Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གོ་དགུ་པ།

1 occurrence of ཧ་ཅང་བྱེད་པ་
[Clear Hits]


 
ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ།  སྤྱན་རས་གཟིགས་བརྟུལ་ཞུགས།


1 occurrence of ཧ་ཅང་བྱེད་པ་
[Clear Hits]

 
no previousཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། སྤྱན་རས་གཟིགས་བརྟུལ་ཞུགས།no next

ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ།
སྤྱན་རས་གཟིགས་བརྟུལ་ཞུགས།


DTG099_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཛྙཱ་པྲ་དཱི་པཾ་ཊཱི་ཀཱ། བོད་སྐད་དུ། ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་ལ་ཕྱག་འཚལ་ལོ། །གང་ཕྱིར་ཤེས་རབ་སྒྲོན་མ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྟོགས་དང། །སྙེམས་རྒོལ་ཐམས་ཅད་ཚར་བཅད་པ། །ཐོབ་འགྱུར་དེ་ཕྱིར་བདེ་གཤེགས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །བསམ་པ་ཐག་པས་ཕྱག་འཚལ་ནས། །བླ་མའི་མཐུ་ཡིས་བདག་གིས་ནི། །དེའི་དོན་གསལ་བར་རྣམ་བཤད་བྱ། །གང་གི་ཕྱིར་འཇིག་རྟེན་ནི་ལས་སམ་བསྟན་བཅོས་འབྲས་བུ་དང་བཅས་པ་ལ་འཇུག་གི་འབྲས་བུ་མེད་པ་ལ་མི་འཇུག་པ་དེའི་ཕྱིར་དབུ་མའི་བསྟན་བཅོས་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ནི་ཀུན་རྫོབ་ཏུ་འབྲས་བུར་རྣམ་པར་གཞག་གོ །དོན་དམ་པར་ནི་འབྲས་བུའི་རྣམ་པར་རྟོག་པ་མེད་དེ། འཕགས་པ་གླང་པོའི་


DTG099_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་གྱི་མདོ་ལས། མྱ་ངན་ལས་འདས་པའི་དབྱིངས་ནི་འབྲས་བུ་ཐམས་ཅད་དང་བྲལ་བའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཁོ་ན་རྟོགས་པ་འདི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འགྱུར་ཏེ། དེ་ལྟར་ན་སྟོང་པ་ཉིད་དང༌། ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་མེད་པའི་སྐུ་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་རོ། །དེའི་ཕྱིར་བློ་གྲོས་དང་ལྡན་པས་བསྟན་བཅོས་འདིས་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་འབྲས་བུས་འབྲས་བུ་དང་ལྡན་པར་རྟོགས་ནས་གུས་པར་གྱུར་པས་འདི་ལ་མོས་པ་བསྐྱེད་པར་བྱའོ། །ལ་ལ་ལ་བཅོམ་ལྡན་འདས་ཀྱིས་མཚན་ཉིད་ཇི་ལྟ་བུ་དང་ལྡན་པའི་དེ་ཁོ་ན་ཐུགས་སུ་ཆུད་ནས་བསྟན་བཅོས་ཀྱི་དེ་ཁོ་ན་ནི་ཡི་གེ་མེད་པ་ཡིན་ན་ཇི་ལྟར་བསྟན། ཅིའི་ཕྱིར་བསྟན་སྙམ་པའི་བློ་དེ་ལྟ་བུ་སྐྱེས་པས་དེའི་ཕྱིར་འགྲེལ་པ་བྱེད་པས་དང་པོ་ཁོ་ནར་བསྟོད་པའི་སྒོ་ནས་དེ་ཉིད་ལ། གང་གིས་ཆོས་ཀྱི་དེ་ཉིད་རྣམ་རྟོག་ལེགས་བྲལ་བ། །སྤྲོས་པ་ཀུན་ཞི་བློ་ངན་རབ་རིབ་སྐྱོན་འཇོམས་ཅན། །ཚིག་གི་ཡུལ་མ་ཡིན་ཡང་དེ་ཡི་སྒྲོ་བཏགས་ནས། །ས་ཀུན་འབྱོར་ཕྱིར་བསྟན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨྲས་སོ། །དེ་ལ་གང་གིས་ཆོས་ཀྱི་དེ་ཉིད་བསྟན་པ་དེ་ལ་


DTG099_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ཀྱི་དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་དང༌། སྤྲོས་པ་ཀུན་ཞི་ཞེས་བྱ་བ་དང༌། བློ་ངན་རབ་རིབ་སྐྱོན་འཇོམས་ཅན་ཞེས་བྱ་བ་དང༌། ཚིག་གི་ཡུལ་མ་ཡིན་པ་ཞེས་བྱ་བ་བཞི་པོ་དེ་དག་ནི་དེའི་ཁྱད་པར་ཡིན་ནོ། །དེ་ལ་གང་གིས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །ཆོས་ཀྱི་དེ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའོ། །རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་ལ་རྣམ་རྟོག་ཅེས་བྱ་བ་ནི་རྣམ་པར་རྟོག་པ་སྟེ་སེམས་ཀྱི་སྤྱོད་པ་ནི་རྣམ་པར་རྟོག་པ་ཞེས་བྱའོ། །ལེགས་ཞེས་བྱ་བ་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་རོ། །བྲལ་བ་ཞེས་བྱ་བ་ནི་རྒྱུན་ཆད་པ་སྟེ། ཆོས་ཀྱི་དེ་ཁོ་ན་གང་ཐུགས་སུ་ཆུད་ན་བཅོམ་ལྡན་འདས་ཀྱིས་བདག་གི་ངོ་བོ་དང་གཞན་གྱི་ངོ་བོ་དང་ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དག་ལེགས་པར་བྲལ་བར་གྱུར་པ་དེ་ནི་རྣམ་རྟོག་ལེགས་བྲལ་བ་ཞེས་བྱའོ། །སོགས་པའི་སྒྲས་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ལ་སོགས་པར་རྣམ་པར་རྟོག་པ་དག་གཟུང་ངོ༌། །སྤྲོས་པ་ཀུན་ཞི་ཞེས་བྱ་བ་ལ། སྤྲོས་པ་ཞེས་བྱ་བ་ནི་ངག་གི་སྤྱོད་པ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང། སྐྱེ་བ་དང༌། འགགས་པ་ལ་སོགས་པའི་རྣམ་པ་བརྗོད་པ་ནི་སྤྲོས་པའོ། །ཀུན་ཞི་ཞེས་བྱ་བ་ནི་ཐམས་ཅད་ཞི་བར་གྱུར་ཅེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་བུད་ཤིང་མེད་པས་མེ་ཤི་བ་ལ་ཞི་བར་གྱུར་ཅེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཆོས་ཀྱི་དེ་ཁོ་ན་གང་ཐུགས་སུ་ཆུད་ན་བཅོམ་ལྡན་འདས་ཀྱིས་སྤྲོས་པ་ཐམས་ཅད་ཞི་བར་གྱུར་པ་དེ་ནི་སྤྲོས་པ་ཀུན་ཞི་ཞེས་བྱའོ། །བློ་ངན་རབ་རིབ་སྐྱོན་འཇོམས་ཅན། །ཞེས་བྱ་བ་ལ། བློ་ངན་ཅེས་བྱ་བ་ནི་བློ་ངན་པ་སྟེ། བདག་གི་ངོ་བོ་དང༌། གཞན་གྱི་ངོ་བོ་དང༌། ཡོད་པ་དང་མེད་པ་ལ་སོགས་པར་སེམས་པའི་བློ་ནི་ངན་པའོ། །རབ་རིབ་ཅེས་བྱ་བ་ནི་བློ་ངན་པ་དེ་ཉིད་རབ་རིབ་སྟེ། བློ་ངན་རབ་རིབ་ནི་མུན་པའོ། །སྐྱོན་ཞེས་བྱ་བ་ནི་བློ་ངན་པའི་རབ་རིབ་དེ་ཉིད་སྐྱོན་ཡིན་པས་བློ་ངན་རབ་རིབ་སྐྱོན་ནོ། །འཇོམས་ཞེས་བྱ་བ་ནི་སེལ་བའོ། །ཅན་ཞེས་བྱ་བ་ནི་དེ་ལྟར་ཆོས་ཀྱི་དེ་ཁོ་ན་གང་ལ་བློ་ངན་པའི་རབ་རིབ་ཀྱི་སྐྱོན་འཇོམས་པའི་ངང་ཚུལ་


DTG099_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེ་ནི་བློ་ངན་རབ་རིབ་སྐྱོན་འཇོམས་ཅན་ཞེས་བྱའོ། །ཚིག་གི་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་བསྟན་པར་བྱ་བ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་གི་ཡུལ་མ་ཡིན་ཡང་ཆོས་ཀྱི་དེ་ཁོ་ན་དེ་ནི་སྒྲོ་བཏགས་ནས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ཅི་རྙེད་པ་དང་བཀུར་སྟིའི་ཟང་ཟིང་གི་ཕྱིར་བསྟན་ཏམ་ཞེ་ན། མ་ཡིན་ཏེ། འོ་ན་ཅིའི་ཕྱིར་ཞེ་ན། དེའི་ཕྱིར། ས་ཀུན་འབྱོར་ཕྱིར་ཞེས་བྱ་བ་སྨྲས་སོ། །ས་ཀུན་འབྱོར་ཞེས་བྱ་བ་ནི་ས་ཀུན་གྱི་འབྱོར་པའོ། །འབྱོར་པ་ཞེས་བྱ་བ་ནི་དབང་ཕྱུག་ཅེས་བྱ་བའི་རྣམ་གྲངས་སོ། །ས་ཀུན་འབྱོར་ཕྱིར་ཞེས་བྱ་བ་ནི་ས་ཀུན་གྱི་འབྱོར་པའི་ཕྱིར་ཏེ། ས་ཀུན་གྱི་འབྱོར་པའི་རྒྱུ་དང༌། ས་ཀུན་གྱི་འབྱོར་པ་ཐོབ་པར་བྱ་བའི་ཕྱིར་རོ། །བསྟན་པ་ཞེས་བྱ་བ་ནི་བསྟན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་གང་གི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ། སྤྲོས་པ་ཀུན་ཞི་བ་དང། བློ་ངན་པའི་རབ་རིབ་ཀྱི་སྐྱོན་འཇོམས་པ་ཅན། ཚིག་གི་ཡུལ་མ་ཡིན་པ་དེ་སྒྲོ་བཏགས་ནས་ས་ཀུན་གྱི་འབྱོར་པའི་ཕྱིར་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་ཡིན་ནོ། །ཡང་ན་ཆོས་ཀྱི་དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ་རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་དང༌། སྤྲོས་པ་ཀུན་ཞི་ཞེས་བྱ་བ་དང༌། བློ་ངན་རབ་རིབ་སྐྱོན་འཇོམས་ཅན་ཞེས་བྱ་བ་ཚིག་གསུམ་པོ་དེ་དག་ནི་དེའི་ཁྱད་པར་ཡིན་ཞིང༌། ས་ཀུན་འབྱོར་ཕྱིར་ཞེས་བྱ་བ་ནི་དགོས་པ་ཡིན་ལ། བསྟན་པ་ཞེས་བྱ་བ་ནི་ལས་ཡིན་ནོ། །འདི་ལ་ཁ་ཅིག་ན་རེ་གལ་ཏེ་ཆོས་ཀྱི་དེ་ཁོ་ན་ཚིག་གི་ཡུལ་མ་ཡིན་ཞིང་བརྗོད་པར་བྱ་བ་མ་ཡིན་ལ་སྤྲོས་པ་མ་ལུས་པ་དང་བྲལ་བ་ཡིན་ན། འོ་ན་དེ་ཇི་ལྟར་བསྟན་པར་བྱ་ཞེས་ཟེར་བས་དེའི་ཕྱིར་ལ་ལན་གདབ་པའི་དོན་དུ། ཚིག་གི་ཡུལ་མ་ཡིན་ཡང་དེ་ནི་སྒྲོ་བཏགས་ནས་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཇི་ལྟར་བསྟན་པར་བྱ་ཞེས་རྒོལ་བའི་ལན་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་གང་གིས་མཚན་ཉིད་ཀྱི་གཞི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་མཚན་ཉིད་གསུམ་པོ་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ་དང༌། སྤྲོས་པ་ཀུན་ཞི་བ་དང༌། བློ་ངན་པའི་རབ་རིབ་ཀྱི་སྐྱོན་འཇོམས་པ་ཅན་ཞེས་བྱ་བ་དག་གིས་མཚོན་པ་དེ། ས་ཀུན་གྱི་འབྱོར་པའི་ཕྱིར་རྒོལ་བའི་ལན་གྱི་སྒོ་ནས་བསྟན་པ་དེ་ལ་ཕྱག་འཚལ་ལོ་


DTG099_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པ་ཡིན་ནོ། །ཡང་ན་ཆོས་ཀྱི་དེ་ཉིད་ཅེས་བྱ་བ་ལ་ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །ཀུན་རྫོབ་པའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་རྣམ་པ་གཉིས་ཏེ། མ་དག་པའི་ངོ་བོ་ཉིད་དང༌། དག་པའི་ངོ་བོ་ཉིད་དོ། །དེ་ལ་མ་དག་པའི་ངོ་བོ་ཉིད་ནི་གཟུགས་སུ་རུང་བ་ཉིད་ལ་སོགས་པའི་རང་གི་མཚན་ཉིད་དང༌། ས་ལ་སོགས་པ་དང༌། རྟོན་པ་ལ་སོགས་པ་རང་གི་ངོ་བོ་ཉིད་དག་གོ །དག་པའི་ངོ་བོ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་མེད་པའི་མཚན་ཉིད་དོ། །འདི་ལ་གཞན་དག་ན་རེ་གལ་ཏེ་ངོ་བོ་མེད་པ་ཉིད་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཡིན་ན། དེའི་ཕྱིར་དེའི་ཆོས་རྣམས་ལ་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དེ་ཉིད་སྤྱིའི་མཚན་ཉིད་དུ་འགྱུར་ཏེ། ཇི་སྐད་དུ། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པས་དེའི་ཕྱིར་རང་གི་མཚན་ཉིད་དུ་ཡང་རྣམ་པར་མི་གནས་ལ། སྤྱིའི་མཚན་ཉིད་དུ་ཡང་རྣམ་པར་མི་གནས་པའམ། མཚན་ཉིད་གཉི་ག་མེད་པར་འགྱུར་རོ་ཞེས་ཟེར་བས་དེའི་ཕྱིར་སྨྲས་པ། དེའི་ཕྱིར་ཆོས་ཐམས་ཅད་མི་གནས་པ། རྣམ་པར་མི་གནས་པ་ཞེས་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་མཆོག་གི་ཚུལ་གསལ་བར་བྱེད་པ་ཡིན་ཏེ། འཕགས་པ་ཉི་མའི་སྙིང་པོའི་མདོ་ལས། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མི་གནས་པ། རྣམ་པར་མི་གནས་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མཚན་ཉིད་མེད་པར་ཡང་མི་འགྱུར་ཏེ། འདི་ལྟར་གང་གི་ཚེ་ཆོས་ཐམས་ཅད་མ་ལུས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་པ་ན་ཆོས་གཅིག་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་ནས་ཁ་རོག་པར་འདུག་གམ། གཏམ་གཞན་དག་སྨྲ་བར་བྱེད་ན་དེའི་ཚེ་རང་གི་མཚན་ཉིད་རྣམ་པར་གནས་སོ། །གང་གི་ཚེ་ཇི་ལྟར་གཟུགས་ངོ་བོ་ཉིད་མེད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་པ་དེའི་ཚེ་ན་ནི་སྤྱིའི་མཚན་ཉིད་རྣམ་པར་གནས་པས་དེའི་ཕྱིར་དེ་ནི་ཀླན་ཀར་མི་རུང་ངོ༌། །ཡང་ན་དངོས་པོ་རྣམས་ངོ་བོ་ཉིད་ཀྱི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དང་བྲལ་བའི་རང་བཞིན་ནི་རང་གི་མཚན་ཉིད་ཡིན་ལ། དེའི་སྤྲོས་པ་ནི་སྤྱིའི་མཚན་ཉིད་ཡིན་ཏེ། དེའི་ཕྱིར་ཀུན་རྫོབ་པའི་ཆོས་དེ་རྣམས་རང་གི་མཚན་ཉིད་དག་པ་དང་མ་དག་པ་གཉིས་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །དེ་ཉིད་ཅེས་བྱ་བ་ནི་ཆོས་དེ་རྣམས་


DTG099_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེ་ཁོ་ན་སྟེ། དེ་ཁོ་ན་ནི་ཕྱིན་ཅི་མ་ལག་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བའི་རྣམ་གྲངས་སོ། །རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་ནི་དོན་དམ་པར་བདག་གི་ངོ་བོ་དང༌། གཞན་གྱི་ངོ་བོ་དང༌། ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པ་གཟུང་བའི་ཡུལ་རྣམས་མ་སྐྱེས་པའི་ཕྱིར་དང༌། བདག་གི་ངོ་བོ་དང་གཞན་གྱི་ངོ་བོ་དང་ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །སྤྲོས་པ་ཀུན་ཞི་ཞེས་བྱ་བ་ནི་ལུང་ལས་མ་བརྟགས་མ་དཔྱད་པར་ཚིག་མི་སྨྲའོ་ཞེས་གསུངས་པས། དེའི་ཕྱིར་རྟོག་པ་དང་དཔྱོད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་དང༌། བརྗོད་པའི་རྣམ་པར་སྤྲོས་པ་མ་ལུས་པར་ཞི་བའི་ཕྱིར་རོ། །ཚིག་གི་ཡུལ་མ་ཡིན་ཡང་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ནི་ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡིན། ཡང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་པ་ལ་དམིགས་པའི་ཐུགས་རྗེ་ཆེན་པོས་བསྐུལ་བས་ན་ཆོས་ཀྱི་དེ་ཁོ་ན་ཉིད་ཚིག་གི་ཡུལ་མ་ཡིན་པ་ཡི་གེ་མེད་པ་ཡང་ཡི་གེ་དག་གིས་བསྟན་པའོ། །དེ་ནི་སྒྲོ་བཏགས་ནས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཞེས་བྱ་བ་དེར་སྒྲོ་བཏགས་ནས་བསྟན་པ་སྟེ། ཆོས་ཀྱི་དེ་ཁོ་ན་ཞེས་བྱ་བར་དེ་སྐད་བསྟན་པའོ། །ཡང་ན་དེ་ནི་སྒྲོ་བཏགས་ནས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ནའི་ཚིག་བླ་དགས། འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ཏུ་ཡང་དག་པ་ཕྱིན་ཅི་མ་ལོག་པར་སྒྲོ་བཏགས་ནས་བསྟན་པའོ། །ཡང་ན་དེ་ནི་སྒྲོ་བཏགས་ནས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ་ལ་སྒྲོ་བཏགས་པ་ནི་སྒྲོ་བཏགས་པ་སྟེ། དེ་ལ་ཇི་ཞིག་སྒྲོ་བཏགས་ཤེ་ན། ཆོས་ཀྱི་དེ་ཁོ་ན་དེ་ལ་རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་དང༌། སྤྲོས་པ་ཀུན་ཞི་ཞེས་བྱ་བ་དང༌། བློ་ངན་རབ་རིབ་སྐྱོན་འཇོམས་ཅན་ཞེས་བྱ་བར་བརྗོད་པ་གསུམ་པོ་དེ་དག་སྒྲོ་བཏགས་ནས་བསྟན་པའོ། །ས་ཀུན་འབྱོར་ཕྱིར་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་འདོད་པའི་ཁམས་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སོ། །ཀུན་ཞེས་བྱ་བ་ནི་ཆ་དང་བཅས་པ་སྟེ་ཆ་ཞེས་བྱ་བ་


DTG099_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆ་ཕྲ་བ་ཉིད་དེ་དེ་དང་བཅས་པའོ། །ས་ཀུན་འབྱོར་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ས་ཆ་དང་བཅས་པ་གང་གིས་འབྱོར་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་མ་བསྟན་པ་ནི་ཆ་ཕྲ་མོའི་རྣམ་པ་ཡང་མེད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འཇིག་རྟེན་ན་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བར་དག་ཡོད་པ་ཡིན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་དག་ཡོད་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འཇིག་རྟེན་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཡོད་པ་ཡིན་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་ས་ཀུན་གྱི་འབྱོར་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དེ་ཁོ་ན་བསྟན་ཏོ་ཞེས་བྱ་བ་དེ་ནི་ལེགས་པར་སྨྲས་པ་ཡིན་ནོ། །བསྟན་པ་ཞེས་བྱ་བ་ནི་གདུལ་དཀའ་བ་རྣམས་གདུལ་བའི་ཕྱིར་དངོས་པོའི་དེ་ཁོ་ན་ངོ་བོ་ཉིད་མེད་པ་ཉིད་བསྟན་པར་གྱུར་པའམ། །མི་ཤེས་པའི་མུན་པ་མ་ལུས་པར་སྤང་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་ཉི་མའི་འོད་ཟེར་གྱི་སྣང་བ་ལྟ་བུ་བསྟན་པར་གྱུར་པ་སྟེ། དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་སྨྲས་སོ། །ཡང་ན་གང་གིས་ཆོས་ཀྱི་དེ་ཉིད་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་འདིར་གང་གིས་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་དང༌། སྤྲོས་པ་ཀུན་ཞི་ཞེས་བྱ་བ་གཉིས་ནི་དེའི་ཁྱད་པར་ཡིན་ནོ། །ཆོས་ཀྱི་དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། བློ་ངན་རབ་རིབ་སྐྱོན་འཇོམས་ཅན། །ཞེས་བྱ་བ་ནི་དེའི་ཁྱད་པར་ཡིན་ནོ། །དེ་ལ་རྣམ་རྟོག་ལེགས་བྲལ་བ་ཞེས་བྱ་བ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྒོ་ནས་གང་གི་རྣམ་པར་རྟོག་པ་དག་ཇི་ལྟར་འགགས་ནས་ཡང་མི་སྐྱེ་བ་དེ་ལྟར་ལེགས་པར་བྲལ་བ་དེ་ནི་རྣམ་རྟོག་ལེགས་བྲལ་བའོ། །སྤྲོས་པ་ཀུན་ཞི་ཞེས་བྱ་བ་ནི་གང་གིས་སྤྲོས་པ་ཐམས་ཅད་ཞི་བར་གྱུར་པ་དེ་ནི་སྤྲོས་པ་ཀུན་ཞི་བའོ། །དེའི་ཕྱིར་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བའི་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་དང༌། སྤྲོས་པ་ཀུན་ཞི་བའི་མཚན་དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་གང་གིས་ས་ཀུན་གྱི་འབྱོར་པའི་


DTG099_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆོས་ཀྱི་དེ་ཁོ་ན་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །འདི་ལ་ཁ་ཅིག་གལ་ཏེ་བཅོམ་ལྡན་འདས་རྣམ་པར་རྟོག་པ་དང་སྤྲོས་པ་ལས་འདས་ཤིང་ཚིག་གི་ཡུལ་ཡང་མ་ཡིན་ན། འོ་ན་བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྟོད་པར་བྱ་ཞིང༌། བཅོམ་ལྡན་འདས་དེ་སྟོན་པར་ཡང་ཇི་ལྟར་རིགས་ཞེས་རྒོལ་བས། དེའི་ཕྱིར་དེ་ལ་ལན་གདབ་པའི་དོན་དུ་ཚིག་གི་ཡུལ་མ་ཡིན་ཡང་དེ་ནི་སྒྲོ་བཏགས་ནས་ཞེས་སྨྲས་ཏེ། གང་ཟག་གང་གིས་སྟོད་པར་བྱེད་པ་དང༌། བཅོམ་ལྡན་འདས་གང་ལ་བསྟོད་པར་བྱ་བ་དེ་གཉིས་ཇི་ལྟར་བསྟོད་པའི་ཚིག་འདི་དང་འབྲེལ་བ་མེད་པར་འགྱུར་ཏེ། འབྲེལ་པ་ཡོད་པ་ཁོ་ན་ཡིན་ནོ། །བཅོམ་ལྡན་འདས་དེ་སྟོན་པར་ཡང་ཇི་ལྟར་རིགས་ཞེས་སྨྲས་པ་གང་ཡིན་པ་དེ་ནི་ཚིག་གི་ཡུལ་མ་ཡིན་ཡང་ཆོས་དེ་སྒྲོ་བཏགས་ནས་སྟོན་པར་མཛད་པས། བཅོམ་ལྡན་འདས་དེ་སྟོན་པར་ཡང་ཇི་ལྟར་མི་རིགས་པར་འགྱུར་ཏེ་རིགས་པ་ཁོ་ན་ཡིན་ནོ།། ཡང་ཁ་ཅིག་འདི་སྙམ་དུ་གང་གིས་ས་ཀུན་གྱི་འབྱོར་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་བསྟན་པ་རྣམ་པར་རྟོག་པ་དང་ལེགས་པར་བྲལ་བ། སྤྲོས་པ་ཀུན་ཞི་བ་དེ་གང་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་དེ་བསྩལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་གང་གི་མཚན་ཉིད་ཀྱི་གཞི་ཆོས་ཀྱི་དེ་ཉིད་ཅེས་བྱ་བ་མཚན་ཉིད། བློ་ངན་རབ་རིབ་སྐྱོན་འཇོམས་ཅན། །ཞེས་བྱ་བ་ཐུན་མོང་མ་ཡིན་པ་གཅིག་གིས་མཚོན་པ་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲས་པ་ཡིན་ནོ། །གང་གིས་ཞེས་བྱ་བ་དང་དེ་ལ་ཞེས་བྱ་བར་ཇི་ལྟར་སྦྱར་དུ་རུང་ཞེ་ན། འདི་ལྟར་དོན་གྱི་དབང་གིས་ཚིག་བསྒྱུར་ཞིང་སྦྱར་དུ་རུང་སྟེ། དཔེར་ན་ལྷ་སྦྱིན་གང་གི་ཁྱིམ་བརྩིགས་པ་དེ་བོས་ཤིག་ཅེས་བྱ་བ་དང་འདྲ་བར་འདིར་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གི་ཆོས་ཀྱི་དེ་ཉིད་བསྟན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ནི་སྔར་ལ་ལ་ལ་བཅོམ་ལྡན་འདས་ཀྱིས་མཚན་ཉིད་ཇི་ལྟ་བུ་དང་ལྡན་པའི་དེ་ཁོ་ན་ཐུགས་སུ་ཆུད་ནས་བསྟན། ཆོས་ཀྱི་དེ་ཁོ་ན་ནི་ཡི་གེ་མེད་པ་ཡིན་ན་ཇི་ལྟར་བསྟན། ཅིའི་ཕྱིར་བསྟན་སྙམ་པའི་བློ་དེ་ལྟ་བུ་སྐྱེ་བས་ཞེས་སྨོས་པ་གང་ཡིན་པ་དེའི་ལན་རྣམ་པར་བཤད་པ་ཡིན་ཏེ། མཚན་ཉིད་ཇི་ལྟ་བུ་དང་ལྡན་པའི་དེ་ཁོ་ན་ཐུགས་སུ་ཆུད་ནས་བསྟན་ཅེ་ན། མཚན་ཉིད་


DTG099_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའམ་མཚན་ཉིད་གསུམ་མམ། མཚན་ཉིད་གཅིག་དང་ལྡན་པའི་དེ་ཁོ་ན་ཐུགས་སུ་ཆུད་ནས་བསྟན་ཏོ། །ཆོས་ཀྱི་དེ་ཁོ་ན་ནི་ཡི་གེ་མེད་པ་ཡིན་ན་ཇི་ལྟར་བསྟན་ཅེ་ན། ཚིག་གི་ཡུལ་མ་ཡིན་ཡང་དེ་ནི་སྒྲོ་བཏགས་ནས་བསྟན་ཏོ། །ཅིའི་ཕྱིར་བསྟན་ཅེ་ན། ས་ཀུན་གྱི་འབྱོར་བའི་ཕྱིར་བསྟན་ཏོ་ཞེས་རྣམ་པར་བཤད་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ལ་བདག་དང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པའི་འབྲས་བུ་དང་ལྡན་པའི་ཆོས་ཀྱི་དེ་ཁོ་ན་སྟོན་པ་ཉིད་ཀྱི་ཡོན་ཏན་བརྗོད་པས་སྟོད་པར་བྱེད་པ་དང༌། བསྟན་བཅོས་ཀྱི་འབྲས་བུ་ཁྱད་པར་དང་བཅས་པ་དང༌། དགོས་པ་དང་བཅས་པ་དང༌། གཞན་གྱིས་བཙལ་བའི་ཀླན་ཀ་བསལ་བའི་སྒོ་ནས་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །གཞན་དག་ཕལ་ཆེར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་བཤད་པའི་བརྣག་པ་མི་བཟོད་པ་ན། གལ་ཏེ་འདིས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིགས་མེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མཚན་ཉིད་གང་ཁོ་ན་བསྟན་པའི་མཚན་ཉིད་དེ་ཁོ་ན་སྟོན་ན་ནི་དེའི་ཕྱིར་དེ་དང་པོ་ཉིད་དུ་རྣམ་པར་བཤད་ཟིན་པས་བཏགས་པ་ལ་འཐག་པ་དང་འདྲ་བས་རྣམ་པར་བཤད་པ་བརྩམས་པ་འདི་མི་དགོས་སོ། །འོ་ན་ཏེ་དེར་མ་བཤད་པ་འདིར་འཆད་ན་ནི་དེ་ལྟར་ན་ཡང་མདོ་ལས་ལྷག་པ་རང་གི་བློས་རྣམ་པར་བཤད་པ་མི་རིགས་སོ་ཞེས་ཕྱིར་ཟློག་པར་བྱེད་པས་དེའི་ཕྱིར་འགྲེལ་པ་བྱེད་པས་དང་པོ་ཁོ་ནར་ཁོང་ནས་དབྱུང་བའི་ཕྱོགས་སྔ་མ་དེ་གཉིས་ཀ་བསལ་བའི་ཕྱིར། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་དག་ཁོ་ན་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་མོད་ཀྱི། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས་དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཞེས་བྱ་བས་ནི་ང་རྒྱལ་སྤངས་པ་བསྟན་ཏོ། །ཚིག་ལེའུར་བྱས་པ་དག་ཅེས་བྱ་བ་ནི་དེ་དག་


DTG099_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལེའུ་ཡང་ཡིན་ལ་བྱེད་པ་ཡང་ཡིན་ཏེ། འདོད་པའི་དོན་བྱེད་པ་དང༌། མངོན་པར་འགྲུབ་པར་བྱེད་པ་དང༌། སྒྲུབ་པར་བྱེད་པ་དག་གོ །ཁོ་ནས་ཞེས་བྱ་བ་ནི་དེ་ཚིག་ལེའུར་བྱེད་པ་དེ་དག་ཁོ་ནས་ཏེ། དེའི་ཕྱིར་འདི་ལ་བདག་གི་སྐྱེས་བུའི་རྩལ་མེད་པས་སོ། །རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་དུ་རང་གི་ཕྱོགས་སྒྲུབ་པའི་ཕྱིར། རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་དང༌། གཞན་གྱི་ཕྱོགས་གཞིག་པའི་ཕྱིར་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་དག་བསྟན་པ་ཡིན་ནོ། །དེ་ལ་རྗེས་སུ་དཔག་པའི་གསལ་བ་དག་ཅེས་བྱ་བ་ནི་ཡི་གེ་དང་ཚིག་དང་ངག་ཤིན་ཏུ་རྣམ་པར་དག་པ་དག་གོ །དེ་ཁོ་ན་དག་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ལྟར་སྣང་བ་མ་ཡིན་པ་དག་གོ །ཡང་ན་གསལ་བདག་ཅེས་བྱ་བ་ནི་ཚིག་གི་བདག་ཉིད་དག་གོ །དེ་ཁོ་ན་དག་ཅེས་བྱ་བ་ནི་དོན་གྱི་བདག་ཉིད་དག་གོ །དེ་བཞིན་དུ་སུན་དབྱུང་བའི་གསལ་བ་དག་ཅེས་བྱ་བ་ཡང་ཡི་གེ་དང་ཚིག་དང་ངག་ཤིན་ཏུ་རྣམ་པར་དག་པ་དག་གོ །དེ་ཁོ་ན་དག་ཅེས་བྱ་བ་ནི་སུན་དབྱུང་བ་ལྟར་སྣང་བ་མ་ཡིན་པ་དག་གོ །ཡང་ན་གསལ་བ་དག་ཅེས་བྱ་བ་ནི་ཚིག་གི་བདག་ཉིད་དོ། །དེ་ཁོ་ན་དག་ཅེས་བྱ་བ་ནི་དོན་གྱི་བདག་ཉིད་དག་གོ །བསྟན་པ་ཞེས་བྱ་བ་ནི་གསལ་བར་བྱས་པའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་དུ་དབུ་མ་པས་ཉེ་བར་སྦྱར་བའི་རྗེས་སུ་དཔག་པ་གསལ་བར་རྗོད་པ་དག་གིས་གཞན་གྱི་ཕྱོགས་སུན་དབྱུང་བའི་དེ་ཁོ་ན་དག་བསྟན་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་ཡིན་ནོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་དུ་གཞན་གྱིས་ཉེ་བར་སྦྱར་བའི་རྗེས་སུ་དཔག་པ་གསལ་བ་དག་ཀྱང་དབུ་མ་པས་སུན་དབྱུང་བའི་དེ་ཁོ་ན་དག་བསྟན་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེར་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། ཤེས་རབ་ཀྱི་ཕ་


DTG099_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པའི་ཚུལ་དེ་ནི་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཡང་ཡིན་ནོ། །དེ་ལ་ལྟ་བ་ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་དང༌། དོན་ཐ་དད་པ་མ་ཡིན་ཏེ་དོན་གཅིག་གོ །ལྟ་བ་ངན་པ་ཞེས་བྱ་བ་ནི་མཐོང་བ་ངན་པ་སྟེ། བདག་གི་ངོ་བོ་དང༌། གཞན་གྱི་ངོ་བོ་དང༌། ཡོད་པ་དང་མེད་པ་ལ་སོགས་པར་མཐོང་བའི་ལྟ་བའོ། །ལྟ་བ་ངན་པའི་དྲ་བ་ཞེས་བྱ་བ་ནི་ལྟ་བ་ངན་པ་དེ་ཉིད་དྲ་བ་སྟེ། དཔེར་ན་དྲ་བས་གཡོགས་ནས་རང་དགར་འགྲོ་མི་ནུས་པ་དང་འདྲ་བར་ལྟ་བ་ངན་པའི་དྲ་བས་བསྒྲིབས་ན་མྱ་ངན་ལས་འདས་པར་འགྲོ་མི་ནུས་པས་དེའི་ཕྱིར་ལྟ་བ་ངན་པ་དེ་ཉིད་དྲ་བ་དང་འདྲ་བས་ལྟ་བ་ངན་པའི་དྲ་བའོ། །ཞི་བར་བྱེད་པ་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ལ་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ནི་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཡིན་ནོ། །དེ་ཡང་གང་ཞེ་ན། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་རབ་ཏུ་འབྱེད་པའི་མཚན་ཉིད་དེ། གང་གིས་ཆོས་རྣམས་རབ་ཏུ་འབྱེད་པར་བྱེད་པ་དང༌། རྣམ་པར་འཇོག་པར་བྱེད་པ་དེ་ནི་ཤེས་རབ་ཅེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མི་དམིགས་པའི་མཚན་ཉིད་དོ། །ཕ་རོལ་ཞེས་བྱ་བ་ནི་མི་དམིགས་པ་སྟེ་ཤེས་རབ་གང་མི་དམིགས་པ་དེར་ཕྱིན་ཅིང་སོན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཕྱིན་པ་མེད་པ་ཡིན་ནོ། །ཚུལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་ཆོས་བསྟན་པ་གང་ཡིན་པའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཚུལ་ཏེ། གང་གིས་ཆོས་ཐམས་ཅད་དམིགས་སུ་མེད་པར་ཁྲིད་པར་བྱེད་པའམ། གང་གིས་གཞན་གྱི་རྒྱུད་ལ་དོན་ཁྲིད་པར་བྱེད་པའོ། །ཡང་ན་གང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་ཉེ་བར་བསགས་པའི་འཇིག་རྟེན་འཁོར་བའི་བཙོན་ར་ནས་བསྒྲལ་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་ཁྲིད་པར་བྱེད་པ་དེ་ནི་ཚུལ་ལོ། །བཀའ་སྩལ་མོད་ཀྱི་ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་དཔག་པ་དང་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་


DTG099_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དེ་བསྟན་ཅིང་བཤད་ཀྱང་ངོ༌། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཞེས་བྱ་བ་ནི་གང་དག་གི་ཚངས་པར་སྤྱོད་པ་དང་ལྟ་བ་མཐུན་པ་དེ་དག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཏེ། འདི་ལྟ་སྟེ། ཐེག་པ་མཆོག་གི་འགྲོ་བ་རྣམས་སོ། །དེ་རྣམས་ལས་ཁ་ཅིག་གིས་ཞེས་བྱ་བ་ནི་རྣམ་པར་སྤྲོས་ནས་གོ་བ་དག་གིས་ཏེ། མགོ་སྨོས་པས་གོ་བ་དག་གིས་ནི་མ་ཡིན་ནོ། །མི་རྟོག་པས་ཞེས་བྱ་བ་ནི་གང་དག་རྗེས་སུ་དཔག་པ་དང༌། སུན་དབྱུང་བ་དག་མ་བསྟན་པར་རང་གིས་ཉེ་བར་སྦྱོར་མི་ནུས་པ་དག་གིས་སོ། །དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རིགས་པ་མེད་པར་ལུང་ཙམ་གྱིས་ནི་འདོད་པའི་དངོས་པོ་མི་འགྲུབ་སྟེ། སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས། གལ་ཏེ་ཡོད་པའི་ཚིག་ཙམ་གྱིས། །དངོས་པོ་ཡོད་པར་འགྱུར་ན་ནི། །མེད་ཅེས་བྱ་བའི་ཚིག་ཙམ་གྱིས། །ཅི་ཕྱིར་མེད་པར་འགྱུར་བ་མིན། །དེའི་ཕྱིར། དོན་གང་ལུང་དང་རིགས་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང༌། །སྔ་ཕྱི་འགལ་བ་མེད་པ་དེ། །དམ་པ་རྣམས་ཀྱིས་ཡོངས་སུ་གཟུང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་རྣམ་པར་སྤྲོས་ན་གོ་བ་རྗེས་སུ་དཔག་པ་དང་སུན་དབྱུང་བ་ཉེ་བར་སྦྱོར་མི་ནུས་པ་དེ་དག་གིས་རྟོགས་པར་བྱ་བ་འདོད་ནས་སོ། །ཡང་ན་དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ཞེས་བྱ་བ་ནི་འདི་ལ་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལིཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་འདི་རྒྱལ་པོ་མཐར་འགྲོ་ཞོན་གྱི་དུས་ན་དགེ་སློང་ཀླུ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་གསལ་བར་བྱས་ཏེ། རིམ་གྱིས་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང༌། དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། །བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་བྱུང་བ་ནི། །བློ་གྲོས་ཆེན་པོ་


DTG099_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་ཏེ། དེའི་ཕྱིར་དེས་ཐེག་པ་མཆོག་འདི་ཡོད་པ་དང་མེད་པའི་ཕྱོགས་འཇིག་པ་ཉིད་ཀྱིས་རྣམ་པར་བསྟན་ནས། གང་དག་མ་མོས་ཤིང་མ་རྟོགས་པ་ན་ངེས་པའི་དོན་ནི་དྲང་བའི་དོན་དུ་རྗོད་པར་བྱེད་ལ། དྲང་བའི་དོན་ནི་ངེས་པའི་དོན་དུ་རྗོད་པར་བྱེད་དེ། དེའི་ཕྱིར་མ་རྟོགས་པ་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་སོ། །ངེས་པའི་དོན་དང་དྲང་བའི་དོན་གྱི་མཚན་ཉིད་ནི། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་དང༌། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང༌། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གསོ་བ་མེད་པ་དང༌། སྐྱེས་བུ་མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་དང༌། རྣམ་པར་ཐར་པའི་སྒོའི་བར་དུ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ་ཞེས་གསུངས་པ་དང༌། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང༌། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །དེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུས་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མ་རྟོགས་པ་དེ་དག་གིས་རྟོགས་པར་བྱ་བ་ནི་དེ་དག་གིས་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་རྟོགས་པར་བྱ་བར་འདོད་པས་ཞེས་བྱ་བ་ནི་དེ་དག་


DTG099_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁོང་དུ་ཆུད་པར་བྱ་བར་འདོད་ནས་སོ། །ལུང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་རང་གི་བློས་མ་ཡིན་པར་རོ། །དེ་ལྟར་ན་བརྩམས་པ་འདི་ཟློས་པ་དང་དོན་མེད་པར་ཡང་མི་འགྱུར་ཏེ། སེམས་ཅན་རྗེས་སུ་དཔག་པ་དང་སུན་དབྱུང་བ་ལ་མི་མཁས་པ་རྣམས་ཀྱི་བློ་གྲོས་རབ་ཏུ་དབྱེ་བ་ལ་འཇུག་པའི་ཕྱིར་རོ། །ཡང་ན་ལུང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ངེས་པའི་དོན་ཇི་ལྟ་བ་དང་དྲང་བའི་དོན་ཇི་ལྟ་བ་དེ་དག་དེ་ཁོ་ན་བཞིན་དུ་རྣམ་པར་བཤད་པ་སྟེ། དེའི་ཕྱིར་ངེས་པའི་དོན་དང་དྲང་བའི་དོན་བཟློག་པ་ལེགས་པ་མ་ཡིན་པ་དེ་སྤང་བའི་ཕྱིར་ཡང་རྣམ་པར་བཤད་པ་ལ་ཉེས་པ་མེད་དོ། །དབུ་མའི་ཞེས་བྱ་བ་ལ། དབུ་མ་ཞེས་བྱ་བ་ནི་སྙིང་པོ་སྟེ་ཚིག་ལས་འབྱུང་བ་ཐམས་ཅད་ཀྱི་ནང་ནས་དབུ་མའི་ལམ་འདི་མཆོག་དང་སྙིང་པོ་ཡིན་པའོ། །གསུང་རབ་གཞན་དག་ནི་ཆད་པ་དང་རྟག་པའི་མཐའ་སྟོན་པའི་ཕྱིར་སྙིང་པོ་མ་ཡིན་ལ། དབུ་མ་ནི་ཆད་པ་དང་རྟག་པའི་མཐའ་སེལ་བས་དེའི་ཕྱིར་སྙིང་པོ་ཡིན་པས་དབུ་མ་ཞེས་བྱའོ། །ཡང་ན་དབུ་མ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་དངོས་པོ་བསྡུས་པའི་བསྟན་བཅོས་ནམ་མཁའ་ལྟ་བུ་དག་གི་ནང་ནས་བཏུས་པའི་ཕྱིར་དབུ་མའོ། །ཡང་ན་དབུ་མ་པ་ཞེས་བྱ་བ་ནི་དངོས་པོ་དང༌། དངོས་པོ་མེད་པའི་མཐའ་སྤངས་པས་འདིར་དབུ་མའི་ལམ་བསྟན་པ་སྟེ། མཐའ་གཉིས་སྤང་བའི་ཐབས་ནི་བསྟན་བཅོས་འདི་མཐའ་དག་ཏུ་རྣམ་པར་འཆད་མོད་ཀྱི། འོན་ཀྱང་མཐའ་གཉིས་སྤང་བ་ལ་ངོ་མཚར་སྐྱེ་བ་རྣམས་ཀྱི་དོན་དུ་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། དོན་དམ་པར་ན་དངོས་པོ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་དངོས་པོའི་མཐར་འཛིན་པ་ཡང་མེད་ལ། དངོས་པོ་མེད་པའི་མཐར་འཛིན་པ་ཡང་མེད་དོ། །འདི་ལྟར་ཞིག་ནས་མེད་པ་ལྟར་དངོས་པོ་ཞིག་པས་དངོས་པོ་མེད་པར་གདགས་ཏེ། དཔེར་ན་རིང་པོ་ལ་ལྟོས་ཏེ་ཐུང་དུ་དང༌། ཕ་རོལ་ལ་ལྟོས་ཏེ་ཚུ་རོལ་དུ་གདགས་པ་ལྟ་བུ་ཡིན་ན་དོན་དམ་པར་དངོས་པོ་སྐྱེ་བ་མེད་པའི་ཕྱིར་གང་ཞིག་པས་དངོས་པོ་མེད་པའམ། གང་ལ་ལྟོས་ནས་གདགས་པར་འགྱུར་ཏེ། སློབ་དཔོན་ཉིད་ཀྱིས། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བསྟན་


DTG099_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་འཆོས་པའི་ཕྱིར་དང༌། ངན་སོང་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཞེས་བྱའོ། །ཡང་ན་བསྟན་བཅོས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་དགྲ་འཆོས་པའི་ཕྱིར་དང༌། བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་སྐུ་གསུམ་ཐོབ་པར་བྱེད་པའི་ཕྱིར་བསྟན་བཅོས་སོ། །ཡང་ན་བསྟན་བཅོས་ཞེས་བྱ་བ་ནི་ཆོས་ཞི་བ་ཉེ་བར་སྟོན་པའི་ཕྱིར་དང༌། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་ཉེ་བར་སྟོན་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བསྟན་པ་རྣམ་པར་ཐར་པ་གསུམ་སྟོན་པའི་ཕྱིར་བསྟན་བཅོས་སོ། །བཤད་པར་བྱའོ་ཞེས་བྱ་བ་ནི་དེའི་ཕྱིར་རྒྱུ་དེ་དག་གིས་ན། འགྲེལ་པ་ཕྱེད་པའི་རྣམ་པར་བཤད་པ་བརྩམས་པ། འབྲས་བུ་མེད་པ་མ་ཡིན་པས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་བསྟན་བཅོས་ཀྱི་འབྲེལ་པ་སྨྲས་པ་ཞེས་བྱ་བ་དེ་ལ་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་ཀྱི་འབྲེལ་པའི་ཚིག་ཉེ་བར་དགོད་པར་འདོད་ནས་དང་པོར་སྦྱར་ཏེ། བསྟན་བཅོས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་ཁོ་ནར་རྣམ་པར་བཤད་པ་ཡིན་ནོ། །འབྲེལ་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། རིགས་པའི་འབྲེལ་བ་དང༌། དོན་གྱི་འབྲེལ་པའོ།། དེ་ལ་རིགས་པའི་འབྲེལ་བ་ནི་བླ་མ་བརྒྱུད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་བསྟན་བཅོས་མཛད་པ་ཇི་ལྟར་འབྱུང་བའི་རྒྱུ་བསྟན་པའོ། །དོན་གྱི་འབྲེལ་པ་ནི་ཡན་ལག་གི་དོན་བསྟན་པ་སྟེ། རིགས་པའི་འབྲེལ་པ་བསྟན་པ་དེ་ཉིད་ཀྱིས་གཞུང་རྣམས་ཀྱི་ཡན་ལག་གི་དོན་བསྟན་པའོ།། དེ་ལ་དང་པོར་བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྱུང་བའི་རྒྱུ་བསྟན་པར་བྱ་ཞིང༌། ཕྱིས་བསྟན་བཅོས་མཛད་པའི་འབྱུང་བའི་རྒྱུ་བསྟན་པར་བྱའོ། །དེ་ལྟ་བས་ན་དེ་ཉིད་བསྟན་པའི་ཕྱིར། འདི་ལ་བཅོམ་ལྡན་འདས་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པའི་ཁུར་བཞེས་པར་མཛད་པ་ན། གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་བའི་ཐུགས་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་བ་མངའ་བས་འཇིག་རྟེན་སྐྱེ་བ་དང༌།


DTG099_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ཐ་དད་པ་དང༌། གཅིག་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་ལ་གཟིགས་ནས། ཤེས་རབ་ཀྱིས་ཤེས་བྱའི་རྒྱ་མཚོ་མངོན་པར་བསྲུབས་ཏེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བ། གཞན་གྱི་དྲིང་མི་འཇོག་པ། རྣམ་པར་མི་རྟོག་པ་བརྙེས་ནས། ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ། སྐྱེ་བ་དང་ན་ཚོད་དང༌། རིགས་དང༌། ཡུལ་དང༌། དུས་ལས་འདའ་བ་མེད་པ། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་སྐྱེ་བ་དང༌། སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏོ་ཞེས་བྱ་བ་སྨྲས་སོ། །ཚིག་འདིའི་བསྡུས་པའི་དོན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་བསྟན་པ་དང༌། འབྲས་བུ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་རྣམ་པ་གཉིས་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་དུ་ན་འདི་ལ་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་ཅི་ཞིག་མངོན་པར་བསྒྲུབ་ཏེ། འབྲས་བུ་རང་གི་དོན་གྱི་མཚན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་བཀའ་སྩལ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་ནི་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པའི་ཁུར་བཞེས་པར་མཛད་པ་ན། གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་པའི་ཐུགས་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་བ་མངའ་བས། འཇིག་རྟེན་སྐྱེ་པ་དང༌། འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། ཐ་དད་པ་དང༌། གཅིག་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་ལ་གཟིགས་ནས་ཤེས་རབ་ཀྱིས་ཤེས་བྱའི་རྒྱ་མཚོ་མངོན་པར་བསྲུབས་ཏེ་ཞེས་བྱ་བས་


DTG099_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །འབྲས་བུ་རང་གི་དོན་གྱི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བ་གཞན་གྱི་དྲིང་མི་འཇོག་པ་རྣམ་པར་མི་རྟོག་པ་བརྙེས་ནས་ཞེས་བྱ་བས་བསྟན་ཏོ། །འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ནི་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ། སྐྱེ་བ་དང་ན་ཚོད་དང༌། རིགས་དང་ཡུལ་དང༌། དུས་ལས་འདའ་བ་མེད་པ། མུ་སྟེགས་བྱེད་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏོ་ཞེས་བྱ་བས་བསྟན་ཏེ། དེ་ནི་དོན་གྱི་འབྲེལ་པ་ཡིན་ནོ། །དེ་ལ་དོན་གྱི་འབྲེལ་པ་སྦྱར་བ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བ། འཇིག་རྟེན་ལ་ཐུགས་བརྩེ་ཞིང་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་བསྟན་པར་དགོངས་པ་ན། གང་གི་ཕྱིར་བདག་མ་གྲོལ་བས་གཞན་དགྲོལ་བར་བྱ་བ་དེ་ནི་གནས་མ་ཡིན་ནོ་སྙམ་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པའི་ཁུར་བཞེས་པར་མཛད་པ་ན། གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་བའི་ཐུགས་དཀའ་བ་སྤྱོད་པས་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་བ་མངའ་བས། འཇིག་རྟེན་སྐྱེ་བ་དང་འགག་པ་ལ་སོགས་པ་སྤྲོས་པའི་དྲ་བ་མུན་ནག་ཐིབས་པོ་དང་འདྲ་བར་འཁྱམས་ཤིང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྣང་བ་ཉི་མ་ལྟ་བུ་མེད་པ་ལ་གཟིགས་ནས། ཤེས་རབ་རི་རབ་ཀྱི་སྲུབ་ཤིང་ལྟ་བུས་ཤེས་བྱའོ་མའི་རྒྱ་མཚོ་ལྟ་བུ་མངོན་པར་བསྲུབས་པའི་རྒྱུ་དེས་འབྲས་བུ་རང་གི་དོན་གྱི་མཚན་ཉིད་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་བརྙེས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་


DTG099_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏེ། བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྱུང་བའི་རྒྱུ་ནི་དེ་ལྟ་བུ་ཡིན་ནོ་ཞེས་དོན་གྱི་འབྲེལ་བ་སྦྱར་བས་རིགས་པའི་འབྲེལ་པ་སྦྱར་བར་བལྟའོ། །ད་ནི་ཡི་གེའི་དོན་བཤད་པར་བྱ་སྟེ། འདི་ལ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །འདི་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་འདི་ལ་བཅོམ་ལྡན་འདས་གང་ཡོད་པ་དེ་དང་སྦྱར་གྱི། འཇིག་རྟེན་པའི་ལམ་ལ་སྲེད་མེད་ཀྱི་བུ་ལ་སོགས་པ་ལེགས་ལྡན་གང་དག་ཡོད་པ་དེ་དག་དང་མི་སྦྱར་ཏེ། འདི་ཉིད་བཅོམ་ལྡན་འདས་དངོས་པོ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་གྱི་འཇིག་རྟེན་པའི་འཇིག་པ་དང་བྲལ་ཞིང་འདས་པར་གྱུར་པ་དེའི་ཕྱིར་བཅོམ་ལྡན་འདས་སོ། ཡང་ན་ཉོན་མོངས་པ་དང༌། ཕུང་པོ་དང་ལྷའི་བུ་དང༌། འཆི་བདག་གི་བདུད་ཐམས་ཅད་བཅོམ་པས་བཅོམ་ལྡན་འདས་སོ། །ཡང་ན་བདུད་བཞི་ལས་དེའི་འཇིགས་པ་བྲལ་ཞིང་མི་འབྱུང་བས་བཅོམ་ལྡན་འདས་སོ། །ཡང་ན་དེའི་བདུད་བཞི་ལས་བྱུང་བའི་འཇིགས་པ་དངོས་པོ་མེད་པ་དང་བརྫུན་པར་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་སོ། །ཡང་ན་བསོད་ནམས་དང་མངའ་དབང་གི་སྐལ་བ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་འཕགས་པ་ཕྱིར་མོ་ལྡོག་པའི་འཁོར་ལོའི་མདོ་ལས། ནམ་མཁའ་འདྲ་བའི་ཆོས་རྣམས་ནི། །ལུས་ཅན་དག་ལ་རབ་སྟོན་ཀྱང༌། །དེ་ལ་བརྙེས་པ་མི་མངའ་བས། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་ཅི་ཞིག་མངོན་པར་བསྒྲུབས་ཤེ་ན། དེའི་ཕྱིར་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔའ་གང་ལ་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་ཤེས་རབ་ཀྱི་བློ་གྲོས་ཡོད་པ་དེ་ནི་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བའོ། །ཐུགས་རྗེ་དམ་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་འཇིག་རྟེན་རྟོག་པ་དང་ཆད་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པར་གཟིགས་ནས། ཨེ་མ་


DTG099_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ཀྱེ་མ་འཇིག་རྟེན་སྡུག་བསྔལ་ལོ་སྙམ་དུ་དེ་ལྟར་དགོངས་པ་ན་འཇིག་རྟེན་ལ་ཐུགས་རྗེ་ཆེན་པོ་སྐྱེས་པས་སོ། །དེ་ལ་ཐུགས་རྗེ་ཞེས་བྱ་བ་ནི་སྡུག་བསྔལ་ལས་སྐྱོབ་པའི་མཚན་ཉིད་དོ། །དམ་པ་ཞེས་བྱ་བ་ནི་ཆེན་པོ་སྟེ་འཇིག་རྟེན་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཐུགས་རྗེ་དམ་པ་དེས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་སྐྱེས་པའི་རྒྱུ་དེས་འཇིག་རྟེན་ལ་ཐུགས་བརྩེ་ཞིང་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་བསྟན་པར་བྱའོ་སྙམ་དུ་དགོངས་པའི་ཤེས་རབ་བོ། །དེ་ལ་སྤྲོས་བ་ཞེས་བྱ་བ་ནི་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་བསྟན་པར་བྱའོ་སྙམ་དུ་དགོངས་པའོ། །རབ་ཏུ་བསྐྱེད་པ་ཞེས་བྱ་བ་ནི་མཆོག་ཏུ་བསྐྱེད་པའམ། ཡང་ན་སེམས་ཅན་རེ་རེའི་ཕྱིར་བསྐྱེད་པའོ། །བློ་གྲོས་ཞེས་བྱ་བ་ནི་ཤེས་རབ་སྟེ། ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་བསྟན་པར་བྱའོ་སྙམ་དུ་དགོངས་པའི་ཤེས་རབ་བོ། །མངའ་བ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་གང་ལ་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་ཡོད་པ་དེ་ནི་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་འཇིག་རྟེན་རྟག་པ་དང་ཆད་པ་ལ་སོགས་པའི་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་གཟིགས་ནས་ཐུགས་རྗེ་ཆེན་པོ་སྐྱེ་བ་དེ་ཇི་ལྟར་ཤེས་ཤེ་ན། འདི་ལྟར་འཕགས་པ་དཀོན་མཆོག་སྤྲིན་དང་ཚང་པ་ཁྱད་པར་སེམས་ཀྱིས་ཞུས་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལ་སོགས་པའི་མདོ་ལས། དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ནི་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་འབྱུང་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ན་སེམས་ཅན་རྣམས་ནི་བདག་མེད་པར་མ་མོས་པས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་


DTG099_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། ངོ་བོ་ཉིད་མེད་པ་དང༌། གནས་མེད་པ་དང༌། གཞི་མེད་པ་དང༌། ང་ཡིར་བྱ་བ་མེད་པ་དང༌། བདག་པོ་མེད་པ་དང༌། དངོས་པོ་མེད་པ་དང༌། མ་སྐྱེས་པ་དང༌། ཤི་འཕོས་མེད་ཅིང་མ་སྐྱེས་པ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བྲལ་བ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། སྤྲོས་པ་མེད་པ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སྨོན་ལམ་ལ་སྤྱོད་དོ་ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བ་དང༌། ཞེ་སྡང་ལ་ཞུགས་པར་གཟིགས་ནས་དེ་དག་ལ་གནོད་སེམས་ཀྱི་ཐ་བ་དང་ཞེ་སྡང་སྤངས་པའི་ཕྱིར་ཆོས་བསྟན་པར་བྱའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ་ལམ་གོལ་བ་ལ་གནས་པ་ཡིན་གྱི། དེ་དག་ཡང་དག་པའི་ལམ་དུ་གཟུད་པར་བྱའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ན་བརྐམ་ཞིང་འདོད་པའི་ཟིལ་གྱིས་ནོན་པ་སྟེ། ཆོག་མི་ཤེས་ཤིང་གཞན་གྱི་ནོར་ལ་འཕྲོག་པ་ཡིན་གྱི་དེ་དག་འཕགས་པའི་ནོར་དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་དང༌། ཤེས་རབ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའི་ནོར་ལ་དགོད་དོ། །ཀྱེ་མ་སེམས་ཅན་འདི་དག་ནི་བུ་སྨད་དང༌། ཁྱིམ་དང༌། ནོར་དང༌། འབྲུ་ལ་སྲེད་པས་འཁོལ་བ་སྟེ། སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱི་དེ་དག་ལ་ཤིན་ཏུ་མི་རྟག་པ་བསྟན་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ། གཅིག་ལ་གཅིག་འདྲིད་པར་གནས་པ་ཡིན་གྱི་དེ་དག་ལ་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཆོ་ག་མི་ཤེས་པ་སྟེ། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ལ་སྤྱོད་པས་ཀྱང༌། བདག་ཅག་ནི་ཆོག་ཤེས་པའོ་སྙམ་དུ་འཛིན་གྱི་དེ་དག་ལ་གང་འདི་སྡུག་བསྔལ་ཤིན་ཏུ་ཞི་ཞིང་བདེ་བའི་མྱ་ངན་ལས་འདས་པས་ཤིན་ཏུ་ཆོག་ཤེས་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་ཀུན་ནས་ཉོན་མོངས་པ་ལ་རྟག་


DTG099_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བ་ཡིན་གྱི་དེ་དག་ལས་ཡིད་འབྱུང་ཞིང་ཁམས་གསུམ་པ་ལས་ཡང་དག་པར་འདས་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་སྟེ། བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་ཡིན་ན་དེ་ལ་སེམས་ཅན་རྣམས་ནི་འཕགས་པའི་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་ཀྱི་དེ་དག་ལ་རྣམ་པར་གྲོལ་བ་ལྷུར་བླངས་པའི་ཕྱིར་བརྩོན་འགྲུས་བརྩམས་པར་ཆོས་བསྟན་ཏོ། །སེམས་ཅན་རྣམས་ནི་ཆགས་པ་མེད་པའི་ཡེ་ཤེས་དམ་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དམན་པ་ཚོལ་བ་ཡིན་གྱི། དེ་དག་ལ་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར། རྒྱ་ཆེན་པོ་ལ་བློ་མོས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེ་སྟེ། རིགས་ཀྱི་བུ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་ན་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ལ་གནས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་སེམས་ཅན་དག་ལ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་སྙིང་རྗེ་ཆེན་པོ་སྐྱེན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོས་རྒྱས་པ་ཕྱིར་མི་ལྡོག་པ་སེམས་ཅན་གྱི་དོན་ལ་བརྩོན་པར་རིག་པར་བྱའོ། །ཞེས་གསུངས་པ་ལས་ཤེས་པར་བྱའོ། །དེ་ལྟར་ཐུགས་རྗེ་དམ་པས་སྤྲོ་བ་རབ་ཏུ་བསྐྱེད་པའི་བློ་གྲོས་མངའ་བ་འཇིག་རྟེན་ལ་ཐུགས་བརྩེ་ཞིང་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་བསྟན་པར་དགོངས་པ་ན། གང་གི་ཕྱིར་བདག་མ་གྲོལ་བས་གཞན་གྲོལ་བར་བྱ་བ་དེ་ནི་གནས་མ་ཡིན་ཏེ། བདག་གིས་སངས་རྒྱས་ཉིད་མ་ཐོབ་པར་འཇིག་རྟེན་སྐྱེ་བ་དང་འགག་པ་ལ་སོགས་པའི་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་དེ་ངེས་པར་དབྱུང་མི་ནུས་ཀྱི། དེའི་ཕྱིར་བདག་གིས་ཇེ་དང་པར་སངས་རྒྱས་ཀྱི་རྒྱུ་མངོན་པར་བསྒྲུབ་པོ་སྙམ་ནས་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པའི་ཁུར་བཞེས་པར་མཛད་དོ། །དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་མངོན་པར་སྒྲུབ་པར་མཛད་ཅེ་ན། དེའི་


DTG099_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་ཞེས་བྱ་བ་སྨྲས་ཏེ། བསྐལ་པ་གྲངས་མེད་པ་གསུམ་དུའོ། །དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་ཅི་ཞིག་མངོན་པར་སྒྲུབ་པར་མཛད་ཅེ་ན། ཅིའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་ཞེས་བྱ་བ་སྨྲས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་ཞེས་བྱ་བ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་དག་གོ །ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་ནི། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོགས་གཉི་གའི་བདག་ཉིད་དེ་ཚོགས་གཉི་ག་ལ་ཡང་བརྩོན་པ་ཡོད་པའི་ཕྱིར་རོ། །ཡང་ན་གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གཞན་དག་ལ་སྟོན་པར་བྱེད་པ་དེའི་ཚེ་ན་ནི་ཐམས་ཅད་ཀྱང་ཆོས་སྦྱིན་པའི་མཚན་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་ཡིན་ལ། གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱིན་པར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་ལ་སོགས་པ་མི་དམིགས་པའི་རྣམ་པས་སྒོམ་པར་བྱེད་པ། དེའི་ཚེ་ན་ནི་ཐམས་ཅད་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་མཚན་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་ཚོགས་པ་སྟེ། ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ ། གཞལ་དུ་མེད་པ་ཞེས་བྱ་བ་ནི་གཞལ་གྱིས་མི་ལང་བས་གཞལ་དུ་མེད་པ་སྟེ། བསོད་ནམས་ཀྱི་ཚོགས་ཀྱང་གཞལ་དུ་མེད་པ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱང་གཞལ་དུ་མེད་པ་ཡིན་ནོ། །ཁུར་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་དེ་ཉིད་ཁུར་ཡིན་ཏེ། རང་གི་དོན་ལྷུར་ལན་པ་རྣམས་ཀྱིས་བཀུར་བར་དཀའ་བའི་ཕྱིར་རོ། །བཞེས་པར་མཛད་ཅེས་བྱ་བ་ནི་ཁུར་དེ་བསྣམས་པར་མཛད་པ་སྟེ། སྒྲུབ་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ །པ་ན་ཞེས་བྱ་བའི་སྒྲ་ནི་དེ་ལྟར་ཁུར་བཞེས་པར་མཛད་པའི་ཚེ་ན་ཞེས་བྱ་བའི་དོན་ཏེ། དེའི་ཚེ་ན་ཐུགས་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་སྐྱོ་བ་མི་མངའ་བས་འཇིག་རྟེན་ལ་གཟིགས་ནས་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་ཐུགས་བདོག་པ་ཐམས་ཅད་དང༌། སྲས་སྡུག་པ་ལ་སོགས་པ་ཡོངས་སུ་གཏོང་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོ་ཞེ་ན། དེའི་ཕྱིར་གཞན་ལ་ཕན་པ་སྐྱེ་བ་དང་རྗེས་


DTG099_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲེལ་བའི་ཐུགས་ཞེས་བྱ་བ་སྨྲས་སོ། །དེ་ལ་གཞན་ལ་ཕན་པ་ཞེས་བྱ་བ་ནི་གཞན་དག་ལ་ཕན་པ་སྟེ། ཕན་པ་ནི་ཕན་འདོགས་པའོ། །གཞན་ལ་ཕན་པ་སྐྱེ་བ་ནི་ཞེས་བྱ་བ་གཞན་དག་ལ་ཕན་པ་སྐྱེ་བ་སྟེ། སྐྱེ་བ་ནི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་རྗེས་སུ་འབྲེལ་བའི་ཐུགས་ཞེས་བྱ་བ་ནི་རང་གི་སྲོག་དང་བྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་བའི་ཐུགས་གང་ལ་གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་པ་ཡོད་པ་དེ་ནི་གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་བའི་ཐུགས་སོ། །གང་གི་ཕྱིར་གཞན་ལ་ཕན་པ་སྐྱེ་བ་དང་རྗེས་སུ་འབྲེལ་བའི་ཐུགས་དེ་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཐུགས་བདོག་པ་ཐམས་ཅད་དང༌། སྲས་སྡུག་པ་ལ་སོགས་པ་ཡོངས་སུ་གཏོང་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོའོ། །ཇི་ལྟར་དགོངས་པ་ན་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོ་ཞེ་ན། བདག་གིས་འཁོར་བ་ན་སྲོག་དང་འབྲལ་བའི་སྡུག་བསྔལ་དོན་མེད་པ་དུ་མ་དག་ཉམས་སུ་མྱོང་བར་གྱུར་ཀྱང་སངས་རྒྱས་ཉིད་སྐྱེད་པའི་གཞན་ལ་ཕན་པ་མ་ཐོབ་ཀྱི་རང་གི་སྲོག་ཡོངས་སུ་གཏོང་བ་འདིས་ནི་གཞན་ལ་ཕན་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ནི་རྙེད་པ་བླ་ན་མེད་པའི་བདེ་བས་མངོན་པར་བརླན་པའི་ཐུགས་རྗེ་དེ་རང་གི་སྲོག་དང་འབྲལ་བའི་སྡུག་བསྔལ་གྱིས་ཀྱང་ཡོངས་སུ་མི་སྐྱོའོ། །མངའ་བས་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་སེམས་དཔའ་གང་ལ་ཐུགས་དེ་ལྟ་བུ་མངའ་བ་དེས་འཇིག་རྟེན་སྐྱེ་བ་དང་འགག་པ་ལ་སོགས་པའི་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་ལ་གཟིགས་ནས་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། སྐྱེ་བ་དང༌། འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ཐ་དད་པ་དང༌། གཅིག་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་ཞེས་བྱ་བ་ནི་དེའི་ཁྱད་པར་ཡིན་ནོ། །དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་འཇིག་པའི་ཕྱིར། འཇིག་རྟེན་ཏེ་སེམས་ཅན་གྱི་འཇིག་རྟེན་ནོ། །སྐྱེ་བ་དང༌། འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ཐ་དད་པ་དང༌། གཅིག་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོ་ཞེས་བྱ་བ་ནི་འཁོར་


DTG099_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚིག་བླ་དགས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་དང་སྒྲ་དང༌། དྲི་དང་རོ་དང་རེག་བྱ་དང༌། ཆོས་ལ་སོགས་པ་གཟུང་ངོ༌། །སྤྲོས་པ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་ལ་སོགས་པ་ད་དག་ཉིད་སྤྲོས་པ་སྟེ། སྤྲོས་པ་ཞེས་བྱ་བ་ནི་ངག་གི་སྤྱོད་པའོ། །སྤྲོས་པའི་དྲ་བ་ཞེས་བྱ་བ་ནི་འཁོར་བ་སྤྲོས་པ་དེ་ཉིད་འཆིང་བར་བྱེད་པ་ཡིན་པས་སྤྲོས་པའི་དྲ་བའོ། །ཐིབས་པོ་ཞེས་བྱ་བ་ནི་དྲ་བ་དེ་ཉིད་མུན་ནག་ཡིན་པས་སྤྲོས་པའི་དྲ་བ་ཐིབས་པོ་སྟེ། འཐོམ་ཞིང་རྒལ་བར་དཀའ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་སྐྱེ་བ་དང་འགག་པ་ལ་སོགས་པ་སྤྲོས་པའི་དྲ་བ་ཐིབས་པོར་ཞེས་བྱ་བ་དེས་ནི་འཁོར་བར་ཞེས་བསྟན་པ་ཡིན་ནོ། །འཁྱམས་ཤིང་ཞེས་བྱ་བ་ནི་སྤྲོས་པའི་དྲ་བ་ཐིབས་པོ་ཇི་སྐད་བསྟན་པ་དེར་ཞུགས་པ་སྟེ། དེས་ནི་འཇིག་རྟེན་སྐྱེ་བ་དང་འགག་པ་ལ་སོགས་པ་འཁོར་བ་སྤྲོས་པའི་དྲ་བ་མུན་ནག་ཐིབས་པོ་དང་འདྲ་བར་འཁྱམས་པ་བསྟན་ཏོ། །སྣང་བ་མེད་པ་ཞེས་བྱ་བ་ནི་དེ་ལྟར་འཇིག་རྟེན་དེ་འཁོར་བ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འདི་ལྟར་འཇིག་རྟེན་དེ་ནི་སྣང་བ་མེད་པ་ཡང་ཡིན་ཏེ། དེས་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྣང་བ་ཉི་མ་ལྟ་བུ་མེད་པ་བསྟན་ཏོ། །དཔེར་ན་ཚེར་མ་དང༌། ཤིང་ལྗོན་པ་དང༌། ལྕུག་མའི་དྲ་བ་ཐིབས་པོར་འཁྱམས་པར་སྣང་བ་མེད་པ་དེ་ནས་འབྱུང་བར་མི་ནུས་པ་དང་འདྲ་བར་འཁོར་བ་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་པས་ཀྱང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་སྣང་བ་མེད་པར་དེ་ལས་འབྱུང་བར་མི་ནུས་པས་དེའི་ཕྱིར་སྤྲོས་པའི་དྲ་བ་ཐིབས་པོར་འཁྱམས་ཤིང་སྣང་བ་མེད་པ་ཞེས་བྱའོ། །དེ་ལ་གཟིགས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འཇིག་རྟེན་དེ་ལ་གཟིགས་ནས་སོ། །དེ་ལ་གཟིགས་ནས་གང་གིས་ཅི་ཞིག་བསྲུབས་ཤེ་ན། དེའི་ཕྱིར་ཤེས་རབ་ཀྱིས་ཤེས་བྱའི་རྒྱ་མཚོ་མངོན་པར་བསྲུབས་ཏེ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་འདི་ན་ལྷ་དང་མ་ཡིན་དག་གིས་རི་རབ་ཀྱི་སྲུབ་ཤིང་གིས་འོ་མའི་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་གང་བྱུང་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་འཐུངས་སུ་ཟིན་ཀྱང་འཆི་བར་འགྱུར་གྱི། བཅོམ་ལྡན་འདས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཁུར་བཞེས་ཤིང་བསགས་པས་བྱང་ཆུབ་ཀྱི་སྙིང་པོ་


DTG099_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་ནས་ཤེས་རབ་རི་རབ་ཀྱི་སྲུབ་ཤིང་ལྟ་བུས་ཤེས་བྱ་འོ་མའི་རྒྱ་མཚོ་ལྟ་བུ་མངོན་པར་བསྲུབས་པ་ལས་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་གང་བརྙེས་པ་དེ་ནི་ཉག་གཅིག་གིས་བསྟར་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་ཡིན་ནོ། །དེ་ལ་ཤེས་རབ་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རབ་ཏུ་ཕྱེ་བའི་ཤེས་རབ་ཆོས་རབ་ཏུ་འབྱེད་པས་སོ། །ཤེས་བྱའི་རྒྱ་མཚོ་ཞེས་བྱ་བ་ནི་ཤེས་བྱ་ཉིད་རྒྱ་མཚོ་ཡིན་པས་ཤེས་བྱའི་རྒྱ་མཚོ་སྟེ། རྒྱ་མཚོ་ལྟར་མཐའ་ཡས་པའི་ཕྱིར་རོ། །མངོན་པར་བསྲུབས་ཏེ་ཞེས་བྱ་བ་ནི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་རྟོགས་པར་མཛད་དེའོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་བསྟན་པ་ཡིན་ནོ།། །།བམ་པོ་གཉིས་པ། དེ་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་དེ་ལྟ་བུ་མངོན་པར་བསྒྲུབས་པས། འབྲས་བུ་རང་གི་དོན་གྱི་མཚན་ཉིད་ཇི་ཞིག་བརྙེས་ཤེ་ན། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བ། གཞན་གྱི་དྲིང་མི་འཇོག་པ། རྣམ་པར་མི་རྟོག་པ་བརྙེས་ཞེས་བྱ་བ་སྨྲས་སོ། །དེ་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བ་ཞེས་བྱ་བ་དང༌། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་དང༌། རྣམ་པར་མི་རྟོག་པ་ཞེས་བྱ་བ་གསུམ་པོ་དེ་དག་ནི་དེའི་ཁྱད་པ་ཡིན་ནོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱི་རོལ་དང་ནང་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱིའོ། །དེ་ཁོ་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟེ། དེ་ཁོ་ན་ནི་བསླུ་བ་མེད་པའོ། །གང་ལ་དོན་དམ་པར་གཞན་དུ་འགྱུར་བ་མེད་ཅིང་ངོ་བོ་ཉིད་སྟོང་པ་ཉིད་དེ་ནི་བསླུ་བ་མེད་པ་དེ་ཁོ་ན་ཞེས་བྱའོ། །བདུད་རྩི་ཞེས་བྱ་བ་ནི་དེ་ཁོ་ན་གང་ཡིན་པ་དེ་ཉིད་བདུད་རྩི་སྟེ། སེམས་ཅན་རྣམས་ཀྱིས་དེ་རྟོགས་ན་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་མེད་པར་འགྱུར་བས། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ནི་བདུད་རྩི་དང་འདྲ་བས་བདུད་རྩི་སྟེ། ཇི་སྐད་དུ། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་ལས་འདས་སྟོང་པ་ཉིད། །འདི་ལ་དེ་ཉིད་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་ལྟ་བུའོ། །སྤྲོས་


DTG099_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་ངག་གི་སྤྱོད་པ་སྟེ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། སྐྱེ་བ་དང༌། འགག་པ་ལ་སོགས་པའི་རྣམ་པར་བརྗོད་པ་ནི་སྤྲོས་པའོ། །སྤྲོས་པའི་དྲ་བ་ཞེས་བྱ་བ་ནི་སྤྲོས་པ་དེ་ཉིད་དྲ་བ་སྟེ། དཔེར་ན་དྲ་བས་གཡོགས་ན་རང་དགར་འགྲོ་མི་ནུས་པ་དང་འདྲ་བར་སྤྲོས་པའི་དྲ་བས་བསྒྲིབས་ན་མྱང་ངན་ལས་འདས་པར་འགྲོ་མི་ནུས་པས་དེའི་ཕྱིར་སྤྲོས་པ་དེ་ཉིད་དྲ་བ་དང་འདྲ་བས་སྤྲོས་པའི་དྲ་བའོ། །མཐའ་དག་དང་ལེགས་པར་བྲལ་བ་ཞེས་བྱ་བ་ནི་ཐམས་ཅད་ཡང་དག་པར་བྲལ་བ་སྟེ། མཐའ་དག་ཅེས་བྱ་བ་ནི་ཐམས་ཅད་དོ། །ལེགས་པར་ཞེས་བྱ་བ་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་རོ། །འབྲལ་བ་ཞེས་བྱ་བ་ནི་རྒྱུན་ཆད་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་གང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། སྐྱེ་བ་དང༌། འགག་པ་ལ་སོགས་པའི་རྣམ་པ་བརྗོད་པ་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བར་གྱུར་པ་དེ་ནི་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བའོ།། ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་དེ་སྤྲོས་པའི་དྲ་བ་མཐའ་དག་དང་ལེགས་པར་བྲལ་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་དེ་ནི་གཞན་གྱི་དྲིང་མི་འཇོག་པ་ཡང་ཡིན་ཏེ། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་འདི་ནི་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་གྱི་རང་གིས་རྟོགས་པར་བྱ་བ་སྟེ། རང་གིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་བདུད་རྩི་དེ་གཞན་གྱི་དྲིང་མི་འཇོག་པར་ཡང་མ་ཟད་དེ། འདི་ལྟར་དེ་ནི་རྣམ་པར་མི་རྟོག་པ་ཡང་ཡིན་ཏེ། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི། སེམས་ཀྱི་སྤྱོད་པ་དང་བྲལ་བ་སྟེ། བདག་གི་ངོ་བོ་དང་གཞན་གྱི་ངོ་བོ་ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའོ། །བརྙེས་ནས་ཞེས་བྱ་བ་ནི་ཐུགས་སུ་ཆུད་ནས་ཏེ་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བའི་ཐ་ཚིག་གོ ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་


DTG099_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་སྐྱེ་བ་དང༌། ན་ཚོད་དང༌། རིགས་དང༌། ཡུལ་དང༌། དུས་ལས་འདས་པ་མེད་པ། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས། སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏོ་ཞེས་བྱ་བ་སྨྲས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་འདི་ནི་མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ཏེ། དེ་དག་ལ་འདི་ལ་མོས་པ་མེད་དོ། །དེ་དག་ལ་འདི་ལ་མོས་པ་མེད་ན་འོ་ན་བཅོམ་ལྡན་འདས་ཀྱིས་སུ་དག་ལ་བཀའ་སྩལ་ཞེ་ན། དེའི་ཕྱིར་ཐེག་པ་མཆོག་གིས་འགྲོ་བ་རྣམས་ལ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཐེག་པ་མཆོག་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་སྟེ། ཐབས་དང་ཤེས་རབ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་ཆོས་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་དང༌། རང་དང་གཞན་གྱི་དོན་བླ་ན་མེད་པ་མ་ལུས་པ་བསྒྲུབ་པའི་ཕྱིར་རོ། །ཐེག་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་སྟེ་དེ་ནས་དེར་འགྲོ་བའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་ཕུལ་དང་རབ་དང་གཙོ་བོ་ཞེས་བྱ་བའི་རྣམ་གྲངས་སོ། །ཐེག་པ་མཆོག་དེས་འགྲོ་བ་རྣམས་ཞེས་བྱ་བ་ནི་གང་དག་ཐེག་པ་མཆོག་ངེས་འཁོར་བའི་སྡུག་བསྔལ་གྱི་གནོད་པ་དག་གིས་གནོད་པ་མེད་པར་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་སངས་རྒྱས་ཀྱིས་ཀུན་ཏུ་འོད་དུ་བདེ་བས་མྱུར་བ་ཁོ་ནར་འགྲོ་བ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཡན་ཆད་དང༌། མཐར་ཐུག་པའི་ས་ལ་གནས་པ་འཕགས་པ་བྱམས་པ་དང་འཇམ་དཔལ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སྟེ། དེ་རྣམས་ལ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་རྣམས་ལ་ཅི་ཞིག་བཀའ་སྩལ་ཞེ་ན། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། སྐྱེ་བ་དང་ན་ཚོད་དང་རིགས་དང༌། ཡུལ་དང་དུས་ལས་འདའ་བ་མེད་པ་ཞེས་བྱ་བ་དང༌། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་


DTG099_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པ་ཞེས་བྱ་བ་དེ་གཉིས་ནི་དེའི་ཁྱད་པར་ཡིན་ནོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་བ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་སྤྲོས་པ་ཉེ་བར་ཞི་ཞིང་ངོ་བོ་ཉིད་ཀྱིས་ཞི་བའི་མཚན་ཉིད་གང་ཡིན་པའོ། །རིན་པོ་ཆེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་དེ་ཉིད་རིན་པོ་ཆེ་སྟེ་དགོན་པ་དང༌། རིན་ཆེ་བ་དང༌། དགའ་བར་བྱེད་པ་དང༌། ཕན་འདོགས་པ་དང༌། མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་པའི་གཉེན་པོར་གྱུར་པས་རིན་པོ་ཆེ་དང་འདྲ་བའི་ཕྱིར་རིན་པོ་ཆེའོ། །དམ་པ་ཞེས་བྱ་བ་ནི་རིན་པོ་ཆ་ཐམས་ཅད་ཀྱི་ནང་ན་དམ་པར་གྱུར་པས་ན་རིན་པོ་ཆེ་དམ་པ་སྟེ། རིན་པོ་ཆེ་ཐམས་ཅད་དེའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་འདི་ནི་སྐྱེ་བ་དང༌། ན་ཚོད་དང༌། རིགས་དང༌། ཡུལ་དང༌། དུས་ལས་འདས་པ་མེད་པ་ཡིན་ནོ། །དེ་ནི་དེ་དག་ལ་དབྲི་བཀོལ་མེད་པ་ཡིན་ནོ། །དེ་ལ་སྐྱེ་བ་ལས་འདའ་བ་མེད་པ་ཞེས་བྱ་བ་ནི་འདི་ནི་ལྷ་དང་མེར་སྐྱེས་པ་ཡིན་གྱི་འདི་ལ་ནི་བསྟན་པར་བྱའོ། །འདི་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་སུ་སྐྱེས་པ་ཡིན་གྱི་འདི་ལ་ནི་བསྟན་པར་མི་བྱའོ་ཞེས་བྱ་བ་དེ་ལྟར་སྐྱེ་བ་ལ་དབྲི་བཀོལ་མེད་པ་ཡིན་ནོ། །ན་ཚོད་ལས་འདའ་བ་མེད་པ་ཞེས་བྱ་བ་ནི། འདི་ནི་ན་ཚོད་དར་ལ་བབ་པ་ཡིན་གྱི་འདི་ལ་བསྟན་པར་བྱའོ། །འདི་ནི་ན་ཚོད་ཧ་ཅང་གཞོན་ཆེས་པ་དང༌། ཧ་ཅང་རྒན་ཆེས་པ་ཡིན་གྱི་འདི་ལ་ནི་བསྟན་པར་མི་བྱའོ་ཞེས་བྱ་བ་དེ་ལྟར་ན་ཚོད་པ་དབྲི་བཀོལ་མེད་པ་ཡིན་ནོ།། རིགས་ལས་འདའ་བ་མེད་པ་ཞེས་བྱ་བ་ནི། འདི་ནི་བྲམ་ཟེ་དང༌། རྒྱལ་རིགས་ཡིན་གྱི་འདི་ལ་ནི་བསྟན་པར་བྱའོ། །འདི་ནི་རྗེའུ་རིགས་དང༌། དམངས་རིགས་ཡིན་གྱི་འདི་ལ་ནི་བསྟན་པར་མི་བྱའོ་ཞེས་བྱ་བ་དེ་ལྟར་རིགས་ལ་དབྲི་བཀོལ་མེད་པ་སྟེ། ཕྱི་རོལ་པ་རྣམས་ཀྱི་གཞུང་ལས། དམངས་རིགས་ལ་ནི་བློ་གྲོས་དང༌། །ལྷག་མ་བསྲེག་བྱ་སྦྱིན་མི་བྱ། །དེ་ལ་ཆོས་བསྟན་མི་བྱ་ཞིང༌། །དེ་ལ་བརྟུལ་ཞུགས་བསྟན་མི་བྱ། །ཞེས་ཇི་སྐད་འབྱུང་བ་ལྟ་བུའི་དབྲི་བཀོལ་མེད་པ་ཡིན་ནོ། །ཡུལ་ལས་འདའ་བ་མེད་པ་ཞེས་བྱ་བ་ནི། འདི་ནི་ཡུལ་དབུས་སུ་སྐྱེས་པ་དང༌། གྲོང་དང་གཙུག་ལག་ཁང་ན་འདུག་པ་ཡིན་གྱི་


DTG099_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ནི་བསྟན་པར་བྱའོ། །འདི་ནི་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང༌། དུར་ཁྲོད་དང་ལམ་གྱི་བཞི་མདོ་ན་འདུག་པ་ཡིན་གྱི་འདི་ལ་ནི་བསྟན་པར་མི་བྱའོ་ཞེས་བྱ་བ་དེ་ལྟར་ཡུལ་ལ་དབྲི་བཀོལ་མེད་པ་ཡིན་ནོ། །དུས་ལས་འདའ་བ་མེད་པ་ཞེས་བྱ་བ་ནི་ནང་པར་དང་ཉིན་མཚན་ནི་བསྟན་པར་བྱའོ། །དགོངས་ཀར་ནི་བསྟན་པར་མི་བྱའོ་ཞེས་བྱ་བ་དེ་ལྟར་དུས་ལ་དབྲི་བཀོལ་མེད་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་དེ་སྐྱེ་བ་དང་ན་ཚོད་དང་རིགས་དང་ཡུལ་དང་དུས་ལས་འདའ་བ་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་དེ་ནི་མུ་སྟེགས་བྱེད་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡང་ཡིན་ནོ། །དེ་ལ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ། མུ་སྟེགས་བྱེད་ཅེས་བྱ་བ་ནི་གང་དག་ཆོས་ཀྱི་ཕྱིར་འཇུག་ངོགས་སུ་འཇུག་པར་བྱེད་པ་དག་སྟེ། ནོར་ལྷ་དང༌། ལྷ་ཆེན་པོ་དང༌། ཚངས་པ་དང༌། སེར་སྐྱ་དང༌། གཟེགས་ཟན་དང༌། རྐང་མིག་དང༌། འཕེལ་བ་དང༌། རྒྱལ་དཔོག་གི་བུ་ལ་སོགས་པའོ། །དེ་དག་ཐམས་ཅད་དང༌། ཐུན་མོང་མ་ཡིན་པ་ནི་དེ་དག་ལ་ཡང་འདི་ལ་མོས་པ་མེད་པའི་ཕྱིར་རོ། །ཉན་ཐོས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ། ཉན་ཐོས་ཞེས་བྱ་བ་ནི་གང་དག་གཞན་ལས་ཆོས་ཐོས་ནས་སྡུག་བསྔལ་མཐར་བྱེད་པ་དག་གོ །དེ་དག་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་དག་ལ་ཡང་འདི་ལ་མོས་པ་མེད་པའི་ཕྱིར་རོ། །རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ། རང་སངས་རྒྱས་ཞེས་བྱ་བ་ནི་གང་དག་སྔོན་དབེན་པ་དང་སྐྱོ་བ་ལ་གོམས་པའི་བག་ཆགས་ཀྱིས་གཞན་ལ་བརྟེན་པ་མེད་པར་བདག་ཉིད་གཅིག་པུ་ཁོ་ནའི་རྐྱེན་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དག་གོ །དེ་དག་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ནི་དེ་དག་ལ་ཡང་འདི་ལ་མོས་པ་མེད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་སྐྱེ་བ་དང༌། ན་ཚོད་དང༌། རིགས་དང༌། ཡུལ་དང༌། དུས་ལས་འདའ་བ་མེད་པ། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དེ་ཇི་ཞིག་ལ་བརྟེན་ནས་བཀའ་སྩལ་ཞེ་ན། དེའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་ཞེས་བྱ་བ་སྨྲས་སོ། །འདི་ལ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་


DTG099_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དམ་པ་དེ་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དང་ཆོས་མཐུན་པར་བདེན་པ་གཉིས་ལ་བརྟེན་ནས་བཀའ་སྩལ་ཏོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཐབས་ཀྱི་མཚན་ཉིད་ཡིན་ལ། དོན་དམ་པའི་བདེན་པ་ནི་ཐབས་ལས་བྱུང་བའི་མཚན་ཉིད་ཡིན་ནོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་དམིགས་པའི་མཚན་ཉིད་དེ། སེམས་ཅན་གྲོལ་བ་དང༌། མ་གྲོལ་བ་དང༌། བརྗོད་པ་དང༌། བརྗོད་པར་བྱ་བ་དང༌། ཤེས་པ་དང༌། ཤེས་བྱར་འབྲེལ་བའི་མཚན་ཉིད་དང༌། ལས་དང་འབྲས་བུས་འབྲེལ་པ་རྣམ་པར་གཞག་པའི་མཚན་ཉིད་དོ། །དོན་དམ་པའི་བདེན་པ་ནི་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དེ། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དམིགས་སུ་མེད་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ངེས་པའི་ཚིག་ཏུ་ན་ཀུན་རྫོབ་ཅེས་བྱ་བ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་སྒྲིབ་པ་ཀུན་རྫོབ་པོ། །ཀུན་ཞེས་བྱ་བ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་སོ། །རྫོབ་ཅེས་བྱ་བ་ནི་སྒྲིབ་ཅིང་གཡོགས་པར་བྱེད་པ་སྟེ། འགེབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ ། །གང་གིས་ཅི་ཞིག་བསྒྲིབས་ཤེ་ན། དམིགས་པའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པས་དམིགས་སུ་མེད་པའི་མཚན་ཉིད་དོན་དམ་པའི་བདེན་པ་བསྒྲིབས་སོ། །བདེན་པ་ཞེས་བྱ་བ་ནི་ཀུན་རྫོབ་དེ་ཉིད་བདེན་པ་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །འདིར་ཁ་ཅིག་ན་རེ། དེ་ལྟར་བསྡུ་བ་བྱས་ན་ཀུན་རྫོབ་འབའ་ཞིག་བདེན་པར་འགྱུར་གྱི་དོན་དམ་པ་ནི་བདེན་པར་མི་འགྱུར་ཏེ། དེ་ལྟར་ན་ལུང་དང་ཡང་འགལ་བར་འགྱུར་ཏེ། ལུང་ལས་རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་པར་གྱུར་ན་ཚངས་པར་སྤྱོད་པ་དོན་མེད་པར་གྱུར་རོ་ཞེས་གསུངས་སོ་ཞེས་ཟེར་པས། འདིར་དེ་ལ་སྨྲས་པ། ལུང་དང་འགལ་བར་མི་འགྱུར་ཏེ། འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་དམིགས་པ་དེ་ཉིད་ཤེས་རབ་ཀྱིས་ཉེ་བར་བརྟགས་པ་ན་དོན་དམ་པར་དམིགས་སུ་མེད་པ་ཉིད་ནི་དོན་དམ་པའི་བདེན་པ་ཡིན་པས། དེའི་ཕྱིར་དོན་དམ་པའི་བདེན་པ་ཡང་བདེན་པ་ཉིད་དུ་འཐད་དེ། ལུང་ལས་འཇམ་དཔལ་ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་ཅི་ཡང་མ་དམིགས་པ་ཁོ་ནར་ལངས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་དམིགས་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་


DTG099_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་རྫོབ་ཁོ་ནར་བདེན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་བསྡུའི་དེ་དོན་དམ་པར་བདེན་པ་ནི་མ་ཡིན་ཏེ། འདི་ལྟར་འབྱུང་བ་ཆེན་པོ་རྣམས་ཀྱང་ཀུན་རྫོབ་ཁོ་ནར་སྲ་བ་དང་གཤེར་བ་དང་དྲོ་བ་དང༌། གཡོ་བ་ཉིད་ཀྱི་ངོ་བོ་ཉིད་དུ་ཡོད་ཀྱི། དོན་དམ་པར་ནི་མེད་དོ། །གལ་ཏེ་སྲ་བ་ཉིད་ལ་སོགས་པ་དོན་དམ་པར་ཡང་ཡོད་པར་གྱུར་ན་རྣལ་འབྱོར་པ་རྣམས་རྩིག་པ་ལ་ཡང་ཐད་ཀར་འགྲོ་བ་དང༌། ར་བ་ལ་ཡང་ཐད་ཀར་འགྲོ་བ་དང༌། རི་ལ་ཡང་མི་ཐོགས་པར་འགྲོ་བ་ཡང་མི་འགྱུར་ལ། ཀུན་རྫོབ་ལས་དོན་དམ་པ་ཁྱད་པར་ཡོད་པར་ཡང་མི་འགྱུར་ཏེ། དེ་ལྟར་ན་དེ་ཁོ་ན་མ་མཐོང་བའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འཕགས་པས་ཐུགས་སུ་ཆུད་པར་བྱ་བའི་དེ་ཁོ་ན་རྟོགས་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ཁོ་ན་མཐོང་བའི་སྐྱོན་དུ་འགྱུར་བས། དེའི་ཕྱིར་དམིགས་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་ནི་ཀུན་རྫོབ་ཁོ་ནར་བདེན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བར་བསྡུའོ། །དམིགས་པ་དེ་ཉིད་ཤེས་རབ་ཀྱིས་ཉེ་བར་བརྟགས་ན་དོན་དམ་པར་དམིགས་སུ་མེད་པ་ཉིད་ནི་དོན་དམ་པའི་བདེན་པ་ཡིན་པས་དོན་དམ་པའི་བདེན་པ་ཡང་མེད་པ་མ་ཡིན་ནོ། །དོན་དམ་པ་ཞེས་བྱ་བ་ནི་དེའི་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །དོན་ཞེས་བྱ་བ་ནི་རྟོགས་པར་བྱ་བའི་དོན་ཏེ། འདིར་རྟོགས་པར་བྱ་བ་མེད་པའི་ཚུལ་གྱིས་དམིགས་སུ་མེད་པ་རྟོགས་པར་བྱ་བའི་དོན་ཏོ། །དམ་པ་ཞེས་བྱ་བ་ནི་དེ་ཉིད་དམ་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། བདེན་པ་ཞེས་བྱ་བ་ནི་དོན་དམ་པར་དེ་ཉིད་དམིགས་སུ་མེད་པར་བདེན་པས་དོན་དམ་པའི་བདེན་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་རིན་པོ་ཆེ་དམ་པ་དེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་བཀའ་སྩལ་བ་དང༌། བདེན་པ་གཉིས་པོ་དེ་ཡང་དམིགས་པ་དང་དམིགས་སུ་མེད་པའི་མཚན་ཉིད་ཡིན་པར་ཇི་ལྟར་ཤེས་ཤེ་ན། དེ་ནི་འདི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་དུ་བསྟན་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་པ་དང༌། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང༌། ཀུན་རྫོབ་ཀྱི་བདེན་པ་ལ་མཁས་པ་དང༌། དོན་དམ་པའི་བདེན་པ་ལ་


DTG099_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཡིན་ཞེས་བྱ་བ་དང༌། དེའི་མཚན་ཉིད་གཟུགས་སུ་འདོགས་པར་བྱེད་ཅིང་དོན་དམ་པར་གཟུགས་དམིགས་སུ་མེད་ཅིང་མངོན་པར་ཞེན་པ་མེད་པ་དང༌། བྱང་ཆུབ་དང་བྱང་ཆུབ་པར་བྱེད་པའི་བར་དུ་འདོགས་པར་བྱེད་ཅིང༌། དོན་དམ་པར་བྱང་ཆུབ་དང་བྱང་ཆུབ་པར་བྱེད་པ་དམིགས་སུ་མེད་ཅིང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་བཀའ་སྩལ་པ་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང༌། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་ཙམ་དུ་འཇིག་རྟེན་གྱི་ཐ་སྙད་དུ་ཡི་གེ་དང་སྒྲ་དང་བརྡས་བསྟན་པའོ། །དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་སྤྱོད་པ་ཡང་མེད་ན་ཡི་གེ་རྣམས་ཀྱི་ལྟ་ཅི་སྨོས་པའོ་ཞེས་བདེན་པ་གཉིས་མཚན་ཉིད་དང་བཅས་པར་བཀའ་སྩལ་པ་དང༌། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བཏགས་པ་སྟེ། །དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་ཕྱེད་གོང་མས་བདེན་པ་གཉིས་བསྟན་ལ། ཕྱེད་འོག་མས་དེའི་མཚན་ཉིད་བསྟན་པ་དང༌། ཡང་དེ་ཉིད་ལས། ཇི་ལྟར་འཕགས་པས་རྣམ་བརྟགས་ལྟར། །དངོས་པོ་རྣམས་ཀྱི་དངོས་ཉིད་མེད། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་རྣམས་ཡོད་པ་ཁོ་ན་ཡིན། །ཞེས་གསུངས་པ་དང། འཕགས་པ་ཡབ་སྲས་མཇལ་བའི་མདོ་ལས་ཀྱང༌། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་གཉིས་པོ་འདི་དག་རང་གིས་གཟིགས། །ཀུན་རྫོབ་གང་ཡིན་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གཞན་ནི་ཡོད་མ་ཡིན། །ཞེས་གསུངས་པ་དང༌། འདི་ལྟར་དེ་བཞིན་གཤེགས་པ་ཀུན་རྫོབ་དང་དོན་དམ་པ་ཐུགས་སུ་ཆུད་ཅིང༌། ཤེས་བྱ་ཡང་ཀུན་རྫོབ་དང་དོན་དམ་པ་ཇི་ཙམ་པ་དེ་ཙམ་དུ་ཟད་ལ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་ཤིན་ཏུ་གཟིགས་ཤིན་ཏུ་ཐུགས་སུ་ཆུད་ཤིན་ཏུ་མངོན་སུམ་དུ་མཛད་པ་དེས་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་འདི་ནི་ངོ་མཚར་ཆེའོ་ཞེས་ཀྱང་གསུངས་ཏེ། དེ་ལ་ཀུན་རྫོབ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་སྤྱོད་པའི་སྒོ་ནས་གཟིགས་པ་ཡིན་ནོ། །དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་རིགས་པ་དང་རིགས་པ་མ་ཡིན་པའི་ཚོགས་སུ་བརྗོད་པའོ། །འཇིག་རྟེན་དེའི་སྤྱོད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པར་དམིགས་པ་ཇི་སྙེད་པ་སྟེ། དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཡང་ན་


DTG099_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་འཇིག་རྟེན་གྱི་སྤྱོད་ཅིང་རྣམ་པར་གནས་པ་ལ་ལོངས་སྤྱོད་ཀྱི་སྒོ་ནས་ལས་དང་འབྲས་བུར་འབྲེལ་པ་དེ་ནི་ཀུན་རྫོབ་བོ། །ཀུན་རྫོབ་ཀུན་ཏུ་ལས་དང་ལས་ཀྱི་འབྲས་བུར་འབྲེལ་པ་ཡིན་གྱི་དོན་དམ་པར་མ་ཡིན་པ་དེ་ནི་འཐད་ཀྱི། གལ་ཏེ་དོན་དམ་པར་ལས་དང་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡོད་པར་གྱུར་ན། འཁོར་བ་ལས་ཐར་བ་བྱེ་བྲག་མེད་པར་འགྱུར་བས་དེའི་ཕྱིར་དོན་དམ་པར་ལས་དང་ལས་ཀྱི་འབྲས་བུ་ལ་སྤྱོད་པ་མེད་དེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། གང་ལ་ལས་མེད་པ་དང་ལས་ཀྱི་འབྲས་བུ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ལ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པའི་རིགས་དེ་ལ་ནི་ལུས་ཀྱིས་ལས་མི་བྱེད། ངག་གིས་མི་བྱེད། ཡིད་ཀྱིས་མི་བྱེད་དོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་ཤེས་པར་བྱར་མེད་པ། རྣམ་པར་ཤེས་པར་བྱར་མེད་པ། ཡོངས་སུ་ཤེས་པར་བྱར་མེད་པ། མ་བསྟན་པ་རབ་ཏུ་མ་བསྟན་པ། མ་མཉན་པ། ཉན་དུ་མ་བཅུག་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་མཐོང་བ། མཐོང་བར་མ་བྱས་པ། མ་བཏགས་པ། འཛིན་དུ་མ་བཅུག་པ། མ་རྟོགས་པ། མ་ཐོབ་པ། མ་བོར་བ། མ་བླངས་པ། མ་བསྡུས་པ། མ་བསལ་བ། མི་ཟད་པ། བྱེད་པ་མེད་པ། རབ་ཏུ་མ་ཞི་བ། མ་སྨད་པ། མ་སྡོད་པ། ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། མི་བདེ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ། གྲངས་མེད་པ། བགྲང་དུ་མེད་པ། འཇིག་རྟེན་མ་ཡིན་པ། འཇིག་རྟེན་མེད་པ་མ་ཡིན་པ། བྲལ་བ་མ་ཡིན་པ། ཀུན་ནས་ཉོན་མོངས་པ་མ་ཡིན་པ། རྣམ་པར་བྱང་བ་མ་ཡིན་པ། ཀུན་རྫོབ་མ་ཡིན་པ། མྱ་ངན་ལས་འདས་པ་མ་ཡིན་པ། རྣམ་པར་མ་བརྟགས་པ། རྣམ་པར་མ་བསྒྲུབས་པ། གཡོ་བ་མེད་པ། རློམ་སེམས་མེད་པ། བསྐྱོད་པ་མེད་པ། མངོན་པར་འདུས་མ་བྱས་པ། མ་སྤྲོས་པ། སྤྲོས་པ་དང་བྲལ་བ་སྟེ། འདི་ལྟར་གཟུགས་དམིགས་སུ་མེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པ་ཡིན་ནོ་ཞེས་གསུངས་པ་དང༌། དེ་དག་ལ་སོགས་པ་མདོ་སྡེ་མཐའ་ཡས་པ་གཞན་དག་ལས་ཀྱང་བདེན་པ་གཉིས་བཀའ་སྩལ་ཏོ། །ཉན་ཐོས་ཀྱི་ཐེག་


DTG099_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཀྱང་ང་ནི་ཡོད་པའི་ཆོས་ཀྱང་ཡོད་པར་སྟོན་ལ། མེད་པའི་ཆོས་ཀྱང་མེད་པར་སྟོན་ཏོ་ཞེས་གསུངས་ཏེ། དེ་ཇི་བསྟན་ཞེ་ན། གང་འཇིག་རྟེན་ལ་བདེན་པར་གྲགས་པ་དེ་ནི་ང་ལ་ཡང་བདེན་པར་གྲགས་པ་ཡིན་ལ། གང་འཇིག་རྟེན་ལ་མི་བདེན་པར་གྲགས་པ་དེ་ནི་ང་ལ་ཡང་མི་བདེན་པར་གྲགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། དེ་ལ་གང་བྱེད་རྒྱུ་དང་བཅས་པ་དང༌། རྒྱུ་མཚན་དང་བཅས་པ་དེ་ནི་བདེན་པར་གྲགས་པ་ཡིན་ལ། གང་བྱེད་རྒྱུ་མེད་པ་དང་རྒྱུ་མཚན་མེད་པ་དེ་ནི་མི་བདེན་པར་གྲགས་པ་ཡིན་ནོ། །དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ནི་དམིགས་པའི་མཚན་ཉིད་དང༌། དམིགས་སུ་མེད་པའི་མཚན་ཉིད་ཡིན་པར་ཐེག་པ་ཆེ་ཆུང་གི་ཕྱོགས་གཉི་ག་ལ་གྲགས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་རིན་པོ་ཆེ་དམ་པ་དེ་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་ནས་བརྗོད་པ་གང་དག་གིས་བཀའ་སྩལ་ཞེ་ན། དེའི་ཕྱིར་སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་ཞེས་བྱ་བ་སྨྲས་སོ། །དེ་ལ་བརྗོད་པ་གང་དག་ལ་སྐྱེ་བ་ལ་སོགས་པ་ཡོད་པ་དེ་དག་ནི་སྐྱེ་བ་ལ་སོགས་པའི་བརྗོད་པ་དག་སྟེ། སོགས་པའི་སྒྲས་ནི་འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་གཅིག་པ་དང༌། དོན་ཐ་དད་པ་དག་བསྡུའོ། །བརྗོད་པ་གང་དག་ལ་སྐྱེ་བ་མེད་པ་ལ་སོགས་པ་ཡོད་པ་དེ་དག་ནི་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་སྟེ། སོགས་པའི་སྒྲས་ནི་འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དག་བསྡུའོ། །དེ་ལྟར་ཀུན་རྫོབ་ཏུ་དངོས་པོ་རྣམས་ལས་སྐྱེ་བ་དང༌། འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་དག་ཡོད་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ནི་སྐྱེ་བ་ལ་སོགས་པའི་བརྗོད་པ་དག་གིས་བཀའ་སྩལ་ཏོ། །དོན་དམ་པར་དངོས་པོ་རྣམས་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པ་ལ་བརྟེན་ནས་ནི་སྐྱེ་བ་མེད་པ་ལ་སོགས་པའི་བརྗོད་པ་དག་གིས་


DTG099_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་དོན་གྱི་འབྲེལ་པ་སྦྱར་བས་རིགས་པའི་འབྲེལ་པར་སྦྱར་བ་དེ་ནི་རེ་ཞིག་བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྱུང་བའི་རྒྱུ་བསྟན་པ་ཡིན་ནོ། །ད་ནི་བསྟན་བཅོས་མཛད་པའི་འབྱུང་བའི་རྒྱུ་བསྟན་པར་བྱ་སྟེ། དེའི་ཕྱིར་སློབ་དཔོན་གྱིས་ཀྱང་དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ། མ་ནོར་བ་དེ་བཞིན་ཉིད་ཐུགས་སུ་ཆུད་ནས་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས་ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་ཞེས་བྱ་བ་སྨྲས་སོ། །ཚིག་འདིའི་བསྡུས་པའི་དོན་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྒྱུ་བསྟན་པ་དང༌། འབྲས་བུ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་རྣམ་པ་གཉིས་བསྟན་པ་ཡིན་ནོ། །ཡན་ལག་གི་དོན་དུ་སློབ་དཔོན་གྱིས་ཀྱང་སྔོན་མོས་པས་སྤྱོད་པའི་ས་ལ་གནས་པ་ན་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་འཐོབ་པའི་རྒྱུ་ཅི་ཞིག་ཐུགས་སུ་ཆུད་ནས། འབྲས་བུ་རང་གི་དོན་གྱི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་ཏེ། འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་བསྟན་བཅོས་མཛད་ཅེ་ན། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྒྱུ་ནི་དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པའོ། །མ་ནོར་བ་དེ་བཞིན་ཉིད་ཐུགས་སུ་ཆུད་ནས་ཞེས་བྱ་བས་བསྟན་ཏོ། །འབྲས་བུ་རང་གི་དོན་གྱི་མཚན་ཉིད་ནི་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པ། ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །བསྟན་བཅོས་མཛད་པར་བཞེད་ནས་ཞེས་བྱ་བ་བསྟན་ཏོ། །འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ནི་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་ཞེས་བྱ་བས་བསྟན་ཏེ། དེ་ནི་དོན་གྱི་འབྲེལ་པ་ཡིན་ནོ། །


DTG099_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དོན་གྱི་འབྲེལ་པར་སྦྱར་བ་ནི་འདི་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཀྱང༌། དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ། མ་ནོར་བ་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་རྒྱུ་དེས་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་བརྙེས་པས་ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས། འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་བསྟན་བཅོས་མཛད་དེ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་འབྱུང་བའི་རྒྱུ་ནི་དེ་ལྟ་བུ་ཡིན་ནོ་ཞེས་དོན་གྱི་འབྲེལ་བ་སྦྱར་བས་རིགས་པའི་འབྲེལ་བ་སྦྱར་བར་བལྟའོ། །ད་ནི་ཡི་གེའི་དོན་བཤད་པར་བྱ་སྟེ། སློབ་དཔོན་ཞེས་བྱ་བ་ནི་མཐོ་རིས་དང༌། ཐར་པ་ཐོབ་པར་བྱེད་པའི་ཆོ་ག་རྟོགས་ཤིང་ཁོང་དུ་ཆུད་པའི་སློབ་དཔོན་ནོ། །ཡང་ན་དེ་ཐོབ་པར་བྱེད་པ་ལམ་གྱི་ཆོ་ག་ལ་རྣམ་པར་གནས་པའི་སློབ་དཔོན་ནོ། །ཡང་ན་མངོན་དུ་ལྡང་བ་དང་ཕྱག་འཚལ་བ་ལ་སོགས་པ་སྤྱོད་ལམ་གྱིས་ཆོས་འདུལ་བའི་ཆོ་ག་རྟོགས་ཤིང་དེ་ལ་གནས་པས་སློབ་དཔོན་ནོ། །ཡང་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྤོང་བ་འདུལ་བའི་ཆོ་ག་རྟོགས་ཤིང་དེ་ཐོབ་པས་སློབ་དཔོན་ནོ། །ཡང་ན་གཞན་དག་མཐོ་རིས་དང་ཐར་པ་ཐོབ་པར་བྱེད་པ་དང༌། སྤྱོད་ལམ་ལས་བྱུང་བ་དང༌། ཉོན་མོངས་པ་འདུལ་བ་ཞེས་བྱ་བའི་ཆོ་ག་གསུམ་ལ་སྦྱོར་བར་བྱེད་པས་སློབ་དཔོན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་བཅོམ་ལྡན་འདས་ཉག་གཅིག་ཐུགས་རྗེས་སེམས་ཅན་གྱི་དོན་ལ་སྦྱོར་བར་མཛད་པ་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཀྱང་ཐུགས་རྗེས་སེམས་ཅན་གྱི་དོན་ལ་སྦྱོར་བར་མཛད་དོ་ཞེས་བྱ་བར་སྦྱར་རོ། །སློབ་དཔོན་གྱིས་ཀྱང་སྔོན་མོས་པས་སྤྱོད་པའི་ས་ལ་གནས་པ་ན་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ཐོབ་པའི་རྒྱུ་ཅི་ཞིག་ཐུགས་སུ་ཆུད་ཅེ་ན། དེའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིར་ཡང་དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་ཞེས་བྱ་བ་དང༌། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་དེ་གཉིས་ནི་དེའི་ཁྱད་པར་ཡིན་ནོ། །


DTG099_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའི་ས་འཐོབ་པའི་རྒྱུ་འདི་སུས་རབ་ཏུ་བསྟན་གང་ཞིག་ཡིན། ཅི་ཞིག་གིས་རབ་ཏུ་བསྟན། དེའི་ཁྱད་པར་གང་ཡིན་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་དང༌། དེའི་ཚུལ་དང༌། སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པར། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་སྨྲས་ཏེ། གོ་རིམས་བཞིན་ནོ། །དེ་སུས་རབ་ཏུ་བསྟན་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ཞེ་ན། གང་གི་ཕྱིར་དེས་དེ་བཞིན་ཐུགས་སུ་ཆུད་པས། དེའི་ཕྱིར་དེ་བཞིན་གཤེགས་པ་སྟེ། དེ་བཞིན་ཞེས་བྱ་བ་དེ་གང་ཡིན་ཞེ་ན། མྱ་ངན་ལས་འདས་པའོ། །དེ་ནི་མི་བསླུ་བའི་ཕྱིར་དེ་བཞིན་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་བདེན་པའི་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ་མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཤེགས་པ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་འཇིག་རྟེན་ན་སྨྲ་བ་པོ་དག་མི་འདི་ནི་ཁོང་དུ་ཆུད་པ་དང་ལྡན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དེའི་ཕྱིར་དེས་མྱ་ངན་ལས་འདས་པ་ཐུགས་སུ་ཆུད་ཅིང་ཤིན་ཏུ་རྟོགས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དག་གོ ། །གཤེགས་པ་ཞེས་བྱ་བ་ནི་དེས་དེ་དག་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ ། །གཤེགས་པ་ཞེས་བྱ་བ་ནི་དེས་དེ་དག་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི། བྱིན་གྱི་རླབས་བཞི་པོ་བདེན་པ་དང་གཏོང་བ་དང༌། ཉེ་བར་ཞི་བ་དང༌། ཤེས་རབ་ཅེས་བྱ་བ་དག་གོ ། །གཤེགས་པ་ཞེས་བྱ་བ་ནི་དེས་དེ་དག་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །གཤེགས་པ་ཞེས་བྱ་བ་ནི་དེས་དེ་དག་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གོ ། །གཤེགས་པ་ཞེས་བྱ་བ་ནི་དེ་དག་གིས་ཡང་དག་པར་རྫོགས་པའི་སངས་


DTG099_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སུ་གཤེགས་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་གོ ། །གཤེགས་པ་ཞེས་བྱ་བ་ནི་དེ་དག་གིས། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་གཤེགས་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་འདི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་གྱིས་སོ། །གཤེགས་པ་ཞེས་བྱ་བ་ནི་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་གཤེགས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་བསྐལ་པ་དཔག་ཏུ་མེད་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་ཉེ་བར་བསགས་པ་དེས་སོ། །གཤེགས་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་མགོ་དང་གོས་ལ་མེ་འབར་བ་ལྟ་བུའི་བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་ཉེ་བར་སྒྲུབ་པ་ན་ཇི་ལྟར་ཡུན་རིན་པོ་ནས་ཡང་དག་པར་ཞུགས་པ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དག་རྒྱབ་ཏུ་མཛད་པ་དེ་ལྟར་མངོན་པར་བརྩོན་པའོ། །གཤེགས་པ་ཞེས་བྱ་བ་ནི་དང་པོར་ཁོ་ནར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཕྱི་དང་ནང་གི་མགོ་དང་ལག་པ་དང་རྐང་པ་དང་མིག་དང་ཡན་ལག་དམ་པ་དང༌། རུས་པ་དང་རྐང་དང་ལུས་ཡོངས་སུ་གཏོང་བའི་དཀའ་བ་མཛད་པ་འབུམ་ཕྲག་དུ་མ་དག་མཛད་པས། ཇི་ལྟར་གཞན་མུ་སྟེགས་བྱེད་ནོར་ལྷ་དང༌། ལྷ་ཆེན་པོ་དང༌། ཚངས་པ་དང༌། སེར་སྐྱ་དང༌། གཟེགས་ཟན་དང༌། རྐང་མིག་དང༌། འཕེལ་བ་དང༌། རྒྱལ་དཔོག་གི་བུ་ལ་སོགས་པ་མི་འོང་བ་དེ་ལྟར་རོ། །གཤེགས་པ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་བརྩེ་བ་དང་ཐུགས་རྗེ་དང་བྱམས་པའི་ཐུགས་ཀྱིས་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བ་ཁོ་ནའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུའོ། །


