ཆོས་རྣམས་རྨི་ལམ་འདྲར་གནས་ན། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་སྐད་བརྗོད་པར་ཟད། །ཅེས་པ་ལ་ཤཱ་རིའི་བུས་སྨྲས་པ། རྨི་ལམ་ན་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱད་ན་དགེ་བའི་རྩ་བ་རྣམ་པར་འཕེལ་ལམ་གྱི་ལན་སད་པ་ན་འཕེལ་ན། རྨི་ལམ་ནའང་འཕེལ་ལོ། །ཤཱ་རིའི་བུས་སྨྲས་པ། རྨི་ལམ་ན་སྲོག་བཅད་ན་རྣམ་པར་སྨིན་པ་འོང་ངམ་ཞེས་པའི་ལན་རབ་འབྱོར་གྱིས་སྨྲས་པ། དམིགས་པ་མེད་པར་ལས་མི་འབྱུང༌། སེམས་མི་སྐྱེ་བས་སོ། །ཤཱ་རིའི་བུས་སྨྲས་པ། རྨི་ལམ་ན་ཕར་ཕྱིན་ལ་སྤྱད་ན་དགེ་བའི་རྩ་བ་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། བྱམས་པ་ལན་ལྡོན་གྱིས་དྲིས་ཤིག །བྱམས་པས་སྨྲས་པ། བྱམས་པ་ཞེས་བྱ་བའི་མིང་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་སྟོང་པ་ཉིད་ལན་ལྡོན་ནམ། ངས་ནི་གང་གིས་ལན་ལྡོན་པ་དང་ཀླན་པ་མ་མཐོང་ངོ༌། །གཟུགས་སྐུའི་ཆེད་དུ་ཞིང་སྦྱོང་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བྱ་བའི་ཕྱིར། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་པ་ལ་གཉིས་ཏེ། རྗེས་འཇུག་གི་ཞིང་སྦྱོང་དང༌། སྔོན་བྱུང་གང་གཱའི་ལྷ་མོའོ། །རྗེས་འཇུག་ནི་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ནས་བཟུང་ནས། ཞིང་སྦྱོང་ཉི་ཤུ་རྩ་ལྔ། འཁོར་བ་ནི་རིང་ངོ༌། །སེམས་ཅན་གྱི་ཁམས་ནི་མཐའ་ཡས་སོ་སྙམ་པ་མཐོང་ན་བདག་སངས་རྒྱས་པའི་ཞིང་དུ་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར་ཕར་ཕྱིན་ལ་སྤྱོད་པའོ། །ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།གང་གཱའི་ལྷ་མོས་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་སྙམ་སྟེ། མཆོད་པ་ཕུལ་བས་བཀའ་སྩལ་པ། སྔོན་མར་མེ་མཛད་ཀྱི་དྲུང་དུ་ང་ལུང་བསྟན་པའི་ཚེ་འདིས་ཀྱང་སྨོན་ལམ་བཏབ་བོ། །འདི་ཚེ་འདས་ནས་བུད་མེད་ཀྱི་ལུས་སྤངས་ཏེ་དཔེ་སྐར་མ་ལྟ་བུའི་བསྐལ་
པ་ལ་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་རོ་ལ་སོགས་པའོ། །གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པ་ནི། འདི་ཡི་ཡུལ་དང་སྦྱོར་བ་དང༌། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་དང༌། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་པ་ལ། ཡུལ་དང་སྦྱོར་བའི་ཐབས་ལ་མཁས་པ་ནི་སྟོང་པ་ཉིད་ལ་འདྲིས་པར་བྱའི་མངོན་དུ་ནི་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རོ། །གཟུགས་ལ་སོགས་པ་སྟོང་པར་ཤེས་པར་བྱ་བའི་དུས་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་ནོ། །དགྲ་རྣམས་ལས་འདས་པའི་ཐབས་ལ་མཁས་པ་ནི་སྐྱེས་བུ་དཔའ་བ་ཞིག་གིས་འབྲོག་དགོན་པར་གཉེན་འདུན་མང་པོ་ཁིད་དེ་དགྲའི་ཚོགས་པས་ཀྱང་དཔའ་བ་མང་པོ་སྤྲུལ་ནས་བདེ་བར་ཁྱིམ་དུ་འོང་བའི་དཔེས་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་ལོ། །གནས་པ་མེད་པའི་ཐབས་ལ་མཁས་པའི་དཔེས་ནི་བྱ་ནམ་མཁའ་ལ་འཕུར་ནས་དེར་ཡང་མི་གནས་ས་ལ་ཡང་མི་ལྟུང་བའི་དཔེས། མཚན་མ་ལ་ཡང་མི་སྤྱོད་མཚན་མ་མེད་པ་མངོན་དུ་ཡང་མི་བྱེད་དོ། །དགེ་བའི་རྩ་བ་ཤུགས་འཕེལ་བའི་དཔེ་མདའ་བརྒྱུད་མར་ལོང་བཏགས་པས་ས་ལ་ལྟུང་བའི་སྐབས་མི་འབྱེད་པའི་དཔེས་ཚོགས་མ་རྫོགས་པར་སྟོང་ཉིད་དམ་པ་ཐོབ་པར་མི་བྱེད་དོ། །ཐུན་མོང་མ་ཡིན་པར་ཐབས་ལ་མཁས་པ་ནི་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་དུ་བ་མེད་པར་སེམས་ཅན་འདི་དག་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་འདུ་ཤེས་ཅན་ཏེ། དེ་སྤང་བའི་ཕྱིར་རྣམ་ཐར་སྒོ་གསུམ་སྟོན་པའོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་པས་དེ་སྤང་བའི་ཕྱིར་རྣམ་ཐར་སྒོ་གསུམ་མོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ་ཆོས་སྟོན་པའོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་པ་སྟེ། བུད་མེད་དང་སྐྱེས་པ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་མ་ལ་སྤྱོད་པ་སྤོང་བའོ། །སྨོན་པ་མེད་པའི་
ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་པ་སྟེ། བརྒྱ་བྱིན་ལ་མངོན་པར་དགའ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་དགའ་བའི་སྨོན་ལམ་གྱི་ཉེས་པ་སྤང་བའི་ཕྱིར་སྨོན་པ་མེད་པའི་ཆོས་སྟོན་པའོ། །ཚད་མེད་པའི་ཐབས་ལ་མཁས་པ་ནི་སྙིང་རྗེའི་དབང་གིས་ཇི་སྐད་དུ་དྲིས་པའི་ལན་སྟོན་པའོ། །རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།སྦྱོར་ལམ་གྱི་རྩེ་མོ་ལ་བཞི་ལས་རྟགས་དང་རྣམ་པར་འཕེལ་བ་ལ་སོགས་པ་བཞིས་སྟོན། རྟགས་ནི། རྨི་ལམ་ན་ཡང་ཚེས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་པ་ལ། རྨི་ལམ་ལྟ་བུར་མཐོང་བའི་རྟགས་ནི་རྨི་ལམ་གྱི་གནས་སྐབས་ན་ཆོས་ཐམས་ཅད་རྨི་ལམ་ནས། སྤྲུལ་པའི་བར་ལྟ་བུར་མཐོང་བའོ། །འདོད་བཟད་པའི་རྟགས་ནི་ཁམས་གསུམ་དང་ཉན་རང་གི་བྱང་ཆུབ་རྨི་ལམ་ན་ཡང་མི་འདོད་པའོ། །དེ་བཞིན་གཤེགས་པ་མཐོང་བ་ནི་སངས་རྒྱས་འཁོར་མང་པོས་བསྐོར་བ་མཐོང་བའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་མཐོང་བ་ནི་ནམ་མཁའ་ལ་འཕགས་ཤིང་སྤྲུལ་པ་འགྱེད་པ་མཐོང་བའོ། །ཆོས་སྟོན་པ་མཐོང་བ་ནི་གྲོང་ལ་སོགས་པ་བཅོམ་པ་མཐོང་ནས་རྨི་ལམ་མམ་སད་པ་ནའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་སྙམ་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི་རྨི་ལམ་མམ་སད་པ་ན་ངན་སོང་གསུམ་མཐོང་ན་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར་བརྩོན་པའོ། །བདེན་པའི་ཚིག་གྲུབ་པ་ནི་གྲོང་ཁྱེར་ཚིག་པ་མཐོང་ན་དེ་ལ་བདེན་པ་བརྗོད་པའོ། །མཐུ་ཕུན་སུམ་ཚོགས་པའི་རྟགས་ནི་སྐྱེས་པ་དང་བུད་མེད་མི་མ་ཡིན་པས་ཟིན་པ་མཐོང་ན་བདེན་པ་བརྗོད་པའོ། །མངོན་པའི་ང་རྒྱལ་མེད་པའི་རྟགས་ལ་གསུམ་ལས། ཡོན་ཏན་གྱི་གཞི་ལས་བྱུང་བ་དང༌། མིང་གི་གཞི་ལས་བྱུང་བ་དང༌། དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ཕྱེ་འཐོར་ལས་ང་རྒྱལ་མི་སྐྱེ་བའོ། །ཕ་རོལ་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི་སྟོན་པའོ། །སྒྲོན་མ་བློ་ཤེས་པ་ཤེས་རབ་བོ། །དེས་བསྟན་པའི་ཤེས་རབ་ཕ་རོལ་ཕྱིན་པའི་རྟགས་ནི་ཤེས་
རབ་ཕ་རོལ་ཕྱིན་པ་ལ་མཚན་ཉིད་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་སྤྱི་དང་རང་གི་མཚན་ཉིད་མེད་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བའི་རྟགས་ནི་བདག་ཏུ་འཛིན་པས་འཁོར་ཞིང་འཁྱམས་པས་བདག་མེད་པ་ནི་རྣམ་པར་བྱང་བ་དེ་རྫོགས་པའི་བྱང་ཆུབ་དང་ཉེ་བའོ། །རྣམ་པར་འཕེལ་བ་ནི། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་བ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པས་འཛམ་བུའི་གླིང་གི་སྐྱེ་བོ་ལ་སོགས་པ་མཆོད་པས་དགེ་བའི་རྩ་བ་འཕེལ་བ་ནི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པ་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། སངས་རྒྱས་པ་དེ་དག་ལ་རིམ་གྲོ་བྱས་པ་དང༌། དེ་དག་དགེ་བ་བཅུ་ནས་དགྲ་བཅོམ་པའི་བར་ལ་བཀོད་པ་བས། རིགས་ཀྱི་བུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་ལ་སོགས་པ་བྱས་ན་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིས་ན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ནི་ནོར་བུ་རིན་པོ་ཆེ་རྙེད་ནས་བོར་ན་སྡུག་བསྔལ་གྱི་རྒྱུར་འགྱུར་པའི་དཔེས་ཡུམ་ཡིད་ལ་བྱེད་པ་མི་དོར་བའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རབ་འབྱོར་གྱིས་གསོལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་རྣམས་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་མ་ཡིན་པ་གཞན་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཀའ་སྩལ་བ་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གང་སྤྱོད་པ་དང་གང་གིས་སྤྱོད་པ་དེ་མཐོང་སྙམ་ན། གསོལ་བ། མ་མཐོང་ལགས་སོ། །མ་མཐོང་བ་དེ་ཉིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །བྱང་ཆུབ་པར་བྱེད་པ་དང༌། བྱང་ཆུབ་པར་བྱེད་པ་དང༌། བྱང་ཆུབ་པར་བྱ་བ་མི་དམིགས་པ་མི་གང་གིས་བྱང་ཆུབ་པར་བྱ་བ་ལ་སོགས་པ་ཡང་དག་པར་རྗེས་སུ་མ་མཐོང་བའོ། །རྣམ་པར་རྟོག་པ་སྤང་བའི་ལེའུ་སྟེ་ཞེ་དྲུག་པའོ།། །།དགེ་བ་བཅུ་ལ་སོགས་པ་ཟིལ་གྱིས་གནོན་པའི་སྟོང་གསུམ་གྱི་སེམས་ཅན་རྣམས་དགེ་བ་བཅུ་ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད་པ་བས། རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ཁྱད་པར་དུ་འཕགས་པའོ། །
ལྷའི་རིགས་ཐམས་ཅད་འོང་བ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པའི་དྲུང་དུ་ལྷའི་བུ་རྣམས་ཉེ་བར་འོང་བའོ། །བདུད་ཀྱི་བར་ཆད་ཡོང་བའི་གང་ཟག་བཅུ་གཉིས་ནི། མ་མོས་པ་དང༌། ཐེ་ཚོམ་ཟ་བ་དང༌། དགེ་བཤེས་དང་བྲལ་བ་དང༌། ཡུམ་མ་ཡིན་པ་ལ་སློབ་པ་དང༌། ཡུམ་མ་ཡིན་པ་ལ་བསྔགས་པ་དང༌། ཟབ་མོའི་གཏིང་མི་རྟོགས་ཟེར་བ་དང༌། རང་ལ་བསྟོད་པ་དང༌། གཞན་ལ་བརྙས་པ་དང༌། མིང་རུས་ཀྱིས་དྲེགས་པ་དང༌། ཉན་ཐོས་བརྙེས་པ་དང༌། མགོ་འགྲེ་བ་དང༌། བྱང་ཆུབ་སེམས་དཔའ་ནང་རྩོད་པ་དང༌། ཞིང་ཁྱད་པར་ཅན་ལ་རྩོད་པའོ། །མཐུ་བཅོམ་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ལ་བདུད་ཟུག་རྔུ་ལངས་ནས་བར་ཆོད་བྱས་ཀྱང་མི་ཚུགས་པའོ། །སྟོན་པ་དང་མཚུངས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ལ་ནི་སྟོན་པ་དང་མཚུངས་པར་ལྟ་སྟེ་གྲུ་གཅིག་ཏུ་ཞུགས་པ། བསླབ་པ་མཉམ་པའོ། །སྤྱོད་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ། །། །བསླབ་པ་མཉམ་པ་ནི་སྟོང་པ་བཅོ་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པའོ། །དེ་ལ་རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ཟད་པ་དང་མི་སྐྱེ་བ་དང་སྟོང་པ་དང་རང་བཞིན་མེད་པར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་པའི་ལན་ཟད་པ་དང་མི་སྐྱེ་བ་དང་དབེན་པ་དང་ངོ་བོ་ཉིད་མེད་པ་ལ་སློབ་ན་ཡུམ་ལ་སློབ་པ་ལགས་སམ་ཟེར་བ་དེ་ཁྱོད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ལ་ཟད་པ་དང་མི་སྐྱེ་བ་དང་སྟོང་པ་དང་རང་བཞིན་མེད་པ་དང་དབེན་པའི་རང་བཞིན་མཐོང་ངམ་དྲིས་པས་མ་མཐོང་ལགས་སོ། །སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་ནི་དེ་ལྟར་སློབ་པ་དེ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །སངས་རྒྱས་ཐོབ་པའི་རྒྱུ་མཚན་ནི་མཁར་གྱི་རྒྱལ་པོ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལས་བསགས་པ་ཉུང་བའི་དཔེས་ཡུམ་ལ་སློབ་པ་དཀའོ། །ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་སེམས་མི་སྐྱེ་བ་ནི་དེ་ལྟར་སྤྱོད་པ་ལ་ནི་སེར་སྣ་ལ་སོགས་པ་མི་འབྱུང་ངོ༌། །གཟུགས་ལ་སོགས་པ་མི་འཛིན་པ་ནི་ཡུམ་ལ་སྤྱོད་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་མི་འཛིན་ཏོ། །དགེ་བ་ཐམས་ཅད་སྡུད་པ་ནི་འཇིག་ཚོགས་ཀྱི་ལྟ་བར་ལྟ་བ་ཐམས་ཅད་འདུས་པས་རྗེས་འགྲོ་དང༌། སྲོག་གི་དབང་པོ་
འགགས་ན་དབང་པོ་གཞན་འགགས་པས་ལྡོག་པའི་དཔེས་ཡུམ་དུ་དགེ་བ་ཐམས་ཅད་འདུས་པའོ། །ཕུན་སུམ་ཚོགས་པ་ཐོབ་པ་ནི་ཡུམ་ཡོད་ན་དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་རང་ལ་རྫོགས་པའི་བྱང་ཆུབ་དང་ཉེ་བའོ། །བསླབ་པ་མཉམ་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།ངེས་པ་ནི། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས། །ཡོངས་སུ་རྫོགས་པ་བླ་མེད་པ། །ངེས་པ་ཞེས་ནི་རབ་ཏུ་བརྗོད། །ཅེས་པ་ནི་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཐོབ་པས་ཀྱང་དག་པ་གཞན་ཟིལ་གྱིས་གནོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། སེམས་ཅན་གང་བླ་ན་མེད་པའི་བྱང་ཆུབ་ལ་མོས་ཤིང་དམིགས་པ་ལས། སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་རང་འབྱུང་གི་ཆོས་ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཀུན་དུ་གནས་པ་ནི། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་བྱས་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲག་པ་ཡིན། །ཞེས་པ་ནི་སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་ཡུན་རིང་པོ་སྦྱངས་པའི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་ནི་ཚད་གཟུང་བར་མི་ནུས་ཀྱི། སྟོང་གསུམ་གྱི་རྡུལ་ཕྲ་རབ་དེ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་སྐྲའི་ཉག་མ་རེ་རེས་བླངས་ནས་ཚད་གཟུང་བར་ཡང་མི་ནུས་སོ། །གཟུང་རྟོག་གི་མདོར་བསྟན་ནི། འཇུག་པ་དང་ནི་ལྡོག་པ་དང༌། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་པ་ལ། འཇུག་ལྡོག་གི་རྣམ་རྟོག་གི་དབྱེ་བའོ། །ཡུལ་ཇི་ལྟ་བ་མ་ཡིན་པ་ནི་ཕྱིན་ཅི་ལོག་སྟེ། རྣམ་རྟོག་གི་ངོ་བོའོ། །འཛན་རྟོག་མདོར་བསྟན་པ་ནི། སེམས་ཅན་རྫས་དང་བཏགས་ཡོད་པ། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོ་སོར་དེ་དག་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །ཅེས་པ་ལ། སོ་སོའི་སྐྱེ་བོའི་རྣམ་རྟོག་རྫས་སུ་འདོད་པ་དང༌། འཕགས་པའི་རྣམ་རྟོག་བཏགས་པ་གཉིས་ནི་དབྱེ་བའོ། །གཟུང་བ་མེད་པར་འཛིན་པ་ནི། །ཕྱིན་ཅི་ལོག་སྟེ་རྣམ་རྟོག་གོ །
དེ་རེ་རེ་ལའང་དགུ་དགུའོ། །འཇུག་པའི་ཕྱོགས་ཀྱི་རྣམ་རྟོག་རྒྱས་བཤད་ནི། །ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གིས་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱས་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེར་ནི་རྣམ་དགུར་འདོད། །ཅེས་པ་ནི་ངོ་བོ་ཉིད་ཀྱི་རྣམ་རྟོག་ནི་རབ་འབྱོར་གྱིས་སྨྲས་པ། སྒྱུ་མ་ལྟ་བུའི་སེམས་ཇི་ལྟར་འཚང་རྒྱ་ལགས་ཀྱི་ལན་ཁྱོད་ཀྱིས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་དང༌། དེ་ལས་གཞན་པ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ་མ་མཐོང་ལགས། དེ་ཅིས་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པས་སངས་རྒྱ་བ་མ་མཆིས་སོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཤིན་ཏུ་དབེན་པའོ། །རིགས་ལ་རྣམ་པར་རྟོག་པ་ནི་ནམ་མཁའ་དང་སྤྲུལ་པ་དང་གཟུགས་བརྙན་དང་འཁྲུལ་འཁོར་ལ་ཉེ་རིང་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ནི་ཉན་རང་དང་རིང་ལ། རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་དུ་མི་སེམས་སོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྣམ་པར་མི་རྟོག་པས་སོ། །ལམ་འགྲུབ་པ་ལ་མི་རྟོག་པ་ནི་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་རྣམ་པར་མི་རྟོག་ན་འགྲོ་བ་རིགས་དྲུག་རྒྱུན་ཞུགས་ལ་སོགས་པའི་འཕགས་པ་ཇི་ལྟར་བྱུང་བ་ལག་པ་ཞེས་པའི་ལན་རིགས་དྲུག་ནི་འཁྲུལ་བ་ལས་བྱུང་ལ། རྒྱུན་ཞུགས་ལ་སོགས་པ་ནི་རྣམ་པར་མི་རྟོག་པ་ལས་ཡིན་ནོ། །ལེའུ་བཞི་བཅུ་དགུ་པའོ།། །།ཤེས་པའི་དམིགས་པ་མ་འཁྲུལ་བའི་རྟོག་པ་ནི་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་སྙིང་པོ་ལ་སྤྱོད་པ་ལགས་སོ། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ལ་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྙིང་པོ་ལ་སྤྱོད་པ་ལྟ་ཅི་སྨོས། མི་མཐུན་པའི་གཉེན་པོའི་རྣམ་རྟོག་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་ཀྱང༌། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ནི་དཀའ་བ་བྱེད་པའོ། །རང་གི་རྟོག་པའི་རྣམ་རྟོག་ནི་རབ་འབྱོར་གྱིས་སྨྲས་པ། ཡུམ་ལ་སྤྱོད་ཀྱང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་
པ་ནི་དཀའ་སྟེ། དེ་བས་ཀྱང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོང་པར་འདོད་པ་ནི་དཀའོ། །དེ་ཅིས་ན་ནམ་མཁའ་མེད་པ་དང་སྟོང་པ་དང་དབེན་པ་དང་གསོག་དང་གསོབ་བཞིན་དུ་སེམས་ཅན་མེད་པའི་དོན་བྱེད་པ་ནི་ནམ་མཁའ་དང་རྩོད་པར་འདོད་པ་ནམ་མཁའ་འདུལ་བར་འདོད་པའོ། །དེ་ཅིས་ན་ཆོས་ཐམས་ཅད་དབེན་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་ཕན་ཡོན་དྲུག་ནི་ལྷ་རྣམས་ཕྱག་འཚལ་བ་དང༌། སངས་རྒྱས་དགོངས་པ་དང༌། བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པ་དང༌། ལྷའི་བུ་སྤྲོ་བ་སྐྱེད་པ་དང༌། དེ་བཞིན་གཤེགས་པ་ཆེད་དུ་བརྗོད་པ་མཛད་པ་དང༌། དེ་བཞིན་ཉིད་ལ་གནས་ཤིང་བྱང་ཆུབ་པའོ། །བྱེད་པའི་རྣམ་རྟོག་ནི་དེ་བཞིན་ཉིད་ཀྱང་མེད་དེ་དེ་ལས་གཞན་པ་མེད་ན། དེ་བཞིན་ཉིད་ལ་གནས་ནས་སངས་རྒྱས་ནས་ཆོས་བསྟན་ནས་ལུང་སྟོན་པ་གང་ཡང་མེད་དོ། །ཆགས་པ་མེད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།ལས་སུ་བྱ་བའི་རྣམ་རྟོག་ནི་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་ཆོས་སྟོན་པས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཡང་མེད་ན་སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་ལྟ་ཅི་སྨོས། འབྲས་བུའི་རྣམ་པར་རྟོག་པ་ནི་འཕགས་པ་རབ་འབྱོར་གྱིས་གནས་པ་དེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཆར་ཡང་མི་ཕོད་དོ། །དེ་ལ་དགེ་སློང་བརྒྱ་དྲུག་ཅུ་ཙམ་མཆོད་པ་ཕུལ་ནས་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་དངོས་ལ་དྲུག་སྟེ། བྱང་ཆུབ་ཀྱི་རྒྱུ་དང༌། གཞན་ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། བྱང་ཆུབ་ཡིན་པ་དང༌། རྟེན་འབྲེལ་རང་བཞིན་མེད་པ་ལ་ཟད་པ་དང༌། ཡོད་པར་འདོད་པ་ལ་བྱང་ཆུབ་མེད་པ་དང༌། འཁྲུལ་བ་ལ་འཁྲུལ་པར་ངོ་ཤེས་པ་ཡུམ་དུ་ཡུམ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའོ། །བྱང་ཆུབ་ཀྱི་རྒྱུ་གསུམ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །དེ་འཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དེ། སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་གྱི་གནས་དང༌། མིའི་ནང་ནས་ཚེ་འཕོས་པའོ། །དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །སངས་རྒྱས་མངོན་དུ་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱད་པས་ཐེག་པ་འོག་མར་མི་ལྟུང་པའོ། །
ཡོངས་སུ་གཏད་པ་ནི་ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་གཏད་ཀྱི་ཆུད་མ་གསན་པར་ཟུང་ཤིག །འདི་བཟུང་ན་དུས་གསུམ་གྱི་བྱང་ཆུབ་གཟུང་བར་འགྱུར་རོ། །ང་སྟོན་པ་ཡིན་པ་བཞིན་དུ་འདི་ཡང་སྟོན་པ་ཡིན་ནོ། །འདི་ལ་མཆོད་པ་ལ་སོགས་པ་བྱས་ན་དུས་གསུམ་གྱི་སངས་རྒྱས་དང་ང་ལ་མཆོད་པ་བྱས་པ་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལས་འབྱུང་བ་ཡིན་ནོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྤྱད་ཀྱང་ཟད་པར་མ་གྱུར་པ་མཛོད་ཡིན་ནོ། །བསོད་ནམས་མང་བ་ནི་སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས་ཡུམ་ཚིག་འགའ་ཞིག་སྐད་ཅིག་གམ་ཡུད་ཙམ་བྱང་ཆུབ་སེམས་དཔའ་ལ་བྱིན་ན་བསོད་ནམས་ཆེའོ། །གང་ཡང་མཐོང་བ་མེད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མཐོང་བ་ནི་མཐོང་ལམ་བརྡས་བསྟན་པའོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི། དྲི་མ་ཟད་དང་མི་སྐྱེ་བའོ། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོམ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡུམ་ལས་བྱུང་ཡང་ཟད་པར་མ་གྱུར་ཏེ། བསམ་གཏན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་ཅིས་ན་སྐྱེ་བའང་མེད་ན་ཟད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡོངས་སུ་གཏད་པའི་ལེའུ་སྟེ་ང་གཅིག་པའོ།། །།རྟེན་འབྲེལ་རང་བཞིན་མེད་པ་ལ་ཟད་པ་དང་སྐྱེ་བ་མི་འཐད་པ་ནི། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །ཅེས་པ་ནི་གཟུགས་ནས་རྟེན་འབྲེལ་གྱི་བར་དུ་མི་ཟད་པ་དང་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡོད་པར་འདོད་པ་ལ་གྲོལ་བ་མི་འཐད་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་བརྩིས། །ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་ཟད་པ་མེད་པ་མ་རྟོགས་པས་ཕྱིར་ལྡོག་པའོ། །འཁྲུལ་པ་མེད་པ་ལ་འཁྲུལ་བར་ངོ་ཤེས་པའི་ཡུམ་ནི། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་
མཐོང་ན་རྣམ་པར་གྲོལ། །ཞེས་པས། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས། བྱེད་པའི་སྐྱེས་བུ་བཅུ་གཉིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་པ་དང་མི་རྟག་པ། བདེ་བ་དང་སྡུག་བསྔལ། བདག་དང་བདག་མེད། ཞི་བ་དང་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཅིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཡང་དག་པར་རྗེས་སུ་མི་མཐོང༌། །ཆོས་གང་གིས་མཐོང་བར་གྱུར་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །མི་ཟད་པའི་ལེའུ་སྟེ་ལྔ་བཅུ་གཉིས་སོ།། །།ཡུམ་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་ནི། སྦྱིན་པ་ལ་སོགས་རེ་རེ་ལ། །དེ་དག་ཕན་ཚུན་བསྡུས་པ་གང༌། །སྐད་ཅིག་གཅིག་གིས་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་དྲུག་དྲུག་གོ །སྐབས་འདིར་བསྒོམ་ལམ་གྱི་ཏིང་ངེ་འཛིན་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་ཞེས་པ་ལ་སོགས་སོ། །ཐོད་རྒལ་གྱི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།ལེའུ་འདི་ནས་མཐོང་ལམ་གྱི་རྟོག་པ་དགུ་གསུམ་བསྒོམ་ལམ་གྱི་རྟོག་པ་དགུ་བཞི་སྟོན། དེ་ལ་མཐོང་ལམ་གྱི་ལྡོག་པའི་ཕྱོགས་ཀྱི་རྟོག་པ་ནི། སྲིད་དང་ཞི་བར་ལྟུང་ཕྱིར་དང༌། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལམ་གྱི་རྣམ་པ་མ་ཚང་དག །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེ་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང༌། །ཞེས་པ་ལ། །སྲིད་དང་ཞི་བར་མི་ལྟུང་བ་ནི་ཉི་མའི་དཀྱིལ་འཁོར་ནི་གླིང་བཞི་ལ་མཐུན་པར་འཇུག་གོའི་དཔེ་དང༌། རྟོགས་པ་དམན་པ་ཉིད་ནི་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་ཐོབ་པའི་དཔེ་དང༌། །ཡོངས་སུ་འཛིན་པ་མེད་པ་ནི་ཁྱིམ་ཐབ་མེད་པའི་བུད་མེད་འཕྱོན་མ་རྣམས་ཀྱིས་ཚོགས་པའི་དཔེ་དང༌། ལམ་གྱི་རྣམ་པ་མ་ཚང་བ་ནི་གོ་མཚོན་ཚང་པའི་དཔའ་བོ་གཞན་གྱིས་མི་ཐུབ་པའི་དཔེ་དང༌། གཞན་གྱི་རྐྱེན་གྱིས་འགྲོ་བ་ནི་མཁར་གྱི་རྒྱལ་པོ་རྣམས་འཁོར་ལོས་སྒྱུར་བའི་དྲུང་དུ་ནང་ནུབ་འགྲོ་བའི་དཔེ་དང༌། ཆེད་དུ་བྱ་བ་ལོག་པ་ནི་ཆུ་རྣམས་གང་གཱ་དང༌། འགྲོགས་ན་རྒྱ་མཚོ་ཆེན་པོ་རྡོལ་བའི་དཔེ་དང༌། ཉི་ཚེ་བ་ནི་ཐབས་རྐྱང་པ་