DTG099_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འདི་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་བསམ་གཏན་བཞི་བ་ལ་བརྟེན་ནས་སྐྱེ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་སྤོང་བ་མཛད་ནས་ཇི་ལྟར་ཕྱི་རོལ་པ་ཉོན་མོངས་པ་སྤོང་བ་རབ་ཏུ་མི་ཤེས་པ་དག་འཁོར་བར་ལྡོག་པར་འགྱུར་བ་དེ་ལྟ་མ་ཡིན་པ་དེ་བཞིན་དུའོ། །གཤེགས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སོགས་པས་སེམས་ཅན་གྱི་ཁམས་སྐལ་བ་དང་ལྡན་པ་མཐའ་ཡས་པ་དག་མྱ་ངན་ལས་བཟླ་བར་མཛད་ནས་མྱ་ངན་ལས་འདས་པ་དེ་བཞིན་དུའོ། །གཤེགས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འདི་ཡང་མྱ་ངན་ལས་འདས་པར་གྱུར་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བར་མཛད་ནས། ཇི་ལྟར་གཞན་མུ་སྟེགས་བྱེད་དག་གིས་འགྲོ་བར་མི་ནུས་པ་དེ་ལྟར་རོ། །གཤེགས་པ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པར་གྱུར་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ན་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་སྤོང་བར་མཛད་ནས། ཇི་ལྟར་ཡང་ལས་དང་ཉོན་མོངས་པའི་དབང་གིས་མི་སྐྱེ་ཞིང༌། ཤེས་བྱ་ལ་ཡེ་ཤེས་ཐོགས་པ་མི་མངའ་བས་དེ་ལྟར་རོ། །གཤེགས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་གྱུར་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་མཛད་ཅིང༌། རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཀྱང་སྤོང་བར་མཛད་ནས། ཇི་ལྟར་ཡང་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མི་སྐྱེ་ཞིང་རྣམ་པར་རྟོག་པ་དང་སྤྲོས་པ་མི་འབྱུང་བ་དེ་ལྟར་རོ།། གཤེགས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་གྱུར་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི་ཐོབ་པ་མེད་པར་ཐོབ་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །གཤེགས་


DTG099_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་རྟོགས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི་གསུངས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྟེ། དཔེར་ན་སའི་སྟེང་ན་སྒྲོགས་པས་ས་སྟེང་སྒྲོགས་ཞེས་བྱ་བ་དང་འདྲའོ། །ཡང་ན་དེ་བཞིན་ཞས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཐུགས་སུ་ཆུད་པས་དམིགས་པ་དང་དམིགས་སུ་མེད་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གཤེགས་པ་ཞེས་བྱ་བ་ནི་གསུངས་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་ངར་འཛིན་པ་དང༌། བདག་གིར་འཛིན་པ་དང༌། སྒྲིབ་པ་དང་རྣམ་པར་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཀྱི་རྒྱུ་ལས་བྱུང་བ་འཁོར་བའི་སྡུག་བསྔལ་གྱི་དྲ་བ་ཐམས་ཅད་དྲུངས་དབྱུང་བར་མཛད་དེ། ཡོན་ཏན་རིན་པོ་ཆེ་མི་ཟད་པའི་གཏེར་བླ་ན་མེད་པ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་མ་ལུས་པ་ཉེ་བར་སྒྲུབ་པ་མཛད་ནས། ཇི་ལྟར་བཅོམ་ལྡན་འདས་དེ་འཁོར་བ་ཇི་སྲིད་པའི་བར་དུ་འཇིག་རྟེན་གྱི་ཁམས་སྐལ་བ་དང་ལྡན་པ་རབ་འབྱམ་མ་ལུས་པ་དག་ཏུ་རྣམ་པར་རྟོག་པའི་རྩོལ་བ་མི་མངའ་བར་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་དགའ་ལྡན་གྱི་གནས་ན་བཞུགས་པ་དང༌། འཕོ་བ་དང༌། འཇུག་པ་དང༌། ལྷུམས་ན་ཞུགས་པ་དང༌། བལྟམས་པ་དང༌། གཞོན་ནུ་རོལ་པ་དང༌། བཙུན་མོའི་འཁོར་ཉེ་བར་བསྟེན་པ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བདུད་བཏུལ་བ་དང༌། མངོན་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མཛད་པ་གཞལ་དུ་མེད་པ་ལ་འཇུག་པ་དེ་ལྟར་རོ། །གཤེགས་པ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་མྱ་ངན་ལས་འདས་པ་བརྙེས་པར་གྱུར་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་བཅོམ་ལྡན་འདས་ཉིད་ཀྱིས་འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པ། །དེ་ལྟར་བྱང་ཆུབ་མི་རྙེད་དེ། །ཆོས་ཀུན་རྙེད་པ་མེད་པས་ན། །དེ་ཕྱིར་དེ་བཞིན་གཤེགས་ཞེས་བྱ། །ཞེས་ངེས་པའི་ཚིག་ཇི་སྐད་བཀའ་སྩལ་པ་ལྟ་བུའོ། །ཉེན་པའི་སྐྱེ་བོ་སྤོབས་པ་བསྐྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྒྲ་བྱེ་བྲག་ཏུ་


DTG099_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱ་བ་བྱས་ཏེ་རྒྱ་ཆེར་ནི་མི་དགོས་སོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་ས་འཐོབ་པའི་རྒྱུད་དེ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བ་སྨྲས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རབ་ཏུ་བསྟན་པའམ། དེ་བཞིན་གཤེགས་པ་ཡིན་པས་ན། དེ་བཞིན་གཤེགས་པའི་ཞེས་བྱའོ། །ཚུལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རབ་ཏུ་བསྟན་པའམ། །དེ་བཞིན་གཤེགས་པའི་གང་ཡིན་པ་དེ་ཉིད་ཚུལ་ཏེ། གང་གིས་ཆོས་ཐམས་ཅད་དམིགས་སུ་མེད་པར་ཁྲིད་པར་བྱེད་པའམ། གང་གིས་གཞན་གྱི་རྒྱུད་ལ་དོན་ཁྲིད་པར་བྱེད་པའོ། །ཡང་ན་གང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཞལ་དུ་མེད་པ་ཉེ་བར་བསགས་པའི་འཇིག་རྟེན་འཁོར་བའི་བཙོན་ར་ནས་བསྒྲལ་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་ཁྲིད་པར་བྱེད་པ་དེ་ནི་ཚུལ་ལོ། །དེ་ཅི་ཞིག་གིས་རབ་ཏུ་བསྟན་ཞེ་ན། དེའི་ཕྱིར་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་ཞེས་བྱ་བ་སྨྲས་སོ། །དེ་ལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་ཞེས་ཇི་སྐད་སྔར་བསྟན་པའི་ཚིག་དེ་དག་གིས་སོ། །རབ་ཏུ་བསྟན་པ་ཞེས་བྱ་བ་ལ། རབ་ཏུ་ཞེས་བྱ་བ་ནི་སེམས་ཅན་སྐལ་བ་དང་ལྡན་པའི་ཕྱིར་རམ་མཆོག་ཏུའོ། །བསྟན་པ་ཞེས་བྱ་བ་ནི་ཕྱེ་བའམ་བཞག་པའོ། །དེ་བཞིན་གཤེགས་པའི་ཚུལ་དེ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་དེ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱང་ཡིན་ཏེ། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པ་ཉིད་དོ། །འདི་ལ་ཁ་ཅིག་འདི་སྐད་ཅེས། གལ་ཏེ་དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་དེ་ལ་ནོར་བ་ཡང་ཡོད་ན་ནི་དེའི་ཚེ་དེ་ལ་འཁྲུལ་པ་ཡོད་པས་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བའི་ཁྱད་པར་གཞན་ཡང་བསྟན་པར་བྱ་དགོས་པ་ཞིག་ན། ཁྱད་པར་གྱི་གཞི་དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་ཞེས་བྱ་བའི་ཁྱད་པར་གྱིས་མཚོན་པ་དེ་ལ་ནོར་བ་མེད་པ་སྔོན་བཞིན་


DTG099_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཅིའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བའི་ཁྱད་པར་གཞན་གྱིས་མཚོན་པར་བྱེད་ཅེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཁ་ཅིག་གིས་འདི་ནོར་བའི་རྣམ་པར་རྟོགས་ཏེ། དངོས་པོ་རྣམས་ཇི་ལྟར་བྱིས་པའི་རྣམ་པར་ཤེས་པས་གཟུང་བ་ཀུན་བརྟགས་པའི་བདག་ཉིད་ཀྱིས་ནི་སྟོང་ལ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོངས་སུ་གྲུབ་པའི་བདག་ཉིད་ཀྱིས་ནི་མི་སྟོང་ངོ་ཞེས་ཟེར་བ་དག་གིས་ནི་ནོར་པའི་རྣམ་པར་རྟོགས་པ་ཡིན་ནོ། །གལ་ཏེ་དེ་ཅིའི་ཕྱིར་ནོར་པའི་རྣམ་པར་རྟོགས་པ་ཡིན་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་འཕགས་པས་རྣམ་བརྟགས་ལྟར། །དངོས་པོ་རྣམས་ཀྱི་དངོས་ཉིད་མེད། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་རྣམས་ཡོད་པ་ཁོ་ན་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ཅི་ལགས། འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་སམ། འོན་ཏེ་དོན་དམ་པར་མངོན་པར་རྫོགས་པར་སངས་རྒྱས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པར་ཟད་ཀྱི། དེ་ལ་ཆོས་འདིས་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་འགའ་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་འདིས་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་དེ་ནི་དམིགས་པ་ཡིན་ཏེ། གཉིས་ལས་འཐོབ་པ་དང་མངོན་པར་རྟོགས་པ་འགའ་ཡང་མེད་ཅིང་གཉིས་མེད་པའི་ཕྱིར་རོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་རབ་འབྱོར་དེ་བཞིན་གཤེགས་པས་དོན་དམ་པར་སྤྱན་ལྔ་པོ་དེ་དག་གིས་མ་དམིགས་པ་གང་ཡིན་པ་དེ་ལ་མི་གཏི་མུག་ཅན་སངས་རྒྱས་ལ་སྐུར་པ་འདེབས་པ་དག་དངོས་པོ་དམིགས་པར་བྱ་བ་དེ་གང་ཡིན་སྙམ་དུ་སེམས་སོ་ཞེས་གསུངས་པའི་ཕྱིར་རོ། །ནོར་བ་དང་མ་ནོར་བར་རྟོགས་པ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་བརྟག་པའི་སྐབས་སུ་བྱས་པ་ལྟར་བལྟ་བར་བྱའོ། །ད་ནི་སྐབས་ཉིད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་


DTG099_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་མ་ནོར་བ་དེ་བཞིན་ཉིད་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ཇི་སྐད་གསུངས་པ་དང༌། །སློབ་དཔོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ན་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་སོ་ཞེས་གྲགས་པ་ལས་ཤེས་པར་བྱའོ། །དེ་ལ་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་མངོན་པར་རྟོགས་ནས་ཏེ། བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཡང་འཕགས་པ་བྱང་ཆུབ་སེམས་དཔའ་ས་བཅུའི་མདོ་ལས། གནས་གང་ཡོད་པ་དང༌། གང་གི་ཕྱིར་དང༌། གཞི་གང་ཡིན་པ་དང༌། ཇི་འདྲ་བའི་སེམས་སྐྱེ་བས་ས་དང་པོ་ལ་གནས་པར་གྱུར་པ་དེ་ནི་གནས་པ་ཡིན་ཏེ། དེ་ལ་རེ་ཞིག་གནས་གང་ཡོད་ན་སེམས་དེ་སྐྱེ་བ་དེ་ནི་ཀྱེ་རྒྱལ་བའི་སྲས་དག །དེ་ལ་སེམས་ཅན་དགེ་བའི་རྩ་བ་ཤིན་ཏུ་བསགས་པ། ཚོགས་ཤིན་ཏུ་བསགས་པ། སྤྱད་པ་ཤིན་ཏུ་སྤྱད་པ། སངས་རྒྱས་བྱུང་བ་ལ་ཤིན་ཏུ་བསྙེན་བཀུར་བྱས་པ། ཆོས་དཀར་པོ་ཤིན་ཏུ་བསྡུས་པ། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་བཟུང་བ། བསམ་པ་ཤིན་ཏུ་རྣམ་པར་དག་པ། ལྷག་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པ། མོས་པ་རྒྱ་ཆེན་པོ་དང་ལྡན་པ། སྙིང་བརྩེ་བ་དང་སྙིང་རྗེ་མངོན་དུ་གྱུར་པ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་སེམས་དེ་སྐྱེ་བ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་འདོད་པར་བྱ་བའི་ཕྱིར་དང༌། སྟོབས་བཅུའི་སྟོབས་ཐོབ་པར་བྱ་བའི་ཕྱིར་དང༌། མི་འཇིགས་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང༌། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་དང༌། སྙིང་བརྩེ་བ་དང༌། སྙིང་རྗེ་ཆེན་པོ་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། ཕྱོགས་བཅུ་མ་ལུས་པར་ཤེས་པ་ཐོབ་པར་


DTG099_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐོགས་པ་མེད་པར་ཡོངས་སུ་སྦྱོང་བར་བྱ་བའི་ཕྱིར་དང༌། དུས་གསུམ་སྐད་ཅིག་གཅིག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དེ་སྐྱེ་བར་འགྱུར་ཏེ། ཞེས་གསུངས་པ་ཡིན་ནོ། །གཞི་གང་ལས་སེམས་དེ་སྐྱེ་བར་འགྱུར་བ་དེ་ནི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་ཤེས་རབ་དང༌། ཡེ་ཤེས་ཀྱི་དབང་དུ་གྱུར་པ་ཐབས་མཁས་པས་ཡོངས་སུ་བཟུང་བ། བསམ་པ་དང་ལྷག་པའི་བསམ་པས་རབ་ཏུ་བསྟན་པ། དེ་བཞིན་གཤེགས་པའི་སྟོབས་དཔག་ཏུ་མེད་པ་དང་ལྡན་པ། སྙིང་སྟོབས་ཀྱི་སྟོབས་དང༌། བློའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་དང་ལྡན་པ། རང་བྱུང་གི་ཡེ་ཤེས་དང་མཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཡེ་ཤེས་ཀྱི་གདམས་ངག་ཡང་དག་པར་ཆོལ་བ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་དང་ལྡན་པ། ནམ་མཁའི་ཁམས་ལྟར་གནས་ཤིང་ཕྱི་མའི་མཐའི་མུར་ཐུག་པ་ལས་སེམས་དེ་སྐྱེ་བར་འགྱུར་ཏེ་ཞེས་གསུངས་པ་ཡིན་ནོ། །ཇི་འདྲ་བའི་སེམས་དེ་སྐྱེ་བར་འགྱུར་བ་དེ་ནི་སེམས་སྐྱེ་བ་དེ་སྐྱེས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱིས་པ་སོ་སོ་སྐྱེ་བོའི་ས་ལས་ཤིན་ཏུ་འདས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། མན་ངག་བརྗོད་པས་ཁ་ན་མ་ཐོ་བ་མེད་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ཕྱིར་ལོག་པ་ཡིན། འཇིག་རྟེན་ལས་འདས་པའི་འགྲོ་བར་ཞུགས་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་གནས་ལ་རབ་ཏུ་གནས་པ་ཡིན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་ཆོས་འདི་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་གནས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་གྱི་ཞལ་སྔ་ནས་ཆོས་དེ་ལྟ་བུ་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་རབ་ཏུ་གནས་པར་གྱུར་པ་ནི་དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་


DTG099_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་རབ་ཏུ་བསྟན་པ། མ་ནོར་བ་དེ་བཞིན་ཉིད་ཐུགས་སུ་ཆུད་ནས་ཞེས་བྱ་བས་བསྟན་པ་ཡིན་ནོ། །དེ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་རྒྱུ་བསྟན་པ་ཡིན་ནོ།། །།བམ་པོ་གསུམ་པ། དེ་ལྟར་སློབ་དཔོན་གྱི་ཞལ་སྔ་ནས། སྔོན་མོས་པས་སྤྱོད་པའི་ས་ལ་གནས་པ་ན། ལྷག་པའི་བསམ་པ་རྣམ་པར་དག་པའི་ས་འཐོབ་པའི་རྒྱུ་དེ་ལྟ་བུ་ཐུགས་སུ་ཆུད་པས། འབྲས་བུ་རང་གི་དོན་གྱི་མཚན་ཉིད་ཅི་ཞིག་བརྙེས་ཤེ་ན། དེའི་ཕྱིར་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས་ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས་ཞེས་བྱ་བ་སྨྲས་སོ། །དེ་ལ་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས་ཞེས་བྱ་བ་ནི་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བརྙེས་པ་དངོས་བསྟན་ལ། ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་ཞེས་བྱ་བས་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པར་མཛད་ནས། འབྲས་བུ་རང་གི་དོན་གྱི་མཚན་ཉིད་དེ་བརྙེས་པ་བྱེ་བྲག་ཏུ་བསྟན་ཏོ། །བསྟན་བཅོས་མཛད་པར་བཞེད་ནས་ཞེས་བྱ་བ་ནི་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྟན་བཅོས་མཛད་པར་བཞེད་པས། འབྲས་བུ་རང་གི་དོན་གྱི་མཚན་ཉིད་དེ་བརྙེས་པ་བྱེ་བྲག་ཏུ་བསྟན་ཏོ། །དེ་ལ་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་དགྱེས་པའི་ཤུགས་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་དང༌། དམིགས་པས་རབ་ཏུ་དགའ་བའི་ཤུགས་སོ། །དྲག་པོ་ཞེས་བྱ་བ་ནི་ཆེན་པོའོ། །ཡང་དག་པར་སྐྱེས་པས་ཞེས་བྱ་བ་ནི་ཕྱིས་ཀྱང་འབྲལ་བར་མི་འགྱུར་བ་སྐྱེས་པའོ། །དེ་ལྟར་ན་སློབ་དཔོན་གང་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་པས་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་བརྙེས་པ་མངའ་བ་དེ་ནི་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པ་སྟེ་དེས་སོ། །དེ་ལྟར་ཡང་འཕགས་པ་བྱང་ཆུབ་སེམས་དཔའ་ས་བཅུའི་མདོ་ལས། མཆོག་ཏུ་དགའ་བ་མང་བས་རབ་ཏུ་དགའ་བ་དང༌། དམིགས་པས་རབ་ཏུ་དགའ་བ་ཡིན་ཏེ། དེ་ལ་རེ་ཞིག་མཆོག་ཏུ་དགའ་བ་མང་བས་རབ་ཏུ་


DTG099_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ནི། ཀྱེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཆོག་ཏུ་དགའ་བ་མང་བ་ཡིན་ཏེ། དང་བ་མང་བ་ཡིན། དགའ་བ་མང་བ་ཡིན། རངས་པ་མང་བ་ཡིན། མགུ་བ་མང་བ་ཡིན། དགའ་རླབས་མང་བ་ཡིན། སྤྲོས་པ་མང་བ་ཡིན། མི་འཁྲུག་པ་མང་བ་ཡིན། རྣམ་པར་འཚེ་བ་མེད་པ་མང་བ་ཡིན། ཁྲོ་བ་མེད་པ་མང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དམིགས་པས་རབ་ཏུ་དགའ་བ་ནི་རྣམ་པ་གཉིས་ཏེ། མ་འོངས་པ་ན་ཐོབ་པར་བྱ་བ་དང༌། ད་ལྟར་བྱུང་བ་ན་ཐོབ་པའི་དམིགས་པས་རབ་ཏུ་དགའ་བའོ། །དེ་ལ་མ་འོངས་པ་ན་ཐོབ་པར་བྱ་བའི་དམིགས་པས་རབ་ཏུ་དགའ་བ་ནི། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། སངས་རྒྱས་ཀྱི་ཆོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང༌། བྱང་ཆུབ་སེམས་དཔའི་སའི་ཁྱད་པར་དང༌། བྱང་ཆུབ་སེམས་དཔའི་མི་འཕྲོགས་པ་ཉིད་དང༌། དེ་བཞིན་གཤེགས་པའི་གདམས་ངག་དང༌། རྗེས་སུ་བསྟན་པ་དང༌། སེམས་ཅན་གྱི་དོན་ཡང་དག་པར་ཐོབ་པར་བྱེད་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་པའི་སྦྱོར་བ་རྗེས་སུ་དྲན་ཞིང་རབ་ཏུ་དགའ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ད་ལྟར་བྱུང་བ་ན་ཐོབ་པའི་དམིགས་པས་རབ་ཏུ་དགའ་བ་ནི་ཕྱིར་ཞིང་མཆོག་ཏུ་དགའ་བ་དང་ལྡན་པ་ཡིན་ཏེ། བདག་ནི་འགྲོ་བ་ཐམས་ཅད་ཀྱི་ཡུལ་ལས་ཕྱིར་ལོག་གོ །བདག་ནི་སངས་རྒྱས་དང་ཉེ་བ་ལ་ཞུགས་སོ། །བདག་ནི་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར་ཏོ། །བདག་ནི་ཡེ་ཤེས་ཀྱི་ས་དང་ཉེ་བར་གྱུར་ཏོ། །བདག་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པའོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་ཏོ། །བདག་ནི་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང། ཉེ་བར་གྱུར་ཏོ། །བདག་ནི་སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་བྱུང་ངོ༌། །བདག་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པར་གྱུར་ཏོ། །བདག་ནི་འཇིགས་པ་དང༌། དངང་བ་དང༌། བག་ཆ་བ་དང་བྲལ་ལོ་ཞེས་མཆོག་ཏུ་དགའ་བསྐྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་


DTG099_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་ཞེས་བྱ་བ་ནི་དེ་ལྟར་དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པར་མཛད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚུལ་གང་ཁོ་ན་ཐུགས་སུ་ཆུད་པ་དེ་ཁོ་ན་དང༌། ཇི་ལྟར་ཐུགས་སུ་ཆུད་པ་དེ་ཁོ་ནས་ཏེ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ། མ་ནོར་བའི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཚུལ་གྱིས་སོ།། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་ཞེས་བྱ་བ་ནི། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་མངོན་པར་བསྟོད་དེའོ། །ཅིའི་ཕྱིར་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ་མཛད་ཅེ་ན། དེའི་ཕྱིར་བསྟན་བཅོས་མཛད་པར་བཞེད་ནས་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྟན་བཅོས་མཛད་པར་བཞེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བསྟན་བཅོས་ཞེས་བྱ་བའི་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །མཛད་པར་བཞེད་ནས་ཞེས་བྱ་བ་ནི་ཕྲིན་ལས་སུ་བརྩམས་པར་བཞེད་ནས་སོ། །བསྟན་བཅོས་མཛད་པར་བཞེད་པར་ཅིའི་ཕྱིར་དང་པོར་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པར་མཛད་ཅེ་ན། འདི་ལྟར་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྟན་བཅོས་མཛད་པར་བཞེད་པ་ན། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་པོར་ལྷ་ཡིད་དུ་འོང་བ་ལ་མངོན་པར་བསྟོད་ཅིང་ཕྱག་འཚལ་ན། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོ་ཡོངས་སུ་སྨིན་པས་བརྩམས་པ་དེ་འགྲུབ་ཅིང་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་ཤིང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་


DTG099_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་དང་ལྡན་པར་གྱུར་པ་ནི་འབྲས་བུ་རང་གི་དོན་གྱི་མཚན་ཉིད་ཡིན་ནོ། །དེ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་འབྲས་བུ་རང་གི་དོན་གྱི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་ཤིང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང་ལྡན་པར་གྱུར་ནས། འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་ཞེས་བྱ་བ་སྨྲས་སོ། །དེ་ལ་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་ཞེས་བྱ་བས་ནི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་བསྟན་བཅོས་མཛད་པའི་རྒྱུ་བསྟན་ལ། སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བས་ནི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་བསྟན་བཅོས་མཛད་པ་དེ་གང་ལ་ཕན་གདགས་པའི་ཕྱིར་མཛད་པའི་ཡུལ་བསྟན་ཏོ། །རྟོགས་པར་བཞེད་ནས་ཞེས་བྱ་བས་ནི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་བསྟན་བཅོས་མཛད་པ་དངོས་བསྟན་ཏོ། །དེ་ལ་ཅིའི་ཕྱིར་བསྟན་བཅོས་མཛད་ཅེ་ན། དེའི་ཕྱིར་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས་བསྟན་བཅོས་མཛད་ཀྱི། ཟང་ཟིང་དང་བཅས་པའི་སེམས་ཀྱིས་རྙེད་པ་དང་བཀུར་སྟིའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཐུགས་རྗེ་ཉིད་ཅེས་བྱ་བ་ལ་ཐུགས་རྗེའི་དངོས་པོ་ནི་ཐུགས་རྗེ་ཉིད་དོ། །ཐུགས་རྗེ་ཉིད་ཀྱི་ཆུ་ཞེས་བྱ་བ་ནི་ཐུགས་རྗེ་ཉིད་ཆུ་དང་འདྲ་བས་ཐུགས་རྗེ་ཉིད་ཀྱི་ཆུ་སྟེ་དེས་སོ། །བརླན་པ་ཞེས་བྱ་བ་ནི་ཐུགས་རྗེ་ཉིད་ཀྱི་ཆུས་གཤེར་བ་དང་བངས་པ་དང་ཁྱད་པར་གྱུར་པའོ། །ཐུགས་མངའ་བས་ཞེས་བྱ་བ་ནི་སློབ་དཔོན་གང་ལ་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བ་སྟེ་ངེས་སོ། །གང་ལ་ཕན་གདགས་པའི་ཕྱིར་བསྟན་བཅོས་བརྩམ་པ་མཛད་ཅེ་ན། དེའི་ཕྱིར་སྐྱེ་བོ་རྗེས་སུ་དཔག་པ་གཙོར་


DTG099_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་སྨྲས་ཏེ། སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བྱ་ཞིང་དེ་ལ་ཕན་གདགས་པའི་ཕྱིར་བསྟན་བཅོས་བརྩམས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ལ་སྐྱེ་བོ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དག་གིས་བསྐྱེད་པར་བྱ་བ་ཡིན་པས་སྐྱེ་བོའོ། །རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་མོས་ཤིང་ཞེས་བྱ་བའི་ཐ་ཚིག་གོ །ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་འདི་ཁོང་དུ་ཆུད་པ་དང་ཤེས་པར་འདོད་པས་སོ། དེ་ལྟར་ན་སྐྱེ་བོ་གང་ལ་རྗེས་སུ་དཔག་པ་ལ་མོས་པ་དང་དབུ་མའི་བསྟན་བཅོས་འདི་ཁོང་དུ་ཆུད་པ་དང་ཤེས་པར་འདོད་པ་ཡོད་པ་དེ་ནི་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་ཏེ་ངེས་སོ། །འདི་ལ་གང་ཟག་བཞི་ཡོད་དེ། མགོ་སྨོས་པ་གོ་བ་དང༌། རྣམ་པར་སྤྲོས་ནས་གོ་བ་དང༌། བཀྲི་དགོས་པ་དང༌། ཚིག་ལྷུར་ལེན་པའོ། །དེ་ལ་མགོ་སྨོས་པས་གོ་བ་ནི་མགོ་སྨོས་ཤིང་གླེངས་པ་ཙམ་གྱིས་དོན་གོ་བ་གང་ཡིན་པའོ། །རྣམ་པར་སྤྲོས་ནས་གོ་བ་ནི་རྣམ་པར་སྤྲོས་ཤིང་རྒྱས་པར་བཤད་ན་དོན་གོ་བ་གང་ཡིན་པའོ། །བཀྲི་དགོས་པ་ནི་བསྡུ་བ་བྱས་པའི་དོན་གསལ་བ་ཡང་མི་གོ་ཞིང་མཚོན་མ་པས་འདི་ལྟར་གྱིས་ཤིག་ཅེས་བྱས་ཀྱང་མི་ཤེས་པ། བྱ་བས་ཁྲིད་པ་ན་དོན་གོ་བ་ལོང་བ་དང་འོན་པ་ལྟ་བུ་གང་ཡིན་པའོ། །ཚིག་ལྷུར་ལེན་པ་ནི་རྣམ་པ་ཐམས་ཅད་དུ་དོན་མི་གོ་ཞིང་ཚིག་ལ་འཆེལ་པ་གང་ཡིན་པ་སྟེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། །ཇི་ལྟར་བྱིས་པ་མཛུབ་མོའི་རྩེར། །འཛིན་ཅིང་ཟླ་བ་མི་མཐོང་བ། །དེ་བཞིན་ཡི་གེར་བཞེད་པ་ཡིས། །ང་ཡི་དེ་བཞིན་ཉིད་མི་མཐོང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་ནས་གོ་བ་དང༌། བཀྲ་དགོས་པ་གསུམ་ནི་ཐར་པའི་སྐལ་བ་ཡོད་པ་ཡིན་ནོ། །ཚིག་ལྷུར་ལེན་པ་ནི་ཚེ་དེ་ལ་ཐར་པའི་སྐལ་བ་མེད་པས་བཅོམ་ལྡན་འདས་ཀྱང་དེ་ལ་ཆོས་སྟོན་པར་མི་མཛད་དེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་སྟོན་པ་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། །གང་ཟག་བཞི་པོ་དེ་དག་ནི་རྟ་བཞི་དང་འདྲ་བར་ཤེས་པར་བྱ་སྟེ། འདི་ལྟ་སྟེ་དཔེར་ན། རྟ་ལ་ལ་ཁ་ལོའི་བསམ་པ་ཤེས་


DTG099_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱུག་པ་དང༌། རྟ་ལ་ལ་ལྕག་གི་གྲིབ་མ་མཐོང་ནས་རྒྱུག་པ་དང༌། རྟ་ལ་ལ་ལྕག་གིས་བཏབ་ནས་རྒྱུག་པ་དང༌། རྟ་སྐྱོན་ཆགས་པ་ལ་ལྕག་གིས་གཞུས་ཀྱང་རྒྱུག་ཏུ་མི་བཏུབ་པ་དང་འདྲ་བར། གང་ཟག་མགོ་སྨོས་པས་གོ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་གདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ཆེན་པོས་ངེས་པར་འབྱུང་བ་བསྟན་པ་ཐོས་ནས་སྲིད་པ་གསུམ་གྱི་བཙོན་ར་ནས་ངེས་པར་འབྱུང་སྟེ། དཔེར་ན་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་ལྟ་བུ་སྟེ། འདོད་པའི་རོ་མྱང་བ་རིག་པའི་ཕྱིར་དང༌། འདོད་པའི་ཉེས་དམིགས་རིག་པའི་ཕྱིར་རོ། །དེ་ལ་འདོད་པའི་རོ་མྱང་བ་ཞེས་བྱ་བ་ནི། འདོད་པ་རྣམས་ནི་རོ་མྱང་བའི་མནོག་ཆུང་བ་སྟེ། རལ་གྲིའི་སོ་ལ་སྦྲང་རྩིའི་ཐིགས་པས་བསྐུས་པ་ལ་ལྕེས་བལྡགས་པ་ལྟ་བུ་ཡིན་ནོ། །འདོད་པ་རྣམས་ཀྱི་ཉེས་དམིགས་ཞེས་བྱ་བ་ནི་མདོར་བསྡུ་ན་ཉེས་པ་མང་བ་སྟེ། འདི་ལྟ་སྟེ། འདོད་པ་རྣམས་ནི་སྡུག་བསྔལ་མང་པོ་དང་ལྡན་པ་དང༌། འཁྲུག་པ་མང་པོ་དང་ལྡན་པ་ཡིན་ནོ། །རྒྱས་པར་ནི་འདོད་པ་རྣམས་ནི་རོ་མྱང་བ་ཆུང་བའི་དོན་གྱིས་རུས་པའི་ཀེང་རུས་ལྟ་བུ་དང༌། འདོད་པ་རྣམས་ནི་མང་པོ་དང་ཐུན་མོང་བའི་དོན་གྱིས་ཤའི་ཁམ་ཚད་ལྟ་བུ་དང༌། འདོད་པ་རྣམས་ནི་ཡུན་ཐུང་བའི་དོན་གྱིས་རྩྭའི་སྒྲོན་མ་ལྟ་བུ་དང༌། འདོད་པ་རྣམས་ནི་ཡོངས་སུ་གདུང་བ་ཆེ་བའི་དོན་གྱིས་མེ་མདག་གི་རླུབས་ལྟ་བུ་དང༌། འདོད་པ་རྣམས་ནི་ཡུན་མི་རིང་བར་གནས་པའི་དོན་གྱིས་ཆུང་བ་དང༌། འདོད་པ་རྣམས་ནི་རེ་ཞིག་པའི་དོན་གྱིས་བརྙན་པོ་ལྟ་བུ་དང༌། འདོད་པ་རྣམས་ནི་བཅག་ནས་རྟོག་པའི་དོན་གྱིས་ཤིང་ལྗོན་པའི་རྩེ་མོའི་འབྲས་བུ་ལྟ་བུ་དང༌། འདོད་པ་རྣམས་ནི་ལྷག་པར་གཅོད་པའི་དོན་གྱིས་རལ་གྲིའི་སོ་ལྟ་བུ་དང༌། འདོད་པ་རྣམས་ནི་ངེས་པར་འབིགས་པའི་དོན་གྱིས་མདུང་ཐུང་གི་གསལ་ཤིང་ལྟ་བུ་དང༌། འདོད་པ་རྣམས་ནི་འཇིག་པ་དང་བཅས་པའི་དོན་གྱིས་སྦྲུལ་གྱི་མགོ་ལྟ་བུ་དང༌། འདོད་པ་རྣམས་ནི་བསྡུ་བ་དང་བསྲུང་དཀའ་བའི་དོན་གྱིས་འབབ་ཆུའི་དོགས་ལྟ་བུ་དང༌། འདོད་པ་རྣམས་ནི་བྱིས་པ་འདྲིད་པའི་དོན་གྱིས་སྒྱུ་མ་ལྟ་བུ་དང༌། འདོད་པ་རྣམས་ནི་མིག་གིས་མི་རྩོལ་བའི་དོན་གྱིས་མུན་པ་ལྟ་བུ་དང༌། འདོད་པ་རྣམས་ནི་དགེ་བའི་བར་ཆད་བྱེད་པའི་དོན་གྱིས་ལམ་འགོག་པ་ལྟ་བུ་དང༌། འདོད་པ་རྣམས་


DTG099_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲན་པ་ཉམས་པར་བྱེད་པའི་དོན་གྱིས་རྨོངས་པར་བྱེད་པ་དང༌། འདོད་པ་རྣམས་ནི་ཆགས་པའི་དོན་གྱིས་འཆིང་བ་དང༌། འདོད་པ་རྣམས་ནི་སྐྲོད་པའི་དོན་གྱིས་སླུ་བར་བྱེད་པ་དང༌། འདོད་པ་རྣམས་ནི་ཡོན་ཏན་འཕྲོག་པའི་དོན་གྱིས་ཆོམ་རྐུན་པ་ལྟ་བུ་དང༌། འདོད་པ་རྣམས་ནི་འཐབ་ཀྲོལ་བསྐྱེད་པའི་དོན་གྱིས་ཤ་ཁོ་ན་ཅན་ལྟ་བུ་དང༌། འདོད་པ་རྣམས་ནི་ཉམ་ཐག་པར་བྱེད་པའི་དོན་གྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་ཉེས་དམིགས་ཡིན་ནོ། །ངེས་པར་འབྱུང་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པར་བསྟན་པ་སྟེ། དེ་ལྟར་ཡང་ཀཽཎྜི་ནྱ་མིག་མི་རྟག་པ་ཡིན་ནམ། བཅོམ་ལྡན་འདས་ལགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གང་ཟག་རྣམ་པར་སྤྲོས་ནས་གོ་བ་ནི་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་རྣམ་པར་དབྱེ་བ་ལས་ཉེས་དམིགས་མཐོང་བས་ངེས་པར་འབྱུང་བ་བསྟན་པ་ཐོས་ནས་ངེས་པར་འབྱུང་བ་སྟེ། རོ་མྱང་བ་ཆུང་བར་རིག་པའི་ཕྱིར་དང༌། ཉེས་དམིགས་ཆེ་བར་རིག་པའི་ཕྱིར་དང༌། ངེས་པར་འབྱུང་བ་མ་རིག་པའི་ཕྱིར་རོ། །གང་ཟག་བཀྲི་དགོས་པ་ནི་རོ་མྱང་བ་ཆུང་བར་བསྟན་པ་དང༌། ཉེས་དམིགས་ཆེ་བར་བསྟན་པ་དང༌། ངེས་པར་འབྱུང་བ་བསྟན་པ་ཐོས་ནས་ངེས་པར་འབྱུང་སྟེ། འདོད་པ་རྣམས་ལ་ལྷག་པར་ཆགས་པའི་ཕྱིར་དང༌། རོ་མྱང་བ་ཆུང་བར་མ་རིག་པའི་ཕྱིར་དང༌། ཉེས་དམིགས་ཆེ་བར་མ་རིག་པའི་ཕྱིར་དང༌། ངེས་པར་འབྱུང་བ་མ་རིག་པའི་ཕྱིར་རོ། །འདིར་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི་གང་ཟག་མགོ་སྨོས་པས་གོ་བ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཙམ་ཞིག་ཐོས་པ་ཁོ་ནས་རང་ཉིད་ཀྱི་ཕྱོགས་ཀྱི་ཆོས་དང༌། དཔེ་ཡང་རྗེས་སུ་དཔོགས་ཤིང་མངོན་དུ་རྟོགས་པར་ནུས་པ་དང༌། ཕྱོགས་ཀྱི་ཆོས་ཐོབ་པ་ཙམ་གྱིས་རང་ཉིད་ཀྱི་ཕྱོགས་དང་དཔེ་ཡང་མངོན་དུ་རྟོགས་པར་ནུས་པ་དང་དཔེ་ཐོས་པ་ཙམ་གྱིས་རང་ཉིད་ཀྱིས་གཏན་ཚིགས་དང་དམ་བཅས་པ་ཡང་མངོན་དུ་རྟོགས་པར་ནུས་པའི་ཕྱིར་ཏེ། དེས་ནི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་བསྟན་བཅོས་མཛད་པ་དེ་གང་ལ་ཕན་གདགས་པའི་ཕྱིར་མཛད་པའི་ཡུལ་བསྟན་པ་ཡིན་ནོ། །རྟོགས་པར་བཞེད་ནས་ཞེས་བྱ་བ་ནི་སློབ་དཔོན་ལ་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་


DTG099_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཁོང་དུ་ཆུད་པར་འདོད་པས་དབུ་མའི་བསྟན་བཅོས་འདི་འཛིན་དུ་གཞུག་པར་བཞེད་བ་མངའ་བས་སོ། །དེ་ལྟར་ན་སློབ་དཔོན་གང་ལ་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་དབུ་མའི་བསྟན་བཅོས་འདི་འཛིན་དུ་གཞུག་པར་བཞེད་པ་མངའ་བ་དེ་ནི་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་པ་སྟེ། དེས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་བསྟན་བཅོས་མཛད་དོ། །དེ་ལྟར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་མངོན་པར་བསྟོད་དེ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པའི་སྐབས་ཉི་ཤུ་བདུན་གྱིས་བསྟན་བཅོས་རྫོགས་པར་མཛད་པ་ནི་འབྲས་བུ་གཞན་གྱི་དོན་གྱི་མཚན་ཉིད་ཡིན་ནོ། །དེ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་འབྲས་བུ་གཞན་དོན་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་འབྲེལ་པ་བྱེད་པས་བསྟན་བཅོས་ཀྱི་འབྲེལ་པ་གཉིས་པོ་རིགས་པའི་འབྲེལ་པ་དང༌། དོན་གྱི་འབྲེལ་པ་སྨྲས་པ་ལ། རིགས་པའི་འབྲེལ་པ་བླ་མ་བརྒྱུད་པ་དག་ཇི་ལྟར་འབྱུང་བའི་རྒྱུ་བསྟན་པ་དེའི་དོན་གྱི་འབྲེལ་པ་ཡན་ལག་གི་དོན་བསྟན་པས་བྱེ་བྲག་ཏུ་བཤད་པ་དེ་དག་ནི་བསྟན་བཅོས་ཀྱི་འབྲེལ་བ་ཡིན་པར་ཤེས་པར་བྱའོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་དེ་ལ་ཕྱག་འཚལ་


DTG099_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་ཞེས་བྱ་བ་དག་ནི་དེའི་ཁྱད་པར་ཡིན་ཏེ་དེས་ནི་ལས་བསྟན་ཏོ། གང་གིས་བསྟན་པ་ཞེས་བ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་བྱ་བ་དག་ནི་དེའི་ཁྱད་པར་ཡིན་ཏེ། དེས་ནི་མཛད་པ་པོ་བསྟན་ཏོ། །དེ་ལྟར་ན་མཛད་པ་པོ་གང་གིས་ཕྲིན་ལས་དེ་ལྟ་བུ་བསྟན་པ་མཛད་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་དོན་གྱི་འབྲེལ་པ་སྦྱར་བར་བྱའོ། །འདིར་སུའི་མིང་ཡང་དམིགས་ཀྱིས་མ་བསྟན་ན། འོག་ནས་དེ་ལ་ཕྱག་འཚལ་ལོ་ཞེས་འབྱུང་བ་དེ་གང་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་ཞེས་འདྲི་བ་ལ་ལན་གདབ་པའི་ཕྱིར། གང་གིས་ཞེས་བྱ་བའི་སྒྲ་སྤྱི་ཡིན་ཡང༌། འདིས་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པར་མཛད་པ་ཉིད་ཀྱིས་བརྗོད་པར་བཞེད་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན་དང་སྦྱར་རོ་ཞེས་བྱ་བ་སྨྲས་ཏེ། གང་གིས་ཞེས་བྱ་བའི་སྒྲ་སྤྱི་ཡིན་ཡང་སྐབས་འདིར་བཅོམ་ལྡན་འདས་ཁོ་ན་དང་སྦྱར་རོ་ཞེས་བྱ་བར་བལྟའོ། །འདིས་ནི་ཞེས་བྱ་བ་ནི། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཇི་སྐད་བསྟན་པའི་གཞུང་འདིས་སོ། །ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ལ་མུ་སྟེགས་བྱེད་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་ཅིང་དེ་དག་དང་ཐུན་མོང་མ་ཡིན་པའི་ཁྱད་པར་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་ལ་སོགས་པ་ཡོད་པ་དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །སྟོན་པར་མཛད་པ་ཉིད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་མཛད་པའོ། །སྟོན་པར་མཛད་པའི་དངོས་པོ་ནི་སྟོན་པར་མཛད་པ་ཉིད་དེ་སྟོན་པར་མཛད་པ་ཉིད་ཀྱི་སྒོ་ནས་སོ། །བརྗོད་པར་བཞེད་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་པར་བཞེད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་


DTG099_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་མཛད་པའི་ཕྲིན་ལས་ཀྱི་སྒོ་ནས། འདིར་སློབ་དཔོན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་པར་བཞེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཁོ་ན་དང་སྦྱར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁོ་ན་དང་སྦྱར་བར་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། གང་གིས་ཞེས་བྱ་བའི་སྒྲ་དམིགས་ཀྱིས་མ་བསྟན་པར་སྤྱི་ཡིན་དུ་ཟིན་ཀྱང༌། ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་མཛད་པ་ཉིད་ཀྱིས་ཕྲིན་ལས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཉིད་ཡིན་པས་ཡང་མངོན་ལ། སློབ་དཔོན་ཡང་དེ་ཁོ་ན་ཐུགས་སུ་ཆུད་པ་ཡིན་པས་ལྷ་གཞན་ལ་ཕྱག་མི་འཚལ་བའི་ཕྱིར། བཅོམ་ལྡན་འདས་ཁོ་ན་དང་སྦྱར་བར་ངེས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་གཞན་དག་ན་རེ། གལ་ཏེ་བསྟན་བཅོས་འདི་གཙོ་ཆེར་དོན་རབ་ཏུ་འབྱེད་པ་ཡིན་ལ། མདོ་ནི་དོན་སྨོས་པའི་ཕྱིར་མདོ་ཞེས་བྱ་བ་ཡིན་ན། མདོའི་གནས་སུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་རྫོགས་པའི་སངས་རྒྱས་སྨྲ་བ་རྣམས་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པས་ཆོག་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་ཚིག་མང་པོ་དེ་སྙེད་སྨྲས་པས། དེའི་ཕྱིར་མདོ་བྱེད་པས་ཉེས་པར་སྨྲས་པ་ཉིད་ཡིན་ནོ་ཞེས་ཟེར་བས་དེའི་ལན་དུ། རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བས་ནི་གང་གི་ཕྱིར་ཁྱད་པར་བསྟན་ཀྱང་ཁྱད་པར་གྱི་གཞིའི་མིང་མ་བསྟན་ན་དེ་མི་རྟོགས་པས་དེ་བསྟན་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་གང་གི་ཕྱིར་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ཁྱད་པར་བསྟན་ཀྱང་ཁྱད་པར་གྱི་གཞིའི་མིང་མ་བསྟན་ན་དེ་མི་རྟོགས་པས། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཁྱད་པར་གྱི་གཞིའི་མིང་དངོས་སུ་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་བསྟན་ཀྱང་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་གང་གི་ཁྱད་པར། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་


DTG099_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་ཞེས་བྱ་བ་དག་བསྟན་ཀྱང་ངོ༌། །ཁྱད་པར་གྱི་གཞིའི་མིང་མ་བསྟན་ན་ཞེས་བྱ་བ་ནི་འགག་པ་མེད་པ་སྐྱེ་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དེ་དག་གི་གཞི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བའི་མིང་མ་བསྟན་ནའོ། །དེ་མི་རྟོགས་པས་ཞེས་བྱ་བ་ནི། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པ་ཁྱད་པར་དེ་དག་གང་གི་ཡིན་པ་དེ་མི་རྟོགས་པས་སོ། །དེ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བ་ཁྱད་པར་གྱི་གཞི་དེ་བསྟན་པ་ཡིན་ནོ། །ཅི་སྟེ་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་རྫོགས་པའི་སངས་རྒྱས་སྨྲ་བ་རྣམས་ཀྱི། དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་དེ་ཙམ་ཞིག་བརྗོད་དུ་ཟིན་ན་ཡང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་མཚན་ཉིད་ཇི་ལྟ་བུ་ཡིན་པ་མི་རྟོགས་པས་དེའི་ཕྱིར་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་གཉི་ག་སྨོས་སོ། །མདོ་དག་ཀྱང་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་སྨོས་པར་བྱེད་པས་དེའི་ཕྱིར་སློབ་དཔོན་གྱིས་ལེགས་པར་གསུངས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བ་ལ་ཞེས་བྱ་བའི་སྐབས་འདིར་ནི་སློབ་དཔོན་རྣམས་ཀྱི་བློ་ཐ་དད་པའི་བྱེ་བྲག་སྟོན་ཏོ། །ཁ་ཅིག་ན་རེ། རྟེན་ཅིང་ཞེས་བྱ་བའི་ཚིག་གི་ཕྲད་ནི་ཟློས་པའི་དོན་ཡིན་པའི་ཕྱིར་དང༌། འབྲེལ་པར་ཞེས་བྱ་བ་ནི་ཕྲད་པའི་དོན་ཡིན་པའི་ཕྱིར་དང༌། འབྱུང་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བའོ་ཞེའོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ཞེས་བྱ་བ་ནི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེ། རྟེན་ཅིང་ཞེས་བྱ་བའི་ཚིག་གི་ཕྲད་ནི་ཟློས་པའི་དོན་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པ་དེ་དང་དེ་ལ་རྟེན་ཅིང་ཞེས་བྱ་བའི་ཚིག་གི་ཕྲད་དེ་ནི་ཟློས་པའི་དོན་ཡིན་པའི་ཕྱིར་རྟེན་ཅིང་ཞེས་བྱ་བར་སྦྱར་རོ། །ཟློས་པའི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པ་དེ་དང་དེ་ལ་རྟེན་ཅིང་ཞེས་ཟློས་པའི་ཕྱིར་ཏེ། དཔེར་ན་ཡུལ་འདི་ན་གྲོང་དང་གྲོང་དག་ཉམས་དགའོ་ཞེས་བྱ་བ་ལྟ་བུའོ། །འབྲེལ་པར་ཞེས་བྱ་བ་ནི་ཕྲད་པའི་དོན་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་རྒྱུ་དང༌། རྐྱེན་སོ་སོར་ངེས་པ་དེ་དང་དེ་དག་དང་འབྲས་བུ་གང་ཡིན་པར་ཕྲད་ཅིང་འབྲེལ་པའི་དོན་ཡིན་པའི་ཕྱིར་ཏེ། དཔེར་ན་སྲང་མདའི་མཐོན་དམན་ཕྲད་ཅིང་འབྲེལ་པ་ཞེས་བྱ་བ་ལྟ་


DTG099_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །འབྱུང་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མཚན་ཉིད་འབྱུང་ཞིང་སྐྱེ་བའི་དོན་ཡིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་ཞེས་བྱ་བ་ནི་དེ་ལྟར་རྒྱུ་དང་རྐྱེན་སོ་སོར་ངེས་པ་དེ་དང་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བའོ་ཞེས་བྱ་བ་ནི་ཚིག་གི་དོན་སྔ་མ་དག་གི་མཇུག་བསྡུ་བ་བསྟན་ཏེ། རྒྱུ་དང་རྐྱེན་སོ་སོར་ངེས་པ་དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྲས་བུ་འབྱུང་བའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེའོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་རང་ཉིད་མ་ཡིན་པ་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེ་དེ་སྐད་ཟེར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་སོ་སོར་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེའོ་ཞེས་བྱ་བ་ལ། གཞན་དག་ན་རེ་ཞེས་བྱ་བ་ནི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་གཞན་དག་ན་རེའོ། །སོ་སོར་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྐད་ཅིག་སོ་སོ་རེ་རེ་ལ་འཇིག་པ་དང་ལྡན་པའི་འབྲས་བུ་རྣམས་ཀྱི་ཚོགས་ཤིང་འབྱུང་བ་སྟེ། ཕྲད་ནས་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བས་ནི་ཚིག་གི་དོན་སྔ་མའི་མཇུག་བསྡུ་བ་བསྟན་ཏེ། རྒྱུ་དང་རྐྱེན་སོ་སོར་ངེས་པ་སྐད་ཅིག་སོ་སོ་རེ་རེ་ལ་འཇིག་པ་དང་ལྡན་པའི་འབྲས་བུ་རྣམས་ཀྱི་ཚོགས་ཤིང་འབྱུང་བ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བར་སྟོན་ཏོ་ཞེའོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་རང་ཉིད་མ་ཡིན་པ་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་གཞན་དག་དེ་སྐད་ཟེར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་མ་ཡིན་པ་ནི་དེ་ཡང་མི་རུང་སྟེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པ་འདི་ལ་དོན་གཉི་ག་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཞན་མ་ཡིན་པ་ནི་ཞེས་བྱ་བ་ནི་གཞན་མ་ཡིན་པས་རང་ཉིད་ཡིན་ཏེ། འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ནི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་སྔ་མ་དག་གཉིས་ཀྱིས་སྨྲས་པ་དེ་གཉི་ག་ཡང་མི་རུང་སྟེ་ཞེས་ཟེར་བར་སྦྱར་རོ། །དེ་ཡང་མི་རུང་སྟེ་ཞེས་བྱ་བ་ནི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་སྔ་མ་གཉིས་ཀྱིས་རྣམ་པར་བཤད་པ་དེ་གཉི་ག་ཡང་མི་རུང་སྟེའོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་


DTG099_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་འདི་ལ་དོན་གཉི་ག་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ནི། དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བའོ་ཞེས་བྱ་བ་དང༌། སོ་སོར་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ཞེས་བྱ་བའི་དོན་དེ་གཉི་ག་མེད་པའི་ཕྱིར་ཏེ། དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བ་ཞེས་བྱ་བའི་དོན་དེ་ཇི་ལྟར་མེད་ཅེ་ན། དེའི་ཕྱིར་ལུང་ལས། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་མ་ཡིན། །གང་དུ་དེ་ནི་གནས་འགྱུར་བ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་གསུངས་པས། ལུང་དེས་ན་མིག་གི་རྣམ་པར་ཤེས་པ་ནི་མིག་ལ་ཡང་མེད། གཟུགས་ལ་ཡང་མེད། གཉི་གའི་བར་ན་ཡང་མེད་དེ། མིག་གི་རྣམ་པར་ཤེས་པ་དེ་གང་དུ་གནས་པར་འགྱུར་བ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པས་དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་འབྱུང་བ་ནི་མེད་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་བདག་ཉིད་མེད་པ་དེས་དེ་འབྱུང་བའི་རྒྱུ་དང་རྐྱེན་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་དེ་དག་འབྱུང་བའི་ཡིད་ལ་བྱེད་པ་ལ་སོགས་པ་དེ་དག་དེ་ལ་ཇི་ལྟར་རྟེན་ཅིང་ཕྲད་པར་རུང་སྟེ་མི་རུང་ངོ༌། །གལ་ཏེ་མིག་གི་རྣམ་པར་ཤེས་པ་ཡོད་ན་ནི་དེ་དག་དང་ཕྲད་པར་ཡང་རུང་མོད་ཀྱི། ཡོད་ན་འབྱུང་བར་ཡང་བྱ་མི་དགོས་པས་དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་མེད་པ་རྐྱེན་དང་མི་ཕྲད་པའི་ལུང་དེས་ན་དེ་དང་དེ་ལ་རྟེན་ཅིང་ཕྲད་ནས་འབྱུང་བ་ཞེས་བྱ་བ་དེ་མེད་དོ། །སོ་སོར་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ཞེས་བྱ་བའི་དོན་དེ་ཇི་ལྟར་མེད་ཅེ་ན། འདི་ལྟར་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྐད་ཅིག་སོ་སོ་རེ་རེ་ལ་འཇིག་པ་གང་དག་ཡིན་པ་དེ་དག་ནི་འབྱུང་བའི་ཚེ་ཡོངས་སུ་མ་གྲུབ་པའི་གནས་སྐབས་ཁོ་ནར་སྐད་ཅིག་རེ་རེ་ལ་འགག་ཅིང་མེད་པར་འགྱུར་བས་ཚོགས་ཤིང་འབྲས་བུ་བསྐྱེད་པར་འགྱུར་བ་མེད་པས་འབྲས་བུ་འབྱུང་བ་ཡང་མེད་དེ། འབྲས་བུ་ཡང་འབྱུང་བའི་ཚེ་ཉིད་ན་སྐད་ཅིག་རེ་རེ་ལ་འཇིག་པར་འགྱུར་བའི་སོ་སོར་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ཞེས་བྱ་བ་དེ་ཡང་མེད་དོ། །གལ་ཏེ་དེ་ལྟར་དོན་དེ་གཉི་ག་མེད་པས་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་དེ་གཉིས་ཀྱི་གཞུང་ལུགས་མ་རུང་ན། འོ་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གན་ཡིན་ཞེ་ན། དེའི་ཕྱིར་འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེ་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ་ཞེས་ཟེར་རོ་ཞེས་བྱ་བ་


DTG099_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ཏེ། འདིར་འགྲེལ་པ་བྱེད་པ་ཉིད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྣམ་པ་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འདི་ཡོད་པས་འདི་འབྱུང་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ས་བོན་དང༌། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཀྱི་ཁམས་ཞེས་བྱ་བ་དག་ཡོད་པས་མྱུ་གུ་འབྱུང་བ་དང༌། ནང་གི་ལས་དང་ཉོན་མོངས་པ་དང༌། ཁུ་ཆུ་དང༌། ཁྲག་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་དག་ཡོད་པས། མེར་མེར་པོ་དང༌། ནུར་ནུར་པོ་དང༌། ནར་ནར་པོ་དང༌། མཁྲང་གྱུར་དང༌། རྐང་ལག་འགྱུས་པ་དག་འབྱུང་བའོ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྐྱེ་བ་དང་མི་མཐུན་པའི་རྐྱེན་མེད་པས་མྱུ་གུ་སྐྱེས་པའི་ཕྱིར་འདབ་མ་དང༌། སྦུ་གུ་དང༌། སྡོང་པོ་དང༌། སྦལ་མིག་དང༌། མེ་ཏོག་དང༌། གྲ་མ་དང༌། སྦུན་པ་དང༌། སྲུས་དང༌། འབྲས་ཐུག་པོ་ཆེ་རྣམས་སྐྱེ་བ་དང༌། ནང་གི་མི་མཐུན་པའི་རྐྱེན་མེད་པས་མེར་མེར་པོ་དང༌། ནུར་ནུར་པོ་དང༌། ནར་ནར་པོ་དང༌། མཁྲང་གྱུར་དང༌། རྐང་ལག་འགྱུས་པ་རྣམས་སྐྱེས་པའི་ཕྱིར་བཙའ་བའི་གནས་སྐབས་ཀྱི་ལུས་སྐྱེ་བའོ། །ཡང་ན་འདི་ཡོད་པས་འདི་འབྱུང་བ་ཞེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་རྣམས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང། རེག་བྱ་དང༌། ཆོས་རྣམས་ཡོད་པས་འབྲས་བུ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་བའོ། །འདི་སྐྱེ་བའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེས་པ་ན་དེ་དག་དང་ལྷན་ཅིག་འབྱུང་བ། ཚོར་བ་དང༌། སེམས་པ་དང༌། འདུ་ཤེས་དང༌། འདུན་པ་དང༌། རེག་པ་ལ་སོགས་པ་ས་མང་པོ་པ་དག་སྐྱེ་བར་འགྱུར་བའོ། །དེ་བཞིན་དུ་བུམ་པ་དང༌། སྣམ་བུ་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ཞེས་བྱ་བ་ལ། རྐྱེན་འདི་དང་ལྡན་པ་ཉིད་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་རག་ལས་པའི་སྐྱེ་བ་ཉིད་དེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བས་ཏེ་ཞེས་ཇི་སྐད་སྔར་བསྟན་མ་ཐག་པ་ཉིད་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བྱ་བ་རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ནི་རྟེན་ཅིང་


DTG099_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བའི་དོན་ཏོ་ཞེས་འགྲེལ་པ་བྱེད་པ་ཉིད་ཟེར་རོ་ཞེས་པའི་ཐ་ཚིག་གོ །འདིར་ཁ་ཅིག་ན་རེ། གལ་ཏེ་འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་ཕྲད་ནས་ཕྱིས་འབྱུང་ན་ནི་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བར་འགྱུར་བ་ཞིག་ན་ནི། འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་མི་ཕྲད་དེ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་མི་འགྲུབ་པོ། །གལ་ཏེ་རྟེན་ཅིང་འབྲེལ་པར་ཞེས་བྱ་བ་དང༌། འབྱུང་ཞེས་བྱ་བ་གཉིས་དུས་གཅིག་ཏུ་ཁས་ལེན་པས་ཉེས་པ་མེད་དོ་ཞེ་ན་ཡང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་བྱ་བ་གཉིས་དུས་གཅིག་ན་མེད་དོ། བར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ། །བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ། མེད་པའི་ཕྱིར་མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདི་བརྡ་སྤྲོད་པ་དག་སངས་རྒྱས་པ་ལ་རྒོལ་བའི་ཚིག་ཡིན་ནོ། །དེ་ལ་འདིར་ཞེས་བྱ་བ་ནི་ལུང་དང་རིགས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་བསྒྲུབས་པ་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་སྙིང་བསྐམ་པར་གྱུར་པའི་སྐབས་འདིར་ཏེ། འདི་ལྟར་རྒྱུ་མེད་པར་སྨྲ་བ་རྣམས་དང༌། རྒྱུ་མི་མཐུན་པར་སྨྲ་བ་ཐམས་ཅད་ཀྱི་སྙིང་བསྐམ་པར་གྱུར་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་དེ་དག་ཉིད་འདིར་སྐབས་མེད་བཞིན་དུ་བརྡ་སྤྲོད་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས་དགྲས་རྒོལ་བར་བྱེད་པ་ཁ་ཅིག་ན་རེའོ། །གལ་ཏེ་འབྱུང་བའི་སྔ་རོལ་དུ་ཞེས་བྱ་བ་ནི་གལ་ཏེ་འབྲས་བུ་འབྱུང་བའི་དུས་ཀྱི་སྔ་རོལ་དུ་སྟེ། ཇི་སྲིད་དུ་འབྲས་བུ་མ་བྱུང་བའི་དུས་དེའི་ཚེའོ། །འབྲས་བུ་ཞེས་བྱ་བ་ནི་མྱུ་གུ་ཞེས་བྱ་བའམ། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་འབྲས་བུའོ། །རྐྱེན་དང་ཕྲད་ནས་ཞེས་བྱ་བ་ནི་རྐྱེན་གྱི་གན་དུ་འགྲོ་ཞིང་རྐྱེན་དང་ཕྲད་པའམ། རྐྱེན་རྙེད་ནས་སོ། །ཕྱིས་འབྱུང་ན་ནི་ཞེས་བྱ་བ་ནི་དེའི་འོག་ཏུ་འབྲས་བུ་མྱུ་གུ་ཞེས་བྱ་བའམ། མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་འབྱུང་ན་ནིའོ། །དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བར་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་སྨྲར་རུང་བ་ཞིག་ནའོ། །ཅི་སྟེ་སངས་རྒྱས་པ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བར་འགྲུབ་པར་བྱ་བའི་ཕྱིར་རང་གི་ལུང་བོར་ཏེ་འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་ཕྲད་ནས་ཕྱིས་འབྱུང་ངོ་ཞེས་ཟེར་ན། དེའི་


DTG099_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་མི་ཕྲད་དེ་ཞེས་བྱ་བར་སྨྲས་སོ། །ཅིའི་ཕྱིར་འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་མི་ཕྲད་ཅེ་ན། དེའི་ཕྱིར་མེད་པའི་ཕྱི་རོལ་ཞེས་བྱ་བ་སྨྲས་ཏེ། འབྱུང་བའི་སྔ་རོལ་དུ་འབྲས་བུ་རྐྱེན་དང་ཕྲད་ཅེས་བྱ་བར་ནི་དེའི་ཚེ་ན་འབྲས་བུ་བདག་ཉིད་མ་བྱུང་ཞིང་མེད་པའི་ཕྱིར་རྐྱེན་དང་མི་ཕྲད་དེ། འདི་ལྟར་སངས་རྒྱས་པ་རྣམས་ཀྱི་ལུང་ལས་འདུས་བྱས་ནི་མ་བྱུང་བ་ལས་འབྱུང་ངོ་ཞེས་ཟེར་བའི་ཕྱིར་རོ། །དེ་ལྟ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་མི་འགྲུབ་པོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་གཏན་ཚིགས་དེས་ན། སངས་རྒྱས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་སྒྲ་དེ་མི་འགྲུབ་པོ། །གལ་ཏེ་རྟེན་ཅིང་འབྲེལ་བར་ཞེས་བྱ་བ་དང་འབྱུང་བ་ཞེས་བྱ་བ་གཉིས་དུས་གཅིག་ཏུ་ཁས་ལེན་པས་ཉེས་པ་མེད་དོ་ཞེ་ན་ཡང་ཞེས་བྱ་བ་ནི་བརྡ་སྤྲོད་པ་ཉིད་ཀྱིས་སངས་རྒྱས་པའི་བསམ་པ་ལ་བརྟགས་ནས་དོགས་པ་བསུ་བ་ཡིན་ཏེ། གལ་ཏེ་སངས་རྒྱས་པ་དག་དུས་གང་གི་ཚེ་ཁོ་ན་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དུས་དེ་ཁོ་ནའི་ཚེ་ན་འབྲས་བུ་འབྱུང་བར་ཁས་ལེན་པས་དེའི་ཕྱིར་འབྲས་བུ་མེད་པའི་ཕྱིར་རྐྱེན་དང་མི་ཕྲད་པའི་ཉེས་པ་སྔར་བསྟན་པ་གང་ཡིན་པ་དེ་ཡང་མེད་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་སྒྲ་ཡང་འགྲུབ་པར་འགྱུར་རོ་ཞེས་ཟེར་ན་ཡང་ངོ༌། །གལ་ཏེ་སངས་རྒྱས་པ་དག་དེ་སྐད་ཅེས་ཟེར་ན་ཡང༌། སངས་རྒྱས་པ་དག་ཉིད་ལ་འབྲས་བུ་འབྱུང་བ་གང་ཡིན་པ་དེ་ཇི་ལྟར་མེད་པ་ན་དུས་གཅིག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་ངམ། འོན་ཏེ་ཡོད་པ་ན་རྟེན་ཅིང་འབྲེལ་པར་འབྱུང་ཞེས་དྲི་བར་བྱའོ། །དེ་སྐད་དྲིས་པ་ན་གལ་ཏེ་སངས་རྒྱས་པ་དག་འབྲས་བུ་དེ་སྔ་ན་མེད་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ་ཞེས་ཁས་ལེན་ན། དེའི་ལན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ལ་བྱ་བ་གཉིས་དུས་གཅིག་ན་མེད་དེ། །པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་བརྗོད་པར་བྱའོ། །འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། བྱ་བ་གཉིས་དུས་གཅིག་ན་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། པར་ཞེས་བརྗོད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་


DTG099_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རོ།། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་ཞེས་བྱ་བ་ནི་འབྲས་བུ་ནུས་པའི་ཚུལ་གྱིས་སྔ་ན་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་སྒྲ་ལའོ། །བྱ་བ་གཉིས་དུས་གཅིག་ན་མེད་དེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་བྱ་བ་དང༌། འབྱུང་ཞེས་བྱ་བའི་བྱ་བ་གཉིས་དུས་གཅིག་ན་མེད་པ་སྟེ། རྟེན་ཅིང་འབྲེལ་པར་ཞེས་བྱ་བའི་བྱ་བ་ནི་སྔ་ལ་འབྱུང་བ་ཞེས་བྱ་བའི་བྱ་བ་ནི་འཕྱི་བས་བྱ་བ་དེ་གཉིས་དུས་གཅིག་ན་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། པར་ཞེས་བརྗོད་པའི་ཕྱིར་ཏེ། སངས་རྒྱས་པའི་གཞུང་ལས་རྟེན་ཅིང་འབྲེལ་པར་ཞེས་བརྗོད་པའི་ཕྱིར། དེས་ན་རྟེན་ཅིང་འབྲེལ་པར་ཞེས་བྱ་བའི་བྱ་བ་ནི་སྔ་ལ་འབྱུང་ཞེས་བྱ་བའི་བྱ་བ་ནི་འཕྱི་བའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ཏེ། དཔེར་ན་ཁྲུས་བྱས་ཏེ་ཞེས་བྱ་བའི་བྱ་བ་ནི་སྔ་ལ་བཟའ་ཞེས་བྱ་བའི་བྱ་བ་ནི་འཕྱི་བས་བྱ་བ་དེ་གཉིས་དུས་གཅིག་ན་མེད་པ་དང་འདྲ་བར་འདིར་ཡང༌། པར་ཞེས་བརྗོད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་རྟེན་ཅིང་འབྲེལ་པར་ཞེས་བྱ་བའི་བྱ་བ་དང༌། འབྱུང་ཞེས་བྱ་བའི་བྱ་བ་གཉིས་དུས་གཅིག་ན་མེད་པས་དེའི་ཕྱིར་འབྲས་བུ་མེད་པ་ན་དུས་གཅིག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བར་མི་རུང་ངོ༌། །འོན་ཏེ་ཡོད་པ་ན་རྟེན་ཅིང་འབྲེལ་པར་འབྱུང་སྟེ། འབྲས་བུ་ནུས་པའི་ཚུལ་གྱིས་སྔ་ན་ཡོད་པ་རྒྱུ་དང་རྐྱེན་ལ་རྟེན་ཅིང་འབྲེལ་པར་འབྱུང་ངོ་ཞེས་སངས་རྒྱས་པ་དག་ཟེར་ན། དེའི་ལན་དུ་བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ། མེད་པའི་ཕྱིར་མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་ཞེས་བརྗོད་པར་བྱའོ། །འདིར་ཡང་བྱེད་པ་པོ་མེད་པར་ཡང་ཞེས་བྱ་བ་ནི་ཆོས་ཅན་ཡིན་ལ། གཞི་མེད་པའི་བྱ་བ་མི་རུང་བ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན། མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ་ཞེས་བྱ་བ་ནི་བྱེད་པ་པོ་ཡོད་ན་ནི་གཞི་དེ་ལ་བརྟེན་པའི་བྱེད་པས་བྱ་བ་ཡང་ཡོད་པར་རུང་སྟེ། དཔེར་ན་ཤིང་གཅོད་པར་བྱེད་པའི་བྱེད་པ་པོའི་མི་ཡོད་ན་དེ་ལ་བརྟེན་པའི་བྱེད་པ་སྟ་རེས་བྱ་བ་ཤིང་བཅད་པ་ཡང་འགྲུབ་པར་རུང་བ་བཞིན་དུ། འདིར་ཡང་བྱེད་པ་པོའི་དངོས་པོ་ནང་གི་བྱེད་པ་པོའི་སྐྱེས་བུ་ཞིག་ཡོད་ན་ནི་དེ་ལ་བརྟེན་པ་བྱེད་པ་རྒྱུ་རྐྱེན་གྱི་བྱ་བ་འབྲས་བུ་བསྐྱེད་པ་ཡང་


DTG099_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་རུང་བ་ཞིག་ན། སངས་རྒྱས་པ་རྣམས་ཀྱི་གཞུང་ལས་བྱེད་པ་པོ་མེད་པར་འདོད་པས་གཞི་མེད་པའི་བྱེད་པས་བྱ་བ་མི་རུང་སྟེ། དཔེར་ན་ཤིང་གཅོད་པར་བྱེད་པའི་བྱེད་པ་པོ་མེད་ན་གཞི་མེད་པས་བྱེད་པ་སྟ་རེ་ཡོད་ཀྱང་དེས་བྱ་བ་ཤིང་བཅད་པ་མི་འགྲུབ་པ་བཞིན་དུ་འདིར་ཡང་བྱེད་པ་པོའི་དངོས་པོ་ནང་གི་བྱེད་པ་པོའི་སྐྱེས་བུ་མེད་ན་གཞི་མེད་པས་བྱེད་པ་རྒྱུ་རྐྱེན་ཡོད་ཀྱང་དེས་བྱ་བ་འབྲས་བུ་བསྐྱེད་པར་མི་རུང་ངོ༌། །དེའི་ཕྱིར་གཞི་མེད་པ་ལ་འབྲས་བུ་འབྱུང་བའི་བྱ་བ་མི་རུང་བ་འདི་ནི་ཕྱོགས་ཡིན་ནོ། །མེད་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཡིན་ཏེ། ཅིའི་ཕྱིར་བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་ཞེ་ན། དེའི་ཕྱིར་བྱེད་པ་པོའི་དངོས་པོ་ནང་གི་བྱེད་པ་པོའི་སྐྱེས་བུ་མེད་པའི་ཕྱིར་དེ་ལ་བརྟེན་པའི་བྱེད་པ་རྒྱུ་རྐྱེན་གྱི་བྱ་བ་འབྲས་བུ་སྐྱེད་པ་མི་རུང་བའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་མོ་གཤམ་གྱི་བུ་འགྲོ་བ་བཞིན་ཏེ། དཔེར་ན་མོ་གཤམ་གྱི་བུ་གཏན་མེད་པས་དེ་ལ་བརྟེན་པའི་བྱེད་པ་རྐང་པས་འགྲོ་བ་ཡང་མེད་པ་དང་འདྲ་བར་འདིར་ཡང་བྱེད་པ་པོའི་དངོས་པོ་ནང་གི་བྱེད་པ་པོའི་སྐྱེས་བུ་མེད་པས་གཞི་མེད་པའི་ཕྱིར་བྱེད་པ་རྒྱུ་རྐྱེན་གྱི་བྱ་བ་འབྲས་བུ་སྐྱེད་པ་མི་རུང་སྟེ། དེའི་ཕྱིར་འབྲས་བུ་ནུས་པའི་ཚུལ་གྱིས་ཡོད་པ་ན་དུས་གཅིག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བར་ཡང་མི་རུང་ངོ་ཞེས་ཟེར་རོ་ཞེས་བྱ་བའི་བརྡ་སྤྲོད་པ་པ་དག་སངས་རྒྱས་པ་ལ་རྒོལ་བའི་ཚིག་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་ནི་བཟང་པོ་མ་ཡིན་ཏེ། འབྲས་བུ་མེད་པ་འབྱུང་བའི་མཚན་ཉིད་ཀྱི་བྱ་བ་ཁས་ལེན་ན་ནི་ལམ་ངེས་པའི་ཕྱིར་རོ། །ཡོད་པ་ལས་འབྱུང་བའི་ཕྱོགས་ལ་ཡང་གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྡ་སྤྲོད་པ་པས་མེད་པ་ལས་བྱུང་བ་དགག་པ་དང༌། ཡོད་པ་ལས་འབྱུང་བ་དགག་པའི་སྒྲུབ་པ་རྣམ་པ་གཉིས་སྨྲས་པ་གང་ཡིན་པའི་ཕྱོགས་སྔ་མ་རྣམ་པ་གཉིས་རྣམ་པར་བརྟགས་པ་དེའི་ལན་དུ་འགྲེལ་པ་བྱེད་པས་སྨྲས་པ་ཡན་ནོ། །དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ན་བརྡ་སྤྲོད་པ་པས་མེད་པ་ལས་འབྱུང་བ་དགག་པ་དང༌། ཡོད་པ་ལས་འབྱུང་བ་དགག་པ་སྒྲུབ་པ་རྣམ་པ་གཉིས་སྨྲས་པ་གང་ཡིན་པ་དེ་ནི་བཟང་པོ་མ་ཡིན་ཏེ། སྐྱོན་ཆགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་བཟང་པོ་མ་ཡིན་ཞེན། དེ་ལ་རེ་ཞིག་མེད་པ་ལས་འབྱུང་བ་ཡིན་པ། དགག་པའི་ཕྱོགས་ལ་ནི་འབྲས་བུ་


DTG099_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་འབྱུང་བའི་མཚན་ཉིད་ཀྱི་བྱ་བ་ཁས་ལེན་ན་ནི་རང་ལ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འབྲས་བུ་མེད་པ་འབྱུང་བའི་མཚན་ཉིད་ཀྱི་བྱ་བ་ཁས་ལེན་ན་ནི་ཞེས་བྱ་བ་ནི་འབྲས་བུ་དེ་སྔ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་བྱ་བ་ཁས་ལེན་ན་ནིའོ། །རང་ལ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་བརྡ་སྤྲོད་པ་པ་ན་རེ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་བྱ་བ་གཉིས་དུས་གཅིག་ན་མེད་དེ། པར་ཞེས་བརྗོད་པའི་ཕྱིར། དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་སྒྲུབ་པ་གང་ཡིན་པ་དེ་རང་ལ་མ་ངེས་པའི་ཕྱིར་བཟང་པོ་མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱི་གྲུབ་པའི་མཐའ་ཉིད་ལས། པར་ཞེས་བརྗོད་པའི་ཕྱིར་ཏེ། དེས་དཔེར་ན་ཁ་གདངས་ཏེ་ཉལ་ཞེས་བྱ་བ་དང༌། ལམ་ཁྱབ་པར་བྱས་ཏེ་འགྲོ་ཞེས་བྱ་བ་ལྟ་བུའི་བྱ་བ་གཉིས་དུས་གཅིག་ན་ཡོད་པར་ཁྱོད་རང་གི་གཞུང་ལས་འབྱུང་བས། དེའི་ཕྱིར་ཁྱོད་ན་རེ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་བྱ་བ་གཉིས་དུས་གཅིག་ན་མེད་དེ། པར་ཞེས་བརྗོད་པའི་ཕྱིར། དཔེར་ན་ཁྲུས་བྱས་ཏེ། བཟའ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེ་ཁྱོད་རང་ལ་མ་གྲུབ་པའི་ཕྱིར་བཟང་པོ་མ་ཡིན་ནོ། །ཡོད་པ་ལས་འབྱུང་བ་དགག་པའི་ཕྱོགས་ལ་ནི་ཡོད་པ་ལས་འབྱུང་བའི་ཕྱོགས་ལ་ཡང་གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡོད་པ་ལས་འབྱུང་བའི་ཕྱོགས་ལ་ཡང་ཞེས་བྱ་བ་ནི་འབྲས་བུ་ནུས་པའི་ཚུལ་གྱིས་སྔ་ན་ཡོད་པ་ལས་ཕྱིས་རྒྱུ་རྐྱེན་གྱི་བྱེད་པས་གསལ་བར་བྱ་སྟེ། འབྱུང་ཞེས་སྒྲུབ་པ་གང་ཡིན་པའི་ཕྱོགས་དེ་ལ་ཡང་ངོ༌། །གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་བརྡ་སྤྲོད་པ་པ་ན་རེ། བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ། མེད་པའི་ཕྱིར་མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་བྱེད་པ་པོ་ཡོད་པར་སྒྲུབ་པ་དེ་ཡོད་པར་མ་གྲུབ་པའི་ཕྱིར་བཟང་པོ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་པའི་གཞུང་ལས་ཀྱང་བྱེད་པ་པོ་མེད་པར་དངོས་པོ་རྣམས་རྒྱུ་རྐྱེན་ལས་འབྱུང་བར་འདོད་ལ། གྲངས་ཅན་ལ་སོགས་པའི་གཞུང་ལས་ཀྱང་ནང་གི་བདེ་བ་དང་སྡུག་བསྔལ་ལས་གཞན་པ་ལ་བྱེད་པ་པོ་མེད་པར་འདོད་པས་དེའི་ཕྱིར་ཁྱོད་ན་རེ། བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ། མེད་པའི་ཕྱིར་མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་


DTG099_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་བའི་གཏན་ཚིགས་དེའི་དོན་ནི་བྱེད་པ་པོ་ཡོད་པར་སྒྲུབ་པ་མ་ཡིན་ན་གཏན་ཚིགས་ཀྱི་དོན་བྱེད་པ་པོ་དེ་ཡོད་པར་མ་གྲུབ་པའི་ཕྱིར་བཟང་པོ་མ་ཡིན་ནོ།། །།བམ་པོ་བཞི་པ། ད་ནི་རང་ལ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་དང༌། གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་གཉིས་ཀྱི་སྐྱོན་བརྗོད་པ་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། དེ་ལ་དང་པོར་རང་ལ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་སྐྱོན་བརྗོད་པའི་ཕྱིར། བྱེད་པ་པོ་གཅིག་དང་ལྡན་པའི་བྱ་བ་གཉིས་དུས་གཅིག་ན་ཡང་ཡོད་དེ། པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁ་གདངས་ཏེ་ཉལ་ཞེས་བྱ་བ་དང༌། ལམ་ཁྱབ་པར་བྱས་ཏེ་འགྲོ་ཞེས་བྱ་བ་བཞིན་ཏེ། མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་བརྡ་སྤྲོད་པ་པ་ན་རེ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་བྱ་བ་གཉིས་དུས་གཅིག་ན་མེད་དེ། པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་རང་ལ་མ་ངེས་པའི་ཕྱིར་དཔེས་མཚོན་པའི་དོན་ཡང་མི་འགྲུབ་པར་སྟོན་ཏོ། །འདིར་ཡང་བྱེད་པ་པོ་གཅིག་དང་ལྡན་པའི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། བྱ་བ་གཉིས་དུས་གཅིག་ན་ཡང་ཡོད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ཏེ། པར་ཞེས་བརྗོད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ཁ་གདངས་ཏེ་ཉལ་ཞེས་བྱ་བ་དང༌། ལམ་ཁྱབ་པར་བྱས་ཏེ་འགྲོ་ཞེས་བྱ་བ་བཞིན་ཏེ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །མ་ངེས་པའི་ཕྱིར་རོ་ཞེས་བྱ་བས་ནི་དཔེ་རང་ལ་མ་ངེས་པའི་གཏན་ཚིགས་བསྟན་ཏོ། །དེ་ལ་བྱེད་པ་པོ་གཅིག་དང་ལྡན་པའི་བྱ་བ་གཉིས་དུས་གཅིག་ན་ཡང་ཡོད་དེ་ཞེས་བྱ་བ་ནི་སྔར་བརྡ་སྤྲོད་པ་པ་ན་རེ་བྱ་བ་གཉིས་དུས་གཅིག་ན་མེད་དེ། པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་བའི་དམ་བཅས་པ་དང༌། གཏན་ཚིགས་དང་དཔེ་དེ་མ་ངེས་པར་སྟོན་པ་ཡིན་ཏེ། བྱེད་པ་པོ་གཅིག་དང་ལྡན་པའི་བྱ་བ་གཉིས་དུས་གཅིག་ན་ཡང་ཡོད་དེ་ཞེས་བྱ་བ་པས། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ལ་ཡང་བྱ་བ་གཉིས་དུས་གཅིག་ན་ཡོད་པར་སྟོན་ཏོ། །ཅིའི་ཕྱིར་ཡོད་ཅེ་ན། པར་ཞེས་བརྗོད་པའི་ཕྱིར་ཏེ། སངས་རྒྱས་པའི་གཞུང་ལས་རྟེན་ཅིང་འབྲེལ་པར་ཞེས་བརྗོད་པའི་ཕྱིར། དེས་ན་རྟེན་ཅིང་འབྲེལ་པར་ཞེས་བྱ་བའི་བྱ་བ་ནི་སྔ་ལ་འབྱུང་ཞེས་


DTG099_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བྱ་བ་ནི་འཕྱི་བ་མ་ཡིན་ཏེ། པར་ཞེས་བརྗོད་པའི་ཕྱིར་བྱེད་པ་པོ་གཅིག་དང་ལྡན་པའི་བྱ་བ་གཉིས་དུས་གཅིག་ན་ཡང་ཡོད་དེ། དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་ཁ་གདངས་ཏེ་ཉལ་ཞེས་བྱ་བ་དང༌། ལམ་ཁྱབ་པར་བྱས་ཏེ་འགྲོ་ཞེས་བྱ་བ་བཞིན་ཏེ། དཔེར་ན་ལྷས་བྱིན་དུས་གང་གི་ཚེ་ཁོ་ན་ན་ཁ་གདངས་པའི་དུས་དེ་ཁོ་ནའི་ཚེ་ན་ཉལ་ལོ་ཞེས་བྱ་བ་ལ་ཡང་བྱེད་པ་པོ་ལྷས་བྱིན་གཅིག་པུ་དང་ལྡན་པའི་བྱ་བ་ཁ་གདངས་ཏེ་ཞེས་བྱ་བ་དང་ཉལ་ཞེས་བྱ་བ་གཉིས་དུས་གཅིག་ཡོད་པ་ལྟ་བུ་དང༌། ཤིང་རྟས་དུས་གང་གི་ཚེ་ཁོ་ན་ན་ལམ་ཁྱབ་པར་བྱས་པའི་དུས་དེ་ཁོ་ནའི་ཚེ་ན་འགྲོའོ་ཞེས་བྱ་བ་ལ་ཡང༌། བྱེད་པ་པོ་ཤིང་རྟ་གཅིག་པུ་དང་ལྡན་པའི་བྱ་བ་ལམ་ཁྱབ་པར་བྱས་ཏེ་ཞེས་བྱ་བ་དང༌། འགྲོ་ཞེས་བྱ་བ་གཉིས་དུས་གཅིག་ན་ཡོད་པ་བཞིན་ནོ། །མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་བརྡ་སྤྲོད་པ་པ་ན་རེ་ཞེས་བྱ་བ་གཉིས་དུས་གཅིག་ན་མེད་དེ། པར་ཞེས་བརྗོད་པའི་ཕྱིར་དཔེར་ན་ཁྲུས་བྱས་ཏེ་བཟའ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་མ་ངེས་པའི་ཕྱིར་མི་རུང་བ་སྟེ། ཁྲུས་བྱས་ཏེ་ཞེས་བྱ་བ་དང་བཟའ་ཞེས་བྱ་བའི་བྱ་བ་གཉིས་དུས་གཅིག་ན་མེད་དུ་ཟིན་ཀྱང༌། པར་ཞེས་བརྗོད་པའི་ཕྱིར་ཁ་གདངས་ཏེ་ཞེས་བྱ་བའི་བྱ་བ་དང༌། ཉལ་ཞེས་བྱ་བའི་བྱ་བ་གཉིས་དུས་གཅིག་ན་ཡོད་ལ། ལམ་ཁྱབ་པར་བྱས་ཏེ་ཞེས་བྱ་བའི་བྱ་བ་དང༌། འགྲོ་ཞེས་བྱ་བའི་བྱ་བ་གཉིས་ཀྱང་དུས་གཅིག་ན་ཡོད་པས་དེའི་ཕྱིར་བརྡ་སྤྲོད་པ་པས་སྨྲས་པའི་དཔེ་དང་གཏན་ཚིགས་མ་ངེས་པའི་ཕྱིར་མི་རུང་ངོ༌། །དཔེ་དེ་མི་རུང་བས་དེས་མཚོན་པར་བྱ་བའི་དོན་ཀྱང་མི་རུང་བས་རྟེན་ཅིང་འབྲེལ་པར་ཞེས་བྱ་བ་དང༌། འབྱུང་ཞེས་བྱ་བ་གཉིས་དུས་གཅིག་ཏུ་སྲང་མདའི་མ་ཐོན་དམན་བཞིན་དུ་ཡོད་པར་ཁས་ལེན་པ་ལ་ཉེས་པ་མེད་དོ། །གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་སྐྱོན་བརྗོད་པའི་ཕྱིར། བྱེད་པ་པོ་ཡོད་པ་དང་མེད་པ་ལ་པས། བྱེད་པ་པོ་ཡོད་པ་དང་མེད་པའི་ཕྱོགས་དེ་གཉིས་ལ་ཡང་བ་སྨྲས་ཏེ། དེས་ནི་སྔར་བརྡ་སྤྲོད་པ་པ་ན་རེ། བྱེད་པ་པོ་མེད་པར་ཡང་གཞི་མེད་པའི་བྱ་བ་མི་རུང་སྟེ་མེད་པའི་ཕྱིར་མོ་གཤམ་གྱི་བུ་འགྲོ་བ་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་བྱེད་པ་པོ་ཡོད་པར་སྒྲུབ་པ་དེ་མ་གྲུབ་པས་དེས་བསྒྲུབས་པའི་ཕྱོགས་ཉམས་པར་སྟོན་ཏོ། །བྱེད་པ་པོ་ཡོད་པ་དང་མེད་པ་ལ་ཡང་ཞེས་བྱ་བ་ནི་འདི་ལ་བརྡ་སྤྲོད་པ་པོའི་ལུང་ལས་རང་དབང་ནི་བྱེད་པ་


DTG099_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞེས་འབྱུང་བས་ཁྱོད་ནི་བྱེད་པ་པོ་ཡོད་པར་འདོད་ལ། སངས་རྒྱས་པའི་གཞུང་ལས་ནི་བྱེད་པ་པོ་མེད་པར་འདོད་པས། བྱེད་པ་པོ་ཡོད་པ་དང་མེད་པའི་ཕྱོགས་དེ་གཉིས་ལ་ཡང་ངོ༌། །ཇི་སྐད་སྨོས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་ཡོད་པ་ལས་འབྱུང་བའི་ཕྱོགས་ལ་ཡང་གཏན་ཚིགས་ཀྱི་དོན་ཡོད་པ་ལ་མ་གྲུབ་པའི་ཕྱིར་རོ་ཞེས་ཇི་སྐད་སྨོས་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། ཁྱོད་ལ་བྱེད་པ་པོ་ཡོད་པ་ཡང་ངེད་ལ་མ་གྲགས་ལ། ངེད་ལ་བྱེད་པ་པོ་མེད་པ་དེ་ཡང་ཁྱོད་ལ་མ་གྲགས་པས་ན། གང་ཡང་རུང་བ་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡིན་ཏེ། ཇི་སྐད་དུ་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང༌། ཕྱིར་རྒོལ་བ་ལ་ངེས་པ་གང་ཡིན་པ་དེ་གཟུང་ངོ་ཞེས་ཟེར་བའི་ཕྱིར་རོ། །འོན་ཏེ་བརྡ་སྤྲོད་པ་པས་གཏན་ཚིགས་ཀྱི་དོན་ཡོད་པ་མ་གྲུབ་པའི་སྐྱོན་དེ་ཡང་སྤང་བའི་ཕྱིར་བྱེད་པ་པོ་མེད་པ་ཉིད་དུ་འདོད་ན་ནི་དེས་ན་ཁྱོད་ཀྱིས་སྔར་བྱེད་པ་པོ་ཡོད་པར་གྲུབ་པའི་མཐའ་ལས་འབྱུང་ངོ་ཞེས་སྨྲས་པས། རང་གིས་ཁས་བླངས་པ་དེ་ལ་གནོད་པར་འགྱུར་རོ། །འོན་ཏེ་ངོ་ཚ་བོར་ནས་བདག་ལ་བྱེད་པ་པོ་ཡོད་པར་གྲུབ་ཀྱང་གཞན་ལ་བྱེད་པ་པོ་མེད་པར་གྲགས་པས། བདག་གིས་ཀྱང་གཞན་གྱི་གཞུང་བསྒྲུབ་དགོས་པས་བྱེད་པ་པོ་མེད་པར་སྨྲ་སྟེ། དེས་ན་ཡོད་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་གཞན་ལ་གྲགས་པའི་གཏན་ཚིགས་བརྗོད་ན་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་བསྟན་ཞེ་ན། གལ་ཏེ་རང་གི་གྲུབ་པའི་མཐའ་ལ་བྱེད་པ་པོ་ཡོད་པ་ཉིད་དུ་གྲུབ་ཀྱང་སངས་རྒྱས་དག་གི་གཞུང་ལས་བྱེད་པ་པོ་མེད་པ་ཉིད་དུ་གྲགས་པས་དེའི་ཕྱིར་བདག་ཀྱང་བྱེད་པ་པོ་མེད་པ་ཉིད་དུ་ཁས་ལེན་ཏོ་ཞེ་ན། འོ་ན་ནི་བྱེད་པ་པོ་དང༌། བྱེད་པ་དང༌། བྱ་བ་དང་ལས་དང༌། གང་ལ་སྦྱིན་པ་དང༌། འབྲལ་བ་དང༌། གཞི་ཞེས་བྱ་བ་བྱེད་པ་པོ་ཐམས་ཅད་བསལ་བ་གཞན་དག་ཀྱང་ལྷུར་བླངས་ཏེ་བརྡ་སྤྲོད་པ་པའི་གྲུབ་པའི་མཐའ་དང་མི་མཐུན་པའི་ཆོས། ཆོས་བདག་མེད་པ་ལ་སོགས་པ་ཡང་ཁས་བླང་བར་བྱ་དགོས་སོ། །འོན་ཏེ་དེ་དག་ཁས་མི་ལེན་ན་ནི་བྱེད་པ་པོ་མེད་པ་ཉིད་དུ་ཁས་ལེན་ཅེས་བྱ་བ་འདི་ཡང་བརྗོད་པར་མི་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་སུན་འབྱིན་པའི་གྲུབ་པ་གསལ་བས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ཡང་གྲུབ་པ་ཉིད་དུ་བསྟན་པ་ཡིན་ནོ། །འདིར་


DTG099_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ན་རེ། སྔར་དབུ་མའི་བསྟན་བཅོས་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རྟོགས་པ་ནི་ཀུན་རྫོབ་ཏུ་འབྲས་བུར་རྣམ་པར་གཞག་གོ་ཞེས་སྨྲ་བ་ལ། འབྲས་བུ་དེ་ནི་རྒྱུར་གྱུར་པའི་ལས་གཞན་གྱིས་ཐོབ་པར་བྱ་བ་ཡིན་ན་འདིར་ཇི་ལྟར་ལས་ཉིད་འབྲས་བུར་བརྗོད་པར་བྱ་ཞེས་ཟེར་བས་དེའི་ཕྱིར་བསྟན་པ་ནི་ལས་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །དེ་བསྟན་པ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་འབྲས་བུ་དེ་བསྟན་པའོ། །ལས་ཡིན་ཏེ་ཞེས་བྱ་བ་ནི་བསྟན་བཅོས་འབྲས་བུ་དེ་བསྟན་པ་ཉིད་ལས་ཡིན་ཏེ། འདི་ལྟར་འབྲས་བུ་དེ་ཉིད་སྟོན་པ་ན་ལས་སུ་འགྱུར་པའི་ཕྱིར་རོ། །དེ་ཡང་དཔེར་ན་ལས་ཀྱི་རྣམ་པ་གསུམ་སྟེ། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་སོ་ཞེས་ཇི་སྐད་བརྗོད་པ་ལྟ་བུའོ། །དེ་བསྟན་པ་ཡང་གང་ཞེ་ན། དེའི་ཕྱིར། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ཚིག་གི་དོན་བརྒྱད་པོ་འདི་དག་ནི། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཆེན་པོ་ལས་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཀྱང་འདི་ཉིད་ཡིན་ལ། སློབ་དཔོན་གྱིས་ཀྱང་འདི་ཉིད་ཐུགས་སུ་ཆུད་པས་དེ་ཁོ་ན་ཐུགས་སུ་ཆུད་པ་ཡིན། དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་མ་ནོར་བ་དེ་བཞིན་ཉིད་ཀྱང་འདི་ཉིད་ཡིན། བཅོམ་ལྡན་འདས་ལ་མངོན་པར་བསྟོད་པར་བརྗོད་པར་བྱ་བ་ཡང་འདི་ཡིན་ནོ། །ཚིག་གི་དོན་བརྒྱད་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཇི་ལྟར་ངེས་པར་ཤེས་ཤེ་ན། དེའི་ཕྱིར་སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དང༌། མཚན་མ་མེད་པའི་མཚན་ཉིད་དང༌། སྨོན་པ་མེད་པའི་མཚན་ཉིད་དང༌། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་དང༌། སྐྱེ་བ་མེད་པའི་མཚན་ཉིད་དང༌། འགག་པ་མེད་པའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དང༌། རྣམ་པར་བྱང་བ་མེད་པའི་མཚན་ཉིད་དང༌། ངོ་བོ་ཉིད་མེད་པའི་མཚན་ཉིད་དང༌། རྟེན་པ་མེད་པའི་མཚན་ཉིད་དང༌། ཆད་པ་མེད་པའི་མཚན་ཉིད་དང༌། རྟག་པ་མེད་པའི་མཚན་ཉིད་དང༌། དོན་གཅིག་པ་མ་ཡིན་པའི་མཚན་ཉིད་དང༌། དོན་


DTG099_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་མ་ཡིན་པའི་མཚན་ཉིད་དང༌། འོང་བ་མེད་པའི་མཚན་ཉིད་དང༌། འགྲོ་བ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ནམ་མཁའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་ཉིད་གཅིག་པ་སྟེ། འདི་ལྟ་སྟེ་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་བརྡས་ཐ་སྙད་དུ་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས་ཤེས་པར་བྱའོ། །ཚིག་གི་དོན་བརྒྱད་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་མདོ་སྡེ་མཐའ་ཡས་པ་གཞན་དག་ལས་ཀྱང་འབྱུང་སྟེ། འཕགས་པ་བྱམས་པས་བདག་ཉིད་ཀྱི་རྣམ་པར་ཐར་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པ་ནི་འོང་བ་མེད་པར་རྟོགས་པ་དང༌། འགྲོ་བ་མེད་པར་རྟོགས་པ་དང༌། སྐྱེ་བ་མེད་པར་རྟོགས་པ་དང༌། འགག་པ་མེད་པར་རྟོགས་པ་དང༌། ཆད་པ་མེད་པར་རྟོགས་པ་དང༌། རྟག་པ་མེད་པར་རྟོགས་པ་དང༌། དོན་ཐ་དད་པ་མ་ཡིན་པར་རྟོགས་པ་དང༌། དོན་གཅིག་པ་མ་ཡིན་པར་རྟོགས་པའོ་ཞེས་ཇི་སྐད་གསུངས་པ་དང༌། དེ་བཞིན་དུ་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཀྱང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ལས། བྱམས་པ་དེ་ནི་སྐྱེ་བ་མེད་པའི་འཁོར་ལོ་དང༌། འགག་པ་མེད་པའི་འཁོར་ལོ་དང༌། ཆད་པ་མེད་པའི་འཁོར་ལོ་དང༌། རྟག་པ་མེད་པའི་འཁོར་ལོ་དང༌། དོན་ཐ་དད་པ་མ་ཡིན་པའི་འཁོར་ལོ་དང༌། དོན་གཅིག་པ་མ་ཡིན་པའི་འཁོར་ལོ་དང༌། འོང་བ་མེད་པའི་འཁོར་ལོ་དང༌། འགྲོ་བ་མེད་པའི་འཁོར་ལོ་ཡིན་ནོ་ཞེས་གསུངས་པ་དང༌། དེ་དག་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཀྱང་ཚིག་གི་དོན་བརྒྱད་པོ་འདི་དག་རྒྱ་ཆེར་འབྱུང་ངོ༌། །འདིར་གཞན་དག་ན་རེ། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས་ཞེས་སྨྲ་ན། དེའི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་བསྟན་བཅོས་ཉིད་བྱ་བ་ཡིན་ན། འདིར་འགག་པ་མེད་པ་ལ་སོགས་པ་ཚིག་གི་དོན་བརྒྱད་པོ་དག་ཙམ་ཁོ་ན་ཞིག་དང་པོ་ཁོ་ནར་སྨོས་པ། བསྟན་བཅོས་ནི་མ་སྨོས་པས་དེའི་ཕྱིར་སློབ་དཔོན་གྱིས་ཉེས་པར་སྨྲས་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་


DTG099_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ཁོང་ནས་དབྱུང་བ་དེའི་ལན་ནི། དེ་ལ་ཚིག་གི་དོན་རྟོགས་པ་མེད་པར་ངག་དང༌། རབ་ཏུ་བྱེད་པ་དང༌། བསྟན་བཅོས་ཀྱི་དོན་མི་རྟོགས་པས་དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་བྱ་བའི་གཞུང་འདི་ཡིན་ནོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ལན་གྱི་ཚིག་ཉེ་བར་དགོད་པའི་དོན་ལའོ། །ཚིག་གི་དོན་རྟོགས་པ་མེད་པར་ཞེས་བྱ་བ་ནི་ཚིག་གི་དོན་ཁོང་དུ་ཆུད་པ་མེད་པར་རབ་ཚིག་གི་དོན་ཁོང་དུ་ཆུད་པ་མ་གཏོགས་པར་རོ། །ངག་དང་རབ་ཏུ་བྱེད་པ་དང་བསྟན་བཅོས་ཀྱི་དོན་མི་རྟོགས་པས་ཞེས་བྱ་བ་ནི་ཚིག་གི་དོན་རྟོགས་པ་མེད་པར་ངག་དང་རབ་ཏུ་བྱེད་པ་དང་བསྟན་བཅོས་ཀྱི་དོན་མི་རྟོགས་ཤིང་ཁོང་དུ་མི་ཆུད་པས་སོ། །འདི་ལ་ཚིག་བསྡུས་པ་ནི་ངག་ཡིན་ལ། ངག་བསྡུས་པ་ནི་རབ་ཏུ་བྱེད་པ་ཡིན། རབ་ཏུ་བྱེད་པ་བསྡུས་པ་ནི་བསྟན་བཅོས་ཡིན་ཏེ། དེ་ལ་ཁོ་རིམས་དེ་དག་ནི་བསྟན་བཅོས་ཐམས་ཅད་ཀྱི་གོ་རིམས་ཡིན་ནོ། །དེ་ལ་ཚིག་གི་དོན་ཞེས་བྱ་བ་ནི་མིང་དང་བྱ་བ་ཙམ་བརྗོད་པ་སྟེ། འདིར་ནི་འགག་པ་མེད་པ་ཞེས་བྱ་བ་དང༌། སྐྱེ་བ་མེད་པ་ཞེས་བྱ་བ་དང༌། ཆད་པ་མེད་པ་ཞེས་བྱ་བ་དང༌། རྟག་པ་མེད་པ་ཞེས་བྱ་བ་དང༌། འོང་བ་མེད་པ་ཞེས་བྱ་བ་དང༌། འགྲོ་བ་མེད་པ་ཞེས་བྱ་བ་དང༌། དོན་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་དང༌། དོན་གཅིག་པ་མ་ཡིན་པ་ཞེས་བྱ་བ་ལྟ་བུ་དག་རེ་རེ་ལ་ཚིག་གི་དོན་ཞེས་བྱའོ། །ངག་གི་དོན་ཞེས་བྱ་བ་ནི་ཚིག་གི་དོན་བསྡུས་པ་སྟེ། འདིར་ནི། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐད་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལྟ་བུའི་ཚིག་གིས་དོན་མང་པོ་བསྡུས་པས་དོན་ཡོངས་སུ་རྫོགས་པ་ཅིག་བསྟན་པ་ནི་ངག་གི་དོན་ཞེས་བྱའོ། །རབ་ཏུ་བྱེད་པའི་དོན་ཞེས་བྱ་བ་ནི་ངག་གི་དོན་བསྡུས་པས་སྐབས་ཀྱི་དོན་ཡོངས་སུ་རྫོགས་པ་སྟེ། འདིར་ནི་རྐྱེན་བརྟག་པ་ལ་སོགས་པ་རབ་ཏུ་བྱེད་པའི་སྐབས་ཉི་ཤུ་རྩ་བདུན་བསྟན་པ་དག་རེ་རེ་ལ་རབ་ཏུ་བྱེད་པའི་དོན་ཞེས་བྱའོ། །བསྟན་བཅོས་ཀྱི་དོན་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་གཞུང་མཐའ་དག་གི་དོན་ཡོངས་སུ་རྫོགས་པ་སྟེ། འདི་ནི་དབུ་མའི་རྩ་བའི་ཚིག་ལེའུར་བྱེད་པ་ཇི་སྙེད་པ་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པ་སྤྱི་ལ་བསྟན་པ་བཅོས་ཀྱི་དོན་ཞེས་བྱའོ། །དེའི་ཕྱིར་


DTG099_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་རྟོགས་པ་མེད་པར་ངག་དང༌། རབ་ཏུ་བྱེད་པ་དང༌། བསྟན་བཅོས་ཀྱི་དོན་མི་རྟོགས་སོ། །དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་བསྟན་བཅོས་མཛད་པ་འགའ་ལ་ཡང་ལུགས་མི་མཐུན་པ་གཞན་མེད་དེ། ཚིག་གི་དོན་རྟོགས་པས་ངག་གི་དོན་སྟོན་ལ། ངག་གི་དོན་རྟོགས་པས་རབ་ཏུ་བྱེད་པའི་དོན་སྟོན་ན། རབ་ཏུ་བྱེད་པའི་དོན་རྟོགས་པས་བསྟན་བཅོས་ཀྱི་དོན་སྟོན་པར་མཛད་ལ། ཚིག་དང་ངག་དང༌། རབ་ཏུ་བྱེད་པ་དང༌། བསྟན་བཅོས་དག་ནི་དུས་གཅིག་ཏུ་ཅིག་ཅར་གཅིག་ཏུ་བསྡུས་ཏེ་ཚིག་ཏུ་གདོན་དུ་མི་རུང་བ་དེའི་ཕྱིར། འདིར་གོ་རིམས་བཞིན་དུ་དང་པོ་ཁོ་ནར་ཚིག་གི་དོན་བསྟན་པ་ཡིན་ཏེ། དེ་བས་ན་སློབ་དཔོན་གྱིས་ཉེས་པར་སྨྲས་པ་མ་ཡིན་ནོ། །འདིར་གཞན་དག་ན་རེ། གལ་ཏེ་དེ་ལྟ་ན་ཡང་ཁྱོད་ཀྱི་གོ་རིམས་ཉམས་པ་ཡིན་ཏེ། འདི་ལྟར་ཚིག་གི་དོན་ལ་སོགས་པའི་མདུན་དུ་ཡི་གེའི་དོན་འགྲོ་བས། ཚིག་གི་དོན་ལ་སོགས་པ་ནི་ཡི་གེའི་དོན་གྱི་རྒྱུ་ལས་འབྱུང་བ་ཡིན་པའི་ཕྱིར། དང་པོ་ཁོ་ནར་ཡི་གེའི་དོན་བྱེ་བྲག་ཏུ་རྟོགས་པར་བྱ་བའི་རིགས་ཏེ། དཔེར་ན་ཕྲ་རབ་རྡུལ་དང་རྡུལ་ཕྲན་དང༌། །ཆུ་དང་ལྕགས་དང་རི་བོང་དང༌། །ལུག་དང་གླང་དང་ཉི་ཟེར་དང༌། །སྲོ་མ་ཤིག་དང་ནས་དང་སོར། །ཁྲུ་དང་མི་དང་གཞུ་དང་ནི། །རྒྱང་གྲགས་དང་ནི་དཔག་ཚད་རྣམས། །བསྒྲེ་བས་ལམ་གྱི་རྩོམ་པ་དག །ཅི་རིགས་སུ་ནི་རྣམ་པར་གཞག །ཅེས་བྱ་བས་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་བདུན་ལ་ཆུ་རྡུལ་གཅིག་གོ །ཆུ་རྡུལ་བདུན་ལ་ལྕགས་རྡུལ་གཅིག་གོ །ལྕགས་རྡུལ་བདུན་ལ་རིང་བོང་རྡུལ་གཅིག་གོ །རི་བོང་རྡུལ་བདུན་ལ་ལུག་རྡུལ་གཅིག་གོ །ལུག་རྡུལ་བདུན་ལ་གླང་རྡུལ་གཅིག་གོ །གླང་རྡུལ་བདུན་ལ་ཉི་ཟེར་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག་གོ །སྲོ་མ་བདུན་ལ་ཤིག་གཅིག་གོ །ཤིག་བདུན་ལ་ནས་གཅིག་གོ །ནས་བདུན་ལ་སོར་གཅིག་གོ །སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ༌། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱལ་རྒྱང་གྲགས་སོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ་ཞེས་བཤད་དེ། རྡུལ་ཕྲ་རབ་ལ་སོགས་པ་བསྒྲེ་བས་དཔག་ཚད་ལ་སོགས་པའི་ལམ་གྱི་རྩོམ་པ་དག །བདུན་དང་ཉི་ཤུ་རྩ་བཞི་དང༌། ཕྱེད་དང་བཞི་དང༌། བཞི་དང་ལྔ་བརྒྱ་དང༌།


DTG099_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་འགྱུར་གྱིས་ཅི་རིགས་སུ་རྣམ་པར་གཞག་པ་ཐམས་ཅད་ཀྱི་དང་པོ་རྩོམ་པ་ནི་རྡུལ་ཕྲ་རབ་ཡིན་པས་དེ་དང་པོར་བརྗོད་པར་བྱ་དགོས་པ་དང་འདྲ་བར། འདིར་ཡང་བསྟན་བཅོས་དང་རབ་ཏུ་འབྱེད་པ་དང་ངག་དང་ཚིག་གི་དོན་ཅི་རིགས་སུ་རྣམ་པར་གཞག་པ་ཐམས་ཅད་ཀྱི་དང་པོ་རྩོམ་པ་ནི་ཡི་གེ་ཡིན་པས། དེའི་ཕྱིར་དང་པོ་ཁོ་ནར་ཡི་གེའི་དོན་བརྗོད་པར་བྱ་བར་རིགས་ན། མ་བརྗོད་པས་གོ་རིམས་ཉམས་པ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེ། ཚིག་ལ་སོགས་པའི་དོན་རྣམས་ནི་ངག་ལ་སོགས་པའི་དོན་ལ་ཕན་པ་བྱེད་པ་ཉིད་ཡིན་གྱི། ཚིག་གི་ཕྱོགས་གཅིག་ནི་ལམ་དུ་འགྲོ་བ་བཞིན་ནོ་ཞེའོ། །དེ་ལ་ཁ་ཅིག་ན་རེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་མ་ཡིན་པ་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེའོ། །ཚིག་ལ་སོགས་པའི་དོན་རྣམས་ནི་ཞེས་བྱ་བ་ནི་ཚིག་གི་དོན་དང་ངག་གི་དོན་དང་རབ་ཏུ་བྱེད་པའི་དོན་རྣམས་སོ། །སོགས་པའི་སྒྲས་ནི་ངག་གི་དོན་རབ་ཏུ་བྱེད་པའི་དོན་གཉིས་བསྡུའོ། །ངག་ལ་སོགས་པའི་དོན་ལ་ཞེས་བྱ་བ་ནི། ངག་གི་དོན་དང་རབ་ཏུ་བྱེད་པའི་དོན་དང༌། བསྟན་བཅོས་ཀྱི་དོན་ལའོ། །སོགས་པའི་སྒྲས་ཀྱང་རབ་ཏུ་བྱེད་པའི་དོན་དང་བསྟན་བཅོས་ཀྱི་དོན་གཉིས་བསྡུའོ།། ཕན་པ་བྱེད་པ་ཉིད་ཡིན་གྱི་ཞེས་བྱ་བ་ནི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་ཡིན་པས་ཏེ། ཚིག་གི་དོན་གྱིས་ནི་ངག་གི་དོན་གསལ་བར་འགྱུར་བའི་ཁྱད་པར་སྐྱེད་པར་བྱེད་ལ། ངག་གི་དོན་གྱིས་ནི་རབ་ཏུ་བྱེད་པའི་དོན་གསལ་བར་འགྱུར་བའི་ཁྱད་པར་སྐྱེད་པར་བྱེད། རབ་ཏུ་བྱེད་པའི་དོན་གྱིས་ནི་བསྟན་བཅོས་ཀྱི་དོན་གསལ་བར་འགྱུར་བའི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་ཡིན་པའོ། །དེ་ལྟ་བས་ན་འདིར་ཚིག་གི་དོན་རྟོགས་ན་ངག་དང་རབ་ཏུ་བྱེད་པ་དང༌། བསྟན་བཅོས་ཀྱི་དོན་ཡང་རྟོགས་པར་འགྱུར་བས། འདིར་དང་པོ་ཁོ་ནར་ཚིག་གི་དོན་བསྟན་ཏེ། དེ་ནི་བྱ་བའི་སྒོ་ནས་རྗེས་སུ་འགྲོ་བ་བསྟན་པ་ཡིན་ནོ། །འདི་ལ་ཆོས་མཐུན་པའི་དཔེ་ཡང་ཡོད་དེ། དཔེར་ན་རྐང་པ་ནི་ལམ་དུ་འགྲོ་བར་བྱེད་པ་ལ་ཕན་པ་ཉིད་ཡིན་ཏེ། ལམ་དུ་འགྲོ་བའི་ཡན་ལག་གི་གཙོ་བོ་ཉིད་ཡིན་པ་དང་འདྲ་བར་ཚིག་གི་དོན་ཀྱང་ངག་ལ་སོགས་པའི་དོན་རྟོགས་པར་བྱ་བ་ལ་ཕན་པར་བྱེད་པ་ཉིད་ཡིན་ཏེ། ངག་


DTG099_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དོན་རྟོགས་པར་བྱ་བའི་ཡན་ལག་གི་གཙོ་བོ་ཉིད་ཡིན་པས་འདིར་དང་པོར་བསྟན་ཏོ། །ཚིག་གི་ཕྱོགས་གཅིག་ནི་ལམ་དུ་འགྲོ་བ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཚིག་གི་ཕྱོགས་གཅིག་ནི་ཞེས་བྱ་བའི་སྒྲ་ནི་རྒྱ་གར་སྐད་ལས། པ་དཻ་ཀ་དེ་ཤ་ཞེས་བྱ་བ་ཚིག་ཟུར་གཉིས་སུ་སྦྱར་བ་ཡིན་ཏེ། ཚིག་གི་ཕྱོགས་གཅིག་ཅེས་ཀྱང་བྱ། རྐང་པའི་ཕྱོགས་གཅིག་ཅེས་ཀྱང་བྱ་སྟེ། ཚིག་གི་ཕྱོགས་གཅིག་ནི་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་མ་ཡིན་ཏེ། དཔེར་ན་རྐང་པའི་ཕྱོགས་གཅིག་ལམ་དུ་འགྲོ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཚིག་གི་ཕྱོགས་གཅིག་ཅེས་བྱ་བ་ནི་ཚིག་གི་དོན་གྱི་ཕྱོགས་གཅིག་ཏུ་གྱུར་པ་སྟེ། ཚིག་གི་དོན་རྩོམ་པར་བྱེད་པའི་རྒྱུ་ཡི་གེའི་དོན་ཏོ། །ཚིག་གི་དོན་གྱི་ཕྱོགས་གཅིག་ཏུ་གྱུར་པ་ཡི་གེའི་དོན་དེ་ནི་ངག་ལ་སོགས་པའི་དོན་ལ་ཕན་པ་བྱེད་པ་ཉིད་མ་ཡིན་ཏེ། འདི་ལྟར་ཡི་གེའི་སྒྲ་ཀ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ན་ཡི་གེ་རྣམས་ལ་ཡན་ལག་མེད་པའི་ཕྱིར། དེ་ལས་ལྷག་པའི་དོན་གཞན་རྟོགས་པར་འགྱུར་བ་མེད་པས་ངག་ལ་སོགས་པའི་དོན་རྟོགས་པར་འགྱུར་བའི་ཡན་ལག་གི་གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཚིག་གི་ཕྱོགས་གཅིག་ནི་ངག་ལ་སོགས་པའི་དོན་རྟོགས་པར་བྱ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པས་འདིར་མ་བསྟན་ཏེ། དེ་ནི་དགག་པའི་སྒོ་ནས་ལྡོག་པ་བསྟན་པ་ཡིན་ནོ། །འདི་ལ་ཆོས་མི་མཐུན་པའི་དཔེ་གང་ཞེ་ན། དེའི་ཕྱིར་རྐང་པའི་ཕྱོགས་གཅིག་ལམ་དུ་འགྲོ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། རྐང་པའི་ཕྱོགས་གཅིག་ཅེས་བྱ་བ་ནི་རྐང་པའི་ཡན་ལག་གི་ཕྱོགས་གཅིག་ཏུ་གྱུར་པ་སྟེ། རྐང་པའི་ཉིང་ལག་ཏུ་གྱུར་པའི་རྟིང་པ་དང་སོར་མོ་ལ་སོགས་པའོ། །རྐང་པའི་ཕྱོགས་གཅིག་ཏུ་གྱུར་པ་རྟིང་པ་དང་སོར་མོ་ལ་སོགས་པ་དེ་ནི་ལམ་དུ་འགྲོ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་ཏེ། ལམ་དུ་འགྲོ་བའི་ཡན་ལག་གི་གཙོ་བོ་ཉིད་མ་ཡིན་པ་དང་འདྲ་བའི་ཚིག་གི་ཕྱོགས་གཅིག་ཏུ་གྱུར་པ་ཡི་གེའི་དོན་ཀྱང་ངག་ལ་སོགས་པའི་དོན་རྟོགས་པར་བྱ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་ཏེ། ངག་ལ་སོགས་པའི་དོན་རྟོགས་པར་བྱ་བའི་ཡན་ལག་གི་གཙོ་བོ་ཉིད་མ་ཡིན་པས་འདིར་མ་བསྟན་ཏོ། །རྡུལ་ཕྲ་རབ་ལ་སོགས་པ་བསྒྲེས་པས་དཔག་ཚད་ལ་སོགས་པའི་ལམ་གྱི་རྩོམ་


DTG099_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ཅི་རིགས་སུ་རྣམ་པར་གཞག་པ་ནི་ལམ་གྱི་ཚད་ཀྱི་རྩོམ་པ་རྣམ་པར་གཞག་པའི་སྐབས་སུ་དངོས་པོ་བསམ་པ་ཡིན་པས། རྡུལ་ཕྲ་རབ་དང་པོར་བྱེ་བྲག་ཏུ་རྟོགས་པར་བྱ་བ་རིགས་ཀྱི། འདིར་ཚིག་ལ་སོགས་པའི་དོན་རྟོགས་པར་བྱ་བ་ནི་བསྟན་བཅོས་ཀྱི་ཁྱད་པར་བསྐྱེད་པའི་རྩོམ་པ་རྣམ་པར་གཞག་པའི་སྐབས་སུ་དོན་རྟོགས་པར་བྱ་བ་བསམ་པ་ཡིན་པས། ཡི་གེའི་དོན་དང་པོར་བྱེ་བྲག་ཏུ་རྟོགས་པར་བྱ་བ་མི་རིགས་པས་རྡུལ་ཕྲ་རབ་ལས་དཔེ་བླངས་ཏེ་རྒོལ་བ་དེ་ནི་དཔེ་ཡང་མ་གྲུབ་པ་ཡིན་ནོ་ཞེའོ་ཞེས་བྱ་བའི་སྒྲ་ནི་འགྲེལ་པ་བྱེད་པ་ཉིད་མ་ཡིན་པ་དབུ་མའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེ་དེ་སྐད་ཟེར་རོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དང༌། དེའི་ལན་དུ་དབུ་མ་པའི་གྲུབ་པའི་མཐར་སྨྲ་བ་ཁ་ཅིག་ཚིག་ལ་སོགས་པའི་དོན་རྣམས་ནི་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་ཡིན་གྱི། ཚིག་གི་ཕྱོགས་གཅིག་གི་ལམ་དུ་འགྲོ་བ་བཞིན་ནོ་ཞེས་སྨྲས་པ་དེ་ལ་འདིར་འགྲོ་བ་ལ་བྱེད་པ་ཉིད་ཀྱིས་ཕྱོགས་སྔ་མ་དེའི་ལན་འདི་སྐད་བཏབ་ན་རིགས་ཀྱི། དེའི་ལན་ཁ་ཅིག་གིས་སྨྲས་པ་དེ་ནི་མི་རིགས་པར་སྒྲུབ་པའི་ཕྱིར། གཞན་མ་ཡིན་པ་ནི་ཚིག་ལ་སོགས་པ་ནི་འདུ་བྱེད་བསྐྱེད་པས་བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་ཀྱི། སྔར་བརྟགས་པ་ནི་མི་རིགས་སོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལ་གཞན་མ་ཡིན་པ་ནི་ཞེས་བྱ་བ་ནི་གཞན་མ་ཡིན་པས་རང་ཉིད་ཡིན་ཏེ། འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ནི་ཕྱོགས་སྔ་མ་དང༌། དེའི་ལན་ཁ་ཅིག་གིས་སྨྲས་པ་དེ་ལ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །ཚིག་ལ་སོགས་པ་ནི་ཞེས་བྱ་བ་ནི་ཚིག་གི་དོན་དང༌། ངག་གི་དོན་དང༌། རབ་ཏུ་བྱེད་པའི་དོན་དེ་དག་གོ །སོགས་པ་ཞེས་བྱ་བའི་སྒྲས་ནི་ངག་གི་དོན་དང་རབ་ཏུ་བྱེད་པའི་དོན་གཉིས་བསྡུའོ། །འདུ་བྱེད་སྐྱེད་པས་ཞེས་བྱ་བ་ནི་བློའི་འདུ་བྱེད་དང་དྲན་པའི་འདུ་བྱེད་སེམས་ལ་སྐྱེད་པས་སོ། །བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དོན་ཡན་ལག་ཐམས་ཅད་དང་བཅས་པ་སྟེ། བསྟན་བཅོས་ཀྱི་དོན་གསལ་བར་བྱེད་པའི་ཡན་ལག་ནི་རབ་ཏུ་བྱེད་པའི་དོན་ཡིན་ལ། རབ་ཏུ་བྱེད་པའི་དོན་གསལ་བར་བྱེད་པའི་ཡན་ལག་ནི་ངག་གི་དོན་ཡིན། ངག་གི་དོན་


DTG099_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱེད་པའི་ཡན་ལག་ནི་ཚིག་གི་དོན་ཡིན་པས། བསྟན་བཅོས་ཀྱི་དོན་གསལ་བར་བྱེད་པའི་ཡན་ལག་རབ་ཏུ་བྱེད་པ་དང༌། ངག་དང་ཚིག་མ་ལུས་པ་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ །ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་ལ་ཕན་པར་བྱེད་པ་ཉིད་དུ་སྟེ། ཡན་ལག་གི་གཙོ་བོ་ཉིད་ཡིན་པར་རོ། །རིགས་ཀྱི་ཞེས་བྱ་བ་ནི་འོས་ཤིང་གཤའི་ཞེས་བྱ་བའོ། །དེ་ལ་ཚིག་ལ་སོགས་པ་འདུ་བྱེད་སྐྱེད་པས་བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་ཇི་ལྟར་རིགས་ཤེ་ན། དཔེར་ན་གོམ་པ་གཅིག་པུས་ཡུལ་གཞན་དུ་ཕྱིན་པར་མི་ནུས་ཀྱི། གོམ་པ་སྔ་མས་གོམ་པ་ཕྱི་མ་ལ་སྦྱོར་བའི་འདུ་བྱེད་བསྐྱེད་ལ། འདུ་བྱེད་སྐྱེས་པ་དེས་གོམ་པ་གཞན་འདོར་ཞིང་དེ་ལྟ་བུ་བརྒྱུད་པའི་ཚུལ་གྱིས་ཡུལ་གཞན་དུ་ཕྱིན་པར་ནུས་པ་དང་འདྲ་བར། འདིར་ཡང་ཚིག་ལ་སོགས་པའི་དོན་བརྗོད་པ་འབའ་ཞིག་གིས་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་མ་ཡིན་གྱི། འདི་ལྟར་ཚིག་གི་དོན་བརྗོད་པས་ནི་བློའི་འདུ་བྱེད་དང་དྲན་པའི་འདུ་བྱེད་བསྐྱེད་ལ། འདུ་བྱེད་སྐྱེས་པ་དེས་ཚིག་གི་དོན་སྔ་མ་འཛིན་ཅིང་ཕྱི་མ་མི་བརྗེད་པས་ཚིག་གི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་པ་དང༌། དེ་བཞིན་དུ་ཚིག་གི་དོན་ཁོང་དུ་ཆུད་ནས་ངག་གི་དོན་བརྗོད་ནས་ཀྱང་བློའི་འདུ་བྱེད་དང་དྲན་པའི་འདུ་བྱེད་བསྐྱེད་ལ། འདུ་བྱེད་སྐྱེས་པ་དེས་ངག་གི་དོན་སྔ་མ་བཞིན་འཛིན་ཅིང་ཕྱི་མ་མི་བརྗེད་པས་ངག་གི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་པ་དང༌། ངག་གི་དོན་ཁོང་དུ་ཆུད་ནས་རབ་ཏུ་བྱེད་པའི་དོན་བརྗོད་པས་ཀྱང་བློའི་འདུ་བྱེད་དང་དྲན་པའི་འདུ་བྱེད་བསྐྱེད་ལ། འདུ་བྱེད་སྐྱེད་པ་དེས་རབ་ཏུ་བྱེད་པའི་དོན་སྔ་མ་འཛིན་ཅིང་ཕྱི་མ་མི་བརྗེད་པས་རབ་ཏུ་བྱེད་པའི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་པ་དང༌། རབ་ཏུ་བྱེད་པའི་དོན་ཁོང་དུ་ཆུད་ནས་བསྟན་བཅོས་ཀྱི་དོན་བརྗོད་པས་ཀྱང་བློའི་འདུ་བྱེད་དང་དྲན་པའི་འདུ་བྱེད་བསྐྱེད་ལ། འདུ་བྱེད་སྐྱེད་པ་དེས་བསྟན་བཅོས་ཀྱི་དོན་སྔ་མ་འཛིན་ཅིང་ཕྱི་མ་མི་བརྗེད་པས་བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་སོ། །སྔར་བརྟགས་པ་ནི་མི་རིགས་སོ་ཞེས་བྱ་བ་ནི་སྡར་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་གིས་ཚིག་


DTG099_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་དོན་རྣམས་ནི་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་ཡིན་གྱི་ཞེས་བརྟགས་པ་དེ་ནི་མི་རིགས་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སྐད་ཅིག་མ་མ་ཡིན་པས་ཚིག་གི་དོན་བརྗོད་མ་ཐག་ཏུ་འགགས་པས་ངག་གི་དོན་མ་བྱུང་བ་ལ་ཕན་པར་བྱེད་པ་ཉིད་དུ་མི་རིགས་པ་དང༌། དེ་བཞིན་དུ་ངག་གི་དོན་བརྗོད་མ་ཐག་ཏུ་འགགས་པས་ཀྱང་རབ་ཏུ་བྱེད་པའི་དོན་མ་བྱུང་བ་ལ་ཕན་པར་བྱེད་པ་ཉིད་དུ་མི་རིགས་པ་དང༌། རབ་ཏུ་བྱེད་པའི་དོན་བརྗོད་མ་ཐག་ཏུ་འགགས་པས་ཀྱང་བསྟན་བཅོས་ཀྱི་དོན་མ་བྱུང་བ་ལ་ཕན་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །སྔར་ཚིག་གི་ཕྱོགས་གཅིག་ནི་ལམ་དུ་འགྲོ་བ་བཞིན་ནོ་ཞེས་བརྟགས་པ་ནི་རིགས་པ་ཁོ་ན་ཡིན་ཏེ། ཚིག་གི་ཕྱོགས་གཅིག་ནི་ཡི་གེ་ཡིན་ལ། ཡི་གེ་ལ་ནི་ཐ་སྙད་མེད་པས་འདུ་བྱེད་བསྐྱེད་པར་མི་ནུས་པའི་ཕྱིར་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པས། འདིར་ཡང་དང་པོར་མ་བསྟན་ཏེ། དཔེར་ན་རྐང་པའི་ཕྱོགས་གཅིག་ནི་འགྲོ་བ་ལ་ཕན་པར་བྱེད་པ་ཉིད་མ་ཡིན་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་སློབ་དཔོན་གྱིས་ཉེས་པར་སྨྲས་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་གང་ཡིན་པ་དེ་ནི་དེ་ལྟ་མ་ཡིན་ནོ། །ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེ་དག་དེའི་ལན་གྱི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་དང༌། འགྲེལ་པ་བྱེད་པས་ཇི་སྐད་སྨྲས་པའི་གཞུང་འདི་ཉིད་ལ་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་བར་བྱེད་པའི་སློབ་དཔོན་ཡོན་ཏན་བྱིན་ཞེས་བྱ་བ་གཞན་ཞིག་ནི་འདི་སྐད་ཅེས་ཀྱང་ཟེར་ཏེ། འདིར་གཞན་དག་ན་རེ། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས་ཞེས་སྨྲས་ན། དེའི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་བསྟན་བཅོས་ཉིད་བྱ་བ་ཡིན་ན་འདིར་འགག་པ་མེད་པ་ལ་སོགས་པའི་ཚིག་གི་དོན་བརྒྱད་པོ་དག་ཙམ་ཁོ་ན་ཞིག་དང་པོ་ཁོ་ནར་སྨོས་ལ། བསྟན་བཅོས་ནི་མ་སྨོས་པས་དེའི་ཕྱིར། སློབ་དཔོན་གྱིས་ཉེས་པར་སྨྲས་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་ནི། དེ་ལ་ཚིག་གི་དོན་རྟོགས་པ་མེད་པར་ངག་དང༌། རབ་ཏུ་བྱེད་པ་དང༌། བསྟན་བཅོས་ཀྱི་དོན་མི་རྟོགས་པས་དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་བྱ་བའི་གཞུང་འདི་ཡིན་ནོ། །ཁ་ཅིག་ན་རེ་ཚིག་ལ་སོགས་པའི་དོན་


DTG099_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་ཡིན་གྱི། ཚིག་གི་ཕྱོགས་གཅིག་ནི་ལམ་དུ་འགྲོ་བ་བཞིན་ནོ་ཞེའོ་ཞེས་བྱ་བ་ནི་རྒོལ་བའི་ཚིག་ཡིན་ལ། གཞན་མ་ཡིན་པ་ནི་ཚིག་ལ་སོགས་པའི་འདུ་བྱེད་བསྐྱེད་པ་ལ་བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་རིགས་ཀྱི། སྔར་བསྟན་པ་ནི་མི་རིགས་སོ་ཞེས་ཟེར་རོ་ཞེས་བྱ་བ་ནི་དེའི་ལན་ཡིན་ཏེ། དེ་དག་གིས་ཇི་སྐད་བསྟན་ཞེ་ན། སྔར་གཞན་དག་ན་རེ། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ་བསྟན་བཅོས་མཛད་པར་བཞེད་ནས་ཞེས་སྨྲ་ན། དེའི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་བསྟན་བཅོས་ཉིད་བྱ་བ་ཡིན་ན། འདིར་འགག་པ་མེད་པ་ལ་སོགས་པ་ཚིག་གི་དོན་བརྒྱད་པོ་དག་ཙམ་ཁོ་ན་ཞིག་དང་པོ་ཁོ་ནར་སྨོས་ལ། བསྟན་བཅོས་ནི་མ་སྨོས་པ་དེའི་ཕྱིར་སློབ་དཔོན་གྱིས་ཉེས་པར་སྨྲས་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འགྲེལ་པ་བྱེད་པས། དེ་ལ་ཚིག་གི་དོན་རྟོགས་པ་མེད་པར་ངག་དང་རབ་ཏུ་བྱེད་པ་དང་བསྟན་བཅོས་ཀྱི་དོན་མི་རྟོགས་པས། དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་བྱ་བའི་གཞུང་གིས་ལན་བཏབ་པ་དང༌། དེ་ཉིད་ལས་རྒོལ་བ་ཁ་ཅིག་ན་རེ། གལ་ཏེ་དེ་ལྟར་ན་ཡང་ཁྱོད་ཀྱི་གོ་རིམས་ཉམས་པ་ཡིན་ཏེ། འདི་ལྟར་ཚིག་ལ་སོགས་པའི་དོན་རྣམས་ནི་ངག་ལ་སོགས་པའི་དོན་ལ་ཕན་པར་བྱེད་པ་ཉིད་ཡིན་པས་དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་ཟེར་ན། འོ་ན་འདི་ཚིག་གི་ཕྱོགས་གཅིག་ཏུ་གྱུར་པའི་ཡི་གེའི་དོན་དང་པོ་ཁོ་ནར་བརྗོད་པར་བྱ་དགོས་ཏེ། དཔེར་ན་ལམ་དུ་འགྲོ་བའི་དང་པོ་རྩོམ་པ། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང༌། །ཆུ་དང་ལྕགས་དང་རི་བོང་དང༌། །ལུག་དང་གླང་དང་ཉི་ཟེར་དང༌། །སྲོ་མ་ཤིག་དང་ནས་དང་སོར། །ཁྲུ་དང་མི་དང་གཞུ་དང་ནི། །རྒྱང་གྲགས་དང་ནི་དཔག་ཚད་རྣམས། །བསྒྲེ་བས་ལམ་གྱི་རྩོམ་པ་དག ། ཅི་རིགས་སུ་ནི་རྣམ་པར་གཞག །ཅེས་བྱ་བས་དཔག་ཚད་ལ་སོགས་པའི་ལམ་དུ་འགྲོ་བའི་དང་པོ་རྩོམ་པ་ནི་རྡུལ་ཕྲ་རབ་ཡིན་པས་དེ་དང་པོ་ཁོ་ནར་བརྗོད་པར་བྱ་དགོས་པ་བཞིན་དུ། འདིར་ཡང་བསྟན་བཅོས་དང་རབ་ཏུ་བྱེད་པ་དང་ངག་དང་ཚིག་གི་དོན་ཅི་རིགས་སུ་རྣམ་པར་གཞག་པ་ཐམས་ཅད་


DTG099_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དང་པོ་རྩོམ་པ་ནི་ཡི་གེ་ཡིན་པས། དེའི་ཕྱིར་དང་པོ་ཁོ་ནར་ཡི་གེའི་དོན་བརྗོད་པར་བྱ་བ་རིགས་ན། མ་བརྗོད་པས་གོ་རིམས་ཉམས་པ་ཡིན་ནོ་ཞེས་དངོས་སུ་རྒོལ་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་གཞན་མ་ཡིན་པ་རང་ཉིད་ནི་འདི་སྐད་ཅེས་ཟེར་ཏེ། ཚིག་ལ་སོགས་པ་ནི་ཡན་ལག་དང་བཅས་པ་ཡིན་པས་དེ་དག་ལ་ནེ་རང་གི་ངོ་བོ་ལས་གཞན་པའི་དོན་ཀྱང་ཡོད་པའི་ཕྱིར། ཚིག་ལ་སོགས་པ་བརྗོད་པས་ཡི་གེ་རྣམས་ཀློག་པའི་འདུ་བྱེད་སྐྱེད་པས་ན་ཚིག་དང༌། ངག་དང་རབ་ཏུ་བྱེད་པའི་དོན་ཡི་གེའི་འདུ་བྱེད་སྐྱེད་པ་བརྗོད་ན། བསྟན་བཅོས་ཀྱི་དོན་ཡན་ལག་མ་ལུས་པ་ཁོང་དུ་ཆུད་པ་ལ་ཕན་པར་བྱེད་པ་ཉིད་དུ་འགྱུར་བས། དེའི་ཕྱིར་དང་པོ་ཁོ་ནར་ཚིག་གི་དོན་བརྗོད་པར་བྱའོ་ཞེས་སྨྲས་པ་གང་ཡིན་པ་དེ་རིགས་ཀྱི། རྒོལ་བ་དང་པོ་ཁོ་ནར་ཡི་གེའི་དོན་བརྗོད་པར་བྱ་བའི་རིགས་སོ་ཞེས་སྔར་བརྟགས་པ་ནི་མི་རིགས་ཏེ། ཡི་གེའི་སྒྲ་ཀ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ན་ཡི་གེ་རྣམས་ལ་ཡན་ལག་མེད་པའི་ཕྱིར། དེ་ལས་ལྷག་པའི་དོན་གཞན་རྟོགས་ཕར་འགྱུར་བ་མེད་པས་དེའི་ཕྱིར་དང་པོ་ཁོ་ནར་ཡི་གེའི་དོན་བརྗོད་པར་བྱ་བ་མི་རིགས་སོ་ཞེས་ལན་བཏབ་པ་ཡིན་ནོ་ཞེས་ཟེར་ཏེ། སློབ་དཔོན་ཕྱི་མས་བཤད་པའི་ལུགས་འདི་ལ་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་དག་ཕལ་ཆེར་ནི་སྙིང་པོར་མི་འཛིན་ཏོ། །དེ་ལྟར་ན་ཕྱག་འཚལ་བའི་ཚིགས་སུ་བཅད་པས་བསྡུས་པ་འདི་ཉིད་བསྟན་བཅོས་ཀྱི་ལུས་ཡིན་ཏེ། ཚིག་གི་དོན་བརྒྱད་པོ་འདི་དག་ནི་སློབ་དཔོན་ཉིད་ཀྱིས་ཚིག་ལེའུར་བྱེད་པ་དག་གི་ལུང་དང་རིགས་པའི་སྒོ་ནས་རབ་ཏུ་བྱེད་པའི་སྐབས་ཉི་ཤུ་རྩ་བདུན་གྱིས་རྣམ་པར་བཤད་དོ། །འདི་ཉིད་དོན་དམ་པ་པའི་ཆོས་མངོན་པ་ཡིན་ཏེ། འདི་ལྟར་འདིར་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་རྣམ་པར་འཇོག་ཅིང་ཡོངས་སུ་རྟོགས་པར་བྱེད་པ་དང༌། འདི་ཉིད་ཀྱིས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་ཅིང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་རོ། །སྡེ་སྣོད་གསུམ་ལས་འབྱུང་བ་ནི་ཀུན་རྫོབ་པའི་ཆོས་མངོན་པ་ཡིན་ཏེ། འདི་ལྟར་དེ་ནི་ཆོས་རྣམས་ཀྱི་ཐ་དད་པའི་མཚན་ཉིད་སྲབ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་ལ་སོགས་པ་དག་བསྟན་ཅིང་དོན་རྣམ་པ་མ་བསྟན་པའི་ཕྱིར་རོ། །འདི་ལྟར་དེའི་ཕྱིར་ལུང་གཞན་དག་ལས་ཀྱང༌། ཕུང་པོ་ལྔ་པོ་


DTG099_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་དེ། །མ་བྱུང་ཉིད་ལས་བྱུང་བ་ཡིན། །གང་གིས་ཕུང་པོ་ཀུན་བསླངས་པ། །དེ་ལ་ཀུན་ནས་སློང་བ་མེད། །ལྔ་ཕུང་མཚན་ཉིད་གང་ཡིན་པ། །དེ་ནི་ཆོས་ཀུན་མཚན་ཉིད་དོ། །དེ་དག་དེ་ཡི་མཚན་ཉིད་དུ། །བཤད་ཀྱང་མཚན་ཉིད་ཡོད་མ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གལ་ཏེ་སྡེ་སྣོད་གསུམ་ལས་འབྱུང་བའི་ཆོས་མངོན་པ་ཐ་སྙད་པ་ཡིན་ན། འོན་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་མ་ཡིན་པས། དེ་ལྟར་ན་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ལ་མྱ་ངན་ལས་འདས་པ་མེད་པར་འགྱུར་བས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེ་ན། ཁས་བླངས་པ་ལ་གནོད་པར་མི་འགྱུར་ཏེ་འདི་ལྟར་དེ་དག་གི་མྱ་ངན་ལས་འདས་པ་ནི་བསྟི་གནས་ཡིན་གྱི། དེ་དག་གི་མྱ་ངན་ལས་འདས་པ་སྟེ་དེ་ཁོ་ན་ནི་མ་ཡིན་ཏེ། དམ་པའི་ཆོས་པད་མ་ཁར་པོའི་མདོ་དང༌། བདེན་པ་པོའི་ལེའུ་དང༌། རབ་ཏུ་ཞི་བ་རྣམ་པར་གདོན་མི་ཟ་བའི་ཆོ་འཕྲུལ་བསྟན་པ་དང༌། ཏིང་ངེ་འཛིན་གྱི་སྒོའི་མདོ་དག་ལས་དེ་དག་ཀྱང་མཐར་སྟོབས་བཅུ་མངའ་བར་འགྱུར་རོ་ཞེས་རིགས་པས་རྒྱ་ཆེར་ཇི་སྐད་བཀའ་སྩལ་པ་ལྟ་བུའོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། ཐེག་པ་རྣམ་གཞག་ཡོད་མིན་ཏེ། །ང་ནི་ཐེག་པ་གཅིག་ཏུ་སྨྲ། །བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་ཏེ། ཇི་སྐད་བསྟན་ཞེ་ན། ཐེག་པ་ནི་གཅིག་ཁོ་ན་སྟེ། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཐེག་པ་ཆེན་པོའོ། །དེ་ཡང་དུས་ཡུན་རིང་པོ་ནས་ཡང་དག་པར་བསྒྲུབ་པར་བྱ་བ་དང༌། སྡུག་བསྔལ་གྲངས་མེད་པའི་གཞིའི་འཁོར་བར་གནས་པས་ཡང་དག་པར་བསྒྲུབ་པར་བྱ་བ་དང༌། ཤིན་ཏུ་བྱ་དཀའ་བ་འབུམ་ཕྲག་དུ་མས་ཡང་དག་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྙིང་སྟོབས་ཆུང་ངུ་རྣམས་དེ་ལ་མངོན་པར་བརྩོན་པ་བྱ་བར་མི་སྤྲོ་བས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་དང༌། རང་སངས་རྒྱས་དམན་པ་ལ་མོས་པ་རྣམས་དྲང་ཞིང་བསྡུ་བའི་ཕྱིར་ཐེག་པ་ཐ་དད་པར་ཡང་བཀའ་སྩལ་ཏེ། འདི་ལྟར་མངོན་པར་བརྩོན་པ་རྣམས་ཀྱི་དབང་དུ་མཛད་ནས། ཐར་པ་མྱུར་བ་སྲིད་གསུམ་གྱི། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པར་


DTG099_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ་ཞེས་བསྟན་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་ཅི་ཞིག་མ་རྟོགས་ན། དེའི་ཕྱིར་དེ་དག་སངས་རྒྱས་ཉིད་འདོད་ཅེ་ན། དེའི་ཕྱིར། དེ་དག་རྣམ་གྲོལ་རྣམ་པ་གསུམ། །ཆོས་ལ་བདག་མེད་ཉིད་དང་ནི། །དེ་བཞིན་མཉམ་ཉིད་ཡེ་ཤེས་དང༌། །ཉོན་མོངས་རྣམ་པར་གྲོལ་བས་སྤངས།། ཞེས་གསུངས་སོ། །ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་རྣམས་དང་བྲལ་བ་དེ་དག་གི་འགྲོ་བ་གང་ཡིན་ཞེ་ན། དེའི་ཕྱིར། ཇི་ལྟར་རྒྱ་མཚོ་ཤིང་ཞིག་ནི། །རླབས་རྣམས་ཀྱིས་ནི་རབ་གཡེངས་ལྟར། །དེ་བཞིན་ཉན་ཐོས་རྨོངས་པ་ཡང༌། །མཚན་ཉིད་ཀྱིས་ནི་རབ་ཏུ་གཡེངས། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་བསྟན་ཞེ་ན། གང་གི་ཕྱིར་དེ་དག་གིས་ཆོས་བདག་མེད་པ་མ་རྟོགས་པ་དེའི་ཕྱིར། ཆོས་ལ་ཐ་སྙད་པའི་རང་གི་མཚན་ཉིད་གང་ཡིན་པ་དེར་མངོན་པར་ཞེན་པས། དེས་ན་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་མཐར་མ་ཕྱིན་ལ། ཉོན་མོངས་པ་སྤང་བའི་ཕྱིར་ནི་འཁོར་བར་མི་སྐྱེ་ཞིང་འཁོར་བའི་སྐྱོན་དག་གིས་ཀྱང་གནོད་པར་མི་འགྱུར་ཏེ། དཔེར་ན་ཤིང་རྒྱ་མཚོའི་ནང་ན་ཐམས་ཅད་དུ་འཁྱམས་ཡང་འབྱིང་བར་མི་འགྱུར་བ་བཞིན་ཏེ། ཇི་སྐད་དུ། དེ་ལ་མཐར་ཐུག་ཡོད་མིན་ཞིང༌། །ཕྱིར་ཡང་ལྡོག་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །གང་གི་ཚེ་དེ་དག་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་ན་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའི་རྣམ་པར་རྟོག་པ་ཐམས་ཅད་བཀག་ནས། བསྐལ་པ་གྲངས་མེད་པ་བརྒྱ་ཕྲག་དུ་མ་འདའ་བར་བྱེད་དེ། དེའི་ཕྱིར། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་དེ་མི་ཟད། །ཅེས་གསུངས་སོ། །དེ་དག་ཏིང་ངེ་འཛིན་དེ་ལ་གནས་པ་དག་གི་ཡོན་ཏན་ནི་གང་དག་ཡིན། ཁྱད་པར་ནི་གང་དག་ཡིན་ཞེ་ན། དེའི་ཕྱིར། ཉོན་མོངས་བག་ཆགས་ཀུན་ཀུ་འབྲེལ། །ཀུན་ནས་སློང་བ་རྣམ་པར་སྤངས། །ཏིང་ངེ་འཛིན་གྱི་མྱོས་པས་བརྒྱལ། །དེ་དག་ཟག་མེད་དབྱིངས་ན་འཁོད། །ཅེས་གསུངས་ཏེ། ཇི་སྐད་བསྟན་ཞེ་ན། ཉོན་མོངས་པ་རྣམས་ཀྱི་བག་ཆགས་ནི་ཡོད་ལ། ཉོན་མོངས་པ་རྣམས་ཀུན་ཏུ་འབྱུང་བ་ནི་མེད་དེ། འདུ་ཤེས་མེད་པས་བརྒྱལ་བ་བཞིན་དུ་འཁོད་དོ། །དེའི་ཕྱིར་དེ་ཉིད་ལས། ཇི་ལྟར་གླང་ཆེན་རྫབ་སོང་བ། །ཕན་ཚུན་རྒྱུག་པར་མི་བྱེད་ལྟར། །ཏིང་ངེ་འཛིན་མྱོས་པར་


DTG099_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་བ་ཡི། །ཉན་ཐོས་རྣམས་ནི་དེ་བཞིན་གནས། །ཞེས་གསུངས་པ་ལྟ་བུའོ། །དེ་དག་གང་གི་ཚེ་ཡུན་རིང་པོ་འདས་ནས་སད་པར་བྱེད་པ་དེའི་ཚེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ནས། ཉོན་མོངས་པ་རྣམས་ཟད་ཀྱང་སྐྱེ་བ་ལ་དབང་ཐོབ་པའི་ཕྱིར་ཡང་སྐྱེ་བ་ཀུན་ཏུ་སྟོན་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པ་ཡང་བྱས། བག་ཆགས་ཀྱི་མཚམས་སྦྱོར་བ་སྤང་བ་ཡང་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་ཉིད་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་བག་ཆགས་རྩད་ནས་འཇོམས་པའི་སྙོམས་པར་འཇུག་པ་བསྒོམས་པས་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ཏེ། ཡང་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཆོས་ཀྱི་དབྱིངས་སུ་རྟོགས་པའི་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱས་ནས། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་བ་ཉིད་འཐོབ་པར་འགྱུར་རོ་ཞེས་གསུངས་པ་དང༌། ཇི་སྐད་དུ། ཇི་ལྟར་སྐྱེས་བུ་ར་རོ་བ། །ཆང་དང་བྲལ་ནས་སད་པ་ལར། །དེ་ལྟར་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་ཐོབ། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་ཐེག་པ་ནི་གཅིག་ཁོ་ནའོ་ཞེས་བྱ་བ་དེ་ནི་ལེགས་པར་སྨྲས་པ་ཡིན་ནོ། །འཕགས་པ་བདེན་པ་པོས་བསྟན་པའི་ལེའུ་ལས་ཀྱང༌། ངས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་སྣ་ཚོགས་ཉིད་དང་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ཁ་ཅིག་ལ་ཐེག་པ་ཆེན་པོ་སྟོན་པར་འགྱུར། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པར་འགྱུར། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པར་འགྱུར་ན། དེ་ནི་དེ་བཞིན་གཤེགས་པའི་ཐུགས་ཡོངས་སུ་མ་དག་པ་ཡིན་པར་ཡང་འགྱུར། མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར། ཐུགས་རྗེ་ཆེན་པོ་ཉི་ཚེ་བར་ཡང་འགྱུར། འདུ་ཤེས་སྣ་ཚོགས་ཉིད་ཀྱི་སྐྱོན་དུ་ཡང་འགྱུར། ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱས་པར་ཡང་འགྱུར་བ་ཞིག་ན། འདི་ལྟར་ང་ནི་སེམས་ཅན་རྣམས་ལ་ཆོས་གང་དང་གང་སྟོན་པ་དེ་དང་དེ་ཐམས་ཅད་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་ལ་བབ་པ། ཕྱོགས་


DTG099_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡང་དག་པར་ཐོབ་པར་བྱེད་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་ཐེག་པ་ཐ་དད་པར་རྣམ་པར་གཞག་པ་མེད་དོ། །སྡེ་པ་གཞན་དག་གི་གཞུང་ལས་ཀྱང༌། གང་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་ཀུན་དུ་བསྟན་ཞིང་གོམས་པར་བྱས་ལན་མང་དུ་བྱས་པ་དེ་ནི་འདོད་ན་བསྐལ་པའམ། བསྐལ་པ་ལས་ལྷག་པར་འཇུག་པར་འགྱུར་ཏེ། བསྐལ་པ་ལས་ལྷག་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་དུ་མ་དག་ཏུ་ཚེ་བྱིན་གྱིས་བརླབས་ནས་སངས་རྒྱས་ཀྱི་ཆོས་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་རིགས་ཅན་རྣམས་དང༌། མ་ངེས་པའི་རིགས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་ཉིད་དུ་སེམས་བསྐྱེད་པ་ལས་བཟློག་པར་མཛད་དེ། འདི་ལྟར་ཏིང་ངེ་འཛིན་དེ་ལ་གནས་པ་རྣམས་ནི་སེམས་ཅན་གྱི་དོན་མཐའ་ཡས་པ་ལས་ཡོངས་སུ་ཉམས་པ་དང༌། དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱང་ཕྱི་རོལ་པ་སྲིད་པའི་རྩེ་མོ་ནས་ཤི་འཕོས་པ་དག་གི་ལྟར་རྟུལ་པོར་འགྱུར་བའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ནི་ངེས་པར་མྱ་ངན་ལས་འདས་པ་བསྟི་གནས་དེར་བསྟིས་ནས། ཕྱིས་རིམ་པ་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་ལྔ་པ། ཞར་ལ་བཤད་པས་ཆོག་གི །ད་ནི་སྐབས་ཉིད་བསྒྲུབ་པར་བྱ་སྟེ། དེ་ལ་འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གི་དོན་བརྒྱད་པོ་གང་དག་སྨྲས་པ་དེ་དག་གི་དོན་དག་མཐུན་པའི་མིང་ནི་གང་དག་ཡིན། འགག་པ་མེད་པ་ཞེས་བྱ་བས་ནི་ཅི་ཞིག་བསྟན། དོན་གཅིག་མིན་ཞེས་བྱ་བའི་བར་གྱིས་ཀྱང་ཅི་ཞིག་བསྟན་ཞེ་ན། དེའི་ཕྱིར་འགག་པ་ཞེས་བྱ་བ་ནི་འཇིག་པའོ་ཞེས་བྱ་བ་སྨྲས་ཏེ། འཇིག་པ་དང༌། མེད་པ་དང༌། ཉམས་པ་གང་ཡིན་པ་དེ་ནི་འགག་པ་ཞེས་བྱའོ། །སྐྱེ་ཞེས་བྱ་བ་ནི་འབྱུང་བའོ་ཞེས་བྱ་བ་སྟེ་འབྱུང་བ་དང་སྲིད་པ་དང་འཕེལ་བ་གང་ཡིན་པ་དེ་ནི་སྐྱེ་ཞེས་བྱའོ། །ཆད་པ་ཞེས་བྱ་བ་ནི་རྒྱུན་ཆད་པའི་ཞེས་བྱ་བ་ལ། རྒྱུན་ཞེས་བྱ་བ་ནི་རྒྱུན་ཆགས་སུ་བར་དུ་མ་ཆོད་པར་འབྲེལ་པ་སྟེ། དཔེར་ན་མར་མེའི་མེ་ལྕེ་འབར་བ་དང༌། ཆུའི་འོད་པ་འབབ་པའི་རྒྱུན་འབབ་པའི་རྒྱུན་ལྟ་བུའོ། །རྒྱུན་དེ་ཆད་


DTG099_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བར་དུ་ཆད་ཅིང་མི་འབྱུང་བ་སྟེ་དེ་ནི་ཆད་པ་ཞེས་བྱའོ། །རྟག་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་གནས་པའོ་ཞེས་བྱ་བ་ནི་གང་ལ་དུས་ཐམས་ཅད་དུ་གནས་པའི་ངང་ཚུལ་ཡོད་པ་སྟེ། རྣམ་པ་གང་གིས་སྔོན་ཉེ་བར་མཚོན་པར་གྱུར་པའི་རྣམ་པ་དེ་ཉིད་ཀྱིས་ཕྱིས་ཀྱང་ཉེ་བར་མཚོན་པར་འགྱུར་ཞིང་མི་འགྱུར་བ་དེ་ནི་རྟག་པ་ཞེས་བྱའོ། །འོང་བ་ཞེས་བྱ་བ་ནི་ཚུར་འོང་བའོ་ཞེས་བྱ་བ་ནི་ཡུལ་ཐག་རིང་པོ་ནས་ཡུལ་ཐག་ཉེ་བར་ཚུར་འོང་བ་ནི་འོང་བ་ཞེས་བྱའོ། །འགྲོ་ཞེས་བྱ་བ་ནི་ཕར་འགྲོ་བའོ་ཞེས་བྱ་བ་ནི་ཡུལ་ཐག་ཉེ་བ་ནས་ཡུལ་ཐག་རིང་པོར་ཕར་འགྲོ་བ་ནི་འགྲོ་ཞེས་བྱའོ། །ཐ་དད་དོན་ཞེས་བྱ་བ་ནི་དོན་ཐ་དད་པའོ་ཞེས་བྱ་བ་ནི་ཁ་དོག་དང་སྒྲ་སྐུད་དང༌། རྣམ་པ་དང་ཡོན་ཏན་དག་གིས་དོན་ཐ་དད་པ་སྟེ། དཔེར་ན་ཆུ་ལ་མེ་ལྟ་བུ་དེ་ནི་དོན་ཐ་དད་པ་ཞེས་བྱའོ། །དོན་གཅིག་ཅེས་བྱ་བ་ནི་དོན་ཐ་མི་དད་པ་སྟེ་གཞན་མ་ཡིན་པ་ཞེས་བྱ་བ་གང་ཡིན་པའོ་ཞེས་བྱ་བ་ནི་གང་ལ་ཁ་དོག་དང་སྒྲ་སྐད་དང་རྣམ་པ་དང་ཡོན་ཏན་དག་གིས་དོན་ཐ་དད་པ་མེད་པ་སྟེ། དཔེར་ན་ཆུ་ལ་མེ་ལྟ་བུ་མ་ཡིན་པ་དེ་ནི་དོན་གཅིག་ཅེས་བྱའོ། །དེ་ལ་འགག་པ་མེད་པ་ཞེས་བྱ་བ་ནི་འདི་ལ་འགག་པ་ཡོད་པ་མ་ཡིན་པའོ་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན། འཇིག་པ་དང་མེད་པ་དང་ཉམས་པ་ཞེས་བྱ་བའི་སྒྲས་བསྟན་པའི་འགག་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དེ་ཁོ་ན་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པ་འདི་ལ་མེད་པའོ། །འདི་ལྟར་དེ་ལ་ནི་རྟོགས་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། ལུང་ལས། དེ་ལ་ཆོས་རྡུལ་ཙམ་ཡང་དམིགས་སུ་མེད་པ་དེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེའི་ཕྱིར་ཕྱི་རོལ་ལམ་ནང་ངམ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ཆོས་འགའ་ལ་ཡང་འགག་པ་མེད་པ་དེ་དམིགས་སུ་མེད་པས་འགག་པ་མེད་པ་ཞེས་བྱའོ། །དོན་གཅིག་མིན་ཞེས་བྱ་བའི་བར་དུ་ཡང་འདི་ལ་དོན་གཅིག་པ་ཡོད་པ་མ་ཡིན་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་འཇིག་པ་དང༌། མེད་པ་དང༌། ཉམས་པ་ཞེས་བྱ་བའི་སྒྲས་བསྟན་པའི་འགག་པ་གང་དག་ཡིན་པ་དེ་ཆོས་ཀྱི་དེ་ཁོ་ན་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པ་འདི་ལ་མེད་པ་དེ་བཞིན་དུ། སྐྱེ་བ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་ཞེས་བྱ་བའི་སྒྲས་བསྟན་


DTG099_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དག་ཡིན་པ་དེ་དག་ཀྱང་ཆོས་ཀྱི་དེ་ཁོ་ན་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པ་འདི་ལ་མེད་པའོ། །དེ་ལ་ཁ་ཅིག་ན་རེ། འགག་པ་དང༌། སྐྱེ་བ་དང༌། ཐ་དད་པ་ཉིད་དང༌། གཅིག་པ་ཉིད་བཀག་པ་ནི་དོན་དམ་པར་རོ། །ཆད་པ་དང་རྟག་པ་བཀག་པ་ནི་ཐ་སྙད་དུའོ། །འོང་བ་དང་འགྲོ་བ་བཀག་པ་ནི་གཉི་གར་རོ་ཞེའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་འགག་པ་མེད་པ་ཞེས་བྱ་བས་འགག་པ་བཀག་པ་དང༌། སྐྱེ་བ་མེད་པ་ཞེས་བྱ་བས་སྐྱེ་བ་བཀག་པ་དང༌། ཆད་པ་མེད་པ་ཞེས་བྱ་བས་ཆད་པ་བཀག་པ་དང༌། རྟག་པ་མེད་པ་ཞེས་བྱ་བས་རྟག་པ་བཀག་པ་དང༌། འོང་བ་མེད་པ་ཞེས་བྱ་བས་འོང་བ་བཀག་པ་དང༌། འགྲོ་བ་མེད་པ་ཞེས་བྱ་བས་འགྲོ་བ་བཀག་པ་དང༌། ཐ་དད་དོན་མིན་ཞེས་བྱ་བས་ཐ་དད་པ་ཉིད་བཀག་པ་དང༌། དོན་གཅིག་མིན་ཞེས་བྱ་བས་དོན་གཅིག་པ་ཉིད་བཀག་པ་ཇི་སྐད་བསྟན་པ་དེ་ལའོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་དབུ་མ་པའི་གྲུབ་པའི་མཐའ་སྨྲ་བ་ཁ་ཅིག་ན་རེའོ། །འགག་པ་དང་སྐྱེ་བ་དང་ཐ་དད་པ་ཉིད་དང་གཅིག་པ་ཉིད་བཀག་པ་ནི་དོན་དམ་པར་རོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་འགག་པ་དང་སྐྱེ་བ་དང་ཐ་དད་པ་ཉིད་དང་མཚན་ཉིད་གཅིག་པ་ཉིད་ནི་དོན་དམ་པར་བཀག་གོ ། །ཀུན་རྫོབ་ཏུ་ནི་མ་བཀག་སྟེ། །འདི་ལྟར་ཀུན་རྫོབ་ཏུ་ནི་འཇིག་རྟེན་གྱི་ཐ་སྙད་དུ་དངོས་པོ་ཐམས་ཅད་ལ་འགག་པ་ཡང་ཡོད། སྐྱེ་བ་ཡང་ཡོད་པའི་ཕྱིར་དང༌། བུམ་པ་དང་སྣམ་བུ་ལ་སོགས་པ་ཐ་དད་པ་ཉིད་ཀྱང་ཡོད་པའི་ཕྱིར་དང༌། ལྷས་བྱིན་ནི་མཆོད་སྦྱིན་ལ་སོགས་པ་གཞན་མེད་པས་གཅིག་པ་ཉིད་དོ་ཞེས་བརྗོད་པའི་ཕྱིར་རོ། །ཆད་པ་དང་རྟག་པ་བཀག་པ་ནི་ཐ་སྙད་དུའོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་ཆད་པ་དང་རྟག་པ་བཀག་པ་ནི་དོན་དམ་པར་བཀག་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་བཀག་པ་སྟེ། འདི་ལྟར་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་ལ་ཆད་པ་དང་རྟག་པ་མེད་དེ། བསྐལ་པའི་དང་པོ་ཚུན་ཆད་ནས་རྩྭ་ལ་སོགས་པའི་རྒྱུན་འབྲེལ་པ་དག་ད་དུང་ཡང་རྒྱུན་ཆད་པ་མེད་པའི་ཕྱིར་དང། འཇིག་རྟེན་ན་དངོས་པོ་ཐམས་ཅད་མི་རྟག་པས་རྟག་པ་འགའ་ཡང་མི་སྣང་བའི་ཕྱིར་རོ། །འོང་བ་དང་འགྲོ་བ་བཀག་པ་ནི་གཉི་གར་རོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་འོང་བ་དང་འགྲོ་བ་བཀག་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉི་གར་བཀག་སྟེ། འདི་ལྟར་ཀུན་རྫོབ་ཏུ་ཡང་འདུས་བྱས་ཐམས་


DTG099_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐད་ཅིག་གཅིག་ལ་འཇིག་པའི་ངང་ཅན་ཡིན་པས་འོང་བ་དང་འགྲོ་བ་མེད་དོ་ཞེས་གྲུབ་པའི་མཐའ་ལས་གསུངས་པའི་ཕྱིར་དང༌། དོན་དམ་པར་ཡང་སློབ་དཔོན་ཉིད་ཀྱིས་འོང་བ་དང་འགྲོ་བ་བརྟག་པའི་སྐབས་ནས་འོང་བ་དང་འགྲོ་བ་དགག་པ་མཛད་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཁ་ཅིག་དོན་དམ་པར་བཀག་པ་དང༌། ཁ་ཅིག་ཐ་སྙད་དུ་བཀག་པ་དང༌། ཁ་ཅིག་གཉི་གར་བཀག་པའི་ཚུལ་དུ་བཤད་པ་འདི་ནི། འཇིག་རྟེན་དང་འགལ་བ་སྤང་བའི་ཕྱི་དང༌། ལུང་དང་འགལ་བ་སྤང་པའི་ཕྱིར་བཤད་པ་ཡིན་ཏེ། འདི་ལྟར་ཁ་ཅིག་དངོས་པོ་རྣམས་ཀུན་རྫོབ་ཏུ་བཀག་པར་འདོད་པ་ནི་འཇིག་རྟེན་དང་འགལ་བ་ཡིན་ལ། ཁ་ཅིག་དངོས་པོ་རྣམས་དོན་དམ་པར་བཀག་པར་འདོད་པའི་ལུང་དང་འགལ་བ་ཡིན་པའི་ཕྱིར་རོ། །གཞན་མ་ཡིན་པ་ནི་འདིར་ཐམས་ཅད་དོན་དམ་པར་བཀག་སྟེ་ངེས་པར་གཟུང་བའི་ཕྱིར་རོ། །གཞན་དུ་ཡང་མི་འགལ་ཏེ། ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང༌། མཛད་པ་པོས་བསྟན་པ་ཉིད་ཀྱིས་བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ལ། གཞན་མ་ཡིན་པ་ནི་ཞེས་བྱ་བ་ནི་གཞན་མ་ཡིན་པས་རང་ཉིད་ཡིན་ཏེ། འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ནི་འདིར་འགག་པ་དང༌། སྐྱེ་བ་ལ་སོགས་པ་དགག་པ་ནི་ཐམས་ཅད་དོན་དམ་པར་བཀག་པ་པ་ཡིན་ནོ་ཞེས་ཟེར་བར་སྦྱར་རོ། །འདིར་ཞེས་བྱ་བ་ནི་འགག་པ་དང་སྐྱེ་བ་ལ་སོགས་པ་དགག་པའི་སྐབས་འདིར་རོ། །ཐམས་ཅད་ཅེས་བྱ་བ་ནི་འགག་པ་དང་སྐྱེ་བ་ལ་སོགས་པ་ཐམས་ཅད་དོ། །དོན་དམ་པར་བཀག་སྟེ་ཞེས་བྱ་བ་ནི་དོན་དམ་པར་འགག་པ་དང་སྐྱེ་བ་ལ་སོགས་པ་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཚེ་སློབ་དཔོན་དོན་དམ་པའི་མཚན་ཉིད་རྟོགས་པར་མཛད་པ་དེའི་ཚེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པ་འདིར་དངོས་པོ་རྣམས་ཀྱི་འགག་པ་དང༌། སྐྱེ་བ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་ཞེས་བྱ་བ་དག་དགག་པར་བཞེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཅིའི་ཕྱིར་དེ་དག་ཐམས་ཅད་དོན་དམ་པར་དགག་ཅེ་ན། དེའི་ཕྱིར་ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཚིག་ཐམས་ཅད་ནི་གདོན་མི་ཟ་བར་ངེས་པར་གཟུང་བར་བྱ་བ་ཡིན་ལ། ངེས་པར་གཟུང་བར་བྱ་བ་དེ་ཡང་དོན་


DTG099_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཡུལ་ཁོ་ན་ལ་ཡིན་གྱི། ཀུན་རྫོབ་ཀྱི་ཡུལ་ལ་ནི་མ་ཡིན་པའི་ཕྱིར་རོ། །གཞན་དུ་ཡང་མི་འགལ་ཏེ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་འགག་པ་དང༌། སྐྱེ་བ་ལ་སོགས་པ་དེ་དག་ངེས་པར་གཟུང་བ་ལས་དོན་དམ་པར་དགག་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་རྣམ་པ་གཞན་དུ་ཡང་འཇིག་རྟེན་དང་ཡང་མི་འགལ་ཞིང༌། ལུང་དང་ཡང་མི་འགལ་ལ། འགག་པ་དང་སྐྱེ་བ་ལ་སོགས་པ་དེ་དག་ཐམས་ཅད་དོན་དམ་པར་བཀག་པ་ཡང་ཡིན་ནོ། །རྣམ་པ་གཞན་ཡང་གང་ཞེ་ན། དེའི་ཕྱིར་ཁྱད་པར་གྱི་གཞི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་སོ། །གང་ལ་འཇིག་རྟེན་དང་འགལ་བ་དང་ལུང་དང་འགལ་བ་མེད་ཅེ་ན། དེའི་ཕྱིར་ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་ཞེས་བྱ་བ་སྨྲས་ཏེ། ཁྱད་པར་གྱི་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ལ་ཁྱད་པར་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་ལ་སོགས་པ་ཡོད་པ་སྔར་ཇི་སྐད་བསྟན་པ་དེ་ནི་ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་སྟེ་དེ་ལའོ། །དེ་ལ་འགལ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི། དེ་ལ་འཇིག་རྟེན་དང་འགལ་བ་དང༌། ལུང་དང་འགལ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ལ་དོན་གྱིས་ཉེས་པ་མེད་པ་དེའི་ཕྱིར། གཞན་གྱི་འཇིག་རྟེན་དང་འགལ་བ་དང༌། ལུང་དང་འགལ་བ་ཡོད་དོ་ཞེས་རྒལ་བར་མི་ནུས་སོ། །ཡང་ན་གཞན་དུ་ཡང་མི་འགལ་ཏེ་ཞེས་བྱ་བ་ནི། ངེས་པར་གཟུང་བའི་ཕྱིར་མི་འགལ་བ་དང༌། དོན་གྱིས་ཉེས་པ་མེད་པའི་ཕྱིར་མི་འགལ་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་མཛད་པ་པོས་བསྟན་པ་ཉིད་ཀྱི་བཞེད་པ་མཆོག་ཡིན་པའི་ཕྱིར་ཡང་མི་འགལ་ཏེ། འགག་པ་དང་སྐྱེ་བ་ལ་སོགས་པ་དེ་དག་ཐམས་ཅད་དོན་དམ་པར་བཀག་པ་ཡིན་ནོ། །མཛད་པ་པོས་བསྟན་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲའི་བསྟན་བཅོས་ཀྱི་མཚན་ཉིད་ལས་བྱེད་པ་པོའི་འདོད་པ་མཆོག་ནི་ལས་ཡིན་ནོ་ཞེས་འབྱུང་བས། འདིར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་བདེན་པ་གཉིས་སུ་བསྟན་པའི་ཕྲིན་ལས་ལ་སྟོན་པར་མཛད་པའི་མཛད་པ་པོ་ནི་བཅོམ་ལྡན་འདས་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་གཉི་ག་བསྟན་པའི་སྒོ་ཉིད་ཀྱིས་སོ། །བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཛད་པ་པོ་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་


DTG099_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདེན་པ་ཡང་བསྟན་པར་བཞེད་ལ། དོན་དམ་པའི་བདེན་པ་ཡང་བསྟན་པར་བཞེད་པ་ལས་སྐབས་འདིར་བཅོམ་ལྡན་འདས་ཀྱིས་བསྟན་པར་བཞེད་པ་མཆོག་ནི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་མཛད་པ་པོའི་བཞེད་པ་མཆོག་གི་ཕྲིན་ལས་དོན་དམ་པ་ཡིན་པས། འགག་པ་དང། སྐྱེ་བ་དང་ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་ཞེས་བྱ་བ་དེ་དག་ཐམས་ཅད་དོན་དམ་པར་བཀག་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་འདི་དག་ཐམས་ཅད་ནི་ཐ་སྙད་དུ་བསྟན་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སྤྲོས་པ་ཉེར་ཞི་ཞེས་བྱ་བ་ནི་བརྗོད་པའི་བདག་ཉིད་ལ་མངོན་པར་ཞེན་པ་ཞི་བའི་ཕྱིར་རོ་ཞེས་བྱ་བ་ལ། བརྗོད་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དངོས་པོ་རྣམས་མངོན་སུམ་དུ་བྱས་ཏེ་ཚིག་གི་སྦྲར་བརྗོད་པ་ནི་བརྗོད་པ་ཞེས་བྱའོ། །བདག་ཉིད་ལ་ཞེས་བྱ་བ་ནི་བརྗོད་པ་དེའི་ངོ་བོ་ཉིད་ལའོ། །མངོན་པར་ཞེན་པ་ཞེས་བྱ་བ་ནི་བརྗོད་པའི་བདག་ཉིད་གང་ལ་མངོན་པར་ཞེན་པ་དང༌། ཆགས་པ་དང༌། ལྷག་པར་ཆགས་པ་ཡོད་པ་དེ་ནི་བརྗོད་པའི་བདག་ཉིད་ལ་མངོན་པར་ཞེན་པའོ། །ཞི་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ཕྱིར་ཏེ། བརྗོད་པའི་བདག་ཉིད་ལ་མངོན་པར་ཞེན་པ་དེ་ཞི་བའི་ཕྱིར་སྤྲོས་པ་ཉེར་ཞི་ཞེས་བྱའོ། །འདི་ལྟར་གང་ལ་བརྗོད་པར་འདོད་པའི་མངོན་པར་ཞེན་པ་ཡོད་པ་དེ་ལ་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་འབྱུང་གི །གང་ལ་བརྗོད་པར་འདོད་པའི་མངོན་པར་ཞེན་པ་མེད་པ་དེ་ལ་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་མི་འབྱུང་ཞིང་ཉེ་བར་ཞི་བར་འགྱུར་བའི་ཕྱིར་རོ། །ཞི་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རམ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ལ། གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་འདི་ལས་དབུལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པར་གྱུར་པ་ནི་གཞན་གྱི་ནོར་དབྲོག་པ་ལ་སོགས་པ་ལ་བརྩོན་པའི་ཕྱིར་མ་ཞི་བ་ཡིན་ལ། ཞེ་སྡང་ལ་སོགས་པ་ཉོན་མོང་པ་སྐྱེས་པས་ཀྱང་གནོད་པ་བྱེད་པས་མ་ཞི་བ་ཡིན་གྱི། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་མེད་


DTG099_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཡིན་པས་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། དེའི་ཕྱིར་ཡང་ཞི་བཞེས་བྱའོ། །བསྟན་པ་ཞེས་བྱ་བ་ནི་བཀའ་སྩལ་པའོ་ཞེས་བྱ་བ་ནི། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་བྱ་བ་དང་སྦྱར་ཏེ། གང་གིས་བསྟན་ཅིང་བཀའ་སྩལ་པ་ཞེས་བྱ་བའི་ཐ་ཚིག་གོ ། །རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། ཆོས་དང་གང་ཟག་བདག་མེད་པ་ཉིད་ཡང་དག་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་འདི་ལ་བདག་མེད་པ་ནི་རྣམ་པ་གཉིས་ཏེ། ཆོས་བདག་མེད་པ་དང༌། གང་ཟག་བདག་མེད་པའོ། །དེ་ལ་ཆོས་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་མཚན་ཉིད་འཛིན་པས་ན་ཆོས་རྣམས་སོ། །གང་ཟག་ཅེས་བྱ་བ་ནི་འཁོར་བར་ཡང་དང་ཡང་དུ་འགྲོ་བ་ལེན་པའམ། ཡང་དང་ཡང་དུ་ལེན་ཅིང་འགྲོ་བས་ན་གང་ཟག་གོ །ཆོས་དེ་དག་དང་གང་ཟག་དེ་བདག་མེད་པ་ཞེས་བྱ་བ་ནི་ཆོས་དེ་དག་དང་གང་ཟག་དེའི་ངོ་བོ་ཉིད་དང་བྲལ་བའོ། །ཉིད་ཅེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པའི་དངོས་པོ་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་དོ། །དེ་ཡང་དག་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ། །འདི་ལྟར་ཆོས་དེ་དག་དང་གང་ཟག་དེ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་ནི་ཇི་ལྟར་དོན་དམ་པར་ཆོས་རྣམས་དང་གང་ཟག་བདག་མེད་པ་དེ་བཞིན་དུ་ཀུན་རྫོབ་ཏུ་ཡང་གཏན་མེད་དོ་སྙམ་པའམ། ཇི་ལྟར་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་ཡོད་པ་དེ་བཞིན་དུ་དོན་དམ་པར་ཡང་དངོས་པོ་ཐམས་ཅད་ཡོད་དོ་སྙམ་པའོ། །དེ་ལས་ཟློག་པ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ། །ཕྱིར་རོ་ཞེས་བྱ་བ་ནི་དེ་ཡང་དག་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་བཅོམ་ལྡན་འདས་ནི་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཡང་ན་ཡང་དག་པར་སངས་རྒྱས་པ་དང༌། ཐམས་ཅད་སངས་རྒྱས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཀྱང་བྱའོ། །ཡང་ན་འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་བཅོམ་ལྡན་འདས་ཉིད་ཀྱིས། དེས་ནི་ཆོས་ཀུན་དངོས་


DTG099_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། །སྤྲོས་མེད་ངོ་བོ་ཉིད་མེད་ཅིང༌། །སྤྲུལ་པ་ལྟ་བུར་སངས་རྒྱས་པས། །དེས་ན་སངས་རྒྱས་ཞེས་བྱའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སྨྲ་རྣམས་ཀྱི་ཞེས་བྱ་བ་ནི་སྨྲ་བ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ཀྱིས་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། སྨྲ་རྣམས་ཞེས་བྱ་བ་དེ་རྣམས་ནི་གང་དག་ཡིན། དེ་དག་ཅི་ཞིག་སྨྲ་བའི་ཕྱིར་ནི་སྨྲ་རྣམས་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲ་རྣམས་ཞེས་བྱ་བ་ནི་སྨྲ་བ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་རྣམས་ཀྱིའོ། །དེ་དག་ཅི་ཞིག་སྨྲ་བའི་ཕྱིར་ནི་སྨྲ་རྣམས་ཞེས་བྱ་ཞེན། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ཀྱིས་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ཀྱིས་མཐོ་རིས་དང༌། བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་སྨྲ་རྣམས་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང༌། ལུགས་ལས་བཟློག་པའི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའོ། །ཉིད་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་དངོས་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་དོ། །དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་དེས་མཐོ་རིས་དང༌། བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་སྨྲ་རྣམས་ཞེས་བྱའོ། །དེ་ལ་མཐོ་རིས་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷ་དང༌། མི་རྣམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཞེས་བྱ་བ་དག་གོ །བྱང་གྲོལ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པ་ཞེས་བྱ་


DTG099_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་སོ། །ཐོབ་པར་བྱེད་པའི་ལམ་ཞེས་བྱ་བ་ནི་མི་བསླུ་བའི་ལམ་གང་ཡིན་པ་སྟེ། འདི་ལྟ་སྟེ་མཐོ་རིས་དང་འདོད་པའི་ཁམས་ཀྱི་ལྷ་དང༌། མི་རྣམས་ཐོབ་པར་བྱེད་པའི་ལམ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །མཐོ་རིས་གཟུགས་ཀྱི་ཁམས་ཐོབ་པར་བྱེད་པའི་ལམ་ནི་བསམ་གཏན་བཞི་པོ་རྣམས་སོ། །མཐོ་རིས་གཟུགས་མེད་པའི་ཁམས་ཐོབ་པར་བྱེད་པའི་ལམ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་རྣམས་སོ། །བྱང་གྲོལ་རྣམ་གཉིས་ཐོབ་པར་བྱེད་པའི་ལམ་ནི་ཡང་དག་པའི་ལྟ་བ་ལ་སོགས་པའི་མཚན་ཉིད་ཀྱིས་བསྡུས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་འཁོར་དང་བཅས་པའོ། །ཉེ་བར་སྟོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ལྟར་སྨྲ་བ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ཀྱིས་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་སྨྲ་རྣམས་ཞེས་བྱའོ། །དམ་པ་ཞེས་བྱ་བ་ནི་མཚོག་ཅེས་བྱ་སྟེ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་ཇི་སྐད་སྨོས་པ་དང་ལྡན་པ་བསྟན་པ། རྫོགས་པའི་སངས་རྒྱས་དེ་ནི་སྨྲ་བ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པ་མཆོག་ཡིན་ཏེ། དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །འདིར་གཞན་དག་ན་རེ། གལ་ཏེ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ཉིད་ཀྱིས་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱེད་པའི་ལམ་ཉེ་བར་སྟོན་པར་བྱེད་པ་ཡིན་ན། འོ་ན་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པ། རྫོགས་པའི་སངས་རྒྱས་དེ་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་སྨྲ་བ་རྣམས་ཀྱི་དམ་པ་མཆོག་ཏུ་ཇི་ལྟར་འགྱུར་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། ཇི་ལྟར་སྨོས་པའི་ཁྱད་པར་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཇི་སྐད་སྨོས་པའི་ཁྱད་པར་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་


DTG099_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ལ་སྔར་ཇི་སྐད་སྨོས་པའི་ཁྱད་པར་འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང༌། སྤྲོས་པ་ཉེ་བར་ཞི་བ་དང༌། ཞི་བ་ཞེས་བྱ་བ་ཕྱིན་ཅི་མ་ལོག་པ་དག་ཡོད་པ་དེ་ནི་ཇི་སྐད་སྨོས་པའི་ཁྱད་པར་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ནི་དེ་ལྟར་ཇི་སྐད་སྨོས་པའི་ཁྱད་པར་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལྟ་བུ་གསུངས་པ་ཡིན་ལ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི། དེ་ལྟ་བུ་སྨྲ་བ་མ་ཡིན་པས། དེའི་ཕྱིར་བཅོམ་ལྡན་འདས་ནི། དེ་རྣམས་ཀྱི་དམ་པ་མཆོག་ཅེས་བྱའོ། །དེའི་ཕྱིར་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། དེ་ལ་ཕྱག་འཚལ་བ་ནི་འདུད་པར་བྱ་བ་འདི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཁ་ཅིག་ན་རེ། གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་ན་ནི་ཇི་ལྟར་སྐྱེ་བ་མེད་པ་ཡིན། ཇི་ལྟར་སྐྱེ་བ་མེད་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱར་ཡང་མི་རུང་བས་རང་གི་ཚིག་དང་འགལ་ཞིང་དམ་བཅས་པའི་སྐྱོན་དུ་འགྱུར་ཏེ། དེ་ཉིད་ཀྱིས་དེའི་དོན་ལ་སྐུར་པ་བཏབ་པའི་ཕྱིར། དཔེར་ན་སྨྲས་པ་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་རོ། །ཞེས་བྱ་བ་ནི་རྒོལ་བ་སྔ་མ་དེ་དག་ཉིད་བརྡ་སྤྲོད་པ་པའི་གཞུང་ལས་གྲགས་པ་སྒྲའི་མཚན་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ལ་ཀླན་ཀའི་སྐབས་མ་རྙེད་ནས། འདིར་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་རིགས་པའི་བསྟན་བཅོས་གཞན་ཀློག་ཅིང་སྒྲའི་ཉེས་པས་སྐྱོན་འདོགས་པར་བྱེད་པ་ཡིན་ནོ། །དེ་ལ་འདིར་ཞེས་བྱ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་གྲུབ་པའི་སྐབས་འདིར་རོ། །ཁ་ཅིག་ན་རེ། ཞེས་བྱ་བ་ནི་རྒོལ་བ་སྔ་མ་དེ་དག་ཉིད་ན་རེའོ། །གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་ན་ནི་ཇི་ལྟར་སྐྱེ་བ་མེད་པ་ཡིན། ཇི་སྟེ་སྐྱེ་བ་མེད་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱར་ཡང་མི་རུང་བས་རང་གི་ཚིག་དང་འགལ་ཞིང་དམ་བཅའ་བའི་སྐྱོན་དུ་འགྱུར་ཏེ་ཞེས་བྱ་བ་འདི་ནི་ཕྱོགས་ཡིན་ནོ། །དེ་ལ་གལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་ན་ནི། །ཇི་ལྟར་སྐྱེ་བ་མེད་པ་ཡིན། །ཞེས་བྱ་བ་ནི། འདི་ལྟ་སྟེ། དབུ་མ་པ་ཁྱོད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་


DTG099_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་བསྟན་པ་དེ་ལ་འདིར་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། སྐྱེ་བ་མེད་པ་ལ་སོགས་པ་ནི་དེའི་ཁྱད་པར་ཡིན་པར་བསྟན་པས། དེས་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བའི་སྒྲ་དང༌། སྐྱེ་བ་མེད་པ་ཞེས་བྱ་བའི་སྒྲར་འགལ་བ་དང༌། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ན་ནི་ཇི་ལྟར་སྐྱེ་བ་མེད་པ་ཡིན་ཞེས་ཟེར་རོ། །ཇི་སྟེ་སྐྱེ་བ་མེད་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱར་ཡང་མི་རུང་བས་ཞེས་བྱ་བ་ཡང་དེ་ལྟར་དབུ་མ་པ་ཁྱོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་བསྟན་པ་དེ་ལ། འདིར་སྐྱེ་བ་མེད་པ་ལ་སོགས་པ་ནི་ཁྱད་པར་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱ་བ་ནི་དེ་དག་གི་ཁྱད་པར་གྱི་གཞི་ཡིན་པར་བསྟན་པས། དེས་ན་འདིར་སྐྱེ་བ་མེད་པ་ཞེས་བྱ་བའི་སྒྲ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་སྒྲར་འགལ་བས། ཅི་སྟེ་སྐྱེ་བ་མེད་པ་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་ཞེས་བྱར་ཡང་མེ་རུང་བས་ཞེས་ཟེར་རོ། །རང་གི་ཚིག་དང་འགལ་ཞིང་དམ་བཅས་པའི་སྐྱོན་དུ་འགྱུར་ཏེ་ཞེས་བྱ་བ་ནི་དེའི་ཕྱིར་དབུ་མ་པ་ཁྱེད་ཀྱི་རང་གི་དམ་ཚིག་དང་འགལ་ཞིང་དམ་བཅས་པའི་སྐྱོན་དུ་འགྱུར་ཏེ། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཟེར་ཞིང་སྐྱེ་བ་མེད་པ་ཞེས་ཀྱང་ཟེར་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ལ། སྐྱེ་བ་མེད་པ་ཞེས་ཟེར་ཞིང་རྟེན་ཅིང་འབྲེལ་པར་འབྱུང་ཞེས་ཀྱང་ཟེར་བ་ནི་དམ་བཅས་པའི་སྐྱོན་དུ་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱིས་དེའི་དོན་ལ་སྐུར་པ་བཏབ་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་དེ་ཉིད་ཀྱིས་དེའི་དོན་ལ་སྐུར་པ་བཏབ་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་རྟེན་ཅིང་འབྲེལ་བར་འབྱུང་ཞེས་ཁས་བླངས་པ་དེའི་ཚེ་ན་ནི་དེ་ཉིད་ཀྱིས་སྐྱེ་བ་མེད་པ་ཞེས་བྱ་བ་དེའི་དོན་ལ་སྐུར་པ་བཏབ་པའི་ཕྱིར་དང༌། གང་གི་ཚེ་སྐྱེ་བ་མེད་པ་ཞེས་ཁས་བླངས་པ་དེའི་ཚེ་ན་ནི། དེ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བ་དེའི་དོན་ལ་སྐུར་པ་བཏབ་པའི་ཕྱིར་རོ་ཞེས་ཟེར་རོ། །དཔེར་ན་སྨྲས་པ་ཐམས་ཅད་ནི་བརྫུན་ནོ་ཞེས་བྱ་བ་ལྟ་བུའོ། །ཞེས་བྱ་བ་འདི་ནི་དཔེ་ཡིན་ནོ། །དེ་ལ་དཔེར་ན་སྨྲས་པ་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་རིགས་པའི་བསྟན་བཅོས་དག་ལས་གྲགས་པའི་དཔེ་ཉིད་བསྟན་པ་ཡིན་ཏེ། དཔེར་ན་ལ་ལ་ན་རེ། བྷ་ར་ཏ་ལ་སོགས་པའི་ཚིག་སྨྲས་པ་ཐམས་ཅད་ནི་བརྫུན་ནོ་ཞེས་ཟེར་བ་ལྟ་བུའོ།།


DTG099_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དཔེར་ན་ལ་ལ་ཞིག་རང་གི་ཚིག་བདེན་པར་སྒྲུབ་པའི་ཕྱིར། བྷ་ར་ཏ་ལ་སོགས་པའི་ཚིག་སྨྲས་པ་ཐམས་ཅད་བརྫུན་ནོ་ཞེས་ཟེར་ན། སྨྲས་པ་ཞེས་བྱ་བའི་སྒྲ་དང༌། ཐམས་ཅད་ཅེས་བྱ་བའི་སྒྲ་དེའི་ནང་དུ་དེ་སྐད་ཟེར་བ་དེ་རང་གི་ཚིག་ཀྱང་འདུས་པས། དེས་ན་རང་གི་ཚིག་བདེན་པར་བསྒྲུབ་པའི་རང་གི་ཚིག་དང་ཡང་འགལ་ཞིང༌། བྷ་ར་ཏ་ལ་སོགས་པའི་ཚིག་བརྫུན་པར་དམ་བཅས་པའི་སྐྱོན་དུ་འགྱུར་ཏེ། ཚིག་སྨྲས་པ་ཐམས་ཅད་བརྫུན་ནོ་ཞེས་བྱ་བ་དེ་ཉིད་ཀྱིས་དེ་རང་གི་ཚིག་སྨྲས་པ་དེའི་དོན་ལ་ཡང་སྐུར་པ་བཏབ་པར་འགྱུར་བ་ཡང་འདྲ་བར། འདིར་ཡང་དབུ་མ་བ་ཁྱེད་ཀྱིས་རང་གི་ཚིག་དང་ཡང་འགལ་ཞིང་དམ་བཅས་པའི་སྐྱོན་དུ་འགྱུར་བར་རྣམ་པར་གཞག་སྟེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་ཞེས་ཟེར་ཞིང་སྐྱེ་བ་མེད་པ་ཞེས་ཀྱང་ཟེར་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་ཞེས་ཟེར་བ་དེ་ཉིད་ཀྱིས་སྐྱེ་བ་མེད་པ་ཞེས་བྱ་བ་དེའི་དོན་ལ་སྐུར་བ་བཏབ་པ་ཡིན། སྐྱེ་བ་མེད་པ་ཞེས་ཟེར་ཞིང་རྟེན་ཅིང་འབྲེལ་བར་འབྱུང་ཞེས་ཀྱང་ཟེར་བ་ནི་དམ་བཅས་པའི་སྐྱོན་དུ་འགྱུར་བ་ཡིན་ལ། སྐྱེ་བ་མེད་པ་ཞེས་ཟེར་བ་དེ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་བ་དེའི་དོན་ལ་སྐུར་བ་བཏབ་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་རྒོལ་བ་སྔ་མ་དེ་དག་ཉིད་བརྡ་སྤྲོད་པ་པའི་གཞུང་ལས་གྲགས་པའི་སྒྲའི་མཚན་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ལ་ཀླན་ཀའི་སྐབས་མ་རྙེད་ནས། འདིར་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་རིགས་པའི་བསྟན་བཅོས་གཞན་ཀློག་ཅིང༌། སྒྲའི་ཉེས་པས་སྐྱོན་འདོགས་པར་བྱེད་པ་དག་དེ་སྐད་ཅེས་ཟེར་བ་ཡིན་ནོ། །རྒོལ་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། དེ་ལ་གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཐམས་ཅད་སྐྱེ་བ་མེད་པ་ཞེས་དམ་འཆའ་བར་བྱེད་ན་ནི་སྐྱོན་དེར་ཡང་འགྱུར་བ་ཞིག་ན། ཐམས་ཅད་ཅེས་བྱ་བའི་སྒྲས་ཀུན་རྫོབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པ་བསྡུས་པའི་ཕྱིར་དང༌། དོན་དམ་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པར་ཁས་བླངས་ནས། དེ་ལ་སྐུར་བ་གདབ་པར་མ་བྱས་པས་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཞེས་བྱ་བ་ནི་རང་གི་ཚིག་དང་འགལ་བ་སྤང་བའི་ཚིག་ཉེ་བར་དགོད་པའི་དོན་དེ་ལའོ། །འདི་ལ་སངས་རྒྱས་པ་རྣམས་ཀྱི་བདེན་པ་ནི་རྣམ་པ་གཉིས་ཏེ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །


DTG099_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཇི་ལྟར་ཀུན་རྫོབ་ཏུ་རང་གི་ཚིག་དང་འགལ་བར་འགྱུར་བ་དེ་བསྟན་པའི་ཕྱིར། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་སྐྱེ་བ་མེད་པ་ཞེས་དམ་འཆའ་བར་བྱེད་ན་ནི་སྐྱོན་དེར་ཡང་འགྱུར་བ་ཞིག་ན་ཞེས་བྱ་བ་སྨྲས་ཏེ། དབུ་མ་པ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ནི་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་སྐྱེ་བར་འདོད་པས། འདིར་གལ་ཏེ་དབུ་མ་པས་ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་སྐྱེ་བར་སྨྲ་ན། དེའི་འོག་ཏུ་བྱེ་བྲག་མེད་པར་དངོས་པོ་ཐམས་ཅད་ཀུན་རྫོབ་ཏུ་སྐྱེད་མེད་པ་ཞེས་དམ་འཆའ་བར་བྱེད་ན་ནི་རང་གི་ཚིག་དང་འགལ་བའི་སྐྱོན་དེར་ཡང་འགྱུར་པ་ཞིག་ན། དེ་ལྟར་དམ་འཆའ་བར་མི་བྱེད་པས་དེའི་ཕྱིར་རང་གི་ཚིག་དང་འགལ་བའི་སྐྱོན་དེར་ཡང་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་སྐྱོན་དེར་མི་འགྱུར་ཞེ་ན། དེའི་ཕྱིར་ཐམས་ཅད་ཅེས་བྱ་བའི་སྒྲས་ཀུན་རྫོབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁས་བླངས་པ་བསྡུས་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། སྔར་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་སྐྱེའོ་ཞེས་སྨྲས་པ་གང་ཡིན་པའི་ཐམས་ཅད་ཅེས་བྱ་བའི་སྒྲ་དེས་ནི་ཀུན་རྫོབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པ་བསྡུས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་སྐྱེ་བ་མེད་པ་ཞེས་དམ་འཆའ་བར་མི་བྱེད་པས་རང་གི་ཚིག་དང་འགལ་བའི་སྐྱོན་དེར་མི་འགྱུར་ཏེ། སྐྱེ་བ་མེད་པ་ཞེས་བྱ་བའི་ཚིག་གི་ཁོངས་སུ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ། ཁས་བླངས་ནས་དེ་ལ་སྐུར་བ་གདབ་པར་མ་བྱས་པས་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་དོན་དམ་པར་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་སྐྱེ་བར་ཁས་བླངས་ནས། ཡང་དོན་དམ་པ་ཉིད་དུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་དོ་ཞེས་དེ་ལ་སྐུར་པ་གདབ་པར་བྱས་སམ། ཀུན་རྫོབ་ཏུ་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་སྐྱེ་བར་ཁས་བླངས་ནས། ཡང་ཀུན་རྫོབ་ཉིད་དུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་དོ་ཞེས་དེ་ལ་སྐུར་པ་གདབ་པ་བྱས་ན་ནི་རང་གི་ཚིག་དང་འགལ་བའི་སྐྱོན་དེར་ཡང་འགྱུར་བ་ཞིག་ན། ཁོ་བོས་ནི་བདེན་པ་གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཁས་བླངས་པའི་བདེན་པ་ཉིད་ལ་སྐྱེ་བ་མེད་པ་དེ་ཉིད་ཁས་བླངས་པ་ཡང་མ་བྱས་ལ། བདེན་པ་གང་ལ་སྐྱེ་བ་མེད་པས་ཁས་བླངས་པའི་བདེན་


DTG099_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པ་ཡང་མ་བྱས་པས་རང་གི་ཚིག་དང་འགལ་བའི་སྐྱོན་དུ་མི་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཐམས་ཅད་ཅེས་བྱ་བའི་སྒྲས་ཀུན་རྫོབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླངས་པ་བསྡུས་པའི་ཕྱིར་དང༌། དོན་དམ་པར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པར་ཁས་བླངས་ནས་དེ་ལ་སྐུར་བ་གདབ་པ་མ་བྱས་པ་དེའི་ཕྱིར། ཁྱོད་ཀྱིས་ཁོ་བོ་ལ་རང་གི་ཚིག་དང་འགལ་བའི་སྐྱོན་བརྗོད་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །གནས་བརྟན་ཆོས་སྐྱོང་གིས་ཀྱང༌། སློབ་དཔོན་འཕགས་པ་ལྷས་མཛད་པ་དབུ་མའི་ཚིག་ལེའུར་བྱེད་པ་བརྒྱ་པའི་འགྲེལ་པ་བྱས་པ་ལས། རང་གི་ཚིག་དང་འགལ་བའི་སྐྱོན་འདི་བརྗོད་དེ། དབུ་མ་དང་བརྒྱ་པ་ནི་ལྟ་བ་མཐུན་པ་ཡིན་པས་དེའི་ཕྱིར། གནས་བརྟན་ཆོས་སྐྱོང་གིས་ཀྱང༌། དབུ་མ་པའི་བསྟན་བཅོས་ཀྱི་དོན་མི་ཤེས་བཞིན་དུ་སྐྱོན་བཏགས་པ་ཡིན་པར་ཤེས་པར་བྱའོ། །དམ་བཅས་པའི་སྐྱོན་དེའི་ལན་དུ་ལུང་འཐད་པ་དང་བཅས་པར་སྒྲུབ་པའི་ཕྱིར། དཔེར་ན་སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ཡང་འཁོར་བསྡུས་པ་ལས་དགེ་བ་རྣམས་ཞེས་བརྗོད་པ་དང༌། རྣམ་པར་ཤེས་པ་བདག་ཏུ་ཁས་བླངས་ནས་དོན་དམ་པར་རྣམ་པར་ཤེས་པ་བདག་མ་ཡིན་ནོ་ཞེས་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་ལྟ་བུ་དང་ཞེས་བྱ་བ་སྨྲས་སོ། །དེ་ལ་དཔེར་ན་སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ཡང་འཁོར་སྡུད་པ་ལས་དགེ་བ་རྣམས་ཞེས་བརྗོད་པ་དང་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན་འདི་ལ་དོན་དམ་པར་ན་དགེ་བ་ནི་ཐར་པ་གཅིག་པུ་ཁོ་ནར་ཟད་ཀྱི་གཞན་ནི་ཅུང་ཟད་མེད་པས། དེའི་ཕྱིར་སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ང་ནི་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཆུང་ངུ་ལ་ཡང་མངོན་པར་དགའ་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། བཤད་པ་ནི་ཆུང་ངུ་ཡང་དྲི་ང་བ་ཡིན་པ་དང་འདྲ་བའི་ཕྱིར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་སོགས་པ་ཡོན་ཏན་རྣམས་ནི་དོན་དམ་པར་དགེ་བ་མ་ཡིན་ནོ། །འོན་ཀྱང་འཁོར་བ་སྡུད་པ་ལ་ལྟོས་ན་དགེ་བ་རྣམས་ཞེས་ཀྱང་བརྗོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་


DTG099_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པར་བྱས་ཏེ་བསོད་ནམས་དག་བྱའོ། །གུས་པར་བྱས་ཏེ་བསོད་ནམས་དག་བྱས་པའི་རྣམ་པར་སྨིན་པ་ནི། འདོད་པ་དང༌། སྡུག་པ་དང༌། དགའ་བ་དང༌། ཡིད་དུ་འོང་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེས་ན་དེ་ལྟར་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་རོ། །དེ་ལ་གལ་ཏེ་སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ནོ་ཞེས་སྨྲས་ནས། དེ་དག་དོན་དམ་པ་ཁོ་ནར་དགེ་བ་ཡང་ཡིན་ནོ་ཞེས་སྨྲས་ན་ནི་དེའི་ཚེ་དམ་བཅས་པའི་སྐྱོན་དུ་ཡང་འགྱུར་ལ། སྦྱིན་པ་ལ་སོགས་པ་ཀུན་རྫོབ་ཏུ་དགེ་བ་ཁས་བླངས་ནས་དེ་དག་ཀུན་རྫོབ་ཁོ་ནར་དགེ་བ་མ་ཡིན་པར་ཡང་ཁས་བླངས་ན་ནི་དེའི་ཚེ་ཡང་དམ་བཅས་པའི་སྐྱོན་དུ་ཡང་འགྱུར་བ་ཞིག་ན། སྦྱིན་པ་ལ་སོགས་པ་དོན་དམ་པར་དགེ་བ་མ་ཡིན་ཡང་འཁོར་བ་སྡུད་པ་ལས་དགེ་བ་རྣམས་ཞེས་བརྗོད་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་དང་འདྲ་བར་འདིར་ཡང་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཡང༌། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་རོ། །རྣམ་པར་ཤེས་པ་བདག་ཏུ་ཁས་བླངས་ནས་དོན་དམ་པར་རྣམ་པར་ཤེས་པ་བདག་མ་ཡིན་ནོ་ཞེས་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་ལྟ་བུ་དང་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན། བཅོམ་ལྡན་འདས་ལ་འགའ་ཞིག་གིས། བཅོམ་ལྡན་འདས་གལ་ཏེ་བདག་མ་མཆིས་ན། ཇི་ལྟར་དགེ་བ་དང་མི་དགེ་བའི་ལས་དང་འབྲས་བུར་འབྲེལ་པར་འགྱུར་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་བསྐྱེད། །ཅེས་བཀའ་སྩལ་པས། ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ལ་བདག་དང་བདག་ཉིད་དུ་ཁས་བླངས་ནས། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་དུས་ན་རྣམ་པར་ཤེས་པ་བདག་མ་ཡིན། བདག་རྣམ་པར་ཤེས་པ་དང་ལྡན་པ་མ་ཡིན། རྣམ་པར་ཤེས་པ་ལ་བདག་མེད་བདག་ལ་རྣམ་པར་ཤེས་པ་མེད་དོ་ཞེས་གསུངས་པས། དེ་ལྟར་དམ་བཅས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་དང་འདྲ་བར། འདིར་ཡང་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཡང༌། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲས་པ་ལ་དམ་བཅས་པའི་སྐྱོན་དུ་མི་འགྱུར་རོ། །དེ་ལ་དམ་བཅས་པའི་སྐྱོན་དུ་འགྱུར་བར་བརྗོད་ན་ནི་དེས་ན་


DTG099_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྡེ་པ་དག་གིས་གང་གིས་དེ་སྐད་ཅེས་བཀའ་སྩལ་པའི། བཅོམ་ལྡན་འདས་ལ་ཡང་དམ་བཅས་པའི་སྐྱོན་གྱིས་བརྒལ་བར་བྱ་བའི་རིགས་སོ། །འཐད་པ་གང་ཞེ་ན། དེའི་ཕྱིར་དཔེར་ན་སྤྲུལ་པའི་སྐྱེས་བུ་སྐྱེ་བ་ལ་སྐྱེས་བུའི་ངོ་བོ་ཉིད་དུ་སྐྱེ་བ་མེད་པ་དེ་བཞིན་དུ། སྒྱུ་མ་དང་སྨིག་རྒྱུ་ལྟ་བུའི་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་སྐྱེ་བ་ཡང་ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་མ་ཡིན་པས་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་བསྟན་ཞེ་ན། དཔེར་ན་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་རྫུ་འཕྲུལ་དང་ལྡན་པས་སྤྲུལ་པའི་སྐྱེས་བུ་གང་སྤྲུལ་བར་མཛད་པ་དེ་ལ་མགོ་དང༌། རྒྱབ་དང༌། ལྟོ་དང༌། རྐང་ལག་ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་སྤྲུལ་པའི་སྐྱེས་བུ་སྐྱེ་བ་ནི་ཡོད་ལ། དེ་ལ་སེམས་དང་སེམས་ལས་བྱུང་བ། ཚོར་བ་དང༌། སེམས་དང༌། འདུ་ཤེས་དང༌། ཡིད་ལ་བྱེད་པ་དང༌། རེག་པ་ལ་སོགས་པ་མེད་པས། སྐྱེས་བུའི་ངོ་བོ་ཉིད་དུ་སྐྱེ་བ་མེད་པ་དེ་བཞིན་དུ། ཇི་ལྟར་སྒྱུ་མ་མཁན་གྱི་ནོར་བུ་དང༌། གསང་སྔགས་དང༌། སྨན་གྱི་རྒྱུ་ལས་བྱུང་བའི་སྐྱེས་བུ་བསྐྱེད་པ་ལ་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་མེད་པས་སེམས་ཅན་དུ་བགྲང་བ་མེད་པའི་ཕྱིར་སྐྱེས་བུའི་ངོ་བོ་ཉིད་དུ་སྐྱེ་བ་མེད་པ་ལྟ་བུ་དང༌། ཇི་ལྟར་ས་ཕྱོགས་རླན་པ་ལ་ཉི་མའི་འོད་ཟེར་གྱིས་གདུངས་པ་ན་ནམ་མཁའ་ལ་རླངས་པའི་སྨིག་རྒྱུ་ཆུར་འཁྲུལ་པ་འབྱུང་བ་ལ་ཆུའི་ཡོན་ཏན་མེད་པས་ཆུའི་ངོ་བོ་ཉིད་དུ་སྐྱེ་བ་མེད་པ་ལྟ་བུའི་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་སེམས་ཅན་དུ་བགྲང་བའི་ཕུང་པོ་རྣམས་སྐྱེ་བ་ཡང་ཀུན་རྫོབ་ཏུ་སྐྱེ་བ་ཡིན་གྱི། དོན་དམ་པ་ནི་སྐྱེ་བ་མེད་པ་ཡིན་པས་འདི་ལ་དམ་བཅས་པའི་སྐྱོན་དུ་འགྱུར་བའི་ཉེས་པ་མེད་དོ། །འདིར་བསྟན་བཅོས་རྣམ་པར་བཤད་པར་བྱ་བ་ལ་རབ་ཏུ་བྱེད་པའི་སྐབས་ཐམས་ཅད་དུ་གཞན་དག་གིས་རང་གི་ཚིག་དང་འགལ་བ་དང༌། ལུང་དང་འགལ་བ་དང༌། འཇིག་རྟེན་དང་འགལ་བ་དང༌། མངོན་སུམ་དང་འགལ་བ་དང༌། རྗེས་སུ་དཔག་པ་དང་འགལ་བདག་གིས་རྒོལ་བར་བྱེད་པ་དེ་དག་ཐམས་ཅད་ཀྱི་ལན་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་བྲིས་པ་འདི་ཉིད་ཡིན་པར་ཤེས་པར་བྱ་སྟེ། འོག་ནས་ཡང་ནས་ཡང་དུ་རྒྱ་ཆེར་བཟླས་པར་བྱ་མི་དགོས་སོ། །གཞན་དག་ན་རེ་སྐྱེ་བའི་འོག་ཏུ་འགག་པ་དགག་པར་རིགས་ཏེ་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཆད་པ་བཞིན་ནོ་ཞེས་ཟེར་རོ་ཞེས་


DTG099_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རྒོལ་བ་གཞན་དག་འདི་ལ་རིགས་པའི་མཚན་ཉིད་ཀྱིས་ཀྱང་ཉེས་པ་མེད་པར་གྱུར་པ་དང༌། དེའི་འོག་ཏུ་བུད་མེད་དང་དམངས་རིགས་ཡ་མཚན་བསྐྱེད་པ་ཡང་རང་བཟོའི་ཉེས་པ་གཞན་སྒྲུབ་པས་སྐྱོན་འདོགས་པར་བྱེད་པ་ཡིན་ནོ། །གཞན་དག་ན་རེ། ཞེས་བྱ་བ་ནི་རྒོལ་བ་གཞན་དག་ན་རེའོ། །སྐྱེ་བའི་འོག་ཏུ་འགག་པ་དགག་པར་རིགས་ཏེ་ཞེས་བྱ་བ་ནི་མདོ་མཛད་པས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །ཞེས་བྱ་བ་ལ་སོགས་པ་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པའི་ཚིག་སྨྲས་པ་དེ་ལ་འདིར་རྒོལ་བ་གཞན་དག་ན་རེ། ཚིག་དེ་མ་ལེགས་ཏེ། འདིར་དངོས་པོ་སྐྱེས་ནས་འགག་པར་འགྱུར་གྱི། མ་སྐྱེས་ན་མི་འགག་པས་འདིར་འགག་པ་མེད་པ་ཞེས་བྱ་བས། འགག་པ་བཀག་པ་དང༌། སྐྱེ་བ་མེད་པ་ཞེས་བྱ་བས་སྐྱེ་བ་དགག་པ་དེའི་གོ་རིམས་མི་རིགས་ཏེ། འདི་ལྟར་སྐྱེ་བ་མེད་པ་འགག་པ་མེད་པ་ཞེས་བྱ་བ་དེ་ལྟར་བརྗོད་ཀྱང་སྔར་སྐྱེ་བ་བཀག་པ། དེའི་འོག་ཏུ་འགག་པ་བཀག་པར་རིགས་སོ་ཞེས་ཟེར་བ་སྟེ། དེ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །དེའི་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ཞེས་བྱ་བའི་སྒྲས་ནི་སྐྱེ་བ་བཟུང་ངོ༌། །སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འགག་པ་གང་ལ་སྐྱེ་བ་དེ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་གྱི་འགག་པ་སྟེ་འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཆད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་ནོ། །དེ་ལ་ཆད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཁྱེད་ཀྱི་མདོ་བྱེད་པས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་ཞེས་སྨྲས་པའི་རིམ་གྱིས་སྐྱེ་བ་མེད་པ་ཞེས་བྱ་བའི་འོག་ཏུ་ཆད་པ་མེད་པ་ཞེས་སྨྲས་པས། སྐྱེ་བའི་འོག་ཏུ་ཆད་པ་བཀག་པ་བཞིན་ཏེ། ཆད་པ་དེ་ཡང་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། སྐྱེ་བ་བཀག་པའི་འོག་ཏུ་ཆད་པ་བཀག་པ་ནི་རིགས་ཏེ། འདི་ལྟར་སྐྱེས་པའི་རྒྱུན་འཇིག་པའི་མཚན་ཉིད་ནི་ཆད་པ་ཡིན་པས། དེའི་ཕྱིར་སྐྱེ་བ་བཀག་པའི་འོག་ཏུ་ཆད་པ་བཀག་པ་བཞིན་དུ་འདིར་ཡང་སྐྱེ་བ་བཀག་པའི་འོག་ཏུ་འགག་པ་དགག་པར་རིགས་ན། འགག་པ་སྔར་བཀག་ལ་སྐྱེ་བ་ཕྱིས་བཀག་པས། དེའི་ཕྱིར་མདོ་བྱེད་པས་ཉེས་པར་སྨྲས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ་ཞེས་བྱ་བ་ནི་རྒོལ་བ་གཞན་དག་འདི་ལ་རིགས་པའི་མཚན་ཉིད་ཀྱིས་ཀྱང་ཉེས་པ་མེད་པར་


DTG099_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང༌། དེའི་འོག་ཏུ་བུད་མེད་དང་དམངས་རིགས་ཡ་མཚན་བསྐྱེད་པ་དང་རང་བཟོའི་ཉེས་པ་གཞན་སྒྲུབ་པས་སྐྱོན་འདོགས་པར་བྱེད་པ་དག་དེ་སྐད་ཟེར་བ་ཡིན་ནོ། །དེ་སྐད་རྒོལ་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར། འགག་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡང་ཕྱིས་དགག་པར་ཁས་མ་བླངས་པས་གཏན་ཚིགས་མ་ངེས་པའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་འགག་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡང་ཕྱིས། དགག་པར་ཁས་མ་བླངས་པ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། གལ་ཏེ་འཁོར་བ་ལ་ཐོག་མ་ཡོད་ན་ནི་དངོས་པོ་རྣམས་ཀྱི་འགག་པ་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཁོ་ནར་འགྱུར་བས། དེས་ན་སྐྱེ་བ་སྔར་བསྟན་ཅིང་དེའི་འོག་ཏུ་འགག་པ་བསྟན་ལ། དེ་ཉིད་ཀྱི་རིམ་གྱིས་སྐྱེ་བ་དགག་པའི་འོག་ཏུ་འགག་པ་དགག་པར་ཡང་རིགས་པར་འགྱུར་བ་ཞིག་ན་འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་ཤི་བ་ཞེས་བྱ་བ་འདས་མ་ཐག་པའི་འགག་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ། ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་འགག་པ་སྔོན་དུ་འགྲོ་བ་ཅན་ཡིན་པར་མཐོང་བའི་ཕྱིར། སྐྱེ་བའི་འོག་ཏུ་འགག་པ་དགག་པ་ཁོ་ནར་ཡང་ཁས་མ་བླངས་ལ། འགག་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡང་ཕྱིས་དགག་པར་ཁས་མ་བླངས་པའོ། །གཏན་ཚིགས་མ་ངེས་པའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི། ཁྱོད་ཀྱིས་སྐྱེ་བའི་འོག་ཏུ་འགག་པ་དགག་པའི་རིགས་སོ་ཞེས་སྨྲས་པའི་གཏན་ཚིགས་དེ་ལ་མ་ངེས་པའི་སྐྱོན་ཡོད་པ་སྟེ། ཇི་རེ་ཞིག་འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཆད་པ་བཞིན་པས། འགག་པ་ཕྱིས་དགག་པར་བྱ་བ་ཞིག་གམ། འོན་ཏེ་སྐྱེ་བ་ནི་དགག་པའི་རྒྱུ་ལས་བྱུང་བའི་ཕྱིར་སྐྱེ་བ་ཕྱིས་དགག་པར་བྱ་བ་མ་ངེས་པས་ཁྱོད་ཀྱི་གཏན་ཚིགས་དེ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གཏན་ཚིགས་དེ་མ་ངེས་པའི་སྐྱོན་ཡོད་པ་ཁོ་ནའི་ཕྱིར་སློབ་དཔོན་གྱིས་མཛད་པ་འདི་ལ་ཚིག་གི་སྐྱོན་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་གཞན་ཡང་དགག་པ་ནི་སྐྱེ་བའི་རིམ་པ་ལ་མི་ལྟོས་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་ཡང་ཚིག་གིས་ཉེས་པ་མེད་དོ། །ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ་བསྟན་བཅོས་གང་ལ་དངོས་པོར་གྱུར་པའི་ཚིག་དོན་རྣམ་པར་འཇོག་པར་བྱེད་པ་དེ་ལ་ནི་ཚིག་གི་དོན་


DTG099_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྔར་རྣམ་པར་གཞག་པར་བྱས་ལ། ཚིག་གི་དོན་འདི་ནི་ཕྱིས་རྣམ་པར་གཞག་པར་བྱའོ་ཞེས་བརྗོད་པར་བྱ་བ་ཡིན་གྱི། སྟན་བཅོས་འདི་ལ་ནི་འགག་པ་དང་སྐྱེ་བ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་དེ་དག་ཐམས་ཅད་བཀག་པས་བཞེད་པ་འགྲུབ་པར་དགོངས་པས་དེའི་ཕྱིར་ཚིག་གི་དོན་དེ་དག་ལས་གང་ཁོ་ནའི་དགག་པ་སྨྲས་པ་དེ་ཁོ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལྟ་བས་ན་སྔ་ཕྱི་དགག་པའི་རིམ་པ་དང་ཚིག་གི་གོ་རིམས་ངེས་པར་བྱ་བ་གང་ཡིན་པ་དེ་སྐབས་འདིར་མི་དགོས་སོ། །དེའི་ཕྱིར་དོན་བརྟག་པ་ཡིན་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འདི་ནི་བསྟན་བཅོས་ཀྱི་དོན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་བརྟག་ཅིང་དཔྱད་པ་ཡིན་པ་དེའི་ཇི་ལྟར་བརྡ་སྤྲོད་པ་ལ་སྒྲ་དང་སྒྲའི་རང་གི་མཚན་ཉིད་དང༌། རང་བཟོའི་མཚན་ཉིད་བརྟག་ཅིང་དཔྱད་པ་ལྟ་བུ་མི་དགོས་སོ། །ཚིག་གཞན་དུ་བྱས་ན་ཡང་ཐལ་བ་མཚུངས་པར་ཉེ་བར་གནས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་རྒྱུ་དེ་དག་ཁོང་ནས་མདོ་མཛད་པ་ལ་ཉེས་པར་སྨྲས་པ་ཉིད་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་ཚིག་གཞན་དུ་བྱས་ན་ཡང་བརྒལ་ཞིང་བརྟག་པ་ཧ་ཅང་ཐལ་བ་མཚུངས་པར་ཉེ་བར་གནས་པའི་ཕྱིར་ཏེ། གང་གི་ཚེ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སྨྲས་ནས་ཡང་དེའི་ཚེ་ཡང་ཁྱོད་ན་རེ། ཅིའི་ཕྱིར་སྐྱེ་བ་མེད་པ་འགག་པ་མེད་པ་ཞེས་མ་བརྗོད་ཅེས་རྒོལ་ཞིང་རྟོག་ ཅང་ཐལ་བར་བྱེད ་པར་འགྱུར་ལ། གང་གི་ཚེ་སྐྱེ་བ་མེད་པ་འགག་པ་མེད་པ་ཞེས་སྨྲས་ན་ཡང་དེའི་ཚེ་ཁྱོད་ན་རེ། ཅིའི་ཕྱིར། འགག་པ་མེད་པ་སྐྱེ་མེད་པ། །ཞེས་མ་བརྗོད་ཅེས་རྒོལ་ཞེས་རྟོག་པ་ཧ་ཅང་ཐལ་བ་མཚུངས་པར་ཉེ་བར་གནས་པའི་ཕྱིར་ཁྱོད་ཀྱི་བརྒལ་ཞིང་བརྟག་པའི་ཚིག་དེ་ནི་གྱི་ནའོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པས་ལན་གྱི་ལམ་དེ་དག་གིས་ཉེས་པར་བརྟགས་ན། སློབ་དཔོན་གྱིས་མཛད་པའི་སྐབས་འདི་ལ་རྒོལ་བ་གཞན་དག་གིས་སྨྲས་པའི་ཉེས་པ་མེད་དོ།། །།བམ་པོ་དྲུག་པ། བསྟན་བཅོས་འདིར་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་དངོས་པོ་ཉིད་འགོག་པར་བྱེད་པས་དེའི་ཕྱིར་སངས་རྒྱས་པ་དག་གིས་ཀྱང་བསྟན་བཅོས་འདི་མི་བཟོད་པས་དེའི་ཕྱིར། རང་གི་སྡེ་པ་དག་ལས་ཁ་ཅིག་བསྟན་བཅོས་བརྩམ་པ་དགག་པར་འདོད་པ་དག་ན་རེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་


DTG099_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདུས་མ་བྱས་ཡིན་པའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་བརྩམ་པ་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་བསྟན་བཅོས་འདིར་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་དངོས་པོ་ཉིད་འགོག་པར་བྱེད་པས་དེའི་ཕྱིར་སངས་རྒྱས་པ་དག་གིས་ཀྱང༌། བསྟན་བཅོས་འདི་ནི་བཟོད་པས་འདིར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་དེ་སྐད་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རང་གི་སྡེ་པ་དག་ལས་ཞེས་བྱ་བ་ལ། རང་གི་ཞེས་བྱ་བ་ནི་རང་གི་ཕྱོགས་གང་ལ་སྡེ་པ་གང་དག་ཡོད་པ་དེ་དག་ནི་རང་གི་ཞེས་བྱའོ། །སྡེ་ཞེས་བྱ་བ་ནི་ཚོམས་དང་རིས་དང་ཚོགས་ཞེས་བྱ་བ་དག་དང་དོན་གཅིག་གོ །པ་དག་ཅེས་བྱ་བ་ནི་དེར་གཏོགས་པ་དག་གོ །ལས་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། རང་གི་སྡེ་པ་དག་ཁོ་ན་ལས་ཡིན་གྱི། གཞན་གྱི་སྡེ་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ཅེས་བྱ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གོ །བསྟན་བཅོས་ཞེས་བྱ་བ་ནི་དབུ་མ་ཞེས་བྱ་བའི་བསྟན་བཅོས་འདིའོ། །བརྩམ་པ་ཞེས་བྱ་བ་ནི་དབུ་མ་ཞེས་བྱ་བ་ནི་བསྟན་བཅོས་འདི་བརྩམ་པ་དང༌། ཡིད་ལ་འཇུག་པ་དང་འདི་བྱ་བའོ། །དགག་པར་འདོད་པ་དག་ཅེས་བྱ་བ་ནི་གང་དག་དབུ་མ་ཞེས་བྱ་བའི་བསྟན་བཅོས་འདི་མི་བྱ་ཞིང་དགག་པར་འདོད་པ་དེ་དག་ནི་བསྟན་བཅོས་བརྩམ་པ་དགག་པར་འདོད་པ་དག་གོ །ན་རེ་ཞེས་བྱ་བ་ནི་བསྟན་བཅོས་བརྩམ་པ་དགག་པར་འདོད་པ་དེ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ནི་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ། ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང་ལྡན་པ། བསྟན་བཅོས་དབུ་མ་ཞེས་བྱ་བ་འདིའི་ལུས་སུ་བཞག་པ་གང་ཡིན་པ་དེའོ། །འདུས་མ་བྱས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་


DTG099_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དེ་ཁྱེད་དབུ་མ་པ་ན་རེ། འདུས་བྱས་མ་ཡིན་པས་འདུས་མ་བྱས་ཡིན་པའི་ཕྱིར་ཉན་ཐོས་ལ་སོགས་པ་དང༌། ཐུན་མོང་མ་ཡིན་ནོ་ཞེས་ཟེར་བའོ། །ཁོ་བོ་ཅག་གི་ཕྱོགས་ལ་ཡང་མ་གྲུབ་པས་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཁོ་བོ་ཅག་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ནི་འདུས་མ་བྱས་ཉིད་དུ་ཡོད་པར་གྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གི་ཕྱོགས་ལ་ཡང་འདུས་མ་བྱས་བཞི་པོ་དག་ནི་རྫས་སུ་ཡོད་པར་འདོད་པའི་ཕྱིར་ཏེ། བཞི་གང་ཞེ་ན། ནམ་མཁའ་དང༌། སོ་སོར་མ་བརྟགས་པར་འགོག་པ་དང༌། སོ་སོར་བརྟགས་ཏེ་འགོག་པ་དང༌། དེ་བཞིན་ཉིད་དོ། །ཁོ་བོ་ཅག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་འདུས་མ་བྱས་དེ་དག་གང་ཞེ་ན། འདི་ལྟར། དེ་ལ་འཇུག་པ་མི་སྡུག་དང༌། །རྡུལ་དང་འབྱུང་བ་དྲན་པ་དང༌། །ཞེས་བྱ་བ་ནས་དེ་མ་ཐག་ཏུ་དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་དང༌། ཟག་པ་མེད་པའི་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤིས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་རིམ་གྱིས། སློབ་པ་ཐམས་ཅད་ཀྱི་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉོན་མོངས་པ་རྣམས་ཟད་པ་དང། མི་སྐྱེ་པ་ཤེས་པའི་ཤེས་པ་སྐྱེ་བ་གང་ཡིན་པ་འདི་ནི་ཁོ་བོ་ཅག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་འདུས་མ་བྱས་ཡིན་ནོ། །དེ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞིང༌། ཅིའི་ཕྱིར་འདུས་མ་བྱས་ཞེས་ཀྱང་བྱ་ཞེ་ན། འདི་ལྟར་དེ་ནི་རྒྱུ་གཅིག་ནས། གཅིག་ཏུ་བརྒྱུད་པས་བསྐྱེད་བ་ཡིན་པའི་ཕྱིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ལ། དེ་ལ་མངོན་སུམ་གྱི་རྒྱུ་མེད་པའི་ཕྱིར་ནི་འདུས་མ་བྱས་ཞེས་བྱ་སྟེ། ཇི་སྐད་དུ། ཇི་ལྟར་བོད་བ་གནམ་འགྲོ་ལ། །ལག་པའི་རྒྱུ་ནི་ཡོད་པ་དང༌། །དེ་ཉིད་འབབ་ལ་རྒྱུ་མེད་པས། །དེ་ལ་འཕེན་རྒྱུ་འབའ་ཞིག་གོ།། ཞེས་གསུངས་པས། དཔེར་ན་བོང་བ་གནམ་དུ་འཕངས་པ་ལ་ནི་ལག་པའི་ཤུགས་ཀྱི་རྒྱུ་ཡོད་ལ། དེ་ཉིད་ཐུར་དུ་འབབ་པ་ལ་ནི་རྒྱུ་མེད་པས། དེ་ལ་ཡར་འཕེན་པ་ལ་ནི་མངོན་སུམ་གྱི་རྒྱུ་ཡོད་ཀྱི། ཕྱིར་འབབ་པ་ལ་ནི་རྒྱུ་མེད་དེ་དེ་བརྒྱུད་པའི་རྒྱུ་ལས་འབྱུང་བ་དང་འདྲ་བར། ཁོ་བོ་ཅག་གི་ཟད་པ་དང་མི་སྐྱེ་བ་


DTG099_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འདི་ལ་ཡང་དང་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་བརྒྱུད་པའི་རྒྱུ་ཡོད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཀྱང་བྱ་ལ། མངོན་སུམ་གྱི་རྒྱུ་མེད་པས་འདུས་མ་བྱས་ཞེས་ཀྱང་བྱ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་འདུས་མ་བྱས་གང་ཡིན་པ་དེ་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་འདུས་མ་བྱས་པ་གང་ཡིན་པ་དེ་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས་དེའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ། ཐུན་མོང་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་བསྟན་བཅོས་བརྩམ་བ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་པ་ཉན་ཐོས་དང་ཐུན་མོང་མ་ཡིན་པ་དེའི་ཕྱིར། འདིར་བསྟན་བཅོས་བྱེད་པས་དབུ་མ་ཞེས་བྱ་བའི་བསྟན་བཅོས་འདི་བརྩམ་པ་རིགས་པ་མ་ཡིན་ནོ་ཞེས་བསྟན་བཅོས་བརྩམ་པ་འདི་འགོག་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། བསྟན་བཅོས་འདིར་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་དངོས་པོ་ཉིད་འགོག་པར་བྱེད་པས། དེའི་ཕྱིར་སངས་རྒྱས་པ་དག་གིས་ཀྱང་བསྟན་བཅོས་འདི་མི་བཟོད་པས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་དེ་སྐད་ཟེར་བ་ཡིན་ནོ། །དེ་སྐད་རྒོལ་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ནི་དགག་པའི་ཚུལ་གྱིས་སྟོན་པའི་ཕྱིར་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་སྔར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པ་ཁྱད་པར་དང་ལྡན་པ་ནི་འདུས་མ་བྱས་ཡིན་པའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ། ཞེས་ཟེར་བའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་


DTG099_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བའི་འདུས་མ་བྱས་དང༌། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལས་སྨྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ནི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པས་དེའི་ཕྱིར་བསྟན་བཅོས་འདི་བརྩམས་པ་ནི་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ནི་དགག་པའི་ཚུལ་གྱིས་སྟོན་པའི་ཕྱིར་དང་ཞེས་བྱ་བ་ནི། ཁོ་བོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང་ལྡན་པ། བསྟན་བཅོས་དབུ་མ་ཞེས་བྱ་བ་འདིའི་ལུས་སུ་བཞག་པ་གང་ཡིན་པ་ནི། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་དགག་པའི་ཚུལ་གྱིས་སྟོན་ལ། ཁྱོད་ཀྱིས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་དངོས་པོའི་ཚུལ་དུ་ཁས་ལེན་པས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པས་དེའི་ཕྱིར་བསྟན་བཅོས་བརྩམ་པ་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཁྱེད་ན་རེ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དངོས་པོའི་ཚུལ་དུ་ནི་མེད་མོད་ཀྱི། འོན་ཀྱང་དེ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་ན་མི་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་ཚིག་ཙམ་གྱིས་གཞན་ལ་གོ་བར་བྱར་མི་རུང་སྟེ། རྗེས་སུ་དཔག་པའི་ཚད་མ་དགོས་ན་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་དེ་ཡང་ཁྱོད་ལ་མེད་པ། ཁྱོད་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་ནི་ང་ལ་ཡོད་པས་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པས་དེའི་ཕྱིར་བསྟན་བཅོས་བརྩམ་པ་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་ངེས་པ་ལས་སྐྱེས་པ་དེ་འདུས་མ་བྱས་ཉིད་དུ་རྟོག་ན་ཞེས་བྱ་བ་ནི་


DTG099_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་བྱེད་པས། ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་དོགས་པ་བསུ་བའི་ཚིག་ཡིན་ཏེ། སྔར་རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་བསྟན་པ་དང༌། འདིར་གལ་ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་བསྟན་པའི་ཕྱིར། རྐྱེན་ངེས་པ་ལས་སྐྱེ་བ་དེ་འདུས་མ་བྱས་ཉིད་དུ་རྟོག་ན་དེ་ཡང་མི་རུང་བར་སྟོན་ཏོ། །དེ་ལ་རྐྱེན་ངེས་པ་ལས་སྐྱེ་བ་དེ་འདུས་མ་བྱས་ཉིད་དུ་རྟོག་ན་ཞེས་བྱ་བ་ལ། རྐྱེན་ངེས་པ་ལས་ཞེས་བྱ་བ་ནི་འདི་ལྟར་དེ་ལ་འཇུག་པ་མི་སྡུག་དང༌། རྔུབ་པ་དང་འབྱུང་བ་དྲན་པ་དང༌། ཞེས་བྱ་བ་ནས། དེ་མ་ཐག་ཏུ། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་དང༌། ཟག་པ་མེད་པའི་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གིས་རིམ་གྱིས་སློབ་པ་ཐམས་ཅད་ཀྱི་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རྣམས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེའི་རྐྱེན་དང་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་བརྒྱུད་པ་གང་དག་ཡིན་པ་དེ་དག་ནི་རྐྱེན་ངེས་པ་ཞེས་བྱའོ། །དེ་ལས་སྐྱེ་བ་དེ་ཞེས་བྱ་བ་ནི་རྐྱེན་ངེས་པ་དེ་ལས་སྐྱེ་བ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་དེའོ། །དེ་འདུས་མ་བྱས་ཉིད་དུ་རྟོག་ན་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཤེས་པ་དེ་རྐྱེན་ངེས་པ་དང་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་བརྒྱུད་པའི་རྒྱུ་ལས་བྱུང་བར་ཟད་ཀྱི། །དེ་ལ་མངོན་སུམ་གྱི་རྒྱུ་བར་དུ་མ་ཆོད་པ་ཉིད་མེད་པས་དེས་ན་བྲལ་བའི་འབྲས་བུའི་དབང་དུ་བྱས་ཏེ་འདུས་མ་བྱས་ཉིད་དུ་རྟོག་ནའོ། །དེ་ལྟར་རྟོག་ན་དེ་ཡང་མི་རུང་སྟེ་ཅིའི་ཕྱིར་མི་རུང་ཞེ་ན། དེའི་ཕྱིར་སྐྱེ་བ་བཀག་པ་ཉིད་ཀྱི་ཕྱིར་དེའི་ཆོས་ཉིད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་བཀག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཁྱོད་ཀྱི་རྐྱེན་ངེས་པ་ལས་སྐྱེ་བ་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་དེ་ཁོ་བོས་དོན་དམ་པར་བཀག་པ་ཉིད་ཀྱི་ཕྱིར་རོ། །དེའི་ཆོས་ཉིད་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་དེའི་