ལག་པ་གཡོན་པ་དང་འདྲ་བའི་དཔེ་དང༌། སྣ་ཚོགས་ཉིད་ནི་ཆུ་ཀླུང་རྣམས་རྒྱ་མཚོར་ཕྱིན་ན་རོ་གཅིག་ཏུ་འགྱུར་བའི་དཔེ་དང༌། གནས་དང་འཇུག་ལ་རྨོངས་པ་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོའི་རྗེས་སུ་རིན་པོ་ཆེ་སྣ་བདུན་འབྲང་བའི་དཔེ་ཡུམ་གྱི་རྗེས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་འབྲང་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ། འཛིན་པ་དང་ནི་གཏོང་བ་དང༌། ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་པ་དང༌། །གནས་དང་མངོན་པར་ཞེན་པ་དང༌། །ཆོས་ཀྱི་དངོས་པོ་བཏགས་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པ་ལ། འཛིན་པ་དང་གཏོང་བའི་རྣམ་པར་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་མི་འཛིན་མི་གཏོང་ངོ༌། །ཡིད་ལ་བྱེད་པའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིད་ལ་མི་བྱེད་དོ། །ཁམས་གསུམ་དང་ཉེ་བར་འབྲེལ་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིད་ལ་བྱས་ན་ཁམས་གསུམ་དང་འབྲེལ་ལོ། །གནས་ཀྱི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་སོ། །མངོན་པར་ཞེན་པའི་རྟོག་པ་ཆོས་དེ་རྣམས་ལ་མ་ཆགས་པའོ། །ཆོས་ཀྱི་དངོས་པོ་བཏགས་པའི་རྟོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེས་ཆོས་ཐམས་ཅད་སྒྲུབ་པ་དང༌། དེས་ཆོས་འཛིན་པར་མ་བཏགས་པའོ། །ཆགས་པའི་རྟོག་པ་ནི་དེ་ཚོའི་སྐྱོན་མེད་པའོ། །གཉེན་པོའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུགས་ཤེའམ། འདི་ནི་གཟུགས་སོ་ཞེའམ། རྟག་པ་དང་མི་རྟག་པ་དང༌། བདེ་བ་དང་སྡུག་བསྔལ་བ་དང༌། བདག་ཡོད་མེད་དང༌། ཞི་བ་དང་མ་ཞི་བ་དང༌། སྟོང་པ་དང་མི་སྟོང་པ་དང༌། མཚན་མ་ཡོད་པ་དང་མཚན་མ་མེད་པ་དང༌། སྨོན་པ་ཡོད་མེད་དང༌། དབེན་པ་དང་མི་དབེན་ཞེས་བྱ་བར་མི་རྟོག་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྟོག་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་ནི་གང་དང་གང་འགྲོ་བ་དེ་དང་དེར་དཔུང་ཚོགས་འགྲོ་བ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་རྗེས་སུ་འབྲང་ངོ༌། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་ལ་ལམ་མིན་ངེས་འཛིན་དང༌། །འགག་དང་བཅས་པའི་
སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། །གནས་དང་རིགས་ནི་འཇིག་པ་དང༌། །དོན་དུ་གཉེར་དང་རྒྱུ་མེད་དང༌། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པ་ལ། ཆེད་བཞིན་དུ་ངེས་པར་མི་འབྱུང་བའི་རྟོག་པ་ནི། ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ནས་ལམ་མཉམ་པ་ནས་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཁ་ལོ་བསྒྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནས་འགྲོའོ། །ལམ་ལ་ལམ་མ་ཡིན་པར་ངེས་པ་འཛིན་པའི་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལམ་ལ། ཉན་རང་ནི་ལམ་མ་ཡིན་པའོ། །འགག་དང་བཅས་པའི་སྐྱེ་བ་ནི་ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱོད་པའོ། །དངོས་པོ་དང་ལྡན་པ་དང་མི་ལྡན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་དང་མི་ལྡན་པའི་ཚུལ་གྱིས་ཡུམ་ལ་སྤྱོད་པའོ། །གནས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་པའོ། །རིགས་འཇིག་པ་ནི་ཤིང་ཐོག་ཨ་མྲའམ་བ་ན་ཟ་བར་འདོད་པས་དེའི་སོ་ནམ་བྱེད་པའི་དཔེས་བྱང་ཆུབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །དོན་དུ་གཉེར་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའོ། །རྒྱུ་མེད་པ་ནི་རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའི་དཔེས་ཆོས་ཐམས་ཅད་ཀྱི་སྒོ་ཤེས་རབ་ཕ་རོལ་ཕྱིན་མའོ། །ཕྱིར་རྒོལ་བ་དམིགས་པའི་རྟོག་པ་ནི་སྐྱེས་བུ་གོ་མཚོན་ཚང་བ་ཕས་ཀྱི་རྒོལ་བས་མི་ཚུགས་པའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཟིན་ན་གཞན་གྱིས་མི་འཕྲོགས་པའོ།། །།བསྒོམ་ལམ་གྱི་རྣམ་པར་རྟོག་པ་བཞི་ལས་དང་པོ་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་བཟུང་དང༌། །དུས་གསུམ་ཡོན་ཏན་མེད་པ་དང༌། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བ་རྣམས་ཀྱི་སྤྱོད་ཡུལ་ཅན། །ཞེས་པ་ལ། མདོར་བསྡུས་པ་དང་རྒྱས་པའི་རྣམ་པར་རྟོག་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ནས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་བཞིན་ཉིད་སྐྱེ་བ་མེད་པ་འགག་པ་མེད། གནས་པ་མེད་འདུ་འབྲལ་
མེད་པ་ཤེས་པའོ། །འགྲེའོ། །བསྟང་བས་ཡོངས་སུ་མ་བཟུང་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ལ་སངས་རྒྱས་ཀྱི་དགོངས་པ་མཛད་དོ། །དུས་གསུམ་ཡོན་ཏན་མེད་པ་ནི་གཟུགས་ལ་སོགས་པ་སྟོང་ཞེས་བྱ་བ་ལ་སོགས་པའོ། །ལེགས་པའི་ལམ་ནི་རྣམ་གསུམ་ནི་དེ་ལྟར་ཡུམ་ལ་སློབ། གནས། དེ་ལྟར་སྒོམ་པའོ། །གཟུང་རྟོག་གཉིས་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིད་བྱེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པ་ལ། སེམས་མི་བསྐྱེད་པ་ནི་སེམས་དང་པོ་བསྐྱེད་པ་དང་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ། ཐེག་པ་དམན་པ་ཡིད་ལ་བྱེད་པ་ནི་ཉན་རང་གི་ཡིད་ལ་བྱེད་པ་དང་བྲལ། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བ། བསྒོམ་དང་སྒོམ་པ་མེད་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པས་བྱང་ཆུབ་མི་ཐོབ། ཇི་བཞིན་དོན་མ་ཡིན་པའི་རྟོག་པ་ནི་ཡིད་ལ་བྱེད་པ་མེད་པ་བྱང་ཆུབ་ཐོབ་པའོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་ནི། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང་པོ་སྟེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་པ་ལ། སེམས་ཅན་བཏགས་པའི་སྤྱོད་ཡུལ་ནི་སེམས་ཅན་ལ་སོགས་པར་མ་བཏགས་པ་དང༌། ཆོས་བཏགས་པ་དང་ནི་གཟུགས་ལ་སོགས་པ་ལ་འཕེལ་འགྲིབ་པ་མེད་པར་ཆོས་སུམ་བཏགས་པ་དང༌། སྟོང་པ་མ་ཡིན་པ་ཉིད་ནི་གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ལ་སོགས་པ་དང༌། ཆགས་དང་ནི་ས་བཅུ་ལ་མ་ཆགས་པ་དང༌། རབ་ཏུ་འབྱེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རབ་ཏུ་དབྱེ་བ་མེད་པ་དང༌། དངོས་པོར་བྱེད་དང་ནི་སངས་རྒྱས་ནས་སེམས་ཅན་ཡོངས་སུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དངོས་པོ་མེད་པ་དང༌།
ཐེག་པ་གསུམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་མ་གཟིགས་པ་དང༌། ཡོན་དག་པ་མ་ཡིན་པ་ནི་སངས་རྒྱས་དང་དེའི་སྤྲུལ་པ་ལ་ཡོན་གནས་ཁྱད་མེད་པ་དང༌། སྤྱོད་པ་རྣམ་པར་འཁྲུགས་པའི་རྟོག་པ་ནི་ཆོས་ཉིད་རྣམ་པར་མི་འཁྲུགས་པའོ། །འཛིན་པའི་རྣམ་པར་རྟོག་པ་ཐ་མ་ནི། ཐམས་ཅད་མཁྱེན་ཉིད་གསུམ་དག་གི །བདག་ཉིད་ཇི་བཞིན་སྒྲིབ་ལམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་པ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་ལ། ཐམས་ཅད་ཤེས་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པ་དང༌། ལམ་ཤེས་པ་ནི་ལམ་གསུམ་རྫོགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པ་དང༌། སྒྲིབ་པ་རྣམ་གསུམ་ནི་འཕགས་པའི་གང་ཟག་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་མེད་བག་ལ་ཉལ་ལ་ཕྱེ་བའོ། །ཞི་ལམ་ནི་རྒྱུན་ཞུགས་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་དད་ཀྱི་དོན་གྱི་རྗེས་སུ་ཞུགས་པ་ལ་དབྱེ་བ་མེད། དེ་བཞིན་ཉིད་སོགས་ནི་དེ་བཞིན་ཉིད་དང་ཆོས་ཉིད་ལ་སོགས་པ་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། མི་མཉམ་སྡུག་བསྔལ་ལ་སོགས་ནི་འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་དུ་ཤེས་པའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དུ་གསུམ་ནི་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་དོ། །གཉིས་སུ་མེད་ལ་ཀུན་རྨོངས་ནི། གཉིས་དང་གཉིས་མ་ཡིན་པས་བྱང་ཆུབ་མི་ཐོབ། དེའི་མཇུག་བསྡུ་བ་མགོན་པོས་གསུངས་པ་ནི། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་པ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡིན། །ཞེས་པ་ནི་རྣམ་པར་རྟོག་པ་རིམས་ནད་དང་འདྲ་བ་ཟད་ནས་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིས་བརྒྱན་པ་བཞིན་དུ་བདེ་བ་སྒྲུབ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་ངོ༌། །ཆོས་གཉིས་ཀྱི་ཞུ་བ་མང་པོའི་ལེའུ་སྟེང་བཞི་པའོ།། །།ལེའུ་འདི་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་ཞུས་ལན་གསུམ། ལོག་སྒྲུབ་ཀྱི་གཞི་ལས། སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཅེས་པ་ལ། རབ་འབྱོར་གྱིས་གསོལ་པ། ཡུམ་
ཡང་ཟབ་བྱང་ཆུབ་ཏུ་སེམས་བསྐྱེད་པའང་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཞི་མ་མཆིས་པ་ལ་ལྗང་བུ་སྐྱེད་པར་འཚལ་བ་བཞིན་ནོ། །བཀའ་སྩལ་པ། སེམས་ཅན་མེད་པར་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ནི་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ན། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་ལ་སོགས་པ་མ་དམིགས་པར་འདབ་མ་དང་འབྲས་བུ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས་ཅན་རྣམས་ངན་སོང་གསུམ་ལས་བཏོན་ནས་མངོན་མཐོ་དང་ངེས་ལེགས་ལ་སོགས་པ་ལ་འགོད་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པས་དེ་བཞིན་གཤེགས་པར་བརྗོད་དོ། །བསོད་ནམས་ཀྱི་ཁྱད་པར་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོགས་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་བ་སྤེལ་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །འདི་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་འཕགས་པ་ཉན་རང་ལ་བཀོད་པ་བས། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་དགེ་བ་ཁྱད་པར་དུ་འཕགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་བར་གཞན་གྱིས་མཆོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ། རབ་ཏུ་སྨྲ་བ་རྒོལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དངོས་པོ་མེད་ན་འདི་ལྟར་མི་འཐད་དོ་ཞེས་ནས་རྒོལ་བ་ནི། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། །དམ་པའི་དོན་དང་ཀུན་རྫོབ་དང༌། །སྐྱོར་དང་དཀོན་མཆོག་གསུམ་པོ་དང༌། །ཐབས་བཅས་ཟུབ་ཐུབ་པའི་རྟོགས་པ་དང༌། །ཕྱིན་ཅི་ལོག་ནི་ལམ་བཅས་དང༌། །གཉེན་པོ་མི་མཐུན་ཕྱོགས་དག་དང༌། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོགས་པ། །རྣམ་པ་ཀུན་མཁྱེན་ཉིད་བརྟེན་ནས། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་པ་ལ།
དམིགས་པ་ནི་རབ་འབྱོར་གྱིས་སྨྲས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མ་མཆིས་པ་ལགས་སམ་གྱི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མེད་པ་དེ་ཉིད་དམིགས་པའོ། །ངོ་བོ་ཉིད་ངེས་པ་ནི་རབ་འབྱོར་གྱིས་གསོལ་པ། །ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་སེམས་དང་པོ་བསྐྱེད་པ་ཐབས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་དངོས་པོ་མེད་པ་དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ནི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མི་འཐད་ཞུས་པའི་ལན། ཡུམ་ལ་སྤྱོད་པའི་ཚེ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཀྱང་མི་རྟོག་མཚན་མར་མི་བྱེད་པ་དེ་དངོས་པོ་ཡོད་པའམ་དངོས་པོ་མེད་པ་ཡིད་ལ་མི་བྱེད་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་ཐམས་ཅད་དངོས་པོ་མེད་ན་བདེན་པ་གཉིས་མི་འཐད་དོ་ཞུས་པའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་དེ་ཀ་དངོས་པོ་མེད་པ་ནི་དོན་དམ་མོ། །ཡང་དག་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།གསོལ་པ། བྱང་ཆུབ་ཀྱི་སྤྱོད་པ་གང་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ཞེས་བྱ་བར་སྤྱོད་དེ། ཅི་ནས་བློ་རྣམ་པ་གཉིས་སུ་མི་འགྱུར་བ་ནི་སྦྱོར་བའོ། །ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སངས་རྒྱས་མི་འཐད་དོ་ཞུས་པའི་ལན། ཆོས་ཐམས་ཅད་དངོས་པོ་མེད་པར་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ། །ཆོས་དཀོན་མཆོག་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་འགག་དང་འཁོར་འདས་མ་མཆིས་པར་འགྱུར་རོ་ཞུས་པའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་འགག་མེད་པ་ལ་སོགས་པ་དེ་ཉིད་ཆོས་ཡིན། དེ་ཅིས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་ལ་སྤྱོད་པས་ན་དགེ་ལྔ་བཅུ་བདུན་པའོ།། །།ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་མི་དགེ །དགེ་འདུན་ནི་དགེ་བའི་བཤེས་གཉེན་གྱིས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་རྟོགས་ནས་བསྙེན་བཀུར་བའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་
ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།ཐབས་བཅས་ནི་སྦྱིན་པས་སེམས་ཅན་རྣམས་སེར་སྣ་ལས་ཟློག་པའོ། །སྦྱིན་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་མི་དགེ་བ་ལས་ཟློག་པའོ། །ཕ་རོལ་ཏུ་ཕྱིན་པ་བཞིས་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཞི་ལ་སྤྱོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་ཀྱི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།ཐུབ་པའི་རྟོགས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་ལས་མི་གཡོ་བས་དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བཞིས་བྱང་ཆུབ་མི་ཐོབ་པར་སྤྲོས་པ་མེད་པ་ནི་ཐུབ་པའི་རྟོགས་པའོ། །ཕྱིན་ཅི་ལོག་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་ལ་སོགས་པ་སྤྲོས་པ་ཡིན་པས་དེ་ཚོ་ནི་བྱང་ཆུབ་སེམས་དཔའ་མི་སྤྲོའོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་སྤྲོར་མེད་པ་སྟེ་དངོས་པོ་མེད་པའི་ཕྱིར་རོ། །ལམ་བཅས་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་རྒྱུན་ཞུགས་ལ་སོགས་པ་འཕགས་པའི་གང་ཟག་རྣམས་ཇི་ལྟར་མཆིས་པ་ལགས་ཀྱི་ལན། ཆོས་ཉིད་བརྩན་པར་བྱས་ནས་རྒྱུན་ཞུགས་ལ་སོགས་པའི་ལམ་དངོས་པོ་མེད་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ལ་བསླབ་པར་བྱའོ། །གཉེན་པོ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཇི་ལྟར་བསླབ་པར་བགྱིའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ལ་སོགས་པར་ཤེས་པ་ནི་བྱང་ཆུབ་ཀྱ་ཕྱོགས་སོ། །མི་མཐུན་པའི་ཕྱོགས་ནི་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་བ་གང་ལགས་ཀྱི་ལན། འཕགས་པའི་གང་ཟག་རྣམས་ལ་ཉོན་མོངས་པ་རྣམས་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ནི་འཕགས་པའི་ཆོས་འདུལ་བའོ། །མཚན་ཉིད་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་མ་མཆིས་པར་འགྱུར་རོའི་ལན། མཚན་ཉིད་མེད་པར་ཤེས་པ་དེ་ཉིད་ཡུམ་ལ་སྤྱོད་པའི་མཚན་ཉིད་དེ། སྔར་མཚན་ཉིད་གཅིག་མེད་པ་ཡོད་པར་འགྱུར་བ་མེད་དོ། །སྒོམ་པ་ནི་ཆོས་ཐམས་ཅད་
མཚན་ཉིད་མ་མཆིས་དངོས་པོ་མ་མཆིས་ན་སྒོམ་པ་མ་མཆིས་པར་འགྱུར་རོའི་ལན། སྒོམ་པ་མ་མཆིས་པ་དེ་ཉིད་སྒོམ་པ་ཡིན་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་མི་སྒོམ་པ་རྣམ་པར་སྒོམ་པའོ། །ཇི་ལྟར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །དངོས་པོ་གང་ཞེ་ན། མིག་དང་གཟུགས་ནས་སངས་རྒྱས་དང་བྱང་ཆུབ་ཀྱི་བར་གཉིས་ནི་དངོས་པོའོ། །དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པ་ལ་སོགས་པ་མེད་དོ། །ཐ་ན་མཐུན་པའི་བཟོད་པ་ཡང་མེད་ན་གཟུགས་ལ་སོགས་པ་ཡོངས་སུ་ཤེས་པ་ལྟ་ཅི་སྨོས། །རྣམ་འཕེལ་གྱི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།མཐར་གྱིས་པ་ནི། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་རིམ་གྱིས་སློབ་པའོ། །རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་ལ་ཕུང་པོ་ལྔ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང༌། ཆོས་དགེ་མི་དགེ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང༌། དགེ་འདུན་སྐྱེས་བུ་ཟུང་བཞི་དང་གང་ཟག་བརྒྱད་དུ་ཡིད་ལ་མི་བྱེད་པ་དང༌། ཚུལ་ཁྲིམས་ལུས་ངག་ཡིད་གསུམ་དུ་ཡིད་ལ་མི་བྱེད་པ་དང༌། གཏོང་ལ་ལོངས་སྤྱོད་ལ་སོགས་པར་ཡིད་ལ་མི་བྱེད་པའོ། །ལྷ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷར་ཡིད་ལ་མི་བྱེད་པའོ། །དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་རྗེས་སུ་དྲན་པ་དྲུག་གོ །ཆོས་ཐམས་ཅད་དངོས་པོ་མེད་པར་ཡིད་ལ་མི་བྱེད་པ་དང་བཅུ་གསུམ་མོ། །མཐར་གྱིས་པའི་ལེའུ་སྟེ་དྲུག་བཅུ་པའོ།། །།སྐད་ཅིག་མའི་བཞི་ལས། དངོས་པོ་མེད་པའི་སྐད་ཅིག་མ་ནི། སྦྱིན་པ་ལ་སོགས་རེ་རེ་ཡིས། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་དེ་ནི་ཤེས་པར་བྱ། །ཞེས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའོ། །དཔེ་ནི་མགོན་པོས། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུན། །རྡོགས་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤོས་དེ་བཞིན་ནོ། །དམིགས་
པ་མེད་པའི་སྐད་ཅིག་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཤེས་བྱ། །ཞེས་པ་ནི་ཆོས་ཐམས་ཅད་མཚན་མ་མེད་པ་བྱེད་པ་མེད་པ་དམིགས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པའོ། །མཚན་མ་མེད་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།མཚན་ཉིད་མེད་པའི་སྐད་ཅིག་མ་ནི། །སྦྱིན་ལ་སོགས་ལ་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་ཀུན་མཚན་ཉིད་མེད་པར་ནི། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི་རྨི་ལམ་ལ་སོགས་པ་ལ་མཚན་ཉིད་མེད་དོ། །གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པར་ནི། །སྐད་ཅིག་མ་ནི་གཅིག་གིས་མཐོང༌། །ཞེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི་མི་མཐོང་རྨི་ལམ་རྨི་བ་པོ་མི་མཐོང་ཞེས་པ་ལ་སོགས་པས་བསྟན། ངོ་བོ་ཉིད་ཀྱི་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་མེད་ཆོས་ཀུན་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་དག་ཡིན། །དེ་དག་རང་གི་མཚན་ཉིད་ཅན། །ཞེས་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་མ་བཅོས་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུའོ། །མཚན་ཉིད་མེད་པའི་ལེའུ་སྟེ་དྲུག་བཅུ་གཉིས་པའོ།། །།ལེའུ་འདི་ནས་འགྲོ་རྣམས་ཞི་བ་དང༌། བསྡུ་བའི་དངོས་པོ་བཞི་སྟོན་པ་ནི་ཞུས་ལན་དྲུག །ཕྱོགས་བསྐོར་བདུན། བསྡུ་བའི་དངོས་པོ་བཞི་སྟེ་བཞི་བཅུ་སྟོན་པ་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡིས། །རྣམ་པར་བྱང་བ་རྟོགས་པ་དང༌། །བདག་ཉིད་ཇི་བཞིན་སེམས་ཅན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང༌། །བརྡ་དང་དམིགས་པ་མེད་
པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཀག་པ་དང༌། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤོངས་པ་དང༌། །དེ་བཞིན་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་དང་ནི་འདུས་མ་བྱས། །ཐ་དད་ཉིད་དུ་མི་མཐོང་དང༌། །མྱ་ངན་ལས་འདས་ལ་འགོད་པ་ནི། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ཏེ། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་ལས། དང་པོ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དངོས་པོ་མ་མཆིས་པ་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་མི་འཐད་དོ་ཞུས་པའི་ལན། ཆོས་ཐམས་ཅད་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིན་ཡང༌། བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་ནས། རྨི་ལམ་མཐོང་ངོ་རྨི་ལམ་རྨི་བ་པོ་ཡང་མཐོང་ངོ་ལ་སོགས་ཏེ། དགེ་མི་དགེའི་ལས་ཀྱིས་འགྲོ་དྲུག་གི་སྣང་བ་ཤར་བས་བྱང་ཆུབ་སེམས་དཔའ་དོན་མཛད་དོ། །གཉིས་པ་རབ་འབྱོར་གྱིས་སྨྲས་བ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སེམས་ཅན་གྱི་དོན་མཛད་པ་ནི་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ལ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་གྱི་དོན་མཛད་པ་ནི་ངོ་མཚར་རྨད་ཀྱི་ཆོས་སོ། །གསུམ་པ་རབ་འབྱོར་གྱིས་གསོལ་པ། ཉན་རང་ལ་མ་མཆིས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ། །ཕྱོགས་བསྐོར་བདུན་ནི། ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གཟིགས་ན། བྱང་ཆུབ་སེམས་དཔའ་རྣམས་ཆེད་དུ་བསམས་ནས་ཕྱོགས་བཅུའི་དམྱལ་བ། ཕྱོགས་བཅུའི་དུད་འགྲོ། ཕྱོགས་བཅུའི་ཡི་དགས། ཕྱོགས་བཅུའི་འདོད་ལྷ། ཕྱོགས་བཅུའི་གཟུགས་ཁམས་ཀྱི་ལྷ། ཕྱོགས་བཅུའི་མི་རྣམས་ཀྱི་དོན་བྱེད་པ་མཐོང་ངོ༌། །བསྡུ་བ་བཞི་ནི་ཟང་ཟིང་གི་སྦྱིན་པ་དང༌། ཆོས་