DTG099_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་འདུས་མ་བྱས་ཉིད་མི་སྲིད་པའི་ཕྱིར་ཏེ། འདི་ལྟར་ཁྱོད་ཀྱི་རྐྱེན་ངེས་པ་ལས་སྐྱེ་བ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཤས་པ་སྐྱེ་བ་དེ་ཁོ་བོས་དོན་དམ་པར་བཀག་པ་ཉིད་ཀྱི་ཕྱིར་སྐྱེ་བ་དེའི་ཆོས་ཉིད་འདུས་མ་བྱས་ཉིད་ཀྱང་མི་སྲིད་པས་དེའི་ཕྱིར་ཁྱོད་རྐྱེན་ངེས་པ་ལས་སྐྱེ་བ་དེ་འདུས་མ་བྱས་ཉིད་དུ་རྟོག་ན་དེ་ཡང་མི་རུང་ངོ༌། །དེ་ལྟ་བས་ན་ཁྱོད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་ལ་ནི་རྗེས་སུ་དཔག་པའི་གསལ་བ་དང་དེ་ཁོ་ན་མེད་ལ། ཁོ་བོ་ལ་ནི་ཁྱོད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པ་སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་ཡོད་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉན་ཐོས་དང་ཐུན་མོང་མ་ཡིན་པས་བསྟན་བཅོས་བརྩམ་པ་མི་རིགས་པ་མ་ཡིན་ནོ། །གཞན་ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་རྐྱེན་ངེས་པ་ལས་སྐྱེ་བ་དེ་འདུས་མ་བྱས་ཉིད་དུ་རྟོག་པ་སུན་དབྱུང་བའི་གསལ་བ་དང་དེ་ཁོ་ན་བསྟན་པའི་ཕྱིར། སྐྱེ་བ་ནི་འདུས་མ་བྱས་པ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་གནས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་སྐྱེ་བ་ནི་འདུས་མ་བྱས་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་ཡིན་ཏེ། ད་ལྟར་དང་མ་འོངས་པའི་ཉོན་མོངས་པ་རྣམས་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་གད་ཡིན་པ་དེ་ནི་འདུས་མ་བྱས་མ་ཡིན་ནོ། །རྒྱུ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཡིན་ཏེ། ཅེའི་ཕྱིར་སྐྱེ་བ་ནི་འདུས་མ་བྱས་མ་ཡིན་ཞེ་ན། རྒྱུ་དང་ལྡན་པའི་ཕྱིར་ཏེ། འདི་ལྟར་བྱེ་བྲག་ཏུ་སྨྲ་བ་ཁྱེད་ཀྱིས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་དེ་རྐྱེན་ངེས་པ་ལས་སྐྱེའོ་ཞེས་ཁས་བླངས་པས་དེ་རྒྱུ་དང་ལྡན་པའི་ཕྱིར་འདུས་མ་བྱས་པ་མ་ཡིན་ནོ། །གལ་ཏེ་ཁྱེད་འདི་སྐད་ཅེས་རྐྱེན་ངེས་པ་ལས་སྐྱེ་བ་ཞེས་བྱ་བ་དེ་ནི་དེ་བརྒྱུད་པའི་རྒྱུ་ལས་སྐྱེ་བར་སྨྲས་པ་ཡིན་གྱི། མངོན་སུམ་གྱི་རྒྱུ་ལས་སྐྱེ་བར་མ་སྨྲས་པས་དེའི་ཕྱིར་དབུ་མ་པ་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ལ་ཟེར་ན། དེ་ལྟར་ན་ཡང་ཁོ་བོ་ནི་རྒྱུ་བརྒྱུད་པའམ། མངོན་སུམ་དུ་སྨྲ་བར་འདོད་པ་མ་ཡིན་གྱི། ཆོས་ཀྱི་སྤྱི་ཉིད་བཟུང་ནས་རྗེས་སུ་དཔག་པར་བྱེད་དེ། རྒྱུ་བརྒྱུད་པའམ། མངོན་སུམ་གང་ཡིན་པ་དེའི་བྱེ་བྲག་མི་སེམས་པས་དེའི་ཕྱིར་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་མ་ཡིན་ནོ། །གནས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་ཏེ། སྐྱེ་བ་རྒྱུ་དང་ལྡན་པའི་ཕྱིར་འདུས་མ་


DTG099_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་མ་ཡིན་པར་ཅི་མངོན་ཞེ་ན། གནས་པ་བཞིན་ཏེ། དཔེར་ན་འདུས་བྱས་ཀྱི་ཆོས་གནས་པ་རྣམས་ཀྱང་རྒྱུ་དང་ལྡན་པའི་ཕྱིར། འདུས་མ་བྱས་མ་ཡིན་པ་བཞིན་དུ། ཉོན་མོངས་པ་རྣམས་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་ཤེས་པ་སྐྱེ་བ་དེ་ཡང་རྒྱུ་དང་ལྡན་པའི་ཕྱིར་འདུས་མ་བྱས་མ་ཡིན་ནོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་མ་ཡིན་པ་ཉིད་སྤང་པའི་ཕྱིར་སྐྱེ་བའི་རྒྱུ་མི་འདོད་ན་ནི་དེའི་ཚེ་རྒྱུ་མེད་པར་སྨྲ་བ་ཉིད་དུ་འགྱུར་ཞིང༌། ལུང་དང་ཡང་འགལ་ཏེ། འདི་ལྟར་ལུང་ལས། སངས་རྒྱས་པ་རྣམས་ཀྱི་དངོས་པོ་ནི་རྒྱུ་མེད་པར་མི་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལས་དེ་མེད་པས་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་རྗེས་སུ་དཔག་པའི་སྒོ་ནས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཐུན་མོང་བ་ཉིད་ཅེས་བྱ་བ་དེ་མེད་པས། སློབ་དཔོན་གྱིས་བསྟན་བཅོས་བརྩམ་པ་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། བསྟན་བཅོས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ། ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང་ལྡན་པ་ལ་སངས་རྒྱས་པ་དག་ལས། ཁ་ཅིག་བློ་གྲོས་ངན་པའི་དྲ་བས་གཡོགས་པ་དག་དོན་ལ་ལོག་པར་རྟོགས་པས་དེའི་ཕྱིར། རང་གི་སྡེ་བ་དག་ལས་གཞན་དག་འདི་སྐད་ཅེས་སྐྱེ་བ་མེད་པ་ནི་དེ་ལས་གཞན་སྐྱེ་བ་མེད་པའི་ཕྱིར་ཏེ་དབང་ཕྱུག་མ་ཡིན་པ་བཞིན་ནོ། །འགག་པ་མེད་པ་ནི་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་འགག་པ་མེད་པའི་ཕྱིར་ཏེ། བདག་མེད་པ་བཞིན་ནོ། །ཆད་པ་མེད་པ་དང་རྟག་པ་མེད་པ་ནི་རྒྱུ་ལ་བརྟེན་ཏེ་འབྲས་བུ་སྐྱེ་ཞིང༌། འབྲས་བུ་སྐྱེ་བ་ན་རྒྱུ་འགག་པའི་ཕྱིར་རོ། །འོང་བ་མེད་པ་དང་འགྲོ་བ་མེད་པ་ནི་སྐྱེ་བའི་ཡུལ་ཉིད་དུ་འཇིག་པའི་ཕྱིར་རོ། །དོན་ཐ་དད་པ་མ་ཡིན་པ་དང་དོན་གཅིག་པ་མ་ཡིན་པ་ནི་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཏེ། །ནོར་བུའམ་བུད་ཤིང་ངམ་ཉི་མ་དང་ཕྲད་པ་ལས་བྱུང་བའི་མེ་བཞིན་ནོ། །དེ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གསུང་རབ་ཀྱི་ཚུལ་ཡིན་པ་ཉན་ཐོས་དང་ཐུན་མོང་མ་


DTG099_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་བརྩམ་མི་དགོས་སོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ནི་བསྟན་བཅོས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང་ལྡན་པ་བསྟན་པ་ལ། སངས་རྒྱས་པ་དག་ལས་ཁ་ཅིག་བློ་གྲོས་ངན་པའི་དྲ་བས་གཡོགས་པ་དག་དོན་ལ་ལོག་པར་རྟོགས་པས་འདིར་ཉན་ཐོས་མདོ་སྡེ་པ་དག་ལས་ཁ་ཅིག་དེ་སྐད་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རང་གི་སྡེ་པ་དག་ལས་ཞེས་བྱ་བ་ནི་ཉན་ཐོས་མདོ་སྡེ་པ་དག་ལས་སོ། །གཞན་དག་ཞེས་བྱ་བ་ནི་ཉན་ཐོས་མདོ་སྡེ་པ་དེ་དག་ལས་ཁ་ཅིག་གོ །འདི་སྐད་ཅེས་བྱ་བ་ནི་ཉན་ཐོས་མདོ་སྡེ་པ་དག་ལས་ཁ་ཅིག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་དག་འདི་སྐད་ཅེས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་དེ་གསུང་ར་བ་ལས་འབྱུང་བ་ནི་བདེན་ན། འདིར་བསྟན་བཅོས་བྱེད་པས་དེའི་དོན་མ་རྟོགས་སོ་ཞེས་ཟེར་ཏེ། དེའི་ཕྱིར་དེ་དག་ཉིད་ན་རེ། སྐྱེ་བ་མེད་པ་ནི་དེ་ལས་གཞན་སྐྱེ་བ་མེད་པའི་ཕྱིར་ཏེ། དབང་ཕྱུག་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །དེ་ལ་སྐྱེ་བ་མེད་པ་ནི་ཞེས་བྱ་བ་འདི་ནི་ཕྱོགས་ཏེ་གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་ཁྱད་པར་སྐྱེ་བ་མེད་པ་ཞེས་བྱ་བ་ནིའོ། །དེ་ལས་གཞན་སྐྱེ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཏེ། འདི་ལྟར་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་རྐྱེན་གྱི་ཚོགས་པ་ཡོད་པ་དེ་ལས་གཞན་འབྲས་བུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་དང༌། བུམ་པ་དང་སྣམ་བུ་ལ་སོགས་པ་དང༌། མྱུ་གུ་དང་སྡོད་བུ་ལ་སོགས་པ་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་ཞེས་བྱ་བའམ། ཡང་ན་འབྲས་བུ་མིག་གི་རྣམ་པར་ཤེས་པ་དེ་ལས་གཞན་འབྲས་བུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་དང༌། བུམ་པ་དང་སྣམ་བུ་ལ་སོགས་པ་དང༌། མྱུ་གུ་དང་སྡོང་བུ་ལ་སོགས་པའི་རིགས་མི་མཐུན་པ་དག་སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་པ་ཞེས་བྱ་བའི་དངོས་པོ་རྣམས་


DTG099_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པ་ནི་མ་ཡིན་ཏེ། དེ་ལྟ་བས་ན་ནི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང༌། ཡིད་དང་ཆོས་རྣམས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་བར་དང༌། ས་བོན་དང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཀྱི་རྒྱུ་དང་རྐྱེན་ཚོགས་པ་ལས་མྱུ་གུ་སྐྱེ་བ་དང༌། འཇིམ་པ་དང་དབྱུག་གུ་དང༌། འཁོར་ལོ་དང༌། སྐུད་པ་དང༌། ཆུ་དང་མེའི་རྒྱུ་རྐྱེན་ཚོགས་པ་ལས་བུམ་པ་སྐྱེ་བ་དང༌། རྒྱུ་སྤུན་དང་ཚིག་པ་དང༌། ཐག་བཟངས་དང༌། འུལ་བུ་དང༌། སྣས་ཁྱེར་དང༌། ཐག་པ་ལ་སོགས་པའི་རྒྱུ་རྐྱེན་ཆོགས་པ་ལས་སྣམ་བུ་སྐྱེ་བ་དང༌། དེ་བཞིན་དུ་རྒྱུ་རྐྱེན་རིགས་མཐུན་པ་ལས་འབྲས་བུ་རིགས་མཐུན་པ་སྐྱེ་བ་ནི་ཡོད་དོ། །དབང་ཕྱུག་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། དཔེར་ན་དབང་ཕྱུག་ལས་དངོས་པོ་རྣམས་ནི་སྐྱེའོ་ཞེས་གསུངས་པ་ལས་ན། དབང་ཕྱུག་མ་ཡིན་པ་ལས་དངོས་པོ་རྣམས་སྐྱེ་བར་ཤིས་ཏེ། ལས་དང་ཉོན་མོངས་པ་ལས་སྐྱེ་བ་སྐྱེ་བ་དང༌། ས་བོན་དང་རྐྱེན་ལས་མྱུ་གུ་སྐྱེ་བ་བཞིན་ནོ། །ཡང་ན་དབང་ཕྱུག་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི། དབང་ཕྱུག་ཅེས་བྱ་བ་ནི་རྫུ་འཕྲུལ་ཐོབ་པས་གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་པ་ཡིན་གྱི། དབང་ཕྱུག་མ་ཡིན་པ་ནི་རྫུ་འཕྲུལ་མ་ཐོབ་པ་སྟེ། དེ་ལ་ལུས་གཟུགས་དངོས་ལས་གཞན་པའི་ལུས་གཟུགས་གཉིས་པ་སྐྱེ་བ་མེད་ཀྱང་དེ་ལ་ལུས་གཟུགས་དངོས་ཉིད་སྐྱེ་བ་མེད་པ་མ་ཡིན་པ་བཞིན་དུ་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་དེ་བཞིན་དུ་བལྟའོ་ཞེས་ཟེར་རོ། །འགག་པ་མེད་པ་ནི་ཞེས་བྱ་བ་འདི་ཡང་ཕྱོགས་ཏེ། གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཁྱད་པར་འགག་པ་མེད་པ་ཞེས་བྱ་བ་ནིའོ། །མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་འགག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་ཏེ། འདི་ལྟར་མུ་སྟེགས་བྱེད་དག་གིས་འགག་པ་ལ་རྒྱུ་ཡོད་པར་ཡོངས་སུ་བརྟགས་པ། ཇི་སྐད་དུ། ཚངས་པ་ཉིད་ནི་འཇིག་རྟེན་འབྱིན་ནི། །དྲག་པོས་སྐྱེ་དགུ་སྡུད་པར་བྱེད། །སྐྱེས་བུ་ཉིད་ནི་བཏང་སྙོམས་ཏེ། །རང་བྱུང་གནས་སྐབས་གསུམ་ཡིན་ནོ། །ཞེས་ཡོངས་སུ་བརྟགས་པ་ལྟ་བུའི་འགག་པ་མེད་པའི་ཕྱིར་འགག་པ་མེད་པ་ཞེས་བྱ་བའམ། མུ་སྟེགས་བྱེད་དག་གིས་འགག་པ་ལ་


DTG099_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡོད་པར་ཡོངས་སུ་བརྟགས་པ། ཇི་སྐད་དུ། ལས་ཀྱིས་བསྐྱེད་པ་དག་འཇིག་པའི་བསྐལ་པའི་མཐར་འགག་པར་འགྱུར་རོ་ཞེས་ཡོངས་སུ་བརྟགས་པ་ལྟ་བུའི་འགག་པ་མེད་པའི་ཕྱིར་འགག་པ་མེད་པ་ཞེས་བྱ་བའི་དངོས་པོ་རྣམས་ལ་རྣམ་པ་ཐམས་ཅད་དུ་འགག་པ་མེད་པ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དངོས་པོ་རྣམས་རང་གི་ངང་གིས་སྐད་ཅིག་སྐད་ཅིག་ལ་འགག་པ་ནི་ཡོད་དོ། །བདག་མེད་པ་བཞིན་ནོ་ཞེས་བྱ་བ་འདི་ཡང་དཔེ་སྟེ། དཔེར་ན་མུ་སྟེགས་བྱེད་དག་གིས་བདག་གི་དངོས་པོ་ལུས་སམ། མཐེ་བོ་འམ་ནས་འབྲུའམ་ཁྲེ་རྒོད་དམ་འབྲས་ཐུག་པོ་ཆེ་ལ་སོགས་པའི་བོང་ཚོད་ཙམ་གྱི་ནང་གི་བྱེད་པའི་སྐྱེས་བུ་ཡོད་པར་ཁས་བླངས་པའི་བདག་དེ་མེད་ཀྱང་ཕུང་པོ་ལྔའི་བདག་ཉིད་མེད་པ་མ་ཡིན་པ་བཞིན་དུ་དངོས་པོ་རྣམས་ཀྱི་འགག་པ་མེད་པ་ཡང་དེ་བཞིན་དུ་བལྟའོ་ཞེས་ཟེར་རོ། །ཆད་པ་མེད་པ་དང༌། རྟག་པ་མེད་པ་ནི་ཞེས་བྱ་བ་འདི་ཡང་ཕྱོགས་ཏེ། གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཁྱད་པར་ཆད་པ་མེད་པ་དང༌། རྟག་པ་མེད་པ་ཞེས་བྱ་བ་ནིའོ། །རྒྱུ་ལ་བརྟེན་ཏེ་འབྲས་བུ་སྐྱེ་ཞིང་འབྲས་བུ་སྐྱེ་བ་ན་རྒྱུ་འགག་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་ཏེ། འདི་ལྟར་ཆད་པ་ཞེས་བྱ་བ་ནི་རྒྱུན་མི་འཇུག་པའི་མཚན་ཉིད་ཡིན་ན། གང་གི་ཕྱིར་རྒྱུ་ལ་བརྟེན་ཏེ་རྒྱུའི་སྟོབས་ཀྱིས་འབྲས་བུ་སྐྱེ་བ་དེ་ནི་རྒྱུན་འཇུག་པའི་མཚན་ཉིད་སྐྱེ་བ་ཡིན་པ་དེའི་ཕྱིར་ཆད་པ་མེད་པ་ཡིན་ན། གང་གི་ཕྱིར་འབྲས་བུ་སྐྱེ་བ་སྐྱེ་བའི་དུས་ཉིད་ན་མཚན་ཉིད་མི་མཐུན་པའི་རྒྱུ་འགག་པ་དེའི་ཕྱིར་རྟག་པ་མེད་པ་ཡིན་ནོ། །ཞེས་ཟེར་རོ། །འོང་བ་མེད་པ་དང༌། འགྲོ་བ་མེད་པ་ནི་ཞེས་བྱ་བ་འདི་ཡང་ཕྱོགས་ཏེ། གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཁྱད་པར་འོང་བ་མེད་པ་དང་འགྲོ་བ་མེད་པ་ཞེས་བྱ་བ་ནིའོ། །སྐྱེས་པའི་ཡུལ་ཉིད་དུ་འཇིག་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་ཏེ། འདི་ལྟར་ཡུལ་གང་ནས་ཡུལ་གཞན་དུ་འོང་བ་དང་འགྲོ་བའི་དངོས་པོ་འགག་པ་ཡང་མེད་དེ། གང་སྐྱེ་བ་དེ་ནི་སྐྱེས་པའི་ཡུལ་དེ་ཉིད་དུ་འཇིག་པས་གཞན་དུ་འགྲོ་བ་མེད་པའི་ཕྱིར་དང༌། གང་ཡུལ་གཞན་དུ་སྐྱེ་བ་དེ་ཡང་སྐྱེས་པ་ན་སྐྱེས་པའི་ཡུལ་གཞན་དེ་ཉིད་དུ་འཇིག་པས་འདིར་འོང་པ་མེད་པའི་ཕྱིར་འོང་བ་མེད་པ་དང་འགྲོ་བ་མེད་པ་ཡིན་ནོ་


DTG099_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་ནི་ཞེས་བྱ་བ་འདི་ཡང་ཕྱོགས་ཏེ། གསུང་རབ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཁྱད་པར་དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་ཞེས་བྱ་བ་ནིའོ། །དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་ཏེ། འདི་ལྟར་དངོས་པོ་རྒྱུ་རྐྱེན་གང་ལས་བྱུང་བ་དེ་ནི་རྒྱུ་རྐྱེན་དེ་དང་གཅིག་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་ཀྱང་མ་ཡིན་ལ། དེ་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་ཀྱང་མ་ཡིན་པའི་ཕྱིར་དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་ནོ། །ནོར་བུའམ་བུད་ཤིང་ངམ་ཉི་མ་དང་ཕྲད་པ་ལས་བྱུང་བའི་མེ་བཞིན་ནོ་ཞེས་བྱ་བ་འདི་ཡང་དཔེ་སྟེ། དཔེར་ན་ནོར་བུ་མེ་ཤེལ་དང་ཕྲད་པ་ལས་བྱུང་བའི་མེའམ། བུད་ཤིང་དང་ཕྲད་པ་ལས་བྱུང་བའི་མེའམ། ཉི་མ་དང་ཕྲད་པ་ལས་བྱུང་བའི་མེ་གང་ཡིན་པ་དེ་ནི་ནོར་བུ་དང་བུད་ཤིང་དང་ཉེ་མ་དག་ལས་སོ་སོར་བཙལ་ན། ནོར་བུ་དང་བུད་ཤིང་དང་ཉི་མ་དག་ལ་མེད་པས་དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཉིད་ཀྱང་མ་ཡིན་ལ། གང་གི་ཕྱིར་མེ་དེ་ནི་ནོར་བུ་དང་བུད་ཤིང་དང་ཉི་མའི་རྐྱེན་ལས་བྱུང་བས་དེ་ཐ་དད་པ་མ་ཡིན་པ་དེའི་ཕྱིར། རྒྱུ་དང་འབྲས་བུའི་རིགས་མཐུན་པ་ཉིད་ཐ་དད་པ་ཡང་མ་ཡིན་པ་བཞིན་དུ། དངོས་པོ་རྣམས་ཀྱང་རྒྱུ་རྐྱེན་གང་ལས་བྱུང་བའི་རྒྱུ་རྐྱེན་དེ་དང༌། དོན་ཐ་དད་པ་ཡང་མ་ཡིན་ལ། དོན་གཅིག་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གསུང་རབ་ཀྱི་ཚུལ་ཡིན་པས་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སངས་རྒྱས་ཀྱི་བཀས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡིན་པར་གསུངས་པས་སོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་པ་སྟེ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་སྡེ་སྣོད་གསུམ་པོ་དག་ལ་ཡང་ཡོད་པ་དེའི་ཕྱིར་ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ། ཐུན་མོང་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་བསྟན་བཅོས་བརྩམ་མི་དགོས་སོ་ཞེས་བྱ་བ་ནི་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དེ་ནི་གསུང་


DTG099_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཚུལ་ཡིན་པས། ཉན་ཐོས་དང་ཐུན་མོང་ཉིད་ཡིན་པ་དེའི་ཕྱིར། འདིར་དབུ་མ་ཞེས་བྱ་བའི་བསྟན་བཅོས་འདི་བརྩམ་མི་དགོས་སོ་ཞེས་ཟེར་བ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བསྟན་བཅོས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང་ལྡན་པ་བསྟན་པ་ལ། སངས་རྒྱས་པ་དག་ལས་ཁ་ཅིག་བློ་གྲོས་ངན་པའི་དྲ་བས་གཡོགས་པ་དག་དོན་ལ་ལོག་པར་རྟོགས་པས། ཉན་ཐོས་མདོ་སྡེ་པ་དག་ལ་ཁ་ཅིག་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་རྒོལ་བ་དེའི་ལེན་དུ། འདིར་འགྲེལ་པ་བྱེད་པས་དེ་ནི་མང་པོ་ཡང་ཡིན། དེ་ནི་སྣ་ཚོགས་ཀྱང་ཡིན་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐྱེ་བ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ཁོ་ནར་སྟོན་པས། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཁས་ལེན་པའི་ཕྱིར། དེ་ནི་ཁྱད་པར་ཤིན་ཏུ་ཆེ་བ་དེའི་ཕྱིར་བསྟན་བཅོས་བརྩམ་མི་དགོས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་སྐྱེ་བ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ཁོ་ནར་སྟོན་པས་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན། ཁོ་བོ་ནི་ཁྱེད་ཉན་ཐོས་མདོ་སྡེ་པས་མིག་དང་གཟུགས་རྣམས་ལ་བརྟེན་ཏེ། མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང༌། ས་བོན་དང་རྐྱེན་ལ་བརྟེན་ནས་མྱུ་གུ་སྐྱེ་བ་ལ་སོགས་པར་ཁས་བླངས་པ་གང་ཡིན་པའི་སྐྱེ་བ་དེ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ཁོ་ནར་སྟོན་པ་དང༌། དེ་བཞིན་དུ་ཁྱེད་ཀྱིས་རང་གི་རང་གིས་འགགས་པས་འགག་པ་ཡོད་པར་ཁས་བླངས་པ་དང༌། རྒྱུ་ལ་བརྟེན་ཏེ་འབྲས་བུ་སྐྱེ་བས་ཆད་པ་མེད་པར་ཁས་བླངས་པ་དང༌། འབྲས་བུ་སྐྱེ་བ་ན་རྒྱུ་འགགས་པས་རྟག་པ་མེད་པར་ཁས་བླངས་པ་དང༌། སྐྱེས་པའི་ཡུལ་གཞན་ཉིད་དུ་འཇིག་པས་འོང་བ་མེད་པར་ཁས་བླངས་པ་དང༌། སྐྱེས་པའི་ཡུལ་འདི་ཉིད་དུ་འཇིགས་པས་འགྲོ་བ་མེད་པར་ཁས་བླངས་པ་དང༌། རྒྱུ་རྐྱེན་དག་ལ་འབྲས་བུ་མེད་པས་དོན་གཅིག་པ་མ་ཡིན་པར་ཁས་བླངས་པ་དང༌། རྒྱུ་རྐྱེན་རིགས་མཐུན་པ་ལས་འབྲས་བུ་རིགས་མཐུན་པ་འབྱུང་བས་དོན་ཐ་དད་པ་མ་ཡིན་པར་ཁས་བླངས་པ་གང་དག་ཡིན་པ་དེ་དག་


DTG099_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགག་པ་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཁོ་ནར་སྟོན་པས། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཁས་ལེན་པའི་ཕྱིར་ཁྱེད་དང་ཁྱད་པར་ཤིན་ཏུ་ཆེ་བས་དེའི་ཕྱིར་བསྟན་བཅོས་བརྩམ་པ་ཤིན་ཏུ་དགོས་སོ་ཞེས་བྱ་བར་སྟོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཁས་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཁོ་བོ་ནི་ཁྱེད་ཀྱིས་སྐྱེ་བ་དང་འགག་པ་ལ་སོགས་པ་ཁས་བླངས་པ་ཉིད། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཁོ་ནར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ། ཁྱད་པར་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པ་དང་ལྡན་པ་ཁས་ལེན་པའི་ཕྱིར་རོ། །དེ་ནི་ཁྱད་པར་ཤིན་ཏུ་ཆེ་བས་ཞེས་བྱ་བ་ནི་ཁྱེད་ཀྱི་ཁས་བླངས་པ་དང༌། ཁོ་བོས་ཁས་བླངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་ཁྱད་པར་ཤིན་ཏུ་ཆེ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དེ་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པས་སོ། །དེའི་ཕྱིར་བསྟན་བཅོས་བརྩམ་མི་དགོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་གང་གི་ཕྱིར་ཁྱད་པར་ཤིན་ཏུ་ཆེ་བས་ཉན་ཐོས་དང་ཐུན་མོང་མ་ཡིན་པ་དེའི་ཕྱིར་འདིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དབུ་མ་ཞེས་བྱ་བའི་བསྟན་བཅོས་འདི་བརྩམ་མི་དགོས་པ་མ་ཡིན་ཏེ་དགོས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བསྟན་བཅོས་བརྩམ་མི་དགོས་སོ་ཞེས་ཟེར་བའི་ལན་བཏབ་པ་དང༌། འདིར་གལ་ཏེ་དམིགས་པ་ཅན་དག་འདི་སྐད་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དང་བྲལ་བའི་ཕྱིར། དཔེར་ན་གྲངས་ཅན་དག་ལ་སོགས་པའི་བསྟན་བཅོས་དང་འདྲ་བས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། ལུགས་སུ་འབྱུང་བ་ཉིད་དང༌། ལུགས་ལས་བཟློག་པ་ཉིད་དང༌། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དོ། །དེ་ལ་ལུགས་སུ་འབྱུང་བ་ཉིད་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་


DTG099_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཇི་སྐད་བཀའ་སྩལ་པ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལུགས་ལས་བཟློག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག ། སྲེག་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་ནི་རྒྱུའི་དངོས་པོ་ཉིད་ཡིན་ལ། འདུ་བྱེད་ལ་སོགས་པ་ཡན་ལག་ལྷག་མ་བཅུ་གཅིག་པོ་དག་ནི་འབྲས་བུའི་དངོས་པོ་ཉིད་ཡིན་ནོ། །ཡང་ན་མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྒྱུའི་དངོས་པོ་ཉིད་ཡིན་ལ། འདུ་བྱེད་རྣམས་ནི་མ་རིག་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ་རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་ཀྱི་འབྲས་བུའི་དངོས་པོ་


DTG099_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པ་དང༌། རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྒྱུའི་དངོས་པོ་ཉིད་ཡིན་ལ། མིང་དང་གཟུགས་ནི་རྣམ་པར་ཤེས་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་གི་རྒྱུའི་དངོས་པོ་ཉིད་ཡིན་ལ། སྐྱེ་མཆེད་དྲུག་ནི་མིང་དང་གཟུགས་ཀྱི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། སྐྱེ་མཆེད་དྲུག་ནི་རེག་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ། རེག་པ་ནི་སྐྱེ་མཆེད་དྲུག་གི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། རེག་པ་ནི་ཚོར་བའི་རྒྱུའི་དངོས་པོ་ཉིད་ཡིན་ལ། ཚོར་བ་ནི་རེག་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། ཚོར་བ་ནི་སྲིད་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ། སྲིད་པ་ནི་ཚོར་བའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། སྲེད་པ་ནི་ལེན་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ། ལེན་པ་ནི་སྲེད་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། ལེན་པ་ནི་སྲིད་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ། སྲིད་པ་ནི་ལེན་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང། སྲིད་པ་ནི་སྐྱེ་བའི་རྒྱུའི་དངོས་པོ་ཉིད་ཡིན་ལ། སྐྱེ་བ་ནི་སྲིད་པའི་འབྲས་བུའི་དངོས་པོ་ཉིད་ཡིན་པ་དང༌། སྐྱེ་བ་ནི་རྒ་ཤི་ལ་སོགས་པའི་རྒྱུའི་དངོས་པོ་ཉིད་ཡིན་ལ། རྒ་ཤི་ལ་སོགས་པ་ནི་སྐྱེ་བའི་འབྲས་བུའི་དངོས་པོ་ཉིད་ཡིན་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དེ་དག་ཁྱོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་འདི་ལ་མེད་པས། དེའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ཟེར་ན། འདིར་དེའི་ལན་དུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས། སྡང་བས་ཆོས་རྣམས་མི་ཤེས་ཤིང༌། །སྡང་བས་ཆོས་རྣམས་མི་མཐོང་སྟེ། །མི་གང་ཞེ་སྡང་བརྟེན་པ་ནི། །དེ་ཚེ་མུན་པས་མུན་ནག་འགྱུར། །ཞེས་བཀའ་སྩལ་པ། དེ་ནི་ལེགས་པར་གསུངས་པ་ཡིན་ཏེ། དེའི་ཕྱིར་ཞེ་སྡང་གི་དྲི་མ་མང་པོའི་ལིང་ཏོག་གིས་བློ་གྲོས་ཀྱི་མིག་བསྒྲིབས་པ་ལོང་བ་ལྟ་བུ་ཁྱོད་ཀྱིས་ཀྱང༌། སྟོན་ཀའི་ནམ་མཁའི་དཀྱིལ་ནས་ཤར་བའི་ཟླ་བ་ལྟར་གསལ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ལུགས་སུ་འབྱུང་བ་ཉིད་དང༌། ལུགས་ལས་བཟློག་པ་ཉིད་དང༌། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཀྱི་ཡོན་ཏན་དང་ལྡན་པ་འདི་ཡོད་བཞིན་དུ་མི་མཐོང་ངོ༌། །འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་ཡང་མཚན་ཉིད་ཐམས་


DTG099_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོད་དེ། འདི་ལྟ་སྟེ། སྐྱེ་བའི་རྐྱེན་གྱིས་འགག་པ་དང༌། སྐྱེ་པའི་རྐྱེན་གྱིས་ཆད་པ་དང༌། སྐྱེ་བའི་རྐྱེན་གྱིས་རྟག་པ་དང༌། སྐྱེ་བའི་རྐྱེན་གྱིས་འོང་བ་དང༌། སྐྱེ་བའི་རྐྱེན་གྱིས་འགྲོ་བ་དང༌། སྐྱེ་བའི་རྐྱེན་གྱིས་དོན་ཐ་དད་པ་དང༌། སྐྱེ་བའི་རྐྱེན་གྱིས་དོན་གཅིག་པར་འགྱུར་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ལུགས་སུ་འབྱུང་བ་ཉིད་ཡིན་ནོ། །འདི་ལྟ་སྟེ། སྐྱེ་བ་མེད་པས་འགག་པ་མེད་པ་དང༌། སྐྱེ་བ་མེད་པས་ཆད་པ་མེད་པ་དང༌། སྐྱེ་བ་མེད་པས་རྟག་པ་མེད་པ་དང༌། སྐྱེ་བ་མེད་པས་འོང་བ་མེད་པ་དང༌། སྐྱེ་བ་མེད་པས་འགྲོ་བ་མེད་པ་དང༌། སྐྱེ་བ་མེད་པས་དོན་ཐ་དད་པ་མེད་པ་དང༌། སྐྱེ་བ་མེད་པས་དོན་གཅིག་པ་མེད་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་ལུགས་ལས་བཟློག་པ་ཉིད་ཡིན་ནོ། །འདི་ལྟ་སྟེ། སྐྱེ་བ་མེད་པ་ཡོད་པས་འགག་པ་མེད་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་ཆད་པ་མེད་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་རྟག་པ་མེད་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་འོང་བ་མེད་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་འགྲོ་བ་མེད་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་དོན་ཐ་དད་པ་མ་ཡིན་པ་ཡོད་པ་དང༌། སྐྱེ་བ་མེད་པ་ཡོད་པས་དོན་གཅིག་པ་མ་ཡིན་པ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་ལུགས་སུ་འབྱུང་བ་ཉིད་ཡིན་ནོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་འདིར་ལུགས་སུ་འབྱུང་བ་ཉིད་དང༌། ལུགས་ལས་བཟློག་པ་ཉིད་ཀྱི་མཚན་ཉིད་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི། ཡན་ལག་བཅུ་གཉིས་པོ་དག་གི་ལུགས་སུ་འབྱུང་བ་ཉིད་དང། ལུགས་ལས་བཟློག་པ་ཉིད་ཀྱི་མཚན་ཉིད་ནི་ནང་གི་དངོས་པོ་འབའ་ཞིག་ལ་ཁྱབ་པ་ཡིན་ཏེ། འདི་ལྟར་ཡན་ལག་བཅུ་གཉིས་པོ་དག་གི་ལུགས་སུ་འབྱུང་བ་ཉིད་དང༌། ལུགས་ལས་བཟློག་པ་ཉིད་ཀྱི་མཚན་ཉིད་ནི་ནང་གི་དངོས་པོ་རྣམས་ཉི་ཚེ་ལ་ཡོད་པར་ཟད་ཀྱི། ཕྱི་རོལ་གྱི་དངོས་པོ་རྣམས་ལ་མེད་པའི་ཕྱིར་དང༌། འདིའི་ལུགས་སུ་འབྱུང་བའི་མཚན་ཉིད་ནི་ཇི་ལྟར་ནང་གི་དངོས་པོ་རྣམས་སྐྱེས་པའི་རྐྱེན་གྱིས་འགག་པ་དེ་བཞིན་དུ། ཕྱི་རོལ་གྱི་དངོས་པོ་རྣམས་སྐྱེས་པའི་རྐྱེན་གྱིས་ཀྱང་འགག་པར་འགྱུར་བའི་ཕྱིར་དང༌། འདིའི་ལུགས་ལས་བཟློག་པའི་མཚན་ཉིད་ཀྱང༌། ཇི་ལྟར་ནང་གི་


DTG099_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པས་འགག་པ་མེད་པ་དེ་བཞིན་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པས་ཀྱང་འགག་པ་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་འདིའི་ལུགས་སུ་འབྱུང་བ་ཉིད་ཀྱི་མཚན་ཉིད་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི། ཡན་ལག་བཅུ་གཉིས་པོ་དག་གི་ལུགས་སུ་འབྱུང་བ་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ནི་ཀུན་ནས་ཉོན་མོངས་པ་པའི་དངོས་པོ་འབའ་ཞིག་ལ་ཁྱབ་ཀྱི། རྣམ་པར་བྱང་བའི་དངོས་པོ་ལ་ཁྱབ་པ་མ་ཡིན་ཏེ། འདི་ལྟར་ཡན་ལག་བཅུ་གཉིས་པོ་དག་གི་ལུགས་སུ་འབྱུང་བ་ཉིད་ཀྱི་མཚན་ཉིད་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་པའི་དངོས་པོ་འབའ་ཞིག་ལ་ཡོད་པར་ཟད་ཀྱི། རྣམ་པར་བྱང་བ་པའི་དངོས་པོ་ལ་མེད་པའི་ཕྱིར་དང༌། འདིའི་ལུགས་སུ་འབྱུང་བ་ཉིད་ཀྱི་མཚན་ཉིད་ཀྱིས་ནི་སྐྱེ་བའི་རྐྱེན་གྱིས་འགག་པ་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་པའི་དངོས་པོ་རྣམས་ལ་ཡང་ཁྱབ་ལ། སྐྱེ་བ་མེད་པ་ཡོད་པས་འགག་པ་མེད་པ་ཡོད་ཅེས་བྱ་བ་ལ་སོགས་པས་རྣམ་པར་བྱང་བ་པའི་དངོས་པོ་རྣམས་ལ་ཡང་ཁྱབ་པའི་ཕྱིར་རོ། །གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་འདིའི་རྒྱུའི་རྩ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའི་དངོས་པོ་ཐམས་ཅད་ཀྱི་མངོན་སུམ་གྱི་རྒྱུ་ཉིད་ཡིན་གྱི། ཡན་ལག་བཅུ་གཉིས་པོ་དག་གི་རྒྱུའི་རྩ་བ་ནི་ཀུན་ནས་ཉོན་མོངས་པ་པའི་དངོས་པོ་ཐམས་ཅད་ཀྱི་མངོན་སུམ་གྱི་རྒྱུ་ཉིད་མ་ཡིན་ཏེ། འདི་ལྟར་ཡན་ལག་བཅུ་གཉིས་པ་དག་གི་རྒྱུའི་རྩ་བ་མ་རིག་པ་ནི་འདུ་བྱེད་རྣམས་ཉི་ཚེའི་མངོན་སུམ་གྱི་རྒྱུ་ཡིན་གྱི། ཡན་ལག་ལྷག་མ་རྣམས་ཀྱི་མངོན་སུམ་གྱི་རྒྱུ་ཉིད་མ་ཡིན་པའི་ཕྱིར་དང༌། འདིའི་ཀུན་ནས་ཉོན་མོངས་པའི་རྒྱུའི་རྩ་བ་སྐྱེ་བ་ཡང་འགག་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་པའི་དངོས་པོ་ཐམས་ཅད་ཀྱི་མངོན་སུམ་གྱི་རྒྱུ་ཉིད་ཀྱང་ཡིན་ལ། རྣམ་པར་བྱང་བ་པའི་རྒྱུའི་རྩ་བ་སྐྱེ་བ་མེད་པ་ལ་ཡང་འགག་པ་མེད་པ་ལ་སོགས་པ་རྣམ་པར་བྱང་བ་བའི་དངོས་པོ་ཐམས་ཅད་ཀྱི་མངོན་སུམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྟེན་ཅིང་འབྲེལ་


DTG099_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་རྣམ་པ་བརྒྱད་དང་ལྡན་པ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཐམས་ཅད་དང་ལྡན་པས་དམིགས་པ་ཅན་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་ཉིད་མ་གྲུབ་པའི་ཕྱིར། འདི་སངས་རྒྱས་ཀྱི་བཀའ་མ་ཡིན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ།། །།བམ་པོ་བདུན་པ། ཞར་ལ་བཤད་པས་ཆོག་གི །ད་ནི་སྐབས་ཉིད་བསྒྲུབ་པར་བྱའོ། །ད་འདི་མན་ཆད་ནི་བསྟན་བཅོས་ཀྱི་གཞུང་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར་སློབ་དཔོན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པ་དེ་ཁོ་ན་སྟོན་པར་མཛད་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་དག་གིས་ནི་བསྟན་བཅོས་ཀྱི་གཞུང་ཉིད་བཤད་པར་རྩོམ་པའི་མགོ་འདྲེན་པ་སྟོན་ཏོ། །དེ་ཡང་སློབ་དཔོན་གྱིས་དེ་ལྟར་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་གཞན་ལ་བསྟན་པར་དགོངས་པ་ན། སྐྱེ་བ་མེད་པ་དང་པོར་བསྟན་པར་བཞེད་ནས། གཞན་གྱིས་ཡོངས་སུ་བརྟགས་པའི་སྐྱེ་བར་རྣམ་པར་རྟོག་པ་མངོན་སུམ་དུ་མཛད་དེ། དངོས་པོ་རྣམས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེའོ་ཞེས་ཟེར་བ་དག །རིགས་པ་དང་ལུང་དག་གིས་བརྟགས་པ་ན། སྐྱེ་བ་རྣམ་པ་ཐམས་ཅད་དུ་འཐད་པ་མི་བཟོད་པར་རང་ལ་ངེས་པའི་དབང་གིས་སྐྱེ་བ་མེད་པར་བསྟན་པའི་སྒོ་ནས། རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་བརྩམ་པ་མཛད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སློབ་དཔོན་གྱིས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པ་དེ་ཁོ་ན་སྟོན་པར་མཛད་པ་ཉིད་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ། ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་ལ་སོགས་པ་ཐུན་མོང་མ་ཡིན་པ་དང་ལྡན་པ་སྔར་ཇི་སྐད་བསྟན་པའི་སྒྲ་དང་དོན་དེ་ཁོ་ན་སྟོན་པར་མཛད་པ་ཉིད་ཀྱིས། བཅོམ་ལྡན་འདས་ལ། གང་གི་རྟེན་ཅིང་འབྲེལ་པར་འབྱུང༌། །


DTG099_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་མངོན་པར་བསྟོད་ནས་སོ། །སྐྱེ་བ་མེད་པ་བསྟན་པས་འགག་པ་མེད་པ་ལ་སོགས་པ་ཁྱད་པར་བསྟན་སླ་བར་དགོངས་པ་ན་ཞེས་བྱ་བ་ནི། སློབ་དཔོན་གྱིས་ངས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཇི་ལྟར་རྟོགས་པ་དེ་ཁོ་ན་བཞིན་དུ་སེམས་ཅན་རྣམས་ལ་ཡང་བསྟན་པར་བྱའོ་སྙམ་ནས། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་བྱ་བ་ཚིག་གི་དོན་བརྒྱད་པོ་དག་གིས་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པར་མཛད་པ་དེ་ལས་འདིར་སྐྱེ་བ་མེད་པ་དང་པོར་བསྟན་པས། འགག་པ་མེད་པ་ལ་སོགས་པ་ཁྱབ་པར་གཞན་བསྟན་སླ་བར་དགོངས་ནས་སོ། །སྐྱེ་བ་མེད་པ་དང་པོར་བསྟན་པར་བཞེད་ནས་ཞེས་བྱ་བ་ནི་འདི་སྐད་ཅེས་བསྟན་ཏེ། འདི་ལྟར་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པ་སྔར་བསྟན་པའི་སྐབས་སུ་འགག་པ་མེད་པ་ཞེས་བྱ་བའི་ཚིག་གི་དོན་དང་པོར་རྣམ་པར་གཞག་མོད་ཀྱི། འདིར་དེ་དག་བསྟན་པའི་སྐབས་སུ་སྐྱེ་བ་མེད་པ་དང་པོར་བསྟན་ན། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དག་བསྟན་སླ་བས། དེའི་ཕྱིར་སྐྱེ་བ་མེད་པ་དང་པོར་བསྟན་པར་བཞེད་ནས་སོ། །འདིར་གཞན་དག་ན་རེ། སྔར་ཡང་སྐྱེ་བའི་འོག་ཏུ་འགག་པ་དགག་པར་རིགས་ཏེ། དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཆད་པ་བཞིན་ནོ་ཞེས་གླེངས་པའི་ཚེ་ཁྱེད་ན་རེ། འཁོར་བ་ལ་ཐོགས་མ་མེད་པའི་ཕྱིར་སྐྱེ་བ་དང་འགག་པ་ལ་གོ་རིམས་ངེས་པ་མེད་པའི་ཕྱིར། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བསྟན་པ་ལ་ཉེས་པ་མེད་དོ་ཞེས་ཟེར་ན། འདིར་ཡང་དེའི་གོ་རིམས་བཞིན་དུ་འགག་པ་མེད་པ་དང་པོར་བསྟན་པའི་རིགས་ན། ཅིའི་ཕྱིར་སྐྱེ་བ་མེད་པ་དང་པོར་བསྟན་པར་འདོད་ཅེ་ན། དེའི་ལན་དུ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔར། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བསྟན་པ་ལ་ཉིས་པ་མེད་དོ་ཞེས་བཤད་པ་ནི་


DTG099_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་དང༌། འགག་པ་ནི་སྐྱེ་བའི་རིམ་པ་ལ་མི་ལྟོས་པའི་ཕྱིར་དང༌། དོན་བརྟག་པ་ཡིན་པའི་ཕྱིར་དེ་སྐད་བཤད་པ་ཡིན་གྱི། འདིར་དེ་དག་གི་དོན་བསྟན་པ་ལ་ནི་སྐྱེས་ན་འགག་པར་འགྱུར་གྱི། མ་སྐྱེས་ན་འགག་པར་མི་འགྱུར་བ་དང༌། སྐྱེ་བ་རྒྱུན་ཆད་པའི་མཚན་ཉིད་ནི་ཆད་པ་ཡིན་གྱི། མ་སྐྱེས་ན་ཆད་པར་མི་འགྱུར་བ་དང༌། སྐྱེས་པ་མ་ཞིག་པས་རྟག་པ་ཡིན་གྱི། མ་སྐྱེས་ན་རྟག་པར་མི་འགྱུར་བ་དང༌། སྐྱེས་པ་ཡུལ་གཞན་ནས་འོང་བས་འོང་བ་ཡིན་གྱི། མ་སྐྱེས་པ་ན་འོང་བར་མི་འགྱུར་བ་དང༌། སྐྱེས་པ་ཡུལ་གཞན་དུ་འགྲོ་བས་འགྲོ་བ་ཡིན་གྱི། མ་སྐྱེས་ན་འགྲོ་བར་མི་འགྱུར་བ་དང༌། སྐྱེས་པ་མཚན་ཉིད་ཐ་དད་པས་དོན་ཐ་དད་པ་ཡིན་གྱི། མ་སྐྱེས་ན་དོན་ཐ་དད་པར་མི་འགྱུར་བ་དང༌། སྐྱེས་པ་མཚན་ཉིད་གཅིག་པས་དོན་གཅིག་པ་ཡིན་གྱི་མ་སྐྱེས་ན་དོན་གཅིག་པར་མི་འགྱུར་བས་དེའི་ཕྱིར་འགག་པ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་ནི་སྐྱེ་བ་ཡིན་པའི་ཕྱིར། རྒྱུ་བཀག་ན་དེའི་འབྲས་བུ་རྣམས་ཀྱང་མི་འབྱུང་བའི་ཕྱིར་དང༌། འཇིག་རྟེན་ཡང་ཕལ་ཆེར་སྐྱེ་བ་ལ་ཤིན་ཏུ་ལྷག་པར་ཆགས་པ་དང༌། སྐྱེ་བ་ལ་མངོན་པར་ཞེན་པ་ཡིན་ན། བསྟན་བཅོས་འདི་ནི་ལྷག་པར་ཆགས་པ་དང་མངོན་པར་ཞེན་པ་སྤོང་བའི་ཕྱིར་ཞུགས་པ་ཡིན་པའི་ཕྱིར་དང༌། ལྷག་པར་ཆགས་པ་དང་མངོན་པར་ཞེན་པ་སྤངས་ན་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཕྱིར། འདིར་སློབ་དཔོན་སྐྱེ་བ་མེད་པ་དང་པོར་བསྟན་པར་བཞེད་དོ། །དེའི་ཕྱིར་གཞན་གྱིས་ཡོངས་སུ་བརྟགས་པའི་སྐྱེ་བར་རྣམ་པར་རྟོག་པ་མངོན་སུམ་དུ་མཛད་དེ་ཞེས་བྱ་བ་སྨྲས་ཏེ། དེ་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་ཞེས་བྱ་བ་ནི་དོན་དམ་པར་ན་ཉིད་ཀྱི་བློ་ལ་སྐྱེ་བ་རྣམ་པར་རྟོག་པའི་དགོངས་པ་ཉིད་མི་མངའ་བས། འདི་ལྟར་གཞན་དག་གིས་དོན་དམ་པར་སྐྱེ་བ་ཡོད་པར་ཡོངས་སུ་བརྟགས་པའི་སྐྱེ་བར་རྣམ་པར་རྟོག་པ་གང་དག་ཡིན་པ་དེ་དག་མངོན་སུམ་དུ་མཛད་དེ་ཞེས་བྱ་བར་སྦྱར་རོ། །སྐྱེ་བར་རྣམ་པར་རྟོག་པར་ཞེས་བྱ་བ་ནི། རྣམ་པར་རྟོག་པ་གང་དག་གིས་སྐྱེ་བར་རྣམ་པར་བརྟགས་ཤིང་གཟུང་བ་གང་དག་ཡིན་པ་དེ་དག་ནི་སྐྱེ་བར་རྣམ་པར་རྟོག་པ་ཞེས་བྱ་སྟེ། སྐྱེ་བའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །མངོན་སུམ་དུ་མཛད་དེ་ཞེས་བྱ་བ་ནི་སེམས་ཀྱི་མདུན་དུ་བཞག་པ་མཛད་པ་སྟེ་དམིགས་པར་མཛད་དེ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བར་རྣམ་པར་རྟོག་


DTG099_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར་འདི་ལྟར་སྐྱེ་བར་སྨྲ་བ་དག་ལས། ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཟེར། གཞན་དག་ནི་གཞན་ལས་སོ་ཞེས་ཟེར་ཁ་ཅིག་ནི་གཉི་ག་ལས་སོ་ཞེས་ཟེར། གཞན་དག་ནི་རྒྱུ་མེད་པ་ལས་སོ་ཞེས་ཟེར་བ་དག་ཅེས་བྱ་བ་སྨྲས་སོ། །སྐྱེ་བར་རྣམ་པར་རྟོག་པ་དེ་དག་མངོན་སུམ་དུ་མཛད་དེའོ། །རིགས་པ་དང་ལུང་དག་གིས་བརྟགས་པ་ན་ཞེས་བྱ་བ་ནི་སྐྱེ་བར་རྣམ་པར་རྟོག་པ་ད་དག་མངོན་སུམ་དུ་མཛད་དེ་རིགས་པ་དང་ལུང་དག་གིས་བརྟགས་པ་ནའོ། །དེ་ལ་རིགས་པ་ཞེས་བྱ་བ་ནི་གཏན་ཚིགས་དང༌། དཔེ་འཇིག་རྟེན་དང་ལུང་ལ་གྲགས་པ་དག་གོ །ལུང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་མཐའ་དག་སྟེ། དེ་ལས་ཀྱང་བཅོམ་ལྡན་འདས་ཀྱིས། རབ་འབྱོར་གཟུགས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་སྟེ། ཆོས་སུ་བཏགས་པ་དེ་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་དེ། མིང་དང་བརྡ་ཙམ་གྱི་ཐ་སྙད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དག་ཡིན་ནོ། །ལུང་དེ་ཡང་དེ་བཞིན་གཤེགས་པའི་ཡིན་པར་བརྗོད་པར་བྱའི་གཞན་དག་ལ་ནི་ལུང་གི་མཚན་ཉིད་མེད་དེ། ཇི་སྐད་དུ། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་ཟད་ལུང་དུ་ཤེས་པར་བྱ། །ཉེས་པ་ཟད་པས་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་བཤད་པ་དེ་ལྟ་བུ་སྟེ། དེའི་ཕྱིར་རིགས་པ་དང་ལུང་དེ་དག་གིས་བརྟགས་པ་ནའོ། །སྐྱེ་བ་རྣམ་པ་ཐམས་ཅད་དུ་འཐད་པ་མི་བཟོད་པར་ཞེས་བྱ་བ་ལ། སྐྱེ་བ་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་སྐྱེ་བར་རྣམ་པར་རྟོག་པ་གང་ཡིན་པ་དེས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི། བདག་ལས་དང༌། གཞན་ལས་དང༌། གཉི་ག་ལས་དང༌། རྒྱུ་མེད་པ་ལས་ཞེས་བྱ་བ་མུ་བཞིའི་རྣམ་པ་ཐམས་ཅད་དུའོ། །འཐད་པ་མི་བཟོད་པར་ཞེས་བྱ་བ་ནི་སྐྱེ་བ་འཐད་པའི་གཏན་ཚིགས་ཡོད་པར་མི་བཟོད་པར་རོ། །རང་ལ་ངེས་པ་ཞེས་བྱ་བ་ནི། སློབ་དཔོན་གྱིས་གང་གི་ཚེ་དངོས་པོ་རྣམས་ཀྱི་སྐྱེ་བ་རྣམ་པ་དེ་དག་གིས་མི་འཐད་མི་རིགས་པར་རྟོགས་པ་དེའི་ཚེ་ན། སློབ་དཔོན་ཉིད་ལ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་དོ་ཞེས་དེ་ཁོ་ན་ཐུགས་སུ་ཆུད་པའི་ངེས་པ་སྐྱེས་པར་གྱུར་པའོ། །དེའི་དབང་


DTG099_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞེས་བྱ་བ་ནི་སློབ་དཔོན་རང་ལ་ངས་པ་སྐྱེས་པ་དེའི་དབང་གིས་ཏེ། དེའི་དབང་གིས་ཇི་ལྟར་བདག་གིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རྟོགས་པ་ད་ལྟར་སེམས་ཅན་གཞན་དག་ལ་ཡང་བསྟན་པར་བྱའོ་སྙམ་དུ་དགོངས་ནས། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ཇི་ལྟར་བདག་གིས་རིགས་པ་དང་ལུང་དག་གིས་བརྟགས་པ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ཞིང་དེ་ཁོ་ན་ཁོང་དུ་ཆུད་པར་དེ་ཁོ་ན་བཞིན་ནོ། །སེམས་ཅན་རྣམས་ཀྱིས་ཀྱང་བསྒོམ་པའི་རྣམ་པ་འདི་ཉིད་ཀྱིས་དེ་ཁོ་ན་ཁོང་དུ་ཆུད་པར་བྱས། དེའི་ཕྱིར་བསྒོམ་པའི་རྣམ་པ་བསྟན་པ་དབུ་མའི་བསྟན་བཅོས་འདི་བསྟན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་དམ་བཅས་པའི་སྤྱི་བཀོད་པ་ཡིན་ནོ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཚིག་ལེའུར་བྱས་པ་འདི་ནིའོ། །དམ་བཅས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་དམ་བཅས་པ་གཅིག་གོ །གཞན་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་དམ་བཅས་པ་གཉིས་པའོ། །གཉིས་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་དམ་བཅས་པ་གསུམ་པའོ། །རྒྱུ་མེད་པ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་དམ་བཅས་པ་བཞི་པའོ། །དམ་བཅས་པ་དེ་དག་གི་སྤྱི་ཞེས་བྱ་བ་ནི་ཉེ་བར་སྦྱར་བའམ་བསྟན་པའོ། །དེ་ལ་ཅིའི་ཕྱིར་དམ་བཅས་པ་རྣམ་པ་བཞི་ཁོ་ན་བྱས་ཤིང་མང་དུ་མ་བྱས་ཤེ་ན། འདི་ལྟར་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གྱེས་པ་ན་རྒོལ་བུ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་ཕྱོགས་བཞི་པོ་འདིའི་ཁོངས་སུ་འདུས་ཤིང༌། འདི་ལས་གཞན་པའི་རྣམ་པ་ལྔ་པ་མེད་པས་དེའི་ཕྱིར་དམ་བཅས་པ་རྣམ་པ་བཞི་པོ་ཁོ་ན་མཛད་དོ། །དེ་ལ་རེ་ཞིག་བདག་ལས་མ་ཡིན་ཞེས་བྱ་བ་ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་བདག་ལས་ཅི་ཞིག་མ་ཡིན་ཞེ་ན་ཞེས་འགྲོལ་བར་བྱེད་པ་ཉིད་ཀྱིས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེས་པ་


DTG099_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ་ཞེས་བྱ་བ་སྨྲས་ཏེ། བདག་ལས་ཇི་ཞིག་མ་ཡིན་ཞེ་ན། བདག་ལས། སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བར་སྦྱར་རོ། །སོགས་པ་སྟེ་ཞེས་བྱ་བའི་སྒྲས་ནི། དངོས་པོ་གང་དག་གང་ན་ཡང༌། །ཞེས་བྱ་བ་བསྡུ་སྟེ། དེས་ན་བདག་ལས་ཅི་ཞིག་མ་ཡིན་ཞེ་ན། བདག་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །རེ་རེ་དང་སྦྱར་བར་བྱའོ་ཞེས་བྱ་བས་ཇི་སྐད་བསྟན་ཞེ་ན། བདག་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། ཞེས་བྱ་བ་དང༌། དེ་ལྟར་རེ་རེ་དང་སྦྱར་བར་བྱའོ། །བདག་ལས་ཞེས་བྱ་བ་ནི་བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ། གལ་ཏེ་གང་ལས་དོགས་པ་སྐྱེ་ན་འདིར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅེ་ན། འདི་ལྟར་བདག་ཅེས་བྱ་བའི་དོན་རྣམ་པ་ལྔ་ལ་སྦྱོར་ཏེ། བདག་ཉིད་དང༌། བདག་གི་དང༌། ཤེས་པ་དང༌། དབང་ཕྱུག་དང༌། ཉེ་དུ་དག་ལ་སྦྱོར་བས། དེའི་ཕྱིར་བདག་གིས་དང༌། ཤེས་པ་དང༌། དབང་ཕྱུག་དང༌། ཉེ་དུ་དག་རྣམ་པར་གཅད་པའི་ཕྱིར། འདིར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དེ། དངོས་པོ་རྣམས་བདག་ཉིད་ལས་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ ། །དམ་བཅས་པ་ཙམ་གྱིས་བསམས་པའི་ཚིག་གིས་དོན་མི་འགྲུབ་པས་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་ཚིག་ཙམ་གྱིས་སློབ་དཔོན་གྱིས་སྐྱེ་བ་མེད་པར་བསམས་པའི་ཚིག་གིས་དོན་མི་འགྲུབ་ན་ནི་གཞན་དག་གིས་ཀྱང་སྐྱེ་བར་བསམས་པའི་ཚིག་གིས་དོན་འགྲུབ་པར་འགྱུར་བ་ཞིག་ན། མི་འགྲུབ་པས་དེའི་ཕྱིར་དམ་བཅས་པ་ཙམ་གྱིས་བསམས་པའི་ཚིག་གིས་དོན་མི་འགྲུབ་སྟེ། སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས། གལ་ཏེ་ཡོད་པའི་ཚིག་ཙམ་གྱིས། །དངོས་པོ་ཡོད་


DTG099_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ན་ནི། །མེད་ཅེས་བྱ་བའི་ཚིག་ཙམ་གྱིས། །ཅི་ཕྱིར་མེད་པར་འགྱུར་བ་མིན། །དེའི་ཕྱིར། དོན་གང་ལུང་དང་རིགས་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང༌། །སྔ་ཕྱི་འགལ་བ་མེད་པ་དེ། །དམ་པ་རྣམས་ཀྱིས་ཡོངས་སུ་བཟུང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མདོར་བསྟན་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བཤད་དགོས་པས། སྔར་བདག་ལས་སྐྱེ་བ་མེད་དོ་ཞེས་གསུངས་པ་དེའི་ཕྱིར། འདིར་དེ་ཉིད་དང་པོར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འདིར་ཕྱོགས་ཀྱི་ཆོས་ནི་ཡོད་པ་ཉིད་ཡིན་པར་གཟུང་སྟེ་ཞེས་བྱ་བ་སྨྲས་ཏེ། ཚད་མ་བྱེད་པར་འདོད་པའི་ཚད་མ་ཉིད་ནི་རིགས་པ་ཡིན་པས། འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་ངོ་ཞེས་བྱ་བའི་ཕྱོགས་ཀྱི་ཆོས་གཏན་ཚིགས་སུ་བཟུང་བ་ནི་བདག་ཉིད་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་བདག་ཉིད་ཡོད་པ་ཉིད་ཇི་ལྟར་ཕྱོགས་ཀྱི་ཆོས་ཡིན་ཞེ་ན། དེའི་ལན་དུ། འདི་ལྟར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དངོས་པོ་གང་ལ་བདག་ཉིད་ཀྱི་རང་གི་ངོ་བོ་ཡོད་པ་དེ་ལ་བདག་ལས་ཞེས་སྙད་གདགས་སུ་རུང་བའི་ཕྱིར། ཡོད་པ་ལ་ནི་ཡང་སྐྱེ་བ་མེད་པའི་ཕྱིར། ཡོད་པ་ཉིད་ནི་སྐྱེ་བ་མེད་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་པའི་ཕྱིར་རོ་ཞེས་བྱ་བ་ནི། དངོས་པོ་གང་ལ་བདག་ཉིད་ཡོད་པ་དེ་ནི་བདག་ཉིད་ཡོད་པ་སྟེ། དེ་ལ་བདག་ལས་ཞེས་སྙད་གདགས་སུ་རུང་བའི་ཕྱིར་རོ། །དཔེར་ན་འཇིག་རྟེན་དག་ན་ཡང་སྨྲ་བ་པོ་དག་ན་རེ། ལྷས་བྱིན་བདག་ཉིད་ཡོད་པ་ལ་ལྷས་བྱིན་བདག་ལས་ཞེས་ཟེར་བ་དང་འདྲ་བར། འདིར་ཡང་དངོས་པོ་བདག་ཉིད་ཡོད་པ་ཉིད་ཡིན་ན་བདག་ལས་ཞེས་སྙད་གདགས་སུ་རུང་ལ། བདག་ལས་ཞེས་སྙད་དུ་གདགས་སུ་རུང་བའི་དངོས་པོ་བདག་ཉིད་ཡོད་པ་ཉིད་ཡིན་ན། ཡོད་པ་ཉིད་ལ་ནི་ཡང་སྐྱེ་བ་མེད་པས་དེའི་ཕྱིར་ཡོད་པ་ཉིད་ནི་སྐྱེ་བ་མེད་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་པར་གཟུང་ངོ༌། །དཔེར་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཆོས་ཅན་ནང་གི་སྐྱེ་མཆེད་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་དང༌།


DTG099_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ཆོས་ཡོད་པ་ཉིད་དག་ཡོད་པ་དེའི་དབང་གིས་དཔེ་བསྟན་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་དཔེ་ནི་ཞེས་བྱ་བ་ནི་འོག་ནས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་འབྱུང་བའི་དཔེ་དེའོ། །བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བ་ཆོས་སོ། །ཡང་ན་དེ་ནི་བསྒྲུབ་པར་བྱ་བ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་བསྒྲུབ་པར་བྱ་བ་ཆོས་ཞེས་བསྡུ་བར་བྱའི། བསྒྲུབ་པར་བྱ་བའི་ཆོས་ཞེས་ནི་བསྡུ་བར་མི་བྱའོ། །བསྒྲུབ་པར་བྱ་བ་ཆོས་དེ་ཡང་གང་ཞེ་ན། སྐབས་འདིར་ནི་སྐྱེ་བ་མེད་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །སྒྲུབ་པའི་ཆོས་ཞེས་བྱ་བ་ནི་བདག་ལས་སྐྱེ་བ་མེད་པ་སྐྱེ་བ་མེད་པ་སྒྲུབ་པའི་ཆོས་ཏེ་གཏན་ཚིགས་སོ། །སྒྲུབ་པའི་ཆོས་དེ་གང་ཞེ་ན། སྐབས་འདིར་ནི་ཡོད་པ་ཉིད་ཅེས་བྱ་བ་ཡིན་པར་སྦྱར་རོ། །དབང་གིས་ཏེ་ཞེས་བྱ་བ་ནི་ཆོས་ཅན་ནང་གི་སྐྱེ་མཆེད་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཡོད་པའི་དབང་དང་སྒྲུབ་པའི་ཆོས་ཡོད་པ་ཉིད་ཡོད་པའི་དབང་གིས་ཆོས་ཅན་དེའི་དཔེ་ཤེས་པ་ཡོད་པ་ཉིད་ལ་སོགས་པ་བསྟན་དགོས་པའོ། །དེ་བསྟན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་གྱི་དཔེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཆོས་ཅན་ནང་གི་སྐྱེ་མཆེད་ལ་སོགས་པ་གང་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་ཡོད་པ་ཉིད་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡོད་པ་དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་ཞེས་བྱའོ། །ཆོས་ཅན་དེའི་དཔེ་ཡིན་པའི་ཕྱིར་དཔེ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་ཀྱི་དབང་གིས་བསྟན་དགོས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བསྒྲུབ་པར་བྱ་བ་ཆོས་གྲགས་པ་ཞེས་བྱ་བ་ནི། བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའོ། །སྒྲུབ་པའི་ཆོས་གྲགས་པ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའོ། །དེ་གཉིས་དང་ལྡན་པའི་ཆོས་ཅན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་གྲགས་པ་དང་སྒྲུབ་པའི་ཆོས་གྲགས་པ་དེ་གཉིས་དང་ལྡན་པའི་ཆོས་ཅན་


DTG099_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྐྱེ་མཆེད་ལ་སོགས་པའོ། །ཆོས་ཅན་དེའི་དཔེ་ཞེས་བྱ་བ་ནི་ཤེས་པ་ཡོད་པ་ཉིད་ལ་སོགས་པ་སྟེ། དཔེར་ན་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡོད་པ་དེ་བཞིན་དུ། འདིར་ཡང་ཆོས་ཅན་ནང་གི་སྐྱེ་མཆེད་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡོད་པར་སྟོན་པས། དེའི་ཕྱིར་དཔེ་ནི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་གྱི་དཔེ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཇི་སྐད་དུ་དཔེ་གང་ལ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བས་ཁྱབ་པར་བྱེད་པ་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་དཔེ་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ་ཞེས་བྱ་བ་ལ། གལ་ཏེ་གང་ལས་དོགས་པ་སྐྱེ་ན། འདིར་བདག་ལས་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ་ཞེས་བཤད་ཅེ་ན། འདི་ལྟར་བརྡ་སྤྲོད་པ་ལས་དགག་པ་ལྟ་བུ་ནི་རྣམ་པ་གཉིས་ཏེ། མེད་པར་དགག་པ་དང༌། མ་ཡིན་པར་དགག་གོ་ཞེས་འབྱུང་བའི་དེའི་ཕྱིར་མ་ཡིན་པར་དགག་པ་རྣམ་པར་གཅད་པའི་ཕྱིར། འདིར། བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ་ཞེས་བཤད་དེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་དགག་པའི་དོན་དུ་བལྟ་བར་བྱའི། བདག་ལས་མ་སྐྱེས་པ་ཡོད་དོ་ཞེས་མ་ཡིན་པར་དགག་པའི་དོན་དུ་ནི་བལྟ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་དགག་པ་འདི་གཉིས་ཀྱི་མཚན་ཉིད་ནི་ཇི་སྐད་དུ། དགག་པ་དོན་གྱིས་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །འདི་སྐད་བསྟན་ཏེ། དགག་པ་གང་དོན་གྱིས་གོ་བ་སྟོན་པ་དང༌། ཚིག་གཅིག་གིས་དངོས་པོ་སྒྲུབ་པར་བྱེད་པ་དང༌། དོན་གྱིས་གོ་བ་དང༌། དངོས་པོ་སྒྲུབ་པ་དེ་དང་ལྡན་པ་དང༌།


DTG099_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཚིག་གིས་མི་སྟོན་པ། དཔེར་ན་རྒྱལ་རིགས་ལ་རྒྱལ་རིགས་ཞེས་བྱ་བའི་ཚིག་གིས་མི་སྟོན་པར། བྲམ་ཟེ་མ་ཡིན་པ་ཞེས་བྱ་བའི་ཚིག་གིས་སྟོན་པ་དེ་ནི་མ་ཡིན་པར་དགག་པ་ཡིན་པར་བལྟ་བར་བྱའོ། །གཞན་པ་གཞན་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་པའི་དགག་པ་གང་ཡིན་པར་དགག་པ་ལས་གཞན་པ་མེད་པར་དགག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། །གཞན་པ་ཞེས་བྱ་བ་ནི་དོན་གྱིས་གོ་བ་བསྟན་པ་ལས་གཞན་པ་དང༌། ཚིག་གཅིག་གིས་དངོས་པོ་སྒྲུབ་པར་བྱེད་པ་ལས་གཞན་པ་དང༌། དོན་གྱིས་གོ་བ་དང་དངོས་པོ་སྒྲུབ་པ་དེ་དང་ལྡན་པ་ལས་གཞན་པ་དང༌། རང་གི་ཚིག་གིས་མི་སྟོན་པ་ལས་གཞན་པ་གང་ཡིན་པའོ། །གཞན་ཡིན་ནོ་ཞེས་བྱ་བ་ནི་དེ་ནི་མ་ཡིན་པར་དགག་པ་ལས་གཞན་པ་མེད་པར་དགག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དོན་གྱིས་གོ་བའི་མཚན་ཉིད་སྟོན་པ་མ་ཡིན་པ་དང༌། དགག་པ་ལྷུར་ལེན་ཏེ་དགག་པ་ཁོ་ན་དེའི་དགོས་པ་ཡིན་ཞིང་གཞན་གྱིས་ཁས་བླངས་པ་གང་ཡིན་པ་དེ་དགག་པ་ཙམ་བྱེད་ལ། དངོས་པོའི་དེ་ཁོའམ་དངོས་པོ་མེད་པའི་དེ་ཁོ་ན་སྒྲུབ་པར་མི་བྱེད་པ་དང༌། དོན་གྱིས་གོ་བ་དང་ལྡན་པ་ཡང་མ་ཡིན། དངོས་པོ་དང་ལྡན་པ་ཡང་མ་ཡིན་ཞིང་དགག་པ་དང་ལྡན་པ་དང༌། རང་གི་ཚིག་གིས་སྟོན་ཏེ་དཔེར་ན་བྲམ་ཟེ་མ་ཡིན་པ་ཉིད་ཅེས་དགག་པ་ཙམ་ཉིད་ཚེ་བྱེད་པ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་པར་དགག་པར་སྤངས་ཏེ་མེད་པར་དགག་པ་གཟུང་ཞེ་ན། དེའི་ཕྱིར་དགག་པ་གཙོ་ཆེ་བའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། མེད་པར་དགག་པ་དེ་ནི་དགག་པ་གཙོ་ཆེ་བའི་ཕྱིར་འདིར་གཟུང་གི །མ་ཡིན་པར་དགག་པ་ནི་སྒྲུབ་པ་གཙོ་ཆེ་བའི་ཕྱིར་འདིར་མི་གཟུང་ངོ་ཞེས་བྱ་བར་སྦྱར་རོ། །དགག་པ་གཙོ་ཆེ་བ་ཞེས་བྱ་བ་ནི་མེད་པར་དགག་པ་གང་ལས་དགག་པ་གཙོ་ཆེ་བ་དང༌། བསམ་པ་དང༌། འདོད་པས་སྒྲུབ་པར་ནུས་པ་ཡོད་པ་དེ་ནི་དགག་པ་གཙོ་ཆེ་བའོ། །དགག་པ་གཙོ་ཆེ་བའི་ཕྱིར་ཞེས་བྱ་བ་ནི་དགག་པ་གཙོ་ཆེ་བའི་རྒྱུ་དེའི་ཕྱིར་འདིར་མེད་པར་དགག་པ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དགག་པ་གཙོ་ཆེ་བའི་ཕྱིར་དང་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་ནི་དགག་པ་གཙོ་ཆེ་བའི་ཕྱིར་འདིར་མེད་པར་དགག་པ་གཟུང་བར་བྱའི། མ་ཡིན་པར་དགག་པ་གཟུང་བར་མི་བྱའོ། །ཅིའི་ཕྱིར་དབུ་མའི་བསྟན་བཅོས་ལ་དགག་


DTG099_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཁོ་ན་བྱེད་ཅིང་དངོས་པོ་སྒྲུབ་པར་མི་བྱེད་ཅེ་ན། དེའི་ཕྱིར་འདི་ལྟར་རྟོགས་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པར་འགྲུབ་པར་དགོངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་རྟོག་པའི་དྲ་བ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པ་དེའི་ཕྱིར། དབུ་མའི་བསྟན་བཅོས་ལ་དགག་པ་ཙམ་ཁོ་ན་བྱེད་ཅིང་དངོས་པོ་སྒྲུབ་པར་མི་བྱེད་དོ་ཞེས་བྱ་བར་སྦྱར་རོ། །རྟོག་པ་མ་ལུས་པ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བར་རྟོག་པ་དེ་དག་ནི་རྟོག་པ་མ་ལུས་པ་ཞེས་བྱའོ། །དྲ་བ་ཞེས་བྱ་བ་ནི་རྟོག་པ་མ་ལུས་པ་དེ་དག་ཉིད་དུ་དྲ་བ་སྟེ། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་འདིས་གཡོགས་ན་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཐར་པ་ཞེས་བྱ་བར་འགྲོ་བར་མི་ནུས་པས་དེའི་ཕྱིར། རྟོག་པ་མ་ལུས་པ་དེ་དག་ཉིད་དྲ་བ་དང་འདྲ་བས་དྲ་བའོ། །དགག་པས་ཞེས་བྱ་བ་ནི་རྟོག་པ་མ་ལུས་པའི་དྲ་བ་དེ་དགག་པ་ནི་རྟོག་པ་མ་ལུས་པའི་དྲ་བ་དགག་པ་སྟེ། རྟོག་པ་མ་ལུས་པའི་དྲ་བ་དགག་པ་དེས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ལ་ཞེས་བྱ་བ་ཤེས་པར་བྱ་བ་དང༌། རྟོགས་པར་བྱ་བ་དང༌། ཡོངས་སུ་གཅད་པར་བྱ་བ་མ་ལུས་པ་དང༌། ཡུལ་ཞེས་བྱ་བ་སྤྱོད་ཡུལ་དང༌། གཟུང་བ་དང༌། དམིགས་པ་མ་ལུས་པ། ཡོད་པ་དེ་ནི་རྣམ་པར་མེ་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་ཞེས་བྱའོ། །དེ་འགྲུབ་པར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་དེ་འགྲུབ་པར་རོ། དགོངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཞེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ ། ཡང་ན་མེད་པར་དགག་པ་འདིས་འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་དེ་འགྲུབ་པར་དགོངས་པའི་ཕྱིར་ཏེ་རྗེས་སུ་མཐུན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ ། །འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་རྣམ་པར་གཞག་པ་ཡིན་གྱི། །གནས་གྱུར་པའི་མཚན་ཉིད་ལ་ནི་དོན་དམ་པར་ཡེ་ཤེས་འགྲུབ་པར་མི་བཞེད་དེ།


DTG099_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཡེ་ཤེས་ཀྱི་སྐྱེ་བ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་མ་ཡིན་པར་དགག་པ་ཡོངས་སུ་གཟུང་བ་ཁོ་ན་བྱེད་ཅིང༌། མེད་པར་དགག་པ་ཡོངས་སུ་གཟུང་བ་མི་བྱེད་ན་ནི་དེས་ན་མ་ཡིན་པར་དགག་པ་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར། དགག་པ་ཁོ་ན་ཙམ་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་མ་ཡིན་པར་དགག་པ་ནི་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་དེས་ན་སྐྱེ་བ་མེད་པ་ཉིད་ཡོད་པར་སྟོན་པའི་ཕྱིར་དེ་ཡང་མི་བཞེད་དེ། འདི་ལྟར་མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་སྟོན་ཏོ། །དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་དེ་ནི་སྒྲུབ་པ་གཙོ་མེད་པའི་ཕྱིར་ཏེ། འདི་ལྟར་དངོས་པོ་རྣམས་སྐྱེ་བ་མེད་དོ་ཞེས་དགག་པའི་སྒོ་ནས་མ་སྐྱེས་པ་ཡོད་དོ་ཞེས་སྒྲུབ་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། མ་ཡིན་པར་དགག་པ་དེ་ནི་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབ་པའི་སྒོ་དེ་ནས་སྐྱེ་བ་མེད་པ་ཉིད་ཡོད་པར་སྟོན་པའི་ཕྱིར་སྒྲུབ་པ་གཙོ་ཆེ་བ་ཡིན་ནོ། །དེ་ནི་འདིར་མི་བཞེད་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཛད་པའི་མཐའ་དང་བྲ་བར་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ལ་མཛད་པའི་མཐའ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱིས་མཛད་པའི་དོན་གྱི་མཐའ་ངེས་པ་ཡིན་པའི་ཕྱིར་རོ། །དེ་དང་བྲལ་བར་འགྱུར་ཏེ་ཞེས་བྱ་བ་ནི་དེ་དང་འགལ་བར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ ། །མཛད་པའི་མཐའ་དང་ཇི་ལྟར་བྲལ་བར་འགྱུར་བ་དེ་ཉིད་བསྟན་པའི་ཕྱིར། ལུང་ལས། གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བཅོམ་ལྡན་འདས་ལ་གཞན་དག་གིས་བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན།


DTG099_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །གཟུགས་ཀྱི་སྐྱེ་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཇི་སྐད་བསྟན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པའི་རྟོག་པ་མ་ལུས་པ་དང་བྲལ་བ་ཡིན་པས། གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་རྣམ་པར་རྟོག་པ་ལ་ཡང་མི་སྤྱོད་པ་དེའི་ཚེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པར་བསྟན་ཏོ། །དེ་ལྟ་བས་ན་མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ལུང་དང་འགལ་བས་འདིར་ནི་མེད་པར་དགག་པ་ཁོ་ན་ལ་བརྟེན་པར་བྱའོ། །འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་བྱ་བ་ལ། ངེས་པར་གཟུང་བ་ཞེས་བྱ་བའི་སྒྲ་ནི་དེ་ཁོ་ན་ཞེས་བྱ་བའི་དོན་ལ་སྙེགས་སོ། །འདིར་ངེས་པར་གཟུང་བ་དེ་ཡང་རྣམ་པ་གསུམ་སྟེ། བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་བྱ་བ་ནི་ངེས་པར་གཟུང་བ་དང་པོའོ། །བདག་ཁོ་ན་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་ངེས་པར་གཟུང་བ་གཉིས་པའོ། །བདག་ཁོ་ན་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་ངེས་པར་གཟུང་བ་གསུམ་པའོ། །དེ་ལ་འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་བྱ་བ་འདི་ནི་ངེས་པར་གཟུང་བ་དང་པོ་སྟེ། དོན་འདིར་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱ་བ་ཡིན་ནོ། །གཞན་དུ་ངེས་པར་གཟུང་ན་ཞེས་བྱ་བས་ནི་ངེས་པར་གཟུང་བ་གཉིས་པ་དང་གསུམ་པ་འོག་ནས་འབྱུང་བ་དག་ལྟར་གཟུང་ན་གཉི་ག་ཡང་སྐྱོན་དུ་འགྱུར་པས་མི་རུང་ངོ་ཞེས་བསྟན་ཏོ། །ངེས་པར་གཟུང་བ་གཉིས་པ་བསྟན་པའི་ཕྱིར། བདག་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང་ཞེས་བྱ་བ་སྨྲས་ཏེ། འདི་ནི་ངེས་པར་གཟུང་བ་གཉིས་པ་སྟེ། དངོས་པོ་རྣམས་བདག་ཁོ་ན་ལས་སྐྱེ་བ་མེད་དོ་ཞེས་ངེས་པར་གཟུང་ན། འོ་ན་ཅི་ཞེ་ན། གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བའི་སྐྱོན་དུ་འགྱུར་བས་འདི་ནི་མི་རུང་ངོ༌། །ངེས་པར་གཟུང་བ་གསུམ་པ་བསྟན་


DTG099_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་བཞིན་དུ་བདག་ཁོ་ན་ལས་ནི་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། བདག་དང་གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བས་ཞེས་བྱ་བ་སྨྲས་ཏེ། འདི་ནི་ངེས་པར་གཟུང་བ་གསུམ་པ་སྟེ། དངོས་པོ་རྣམས་བདག་ཁོ་ན་ལས་ནི་སྐྱེ་བ་མེད་དོ་ཞེས་ངེས་པར་གཟུང་ན། འོ་ན་ཅི་ཞེ་ན། བདག་དང་གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བའི་སྐྱོན་དུ་འགྱུར་བས་འདི་ཡང་མི་རུང་ངོ༌། །ངེས་པར་གཟུང་བ་གཉིས་པ་དང་གསུམ་པ་དེ་གཉིས་ཅིའི་ཕྱིར་མི་རུང་ཞེ་ན། དེའི་ཕྱིར་དེ་ཡང་མི་བཞེད་དེ་ཞེས་བྱ་བ་སྨྲས་ཏེ། ངེས་པར་གཟུང་བ་གཉིས་པ་དང་གསུམ་པ་དེ་ཡང་སློབ་དཔོན་མི་བཞེད་དེ། གཉི་ག་དེ་ཡང་སྐྱེ་བར་ཁས་ལེན་པའི་སྐྱོན་ཆགས་པའི་ཕྱིར་རོ། །ཅིའི་ཕྱིར་མི་བཞེད་ཅེ་ན། དེའི་ཕྱིར་མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མཛད་པའི་མཐའ་དང་བྲལ་ཞེ་ན། སྔར་དམ་བཅས་པའི་སྤྱི་བཀོད་པའི་སྐབས་སུ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་དང་གཞན་ལས་སྐྱེ་བ་མེད་པ་དང༌། གཉིས་ལས་སྐྱེ་བ་མེད་པ་དང༌། རྒྱུ་མེད་པ་ལས་སྐྱེ་བ་མེད་པར་ཁས་བླངས་ལ། འདིར་ངེས་པར་གཟུང་བ་གཉིས་པས་གཞན་ལས་སྐྱེ་བར་བསྟན་པ་དང༌། ངེས་པར་གཟུང་བ་གསུམ་པ་དང་བདག་དང་གཞན་ལས་སྐྱེ་བར་བསྟན་པ་འདི་གཉིས་སྔར་དམ་བཅས་པ་དང་འགལ་བའི་ཕྱིར་རོ།། འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་བསྟན་པའི་སྐབས་འདིར་སྦྱོར་བ་དང་སྦྱོར་བ་དང་བཅས་པའི་ཚིག་ཏུ་འགྱུར་བ་ནི། འོག་ནས་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཉེ་བར་སྦྱར་བ་རྣམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྦྱོར་བའི་ཚིག་ཅེས་བྱ་བ་ནི་སྦྱོར་བ་དང་བཅས་པའི་ཚིག་སྟེ། རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་ལ། དོན་དམ་པར་ཞེས་བྱ་བ་ནི་སྔར་གཞན་མ་ཡིན་པ་ནི་འདིར་ཐམས་ཅད་དོན་དམ་པར་བཀག་སྟེ་ངེས་པར་གཟུང་བའི་ཕྱིར་རོ། །གཞན་དུ་ཡང་མི་འགལ་ཏེ། ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང༌། མཛད་པ་པོས་བསྟན་པ་ཉིད་ཀྱི་བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་


DTG099_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པས། འདིར་སྐྱེ་བ་མེད་པར་འགག་པ་ཡང་དོན་དམ་པར་དགག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པར་སྐྱེ་བ་རྫས་དང་དངོས་པོ་དང་གཞིའི་སྒོ་ནས་དགག་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ། །དེ་ལ་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །ཡོད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་ཕྱོགས་ཀྱི་ཆོས་ཡིན་ནོ། །དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་ནང་གི་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པའོ། །བདག་ཅེས་བྱ་བ་ནི་མཚམས་ལ་བདག་གིར་བྱེད་པ་སྟེ། ཡོ་བྱད་གྱ་ནོམ་པ་དང༌། རྒྱ་ཆེན་པོ་དག་དང་པོར་བྱས་ནས། ཡོ་བྱད་ངན་པ་དང་ཁྱོན་ཆུང་ངུའི་བར་དག་ལ་བདག་གིར་བྱེད་པས་བདག་ཅེས་བྱའོ། །བདག་དེས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པ་ནི་ནང་གི་ཞེས་བྱའོ། །སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་འབྱུང་བ་རྣམས་སྐྱེ་ཞིང་འབྱུང་བ་དང༌། མཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ་འདི་ལྟ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བ་རྣམས་སོ། །ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །དེ་ལ་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བ་ནི་གང་ལ་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་གཞི་སྟེ། སྐབས་འདིར་ནི་གང་ལ་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་རྗེས་སུ་དཔག་པར་བྱ་བའི་གཞི་ནང་གི་སྐྱེ་མཆེད་རྣམས་སོ། །དེ་ཉིད་ཕྱོགས་ཞེས་བྱ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་གཞིའི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་དེ་གཉིས་བསྡུས་པའི་ཕྱོགས་ལ་ཕྱོགས་


DTG099_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དེ་ཉིད་ཆོས་ཅན་ཞེས་བྱ་བ་སྟེ། ཆོས་ཅན་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་གཞི་གང་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་གཉིས་ཡོད་པ་དེ་ནི་ཆོས་ཅན་ཏེ། སྐབས་འདིར་ནི་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་གཞི་གང་ལས་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉིག་ལ་གྲགས་པ་དང༌། བདག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་གྲགས་པ་དེ་གཉིས་ཡོད་པ་དེ་ནི་ཆོས་ཅན་ཞེས་བྱའོ། །བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ཉིད་ལས་སོ། །སྐྱེ་བ་མེད་པར་ངེས་ཏེ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ཉིད་ཡོད་པ་ཉིད་ལས་སྐྱེ་བ་མེད་པར་ངེས་པའོ། །བདག་ཉིད་ལས་སྐྱེ་བ་མེད་པར་ངེས་ཏེ། ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །དེ་ལ་རྗེས་སུ་དཔག་པ་ཞེས་བྱ་བ་ནི་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང་འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པ་སྟེ། སྐབས་འདིར་ནི་རྗེས་སུ་དཔག་པར་བྱ་བའི་གཞི་ནང་གི་སྐྱེ་མཆེད་རྣམས་ལ་བདག་ལས་སྐྱེ་བ་མེད་པ་རྗེས་སུ་དཔག་པའོ། །དེ་ཉིད་ཕྱོགས་ཞེས་བྱ་བ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ་སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང་གང་ལ་དེ་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་དེ་གཉིས་བསྡུས་པའི་ཕྱོགས་ལ་ཕྱོགས་ཞེས་བྱའོ། །དེ་ཉིད་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་སྟེ། བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྟེ། སྐབས་འདིར་ནི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་དེ་བསྒྲུབ་པར་བྱ་བའོ། །ཡོད་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ཉིད་ཀྱི་ཕྱིར་ཏེ་འདི་ལྟར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་པའི་ཕྱིར་རོ། །ཡོད་པའི་ཕྱིར་ཞེས་བྱ་བ་འདི་ནི་བསྒྲུབ་པའི་ཆོས་གཏན་ཚིགས་ཏེ། ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་བསྒྲུབ་པའི་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་མི་རྟག་པ་དང་རྒྱུ་སྒྲུབ་པའི་ཆོས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་པ་དག་ལས་སྐྱེ་བ་མེད་


DTG099_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་དེ་སྒྲུབ་པའི་ཆོས་ཡོད་པའི་ཕྱིར་ཞེས་བྱ་བ་སྟེ། འདི་ལྟར་བདག་ལས་ཞེས་བྱ་བ་ནི་བདག་ཉིད་ཡོད་པ་ལ་སྙད་གདགས་སུ་རུང་བ་དང༌། བདག་ལས་ཞེས་སྙད་གདགས་སུ་རུང་བའི་ནང་གི་སྐྱེ་མཆེད་རྣམས་བདག་ཉིད་ཡོད་པ་ཉིད་ཡིན་ནོ། །ཡོད་པ་ཉིད་ལ་ནི་ཡང་སྐྱེ་བ་མེད་པས་དེའི་ཕྱིར་ཡོད་པའི་ཕྱིར་ཞེས་བྱ་བ་ནི། བདག་ལས་སྐྱེ་བ་མེད་པ་བསྒྲུབ་པའི་ཆོས་ཡིན་ནོ། །དེ་ཉིད་གཏན་ཚིགས་ཞེས་བྱ་བ་སྟེ། གཏན་ཚིགས་ཞེས་བྱ་བ་ཡང་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྒྲུབ་པའི་གཏན་ཚིགས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་མི་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་སྒྲུབ་པའི་གཏན་ཚིགས་ཡོད་པའི་ཕྱིར་ཞེས་བྱ་བ་སྟེ། ནང་གི་སྐྱེ་མཆེད་རྣམས་ཅིའི་ཕྱིར་བདག་ལས་སྐྱེ་བ་མེད་ཅེ་ན། ཡོད་པའི་ཕྱིར་ཏེ། ནང་གི་སྐྱེ་མཆེད་རྣམས་བདག་ཉིད་ཡོད་པ་ཉིད་ཡིན་ན་ཡོད་པ་ཉིད་ལ་ནི་ཡང་སྐྱེ་བ་མེད་པས་དེའི་ཕྱིར་ཡོད་པའི་ཕྱིར་ཞེས་བྱ་བ་ནི། བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་གཏན་ཚིགས་ཡིན་ནོ། །དེ་ཉིད་ཕྱོགས་ཀྱི་ཆོས་ཞེས་བྱ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཡང་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་བསྡུས་པའི་ཕྱོགས་དེའི་ཆོས་ཡོད་པའི་ཕྱིར་ཞེས་བྱ་བ་སྟེ། ནང་གི་སྐྱེ་མཆེད་རྣམས་ཅིའི་ཕྱིར་བདག་ལ་སྐྱེ་བ་མེད་ཅེ་ན། ཡོད་པའི་ཕྱིར་ཏེ། ནང་གི་སྐྱེ་མཆེད་རྣམས་བདག་ཉིད་ཡོད་པ་ཉིད་ཡིན་ན་ཡོད་པ་ཉིད་ལ་ནི་ཡང་སྐྱེ་བ་མེད་པས་དེའི་ཕྱིར་ཡོད་པའི་ཕྱིར་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་དེའི་གཏན་ཚིགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་ཞེས་བྱའོ། །དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་ལ། ཤེས་པ་ཡོད་པ་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པའི་གཞུང་ལ་སྐྱེས་བུའི་རང་བཞིན་ནི་ཤེས་པ་ཡོད་པའོ་ཞེས་ཟེར་བ་སྟེ། བདག་ཏུ་སྨྲ་བའི་རྣམ་གྲངས་ཡིན་ནོ། །ཉིད་ཅེས་བྱ་བ་ནི་ཤེས་པ་ཡོད་པའི་དངོས་པོ་ནི་ཤེས་པ་ཡོད་པ་ཉིད་དོ། །དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ་ཆོས་མཐུན་པའི་དཔེ་ཡིན་།དེ་ལ་དཔེ་ཞེས་བྱ་བ་ནི་ཆོས་ཅན་གང་ལ་བསྒྲུབ་པར་བྱ་བ་དག་སྒྲུབ་པའི་ཆོས་ཡོ་པའི་དཔེ་སྟེ། འདིར་དཔེ་ནི་རྗེས་སུ་


DTG099_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པར་བྱ་བ་ཕྱོགས་ཆོས་ཅན་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་གང་ལ་རྗེས་སུ་དཔག་པ་ཕྱོགས་བསྒྲུབ་པར་བྱ་བ་ཆོས་བ་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་གཏན་ཚིགས་ཕྱོགས་ཀྱི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པ་ཡིན་པར་སྦྱར་རོ། །དེ་ཉིད་ཆོས་མཐུན་པའི་དཔེ་ཞེས་བྱ་སྟེ། ཆོས་མཐུན་པའི་དཔེ་ཞེས་བྱ་བ་ནི་དམིགས་པ་ལས་སྔོ་པོ་མེད་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཕྱོགས་འདི་ན་དངོས་པོ་མེད་དེ་དམིགས་པའི་རིགས་བྱར་གྱུར་པའི་བུམ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་འདི་ནི་ཤིང་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ། ཚང་མང་འདི་ན་མེ་ཡོད་དེ་དུ་བ་འཐུལ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། སྐབས་འདིར་ནི་དཔེར་ན་ཆོས་ཅན་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་དེ་རྒོལ་བའི་ཕྱོགས་ལ་ནི་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་ཡོད་པ་ཉིད་དུ་གྲགས་ལ། ཕྱིར་རྒོལ་བའི་ཕྱོགས་ལ་ནི་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ཉིད་ཅེས་བྱ་བར་ཡོད་པ་ཉིད་དུ་གྲགས་པ་དེ་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། བདག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པས་དེ་ནི་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་ཤེས་པ་ཡོད་པ་ཉིད་དེ་ལ་བདག་ལས་སྐྱེ་བ་མེད་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ཡང་རྒོལ་བའི་ཕྱོགས་ལ་ནི་བདག་གིས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པ་ཉིད་ཅེས་བྱ་བར་ཡོད་པ་ཉིད་དུ་གྲགས་ལ། ཕྱིར་རྒོལ་བའི་ཕྱོགས་ལ་ནི་ཀུན་རྫོབ་ཏུ་ཡུལ་འཛིན་ནུས་པ་ཉིད་ཅེས་བྱ་བར་ཡོད་པ་ཉིད་དུ་གྲགས་པ། དཔེར་ན་སྒྲ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དུ་ཡོད་པ་ཉིད་དུ་གྲགས་པ་དང་འདྲ་བ་དེ་ལ་བསྒྲུབ་པར་བྱ་བ་ཆོས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། བདག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་ཡོད་པ་ཉིད་ཅེས་བྱ་བ་རྒོལ་


DTG099_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པས་དེ་ཡང་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ལ་ཡང་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གང་དང་གང་ཡོད་པ་དེ་ལ་སྐྱེ་བ་མེད་དེ། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ནང་གི་སྐྱེ་མཆེད་ཉིད་རྣམས་ཀྱང་ཡོད་པ་ཉིད་ཡིན་པས་དེའི་ཕྱིར་དེ་དག་ལ་ཡང་སྐྱེ་བ་མེད་དོ། །གལ་ཏེ་ཡོད་པ་ཉིད་དུ་འདྲ་བ་ལས་ནང་གི་སྐྱེ་མཆེད་རྣམས་ལ་ནི་སྐྱེ་བ་ཡོད་པར་འདོད་ལ། ཤེས་པ་ཡོད་པ་ཉིད་ལ་ནི་སྐྱེ་བ་མེད་པར་འདོད་ན་ནི་དེའི་ཚེ་རྒྱུ་འདིས་ནང་གི་སྐྱེ་མཆེད་རྣམས་ལ་སྐྱེ་བ་ཡོད་པར་འདོད་ལ། རྒྱུ་འདི་ནི་ཤེས་པ་ཡོད་པ་ཉིད་ལ་སྐྱེ་བ་མེད་པར་འདོད་དོ་ཞེས་ཁྱད་པར་ཉིད་དུ་བྱ་བའི་ཁྱད་པར་གྱི་གཏན་ཚིགས་བརྗོད་པར་བྱ་དགོས་སོ། །གང་གི་ཕྱིར་བདག་ལས་སྐྱེ་བར་སྨྲ་བ་དག་ལ་ཤེས་པ་ཡོད་པ་ཉིད་ཡོད་པའི་གནས་སྐབས་ལ་སྐྱེ་བར་མི་འདོད་པ་དེའི་ཕྱིར། ནང་གི་སྐྱེ་མཆེད་རྣམས་ཀྱང་བདག་ཉིད་ཡོད་པ་ལས་སྐྱེ་བ་མེད་པར་འགྱུར་པོ། །གཞན་ཡང་དངོས་པོ་རྣམས་ཀྱི་སྐྱེ་བ་ཅིའི་ཕྱིར་འདོད་ཅེ་ན། བདག་ཉིད་ཀྱི་ངོ་བོ་ཉིད་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྐྱེ་བར་འདོད་པ་ཡིན་ན། གལ་ཏེ་ནང་གི་སྐྱེ་མཆེད་དེ་དག་ལ་སྐྱེ་བའི་སྔ་རོལ་ན་བདག་ཉིད་ཀྱི་ངོ་བོ་ཉིད་ཡོད་པར་གྱུར་ན་དེ་དག་ལས་སྐྱེ་བར་བརྟགས་པས་ཅི་ཞིག་བྱ་སྟེ། སྐྱེས་པ་ལ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགག་པ་མི་མཐུན་པར་ཡང་འགྱུར་ཏེ། གལ་ཏེ་ཡོད་ན་ནི་སྐྱེ་བར་མི་འགྱུར་ལ། ཅི་སྟེ་སྐྱེ་ན་ནི་ཡོད་པ་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་ན་ཡོད་པ་ཉིད་སྐྱེ་བ་ནི་འགལ་ཏེ། འདི་ལྟར་འཇིག་རྟེན་ན་བུམ་པ་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་ནུས་པ་གསལ་བར་ཡོད་པ་ནི་ཡང་སྐྱེ་བར་མི་མཐོང་བའི་ཕྱིར་རོ། །དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་བདག་ལས་སྐྱེ་བ་མེད་པར་འགག་པ་ཡིན་ན་ཅིའི་ཕྱིར་འདིར། ནང་གི་སྐྱེ་མཆེད་རྣམས་ཉི་ཚེ་ཆོས་ཅན་དུ་གཞག་ཅེ་ན། དེ་ནི། དངོས་པོ་གཅིག་ལ་གང་མཐོང་བ། །དེ་ནི་ཀུན་ལའང་མཐོང་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པའི་རིགས་པས། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་གྲུབ་ན་ཕྱི་རོལ་གྱི་སྐྱེ་མཆེད་ལ་


DTG099_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཆོས་ཐམས་ཅད་ཀྱང་བདག་ལས་སྐྱེ་བ་མེད་པ་ཉིད་དུ་འགྲུབ་པའི་ཕྱིར་དང༌། ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་དུ་བཞག་ན་ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་གཞན་དག་གཏན་ཚིགས་དང་དཔེར་གཞག་ཏུ་རུང་བས་དེའི་ཕྱིར་ནང་གི་སྐྱེ་མཆེད་རྣམས་ཉི་ཚེ་ཆོས་ཅན་དུ་གཞག་གོ། །། བམ་པོ་བརྒྱད་པ། །གལ་ཏེ་གཏན་ཚིགས་ཡོད་པ་ཉིད་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པས་གཏན་ཚིགས་ཉིད་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། རྟོག་གེ་པ་དག་འགྲེལ་པ་བྱེད་པ་ལ་གཏན་ཚིགས་མ་ངེས་པའི་སྐྱོན་གྱིས་རྒོལ་བའི་དོགས་པ་བསུ་བ་ཡིན་ནོ། །དེ་ལ་གལ་ཏེ་ཞེས་བྱ་བའི་སྒྲ་ནི་འགྲེལ་བ་བྱེད་པ་ཉིད་ཀྱིས་རྟོག་གེ་པ་དག་གི་དོགས་བ་བསུ་བའི་ཚིག་ཡིན་ནོ། །གཏན་ཚིགས་ཡོད་པ་ནི་ཞེས་བྱ་བ་ནི། འགྲེལ་པ་བྱེད་པས་སྔར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པའི་གཏན་ཚིགས་སུ་ཡོད་པའི་ཕྱིར་ཞེས་བཤད་པ་གང་ཡིན་པ་དེ་ཉིད་དོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པས་གཏན་ཚིགས་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་གྱི་མི་འདྲ་བའི་ཕྱོགས་ཀྱི་ཚིག་གི་དོན་མི་མཐུན་པའི་ཕྱོགས་སོ། །མི་མཐུན་པའི་ཕྱོགས་དེ་ལས་ལྡོག་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གཉིས་མེད་པ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཞེས་བྱ་བའོ། །དེ་མ་བསྟན་པས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་དེ་མ་བསྟན་མ་བཤད་པས་སོ། །གཏན་ཚིགས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པས་སྔར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པའི་གཏན་ཚིགས་སུ་ཡོད་པའི་ཕྱིར་ཞེས་བཤད་པ་གང་ཡིན་པ་དེ་གཏན་ཚིགས་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པས་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མ་ངེས་པའི་ཕྱིར་གཏན་ཚིགས་ཉིད་མ་ཡིན་ནོ། །དེ་གཏན་ཚིགས་ཉིད་མ་ཡིན་པས་དེ་བསྒྲུབ་པར་བྱ་བ་ཆོས་ཀྱང་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་འདི་ལྟར་གཏན་ཚིགས་ཀྱི་མཚན་ཉིད་ནི་འདི་ཡིན་ཏེ། ཚུལ་གསུམ་ལྡན་པའི་རྟགས་བསྟན་པ། །ཕྱོགས་ཀྱི་ཆོས་ལ་གནས་པ་ཡིན། །ལྷག་མ་ཚུལ་གཉིས་བཏགས་པ་ནི། །དཔེ་ཡིས་རབ་ཏུ་བསྟན་པ་ཡིན། །ཞེས་བྱ་བས་ཚུལ་གསུམ་དང་ལྡན་པའི་རྟགས་བསྟན་


DTG099_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་ལ་ཚུལ་གསུམ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཚུལ་གསུམ་པོ་དག་ལ་རྟགས་ཀྱང་གསུམ་སྟེ། མི་དམིགས་པ་དང༌། ངོ་བོ་ཉིད་དང༌། འབྲས་བུའོ། །དེས་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་གྱི་རྟགས་གསུམ་ནི། མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པར་བྱ་བ་ལ་ནི། འདི་ན་དངོས་པོ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པར་བྱ་བ་ལ་ནི་སྒྲ་མི་རྟག་པ་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པར་བྱ་བ་ལ་ནི་འདི་ལ་རྒྱུ་ཡོད་དེ་འབྲས་བུ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་གྱི་རྟགས་གསུམ་ནི། མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཕྱོགས་འདི་ན་དངོས་པོ་མེད་དེ། དམིགས་པའི་རེག་བྱར་གྱུར་པའི་བུམ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་འདི་ནི་ཤིང་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཚད་མང་འདི་ན་མེ་ཡོད་དེ་དུ་བ་འཐུལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱི་རྟགས་གསུམ་ནི་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པའི་ཆོས་མི་མཐུན་པའི་དཔེ། ཕྱོགས་འདི་ན་དངོས་པོ་ཡོད་དེ་དམིགས་པའི་རེག་བྱར་གྱུར་པའི་བུམ་པ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པའི་ཆོས་མི་མཐུན་པའི་དཔེ། ནམ་མཁའ་རྟག་སྟེ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་ཆོས་མི་མཐུན་པའི་དཔེ། ཁྲོན་པ་འདི་ན་མེ་མེད་དེ་བ་མོ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཚུལ་གསུམ་དང་ལྡན་པའི་རྟགས་ཀྱིས་གཏན་ཚིགས་ཀྱི་མཚན་ཉིད་བསྟན་དགོས་ན། འདིར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར་ཞེས་བསྟན་པས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་ཀྱང་ཡོད།


DTG099_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བསྟན་པས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་ཀྱང་ཡོད་ན། འདི་ལྟར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་མ་བསྟན་པས་དེའི་ཕྱིར་གཏན་ཚིགས་ཀྱི་མཚན་ཉིད་མ་ཚང་ནས། གཏན་ཚིགས་ཡོད་པ་ཉིད་ཅེས་བྱ་བ་དེ་མ་ངེས་པའི་ཕྱིར་གཏན་ཚིགས་ཉིད་མ་ཡིན་ནོ་ཞེས་ན། དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མེད་པ་ཁོ་ནའི་ཕྱིར་དེ་ལ་ལྡོག་པ་མེད་པས་འདི་དང་ཐམས་ཅད་ལ་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །དེ་ལ་མེད་པ་ཁོ་ནའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མེད་པ་ཁོ་ནའི་ཕྱིར་ཏེ། འདི་ལྟར་ཁོ་བོ་ཅག་དབུ་མ་པ་ལ་ནི་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པའི་མི་མཐུན་པའི་ཕྱོགས་གཞན་ལས་སྐྱེ་བ་ཞེས་བྱ་བ་མེད་པ་ཁོ་ནའི་ཕྱིར་རོ། །དེ་ལ་ལྡོག་པ་མེད་པས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མེད་པ་དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གཉིས་ལྡོག་པ་མེད་པས་ཏེ། གལ་ཏེ་བདག་ལས་སྐྱེ་བ་མེད་པའི་མི་མཐུན་པའི་ཕྱོགས་གཞན་ལས་སྐྱེ་བ་ཞེས་བྱ་བ་ཡོད་ན་ནི་དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དེ་གཉིས་ལྡོག་ཅིང་མེད་པར་འགྱུར་བས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་ཀྱང་བསྟན་དུ་རུང་བ་ཞིག་ན། ཁོ་བོ་ཅག་ལ་བདག་ལས་སྐྱེ་བ་མེད་པའི་མཐུན་པའི་ཕྱོགས་གཞན་ལས་སྐྱེ་བ་ཞེས་བྱ་བ་དེ་མེད་པ་ཁོ་ནའི་ཕྱིར། དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ལྡོག་པ་མེད་པས་འདིར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་བསྟན་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདི་དང་ཐམས་ཅད་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་སྦྱོར་བའི་ཚིག་འདི་ལ་ཡང་གཏན་ཚིགས་མ་ངེས་པའི་སྐྱོན་གྱི་ཉེས་པ་མེད་ལ། འདི་འབའ་ཞིག་ཏུ་ཡང་མ་ཟད་དོ། འདི་ལྟར་བསྟན་བཅོས་འདི་ལ་འོག་ནས་འབྱུང་བའི་སྒྲུབ་པ་གཞན་ཐམས་ཅད་ལ་ཡང་ཉེས་པ་འདི་མེད་དོ། །འདི་སྐད་བསྟན་ཏེ་མི་མཐུན་པའི་ཕྱོགས་ཡོད་ན་ནི་དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ལྡོག་པ་ཡང་བསྟན་པར་བྱ་སྟེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་ནམ་མཁའ་ནི་རྟག་སྟེ་མ་བྱས་པའི་ཕྱོགས་དེ་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་


DTG099_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ནི་ལྡོག་ཅིང་མེད་པར་འགྱུར་བ་ཞིག་ན། སྨྲས་པ། གང་ལ་མི་མཐུན་པའི་ཕྱོགས་ཉིད་མེད་པ་དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ལྡོག་པ་མེད་དོ། །དེའི་ཕྱིར་ཁོ་བོའི་ཕྱོགས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་འདིའི་མི་མཐུན་པའི་ཕྱོགས་ནི་གཞན་ལས་སྐྱེ་བ་ཞེས་བྱ་བར་བརྟག་གྲང་ན། ཁོ་བོས་ནི་རྣམ་པ་ཐམས་ཅད་ཁོ་ན་སྐྱེ་བ་མེད་པར་ཁས་བླངས་པས་དེའི་ཕྱིར་ཁོ་བོ་ལ་མི་མཐུན་པའི་ཕྱོགས་མེད་པ་ཁོ་ནའི་ཕྱིར། དེ་ལ་ལྡོག་པ་མེད་པས་གཏན་ཚིགས་ཀྱི་སྐྱོན་མེད་དོ། །གཏན་ཚིགས་ཀྱི་མཚན་ཉིད་མ་ཚང་བར་ཡང་མི་འགྱུར་ཏེ། འདི་ལྟར་ཁོ་བོ་ལ་མི་མཐུན་པའི་ཕྱོགས་མེད་པ་ཁོ་ནའི་ཕྱིར། དེ་ལ་གཏན་ཚིགས་རང་བཞིན་གྱིས་མི་འཇུག་པ་ཉིད་ལྡོག་པ་ཡང་ཡིན་པས་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་རྟགས་ཀྱང་ཡོད་པ་ཡིན་ནོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དོ། དམ་བཅས་པ་འདིའི་དོན་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས། དེས་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ན་ནི་གྲུབ་པ་ལ་སྒྲུབ་པོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ན་ནི་འགལ་བའི་དོན་ཉིད་དེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། འདིར་དེ་ལྟར་གཏན་ཚིགས་ཀྱི་སྐྱོན་བསལ་བ་ལ་གྲངས་ཅན་དག་ལས་འབྲས་བུ་དང་རྒྱུ་དང་གཉི་གའི་ངོ་བོ་ཉིད་སྨྲ་བ་ཁ་ཅིག་དངོས་པོ་རྣམས་ཀྱི་སྐྱེ་བ་སྒྲུབ་པའི་ཕྱིར། སློབ་དཔོན་གྱི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་ལ་དམ་བཅས་པའི་སྐྱོན་བརྗོད་པའི་རྣམ་པས་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པ་ཡིན་ནོ། །དེ་ལ་འདིར་ཞེས་བྱ་བ་ནི་དེ་ལྟར་གཏན་ཚིགས་ཀྱི་སྐོན་བསལ་བའི་སྐབས་འདིར་རོ། །གྲངས་ཅན་དག་ལས་ཞེས་བྱ་བ་ནི་གྲངས་ཅན་དག་ལས་གྱེས་པ་ཉི་ཤུ་རྩ་ལྔ་ཡོད་དོ་ཞེས་གྲགས་པ་དེ་དག་ལས་སོ། །ཁ་ཅིག་ཅེས་བྱ་བ་ནི་དེ་དག་ལས་རྒྱུ་དང་འབྲས་བུ་དང་གཉི་ག་སྨྲ་བ་གང་དག་དག་ཡིན་པ་ཁ་ཅིག་གོ །ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་དེ་དག་དངོས་པོ་རྣམས་ཀྱི་སྐྱེ་བ་སྒྲུབ་པའི་ཕྱིར། སློབ་དཔོན་གྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་ལ་དམ་བཅས་པའི་སྐྱོན་བརྗོད་པའི་རྣམ་པས་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པའོ། །དམ་བཅས་པ་འདིའི་དོན་གང་ཡིན་ཞེས་བྱ་བ་ནི་དབུ་མ་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་


DTG099_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ལས་ཞེས་བྱ་བ་འདིའི་དོན་གང་ཡིན་ཞེས་ཀླན་ཀ་ཚོལ་བའི་ཚིག་ཡིན་ནོ། །ཅི་བདག་ལས་ཞེས་བྱ་བ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། འདི་ལ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་གཉིས་ཏེ། འབྲས་བུའི་ངོ་བོ་ཉིད་དང༌། རྒྱུའི་ངོ་བོ་ཉིད་དོ། །དེ་ལ་འབྲས་བུའི་ངོ་བོ་ཉིད་ནི་འབྲས་བུ་གསལ་བའི་ཚུལ་གྱིས་ཡོད་པའོ། །རྒྱུའི་ངོ་བོ་ཉིད་ནི་འབྲས་བུའི་ནུས་པ་དང་ལྡན་པའི་རྒྱུའི་བདག་ཉིད་ཡོད་པ་ཁོ་ན་ལས་སྐྱེ་བར་མཐོང་བ་སྟེ། གལ་ཏེ་འབྲས་བུའི་ནུས་པ་མེད་པའི་རྒྱུ་ལས་སྐྱེ་ན་ནི་འབྲས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་སྐྱེ་བའི་རིགས་ན་མི་སྐྱེ་བས་དེའི་ཕྱིར་རྒྱུ་གང་ལས་འབྲས་བུ་གང་གི་ངོ་བོ་ཉིད་ཡོད་པ་དེ་རྒྱུ་དེ་ལས་སྐྱེས་པས། ཁོ་བོས་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་བདག་རྒྱུའི་བདག་ཉིད་དུ་ཡོད་པས་སྐྱེས་པ་ཡིན་ན། ཁྱེད་ཀྱི་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་དམ་བཅས་པའི་བདག་ལས་ཞེས་བྱ་བ་དེ་གང་ཡིན་ཞེས་གླེང་བ་ཡིན་ནོ། །འབྲས་བུའི་བདག་ཉིད་ལས་སམ་ཞེས་བྱ་བ་ནི་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་ཡོད་པའི་བདག་ཉིད་ལས་སྐྱེ་བ་མེད་པ་ཡིན་ནམ་ཞེས་འདྲི་བ་ཡིན་ནོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ཞེས་བྱ་བ་ནི་འབྲས་བུའི་ནུས་པ་དང་ལྡན་པའི་རྒྱུའི་བདག་ཉིད་དུ་ཡོད་པ་ལས་སྐྱེ་བ་མེད་པ་ཡིན་ཞེས་གལ་གཟུང་བ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི། ཕྱོགས་དེ་གཉི་ག་ཡང་སྐྱོན་ཆགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ན་ནི་གྲུབ་པ་ལ་སྒྲུབ་པོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་འབྲས་བུའི་བདག་ཉིད་ལས་ན་ནི་ཞེས་བྱ་བ་ནི་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་ཡོད་པའི་བདག་ཉིད་ལས་སྐྱེ་བ་མེད་པ་ཞེས་བསྒྲུབ་ན་ནིའོ། །གྲུབ་པ་ལ་སྒྲུབ་པོ་ཞེས་བྱ་བ་ནི་དེ་ལྟར་ན་ཁྱོད་ཀྱི་གཏན་ཚིགས་དེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་འདི་ན་མིག་ལ་སོགས་པ་སྐྱེ་མཆེད་ཡུལ་འཛིན་ན་ནུས་པ་གསལ་བའི་ངོ་བོ་ཉིད་དུ་ཡོད་པ་དག་ལ་ཡང་སྐྱེ་བ་མེད་པ་ནི་འཇིག་རྟེན་ཐམས་ཅད་ལ་གྲུབ་ཟིན་པ་ཡིན་པས་དེ་ལས་སྐྱེ་བ་མེད་པར་བསྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ཁྱེད་ནང་གི་སྐྱེ་མཆེད་ཡུལ་འཛིན་ནུས་པ་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་ཡོད་པའི་བདག་ཉིད་ལས་སྐྱེ་བ་མེད་པར་བསྒྲུབ་པའི་ཚིག་དེ་ནི་དཔེར་ན་སྨྱོན་པའམ་གདོན་གྱིས་ཟིན་པ་དག་བུམ་པ་བྱས་ཟིན་པ་