ཀྱི་སྦྱིན་པ་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་ཆོས་སྐུ་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་ལོངས་སྐུ་དང༌། ཡི་གེས་ཡི་གེ་མེད་པའི་དོན་རྟོགས་པར་གྱིས་ཤིག་ཅེས་པ་ཡན་ཆོད་ཆོས་ཀྱི་སྦྱིན་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་པ་ནི་སྙན་པར་སྨྲ་བ་དང༌། དེ་དྲུག་གི་དོན་ལ་དོན་སྤྱོད་པ་ནི་དོན་སྤྱོད་པ་དང༌། དེ་དྲུག་དང་མི་འགལ་བ་ནི་དོན་མཐུན་པའོ། །སྤྲུལ་པའི་སྐུའི་ཞུས་ལན་གསུམ་ནི་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན། བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་མཁྱེན་གྱི་བར་ལ་སྤྱད་དེ། སེམས་ཅན་ལ་ཆོས་སྟོན་པ་ལགས། སྟོང་པ་ལ་ནི་སེམས་ཅན་མ་མཆིས། སེམས་ཅན་མ་མཆིས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་མཆིས་ལགས་སོ་ཞུས་པའི་ལན། སེམས་ཅན་མེད་པས་སྟོང་པ་བཅོ་བརྒྱད་དུ་རིག་པར་བྱའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བདག་ཉིད་ཀྱིས་སྟོང་པ་རིག་ནས་གཞན་ལ་སྟོང་པ་ཉིད་དུ་སྟོན་ཏེ། དཔེར་ན། སངས་རྒྱས་ཀྱི་སྤྲུལ་པས་སྤྲུལ་པ་མང་པོ་སྤྲུལ་ཏེ། ལ་ལ་སྦྱིན་པ་ནས་ལ་ལ་རྣམ་མཁྱེན་གྱི་བར་ལ་བཀོད་ན་གང་ཡང་བཀོད་པ་ཡོད་སྙམ་མམ། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་བཅིངས་མ་གྲོལ། མ་བཅིངས་མ་གྲོལ་བ་གང་ཡིན་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་མ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་ཤེས་ན་ཆོས་ཀྱི་དབྱིངས་ལ་འགལ་བ་མེད་དོ། །གནོད་པ་མེད་དོ། །ཞུས་ལན་གཉིས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ན། ལས་རྒྱུ་འབྲས་མི་འཐད་དེ། ཆོས་ཀྱི་དབྱིངས་ལ་རྣམ་པར་དག་པ་མ་མཆིས་པའི་སླད་དུའོ་ཞེས་པ་ལ། བཀའ་སྩལ་པ། ལས་རྒྱུ་འབྲས་ཀུན་རྫོབ་ཏུ་གསུངས་ཀྱི། དོན་དམ་པར་མ་ཡིན་ནོ། །ཞུས་ལན་གསུམ་པ་བསྒོམས་པ་དང་མ་བསྒོམས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འཕགས་པའི་གང་ཟག་ཆར་ཕྱེ་ནས་བསྟན་པ་མ་ཡིན་ན། ཀུན་སྦྱོར་གསུམ་སྤངས་པའི་ཕྱིར་རྒྱུན་ཞུགས་
ཐོབ་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རྟོགས་པར་བགྱི་ཞུས་པའི་ལན། རྒྱུན་དུ་ཞུགས་པ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་མཚན་ཉིད་མེད་པར་ཁོང་དུ་ཆུད་པའི་ཚེ། བདག་ཉིད་དགེ་བའི་ལམ་ལ་སྤྱོད་ཅིང་གཞན་མ་ལ་འགོད་པའི་དཔེ་ནི་སྤྲུལ་པ་དེ་དགེ་བ་སྤྱོད་ཀྱང་དེའི་རོ་མྱང་བ་ནི་མེད་དོ། །མཚན་དཔེའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།ལེའུ་འདི་ནས་ཀུན་ནས་ཉོན་མོངས་པས་རྣམ་པར་བྱང་བ་རྟོགས་པ་དང༌། བདག་ཉིད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན་ལས་དང་གཉིས་ལས། དང་པོ་ལ་གསུམ་ནི། རབ་འབྱོར་གྱིས་གསོལ་པ། ཇི་ལྟར་ཆོས་རྣམས་མཚན་ཉིད་མེད་པར་རྟོགས་ལགས། ལན་སྤྲུལ་པ་ནི་ཉོན་མོངས་པ་དམིགས་པ་བཅུ་གཅིག་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་པ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གང་ལ་ཡང་མི་སྤྱོད་ན་ཆོས་ཀྱི་ཚུལ་རྟོགས་པ་ཡིན་ནོ། །གཉིས་པ་གསོལ་པ། ཕུང་པོ་ལྔ་སྤྲུལ་པ་ལྟ་བུ་ལགས་ན། སྤྲུལ་པ་ལ་ནི་ཕུང་པོ་ལྔ་ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་འགྲོ་བ་ལྔ་མ་མཆིས་ན་ཇི་ལྟར་བྱང་ཆུབ་སེམས་དཔའི་མཐུར་འགྱུར་ལགས། ལན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱོད་པའི་ཚེ། འགྲོ་བ་ལྔ་ལ་སོགས་པ་ལ་དམིགས་ཏེ། སྤྲུལ་པ་ལྟ་བུར་ཤེས་སོ། །མཐོང་ངོ༌། །རྟོགས་སོ། །གསོལ་པ་སྤྲུལ་པ་ལྟ་བུར་རྟོགས་ལགས་ན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་དག་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས། ལན་གལ་ཏེ་སེམས་ཅན་རྣམས་རང་རང་གིས་སྤྲུལ་པ་ལྟ་བུར་མ་ཤེས་པའི་དོན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་དོ། །གསུམ་པ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་པ་ལགས་ན་སེམས་ཅན་རྣམས་ཅི་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཡུམ་ལ་སྤྱོད་ཅིང་སེམས་ཅན་རྣམས་གྱེན་དུ་བསྐྱོད་པ་ལགས། ལན་སེམས་ཅན་རྣམས་ནི་མིང་དང་མཚན་མ་མེད་པ་ལ་ཞེན་པ་ལགས། དེའི་ལོག་རྟོགས་འགེགས་པའོ། །བདག་ཉིད་ཇི་བཞིན་སེམས་ཅན་གྱི་དོན་བྱེད་པ་ལ་གཉིས་ལས་དང་པོ་གསོལ་པ། ཆོས་ཐམས་ཅད་མིང་དང་མཆན་མར་བས་ལ། ཆོས་སུ་རྟོགས་པ་ལས་བྱུང་བ་ལགས་ན་བྱང་ཆུབ་སེམས་དཔའ་
ཡུམ་ལ་སྤྱོད་པའི་ཚེ། བདག་གཞན་དགེ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལགས། ལན་ཐལ་བ་ནི་གལ་ཏེ་དངོས་པོའམ་དངོས་པོའི་མཚན་མ་གཅིག་ཡོད་ན་ནི། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། བདག་གཞན་དགེ་བ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལ་སྦྱོར་བར་མི་འགྱུར་བར་ཐལ་བ་ལས། ལྡོག་པ་དངོས་པོ་དང་དངོས་པོའི་མཚན་མ་མེད་པས་ན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རང་རྫོགས་པར་བྱས་ནས་གཞན་དགེ་བ་ལ་སྦྱོར་ཏེ། གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོ་ཆ་ཤས་བཞག་པ་ཙམ་ཅིག་ཡོད་ཀྱང་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པ་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པར་སངས་རྒྱ་བར་མི་འགྱུར་ཏེ། སེམས་ཅན་རྣམས་ཀྱང་འཇོག་པར་མི་འགྱུར་བར་ཐལ་བ་ལས། དེ་ལས་ཟློག་པའི་ཕྱིར་རོ། །གསོལ་པ་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་ལ་སོགས་པ་ལགས་ན། འདི་དག་ནི་དམིགས་པ་བཅུ་གཅིག་འཕགས་པའི་གང་ཟག་གོ་ཞེས་ཇི་ལྟར་འབྲང་བར་བགྱིའི་ལན། མཚན་མ་མེད་པ་ལ་ཡང་གཞན་ལ་ཆོས་དེ་རྣམས་ཀྱང་གཞན་ཞིག་ཡིན་སྙམ་མམ། གསོལ་པ་དེ་ལྟ་མ་ལགས་སོ། །མཚན་མ་མེད་པ་ཉིད་དུ་རྒྱུན་དུ་ཞུགས་པ་ལ་སོགས་པ་ཡིན་ནམ། གསོལ་པ་དེ་མ་ལགས་སོ། །རྣམ་གྲངས་དེས་ན་ཆོས་ཐམས་ཅད་མཚན་མ་མེད་པར་རིག་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་དགེ་བའི་རྩ་བ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་ནི་རྣམ་ཐར་སྒོ་གསུམ་ལ་སྤྱོད་པས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སློབ་པ་ཡིན་ནོ། །ཞུས་ལན་གཉིས་པ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་ལ་བསླབས་ན་ཆོས་ཀྱི་དབྱིངས་རྣམ་པར་དཀྲུག་པར་མི་འགྱུར་རམ། ལན་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མེད་པས། དམིགས་པ་བཅུ་གཅིག་ལ་སོགས་པ་ཆོས་ཐམས་ཅད་དབྱེར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །གསོལ་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་
ན། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས། ཇི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མེད་པ་ལ་བསླབ་པར་བགྱི། ཐ་དད་མེད་པ་ལ་ཐ་དད་དུ་བསླབས་ན་ཕྱིན་ཅི་ལོག་ཏུ་མི་འགྱུར་རམ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན། ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་སོ། །དེའི་ལན་གཟུགས་དང་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན་པས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གང་ཡང་མ་མཐོང་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ནས་མིང་མེད་པ་ལ་མིང་གི་བརྡས་སྟོན་ཏེ་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ་ཞེས་བྱ་བར་སྟོན་ཏོ། །དཔེར་ན་སྒྱུ་མ་མཁན་གྱིས་རྫས་ཀྱི་རྣམ་པ་གྱི་ན་ཞིག་ལ་བརྟེན་ཏེ་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་གླང་པོ་ནས་སངས་རྒྱས་ཀྱི་སྐུའི་ཡན་ལག་རྫོགས་པའི་བར་དུ་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་དེ་ལ་ངོ་མཚར་དུ་འཛིན། སྐྱེས་བུ་མཁས་ཤིང་གསལ་བ་མགོ་སྐོར་དུ་གོ །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མ་མཐོང་ཡང༌། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང༌། སེམས་ཅན་མི་དམིགས་པར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་བདག་ཀྱང་སྤྱོད་གཞན་ཡང་སྤྱོད་དུ་འཇུག་ཆོས་ཀྱི་དབྱིངས་དུས་གསུམ་དུ་འགྱུར་བ་མེད་པ་སེམས་ཅན་རྣམས་ལ་སྟོན་ཏོ། །མཉམ་པ་ཉིད་ཀྱི་ལེའུ་སྟེ་རེ་བཞི་པའོ།། །།ལེའུ་འདི་ནས་ཕྲིན་ལས་ལྔ་ལས། དང་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཞུས་པ། སེམས་ཅན་དང་སེམས་ཅན་དུ་གདགས་པ་དམིགས་སུ་མ་མཆིས་ན་སུའི་དོན་དུ་བྱང་ཆུབ་སེམས་དཔའ་ཡུམ་སྒོམ་པ་ལགས། ལན་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ཡང་དག་པའི་མཐའ་ལ་འགོད་པའི་ཐབས་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་ཅིང་དྲུག་པོ་དེ་ཉིད་རང་བཞིན་གྱིས་སྟོང་ཞིང་མི་དམིགས་པའོ། །སངས་རྒྱས་ཀྱི་ལམ་གྱི་མཛད་པ་ནི་དག་བ་ནས་རྣམ་མཁྱེན་གྱི་བར་ལ་བདག་ཉིད་གནས་ཤིང་སེམས་ཅན་གཞན་འགོད་
དོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཛད་པ་ལ་ཞུས་ལན་གཉིས་ལས། དང་པོ་ནི་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་དང་ཆོས་དང་ཆོས་མ་ཡིན་པ་ཡང་མ་དམིགས་ན། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་འཇུག་ལ། ལན་དེ་དེ་བཞིན་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཆོས་དེ་རྣམས་མ་དམིགས་སོ། །གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ་སངས་རྒྱས་ནས་རང་བཞིན་སྟོང་པ་ཉིད་དུ་མི་སྟོན་ཏེ། རབ་འབྱོར་གྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རང་བཞིན་གྱིས་སྟོང་ངོ༌། །དེ་བས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་པ་ཞེས་བྱ་བར་ཆོས་སྟོན་ཏོ། །རང་བཞིན་གྱིས་སྟོང་པ་ཞེས་བྱ་བའི་གོ་བ་ནི་འཇིག་པར་མི་འགྱུར། ཕྱིས་མེད་པར་འགྲོ་བ་མ་ཡིན། འཕེལ་འགྲིབ་མེད། སྐྱེ་འགག་མེད། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་དེ་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་འགྲོ་འོང་མེད་པ་དེ་ལ་གནས་ནས་བླ་ན་མེད་པའི་བྱང་ཆུབ་ལ་འཇུག་པ་མེད་པའི་ཚུལ་གྱིས་འཇུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་མཐོང་ནས། སྒྲིབ་པའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །རང་བཞིན་སྟོང་པ་ཉིད་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་མི་དམིགས་ན། བླ་ན་མེད་པའི་བྱང་ཆུབ་ལ་དངོས་པོར་ཐེ་ཚོམ་ལྟ་ག་ལ་འོང༌། དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་འཁོར་རྣམ་པ་བཞི་ལ་ཆོས་བསྟན་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པ་ཐོབ་པ་མེད་པ་བཞིན་དུ་ཕྱིན་ཅི་ལོག་གི་སྐྱེས་བུ་ཕྱིན་ཅི་མ་ལོག་པ་ལ་འགོད་དོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ། །གང་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་ཕྱིན་ཅི་ལོག་ཏུ་གྱུར་པ་སེམས་ཅན་གྱི་འདུ་ཤེས་གཟུགས་ཀྱི་འདུ་ཤེས་ཟག་པ་དང་བཅས་པའི་འདུ་ཤེས་ལས་འགྲེལ་ཏོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནས་