DTG099_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱའོ་ཞེས་ཟེར་བའི་ཚིག་བཞིན་དུ་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་རོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ན་ནི་འགལ་བའི་དོན་དེ་ཉིད་དེ་ཞེས་བྱ་བ་ལ། འོན་ཏེ་རྒྱུའི་བདག་ཉིད་ལས་ན་ནི་ཞེས་བྱ་བ་ནི་འབྲས་བུའི་ནུས་པ་དང་ལྡན་པའི་རྒྱུའི་བདག་ཉིད་ཡོད་པ་ལས་སྐྱེ་བ་མེད་པ་ཞེས་བསྒྲུབ་ན་ནིའོ། །འགལ་བའི་དོན་ཉིད་དེ་ཞེས་བྱ་བ་ནི་དེ་ལྟར་ན་ཁྱེད་ཀྱི་གཏན་ཚིགས་དེ་འགལ་བའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་འབྲས་བུའི་ནུས་པ་དང་ལྡན་པའི་རྒྱུ་མེར་མེར་པོ་ལ་སོགས་པ་བདག་ཉིད་ཡོད་པ་ལས་འབྲས་བུ་ནང་གི་སྐྱེ་མཆེད་རྣམས་གསལ་བའི་ངོ་བོ་ཉིད་དུ་སྐྱེ་བར་གྲགས་པ་ལས་འབྲས་བུ་སྐྱེ་བ་མེད་པར་སྒྲུབ་ན་ནི་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་དོན་ཉིད་དུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་བ་ཅན་ཐམས་ཅད་ཅེས་བྱ་བ་ནི་དངོས་པོ་གང་ལ་སྐྱེ་བ་ཡོད་པ་དེ་ནི་སྐྱེ་བ་ཅན་ཏེ་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་ཐམས་ཅད་དོ། །རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་ཅན་དེ་དག་ཐམས་ཅད་ནི་འབྲས་བུའི་ནུས་པའི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བར་འཇིག་རྟེན་ན་གྲགས་པའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ནང་གི་སྐྱེ་མཆེད་ཐམས་ཅད་ཀྱང་མེར་མེར་པོ་ལ་སོགས་པ་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བར་མཐོང་ལ། མྱུ་གུ་ཡང་ས་བོན་གྱི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བ་དང༌། བུམ་པ་ཡང་འཇིམ་པའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་གལ་ཏེ་རྒྱུའི་ངོ་བོ་ཉིད་དུ་ཡོད་པའི་བདག་ཉིད་ལས་སྐྱེ་བ་མེད་པར་སྒྲུབ་ན་ནི་འཇིག་རྟེན་ན་དངོས་པོ་སྐྱེ་བ་ཅན་ཐམས་ཅད་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བར་གྲགས་པ་དང་འགལ་བར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་འདིར་དེ་ལྟར་གཏན་ཚིགས་ཀྱི་སྐྱོན་བསལ་བ་ལ། གྲངས་ཅན་དག་ལས་འབྲས་བུ་དང་རྒྱུ་དང་གཉི་གའི་ངོ་བོ་ཉིད་སྨྲ་བ་ཁ་ཅིག་དངོས་པོ་རྣམས་ཀྱི་སྐྱེ་བ་སྒྲུབ་པའི་ཕྱིར། སློབ་དཔོན་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པ་ལ་དམ་བཅས་པའི་སྐྱོན་བརྗོད་པའི་རྣམ་པས་ཕྱིར་རྒོལ་བ་ཉིད་དུ་གནས་པ་དག་དེ་སྐད་ཅེས་ཟེར་ནའོ། །དེ་སྐད་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་བདག་


DTG099_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་བ་ཙམ་དགག་པའི་ཕྱིར་རོ། །རྒྱུའི་བདག་ཉིད་ལས་ན་ཡང་བདག་དང་གཞན་དུ་གྱུར་པ་ལས་ཀྱང་སྐྱེ་བ་སེལ་བའི་ཕྱིར་རོ། །ཤེས་པ་ཡོད་པ་ཉིད་ནི་ནུས་པའི་མཚན་ཉིད་དང་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་ཡང་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །དེ་ལ་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་སུན་དབྱུང་བའི་རྣམ་པ་གཉི་ག་ཡང་སུན་དབྱུང་བ་ལྟར་སྣང་བ་ཡིན་པས་བཟང་པོ་མ་ཡིན་ཏེ། འདི་ལྟར་གྲུབ་པ་ལ་སྒྲུབ་པ་མ་ཡིན་པའི་ཕྱིར་དང༌། འགལ་བའི་དོན་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ཞེ་ན། དེའི་ཕྱིར་བདག་ལས་སྐྱེ་བ་ཙམ་འགག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་གྲུབ་པ་ལ་སྒྲུབ་པ་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉི་གའི་བློ་མཐུན་པའི་དོན་ལ་ཡང་གཏན་ཚིགས་གཞན་གྱིས་སྒྲུབ་པ་ཡིན་ན། ཁོ་བོས་ནི་འབྲས་བུའི་བདག་ཉིད་དུ་ཡོད་པ་ལ་སྐྱེ་བ་མེད་དོ་ཞེས་མ་སྨྲས་ཏེ། འདི་ལྟར་འབྲས་བུའི་བདག་ཉིད་ལས་སམ། རྒྱུའི་བདག་ཉིད་ལས་ཞེས་བྱེ་བྲག་ཏུ་བརྗོད་པ་མ་བྱས་པ་ཁོ་ནར་བདག་ལས་སྐྱེས་པ་ཙམ་ཁོ་ནར་འགོག་པར་བྱེད་ལ། ཁྱོད་ཀྱིས་ནི་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་ཞེས་བྱེ་བྲག་ཏུ་བརྗོད་པ་བྱས་པས་དེས་ན་འུ་བུ་ཅག་བློ་མཐུན་པ་མ་ཡིན་པའི་ཕྱིར། ཁོ་བོས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་བཀག་པ་འདི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །ཇི་ལྟར་ན་འགལ་བའི་དོན་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་རྒྱུའི་བདག་ཉིད་ལས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དངོས་པོ་རྣམས་རྒྱུའི་བདག་ཉིད་ལས་སྐྱེ་བ་མེད་པར་བསྒྲུབ་ན་ཡང་འཇིག་རྟེན་ལས་གྲགས་པ་དང་འགལ་བའི་དོན་ཉིད་དུ་མི་འགྱུར་ཏེ། འདི་ལྟར་ཁྱོད་ན་རེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་གང་ཡིན་པ་དེ་འདིར་བརྟག་གི་ཉོན་ཅིག ། །ཅི་མྱུ་གུའི་རྒྱུའི་ས་བོན་ཞེས་བྱ་བ་དེ་མྱུ་གུའི་རང་གི་བདག་ཉིད་ཡིན་ནམ། འོན་ཏེ་བདག་ཉིད་གཞན་ཡིན། གང་ཡང་རུང་བ་ཞིག་ཏུ་བརྟག་གྲང་ན། དེ་ལ་ཁོ་བོ་ནི་བདག་དང་གཞན་དུ་གྱུར་པ་ལས་ཀྱང་སྐྱེ་བ་སེལ་བའི་ཕྱིར་འགལ་བའི་དོན་ཉིད་དུ་མི་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་མྱུ་གུའི་རྒྱུའི་ས་བོན་དེ་རང་གི་བདག་ཉིད་ཡིན་ཏེ། ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་ཡིན་ན་ནི་དེའི་ཕྱིར་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་ལེགས་པར་གསུངས་པ་ཡིན་ནོ། །ཅི་སྟེ་མྱུ་གུའི་


DTG099_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ལས་ས་བོན་བདག་ཉིད་གཞན་ཡིན་ན་ནི་དེའི་ཕྱིར་འོག་ཁོ་ན་ནས་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་སྟོན་པའི་སྐབས་སུ་བརྟག་གི །ཅུང་ཟད་སྡོད་ཅིག །དེ་ལྟར་གཏན་ཚིགས་ཀྱི་སྐྱོན་བསལ་བ། འདིར་གྲངས་ཅན་དག་ཁོ་ན་ལས་ནུས་པ་སྨྲ་བ་གཞན་ཁ་ཅིག་དཔེ་ལ་སྐྱོན་འདོགས་པར་བྱེད་པ་དག་ན་རེ། ཁྱེད་ཀྱིས་སྔར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་སྦྱོར་བའི་ཚིག་སྨྲས་པའི་སྐབས་སུ། ཤེས་པ་ཡོད་པ་ཉིད་ལ་དཔེ་བླངས་པ་དེ་ནི་མི་རུང་སྟེ། ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་རང་གི་ངོ་བོ་ཉིད་དེ། དཔེར་ན་དྲོ་བ་ནི་མེའི་རང་གི་ངོ་བོ་ཉིད་ཡིན་པ་དང་འདྲའོ། །དེ་ཡང་དུས་ཐམས་ཅད་དུ་མེད་དེ་འདི་ལྟར། བློ་ཡིས་དོན་ནི་གནས་བྱས་པ། །སྐྱེས་བུས་སེམས་པར་བྱེད་པ་ཡིན། །ཞེས་འབྱུང་བས། གང་གི་ཚེ་བློས་སྒྲ་ལ་སོགས་པའི་དོན་རྒྱུད་ལ་གནས་པར་བྱས་ཤིང་སྐྱེས་བུ་ལ་འབུལ་བར་བྱེད་པ་དེའི་ཚེ་ན་ཤེས་པ་ཡོད་པ་ཉིད་སྐྱེའི། ཇི་སྲིད་དུ་བློས་སྒྲ་ལ་སོགས་པ་དོན་རྒྱུད་ལ་གནས་པར་མ་བྱས་ཤིང་སྐྱེས་བུ་ལ་འབུལ་བར་མི་བྱེད་པ་དེ་སྲིད་དུ་ཤེས་པ་ཡོད་པ་ཉིད་མི་སྐྱེ་བས་དེའི་ཕྱིར་ཤེས་པ་ཡོད་པ་ཉིད་ནི་ནུས་པའི་མཚན་ཉིད་ཀྱིས་རྟག་ཏུ་ཡོད་ཀྱང༌། གསལ་བའི་མཚན་ཉིད་ཀྱིས་རྟག་ཏུ་མེད་པས་གཏན་ཚིགས་ཡོད་པ་ཉིད་ཀྱི་དཔེ་ཤེས་པ་ཡོད་པ་ཉིད་ལས་བླངས་པ་དེའི་མཚན་ཉིད་མ་ཚང་བས་སྒྲུབ་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། ཤེས་པ་ཡོད་པ་ཉིད་ནི་ནུས་པའི་མཚན་ཉིད་དང་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་ཡང་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གང་གི་ཚེ་བློའི་རྩོལ་བས་མ་སྐྱེས་པའི་ཤེས་པ་ཡོད་པ་ཉིད་ནུས་པའི་མཚན་ཉིད་ཀྱི་གནས་སྐབས་ན་ཡོད་པ་ཉིད་གང་ཡིན་པ་དེ་ཁོ་བོས་དཔེ་ཉིད་དུ་བསྟན་པར་བྱས་པས་དེའི་ཕྱིར་དཔེའི་སྐྱོན་མེད་དོ། །དེ་ལ་ཤེས་པ་ཡོད་པ་ཉིད་ནི་ཞེས་བྱ་བ་ནི་སྔར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་གཏན་ཚིགས་ཡོད་པ་ཉིད་ཀྱི་དཔེར་བསྟན་པའི་ཤེས་པ་ཡོད་པ་ཉིད་དོ། །ནུས་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཤེས་པ་ཡོད་པ་ཉིད་གང་ལ་ནུས་པའི་མཚན་ཉིད་ཡོད་པ་དེ་ནི་ནུས་པའི་མཚན་ཉིད་དང་ལྡན་པ་སྟེ། དེ་ཡང་


DTG099_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཅན་གྱི་སྐྱེས་བུ་ལ་དུས་ཐམས་ཅད་དུ་ཡོད་པར་ཁས་བླངས་པས་ཡོད་པ་ཉིད་ཡིན་ནོ། །ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ནུས་པའི་མཚན་ཉིད་དང་ལྡན་པ་དེ་ཁོ་བོས་ཡོད་པ་ཉིད་ཀྱི་དཔེར་ཡོངས་སུ་གཟུང་བའི་ཕྱིར་གཏན་ཚིགས་ཀྱི་དཔེ་ལ་སྐྱོན་མེད་དོ། །ཡང་ཞེས་བྱ་བའི་སྒྲ་ནི་ནུས་པའི་མཚན་ཉིད་དང་ལྡན་པ་འབའ་ཞིག་ཡོངས་སུ་བཟུང་བའི་ཕྱིར་གཏན་ཚིགས་ཀྱི་དཔེ་ལ་སྐྱོན་མེད་པར་མ་ཟད་ཀྱི། གསལ་བའི་མཚན་ཉིད་དང་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་ཡང་གཏན་ཚིགས་ཀྱི་དཔེ་ལ་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་གཏན་ཚིགས་ཡོད་པ་ཉིད་ཀྱི་དཔེར་ཤེས་པ་ཡོད་པ་ཉིད་བསྟན་པ་ལ་དཔེའི་སྐྱོན་གྱིས་ཉེས་པ་མེད་པའོ། །འདི་ལ་གཞན་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་རྣམ་པར་བཤད་པར་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལ་འགྲེལ་བ་བྱེད་པ་སློབ་དཔོན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་དུ་རྣམ་པར་བཤད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ལ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལའོ། །གཞན་ནི་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱིརྟི་དང༌། དེ་བ་ཤརྨ་དང༌། གུ་ཎ་ཤྲཱི་དང༌། གུ་ཎ་མ་ཏི་དང༌། སྛི་ར་མ་ཏི་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས་དེ་དག་ཕལ་ལས་གཞན་པས་ཏེ་གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ། །གནས་བརྟན་བུདྡྷ་པཱ་ལི་ཏ་ནི་དངོས་པོ་རྣམས་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །དེ་ལ་དངོས་པོ་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་སོ། །བདག་གི་བདག་ཉིད་ལས་ཞེས་བྱ་བ་ནི་བདག་ཉིད་ལས་བྱ་བའི་ཐ་ཚིག་སྟེ་དེ་ལས་སོ། །སྐྱེ་བ་མེད་དེ་ཞེས་བྱ་བ་ནི་དོན་དམ་པར་རོ། །ཅིའི་ཕྱིར་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་ཅེ་ན། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། དེ་དག་གི་སྐྱེ་བ་


DTG099_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་དངོས་པོ་དེ་དག་གི་སྐྱེ་བའོ། །དོན་མེད་པ་ཞེས་བྱ་བ་ནི་དོན་དང་བྲལ་བ་ནི་དོན་མེད་པ་སྟེ་འབྲས་བུ་མེད་པའོ། །ཉིད་ཅེས་བྱ་བ་ནི་དེ་དག་གི་སྐྱེ་བ་དོན་མེད་པའི་དངོས་པོ་ནི་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དོ། །དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་དངོས་པོ་རྣམས་ཡོད་པ་ལས་སྐྱེ་ན་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་སྐྱེས་ཟིན་པ་ལས་ཁྱད་པར་སྔོན་མ་བྱུང་བ་འགའ་ཡང་མེད་པའི་ཕྱིར་རོ། །གཞན་ཡང་སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཏེ། གལ་ཏེ་ཡོད་ཀྱང་སྐྱེ་བར་འགྱུར་ན་ཡང་སྐྱེ་བར་འགྱུར་བས། རྣམ་པ་དེས་མ་ཤི་བའི་བར་དུ་སྐྱེ་བར་འགྱུར་ཏེ། དེས་ན་སྐྱེ་བ་ཡོངས་སུ་རྫོགས་པ་མེད་པ་ཁོ་ནར་འགྱུར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏ་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པའི་སྐབས་འདིར་དེ་སྐད་ཅེས་རྣམ་པར་བཤད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །གླགས་ཡོད་པའི་ཚིག་ཡིན་པའི་ཡང་ཕྱིར་ཏེ། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏས་རྣམས་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ན། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམས་པར་བཤད་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཏེ། འདི་སྐད་བསྟན་ཏེ། རྣམ་པར་བཤད་པ་དེ་ལ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་ཙམ་ཁོ་ན་ཞིག་གྲགས་པར་ཟད་ཀྱི། ཇི་ལྟར་བདག་ལས་སྐྱེ་བ་མེད་པའི་གཏན་ཚིགས་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་དང༌། ཡོད་པ་བདག་ལ་སྐྱེ་བ་མེད་པའི་དཔེ། །དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་བྱ་བ་ལྟ་བུ་མ་བརྗོད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ།


DTG099_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཏེ། གལ་ཏེ་དེ་ལ་གཏན་ཚིགས་དང་དཔེ་དག་བརྗོད་ཅིང་སྒྲུབ་པ་རྫོགས་པར་བརྗོད་དུ་ཟིན་ཀྱང་དེ་ལ་སྐྱེ་བར་སྨྲ་བ་གཞན་གྱིས་སྨྲས་པའི་ཉེས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་ན། དེ་ཡང་ཁྱོད་ཀྱིས་མ་བསལ་པས། དེའི་ཕྱིར་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་དེ་ཇི་ལྟར་རིགས་པ་མ་ཡིན་ཞེ་ན། གླགས་ཡོད་པའི་ཚིག་ཡིན་པའི་ཡང་ཕྱིར་ཏེ། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་ནི་རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཡང་རིགས་པ་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རིགས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་ནི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། སྐབས་ཀྱི་དོན་ལ་ཟློག་པ་ཞེས་བྱ་བ་སྨྲས་ཏེ། སྐབས་ཀྱི་དོན་གང་ཞེ་ན། གནས་བརྟན་བུདྡྷ་པཱ་ལི་ཏ་ཉིད་ཀྱིས་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་ཉིད་ཡིན་ནོ། །དེ་ལས་བཟློག་པས་ཞེས་བྱ་བས་ནི་སྐབས་ཀྱི་དོན་དེ་ལས་བཟློག་པ་སྟེ། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ལས་བཟློག་པ། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ལས་བཟློག་པ་སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལས་བཟློག་པ་སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་ཞེས་བྱ་བས། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཡང་རིགས་པ་མ་ཡིན་ནོ། །སྐབས་ཀྱི་དོན་ལས་བཟློག་པས་ཇི་ལྟར་གླགས་ཡོད་པའི་ཚིག་ཡིན་པར་འགྱུར་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བ་དང༌། དེའི་ཆོས་བཟློག་པའི་དོན་མངོན་པས་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་བསྒྲུབ་པར་བྱའོ། །དེ་བཟློག་པའི་དོན་མངོན་པས་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་


DTG099_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་ཞེས་བྱ་བ་ལས་བཟློག་པའི་དོན་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཞེས་བྱ་བ་མངོན་པས་སོ། །དེའི་ཆོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེའི་ཆོས་ཏེ་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་བསྒྲུབ་པར་བྱ་བ་དེའི་ཕྱོགས་ཀྱི་ཆོས་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའོ། །དེ་བཟློག་པའི་དོན་མངོན་པས་ཞེས་བྱ་བ་ནི་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་བཟློག་པའི་དོན་སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་པའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་དོན་སྐྱེ་བ་ཐུག་པ་ཡོད་པར་འགྱུར་པའི་ཕྱིར་རོ་ཞེས་བྱ་བ་མངོན་པས་སོ། །དེ་དག་བཟློག་པའི་དོན་མངོན་པས་གླགས་ཇི་ལྟ་བུ་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་བཟློག་པའི་དོན་མངོན་པས་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། དེའི་ཆོས་དེ་དག་གིས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་པའི་ཕྱིར་ཞེས་བྱ་བ་བཟློག་པའི་དོན་མངོན་པས་ནི་སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་ཅེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། དེའི་ཆོས་སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་དོན་མངོན་པས་ནི་སྐྱེ་བ་ཐུག་པ་ཡོད་པ་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་གྱུར་ན་ཉེས་པ་ཅི་ཡོད་ཅེས་འདྲི་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་མཛད་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སློབ་དཔོན་གྱི་ལུང་ལས། དངོས་པོ་རྣམས་གཞན་ལས་སྐྱེ་བར་མི་བཞེད་པ་དང༌། སྐྱེ་བ་འབྲས་བུ་དང་བཅས་པར་མི་བཞེད་པ་དང༌། སྐྱེ་བ་ཐུག་པ་ཡོད་པར་མི་བཞེད་པའི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་གནས་བརྟན་བུདྡྷ་པཱ་ལི་ཏས་རྣམས་པར་བཤད་པ་དེ་ནི་སྒྲུབ་པ་དང་ལུང་དང་འགལ་བས་རིགས་པ་མ་ཡིན་ནོ། །གཞན་དག་ན་རེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། ཕྱོགས་སྔ་མ་རང་དགར་སྦྱར་བ་ལ་སེལ་བའི་ཕྱིར་རི་


DTG099_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེ་བ་སེལ་བ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གྲངས་ཅན་དག་ཁོ་ན་ལས་ནུས་པ་སྨྲ་བ་གཞན་དག་དབུ་མ་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་སྨྲས་པ་གང་ཡིན་པའི་སྒྲུབ་པ་འདི་ལ་རྗེས་སུ་དཔག་པས་འགོག་པར་བྱེད་པའི་ཚིག་ཡིན་ནོ། །དེ་ལ་གཞན་དག་ན་རེ་ཞེས་བྱ་བ་ནི་གྲངས་ཅན་དག་ཁོ་ན་ལས་ནུས་པ་སྨྲ་བ་གཞན་དག་ན་རེའོ། །འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་པ། རིགས་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ཕྱོགས་སྔ་མ་རང་དགར་སྦྱར་པ་ལ་སེལ་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེ་བ་སེལ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་ཞེས་བྱ་བ་ནི་དབུ་མ་པས་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་དམ་བཅས་པ་དང༌། གཏན་ཚིགས་དང་དཔེ་བསྟན་པས་སྦྱོར་བའི་ཚིག་སྨྲས་པ་གང་ཡིན་པ་དེའོ། །རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དབུ་མ་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་སྨྲས་པ་གང་ཡིན་པའི་སྒྲུབ་པ་དེ་རྗེས་སུ་དཔག་པའི་སྒོ་ནས་རིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །ཕྱོགས་སྔ་མ་རང་དགར་སྦྱར་བ་ལ་སེལ་བའི་ཕྱིར་ཞེས་བྱ་བ་ལ་ཕྱོགས་སྔ་མ་ཞེས་བྱ་བ་ནི་དབུ་མ་པས་སུན་དབྱུང་བའི་ཕྱོགས་སྔ་མ་སྟེ། འདི་ལྟར་སྐྱེ་བར་སྨྲ་བདག་ལས་ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཟེར་ཞེས་དབུ་མ་པ་ཉིད་ཀྱིས་ངར་སྨྲ་བ་གང་ཡིན་པ་དེའོ། །རང་དགར་ཞེས་བྱ་བ་ནི་བདག་ཉིད་ཀྱི་བསམ་པ་སྟེ་ངེས་སོ། །སྦྱར་བ་པ་ལ་ཞེས་བྱ་བ་ནི་སྒྲོ་བཏགས་པ་ལའོ། །སེལ་བའི་ཕྱིར་ཞེས་བྱ་བ་ནི་སུན་དབྱུང་བའི་ཕྱིར་རོ། །འདི་སྐད་བསྟན་ཏེ། དབུ་མ་པས་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་དམ་བཅས་པ་དང༌། གཏན་ཚིགས་དང་དཔེ་བསྟན་པས་སྦྱོར་བའི་ཚིག་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་དབུ་མ་པས་སུན་དབྱུང་བའི་ཕྱོགས་སྔ་མ་འདི་ལྟར་སྐྱེ་བར་སྨྲ་བདག་ལས།


DTG099_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཟེར་ཞེས་སྔར་སྨྲས་པ་གང་ཡིན་པ་དེ་སྐྱེ་བར་སྨྲས་པ་དག་ལས་སུ་ཡང་དེ་སྐད་མི་ཟེར་བར་དབུ་མ་པ་དག་ཉིད་ཀྱིས་རང་དགར་སྦྱར་བ་ཡིན་ལ། དེ་ལ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་སེལ་བར་བྱེད་པའི་ཕྱིར། རྗེས་སུ་དཔག་པ་དེའི་སྒོ་ནས་བརྟག་ན་རིགས་པ་མ་ཡིན་ནོ། །དེ་ཡང་ཇི་ལྟ་བ་ཞེ་ན། རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེ་བ་སེལ་བ་བཞིན་ཏེ། དཔེར་ན་སུས་ཀྱང་རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེས་སོ་ཞེས་ཁས་མ་བླངས་པར། འགའ་ཞིག་གིས་བྱུང་རྒྱལ་ཁོ་ནར་རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེས་སོ་ཞེས་སྨྲས་ཤིང༌། དེའི་འོག་ཏུ་དེ་རང་ཉིད་ཀྱིས་སེལ་བར་བྱེད་དེ། རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེས་སོ་ཞེས་ཟེར་བ་དེ་ནི་མི་རུང་ངོ་ཞེས་སུན་འབྱིན་བར་བྱེད་པ་དང་འདྲ་བར། འདིར་ཡང་སུན་ཀྱང་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཁས་མ་བླངས་པར་དབུ་མ་པ་ཁྱེད་ཉིད་ཀྱིས་འདི་ལྟར་སྐྱེ་བར་སྨྲ་བ་དག་ལས། ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་ཟེར་རོ་ཞེས་ཕྱོགས་སྔ་མ་རང་དགར་སྦྱར་ཞིང༌། དེའི་འོག་ཏུ་ཁྱེར་རང་ཉིད་ཀྱིས་སེལ་བར་བྱེད་དེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་སུན་འབྱིན་པར་བྱེད་པ་འདི་ཡང་རིགས་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ཁོ་བོས་འདི་ལྟར་ནང་གི་སྐྱེ་མཆེད་རྣམས་གསལ་བའི་ངོ་བོ་ཉིད་དུ་ཡོད་བཞིན་དུ་བདག་ལས་སྐྱེའོ་ཞེའམ། མྱུ་གུ་གསལ་བའི་ངོ་བོ་ཉིད་དུ་ཡོད་བཞིན་དུ་བདག་ལས་སྐྱེའོ་ཞེས་ནི་ཁས་མ་བླངས་ཀྱི། འདི་ལྟར་ནང་གི་སྐྱེ་མཆེད་རྣམས་ཀྱི་ནུས་པ་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་ཡོད་པས་དེའི་ཕྱིར་ནུས་པ་ལས་གསལ་བར་སྐྱེ་བ་དང༌། མྱུ་གུའི་ནུས་པ་ཡང་ས་བོན་སོ་སོར་ངེས་པ་རྣམས་ལ་ཡང་ཡོད་པས། དེའི་ཕྱིར་ནུས་པ་ལས་གསལ་བ་སྐྱེ་བར་ཁས་བླངས་པས། དེའི་ཕྱིར་ཁོ་བོ་ཅག་དངོས་པོ་རྣམས་བདག་ལས་སྐྱེ་ཞེས་མི་ཟེར་བཞིན་དུ། ཁྱེད་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་སེལ་བར་བྱེད་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གྲངས་ཅན་དག་ཁོ་ན་ལས་ནུས་པ་སྨྲ་བ་གཞན་དག་དབུ་མ་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་སྨྲས་པ་གང་ཡིན་པའི་སྒྲུབ་པ་འདི་ལ་རྗེས་སུ་དཔག་པས་འགོག་པར་བྱེད་པ་དག་དེ་སྐད་ཅེས་ཟེར་བ་ཡིན་ནོ། །རྗེས་སུ་དཔག་པ་འགལ་བས་རྒོལ་བ་དེ་ལ་


DTG099_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འགྲེལ་པ་བྱེད་པས་རྗེས་སུ་དཔག་པ་དང་འགལ་བ་ཉིད་ཀྱིས་ལན་གདབ་པའི་ཕྱིར། ནུས་པ་དང་གསལ་བ་ནི་བདག་ཉིད་ཐ་མི་དད་པའི་ཕྱིར། བདག་གི་བདག་ཉིད་བཞིན་ཏེ། དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཞེས་བྱ་བ་ཡིན་པས་ཕྱོགས་སྔ་མ་གྲུབ་པོ་ཞེས་བྱ་བ་སྨྲས་སོ། །འདིར་ཡང་ནུས་པའི་ངོ་བོ་ཉིད་ཅེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་པ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །བདག་ཉིད་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། བདག་གི་བདག་ཉིད་བཞིན་ཏེ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཞེས་བྱ་བ་ཡིན་པས་ཕྱོགས་སྔ་མ་གྲུབ་པོ་ཞེས་བྱ་བ་འདི་ནི་ཚད་མའི་འབྲས་བུ་ཡིན་ནོ། །དེ་ལ་ནུས་པ་དང་གསལ་བ་ནི་ཞེས་བྱ་བ་ལ། འདིར་དེ་གཉིས་ཐ་མི་དད་པར་སྒྲུབ་པའི་ཚད་མ་དེ་གཉི་ས་སྦྱོར་བ་གཅིག་ཁོ་ནས་ནུས་པ་དང་གསལ་པའི་ཕྱོགས་ལ་སྟོན་ཏོ། །དེ་ལ་ནུས་པ་ཞེས་བྱ་བ་ནི་གྲངས་ཅན་གྱི་འབྲས་བུའི་ནུས་པ་རྒྱུ་ལ་སྔ་ན་ཡོད་པར་བརྟགས་པ་གང་ཡིན་པ་སྟེ། ནུས་པའི་ངོ་བོ་ཉིད་འདི་ལ་བསྒྲུབ་པར་བྱ་བ་ཆོས། གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་པ་དང༌། སྒྲུབ་པའི་ཆོས་ནུས་པ་དང་གསལ་བ་གཉིས་ཀྱི་བདག་ཉིད་ཐ་མི་དད་པ་གཉིས་ཡོང་པའི་ཕྱིར་ཆོས་ཅན་ཞེས་བྱའོ། །གསལ་བ་ཞེས་བྱ་བ་ནི་གྲངས་ཅན་གྱིས་འབྲས་བུ་རྐྱེན་གྱི་བྱེད་པས་བསྒྲུབས་ཏེ་བདག་ཉིད་ཐོབ་པ་ནི་གསལ་བ་ཞེས་བྱའོ་ཞེས་བརྟགས་པ་གང་ཡིན་པ་དེ། སྐབས་འདིར་གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ལ་ཐ་མི་དད་པར་བསྒྲུབ་པར་བྱ་བ་ཡིན་པས། གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་པར་ནི་བསྒྲུབ་པར་བྱ་བ་ཆོས་ཞེས་བྱའོ། །འདིར་ནི་རིགས་མཐུན་པའི་རྒྱུ་ལ་ཐ་དད་པ་མེད་པའི་ཕྱིར་ཐ་མི་དད་པར་སྒྲུབ་པོ། །ཅིའི་ཕྱིར་གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་ཅེ་ན། བདག་ཉིད་ཐ་མི་དད་པའི་ཕྱིར་ཏེ་ནུས་པ་དང་གསལ་བ་དེ་གཉིས་ཀྱི་བདག་ཉིད་ཐ་མི་དད་པའི་ཕྱིར་གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་དོ། །ཇི་ལྟར་ཐ་མི་དད་ཅེ་ན། རིགས་མཐུན་པའི་རྒྱུ་ལ་ཐ་དད་པ་མེད་པའི་ཕྱིར་ཐ་མི་དད་པ་ཞེས་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བདག་གི་བདག་ཉིད་བཞིན་ཏེ། དཔེར་ན་གསལ་བ་བདག་གི་བདག་ཉིད་དང་ཐ་མི་དད་པ་


DTG099_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ནུས་པ་ཡང་གསལ་བ་ཐ་མེ་དད་པའི་ཕྱིར། གསལ་བའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མ་དད་དོ། །དེ་བཞིན་དུ་དཔེར་ན་ནུས་པ་བདག་གི་བདག་ཉིད་དང་ཐ་མི་དད་པ་བཞིན་དུ། གསལ་བ་ཡང་ནུས་པ་དང་ཐ་མི་དད་པའི་ཕྱིར་གསལ་པའི་ངོ་བོ་ཉིད་ལས་ནུས་པའི་ངོ་བོ་ཉིད་ཐ་མི་དད་དོ། །དེ་ལྟར་ནུས་པ་དང་གསལ་བ་གཉིས་ཐ་མི་དད་པར་བསྟན་པ་ཉིད་ཚད་མའི་འབྲས་བུ་ཡིན་ཏེ། དེ་ཉིད་བསྟན་པའི་ཕྱིར། དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཞེས་བྱ་བ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། དེ་ལས་སྐྱེ་བ་ནི་ཞེས་བྱ་བ་མི་ནུས་པ་དང༌། གསལ་པ་ཐ་མི་དད་པ་དེ་ལས་སྐྱེ་བ་ནིའོ། །འདི་སྐད་བསྟན་ཏེ། ནུས་པ་དང་གསལ་བ་གཉིས་བདག་ཉིད་ཐ་མི་དད་པའི་ཕྱིར་བདག་གི་བདག་ཉིད་བཞིན་པས་གསལ་བའི་ངོ་བོ་ཉིད་ཁོ་ན་ལས་གསལ་བའི་ངོ་བོ་ཉིད་ཁོ་ན་སྐྱེ་བར་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་བདག་ལས་སྐྱེ་བ་ཞེས་བྱ་བ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། གསལ་བ་བདག་ལས་གསལ་བ་བདག་ཁོ་ན་སྐྱེ་བ་ཡིན་པས་སོ་འདི་སྐད་བསྟན་ཏེ། དེ་ལྟར་ན་དངོས་པོ་རྣམས་བདག་ལས་སྐྱེ་བ་ཞེས་བྱ་བ་འདི་ནི་གྲངས་ཅན་ཁྱེད་ཉིད་ཀྱི་གྲུབ་པའི་མཐའ་ཉིད་ཡིན་པས། ཁོ་བོས་ཡང་དག་པ་མ་ཡིན་པས་ཁྱེད་ལ་སྒྲོ་བཏགས་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །ཕྱོགས་སྔ་མ་གྲུབ་པོ་ཞེས་བྱ་བ་ནི་ཁོ་བོས་ཕྱོགས་སྔ་མ་རང་དགར་སྦྱར་བ་མ་ཡིན་ཏེ། དེ་ལྟར་དམ་བཅའ་བ་དང༌། གཏན་ཚིགས་དང༌། དཔེའི་འཐད་པ་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་ན། གྲངས་ཅན་ཁྱེད་ཀྱིས་གྲུབ་པའི་མཐའ་ལས་དངོས་པོ་རྣམས་བདག་ལས་སྐྱེ་ཞེས་འབྱུང་བས་ཁོ་བའི་ཕྱོགས་སྔ་མ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་ཁྱོད་ཀྱི་གྲུབ་པའི་མཐའ་ལས་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་འབྱུང་བ་དེ་ཉིད་ཁོ་བོས་ཕྱོགས་སྔ་མར་བྱས་པ་འཁོ་བོ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་སེལ་ཞིང་སུན་འབྱིན་པར་བྱེད་པ་དེ་རིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་རྣམ་པར་བརྟགས་སུ་ཟིན་ཀྱང་མི་རིགས་པ་བརྗོད་པར་བྱ་བའི་ཕྱིར་དེ་ཡོངས་སུ་གཟུང་བས་ཉེས་པ་མེད་དོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པས་ཕྱོགས་སྔ་མ་རང་དགར་སྦྱར་བ་ལ་སེལ་བར་བྱེད་དུ་ཟིན་ན་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཚིག་ཡིན་ནོ། །དེ་ལ་ཕྱོགས་རྣམ་པར་བརྟགས་སུ་ཟིན་ན་ཡང་ཞེས་བྱ་བ་ནི་གལ་ཏེ་དངོས་པོ་རྣམས་བདག་ལས་


DTG099_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ་ཞེས་སུས་ཀྱང་ཁས་བླངས་པ་མེད་དུ་ཟིན་ན་ཡང་སྐྱེ་བ་འགག་པར་སྨྲ་བས་འདི་ལ་དངོས་པོ་སྐྱེ་བ་འདི་དག་ཅི་བདག་ལས་སྐྱེ་བར་འགྱུར་རམ། འོན་ཏེ་གཞན་ནམ། གཉིས་སམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་ཞེས་ངེས་པ་ཁོ་ནར་ཕྱོགས་སྔ་མ་རྣམ་པར་བརྟག་དགོས་པས། དེའི་ཕྱིར་ཁོ་བོས་ཕྱོགས་རང་གིས་རྣམ་པར་བརྟགས་སུ་ཟིན་ན་ཡང་ཉེས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཉེས་པ་མེད་ཅེ་ན། མི་རིགས་པ་བརྗོད་པར་བྱ་བའི་ཕྱིར་ཏེ། མི་རིགས་པ་ཞེས་བྱ་བ་ནི་སྐྱེ་བའོ། །བརྗོད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དགག་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། དོན་དམ་པར་དངོས་པོ་རྣམས་སྐྱེ་བ་མི་རིགས་པ་དགག་པ་བརྗོད་པར་བྱ་བའི་ཕྱིར། ཕྱོགས་རྣམ་པར་བརྟགས་པ་ཡིན་ན་ཡང་ཉེས་པ་མེད་དོ། །དེ་ཡོངས་སུ་བཟུང་བར་ཞེས་བྱ་བ་ནི་སྐྱེ་བ་དགག་པ་དེ་ཡོངས་སུ་གཟུང་བས་སོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་འགལ་བའི་ཉེས་པ་མེད་པའོ། །དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་སྔར་དམ་བཅས་པའི་སྤྱི་བཀོད་པ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་དང༌། གཞན་ལས་སྐྱེ་བ་མེད་པ་དང༌། གཉིས་ལས་སྐྱེ་པ་མེད་པ་དང༌། རྒྱུ་མེད་པ་ལས་སྐྱེ་བ་མེད་པ་ཞེས་སྨོས་པ་ལས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་དེ་ལྟར་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རིགས་པ་ཁ་ན་མ་ཐོ་བ་མེད་པ་ཇི་སྐད་བསྟན་པ་དེ་ཡོད་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་གྲུབ་པ་དེ་ལྟར་ནའོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ལ་ལྟོས་པ་སྟེ། དམ་བཅས་པ་སྤྱིའི་རྣམ་པ་བཞི་བཀོད་པ་ལས། ཇི་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ནི་བདག་གིས་བསྟན་ཟིན་ཏེ། བདག་གི་དངོས་པོ་རྣམས་བདག་འབའ་ཞིག་ལས་སྐྱེ་བ་མེད་པར་བསྟན་པར་ཡང་མ་ཟད་དེ། འདི་ལྟར་བདག་གིས་རྣམ་པ་གཞན་གྱིས་ཀྱང་དངོས་པོ་རྣམས་སྐྱེ་བ་མེད་པར་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་གྲུབ་པོ་ཞེས་བསྟན་པ་ཡིན་ནོ། །དམ་བཅས་པའི་སྤྱི་བཀོད་པ་དང་པོ་བཤད་ཟིན་ཏོ།། །།བམ་པོ་དགུ་པ། ད་ནི་དམ་བཅས་པའི་སྤྱི་བཀོད་པ་


DTG099_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་གཞན་ལས་མིན་ཞེས་བྱ་བ་ཡང་ཅི་ཞིག་ཅེ་ན། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁོ་བོས་སྔར་དམ་བཅས་པའི་སྤྱི་རྣམ་པ་བཞི་བཀོད་པ་ལས། དམ་བཅས་པའི་སྤྱི་དང་པོ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་ནི་བསྒྲུབས་ཟིན་ཏོ། །དེའི་འོག་ཏུ་ད་ནི་དམ་བཅས་པའི་སྤྱི་བཀོད་པ་གཉིས་པ་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་བསྒྲུབ་པར་བྱའོ། །དེ་ལ་གཞན་ལས་མིན་ཞེས་བྱ་བ་ཡང་ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་གཞན་ལས་ཅི་ཞིག་མ་ཡིན་ཞེ་ན་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱི་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གཞན་ལས་ཅི་ཞིག་མ་ཡིན་ཞེ་ན། གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དངོས་པོ་གང་དག་ཅེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་དང་ཆ་ཕྲ་བ་དང་རགས་པ་དག་གོ །གང་ན་ཡང་ཞེས་བྱ་བ་ནི་བདག་ཅག་གི་ཕྱོགས་དང་གཞན་གྱི་ཕྱོགས་ན་ཡང་ངོ༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་དོན་དམ་པར་ཡང་ནང་དང་ཕྱི་རོལ་དང་ཆ་ཕྲ་བ་དང་རགས་པའི་དངོས་པོ་གང་དག །བདག་ཅག་གི་ཕྱོགས་དང་གཞན་གྱི་ཕྱོགས་གང་ན་ཡང་སྐྱེས་པ་དུས་ནམ་ཡང་ཡོད་པ་མ་ཡིན་པའོ། །ནམ་ཡང་ཞེས་བྱ་བ་ནི། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ནམ་ཡང་ངམ། རང་གི་སྡེ་པ་དང་གཞན་གྱི་སྡེ་པས་བརྟག་པའི་གནས་སྐབས་ནམ་ཡང་ངོ༌། །ཡོད་པ་མ་ཡིན་ཞེས་བྱ་བ་ནི་གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་བ་ཡིན་གྱི། མི་སྐྱེ་བ་ཡོད་དོ་ཞེས་མ་ཡིན་པར་དགག་པའི་དོན་དུ་ནི་བལྟ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི། སྔར་དམ་བཅའ་བའི་སྤྱི་བཀོད་པ་དང་པོ་སྒྲུབ་པའི་སྐབས་


DTG099_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དེ་ལ་རེ་ཞིག་བདག་ལས་མ་ཡིན་ཞེས་བྱ་བ་ཅི་ཞིག་ཅེ་ན། སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ་རེ་རེ་དང་སྦྱར་བར་བྱའོ་ཞེས་ཇི་སྐད་བསྟན་པའི་སྐབས་ཡིན་པ་སྟེ། དེས་ན་གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །གཞན་ལས་ཞེས་བྱ་བ་ནི་ཕ་རོལ་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་གལ་ཏེ་གང་ལས་དོགས་པ་སྐྱེ་ན། འདིར་གཞན་ལས་ཞེས་བྱ་བ་ནི་ཕ་རོལ་པོ་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་ཅེ་ན། འདི་ལྟར་གཞན་ཞེས་བྱ་བ་ནི་གཞན་གྱི་ཡུལ་འཁོར་དང༌། གཞན་གྱི་ཕྱོགས་དང་ཕས་ཀྱི་དགྲ་ཞེས་བྱ་བ་ལ་སོགས་པ་དོན་མང་པོ་ཞིག་ལ་སྦྱོར་བས་དེའི་ཕྱིར་དེ་དག་རྣམ་པར་གཅད་པའི་ཕྱིར། འདིར་གཞན་ལས་ཞེས་བྱ་བ་ནི་ཕ་རོལ་ལས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དེ། དངོས་པོ་རྣམས་བདག་ཉིད་དང༌། རིགས་མཐུན་པ་དང༌། རིགས་མི་མཐུན་པའི་སྐྱོན་གཞན་ལས་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དགག་པའི་དོན་རྒྱས་པ་དང་བཅས་པ་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འདིར་གཞན་ལས་མིན་ཞེས་བྱ་བའི་དགག་པའི་དོན་རྒྱས་པ་དང་བཅས་པ་ནི་སྔར་བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དགག་པ་གཙོ་ཆེ་བའི་ཕྱིར་དང་ཞེས་སྨྲས་པས་མེད་པར་དགག་པ་དང༌། དབུ་མའི་བསྟན་བཅོས་ནི་དགག་པ་གཙོ་ཆེ་བའི་ཕྱིར་རོ་ཞེས་བཤད་པ་དང༌། དགག་པ་གཙོ་ཆེ་བའི་འབྲས་བུ་གང་ཡིན་ཞེ་ན། དེའི་ཕྱིར་འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ་ཞེས་སྨྲས་པས། དགག་པ་གཙོ་ཆེ་བས་རྟོག་པ་མ་ལུས་པའི་དྲ་བ་དགག་པས་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་རྣམ་པར་གཞག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ་ཞེས་བཤད་པ་དང༌། མ་ཡིན་པར་དགག་པ་ཡོངས་སུ་བཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པར་


DTG099_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ཕྱིར། མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས། གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པས། མ་ཡིན་པར་དགག་པར་ཡོངས་སུ་གཟུང་བའི་ཉེས་དམིགས་བསྟན་པ་དང༌། འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གཞན་དུ་ངེས་པར་གཟུང་ན་བདག་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང༌། དེ་བཞིན་དུ་བདག་ཁོ་ན་ལས་ནི་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། བདག་དང་གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བས་དེ་ཡང་མི་བཞེད་དེ། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་སྨྲས་པས། ངེས་པར་གཟུང་བ་རྣམ་པ་གསུམ་ལས་དང་པོ་ལྟར་གཟུང་བར་བྱ་བ་ཡིན་གྱི། ངེས་པར་གཟུང་བ་གཉིས་པ་དང་གསུམ་པ་ལྟར་གཟུང་ན་གཞན་ལས་སྐྱེ་བ་དང༌། བདག་དང་གཞན་ལས་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བཤད་པ་བཞིན་དུ་འདིར་ཡང་གཞན་ལས་མིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པར་སྟོན་པའི་ཕྱིར། མཛད་པའི་མཐའ་དང་བྲལ་བར་གྱུར་ཏེ། ལུང་ལས། གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གཞན་དུ་ངེས་པར་གཟུང་ན་གཞན་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། བདག་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང༌། དེ་བཞིན་དུ་གཞན་ཁོ་ན་ལས་ནི་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། བདག་དང་གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བས། དེ་ཡང་མི་བཞེད་དེ། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་


DTG099_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྔ་མ་བཞིན་དུ་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བར་ནི་རིགས་ཏེ། འདི་ལྟར་ཐམས་ཅད་ཀྱང་བདག་གི་དོན་ཁོ་ནར་རྩོལ་བར་བྱེད་ཀྱི། གཞན་གྱི་དོན་དུ་རྩོལ་བར་མི་བྱེད་པ་ཡིན་ན་དེ་ལ་གང་གི་ཚེ་དངོས་པོ་རྣམས་བདག་ལས་སྐྱེ་བར་མ་གྲུབ་པ་དེའི་ཚེ་ན་གཞན་ངོ་བོ་ཉིད་དང་རྣམ་པ་ཐ་དད་པ་ལས་ལྟ་སྐྱེ་བར་ག་ལ་འགྱུར་ཏེ། དཔེར་ན་མེ་ནི་ངོ་བོ་ཉིད་དང་རྣམ་པ་ཐ་དད་པའི་ཆུ་ལས་སྐྱེ་བར་མི་འགྱུར་བ་དང་འདྲའོ། །ཅིའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་ཅེ་ན། གཏན་ཚིགས་བསྟན་པའི་ཕྱིར། འདིར་ཡང་གཞན་གྱི་གཞན་ཉིད་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་མངོན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་བསྟན་ཞེ་ན། ཇི་ལྟར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པའི་ཕྱོགས་ལ། ཕྱོགས་ཀྱི་ཆོས་ཡོད་པ་ཉིད་ཡིན་པ་དེ་བཞིན་དུ་འདིར་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་འགྱུར་བ་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ལས་སྐྱེ་བ་མེད་པའི་ཕྱོགས་ལ་ཡང་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་གྱི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་ཉིད་དང༌། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་ཉིད་ཀྱི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ཉིད་ནི་སྒྲུབ་པའི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་མངོན་པ་སྟེ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་དང༌། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་ཕན་ཚུན་གཞན་ཉིད་དུ་ཡོད་པ་ནི་ཕྱོགས་ཀྱི་ཆོས་ཡིན་པས་དེའི་ཕྱིར་ཕྱོགས་ཀྱི་ཆོས་མངོན་ནོ་ཞེས་བསྟན་ཏོ། །དེ་ལ་འདིར་ཡང་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདིར་ཡང་ངོ༌། །གཞན་གྱིས་ཞེས་བྱ་བ་ནི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ལ་ལྟོས་ན་གཞན་དུ་གྱུར་པ་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་གྱི་དང༌། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་ལ་ལྟོས་ན་གཞན་དུ་གྱུར་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་གྱིའོ། །གཞན་ཉིད་


DTG099_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ནི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་པའི་གཞན་ཉིད་དེ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་འགྱུར་བ་དེ་དག་ལ་ལྟོས་ནས་གཞན་ཉིད་དུ་ཡོད་པ་ཉིད་དང༌། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་པའི་གཞན་ཉིད་དེ། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་གཞན་ཉིད་དུ་ཡོད་པ་ཉིད་དོ། །ཆོས་མ་ཡིན་པས་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན་པས་ཏེ། དེ་ལྟར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་གཞན་ཉིད་དུ་ཡོད་པ་ཉིད་དང༌། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་གཞན་ཉིད་དུ་ཡོད་པ་གང་ཡིན་པ་དེ་ནི་འབྲས་ལས་སྐྱེ་བ་མེད་པས་དེའི་ཕྱིར། འབྲས་བུ་མིག་ལ་སོགས་པ་ནང་མེད་པ་སྒྲུབ་པའི་ཆོས་ཡིན་ཏེ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་གཞན་ཉིད་དུ་ཡོད་པ་དེ་ལ་ནི་ཡང་གཞན་ལས་སྐྱེ་བ་མེད་པས་དེའི་ཕྱིར། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་ཉིད་ཅེས་བྱ་བ་དེ་ཡང་གཞན་ལས་སྐྱེ་བ་མེད་པ་སྒྲུབ་པའི་ཆོས་ཡིན་ལ། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་གཞན་ཉིད་དུ་ཡོད་པ་དེ་ལ་ནི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་ཉིད་དུ་ཡོད་པའི་རྐྱེན་མ་ཡིན་པས་དེའི་ཕྱིར་རྒྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་གཞན་ཉིད་ཅེས་བྱ་བ་དེ་ཡང་གཞན་ལས་སྐྱེ་བ་མེད་པ་སྒྲུབ་པའི་ཆོས་ཡིན་ནོ། །ཕྱོགས་ཀྱི་ཆོས་མངོན་ནོ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། དེ་ལྟར་གཞན་གྱི་གཞན་ཉིད་སྒྲུབ་པའི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་མངོན་ཏེ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ལས་སྐྱེ་བ་


DTG099_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བསྒྲུབ་པར་བྱ་བའི་ཕྱོགས་ལ་ཡང་གཏན་ཚིགས་གཞན་ཉིད་ཡིན་ལ་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་ཉིད་དུ་ཡོད་པའི་རྐྱེན་མ་ཡིན་པར་སྒྲུབ་པའི་ཕྱོགས་ལ་ཡང་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་ཁོ་ན་ཡིན་པའི་ཕྱིར་རོ། །དཔེ་ནི་དེའི་དབང་གིས་སོ་ཞེས་བྱ་བ་ནི། དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ།བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་གྱི་དཔེ་ཡིན་པའི་ཕྱིར་རོ། །དེའི་ཞེས་བྱ་བའི་སྒྲ་ནི་སྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དང་སྦྱར་ཏེ། དཔེ་གང་ལ་ཕྱོགས་དང་མཐུན་པར་བསྒྲུབ་པར་བྱ་བ་ཆོས་གཞན་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་ཡོད་པ་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སྦྱོར་བའི་ཚིག་ནི་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་བསྟན་པའི་སྐབས་འདིར་སྦྱོར་བ་དང་བཅས་པའི་ཚིག་ཏུ་འགྱུར་བ་ནི་འོག་ནས་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང་དཔེ་ཉེ་བར་སྦྱར་བ་རྣམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྦྱོར་བའི་ཚིག་ཅེས་བྱ་བ་ནི་སྦྱོར་བ་དང་བཅས་པའི་ཚིག་སྟེ། རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལ། དོན་དམ་པར་ཞེས་བྱ་བ་ནི་སྔར་གཞན་མ་ཡིན་པ་ནི་འདིར་ཐམས་ཅད་དོན་དམ་པར་བཀག་སྟེ་ངེས་པར་གཟུང་བའི་ཕྱིར་རོ། །གཞན་དུ་ཡང་མི་འགལ་ཏེ། ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང༌། མཛད་པ་པོས་བསྟན་པ་ཉིད་ཀྱིས་བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་སྨྲས་པས། འདིར་གཞན་ལས་སྐྱེ་བ་མེད་པར་དགག་པ་ཡང་དོན་དམ་པས་དགག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པར་གཞན་ལས་སྐྱེ་བ་རྫས་དང་དངོས་པོ་དང་དངོས་གཞིའི་སྒོ་ནས་དགག་པ་སྟེ། དེ་ཡང་


DTG099_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ། །དེ་ལ་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་ཕྱོགས་ཀྱི་ཆོས་ཡིན་ནོ། །དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་ནང་གི་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པའོ། །བདག་ཅེས་བྱ་བ་ནི་མཚམས་ལ་བདག་གིར་བྱེད་པ་སྟེ། ཡོ་བྱད་གྱ་ནོམ་པ་དང༌། རྒྱ་ཆེན་པོ་དག་དང་པོར་བྱས་ནས་ཡོ་བྱད་ངན་པ་དང༌། ཁྱོན་ཆུང་ངུའི་བར་དག་ལ་བདག་གིར་བྱེད་པས་བདག་ཅེས་བྱའོ། །བདག་ངེས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པ་ནི་ནང་གི་ཞེས་བྱའོ། །སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འབྱུང་བ་དང༌། མཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བ་རྣམས་སོ། །ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །དེ་ལ་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བ་ནི་གང་ལ་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང་ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་གཞི་སྟེ། སྐབས་འདིར་ནི་གང་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་རྗེས་སུ་དཔག་པར་བྱ་བའི་གཞི་ནང་གི་སྐྱེ་མཆེད་རྣམས་སོ། །དེ་ཉིད་ཕྱོགས་ཞེས་བྱ་བ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་དེ་གཉིས་བསྡུས་པའི་


DTG099_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ཕྱོགས་ཞེས་བྱའོ། །དེ་ཉིད་ཆོས་ཅན་ཞེས་བྱ་སྟེ་རྗེས་སུ་དཔག་པར་བྱ་བའི་གཞི་གང་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་གཉིས་ཡོད་པ་དེ་ནི་ཆོས་ཅན་ཏེ། སྐབས་འདིར་ནི་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་གཞི་གང་ལ་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པ་དེ་ནི་ཆོས་ཅན་ཞེས་བྱའོ། །དེ་དག་གི་རྐྱེན་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་དེ་དག་གི་རྐྱེན་ཁྱད་པར་ཅན་ནོ། །གཞན་དག་ལས་ཞེས་བྱ་བ་ནི་རྐྱེན་ཁྱད་པར་ཅན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་ལས་གཞན་དུ་གྱུར་བ་དག་ལས་སོ། །སྐྱེ་བ་མེད་དེ་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པའོ། །ཅིའི་ཕྱིར་ནང་གི་སྐྱེ་མཆེད་རྣམས་གཞན་ལས་སྐྱེ་བ་མེད་པར་དམ་བཅའ་བ་འདི་ལ་དེ་དག་གི་རྐྱེན་ཞེས་བྱ་བ་དང༌། གཞན་དག་ལས་ཞེས་བྱ་བ་ཁྱད་པར་གཉིས་སྨོས་ཤེ་ན། འདི་ལྟར་གལ་ཏེ་ནང་གི་སྐྱེ་མཆེད་རྣམས་གཞན་དག་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་དེ་ཙམ་ཞིག་སྨོས་སུ་ཟིན་ན་ནི་དེའི་ཚེ་གཞན་དག་ན་རེ། ནང་གི་སྐྱེ་མཆེད་རྣམས་རྐྱེན་ས་བོན་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་དང༌། རྒྱུ་སྤུན་ལ་སོགས་པ་གཞན་དག་ལས་སྐྱེ་བ་མེད་པར་འཇིག་རྟེན་ཐམས་ཅད་ལ་གྲགས་ཟིན་པ་ལ། ད་ཁྱེད་ཀྱི་ནང་གི་སྐྱེ་མཆེད་རྣམས་གཞན་དག་ལས་སྐྱེ་བ་མེད་ད་ཞེས་སྒྲུབ་པ་འདི་ནི་གྲུབ་པ་ལས་སྒྲུབ་པ་ཡིན་ནོ་ཞེས་ཟེར་བས། དེ་བསལ་བའི་ཕྱིར་དེ་དག་གི་རྐྱེན་ཞེས་བྱ་བ་སྨོས་སོ། །གལ་ཏེ་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་དེ་ཙམ་ཞིག་སྨོས་སུ་ཟིན་ན་ཡང༌། དེའི་ཚེ་ཕྱོགས་ལ་གཞན་ཉིད་ཅེས་བྱ་བའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་མ་བྱས་བས་ཕྱོགས་ཀྱི་ཆོས་ཉིད་གཏན་ཚིགས་སུ་མི་རུང་བར་འགྱུར་བས། དེའི་ཕྱིར་གཞན་དག་ལས་ཞེས་བྱ་བ་སྨོས་སོ། །དེ་དག་གི་རྐྱེན་གཞན་


DTG099_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །དེ་ལ་རྗེས་སུ་དཔག་པ་ཞེས་བྱ་བ་ནི་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང༌། ངོ་བོ་ཉིད་ལ་མི་རྟག་པར་རྗེས་སུ་དཔག་པ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པ་དང༌། སྐབས་འདིར་ནི་རྗེས་སུ་དཔག་པར་བྱ་བའི་གཞི་ནང་གི་སྐྱེ་མཆེད་རྣམས་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་རྗེས་སུ་དཔག་པའོ། །དེ་ཉིད་ཕྱོགས་ཞེས་བྱ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་དེ་གཉིས་བསྡུས་པའི་ཕྱོགས་ལ་ཕྱོགས་ཞེས་བྱའོ། །དེ་གཉིས་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་སྟེ། བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྟེ། སྐབས་འདིར་ནི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ལ་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དེ་བསྒྲུབ་པར་བྱའོ། །གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཡིན་པའི་ཕྱིར་ཏེ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན། གཞན་ཉིད་ཡིན་པ་དེ་ལ་ནི་ཡང་གཞན་ལས་སྐྱེ་བ་མེད་པས། དེའི་ཕྱིར་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་གཞན་ཡིན་པའི་ཕྱིར། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དོ། །གཞན་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་སྒྲུབ་པའི་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྒྲུབ་པའི་ཆོས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་སྒྲུབ་པའི་ཆོས་གཞན་


DTG099_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། འདི་ལྟར་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པ་དེ་ལ་ནི་ཡང་གཞན་ལས་སྐྱེ་བ་མེད་པས་དེའི་ཕྱིར་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཆོས་ཡིན་ནོ། །དེ་ཉིད་གཏན་ཚིགས་ཞེས་བྱ་སྟེ། གཏན་ཚིགས་ཞེས་བྱ་བ་ཡང་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྒྲུབ་པའི་གཏན་ཚིགས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་སྒྲུབ་པའི་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ནང་གི་སྐྱེ་མཆེད་རྣམས་ཅིའི་ཕྱིར་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་ཅེ་ན། གཞན་ཉིད་ཡིན་པའི་ཕྱིར་ཏེ། ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་ན་གཞན་ཉིད་ཡིན་པ་དེ་ལ་ནི་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་སྒྲུབ་པའི་གཏན་ཚིགས་ཡིན་ནོ། །དེ་ཉིད་ཕྱོགས་ཀྱི་ཆོས་ཞེས་བྱ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཡང་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་བསྡུས་པའི་ཕྱོགས་དེའི་ཆོས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ནང་གི་སྐྱེ་མཆེད་རྣམས་ཅིའི་ཕྱིར་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་ཅེ་ན། གཞན་ཡིན་པའི་ཕྱིར་ཏེ། ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་ན། གཞན་ཉིད་ཡིན་པ་དེ་ལ་ནི་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པས་དེའི་ཕྱིར་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་


DTG099_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕྱོགས་དེའི་གཏན་ཚིགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་ཞེས་བྱའོ། །དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་བུམ་པ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པའི་ཕྱིར། བུམ་པ་གཞན་ཉིད་ཡིན་པ་དེ་ནང་གི་སྐྱེ་མཆེད་དེ་དག་གི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དག་ལས་སྐྱེ་བ་མེད་པ་དེ་བཞིན་དུ། འདིར་ཡང་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པའི་ཕྱིར། ནང་གི་སྐྱེ་མཆེད་གཞན་ཉིད་ཡིན་པ་དེ་རྣམས་དེ་དག་གི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་ན། གཞན་ཉིད་ཡིན་པ་དེ་ལ་ནི་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་དཔེ་ཞེས་བྱ་བ་ནི་ཆོས་ཅན་གང་ལས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཡོད་པའི་དཔེ་སྟེ། འདིར་དཔེ་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཆོས་ཅན་བུམ་པ་གང་ལ་རྗེས་སུ་དཔག་པ་ཕྱོགས་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་གཏན་ཚིགས་ཕྱོགས་ཀྱི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པ་ཡིན་པར་སྦྱར་རོ། །དེ་གཉིས་ཆོས་མཐུན་པའི་དཔེ་ཞེས་བྱ་བ་སྟེ། ཆོས་མཐུན་པའི་དཔེ་ཞེས་བྱ་བ་ནི་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཕྱོགས་འདི་ནི་དངོས་པོ་མེད་དེ། དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་འདི་ནི་ཤིང་ཡིན་ཏེ་ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ། ཚང་མང་འདི་ན་མེ་ཡོད་དེ་དུ་བ་འཐུལ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། སྐབས་འདིར་ནི་དཔེར་ན་ཆོས་ཅན་བུམ་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་གའི་ཕྱོགས་ལ། ནང་གི་སྐྱེ་མཆེད་དེ་དག་གི་རྐྱེན་


DTG099_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་གཞན་ཉིད་དུ་གྲགས་པ་དེ་ལ་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱི་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པས་དེ་ནི་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་བུམ་པ་དེ་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་གའི་ཕྱོགས་ལ། ནང་གི་སྐྱེ་མཆེད་དེ་དག་གི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་དུ་གྲགས་པ་དེ་ལ་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་དང་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པས་དེ་ལ་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ལ་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གང་དང་གང་གཞན་ཉིད་ཡིན་པ་དེ་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་དཔེར་ན་བུམ་པ་བཞིན་ནོ། །ནང་གི་སྐྱེ་མཆེད་རྣམས་ཀྱང་གཞན་ཉིད་ཡིན་པས་དེའི་ཕྱིར་དེ་དག་ལ་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གལ་ཏེ་གཞན་ཉིད་དུ་འདྲ་བ་ལས་ནང་གི་སྐྱེ་མཆེད་རྣམས་ལ་ནི་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བར་འདོད་ལ། བུམ་པ་ལ་ནི་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པར་འདོད་ན་ནི། དེའི་ཚེ་རྒྱུ་འདིས་ནི་ནང་གི་སྐྱེ་མཆེད་རྣམས་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་ཡོད་པར་འདོད་ལ། རྒྱུ་འདིས་ནི་བུམ་པ་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པར་འདོད་དོ་ཞེས་ཁྱད་པར་ཉིད་དུ་བྱ་བའི་ཁྱད་པར་གྱི་


DTG099_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་བརྗོད་པར་བྱ་དགོས་སོ། །གང་གི་ཕྱིར་གཞན་ལས་སྐྱེ་བར་སྨྲ་བ་དག་བུམ་པ་གཞན་ཉིད་ཡིན་པའི་གནས་སྐབས་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བར་མི་འདོད་པ་དེའི་ཕྱིར། ནང་གི་སྐྱེ་མཆེད་རྣམས་ཀྱང་གཞན་ཉིད་ཡིན་པའི་ཕྱིར། དེ་དག་གི་རྐྱེན་དག་ལས་སྐྱེ་བ་མེད་པར་གྲུབ་བོ། །གཞན་ཡང་དངོས་པོ་རྣམས་ཀྱི་གཞན་ལས་སྐྱེ་བར་ཅིའི་ཕྱིར་འདོད་ཅེ་ན། གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བར་འདོད་པ་ཡིན་ན། གལ་ཏེ་ནང་གི་སྐྱེ་མཆེད་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བའི་སྔ་རོལ་ན་གཞན་ཉིད་ཡིན་པར་གྱུར་ན། དེ་དག་ལ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བར་བརྟགས་པས་ཅི་ཞིག་བྱ་སྟེ། གཞན་ཉིད་ནི་ཡང་གཞན་ལས་སྐྱེ་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགག་པ་མི་མཐུན་པར་ཡང་འགྱུར་ཏེ། གལ་ཏེ་གཞན་ཉིད་ཡིན་ན་ནི་གཞན་ལས་སྐྱེ་བ་མེད་པར་མི་འགྱུར་ལ། ཅི་སྟེ་གཞན་དག་ལས་སྐྱེ་ན་ནི་གཞན་ཉིད་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་ན་གཞན་ཉིད་གཞན་ལས་སྐྱེ་བ་ནི་འགལ་ཏེ་འདི་ལྟར་འཇིག་རྟེན་ན་བུམ་པ་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་ནུས་པ་གསལ་བ་གཞན་ཉིད་ཡིན་པ་ནི་ཡང་གཞན་ལས་སྐྱེ་བ་མ་མཐོང་བའི་ཕྱིར་རོ། །དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་གཞན་ལས་སྐྱེ་བ་མེད་པར་དགག་པ་ཡིན་ན། ཅིའི་ཕྱིར་འདིར་ནང་གི་སྐྱེ་མཆེད་རྣམས་ཉི་ཚེ་ཆོས་ཅན་དུ་བཞག་ཅེ་ན། དེ་ནི། དངོས་པོ་གཅིག་ལ་གང་མཐོང་བ། །དེ་ནི་ཀུན་ལའང་མཐོང་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པའི་རིགས་པས། ནང་གི་སྐྱེ་མཆེད་རྣམས་གཞན་ལས་སྐྱེ་བ་མེད་པར་གྲུབ་ན། ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་ཆོས་ཐམས་ཅད་ཀྱང་གཞན་ལས་སྐྱེ་བ་མེད་པ་ཉིད་དུ་འགྲུབ་པའི་ཕྱིར་དང༌། ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་དུ་བཞག་ན་ཕྱི་རོལ་གྱི་སྐྱེ་མཆེད་ལ་སོགས་པ་གཞན་དག་གཏན་ཚིགས་དང་དཔེར་བཞག་ཏུ་རུང་བས་དེའི་ཕྱིར་འདིར་ནང་གི་སྐྱེ་མཆེད་རྣམས་ཉི་ཚེ་ཆོས་ཅན་དུ་གཞག་གོ །ཡང་ན་དོན་


DTG099_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདིས་ནི་རྐྱེན་རྣམས་རྐྱེན་མ་ཡིན་པར་འགོག་པར་བྱེད་དེ། །དེ་ལ་ཡང་ན་ཞེས་བྱ་བའི་སྒྲ་ནི་སྦྱོར་བའི་ཚིག་སྔ་མས་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པས། དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དོ་ཞེས་འབྲས་བུ་བཀག་པ་ཡང་ཚད་མ་རྣམ་པ་གཅིག་ཡིན་ནོ། །འདིར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པས། དེ་དག་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་ནོ་ཞེས་རྐྱེན་དགག་པ་འདིར་ཡང་ཚད་མ་རྣམས་པ་གཅིག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་ཞེས་བྱ་བ་ནི་སྔར་གཞན་མ་ཡིན་པ་ནི་འདིར་ཐམས་ཅད་དོན་དམ་པར་བཀག་སྟེ་ངེས་པར་གཟུང་བའི་ཕྱིར། གཞན་དུ་ཡང་མི་འགལ་ཏེ། ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང༌། མཛད་པ་པོས་བསྟན་པ་ཉིད་ཀྱིས་བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་སྨྲས་པས། འདིར་རྐྱེན་རྣམས་རྐྱེན་མ་ཡིན་པར་དགག་པ་ཡང་དོན་དམ་པར་དགག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པར་རྐྱེན་རྣམས་རྫས་དང་དངོས་པོ་དང་བཞིའི་སྒོ་ནས་དགག་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་དུ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ། །དེ་ལ་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་སྐྱེད་པ་དག་ཅེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་ཕྱོགས་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །གཞན་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་


DTG099_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆོས་ཡིན་ནོ། །དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་ནི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དེ་དག་ནི་གཞན་ཡང་ཡིན། བརྗོད་པར་འདོད་པ་ཡང་ཡིན། མིག་ལ་སྒོས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཀྱང་ཡིན་ནོ་ཞེས་བྱ་བ་ཁྱད་པར་གྱིས་བསྡུ་བར་བྱའོ། །དེ་ལ་གཞན་ཞེས་བྱ་བ་ནི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དེ་དག་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པའི་ཕྱིར་གཞན་ཞེས་བྱའོ། །བརྗོད་པར་འདོད་པ་ཞེས་བྱ་བ་ནི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དེ་དག་རྐྱེན་དུ་སྨྲ་བ་གཞན་དག་གིས་རྐྱེན་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་བརྗོད་པར་འདོད་པ་ཞེས་བྱའོ། །མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་ནི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དེ་དག་ཀུན་རྫོབ་ཏུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཡིན་པའི་ཕྱིར། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་མངོན་པར་འགྲུབ་པར་བྱེད་པ་དག་ཅེས་བྱའོ། །དེ་ལ་མིག་ལ་སོགས་པ་ནང་སྐྱེ་མཆེད་ཅེས་བྱ་བ་ནི་ནང་གི་སྐྱེ་མཆེད་གང་ལས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བ་དག་ཡོད་པ་དེ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དོ་ཞེས་བྱ་བར་བསྡུ་བ་བྱའོ། །མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་ཡང༌། རྐྱེན་ལས་དང་ཉོན་མོངས་པ་དང༌། ཁུ་ཆུ་དང༌། ཁྲག་དང༌། མེར་མེར་པོ་དང༌། ནུར་ནུར་པོ་ལ་སོགས་པ་གང་དག་ལ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་ཡོད་པ་དེ་དག་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་གོ་ཞེས་བྱ་བར་བསྡུ་བ་བྱའོ། །གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་འདི་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས་ཏེ་ཆོས་ཅན་ཡིན་ནོ། །


DTG099_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བ་ནི་གང་ལ་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་གཞི་སྟེ། སྐབས་འདིར་ནི་གང་ལ་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་དེ་རྗེས་སུ་དཔག་པར་བྱ་བའི་གཞི་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་གོ །དེ་ཉིད་ཕྱོགས་ཞེས་བྱ་བ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་ཅན་མ་ཡིན་པར་ངེས་པ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་དེ་གཉིས་བསྡུས་པའི་ཕྱོགས་ལ་ཕྱོགས་ཞེས་བྱའོ། །དེ་ཉིད་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་གཞི་གང་ལ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་ཆོས་གཉིས་ཡོད་དེ་ནི་ཆོས་ཅན་ཏེ། སྐབས་འདིར་ནི་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་གཞི་གང་ལ་བསྒྲུབ་པར་བྱ་བ་ཆོས་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་རྒོལ་བ་དང་ཕྱི་རྒོལ་བ་གཉི་ག་ལ་གྲགས་པ་དང༌། རྐྱེན་མ་ཡིན་པར་ངེས་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པ་དེ་ནི་ཆོས་ཅན་ཞེས་བྱའོ། །རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་ནི་དོན་དམ་པར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་རྣམས། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་པར་དགག་པ་ཡིན་ནོ། །རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པར་སྟོན་ཏེ་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །དེ་ལ་རྗེས་སུ་དཔག་པ་ཞེས་བྱ་བ་ནི་མི་དམིགས་པ་ལས་དངོས་པོ་མེད་པར་རྗེས་སུ་དཔག་པ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པ་སྟེ། སྐབས་འདྲི་ནི་རྗེས་སུ་དཔག་པར་བྱ་བའི་གཞི་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་


DTG099_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ལ་རྐྱེན་མ་ཡིན་པར་ངེས་པ་རྗེས་སུ་དཔག་པའོ། །དེ་ཉིད་ཕྱོགས་ཞེས་བྱ་སྟེ། ཕྱོགས་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཏེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་ཅན་མ་ཡིན་པར་ངེས་པ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་གཞི་ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་དེ་གཉིས་བསྡུས་པའི་ཕྱོགས་ལ་ཕྱོགས་ཞེས་བྱའོ། །དེ་ཉིད་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་སྟེ། བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་མི་རྟག་པ་དང་རྒྱུ་སྟེ། སྐབས་འདིར་ནི་ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ལ་བསྒྲུབ་པར་བྱ་བ་ཆོས་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་དེ་བསྒྲུབ་པར་བྱའོ། །གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པའི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཡིན་པའི་ཕྱིར་ཏེ། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་གཞན་ཉིད་ཡིན་པ་དེ་ནི་འབྲས་བུ་མིག་ལ་སོགས་པ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་གི་རྐྱེན་མ་ཡིན་པར་ངེས་པས་དེའི་ཕྱིར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ཡིན་པའི་ཕྱིར། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་རྣམས་ཀྱི་རྐྱེན་མ་ཡིན་པར་ངེས་པའོ། །གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་སྒྲུབ་པའི་ཆོས་ཞེས་བྱ་བ་ནི་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྒྲུབ་པའི་ཆོས་མི་དམིགས་པ་དང་ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་ཅན་མ་ཡིན་པར་ངེས་པ་ཞེས་བྱ་བ་དེ། སྒྲུབ་པའི་ཆོས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། འདི་ལྟར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་


DTG099_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དག་གི་རྐྱེན་མ་ཡིན་པར་ངེས་པས། དེའི་ཕྱིར་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྐྱེན་མ་ཡིན་པར་ངེས་པ་སྒྲུབ་པའི་ཆོས་ཡིན་ནོ། །དེ་ཉིད་གཏན་ཚིགས་ཞེས་བྱ་སྟེ། གཏན་ཚིགས་ཞེས་བྱ་བ་ཡང་དངོས་པོ་མེད་པ་དང༌། མི་རྟག་པ་དང༌། རྒྱུ་སྒྲུབ་པའི་གཏན་ཚིགས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་དེ་སྒྲུབ་པའི་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག །ཅིའི་ཕྱིར་རྐྱེན་མ་ཡིན་པར་ངེས་ཤེ་ན། གཞན་ཡིན་པའི་ཕྱིར་ཏེ། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་ན། གཞན་ཉིད་ཡིན་པ་དེ་དག་ནི་རྐྱེན་མ་ཡིན་པར་ངེས་པས། དེའི་ཕྱིར་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྐྱེན་མ་ཡིན་པར་ངེས་པ་སྒྲུབ་པའི་གཏན་ཚིགས་ཡིན་ནོ། །དེ་ཉིད་ཕྱོགས་ཀྱི་ཆོས་ཞེས་བྱ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཡང་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང༌། ངོ་བོ་ཉིད་དང་འབྲས་བུ་སྟེ། སྐབས་འདིར་ནི་བསྒྲུབ་པར་བྱ་བ་ཆོས་ཅན་མ་ཡིན་པར་ངེས་པ་ཞེས་བྱ་བ་དང༌། ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་བསྡུས་པའི་ཕྱོགས་དེའི་ཆོས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག །ཅིའི་ཕྱིར་རྐྱེན་མ་ཡིན་པར་ངེས་ཤེ་ན། གཞན་ཡིན་པའི་ཕྱིར་ཏེ། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་ན། གཞན་ཉིད་ཡིན་པ་དེ་དག་གི་རྐྱེན་མ་ཡིན་པར་ངེས་པས་དེའི་ཕྱིར། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་དེའི་གཏན་ཚིགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་


DTG099_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྒྱུ་སྤུན་དང༌། ཚིག་པ་དང༌། ཐག་ཟངས་དང༌། འུལ་བུ་དང༌། སྣས་ཁྱེར་ལ་སོགས་པ་ཐག་ཤ་རྣམས་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པའི་ཕྱིར། རྒྱུ་སྤུན་དང༌། ཚིག་པ་དང༌། ཐག་ཟངས་དང༌། འུལ་བུ་དང༌། སྣས་ཁྱེར་ལ་སོགས་པ་ཐག་ཤ་གཞན་ཉིད་ཡིན་པ་དེ་དག་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་པར་ངེས་པ་དེ་བཞིན་དུ། འདིར་ཡང་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན་གཞན་ཉིད་ཡིན་པའི་ཕྱིར། རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ཉིད་ཡིན་པ་དེ་དག་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་པར་ངེས་སོ་ཞེས་བྱ་བར་སྦྱར་རོ། །དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་དཔེ་ཞེས་བྱ་བ་ནི་ཆོས་ཅན་གང་ལ་བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་ཡོད་པའི་དཔེ་སྟེ། འདིར་དཔེ་ནི་རྗེས་སུ་དཔག་པར་བྱ་བ་ཕྱོགས། ཆོས་ཅན་རྒྱུ་སྤུན་ལ་སོགས་པ་གང་ལ་རྗེས་སུ་དཔག་པ་ཕྱོགས་བསྒྲུབ་པར་བྱ་བ་ཆོས་ཅན་མ་ཡིན་པར་ངེས་པ་ཞེས་བྱ་བ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། སྒྲུབ་པའི་ཆོས་གཏན་ཚིགས་ཕྱོགས་ཀྱི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། དེ་གཉིས་ཡོད་པ་ཡིན་པར་སྦྱར་རོ། །དེ་ཉིད་ཆོས་མཐུན་པའི་དཔེ་ཞེས་བྱ་སྟེ། ཆོས་མཐུན་པའི་དཔེ་ཞེས་བྱ་བ་ནི་མི་དམིགས་པ་ལས། དངོས་པོ་མེད་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཕྱོགས་འདི་ན་དངོས་པོ་མེད་པ་དེ་དམིགས་པའི་རིག་བྱར་གྱུར་པའི་བུ་མ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང༌། ངོ་བོ་ཉིད་ལས་མི་རྟག་པར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་འདི་ནི་ཤིང་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང༌། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ཚང་མང་འདི་ན་མེ་ཡོད་དེ་དུ་བ་འཐུལ་བའི་ཕྱིར་རོ་ཞེས་བྱ་བ་


DTG099_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྐབས་འདིར་ནི་དཔེར་ན་ཆོས་ཅན་རྒྱུ་སྤུན་ལ་སོགས་པ་ཞེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་གའི་ཕྱོགས་ལ། འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ན། གཞན་ཉིད་དུ་གྲགས་པ་དེ་དག་ལས་བསྒྲུབ་པར་བྱ་བ་ཆོས་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། རྐྱེན་མ་ཡིན་པར་ངེས་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་གཉིས་ཡོད་པས་དེ་ནི་ཆོས་ཅན་ཞེས་བྱ་སྟེ། ཆོས་ཅན་རྒྱུ་སྤུན་ལ་སོགས་པ་དེ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཅེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་གའི་ཕྱོགས་ལ་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཞན་དུ་གྱུར་པ་དེ་དག་ལ་ལྟོས་ནས་གཞན་ཉིད་དུ་གྲགས་པ་དེ་དག་ལ་བསྒྲུབ་པར་བྱ་བ་ཆོས་རྐྱེན་མ་ཡིན་པར་ངེས་པ་ཞེས་བྱ་བ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དང༌། རྐྱེན་མ་ཡིན་པར་ངེས་པ་དེ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་དེ་ཉིད་ཡོད་པས་དེ་ཡང་ཆོས་ཅན་ཞེས་བྱ་བ་སྟེ། ཆོས་ཅན་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དེ་དག་ཀྱང་རྐྱེན་མ་ཡིན་པར་ངེས་ཏེ། གཞན་མ་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གང་དང་གང་གཞན་ཉིད་ཡིན་པ་དེ་ནི་རྐྱེན་མ་ཡིན་པར་ངེས་ཏེ། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དེ་དག་ཀྱང་གཞན་ཉིད་ཡིན་པས་དེའི་ཕྱིར་དེ་དག་ཀྱང་རྐྱེན་མ་ཡིན་པར་ངེས་སོ། །གལ་ཏེ་གཞན་ཉིད་དུ་འདྲ་བ་ལས་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དེ་དག་ནི་རྐྱེན་ཡིན་པར་འདོད་ལ། རྒྱུ་སྤུན་ལ་སོགས་པ་ནི་རྐྱེན་མ་ཡིན་པར་འདོད་ན་ནི་དེའི་ཚེ་རྒྱུ་འདིས་ནི་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གྲུབ་པར་བྱེད་པ་དག་ནི་རྐྱེན་


DTG099_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་འདོད་ལ། རྒྱུ་འདིས་ནི་རྒྱུ་སྤུན་ལ་སོགས་པའི་རྐྱེན་མ་ཡིན་པར་འདོད་དོ་ཞེས་ཁྱད་པར་ཉིད་དུ་བྱ་བའི་ཁྱད་པར་གྱི་གཏན་ཚིགས་བརྗོད་པར་བྱ་དགོས་སོ། །གང་གི་ཕྱིར་རྐྱེན་དུ་སྨྲ་བ་དག་རྒྱུ་སྤུན་ལ་སོགས་པ་གཞན་ཉིད་ཡིན་པའི་གནས་སྐབས་དག་རྐྱེན་ཡིན་པར་མི་འདོད་པ་དེའི་ཕྱིར། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཀྱང་གཞན་ཉིད་ཡིན་པའི་ཕྱིར་རྐྱེན་མ་ཡིན་པར་ངེས་པར་གྲུབ་བོ། །གཞན་ཡང་དངོས་པོ་རྣམས་ཀྱི་རྐྱེན་ཉིད་ཅིའི་ཕྱིར་འདོད་ཅེ་ན། གཞན་ཉིད་ཀྱི་ངོ་བོ་ཉིད་མ་ཐོབ་པ་ཐོབ་པར་བྱེད་པའི་ཕྱིར་རྐྱེན་དུ་འདོད་པ་ཡིན་ན། གལ་ཏེ་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དེ་དག་རྐྱེན་དུ་འགྱུར་བའི་སྔ་རོལ་ན་གཞན་ཉིད་ཡིན་པར་གྱུར་ན། དེ་དག་ལ་རྐྱེན་ཡིན་པར་བརྟག་པས་ཅི་ཞིག་བྱ་སྟེ། གཞན་ཉིད་ནི་གཞན་གྱི་རྐྱེན་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགག་པ་མི་མཐུན་པར་ཡང་འགྱུར་ཏེ། གལ་ཏེ་གཞན་ཉིད་ཡིན་ན་ནི་གཞན་གྱི་རྐྱེན་མ་ཡིན་ལ། ཅི་སྟེ་གཞན་གྱི་རྐྱེན་ཡིན་ན་ནི་གཞན་ཉིད་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་ན་གཞན་ཉིད་གཞན་གྱི་རྐྱེན་ཡིན་པ་ནི་འགལ་ཏེ། འདི་ལྟར་འཇིག་རྟེན་ན་བུམ་པ་སྦྲང་རྩི་དང༌། ཆུ་དང༌། འོ་མ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་ནུས་པ་གསལ་བ་གཞན་ཉིད་ཡིན་པ་ནི་གཞན་གྱི་རྐྱེན་ཡིན་པར་མ་མཐོང་བའི་ཕྱིར་རོ། །དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རྐྱེན། རྐྱེན་མ་ཡིན་པར་དགག་པ་ཡིན་ན། ཅིའི་ཕྱིར་འདིར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཉི་ཚེ་ཆོས་ཅན་དུ་བཞག་ཅེ་ན། དེ་ནི། དངོས་པོ་གཅིག་ལ་གང་མཐོང་བ། །དེ་ནི་ཀུན་ལའང་མཐོང་བར་འདོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པའི་རིགས་པས། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་གྲུབ་ན་ཕྱི་རོལ་གྱི་རྐྱེན་ལ་སོགས་པ་རྐྱེན་ཐམས་ཅད་ཀྱང་རྐྱེན་མ་ཡིན་པ་ཉིད་དུ་འགྲུབ་པའི་ཕྱིར་དང༌། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་


DTG099_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཆོས་ཅན་དུ་བཞག་ན། ཕྱི་རོལ་གྱི་རྐྱེན་ལ་སོགས་པ་གཞན་དག་གཏན་ཚིགས་དང་དཔེར་གཞག་ཏུ་རུང་བས་དེའི་ཕྱིར་འདིར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཉི་ཚེ་ཆོས་ཅན་དུ་གཞག་གོ །།བམ་པོ་བཅུ་པ། འདི་ལ་གཞན་སློབ་དཔོན་བློ་བརྟན་གྱིས་བདག་ཉིད་ཀྱི་འགྲེལ་པ་བྱེད་པའི་གཏན་ཚིགས་ཀྱི་མཚན་ཉིད་གཞན་ཉིད་ཅེས་བྱ་བ་འདི་འགལ་ཏེ། འདི་ལྟར་དབུ་མ་པས་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཁས་ལེན་ཅིང༌། དེ་ལྟར་ཁས་བླངས་ནས་གང་གི་ཚེ་དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་མེར་མེར་པོ་ལ་སོགས་པ་དག་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་སྦྱོར་བའི་ཚིག་དེ་ལྟ་བུར་བྱེད་པ་དེའི་ཚེ། ཇི་ལྟར་དོན་དམ་པར་རྒྱུ་སྤུན་ལ་སོགས་པ་མིག་ལ་སོགས་པའི་རྐྱེན་མ་ཡིན་པ་དེ་བཞིན་དུ། ཀུན་རྫོབ་ཏུ་ཡང་རྒྱུ་སྤུན་ལ་སོགས་པ་མིག་ལ་སོགས་པའི་རྐྱེན་མ་ཡིན་པ་དང་འདྲ་བར་མེར་མེར་པོ་ལ་སོགས་པ་ཡང་རྒྱུ་སྤུན་ལ་སོགས་པ་བཞིན་དུ་ཡང་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་ཉིད་མ་ཡིན་པར་འགྱུར་ཏེ། དེས་ན་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་རྐྱེན་མེར་མེར་པོ་ལ་སོགས་པའི་རྐྱེན་རྣམས་ཀུན་རྫོབ་ཏུ་མིག་ལ་སོགས་པའི་རྐྱེན་ཉིད་མ་ཡིན་པར་སྒྲུབ་པ་འགལ་ཏེ། ཇི་སྐད་དུ། ཆོས་དང་ཆོས་ཅན་དེ་གཉིས་ཀྱི། །ཁྱད་པར་གྱི་ནི་ངོ་བོ་ཉིད། །ལོག་པར་སྒྲུབ་ཕྱིར་འགལ་བ་ནི། །ཞེས་བཤད་པའི་ཕྱིར་རོ་ཞེས་དྲིས་པས་འདིར་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ལྟར་གྱུར་ན་ཁོ་བོའི་གཏན་ཚིགས་དེ་འགལ་ཡང་བདེན་གྲང་ན། གནས་བརྟན་བློ་བརྟན་གྱིས་འགལ་བའི་མཚན་ཉིད་ཀྱི་ཚིག་ལེ་འུར་བྱེད་པ་འདིའི་རྩ་བ་བཞི་པ་མ་ཐོས་སམ་ཅི་ན། དེའི་ཕྱིར་ཁྱད་པར་མེད་པ་ཁོ་ནར་ཁོ་བོ་ལ་གཏན་ཚིགས་འགལ་བའི་སྐྱོན་འདི་ལྟ་བུ་རྗོད་པར་བྱེད། འདི་ལྟར་འགལ་བའི་མཚན་ཉིད་ཀྱི་ཚིག་ལེའུར་བྱེད་པ་འདིའི་རྩ་བ་བཞི་པ་ལས། གནོད་པ་མེད་ན་


DTG099_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཡིན། །ཞེས་འབྱུང་བས། གལ་ཏེ་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ཉིད་ལ་ལུང་གི་གནོད་པ་དང༌། འཇིག་རྟེན་གྱི་གནོད་པ་དང༌། རང་གི་ཚིག་གི་གནོད་པ་དང༌། མངོན་སུམ་གྱི་གནོད་པ་དང༌། རྗེས་སུ་དཔག་པའི་གནོད་པ་མེད་ན་ནི་དེའི་ཚེ་ཁོ་བོའི་གཏན་ཚིགས་དེ་འགལ་བ་ཡིན་ནོ། །ཅི་སྟེ་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ཉིད་ལ་གནོད་པ་ལྔ་པོ་དེ་དག་ལས་ཐམས་ཅད་འགའ་ཞིག་ཡོད་ན་ནི་དེའི་ཚེ་ཁོ་བོའི་གཏན་ཚིགས་དེ་འགལ་བ་མ་ཡིན་ནོ། །གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ནི་དཔེར་ན་ལྟག་ཆོད་དག་ལས་འདི་སྐད་དུ། སྒྲ་ནི་མཉམ་པར་བྱ་བ་མ་ཡིན་ཏེ། བཙལ་མ་ཐག་ཏུ་འབྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་ལྟར་གཏན་ཚིགས་བཙལ་མ་ཐག་ཏུ་འབྱུང་བ་ཞེས་བྱ་བ་དེ་ལས་གནོད་པ་ཡོད་པ་དང༌། མེད་པའི་མཚན་ཉིད་བརྗོད་པར་བྱ་སྟེ། གལ་ཏེ་མཐོང་བའི་མཐུས་རྗེས་སུ་དཔག་པ་དེ་ལྡོག་པར་མི་འགྱུར་ན་ནི་གནོད་པ་མེད་པ་ཞིག་ན། འདི་ལ་ལུང་དང༌། མངོན་སུམ་དང༌། འཇིག་རྟེན་ལས་སྒྲ་ནི་མཉན་པར་བྱ་བ་ཉིད་ཡིན་པར་མཐོང་བའི་མཐུས་རྗེས་སུ་དཔག་པ་དེ་ལྡོག་པར་འགྱུར་བས་གནོད་པ་ཡོད་དོ། །འདིར་གལ་ཏེ་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་ཇི་ལྟར་གནོད་པ་ཡོད་ཅེ་ན། འདི་ལྟར་གནས་བརྟན་བློ་བརྟན་དེ་ཡང་དབུ་མ་པ་ཁོ་ན་ཡིན་པས་དེའི་ཕྱིར། དེ་ཡང་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཁས་ལེན་ལ། འདིར་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་མ་ཡིན་པར་སྨྲ་བས། དེས་ན་དང་པོ་ཁོ་ནར་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་ལུང་དང་འགལ་བའི་གནོད་པ་ཡོད་དོ། །ཀུན་རྫོབ་ཉིད་ནི་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་ཡིན་ལ། འཇིག་རྟེན་ལ་ནི་ནང་གི་སྐྱེ་མཆེད་རྣམས་ཀུན་རྫོབ་ཏུ་རྐྱེན་མེར་མེར་པོ་ལ་སོགས་པ་ལས་སྐྱེ་བར་གྲགས་ལ། འདིར་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་མ་ཡིན་པར་སྨྲ་བས། དེས་ན་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་འཇིག་རྟེན་དང་འགལ་བའི་


DTG099_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཡང་ཡོད་དོ། །མིག་ལ་སོགས་པའི་གནས་ལས་ཀུན་རྫོབ་ཏུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡུལ་ལ་དམིགས་པ་རྣམ་པར་རྟོག་པ་མེད་པ་དྲུག་པོ་དག་དབང་པོ་སོ་སོའི་མངོན་སུམ་དུ་སྐྱེ་ལ། འདིར་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་མ་ཡིན་པར་སྨྲས་པས། དེས་ན་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་མངོན་སུམ་དང་འགལ་བའི་གནོད་པ་ཡང་ཡོད་དོ། །གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པའི་ཚིག་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་སྐྱེ་བ་ཁོ་ན་ཡིན་ལ། འདིར་གནས་བརྟན་བློ་བརྟན་ཉིད་ཀྱིས་ཀུན་རྫོབ་ཏུ་སྐྱེ་བ་དེས་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་མ་ཡིན་པར་སྨྲས་པས། དེས་ན་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་རང་གི་ཚིག་དང་འགལ་བའི་གནོད་པ་ཡང་ཡོད་དོ། །མིག་ལ་སོགས་པ་སྐྱེ་མཆེད་རྣམས་ཀུན་རྫོབ་ཏུ་སྐྱེ་སྟེ། འགའ་ཞིག་ལ་ཕན་པར་བྱེད་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཏེ། བུམ་པ་ཡང་ཀུན་རྫོབ་ཏུ་སྐྱེ་སྟེ། ཆུ་ལ་སོགས་པ་འཛིན་པ་ཉིད་ཀྱིས་འགའ་ཞིག་ལ་ཕན་པར་བྱེད་པ་ཡིན་པ་དང་འདྲ་བར་ནང་གི་སྐྱེ་མཆེད་རྣམས་ཀྱང་ཀུན་རྫོབ་ཏུ་སྐྱེ་སྟེ། ཡུལ་འཛིན་པ་ལ་སོགས་པ་ཉིད་ཀྱིས་འགའ་ཞིག་ལ་ཕན་པར་བྱེད་པ་ཡིན་པ་ལས་འདིར་མེར་མེར་པོ་ལ་སོགས་པ་ཀུན་རྫོབ་ཏུ་ཡང་མིག་ལ་སོགས་པའི་རྐྱེན་མ་ཡིན་པར་སྨྲས་པས། དེས་ན་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་རྗེས་སུ་དཔག་པ་དང་འགལ་བའི་གནོད་པ་ཡང་ཡོད་དོ། །དེ་ལྟར་ན་གནས་བརྟན་བློ་བརྟན་གྱིས་འགལ་བར་བརྗོད་པ་དེ་ལ་ལུང་ལ་སོགས་པའི་གནོད་པ་ཡོད་པས་ཁོ་བོའི་གཏན་ཚིགས་དེ་འགལ་བ་མ་ཡིན་ནོ། །གལ་ཏེ་གནས་བརྟན་བློ་བརྟན་འདི་སྐད་ཅེས་གཞན་དག་རྣམ་པ་དེས་ཁྱེད་ཀྱི་གཏན་ཚིགས་དེ་འགལ་བར་བརྗོད་ཀྱི། ཁོ་བོ་ནི་དེ་སྐད་མི་བརྗོད་དོ་ཞེས་ཟེར་ན། དེ་ལྟ་ན་ཡང་གལ་ཏེ་གཞན་དག་དོན་དམ་པ་ཁོ་ནར་མིག་ལ་སོགས་པ་དང༌། དབང་པོ་སོ་སོའི་ཤེས་པ་དག་སྐྱེ་བར་ཁས་ལེན་ན། ཀུན་རྫོབ་ཏུ་སྐྱེ་བ་མེད་པར་ཁས་ལེན་ན། གཞན་དེ་དག་ཀྱང་རང་གི་ཚིག་དང་འགལ་བ་དང༌། རྗེས་སུ་དཔག་པ་དང་འགལ་བ་དང༌། འཇིག་རྟེན་དང་འགལ་པ་


DTG099_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་པ་མེད་དེ། འདི་ལྟར་འཇིག་རྟེན་པའི་དོན་རྟོགས་ནས་འཇིག་རྟེན་བཞིན་དུ་བསྒྲུབ་པར་བྱ་ཞེས་གསུངས་པས། དེའི་ཕྱིར་འཇིག་རྟེན་ན་ཕྱི་དང་ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་ཡོད་པར་གྲགས་བཞིན་དུ་གལ་ཏེ་གཞན་དག་ཀུན་རྫོབ་ཏུ་ཕྱི་ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པར་སྒྲུབ་ན། དེ་ཉིད་ཀྱིས་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པར་འགྱུར་རོ། །དེས་ན་གནས་བརྟན་བློ་བརྟན་གྱིས་སྨྲས་པའི་འགལ་བའི་སྐབས་མེད་དོ། །ཡང་ན་ཁོ་བོས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་ཁས་མ་བླངས་ཏེ། གང་གི་ཚེ་ཁོ་བོས་དེ་སྐད་ཁས་མ་བླངས་པ་ལ་འགལ་བ་ཅི་ཡང་མེད་དོ། །འོ་ན་ཁྱོད་ཀྱིས་ཇི་སྐད་ཁས་བླངས་ཤེ་ན། གྲུབ་པའི་མཐའ་ལས། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་གསུངས་པ་བཞིན་ཁས་བླངས་པས་ཁོ་བོའི་གཏན་ཚིགས་དེ་ལ་འགལ་བའི་སྐབས་མེད་དོ། །དེ་ལྟ་བས་ན་གནས་བརྟན་བློ་བརྟན་གྲུབ་པའི་མཐའ་ལ་ཏེ་པོར་ཞུགས་པར་སྣང་ངོ༌། །ཅི་སྟེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཏན་ཚིགས་སུ་མི་རུང་སྟེ། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེ་ན་ཞེས་བྱ་བ་འདི་ནི་སྐྱེ་བར་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་འགྲེལ་པར་བྱེད་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་གལ་ཏེ་སྐྱེ་བར་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་འགྲེལ་པར་བྱེད་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བརྗོད་པའི་ཚད་མ་འདི་ལྟ་བུ་བྱེད་ན་ཞེས་དོགས་པ་བསུ་བའི་དོན་ཡིན་ནོ། །འདིར་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཞེས་བྱ་བ་འདི་ནི་ཆོས་ཅན་ཏེ། དབུ་མ་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་ཞེས་སྨྲས་པ་དང༌། དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར་ཞེས་སྨྲས་པའི་གཏན་


DTG099_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་དེའོ། །གཏན་ཚིགས་སུ་མི་རུང་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཏེ། དབུ་མ་པས་གཞན་ཡིན་པའི་ཕྱིར་ཞེས་སྨྲས་པའི་གཏན་ཚིགས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་དང༌། གཞན་དག་རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བའི་གཏན་ཚིགས་སུ་མི་རུང་སྟེ་ཞེས་རྗེས་སུ་དཔག་པའོ། །དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཏེ། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཅེས་བྱ་བ་ལ། དམ་བཅས་པ་ཞེས་བྱ་བ་ནི་དབུ་མ་པས་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་ཞེས་དམ་བཅས་པ་དང༌། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་ཞེས་དམ་བཅས་པའོ། །དེའི་དོན་གྱི་ཕྱོགས་གཅིག་ཅེས་བྱ་བ་ནི་དེ་དག་གི་རྐྱེན་གཞན་དག་ཅེས་བྱ་བ་དང༌། གཞན་དག་རྐྱེན་མ་ཡིན་པ་ཞེས་བྱ་བ་གཞན་དུ་གྱུར་པའི་དོན་དེའི་ཕྱོགས་གཅིག་ནི་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡིན་ཏེ་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་ཞེས་པའི་དོན་གྱི་ཕྱོགས་གཅིག་ཀྱང་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་ལ། གཞན་དག་རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བའི་དོན་གྱི་ཕྱོགས་གཅིག་ཀྱང་གཞན་ཡིན་པའི་ཕྱིར། །དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། འདི་ལ་རིགས་པའི་བསྟན་བཅོས་ལ་དམ་བཅས་པའི་དོན་གྱི་ཚོགས་གཅིག་གཏན་ཚིགས་སུ་མི་རུང་བ་རྣམ་པ་གསུམ་རྣམ་པར་འཇོག་སྟེ། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེའི་ཆོས་ཅན་གྱི་དམ་པའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་སྒྲ་ཉིད་ཆོས་ཅན་ཕྱོགས་སུ་བྱས་ལ་སྒྲ་ཉིད་དེ་སྒྲུབ་པའི་ཆོས་སུ་ཡང་བྱས་པས་དེའི་ཕྱིར་དེ་ཡང་གཏན་ཚིགས་སུ་མི་རུང་ངོ༌། །དཔེར་ན་སྒྲ་རྟག་སྟེ་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་བསྒྲུབ་པར་བྱ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཕྱོགས་སུ་བྱས་ལ། རྟག་པ་ཉིད་དེ་སྒྲུབ་པའི་ཆོས་སུ་ཡང་བྱས་པས་དེའི་ཕྱིར་དེ་ཡང་གཏན་ཚིགས་སུ་མི་རུང་ངོ༌། །དཔེར་ན་སྒྲ་རྟག་སྟེ་སྒྲ་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་


DTG099_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་སྒྲ་རྟག་པ་ཞེས་བྱ་བ་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་སུ་བྱས་ལ། སྒྲ་རྟག་པ་ཞེས་བྱ་བ་ཆོས་དང་ཆོས་ཅན་བསྡུས་པའི་ཕྱོགས་དེ་ཉིད་དེ་སྒྲུབ་པའི་ཆོས་སུ་ཡང་བྱས་པས་དེའི་ཕྱིར་དེ་ཡང་གཏན་ཚིགས་སུ་མི་རུང་ངོ༌། །དཔེ་དེ་དང་འདྲ་བར་འདིར་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། གཞན་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་གཏན་ཚིགས་སུ་མི་རུང་ངོ་ཞེ་ན་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་འགྲེལ་པར་བྱེད་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བརྗོད་ཅིང་དེ་སྐད་ཅེས་ཟེར་ནའོ། །དེ་སྐད་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། དེ་ནི་བཟང་པོ་མ་ཡིན་ཏེ། སྙན་ཚིག་གི་སྒྲ་ནི་མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བས་གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་སྐྱེ་བར་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་འགྲེལ་བར་བྱེད་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བརྗོད་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེ་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར་སྦྱོར་བའི་ཚིག་འདི་ལ་མཚན་ཉིད་དེ་ལྟ་བུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར། སྙན་ཚིག་གི་སྒྲ་མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་རོ། །དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ་སྤྱི་ཕྱོགས་ཀྱི་ཆོས་ཡིན་པའི་དཔེ་བསྟན་ཏོ། །འདིར་སྙན་ཚིག་གི་སྒྲ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། མི་རྟག་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན།


DTG099_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་སྙན་ཚིག་གི་སྒྲ་ཞེས་བྱ་བ་ནི་མུ་སྟེགས་དཔྱོད་པ་ཅན་གྱི་རིག་བྱེད་རྣམ་པ་བཞིའོ། །ངེས་བརྗོད་ཀྱི་རིག་བྱེད་དང༌། མཆོད་སྦྱིན་གྱི་རིག་བྱེད་དང༌། སྙན་ཚིག་གི་རིག་བྱེད་དང༌། སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་དག་ལས་སྙན་ཚིག་གི་རིག་བྱེད་ཅེས་བྱ་བའི་སྒྲ་སྟེ། ཡི་གེའི་བདག་ཉིད་དོ། །སྙན་ཚིག་གི་སྒྲ་ཞེས་བྱ་བ་དེ་ཁྱད་པར་ཅན་དེ་ལ་བསྒྲུབ་པར་བྱ་བ་ཆོས་མི་རྟག་པ་དང༌། སྒྲུབ་པའི་ཆོས་སྒྲ་སྤྱི་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ཡོད་པས་ཆོས་ཅན་ནོ། །མི་རྟག་སྟེ་ཞེས་བྱ་བ་ནི་སྙན་ཚིག་གི་སྒྲ་ཁྱད་པར་ཅན་དེ་མི་རྟག་པར་བསྒྲུབ་པར་བྱ་བ་སྟེ་དེ་མི་རྟག་པར་རྗེས་སུ་དཔག་པ་ཡིན་ནོ། །སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པ་སྟེ། སྙན་ཚིག་གི་སྒྲ་ཁྱད་པར་ཅན་དེ་ཅིའི་ཕྱིར་མི་རྟག་ཅེ་ན། སྒྲ་སྤྱི་ཡིན་པའི་ཕྱིར་དེ་ཡང་མི་རྟག་གོ་ཞེས་བསྟན་པ་ཡིན་ནོ། །དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྔ་བོ་ཆེའི་སྒྲ་ཞེས་བྱ་བ་ཁྱད་པར་ཅན་དེ་ནི་མི་རྟག་སྟེ། སྒྲ་སྤྱི་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་འདྲ་བར་སྙན་ཚིག་གི་སྒྲ་ཁྱད་པར་ཅན་དེ་ཡང་མི་རྟག་སྟེ། སྒྲ་སྤྱི་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་ཏེ། དཔེར་ན་འདི་ནི་ཤིང་ཡིན་ཏེ་ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །འདི་སྐད་བསྟན་ཏེ། དཔེར་ན་སྦྱོར་བའི་ཚིག་འདི་ལ་སྙན་ཚིག་གི་སྒྲ་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། སྒྲ་སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་སུ་མི་རུང་ངོ༌། །དེ་བཞིན་དུ་འདིར་ཡང་གཞན་གྱིས་ཡོངས་སུ་བརྟགས་པའི་རྐྱེན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་གཞན་ཁྱད་པར་ཅན་དག་ཕྱོགས་སུ་བྱས་པ་ལ། གཞན་སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་སུ་རུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བས་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ་སྤྱི་ཕྱོགས་ཀྱི་ཆོས་ཡིན་པའི་དོན་བསྟན་ཏོ། །དེ་ལ་


DTG099_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་པ་ཞེས་བྱ་བའི་ཁྱད་པར་ཅན་ཡིན་ཏེ། དཔེར་ན་སྙན་ཚིག་གི་སྒྲ་དང༌། རྔ་བོ་ཆེའི་སྒྲ་ཁྱད་པར་ཅན་མི་རྟག་པར་དམ་བཅས་པ་དང་འདྲ་བར་འདིར་ཡང་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་ཁྱད་པར་ཅན་དག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་དང༌། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་ཁྱད་པར་ཅན་དག་རྐྱེན་མ་ཡིན་པར་ངེས་ཏེ་ཞེས་དམ་བཅས་པ་ཡིན་ནོ། །དེའི་དོན་གྱི་ཕྱོགས་གཅིག་ཅེས་བྱ་བ་ནི་སྤྱི་ཡིན་ཏེ། དཔེར་ན་སྒྲ་སྤྱི་ཡིན་པའི་ཕྱིར་ཞེས་བྱ་བ་དང་འདྲ་བར་འདིར་ཡང་གཞན་སྤྱི་ཡིན་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བས་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཅེས་བྱ་བ་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པ་དེ་བསྒྲུབ་པར་བྱ་བ་དང་དཔེ་གཉི་ག་ལ་གཏན་ཚིགས་ཉིད་དུ་འགྲུབ་པ་མཐོང་བས་སོ། །གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་གི་གཏན་ཚིགས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་བ་དེ་མ་ངེས་པ་ཉིད་དེ། འདི་ལྟར་དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཁྱད་པར་ཅན་ཕྱོགས་སུ་མ་བྱས་ལ། སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་མ་བསྟན་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་སུ་མི་རུང་ལ། དཔེར་ན་སྙན་ཚིག་གི་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ། །དཔེར་ན་རྔ་བོ་ཆེའི་སྒྲ་ཡིན་ནོ་ཞེས་བྱ་བ་ལྟ་བུ་ཁྱད་པར་ཅན་ཕྱོགས་སུ་བྱས་ལ། སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་ཉིད་དུ་གྲུབ་པར་མཐོང་བས་དེའི་ཕྱིར་སྐྱེ་བར་སྨྲ་བ་ཁྱོད་ཀྱི་གཏན་ཚིགས་དེ་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ༌། །འདི་སྐད་བསྟན་ཏེ། གང་གི་ཚེ་སྤྱི་བཏང་སྟེ་ཁྱད་པར་ཅན་ཕྱོགས་སུ་བྱེད་པ་དེའི་ཚེ་ན་ཆོས་དང་ཆོས་ཅན་རུང་བར་འགྱུར་བས་དེའི་ཕྱིར། ཅི་རེ་ཞིག་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་དེ་གཏན་ཚིགས་སུ་མི་རུང་བར་འགྱུར་རམ། འོན་ཏེ་སྙན་ཚིག་


DTG099_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར། དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བ་དེ་གཉིས་གང་ཡིན་པ་མ་ངེས་པས་ཁྱོད་ཀྱི་གཏན་ཚིགས་མི་རུང་ངོ༌། །བྱེ་བྲག་པ་དག་ལས་གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས་རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པ་མངོན་པར་འདོད་པ་དག་ཕྱིར་ཟློག་པར་བྱེད་དེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡོན་ཏན་ཡིན་པར་རྟོག་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་དོ། །དེ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བས་ནི་མུ་སྟེགས་བྱེ་བྲག་པ་དག །འགྲེལ་པ་བྱེད་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་ལ། རང་ལ་མ་གྲུབ་པའི་དོན་ཉིད་དང༌། འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པ་ཡོད་དོ་ཞེས་གཏན་ཚིགས་ཀྱི་སྐྱོན་རྗོད་པར་བྱེད་པར་སྟོན་ཏོ། །འདི་ལ་གལ་ཏེ་དགག་པ་འདིས་དངོས་པོ་རྣམས་གཞན་ལས་སྐྱེ་བར་སྨྲ་བ་དག་མ་ལུས་པར་བཀག་པ་ཡིན་ན་འདི་ཅིའི་ཕྱིར་བྱེ་བྲག་པ་དག་དགག་པ་དམིགས་ཀྱིས་སྟོན་པར་བྱེད་ཅེ་ན། གང་གི་ཕྱིར་དེ་ལྟར་བསྐྱེད་པར་བྱ་བ་དང༌། སྐྱེད་པ་ཉིད་བརྟག་པ་བྱ་བས་ནང་གི་དངོས་པོ་རྣམས་དེ་དག་གི་རྟེན་གཞན་དག་ལས་སྐྱེ་བ་མེད་པར་བཀག་པ་ན། ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་ཁོ་ནར་བཀག་པ་ཡིན་མོད་ཀྱི། འོན་ཀྱང་མི་མཁས་པ་ཁ་ཅིག་འདི་སྙམ་དུ། ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་བཀག་གི །ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་མ་བཀག་པས་དེའི་ཕྱིར་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་ཡོད་པར་གྱུར་ན། ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་ལ་ཡང་དངོས་པོ་མེད་དོ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་དགག་པའི་ཕྱིར་དང༌། སྐྱེ་བོ་ལས་དང་པོ་པ་རྣམས་ཀྱི་བློ་ལ་ཕན་གདགས་པའི་ཕྱིར་བྱེ་བྲག་པ་དག་དགག་པ་འདི་དམིགས་ཀྱིས་བསྟན་པར་བྱའོ། །བྱེ་བྲག་པ་དག་ཅེས་བྱ་བ་ནི་མུ་སྟེགས་གཟེགས་ཟན་གྱི་སློབ་མ་མུ་སྟེགས་བྱེ་བྲག་པ་ཞེས་བྱ་བ་དག་གོ ། །ལས་


DTG099_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །བྱེ་བྲག་པ་དག་ཁོ་ན་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ཏེ། བྱེ་བྲག་བ་དག་ནི་བླུན་པ་ཉིད་ཀྱིས་དེ་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བ་དགག་པ་བྱས་ཀྱང་ཁོང་དུ་མི་ཆུད་པའི་ཕྱིར་རོ། །གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས་གཞན་ཞེས་བྱ་བ་ནི་བྱེ་བྲག་པ་དག་རྒྱུ་རྐྱེན་གཞན་རྡུལ་ཕྲ་རབ་ཁོ་ན་ལས་འབྲས་བུ་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཀྱི་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པ་མངོན་པར་འདོད་པའོ། །རྡུལ་ཕྲ་རབ་དག་ཅེས་བྱ་བ་ནི་རྡུལ་ཤིན་ཏུ་ཕྲ་རབ་དག་སྟེ། གང་ལ་དེའི་ཕ་རོལ་ན་ཕྲ་རབ་གཞན་མེད་པ་དེ་ནི་རྡུལ་ཕྲ་རབ་དག་ཅེས་བྱའོ། །ཁོ་ན་ལས་ཞེས་བྱ་བའི་སྒྲ་འདི་ཡང་ངེས་པར་གཟུང་བ་སྟེ། གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས་ཡིན་གྱི་བདག་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་རབ་ཏུ་འཇིག་པ་ཆེན་པོའི་དུས་ཀྱི་ཚེས་ལ་སོགས་པ་འབྱུང་བ་ཆེན་པོའི་རྡུལ་ཕྲ་རབ་གཞན་སོ་སོ་ནས་མཆེད་པ་ཁོ་ན་དག་ལས་སོ། །རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཙམ་གྱི་རྫས་སྐྱེ་བ་འགྲུབ་པ་མངོན་པར་འདོད་པ་དག་ཅེས་བྱ་བ་ནི་བྱེ་བྲག་པ་དག་ལས་གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས་རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པར་མངོན་པར་འདོད་པ་དེ་དག་སྟེ། དེ་ལ་རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས་ཞེས་བྱ་བ་ནི་དེ་དག་གི་གཞུང་ལས་འཇིག་རྟེན་ཆགས་པའི་དུས་ཀྱི་ཚེ་དང་དབང་ཕྱུག་གིས་མངོན་པར་འདོད་པ་དང༌། སེམས་ཅན་དེ་དག་གི་ལས་ཡོངས་སུ་སྨིན་པས་དེས་ན་ཆོས་དང་ཆོས་མ་ཡིན་པའི་དབང་གིས་བདས་པས་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་ལས་དང་པོ་ཁོ་ནར་རྡུལ་ཕྲ་རབ་གཉིས་སྦྱོར་བར་བྱེད་དེ། དེ་ནི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་ཞེས་བྱའོ། །དེའི་འོག་ཏུ་རྡུལ་ཕྲ་མོ་གཉིས་ཀྱི་རྫས་དེ་ལ་རྡུལ་ཕྲ་རབ་གསུམ་པ་སྦྱོར་བར་བྱེད་དེ། དེ་ནི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱའོ། །དེའི་འོག་ཏུ་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་དེའི་རིམ་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས། སྐྱེ་བ་གྲུབ་པ་མངོན་པར་འདོད།


DTG099_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གྲགས་པའི་རིམ་གྱིས་སོ། །ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་ཞེས་བྱ་བ་ལ་ཆ་ཤས་ཅན་གྱི་རྫས་གང་ལས་དང་ཆུ་དང་མེ་དང་རླུང་གི་མིང་གི་རྣམ་གྲངས་ཡོད་པ་དེ་ནི་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་ཞེས་བྱའོ། །རྣམ་གྲངས་ཞེས་བྱ་བ་ནི་མིང་སྟེ། ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བའི་མིང་གི་རྣམ་གྲངས་སོ། །ཆ་ཤས་ཅན་གྱི་རྫས་ཞེས་བྱ་བ་ནི་རྫས་ས་དང་ཆུ་དང་མེ་དང་རླུང་གང་ལ་ཆ་ཤས་རྡུལ་ཕྲ་རབ་དག་ཡོད་པ་དེ་ནི་དེའི་ཆ་ཤས་ཅན་གྱི་རྫས་ཞེས་བྱའོ། །རྫས་དེ་སྐྱེ་བ་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བའོ། །སྐྱེ་བ་དེ་འགྲུབ་པ་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པའོ། །རྫས་སྐྱེ་བའི་གྲུབ་པ་དེ་དག་མངོན་པར་འདོད་པ་དག་ཅེས་བྱ་བ་ནི་བྱེ་བྲག་པ་གང་དག་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པ་དེ་དག་མངོན་སུམ་དུ་བྱ་བར་འདོད་པ་དེ་དག་ནི་རྫས་སྐྱེ་བར་འགྲུབ་པ་མངོན་པར་འདོད་པ་དག་གོ །འདི་སྐད་བསྟན་ཏེ། མུ་སྟེགས་བྱེ་བྲག་པ་དག་གི་གཞུང་ལས། འཇིག་རྟེན་འཇིག་ཅིང་སྟོངས་པའི་ཚེ་ན་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་དེ་དག་ཕྱོགས་ཆ་མེད་པའི་ཚུལ་གྱིས་སོ་སོ་ན་རྟག་པར་འདུག་གོ །དེའི་འོག་ཏུ་འཇིག་རྟེན་འཆགས་པའི་ཚེ་ན་དབང་ཕྱུག་ཆེན་པོ་ལ་འཇིག་རྟེན་སྤྲུལ་འདོད་པའི་འདོད་པ་སྐྱེའོ། །དེའི་འོག་ཏུ་སེམས་ཅན་དེ་དག་གི་ལས་ཡོངས་སུ་སྨིན་པས་དེས་ན་ཆོས་དང་ཆོས་མ་ཡིན་པའི་དབང་གིས་བདས་པས། ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་ལས་དང་པོ་ཁོ་ནར་རླུང་གི་རྡུལ་ཕྲ་རབ་གཉིས་སྦྱོར་བར་བྱེད་དེ། དེ་ནི་རླུང་གི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་ཞེས་བྱའོ། །དེའི་འོག་ཏུ་རླུང་གི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་དེ་ལ་རླུང་གི་རྡུལ་ཕྲ་རབ་གསུམ་པ་སྦྱོར་བར་བྱེད་དེ་དེ་ནི་རླུང་གི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱའོ། །དེའི་འོག་ཏུ་རླུང་གི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་དེའི་རིམ་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་རླུང་གི་རྡུལ་ཕྲ་རབ་དག་འབྲས་བུའི་རྫས་རྩོམ་པར་བྱེད་དེ། དེས་ན་དང་པོ་ཁོ་ནར་རླུང་གི་ཕུང་པོ་ཆེན་པོ་ཡང་དང་ཡང་དུ་ཤིན་