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དོན་དམ་པ་ནི་མ་ཡིན་ཏེ། འདུས་མ་བྱས་མ་སྐྱེས་པ་འབྱུང་བ་མེད་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། བདག་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ལམ་གྱི་དོན་དུ་བྱང་ཆུབ་ལ་འཇུག་པ་མེད། དེ་ནི་སྔ་ཕྱི་བར་གསུམ་དུ་རང་བཞིན་གྱིས་མི་སྟོད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་ཡོངས་སུ་སྨིན་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་མི་འགྱུར་རོ། །ཞུས་ལན་གཉིས་པ་ནི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང༌། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཡང་ཞེས་འགྲེལ་བར་མི་བགྱིད། གཟུགས་ནས་རྣམ་མཁྱེན་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་ཞེས་བརྗོད་པ་ནི་ངོ་མཚར་ཏོ། །དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན་རང་བཞིན་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། གལ་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་སྟོང་པ་མ་ཡིན་ན་ནི། རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་ནས་སངས་རྒྱས་མི་རྒྱ་བར་ཐལ་བ་ལས། རང་བཞིན་གྱིས་སྟོང་པ་ནི་འཇིག་པའམ་རྟག་ཏུ་གནས་པའམ་འགྲོ་ས་མེད་དེ། གཞན་དུ་ན་འཇིག་རྟེན་རྣམས་ནི་རྨོངས་ཤིང་ཕུང་པོ་ལ་མངོན་པར་ཞེན་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མི་གྲོལ་ལོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ངམ་མི་སྟོང་ཞེས་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ། འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་དོ་ཞེས་རྣམ་པར་འཁྲུག་པར་མི་བྱེད་དོ། །དཔེར་ན་ནམ་མཁའ་ནི་ནམ་མཁའ་འཁྲུག་
པར་མི་བྱེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་སྟོང་པ་ཉིད་འཁྲུག་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱང་དེ་རྣམས་འཁྲུག་པར་མི་བྱེད་དེ། གཉིས་ཀ་དམིགས་སུ་མེད་པའི་ཕྱིར་རོ། །གཉིས་ཟད་ཀྱི་མཛད་པ་ནི། གལ་ཏེ་ཆོས་ཐམས་ཅད་མ་མཆིས་ལགས་ན་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར། གཉིས་སུ་འབྱེད་པ་ལ་ནི་བྱང་ཆུབ་མ་མཆིས་སོ། །ལན་དེ་དེ་བཞིན་ནོ། །གཉིས་ལ་སྤྱོད་པ་ལ་བྱང་ཆུབ་མེད་དོ། །བྱང་ཆུབ་ནི་གཟུགས་ནས་རྣམ་མཁྱན་གྱི་བར་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདག་གམ་བདག་གིར་བྱ་བ་མེད་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བདག་གམ་བདག་གིར་བྱ་བ་མེད་དོ། བྱང་ཆུབ་འཛིན་པ་དང་མི་འཛིན་པ་གོང་ལ་ཡང་མི་སྤྱོད་དོ། །གསོལ་པ་འོ་ན་བྱང་ཆུབ་ཅི་ལ་སྤྱོད་ལགས། ལན་མགོ་བསྒྲེ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་དང༌། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་གང་ལ་སྤྱོད། ལན་དགྲ་བཅོམ་པ་ལ་ཉལ་བ་མ་མཆིས་ན་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་གང་ཡང་མི་སྤྱོད་དོ། །བརྡའི་མཛད་པ་ནི་གསོལ་པ་བྱང་ཆུབ་འཛིན་པ་དང་མི་འཛིན་པ་གང་ལ་ཡང་མི་སྤྱོད། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཡང་མི་སྤྱོད་ན། སྤྱིར་ལུགས་ཀྱིས་ནི་ཕར་ཕྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱས་ནས་སངས་རྒྱས། ཕར་ཕྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མ་རྫོགས་ན་སངས་རྒྱ་བར་མི་ནུས་སོ། །ལན་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་མ་རྫོགས་ན་སངས་མི་རྒྱ་རྫོགས་ན་སངས་རྒྱ་ཞེས་པ་དེ་བས་གཟུགས་ནས་རྣམ་མཁྱེན་གྱི་བར་དེ་ཡང་རང་བཞིན་ལ་གནས་ཏེ་སངས་རྒྱའོ། །རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། འཕེལ་འགྲིབ་མེད། སྐྱེ་འགག་མེད། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད། ཐོབ་པ་དང་མངོན་པར་རྟོགས་པ་མེད་དེ། འཇིག་རྟེན་གྱི་ཐ་སྙད་དུ་སངས་རྒྱའི་དོན་དམ་པར་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་ཡིན་ནོ། །དེ་བས་ན་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ལ་སྤྱོད་ཀྱང་སེམས་དང་སེམས་ཅན་
དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་དམིགས་སོ། །མགོ་བསྒྲེ་བ་ནི་རབ་འབྱོར་དགྲ་བཅོམ་པ་ཐོབ་ཅེས་པ་དེ་དག་དམིགས་པར་འགྱུར་རམ། །གསོལ་པ་མ་ལགས་སོ། །འཇིག་རྟེན་གྱི་ཐ་སྙད་ཀྱིས་བསྟན་པ་ལགས་སོ། །དོན་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་འཇིག་རྟེན་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འཕེལ་འགྲིབ་བམ་ཕན་གནོད་གང་ཡང་མི་དམིགས་ཏེ་ཆོས་ཀྱི་རང་བཞིན་ཉེ་བར་གཟུང་ན་ཆོས་རྣམས་ཀྱི་རང་བཞིན་ལ་མ་དམིགས་ན། །སེམས་དང་པོ་བསྐྱེད་པ་ནས་རྣམ་མཁྱེན་གྱི་བར་དུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས། དེ་ལྟར་བྱང་ཆུབ་ལ་སྤྱོད་ཅིང་སངས་རྒྱས་ཏེ་སེམས་ཅན་གྱི་དོན་བྱེད་དོ། །ཆོས་ཉིད་འཁྲུག་པ་མེད་པའི་ལེའུ་སྟེ་རེ་ལྔ་པའོ།། །།ལེའུ་འདི་ནས་མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་གཉིས་སྟོན་པ་ལས། དང་པོ་ལ་ཞུས་ལན་བདུན་ནི་གསོལ་པ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བགྱིས་ཀྱང་སངས་མི་རྒྱ་ལགས་སམ། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཀྱང༌། དེ་དག་ཀྱང་མི་དམིགས་དེ་ལས་གཞན་དུའང་མི་སྤྱོད་ན། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། ཡུམ་ལ་དེ་ལྟར་སྤྱོད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱའོ། །ཞུས་ལན་གཉིས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས། དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སྦྱོར་མི་འབྱེད་དེ། གང་སྦྱར་བར་བྱ་བའམ་དབྱེ་བར་བྱ་བ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞུས་ལན་གསུམ་པ་ནི་གང་སྦྱར་བའམ་དབྱེ་བར་བྱ་བའི་ངོ་བོ་ཉིད་མ་མཆིས་ན། ཡུམ་ལ་ཇི་ལྟར་བསླབ་པར་བགྱི། ཡུམ་ལ་མ་བསླབས་ན་སངས་རྒྱ་བར་མི་ནུས་ལགས་སོ། །དེའི་ལན་དེ་དེ་བཞིན་ཏེ་ཐབས་ལ་མཁས་པ་ཡིན་གྱི་འོན་ཏེ་མ་དམིགས་ན། འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ་ཞེས་ཅི་ཞིག་གཟུང༌། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ནི་གཟུང་དུ་མེད་པ་སྟེ། སློབ་པ་དང་བྱང་ཆུབ་དང་སངས་རྒྱས་ནས་སོ་སོའི་སྐྱེ་
བའི་བར་རོ་ཞེས་ཡོད་པར་ག་ལ་འགྱུར། ཞུས་པ་བཞི་པ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་དུ་དམིགས་སུ་མ་མཆིས་ལགས། ལན་ཇི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བྱིས་པ་སོ་སོའི་སྐྱེ་བོས་མངོན་པར་ཞེན་པར་འགྱུར་བ་དེ་ལྟར་ཡོད་པར་འགྱུར་ཏམ། ཡོད་དམ་ཡོད་པར་འགྱུར་རམ། གསོལ་པ་དེ་རྣམས་ཕྱིན་ཅི་ལོག་ལགས་ཀྱི་དེ་ནི་མ་མཆིས་ལགས་སོ། །ལན་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཕྱིན་ཅི་ལོག་གི་དབང་གིས་དངོས་པོར་བཟུང་བ་དེ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་དེ་ལས་བཟློག་ནས་བྱང་ཆུབ་ལ་འཇོག་གོ །ཞུ་བ་ལྔ་པ་ནི་བྱང་ཆུབ་ལ་འཇུག་པའི་ཐབས་ལ་མཁས་པ་དེ་གང་ལགས། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་གང་ལ་ཐོགས་པའི་དངོས་པོའམ་ཞུམ་པའམ། སྒྱིད་ལུག་པའམ། ཚི་ཆད་ནས་ལེ་ལོར་གྱུར་པའི་དངོས་པོ་མ་མཐོང་སྟེ། སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ལ་མངོན་པར་ཞེན་པས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་དག་པར་རྗེས་སུ་མཐོང་ནས། སྒྱུ་མའི་མཁན་པོ་ལྟ་བུའི་ལུས་ཀྱིས་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ལས་བཟློག་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་བཀོད་དོ། །ཞུས་པ་དྲུག་པ་ནི་སེམས་ཅན་གཏན་མ་མཆིས་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ཞིང༌། རྒྱུན་ཞུགས་ནས་རྣམ་མཁྱེན་གྱི་བར་དུ་ཐོབ་པར་འགྱུར་ལགས། ལན་ཀུན་རྫོབ་ཀྱི་བརྡས་དེ་ཚེ་སྟོན་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་གདགས་ཀྱང་མི་དམིགས་ན་རྒྱུན་ཞུགས་པ་ལ་སོགས་པ་ལྟ་ཅི་སྨོས། ཞུས་པ་བདུན་པ་ནི་ཆོས་གཅིག་གམ་ཐ་དད་ཀྱང་མི་དམིགས། ཁམས་གསུམ་དང་འདུས་བྱས་དང་འདུས་མ་བྱས་དང༌། སེམས་ཅན་དུ་གདགས་པ་མི་དམིགས་ན་སེམས་ཅན་བཅིངས་གྲོལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལས་ཀྱི་རྒྱུད་ཐ་དད་པ་ལས་དང་ཉོན་མོངས་རྣམ་པར་སྨིན་པས་བདག་གམ་སེམས་ཅན་ཐམས་ཅད་རྒྱུན་ཆད་པར་མི་འགྱུར་ལགས་སམ། དེའི་ལན་སྔོན་སེམས་ཅན་འགྲོ་བ་ལྔ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོད་པ་ཕྱིས་མེད་པར་འགྱུར་བ་
མེད་དེ། དེ་བཞིན་གཤེགས་པ་ནི་བྱུང་རུང་མ་བྱུང་རུང་དེ་བཞིན་ཉིད་ལ་སོགས་པར་གནས་ཏེ། དེ་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ཕུང་པོ་ཁམས་ལ་སོགས་པ་ལྟ་ཅི་སྨོས། འགྲོ་བ་ལྔའི་འཁོར་བ་ནས་དགྲོལ་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔས་སྔོན་གྱི་སངས་རྒྱས་ལ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ཐོས་ནས། སེམས་ཅན་ཕྱིན་ཅི་ལོག་གི་སྐྱེ་བོ་རྣམས་དྲང་བའི་ཕྱིར་བྱང་ཆུབ་ལ་འཇུག་གོ །དཔེར་ན་སྒྱུ་མའི་མཁན་པོ་རྣམས་སྤྲུལ་པ་ཞིག་གིས་སྲོག་ཆགས་མང་པོ་སྤྲུལ་ཏེ། བཟའ་བ་དང་བཅའ་བས་ཚིམ་པར་བྱས་ནས། བདག་གིས་བསོད་ནམས་མང་དུ་སྤེལ་ལོ་ཞེས་ཡང་ཡང་དུ་བརྗོད་ན། དེས་ཚིམ་པར་བྱས་པའམ་བསོད་ནམས་མང་དུ་འཕེལ་བ་ཡོད་དམ། མ་མཆིས་ལགས་སོ། །ལན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་ཀྱང་ལམ་ཡོངས་སུ་རྫོགས་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་དང༌། སེམས་ཅན་དེ་ལྟ་བུ་བཏུལ་བ་གང་ཡང་མེད་དོ། །ཞུས་ལེན་གཉིས་པ་ལུས་ཅན་རྣམས་ཡོང་སུ་སྨིན་པར་བྱེད་པའི་ཕྲིན་ལས་ནི་རབ་འབྱོར་གྱིས་གསོལ་པ། སེམས་ཅན་ཡོངས་སུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པའི་བྱང་ཆུབ་བགྱི་ལམ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནས་མ་འདྲེས་པའི་བར་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ཏེ། འདི་ལྟར་སྦྱིན་པ་པོ་ལ་སོགས་པའི་གང་ཟག་དྲུག་གིས་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་བ་དག་མཐོང་ན། ཁྱོད་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་མི་སྤྱོད། དེ་དག་རྣམས་ཀྱིས་སྨྲས་པ། བདག་ཅག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །གང་ཟག་དྲུག་པོས་སྨྲས་པ། ཕར་ཕྱིན་དྲུག་གི་རྐྱེན། ཟས་འདོད་པ་ལ་ཟས་ཞེས་པ་ནས་མིའི་ཡོད་བྱད་གང་ཡང་རུང་བའི་བར་དུ་སྦྱིན་གྱི། ཕར་ཕྱིན་དྲུག་ལ་སོགས་པ་ལ་སྤྱོད་ཅིག་ཅེས་པ་ནས་ཡོན་དག་སྤེལ་གཏོངས་ཀྱི་ཕར་ཕྱིན་དྲུག་སྟེ། ལེའུ་རེ་དྲུག་པའོ།། །།ལེའུ་འདི་ནས་མཛད་པ་བཞི་ནི་བྱང་ཆུབ་སེམས་དཔའི་ལམ་དང་མངོན་པར་མ་ཞེན་པ་དང༌། བྱང་ཆུབ་ཐོབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་
པའོ། །བྱང་ཆུབ་སེམས་དཔའི་ལམ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ། །གསོལ་པ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན། བྱང་ཆུབ་སེམས་དཔའ་དམིགས་པ་བཅུ་གཅིག་རྒྱུན་ཞུགས་ལ་སོགས་པ་འདི་དག་ཅེས་བསླབས་ན། སྤྲོས་པར་མི་འགྱུར་ལགས་སམ། ལེན་བྱིས་པ་སོ་སོའི་སྐྱེ་བོས་ཆོས་འདི་དག་སྟོང་པར་མི་ཤེས་པས་མངོན་པར་མ་ཞེན་པའི་མཛད་པ་ནི་བྱང་ཆུབ་སེམས་དཔའི་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མ་གཏོགས་པར་གཟུགས་ནས་རྣམ་མཁྱེན་གྱི་བར་མི་དམིགས་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར་སེམས་ཅན་རྣམས་ལ་སྦྱིན་པ་ནས་རྣམ་མཁྱེན་ལ་སྤྱོད་ཅིང་དེས་རློམ་སེམས་སུམ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་ནས་ཕར་ཕྱིན་དྲུག་ལ་མི་གནས། བསམ་གཏན་བཞི་ནས་མངོན་ཤེས་དྲུག་གི་བར་དང༌། དེ་མཉམ་པར་གཞག་པ་དང༌། རྣམ་པ་གང་གིས་མཉམ་པར་གཞག་པ་ལ་མི་གནས། ཉན་རང་གི་བྱང་ཆུབ་ཐོབ་ཀྱང་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་ས་བཅུའི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་སེམས་གཞན་གང་ཡང་མ་བསྐྱེད་དོ། །བྱང་ཆུབ་ཐོབ་པའི་མཛད་པ་ནི། གསོལ་པ། ཆོས་ཐམས་ཅད་མ་སྐྱེས་ལགས་ན། བྱང་ཆུབ་ཇི་ལྟར་བསྒྲུབ་པར་བགྱི། དེའི་ལན་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཡང་དེ་ལྟ་བུ་མི་ཤེས་པའི་དོན་དུ། བྱང་ཆུབ་ཀྱི་ལམ་གྱི་སེམས་ཅན་རྣམས་འཁོར་བ་ལས་ཐར་པར་བྱེད་དོ། །སྐྱེས་པ་དང་མ་སྐྱེས་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་གནས་ནས་བྱང་ཆུབ་ཐོབ་པར་བྱེད་པ་མེད་པ་མ་ཡིན་གྱི། འཇིག་རྟེན་གྱི་ཐ་སྙད་ཀྱིས་བྱང་ཆུབ་ཐོབ་པར་བསྟན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མཛད་པ་ནི་གསོལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི། དེའི་ལན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ལུས་ངག་གི་གནས་ངན་ལེན་སྦྱངས་ནས་སངས་རྒྱས་ཀྱི་ཞིང་དག་པར་བྱེད་དོ། །དེ་ལ་གནས་ངན་ལེན་ནི་མི་དགེ་བ་བཅུ་དང་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་བྲལ་བ་དང༌། ཉན་རང་གི་བྱང་ཆུབ་ལ་འདོད་པ་བསྐྱེད་ཅིང་མངོན་དུ་
བྱེད་པ་དང༌། གཟུགས་ནས་རྒ་ཤིའི་བར་གྱི་འདུ་ཤེས་དང༌། ཁམས་གསུམ་དང༌། དམིགས་པ་བཅུ་གཅིག་གི་འདུ་ཤེས་ནི་གནས་ངན་ལེན་ནོ། །གནས་ངན་ལེན་སྦྱོང་བ་གསུམ་ནི་བདག་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་གཞན་ཡང་སྐུལ་བ་དང༌། ཞིང་སྤྱོད་གཉིས་པ་ནི་མཆོད་པ་རྣམ་པ་ལྔས་སྦྱོང་བ་དང༌། གསུམ་པ་ནི་སྙོམས་འཇུག་གསུམ། བྱང་ཕྱོགས་སུམ་ཅུ་རྩ་བདུན་རྣམ་ཐར་སྒོ་གསུམ་ལ་སེམས་ཅན་ཐམས་ཅད་དགོད་པ། ནམ་ཆོས་དེ་དག་ཐམས་ཅད་དང་ལྡན་པར་མ་གྱུར་གྱི་བར་དུ་སངས་མི་རྒྱ་བར་བདག་དང་གཞན་རྣམས་ཀྱི་ཚོགས་སོགས་ཤིང་སངས་རྒྱས་ཀྱི་ཞིང་དག་པར་བྱེད་དེ་དེ་ཅི་ནས་ཀྱང་ངན་སོང་གསུམ་དུག་གསུམ་མི་རྟག་པ་ལ་སོགས་པ་བཞི། བག་ལ་ཉལ་དང་ཀུན་ནས་ལྡང་བས་ཕྱིན་ཅི་ལོག་ཏུ་གདགས་པའི་མིང་ཡང་མི་སྲིད་ཅིང༌། ཤིང་རླུང་གིས་བཏབ་པའམ་ཕྱི་ནང་གི་དངོས་པོ་དག་ལ་རྣམ་ཐར་གསུམ་དང༌། སྐྱེ་འགག་མེད་པ་དང༌། ངོ་བོ་ཉིད་མེད་པའི་སྒྲ་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ༌། །གང་སྟོང་པ་དེ་ལ་མཚན་མ་མེད་དོ། །གང་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དོ་ཞེས་བྱ་བའི་སྒྲ་ཉིན་མཚན་དུ་རྒྱུན་མི་འཆད་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ༌། །དེ་སངས་རྒྱས་དང་སེམས་ཅན་རྣམས་ལ་ལེགས་པ་བརྗོད་ཅིང་མཚན་ཐོས་པ་དེ་དག་ཐམས་ཅད་བྱང་ཆུབ་ཏུ་ངེས་ཏེ། ཆོས་ཡིན་མིན་གྱི་ཐེ་ཚོམ་མི་ཟའོ། །སེམས་མི་དགེ་བའི་རྩ་བས་ནོན་པ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ་རྟག་ཆད་ཀྱི་ལྟ་བར་ལྟུང་ནས་ལོག་པར་འཛིན་ཏེ། སངས་རྒྱས་དང་ཆོས་ཡིན་པ་ལ་མིན། མིན་པ་ལ་ཡིན་ཞེས་ཟེར་ཞིང་དཀོན་མཆོག་སྤངས་པས། ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བ་དེ་དག་ཐུགས་རྗེ་ཆེན་པོས་བཀྲོལ་ནས་བྱང་ཆུབ་ལ་ངེས་པར་སྦྱོར་རོ། །སངས་རྒྱས་ཀྱི་ཞིང་དག་པའི་ལེའུ་སྟེ་རེ་བདུན་པའོ།། །།ལེའུ་འདི་ནས་མཛད་པ་བཞི་སྟེ། ངེས་པ་དང་སེམས་ཅན་དོན་དང༌། སངས་རྒྱས་བསྟེན་ལ་སོགས་པ་དང༌། བྱང་ཆུབ་ཀྱི་ཡན་ལག་གོ །དེ་ལ་དང་པོ་ངེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པའོ། །གསོལ་པ། བྱང་ཆུབ་སེམས་དཔའ་ངེས་པ་ངན་སོང་གསུམ་ལ་སོགས་པར་འགྱུར་རམ། དེའི་ལན་མགོ་བསྒྲེ་ནི་ཉན་རང་གི་བྱང་ཆུབ་ངན་སོང་
དུ་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཕར་ཕྱིན་དྲུག་ལ་སྤྱོད་པ་ནི་མི་ཁོམ་པའི་གནས་བརྒྱད་ལ་སོགས་པར་ལྟུང་བའི་གནས་མེད་དོ། །སེམས་ཅན་དོན་ཚད་མེད་ཀྱི་མཛད་པ་ལ་ནི་དྲུག་ལས། དང་པོ་གསོལ་པ། སེམས་དང་པོ་བསྐྱེད་པ་མི་ཁོམ་པའི་གནས་བརྒྱད་དུ་མི་སྐྱེ་ན། སངས་རྒྱས་ཉིད་ཀྱང་བྱོལ་སོང་དུ་སྐྱེ་བའི་རབས་བསྟན་ན་དེའི་ཚེ་དགེ་བ་གང་དུ་ཐལ། དེའི་ལན་བྱང་ཆུབ་སེམས་དཔའ་མི་དགེ་བའི་ལས་ཀྱིས་ངན་སོང་དུ་སྐྱེས་པ་མ་ཡིན་གྱི། ཆེད་དུ་བསམས་ཤིང་སེམས་ཅན་དོན་དུ་ལུས་བླངས་ཀྱང་སྡུག་བསྔལ་མི་གོས་སོ། །ཞུས་ལན་གཉིས་པ་དགེ་བའི་ཆོས་གང་ལ་གནས་ཤིང་དེ་ལྟ་བུའི་ངན་འགྲོའི་ལུས་ཡོངས་སུ་འཛིན་པ་ལགས། དེའི་ལན་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་དེ་ལྟ་བུའི་ལུས་འཛིན་ཏོ། །ཞུས་ལན་གསུམ་པ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཇི་ལྟར་ངན་སོང་དུ་འགྱུར་ལགས། དེའི་ལན་མགོ་བསྒྲེ་བ་ནི་དེ་བཞིན་གཤེགས་པ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་སེམས་ཅན་གྱི་དོན་དུ་ངན་སོང་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་ཀྱང་ངན་སོང་གི་སྡུག་བསྔལ་གྱིས་གོས་པ་མེད་པ་དེ་བཞིན་དུ་སྤྲུལ་པ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་དོན་བྱེད་ཀྱང་རྣམ་པར་རྟོག་པ་མེད་ལ། སྒྱུ་མའི་རྟ་གླང་བཞིན་དུ་གསོད་པ་ལ་སོགས་པ་བྱུང་ཡང་སྡུག་བསྔལ་མེད་དོ། །ཞུས་ལན་བཞི་པ་དེ་ལྟ་བུའི་ལུས་ལེན་ཀྱང་སྡུག་བསྔལ་གྱིས་མི་གོས་པའི་ཐབས་ལ་མཁས་པ་དེ་གང་ལགས། དེའི་ལན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྟོང་པས་གང་གིས་རེག་པ་དང༌། གང་ལ་རེག་པ་དེ་ཐམས་ཅད་དམིགས་སུ་མེད་དོ། །ཞུས་ལན་ལྔ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་ཀྱི་ཆོས་གཞན་ལ་མི་སྤྱོད་དམ། དེའི་ལན་ཕར་ཕྱིན་གྱི་ཁོངས་སུ་མ་ཆུད་པའི་ཆོས་གང་ཡང་མེད་དོ། །ཞུས་ལན་དྲུག་པ་ཤེས་ཕྱིན་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཁོངས་སུ་འདུ་ལགས། དེ་ལ་ནི་ཁོངས་སུ་ཆུད་པ་དང་མ་ཆུད་པ་མ་མཆིས་སོ། །དེའི་ལན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཡིན་པ་ལ་ཡིན་པར་རྟོགས་པས་ཁོངས་སུ་ཆུད་པའོ། །སངས་རྒྱས་བསྟེན་སོགས་ཀྱི་ཕྲིན་ལས་ནི་ཆོས་
ཐམས་ཅད་སྟོང་པ་ལ་མངོན་ཤེས་དྲུག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ལ་བསྙེན་བཀུར་ཞིང༌། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས། དེའི་ལན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ལ་སོགས་པ་བཏགས་པ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པས་ཉི་ཚེ་བའི་སྟོང་པར་མི་འགྱུར་པར་མངོན་ཤེས་དྲུག་གིས་སེམས་ཅན་གྱི་དོན་བྱེད་པ་ནི། ལྷའི་སྤྱན་གྱིས་ཆོས་ཐམས་ཅད་སྟོང་པར་མཐོང་ཞིང་གནས་ནས་མངོན་པར་བསྒྲུབ་པོ། །དེ་ལྷའི་མིག་རྣམ་པར་དག་པ་དེ་ཉིད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐོང་སྟེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང༌། སྦྱིན་པ་ནས་མ་འདྲེས་པའི་ཆོས་ཀྱི་བར་དང༌། ཐེག་པ་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་ཅིང་སེམས་ཅན་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་དང་ལྡན་པ་སྟོན་ཏོ། །དེ་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གང་དག་སྐྱེས་པ་མཐོང་ནས། རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་ཁོང་དུ་ཆུད་པར་བྱས་ནས་མཐུན་པར་ཕར་ཕྱིན་དྲུག་དང༌། འཕགས་པའི་བདེན་པ་དང༌། ངེས་པར་འབྱུང་བའི་བར་གྱི་ཆོས་སྟོན་ཏོ། །དེས་ལྷའི་རྣ་བའི་ཁམས་ཀྱིས་ལྷའི་སྒྲ་ཐོས་ཏེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཇི་སྙེད་བཞུགས་པ་དེ་དག་གི་ཆོས་མཉན་ཏེ་ཐོས་ནས་དེ་བཞིན་ཉིད་དུ་འཛིན་ཏོ། །བཟུང་ནས་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ཏོ། །དེ་རྣམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་རྣམས་ཀྱི་སེམས་ཤེས་ནས་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ཏོ། །སྔོན་གྱི་གནས་རྗེས་སུ་དྲན་པ་དེས་སྔོན་གྱི་སངས་རྒྱས་དང༌། ཉན་ཐོས་དང་སེམས་ཅན་གྱི་གནས་རྗེས་སུ་དྲན་པ་དེ་དག་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ཏོ། །རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་ལ་བསྙེན་བཀུར་བྱེད། སེམས་ཅན་རྣམས་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་དུ་ཆོས་སྟོན་ཏོ། །ཟག་པ་ཟད་པའི་མངོན་ཤེས་དེས་སེམས་ཅན་རྣམས་ལ་སྦྱིན་པ་ནས་ངེས་འབྱུང་གི་བར་གྱི་ཆོས་སྟོན་ཀྱང༌། བདེ་བ་དང་སྡུག་བསྔལ་གྱིས་མི་གོས་པའི་དཔེ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་དགོས་པ་ཐམས་ཅད་བྱེད་ཀྱང་བདེ་བ་དང་སྡུག་བསྔལ་གྱིས་