DTG099_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཡོ་ཞིང་འདུག་གོ །དེ་བཞིན་དུ་རྡུལ་ཕྲ་རབ་གཉིས་སྦྱོར་བར་བྱེད་དེ། དེ་ནི་ཆུའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་ཞེས་བྱའོ། །དེའི་འོག་ཏུ་ཆུའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་དེ་ལ་ཆུའི་རྡུལ་ཕྲ་རབ་གསུམ་པ་སྦྱོར་བར་བྱེད་དེ། དེ་ནི་ཆུའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱའོ། །དེའི་འོག་ཏུ་ཆུའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་དེའི་རིམ་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་ཆུའི་རྡུལ་ཕྲ་རབ་དག་འབྲས་བུའི་རྫས་རྩོམ་པར་བྱེད་དོ། །དེས་ན་དེའི་འོག་ཏུ་རླུང་གི་ཕུང་པོ་ཆེན་པོ་ཡང་དང་ཡང་དུ་ཤིན་ཏུ་གཡོ་ཞིང་འདུག་པ་དེའི་སྟེང་དུ་ཆུའི་ཕུང་པོ་ཆེན་པོ་ཡང་དང་ཡང་དུ་ཤིན་ཏུ་འཁྱིལ་ཞིང་འདུག་གོ །དེ་བཞིན་དུ་སའི་རྡུལ་ཕྲ་རབ་གཉིས་པ་སྦྱོར་བར་བྱེད་དེ། དེ་ནི་སའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་ཞེས་བྱའོ། །དེའི་འོག་ཏུ་སའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་དེ་ལ་སའི་རྡུལ་ཕྲ་རབ་གསུམ་སྦྱོར་བར་བྱེད་དོ། དེ་ནི་སའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱའོ། །དེའི་འོག་ཏུ་སའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་དེའི་རིམ་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་སའི་རྡུལ་ཕྲ་རབ་དག་འབྲས་བུའི་རྫས་རྩོམ་པར་བྱེད་དེ། དེས་ན་དེའི་འོག་ཏུ་ཆུའི་ཕུང་པོ་ཆེན་པོ་ཡང་དང་ཡང་དུ་ཤིན་ཏུ་འཁྱིལ་ཞིང་འདུག་པ་དེའི་སྟེང་དུ་སའི་དཀྱིལ་འཁོར་ཆེན་པོ་ཤིན་ཏུ་མཁྲེགས་ཤིང་ལྷུན་གཅིག་ཏུ་གྱུར་པ་ཆགས་ཤིང་འདུག་གོ །དེ་བཞིན་དུ་མེའི་རྡུལ་ཕྲ་མོ་གཉིས་སྦྱོར་བར་བྱེད་དེ། དེ་ནི་མེའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་ཞེས་བྱའོ། །དེའི་འོག་ཏུ་མེའི་རྡུལ་ཕྲ་མོ་གཉིས་ཀྱི་རྫས་དེ་ལ་མེའི་རྡུལ་ཕྲ་རབ་གསུམ་པ་སྦྱོར་བར་བྱེད་དེ། དེ་ནི་མེའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱའོ། །དེའི་འོག་ཏུ་མེའི་རྡུལ་ཕྲ་མོ་གཉིས་ཀྱི་རྡུལ་ཕྲ་མོ་དེའི་རིམ་གྱིས་སེ་གོལ་གཏོགས་པ་ཙམ་གྱིས་མེའི་རྡུལ་ཕྲ་རབ་དག་འབྲས་བུའི་རྫས་རྩོམ་པར་བྱེད་དེ། དེ་ནས་དེའི་འོག་ཏུ་སའི་དཀྱིལ་འཁོར་ཆེན་པོ་ཤིན་ཏུ་མཁྲེགས་ཤིང་ལྷུན་གཅིག་ཏུ་གྱུར་པ་དེའི་སྟེང་དུ་མེའི་ཕུང་པོ་ཆེན་པོ་འབར་བ་རབ་ཏུ་འབར་བ་ཀུན་དུ་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པར་འདུག་པར་འགྱུར་རོ། །མེའི་ཕུང་པོ་ཆེན་པོའི་ནང་དུ་དབང་ཕྱུག་གི་མངོན་པར་འདོད་པས་ཚངས་པའི་སྒོ་ང་ཆེན་པོ་གསལ་ཞིང་འབར་བ་འདུག་པར་འགྱུར་རོ། །


DTG099_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་སྒོ་ང་ཆེན་པོ་གསལ་ཞིང་འབར་བ་དེ་སྨིན་ཅིང་འཕྲུགས་པའི་ནང་ནས། འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་ཚངས་པ་ཞེས་བྱ་བ་གདོང་བཞི་པ་ལ་རལ་པ་ཅན་པདྨའི་སྐྱེ་གནས་ནས་བྱུང་བ་པདྨའི་སྟན་ལ་འདུག་པ་འབྱུང་བར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་མེས་པོ་ཚངས་པ་དེས་སྐྱེ་དགུ་ཐམས་ཅད་བྱས་ནས། འཇིག་རྟེན་འཆགས་ཤིང་གནས་པར་འགྱུར་རོ་ཞེས་བྱ་བ་དེ་ལྟར་འདོད་ཅེས་གྲག་གོ །གལ་ཏེ་རྡུལ་ཕྲ་རབ་དག་ཇི་སྐད་སྨོས་པའི་རིམ་པ་དེས་ས་ལ་སོགས་པ་ཆ་ཤས་ཅན་གྱི་རྫས་ཀྱི་རྩོམ་པ་ཉིད་ཡིན་པ་འདི་ཇི་ལྟར་ངེས་པར་ཤེས་པར་བྱ་ཞེ་ན། འདི་ལྟར་མེ་གྱེན་དུ་འབར་བ་དང༌། རླུང་ཐད་ཀར་འགྲོ་བ་དང༌། རྡུལ་ཕྲ་རབ་དང༌། ཡིད་དག་ནི་མ་མཐོང་བས་བྱེད་དུ་བཅུག་པ་ན་བསྐལ་པ་དང་པོའི་ལས་བྱེད་པ་ཡིན་པས་མེ་གྱེན་དུ་འབར་བ་དང༌། རླུང་ཐད་ཀར་འགྲོ་བ་ལ་སོགས་པ་གང་ཡིན་པ་འདི་ནི་ཆོས་དང་ཆོས་མ་ཡིན་པའི་མཐུ་ཡིན་ནོ། །ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་དེ་ལྟར་བྱེ་བྲག་པ་དེ་དག་དབུ་མ་པ་ལ་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པ་སྟེ། སྔར་བསྟན་མ་ཐག་པའི་སྒྲུབ་པ་དེ་ཉིད་ལ་གནས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཕྱིར་ཟློག་པར་བྱེད་ཅེ་ན། དེའི་ཕྱིར་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡོན་ཏན་ཡིན་པར་རྟོག་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་དོ། །དེ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དབུ་མ་པའི་སྦྱོར་བའི་ཚིག་ལས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལ་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ། གཞན་མ་ཡིན་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པ་སྟེ། དབུ་མ་པའི་གཏན་ཚིགས་ཀྱི་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེའོ། །གཏན་ཚིགས་ཀྱི་དོན་ཞེས་བྱ་བ་ཡང་དབུ་མ་པའི་གཏན་ཚིགས་ཀྱི་དོན་ཏེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཉིད་དོ། །ཡོན་ཏན་ཡིན་པར་རྟོག་ན་ནི་ཞེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་ཀྱི་དོན་


DTG099_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་བྱེ་བྲག་པའི་གྲུབ་པའི་མཐའ་ལས་ཚིག་གི་དོན་དྲུག་བྱུང་བ་ལས། ཡོན་ཏན་ཞེས་བྱ་བའི་ནང་ནས་གཞན་ཞེས་བྱ་བ་དེ་ཡིན་པར་རྟོག་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་ཡིན་པས་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བྱེ་བྲག་པའི་གྲུབ་པའི་མཐའ་ལས་འབྱུང་བའི་ཚིག་གི་དོན་དྲུག་གང་ཞེ་ན། རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། བྱེ་བྲག་དང༌། འདུ་བའོ། །དེ་ལ་རྫས་གང་ཞེ་ན། རྣམ་པ་དགུ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་དང༌། ཕྱོགས་དང༌། བདག་དང༌། ཡིད་དོ། །ཡོན་ཏན་གང་ཞེ་ན། རྣམ་པ་ཉི་ཤུ་རྩ་བཞི་སྟེ། གཟུགས་དང༌། དྲི་དང༌། རོ་དང༌། རེག་པ་དང༌། གྲངས་དང༌། བོང་ཚོད་དང༌། སོ་སོ་བ་དང༌། ཕྲད་བ་དང༌། བྱེ་བ་དང༌། གཞན་དང༌། གཞན་མ་ཡིན་པ་དང༌། མིག་གི་བློ་དང༌། རྣ་བའི་བློ་དང༌། སྣའི་བློ་དང༌། ལྕེའི་བློ་དང༌། ལུས་ཀྱི་བློ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། འདོད་པ་དང༌། སྡང་བ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། བྱས་པའི་ཤུགས་དང༌། འབད་པའོ། །ལས་གང་ཞེ་ན། རྣམ་པ་ལྔ་སྟེ། འདེགས་པ་དང༌། འཇོག་པ་དང༌། བསྐུམ་པ་དང༌། བརྐྱང་པ་དང༌། འགྲོ་བའོ། །སྤྱི་གང་ཞེ་ན། ཡོད་པ་སྟེ་སྤྱི་ཆེན་པོ་དང༌། ཉི་ཚེའི་སྤྱིའོ། །བྱེ་བྲག་གང་ཞེ་ན། དེ་ལས་བྱེ་བྲག་ཏུ་དབྱེ་བའོ། །འདུ་བ་གང་ཞེ་ན། འདི་དང་འདིར་འདུ་བའོ། །དེ་ལྟར་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དེ་དག་ལས། ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་ནས། གཞན་ཞེས་བྱ་བ་དེ་དང་ལྡན་ན་ནི་རྡུལ་ཕྲ་རབ་དེ་དག་ཀྱང་གཞན་ཞེས་བརྗོད་པ་ཡིན་ལ། གཞན་དེ་དང་མི་ལྡན་ན་ནི་རྡུལ་ཕྲ་རབ་དེ་དག་ཀྱང་གཞན་མ་ཡིན་པ་ཞེས་བརྗོད་པ་ཡིན་པས། འདིར་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡང་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དེ་དག་ལས་ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་ནས་གཞན་ཞེས་བྱ་བ་དེ་དང་ལྡན་པས་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དང༌། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པའི་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་ཞེས་བྱ་བར་རྟོག་གམ་ཞེས་ཟེར་རོ། །རང་ལ་


DTG099_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པའི་དོན་ཉིད་དོ་ཞེས་བྱ་བ་ནི་དེ་ལྟར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་བྱུང་བའི་ཚིག་གི་དོན་དྲུག་པོ་དེ་དག་ལས་ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་ནས་གཞན་ཞེས་བྱ་བ་དེ་དང་ལྡན་པས་ཁྱོད་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དང༌། གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་པར་རྟོག་ན། དེ་ལྟ་ན་ངེད་ཀྱི་གྲུབ་པའི་མཐའ་ལས་འབྱུང་བའི་གཞན་དེས་ཁྱོད་རང་ལ་མ་གྲུབ་པའི་དོན་ཉིད་ཡིན་པས། དེའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་དེ་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་ཡིན་པས་མི་རུང་ངོ༌། །དེ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་ཞེས་བྱ་བ་ནི། འོན་ཏེ་དབུ་མ་པའི་གཏན་ཚིགས་ཀྱི་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དག་བྱེ་བྲག་པའི་གྲུབ་པའི་མཐའ་ལས་ཚིག་གི་དོན་དྲུག་འབྱུང་བའི་ནང་ནས་ཡོན་ཏན་ཞེས་བྱ་བ་དེ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པར་འགྱུར་བས་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བྱེ་བྲག་པའི་གྲུབ་པའི་མཐའ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་འབྲས་བུ་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་གཞན་མེར་མེར་པོ་དང་ནུར་ནུར་པོ་ལ་སོགས་པ་དང༌། འབྲས་བུ་མྱུ་གུ་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་རྐྱེན་གཞན་ས་བོན་ལ་སོགས་པ་དེ་དག་གཞན་ཡིན་པའི་ཕྱིར་འབྲས་བུ་ཡང་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དང༌། རྐྱེན་གཞན་དག་ཀྱང་རྐྱེན་མ་ཡིན་པར་རྟོག་པའོ། །གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ། འབྲས་བུ་རྣམས་རྐྱེན་ལས་གཞན་ཡིན་པའི་ཕྱིར་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དང༌། རྐྱེན་རྣམས་ཀྱང་འབྲས་བུ་ལས་གཞན་ཡིན་པའི་ཕྱིར་རྐྱེན་མ་ཡིན་པར་རྟོག་ན། དེ་ལྟ་ན་འཇིག་རྟེན་ན་བ་ལང་རྫིའི་ཆུང་མ་ཡན་ཆད་ལ་ཡང་འབྲས་བུ་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་དང༌། རྐྱེན་གཞན་དག་འབྲས་བུའི་རྐྱེན་གཞན་ཡིན་པར་གྲགས་པ་དང་འགལ་བའི་གནོད་པར་འགྱུར་


DTG099_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེའི་ཕྱིར། ཁྱོད་ཀྱི་གཏན་ཚིགས་དེ་ལ་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པ་ཡོད་པས་མི་རུང་ངོ་ཞེའོ་ཞེས་བྱ་བ་ནི་བྱེ་བྲག་པ་དག་ལས་གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས། རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པ་མངོན་པར་འདོད་པ་དག་དེ་སྐད་ཅེས་ཟེར་ཞིང༌། དབུ་མ་པ་ལ་ཕྱིར་རྒོལ་བ་ཉིད་དུ་གནས་པ་ཟློག་པར་བྱེད་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། དེ་ནི་བཟང་པོ་མ་ཡིན་ཏེ། གཞན་གྱི་བློའི་རྒྱུ་སྤྱིའི་ཆོས་གྲུབ་པ་ཁོ་ན་སྟེ། གཏན་ཚིགས་ཉིད་སྤྱིར་བརྗོད་པའི་ཕྱིར་དང༌། དེ་ཡོན་ཏན་ཉིད་དམ་གཞན་ཉིད་ཡིན་པར་སེམས་པ་ཡང་གཞན་ཡིན་པའི་ཕྱིར་རོ། །གྲགས་པའི་གནོད་པར་ཡང་མི་འགྱུར་ཏེ། དམ་བཅས་པ་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དོན་དམ་པར་སའི་རྡུལ་ཕྲ་རབ་དག་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་མེའི་རྡུལ་ཕྲ་རབ་དག་བཞིན་ནོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་དག་ཀྱང་མེའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ནི་སྔར་བྱེ་བྲག་པ་དག་ན་རེ། དབུ་མ་པའི་གཏན་ཚིགས་ཀྱི་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡོན་ཏན་ཡིན་པར་རྟོག་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་དོ། །དེ་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་བ་དེ་བཟང་པོ་མ་ཡིན་ཏེ། སུན་འབྱིན་པ་ལྟར་སྣང་བ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་བྱེ་བྲག་པ་ཇི་སྐད་སྨྲས་པ་དེ་ནི་སུན་འབྱིན་པ་མ་ཡིན་ཏེ། སུན་འབྱིན་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སུན་འབྱིན་པ་ལྟར་སྣང་བ་ཉིད་ཡིན་པར་བསྟན་པའི་ཕྱིར་གཞན་གྱི་བློའི་རྒྱུ་སྤྱིའི་ཆོས་གྲུབ་པ་ཁོ་ན་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་གཞན་གྱི་བློའི་རྒྱུ་ཞེས་བྱ་བ་ནི་གཞན་ཉིད་ཡིན་པར་ཤེས་པའི་བློ་སྐྱེ་བའི་རྒྱུ་དང་རྒྱུ་མཚན་དང་བྱེད་རྒྱུ་ནི་གཞན་གྱི་བློའི་རྒྱུ་སྟེ། འདི་ལྟ་སྟེ། སྐྱེ་མཆེད་རྣམས་དང་དེ་དག་གི་རྐྱེན་རྣམས་སོ། །དེ་དག་གི་སྤྱི་ཞེས་བྱ་བ་ནི་ཆོས་ཏེ། གཞན་གྱི་བློའི་རྒྱུ་སྐྱེ་


DTG099_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་རྣམས་དང་དེ་དག་གི་རྐྱེན་རྣམས་ཀྱི་སྤྱིའོ། །སྤྱི་དེའི་ཆོས་ཞེས་བྱ་བ་ནི་སྤྱིའི་ཚོགས་དེའི་ཆོས་གང་ཡིན་པ་སྟེ། འདི་ལྟ་སྟེ། སྐྱེ་མཆེད་རྣམས་ལས་ཀྱང་རྐྱེན་རྣམས་གཞན་ཉིད་ཡིན་ལ། རྐྱེན་རྣམས་ལས་ཀྱང་སྐྱེ་མཆེད་རྣམས་གཞན་ཉིད་ཡིན་པའོ། །སྤྱི་དེའི་ཆོས་གྲུབ་པ་ཁོ་ན་སྟེ་ཞེས་བྱ་བ་ནི་སྐྱེ་མཆེད་དེ་ཡང་རྐྱེན་དེ་དག་གི་གཞན་ཉིད་ཁོ་ན་ཡིན་ལ། རྐྱེན་དེ་དག་ཀྱང་སྐྱེ་མཆེད་དེའི་གཞན་ཉིད་ཁོ་ན་ཡིན་པས་དེའི་ཕྱིར་སྤྱི་དེའི་ཆོས་གྲུབ་པ་ཁོ་ན་ཡིན་ནོ། །གཞན་གྱི་བློའི་རྒྱུ་སྤྱིའི་ཆོས་གྲུབ་པ་ཁོ་ན་སྟེ་ཞེས་བྱ་བ་འདི་ནི་ཕྱོགས་ཡིན་ནོ། །ཇི་ལྟར་ན་གཞན་གྱི་བློའི་རྒྱུ་སྤྱིའི་ཆོས་དེ་གྲུབ་པ་ཁོ་ན་ཡིན་ཞེ་ན། དེའི་ཕྱིར་གཏན་ཚིགས་ཉིད་སྤྱིར་བརྗོད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འདི་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་གཏན་ཚིགས་ཉིད་ཅེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་བྱ་བའོ། །སྤྱིར་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་བྱེ་བྲག་པའི་གྲུབ་པའི་མཐའ་ལས་འབྱུང་བའི་ཡོན་ཏན་ཡིན་ནོ་ཞེའམ། དེ་ལས་གཞན་པའི་དོན་ཡིན་ནོ་ཞེས་བྱ་བར་བྱེ་བྲག་ཏུ་ཁས་མ་བླངས་པར་བདག་ཉིད་ཅེས་བྱ་བ་སྤྱི་ཐུན་མོང་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་བརྗོད་པའི་ཕྱིར། གཞན་གྱི་བློའི་རྒྱུ་སྤྱིའི་ཆོས་གྲུབ་པ་ཁོ་ན་ཡིན་པས་གཞན་ཉིད་ཅེས་བྱ་བའི་དོན་དབུ་མ་པ་རང་ལ་མ་གྲུབ་པའི་དོན་ཉིད་མ་ཡིན་པས། ཁྱེད་བྱེ་བྲག་པ་ན་རེ། གཏན་ཚིགས་ཀྱི་དོན་ཡོན་ཏན་ཡིན་པར་རྟོག་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་དོ་ཞེས་ཟེར་བ་དེ་ནི་སུན་འབྱིན་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ཡོན་ཏན་ཉིད་དམ་གཞན་ཉིད་ཡིན་པར་སེམས་པ་ཡང་སེམས་པ་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་བྱེ་བྲག་པ་ཁྱེད་ན་རེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཏེ། བྱེ་བྲག་པའི་གྲུབ་པའི་མཐའ་ལས་འབྱུང་བའི་ཡོན་ཏན་ཡིན་པར་རྟོག་གམ། དེ་ལས་གཞན་པའི་དོན་ཡིན་པར་རྟོག་ཅེས་ཁྱེད་དེ་ལྟར་སེམས་པ་དེ་ནི་བསམ་པ་གཞན་ཡིན་པའི་ཕྱིར་གནས་སྐབས་འདིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པའི་གཏན་ཚིགས་ཀྱི་མཚན་ཉིད་བསམ་པ་འདི་ལ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །གྲགས་པའི་གནོད་པར་མི་འགྱུར་ཏེ། །ཞེས་བྱ་བ་ནི།


DTG099_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བྱེ་བྲག་པ་དག་ན་རེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཡོན་ཏན་ལས་གཞན་པའི་དོན་ཡིན་པར་རྟོག་ན་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་བ་དེ་གྲགས་པའི་གནོད་པར་ཡང་མི་འགྱུར་ཏེ་ཞེས་དམ་འཆའ་ཞིང་དེ་སུན་འབྱིན་བ་ལྟར་སྣང་བ་ཡིན་ནོ་ཞེས་བསྒྲུབ་པ་སྟེ། དེ་ཡང་ཕྱོགས་ཡིན་ནོ། །ཇི་ལྟར་ན་གྲགས་པའི་གནོད་པར་ཡང་མི་འགྱུར་ཞེ་ན། དེའི་ཕྱིར་དམ་བཅས་པ་ཁྱད་པར་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འདི་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེ་ལ་དམ་བཅས་པ་ཁྱད་པར་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དོན་དམ་པར་སྐྱེ་མཆེད་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེས་ཀུན་རྫོབ་ཏུ་ཡང་སྐྱེ་མཆེད་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་ཟློག་པར་མི་བྱེད་པ་དེའི་ཕྱིར་གྲགས་པའི་གནོད་པར་འགྱུར་བའི་སྐབས་མེད་དོ། །ད་ནི་སྔར་གཞན་དག་འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་སྐྱེ་བམ་བཀག་པ་དེས་ན་ནང་གི་དངོས་པོ་རྣམས་ཀྱི་སྐྱེ་བ་ཡང་གནོད་བ་མེད་དོ་སྙམ་དུ་སེམས་པ་གང་ཡིན་པ་དེ་དག་གི་ཕྱིར། བྱེ་བྲག་པ་དག་ལས་གཞན་རྡུལ་ཕྲ་རབ་དག་ཁོ་ན་ལས་རྡུལ་ཕྲ་མོ་གཉིས་ལ་སོགས་པའི་རིམ་གྱིས། ས་དང་ཆུ་དང་མེ་དང་རླུང་གི་རྣམ་གྲངས་ཆ་ཤས་ཅན་གྱི་རྫས་སྐྱེ་བ་འགྲུབ་པར་མངོན་པར་འདོད་པ་ཇི་སྐད་སྨོས་པ་དག་དགག་པར་བྱ་སྟེ། དེའི་ཕྱིར་དོན་དམ་པར་སའི་རྡུལ་ཕྲ་རབ་དག་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ་རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་མེའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དོན་དམ་པར་ཞེས་བྱ་བ་ནི་སྔར་གཞན་མ་ཡིན་པ་ནི་འདིར་ཐམས་ཅད་དོན་དམ་པར་བཀག་སྟེ། ངེས་པར་གཟུང་བའི་ཕྱིར་རོ། །གཞན་དུ་ཡང་མི་འགལ་ཏེ། ཁྱད་པར་གྱི་གཞིའི་ཁྱད་པར་ཇི་སྐད་བསྟན་པ་ལ་འགལ་བ་མེད་པའི་ཕྱིར་དང༌། མཛད་པ་པོས་བསྟན་པ་ཉིད་ཀྱིས་བཞེད་པ་མཆོག་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་སྨྲས་པས། འདིར་རྡུལ་ཕྲ་རབ་དག་པ་ལ་སོགས་པའི་རྫས་རྩོམ་པར་བྱེད་པ་མ་ཡིན་པར་དགག་པ་ཡང་དོན་དམ་པར་དགག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པར་རྡུལ་ཕྲ་རབ་དག་ས་ལ་སོགས་


DTG099_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་རྩོམ་པར་བྱེད་པ་རྫས་དང་དངོས་པོ་དང་གཞིའི་སྒོ་ནས་དགག་པ་སྟེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དོན་དམ་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ། །དེ་ལ་སའི་རྡུལ་ཕྲ་རབ་དག་ཅེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། འདི་དག་ལ་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་རྡུལ་ཕྲ་རབ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ཡོད་པའི་ཕྱིར་ཆོས་ཅན་ཞེས་བྱའོ། །ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། སའི་རྡུལ་ཕྲ་རབ་དག་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པའི་རྒྱུ་མ་ཡིན་པར་དམ་བཅས་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ཆོས་ཞེས་བྱའོ། །ས་ཞེས་བྱ་བའི་རྫས་ཞེས་བྱ་བ་ནི་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པའི་སའི་རྫས་གང་ལས་ཞེས་བྱ་བའི་མིང་ཡོད་པ་དེ་ནི་ས་ཞེས་བྱ་བའི་རྫས་ཡིན་ནོ། །རྩོམ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཆ་ཤས་སའི་རྡུལ་ཕྲ་རག་ཅེས་བྱ་བ་དག་ཆ་ཤས་ཅན་གྱི་རྫས་ས་ཞེས་བྱ་བ་རྩོམ་པར་བྱེད་པའི་རྒྱུ་མ་ཡིན་པའོ། །རྡུལ་ཕྲ་རབ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ནི་སྒྲུབ་པའི་ཆོས་ཡིན་ཏེ། སའི་རྡུལ་ཕྲ་རབ་ཁྱད་པར་ཅན་དག་ཅིའི་ཕྱིར་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཞེ་ན། རྡུལ་ཕྲ་རབ་སྤྱི་ཡིན་པའི་ཕྱིར་ཏེ། འདིར་ཡང་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ་སྤྱིའི་ཕྱོགས་ཀྱི་ཆོས་སུ་བསྟན་པས། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་བོ། །དཔེར་ན་མེའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་སྟེ། དཔེར་ན་མེའི་རྡུལ་ཕྲ་རབ་དག་ལ་རྡུལ་ཕྲ་རབ་དག་ཅེས་བྱ་བ་སྤྱི་ཡོད་པའི་ཕྱིར། མེའི་རྡུལ་ཕྲ་རབ་དག་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་པ་བཞིན་དུ། སའི་རྡུལ་ཕྲ་རབ་དག་ལ་ཡང་རྡུལ་ཕྲ་རབ་ཅེས་བྱ་བའི་སྤྱི་ཡོད་པའི་ཕྱིར། སའི་རྡུལ་ཕྲ་རབ་དག་ཀྱང་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དཔེར་ན་སྙན་ཚིག་གི་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར། དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་སྙན་ཚིག་དང་རྔ་བོ་


DTG099_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྒྲ་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། སྒྲ་སྤྱིའི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་སུ་རུང་བ་དེ་བཞིན་དུ་འདིར་ཡང་གཞན་གྱིས་ཡོངས་སུ་བརྟགས་པའི་སའི་རྡུལ་ཕྲ་རབ་ཁྱད་པར་ཅན་དག་ཕྱོགས་སུ་བྱས་པ་ལ། རྡུལ་ཕྲ་རབ་སྤྱིའི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པས། དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་སུ་རུང་བར་བསྟན་ཏོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་དག་ཀྱང་མེའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་དོན་དམ་པར་སའི་རྡུལ་ཕྲ་རབ་དག་ས་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་མིའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་བསྟན་པ་དེ་བཞིན་དུ། དོན་དམ་པར་ཆུའི་རྡུལ་ཕྲ་རབ་དག་ཀྱང་ཆུ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་རླུང་གི་རྡུལ་ཕྲ་རབ་དག་བཞིན་ནོ། །དོན་དམ་པར་མེའི་རྡུལ་ཕྲ་རབ་དག་ཀྱང་མེ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་ཆུའི་རྡུལ་ཕྲ་རབ་དག་བཞིན་ནོ། །དོན་དམ་པར་རླུང་གི་རྡུལ་ཕྲ་རབ་དག་ཀྱང་རླུང་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར། དཔེར་ན་སའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་བརྗོད་པར་བྱ་སྟེ། འདི་ལ་གང་ལ་རྡུལ་ཕྲ་རབ་ཉིད་མཐོང་བ་དེ་ལ་རླུང་གི་རྫས་རྩོམ་པར་བྱེད་པ་ཉིད་མ་མཐོང་སྟེ། དཔེར་ན་སའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། སྤྱི་ཕྱོགས་ཀྱི་ཆོས་ཡིན་པར་བསྟན་པས་ངེས་པར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཡང་གཏན་ཚིགས་ཉིད་དུ་རུང་བས་ཤེས་པར་བྱའོ། །དེ་བཞིན་དུ་ཕྱི་རོལ་གྱི་བུམ་པ་དང་སྣམ་བུ་དང་ཤིང་རྟ་དང་མྱུ་གུ་ལ་སོགས་པ་རྒྱུ་རྐྱེན་སོ་སོར་ངེས་པ་ལས་སྐྱེ་བ་རྣམས་ཀྱི་དགག་པ་ཡང་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ།། །།བམ་པོ་བཅུ་གཅིག་པ། གཞན་ལས་སྐྱེ་བ་སྤྱིར་དགག་པ་འདིས་གཞན་གྱི་སྡེ་པ་དག་འབའ་ཞིག་གིས་བཀག་པ་ཁོ་ནར་མ་ཟད་ཀྱི། འདི་ལྟར་རང་གི་སྡེ་པ་


DTG099_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཡང་བཀག་པ་དེའི་ཕྱིར། འདིར་ཆོས་མངོན་པ་པ་དག་ན་རེ། གཞན་ཉིད་ཅེས་བྱ་བ་གལ་ཏེ་འབྲས་བུའི་ནུས་པས་སྟོང་པ་ཉིད་ལ་བྱ་བ་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གལ་ཏེ་དེས་མི་སྟོང་པ་ཉིད་ལ་བྱ་ན་ནི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ནི་དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དང༌། དཔེ་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་ལ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། གཏན་ཚིགས་ཀྱི་དོན་མ་གྲུབ་པ་དང༌། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པ་ཡིན་ནོ་ཞེས་ཟེར་བ་སྟོན་ཏོ། །དེ་ལ་ཆོས་མངོན་པ་པ་དག་ཅེས་བྱ་བ་ནི་སྡེ་པ་དག་ལས་གྲུབ་པའི་མཐའ་ཆོས་མངོན་པ་ཞེས་བྱ་བ་ཡོད་པ་དེ་དག་ནི་ཆོས་མངོན་པ་པ་དག་སྟེ། དེ་དག་ཀྱང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ཡིན་ནོ། །ན་རེ་ཞེས་བྱ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དེ་དག་ན་རེ། དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དང༌། དཔེ་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དང༌། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པ་ཡིན་ནོ་ཞེས་ཟེར་བར་སྦྱར་རོ། །གཞན་ཉིད་ཅེས་བྱ་བ་ནི་སྔར་དབུ་མ་པས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་སྦྱོར་བའི་ཚིག་རྣམ་པ་གཉིས་བྱས་པས་སྐྱེ་མཆེད་རྣམས་རྐྱེན་གཞན་དག་ལས་སྐྱེ་བ་མེད་པ་དང༌། རྐྱེན་གཞན་དག་སྐྱེ་མཆེད་རྣམས་ཀྱི་རྐྱེན་མ་ཡིན་པའི་གཏན་ཚིགས་སུ་གཞན་ཉིད་ཅེས་བྱ་བ་བསྟན་པ་གང་ཡིན་པ་དེའོ། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དེ་དག་རྐྱེན་རྣམས་ལ་འབྲས་བུའི་ནུས་པ་འདི་ལྟར་ཚོལ་བར་བྱེད་དེ། དེ་དག །གཅིག་ནི་འཕེན་པའི་ལས་ཡིན་ཏེ། །གཉིས་པ་ཡོངས་སུ་རྫོགས་པར་བྱེད། །ཅེས་ཟེར་རོ་ཞེས་གྲགས་པས་དེའི་ཕྱིར་འཕེལ་བའི་ལས་ཀྱིས་ནི་མེར་མེར་པོའི་གནས་སྐབས་སུ་མིག་ལ་སོགས་པའི་ནུས་


DTG099_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕེལ་བར་བྱེད་དོ། །ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱིས་ནི་མིག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་ཅིང་དབང་པོ་མ་ཚང་བར་མི་འགྱུར་བར་བྱེད་དོ། །དེ་ལྟར་ན་སྐྱེ་མཆེད་རྣམས་ཀྱི་ནུས་པ་མེར་མེར་པོ་ལ་གནས་པ་དེ་དག་ལ་ལྟོས་ན་མེར་མེར་པོ་ལ་སོགས་པ་གཞན་ཉིད་ཡིན་ལ། མེར་མེར་པོ་ལ་སོགས་པ་ལ་ལྟོས་ན་ཡང་སྐྱེ་མཆེད་རྣམས་ཀྱི་ནུས་པ་གཞན་ཉིད་ཡིན་པས། དེའི་ཕྱིར་དེ་ནི་འབྲས་བུའི་ནུས་པས་མི་སྟོང་བའི་གཞན་ཉིད་ཅེས་བྱའོ། །དེ་ལྟ་བུ་མ་ཡིན་པ་སྐྱེ་མཆེད་རྣམས་ཀྱི་ནུས་པས་སྟོང་པ་དཔེར་ན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལ་སྐྱེ་མཆེད་རྣམས་ཀྱི་ནུས་པ་མེད་པ་ལྟ་བུ་ནི་སྐྱེ་མཆེད་རྣམས་ལ་ལྟོས་ན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་གཞན་ཉིད་ཡིན་ལ། བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལ་ལྟོས་ན་ཡང་སྐྱེ་མཆེད་རྣམས་གཞན་ཉིད་ཡིན་པས་དེའི་ཕྱིར་དེ་ནི་འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་ཅེས་བྱའོ་ཞེས་ཟེར་བས་དེའི་ཕྱིར་འདིར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ན་རེ། དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་ལ་བྱའམ། འོན་ཏེ་དེས་མི་སྟོང་པའི་གཞན་ཉིད་ལ་བྱ་ཞེས་གལ་གཉིས་རྣམ་པར་འཇོག་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་འབྲས་བུའི་ནུས་པས་སྟོང་པ་ཉིད་ལ་བྱ་ན་ནི་ཞེས་བྱ་བ་ནི། དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་གལ་ཏེ་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱི་ནུས་པས་སྟོང་པའི་གཞན་ཉིད་ཅེས་བྱ་བ་དཔེར་ན་གཞན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལྟ་བུ་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་ཉིད་དུ་བརྗོད་ན་ནི་ཞེས་གལ་འཛིན་པ་ཡིན་ནོ། །འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་ཅེས་བྱ་བ་དཔེར་ན་གཞན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལྟ་བུ་གཏན་ཚིགས་ཉིད་དུ་བརྗོད་ན་ཅི་ཉེས་ཤེ་ན། དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་རྣམས་རྐྱེན་འབྲས་བུའི་ནུས་པས་སྟོང་པ་གཞན་དག་ལས་སྐྱེ་བ་མེད་པ་དང༌། རྐྱེན་རྣམས་ཀྱང་འབྲས་བུའི་ནུས་པས་སྟོང་པ་གཞན་དག་རྐྱེན་མ་ཡིན་པར་སྒྲུབ་པའི་ཕྱོགས་དེ་ཉིད་ལ་གཏན་ཚིགས་ཀྱང་འབྲས་བུའི་ནུས་པས་སྟོང་པ་གཞན་ཡིན་པའི་ཕྱིར་ཞེས་


DTG099_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་ཁྱད་པར་ཅན་གཞན་བརྗོད་ན་ནི་གཏན་ཚིགས་ཀྱི་དོན་འགྲུབ་པ་ཞིག་ན། ཕྱོགས་དེ་གཉིས་ལ་གཏན་ཚིགས་གཞན་ཡིན་པའི་ཕྱིར་ཞེས་གཞན་སྤྱིར་བརྗོད་པས། འདི་ལྟར་དེས་ན་སྐྱེ་མཆེད་རྣམས་རྐྱེན་འབྲས་བུའི་ནུས་པས་སྟོང་པ་གཞན་དག་ལས་སྐྱེ་བ་མེད་ཀྱང་འབྲས་བུའི་ནུས་པས་མི་སྟོང་པ་གཞན་དག་ལས་སྐྱེ་བར་འགྱུར་བ་དང༌། རྐྱེན་རྣམས་ཀྱང་འབྲས་བུའི་ནུས་པས་སྟོང་པ་གཞན་དག་རྐྱེན་མ་ཡིན་ཡང་འབྲས་བུའི་ནུས་པས་མི་སྟོང་བ་གཞན་དག་རྐྱེན་ཡིན་པར་འགྱུར་བས་སྐྱེ་བ་མེད་པ་དང༌། རྐྱེན་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་ཀྱི་དོན་འཁྲུལ་པ་ཡོད་པས་མ་གྲུབ་པ་ཉིད་དེ། དཔེར་ན་སྒྲ་རྟག་སྟེ་མིག་གིས་གཟུང་བ་ཡིན་པའི་ཕྱིར་གཟུགས་བཞིན་ནོ་ཞེས་ཟེར་བ་བཞིན་ནོ། །གལ་ཏེ་དེས་མི་སྟོང་པ་ཉིད་ལ་བྱ་ན་ནི་ཞེས་བྱ་བ་ནི་དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་སྟེ། གལ་ཏེ་འབྲས་བུ་མིག་ལ་སོགས་པ་སྟེ་སྐྱེ་མཆེད་རྣམས་ཀྱི་ནུས་པ་དེས་མི་སྟོང་པའི་གཞན་ཉིད་ཅེས་བྱ་བ་མེར་མེར་པོ་ལ་སོགས་པ་ལྟ་བུ་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་སུ་བརྗོད་ན་ནི་ཞེས་གལ་འཛིན་པ་ཡིན་ནོ། །འབྲས་བུའི་ནུས་པས་མི་སྟོང་པའི་གཞན་ཉིད་ཅེས་བྱ་བ་མེར་མེར་པོ་ལ་སོགས་པ་ལྟ་བུ་གཏན་ཚིགས་ཉིད་དུ་བརྗོད་ན་ནི་ཅི་ཉེས་ཤེ་ན། དེའི་ཕྱིར་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་རྣམས་རྐྱེན་འབྲས་བུའི་ནུས་པས་མི་སྟོང་པ་གཞན་དག་ལས་སྐྱེ་བ་མེད་པ་དང༌། རྐྱེན་རྣམས་ཀྱང་འབྲས་བུའི་ནུས་པས་མི་སྟོང་པས་གཞན་དག་རྐྱེན་མ་ཡིན་པར་སྒྲུབ་པའི་ཕྱོགས་དེ་གཉིས་ལ། དཔེར་ཡང་འབྲས་བུའི་ནུས་པས་མི་སྟོང་པ་སྒྲུབ་པའི་ཆོས་གཞན་ཉིད་དང་ལྡན་པ་ལས་བླངས་ན་ནི་དཔེ་སྒྲུབ་པའི་ཆོས་དང་ལྡན་པར་འགྱུར་བ་ཞིག་ན་ཕྱོགས་དེ་གཉིས་ལ་དཔེ་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱི་ནུས་པས་སྟོང་པའི་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལས་བླངས་པ་འདི་ལྟར་དེས་ན་འབྲས་བུ་སྐྱེ་མཆེད་ནུས་པས་མི་སྟོང་པ་གཞན་ཉིད་རྐྱེན་མེར་མེར་པོ་ལ་སོགས་པ་གཞན་ལས་སྐྱེ་བ་མེད་པའི་དཔེ་བུམ་པ་འབྲས་བུའི་ནུས་པས་སྟོང་པ་གཞན་ཉིད་ཅེས་བྱ་བ་དེ་ཡང་


DTG099_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་ཆོས་འབྲས་བུའི་སྐྱེ་མཆེད་ནུས་པས་མི་སྟོང་པ་དེ་དང་མི་ལྡན་པ་དང༌། རྐྱེན་མེར་མེར་པོ་ལ་སོགས་པ་འབྲས་བུའི་ནུས་པས་མི་སྟོང་བ་གཞན་ཉིད་རྐྱེན་མ་ཡིན་པའི་དཔེ་རྒྱུ་སྤུན་ལ་སོགས་པ་འབྲས་བུའི་ནུས་པས་སྟོང་པ་གཞན་ཉིད་ཅེས་བྱ་བ་དེ་ཡང་སྒྲུབ་པའི་ཆོས་མེར་མེར་པོ་ལ་སོགས་པ་འབྲས་བུའི་ནུས་པས་མི་སྟོང་པ་གཞན་ཉིད་ཅེས་བྱ་བ་དེ་དང་མི་ལྡན་པར་འགྱུར་བས། དཔེ་དང་གཏན་ཚིགས་མི་མཐུན་པས་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པར་འགྱུར་ཏེ། དཔེར་ན་སྒྲ་རྟག་སྟེ་ལུས་མེད་པའི་ཕྱིར་དཔེར་ན་རྡུལ་ཕྲ་རབ་བཞིན་ནོ་ཞེས་ཟེར་བ་བཞིན་ནོ་ཞེས་བྱ་བ་ནི། ཉན་ཐོས་བྱ་བྲག་ཏུ་སྨྲ་བ་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བའི་ལན་དུ། འདིར་འགྲེལ་པ་བྱེད་པས་གཞི་གཞན་ལ་ལྟོས་པ་གཞན་ཉིད་ཀྱི་བློ་སྐྱེད་པ་སྤྱིའི་ཆོས་སྤྱིར་བརྗོད་པའི་ཕྱིར། ལྟག་ཆོད་དེ་ནི་མ་གྲུབ་པ་ལྟར་སྣང་བ་དང༌། སྒྲུབ་པ་དང་མི་ལྡན་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དབུ་མ་པས་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་དམ་དེས་མི་སྟོང་པའི་གཞན་ཉིད་ལ་བྱའོ་ཞེས་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་བརྗོད་པའི་ཕྱིར་བྱེ་བྲག་ཏུ་སྨྲ་བའི་ལྟག་ཆོད་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེ་ཡང་གསལ་བ་དང་དེ་ཁོ་ན་མ་ཡིན་ཏེ། མ་གྲུབ་པ་ལྟར་སྣང་བ་ཡིན་ལ། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པར་འགྱུར་རོ་ཞེས་ཟེར་བ་དེ་ཡང་གསལ་བ་དང་དེ་ཁོ་ན་མ་ཡིན་ཏེ། སྒྲུབ་པ་དང་མི་ལྡན་པ་ལྟར་སྣང་བ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་གཞི་གཞན་ལ་ལྟོས་པ་གཞན་ཉིད་ཀྱི་བློ་སྐྱེད་པ་སྤྱིའི་ཆོས་སྤྱིར་བརྗོད་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཁོ་བོའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་ནི་འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་དམ་དེས་མི་སྟོང་པའི་གཞན་ཉིད་ལ་བྱའོ་ཞེས་བྱེ་བྲག་ཏུ་མ་ཕྱེ་བར་གཞན་ཉིད་ཅེས་བྱ་བ་སྤྱིར་བརྗོད་པའི་ཕྱིར་ཉེས་པ་དེ་གཉི་ག་མེད་དོ་ཞེས་སྟོན་ཏོ། །དེ་ལ་གཞི་ཞེས་བྱ་བ་ནི་འདི་ལ་བྱས་པ་ཉིད་དང་སྐྱེ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཆོས་དུ་མ་དག་ལ་གནས་པར་བཞི་སྟེ། དེ་ཡང་འདི་ལ་སྟེ། སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། བུམ་པ་དང༌། རྒྱུ་སྤུན་ལ་སོགས་པའོ། །


DTG099_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དེ་ཉིད་གཞན་ལ་ལྟོས་པ་ཡིན་ཏེ། འདི་ལྟར་གཞི་ལས་གཞན་པའི་གཞི་གང་ཡིན་པ་དེ་ནི་གཞི་གཞན་ཡིན་ལ། གཞི་གཞན་དེ་ལ་ལྟོས་པའི་གཞི་གང་ཡིན་པ་དེ་ནི་གཞི་གཞན་ལ་ལྟོས་པ་ཡིན་པས་གཞི་གཞན་ལ་ལྟོས་པ་སྟེ། དེ་ཡང་འདི་ལྟ་སྟེ། སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། བུམ་པ་དང༌། རྒྱུ་སྤུན་ལ་སོགས་པའོ། །གཞི་གཞན་ལ་ལྟོས་པ་དེ་ཉིད་གཞན་ཉིད་ཀྱི་བློ་སྐྱེད་པ་ཡིན་ཏེ། འདི་ལྟར་སྐྱེ་མཆེད་རྣམས་ཀྱང་རྐྱེན་རྣམས་དང་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལས་གཞན་ཉིད་ཡིན་ལ། རྐྱེན་རྣམས་ཀྱང་སྐྱེ་མཆེད་རྣམས་དང་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་ལས་གཞན་ཉིད་ཡིན། བུམ་པ་ཡང་སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། རྒྱུ་སྤུན་ལ་སོགས་པ་ལས་གཞན་ཉིད་ཡིན། རྒྱུ་སྤུན་ལ་སོགས་པ་ཡང་སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང་བུམ་པ་ལས་གཞན་ཉིད་ཡིན་པས་དེ་གཞན་ཉིད་ཀྱང་ཡིན་ལ། དེ་ལ་འཇིག་རྟེན་ན་གཞན་ཉིད་ཀྱི་བློ་སྐྱེད་པར་བྱེད་པ་ཡང་ཡིན་པས། དེའི་ཕྱིར་གཞན་ཉིད་ཀྱི་བློ་སྐྱེད་པ་སྟེ། དེ་ཡང་འདི་ལྟ་སྟེ། སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། བུམ་པ་དང༌། རྒྱུ་སྤུན་ལ་སོགས་པའོ། །གཞི་གཞན་ལ་ལྟོས་པ་གཞན་ཉིད་ཀྱི་བློ་སྐྱེད་པ་དེ་ཉིད་སྤྱི་ཡིན་ཏེ། འདི་ལྟར་གཞན་ཉིད་ཅེས་བྱ་བ་གང་ཡིན་པ་སྟེ་སྤྱི་ལ་ཡོད་པའི་ཕྱིར་ཏེ། དེ་ཡང་འདི་ལྟ་སྟེ། སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། བུམ་པ་དང༌། རྒྱུ་སྤུན་ལ་སོགས་པའོ། །གཞི་གཞན་ལ་ལྟོས་པ་གཞན་ཉིད་ཀྱི་བློ་སྐྱེད་པ་སྤྱི་དེའི་ཆོས་ཞེས་བྱ་བ་ནི་གཞན་ཉིད་ཅེས་བྱ་བ་སྟེ། སྐྱེ་མཆེད་རྣམས་དང༌། རྐྱེན་རྣམས་དང༌། བུམ་པ་དང༌། རྒྱུ་སྤུན་ལ་སོགས་པ་སྤྱིའི་ཆོས་གཞན་ཉིད་ཅེས་བྱ་བ་ཁོ་བོའི་གཏན་ཚིགས་སུ་བརྗོད་པ་གང་ཡིན་པའོ། །སྤྱིར་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་ཁོ་བོའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་སྤྱིའི་ཆོས་དེ་ཁོ་བོས་འབྲས་བུའི་ནུས་པས་སྟོང་པའི་གཞན་ཉིད་དོ་ཞེའམ། དེས་མི་སྟོང་པའི་གཞན་ཉིད་དོ་ཞེས་བྱེ་བྲག་ཏུ་མ་ཕྱེ་བར་གཞན་ཉིད་ཅེས་སྤྱིར་གཏན་ཚིགས་སུ་བརྗོད་པའི་ཕྱིར་རོ། །དེ་ལྟར་ཁོ་བོའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་སྤྱིར་བརྗོད་པ་


DTG099_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར། ཁྱོད་ཀྱི་ལྟག་ཆོད་དེ་ནི་མ་གྲུབ་པ་ལྟར་སྣང་བ་དང༌། སྒྲུབ་པ་དང་མི་ལྡན་པ་སྣང་བ་ཡིན་ནོ་ཞེས་མཇུག་བསྡུ་བར་བྱའོ། །དེ་ལ་ལྟག་ཆོད་དེ་ནི་ཞེས་བྱ་བ་ནི་ལོག་ཐབས་སུ་སྨྲ་བ་དེ་སྟེ། སྔར་ཆོས་མངོན་པ་དག་ན་རེ། གཞན་ཉིད་ཅེས་བྱ་བ་གལ་ཏེ་འབྲས་བུའི་ནུས་པས་སྟོང་པ་ཉིད་ལ་བྱ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གལ་ཏེ་དེས་མི་སྟོང་པ་ཉིད་ལ་བྱ་ན་ནི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པར་འགྱུར་རོ་ཞེས་ཟེར་བ་དེའོ། །མ་གྲུབ་པ་ལྟར་སྣང་བ་ཞེས་བྱ་བ་ནི་ཁྱོད་ལ་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་གསལ་བ་དང་དེ་ཁོ་ན་མེད་པས་མ་གྲུབ་པ་ལྟར་སྣང་བ་ཡིན་གྱི། མ་གྲུབ་པ་ཉིད་མ་ཡིན་པ་སྟེ། ཁོ་བོས་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་འབྲས་བུའི་ནུས་པ་སྟོང་པའི་གཞན་ཉིད་ལ་བྱའོ་ཞེས་བྱེ་བྲག་ཏུ་མི་བརྗིད་པས་ཁོ་བོའི་གཏན་ཚིགས་ཀྱི་དོན་གཞན་ཉིད་ཅེས་བྱ་བ་དེ་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། སྒྲུབ་པ་དང་མི་ལྡན་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ལ་ཁོ་བོའི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་གསལ་བ་དང་དེ་ཁོ་ན་མེད་པས་སྒྲུབ་པ་དང་མི་ལྡན་པ་ལྟར་སྣང་བ་ཡིན་གྱི། སྒྲུབ་པ་དང་མི་ལྡན་པ་ཉིད་མ་ཡིན་པ་སྟེ། ཁོ་བོས་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་འབྲས་བུའི་ནུས་པས་མི་སྟོང་པའི་གཞན་ཉིད་ལ་བྱའོ་ཞེས་བྱེ་བྲག་ཏུ་མ་བརྗོད་པས། ཁོ་བོའི་དཔེ་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་སྒྲུབ་པའི་ཆོས་གཞན་ཉིད་ཅེས་བྱ་བ་དང་ལྡན་པ་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། དོན་དམ་པ་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། ཆོས་ཅན་མ་གྲུབ་པས་གཞི་མ་གྲུབ་པའི་ཕྱིར། ཁྱོད་ཀྱི་མ་གྲུབ་པའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་འདིས་ནི། མུ་སྟེགས་རིགས་པ་ཅན་དག་ན་རེ། དབུ་མ་པས་དོན་དམ་པར་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། དཔེ་དང་དངོས་ཀྱི་ཆོས་ཅན་མ་གྲུབ་པས་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར། དབུ་མ་པའི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་མ་གྲུབ་པའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བ་སྟོན་ཏོ། །དེ་ལ་གཞན་དག་ཅེས་བྱ་བ་ནི་མུ་སྟེགས་རིགས་པ་ཅན་དག་གོ །ན་རེ་ཞེས་བྱ་བ་ནི་མུ་སྟེགས་རིགས་པ་ཅན་


DTG099_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དག་ན་རེ། འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར་ཞེས་བྱ་བ་ནི་དབུ་མ་པས་དོན་དམ་པར་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་དང་ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་ཤིང་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །དེ་ལྟར་དོན་དམ་པར་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པ་དེའི་ཕྱིར། དབུ་མ་པ་ཁྱོད་ཀྱི་ཆོས་ཅན་མ་གྲུབ་བོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་ཅན་མ་གྲུབ་ཅེས་བྱ་བ་ནི་དོན་དམ་པར་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། དཔེའི་ཆོས་ཅན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་མ་གྲུབ་ལ། ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། དངོས་ཀྱི་ཆོས་ཅན་མིག་ལ་སོགས་པ་དང༌། དེ་དག་གི་རྐྱེན་རྣམས་མ་གྲུབ་བོ། །དེ་ལྟར་ཆོས་ཅན་མ་གྲུབ་པས་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་ཀྱི་གཞི་མ་གྲུབ་བོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གཞི་མ་གྲུབ་ཅེས་བྱ་བ་ནི་གཏན་ཚིགས་གཞན་ཉིད་ཅེས་བྱ་བའི་གཞི་དཔེ་དང་དངོས་ཀྱི་ཆོས་ཅན་མ་གྲུབ་པའོ། །དེ་ལྟར་གཞི་མ་གྲུབ་པའི་ཕྱིར་དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་དེ་མ་གྲུབ་པའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། དབུ་མ་པས་དོན་དམ་པར་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར། དཔེའི་ཆོས་ཅན་བུམ་པ་དང་རྒྱུ་སྤུན་ལ་སོགས་པ་མ་གྲུབ་ལ། ནང་གི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར་དངོས་ཀྱི་ཆོས་ཅན་མིག་ལ་སོགས་པ་དང་དེ་དག་གི་རྐྱེན་ཁྱད་པར་ཅན་གྱི་ཕྱོགས་མ་གྲུབ་བོ། །དཔེ་དང་དངོས་ཀྱི་ཆོས་ཅན་མ་གྲུབ་པས་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར། དབུ་མ་པ་ཁྱོད་ཀྱི་གཏན་ཚིགས་གཞན་ཉིད་ཅེས་བྱ་བ་མ་གྲུབ་པའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པས། ཐ་སྙད་དུ་དེའི་གཞི་བུམ་པ་དང༌། མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང༌། གཞན་ཉིད་ཁས་བླངས་པའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་མི་འཐད་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དབུ་མ་པས་ཀུན་རྫོབ་ཏུ་དཔེ་དང་ཕྱོགས་དང༌། གཏན་ཚིགས་ཀྱི་བུམ་པ་དང༌། མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང༌། གཞན་


DTG099_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅེས་བྱ་བ་དག་ཁས་བླངས་པའི་ཕྱིར། དཔེ་དང་ཁྱད་པར་ཅན་གྱི་ཕྱོགས་གྲུབ་པས་གཏན་ཚིགས་ཀྱི་གཞི་གྲུབ་པའི་ཕྱིར། གཏན་ཚིགས་མ་གྲུབ་པའི་སྐྱོན་ཇི་སྐད་སྨྲས་པ་དེ་མི་འཐད་པས། རིགས་པ་ཅན་དག་གི་ཚིག་དེ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཐ་སྙད་དུ་ཞེས་བྱ་བ་ནི་ཀུན་རྫོབ་ཏུའོ། །དེའི་ཞེས་བྱ་བ་ནི་དཔེ་བརྗོད་པ་དང་ཕྱོགས་ཉེ་བར་གཞག་པ་དང༌། གཏན་ཚིགས་ཉེ་བར་སྦྱར་བའོ། །གཞི་ཞེས་བྱ་བ་ནི་གཞི་དང་རྟེན་དང་གནས་ཞེས་བྱ་བའི་རྣམ་གྲངས་སོ། །དེའི་གཞི་གང་ཞེ་ན། དེའི་ཕྱིར་བུམ་པ་དང་མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང༌། གཞན་ཉིད་ཅེས་བྱ་བ་སྨྲས་ཏེ། བུམ་པ་ཞེས་བྱ་བ་ནི་དཔེ་བརྗོད་པའི་གཞི་ཡིན་ལ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་ཕྱོགས་ཉེ་བར་གཞག་པའི་གཞི་ཡིན། གཞན་ཉིད་ཅེས་བྱ་བ་ནི་གཏན་ཚིགས་ཉེ་བར་སྦྱར་བའི་གཞི་ཡིན་ནོ། །ཁས་བླངས་པའི་ཕྱིར་ཞེས་བྱ་བ་ནི་ཐ་སྙད་དུ་དཔེ་བརྗོད་པའི་གཞི་བུམ་པ་དང་ཕྱོགས་ཉེ་བར་གཞག་པའི་གཞི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་དང༌། གཏན་ཚིགས་ཉེ་བར་སྦྱར་བའི་གཞི་གཞན་ཉིད་ཅེས་བྱ་བ་དག་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ཐ་སྙད་དུ་དེའི་གཞི་བུམ་པ་དང༌། མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང༌། གཞན་ཉིད་ཁས་བླངས་པ་དེའི་ཕྱིར། རིགས་པ་ཅན་ཁྱེད་ཀྱིས་ཇི་སྐད་སྨྲས་པའི་སྐྱོན་མི་འཐད་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་མཇུག་བསྡུ་བར་བྱའོ། །འདི་སྐད་བསྟན་ཏེ། ཀུན་རྫོབ་ཏུ་ཁོ་བོ་ལ་བུམ་པ་ལ་སོགས་པ་ཡོད་པས་དཔེ་མེད་པ་མ་ཡིན་ལ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཡོད་པས་ཁྱད་པར་ཅན་གྱི་ཕྱོགས་མ་གྲུབ་པ་མ་ཡིན་པས། གཞི་གྲུབ་པའི་ཕྱིར་གཏན་ཚིགས་གྲུབ་པ་ཉིད་ཡིན་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པའི་སྐྱོན་ཇི་སྐད་སྨྲས་པ་དེ་མི་འཐད་པས། རིགས་པ་ཅན་དག་གི་ཚིག་དེ་ནི་རིགས་པ་མ་ཡིན་ནོ། །བསྟན་བཅོས་འདི་ནི་ཐམས་ཅད་དུ་དཔེ་ལ་སོགས་པ་མེད་པར་སྐྱོན་འདོགས་པ་དག་ལ་ཐམས་ཅད་དུ་འགྲེལ་པ་བྱེད་པ་རང་ཉིད་ཀྱིས་ལན་གདབ་པའི་ཚུལ་འདི་ཉིད་ཡིན་པར་རིག་པར་བྱའོ། །འདི་ལ་གཞན་ནི་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་


DTG099_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བས་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལ་འགྲེལ་པ་བྱེད་པ་སློབ་དཔོན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ལ་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་སྒྲུབ་པའི་ཕྱོགས་འདི་ལའོ། །གཞན་ནི་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱིརྟི་དང༌། དེ་བ་ཤ་རྨ་དང༌། གུ་ཎ་ཤྲཱི་དང༌། གུ་ཎ་མ་ཏི་དང༌། སྠི་ར་མ་ཏི་དང༌། སློབ་དཔོན་ལེགས་ལྡན་བྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས། དེ་དག་ཕལ་ལས་གཞན་པ་སྟེ། གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ། །གནས་བརྟན་བུདྡྷ་པཱ་ལི་ཏ་ནི་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །དེ་ལ་དངོས་པོ་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་སོ། །གཞན་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་གཞན་ལས་ཀྱང་སྐྱེ་བ་མེད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ལས་སྐྱེ་བར་གྱུར་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྐྱེན་ཐམས་ཅད་ལས་ཏེ། ཇི་ལྟར་མེར་མེར་པོ་ལ་སོགས་པ་ལས་མིག་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་འབྲུ་ལ་སོགས་པ་དང༌། རྒྱུ་སྤུན་ལ་སོགས་པ་དང༌། རྩི་རྐྱང་ལ་སོགས་པ་ལས་ཀྱང་མིག་ལ་སོགས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་འབྲུ་ལ་སོགས་པ་དེ་དག་ཀྱང་མིག་ལ་སོགས་པ་ལས་གཞན་ཡིན་པའི་ཕྱིར་རོ། །ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་དེ། ཇི་ལྟར་མེར་མེར་པོ་ལ་སོགས་པ་ལས་མིག་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ། མེར་མེར་པོ་ལ་སོགས་པ་ལས་མྱུ་གུ་ལ་


DTG099_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། སྣམ་བུ་ལ་སོགས་པ་དང་སབ་མ་ལ་སོགས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་མྱུ་གུ་ལ་སོགས་པ་དེ་དག་ཀྱང་མེར་མེར་པོ་ལ་སོགས་པ་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་དེ་སྐད་དུ་རྣམ་པར་བཤད་པར་བྱེད་དོ། །དེས་ན་དེ་ལ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་བཟློག་པར་བྱས་ནས་དངོས་པོ་རྣམས་བདག་གམ་གཉི་གའམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང༌། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱིར་ཕྱོགས་སྔ་མ་དང་འགལ་བར་འགྱུར་རོ། །གཞན་དུ་ན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཕྱིར། དེ་ནི་དོན་འབྲེལ་པ་མེད་པ་ཡིན་ཏེ། དཔེར་ན། གླ་སྒང་སླེ་ཏྲེས་སྐྱུ་རུ་ར་དག་རིམས་ལ་ཕན། །སྨད་འཚོང་རྣམས་ལ་སྙིང་དུ་སྡུག་པ་འགའ་ཡང་མེད། །སྨྱིག་མའི་སྨྱིག་མདེའུ་དག་ནི་ལྕི་ཞིང་ཁ་བག་ཡོད། །ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་ན་བསིལ། །ཞེས་བྱ་བ་ལྟ་བུར་འགྱུར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་དེས་ན་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏས་དེ་སྐད་ཅེས་རྣམ་པར་བཤད་པ་དེས་ནའོ། །དེ་ལ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ལ་སྟེ་དེ་ལ་འགྲེལ་པ་བྱེད་པ་འདིས་སྐྱོན་འདི་མཐོང་ངོ༌། །གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་ནི་རྒོལ་བ་གཞན་གྱི་གླན་ཀའི་གླགས་ཡོད་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་གླགས་ཡོད་པའི་ཚིག་ཡིན་པ་དེ་ཉིད་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་སྒྲུབ་པ་བཟློག་པར་བྱས་ན་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བའོ། །སྒྲུབ་པ་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཏེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་


DTG099_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བའི་ཕྱིར་རོ་ཞེས་བྱའོ། །དེ་གཉིས་བཟློག་པར་བྱས་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བ་བཟློག་པ་བྱས་ན། དངོས་པོ་རྣམས་བདག་གམ་གཉི་གའམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང༌། སྒྲུབ་པ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་བཟློག་པར་བྱས་ན་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་དངོས་པོ་རྣམས་བདག་གམ་གཉི་གའམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང༌། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་ཕྱོགས་སྔ་མ་དང་འགལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སློབ་དཔོན་གྱིས་ཕྱོགས་སྔ་མ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས། དངོས་པོ་རྣམས་བདག་གམ་གཉིས་སམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང༌། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་ཞལ་གྱིས་མ་བཞེས་ལ། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་འདིས་དངོས་པོ་རྣམས་བདག་གམ་གཉིས་སམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང༌། འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བར་རྣམ་པར་བཤད་པས། སློབ་དཔོན་གྱིས་ཕྱོགས་སྔ་མ་དེ་དང་འགལ་བར་འགྱུར་རོ། །གལ་ཏེ་གནས་བརྟན་བུདྡྷ་པཱ་ལི་ཏ་ཕྱོགས་སྔ་མ་དང་འགལ་བར་འགྱུར་བའི་ཉེས་པ་དེ་སྤང་བའི་ཕྱིར། འདི་སྐད་ཅེས་ཁོ་བོའི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་མི་བཟློག་པར་སོ་ན་བཞག་ན་ཉེས་པ་ཅི་ཡོད་ཅེས་ཟེར་ན་དེའི་ཕྱིར་གཞན་དུ་ན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཕྱིར། དེ་ནི་དོན་འབྲེལ་པ་མེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ལ་གཞན་དུ་ན་ཡང་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་མ་བཟློག་པར་སྒྲ་ཇི་བཞིན་དུ་སོ་ན་བཞག་ན་ཡང་ངོ༌། །འོ་ན་ཐམས་


DTG099_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འདིར་བསྒྲུབ་པར་བྱ་བ་ནི་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བ་དེ་ཡིན་ན། གནས་བརྟན་བུདྡྷ་པཱ་ལི་ཏས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་དེས་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་སྨྲས་པ་དེ་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར། དེ་ལ་རང་གི་སྒྲུབ་པ་ཉིད་ཀྱང་མེད་པ་ཡིན་ལ། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མངོན་སུམ་ལ་སོགས་པ་དང་འགལ་བ་ཕྱོགས་ཀྱི་སྐྱོན་རྣམས་ལས་འགའ་ཡང་མ་བརྗོད་པས། དེ་ལ་གཞན་སུན་དབྱུང་བ་ཉིད་ཀྱང་མེད་པ་ཡིན་པའི་ཕྱིར་ཉེས་པ་ཡོད་དོ། །སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཉེས་པ་བསྟན་པའི་ཕྱིར། དེ་ནི་དོན་འབྲེལ་པ་མེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སྔར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་སྨྲས་ལ། དེའི་འོག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྨྲས་པས། དེ་ལྟར་གྱུར་ན་རང་གིས་སྔར་སྐྱེ་བ་མེད་པར་སྨྲས་པ་དང༌། དེའི་འོག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་སྨྲས་པ་གཉིས་དོན་འབྲེལ་པ་མེད་པ་ཉིད་ཡིན་པས་རྣམ་པར་བཤད་པ་དེ་ནི་མི་རུང་ངོ༌། །དོན་འབྲེལ་པ་མེད་པས་རྣམ་པར་བཤད་པ་དེ་མི་རུང་པའི་དཔེ་བསྟན་པའི་ཕྱིར། དཔེར་ན་གླ་སྒང་སླེ་ཏྲེས་སྐྱུ་རུ་ར་དག་རིམས་ལ་ཕན། །སྨད་འཚོང་རྣམས་ལ་སྙིང་དུ་སྡུག་པ་འགའ་ཡང་མེད། །སྨྱིག་མའི་སྨྱིག་མདེའུ་དག་ནི་ལྕི་ཞིང་ཁ་བག་ཡོད། །ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་ན་བསིལ། །ཞེས་བྱ་བ་ལྟ་བུར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སྨན་དཔྱད་དང༌། འདོད་པ་བསྟེན་པ་དང༌། གཡོས་མཁས་དང༌། དུས་ཚིགས་ཀྱི་གནས་སྐབས་བསྟན་པའི་ཚིགས་སུ་བཅད་པ་འདི་ལ། རྩ་བ་བཞི་པོ་དག་ལྟག་འོག་གི་དོན་འབྲེལ་པ་མེད་པ་དེ་བཞིན་དུ། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་དག་མ་བཟློག་པར་སོ་ན་བཞག་ཏུ་ཟིན་ན་ཡང་


DTG099_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་དེ་ཞེས་སྨྲས་ལ། དེའི་འོག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་དེ་ལ་སྒྲུབ་པ་དང་སུན་དབྱུང་བ་ཉིད་མེད་པའི་ཕྱིར། དེ་ནི་དོན་འབྲེལ་པ་མེད་པས་རྣམ་པར་བཤད་པ་དེ་མི་རུང་ངོ༌། །དེས་ན་དེ་ལྟར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་མཚན་ཉིད་ཇི་སྐད་བསྟན་པ་དེས་ནའོ། །དེ་ལྟར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཕྱི་དང་ནང་གི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་གྲུབ་བོ་ཞེས་བསྟན་པ་ཡིན་ནོ། །དམ་བཅས་པའི་སྤྱི་བཀོད་པ་གཉིས་པ་བཤད་ཟིན་ཏོ། །ད་ནི་དམ་བཅས་པའི་སྤྱི་བཀོད་པས་གསུམ་པ་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་གྲངས་ཅན་དག་ནི་བྱེད་རྒྱུ་རྣམ་པར་ཕྱེ་བ་དང༌། རྣམ་པར་མ་ཕྱེ་བས་ལ་སོགས་པ་དང༌། ས་བོན་གྱི་མཚན་ཉིད་དག་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་སྐྱེའོ་ཞེས་སྨྲ་ཞིང༌། གཉིས་ལས་སྐྱེ་བར་སེམས་པས་དེའི་ཕྱིར་དེ་དག་ལ་གཉིས་ལས་མ་ཡིན་ཞེས་བྱ་བ་འདི་བཀའ་སྩལ་ཏོ། །བདག་དང་གཞན་གཉིས་ལས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིས་ནི་མུ་སྟེགས་གྲངས་ཅན་དག་དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སེམས་པ་དགག་པའི་ཕྱིར། གཉིས་ལས་མ་ཡིན་ཞེས་བྱ་བ་འདི་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ཁོ་བོས་སྔར་དམ་བཅས་པའི་སྤྱི་རྣམ་པ་བཞི་བཀོད་པ་ལས་དམ་བཅས་པའི་སྤྱི་དང་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དང༌། དམ་བཅས་པའི་སྤྱི་གཉིས་པ་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པ་ཞེས་བྱ་བ་ནི་བསྒྲུབས་ཟིན་ཏོ། །དེའི་འོག་ཏུ་ད་ནི་དམ་བཅས་པ་སྤྱིའི་བཀོད་པ་གསུམ་པ་དངོས་པོ་རྣམས་གཉིས་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་བསྒྲུབ་པར་བྱའོ། །དེ་ལ་གྲངས་ཅན་དག་ནི་ཞེས་བྱ་བ་ནི་མུ་སྟེགས་གྲངས་ཅན་དག་ཁོ་ནའོ། །བྱེད་རྒྱུ་ཞེས་བྱ་བ་ནི་འབྲས་བུ་མྱུ་གུ་ཞེས་བྱ་བའི་རྒྱུ་དང་རྐྱེན་ཏེ། རྣམ་པར་ཕྱེ་བ་དང་རྣམ་པར་མ་ཕྱེ་བའོ། །རྣམ་


DTG099_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱེ་བ་ཞེས་བྱ་བ་ནི་ཆ་ཐ་དད་པར་རྣམ་པར་གནས་པ་སྟེ། ས་ལ་སོགས་པའི་རྐྱེན་ཏོ། །རྣམ་པར་མ་ཕྱེ་བ་ཞེས་བྱ་བ་ནི་ཆ་ཐ་དད་པར་རྣམ་པར་གནས་པ་མ་ཡིན་པ་སྟེ། ས་བོན་རྒྱུའོ། །བྱེད་རྒྱུ་རྣམ་པར་ཕྱེ་བ་ཉིད་བསྟན་པའི་ཕྱིར། ས་ལ་སོགས་པ་ཞེས་བྱ་བ་སྨྲས་ཏེ། ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་དག་གོ །བྱེད་རྒྱུ་རྣམ་པར་མ་ཕྱེ་བ་ཉིད་བསྟན་པའི་ཕྱིར་ས་བོན་ཞེས་བྱ་བ་སྨྲས་ཏེ། ནས་ལ་སོགས་པ་འབྲུ་རྣམས་སོ། །མཚན་ཉིད་ཅེས་བྱ་བ་ནི་ས་ལ་སོགས་པ་དང་ས་བོན་གྱི་མཚན་ཉིད་དོ། །དེ་དག་ལས་ཞེས་བྱ་བ་ནི་བྱེད་རྒྱུ་རྣམ་པར་ཕྱེ་བ་དང༌། རྣམ་པར་མ་ཕྱེ་བ་ས་ལ་སོགས་པ་དང༌། ས་བོན་གྱི་མཚན་ཉིད་དེ་དག་ལས་སོ། །འབྲས་བུ་མྱུ་གུ་ཞེས་བྱ་བ་སྐྱེའོ་ཞེས་སྨྲ་ཞིང་ཞེས་བྱ་བ་ནི་འབྲས་བུ་གང་ལ་མྱུ་གུ་ཞེས་བྱ་བའི་མིང་ཡོད་པ་དེ་ནི་འབྲས་བུ་མྱུ་གུ་ཞེས་བྱ་བའོ། །སྐྱེའོ་ཞེས་སྨྲ་ཞིང་ཞེས་བྱ་བ་ནི་མུ་སྟེགས་གྲངས་ཅན་དག་བྱེད་རྒྱུ་རྣམ་པར་ཕྱེ་བ་དང༌། རྣམ་པར་མ་ཕྱེ་བ་ས་ལ་སོགས་པ་དང༌། ས་བོན་གྱི་མཚན་ཉིད་དག་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་སྐྱེའོ་ཞེས་སྨྲ་ཞིང་ངོ༌། །གཉིས་ལས་སྐྱེ་བར་སེམས་པས་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སེམས་པ་སྟེ། གང་གི་ཕྱིར་བྱེད་རྒྱུ་རྣམ་པར་མ་ཕྱེ་བ་ས་བོན་གྱི་མཚན་ཉིད་ལས་འབྲས་བུ་མྱུ་གུ་ཞེས་བྱ་བའི་མཚན་ཉིད་ཐ་མི་དད་པ་དེའི་ཕྱིར་དངོས་པོ་རྣམས་བདག་ལས་སྐྱེ་བ་དང་གང་གི་ཕྱིར་བྱེད་རྒྱུ་རྣམ་པར་ཕྱེ་བ་ས་ལ་སོགས་པའི་མཚན་ཉིད་དག་འབྲས་བུ་མྱུ་གུ་ཞེས་བྱ་བའི་མཚན་ཉིད་ལས་ཐ་དད་པ་དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་དང༌། དེ་བཞིན་དུ་གང་གི་ཕྱིར་བྱེད་རྒྱུ་རྣམ་པར་མ་ཕྱེ་བ་འཇིམ་པ་དང༌། རྒྱུ་སྤུན་དང༌། རྩི་རྐྱང་ལ་སོགས་པའི་མཚན་ཉིད་དག་ལས་འབྲས་བུ་བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པའི་མཚན་ཉིད་ཐ་མི་དད་པ་དེའི་ཕྱིར། དངོས་པོ་རྣམས་བདག་ལས་སྐྱེ་བ་དང༌། གང་གི་ཕྱིར་བྱེད་རྒྱུའི་རྣམ་པར་ཕྱེ་བ་མྱུ་གུ་དང༌། འཁོར་ལོ་ལ་སོགས་པ་དང༌། ཚིག་པ་དང༌། ཐག་ཟངས་ལ་སོགས་པ་དང༌། ལག་ཆ་དང༌། སབ་མ་མཁན་ལ་སོགས་པའི་མཚན་ཉིད་དག་འབྲས་བུ་བུམ་པ་དང༌། སྣམ་བུ་དང༌། སབ་མ་ལ་སོགས་པའི་མཚན་


DTG099_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་ཐ་དད་པ་དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བ་དང༌། དེ་བཞིན་དུ་གང་གི་ཕྱིར་བྱེད་རྒྱུ་རྣམ་པར་མ་ཕྱེ་བ་མེར་མེར་པོ་ལ་སོགས་པའི་མཚན་ཉིད་ལས་འབྲས་བུ་མིག་ལ་སོགས་པའི་མཚན་ཉིད་ཐ་མི་དད་པ་དེའི་ཕྱིར། དངོས་པོ་རྣམས་བདག་ལས་སྐྱེ་བ་དང༌། གང་གི་ཕྱིར་བྱེད་རྒྱུ་རྣམ་པར་ཕྱེ་བ་ལས་དང་ཉོན་མོངས་པ་ལ་སོགས་པའི་མཚན་ཉིད་དག་འབྲས་བུ་མིག་ལ་སོགས་པའི་མཚན་ཉིད་ལས་ཐ་དད་པ་དེའི་ཕྱིར་དངོས་པོ་རྣམས་གཞན་ལས་སྐྱེ་བར་སེམས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་ཞེས་བྱ་བ་ནི་དེ་ལྟར་གྲངས་ཅན་དག་གཉིས་ལས་སྐྱེ་བར་སེམས་པ་དེའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དེ་དགག་པའི་ཕྱིར་དེ་དག་ལ། གཉིས་ལས་མ་ཡིན་ཞེས་བྱ་བ་འདི་བཀའ་སྩལ་ཏེ་ཞེས་བྱ་བར་སྦྱར་རོ། །གཉིས་ལས་མ་ཡིན་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བདག་དང་གཞན་གཉིས་ལས་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དགག་པའི་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། འདིར་གཉིས་ལས་མ་ཡིན་ཞེས་བྱ་བའི་དོན་ནི་སྔར་བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དགག་པ་གཙོ་ཆེ་བའི་ཕྱིར་དང་ཞེས་སྨྲས་པས། མེད་པར་དགག་པ་དང་དབུ་མ་པའི་བསྟན་བཅོས་ནི་དགག་པ་གཙོ་ཆེ་བའི་ཕྱིར་རོ་ཞེས་བཤད་པ་དང༌། དགག་པ་གཙོ་ཆེ་བའི་འབྲས་བུ་གང་ཡིན་ཞེ་ན། དེའི་ཕྱིར་འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་པས། དགག་པ་གཙོ་ཆེ་བས་རྟོག་པ་མ་ལུས་པའི་དྲ་བ་དགག་པས་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱིས་རྣམ་པར་གཞག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པས་འགྲུབ་པར་དགོངས་པའི་ཕྱིར་རོ་ཞེས་བཤད་པ་དང༌། མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར། ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་མེད་པར་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་


DTG099_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པས། མ་ཡིན་པར་དགག་པ་ཡོངས་སུ་གཟུང་བའི་ཉེས་དམིགས་བསྟན་པ་དང༌། འདིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གཞན་དུ་ངེས་པར་གཟུང་ན་བདག་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང༌། དེ་བཞིན་དུ་བདག་ཁོ་ན་ལས་ནི་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། བདག་དང་གཞན་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བས་དེ་ཡང་མི་བཞེད་དེ། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་སྨྲས་པས། ངེས་པར་གཟུང་བ་རྣམ་པ་གསུམ་ལས་དང་པོ་ལྟར་གཟུང་བར་བྱ་བ་ཡིན་གྱི། ངེས་པར་གཟུང་བ་གཉིས་པ་དང་གསུམ་པ་ལྟར་གཟུང་ན་གཞན་ལས་སྐྱེ་བ་དང་བདག་དང་གཞན་ལས་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བཤད་པ་བཞིན་དུ། འདིར་ཡང་གཞན་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་བསྒྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི། དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར། ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་མེད་པར་སྟོན་པའི་ཕྱིར། མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་དངོས་པོ་རྣམས་གཉིས་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གཞན་དུ་ངེས་པར་གཟུང་ན་གཉིས་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། གཅིག་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང༌། དེ་བཞིན་དུ་གཉིས་ཁོ་ན་ལས་ནི་སྐྱེ་བ་མེད་དེ། འོ་ན་ཅི་ཞི་ན། རྒྱུ་མེད་པ་ལས་སྐྱེའོ་ཞེས་བྱ་བ་ངེས་པར་འགྱུར་བས་དེ་ཡང་མི་བཞེད་དེ། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་གཉིས་ལས་ཅི་ཞིག་མ་ཡིན་ཞེ་ན་ཞེས་འགྲེལ་


DTG099_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་ཉིད་ཀྱིས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་རྣམས་ཀྱང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གཉིས་ལས་ཅི་ཞིག་མ་ཡིན་ཞེ་ན། གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དངོས་པོ་གང་དག་ཅེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་དང་ཆ་ཕྲ་བ་དང་རགས་པ་དག་གོ །གང་ན་ཡང་ཞེས་བྱ་བ་ནི་བདག་ཅག་གི་ཕྱོགས་དང་གཞན་གྱི་ཕྱོགས་ན་ཡང་ངོ༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་དོན་དམ་པར་ནང་དང་ཕྱི་རོལ་དང་ཆ་ཕྲ་བ་དང་རགས་པའི་དངོས་པོ་གང་དག་བདག་ཅག་གི་ཕྱོགས་དང༌། གཞན་གྱི་ཕྱོགས་གང་ན་ཡང་སྐྱེས་པ་དུས་ནམ་ཡང་ཡོད་པ་མ་ཡིན་པའོ། །ནམ་ཡང་ཞེས་བྱ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ནམ་ཡང་ངམ། རང་གི་སྡེ་པ་དང༌། གཞན་གྱི་སྡེ་པས་བརྟགས་པའི་གནས་སྐབས་ནམ་ཡང་ངོ༌། །ཡོད་པ་མ་ཡིན་ཞེས་བྱ་བ་ནི་གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་བ་ཡིན་གྱི། མི་སྐྱེ་བ་ཡོད་དོ་ཞེས་མ་ཡིན་པར་དགག་པའི་དོན་དུ་ནི་བལྟ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི་སྔར་དམ་བཅས་པ་སྤྱིའི་བཀོད་པ་དང་པོ་སྒྲུབ་པའི་སྐབས་སུ། དེ་ལ་རེ་ཞིག་བདག་ལས་མ་ཡིན་ཞེས་བྱ་བ་ཅི་ཞིག་ཅེ་ན། སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། རེ་རེ་དང་སྦྱར་བར་བྱའོ་ཞེས་ཇི་སྐད་བསྟན་པའི་སྐབས་ཡིན་པ་སྟེ། དེ་ནི་གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་ཕྱོགས་གཉིས་ཀར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་


DTG099_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དང༌། གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དེ་ལྟར་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་ཞེས་བྱ་བ་ནི་སྔར་བདག་ལས་སྐྱེ་བ་དགག་པའི་ཕྱོགས་དང༌། གཞན་ལས་སྐྱེ་བ་དགག་པའི་ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་ཏེ། འདི་ལ་བདག་ལས་སྐྱེ་བ་དགག་པའི་ཕྱོགས་སུ་བསྟན་པའི་སྒྲུབ་པ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་སྔར་བསྟན་པ་ཡིན་ནོ། །གཞན་ལས་སྐྱེ་བ་དགག་པའི་ཕྱོགས་སུ་བསྟན་པའི་སྒྲུབ་པ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པས་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་སྔར་བསྟན་པ་ཡིན་ནོ། །སྒྲུབ་པ་དེ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་སྔར་ཉེ་བར་སྦྱར་བའི་སྒྲུབ་པས་དེ་དག་གིས་ཕྱོགས་འདིར་ཡང་ཉེ་བར་སྦྱར་ཏེ། གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་རོ། །གཏད་ཁོངས་སུ་ཆུད་པར་འགྱུར་བ་ཞེས་བྱ་བའི་ཟླ་འབྱོར་པའམ་ཁྱབ་པར་འགྱུར་བ་སྟེ། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དེ་དག་ཉིད་ཕྱོགས་འདིར་ཡང་སྦྱོར་བར་འགྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་འདི་སྐད་བསྟན་ཏེ། དོན་དམ་པར་གྲངས་ཅན་དག་གི་བློས་ཡོངས་སུ་བརྟགས་པས་འབྲས་བུ་མྱུ་གུ་ཞེས་བྱ་བ་བྱེད་རྒྱུ་རྣམ་པར་མ་ཕྱེ་བ་ས་བོན་གྱི་མཚན་ཉིད་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་གྲངས་ཅན་དག་གི་བློས་ཡོངས་སུ་བརྟགས་པ་འབྲས་བུ་མྱུ་གུ་ཞེས་བྱ་བ། དེ་དག་གི་བྱེད་རྒྱུ་རྣམ་པར་ཕྱེ་བ་ས་ལ་སོགས་པ་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གྲངས་ཅན་དག་


DTG099_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གི་བློས་ཡོངས་སུ་བརྟགས་པ་གཞན་བརྗོད་པར་འདོད་པ་བྱེད་རྒྱུ་རྣམ་པར་ཕྱེ་བ་ས་ལ་སོགས་པ་དག་རྐྱེན་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྦྱོར་བའི་ཚིག་རྣམས་དང༌། གལ་ཏེ་གཏན་ཚིགས་ཡོད་པ་ཉིད་ནི་མི་མཐུན་པའི་ཕྱོགས་ལས་བཟློག་པ་མ་བསྟན་པས་གཏན་ཚིགས་ཉིད་མ་ཡིན་ནོ་ཞེ་ན། མེད་པ་ཁོ་ནའི་ཕྱིར། དེ་ལ་ལྡོག་པ་མེད་པས་འདི་དང་ཐམས་ཅད་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྒལ་བའི་ལམ་རྣམས་དང༌། ཅི་སྟེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཏན་ཚིགས་སུ་མི་རུང་སྟེ། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། སྙན་ཚིག་གི་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར། དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བས་གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་བརྒལ་པའི་ལན་རྣམས་ཀྱང་འདིར་སྔ་མ་དག་བཞིན་དུ་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་གྲངས་ཅན་དག་གི་དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སེམས་པ་གང་ཡིན་པ་དེ་ནི་ཚིག་ཙམ་དུ་ཟད་དེ། འདི་ལྟར་གྲངས་ཅན་དག་གི་དམ་བཅས་པ་དེ་ལ་ནི་དངོས་པོ་རྣམས་གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་སྒྲུབ་པ་གཏན་ཚིགས་དང་དཔེ་དག་མེད་པའི་ཕྱིར། ཡང་དངོས་པོ་རྣམ་པ་གཉིས་ལས་སྐྱེ་བ་མེད་དོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཐ་དད་པར་རྟོག་པའི་དོན་ཏེ། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་གཉིས་ལས་སྐྱེ་བ་མེད་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་གཉིས་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་ཐ་དད་པར་རྟོག་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དེ་ལྟར་དགོངས་པའོ། །དགོངས་ཞེས་བྱ་བ་ནི་ཐུགས་ལ་དགོངས་པ་སྟེ།


DTG099_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱི་དགོངས་པ་འདི་གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བཀའ་སྩལ་པ་ཡིན་ནོ།། །།བམ་པོ་བཅུ་གཉིས་པ། གཅེར་བུར་རྒྱུ་བའི་ཕྱོགས་དགག་པའི་ཕྱིར་ཡང་གཉིས་ལས་མ་ཡིན་ཞེས་བྱ་བ་ལ་སོགས་བ་འདི་བཀའ་སྩལ་ཏེ་ཞེས་བྱ་བ་འདིས་ནི་གང་གི་ཕྱིར་ཕྱོགས་ཀྱི་གོས་ཅན་དག་ཀྱང་དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སྨྲས་པས་དེའི་ཕྱིར། དེ་དགག་པའི་ཕྱིར་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། གཉིས་ལས་སྐྱེ་བ་དག་ག་པའི་ཕྱོགས་འདི་ཡང་འཁོར་ལོ་བཞིན་དུ་བསྐོར་ཏེ་བཀའ་སྩལ་ཏོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་གཅེར་བུར་རྒྱུ་བ་པ་ཞེས་བྱ་བ་ནི་མུ་སྟེགས་རྒྱལ་བའི་གྲུབ་པའི་མཐའ་སྨྲ་བ་མུ་སྟེགས་གཅེར་བུར་རྒྱུ་བ་ཕྱོགས་ཀྱི་གོས་ཅན་ཞེས་བྱ་བ་དག་གོ །དེ་དག་གི་ཕྱོགས་ཞེས་བྱ་བ་ནི་དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སྨྲ་བ་ཡིན་ནོ། །དགག་པའི་ཕྱིར་ཡང་ཞེས་བྱ་བ་ནི་གཅེར་བུར་རྒྱུ་བའི་ཕྱོགས་དེ་དགག་པའི་ཕྱིར་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། གཉིས་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་འདི་བཀའ་སྩལ་ཏེ་ཞེས་བྱ་བར་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དག་བཀའ་སྩལ་བར་བསྡུའོ། །དེ་དག་ཇི་ལྟར་རྟོག་པར་བྱེད་ཅེ་ན། དེའི་ཕྱིར་འདི་ལྟར་དེ་དག་ནི་གསེར་གྱི་སོར་གདུབ་ནི་གསེར་དང་མེ་ལ་སོགས་པ་ལས་བདག་དང་གཞན་ལས་སྐྱེ་བར་སྨྲ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གཅེར་བུར་རྒྱུ་བ་པ་དེ་དག་ནི་གསེར་གྱི་སོར་གདུབ་ནི་གསེར་དང་མེ་ལ་སོགས་པ་ལས་སྐྱེ་བར་མཐོང་བ་ན་དེ་ཉིད་ཀྱིས་དེ་དག་དངོས་པོ་རྣམས་བདག་དང་གཞན་ལས་སྐྱེ་བར་སྨྲ་བའི་ཕྱིར་ཏེ། དེས་ན་གཅེར་བུར་རྒྱུ་བ་པ་དག་གི་བློས་ཡོངས་སུ་བརྟགས་པའི་ཕྱོགས་ནི། དངོས་པོ་རྣམས་བདག་དང་གཞན་གཉིས་ལས་སྐྱེ་བར་སྨྲ་བ་ཡིན་པར་གནས་སོ། །དེའི་ཕྱིར་གཅེར་བུར་རྒྱུ་བ་པའི་ཕྱོགས་དེ་དགག་པའི་ཕྱིར། ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གཉིས་ལས། དངོས་པོ་གང་


DTG099_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་ཕྱོགས་འདི་བཀའ་སྩལ་ཏོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་གཅེར་བུར་རྒྱུ་བ་པ་དེ་དག་གསེར་གྱི་སོར་གདུབ་གསེར་དང་མེ་ལ་སོགས་པ་ལས་སྐྱེ་བ་ན། གསེར་གྱི་སོར་གདུབ་ཀྱི་རྣམ་པ་དེའི་རྒྱུ་རིགས་མཐུན་པ་གསེར་ཁོ་ན་ལས་སྐྱེ་བར་མཐོང་བ་དེའི་ཕྱིར། བདག་ལས་སྐྱེ་བར་སྨྲ་ལ། གང་གི་ཕྱིར་གསེར་གྱི་སོར་གདུབ་ཀྱི་རྣམ་པ་དེ་རྐྱེན་རིགས་མི་མཐུན་པ་མེ་དང་གསེར་མགར་དང༌། མགར་སྤྱད་དང༌། བསྲེག་པ་དང༌། བརྡུང་བ་དང༌། བཀྲུ་བ་ལ་སོགས་པ་གཞན་ལས་སྐྱེ་བར་མཐོང་བ་དེའི་ཕྱིར། གཞན་ལས་སྐྱེ་བར་སྨྲའོ། །དེ་བཞིན་དུ་གང་གི་ཕྱིར་མིའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་ཐོག་མ་དང་ཐ་མ་མེད་པའི་བདག་ཉིད་ཀྱི་རྫས་ཀྱི་དགེ་བ་དང་མི་དགེ་བའི་ལས་བྱས་བ་གང་ཡིན་པ་དེས། ལྷ་ལ་སོགས་པའི་ལུས་སམ་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་སུ་སྐྱེ་བ་ན་ལྷ་ལ་སོགས་པའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་དང༌། སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་གི་རྣམ་པ་སྟེ་རྒྱུ་རིགས་མཐུན་པ་མིའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་ཁོ་ན་ལས་སྐྱེ་བར་མཐོང་བ་དེའི་ཕྱིར་བདག་ལས་སྐྱེ་བར་སྨྲ་ལ། གང་གི་ཕྱིར་ལྷ་ལ་སོགས་པའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་དང་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཀྱི་གནས་སྐབས་ཀྱི་སྲོག་གི་རྣམ་པ་དེ་རྐྱེན་རིགས་མི་མཐུན་པ་མིའི་ལུས་ཀྱི་རྣམ་གྲངས་གཞན་ལས་སྐྱེ་བར་མཐོང་བ་དེའི་ཕྱིར་གཞན་ལས་སྐྱེ་བར་སྨྲའོ། །དེས་ན་དེ་དག་སངས་རྒྱས་པ་དག་གིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་གང་སྨྲས་པ་དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ཏེ། འདི་ལྟར་སྲོག་ནི་རྐྱེན་རིགས་མི་མཐུན་པ་ལུས་ཀྱི་རྣམ་གྲངས་གཞན་ལས་སྐྱེ་བའི་ཕྱིར་རོ་ཞེས་ཀྱང་ཟེར། སངས་རྒྱས་པ་དག་གིས་དངོས་པོ་རྣམས་གཞན་ལས་ཀྱང་སྐྱེ་བ་མེད་པར་སྒྲུབ་པ་གང་སྨྲས་པ་དེ། ཡང་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཁོ་ན་ཡིན་ཏེ། འདི་ལྟར་སྲོག་ནི་རྒྱུ་རིགས་མཐུན་པ་སྲོག་གི་རྫས་དག་ལས་སྐྱེ་བའི་ཕྱིར་རོ་ཞེས་ཀྱང་ཟེར་ཞིང༌། དེའི་ཕྱིར་དེ་དག་རྣམ་པ་གཉིས་སུ་སྨྲས་ཏེ།


DTG099_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བདག་ལས་ཀྱང་སྐྱེ་ལ་གཞན་ལས་ཀྱང་སྐྱེ་བ་དང༌། རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་པ་དང༌། དེ་ཉིད་ཀྱང་ཡིན་ལ་གཞན་ཡང་ཡིན་པའི་ཕྱིར་ཞེས་རྣམ་པ་གཉིས་སུ་སྨྲ་བས། དེ་དག་ལ་དབུ་མ་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཤེས་ལྡན་དག་ཇི་རེ་ཞིག་གཏམ་ཞིག་ཉོན་ཅིག །མི་གཅིག་ཅིག་གིས་ཆོམ་རྐུན་པ་གཅིག་དང་མི་བསད་པ་གཅིག་བཟུང་སྟེ། རྒྱལ་པོ་ལ་ཕུལ་བ་དང༌། དེ་ནས་རྒྱལ་པོས་ཆོམ་རྐུན་པ་དེ་ལ་ཀཱཪྵཱ་པཎ་ལྔ་བརྒྱའི་ཆད་པས་བཅད། མི་གསོད་པ་ནི་ཀཱཪྵཱ་པ་ཎ་སྟོང་གི་ཆད་པས་བཅད་དོ། །དེ་ནས་ཡང་མི་གཞན་ཞིག་གིས་ཆོམ་རྐུན་པ་ཡང་ཡིན་ལ། མི་གསོད་པ་ཡང་ཡིན་པའི་མི་གཅིག་བཟུང་སྟེ། རྒྱལ་པོ་ལ་ཕུལ་བ་དང༌། དེ་ནས་རྒྱལ་པོས་མི་དེས་ཉེས་པ་གཉི་ག་བྱས་སོ་ཞེས་ཆད་པ་ཉིས་འགྱུར་གྱིས་བཅད་དོ་ཞེས་གྲགས་པ་དེ་བཞིན་དུ། ཁོ་བོས་ཁྱོད་ཀྱང་ཆད་པ་ཉིས་འགྱུར་གྱིས་གཅད་པར་བྱའོ། །དེ་ལ་ཆད་པ་ཉིས་འགྱུར་ནི་འདི་ཡིན་ཏེ། དོན་དམ་པར་ཕྱོགས་ཀྱི་གོས་ཅན་དག་གི་བློས་ཡོངས་སུ་བརྟགས་པ་ལྷ་ལ་སོགས་པའི་ལུས་སམ། སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཀྱི་སྲོག་གི་བདག་ཉིད་བདག་ལས་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་ཕྱོགས་ཀྱི་གོས་ཅན་དག་གི་བློས་ཡོངས་སུ་བརྟགས་པ་ལྷ་ལ་སོགས་པའི་ལུས་སམ། སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཀྱི་སྲོག་གི་བདག་ཉིད་དེའི་རྐྱེན་མིའི་ལུས་ལ་སོགས་པ་ལུས་ཀྱི་རྣམ་གྲངས་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་ཕྱོགས་ཀྱི་གོས་ཅན་དག་གིས་བརྗོད་པར་འདོད་པ་མིའི་ལུས་ལ་སོགས་པ་དག་ལྷ་ལ་སོགས་པའི་ལུས་སམ། སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཀྱི་སྲོག་གི་བདག་ཉིད་ཀྱི་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཞན་ཡང་ཁྱེད་ཀྱི་བརྟུལ་ཞུགས་ནི་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ན་རེ། གསོད་སེམས་མེད་པར་ཡང་གང་ན་སྲོག་ཆགས་ཡོད་པ་དེར་བསོད་ནམས་མ་ཡིན་པ་དང་འབྲེལ་པར་


DTG099_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་ཟེར་བས། དེས་ན་ཁྱིམ་པ་དག་ཉིན་རེ་བཞིན་ཁ་ཟས་ཀྱི་གཡོས་བྱེད་པ་གང་ཡིན་པ་དེ་ཡང་བུ་དང༌། ཆུང་མ་དང༌། ལྷ་དང༌། མགྲོན་དང༌། དགེ་སྦྱོང་ལ་སོགས་པ་དང༌། གཏོར་མ་དང༌། སློང་བ་ལ་སྦྱིན་པ་ལ་སོགས་པ་དང༌། ཐུན་མོང་ཁོ་ནར་གཡོས་བྱེད་པ་ཡིན་ལ། འདིར་ཡང་འབྲུ་དང༌། ཆུ་དང༌། ཤིང་དང༌། ལོ་མ་དང༌། ཡལ་ག་ལ་སོགས་པ་ལ་སེམས་ཅན་གང་དག་བརྟེན་པ་དེ་དག་གསོད་པར་བྱེད་པས་དེར་སློང་མོ་ལེན་པ་དང༌། ཟ་བ་བསོད་ནམས་མ་ཡིན་པ་དང་འབྲེལ་པས་ཐར་པ་མེད་ཅིང་ངན་སོང་དུ་འགྲོ་བར་འགྱུར་བའི་ཕྱིར་དང༌། ཕྱོགས་ཀྱི་གོས་ཅན་དག་གི་ཕྱིར་འདུག་གནས་གང་དག་བྱེད་པ་དང༌། མུ་སྟེགས་བྱེད་དག་གི་ཕྱིར་ལྷ་ཁང་གང་དག་བྱེད་པ་དེར་ཤིང་དང་ཕ་གུ་དང༌། འཇིམ་པ་དང༌། ཆུ་ལ་སོགས་པ་ཉེ་བར་སྟོབས་པ་དག་ཏུ་ཡང་སྲོག་ཆགས་མཐའ་ཡས་མུ་མེད་པ་དག་འཆི་བར་འགྱུར་པས། གལ་ཏེ་ལོངས་སྤྱད་ནས་བསོད་ནམས་མ་ཡིན་པ་སྐྱེ་བས་ཕྱོགས་ཀྱི་གོས་ཅན་དག་དང༌། མུ་སྟེགས་བྱེད་དག་ལ་ཐར་པ་མེད་ཅིང་ངན་སོང་དུ་འགྲོ་བར་འགྱུར་བ་ལྟ་ན། ཁྱེད་ཅག་གིས་དེར་ཡང་འཇུག་པར་མི་བྱ་བའི་ཕྱིར་རོ།། གཞན་ཡང་རྫིང་བུ་དང༌། ལྟེང་ཀ་དང༌། ཁྲོན་པ་དང༌། ཆུ་སྦྱིན་པའི་ཁང་པ་དག་ཏུ་ཡང་སྲོག་ཆགས་དག་སྐྱེ་ཞིང་འཆི་བས་དེ་ཡང་བཏང་དགོས་ལ། དེས་ན་ཕྱོགས་ཀྱི་གོས་ཅན་དག་ཆུ་དང་ཁ་ཟས་མེད་པར་བྱེད་པའི་ཆུ་དེ་དག་ཏུ་ཡང་སྲིན་བུའི་རིགས་བརྒྱ་སྟོང་ཕྲ་དུ་མ་དག་སྐྱེ་ཞིང་འཆི་བར་འགྱུར་བས་དེར་ཡང་བསོད་ནམས་མ་ཡིན་པ་དང་འབྲེལ་པས་ཁྱེད་ལ་ཐར་པ་མེད་ཅིང་ངན་སོང་དུ་འགྲོ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། ས་དང་ཆུ་དང༌། མེ་དང་རླུང་དང༌། ཤིང་ལ་སོགས་པ་ནི་རེག་པའི་དབང་པོ་དང་ལྡན་པའི་ཕྱིར། དབང་པོ་གཅིག་པ་སྲོག་དང་ལྡན་པ་ཡིན་ནོ་ཞེས་ཟེར་བས་དེའི་ཕྱིར་ཁྱེད་ཀྱིས་བཟའ་བ་དང༌། བཅའ་བ་དག་ཟོས་པ་ན་སྲོག་ཆགས་ཀྱི་ཡན་ལག་ཟོས་པར་འགྱུར་བས་ཁྱེད་ལ་ཐར་པ་མེད་ཅིང་ངན་སོང་དུ་འགྲོ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་བསྟན་པའི་ཆོས་མ་ཡིན་པ་ནི་ངན་སོང་དུ་འགྲོ་


DTG099_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཡིན་ཏེ། འདི་ལྟར་མི་འདོད་བཞིན་དུ་སྲོག་ཆགས་དག་ཤི་བ་ཡང་བསོད་ནམས་མ་ཡིན་པར་འགྱུར་བར་ཁྱེད་ཅག་འདོད་པའི་ཕྱིར། སྐམས་དང་ཆུ་དང་ནམ་མཁའ་ལ་སྐྱེ་བ་པོ་ཕྲ་མོ་གྲངས་མེད་པ་དག་བརྟེན་པས་ཁྱེད་ཅག་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བའི་གཡང་ལ་ཡང་སྐྱེ་བ་པོ་མཐའ་ཡས་མུ་མེད་པ་དག་འཆི་བར་འགྱུར་བ་དེས་ན་ཁྱེད་ཅག་ལ་ཐར་པ་མེད་ཅིང་ངན་སོང་དུ་འགྲོ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། རྩི་ཤིང་ལ་སོགས་པ་ཤེས་པ་ཡོད་པ་ཉིད་ཡིན་ཏེ། ལྡུམ་བུ་ཨཉྫ་ལི་ཀ་རི་ཀ་དང༌། ས་མང་ག་དག་འཛུམས་པའི་ཕྱིར། དཔེར་ན་སྲོག་ཆགས་མན་ད་ལ་ཀ་རི་ཀ་ལ་སོགས་པ་བཞིན་ནོ་ཞེས་ཟེར་དེ་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་སྐྲ་དང་ཀོ་ལྤགས་ལ་སོགས་པ་ཡང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་མེས་བསྲེགས་ན་འཛུམས་པར་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། རྩི་ཤིང་ལ་སོགས་པ་ཤེས་པ་ཡོད་པ་ཉིད་ཡིན་ཏེ། འདབ་མ་དང་ཡལ་ག་ལ་སོགས་པ་སྐྱེ་བའི་ཕྱིར། དཔེར་ན་མི་ལ་སོགས་པ་བཞིན་ནོ་ཞེས་ཟེར་བ་དེ་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་བྱི་རུའི་མྱུ་གུ་དང༌། གསེར་དང་བཻཌཱུ་ཪྻ་ལ་སོགས་པ་ཡང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་སྐྱེ་བར་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། རྩི་ཤིང་ལ་སོགས་པ་ཤེས་པ་ཡོད་པ་ཉིད་ཡིན་ཏེ། ཤིང་ལྗོན་པ་ཉམས་པ་རྣམས་ཕྱིར་གསོར་རུང་བའི་ཕྱིར། དཔེར་ན་སྲོག་ཆགས་ཉམས་པ་བཞིན་ནོ་ཞེས་ཟེར་བ་དེ་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་རི་མོ་ལ་སོགས་པ་ཡང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་ཉམས་པ་གསོར་རུང་བ་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། རྩི་ཤིང་ལ་སོགས་པ་ཤེས་པ་ཡོད་པ་ཉིད་ཡིན་ཏེ། ཤིང་ལྗོན་པ་དང་ལྕུག་མ་ལ་སོགས་པ་འགྲོ་བར་འགྱུར་བའི་ཕྱིར་རོ། །སྲོག་ཆགས་ཀྱི་ཡན་ལག་ལ་སོགས་པ་བཞིན་ནོ་ཞེས་ཟེར་བ་དེ་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་ཁབ་ལ་སོགས་པ་ལྕགས་ལས་བྱས་པ་དག་ཀྱང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་རྡོ་ཁབ་ལེན་གྱིས་འདྲེན་པ་དང༌། འཛིན་པ་དང༌།


DTG099_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། རྩི་ཤིང་ལ་སོགས་པ་ཤེས་པ་ཡོད་པ་ཉིད་ཏེ་ཡིན་དུས་སུ་སྐྱེ་བའི་ཕྱིར་རོ། །དཔེར་ན་སེམས་ཅན་བཞིན་ནོ་ཞེས་ཟེར་བ་དེ་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་སེམས་ཅན་དམྱལ་བ་དག་ན་ཡང་མི་དགེ་བའི་ལས་བྱས་པ་རྣམས་ལ་སྡུག་བསྔལ་མྱོང་བའི་དུས་སུ་ནགས་ཚལ་རལ་གྲིའི་ལོ་མ་ཅན་དང༌། མེ་འབར་བ་ལ་སོགས་པ་ཡང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་སྐྱེ་བར་སྣང་བའི་ཕྱིར་དང༌། ལྷ་དག་ལ་ཡང་དགེ་བའི་ལས་བྱས་པ་རྣམས་ལ་བདེ་བའི་ལོངས་སྤྱོད་མྱོང་བའི་དུས་སུ་རིན་པོ་ཆེའི་ཤིང་ལྗོན་པ་ཤིན་ཏུ་ཡིད་འཕྲོག་པ་ལྷའི་ན་བཟའ་དང༌། དབུ་རྒྱན་དང༌། གདུ་བུ་རྒྱན་ཅན་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་དོ་འཕྱང་བ། མེ་ཏོག་སྣ་ཚོགས་རྣམ་པར་འབྱེས་པ་དང་ལྡན་པ་ལ་སོགས་པ་ཡང་ཤེས་པ་ཡོད་པ་ཉིད་མ་ཡིན་བཞིན་དུ་སྐྱེ་བ་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱི་དཀའ་ཐུབ་ཡོངས་སུ་གདུང་བ་དང༌། སྐྲ་འབལ་བ་དང༌། ཟས་ཆུང་དུ་རྩུབ་མོ་ཟ་བ་ལ་སོགས་པའི་རྣམ་པ་དག་ནི་ཉོན་མོངས་པ་ཞི་བར་འགྱུར་བའི་རྒྱུ་མ་ཡིན་ཏེ། འདི་ལྟར་བོང་བུ་རྩྭ་དང་ཕུབ་མ་ཟ་བ་རྣམས་དང༌། ལས་མི་དང་གདོལ་པ་ལ་སོགས་པ་རླུང་དང་ལྷགས་པ་དང༌། ཉི་མ་དང༌། ཤ་སྤྲང་དང༌། སྦྲང་བུ་མཆུ་རིངས་དང༌། སྡིག་སྦྲུལ་ལ་སོགས་པའི་རེག་པས་ཡོངས་སུ་གདུངས་པ་རྣམས་ལ་ཡང་འདོད་ཆགས་ཤས་ཆེན་པོ་སྐྱེ་བར་སྣང་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། ལྷ་ཡིད་དུ་འོང་བ་རྗེས་སུ་དྲན་པ་དང༌། བསམ་གཏན་ལ་རྩེ་གཅིག་ཏུ་དམིགས་པ་བཞིན་དུ་ཤི་བ་རྣམས་བདེ་འགྲོར་འགྲོ་བར་འགྱུར་རོ་ཞེས་ཟེར་བ་དེ་ཡང་ཁྱེད་ལ་མི་འགྲུབ་སྟེ། འདི་ལྟར་སྡུག་བསྔལ་གྱིས་བབ་ཅོལ་དུ་སེམས་གཡེངས་པར་འགྱུར་པ་ཁྱེད་ལ། ལྷ་ཡིད་དུ་འོང་བ་རྗེས་སུ་དྲན་པ་དང༌། བསམ་གཏན་ལ་རྩེ་གཅིག་ཏུ་དམིགས་བཞིན་དུ་འཆི་འཕོ་བ་མེད་པས་གཅེར་བུར་རྒྱུ་བ་དུས་ཀྱི་ཆོས་ཀུན་དུ་སྤྱོད་བའི་གནས་སྐབས་སུ་ཤི་བ་རྣམས་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་སུ་སྐྱེ་བ་ཁོ་ནར་འགྱུར་བའི་ཕྱིར་རོ། །གཞན་ཡང་འུག་པ་པ་


DTG099_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་གྲངས་ཅན་ལ་སོགས་པའི་ཚིག་ནི་བདེན་ཏེ། སྨྲས་པའི་ཕྱིར་སངས་རྒྱས་ཀྱི་བཀའ་བཞིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ། གྲངས་ཅན་ལ་སོགས་པའི་ཚིག་བདེན་པ་ཉིད་དུ་སྒྲུབ་པ་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། འདི་ལྟར་འུག་པ་པ་དག་གྲངས་ཅན་ལ་སོགས་པའི་ཚིག་མི་ལྡན་པར་འདོད་པའི་ཕྱིར་ཏེ། འུག་པ་པའི་གཏན་ཚིགས་དེ་ཡང་མ་ངེས་པ་ཡིན་ཏེ། འདི་ལྟར་ཁྱེད་ན་རེ། གྲངས་ཅན་ལ་སོགས་པའི་ཚིག་ནི་བརྫུན་ཏེ། སྨྲས་པའི་ཕྱིར། སངས་རྒྱས་ཀྱི་བཀའ་བཞིན་ནོ་ཞེས་ཀྱང་ཟེར་བའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། སངས་རྒྱས་ཀྱི་བཀའ་ནི་མི་བདེན་ཏེ་སྨྲས་པའི་ཕྱིར། གྲངས་ཅན་ལ་སོགས་པའི་ཚིག་བཞིན་ནོ་ཞེས་ཟེར་བ་གང་ཡིན་པ་དེ་ཡང་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་ཁྱེད་མུ་སྟེགས་བྱེད་ཀྱི་ཚིག་ལ་ཡང་སྨྲས་པ་ཉིད་ཡོད་པ་དེ་ལ་ཡང་དོན་ཇི་ལྟ་བ་བཞིན་དུ་འདོད་པའི་ཕྱིར་རོ། །གཞན་ཡང་ཁྱེད་ན་རེ། སངས་རྒྱས་པ་དག་གིས་དོན་དམ་པར་དེ་དག་གི་ཐར་པའི་ཚིག་གི་དོན་དུ་གྱུར་པ་མེད་པ་ཁོ་ནའོ་ཞེས་སྨྲས་པས། རང་ཉིད་ཀྱིས་རང་ཉིད་སུན་དབྱུང་བ་བྱས་པས། ཁོ་བོ་ཅག་གིས་སུན་དབྱུང་བར་བྱ་མི་དགོས་སོ་ཞེས་ཟེར་བ་གང་ཡིན་པ་དེ་ནི་ཁྱེད་ཀྱིས་སངས་རྒྱས་པའི་གྲུབ་པའི་མཐའ་མ་རྟོགས་པ་ཁོ་ན་རང་དགར་སྨྲས་པ་ཡིན་ཏེ། འདི་ལྟར་སངས་རྒྱས་པའི་གྲུབ་པའི་མཐའ་ལས། མྱ་ངན་འདས་པ་དངོས་མེད་མིན། །དེ་ལ་དངོས་པོ་ག་ལ་ཡོད། །དངོས་དང་དངོས་མེད་ཡོངས་ཤེས་པ། །སྐྱེ་བ་མེད་པ་ཐར་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱིས་འཇིག་རྟེན་གྱི་སྤྱི་གཙུག་ལྟ་བུའི་ཐར་པ་ཡོད་པར་བརྗོད་པ་ནི་མྱ་ངན་ལས་འདས་པ་བརྟག་པའི་སྐབས་སུ་དཔྱད་པར་བྱའོ། །ཞར་ལ་བཤད་པས་ཆོག་གི་སྐབས་ཉིད་བསྒྲུབ་པར་བྱའོ། །དེའི་ཕྱིར་དེ་ལྟར་གཉིས་ལས་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅས་པ་སྤྱིའི་བཀོད་པ་གསུམ་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་དེ་ཕྱིར་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་རྗེས་སུ་དཔག་པ་དག་གིས་བསྒྲུབས་པ་དེའི་ཕྱིར་རོ། །དེ་ལྟར་གཉིས་ལས་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་རྣམས་གཉིས་ལས་སྐྱེ་བ་མེད་པར་སྒྲུབ་པོ་


DTG099_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྟན་པ་ཡིན་ནོ། །དམ་བཅས་པའི་སྤྱིའི་བཀོད་པ་གསུམ་པ་བཤད་ཟིན་ཏོ། །ད་ནི་དམ་བཅས་པའི་སྤྱི་བཀོད་པ་བཞི་པ་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་དེ་ནི་རྒྱུ་མེད་མིན། །ཞེས་བྱ་བ་བརྗོད་པར་བྱ་སྟེ། རྒྱུ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁོ་བོས་སྔར་དམ་བཅས་པའི་སྤྱི་རྣམ་པ་བཞི་བཀོད་པ་ལས། དམ་བཅས་པའི་སྤྱི་དང་པོ་དང་གཉིས་པ་དང་གསུམ་པ་ནི་བསྒྲུབས་ཟིན་ཏོ། །དེའི་འོག་ཏུ་ད་ནི་དམ་བཅས་པའི་སྤྱི་བཀོད་པ་བཞི་པ་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་བསྒྲུབ་པར་བྱའོ། །དེ་ལ་ད་ནི་ཞེས་བྱ་བ་ནི་དའམ་ད་ལྟར་ཏེ། ད་ནི་དམ་བཅས་པའི་སྤྱི་བཀོད་པ་བཞི་པ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་རྒྱུ་མེད་མིན་ཞེས་བྱ་བ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིར་ཡང་རྒྱུ་མེད་མིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་མེད་པར་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གཞན་དུ་ངེས་པར་གཟུང་ན་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བ་མེད་དེ། འོ་ན་ཅི་ཞེ་ན། རྒྱུ་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བ་དང༌། དེ་བཞིན་དུ་རྒྱུ་མེད་པ་ཁོ་ན་ལས་ནི་སྐྱེ་བ་མེད་དོ། །འོ་ན་ཅི་ཞེ་ན། རྒྱུ་ཡོད་པ་དང་མེད་པ་ལས་སྐྱེའོ་ཞེས་བྱ་བར་ངེས་པར་འགྱུར་བས་དེ་ཡང་མི་བཞེད་དེ། མཛད་པའི་མཐའ་དང་བྲལ་བའི་ཕྱིར་རོ་ཞེས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །རྒྱུ་མེད་པ་ནི་རྣམ་པ་གཉིས་ཏེ། དངོས་པོར་གྱུར་པ་མ་ཡིན་པ་དང༌། དངོས་པོར་གྱུར་པའོ། །དེ་ལ་དངོས་པོར་གྱུར་