མི་གོས་པ་བཞིན་ནོ། །བྱང་ཆུབ་ཡན་ལག་གི་མཛད་པ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་རྟོག་ཅིང་དེ་ཡོངས་སུ་གཏོང་བའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། སྦྱིན་བདག་དང༌། བཏང་བ་དང༌། ལེན་པར་མི་རྟོག་ཅིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ལམ་མོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལེའུ་སྟེ་རེ་བརྒྱད་པའོ།། །།ལེའུ་འདི་ནས་མཛད་པ་གཉིས་ལས། ལས་རྣམས་ཆུད་མི་ཟ་བ་ནི། །གསོལ་བ་ཆོས་དེ་རྣམས་བྱང་ཆུབ་སེམས་དཔའི་ཆོས་ལགས་ན་སངས་རྒྱས་ཀྱི་ཆོས་གང་ལགས། དེའི་ལེན་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ཐོབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཡིན་ལ། ཐོབ་པ་ནི་སངས་རྒྱས་ཀྱི་ཆོས་སོ། །གསོལ་བ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་དམྱལ་བ་ནས་སངས་རྒྱས་ཀྱི་དབྱེ་བ་མེད་པ་དང༌། ལས་དང་ལས་ཀྱི་རྣམ་སྨིན་མེད་པར་འགྱུར་རོ། །དེའི་ལན་དངོས་པོ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་བྱ་བ་མེད་ཀྱང༌། སེམས་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པར་མ་ཤེས་པས་ངན་པར་སྤྱད་པས་ངན་སོང༌། ལེགས་པར་སྤྱད་པས་མཐོ་རིས་སུ་སྐྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱད་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །གསོལ་པ་སངས་རྒྱས་ནས་འགྲོ་བ་རྒྱུད་ལྔ་ནས་དགེ་སྡིག་ཡོད་པར་གཟིགས་སམ་མ་གཟིགས། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ན་དངོས་པོར་འགྲོ། །མ་གཟིགས་ན་ལས་དང་ལས་ཀྱི་རྣམ་སྨིན་ཇི་ལྟ་བུ་ལུང་བསྟན་ལགས་ཀྱི་ལན། སེམས་ཅན་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མ་ཤེས་པས་བདེན་པར་བཟུང་བ་ལ་དེ་མི་བདེན་པར་བསྟན་ནས། གཟུགས་ནས་རྒ་ཤིའི་བར་དང༌། དམིགས་པ་བཅུ་གཅིག་མི་བདེན་པར་བསྟན་ཏོ། །བདེན་པའི་མཛད་པ་ཞུས་ལན་གསུམ་ལས། དང་པོ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། སངས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟར་གྲོལ་བར་མཛད། དེའི་ལན་ཆོས་ཐམས་ཅད་བདེན་བཞིར་བསྟན་ནས་འགྲོལ་ལོ། །ཞུས་ལེན་གཉིས་པ་བདེན་པ་བཞིས་གྲོལ་ལམ། བདེན་པ་བཞི་ཤེས་པས་གྲོལ་ལ། དེའི་ལན་བདེན་པ་དང་བདེན་པ་ཤེས་པ་ལས་གྲོལ་བ་མ་ཡིན་
གྱི། བདེན་པ་བཞི་མཉམ་པ་ཉིད་གང་ཡིན་པ་ནི་མྱ་ངན་ལས་འདས་པའོ། །ཞུས་ལན་གསུམ་པ་མཉམ་པ་ཉིད་དེ་གང་ལགས་ཀྱི་ལན། ཆོས་ཉིད་བདུན་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པའི་ལེའུ་སྟེ་རེ་དགུ་པའོ།། །།ལེའུ་འདི་ནས་ཕྱིན་ཅི་ལོག་སྤངས་པ་དང༌། དེའི་གཞི་མེད་པའི་ཕྲིན་ལས་གཉིས་ལས། དང་པོ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས། སངས་རྒྱས་དང་སེམས་ཅན་གང་གིས་ཀྱང་མ་བགྱིས་ན་ལས་འདིས་ནི་དམྱལ་བ་དང་ལྷའི་བར་དུ་སྐྱེས་སོ། །ལས་འདིས་འཕགས་པའི་གང་ཟག་རྣམས་སུ་ཇི་ལྟར་འགྱུར། །དངོས་པོ་མ་མཆིས་པ་རྣམས་ལ་ནི་ལས་དང་བྱ་བ་དང་བྱེད་པ་དང་འབྲས་བུ་མ་མཆིས་ལགས་སོ། །དེའི་ལན་དངོས་པོ་མ་མཆིས་པ་དེ་རྣམས་མེད་ཀྱང་བྱིས་པ་སོ་སོའི་སྐྱེ་བོས་མ་ཤེས་པས་ཕྱིན་ཅི་ལོག་ལས་བྱུང་བའི་ལས་སྣ་ཚོགས་བྱེད་པས་དམྱལ་བ་ནས་སངས་རྒྱས་གྱི་བར་དུ་ལུས་སྣ་ཚོགས་འགྲུབ་བོ། །ཁྱོད་དངོས་པོ་མེད་ན་ལས་དང་འབྲས་བུ་དང༌། དམྱལ་བ་ནས་སངས་རྒྱས་ཀྱི་བར་མི་འཐད་དོ་ཟེར་བ་ནི། ཁྱེད་དེ་ཚོ་དངོས་པོ་མེད་པ་མ་ཡིན་སྙམ་མམ། གསོལ་པ་དེ་ལྟ་མ་ལགས་སོ། །དམྱལ་བ་ལ་སོགས་པ་ཕྱིན་ཅི་ལོག་གི་དབང་གིས་བསྟན་གྱི་དེ་ལ་དངོས་པོ་མེད་པའོ། །ཕྱིན་ཅི་ལོག་གི་གཞི་མེད་པའི་ཕྲིན་ལས་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་མི་འཐད་དོ། །དེའི་ལན་སྐྱེས་བུ་མཁས་པ་ལ་ངས་དཔེར་བཤད་ཀྱི། འཁྲུལ་པའི་དཔེ་དྲུག་ནི་རྨི་ལམ་དང་བྲག་ཅ་དང༌། མི་གཡོར་དང་སྨིག་རྒྱུ་དང་སྤྲུལ་པ་རྣམས་ལས་གང་བྱས་པས་མཐོ་རིས་དང་ངན་སོང་དུ་སྐྱེ་ཞིང་རྣམ་པར་བྱང་བར་འགྱུར་བ་མེད་པ་དེ་བཞིན་དུ་འཁོར་འདས་ཀྱི་དངོས་པོ་ཐམས་ཅད་གཞི་མ་གྲུབ་པའོ། །ཀུན་ནས་ཉོན་མོངས་དང་རྣམ་བྱང་མེད་པའི་ལེའུ་སྟེ་བདུན་ཅུ་པའོ།། །།ལེའུ་འདི་ནས་རྣམ་པར་བྱང་བ་དང་ཚོགས་དང་འདུས་བྱས་དང་འདུས་མ་བྱས་དབྱེར་མེད་པ་བསྟན་པའི་མཛད་པ་གསུམ་ལས་དང་པོ་ཡང་དག་མཐོང་བ་དང་མ་མཐོང་བ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྣམ་བྱང་གསུངས་པ་གང་ལགས། དེའི་ལན་ཆོས་ཐམས་ཅད་མཉམ་པ་ཉིད་ཆོས་ཉིད་བརྒྱད་ནི་རྣམ་པར་བྱང་བའོ། །ཚོགས་ཀྱི་མཛད་པ་ནི་ཆོས་ཐམས་ཅད་འཁྲུལ་པའི་དཔེ་དང་འདྲ་
པར་དངོས་པོ་དང་རྫས་སུ་མ་མཆིས་ལགས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་གནས་ནས་བྱང་ཆུབ་ཏུ་སེམས་བསྐྱེད། དེའི་ལན་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་རྣམས་འཁྲུལ་པའི་དཔེ་དྲུག་ལྟ་བུ་མ་ཡིན་སྙམ་མམ། ཡང་གསོལ་བ་ཆོས་དེ་རྣམས་འཁྲུལ་པའི་དཔེ་དྲུག་ལྟ་བུ་ལགས་ན། དེ་རྣམས་ནི་ཡང་དག་པ་མ་ལགས། ཡང་དག་པ་མ་ཡིན་པ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱད་ཀྱང་སངས་རྒྱས་བར་མི་ནུས་ལགས་སམ། དེའི་ལན་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱིས་སངས་མི་རྒྱའོ། །ཁྱོད་དེ་རྣམས་ཀྱིས་སངས་རྒྱས་སྙམ་མམ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་འདུས་བྱས་པས་ནི་སངས་རྒྱས་བར་མི་ནུས་ཏེ། འོན་ཀྱང་ལམ་སྐྱེད་པར་བྱེད་ཀྱི་འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །དེ་རྣམས་ཀྱི་སྐྱེ་བ་མེད་པ་དང༌། འབྱུང་བ་མེད་པ་དང༌། མཚན་ཉིད་མེད་པ་ནི་མྱ་ངན་ལས་འདས་པའོ། །འོན་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་དགེ་བའི་ཆོས་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་སྒྱུ་མ་ལྟ་བུ་ཤེས་ནས་ལམ་རྫོགས་པར་འགྱུར་བའི་ཕྱིར། ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་དང༌། དེ་ལྟར་སྤྱད་པའི་བྱང་ཆུབ་སེམས་དཔའ་རྣམས་འཁྲུལ་པའི་དཔེ་དྲུག་དང་འདྲ་བས། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གཟུང་དུ་མེད་པས་གཟུང་དུ་མེད་པའི་ཆོས་རྟོགས་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་དོན་དུ་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་བྱེད་པའི་སྐྱེས་བུ་མེད་པ་ལ་ཡོད་པར་འདུ་ཤེས་པའི་སེམས་ཅན་འགྲོལ་བ་ནི་ཐབས་ཡིན་ནོ་ཞེས་སོ། །གསོལ་བ་ཀུན་རྫོབ་བམ་དོན་དམ་པར་སངས་རྒྱས་ལགས། ལན་འཇིག་རྟེན་གྱི་ཐ་སྙད་ལ་སངས་རྒྱས་ཞེས་བསྟན་གྱི། ཡང་དག་པར་ན་འདིས་འདི་ལྟ་བུ་ཞིག་སངས་རྒྱས་ཞེས་པ་ནི་དམིགས་པ་སྟེ་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པ། སྤྲོས་པ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་པ་ཉིད་ནི་སངས་རྒྱས་སོ། །འདུས་བྱས་དང་འདུས་མ་བྱས་དབྱེར་མེད་པའི་ཕྲིན་ལས་ཀྱི་མཛད་པ་ལྔ་ལས། དང་པོ་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ལ་དབང་བསྒྱུར་བ་མ་ལགས་སམ། ལན་ནི་ཆོས་ཐམས་ཅད་ཀྱང་གཞན་
ལ་དེ་བཞིན་གཤེགས་པ་རྣམས་ཀྱང་གཞན་མ་ཡིན་ཏེ། སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་དེ་བཞིན་ཉིད་ལ་ཁྱད་མེད་པའི་ཕྱིར་རོ། །ཞུས་ལན་གཉིས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ཁྱད་མ་མཆིས་ན། ཇི་ལྟར་དཀོན་མཆོག་གསུམ་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས། ལན་དཀོན་མཆོག་ཀྱང་གཞན་ཆོས་མཉམ་པ་ཉིད་ཀྱང་གཞན་མ་ཡིན་ཏེ། མཚན་ཉིད་མེད་པའི་ཆོས་ལ་དེ་བཞིན་གཤེགས་པ་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ་ཆོས་རྣམས་རྣམ་པར་དགོད་པར་མཛད་པ་ནི་དེ་བཞིན་གཤེགས་པའི་མཐུའོ། །ཞུས་ལན་གསུམ་པ་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། ལན་དེ་བཞིན་གཤེགས་པའི་ཆོས་ཉིད་བརྒྱད་གང་ཡིན་པ་དེ་ཉིད་སོ་སོའི་སྐྱེ་བོ་ལ་སོགས་པ་ཐམས་ཅད་ཀྱི་ཆོས་ཉིད་དོ། །ཞུས་ལན་བཞི་པ་སོ་སོའི་སྐྱེ་བོ་ནས་དེ་བཞིན་གཤེགས་པའི་བར་གྱི་ཆོས་ཉིད་མཉམ་པ་ཉིད་ལགས་ན། འདི་ལྟར་མཚན་ཉིད་མི་འདྲ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་གཅིག་ལ་གཅིག་འདུས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་གཞན་དང་གཞན་ལ་བསླབས་ནས་ཕར་ཕྱིན་དྲུག་རྫོགས་ནས་སེམས་ཅན་སྨིན་པར་བགྱིད་པ་ལགས་ཟེར་བའི་ལན་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཉིད་སྟོང་པ་ཉིད་མ་ཡིན་སྙམ་མམ། གསོལ་བ་དེ་ལྟ་མ་ལགས་སོ། །སྟོང་པ་ཉིད་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་ཉིད་དེ་ཡོད་སྙམ་མམ། མ་ལགས་སོ། །དེ་ལྟ་བས་ན་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་སོ་སོའི་སྐྱེ་བོ་ནས་འཕགས་པའི་གང་ཟག་རྣམས་མེད། སོ་སོའི་སྐྱེ་བོ་ནས་འཕགས་པའི་གང་ཟག་ལས་གུད་ནའང་དེ་མེད་པར་རིག་པར་བྱའོ། །ཞུས་ལན་ལྔ་པ་ཆོས་ཉིད་དེ་འདུས་བྱས་ལགས་སམ། འདུས་མ་བྱས་ལགས། ལན་ནི་གཉིས་ཀ་མ་ཡིན་ཏེ། འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་མེད། དོན་དམ་པ་ལ་ལུས་ངག་དང་ཡིད་མེད། དེ་གསུམ་ལས་གུད་ནའང་དོན་དམ་པ་མེད་དེ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་ནི་དོན་དམ་པ་སྟེ། བྱང་
ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། དོན་དམ་པ་ལས་ཀྱང་མི་གཡོ་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དོན་དམ་པའི་རྣལ་འབྱོར་གྱི་ལེའུ་སྟེ་དོན་གཅིག་པའོ།། །།མྱ་ངན་ལས་འདས་པའི་མཛད་པ་ལས་ཞུས་ལན་དྲུག་ལས། དང་པོ་གསོལ་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་སྟོང་པ་སྟེ། བྱེད་པ་དང་བྱ་བ་མ་མཆིས་ཀྱང་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དོན་དམ་པ་ལས་མི་གཡོ་ལགས། བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་བགྱིད་ལགས། །ལན་ནི་དོན་དམ་ལ་ཅི་ཡང་མེད་ཀྱང་སེམས་ཅན་རང་བཞིན་གྱིས་སྟོང་པ་ཉིད་མ་ཤེས་པ་བྱེད་པའི་སྐྱེས་བུ་བཅུ་གཉིས་སུ་འདུ་ཤེས་པ་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་འདུ་ཤེས་དང་ཕྲལ་ནས་མྱ་ངན་ལས་འདས་པ་ལ་འགོད་དོ། །ཞུས་ལན་གཉིས་པ། གསོལ་བ་ཅིས་སྟོང་པ་ལགས། ལན་འདུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། སྤྲུལ་པ་ཅིག་སྤྲུལ་ན་དེ་སྟོང་པ་ཉིད་མ་ཡིན་པའི་དངོས་པོ་གང་ཡང་མེད་པས་འདི་ནི་སྤྲུལ་པའོ། །འདི་ནི་སྟོང་པའོ་ཞེས་དམིགས་སུ་མེད་དོ། །ཞུས་ལན་གསུམ་པ་ཕུང་པོ་ལྔ་ཡང་སྤྲུལ་པའོ། །ཞུས་ལན་བཞི་པ་འཇིག་རྟེན་ལས་འདས་པའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་བར་ཡང་སྤྲུལ་པ་ལགས་སམ། ལན་ནི་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལས་དང་ཉོན་མོངས་པའང་སྤྲུལ་པའོ། །རྒྱུན་དུ་ཞུགས་པ་སྤང་བ་ཐམས་ཅད་ཀྱང་སྤྲུལ་པའོ། །ཞུས་ལན་ལྔ་པ་སྤྲུལ་པ་དང་མ་སྤྲུལ་པ་དེ་གང་ལགས། དེའི་ལན་སྐྱེ་བ་དང་འགག་པའི་ཆོས་ཐམས་ཅད་སྤྲུལ་པ། མ་སྐྱེས་མ་འགགས་པ་མི་མཉམ་པའི་མྱ་ངན་ལས་འདས་པ་ནི་མ་སྤྲུལ་པའོ། །ཞུས་ལན་དྲུག་པ་ཉན་ཐོས་ལ་སོགས་པ་གང་གིས་ཀྱང་མཛད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས། དེའི་ལན་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་འགྱུར་བའམ། རང་གི་དངོས་པོའམ། གཞན་གྱི་དངོས་པོ་ཡང་མེད་ན། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཉིད་གཅིག་ཡོད་པར་འགྱུར་རེ་སྐན་ནོ། །ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་བདུན་ཅུ་དོན་གཉིས་པའོ།། །།སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་ཞེས་བྱ་བ་རྫོགས་སོ།། །།འདི་ནི་ཁ་ཆེའི་པཎྜི་ཏ་དྷ་རྨ་ཤྲཱིས་མཛད་དོ་ཞེས་གྲག་གོ། །།