DTG099_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པ་ནི་རྒྱུའི་དངོས་པོར་གྱུར་པ་གཏན་མེད་པར་སྨྲ་བ་སྟེ། འཇིག་རྟེན་རྒྱང་པན་པའི་གྲུབ་པའི་མཐའ་ལས་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་སྨྲ་བ་ཡིན་ནོ། །དངོས་པོར་གྱུར་པ་ནི་རྒྱུའི་དངོས་པོར་གྱུར་པ་མི་མཐུན་པ་གཞན་ཡོད་པར་སྨྲ་བ་སྟེ། ངོ་བོ་ཉིད་དང་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བའི་གྲུབ་པའི་མཐའ་ལས་མི་མཐུན་པ་རྒྱུར་སྨྲ་བ་ཡིན་ནོ། །དེ་ལ་དང་པོར་རྒྱུ་མེད་པར་དངོས་པོར་གྱུར་པ་མ་ཡིན་པ་ལས་སྐྱེ་བ་དགག་པར་བྱ་སྟེ། དེའི་ཕྱིར་རྒྱུ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་མེད་པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ནི་རྒྱུ་མེད་པ་ལས་ཅི་ཞིག་མ་ཡིན་ཞེ་ན་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་མེད་པ་ལས་ཅི་ཞིག་མ་ཡིན་ཞེ་ན། རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དངོས་པོ་གང་དག་ཅེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་ཆ་ཕྲ་བ་དང་རགས་པ་དག་གོ ། གང་ན་ཡང་ཞེས་བྱ་བ་ནི་བདག་ཅག་གི་ཕྱོགས་དང༌། གཞན་གྱི་ཕྱོགས་ན་ཡང་ངོ༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་དོན་དམ་པར་ནང་དང་ཕྱི་རོལ་དང༌། ཆ་ཕྲ་བ་དང་རགས་པའི་དངོས་པོ་གང་དག་བདག་ཅག་གི་ཕྱོགས་དང༌། གཞན་གྱི་ཕྱོགས་གང་ན་ཡང་སྐྱེས་པ་དུས་ནམ་ཡང་ཡོད་པ་མ་ཡིན་པའོ། །ནམ་ཡང་ཞེས་བྱ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ནམ་ཡང་ངམ་རང་གི་སྡེ་པ་དང་གཞན་གྱི་སྡེ་པས་བརྟགས་པའི་གནས་སྐབས་ནམ་ཡང་ངོ༌། །ཡོད་མ་ཡིན་ཞེས་བྱ་བ་ནི་རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་མེད་པ་དགག་པའི་དོན་དུ་བལྟ་བར་བྱ་བ་ཡིན་གྱི། མི་སྐྱེ་བ་ཡོད་དོ་ཞེས་མ་ཡིན་པར་དགག་པའི་དོན་དུ་ནི་བལྟ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི་སྔར་དམ་བཅས་པའི་སྤྱི་བཀོད་པ་དང་པོ་སྒྲུབ་


DTG099_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་སུ་དེ་ལ་རེ་ཞིག་བདག་ལས་མ་ཡིན་ཞེས་བྱ་བ་ཅི་ཞིག་ཅེ་ན། སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། རེ་རེ་དང་སྦྱར་བར་བྱའོ་ཞེས་ཇི་སྐད་བསྟན་པའི་སྐབས་ཡིན་པ་སྟེ། དེས་ན་རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །འདི་ལ་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱ་བ་དེས་གྲངས་ཅན་དག་ཁོ་ནའི་གྱེས་པ་གཅིག་ལ་བརྟེན་ནས་འཇིག་རྟེན་རྒྱང་པན་པའི་གྲུབ་པའི་མཐའ་འབུམ་བྱས་པས་དེ་འདི་སྐད་ཅེས། སེམས་ཅན་སྐྱེ་བ་གཞན་དུ་ལས་དགེ་བ་དང་མི་དགེ་བ་ཉེ་བར་བསགས་པའི་རྒྱུ་ཅན་དག་འདིར་སྐྱེ་བར་འགྱུར་བ་ཡང་མེད་དོ། །འདས་པའི་འཇིག་རྟེན་ཡང་མེད་དོ། །དེ་ནས་འདིར་འོང་བ་ཡང་འགའ་ཡང་མེད་དོ། །འདི་ནས་གང་དུ་འགྲོ་བར་འགྱུར་བའི་འཇིག་རྟེན་གཞན་ཡང་མེད་དེ། འདི་ལྟར་རྒྱུ་ལས་དང་ཉོན་མོངས་པ་མེད་པར་ཡང་བུ་རམ་དང༌། ཆུ་དང༌། སྐྱུ་རུ་ར་དང༌། དྷ་ཏ་ཀི་དང༌། ཕབས་དང༌། འབྲས་ཕྱེ་དང༌། ཤིང་ཤུན་ལ་སོགས་པ་སྨན་བསྡུས་ཏེ་མནན་པ་ལས་བུ་རམ་ཆང་གི་ཁྱད་པར་རྣམ་པ་ཐ་དད་པ་རོ་དང་མཐུ་དང་སྨིན་པ་ཐ་དད་པ་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་འཇིག་རྟེན་ཕ་རོལ་ནས་འོངས་ཏེ་འདིར་སྐྱེ་བ་མ་ཡིན་གྱི། འདི་ལྟར་བུ་རམ་དང༌། ཆུ་དང༌། སྐྱུ་རུ་ར་དང༌། དྷ་ཏ་ཀི་དང༌། ཕབས་དང༌། འབྲས་ཕྱེ་དང༌། ཤིང་ཤུན་ལ་སོགས་པ་སྨན་གྱི་རྫས་དེ་དག་ཉིད་བསྡུས་ཏེ་མནན་པའི་མཐུ་ལས་བུ་རམ་ཆང་དེ་ལྟ་བུར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ནང་གི་སྐྱེ་མཆེད་རྣམས་ཀྱང་ལས་དང་ཉོན་མོངས་པ་དག་མེད་པར་ཁུ་ཆུ་དང༌། ཁྲག་ལ་སོགས་པ་ཚོགས་པ་ལས་སྐྱེའོ། །གཞན་ཡང་གལ་ཏེ་ཤའི་ཕུང་པོ་རི་རབ་ཙམ་སྤུངས་ཏེ། དེར་ཞག་བདུན་གྱི་བར་དུ་ཆར་བབ་པར་འགྱུར་ན། དེར་ཤའི་ཕུང་པོའི་ཚད་ཁོ་ན་ཙམ་གྱི་སྲིན་བུའི་ཕུང་པོ་སྐྱེ་བར་འགྱུར་ན། ཅི་དེ་སྙེད་ཀྱི་སེམས་ཅན་དེ་དག་འཇིག་རྟེན་ཕ་རོལ་ནས་འོངས་སམ་ཞེས་ཟེར་ཏེ། དེ་དག་ལ་སོགས་པ་དཔེ་ལྟར་སྣང་བ་དུ་མ་དག་གིས་རྒྱུ་མེད་པ་ལས་སྐྱེ་བར་སེམས་པས་དེ་དག་ལ་སོགས་པ་ལྟ་བ་ངན་པ་སྤང་བའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་


DTG099_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་སྔ་ནས་ཀྱིས་རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་འདི་བཀའ་སྩལ་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འགྲེལ་བ་བྱེད་པ་ཉིད་ཀྱིས། གལ་ཏེ་གཞན་དག་ཅིའི་ཕྱིར་རྒྱུ་མེད་པ་ལས་སྐྱེ་བ་མེད་སྙམ་དུ་སེམས་པའི་བསམ་པ་ལ་བརྟགས་ནས་དོགས་པ་བསུ་བའི་ཚུལ་དུ་དྲི་བ་ཡིན་ནོ། །དེའི་ཕྱིར་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པ་དང་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁྱོད་ཀྱི་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པའི་དོན་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། འདི་ལྟར་དེ་ནི་ཚིག་ཙམ་དུ་ཟད་པས་དེའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དོ། །གཞན་ཡང་ཁྱོད་ཀྱི་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པ་དེ་ལ་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་དང༌། གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་སྐྱོན་གཉི་ག་བསྡུ་བའི་དོན་ཏོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་དེ་ལྟར་ཁྱོད་ཀྱི་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པའི་དོན་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། ཁྱོད་ཀྱི་ཕྱོགས་འདི་ལ་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་སྐྱོན་དང༌། གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། ཡང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཇི་ལྟར་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་ཅེ་ན། དེ་བསྟན་པའི་ཕྱིར། དེ་ལ་རྗེས་སུ་དཔག་པའི་གནོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་ཇི་ལྟར་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པ་དེ་བསྟན་པའི་ཕྱིར། ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར། དཔེར་ན་མྱུ་གུ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་


DTG099_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། རྒྱུ་མེད་པ་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་མྱུ་གུ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཞེས་བྱ་བ་ནི་དབུ་མ་པས་ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་མིག་ལ་སོགས་པ་གང་དག་ཡིན་པ་རྣམས་ཏེ། དེ་རྣམས་འདིར་ཆོས་ཅན་དུ་བྱའོ། །རྒྱུ་མེད་པ་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་དེ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྒྲུབ་པར་བྱ་བ་སྟེ། དེ་ནི་འདིར་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སྤྱི་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་དག་ལ་སྐྱེ་མཆེད་ཅེས་བྱ་བ་སྤྱི་ཡོད་པའི་ཕྱིར་རོ། །ཁྱད་པར་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་པོ་དག་ལ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བ་སོ་སོའི་ཁྱད་པར་ཉིད་ཡོད་པའི་ཕྱིར་རོ། །ཡང་ན་སྤྱི་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་མཆེད་ཐམས་ཅད་ལ་སྐྱེ་མཆེད་རྣམས་སྐྱེ་མཆེད་རྣམས་ཞེས་བྱ་བ་སྤྱི་ཡོད་པའི་ཕྱིར་རོ། །ཁྱད་པར་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མིའི་སྐྱེ་མཆེད་རྣམས་ཞེས་བྱ་བ་དང༌། ལྷའི་སྐྱེ་མཆེད་རྣམས་ཞེས་བྱ་བ་དང༌། དུད་འགྲོའི་སྐྱེ་མཆེད་རྣམས་ཞེས་བྱ་བ་ཁྱད་པར་ཉིད་ཡོད་པའི་ཕྱིར། ཉིད་ཅེས་བྱ་བ་ནི་སྤྱི་དང་ཁྱད་པར་གྱི་དངོས་པོ་རྣམས་ནི་སྤྱི་དང་ཁྱད་པར་ཉིད་དོ། །ལྡན་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར་ཏེ། དེ་ནི་འདིར་སྒྲུབ་པའི་ཆོས་སོ། །དཔེར་ན་མྱུ་གུ་བཞིན་ནོ་ཞེས་བྱ་བ་ནི་འདི་ལྟར་མྱུ་གུ་ལ་ཡང་མྱུ་གུ་ཐམས་ཅད་ལ་མྱུ་གུ་ཞེས་བྱ་བའི་རིགས་སྤྱི་ཉིད་ཀྱང་ཡོད་ལ། འབྲས་ཀྱི་མྱུ་གུ་དང༌། ནས་ཀྱི་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་ཉིད་ཀྱང་ཡོད་པ་སྟེ། དཔེར་ན་མྱུ་གུ་ཀུན་རྫོབ་ཏུ་སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། འདི་ལྟར་ཐོག་མ་མེད་པའི་རྒྱུ་བརྒྱུད་པ་ལས་སྐྱེ་བས་རྒྱུ་མེད་པ་


DTG099_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་བ་མེད་པ་དེ་བཞིན་དུ་ཀུན་རྫོབ་ཏུ་ཁས་བླངས་པ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ཀྱང་སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར་རྒྱུ་མེད་པ་ལས་སྐྱེ་བ་མེད་དོ། །འདི་ལྟར་ཐོག་མ་མེད་པའི་རྒྱུ་བརྒྱུད་པ་ལས་སྐྱེ་བས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། དེ་ནི་འདིར་ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལྟར་རེ་ཞིག་ཁྱོད་ཀྱི་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པ་དེ་ལ་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་དགོངས་སོ། །གལ་ཏེ་ཇི་ལྟར་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་ཅེ་ན། དེ་བསྟན་པའི་ཕྱིར་གྲགས་པའི་གནོད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་ཇི་ལྟར་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པས་དེ་བསྟན་པའི་ཕྱིར། འཇིག་རྟེན་འདི་ན་ཡོད་པ་གང་ཡིན་པ་དེ་ནི་རྒྱུ་ལས་སྐྱེ་བར་གྲགས་པ་སྟེ། དཔེར་ན་རྒྱུ་སྤུན་དག་ལས་སྣམ་བུ་དང་རྩི་རྐྱང་དག་ལས་སབ་མ་སྐྱེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། བ་ལང་རྫིའི་ཆུང་མ་ཡན་ཆད་ལ་སྣམ་བུ་དང་སབ་མ་ལ་སོགས་པ་རྒྱུ་དང་བཅས་པ་ལས་སྐྱེ་བར་གྲགས་པས། ཁྱོད་ཀྱི་ཀུན་རྫོབ་ཏུ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པའི་དོན་དེ་ལ་ནི་གྲགས་པ་དང་འགལ་བའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་དགོངས་སོ། །དེ་ལྟར་ན་རེ་ཞིག་རྒྱུ་མེད་པ་དངོས་པོར་གྱུར་པ་མ་ཡིན་པ་ལས་གློ་བུར་དུ་སྐྱེ་བ་མེད་དོ། །ད་ནི་རྒྱུ་མེད་པ་དེ་དངོས་པོར་གྱུར་པ་ལས་སྐྱེ་པ་དགག་པར་བྱ་སྟེ། དེའི་ཕྱིར་ཡང་ན་རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་ངན་བ་སྟེ། ཆུང་མ་མེད་པ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ཡང་ན་རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་ངན་པ་སྟེ། ངོ་བོ་ཉིད་དང་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བའི་གྲུབ་པའི་མཐའ་ལས་མི་མཐུན་པ་རྒྱུར་སྨྲ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཡང་ན་ཞེས་བྱ་བ་ནི་རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་མ་ཡིན་པ་སྔར་བསྟན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། ཡང་རྣམ་པ་གཅིག་ཏུ་ན་རྒྱུ་མེད་ཅེས་བྱ་བ་ནི། རྒྱུ་མེད་པ་དངོས་པོར་གྱུར་པ་ངན་པ་ལ་ཡང་བྱའོ་ཞེས་བྱ་བའི་ཐ་ཚིག་


DTG099_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གོ །རྒྱུ་མེད་ཅེས་བྱ་བ་ནི་རྒྱུ་ངན་པ་སྟེ་ཞེས་བྱ་བ་ནི་རྒྱུའི་བྱ་བ་བྱེད་པ་ཉིད་མ་ཡིན་པས་རྒྱུ་མེད་པ་དང་འདྲ་བར་རྒྱུ་མེད་པ་ཞེས་བྱ་སྟེ། གང་ངོ་བོ་ཉིད་ཀྱིས་ཡོད་ཀྱང་སྐྱེ་བར་བྱེད་པ་མ་ཡིན་པས་ངན་པ་དེ་ནི་རྒྱུ་མེད་པ་ཞེས་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་ཆུང་མ་མེད་པ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཆུང་མ་ངན་པ་སྐྱོན་ཆགས་པ་དངོས་པོར་གྱུར་པ་ཡོད་ཀྱང་ཆུང་མའི་བྱ་བ་ནི་མི་བྱེད་པས་དེ་ལ་ཆུང་མ་མེད་པ་ཞེས་བྱ་བ་དང༌། བུ་ངན་པ་སྐྱོན་ཆགས་པ་དངོས་པོར་གྱུར་པ་ཡོད་ཀྱང་བུའི་བྱ་བ་མི་བྱེད་པས་དེ་ལ་བུ་མེད་པ་ཞེས་བྱ་བ་བཞིན་དུ། ངོ་བོ་ཉིད་དང་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བའི་གྲུབ་པའི་མཐའ་ལས་མི་མཐུན་པ་རྒྱུར་སྨྲ་བ་དག་ཀྱང་རྒྱུ་ངན་པ་སྐྱོན་ཆགས་པ་དངོས་པོར་གྱུར་པ་ཡོད་ཀྱང་རྒྱུའི་བྱ་བ་མི་བྱེད་པས་དེ་ཡང་རྒྱུ་མེད་པ་ཞེས་བྱའོ། །རྒྱུ་ངན་པ་གང་ཞེ་ན་ཞེས་བྱ་བ་ནི་རྒྱུ་མེད་པ་དངོས་པོ་གྱུར་པ་ཡོད་ཀྱང་རྒྱུའི་བྱ་བ་མི་བྱེད་པས་རྒྱུ་ངན་པ་ཐེག་པ་ཞེས་བྱ་བ་དེ་ཡང་གང་ཞེ་ན་ཞེས་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། ངོ་བོ་ཉིད་དང༌། དབང་ཕྱུག་དང༌། སྐྱེས་བུ་དང༌། གཙོ་བོ་དང༌། དུས་དང༌། སྲེད་མེད་ཀྱི་བུ་ལ་སོགས་པ་སྟེ་ཞེས་བྱ་བ་སྨྲས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཚངས་པ་དང༌། སྐྱེ་དགུའི་བདག་པོ་དང༌། མ་ནུ་དང༌། གནམ་གྱིས་བསྐོས་པ་དང༌། པར་སིག་རྣམས་ཀྱི་དྲུ་བཱ་ན་དང༌། བར་བར་རྣམས་ཀྱི་ཡུ་ན་ཞེས་བྱ་བའི་བར་དག་བསྡུའོ། །ཅིའི་ཕྱིར་དེ་དག་རྒྱུ་མེད་པ་ཡིན་ཞེ་ན། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ངོ་བོ་ཉིད་དང༌། དབང་ཕྱུག་དང༌། སྐྱེས་བུ་དང༌། གཙོ་བོ་དང༌། དུས་དང༌། སྲེད་མེད་ཀྱི་བུ་དང༌། ཚངས་པ་དང༌། སྐྱེ་དགུའི་བདག་པོ་དང༌། མ་ནུ་དང༌། གནམ་གྱི་ས་བསྐོས་པ་དང༌། དྲུ་བཱ་ན་དང། ཡུ་ན་ལ་སོགས་པ་དེ་དག་ནི་ངོ་བོ་ཉིད་ཀྱི་རྒྱུ་ཡང་དག་པ་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་ཀུན་རྫོབ་ཏུ་དངོས་པོར་གྱུར་པ་ཡིན་དུ་ཟིན་ཀྱང་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར། ངན་པས་མེད་པ་དང་འདྲ་བའི་ཕྱིར་རྒྱུ་ཉིད་མ་ཡིན་ནོ། །ད་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་དེ་ལས་སྐྱེ་


DTG099_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགག་པར་བྱ་སྟེ། དེའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་དེ་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་དེ་ལས་ཅིའི་ཕྱིར་སྐྱེ་བ་མེད་ཅེ་ན། དེའི་ཕྱིར་དེ་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁྱོད་ཀྱི་ངོ་བོ་ཉིད་དང༌། དབང་ཕྱུག་ལ་སོགས་པ་དེ་ལས་དངོས་པོ་རྣམས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། འདི་ལྟར་དེ་ནི་ཚིག་ཙམ་དུ་ཟད་པས་དེའི་ཕྱིར་དངོས་པོ་རྣམས་རྒྱུ་ངན་པ་ལས་སྐྱེ་བ་མེད་དོ། །གཞན་ཡང་ཁྱེད་ཀྱི་རྒྱུ་ངན་པ་ངོ་བོ་ཉིད་དང༌། དབང་ཕྱུག་ལ་སོགས་པ་དེ་ལས་དངོས་པོ་རྣམས་སྐྱེ་བར་སྒྲུབ་པ་དེ་དག་ཐམས་ཅད་ཁོ་བོས་རྗེས་སུ་དཔག་པ་དག་གིས་དགག་པར་ནུས་པའི་གནོད་པ་ཁྱོད་ལ་འབྱུང་བར་འགྱུར་བའི་ཕྱིར་ཡང་དངོས་པོ་རྣམས་རྒྱུ་ངན་པ་ལས་སྐྱེ་བ་མེད་དོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྐྱོན་གཉི་ག་བསྡུས་པའི་དོན་ཏོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། དེ་ལྟར་ཁྱོད་ཀྱི་རྒྱུ་ངན་པ་ངོ་བོ་ཉིད་དང་དབང་ཕྱུག་ལ་སོགས་པ་དེ་ལས་དངོས་པོ་རྣམས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། ཁྱོད་ཀྱི་ཕྱོགས་འདི་ལ་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་ཡང་དངོས་པོ་རྣམས་རྒྱུ་ངན་པ་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་རེ་ཞིག་རྒྱུ་མེད་པས་དངོས་པོར་གྱུར་པ་ལས་སྐྱེ་བ་དགག་པ་སྤྱིར་བསྟན་པ་ཡིན་ནོ། །ད་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་ལས་སྐྱེ་བར་སྨྲ་བ་དག་རིམ་བཞིན་དུ་དགག་པར་བྱའོ། །དེ་ལ་རེ་ཞིག་རྒྱུ་མེད་པ་དངོས་པོར་གྱུར་པ་ངོ་བོ་ཉིད་དུ་སྨྲ་བ་དག་གི་གྲུབ་པའི་མཐའ་ནི་གང་ཡིན། ཇི་ལྟར་དངོས་པོ་རྣམས་ངོ་བོ་ཉིད་ལས་སྐྱེ་བ་མེད་ཅེ་ན། དེའི་ཕྱིར་རེ་ཞིག་ངོ་བོ་ཉིད་དུ་སྨྲ་བ་དག་གི་གྲུབ་པའི་མཐའ་བསྟན་པའི་ཕྱིར། དེ་ལ་རེ་ཞིག་ངོ་བོ་ཉིད་དུ་སྨྲ་བ་དག་ན་རེ། ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ། ལུས་སྣ་ཚོགས་འགྲུབ་པའི་ཕྱིར། དཔེར་ན་པདྨ་དག་གི་ཁ་དོག་དང༌། དབྱིབས་དང༌། ལོ་མ་དང༌། ཆུ་བ་དང༌། འདབ་མ་དང༌། ཟེ་བ་དང༌།


DTG099_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མཛེས་པ་ལྟ་བུ་དང༌། རྨ་བྱ་དག་གི་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་ལ། མཇུག་སྒྲོའི་ཚོགས་དག་གི་མདོངས་པ་བཀྲ་ཞིང་འཚེར་བག་ཡོད་པ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ཅི་བསྟན་ཞེ་ན། སྔར་དབུ་མ་པས་དངོས་པོ་རྣམས་རྒྱུ་མེད་པ་དེ་ལས་སྐྱེ་བ་མེད་དེ། དེ་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ངོ་བོ་ཉིད་དུ་སྨྲ་བ་དག་ངོ་བོ་ཉིད་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པའི་ཕྱིར་ཞེས་བྱ་བ་དེ་མི་བཟོད་པས། འདིར་ངོ་བོ་ཉིད་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་དང༌། རང་གི་ལོ་རྒྱུས་ཀྱང་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསལ་བའི་དོན་དེ་རྒྱུ་མེད་པ་དངོས་པོར་གྱུར་པ་ལས་སྐྱེ་བར་སྨྲ་བ་དེ་ལའོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ལ་ལྟོས་པའི་དོན་ཏེ། རྒྱུ་མེད་པ་དངོས་པོར་གྱུར་པ་ལས་སྐྱེ་བར་སྨྲ་བ་དག་ལས་རེ་ཞིག་ངོ་བོ་ཉིད་དུ་སྨྲ་བ་དག་གི་ལོ་རྒྱུས་སྟོན་པ་ཡིན་ནོ། །ངོ་བོ་ཉིད་དུ་སྨྲ་བ་དག་ན་རེ་ཞེས་བྱ་བ་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་ངོ་བོ་ཉིད་ལས་སྐྱེ་བར་སྨྲ་བ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ངོ་བོ་ཉིད་ཅེས་བྱ་བ་ནི་གང་དངོས་པོ་ཐམས་ཅད་ལ་མི་ལྟོས་པར་རང་གི་ངོ་བོ་ཉིད་ཀྱིས་ཡང་དག་པར་འགྲུབ་པ་ལྷན་ཅིག་སྐྱེས་པ་བཅོམ་མ་མ་ཡིན་པ་དེ་ནི་ངོ་བོ་ཉིད་ཅེས་བྱའོ། །ངོ་བོ་ཉིད་དུ་སྨྲ་བ་ཞེས་བྱ་བ་ནི་དངོས་པོ་རྣམས་ངོ་བོ་ཉིད་ལས་སྐྱེ་བར་སྨྲ་བ་སྟེ། འཇིག་རྟེན་རྒྱང་པན་པའི་གྲུབ་མཐའ་བྱེད་པ་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱའོ། །ངོ་བོ་ཉིད་དུ་སྨྲ་བ་དག་ཅེས་བྱ་བའི་སྒྲས་ནི་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་གི་གྲུབ་པའི་མཐའ་སྨྲ་བ་དག་ཅེས་བྱ་བའི་དོན་ཏེ། འཇིག་རྟེན་རྒྱང་པན་པ་དག་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་འདིར་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་པདྨ་དག་གི་ཁ་དོག་དང༌། དབྱིབས་དང༌། ལོ་མ་དང༌།


DTG099_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བ་དང༌། འདབ་མ་དང༌། ཟེ་བ་དང༌། སྙིང་པོ་མཛེས་པ་ལྟ་བུ་དང༌། རྨ་བྱ་དག་གི་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་ལ། མཇུག་སྒྲོའི་ཚོགས་དག་གི་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་ལ། ནང་གི་ཞེས་བྱ་བ་ནི་བདག་གིས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པའོ། །བདག་ཅེས་བྱ་བ་ནི་འཚམ་ལ་བདག་གིར་བྱེད་པ་སྟེ། ཡོ་བྱད་གྱ་ནོམ་པ་དང༌། རྒྱ་ཆེན་པོ་དག་དང་པོར་བྱས་ནས། ཡོ་བྱད་ངན་པ་དང་ཁྱོན་ཆུང་ངུའི་བར་དག་ལ་བདག་གིར་བྱེད་པས་བདག་ཅེས་བྱའོ། །བདག་དེས་བྱིན་གྱིས་བརླབས་ཤིང་གནས་སུ་བྱས་པ་ནི་ནང་གི་ཞེས་བྱའོ། །སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འབྱུང་བ་དང༌། མཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང་ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བ་རྣམས་སོ། །ནང་གི་སྐྱེ་མཆེད་དེ་དག་ལ་བསྒྲུབ་པར་བྱ་བ་ཆོས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ཡོད་པས་དེ་ནི་འདིར་ཆོས་ཅན་ཡིན་ནོ། །ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བ་ནི། ནང་གི་སྐྱེ་མཆེད་དེ་དག་དངོས་པོ་ཐམས་ཅད་ལ་མི་ལྟོས་པར་རང་གི་ངོ་བོ་ཉིད་ཀྱིས་ཡང་དག་པར་འགྲུབ་པ་ལྷན་ཅིག་སྐྱེས་པ་བཅོས་མ་མ་ཡིན་པར་ཁས་ལེན་པ་སྟེ། དེ་ནི་འདིར་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །རྗེས་སུ་དཔག་པའི་འདི་ལ་བསྒྲུབ་པར་བྱ་བ་ཆོས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བ་དང༌། གང་ལ་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་ཕྱོགས་ཡིན་པར་སྦྱར་རོ། །ལུས་སྣ་ཚོགས་གྲུབ་པའི་ཕྱིར་ཞེས་བྱ་བ་ལ། ལུས་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་དོ། །སྣ་ཚོགས་ཞེས་བྱ་བ་ནི་སྣ་ཚོགས་པ་དང་བརྒྱན་པ་དང་སྤྲས་པའོ། །འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་ཁ་དོག་དཀར་པོ་དང༌། དམར་པོ་དང༌། སྔོན་པོ་དང༌། སེར་པོ་ལ་སོགས་པ་དང༌། དབྱིབས་རིང་པོ་དང༌། ཐུང་དུ་


DTG099_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཟླུམ་པོ་དང༌། གྲུ་བཞི་ལ་སོགས་པས་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཏེ། དེ་ནི་འདིར་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་བའི་སྒྲུབ་པའི་ཆོས་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་པདྨ་དག་གི་ཁ་དོག་ལ་སོགས་པ་མཛེས་པ་དང༌། རྨ་བྱ་དག་གི་མགྲིན་པའི་ཕྱོགས་མཐོན་མཐིང་དུ་འདུག་པ་དག་ལ་སོགས་པ་བྱེད་པ་པོ་གང་ཡང་མེད་པར་ངོ་བོ་ཉིད་ཀྱིས་དེ་ལྟར་སྐྱེས་པ་བཞིན་དུ་ནང་གི་སྐྱེ་མཆེད་ཁ་དོག་དང་དབྱིབས་ལ་སོགས་པ་དག་གི་ལུས་སྣ་ཚོགས་གྲུབ་པ་རྣམས་ཀྱང་བྱེད་པ་པོ་གང་ཡང་མེད་པར་ངོ་བོ་ཉིད་ཀྱིས་དེ་ལྟར་སྐྱེའོ་ཞེས་དམ་འཆའ་བར་སྦྱར་རོ། །དེ་ལ་པདྨ་དག་ཅེས་བྱ་བ་ནི་མཚོ་ལས་སྐྱེས་པ་དག་མཚོན་པ་སྟེ། དེས་ན་པདྨ་མ་དང༌། ཨུཏྤལ་དང༌། ཀུ་མུ་ད་དང༌། དྲི་མཆོག་དང༌། པདྨ་དཀར་པོ་ལ་སོགས་པ་དག་སྤྱིར་གཟུང་ངོ༌། །ཁ་དོག་དང༌། དབྱིབས་དང༌། ལོ་མ་དང༌། ཆུ་བ་དང༌། འདབ་མ་དང༌། ཟེ་བ་དང༌། སྙིང་པོ་མཛེས་པ་ཞེས་བྱ་བ་ནི། ཁ་དོག་ལ་སོགས་པ་གང་ལ་མདོག་མཛེས་པ་ཡོད་པ་དེ་ནི་ཁ་དོག་ལ་སོགས་པ་མཛེས་པའོ། །དེས་ན་པདྨ་ལ་སོགས་པ་མཚོ་ནས་སྐྱེས་པ་གང་དག་ལ་ཁ་དོག་མཛེས་པ་དང༌། དབྱིབས་མཛེས་པ་དང༌། ལོ་མ་མཛེས་པ་དང༌། ཆུ་བ་མཛེས་པ་དང༌། འདབ་མ་མཛེས་པ་དང༌། ཟེ་བ་མཛེས་པ་དང༌། སྙིང་པོ་མཛེས་པ་ཡོད་པ་དེ་དག་ནི། ཁ་དོག་དང༌། དབྱིབས་དང༌། ལོ་མ་དང༌། ཆུ་བ་དང༌། འདབ་མ་དང༌། ཟེ་བ་དང༌། སྙིང་པོ་མཛེས་པ་ཞེས་བྱ་བའོ། ལྟ་བུ་ཞེས་བྱ་བ་ནི་དཔེར་ན། པདྨ་ལ་སོགས་པ་དེ་དག་གི་ཁ་དོག་ལ་སོགས་པའི་མཛེས་པ་དེ་དག་སུ་ཞིག་ཆུར་ཞུགས་ཏེ། ཁ་དོག་དང་དབྱིབས་སྣ་ཚོགས་བཀྲ་ཞིང་མཛེས་པ་དག་ཏུ་བྱེད་པར་འགྱུར་ཏེ། བྱེད་པ་པོ་མང་པོ་ཞིག་ཡོད་དུ་ཟིན་ཀྱང་དེ་དག་བྱེད་མི་ནུས་ན་བྱེད་པ་པོ་དང་འབྱིན་པ་པོ་གཅིག་གིས་དེ་དག་བྱེད་ནུས་པར་ལྟ་ག་ལ་འགྱུར་ཏེ། མི་ནུས་པ་དེ་བཞིན་དུ་ནང་གི་སྐྱེ་མཆེད་ཁ་དོག་དང་དབྱིབས་ལ་སོགས་པ་དག་གིས་ལུས་སྣ་ཚོགས་གྲུབ་པ་རྣམས་ཀྱང་བྱེད་པ་པོ་གང་གིས་


DTG099_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་བྱས་པར་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའོ་ཞེས་བྱ་བ་ལ་སོགས་པའི་ཐ་ཚིག་གོ །རྨ་བྱ་དག་ཅེས་བྱ་བ་འདིས་ནི་ནང་གི་སེམས་ཅན་དུ་བགྲང་བ་དག་གི་དཔེ་ཡིན་ནོ། །དེ་ལ་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་ལ་ཞེས་བྱ་བ་ནི་རྨ་བྱ་གང་དག་ལ་མགྲིན་པའི་ཕྱོགས་ཀྱི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་པ་ཡོད་པ་དེ་དག་ནི་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང་ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་པ་ཞེས་བྱའོ། །དེ་ལ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ཞེས་བྱ་བ་ནི་ཁ་དོག་མཐོན་ཀའི་ཤས་ཤིན་ཏུ་ཆེ་བས་མཐོན་ཀ་ཆེན་པོ་ཞེས་བྱའོ། །ཨནད་རྙིལ་ཞེས་བྱ་བ་ནི་རིན་པོ་ཆེ་མཐོན་ཀ་ཆེན་པོ་དེ་དག་ཉིད་ཀྱི་བྱེ་བྲག་སྟེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞེས་བྱ་བ་ཡིན་ནོ། །དེས་ནི་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་ལ་ཞེས་བྱ་བ་ནི་དེ་འདྲ་བར་མགྲིན་པའི་ཕྱོགས་མཐོན་མཐིང་དུ་འདུག་པ་ཡིན་ནོ། །རྨ་བྱ་དེ་དག་གི་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་ལ་ཞེས་བྱ་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་མཇུག་སྒྲོའི་ཚོགས་དེ་དག་གི་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་ཡང་ཡིན་ཏེ། རྨ་བྱ་གང་དག་ལ་མཇུག་སྒྲོའི་ཚོགས་དག་གི་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་དེ་དག་ནི་མཇུག་སྒྲོའི་ཚོགས་དག་གི་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་ཞེས་བྱའོ། །བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྨ་བྱ་དེ་དག་གི་མགྲིན་པའི་ཕྱོགས་རིན་པོ་ཆེ་མཐོན་ཀ་ཆེན་པོ་དང༌། ཨནད་རྙིལ་ལྟར་མཐོན་མཐིང་དུ་འདུག་པ། མཇུག་སྒྲོའི་ཚོགས་དག་གི་མདོངས་བཀྲ་ཞིང་འཚེར་བག་ཡོད་པ་དེ་དག་སུ་ཞིག་ཚོན་ལ་སོགས་པ་ཐོགས་ཏེ། ཁ་དོག་དང་དབྱིབས་སྣ་ཚོགས་ལ་བཀྲ་ཞིང་འཚེར་བག་ཏུ་བྱེད་པར་འགྱུར་ཏེ། བྱེད་པ་པོ་མང་པོ་ཞིག་ཡོད་དུ་ཟིན་ན་ཡང་དེ་དག་བྱེད་མི་ནུས་ན། བྱེད་པ་པོ་དང་འབྱིན་པ་པོ་གཅིག་གིས་དེ་ལྟར་བྱེད་ནུས་པར་ག་ལ་འགྱུར་ཏེ། མི་ནུས་པ་དེ་བཞིན་དུ་ནང་གི་སྐྱེ་མཆེད་ཁ་དོག་དང་དབྱིབས་ལ་སོགས་པ་དག་གི་ལུས་སྣ་ཚོགས་གྲུབ་པ་རྣམས་ཀྱང་བྱེད་པ་པོ་གང་གིས་ཀྱང་མ་བྱས་པར་ངོ་བོ་ཉིད་ལས་སྐྱེ་བར་


DTG099_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དམ་འཆའོ་ཞེས་བྱ་བའི་ཐ་སིག་གོ །དེ་ལྟར་ན་ཕྱི་རོལ་དང་ནང་གི་རྫས་ཚོགས་པའི་མཐུ་ལས་ཕྱི་ནང་གི་དངོས་པོ་རྣམས་ཀྱི་ཁ་དོག་དང༌། དབྱིབས་དང༌། བོང་ཚོད་དང༌། སྒྲ་སྐད་དང༌། བསམ་པའི་དབྱེ་བ་ཐ་དད་པར་གྱུར་པ་ཡིན་པས། དབུ་མ་པ་ན་རེ། ངོ་བོ་ཉིད་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་བཅུ་གསུམ་པ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེས་ན་དེ་ལ་དམ་པའི་དོན་དེ་གལ་ཏེ་ཀུན་རྫོབ་ཏུ་ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པ་སྤྱོད་ཡུལ་རྣམས་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པའི་ཕྱིར་དང༌། སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་རྐྱེན་ངེས་པ་ལས་སྐྱེ་བ་ཡིན་ན་ནི་གྲུབ་པ་ལ་སྒྲུབ་བོ། །ཅི་སྟེ་དོན་དམ་པར་ན་ནི་དཔེ་མེད་དེ། དོན་དམ་པར་པདྨ་ལ་སོགས་པ་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལ་དེས་ན་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གིས་ཇི་སྐད་སྨྲས་པ་དེས་ནའོ། །དེ་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གིས་སྒྲུབ་པའི་སྦྱོར་བ་བྱས་པ་དེ་ལའོ། །དམ་བཅས་པའི་དོན་དེ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གིས་བསྒྲུབ་པར་བྱས་པའི་དམ་བཅས་པའི་དོན་སྔར་སྨྲས་པ་དེའོ། །དེས་ན་དེ་ལ་རེ་ཞིག་འདི་སྐད་ཅེས་དྲི་བར་བྱ་སྟེ། ཅི་ངོ་བོ་ཉིད་ལས་སྐྱེ་བར་དམ་བཅས་པའི་དོན་དེ་ཀུན་རྫོབ་ཏུ་སྒྲུབ་བམ། འོན་ཏེ་དོན་དམ་པར་སྒྲུབ་པ་འདི་ལ་ཁྱེད་ཀྱི་བསམ་པ་ནི་གང༌། དམ་བཅས་པ་ནི་གང་ཞེས་དྲི་བར་བྱའོ། །དེ་སྐད་དྲིས་པ་ན་ངོ་བོ་ཉིད་དུ་སྨྲ་བ་དག་དམ་བཅས་པའི་དོན་དེ་ཀུན་རྫོབ་ཏུ་སྒྲུབ་པོ་ཞེས་ཟེར་ན། དེའི་ཕྱིར་དེ་དག་ལ་འདི་སྐད་ཅེས་གལ་ཏེ་ཀུན་རྫོབ་ཏུ་ནང་གི་སྐྱེ་མཆེད་ཀུན་རྫོབ་ཤེས་པའི་སྤྱོད་ཡུལ་རྣམས་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པའི་ཕྱིར་དང༌། སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་རྐྱེན་ངེས་པ་ལས་སྐྱེ་བ་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པོ་ཞེས་བརྗོད་པར་བྱའོ། །དེ་ལ་གལ་ཏེ་ཀུན་རྫོབ་ཏུ་ཞེས་བྱ་བ་ནི་གལ་ཏེ་ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་རྣམས་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པའི་ཕྱིར་


DTG099_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དང། སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་ཀུན་རྫོབ་ཏུ་རྐྱེན་ངེས་པ་ལས་སྐྱེ་བ་སྒྲུབ་ཀྱི། དོན་དམ་པར་མི་སྒྲུབ་ན་ནིའོ། །ནང་གི་སྐྱེ་མཆེད་ཅེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་པོ་རྣམས་སོ། །ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་རྣམས་ཞེས་བྱ་བ་ནི་དེ་དག་གི་ཁྱད་པར་ཡིན་ཏེ། ནང་གི་སྐྱེ་མཆེད་དེ་དག་ཉིད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་དང་ཡུལ་ཡིན་པའི་ཕྱིར་རོ། །བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ཞེས་བྱ་བ་ནི། བྱེད་པ་པོའི་མཚན་ཉིད་ནི་རང་དབང་ཅན་ཡིན་ལ། དེའི་བྱ་བ་ནི་གཡོ་བ་དང་རྩོལ་བ་ཡིན་པས་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ཞེས་བྱ་བ་སྟེ། གཞན་ལ་མི་བརྟེན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་དེ་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་གང་དག་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་ཤིང་རྐྱེན་ངེས་པ་ལ་ལྟོས་པ་དེ་དག་ནི་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པ་ཞེས་བྱ་སྟེ། དེ་ལ་མི་ལྟོས་པའི་ཕྱིར་རྐྱེན་ངེས་པ་ལས་སྐྱེ་བ་ཡིན་ན་ནི་ཞེས་བྱ་བར་སྦྱར་རོ། །སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་གང་དག་ཚངས་པ་ལ་སོགས་པ་སུས་ཀྱང་མ་བྱས་པ་ཁོ་ན་ཡིན་ཞིང༌། རྐྱེན་ངེས་པ་ཁོ་ན་ལས་སྐྱེ་བ་དེ་དག་ནི་སུས་ཀྱང་མ་བྱས་པ་ཁོ་ན་ཞེས་བྱ་སྟེ། སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་ངེས་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པ་དང༌། ཚངས་པ་ལ་སོགས་པ་སུས་ཀྱང་མ་བྱས་པ་དེ་དག་ཀྱང་གང་ཞེ་ན། ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་རྣམས་ཞེས་བྱ་བ་ཡིན་ཏེ། དེ་རྣམས་བྱེད་པ་པོ་རང་དབང་ཅན་གྱི་བྱ་བ་ལ་མི་ལྟོས་པའི་ཕྱིར་དང༌། ཚངས་པ་ལ་སོགས་པ་སུས་ཀྱང་མ་བྱས་པ་ཁོ་ནའི་ཕྱིར་རྐྱེན་ངེས་པ་ལས་སྐྱེ་པ་ཡིན་ན་ནི། ངོ་བོ་ཉིད་དུ་སྨྲ་བ་དག་གི་དམ་བཅས་པའི་དོན་དེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྐྱེན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང༌། ཁུ་ཆུ་དང༌། ཁྲག་ལ་སོགས་པ་ཞེས་བྱ་བ་དང༌། ས་བོན་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་ཞེས་


DTG099_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དག་གོ །ངེས་པ་ཞེས་བྱ་བ་ནི་མེར་མེར་པོ་ལ་སོགས་པ་དང༌། མིར་གྱུར་པའི་ལས་ཀྱི་རྐྱེན་ལས་མིའི་སྐྱེ་མཆེད་རྣམས་སྐྱེ་བར་འགྱུར་བ་དང༌། དེ་བཞིན་དུ་དུད་འགྲོ་དང༌། ཡི་དགས་དང༌། སེམས་ཅན་དམྱལ་བར་འགྱུར་བའི་ལས་ཀྱི་རྐྱེན་ལས་དུད་འགྲོ་དང༌། ཡི་དགས་དང༌། སེམས་ཅན་དམྱལ་བ་པའི་སྐྱེ་མཆེད་རྣམས་སྐྱེ་བར་འགྱུར་བ་དང༌། དེ་བཞིན་དུ་པདྨ་དང༌། ཨུཏྤལ་དང༌། དྲི་མཆོག་དང༌། པདྨ་དཀར་པོ་ལ་སོགས་པའི་ས་བོན་རིགས་མཐུན་པ་ལས། པདྨ་དང༌། ཨུཏྤལ་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་ནི་ངེས་པ་ཞེས་བྱའོ། །དེའི་ཕྱིར་རྐྱེན་ངེས་པ་དེ་ལས་ནང་གི་སྐྱེ་མཆེད་ཀུན་རྫོབ་པའི་ཤེས་པའི་སྤྱོད་ཡུལ་རྣམས་སྐྱེ་བ་ཡིན་ན་ནི་དེས་ན་ཁྱོད་ཀྱིས་དམ་བཅས་པའི་དོན་དེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་གྲུབ་པའི་མཐའ་གང་ལས་ས་བོན་ཡང་འདི་སྙམ་དུ། བདག་གིས་མྱུ་གུ་མངོན་པར་བསྒྲུབ་པར་བྱའོ་སྙམ་དུ་མི་སེམས་ལ། མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་ལ། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་ཏེ། འདི་ལྟར་བྱེད་པ་པོ་ཡོངས་སུ་བཙལ་ན་ནང་གི་བྱེད་པའི་སྐྱེས་བུའམ་འབྱིན་པ་པོ་དམིགས་སུ་མེད་མོད་ཀྱི། འོན་ཀྱང་རྒྱུ་དང་རྐྱེན་སོ་སོར་ངེས་པ་ཚོགས་པའི་དབང་དང་སེམས་ཅན་རྣམས་ཀྱི་ལས་ཐུན་མོང་བའི་དབང་གིས་འབྲས་བུ་ཡོ་བྱད་སོ་སོར་ངེས་པ་དག་ཀུན་རྫོབ་ཏུ་སྐྱེ་བ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་ནོ་ཞེས་གསུངས་པའི་གྲུབ་པའི་མཐའ་དེ་ཉིད་ཁྱོད་ཀྱིས་བསྒྲུབས་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ངོ་བོ་ཉིད་དུ་སྨྲས་པ་དག་དམ་བཅས་པའི་དོན་དེ་དོན་དམ་པར་སྒྲུབ་བོ་ཞེས་ཟེར་ན། དེའི་ཕྱིར་དེ་དག་ལ་འདི་སྐད་ཅེས་ཏེ། དོན་དམ་པར་ན་ནི་དཔེ་མེད་དེ། དོན་དམ་པར་པདྨ་ལ་སོགས་པ་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་ལ་ཅི་སྟེ་དོན་དམ་པར་ན་ནི་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གི་


DTG099_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ལས་སྐྱེ་བར་དམ་བཅས་པའི་དོན་དེ་ཇི་སྟེ་དོན་དམ་པར་སྒྲུབ་ན་ནིའོ། །དཔེ་མེད་དེ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་རྣམས་ཀྱི་དཔེ་མེད་པས་དངོས་པོ་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་བཅས་པའི་དོན་དེ་ནི་མི་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དོན་དམ་པར་ཇི་ལྟར་དཔེ་མེད་ཅེ་ན། དེའི་ཕྱིར་དོན་དམ་པར་པདྨ་ལ་སོགས་པ་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་ཁྱེད་ཀྱི་ཁོ་བོའི་གྲུབ་པའི་མཐའ་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པ་མ་ཐོས་སམ། དེའི་ཕྱིར་དོན་དམ་པར་པདྨ་ལ་སོགས་པར་ཆོས་ཐམས་ཅད་སྐྱེ་བར་ཁས་མ་བླངས་པའི་ཕྱིར་དཔེ་མེད་དོ། །གཞན་ཡང་ཁྱེད་ཀྱིས་གལ་ཏེ་བསྐལ་པ་དུ་མར་རྐང་པའི་མཐེ་བོ་ཡ་གཅིག་གིས་འགྲེང་སྟེ། ལྷ་ཐམས་ཅད་མཉེས་པར་བྱེད་ཅིང༌། བདག་ལ་དབུ་མ་པའི་ཕྱིར་དོན་དམ་པར་གཉི་ག་ལ་གྲགས་པའི་དཔེ་ཞིག་སྩོལ་ཅིག་ཅེས་གསོལ་བ་བཏབ་དུ་ཟིན་ཀྱང༌། ལྷ་དེ་དག་གིས་ཁྱོད་ལ་དཔེ་དེ་ལྟ་བུ་སྦྱིན་པར་མི་ནུས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དོན་དམ་པར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་ཁོ་ནར་བཀའ་སྩལ་པའི་ཕྱིར་རོ། །ཁྱེད་ཀྱི་གཏན་ཚིགས་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་དེ་ཡང་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། བྱས་པའི་ཕྱིར་ཞེས་བྱ་བ་བཞིན་ཏེ། འདི་ལྟར་ཁོ་བོའི་ལུང་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་ཤེས་པ་ཡང་མི་འཇུག་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་དེས་ན། ལུས་སྣ་ཚོགས་འགྲུབ་པ་ཞེས་བྱ་བ་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་དེ་ཁོ་བོ་ལ་མ་གྲུབ་པ་ཉིད་ཡིན་པས། དེས་ན་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བ་དེ་ནི་དམ་བཅས་པ་ཙམ་ཁོ་ནར་ཟད་དོ། །རྒྱུ་མེད་པ་སྨྲ་བ་དག་ཁོ་བོའི་ཕྱིར་ནི་ཐམས་ཅད་རྒྱུ་མེད་པ་ལས་འགྲུབ་པར་འདོད་ལ། བསྒྲུབ་པར་བྱ་བ་ནི་གཏན་ཚིགས་ཀྱིས་འགྲུབ་པར་འདོད་ན་ནི་ཕྱོགས་སྔ་མ་དང་འགལ་ལོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ངོ་བོ་ཉིད་དུ་སྨྲ་བ་ཁྱེད་ཀྱི་ལུང་ནི་དངོས་པོ་ཐམས་ཅད་རྒྱུ་མེད་པ་ལས་སྐྱེ་བ་འདི་ཡིན་པས་དེས་ན་ཁྱེད་ཁོ་བོའི་ཕྱིར་དངོས་པོ་ཐམས་ཅད་རྒྱུ་མེད་པ་ལས་འགྲུབ་པར་འདོད་པའི་བསྒྲུབ་


DTG099_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པ་གང་ཡིན་པ་དེ་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། རྒྱུ་མེད་པར་སྨྲ་བ་ཁྱེད་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་སྒྲུབ་པའི་གཏན་ཚིགས་སུ་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་མཚན་ཉིད་དུ་ཁས་ལེན་པས། དེས་ན་ཁྱེད་ཀྱི་དངོས་པོ་རྣམས་རྒྱུ་ཁོ་ན་ལས་སྐྱེ་བར་ཁས་བླངས་པ་ཡིན་གྱི། རྒྱུ་མེད་པ་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར། དེ་ལྟར་ན་རང་གི་ཕྱོགས་སྔ་མ་དང་འགལ་ཏེ། དཔེར་ན་བྱེ་བྲག་པས་སྔར་སྒྲ་མི་རྟག་པ་ཉིད་དུ་ཁས་མ་བླངས་པ་འགྱེད་པའི་དུས་ན་རྟག་པ་ཉིད་དུ་སྒྲུབ་པ་དེ་བཞིན་དུ། ཁྱེད་ཀྱང་རང་གི་གྲུབ་པའི་མཐའ་ལས་དངོས་པོ་ཐམས་ཅད་རྒྱུ་མེད་པ་ལས་སྐྱེ་བར་སྨྲ་ལ། འགྱེད་པའི་དུས་སུ་ཁོ་བོའི་ཕྱིར་ནི་བསྒྲུབ་པར་བྱ་བ་གཏན་ཚིགས་ཀྱི་རྒྱུས་འགྲུབ་པར་འདོད་པས་དེ་ལྟ་ན་ཁྱེད་རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་རྒྱུ་མེད་པར་སྨྲ་བ་དག་ཅེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གོ །ཁོ་བོའི་ཕྱིར་ནི་ཞེས་བྱ་བ་ནི་དབུ་མ་པ་ལ་བརྒལ་བའི་ཕྱིར་ནའོ། །ཐམས་ཅད་རྒྱུ་མེད་པ་ལས་འགྲུབ་པར་འདོད་པ་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ལ་སོགས་པ་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་ཞིང་རྒྱུ་མེད་པ་ལས་འགྲུབ་པར་འདོད་པའོ། །བསྒྲུབ་པར་བྱ་བ་ནི་གཏན་ཚིགས་ཀྱིས་འགྲུབ་པར་འདོད་ན་ནི་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གིས་བསྒྲུབ་པར་བྱ་བ་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་སྨོས་པ་གང་ཡིན་པ་དེ་ནི་གཏན་ཚིགས་གང་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་དེས་འགྲུབ་པར་འདོད་ན་ནིའོ། །ཕྱོགས་སྔ་མ་དང་འགལ་ལོ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གི་གྲུབ་པའི་མཐའ་ལས་དངོས་པོ་ཐམས་ཅད་རྒྱུ་མེད་པ་ལས་འགྲུབ་པར་འདོད་པའི་ཕྱོགས་སྔ་མ་དེ་དང༌། དེ་སྒྲུབ་པ་གཏན་ཚིགས་ཀྱི་རྒྱུས་འགྲུབ་པར་འདོད་པ་འགལ་བའོ། །ཅི་སྟེ་རྒྱུ་ཡོད་པར་སྨྲ་བ་ལ་གཏན་ཚིགས་མེད་པར་བསྟན་པར་མི་ནུས་པས་ཀླ་ཀློ་ལ་ཀླ་ཀློའི་སྐད་བཞིན་ཏེ། དེས་ན་གཏན་ཚིགས་སྦྱར་ཀྱང་ཕྱོགས་སྔ་མའི་གནོད་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་ངོ་བོ་ཉིད་དུ་སྨྲ་བ་དག་དབུ་མ་པ་ལ་ལན་འདི་སྐད་


DTG099_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྱེད་དབུ་མ་པ་རྒྱུ་ཡོད་པར་སྨྲ་བ་ལ་གཏན་ཚིགས་ཀྱི་རྒྱུ་མེད་པར་དོན་བསྟན་པར་མི་ནུས་པས། དཔེར་ན་ཀླ་ཀློ་ལ་ཀླ་ཀློའི་སྐད་མ་སྨྲས་པར་དབུས་པའི་སྐད་ཀྱི་དོན་བསྟན་པར་མི་ནུས་པ་བཞིན་ནོ། དེས་ན་ཁོ་བོ་ཅག་རྒྱུ་མེད་པར་སྨྲ་བ་རྣམས་ཀྱིས་ཀྱང་ཁྱེད་དབུ་མ་པ་རྒྱུ་ཡོད་པར་སྨྲ་པ་རྣམས་ལ་བསྟན་པར་བྱ་བའི་ཕྱིར། གཏན་ཚིགས་སྦྱར་བ་བྱས་ཀྱང་ཁོ་བོ་ཅག་ལ་ཕྱོགས་སྔ་མ་དང་འགལ་བའི་གནོད་པ་མེད་དོ་ཞེས་ཟེར་བ་དེའི་དོགས་པ་བསུ་བ་ཡིན་ནོ། །དེ་ལ་ཅི་སྟེ་ཞེས་བྱ་བ་ནི་དབུ་མ་པས་ངོ་བོ་ཉིད་དུ་སྨྲ་བ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ནོ། །རྒྱུ་ཡོད་པར་སྨྲ་བ་ལ་ཞེས་བྱ་བ་ནི་དབུ་མ་པ་ལའོ། །གཏན་ཚིགས་མེད་པར་བསྟན་པར་མི་ནུས་པས་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བའི་གཏན་ཚིགས་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་མ་སྨོས་པར་དོན་དེ་བསྟན་པར་མི་ནུས་པས་སོ། །ཀླ་ཀློ་ལ་ཀླ་ཀློའི་སྐད་བཞིན་ཏེ་ཞེས་བྱ་བ་ནི་དཔེར་ན་དབུས་པས་ཀླ་ཀློ་མཐའ་འཁོབ་པ་ལ་ཀླ་ཀློའི་སྐད་མ་སྨྲས་པར་དབུས་པའི་སྐད་ཀྱིས་དོན་བསྟན་པར་མི་ནུས་པས་དབུས་པས་ཀླ་ཀློ་མཐའ་འཁོབ་པ་ལ་ཀླ་ཀློའི་སྐད་ཀྱིས་དོན་བསྟན་ཀྱང༌། དབུས་པ་དེ་ཀླ་ཀློ་ཡིན་པར་བརྗོད་པར་མི་བྱ་བ་བཞིན་དུ་ངོ་བོ་ཉིད་དུ་སྨྲ་བ་དག་གིས་ཀྱང༌། དབུ་མ་པ་ལ་གཏན་ཚིགས་མེད་པར་དོན་བསྟན་པར་མི་ནུས་པས་ངོ་བོ་ཉིད་དུ་སྨྲ་བ་དག་གིས་དབུ་མ་པ་གཏན་ཚིགས་ཀྱི་དོན་བསྟན་ཀྱང་ངོ་བོ་ཉིད་དུ་སྨྲ་བ་རྒྱུ་ཡོད་པར་སྨྲ་བ་ཡིན་པར་བརྗོད་པར་མི་བྱ་བའོ། །དེས་ན་གཏན་ཚིགས་སྦྱར་ཀྱང་ཞེས་བྱ་བ་ནི་རིགས་པ་དེས་ན་ངོ་བོ་ཉིད་དུ་སྨྲ་བ་དག་གིས་ནང་གི་སྐྱེ་མཆེད་རྣམས་ངོ་བོ་ཉིད་ལས་སྐྱེ་བར་དམ་འཆའ་སྟེ་ཞེས་བྱ་བའི་གཏན་ཚིགས་སུ་ལུས་སྣ་ཚོགས་འགྲུབ་པའི་ཕྱིར་ཞེས་བྱ་བ་སྦྱར་དུ་ཟིན་ཀྱང་ངོ༌། །ཕྱོགས་སྔ་མའི་གནོད་པ་མེད་དོ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྨྲ་བ་དག་གི་གྲུབ་པའི་མཐའ་ལས་དངོས་པོ་ཐམས་ཅད་རྒྱུ་མེད་པ་ལས་འགྲུབ་པར་དམ་བཅས་པའི་ཕྱོགས་སྔ་མ་དང་འགལ་བའི་གནོད་པ་མེད་དོ་ཞེ་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐད་གཞན་དུ་བསྒྱུར་ཀྱང་ཇི་ལྟར་རྟོགས་པའི་རྟགས་ཁོ་ནས་རྟགས་ཅན་གྱི་དོན་སྟོན་པའི་ཕྱིར། དཔེར་ན་ཀླ་ཀློ་


DTG099_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱོགས་འདི་ན་དུ་བ་ལས་མེ་ཡོད་དོ་ཞེས་སྟོན་པར་བྱེད་པ་དེ་ལ་རྟགས་རྟོགས་པ་སྐྱེ་བའི་ཐབས་ཐ་དད་པ་བཞིན་པས་དེ་ནི་ལན་དུ་མི་རུང་ངོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཀླ་ཀློའི་སྐད་གཞན་ཡོངས་སུ་གཟུང་ཡང་བདག་ཉིད་ཀྱིས་ཇི་ལྟར་རྟོགས་པའི་རྟགས་ཀྱི་རྒྱུ་དེ་ཁོ་ནས་རྟགས་ཀྱིས་མཚོན་པར་བྱ་བའི་རྟགས་ཅན་གྱི་དོན་སྟོན་པར་བྱེད་པ་ལ་དོན་སྟོན་པའི་རྒྱུ་ཡོད་པ་ཡིན་ཏེ། དཔེར་ན་དབུས་པས་རང་གི་དུ་བའི་རྟག་ལས་མེ་ཡོད་པར་རྟོགས་པའི་རྟགས་ཁོ་ནས་ཀླ་ཀློ་ལ་ཀླ་ཀློའི་སྐད་ཀྱིས་ཕྱོགས་འདི་ན་དུ་བ་འཐུལ་བ་ལས་མེ་ཡོད་དོ་ཞེས་རྟགས་ཀྱིས་རྟགས་ཅན་སྟོན་པར་བྱེད་པ་ན་དེ་ལ་རྟགས་སུ་དུ་བ་རྟོགས་པ་སྐྱེ་བའི་ཐབས་སྐད་ཐ་དད་པ་ཙམ་དུ་ཟད་ཀྱི་རྟགས་ཉིད་ཡོད་པ་དང་འདྲ་བར་ཁྱེད་ཀྱང་ཁོ་བོ་ལ་གཏན་ཚིགས་ཀྱི་དོན་སྟོན་པར་བྱེད་པ་ཉིད་དོན་གོ་བར་བྱ་བའི་རྒྱུ་གཏན་ཚིགས་ཐ་དད་པ་གཞན་གྱིས་བསྒྱུར་ཏེ་སྟོན་པ་ཡིན་པས་རྒྱུ་ཡོད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐད་གཞན་དུ་བསྒྱུར་ཀྱང་ཞེས་བྱ་བ་ནི་དབུས་པས་ཀླ་ཀློའི་སྐད་གཞན་དུ་བསྒྱུར་ཀྱང་ངོ༌། །ཇི་ལྟར་རྟོགས་པའི་ཞེས་བྱ་བ་ནི་ཇི་ལྟར་ཁོང་དུ་ཆུད་པའོ། །རྟགས་ཁོ་ནས་ཞེས་བྱ་བ་ནི་དུ་བ་སྔོ་བ་ཉིད་དང་ལྷུན་སྟུག་པ་ཉིད་དང༌། འཐུལ་བ་ཉིད་དང༌། གྱེན་དུ་འགྲོ་བ་ཉིད་ཀྱི་མཚན་ཉིད་དང་ལྡན་པའི་རྟགས་ཁོ་ནས་སོ། །རྟགས་ཅན་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་གང་ལ་རྟགས་ཡོད་པ་ཞེས་བྱ་བ་དེ་ནི་རྟགས་ཅན་ཞེས་བྱ་སྟེ། སྐབས་འདིར་ནི་རྗེས་སུ་དཔག་པར་བྱ་བ་མེའི་མཚན་ཉིད་གང་ལ་རྟགས་དུ་བ་ཡོད་པ་དེ་ནི་རྟགས་ཅན་ཡིན་ནོ། །དེའི་དོན་སྟོན་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་བདག་ཉིད་ཀྱིས་དུ་བ་ལས་མེ་ཡོད་པར་རྟོགས་པའི་རྟགས་དུ་བ་ཁོ་ན་ཡིད་ལ་བཞག་སྟེ་སྐད་གཞན་དུ་བསྒྱུར་ནས། དུ་བའི་སྒྲ་གཞན་གྱིས་མེའི་དོན་སྟོན་པའི་ཕྱིར། དེ་ལ་སྐད་གཞན་དུ་བསྒྱུར་ཀྱང་རྟགས་དང་གཏན་ཚིགས་དང་རྒྱུ་ཡོད་པར་འགྱུར་བའི་ཕྱིར་རོ། །དཔེར་ན་ཀླ་ཀློ་ལ་ཕྱོགས་འདི་ན་དུ་བ་ལས་མེ་ཡོད་དོ་ཞེས་སྟོན་པར་བྱེད་པའི་ཞེས་བྱ་བ་ནི། དཔེར་ན་དབུས་པས་ཇི་ལྟར་བདག་ཉིད་ཀྱིས་དུ་བའི་རྟགས་ལས་མེ་ཡོད་པར་རྟོགས་པའི་རྟགས་དེ་ཁོ་ན་ཡིན་ལ་བཞག་ནས། ཀླ་ཀློ་ལ་ཀླ་ཀློའི་སྐད་


DTG099_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྱོགས་འདི་བ་དུ་བ་འཐུལ་བ་ལས་འདི་ན་མེ་ཡོད་དོ་ཞེས་སྟོན་པར་བྱེད་པའི་གང་ཟག་དེའི་སྐད་གཞན་དུ་བསྒྱུར་བས་ཐ་དད་པ་ཙམ་དུ་ཟད་ཀྱི། མེ་ཡོད་པར་སྟོན་པའི་རྟགས་སུ་དུ་བ་ཡིན་པར་སྨྲས་པས་དེ་ཉིད་རྒྱུ་ཡོད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་ཀླ་ཀློ་ལ་ཕྱོགས་འདི་ན་དུ་བ་ལས་མེ་ཡོད་དོ་ཞེས་སྟོན་པར་བྱེད་པའི་གང་ཟག་གི་ཚིག་དེ་ལའོ། །རྟགས་རྟོགས་པ་ཞེས་བྱ་བ་ནི་མེའི་རྟགས་སུ་དུ་བ་རྟོགས་པའོ། །སྐྱེ་བའི་ཞེས་བྱ་བ་ནི་རྟགས་རྟོགས་པ་སྐྱེ་བ་སྟེ་རྟགས་རྟོགས་པར་འགྱུར་བའོ། །ཐབས་ཞེས་བྱ་བ་ནི་རྟགས་རྟོགས་པ་སྐྱེ་བའི་ཐབས་ཏེ་སྐད་ཀྱི་མཚན་ཉིད་དོ། །ཐ་དད་པ་བཞིན་པས་ཞེས་བྱ་བ་ནི་དེ་ལ་མེའི་རྟགས་དུ་བ་རྟོགས་པ་སྐྱེ་བའི་ཐབས་དབུས་པའི་སྐད་ལས་ཐ་དད་པ་ཀླ་ཀློའི་གཞན་ཞིག་བརྗོད་པ་ཙམ་དུ་ཟད་ཀྱིས། སྐད་གཞན་གྱིས་རྟགས་བརྗོད་པ་དེ་ཉིད་རྒྱུ་ཡོད་པར་སྨྲ་བ་གང་ཡིན་པ་དང་འདྲ་བར་བྱེད་ཀྱང་དབུ་མ་པ་ལ་གཏན་ཚིགས་སྦྱོར་བ་བྱེད་པ་ཉིད་རྒྱུ་ཡོད་པར་སྨྲ་བ་ཡིན་པས་སོ། །དེ་ནི་ལན་དུ་མི་རུང་ངོ་ཞེས་བྱ་བ་ནི་དེ་ལྟ་བས་ན། ཁྱེད་ན་རེ། རྒྱུ་ཡོད་པར་སྨྲ་བ་ལ་གཏན་ཚིགས་མེད་པར་བསྟན་པར་མི་ནུས་པས། ཀླ་ཀློ་ལ་ཀླ་ཀློའི་སྐད་བཞིན་ཏེ། དེས་ན་གཏན་ཚིགས་སྦྱར་ཀྱང་ཕྱོགས་སྔ་མའི་གནོད་པ་མེད་དོ་ཞེས་ཟེར་བ་དེ་ནི་ལན་དུ་མི་རུང་ངོ༌། །ཡང་ན་དེ་ནི་སྒྲུབ་པར་མི་རུང་བ་སྟེ། ཇི་སྐད་སྨྲས་པའི་སྒྲུབ་པ་དེ་ནི་སྒྲུབ་པར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ངོ་བོ་ཉིད་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཞེས་བྱ་བ་དེ་དེ་བཞིན་དུ་གནས་པ་ཁོ་ན་ཡིན་པས། དེའི་ཕྱིར་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ། །འཇུག་སྟོབས་ཅན་དག་ན་རེ། མེར་མེར་པོ་དང་མྱུ་གུ་ལ་སོགས་པ་ནི་རྐྱེན་མེད་པ་ལས་སྐྱེ་ལ། བུམ་པ་ལ་སོགས་པ་ནི་རྐྱེན་དང་བཅས་པ་ལས་སྐྱེ་བས་ངོ་བོ་ཉིད་ལས་སྐྱེ་བ་མ་ཡིན་པའི་ཕྱིར། དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་བོ་ཞེས་ཟེར་རོ་ཞེས་བྱ་བ་ནི། མུ་སྟེགས་འཇིག་རྟེན་རྒྱང་པན་པ་འཇུག་སྟོབས་ཅན་དག་གི་གཞུང་ལས། མེར་མེར་པོ་དང་མྱུ་གུ་ལ་སོགས་པ་དངོས་པོ་ཁ་ཅིག་ནི་རྐྱེན་མེད་པར་ངོ་བོ་ཉིད་ལས་སྐྱེ་ལ། བུམ་པ་དང་སྣམ་


DTG099_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པ་དངོས་པོ་ཁ་ཅིག་ནི་རྐྱེན་དང་བཅས་པ་ལས་སྐྱེ་བར་འདོད་པས་དེ་དག་ན་རེ། དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མ་ཡིན་པའི་ཕྱིར། དབུ་མ་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་སྒྲུབ་པར་བྱེད་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བ་དེའི་ཕྱོགས་ཡིན་ནོ། །དེ་ལ་འཇུག་སྟོབས་ཅན་དག་ཅེས་བྱ་བ་ནི་དྲང་སྲོང་ཆེན་པོ་འཇིག་རྟེན་མིག་གི་སློབ་མ་འཇུག་སྟོབས་ཅན་ཞེས་བྱ་བ་ཞིག་བྱུང་ངོ་ཞེས་བྱ་བར་གྲགས་ཏེ། དེས་འཇིག་རྟེན་རྒྱང་པན་པའི་ལྟ་བ་གཞན་ཞིག་ཉེ་བར་སྦྱར་བ་དེ་ལ། འཇིག་རྟེན་རྒྱང་པན་པ་གང་དག་ཞུགས་པ་དེ་དག་ནི་འཇུག་སྟོབས་ཅན་དག་ཅེས་བྱ་སྟེ། འཇུག་སྟོབས་ཅན་གྱི་རྣམ་པ་དང་ཡན་ལག་ཡིན་པའི་ཕྱིར་འཇུག་སྟོབས་ཅན་དག་ཅེས་བྱ་སྟེ། དེ་དག་ན་རེ། འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །མེར་མེར་པོ་དང་མྱུ་གུ་ལ་སོགས་པ་ནི་རྐྱེན་མེད་པ་ལས་སྐྱེ་ལ། ཞེས་བྱ་བ་ནི་མེར་མེར་པོ་དང༌། ནུར་ནུར་པོ་དང༌། ནར་ནར་པོ་དང༌། འཁྲང་གྱུར་དང༌། རྐང་ལག་འགྱུས་པ་ཅན་དག་དང༌། མྱུ་གུ་དང༌། འདབ་མ་དང༌། སྦུ་གུ་དང༌། སྡོང་བུ་དང༌། སྦལ་མིག་དང༌། མེ་ཏོག་དང༌། གྲ་མ་དང༌། སྦུན་པ་དང༌། སྲུབས་དང༌། འབྲས་ཐུག་པོ་ཆེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་རྐྱེན་མེད་པར་ངོ་བོ་ཉིད་ལས་སྐྱེའོ་ཞེས་ཟེར་རོ། །བུམ་པ་ལ་སོགས་པའི་རྐྱེན་དང་བཅས་པ་ལས་སྐྱེ་བས་ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་ཡོ་བྱད་གང་དག་ཡིན་པ་དེ་དག་ནི་རྐྱེན་དང་བཅས་རྒྱུ་དང་བཅས་པ་ལས་སྐྱེ་བ་ཡིན་ནོ་ཞེས་ཟེར་རོ། །ངོ་བོ་ཉིད་ལས་སྐྱེ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་རྐྱེན་དང་བཅས་པ་ལས་སྐྱེ་བ་དེ་དག་ནི་ངོ་བོ་ཉིད་ལས་སྐྱེ་བ་མ་ཡིན་པར་གཉི་ག་ལ་གྲུབ་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི། དབུ་མ་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེའོ། །གྲུབ་པ་ལ་སྒྲུབ་པོ་ཞེས་བྱ་བ་ནི་དབུ་མ་པས་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བ་ཡིན་ཏེ། འདི་ལྟར་མེར་མེར་པོ་དང་མྱུ་གུ་ལ་སོགས་པ་ངོ་བོ་ཉིད་ལས་སྐྱེ་བ་མེད་པར་


DTG099_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ནི་རུང་ན། བུམ་པ་ལ་སོགས་པ་རྐྱེན་དང་བཅས་པ་ལས་སྐྱེ་བ་དག་ངོ་བོ་ཉིད་ལས་སྐྱེ་བ་མ་ཡིན་པར་གཉི་ག་ལ་གྲུབ་བཞིན་དུ་དེ་དག་ངོ་བོ་ཉིད་ལས་སྐྱེ་བ་མེད་པར་སྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་བཀག་པའི་ཕྱིར། དེ་ནི་རིགས་པ་མ་ཡིན་ནོ་ཞེས་སྨྲས་ཏེ། འདིས་ནི་དབུ་མ་པས་དོན་དམ་པར་རྐྱེན་ཐམས་ཅད་ལས་འབྲས་བུ་ཐམས་ཅད་སྐྱེ་བ་བཀག་པའི་ཕྱིར། འཇུག་སྟོབས་ཅན་དག་ན་རེ། གྲུབ་པ་ལ་སྒྲུབ་བོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཐམས་ཅད་ལས་ཞེས་བྱ་བ་ནི་རྐྱེན་ཐམས་ཅད་ལས་ཏེ། མེར་མེར་པོ་ལ་སོགས་པའི་མཚན་ཉིད་དང༌། ས་བོན་ལ་སོགས་པའི་མཚན་ཉིད་དང༌། འཇིམ་པ་དང༌། དབྱུ་གུ་དང༌། འཁོར་ལོ་ལ་སོགས་པའི་མཚན་ཉིད་དང༌། རྒྱུ་སྤུན་ལ་སོགས་པའི་མཚན་ཉིད་དང༌། རྒྱུ་མེད་པའི་མཚན་ཉིད་ཐམས་ཅད་ལས་སོ། །ཐམས་ཅད་ཅེས་བྱ་བ་ནི་འབྲས་བུ་ཐམས་ཅད་དེ་སྐྱེ་མཆེད་རྣམས་དང༌། མྱུ་གུ་དང༌། བུམ་པ་དང༌། སྣམ་བུ་དང༌། སབ་མ་ལ་སོགས་པ་ཐམས་ཅད་དོ། །སྐྱེ་བ་བཀག་པའི་ཕྱིར་ཞེས་བྱ་བ་ནི་དབུ་མ་པས་དོན་དམ་པར་རོ། །དེ་ནི་རིགས་པ་མ་ཡིན་ཞེས་བྱ་བ་ནི་འཇུག་སྟོབས་ཅན་དག་ན་རེ། གྲུབ་པ་ལ་སྒྲུབ་བོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་འཇུག་སྟོབས་ཅན་དག་གིས་ཡོངས་སུ་བརྟགས་པ་མེར་མེར་པོ་དང་མྱུ་གུ་ལ་སོགས་པ་རྐྱེན་མེད་པ་ལས་སྐྱེ་བར་སྨྲས་པ་དེ་དག་ནི་ཀུན་རྫོབ་ཏུ་རྒྱུ་དང་བཅས་པ་ལས་སྐྱེ་བ་ཁོ་ནར་ངེས་ཏེ་སྐྱེ་བ་ཅན་ཡིན་པའི་ཕྱིར། བདེ་བ་དང༌། སྡུག་བསྔལ་དང༌། ཐེ་ཚོམ་དང༌། ཡང་དག་པའི་ཤེས་པ་ལ་སོགས་པའི་རྒྱུ་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་སྐྱེ་བ་ཅན་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་རྒྱུ་དང་བཅས་པ་ལས་སྐྱེ་བ་དེ་བཞིན་དུ་མེར་མེར་པོ་དང་མྱུ་གུ་ལ་སོགས་པ་ཡང་སྐྱེ་བ་ཅན་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་རྒྱུ་དང་བཅས་པ་ལས་སྐྱེ་བ་ཁོ་ནར་འགྱུར་རོ། །དེ་ལྟར་རེ་ཞིག་ངོ་བོ་ཉིད་ལས་སྐྱེ་བ་


DTG099_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ་ཞེས་བྱ་བ་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་དག་ལས་ངོ་བོ་ཉིད་ལས་སྐྱེ་བ་མེད་པར་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་དེ་ལྟར་ཞེས་བྱ་བ་ནི་རིགས་པས་དཔྱད་པས་ཇི་ལྟར་བསྟན་པ་དེ་ལྟར་རོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ལ་ལྟོས་པ་སྟེ། རྒྱུ་མེད་པ་དངོས་པོར་གྱུར་པ་དག་ལས་རེ་ཞིག་ངོ་བོ་ཉིད་ལས་དེ་ལྟར་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ངོ་བོ་ཉིད་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་རྒྱུ་མེད་པ་དངོས་པོར་གྱུར་བ་ངོ་བོ་ཉིད་ལས་དངོས་པོ་རྣམས་སྐྱེ་བ་མེད་པར་གྲུབ་པ་ཡིན་ནོ། །ད་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་དབང་ཕྱུག་རྒྱུར་འདོད་པ་དག་གི་འདོད་པ་བསལ་བར་བྱ་སྟེ། དེ་ལ་རེ་ཞིག་དབང་ཕྱུག་རྒྱུར་འདོད་པ་དག་ནི་གྲུབ་པའི་མཐའ་བསྟན་པར་བྱ་བའི་ཕྱིར། དབང་ཕྱུག་རྒྱུར་འདོད་པ་དག་ན་རེ། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་ཐོབ། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བསྟན་ཡང་ན་གཡང་སའམ། །མཐོ་རེས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་ཟེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དབང་ཕྱུག་རྒྱུར་འདོད་པ་དག་གི་གྲུབ་པའི་མཐའ་བསྟན་ཏོ། །དེ་ལ་དབང་ཕྱུག་རྒྱུར་འདོད་པ་དག་ན་རེ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་གང་དག་ཕྱི་ནང་གི་དངོས་པོ་ཐམས་ཅད་དབང་ཕྱུག་གི་རྒྱུ་ལས་སྐྱེ་བར་འདོད་པ་དེ་དག་ན་རེ། འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །གང་ཞིག་ཅེས་བྱ་བ་ནི་དབང་ཕྱུག་སྟེ། དེས་ནི་ཁྱད་པར་གྱི་གཞི་བསྟན་ཏོ། །ཕྲར་གྱུར་ཞེས་བྱ་བ་ལ་སོགས་པ་ནི་དབང་ཕྱུག་གི་ཡོན་ཏན་དེ་དག་གིས་ནི་དེའི་ཁྱད་པར་བསྟན་ཏོ། །དེ་ལ་ཕྲར་གྱུར་ཞེས་བྱ་བ་ནི་ཆ་ཕྲ་མོར་གྱུར་ནས་སོ། །གཅིག་པུ་ཞེས་བྱ་བ་ནི་གཞན་མེད་པས་ཏེ། དེ་ལ་སྟོང་པའི་གྲོགས་གཞན་མེད་དེ་རང་དབང་ཅན་ཁོ་ན་ཡིན་པའོ། །སྐྱེ་གནས་སུ་འདུག་ཅེས་བྱ་བ་ནི་དེ་དངོས་པོ་ཐམས་ཅད་སྐྱེད་པའི་ཕྱིར། སྐྱེ་གནས་ཞེས་བྱ་བ་སེམས་ཅན་སྐྱེ་བའི་གནས་མངལ་ཞེས་བྱ་བར་འཇུག་ཅིང་སྐྱེ་གནས་ཀྱི་ཕྱོགས་དེ་ན་འདུག་པའོ། །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །ཅེས་


DTG099_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་དེ་ཡིས་ཞེས་བྱ་བ་ནི། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །ཅེས་བྱ་བ་དེས་ཏེ། དབང་ཕྱུག་གིས་ཞེས་བྱ་བར་སྦྱོར་རོ། །འདི་ཀུན་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་འདི་དག་ཐམས་ཅད་དོ། །སྐྱེ་ཞེས་བྱ་བ་ནི་སྐྱེ་བའི་མཚན་ཉིད་དོ། །འཇིག་ཅེས་བྱ་བ་ནི་འཇིག་པའི་མཚན་ཉིད་དོ། །བྱེད་ཅེས་བྱ་བ་ནི་དེས་འཇིག་རྟེན་གསུམ་པོ་འདི་ཐམས་ཅད་མ་ལུས་པ་སྐྱེ་བར་ཡང་བྱེད་ཅིང་འཇིག་པར་ཡང་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འོ་ན། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །ཅེས་བྱ་བ་དེ་གང་ཡིན་ཞེ་ན། དེའི་ཕྱིར། དེ་ནི་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་ཐོབ། །ཅེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་སྔར་གང་ཞིག་ཅེས་སྨོས་པ་དང་སྦྱར་ཏེ་དབང་ཕྱུག་གོ །དབང་བདག་ཅེས་བྱ་བ་ནི་དབང་ཕྱུག་གི་བདག་པོ་ཞེས་བྱ་བ་སྟེ། དབང་ཕྱུག་གི་བདག་པོ་དེས་ན་དེ་ལ་འཇིག་རྟེན་གསུམ་པོ་ཐམས་ཅད་འདུག་པར་བྱེད་པས་དེའི་ཕྱིར་དེ་ནི་དབང་བདག་ཡིན་ནོ། །མཆོག་སྦྱིན་ཞེས་བྱ་བ་ནི་དམ་པ་སྦྱིན་པར་བྱེད་པ་སྟེ། དེས་གུས་ཤིང་འདུད་པ་རྣམས་ལ་ཡིད་ལ་བསམས་པའི་དོན་སྦྱིན་པར་བྱེད་པས་དེའི་ཕྱིར་མཆོག་སྦྱིན་ཡིན་ནོ། །ལྷ་ཞེས་བྱ་བ་ནི་འོད་དང་གཟི་བརྗིད་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ཅིང་གསལ་བས་ན་ལྷའོ། །མཆོད་བྱ་ཞེས་བྱ་བ་ནི་ཡོན་ཏན་དེ་དག་དང་ལྡན་པའི་ཕྱིར་མཆོད་པར་བྱ་བ་ཡིན་པས་ན་མཆོད་བྱའོ། །ཡོན་ཏན་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་སོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། གང་གི་ཕྱིར་ཡོན་ཏན་བྱེད་པ་ཉིད་ཀྱིས་དེ་ལ་སློབ་དཔོན་མེད་པའི་ཕྱིར་ཡོན་ཏན་བྱེད་པ་ཞེས་བྱའོ། །ཤིན་ཏུ་ཞི་བ་ཐོབ་ཅེས་བྱ་བ་ནི་ཤིན་ཏུ་ཞི་བའི་མཚན་ཉིད་ཀྱིས་ཐར་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཤིན་ཏུ་ཞི་བ་ཐོབ་ཅེས་བྱ་བ་ནི་གང་དེ་སྒྲུབ་པར་བྱེད་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །དེ་དག་གིས་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་བསྟན་ཏེ། བརྒྱད་གང་ཞེ་ན། ཕྲ་བ་དང༌། ཡང་བ་དང༌། མཆོད་པར་བྱ་བ་དང༌། བདག་པོར་གྱུར་པ་དང༌། དབང་དུ་གྱུར་པ་དང༌། གར་ཡང་ཕྱིན་པ་དང༌། འདོད་དགུར་ལྡན་བ་དང༌། དགའ་མགུར་གནས་པའོ། །དེ་དག་ཐམས་ཅད་ཀྱང་


DTG099_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། དེ་ལ། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །ཅེས་བྱ་བ་འདིས་ནི་ཡོན་ཏན་ཕྲ་བ་བསྟན་ཏེ། ལག་པ་དག་དང་རྐང་པ་དང༌། །མིག་དང་བཞིན་དང་ལུས་རྣམས་ཀྱི། །མང་པོ་བྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་རབ་བརྗོད་པ་ཡིན། །ཞེས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེས་ནི་སེམས་ཅན་གྱི་འཇིག་རྟེན་སྐྱེ་བ་དང་འཇིག་པར་བྱེད་པ་བསྟན་ཏོ། །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །ཅེས་བྱ་བ་འདིས་ནི་ཡོན་ཏན་ཡང་བསྟན་ཏེ། མཁའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང༌། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་བར་བརྗོད་པ་ཡིན། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་སྣོད་ཀྱི་འཇིག་རྟེན་སྐྱེ་བ་དང༌། འཇིག་པར་བྱེད་པ་བསྟན་ཏོ། །དེ་ནི་དབང་བདག་ཅེས་བྱ་བ་འདིས་ནི་ཡོན་ཏན་བདག་པོར་གྱུར་པ་བསྟན་ཏེ། འབྱུང་པོ་ཀུན་ལ་དབང་བྱེད་ཅིང༌། །གནས་པ་དག་དང་རྒྱུ་བ་དག །གང་དག་གང་འདོད་དེ་བྱེད་པས། །དེས་ན་བདག་པོར་གྱུར་ཅེས་བྱ། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉི་ག་སྐྱེ་བ་དང་འཇིག་པར་བྱེད་པ་བསྟན་ཏོ། །མཆོག་སྦྱིན་ཞེས་བྱ་བ་འདིས་ནི་ཡོན་ཏན་དབང་ཕྱུག་ཏུ་གྱུར་པ་བསྟན་ཏེ། བདག་ལ་རག་ལུས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་པས་ན། །དེས་ན་དབང་དུ་གྱུར་ཅེས་བྱ། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་འབྱུང་པོ་ཐམས་ཅད་ལ་ཕན་འདོགས་པ་དང་གནོད་པ་བྱེད་པའི་དབང་བྱེད་པ་བསྟན་ཏོ། །ལྷ་ཞེས་བྱ་བ་འདིས་ནི་ཡོན་ཏན་གར་ཡང་ཕྱིན་པ་བསྟན་ཏེ། ཡུལ་དང་བཟའ་བ་བཅའ་བ་དང༌། །གཞན་ཡང་ཡིད་ཀྱིས་གང་བསམས་པ། ཡིད་ཀྱི་རྗེས་འགྲོ་མི་སྡོད་པས། །དེས་ན་གར་ཡང་ཕྱིན་ཞེས་བྱ། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་ལྷ་རྣམས་ནི་ཡིད་ཀྱིས་ཐམས་ཅད་འགྲུབ་ལ། རྒྱལ་པོ་རྣམས་ནི་ཚིག་གིས་ཐམས་ཅད་འགྲུབ། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པའི་ཚུལ་བསྟན་ཏོ། །མཆོད་བྱ་ཞེས་བྱ་བ་འདིས་ནི་ཡོན་ཏན་མཆོད་པར་བྱེད་པ་བསྟན་ཏེ། འཇིག་རྟེན་གསུམ་ན་མཆོག་གྱུར་ཅིང༌། །


DTG099_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དག་དང་རྒྱུ་བ་དང༌། །འབྱུང་པོ་ཀུན་གྱིས་རྗེད་པས་ན། །དེས་ན་མཆོད་པར་བྱ་བ་ཡིན། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་འབྱུང་པོ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་བསྟན་ཏོ། །ཡོན་ཏན་བྱེད་པ་ཞེས་བྱ་བ་འདིས་ནི་ཡོན་ཏན་འདོད་དགུར་ལྡན་ཏེ། སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་འགྱུར་བས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་ཡོན་ཏན་ཐམས་ཅད་འདོད་དགུར་བྱེད་པ་བསྟན་ཏོ། །ཤིན་ཏུ་ཞི་བ་ཐོབ་ཅེས་བྱ་བ་འདིས་ནི་ཡོན་ཏན་དགའ་མགུར་གནས་པ་བསྟན་པ་བསྟན་ཏོ། །ཐར་པའམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་པ་དག །ཐམས་ཅད་འདོད་པས་ཐོབ་འགྱུར་བས། །དེས་ན་དགའ་མགུར་གནས་ཞེས་བྱ། །ཞེས་ཇི་སྐད་སྨྲས་པ་བཞིན་ཏེ། དེས་ནི་མཐོ་རིས་དང་ཐར་པ་གང་འདོད་པ་ཐོབ་པ་བསྟན་དགའ་མགུར་གནས་པ་བསྟན་ཏེ། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །ཞེས་བྱ་བས་ནི་སྲོག་ཆགས་རྣམས་ལ་དབང་ཕྱུག་མེད་པ་བསྟན་ཏོ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །ཅེས་བྱ་བ་ནི་སྐྱེ་བོ་དེ་ཁོ་ནར་མ་མཐོང་བ་དེ་ལ་བདག་གི་བདེ་བ་དང༌། སྡུག་བསྔལ་བསྐྱེད་པ་དང༌། དབྲི་བའི་མཐུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་གང་གི་མཐུས་བདེ་བ་དང་སྡུག་བསྔལ་འཐོབ་པར་འགྱུར་ཞེ་ན། དེའི་ཕྱིར། དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་བྱ་བ་སྨྲས་ཏེ། འདིས་ནི་དབང་ཕྱུག་གིས་བཏང་བས་སེམས་ཅན་རྣམས་ངན་སོང་དང་མཐོ་རིས་དག་ཏུ་འགྲོ་བར་འགྱུར་རོ་ཞེས་ཟེར་བ་བསྟན་ཏོ། །དེ་ལ་དབང་ཕྱུག་གིས་བཏང་ཞེས་བྱ་བ་ནི་དབང་ཕྱུག་རྒྱུར་འདོད་པ་ཡིན་ནོ། །གཡང་ས་ཞེས་བྱ་བ་ནི་ངན་སོང་གསུམ་གྱི་མཚན་ཉིད་དོ། །མཐོ་རིས་ཞེས་བྱ་བ་ནི་ལྷ་དང་མིའོ།། འགྲོ་བ་ཁོ་ནར་འགྱུར་ཞེས་བྱ་བ་ནི་དབང་ཕྱུག་གི་རྒྱུས་འགྲོ་བ་ཁོ་ནར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ།།དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་དམ་བཅས་པ་ཙམ་སྟེ། དབང་ཕྱུག་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ། ལ་ལའི་


DTG099_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་བ་ལང་རྫི་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་དེས་མཐོ་རིས་དང་ཐར་པ་དང༌། སེམས་ཅན་དམྱལ་བ་ལ་སོགས་པའི་རྒྱུ་བྱེད་པར་འགྱུར་རོ་ཞེས་ཇི་སྐད་སྨྲས་པ་དེ་ནི་དམ་བཅས་པ་ཙམ་སྟེ། དེའི་ཕྱིར་དེ་ནི་དེ་དག་གི་ཡིད་ལ་བསམས་པ་ཙམ་དུ་ཟད་དོ་ཞེས་སྟོན་ཏོ། །དེ་ལ་དེ་ནི་ཞེས་བྱ་བ་ནི་ཡོན་ཏན་བརྒྱད་དང་ལྡན་པའི་དབང་ཕྱུག་གང་ཡིན་པ་དེས་མཐོ་རིས་དང་ཐར་པ་དང༌། སེམས་ཅན་དམྱལ་བ་ལ་སོགས་པའི་རྒྱུ་བྱེད་པར་འགྱུར་རོ་ཞེས་ཇི་སྐད་སྨྲས་པ་དེ་ནིའོ། །དམ་བཅས་པ་ཙམ་སྟེ་ཞེས་བྱ་བ་ནི་དེ་དག་གི་ཡིད་ལ་བསམས་པ་ཙམ་དུ་ཟད་དེ། དེ་ལ་རྗེས་སུ་དཔག་པའི་གསལ་བ་དང༌། དེ་ཁོ་ན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཡང་དབང་ཕྱུག་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་བ་ལང་རྫི་བཞིན་ནོ་ཞེས་བྱ་བ་དཔེ་ཡིན་པར་སྦྱར་རོ། །དེ་ལ་དབང་ཕྱུག་ནི་ཞེས་བྱ་བ་ནི་དབང་ཕྱུག་རྒྱུར་འདོད་པ་དག་གིས་ཡོངས་སུ་བརྟགས་པ་དབང་ཕྱུག་ཅེས་བྱ་བ་ཡོན་ཏན་བརྒྱད་དང་ལྡན་པ་ཇི་སྐད་བསྟན་པ་གང་ཡིན་པ་དེ། དེ་ལ་བསྒྲུབ་པར་བྱ་བ་ཆོས་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ཡོད་པས་དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ་ཞེས་བྱ་བ་ནི། དབང་ཕྱུག་དེ་ཀུན་རྫོབ་ཏུ་ཡང་ཕྱི་ནང་གི་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་ན། དོན་དམ་པར་ལྟ་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་རུང་རེ་སྐན་ཞེས་བྱ་བའི་ཐ་ཚིག་གོ །དབང་ཕྱུག་དེ་བདེན་པ་གཉི་གར་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་བ་དགག་པ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །ལ་ལའི་དགའ་བ་དང་


DTG099_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ནི་ཁྱེད་ན་རེ། དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་ཟེར་བས། དེའི་ཕྱིར་དབང་ཕྱུག་ནི་འགྲོ་བ་མཐོ་རིས་སུ་བཏང་བ་ལ་ལའི་དགའ་བའི་རྒྱུ་ཡང་ཡིན་ལ། ངན་སོང་དུ་བཏང་བ་ལ་ལའི་ཡོངས་སུ་གདུང་བའི་རྒྱུ་ཡང་ཡིན་པའི་ཕྱིར་རོ། །འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་བ་སྟེ། དེ་ནི་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་བའི་སྒྲུབ་པའི་ཆོས་ཡིན་ནོ། །དཔེར་ན་བ་ལང་རྫི་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བ་ལང་རྫི་ནི་བ་ལང་གང་དག་ལ་རྩྭ་དང་ཆུ་དང་ཕྲུག་པ་ལ་སོགས་པས་ཕན་འདོགས་པར་བྱེད་པ་དེ་དག་གི་དགའ་བའི་རྒྱུ་ཡིན་ལ། བ་ལང་གང་དག་ལ་དབྱུག་པ་ལ་སོགས་པས་རྡེག་པར་བྱེད་པ་དེ་དག་གི་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་བ་དེ་བཞིན་དུ་དབང་ཕྱུག་ཀྱང་སེམས་ཅན་གང་དག་མཐོ་རིས་སུ་གཏོང་བ་དེ་དག་གི་དགའ་བའི་རྒྱུ་ཡིན་ལ། སེམས་ཅན་གང་དག་ངན་སོང་དུ་གཏོང་བ་དེ་དག་གི་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་ངོ༌། །གལ་ཏེ་དབང་ཕྱུག་ནི་མཐོ་རིས་དང་ངན་སོང་འཐོབ་པར་བྱེད་ནུས་པས་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པར་མ་གྲུབ་པས། སངས་རྒྱས་པ་རྣམས་ཀྱི་གཏན་ཚིགས་མ་གྲུབ་བོ་ཞེ་ན། འདི་ལྟར་དབང་ཕྱུག་གི་ཚིག་ནི་ཉེས་པར་སྨྲས་པ་ཡིན་པའི་ཕྱིར། དབང་ཕྱུག་ཏུ་སྨྲ་བ་དག་གིས་ཁོ་བོ་ཅག་མ་ཐུབ་ན་དབང་ཕྱུག་ཁོ་བོའི་དགའ་བའི་རྒྱུ་ཡིན་ལ། དབང་ཕྱུག་ཏུ་སྨྲ་བ་དག་གིས་གཞན་ཐུབ་པ་ན་དབང་ཕྱུག་གཞན་གྱི་ཡོངས་སུ་གདུང་བའི་རྒྱུ་ཡང་ཡིན་པས། ཁོ་བོའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། དེ་ནི་རེ་ཞིག་རྒྱུ་དགག་པ་ཡིན་ནོ། །ད་ནི་འབྲས་བུ་དགག་པར་བྱ་སྟེ། དེའི་ཕྱིར་ཡང་ན་འགྲོ་བ་ནི་རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་དབང་ཕྱུག་སྦྱིན་པས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་རྒྱུ་དབང་ཕྱུག་ཅེས་བྱ་བ་ལས་སྐྱེ་བ་མེད་དོ་ཞེས་འབྲས་བུ་


DTG099_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་སྟོན་ཏོ། །དེ་ལ་ཡང་ན་ཞེས་བྱ་བ་ནི་སྔར་དབང་ཕྱུག་རྒྱུ་མ་ཡིན་པར་བཀག་པས་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་པར་ཡང་མ་ཟད་དེ། ཡང་ན་འགྲོ་བ་རྣམས་དབང་ཕྱུག་གི་འབྲས་བུ་མ་ཡིན་པར་དགག་པ་འདིས་ཀྱང་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་པར་སྟོན་པ་ཡིན་ནོ། །འདིར་ཡང་འགྲོ་བ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་འདིས་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་དབང་ཕྱུག་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན། ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་འདིས་ནི་ཚད་མའི་འབྲས་བུ་ཡིན་པར་སྦྱར་རོ། །དེ་ལ་འགྲོ་བ་ཞེས་བྱ་བ་ནི་ཕྱི་དང་ནང་གི་འགྲོ་བ་མཐའ་དག་སྟེ་དེ་ལ་བསྒྲུབ་པར་བྱ་བ་ཆོས་རྒྱུ་བྱེད་པ་པེ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཉིས་ཡོད་པས་དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་ལ། རྒྱུ་ཞེས་བྱ་བ་ནི་འགྲོ་བ་བྱེད་པའི་རྒྱུ་སྟེ། བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གང་ཡིན་པའོ། །རྒྱུ་དེ་ཡང་གང་ཞེ་ན། དེའི་ཕྱིར་བྱེད་པ་པོ་ཞེས་བྱ་བ་སྨྲས་ཏེ། དབང་ཕྱུག་རྒྱུར་འདོད་པ་དག་གིས་ཡོངས་སུ་བརྟགས་པ་འགྲོ་བ་མཐའ་དག་གི་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གང་ཡིན་པའོ། །དེ་ཉིད་བསྟན་པའི་ཕྱིར་དབང་ཕྱུག་ཅེས་བྱ་བ་སྨྲས་ཏེ། རྒྱུ་བྱེད་པ་པོ་གང་ལ་མིང་དབང་ཕྱུག་ཅེས་བྱ་བ་ཡོད་པ་དེ་ནི་རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་ཡིན་ནོ། །གཅིག་པུ་དང་ལྡན་པ་ཞེས་བྱ་བ་ནི་འགྲོ་བའི་རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པར་བརྟགས་པ་སྟེ། གཅིག་པུ་ཞེས་བྱ་བ་གཞན་མེད་པའོ། །མ་ཡིན་པར་ངེས་ཏེ་ཞེས་བྱ་བ་ནི་དབང་ཕྱུག་རྒྱུར་འདོད་པ་དག་གིས་ཡོངས་སུ་བརྟགས་པ་རྒྱུ་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དེའི་འབྲས་བུ་འགྲོ་བ་མ་ཡིན་པར་ངེས་པ་སྟེ། དེ་ནི་འགྲོ་བ་དབང་ཕྱུག་གི་འབྲས་བུ་མ་ཡིན་པར་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་


DTG099_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འགྲོ་བ་རྣམས་ནི་གཞལ་བར་བྱ་བ་དང་ཡོངས་སུ་གཅད་པར་བྱ་བ་དང༌། རྟོགས་པར་བྱ་བ་ཡིན་པའི་ཕྱིར། དབང་ཕྱུག་གི་འབྲས་བུ་མ་ཡིན་པ་སྟེ། དེ་ནི་འགྲོ་བ་དབང་ཕྱུག་གི་འབྲས་བུ་མ་ཡིན་པར་སྒྲུབ་པའི་ཆོས་ཡིན་ནོ། །དཔེར་ན་དབང་ཕྱུག་བཞིན་པས་ཞེས་བྱ་བ་ནི། དཔེར་ན་ཁྱེད་ཀྱི་གཞུང་ལས་ཀྱང༌། དབང་ཕྱུག་ནི་བསམ་གཏན་པ་བློ་མཉམ་པར་གཞག་པ། རྣལ་འབྱོར་གོམས་པར་བྱ་བ་རྣམས་ཀྱི་གཞལ་བྱ་ཡིན་ནོ་ཞེས་ཟེར་བ་ལ། ཁོ་བོའི་གཞུང་ལས་ཀྱང་ཀུན་རྫོབ་ཏུ་དབང་ཕྱུག་ཅེས་བྱ་བའི་ཚིག་གི་དོན་ལ་གཞལ་བྱ་ཉིད་ཡོད་པས། དེའི་ཕྱིར་ཇི་ལྟར་དབང་ཕྱུག་གཞལ་བྱ་ཡིན་པའི་ཕྱིར་དབང་ཕྱུག་ཉིད་དབང་ཕྱུག་ཉིད་ཀྱི་བྱེད་པ་པོ་མ་ཡིན་ཏེ། བདག་ཉིད་ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བྱ་བ་བཞིན་དུ་དབང་ཕྱུག་དེ་འགྲོ་བའི་བྱེད་པ་པོ་ཡང་མ་ཡིན་པས། དེའི་ཕྱིར་འགྲོ་བ་ནི་རྒྱུ་བྱེད་པ་པོ་དག་དབང་ཕྱུག་ཅེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་སོ། །ཚད་མའི་འབྲས་བུ་བསྟན་པའི་ཕྱིར། ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དོན་དམ་པར་ལྟ་ཞོག་གི་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དབང་ཕྱུག་དེ་ལས་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དབང་ཕྱུག་རྒྱུ་ཡིན་ན་ཡང་འབྲས་བུའི་བདག་གི་བདག་ཉིད་དམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན་གང་ཡང་རུང་བ་ཞིག་ཏུ་རྟོག་ན་ཡང་དགག་པ་སྔར་སྨྲས་པའི་ཕྱིར་དང༌། ཡོད་པ་དང་མེད་པ་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར། དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་དབང་ཕྱུག་རྒྱུ་ཉིད་ཡིན་པར་འདོད་ན་ཡང༌། ཅི་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་གི་བདག་ཉིད་དམ་དེ་ལས་གཞན་དུ་གྱུར་པའམ། གཉིས་ཀར་གྱུར་པ་ཞིག་ཏུ་བརྟག་གྲང་ན། དེ་ལ་འབྲས་བུའི་བདག་གི་བདག་ཉིད་ཡིན་ན་ནི་བདག་ལས་སྐྱེ་བ་དགག་པ་སྔར་སྨྲས་པ་བཀག་ཟིན་ལ། དེ་ལས་གཞན་དུ་གྱུར་པ་ཡིན་ན་ཡང་གཞན་ལས་སྐྱེ་བ་དགག་པ་སྔར་སྨྲས་པ་བཀག་ཟིན། གཉི་གར་གྱུར་པ་ཞིག་ཡིན་ན་ཡང༌། གཉིས་ལས་སྐྱེ་བ་དགག་པ་སྔར་སྨྲས་པ་བཀག་ཟིན་པའི་ཕྱིར།


DTG099_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ། །འགྲོ་བ་ཡང་ཡོད་པའམ་མེད་པ་ཞིག་དབང་ཕྱུག་ལས་སྐྱེ་བར་བརྟག་གྲང་ན། དེ་ཡང༌། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་འོག་ནས་འགོག་པར་འགྱུར་བའི་ཕྱིར་དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ་ཞེས་སྟོན་ཏོ། །དེ་ལ་དབང་ཕྱུག་རྒྱུ་ཡིན་ནའང༌། །ཞེས་བྱ་བ་ལ་སོགས་པས་ནི་སྔར་རྒྱུ་དགག་པའི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དེའི་གསལ་བ་དང་དེ་ཁོ་ན་སྟོན་ཏོ། །དེ་ལ་དབང་ཕྱུག་རྒྱུ་ཡིན་ནའང༌། །ཞེས་བྱ་བ་ནི་གལ་ཏེ་དབང་ཕྱུག་རྒྱུར་འདོད་པ་དག་གི་གཞུང་ལྟར་དབང་ཕྱུག་དངོས་པོ་རྣམས་ཀྱི་རྒྱུ་ཡིན་དུ་ཟིན་ན་ཡང་ངོ༌། །འབྲས་བུའི་བདག་གི་བདག་ཉིད་དམ་ཞེས་བྱ་བ་ནི་རྒྱུ་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་གི་བདག་ཉིད་ཡིན་ནམ་ཞེས་གལ་གཟུང་བ་ཡིན་ནོ། །གཞན་དུ་གྱུར་པའམ་ཞེས་བྱ་བ་ནི་ཡང་ན་རྒྱུ་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་ལས་གཞན་དུ་གྱུར་པ་ཞིག་ཡིན་ནམ་ཞེས་གལ་གཟུང་བ་ཡིན་ནོ། །གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན་ཞེས་བྱ་བས་ནི་ཡང་ན་རྒྱུ་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་གི་བདག་ཉིད་ཀྱང་ཡིན་ལ། གཞན་དུ་གྱུར་པ་ཡང་ཡིན་པ་ཞིག་ཏུ་འགྱུར་གྲང་ན་ཞེས་གལ་གཟུང་བ་ཡིན་ནོ། །གང་ཡང་རུང་བ་ཞིག་ཏུ་རྟོག་ན་ཡང་ཞེས་བྱ་བ་ནི་གལ་སྔ་མ་གསུམ་ལས་གང་ཡང་རུང་བ་གཅིག་ཏུ་རྟོག་ན་ཡང་ངོ༌། །དེ་ལྟར་རྟོག་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཕྱིར་དགག་པ་སྔར་སྨྲས་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེ་ལ་འབྲས་བུའི་བདག་གི་བདག་ཉིད་ཡིན་ན་ནི་བདག་ལས་སྐྱེ་བ་དགག་པ་སྔར་སྨྲས་པའི་ཕྱིར་ཏེ། འབྲས་བུའི་བདག་གི་བདག་ཉིད་ཡིན་པར་གྱུར་ན་རྒྱུ་དབང་ཕྱུག་དེའི་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཡིན་པས། དེ་ལྟར་ན་དབང་ཕྱུག་ལས་དབང་ཕྱུག་སྐྱེ་བའམ། འཇིག་རྟེན་གསུམ་ལས་འཇིག་རྟེན་གསུམ་སྐྱེ་བར་འགྱུར་བས་དེའི་དགག་པ་ནི་སྔར་བདག་ལས་སྐྱེ་བ་མེད་པར་དགག་པའི་སྐབས་སུ། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བཤད་པའི་རིགས་པས་འདིར་ཡང་


DTG099_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པར་དབང་ཕྱུག་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བའམ། དོན་དམ་པར་འཇིག་རྟེན་གསུམ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གཞན་དུ་གྱུར་པ་ཡིན་ན་ཡང༌། གཞན་ལས་སྐྱེ་བ་དགག་པ་སྔར་སྨྲས་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་གཞན་དུ་གྱུར་པ་ཡིན་པར་གྱུར་ན་རྒྱུ་དབང་ཕྱུག་དེ་ལ་འབྲས་བུ་འཇིག་རྟེན་གསུམ་ལས་གཞན་དུ་གྱུར་པ་ཡིན་པས། དེ་ལྟར་ན་དབང་ཕྱུག་ལས་འཇིག་རྟེན་གསུམ་སྐྱེ་བའམ། འཇིག་རྟེན་གསུམ་གྱི་རྐྱེན་དབང་ཕྱུག་ཡིན་པར་འགྱུར་བས་དེའི་དགག་པ་ཡང་སྔར་གཞན་ལས་སྐྱེ་བ་མེད་པར་དགག་པའི་སྐབས་སུ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བཤད་པའི་རིགས་པས་འདིར་ཡང་དོན་དམ་པར་འཇིག་རྟེན་གསུམ་དེ་དག་གི་རྐྱེན་དབང་ཕྱུག་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པ་འཇིག་རྟེན་གསུམ་འགྲུབ་པར་བྱེད་པ་དབང་ཕྱུག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གཉི་གར་གྱུར་པ་ཡིན་ན་ཡང་གཉིས་ལས་སྐྱེ་བ་དགག་པ་སྔར་སྨྲས་པའི་ཕྱིར་ཏེ། འཇིག་རྟེན་གསུམ་གྱི་ནུས་པ་ནི་དབང་ཕྱུག་ཡིན་པས། ནུས་པ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་ལ། འཇིག་རྟེན་གསུམ་གྱི་གསལ་བ་ནི་དབང་ཕྱུག་ལས་གཞན་ཡིན་པས་གསལ་བ་ལས་སྐྱེ་བ་ནི་གཞན་ལས་སྐྱེ་བ་ཡིན་ནོ་ཞེས་ཟེར་ན་དེའི་དགག་པ་ཡང་སྔར་གཉིས་ལས་སྐྱེ་བ་མེད་པ་དགག་པའི་སྐབས་སུ། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་དང༌། གཉིས་ལས་སྐྱེ་བ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་


DTG099_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ་ཞེས་བཤད་པའི་རིགས་པས། འདིར་དབང་ཕྱུག་ལས་འཇིག་རྟེན་གསུམ་གྱི་ནུས་པ་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་དབང་ཕྱུག་ལས་འཇིག་རྟེན་གསུམ་གྱི་གསལ་བ་ཡང་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པ་དབང་ཕྱུག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ།། །།བམ་པོ་བཅུ་བཞི་པ། ཡོད་པ་དང་མེད་པ་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྔར་འབྲས་བུ་དགག་པའི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དེ་གསལ་བ་དང་དེ་ཁོ་ན་སྟོན་ཏོ། །འདི་སྐད་བསྟན་ཏེ། ཕ་རོལ་པོ་ལ་འདི་སྐད་ཅེས། ཅི་འགྲོ་བ་ཡོད་པ་དབང་ཕྱུག་ལས་སྐྱེ་བར་འདོད་དམ། འོན་ཏེ་མེད་པ་དབང་ཕྱུག་ལས་སྐྱེ་བར་འདོད་ཅེས་དྲི་བར་བྱའོ། །དེ་སྐད་ཅེས་དྲིས་པ་ན། གལ་ཏེ་འགྲོ་བ་ཡོད་པ་དབང་ཕྱུག་ལས་སྐྱེའོ་ཞེས་ཟེར་ན། དེའི་ཕྱིར་ཡོད་པ་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འོག་ནས། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། ཞེས་འབྱུང་བས། འགྲོ་བ་ཡོད་པ་ནི་གྲུབ་པ་ཡིན་པའི་ཕྱིར་ཏེ། རྐྱེན་དབང་ཕྱུག་གིས་ཅི་ཞིག་བྱ་ཞེས་སྟོན་པར་འགྱུར་བས། འགྲོ་བ་ཡོད་པ་ནི་རྐྱེན་དབང་ཕྱུག་ལས་སྐྱེ་བ་མེད་དོ། །གལ་ཏེ་འགྲོ་བ་མེད་པ་དབང་ཕྱུག་ལས་སྐྱེའོ་ཞེས་ཟེར་ན། དེའི་ཕྱིར་མེད་པ་སྐྱེ་བ་ཡང་འགོག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་སྨྲས་སོ། །འོག་ནས། མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་འབྱུང་བས། འགྲོ་བ་མེད་ན་དབང་ཕྱུག་དེ་གང་གི་རྐྱེན་དུ་འགྱུར་ཏེ། དཔེར་ན་རི་བོང་གི་རྭ་མེད་པའི་རྐྱེན་དུ་གང་ཡང་མི་འགྱུར་བ་བཞིན་ནོ་ཞེས་སྟོན་པར་འགྱུར་བས། འགྲོ་བ་མེད་པ་ཡང་རྐྱེན་དབང་ཕྱུག་ལས་སྐྱེ་བ་མེད་དོ། །དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་རྒྱུ་དགག་པ་དང་འབྲས་བུ་དགག་པའི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དེ་གཉི་གའི་མཇུག་བསྡུ་བ་ཡིན་ནོ། །འདིར་དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ་ཞེས་མཇུག་བསྡུ་བ་བྱས་པ་དེའི་བསམ་པ་གང་


DTG099_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། རེ་ཞིག་ཀུན་རྫོབ་ཏུ་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བར་ཁས་ལེན་ཏམ་ཞེ་ན། དེའི་ཕྱིར་འདིར་དོན་དམ་པར་དངོས་པོ་རྣམས་དབང་ཕྱུག་ལས་སྐྱེ་བ་མེད་དོ་ཞེས་འགོག་པར་བྱེད་ཅེ་ན། དེའི་ཕྱིར་ཅི་སྟེ་སེམས་ཅན་དང་སྣོད་དུ་བགྲང་བའི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་དབང་ཕྱུག་ཅེས་བྱ་སྟེ། གནས་པ་དང༌། འབྱུང་བ་དང༌། འཇིག་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། ཡར་སྐྱེ་བ་དང༌། མར་དབྲི་བ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེ་ན་ཡང༌། ཐ་སྙད་ཀྱི་ཕྱོགས་ལ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཅི་སྟེ་དབང་ཕྱུག་རྒྱུར་འདོད་པ་དག་ཀུན་རྫོབ་ཏུ་སེམས་ཅན་དང་སྣོད་དུ་བགྲང་བའི་འཇིག་རྟེན་སྣ་ཚོགས་འགྲུབ་པའི་རྒྱུའི་ལས་དགེ་བ་དང༌། མི་དགེ་བ་དབང་ཕྱུག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་དང༌། འབྱུང་བ་དང༌། འཇིག་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། ཡར་སྐྱེ་བ་དང༌། མར་འབྲི་བ་བསྐྱེད་པའི་ཕྱིར་རོ་ཞེ་ན་ཡང༌། ཀུན་རྫོབ་ཀྱི་ཕྱོགས་ལ་ལས་དགེ་བ་དང༌། མི་དགེ་བའི་རྒྱུས་འཇིག་རྟེན་སྣ་ཚོགས་པ་འགྲུབ་པར་སངས་རྒྱས་པའི་གཞུང་ལ་ཡང་གྲུབ་པས། དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་དབང་ཕྱུག་རྒྱུར་འདོད་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ནོ། །སེམས་ཅན་དུ་བགྲང་བའི་འཇིག་རྟེན་གྱིས་ནི་འགྲོ་བ་དྲུག་ཏུ་སྐྱེ་བའི་འཇིག་རྟེན་གང་ཡིན་པ་གཟུང་ངོ༌། །སྣོད་དུ་བགྲང་བའི་འཇིག་རྟེན་གྱིས་ནི་རླུང་དང་ཆུ་དང་གསེར་གྱི་དཀྱིལ་འཁོར་དང༌། སེམས་ཅན་དམྱལ་བ་དང༌། གླིང་དང་རི་རབ་ལ་སོགས་པ་རི་རྣམས་དང༌། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་གཞལ་མེད་ཁང་གི་མཚན་ཉིད་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་གཟུང་ངོ༌། །སེམས་ཅན་དང་སྣོད་དུ་བགྲང་བའི་འཇིག་རྟེན་དེའི་སྣ་ཚོགས་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་ཚད་ཀྱི་མོས་པས་མཚན་ཉིད་མི་འདྲ་བ་གང་ཡིན་པའོ། །སྣ་ཚོགས་དེའི་རྒྱུའི་ལས་ཞེས་བྱ་བ་སྣ་ཚོགས་དེ་མངོན་པར་འགྲུབ་པའི་རྒྱུ་སེམས་ཅན་དེ་དག་ཉིད་ཀྱི་སྤྱི་མཐུན་གྱི་ལས་དགེ་བ་དང་མི་དགེ་བ་གང་ཡིན་པའོ། །ལས་དེ་ཉིད་དབང་ཕྱུག་ཅེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གནས་པ་ལ་


DTG099_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ་ཞེས་དེ་ལ་གནས་པ་ཞེས་བྱ་བ་ནི་བསྐལ་པ་བར་མ་ཉི་ཤུར་འཇིག་རྟེན་གནས་པའི་མཚན་ཉིད་དོ། །འབྱུང་བ་ཞེས་བྱ་བ་ནི་དང་པོ་རླུང་གི་དཀྱིལ་འཁོར་འབྱུང་བ་ནས་སེམས་ཅན་དམྱལ་བ་འབྱུང་བའི་བར་དུ་འཇིག་རྟེན་ཆགས་པའི་མཚན་ཉིད་དོ། །འཇིག་པ་ཞེས་བྱ་བ་འདི་ལྟ་སྟེ། འཇིག་པའི་བསྐལ་པ་འབྱུང་བའི་ཚེ། སེམས་ཅན་དམྱལ་བ་ལ་སོགས་པ་མེད་པས་སྣོད་ཀྱི་འཇིག་རྟེན་འཇིག་པའོ། །བདེ་བ་ཞེས་བྱ་བ་ནི་ལྷ་དང་མིའི་བདེ་བའོ། །སྡུག་བསྔལ་ཞེས་བྱ་བ་ནི་འཁོར་བའི་སྡུག་བསྔལ་ལོ།། ཡར་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་དགུའི་ཚེ་ལོ་བཅུ་པ་ནས་ལོ་བརྒྱད་ཁྲི་ལ་ཐུག་པའི་བར་དུ་ཡར་སྐྱེ་བའོ། །མར་འབྲི་བ་ཞེས་བྱ་བ་ནི་བསྐལ་པ་དང་པོ་ལ་སྐྱེ་དགུའི་ཚེ་ལོ་གྲངས་དཔག་ཏུ་མེད་པ་ནས་ལོ་བཅུ་པ་ལ་ཐུག་གི་བར་དུ་མར་འབྲི་བའོ། །སྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་གནས་པ་ལ་སོགས་པ་ཇི་སྐད་སྨོས་པ་དེ་དག་ལས་ཀྱིས་སྐྱེད་པར་བྱེད་པའི་ཕྱིར། སེམས་ཅན་དང་སྣོད་དུ་བགྲང་བའི་ཕྱིར་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་གང་ཡིན་པ་དེ་ཉིད་དབང་ཕྱུག་ཡིན་ནོ་ཞེ་ན་ཡང་ངོ༌། །དེ་སྐད་ཅེས་ཟེར་ན། དེ་ནི་ཐ་སྙད་ཀྱི་ཕྱོགས་ལ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་འདིར་བྱེད་པ་པོ་ཉིད་ཀྱི་ཕྱིར་ནི་སངས་རྒྱས་པ་ལ་ཡང་ལས་ཀྱི་དབང་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ། །དོན་དམ་པར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསམས་ཏེ་སྨྲས་པ་ཡིན་ཏེ། སངས་རྒྱས་པ་ལ་ཐ་སྙད་ཀྱི་ཕྱོགས་ལ་ནི་སེམས་ཅན་དང༌། སྣོད་དུ་བགྲང་བའི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་དབང་ཕྱུག་ཡིན་པར་གྲུབ་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ལས་ཀྱི་སྐྱེ་བ་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། གང་ལ་ལས་མེད་པ་དང་ལས་ཀྱི་འབྲས་བུ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ལ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པའི་རིགས་དེ་ལ་ནི་ལུས་ཀྱི་ལས་མི་བྱེད། ངག་གི་ལས་མི་བྱེད། ཡིད་ཀྱི་ལས་མི་བྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཞན་གྱིས་ཀྱང་ཁོ་བོས་སངས་རྒྱས་པ་ལ་དགའ་བས་ལས་


DTG099_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མིང་དབང་ཕྱུག་ཅེས་བྱའོ་ཞེས་སྨྲ་བར་མི་ནུས་ཏེ། འདི་ལྟར་གཞན་དབང་ཕྱུག་ལས་ཡིན་པར་མི་འདོད་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་ཐོག་མ་མེད་པའི་དུས་ཀྱི་ལས་དང༌། ཉོན་མོངས་པའི་མཚན་ཉིད་ཇི་སྐད་སྨྲས་པའི་རྒྱུ་ཡིན་པ་དེ་ལྟར་ཡོངས་སུ་མ་ཤེས་པས། བསྐལ་པའི་དང་པོ་ནས་དབང་ཕྱུག་འཇིག་རྟེན་གསུམ་གྱི་བྱེད་པ་པོ་ཉིད་དུ་བརྟགས་ལ། ཁྱོད་བདག་ཅེས་བྱ་བ་ནི་མ་བྱས་པར་འདོད་པས་དེའི་ཕྱིར་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཉིད་མ་ཡིན་ནོ། །བདག་དེ་ལ་ཡང་བློ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། འདོད་པ་དང༌། ཞེ་སྡང་དང༌། ཆོས་དང༌། ཆོས་མ་ཡིན་པ་ལ་སོགས་པའི་ཡོན་ཏན་དག་ཀྱང་ཡོད་ལ། དབང་ཕྱུག་ལུས་གང་གིས་བདེ་བ་དང་སྡུག་བསྔལ་དམིགས་པའི་ལུས་དེ་ཡང་ཆོས་དང་ཆོས་མ་ཡིན་པའི་རྒྱུས་མངོན་པར་གྲུབ་པ་ཡིན་པས། དེའི་ཕྱིར་ཇི་ལྟར་དབང་ཕྱུག་དང་བདག་གི་ལུས་ཆོས་དང་ཆོས་མ་ཡིན་པའི་རྒྱུ་ལས་སྐྱེ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་བསྐལ་པ་དང་པོའི་ལུས་ཀྱང་སྔོན་བྱས་པའི་ཆོས་དང་ཆོས་མ་ཡིན་པའི་རྒྱུ་ལས་འབྱུང་བར་འགྱུར་ཏེ། བདེ་བ་དང་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་སེམས་ཅན་རྣམས་ཀྱི་ལུས་གང་ཡིན་པ་བཞིན་ནོ། །གཞན་ཡང་དབང་ཕྱུག་གི་ཡོན་ཏན་བརྒྱད་སྨྲས་པ་གང་ཡིན་པ་དེ་ཡང་ཅི་བསོད་ནམས་ཀྱིས་ཐོབ་བམ། འོན་ཏེ་བསོད་ནམས་མེད་པས་ཐོབ། །གལ་ཏེ་བསོད་ནམས་ཀྱིས་དེ་ཐོབ་ན་ནི་དེས་ན་བསོད་ནམས་ལ་རག་ལུས་པའི་ཕྱིར། དབང་ཕྱུག་དེ་འཇིག་རྟེན་གསུམ་སྐྱེ་བའི་རྒྱུ་མ་ཡིན་ཏེ། དཔེར་ན་སེམས་ཅན་བསོད་ནམས་དང་ལྡན་པ་གཞན་བཞིན་ནོ། །འོན་ཏེ་བསོད་ནམས་མེད་པས་དེ་འཐོབ་པར་འདོད་ན་ནི། དེས་ན་དབང་ཕྱུག་རྒྱུ་མ་ཡིན་ཏེ། དཔེར་ན་བསོད་ནམས་མེད་པ་གཞན་བཞིན་ནོ། །གཞན་ཡང་འདི་ལ་ཁྱོད་ཀྱི་དབང་ཕྱུག་དེ་ཅི་ཤེས་པ་ཡོད་དམ། འོན་ཏེ་ཤེས་པ་མེད་པ་ཡིན། །གལ་ཏེ་ཤེས་པ་ཡོད་པར་འདོད་ན་ནི། དེས་ན་ས་དང༌། རི་དང༌། ལུང་དང༌། ཨནད་རྙིལ་དང༌། བོང་བ་དང༌། ཤིང་ལ་སོགས་པ་ཡོ་བྱད་རྣམས་ཀྱང་ཤེས་པ་ཡོད་པ་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། འདི་ལྟར་རྒྱུའི་ངོ་བོ་ཉིད་ཁོ་ན་བཞིན་དུ་འབྲས་བུ་


DTG099_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་ཨ་མྲ་ས་བོན་མངར་པོ་ལས་ཨ་མྲའི་འབྲས་བུ་མངར་པོ་ཁོ་ན་སྐྱེ་བར་མཐོང་བ་དང༌། ས་བོན་སྐྱུར་བོ་ལས་འབྲས་བུ་སྐྱུར་པོ་ཁོ་ན་སྐྱེ་བར་མཐོང་བ་དང༌། ཀུ་བའི་ས་བོན་ཁ་བ་ལས་ཀུ་པའི་འབྲས་བུ་ཁ་བ་ཁོ་ན་སྐྱེ་བར་འགྱུར་བ་ལྟ་བུ་ཡིན་ནོ། །ས་དང༌། རི་དང༌། ལུང་དང༌། ཨནད་རྙིལ་དང༌། བོང་བ་དང༌། ཤིང་ལ་སོགས་པ་དེ་དག་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་པས་དེའི་ཕྱིར་དབང་ཕྱུག་ནི་དེ་དག་གི་རྒྱུ་མ་ཡིན་ནོ། །ཅི་སྟེ་ཤས་པ་ཡོད་པ་ཉིད་མ་ཡིན་པར་འདོད་ན་ནི། དེས་ན་མཚན་ཉིད་ལས་རྒྱུའི་ཡོན་ཏན་སྔོན་དུ་འགྲོ་བ་ནི་འབྲས་བུའི་ཡོན་ཏན་ཡིན་པར་མཐོང་བས། དེས་ན་འགྲོ་བ་དྲུག་ཏུ་སྐྱེས་པའི་སེམས་ཅན་རྣམས་ཀྱང་ཤེས་པ་ཡོད་པ་ཉིད་མ་ཡིན་པར་འགྱུར་བས་དེའི་ཕྱིར་དབང་ཕྱུག་དེ་དག་གི་རྒྱུ་མ་ཡིན་ནོ། །གཞན་ཡང་གལ་ཏེ་དབང་ཕྱུག་འཇིག་རྟེན་གསུམ་གྱི་རྒྱུ་ཡིན་པར་འདོད་ན་འཇིག་རྟེན་གསུམ་ཡང་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ་པར་འགྱུར་བའི་རིགས་ན། །འཇིག་རྟེན་གསུམ་གྱིས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པར་མ་མཐོང་བས་དེའི་ཕྱིར་དབང་ཕྱུག་འགྲོ་བའི་བྱེད་པ་པོ་མ་ཡིན་ནོ། །གཞན་ཡང་འདི་ན་ལས་དགེ་བ་དང༌། མི་དགེ་བ་གང་ཡིན་པ་དེ་ཅི་དབང་ཕྱུག་གིས་བྱེད་དམ། འོན་ཏེ་འཇིག་རྟེན་གྱིས་བྱེད་པར་འདོད། གལ་ཏེ་དབང་ཕྱུག་གིས་བྱེད་པར་འདོད་ན་ནི་དེ་ལྟ་ན་དབང་ཕྱུག་དེ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གལ་ཏེ་འཇིག་རྟེན་གྱིས་བྱེད་པར་འདོད་ན་ནི་དེ་ལྟ་ན་ཡང་དབང་ཕྱུག་གིས་བྱས་པ་ཆུད་ཟ་བ་དང་འཇིག་རྟེན་མ་བྱས་པ་དང་ཕྲད་པར་འགྱུར་རོ། །ཅི་སྟེ་དབང་ཕྱུག་ལས་ཀྱི་བྱེད་པ་པོ་ཉིད་ཡིན་པར་མི་འདོད་ན། འོ་ན་ནི་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཉིད་མ་ཡིན་པས་དེས་ན་དབང་ཕྱུག་ལས་ཀྱི་དངོས་པོའི་བྱེད་པ་པོ་མ་ཡིན་ལ། དེ་བཞིན་དུ་དབང་ཕྱུག་དངོས་པོ་གཞན་གྱི་བྱེད་པ་པོ་ཡང་མ་ཡིན་པར་འགྱུར་རོ། །གལ་ཏེ་དབང་ཕྱུག་གི་ཚིག་གིས་འཇིག་རྟེན་ལས་བྱེད་ན་ནི། དེ་ལྟར་ན་རྔོན་པ་ལ་སོགས་པས་བྱས་པའི་ལས་ཀྱིས་རྔོན་པ་ལ་སོགས་པ་ངན་སོང་དུ་འགྲོ་བ་དང་འདྲ་བར། དབང་ཕྱུག་ཀྱང་ངན་སོང་དུ་འགྲོ་བར་ཐལ་བར་འགྱུར་རོ།།


DTG099_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གལ་ཏེ་དབང་ཕྱུག་ཐམས་ཅད་ཀྱི་རྒྱུ་ཡིན་ན་དབང་ཕྱུག་དེ་སྡུག་བསྔལ་གྱི་རྒྱུ་ཡང་ཡིན་ལ། དབང་ཕྱུག་ནི་རྟག་པར་འདོད་པས། རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་བའི་ཕྱིར། དེས་ན་སྡུག་བསྔལ་ཡང་རྟག་པར་འགྱུར་བའི་ཕྱིར། སྡུག་བསྔལ་གྱི་མཐའ་མེད་པར་འགྱུར་ཏེ། དཔེར་ན་ཚ་བའི་རྒྱུ་མེ་འབར་ན་ཚ་བའི་ངོ་བོ་ཉིད་རྒྱུན་མི་འཆད་པ་བཞིན་ནོ། །གཞན་ཡང་འདི་ལ་དབང་ཕྱུག་གཅིག་པུར་འདོད་ན་དེ་སྣ་ཚོགས་སུ་ཇི་ལྟར་འགྱུར་ཏེ། དེས་ན་འཇིག་རྟེན་གསུམ་ཡང་གཅིག་པ་ཉིད་དང༌། ཆ་ཤས་མེད་པ་ཉིད་དང༌། ཆ་ཕྲ་བ་ཉིད་དུ་འགྱུར་བ་ཞིག་ན། དེ་ལྟར་མ་ཡིན་པས། དེའི་ཕྱིར་དབང་ཕྱུག་འགྲོ་བའི་བྱེད་པ་པོ་མ་ཡིན་ནོ། །གལ་ཏེ་དབང་ཕྱུག་ནི་གཅིག་པུ་ཁོ་ན་ཡིན་ཡང་དེའི་འདོད་པ་སྣ་ཚོགས་ཡིན་པས། འཇིག་རྟེན་གསུམ་སྣ་ཚོགས་ཉིད་དུ་གྱུར་རོ་ཞེས་ཟེར་ན། དེའི་ཕྱིར་སྨྲས་པ་གང་ལ་འདོད་པ་སྣ་ཚོགས་མཐོང་བ་དེ་ལ་གཅིག་པ་ཉིད་མེད་དེ། དཔེར་ན་སྐྱེ་བོའི་ཚོགས་བཞིན་པས་དེའི་ཕྱིར་དབང་ཕྱུག་ཀྱང་བྱེད་པ་པོ་ཉིད་དུ་མི་འགྱུར་རོ། །གཞན་ཡང་དབང་ཕྱུག་རྟག་པ་དང༌། ཆ་ཕྲ་བ་དང་ཆ་ཤས་མེད་པ་ཉིད་དུ་འདོད་ན་རྒྱུ་དང་འདྲ་བར་འབྲས་བུ་འབྱུང་བས་དེས་ན་འཇིག་རྟེན་གསུམ་ཡང་རྟག་པ་དང༌། ཆ་ཕྲ་བ་དང་ཆ་ཤས་མེད་པར་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་དབང་ཕྱུག་འགྲོ་བའི་བྱེད་པ་པོ་མ་ཡིན་ནོ། །གཞན་ཡང་དབང་ཕྱུག་ཐམས་ཅད་དུ་སོང་བར་འདོད་ན་འཇིག་རྟེན་གསུམ་མང་བའི་ཕྱིར་དབང་ཕྱུག་ཀྱང་མང་པོ་ཉིད་དུ་འགྱུར་བས་དེས་ན་གཅིག་པ་ཉིད་མེད་དོ། །ཅི་སྟེ་གཅིག་པ་ཉིད་དུ་འདོད་ན་ནི་ཐམས་ཅད་དུ་སོང་བ་ཉིད་མེད་དོ། །གཞན་ཡང་དབང་ཕྱུག་ནི་ཆ་ཕྲ་བར་འདོད་ལ། ཐམས་ཅད་དུ་སོང་བ་ནི་རགས་པ་དག་ཡིན་ན་ཇི་ལྟར་དབང་ཕྱུག་དབང་ཐམས་ཅད་དུ་སོང་བ་ཡིན། ཅི་སྟེ་ཐམས་ཅད་དུ་སོང་བ་ཡིན་ན་ནི་ཇི་ལྟར་ཆ་ཕྲ་བ་ཡིན། ནམ་མཁའ་བཞིན་དུ་གཅིག་ཡིན་ཡང་ཐམས་ཅད་དུ་སོང་བ་ཉིད་དུ་ནི་མི་རུང་སྟེ། འདི་ལྟར་དངོས་པོ་རྣམས་ནམ་མཁའ་དང་མཉམ་པ་ཉིད་ཡིན་ན་མ་སྐྱེས་པའི་ཕྱིར་བོང་བུའི་རྭ་བཞིན་ནོ། །གཞན་ཡང་དབང་ཕྱུག་གིས་རྩེད་མོའི་དོན་དུ་འཇིག་རྟེན་འབྱིན་པར་བྱེད་དམ། རྒྱུ་མེད་པར་འབྱིན་པར་བྱེད་གྲང་ན། གལ་ཏེ་རྩེད་མོའི་


DTG099_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་འཇིག་རྟེན་འབྱིན་པར་བྱེད་ན་ནི་དགའ་བ་སྐྱེ་བས་དེས་ན་དགའ་བ་ལ་རག་ལུས་པའི་ཕྱིར་དབང་ཕྱུག་མ་ཡིན་ནོ། །གཞན་ཡང་དབང་ཕྱུག་དེའི་དགའ་བ་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང༌། གཤེགས་པ་དང༌། བསྲེག་པ་དང༌། བཙོ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བ་དང༌། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་འཇིགས་པ་དག་གིས་བདེ་བ་མ་ཐོབ་པ་དང༌། །ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་ལ་སོགས་པས་ཉམ་ཐག་པར་གྱུར་པ་དང༌། མི་རྣམས་ཀྱི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། མྱ་ངན་དང༌། སྡུག་བསྔལ་གྱིས་ཉེན་པ་དག་ཕྱུང་བས་སྐྱེ་བར་འགྱུར་ན་ནི་དེ་སྲིན་པོ་ཡིན་པས་ཇི་ལྟར་ཞི་བར་འགྱུར། འོན་ཏེ་དེའི་དགའ་བ་ཉིད་སྙིང་རྗེ་ལས་སྐྱེ་བར་འགྱུར་ན་ནི་སྙིང་རྗེ་ལ་དེ་ལྟ་བུའི་སྡུག་བསྔལ་འབྱིན་པ་མེད་དོ། །གཞན་ཡང་ཕྱུག་པོ་དང༌། དབུལ་པོ་དང༌། ནད་མེད་པ་དང༌། ནད་མང་བ་དང༌། གཏོང་ཕོད་པ་དང༌། སེར་སྣ་ཅན་དང༌། ཚེ་ཐུང་བ་དང༌། ཚེ་རིང་བ་དང༌། བླུན་པོ་དང༌། མཁས་པ་དང༌། ཆོས་དང༌། ཚུལ་ཁྲིམས་ལ་སོགས་པའི་དབྱེ་བས་འཇིག་རྟེན་འབྱིན་པར་བྱེད་པ་ལ་དགའ་བ་དང་སྙིང་རྗེ་མེད་དོ། །ཡང་ན་དབང་ཕྱུག་རྣམས་ཀྱི་ཀུན་དུ་སྤྱོད་པ་དེ་ལྟ་བུ་ཡིན་ཏེ། དཔེར་ན་རྒྱལ་པོ་དང༌། དཔོན་པོ་དག་གལ་ཏེ་མ་ལེགས་པ་བྱེད་པ་ན་དེའི་གཡོག་འཁོར་རྣམས་མ་ནོགས་སོ་ཞེས་ཟེར་ཞིང༌། དེ་སུས་ཀྱང་ཟློག་པར་མི་བྱེད་པ་བཞིན་དུ་ཁྱོད་ཀྱང་དེ་དང་འདྲ་བ་ཡིན་ནོ། །གཞན་ཡང་འདི་ནི་བྱེད་པ་པོ་དང་བཅས་པ་གང་ཡིན་པ་དེ་ནི་དཔག་ཏུ་ཡོད་པར་སྣང་སྟེ། དཔེར་ན་རྫ་མཁན་གྱིས་བྱས་པའི་བུམ་པ་ནི་འདི་སྙེད་དོ། །ཐ་ག་པས་བཏགས་པའི་སྣས་བུ་ནི་འདི་སྙེད་དོ་ཞེས་བྱ་བ་ལྟ་བུ་ཡིན་ན། འཇིག་རྟེན་གསུམ་ནི་དཔག་ཏུ་མེད་པ་ཡིན་པས། དེའི་ཕྱིར་དབང་ཕྱུག་ནི་འཇིག་རྟེན་དཔག་ཏུ་མེད་པའི་བྱེད་པ་པོ་མ་ཡིན་ནོ། །སེམས་ཅན་མཐའ་ཡས་པ་སྣ་ཚོགས་ཀྱི་སེམས་བསྐྱེད་པའི་ལས་སྣ་ཚོགས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུ་ཉིད་དུ་རུང་ངོ༌། །གཞན་ཡང་དབང་ཕྱུག་ལ་དད་པ་རྣམས་ས་


DTG099_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུ་དང་མེ་དང་རླུང་དང༌། མཆོད་སྦྱིན་བྱ་བ་དང༌། ནམ་མཁའ་དང༌། ཟླ་བ་དང༌། ཉི་མ་ཞེས་བྱ་བ་གཟུགས་གསང་བ་བརྒྱད་དུ་རྟོག་ཅིང་དེ་དག་ལ་ཕྱག་འཚལ་བར་བྱེད་པས། དེ་ལྟ་ན་ཆུ་དག་གི་ནང་དུ་བཤད་བ་དང༌། གཅི་བ་དང༌། ལྗན་ལྗིན་འདོར་དུ་ཡང་མི་རུང་ལ། རྐུབ་དང་རྐང་པ་བཀྲུ་བ་ཡང་མི་རུང་བ་ཉིད་དོ། །དེ་བས་ན་གང་དག་ཆུ་ལྷ་ལ་ཕྱག་འཚལ་བ་པར་སིག་རྣམས་ཀྱང་སླའོ། །གཞན་ཡང་དབང་ཕྱུག་དེས་ནི་མ་འོངས་པ་ཡོངས་སུ་མི་ཤེས་པ་ཡིན་ཏེ། འདི་ལྟར་ཉི་མ་དང་ཟླ་བའི་གཟུགས་ནི་རང་གི་ལུས་ཡིན་ཏེ། སྒྲ་གཅན་འཛིན་ནི་ཉི་མ་དང་ཟླ་བའི་གཟུགས་ཟ་བར་བྱེད་པས་དེའི་ཕྱིར་སྒྲ་གཅན་ཟིན་སྤྲུལ་པར་མི་བྱ་ཞིང༌། དབང་ཕྱུག་ལ་དད་པ་རྣམས་སྤྲུལ་པར་བྱ་བ་དང༌། སངས་རྒྱས་པ་རྣམས་ཀྱང་སྤྲུལ་པར་མི་བྱ་བའི་རིགས་ན། དེ་མ་ཤེས་པས་སྒྲ་གཅན་ཟིན་པ་དང༌། སངས་རྒྱས་པ་རྣམས་ཀྱང་སྤྲུལ་པ་བྱས་པའི་ཕྱིར་རོ། །གང་གི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཟིལ་གྱིས་གནོན་པར་བྱེད་པ་དེའི་ཚེ་ན་དབང་ཕྱུག་འདི་ལྷ་མ་ཡིན་གྱི་ཕྱོགས་བྱེད་པར་འགྱུར་ཏེ། ཇི་སྐད་དུ། ཁྲོ་བ་བདུན་ཅུ་པ་ལས། གལ་ཏེ་དེའི་བློས་ལྷ་མིན་རྣམས་འཇུག་ན། ལྷ་རྣམས་ཀྱི་ནི་དགྲ་བོ་ཉིད་དུ་འགྱུར། །དེ་བཞིན་གཤེགས་པ་མཆོད་པར་མི་བྱ་ན། །དེ་ཡིས་དགེ་བསྙེན་གྱིས་ཀྱང་ཅི་ཞིག་བྱ། །ཞེས་སྨྲས་པ་ལྟ་བུའོ། །ཞར་ལ་བཤད་པས་ཆོག་གི །དེ་ནི་རྒྱུ་མེད་པ་དངོས་པོར་འགྱུར་བ་སྐྱེས་བུ་རྒྱུར་འདོད་པ་དག་གི་གྲུབ་པའི་མཐའ་དང༌། དེ་ལས་དངོས་པོ་རྣམས་སྐྱེ་བ་མེད་པར་དགག་པ་བསྟན་པར་བྱ་སྟེ། དེའི་ཕྱིར་སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་དུ་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དམ་བཅས་ནས། བ་ནི་བ་ཐག་རྣམས་ཀྱི་བཞིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །དེ་བཞིན་དུ་སྐྱེས་བུ་ཉིད་ནི་བྱུང་བ་གང་ཡིན་པ་དང༌། འབྱུང་བ་གང་ཡིན་པ་འདི་ཐམས་ཅད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་དེ་ནི་གཡོ་བར་བྱེད་པ་དང༌། དེ་ནི་མི་གཡོ་བར་བྱེད་པ་དང༌། དེ་ནི་ཐག་རིང་བ་དང༌། དེ་ནི་ཐག་ཉེ་བ་དང༌། དེ་ནི་བར་མ་དང༌། དེ་ནི་གཉིག་དང༌། དེ་ནི་ཕྱི་རོལ་ཐམས་ཅད་ཀྱིའོ་ཞེས་བྱ་བ་ལ་སོགས་པའོ་ཞེ་ན་


DTG099_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨྲས་ཏེ། དེས་ནི་སྐྱེས་བུ་རྒྱུར་འདོད་པ་དག་གི་གྲུབ་པའི་མཐའ་བསྟན་ཏོ། །དེ་ལ་སྐྱེས་བུ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གང་བས་ན་སྐྱེས་བུའོ། །ཡང་ན་ལུས་ཀྱི་གྲོང་ཁྱེར་ན་གནས་པས་སྐྱེས་བུའོ། །སྐྱེས་བུ་དེ་རྒྱུར་འདོད་པ་དག་ཅེས་བྱ་བ་ནི་གང་དག་ལ་སྐྱེས་བུ་རྒྱུར་འདོད་པ་ཡོད་པ་དེ་དག་ནི་སྐྱེས་བུ་རྒྱུར་འདོད་པ་དག་སྟེ། འདི་ལྟ་སྟེ། རིག་བྱེད་ཀྱི་མཐའ་སྨྲ་བ་དག་གོ །དེའི་ཕྱིར་དེ་དག་ཀྱང་སྐྱེས་བུ་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དམ་བཅས་ནས་ཞེས་བྱ་བ་སྨྲས་ཏེ། དབང་ཕྱུག་རྒྱུར་འདོད་པ་དག་དབང་ཕྱུག་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དམ་འཆའ་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་བུ་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་པས། དེའི་ཕྱིར་སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་བུ་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དམ་བཅས་ནས་ཞེས་བྱ་བ་སྨོས་སོ། །སྐྱེས་བུ་རྒྱུར་འདོད་པ་དེ་དག་ཀྱང་རིག་བྱེད་ཅེས་བྱ་བའི་ལུང་གིས་སྐྱེས་བུ་དེ་འགྲོ་བ་མཐའ་དག་གི་བྱེད་པ་པོ་ཉིད་དུ་སྒྲུབ་པར་བྱེད་པས། དེའི་ཕྱིར་དེ་དག་གི་གྲུབ་པའི་མཐའ་བསྟན་པའི་ཕྱིར། བ་ནི་བ་ཐག་རྣམས་ཀྱི་བཞིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ། བ་ནི་བ་ཐག་རྣམས་ཀྱི་བཞིན། །ཞེས་བྱ་བ་ནི་སྐྱེས་བུ་རྒྱུར་འདོད་པའི་དཔེ་སྟེ། བ་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་རིགས་པ་ཞེས་བྱ་བ་ལྟེ་བ་ནས་བ་ཐག་ཅེས་བྱ་བ་བ་སྤུ་འབྱུང་བ་གང་ཡིན་པའོ། །བ་ཐག་རྣམས་ཀྱི་བཞིན་ཞེས་བྱ་བ་ནི་དཔེར་ན་སྲོག་ཆགས་ཀྱི་རིགས་པ་ཞེས་བྱ་བ་དེ་རང་གི་ལྟེ་བ་ནས་འབྱུང་བ་བ་ཐག་ཅེས་བྱ་བ་རྣམས་ཀྱི་རྒྱུ་ཡིན་ཏེ། བ་ཐག་དེ་དག་གིས་བ་རྒྱ་བྱེད་ཅིང་དེར་འགྲོ་བ་དེ་བཞིན་དུ་སྐྱེས་བུ་ཡང་འགྲོ་བ་གནས་པ་དང༌། རྒྱུ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །ཞེས་བྱ་བ་ཡང་དཔེར་ན་ནོར་བུ་ཆུ་ཤེལ་ཞེས་བྱ་བ་ཟླ་བའི་འོད་ཟེར་གྱིས་ཕོག་ན་ཆུ་རྣམས་འབྱུང་བའི་རྒྱུ་ཡིན་པ་བཞིན་དུ། སྐྱེས་བུ་ཡང་འགྲོ་བ་གནས་པ་དང་རྒྱུ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ།།


DTG099_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །ཞེས་བྱ་བ་ཡང་དཔེར་ན་ཤིང་བླག་ཤ་ཞེས་བྱ་བ་ཉ་གྲོ་དྷ་ཞེས་བྱ་བ་དེ་ཡལ་ག་ཐུར་དུ་སྐྱེ་བ་རྣམས་ཀྱི་རྒྱུ་ཡིན་པ་དེ་བཞིན་དུ། སྐྱེས་བུ་ཡང་འགྲོ་བ་གནས་པ་དང་རྒྱུ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་བྱ་བ་ནི་དཔེ་གོང་མ་གསུམ་གྱིས་མཚོན་པའི་དོན་ཏེ། དེ་ནི་ཞེས་བྱ་བ་ནི་སྐྱེས་བུ་དེ་ནིའོ། །ལུས་ཅན་ཀུན་གྱི་རྒྱུ་ཞེས་བྱ་བ་ནི་སྐྱེས་བུ་དེ་ནི་ལུས་ཅན་འགྲོ་བ་གནས་པ་དང༌། རྒྱུ་བ་བྱུང་བ་དང༌། འབྱུང་བ་དང༌། གཡོ་བ་དང༌། མི་གཡོ་བ་དང༌། ཐག་རིང་བ་དང༌། ཐག་ཉེ་བ་དང༌། བར་མ་དང༌། གཉི་ག་དང༌། ཕྱི་རོལ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་སྐྱེས་བུ་ཉིད་ནི་བྱུང་བ་གང་ཡིན་པ་དང༌། འབྱུང་བ་གང་ཡིན་པ་དེ་ཐམས་ཅད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་དང་ཞེས་བྱ་བ་ནི། དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་ཇི་སྐད་སྨྲས་པ་དེ་ཉིད་བྱེ་བྲག་ཏུ་བཤད་པ་ཡིན་ནོ། །དེ་ལ་དེ་བཞིན་དུ་ཞེས་བྱ་བ་ནི། བ་ནི་བ་ཐག་རྣམས་ཀྱི་བཞིན། །ཞེས་བྱ་བ་ལ་སོགས་པ་དཔེ་རྣམ་པ་གསུམ་ཇི་སྐད་དུ་སྨོས་པ་དེ་བཞིན་དུའོ། །སྐྱེས་བུ་ཉིད་ནི་ཞེས་བྱ་བ་ནི་སྐྱེས་བུ་རྒྱུར་འདོད་པ་དག་གིས་བརྟགས་པའི་སྐྱེས་བུ་ཉིད་ནིའོ། །བྱུང་བ་གང་ཡིན་པ་ཞེས་བྱ་བ་ནི་དངོས་པོ་འདས་པའི་དུས་ན་བྱུང་བར་གྱུར་པ་གང་ཡིན་པའོ། །འབྱུང་བ་གང་ཡིན་པ་ཞེས་བྱ་བ་ནི་དངོས་པོ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་གང་ཡིན་པའོ། །འདི་ཐམས་ཅད་ཀྱི་དོན་ཞེས་བྱ་བ་ནི་དངོས་པོ་བྱུང་བ་གང་ཡིན་པ་དང༌། འབྱུང་བ་གང་ཡིན་པ་འདི་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ནི་སྐྱེས་བུ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རིག་བྱེད་ལས་སྐྱེས་བུ་ནི་འདི་ཐམས་ཅད་ལ་གནས་སོ་ཞེས་འབྱུང་བ་ལ་སོགས་པ་དག་བསྡུའོ། །དེ་བཞིན་དུ་དེ་ནི་གཡོ་བར་བྱེད་པ་དང༌། དེ་ནི་མི་གཡོ་བར་བྱེད་པ་དང༌། དེ་ནི་ཐག་རིང་བ་དང༌། དེ་ནི་ཐག་ཉེ་བ་དང༌། དེ་ནི་བར་མ་དང༌། དེ་ནི་གཉི་ག་དང༌། དེ་ནི་ཕྱི་རོལ་ཐམས་ཅད་ཀྱིའོ་ཞེས་བྱ་བ་ལ་སོགས་པའོ་ཞེ་ན་ཞེས་བྱ་བ་ཡང༌། དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་ཇི་སྐད་སྨྲས་པ་དེ་ཉིད་བྱེ་བྲག་ཏུ་བཤད་པ་གཞན་ཡིན་ནོ། །དེ་ལ་དེ་བཞིན་དུ་ཞེས་བྱ་བ་ཡང༌། བ་ནི་བ་ཐག་


DTG099_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བཞིན། །ཞེས་བྱ་བ་ལ་སོགས་པ་དཔེ་རྣམ་པ་གསུམ་ཇི་སྐད་སྨོས་པ་དེ་བཞིན་དུའོ། །དེ་ནི་ཞེས་བྱ་བ་ནི་སྐྱེས་བུ་དེ་ནིའོ། །གཡོ་བར་བྱེད་པ་ཞེས་བྱ་བ་ནི་རྒྱུ་བར་བྱེད་པའོ། །མི་གཡོ་བར་བྱེད་པ་ཞེས་བྱ་བ་ནི་གནས་པར་བྱེད་པའོ། །ཐག་རིང་བ་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམས་ཀྱི་ཕན་ཚུན་ཐག་རིང་བའོ། །ཐག་ཉེ་བ་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་དག་གི་ཕན་ཚུན་ཐག་ཉེ་བའོ། །བར་མ་ཞེས་བྱ་བ་ནི་དེ་དག་གི་དབུས་ན་གནས་པའོ། །གཉི་ག་ཞེས་བྱ་བ་ནི་དེ་དག་གི་དོན་གཉི་ག་དང་ལྡན་པའོ། །ཕྱི་རོལ་ཞེས་བྱ་བ་ནི་མ་ཟིན་པའོ། །ཐམས་ཅད་ཀྱིའོ་ཞེས་བྱ་བ་ནི་དངོས་པོ་གཡོ་བར་བྱེད་པ་དང༌། མི་གཡོ་བར་བྱེད་པ་དང༌། ཐག་རིང་བ་དང༌། ཐག་ཉེ་བ་དང༌། བར་མ་དང༌། གཉི་ག་དང༌། ཕྱི་རོལ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ནི་སྐྱེས་བུ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རིག་བྱེད་ལས། ཆེན་པོ་གཉིས་མདོག་མུན་མདུན་གནས། །སྐྱེས་བུ་དེ་ནི་ཁོ་བོས་རིག །དེ་རྟོགས་འཆི་བའི་འཇིགས་མེད་དེ། །ཐར་ཕྱིར་དེ་ལས་ལམ་གཞན་མེད། །ཅེས་འབྱུང་བ་དང༌། གཞན་ཡང༌། རིག་བྱེད་ལས་ནི་མི་སྨྲ་གང༌། །རིག་བྱེད་ལས་ནི་མི་སྣང་གང༌།། ཐམས་ཅད་མེད་པར་བརྗོད་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་འབྱུང་བ་ལ་སོགས་པ་བསྡུ་སྟེ། དེ་ནས་གང་གི་ཕྱིར་རིག་བྱེད་ལས་སྐྱེས་བུ་ནི་འགྲོ་བའི་བྱེད་པ་པོ་ཡིན་ནོ་ཞེས་འབྱུང་བས་དེའི་ཕྱིར། སྐྱེས་བུ་ཉིད་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་དགག་པ་ནི་དབང་ཕྱུག་རྒྱུར་འདོད་པ་དག་གི་བཞིན་དུ་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྐྱེས་བུ་ལས་དངོས་པོ་རྣམས་སྐྱེ་བ་མེད་པར་དགག་པ་བསྟན་ཏོ། །དེ་ལ་འདིར་ཞེས་བྱ་བ་ནི་སྐྱེས་བུ་རྒྱུར་འདོད་པ་དགག་པའི་སྐབས་འདིར་རོ།། དགག་པ་ནི་ཞེས་བྱ་བ་ནི་སྐྱེས་བུ་ལས་དངོས་པོ་རྣམས་སྐྱེ་བ་མེད་པར་དགག་པ་ནིའོ། །དབང་ཕྱུག་རྒྱུར་འདོད་པ་དག་གི་བཞིན་དུ་བྱའོ་ཞེས་བྱ་བ་ནི་འདིར་སྐྱེས་བུ་རྒྱུར་འདོད་པ་དག་གི་དགག་པ་ཡང་སྔར་དབང་ཕྱུག་རྒྱུར་འདོད་པ་དག་གི་དགག་པ་ཇི་སྐད་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །


DTG099_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་འདི་སྐད་བསྟན་ཏེ། དེ་ནི་དམ་བཅས་པ་ཙམ་སྟེ། །སྐྱེས་བུ་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་བ་ལང་རྫི་བཞིན་ནོ། །ཡང་ན་འགྲོ་བ་ནི་སྐྱེས་བུ་ཞེས་བྱ་བ་གཅིག་པུ་དང་ལྡན་པ་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་སྐྱེས་བུ་བཞིན་པས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ། །སྐྱེས་བུ་རྒྱུར་ཡིན་ཡང་འབྲས་བུའི་བདག་གི་བདག་ཉིད་དམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན། གང་ཡང་རུང་བ་ཞིག་ཏུ་རྟོགས་ན་ཡང་དགག་པ་སྔར་སྨྲས་པའི་ཕྱིར་དང༌། ཡོད་པ་དང་མེད་པ་སྐྱེ་བར་ཡང་འགོག་པར་འགྱུར་བའི་ཕྱིར། དོན་དམ་པར་དངོས་པོ་རྣམས་སྐྱེ་བུ་ལས་སྐྱེ་བ་མེད་དོ། །ཅེ་སྟེ་སེམས་ཅན་དང་སྣོད་དུ་བགྲང་བའི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་སྐྱེས་བུ་ཞེས་བྱ་སྟེ། གནས་པ་དང༌། འབྱུང་བ་དང༌། འཇིག་པ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། ཡར་སྐྱེ་བ་དང༌། མར་འབྲི་བ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེ་ན་ཡང༌། ཐ་སྙད་ཀྱི་ཕྱོགས་ལ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ལས་ཀྱི་སྐྱེ་བ་ཡང་ཁས་མ་བླངས་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །ལྷག་པ་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། འདིར་སྐྱེས་བུ་རྒྱུར་འདོད་པ་དག་གི་དགག་པ་དབང་ཕྱུག་རྒྱུར་འདོད་པ་དག་གི་བཞིན་དུ་བྱ་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། ཚད་མ་ལྷག་པ་གཞན་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །ལྷས་བྱིན་གྱི་བདག་ནི་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་དང༌། འདིར་ལྷས་བྱིན་གྱི་བདག་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བདག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པ་སྦྱར་རོ། །དེ་ལ་ལྷས་བྱིན་གྱི་བདག་ནི་ཞེས་བྱ་བ་འདི་ནི། ལྷས་བྱིན་གྱིས་སྐྱེས་བུའི་རང་བཞིན་


DTG099_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་གང་ཡིན་པའོ། །ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་ནི། ལྷས་བྱིན་གྱི་བདག་དེ་ལྷས་བྱིན་གྱི་ལུས་ཀྱི་རྒྱུ་ཡང་མ་ཡིན་ལ། ལྷས་བྱིན་གྱི་དབང་པོ་རྣམས་ཀྱི་རྒྱུ་ཡང་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །བདག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་ཡོད་དུ་ཟིན་ཀྱང་དེ་ནི་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཀུན་རྫོབ་ཏུ་མཆོད་སྦྱིན་གྱི་བདག་ནི་མཆོད་སྦྱིན་རང་ཉིད་ཀྱི་ལུས་དང་དབང་པོའི་རྒྱུར་འདོད་ཀྱི། ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུར་མི་འདོད་པ་དེ་བཞིན་དུ། ལྷས་བྱིན་གྱི་བདག་ཀྱང་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱི་བྱེད་པ་པོ་ནི་མཆོད་སྦྱིན་གྱི་བདག་མ་ཡིན་ཏེ། །བདེ་བ་དང༌། སྡུག་བསྔལ་དང༌། ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ལྷས་བྱིན་གྱ་ལུས་དང་དབང་པོའི་ཚོགས་བཞིན་ནོ་ཞེས་བྱ་བ་འདི་ཡང་ཚད་མ་རྣམ་པ་གཅིག་ཡིན་ནོ། །འདིར་ཡང་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། བྱེད་པ་པོ་ནི་མཆོད་སྦྱིན་གྱི་བདག་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བདེ་བ་དང༌། སྡུག་བསྔལ་དང༌། ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་སྒྲུབ་པའི་ཆོས་ཡིན། དཔེར་ན་ལྷས་བྱིན་གྱི་ལུས་དང་དབང་པོའི་ཚོགས་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །དེ་ལ་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱི་ཞེས་བྱ་བ་ནི། མཆོད་སྦྱིན་གྱི་ལུས་ཀྱི་ཚོགས་ཡན་ལག་དང་ཡན་ལག་ཅན་ཐམས་ཅད་དང་མཆོད་སྦྱིན་གྱི་དབང་པོའི་ཚོགས་མིག་ལ་སོགས་པ་དབང་པོ་གཟུགས་ཅན་ཐམས་ཅད་ཀྱིའོ། །བྱེད་པ་པོའི་མཆོད་སྦྱིན་གྱི་བདག་མ་ཡིན་ཏེ་ཞེས་བྱ་བ་ནི། མཆོད་སྦྱིན་གྱི་ལུས་ཀྱི་ཚོགས་དང་དབང་པོའི་ཚོགས་ཀྱི་སྐྱེ་བའི་རྒྱུ་ནི་མཆོད་སྦྱིན་གྱི་བདག་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །བདེ་བ་དང། སྡུག་བསྔལ་དང༌། ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ནི་བདེ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དང༌། སྡུག་བསྔལ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་དག་གི་བྱེད་པ་པོ་ནི་མཆོད་སྦྱིན་གྱི་བདག་མ་ཡིན་ནོ། །དེ་ལ་


DTG099_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱི་བསོད་ནམས་བྱེད་པ་དེའི་ཚེ་ན་ནི་དེ་དག་བདེ་བ་སྐྱེ་བའི་རྒྱུ་ཡིན་ལ། གང་གི་ཚེ་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱིས་བསོད་ནམས་མ་ཡིན་པ་བྱེད་པ་དེའི་ཚེ་ན་ནི་དེ་དག་སྡུག་བསྔལ་སྐྱེ་བའི་རྒྱུ་ཡིན། གང་གི་ཚེ་མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱི་བསྟན་བཅོས་དག་སློབ་པར་བྱེད་པ་དེའི་ཚེ་ན་ནི་དེ་དག་ཤེས་པ་སྐྱེ་བའི་རྒྱུ་ཡིན་ནོ། །དཔེར་ན་ལྷས་བྱིན་གྱི་ལུས་དང་དབང་པོའི་ཚོགས་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ལྷས་བྱིན་གྱི་ལུས་དང་དབང་པོའི་ཚོགས་ནི་བདེ་བ་དང་སྡུག་བསྔལ་དང་ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་དག་གི་བྱེད་པ་པོ་ནི་མཆོད་སྦྱིན་གྱི་བདག་མ་ཡིན་པ་བཞིན་དུ། མཆོད་སྦྱིན་གྱི་ལུས་དང་དབང་པོའི་ཚོགས་ཀྱང་བདེ་བ་དང་སྡུག་བསྔལ་དང་ཤེས་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་དག་གི་བྱེད་པ་པོ་ཡང་མཆོད་སྦྱིན་གྱི་བདག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་པས་ཆོས་ཀྱི་རང་གི་ངོ་བོ་གསལ་བས་རང་གི་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་འདི་ཡང་ཚད་མ་རྣམ་པ་གཅིག་ཡིན་ནོ། །འདིར་ཡང་བཅིངས་པའི་བདག་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ས་ཀུན་གྱི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བདག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། གྲོལ་བའི་བདག་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན། ཆོས་ཀྱི་རང་གི་ངོ་བོ་གསལ་བས་རང་གི་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་འདི་ནི་ཚད་མའི་འབྲས་བུ་ཡིན་པར་སྦྱར་རོ། །དེ་ལ་བཅིངས་པའི་བདག་ནི་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པས་བཅིངས་པའི་བདག་འཇིག་རྟེན་གསུམ་པོ་དག་གི་རྒྱུར་འདོད་པ་གང་ཡིན་པའོ། །ས་ཀུན་གྱི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་ནི་བཅིངས་པའི་བདག་དེས་ཀུན་གྱི་ཞེས་བྱ་བ་འཇིག་རྟེན་གསུམ་པོ་ཆ་དང་བཅས་པའི་རྒྱུ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །བདག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བཅིངས་པའི་བདག་དེ་བདག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ས་ཀུན་གྱི་རྒྱུ་མ་ཡིན་ནོ། །གྲོལ་བའི་བདག་བཞིན་པས་ཞེས་བྱ་བ་ལ་གྲོལ་བའི་བདག་ཅེས་བྱ་བ་ནི་ལས་དང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་


DTG099_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་དབྱིངས་ན་ཡོད་པའི་བདག་གང་ཡིན་པའོ། །འདི་སྐད་བསྟན་ཏེ། དཔེར་ན་གྲོལ་བའི་བདག་གང་ཡིན་པ་དེ་བདག་ཡིན་པའི་ཕྱིར། ས་ཀུན་གྱི་རྒྱུ་མ་ཡིན་པ་དེ་བཞིན་དུ། བཅིངས་པའི་བདག་ཀྱང་བདག་ཡིན་པའི་ཕྱིར་ས་ཀུན་གྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་རང་གི་ངོ་བོ་གསལ་བས་ཞེས་བྱ་བ་ནི་དེ་ལྟར་བདག་རྗེས་སུ་དཔག་པས་གྲོལ་བའི་བདག་ས་ཀུན་གྱི་རྒྱུ་མ་ཡིན་པ་དེ་བཞིན་དུ། བཅིངས་པའི་བདག་ས་ཀུན་གྱི་རྒྱུ་ཡིན་པར་འདོད་པའི་ཆོས་ཀྱི་རང་གི་ངོ་བོ་གསལ་བས་སོ། །རང་གི་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་བཅིངས་པའི་བདག་ས་ཀུན་གྱི་རྒྱུ་ཡིན་པར་འདོད་པའི་ཆོས་ཀྱི་རང་གི་ངོ་བོ་གསལ་བས་ན། དེའི་ཕྱིར་སྐྱེས་བུ་རྒྱུར་འདོད་པ་ཁྱོད་རང་གི་གྲུབ་པའི་མཐའ་ལས་བཅིངས་པའི་བདག་ས་ཀུན་གྱི་རྒྱུ་ཡིན་པར་དམ་བཅས་པ་དེ་དང་འགལ་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་གཏན་ཚིགས་ཀྱི་དོན་བདག་ཡིན་པའི་ཕྱིར་ཞེས་བྱ་བ་དམ་བཅས་པའི་དོན་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་བོ་ཞེ་ན། ལན་བཏབ་ཟིན་པས་ཉེས་པ་མེད་དོ་ཞེས་བྱ་བ་འདིས་ནི་སྔར་ཡང་ན་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ། བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་པས་ཆོས་ཀྱི་རང་གི་ངོ་བོ་གསལ་བས། རང་གི་དམ་བཅས་པའི་སྐྱོན་དུ་འགྱུར་རོ་ཞེས་ཇི་སྐད་བསྟན་པ་དེའི་གཏན་ཚིགས་མ་གྲུབ་པའི་སྐྱོན་སེལ་བ་སྟོན་ཏོ། །དེ་ལ་གལ་ཏེ་ཞེས་བྱ་བའི་སྒྲ་ནི་དབུ་མ་པས་སྐྱེས་བུ་རྒྱུར་འདོད་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ནོ། །གཏན་ཚིགས་ཀྱི་དོན་བདག་ཡིན་པའི་ཕྱིར་ཞེས་བྱ་བ་ནི། འགྲེལ་པ་བྱེད་པས་བདག་རྒྱུ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་སུ་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ། བདག་ཡིན་པའི་ཕྱིར་ཞེས་སྨྲས་པ་གང་ཡིན་པ་དེའོ། །དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་བོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་སྐྱེས་བུ་རྒྱུར་འདོད་པ་དག་ན་རེ། བདག་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གཏན་ཚིགས་སུ་མི་རུང་སྟེ། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ། །ལན་བཏབ་ཟིན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་སྔར་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་


DTG099_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒྲུབ་པའི་སྐབས་སུ་ཅི་སྟེ་གཞན་ཡིན་པའི་ཕྱིར་ཞེས་བྱ་བས་དེ་གཏན་ཚིགས་སུ་མི་རུང་སྟེ། དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་ནོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། སྙན་ཚིག་གི་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར། དཔེར་ན་རྔ་བོ་ཆེའི་སྒྲ་བཞིན་ནོ་ཞེས་བྱ་བས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཉིད་དུ་གྲུབ་པ་མཐོང་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཞེས་ལན་བཏབ་པས་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། སྤྱི་སྒྲུབ་པའི་ཆོས་སུ་རུང་བ་བསྟན་པ་བཞིན་དུ། འདི་ཡང་བཅིངས་པའི་བདག་ཅེས་བྱ་བ་ཁྱད་པར་ཅན་ཕྱོགས་སུ་བྱས་པ་ལ། བདག་ཡིན་པའི་ཕྱིར་ཞེས་བྱ་བ་སྤྱི་སྒྲུབ་པའི་ཆོས་སུ་རུང་བས་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གང་དག་འདི་ལྟར་ཁོ་བོ་ཅག་གི་བདག་ནི་གཅིག་པུ་ཁོ་ན་ཡིན་ཏེ། དེ་ལ་བུམ་པ་ལ་སོགས་པའི་ནམ་མཁའ་ཐ་དད་པ་ཉེ་བར་གདགས་པ་བཞིན་དུ་དུ་མ་ཉིད་དུ་ཉེ་བར་བཏགས་པས་དེས་ན་དཔེ་མེད་པའི་ཕྱིར། རྗེས་སུ་དཔག་པའི་གནོད་པ་ཡང་མེད་ལ་དམ་བཅས་པའི་སྐྱོན་དུ་ཡང་མི་འགྱུར་རོ་ཞེས་ཟེར་ན་ཞེས་བྱ་བ་འདིས་ནི་སྐྱེས་བུ་རྒྱུར་འདོད་པ་གཞན་དག་ན་རེ། ཁོ་བོ་ཅག་གི་བདག་ནི་གཅིག་པུ་ཁོ་ན་ཡོན་ཏེ། དེ་ལ་དངོས་པོའི་རྒྱུ་ཐ་དད་པའི་དབང་གིས་དུ་མ་ཉིད་དུ་ཉེ་བར་བཏགས་པས། དཔེར་ན་ནམ་མཁའ་ནི་གཅིག་པུ་ཁོ་ན་ཡིན་ཡང་བུམ་པ་ལ་སོགས་པའི་རྒྱུ་ཐ་དད་པའི་དབང་གིས་དེ་དག་གི་ནམ་མཁས་ཐ་དད་པར་ཉེ་བར་གདགས་པ་བཞིན་བས། དེས་ན་ཁྱེད་དབུ་མ་པའི་དཔེ་ལྷས་བྱིན་གྱི་བདག་ནི་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་དང་ཡང་ན་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་པས་ཞེས་སྨོས་པའི་དཔེ་དེ་གཉིས་མེད་པའི་ཕྱིར། ཁོ་བོ་ཅག་ལ་ཁྱེད་ཀྱི་རྗེས་སུ་དཔག་པའི་གནོད་པ་ཡང་མེད་ལ། རང་གི་དམ་བཅས་པའི་སྐྱོན་དུ་ཡང་མི་འགྱུར་རོ་ཞེས་ཟེར་བ་སྟོན་ཏོ། །དེ་ལ་གང་དག་ཅེས་བྱ་བ་ནི་སྐྱེས་བུ་རྒྱུར་འདོད་པ་གཞན་གང་དག་སྐྱེས་བུའི་ངོ་བོ་ཉིད་ནི་གཅིག་པུ་ཁོ་ན་ཡིན་ལ། དེ་ལ་དངོས་པོའི་རྒྱུ་ཐ་དད་པའི་དབང་གིས་དུ་མ་ཉིད་དུ་ཉེ་བར་གདགས་སོ་ཞེས་རྣམ་པ་


DTG099_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་རྟོག་པ་དག་གོ །དེ་དག་དེ་ལྟར་རྣམ་པར་རྟོག་པ་ན་འདི་སྐད་ཅེས་ཟེར་ཏེ། འདི་ལྟར་ཁོ་བོ་ཅག་གི་བདག་ནི་གཅིག་པུ་ཁོ་ན་ཡིན་ཞེས་བྱ་བ་ནི། འདི་ལྟར་སྐྱེས་བུ་རྒྱུར་འདོད་པ་དག་ལ་ཁོ་བོ་ཅག་གི་སྐྱེས་བུ་ཞེས་བྱ་བའི་བདག་ནི་དོན་དམ་པར་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ཏེ་ཞེས་ངོ་བོ་ཉིད་གཅིག་པུ་རྟོག་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་བུམ་པ་ལ་སོགས་པའི་ནམ་མཁའ་ཐ་དད་པར་ཉེ་བར་གདགས་པ་བཞིན་དུ། དུ་མ་ཉིད་དུ་ཉེ་བར་བཏགས་པས་ཞེས་བྱ་བ་སྨྲས་ཏེ། བདག་གཅིག་པུ་དེ་ལ་དངོས་པོའི་རྒྱུ་ཐ་དད་པའི་དབང་གིས་དུ་མ་ཉིད་དུ་ཉེ་བར་གདགས་སོ་ཞེས་ཐ་སྙད་ཀྱི་སྒོ་ནས་ཐ་དད་པར་རྟོག་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བདག་གཅིག་པུ་དེ་ལའོ། །བུམ་པ་ལ་སོགས་པའི་ནམ་མཁའ་ཐ་དད་པ་ཉེ་བར་གདགས་པ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་ནི་གཅིག་པུ་ཁོ་ན་ཡིན་ཡང༌། བུམ་པ་དང༌། ཟངས་དང༌། རྫ་མ་དང༌། རིལ་བ་དང༌། གཞོང་པ་དང༌། ཆུ་ར་དང༌། ཕྲུ་ཏོག་ལ་སོགས་པའི་རྒྱུ་ཐ་དད་པའི་དབང་གིས་དེ་དག་གི་ནམ་མཁའ་ཐ་དད་པར་ཉེ་བར་གདགས་པ་བཞིན་དུའོ། །དུ་མ་ཉིད་དུ་ཉེ་བར་བཏགས་པས་ཞེས་བྱ་བ་ནི་ཁོ་བོ་ཅག་གི་བདག་ཀྱང་གཅིག་པུ་ཁོ་ན་ཡིན་ཏེ། དེ་ལ་དངོས་པོའི་རྒྱུ་ཐ་དད་པའི་དབང་གིས་དུ་མ་ཉིད་དུ་ཉེ་བར་བཏགས་པས་སོ། །དེས་ན་དཔེ་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟར་ཁོ་བོ་ཅག་གི་བདག་ཀྱང་གཅིག་པུ་ཁོ་ན་ཡིན་ཏེ་དེ་དངོས་པོའི་རྒྱུ་ཐ་དད་པའི་དབང་གིས་དུ་མ་ཉིད་དུ་ཉེ་བར་བཏགས་པར་ཟད་ཀྱི། བདག་དེ་དོན་དམ་པར་ངོ་བོ་ཉིད་གཅིག་པུ་ཁོ་ན་ཡིན་པའི་གཏན་ཚིགས་དེས་ན་ཁྱེད་དབུ་མ་པའི་དཔེ་ལྷས་བྱིན་གྱི་བདག་ནི་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་དང༌། ཡང་ན་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་པས་ཞེས་སྨོས་པའི་དཔེ་དེ་གཉིས་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པའི་གནོད་པ་ཡང་མེད་ལ་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་ཁྱེད་ཀྱི་རྗེས་སུ་དཔག་པའི་གནོད་པ་ལྷས་བྱིན་གྱི་བདག་ནི་ལྷས་བྱིན་གྱི་ལུས་དང་དབང་པོའི་རྒྱུ་མ་ཡིན་ཏེ། བདག་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་དེ་


DTG099_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་དེ། འདི་ལྟར་བདག་དེ་ཉིད་སྒྲུབ་པ་ལ་བདག་དེ་ཉིད་དཔེར་མི་རུང་སྟེ། ལྷས་བྱིན་གྱི་བདག་དང་མཆོད་སྦྱིན་གྱི་བདག་ཅེས་བྱ་བ་དེ་བུམ་པ་དང་ཟངས་བུའི་ནམ་མཁའ་བཞིན་དུ་ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །དམ་བཅས་པའི་སྐྱོན་དུ་ཡང་མི་འགྱུར་རོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་རང་གི་དམ་བཅས་པ་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་ཡིན་ཏེ་ཞེས་བྱ་བ་དེ་དང་འགལ་བའི་སྐྱོན་དུ་ཡང་མི་འགྱུར་ཏེ། འདི་ལྟར་གྲོལ་བའི་བདག་རྗེས་སུ་དཔག་པས་ས་ཀུན་གྱི་རྒྱུ་མ་ཡིན་པར་བསལ་བས་བཅིངས་པས་བདག་ས་ཀུན་གྱི་རྒྱུ་ཡིན་པར་སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་མ་གསལ་ཏེ། བཅིངས་པའི་བདག་དང་གྲོལ་བའི་བདག་ཅེས་བྱ་བ་དེ་ཡང་བུམ་པ་ཟངས་བུའི་ནམ་མཁའ་བཞིན་དུ་ངོ་བོ་ཉིད་གཅིག་པའི་ཕྱིར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། ནམ་མཁའ་ནི་མ་སྐྱེས་པས་ནམ་མཁའི་མེ་ཏོག་བཞིན་དུ་དངོས་པོ་ཉིད་མེད་པ་ཁོ་ནའི་ཕྱིར། གཅིག་པ་ཉིད་དུ་གྲུབ་པ་ནི་ཚིག་ཙམ་དུ་ཟད་པའི་ཕྱིར་དང༌། ཐ་སྙད་དུ་ཡང་སྤྱིར་ཁས་བླངས་པའི་བདག་ལ་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྐྱེས་བུ་རྒྱུར་འདོད་པ་གཞན་དག་གིས་བདག་གཅིག་པུ་ཁོ་ན་ཡིན་པར་སྒྲུབ་པའི་དཔེ་ནམ་མཁའ་ཁས་བླངས་པ་དེ་ཡང་མི་རུང་སྟེ། ནམ་མཁའ་ནི་མ་སྐྱེས་པས་ནམ་མཁའི་མེ་ཏོག་བཞིན་དུ་དངོས་པོ་ཉིད་མེད་པ་ཁོ་ནའི་ཕྱིར། ནམ་མཁའ་གཅིག་པ་ཉིད་དུ་གྲུབ་བོ་ཞེས་ཟེར་བ་ནི་ཚིག་ཙམ་དུ་ཟད་པའི་ཕྱིར་རོ། །བདག་གཅིག་པུ་ཁོ་ན་ཡིན་ཏེ་ཞེས་ཟེར་བ་དེ་ཡང་མི་རུང་སྟེ། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་བདག་ཅེས་བྱ་བ་སངས་རྒྱས་པ་དང༌། ཕྱི་རོལ་པ་ས་སྤྱིར་ཁས་བླངས་པ་དེ་ལ་སྐྱེས་བུ་རྒྱུར་འདོད་པ་དག་གིས་ལྷས་བྱིན་དང༌། མཆོད་སྦྱིན་གྱི་བདག་དང༌། བཅིངས་པ་དང་གྲོལ་བའི་བདག་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལ་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེས་བུ་རྒྱུར་འདོད་པ་གཞན་དག་གི་བདག་གཅིག་ཕུ་ཁོ་ན་ཡིན་པར་སྒྲུབ་པའི་དཔེ། ནམ་མཁའ་གཅིག་པ་ཉིད་དུ་གྲུབ་བོ་ཞེས་ཟེར་བ་དང་དཔེ་དེས་མཚོན་པའི་དོན་བདག་གཅིག་པུ་ཁོ་ན་ཡིན་ཏེ་ཞེས་


DTG099_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་དེ་ནི་རྗེས་སུ་དཔག་པ་ལྟར་སྣང་བ་ཡིན་པས་བཟང་པོ་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཇི་ལྟར་ནམ་མཁའ་གཅིག་པ་ཉིད་དུ་གྲུབ་བོ་ཞེས་ཟེར་བ་དེ་བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་ནམ་མཁའ་ནི་མ་སྐྱེས་པས་ནམ་མཁའི་མེ་ཏོག་བཞིན་དུ་དངོས་པོ་ཉིད་མེད་པ་ཁོ་ནའི་ཕྱིར་གཅིག་པ་ཉིད་དུ་བསྒྲུབ་པ་ནི་ཚིག་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ནམ་མཁའ་ནི་མ་སྐྱེས་པས་དངོས་པོ་ཉིད་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་མ་སྐྱེས་པའི་ཕྱིར་དངོས་པོ་ཉིད་མེད་པས་དེ་ལ་གཅིག་པ་ཉིད་དུ་གྲུབ་པ་མེད་པ་བཞིན་དུ་ནམ་མཁའ་ཡང་མ་སྐྱེས་པའི་ཕྱིར་དངོས་པོ་ཉིད་མེད་པས་དེ་ལ་གཅིག་པ་ཉིད་དུ་གྲུབ་པ་མེད་དོ། །དེའི་ཕྱིར་ནམ་མཁའ་གཅིག་པ་ཉིད་དུ་གྲུབ་བོ་ཞེས་ཟེར་བ་དེ་ནི་ཚིག་ཙམ་དུ་ཟད་པའི་ཕྱིར་བཟང་པོ་མ་ཡིན་ནོ། །ནམ་མཁའ་གཅིག་པ་ཉིད་དུ་གྲུབ་པ་མེད་པས་ཁྱེད་ཀྱི་དཔེ་མེད་པའི་ཕྱིར། དེས་མཚོན་པ་ལྷས་བྱིན་གྱི་བདག་དང་མཆོད་སྦྱིན་གྱི་བདག་དང༌། བཅིངས་པའི་བདག་དང༌། གྲོལ་བའི་བདག་ཀྱང་གཅིག་པུ་ཁོ་ནར་མ་གྲུབ་པས། ཁོ་བོ་ལྷས་བྱིན་གྱི་བདག་གི་དཔེ་མཆོད་སྦྱིན་གྱི་བདག་ཐ་དད་དུ་གྱུར་པ་ཁས་བླངས་པ་རུང་བས་ཁོ་བོའི་དཔེ་མེད་པ་མ་ཡིན་པའི་ཕྱིར། ཁྱེད་ལ་རྗེས་སུ་དཔག་པའི་གནོད་པ་མེད་པ་ཡང་མ་ཡིན་ལ། ཁོ་བོས་བཅིངས་པའི་བདག་གི་དཔེ་གྲོལ་བའི་བདག་ཐ་དད་དུ་གྱུར་པ་ཁས་བླངས་པ་ཡང་རུང་བས་ཁོ་བོའི་དཔེ་མེད་པ་མ་ཡིན་པའི་ཕྱིར། ཁྱོད་ལ་རང་གི་དམ་བཅས་པའི་སྐྱོན་དུ་མི་འགྱུར་བ་ཡང་མ་ཡིན་ནོ། །ཇི་ལྟར་ན་བདག་གཅིག་པུ་ཁོ་ན་ཡིན་ཏེ་ཞེས་ཟེར་བ་དེ་བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་ཐ་སྙད་དུ་ཡང་སྤྱིར་ཁས་བླངས་པའི་བདག་ལ་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་བདག་ཅེས་བྱ་བ་སངས་རྒྱས་པ་དང༌། ཕྱི་རོལ་པས་སྤྱིར་ཁས་བླངས་པ་དེ་ལ་སྐྱེས་བུ་རྒྱུར་འདོད་པ་དག་གི་ལྷས་བྱིན་དང༌། མཆོད་སྦྱིན་གྱི་བདག་དང༌། བཅིངས་པ་དང་གྲོལ་བའི་བདག་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་དེ། འདི་ལྟར་ཁོ་བོས་ཀུན་རྫོབ་ཀྱི་ཐ་སྙད་དུ་བདག་ཅེས་བྱ་བ་ཕུང་པོ་ལྔའི་བདག་ཉིད་ཡིན་པར་ཁས་བླངས་པ་དེ་ལ་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་ཁྱོད་ལ་མེད་པའི་ཕྱིར་དང༌། གཅིག་


DTG099_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་དམ་འཆའ་ན་གྲགས་པའི་གནོད་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་ན་ལྷས་བྱིན་དང་མཆོད་སྦྱིན་དང༌། བྲམ་ཟེ་དང་གདོལ་པ་ལ་སོགས་པ་གཅིག་པ་ཉིད་དུ་མ་མཐོང་བའི་ཕྱིར་རོ།། །།བམ་པོ་བཅོ་ལྔ་པ། ཅི་སྟེ་བཅིངས་པའི་བདག་ནི་གྲོལ་བའི་བདག་ལས་གཞན་མ་ཡིན་ཏེ། བདག་གི་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་ནོ་ཞེ་ན་ཞེས་བྱ་བ་འདིས་ནི་སྐྱེས་བུ་རྒྱུར་འདོད་པ་གཞན་དག་བཅིངས་པའི་བདག་ནི་གྲོལ་བའི་བདག་ལས་གཞན་མ་ཡིན་པས་དབུ་མ་པ་ན་རེ། ཐ་སྙད་དུ་ཡང་སྤྱིར་ཁས་བླངས་པའི་བདག་ལས་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་དེ་མི་རུང་སྟེ། འདི་ལྟར་ཁོ་བོ་ཅག་གི་བདག་ནི་གཅིག་ཏུ་ཁོ་ནར་གྲུབ་པས་དབུ་མ་པ་ཁྱེད་ཀྱི་དཔེ་མེད་པའི་ཕྱིར། ཁོ་བོ་ཅག་ལ་རྗེས་སུ་དཔག་པའི་གནོད་པ་ཡང་མེད་ལ། དམ་བཅས་པའི་སྐྱོན་དུ་ཡང་མི་འགྱུར་རོ་ཞེས་ཟེར་བ་སྟོན་ཏོ། །དེ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་དབུ་མ་པས་སྐྱེས་བུ་རྒྱུར་འདོད་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ནོ། །དེའི་ཕྱིར་ཅི་སྟེ་སྐྱེས་བུ་རྒྱུར་འདོད་པ་དག་ཐ་སྙད་དུ་ཡང་སྤྱིར་ཁས་བླངས་པའི་བདག་ལ་གཅིག་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པའི་ཚད་མ་འདི་ལྟ་བུ་བྱེད་ན་དེ་ཡང་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་ཡང་བཅིངས་པའི་བདག་ནི་ཞེས་བྱ་བ་ནི་ཆོས་ཅན་ཡིན་ལ། གྲོལ་བའི་བདག་ལས་གཞན་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བདག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། གྲོལ་བའི་བདག་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །འདིའི་བསྡུས་པའི་དོན་ནི་སྐྱེས་བུ་རྒྱུར་འདོད་པར་གཞན་དག་བཅིངས་པའི་བདག་གི་དངོས་པོ་གྲོལ་བའི་བདག་ལས་ཐ་མི་དད་པར་སྒྲུབ་སྟེ། དཔེར་ན་གྲོལ་བའི་བདག་ཅེས་བྱ་བ་བདག་ཡིན་པའི་ཕྱིར། རང་གི་ངོ་བོ་ལས་ཐ་མི་དད་པ་དེ་གཞན་མ་ཡིན་པ་དེ་བཞིན་དུ་བཅིངས་པའི་བདག་གི་དངོས་པོ་ཡང་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་ལས་ཐ་མི་དད་དེ་གཞན་མ་ཡིན་པས། དེས་ན་ཐ་སྙད་དུ་ཡང་སྤྱིར་ཁས་བླངས་པའི་བདག་གཅིག་པ་ཉིད་དུ་གྲུབ་པས། དབུ་མ་པའི་དཔེ་མེད་པའི་ཕྱིར། རྗེས་སུ་དཔག་པའི་གནོད་པ་ཡང་མེད་ལ། དམ་བཅས་པའི་སྐྱོན་དུ་ཡང་མི་འགྱུར་རོ་ཞེས་


DTG099_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་སྨྲས་པའི་གནས་སྐབས་དེ་ཁོ་ན་བཞིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་གྲོལ་བའི་བདག་ཉིད་ཡོད་པ་ཉིད་དང་གཅིག་པ་ཉིད་མ་གྲུབ་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་མེད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ན་གྲོལ་བའི་བདག་ཡོད་པ་ཉིད་དུ་མ་གྲུབ་པས་དེས་ན་སྐྱེས་བུ་རྒྱུར་འདོད་པ་དག་ན་རེ། བཅིངས་པའི་བདག་ནི་གྲོལ་བའི་བདག་ལས་གཞན་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་མ་གྲུབ་པས། བཅིངས་པའི་བདག་དང་གྲོལ་བའི་བདག་གཅིག་པ་ཉིད་མ་གྲུབ་པའི་ཕྱིར། རྗེས་སུ་དཔག་པའི་གནོད་པ་ཡོད་པ་དང་དམ་བཅས་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་ཇི་སྐད་སྨྲས་པའི་སྐྱོན་དེ་ཁྱོད་ལ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ།། འདི་སྐད་བསྟན་ཏེ། ཁོ་བོའི་ཕྱོགས་ལ་འདི་ལྟར་དཔེ་གྲོལ་བའི་བདག་མེད་པས་དེའི་ཕྱིར་ཁྱོད་ཀྱིས་སྒྲུབ་པའི་དཔེ་མེད་དེ། ལུང་ལས། མྱ་ངན་འདས་ལ་ཕུང་པོ་མེད། །གང་ཟག་སྲིད་པ་མ་ཡིན་ནོ། །ཞེས་ཇི་སྐད་གསུངས་པའི་ཕྱིར་རོ། །འོ་ན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་གནས་སྐབས་ཀྱིས་གྲོལ་བའི་བདག་གིས་དཔེ་བསྟན་པའི་ཕྱིར། གྲོལ་བའི་བདག་ཡོད་པས་སྒྲུབ་པའི་དཔེ་མེད་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་ཁོ་བོས་སྔར་བཅིངས་པའི་བདག་ནི་ས་ཀུན་གྱི་རྒྱུ་མ་ཡིན་ཏེ་བདག་ཡིན་པའི་ཕྱིར། གྲོལ་བའི་བདག་བཞིན་པས་ཞེས་སྨྲས་པས་ཇི་ལྟར་གྲོལ་བའི་བདག་ཉིད་དེ་བདག་ཡིན་པའི་ཕྱིར། ས་ཀུན་གྱི་རྒྱུ་མ་ཡིན་པ་བཞིན་དུ་བཅིངས་པའི་བདག་ཀྱང་བདག་ཡིན་པའི་ཕྱིར་ས་ཀུན་གྱི་རྒྱུ་མ་ཡིན་པས། ཡང་ཁྱོད་ལ་རང་གི་དམ་བཅས་པའི་སྐྱོན་དུ་འགྱུར་བ་དང༌། གྲོལ་བའི་བདག་ཀྱང་བདག་ཡིན་པའི་ཕྱིར་བཅིངས་པའི་བདག་བཞིན་དུ་བཅིངས་པ་ཉིད་དུ་ཐལ་བར་འགྱུར་རོ། །དཔྱད་པ་རྒྱས་པ་ནི་བདག་བརྟག་པའི་རབ་ཏུ་བྱེད་པ་མཛད་པར་འགྱུར་རོ་ཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་ཀྱིས་ཡོངས་སུ་བརྟག་པ་བདག་གི་རྫས་གཞིག་པ་ནི་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་སྐབས་སུ་སློབ་དཔོན་ཉིད་ཀྱིས་མཛད་པར་འགྱུར་རོ། །ཞར་ལ་བཤད་པས་ཆོག་གོ །གཞན་ཡང༌།


DTG099_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་གང་སྨྲས་པ་དེས་རིག་བྱེད་ཀྱི་ཚིག་ལས་སྐྱེས་བུ་བྱེད་པ་པོ་ཡིན་པར་སྨྲས་པ་དེ་ལ་རེ་ཞིག་རིག་བྱེད་བརྟག་པར་བྱས་ཏེ། ཅི་རིག་བྱེད་སྐྱེས་པ་ཡིན་ནམ། འོན་ཏེ་མ་སྐྱེས་པ་ཡིན། དེ་ལ་རིག་བྱེད་སྐྱེས་པ་ཡིན་ན་ནི། དེ་ལྟ་ན་ནི་རིག་བྱེད་མི་རྟག་པ་ཡིན་ཏེ་སྐྱེ་བ་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །གཞན་ཡང་ཅི་རིག་བྱེད་དེ་བདག་ལས་སྐྱེས་སམ། འོན་ཏེ་གཞན་ལས་སམ། འོན་ཏེ་གཉིས་ལས་སམ། འོན་ཏེ་རྒྱུ་མེད་པ་ལས་སྐྱེས་པ་ཡིན། དེ་ལ་རེ་ཞིག་རིག་བྱེད་དེ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །རིག་བྱེད་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །ཡང་ན་གཞན་བརྗོད་པར་འདོད་པ་ཡི་གེ་ལ་སོགས་པའི་རིག་བྱེད་འགྲུབ་པར་འདོད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །རིག་བྱེད་གཉིས་ལས་སྐྱེ་བ་མེད་དེ་ཕྱོགས་གཉིས་ཀར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་དང༌། གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །རིག་བྱེད་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པ་དང་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་རིག་བྱེད་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། ཡི་གེའི་ཚོགས་ཡིན་པའི་ཕྱིར་དཔེར་ན་བྷ་ར་ཏ་ལ་སོགས་པའི་བསྟན་བཅོས་དག་བཞིན་ནོ། །ཅི་སྟེ་རིག་བྱེད་དག་མ་སྐྱེས་པ་ཡིན་ན་ནི་དེ་ལྟ་ན་རིག་བྱེད་མེད་པ་ཡིན་ཏེ་མ་སྐྱེས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །གྲགས་པའི་གནོད་པར་ཡང་འགྱུར་ཏེ། འཇིག་རྟེན་འདི་ན་གང་སྐྱེས་པ་དེ་ནི་ཡོད་པ་ཞེས་བརྗོད་པའི་ཕྱིར་རོ། །གཞན་ཡང༌། ཁྱོད་ཀྱི་རིག་བྱེད་རྟག་པར་འདོད། །ཅེས་གྲགས་ན་ཅི་དེ་རྒྱུའི་སྒོ་ནས་རྟག་པ་ཉིད་དུ་གྲུབ་པར་འདོད་དམ། འོན་ཏེ་རྒྱུ་མེད་པའི་སྒོ་ནས་རྟག་པ་ཉིད་དུ་གྲུབ་པར་འདོད། དེ་ལ་གལ་ཏེ་རྒྱུའི་སྒོ་ནས་རྟག་པ་ཉིད་དུ་གྲུབ་པར་འདོད་ན་ནི། དེ་ལྟ་ན་རིག་བྱེད་མི་རྟག་པ་ཡིན་ཏེ་རྒྱུ་དང་བཅས་པའི་ཕྱིར། དཔེར་ན་བསྲེག་བྱ་བཞིན་ནོ། །འོན་ཏེ་རྒྱུ་མེད་པའི་སྒོ་ནས་རྟག་པར་


DTG099_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་འདོད་ན་ནི་དེ་ལྟ་ན་རིག་བྱེད་ཅེས་བྱ་བའི་ཚིག་གི་དོན་མེད་དེ། རྒྱུ་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ཏེ། ཇི་སྐད་དུ་ཁྲོ་བ་བདུན་ཅུ་པ་ལས། དེ་ཡི་རྟག་ཉིད་གལ་ཏེ་རྒྱུ་ཡོད་ན། །རྟག་པ་རྟག་པ་ཉིད་དུ་མི་འགྱུར་རོ། །དེ་ཡི་རྟག་ཉིད་གལ་ཏེ་རྒྱུ་མེད་ནའང༌། རྟག་པ་རྟག་པ་ཉིད་དུ་མི་འགྱུར་རོ། །ཞེས་བཤད་པ་ལྟ་བུ་སྟེ། སྐྱེས་བུ་རྟག་པ་ཉིད་ལ་གལ་ཏེ་རྒྱུ་ཡོད་ན་རྒྱུ་དང་བཅས་པའི་ཕྱིར་རྟག་པར་འདོད་པ་དེ་རྟག་པ་ཉིད་དུ་མི་འགྱུར་རོ། །སྐྱེས་བུའི་རྟག་པ་ཉིད་ལ་གལ་ཏེ་རྒྱུ་མེད་ན་ཡང་རྒྱུ་མེད་པའི་ཕྱིར་རྟག་པར་འདོད་པ་དེ་རྟག་པ་ཉིད་དུ་མི་འགྱུར་རོ་ཞེས་བཤད་པ་བཞིན་དུ། རིག་བྱེད་ཀྱང་གལ་ཏེ་རྒྱུ་ཡོད་ན་ཡང་རྒྱུ་དང་བཅས་པའི་ཕྱིར་རྟག་པ་ཉིད་དུ་མི་འགྱུར་ལ། གལ་ཏེ་རྒྱུ་མེད་ན་ཡང་ངོ་བོ་ཉིད་གཏན་མེད་པའི་ཕྱིར། རྟག་པ་ཉིད་དུ་མི་འགྱུར་བས་དེའི་ཕྱིར་རིག་བྱེད་ཀྱི་ཚིག་ལས་སྐྱེས་བུ་བྱེད་པ་པོ་ཉིད་དུ་སྨྲས་པ་དེ་མི་འཐད་དོ། །ད་ནི་རྒྱུ་མེད་པ་དངོས་པོར་གྱུར་པ་རང་བཞིན་རྒྱུར་འདོད་པ་དག་གི་འདོད་པ་བསལ་བར་བྱ་སྟེ། དེ་ལ་རེ་ཞིག་རང་བཞིན་རྒྱུར་འདོད་པ་དག་གི་གྲུབ་པའི་མཐའ་བསྟན་པའི་ཕྱིར། རང་བཞིན་རྒྱུར་འདོད་པ་དག་ནི་ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་ཅན་གྱི་གསལ་བ་རྣམས་སྐྱེ་བའི་རྒྱུ་རང་བཞིན་ཡིན་པར་ཁས་བླངས་ནས་དེ་དག་ན་རེ། ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་ཡིན་པར་ངེས་ཏེ། དེ་དང་ལྡན་པའི་ཕྱིར། འདི་ལྟར་འཇིག་རྟེན་ན་ཡང་གང་ཞིག་གང་དང་ལྡན་པར་གྱུར་པ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ། དཔེར་ན་ཙནྡན་གྱི་ཞོགས་མ་དང༌། གྱོ་མོ་དང༌། སྣོད་དང༌། རྒྱན་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ནང་གི་བྱེ་བྲག་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་དང༌། གཏི་མུག་དང་ལྡན་པས་དེའི་ཕྱིར་ཇི་སྐད་སྨྲས་པའི་གཏན་ཚིགས་ཀྱིས་ན་ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་ཡིན་ནོ། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་གཟུང་བར་བྱ་སྟེ། ཕུང་པོ་མ་ཡིན་པའི་ཕྱིར། ཚོར་བའི་ཕུང་པོ་བཞིན་པས་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་ཟེར་


DTG099_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་རང་བཞིན་རྒྱུར་འདོད་པ་དག་གི་གྲུབ་པའི་མཐའ་སྟོན་ཏོ། །དེ་ལ་རང་བཞིན་རྒྱུ་འདོད་པ་དག་ཅེས་བྱ་བ་ནི། གཞན་མུ་སྟེགས་ཅན་གང་དག་གི་གྲུབ་པའི་མཐའ་ལ་རང་བཞིན་བྱེད་རྒྱུ་དང༌། རྒྱུ་མཚན་དང༌། རྒྱུ་ཡིན་པར་འདོད་པ་དེ་དག་ནི་རང་བཞིན་རྒྱུར་འདོད་པ་དག་ཅེས་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །རང་བཞིན་རྒྱུར་འདོད་པ་དེ་དག་ཁོ་ན་དེ་སྐད་ཟེར་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་ཅན་གྱི་གསལ་བ་རྣམས་ཞེས་བྱ་བ་ནི། གསལ་བ་གང་དག་ལ་དང་པོར་ཚངས་པ་ལ་སོགས་པ་ནས་ཐ་མ་མྱུ་གུའི་མཐར་ཐུག་པའི་བར་དག་ཡོད་པ་དེ་ནི་ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་ཅན་གྱི་གསལ་བ་རྣམས་ཞེས་བྱའོ། །གསལ་བ་དེ་རྣམས་སྐྱེས་པ་ཞེས་བྱ་བ་ནི་གསལ་བ་རྣམས་སྐྱེ་བའོ། །སྐྱེ་བ་དེའི་རྒྱུ་རང་བཞིན་ཡིན་པར་ཁས་བླངས་ནས་ཞེས་བྱ་བ་ནི་རང་བཞིན་རྒྱུར་འདོད་པ་དག་ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་ཅན་གྱི་གསལ་བ་རྣམས་སྐྱེ་བའི་རྒྱུ་རང་བཞིན་ཞེས་བྱ་བ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་ཆ་མཉམ་པར་གྱུར་པ་གཙོ་བོ་ཞེས་བྱ་བ་དེ་ཡིན་པར་ཁས་བླངས་ནས། དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ།། འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། དང་པོ་ཚངས་པ་ནས་བཟུང་སྟེ། རྩྭ་དང་གེལ་བའི་བར་དང་ལྡན་པའི་གསལ་བ་དེ་དག་ཐམས་ཅད་གསལ་བའི་རྒྱུ་ནི་རང་བཞིན་ཞེས་བྱ་བ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་ཆ་མཉམ་པར་གྱུར་པ་གཙོ་བོ་ཞེས་བྱ་བ་དེ་ཡིན་པར་འདོད་དོ། །འདི་ལ་གྲངས་ཅན་རྣམས་ཀྱི་གཞུང་ལས་སྙིང་སྟོབས་དང༌། རྡུལ་དང༌། མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་འདོད་དེ། དེ་ལ་སྙིང་སྟོབས་ནི་ཡང་བ་དང༌། གསལ་བའི་བདག་ཉིད་དོ། །རྡུལ་ནི་གཡོ་བ་དང༌། འཇུག་པར་བྱེད་པའི་བདག་ཉིད་དོ། །མུན་པ་ནི་ལྕི་བ་དང་གནས་པའི་མཚན་ཉིད་དོ། །ཇི་སྐད་དུ། རངས་དང་མགུ་དང་ཀུན་དགའ་དང༌། །བདེ་དང་ཞི་བའི་སེམས་ཉིད་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་བ་དང་ཡོངས་གདུངས་དང༌། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་


DTG099_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང༌། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ། །ཞེས་བཤད་པ་ལྟ་བུ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་དེ་དག་ཆ་མཉམ་པ་ཉིད་དང་མཚུངས་པ་དང་གཅིག་ཏུ་གྱུར་ཅིང༌། གང་ཡང་རུང་བ་འགའ་ཞིག་ཤས་ཆེ་བར་མི་དམིགས་པ་དེ་ནི་གཙོ་བོ་ཞེས་བྱའོ། །གཙོ་བོ་དེ་ཡང་བྲམ་ཟེ་སེར་སྐྱའི་མངོན་སུམ་ཡང་མ་ཡིན་ཏེ། དེ་དག་གི་གཞུང་ལས་བྲམ་ཟེ་སེར་སྐྱས་ཚངས་པ་སྐྱེ་བ་ནི་མཐོང་གི་དེས་གཙོ་བོ་དེ་ནི་མི་མཐོང་ངོ་ཞེས་འབྱུང་བའི་ཕྱིར་རོ། །གཙོ་བོ་རྟགས་མེད་པ་མི་གསལ་བ་དེ་ལས་ཆེན་པོ་ཅུང་ཟད་ཙམ་དང་འགྱུར་བ་ཙམ་དུ་སྐྱེའོ། །ཆེན་པོ་ལས་ང་རྒྱལ་ཤིན་ཏུ་གསལ་བ་སྐྱེའོ། །ང་རྒྱལ་དེ་ཡང་རྣམ་པ་གསུམ་སྟེ། རྣམ་པར་འགྱུར་པ་ལས་གྱུར་པ་དང༌། རྡུལ་ལས་གྱུར་པ་དང༌། འབྱུང་བ་ལས་གྱུར་པའོ། །དེ་ལ་རྣམ་པར་འགྱུར་བ་ལས་གྱུར་པའི་ང་རྒྱལ་སྙིང་སྟོབས་ཤས་ཆེ་བ་ལས་ནི་དབང་པོ་བཅུ་གཅིག་སྐྱེ་སྟེ། འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དང༌། ངག་དང༌། རྐང་པ་དང༌། ལག་པ་དང༌། རྐུབ་དང༌། མདོམས་ཞེས་བྱ་བ་རྣམས་སོ། །དེ་ལ་མིག་ལ་སོགས་པ་ལྔ་ནི་བློའི་དབང་པོ་དག་ཡིན་ནོ། །ངག་ལ་སོགས་པ་ལྔ་ནི་ལས་ཀྱི་དབང་པོ་དག་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་གཉི་གའི་བདག་ཉིད་ཡིན་ཏེ། བློའི་དབང་པོ་དག་ཏུ་ཡང་གནས་པར་བྱེད་ལ། ལས་ཀྱི་དབང་པོ་དག་ཏུ་ཡང་གནས་པར་བྱེད་དོ། །འབྱུང་བ་ལས་གྱུར་པའི་ང་རྒྱལ་མུན་པ་ཤས་ཆེ་བ་ལས་ནི་དེ་ཙམ་ལྔ་སྐྱེ་སྟེ། འདི་ལྟ་སྟེ། སྒྲ་དེ་ཙམ་དང༌། རེག་དེ་ཙམ་དང༌། རོ་དེ་ཙམ་དང༌། གཟུགས་དེ་ཙམ་དང༌། དྲི་དེ་ཙམ་མོ། །རྡུལ་ལས་གྱུར་པའི་ང་རྒྱལ་གཡོ་བ་ཤས་ཆེ་བ་ནི་གཉིས་ཀའི་བདག་ཉིད་ཡིན་ཏེ། དཔེར་ན་བྲམ་ཟེ་འགའ་ཞིག་ལ་ཆུང་མ་བྲམ་ཟེ་མོ་ཞིག་དང་དམངས་མོ་ཞིག་གཉིས་ཡོད་ལ། བྲམ་ཟེ་མོ་ལ་ནི་བུ་བཅུ་གཅིག་བཙས་ལ། དམངས་མོ་ལ་ནི་བུ་ལྔ་བཙས་པ་ལྟ་བུ་སྟེ། དེ་ལ་བྲམ་ཟེ་མོ་ལྟ་བུ་ནི་རྣམ་པར་འགྱུར་བ་ལས་གྱུར་པའི་ང་རྒྱལ་ཡིན་ལ། བུ་བཅུ་གཅིག་ལྟ་བུ་ནི་དབང་པོ་བཅུ་གཅིག་པོ་དག་ཡིན་ནོ། །དམངས་མོ་ལྟ་བུ་ནི་འབྱུང་བ་ལས་


DTG099_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ང་རྒྱལ་ཡིན་ལ། བུ་ལྔ་ལྟ་བུ་ནི་དེ་ཙམ་ལྔ་པོ་དག་ཡིན་ནོ། །བྲམ་ཟེ་ལྟ་བུ་ནི་རྡུལ་ལས་གྱུར་པའི་ང་རྒྱལ་ཡིན་ནོ། །དེ་ལ་ཆེན་པོ་དང་ང་རྒྱལ་དང༌། དེ་ཙམ་རྣམས་ནི་རང་བཞིན་ཡང་ཡིན་ལ་འགྱུར་བ་ཡང་ཡིན་ནོ། །རྩ་བའི་རང་བཞིན་ནི་རང་བཞིན་ཁོ་ན་ཡིན་གྱི། འགྱུར་བ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཙོ་བོ་ལས་ཆེན་པོ་སྐྱེ་བ་དེའི་ཕྱིར་གཙོ་བོ་རང་བཞིན་ཡིན་ལ། གང་གི་ཕྱིར་གཙོ་བོ་གང་ལས་ཀྱང་མི་སྐྱེ་བ་དེའི་ཕྱིར་གཙོ་བོ་མི་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་ཆེན་པོ་ལས་ང་རྒྱལ་སྐྱེ་བ་དེའི་ཕྱིར་ཆེན་པོའི་རང་བཞིན་ཡིན་ལ། གང་གི་ཕྱིར་ཆེན་པོ་གཙོ་བོ་ལས་སྐྱེ་བ་དེའི་ཕྱིར་ཆེན་པོར་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་ང་རྒྱལ་ལས་དབང་པོ་རྣམས་དང་དེ་ཙམ་རྣམས་སྐྱེ་བ་དེའི་ཕྱིར་ང་རྒྱལ་རང་བཞིན་ཡིན་ལ། གང་གི་ཕྱིར་ང་རྒྱལ་ཆེན་པོ་ལས་སྐྱེ་བ་དེའི་ཕྱིར་ང་རྒྱལ་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་སྒྲ་དེ་ཙམ་ལས་ནམ་མཁའ་སྐྱེ་བ་དེའི་ཕྱིར་སྒྲ་དེ་ཙམ་རང་བཞིན་ཡིན་ལ། གང་གི་ཕྱིར་སྒྲ་དེ་ཙམ་ང་རྒྱལ་ལས་ང་རྒྱལ་ལས་སྐྱེ་བ་དེའི་ཕྱིར་སྒྲ་དེ་ཙམ་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་རེག་དེ་ཙམ་ལས་རླུང་སྐྱེ་བ་དེའི་ཕྱིར་རེག་དེ་ཙམ་རང་བཞིན་ཡིན་ལ། གང་གི་ཕྱིར་རེག་དེ་ཙམ་ང་རྒྱལ་ལས་སྐྱེ་བ་དེའི་ཕྱིར་རེག་དེ་ཙམ་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་གཟུགས་དེ་ཙམ་ལས་མི་སྐྱེ་བ་དེའི་ཕྱིར་གཟུགས་དེ་ཙམ་རང་བཞིན་ཡིན་ལ། གང་གི་ཕྱིར་གཟུགས་དེ་ཙམ་ང་རྒྱལ་ལས་སྐྱེ་བ་དེའི་ཕྱིར་གཟུགས་དེ་ཙམ་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་རོ་དེ་ཙམ་ལས་ཆུ་སྐྱེ་བ་དེའི་ཕྱིར་རོ་དེ་ཙམ་རང་བཞིན་ཡིན་ལ། གང་གི་ཕྱིར་རོ་དེ་ཙམ་ང་རྒྱལ་ལས་སྐྱེ་བ་དེའི་ཕྱིར་རོ་དེ་ཙམ་འགྱུར་བ་ཡང་ཡིན་ནོ། །གང་གི་ཕྱིར་དྲི་དེ་ཙམ་ལས་ས་སྐྱེ་བ་དེའི་ཕྱིར་དྲི་དེ་ཙམ་རང་བཞིན་ཡིན་ལ། གང་གི་ཕྱིར་དྲི་དེ་ཙམ་ང་རྒྱལ་ལས་སྐྱེ་བ་དེའི་ཕྱིར་དྲི་དེ་ཙམ་འགྱུར་པ་ཡང་ཡིན་ནོ། །དེའི་ཕྱིར་འབྱུང་བ་ཆེན་པོ་ལྔ་དང་དབང་པོ་བཅུ་གཅིག་སྟེ་བཅུ་དྲུག་པོ་དེ་དག་ནི་འགྱུར་བ་འབའ་ཞིག་ཡིན་གྱི་རང་བཞིན་ནི་མ་ཡིན་ནོ། །གཙོ་བོ་དང་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་སྟེ་བརྒྱད་པོ་དེ་དག་ལས་གཙོ་བོ་ནི་རང་བཞིན་ཁོ་ན་ཡིན་གྱི་འགྱུར་བ་ནི་མ་ཡིན་ནོ། །བདུན་ནི་རང་བཞིན་དང་འགྱུར་བ་གཉི་ག་ཡིན་ནོ། །ཉི་ཤུ་རྩ་བཞི་པོ་དེ་དག་སྐྱེས་བུ་དང་བཅས་པ་དང་དེ་ཁོ་ན་ཉི་ཤུ་རྩ་


DTG099_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡིན་ནོ། །གང་གིས་སྐྱེས་བུ་དང་བཅས་པ་དེ་དག་ཤེས་པ་དེ་ནི་ཆ་ལུགས་གང་དག་གིས་གནས་སུ་ཟིན་ཀྱང་གྲོལ་བར་འགྱུར་ཏེ། དེ་སྐད་དུ། དེ་ཉིད་ཉི་ཤུ་ལྔ་ཤེས་པས། །རལ་པའམ་བྱི་བོའམ་གཙུག་ཕུད་ཀྱི། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བཤད་པ་ལྟ་བུའོ། །རང་བཞིན་གྱི་རྒྱུར་འདོད་པ་དེ་ལྟ་བུ་སྨྲ་བ་གཞན་གྱིས་མི་རྟོགས་པ་དེའི་ཕྱིར་རང་བཞིན་རྒྱུར་འདོད་པ་དེ་དག་ན་རེ། ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང་གཏི་མུག་ཡིན་པར་ངེས་ཏེ་དེ་དང་ལྡན་པའི་ཕྱིར། འདི་ལྟར་འཇིག་རྟེན་ན་ཡང་གང་ཞིག་གང་དང་ལྡན་པར་གྱུར་པ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ། དཔེར་ན་ཙནྡན་གྱི་ཞོགས་མ་དང༌། གྱོ་མོ་དང་སྣོད་དང་རྒྱན་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །འདིར་ཡང་ནང་གི་བྱེ་བྲག་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། རྒྱུ་ནི་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་ཡིན་པར་ངེས་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། འདི་ལྟར་འཇིག་རྟེན་ན་ཡང་གང་ཞིག་དང་ལྡན་པར་གྱུར་པ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ་ཞེས་བྱ་བ་འདི་ནི་དེའི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན། དཔེར་ན་ཙནྡན་གྱི་ཞོགས་མ་དང༌། གྱོ་མོ་དང་སྣོད་དང་རྒྱན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །འདིའི་བསྡུས་པའི་དོན་ནི་ནང་གི་སྐྱེ་མཆེད་མིག་ལ་སོགས་པ་མཚན་ཉིད་ཕན་ཚུལ་ཐ་དད་པའི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང༌། སྡུག་བསྔལ་དང་གཏི་མུག་ཅེས་བྱ་བ་སྙིང་སྟོབས་དང་རྡུལ་དང་མུན་པ་ཡིན་པར་ངེས་ཏེ། དེ་དག་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་གསུམ་པོ་དེ་དང་ལྡན་པའི་ཕྱིར། དཔེར་ན་ཙནྡན་གྱི་ཞོགས་མ་ལ་སོགས་པ་ཙནྡན་ལ་སོགས་པ་དང་ལྡན་པའི་ཕྱིར་ཙནྡན་ལ་སོགས་པའི་རྒྱུ་ཅན་ཡིན་པ་དང་འདྲའོ་ཞེས་ཟེར་རོ། །དེ་ལ་ནང་གི་བྱེ་བྲག་རྣམས་ཞེས་བྱ་བ་ནི། ནང་གི་སྐྱེ་མཆེད་མིག་ལ་སོགས་པ་མཚན་ཉིད་ཕན་ཚུན་ཐ་དད་པའི་བྱེ་བྲག་དང་ལྡན་པ་རྣམས་སོ། །བདེ་བ་ཞེས་བྱ་བ་ནི་སྙིང་སྟོབས་ཏེ། ཇི་སྐད་དུ། རངས་དང་མགུ་དང་ཀུན་དགའ་དང༌། །བདེ་དང་ཞི་བའི་སེམས་ཉིད་དག །ལན་འགའ་ཡང་ནི་སྣང་


DTG099_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །ཞེས་བཤད་པའི་ཕྱིར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་རྡུལ་ཏེ། ཇི་སྐད་དུ།མི་དགའ་བ་དང་ཡོངས་གདུངས་དང༌། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་རྟགས་སུ་འདོད། །ཅེས་བཤད་པའི་ཕྱིར་རོ། །གཏི་མུག་ཅེས་བྱ་བ་ནི་མུན་པ་སྟེ། ཇི་སྐད་དུ། རྨོངས་དང་དེ་བཞིན་གཏི་མུག་དང༌། །བག་མེད་གཉིད་དང་གཡེལ་བ་དག །ལན་འགའ་ཡང་མི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། ནང་གི་སྐྱེ་མཆེད་མིག་ལ་སོགས་པའི་བྱེ་བྲག་རྣམས་སྙིང་སྟོབས་དང༌། རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་དེ་དང་ལྡན་པའི་ཕྱིར། ནང་གི་སྐྱེ་མཆེད་རྣམས་ཀྱི་རྒྱུ་རང་བཞིན་ཡིན་ནོ་ཞེས་བྱ་བར་དམ་འཆའོ། །དེའི་ཉེ་བར་སྦྱར་བའི་སྦྱོར་བ་བྱ་བའི་ཕྱིར། འདི་ལྟར་འཇིག་རྟེན་ན་ཡང་གང་ཞིག་གང་དང་ལྡན་པར་གྱུར་པ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ་ཞེས་བྱ་བ་སྨྲས་ཏེ། ནང་གི་སྐྱེ་མཆེད་མིག་ལ་སོགས་པའི་མཚན་ཉིད་ཕན་ཚུན་ཐ་དད་པའི་བྱེ་བྲག་རྣམས་ཀྱི་རྒྱུ་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་ཡིན་པར་ཅི་མངོན་ཞེ་ན། དེའི་ཉེ་བར་སྦྱར་བའི་སྦྱོར་བ་བསྟན་པའི་ཕྱིར། འདི་ལྟར་འཇིག་རྟེན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་ལྟར་ཞེས་བྱ་བའི་ཚིག་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ན་ཡང་ཞེས་བྱ་བ་ནི་འགྲོ་བའི་ཁམས་ན་ཡང་ངོ༌། །གང་ཞིག་ཅེས་བྱ་བ་ནི་དངོས་པོ་གང་ཞིག་གོ །གང་དང་ལྡན་པར་འགྱུར་བ་ཞེས་བྱ་བ་ནི་ཡོན་ཏན་གང་དང་ལྡན་པར་འགྱུར་བའོ། །དེ་ནི་ཞེས་བྱ་བ་ནི་དངོས་པོ་དེ་ནིའོ། །དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ་ཞེས་བྱ་བ་ནི་ཡོན་ཏན་དེའི་རྒྱུ་དང་ལྡན་པ་ཡིན་པར་གྲགས་པའོ། །དེའི་དཔེ་བསྟན་པའི་ཕྱིར། དཔེར་ན་ཙནྡན་གྱི་ཞོགས་མ་དང་གྱོ་མོ་དང་སྣོད་དང་རྒྱན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཙནྡན་གྱི་ཞོགས་མ་དག་ཀྱང་ཙནྡན་གྱི་རང་བཞིན་དང་ལྡན་པའི་ཕྱིར་དེ་དག་ཙནྡན་གྱི་རྒྱུ་ཅན་ཡིན་པ་དང༌། ཁམ་པའི་གྱོ་བོ་ངག་ཀྱང་ཁམ་པའི་རང་བཞིན་དང་ལྡན་པའི་ཕྱིར་དེ་དག་ཀྱང་ཁམ་པའི་རྒྱུ་ཅན་ཡིན་པ་དང༌། ཁར་བའི་སྣོད་ལ་སོགས་པ་ཡང་ཁར་


DTG099_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་དང་ལྡན་པའི་ཕྱིར་དེ་དག་ཀྱང་ཁར་བའི་རྒྱུ་ཅན་ཡིན་པ་དང༌། གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གསེར་གྱི་རྒྱན་དག་ཀྱང་གསེར་གྱི་རང་བཞིན་དང་ལྡན་པའི་ཕྱིར་དེ་དག་ཀྱང་གསེར་གྱི་རྒྱུ་ཅན་ཡིན་པར་ཤེས་པ་ལ་སོགས་པ་བཞིན་ནོ། །དེ་ནི་དཔེས་མཚོན་པའི་དོན་གྱིས་མཇུག་སྡུད་པར་བྱེད་དེ། དེའི་ཕྱིར་དེ་བཞིན་དུ་ནང་གི་བྱེ་བྲག་རྣམས་ཀྱང་བདེ་བ་དང་སྡུག་བསྔལ་བ་དང་གཏི་མུག་དང་ལྡན་པས་དེའི་ཕྱིར་ཇི་སྐད་སྨྲས་པའི་གཏན་ཚིགས་ཀྱིས་ན། ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ནི་རྗེས་སུ་འགྲོ་བའི་གཞུང་གཟུགས་པའོ། །གཞུང་གཟུགས་པ་གཞན་བཞི་པོ་ཚད་ཀྱི་གཞུང་གཟུགས་པ་དང༌། རྒྱུ་དང་འབྲས་བུའི་གཞུང་གཟུགས་པ་དང༌། ནུས་པ་འཇུག་པའི་གཞུང་གཟུགས་པ་དང༌། རང་བཞིན་སྣ་ཚོགས་ཀྱི་གཞུང་གཟུགས་པ་ཞེས་བྱ་བ་དག་ནི་འདིར་མ་བྲིས་ཏེ། གཞུང་གཟུགས་པ་ལྔ་དང༌། གཞུང་གཟུགས་པ་མེད་པ་ལྔ་པོ་རྣམ་པར་དབྱེ་བ་དེ་དག་གིས་རྟག་ཏུ་ནང་གི་བྱེ་བྲག་རྣམས་ལ་རྒྱུ་ལྔ་ནི་ཡོད་པར་སྒྲུབ་པར་བྱེད་དོ། །གལ་ཏེ་སངས་རྒྱས་པ་དག་ཁོ་བོ་ལ་ཕུང་པོ་རྣམས་སྙིང་སྟོབས་དང༌། རྡུལ་དང་མུན་པའི་ཡོན་ཏན་དང་ལྡན་པར་མ་གྲུབ་པས་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པོ་ཞེས་ཟེར་ན། དེའི་ཕྱིར་གྲངས་ཅན་དག་རང་ཉིད་ཀྱི་དོགས་པ་དེ་སྒྲུབ་པར་བྱེད་དོ། །གང་གི་ཕྱིར་གང་ཡང་རུང་བ་ལ་མ་གྲུབ་པའམ། ཐེ་ཚོམ་ཟ་བའི་ཚིག་ནི་ཡང་སྒྲུབ་པ་ལ་ལྟོས་པའི་མཚན་ཉིད་ཡོད་པས་དེའི་ཕྱིར། གཟུགས་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་རྣམས་ཀྱང་བདེ་བ་དང༌། སྡུག་བསྔལ་བ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པས་གཟུང་བར་བྱ་སྟེ། ཕུང་པོ་ཡིན་པའི་ཕྱིར། ཚོར་བའི་ཕུང་པོ་བཞིན་པས་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་གཟུགས་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་རྣམས་ཀྱང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་གཟུང་བར་བྱ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ཕུང་པོ་ཡིན་


DTG099_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། ཚོར་བའི་ཕུང་པོ་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན། དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མཇུག་བསྡུ་བ་ཡིན་པར་སྦྱར་རོ། །འདིའི་བསྡུས་པའི་དོན་ནི་གཟུགས་ལ་སོགས་པའི་ཕུང་པོ་བཞི་པོ་དག་ཀྱང༌། སྙིང་སྟོབས་དང༌། རྡུལ་དང་མུན་པའི་ངོ་བོ་ཉིད་ཡིན་པར་གཟུང་སྟེ་དེ་དག་ཕུང་པོ་ཡིན་པའི་ཕྱིར་ཚོར་བ་ཚོར་བའི་ཕུང་པོ་བཞིན་ནོ། །དཔེར་ན་ཚོར་བ་ནི་ཕུང་པོ་ཡིན་པའི་ཕྱིར། ཚོར་བ་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་གཟུང་བར་བྱ་སྟེ། འདི་ལྟར་བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་ཞེས་བརྗོད་པ་དང་འདྲ་བར། གཟུགས་ལ་སོགས་པའི་ཕུང་པོ་བཞི་པོ་དག་ཀྱང་ཕུང་པོ་ཡིན་པའི་ཕྱིར། དེ་དག་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་འགྱུར་བས། དེའི་ཕྱིར་དེ་དག་དང་ལྡན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་མཚན་ཉིད་ཇི་སྐད་སྨྲས་པ་དེ་མ་གྲུབ་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་ཙནྡན་ལ་སོགས་དོན་དམ་པར་མ་གྲུབ་པས་དཔེ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལ་འདིར་ཞེས་བྱ་བ་ནི་སྒྲུབ་པར་སྔ་མ་དེ་ལ་འདིར་འགྲེལ་པ་བྱེད་པས་སུན་དབྱུང་བ་སྨྲས་པ་ཡིན་ནོ། །ཙནྡན་ལ་སོགས་པ་དོན་དམ་པར་མ་གྲུབ་པས་དཔེ་མེད་དོ་ཞེས་བྱ་བ་ནི་ཁོ་བོའི་ཕྱོགས་ལ་ཙནྡན་དང༌། གྱོ་མོ་དང༌། སྣོད་དང༌། རྒྱན་ལ་སོགས་པ་དོན་དམ་པར་མ་གྲུབ་པས་ཁྱོད་ཀྱི་དཔེ་མེད་དོ། །དོན་དམ་པར་དངོས་པོ་ཐམས་ཅད་མ་སྐྱེས་པའི་ཕྱིར་ཙནྡན་ལ་སོགས་པ་དོན་དམ་པར་མ་གྲུབ་བོ། །དེའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་དེ་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེའི་དཔེ་མེད་པས། དེས་ན་གྲངས་ཅན་དག་གི་སྒྲུབ་པ་ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་ཡིན་པར་ངེས་ཏེ་དེ་དང་ལྡན་པའི་ཕྱིར། འདི་ལྟར་འཇིག་རྟེན་ན་ཡང་གང་ཞིག་གང་དང་ལྡན་པར་འགྱུར་བ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་ཏེ། དཔེར་ན་ཙནྡན་གྱི་ཞོགས་མ་དང༌། གྱོ་མོ་དང༌། སྣོད་དང༌། རྒྱན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་སྔ་མ་དེ་ཡང་དཔེ་མེད་པས་གཏན་ཚིགས་མ་གྲུབ་


DTG099_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་དམ་བཅས་པ་ཙམ་དུ་ཟད་དོ། །སྒྲུབ་པ་གཉིས་པ་ལ་ཡང་གང་ལ་གཟུགས་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་རྣམས་ཀྱང་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་གཟུང་བར་བྱ་སྟེ་ཞེས་སྒྲུབ་པ་དེ་ལ་ཡང་ཐ་སྙད་དུ་ཡང་དཔེ་མ་གྲུབ་སྟེ། དེའི་ཕྱིར་ཐ་སྙད་དུ་ཡང་གཏི་མུག་ནི་འདུ་བྱེད་ཀྱི་ཕུང་པོར་གཏོགས་པས་དཔེ་མ་གྲུབ་བོ་ཞེས་བྱ་བ་སྨྲས་ཏེ། ཚོར་བ་ལ་གཏི་མུག་མེད་པས་དེའི་ཕྱིར་བསྒྲུབ་པར་བྱ་བ་ཆ་གཅིག་གི་དཔེས་སྟོང་སྟེ། རེ་ཞིག་ཀུན་རྫོབ་ཏུ་ཡང་སྐྱོན་དེ་ཡོད་དོ། །དོན་དམ་པར་ནི་ཚོར་བའི་ཕུང་པོ་མ་སྐྱེས་པའི་ཕྱིར། དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡང་ཡོད་དོ། །ཅི་སྟེ་སྦྱོར་བ་འདི་ལྟ་བུ་བྱེད་དེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བའི་ཕུང་པོ་རྣམས་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་ཏེ། ཕུང་པོ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་ཕུང་པོ་བཞིན་ནོ་ཞེས་ཟེར་ན། དེ་ལྟ་ན་ཡང་འདུ་བྱེད་ཀྱི་ཕུང་པོ་དཔེར་བཞག་པ་ནི་སྒྲུབ་པ་ཤིན་ཏུ་སྟོང་པ་ཡིན་ཏེ། འདི་ལྟར་འདུ་བྱེད་ཀྱི་ཕུང་པོ་དེ་ལ་གཏི་མུག་ཡོད་དུ་ཟིན་ཀྱང༌། དེ་ལ་བདེ་པ་དང༌། སྡུག་བསྔལ་མེད་པའི་ཕྱིར་རོ། །ཅི་སྟེ་སྦྱོར་བ་འདི་ལྟ་བུ་བྱེད་དེ། གཟུགས་དང༌། འདུ་ཤེས་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་གསུམ་པོ་དག་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་ཏེ་ཕུང་པོ་ཡིན་པའི་ཕྱིར། ཚོར་བ་དང༌། འདུ་བྱེད་ཀྱི་ཕུང་པོ་བཞིན་ནོ་ཞེས་ཟེར་ན། དེ་ལྟ་ན་ཡང་ཚོར་བའི་ཕུང་པོ་ལ་བདེ་བ་དང་སྡུག་བསྔལ་ཡོད་ཅིང༌། འདུ་བྱེད་རྣམས་ལ་གཏི་མུག་ཡོད་དུ་ཟིན་ཀྱང༌། ཚོར་བ་དང༌། འདུ་བྱེད་གཉིས་ལས་གང་ཡང་རུང་བ་གཅིག་མ་ངེས་པར་འགྱུར་ཏེ། ཅི་རེ་ཞིག་ཚོར་བ་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་བཞིན་དུ། གཟུགས་དང༌། འདུ་ཤེས་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་གསུམ་པོ་དག་ཀྱང་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་དང་ལྡན་པར་འགྱུར་པའམ། འོན་ཏེ་གཟུགས་དང༌། འདུ་ཤེས་དང༌། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་གསུམ་པོ་དག་ཕུང་པོ་ཡིན་པའི་ཕྱིར། ཚོར་བའི་ཕུང་པོའམ། འདུ་བྱེད་ཀྱི་ཕུང་པོ་བཞིན་དུ། བདེ་བ་དང་སྡུག་བསྔལ་བའམ་གཏི་མུག་ལས་


DTG099_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་རུང་བ་གཅིག་དང་ལྡན་པར་འགྱུར་བ་མ་ངེས་སོ། །བདེ་བ་དང་སྡུག་བསྔལ་དག་ལས་གཞན་པ་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཆོས་རྣམས་ནི་བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་ཤེས་པ་བཞིན་པས་དེའི་ཕྱིར། དེ་ནི་རྗེས་སུ་དཔག་པས་ཀྱང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གྲངས་ཅན་གྱི་བསྟན་བཅོས་ལས། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་མཚན་ཉིད་ཀྱི་ཆོས་རྣམས་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་ཅིས་བྱ་བའི་ཡོན་ཏན་གསུམ་པོ་སྤྱི་དང་ལྡན་པར་འདོད་ཅིང༌། གྲངས་ཅན་གྱི་ཆོས་དེ་རྣམས་ཡོན་ཏན་དེ་དག་དང་ལྡན་པར་སྒྲུབ་པ་དེའི་ཕྱིར། འདིར་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཅེས་བྱ་བའི་ཆོས་རྣམ་པར་ཤེས་པ་མ་ཡིན་པ་རྣམས་ཕྱོགས་སུ་བྱས་ཏེ་ཆོས་དེ་རྣམས་བདེ་བ་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་སྒྲུབ་པ་ཡིན་ནོ། །འདིར་ཡང་བདེ་བ་དང༌། སྡུག་བསྔལ་དག་ལས་གཞན་པར་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཆོས་རྣམས་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན། བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ཤེས་པ་བཞིན་བས་ཞེས་བྱ་བ་འདི་ནི་དཔེ་ཡིན། དེའི་ཕྱིར་དེ་ནི་རྗེས་སུ་དཔག་པས་ཀྱང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མཇུག་བསྡུ་བ་ཡིན་པར་སྦྱར་རོ། །དེ་ལ་བདེ་བ་དང་སྡུག་བསྔལ་དག་ལས་གཞན་པ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་ལས་གཞན་པ་སྟེ། ཤེས་པ་དེ་ཡོད་པ་ཉིད་ཅེས་བྱ་བར་སྦྱར་རོ། །ཤེས་པ་ཡོད་པ་ཉིད་མ་ཡིན་པའི་ཆོས་རྣམས་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཕུང་པོ་མ་ཡིན་པའི་ཆོས་ཏེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་སོ། །བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཕུང་པོ་མ་ཡིན་པའི་ཆོས། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཆོས་དེ་རྣམས་བདེ་བ་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་པར་སྒྲུབ་པའོ། །གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། འདི་ལྟར་གཟུགས་དང༌། ཚོར་བ་དང༌།


DTG099_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་དང༌། འདུ་བྱེད་རྣམས་ནི་གཞལ་བྱ་ཡིན་པའི་ཕྱིར། བདེ་བ་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་ཏེ། ཆོས་གང་དང་གང་གཞལ་བྱ་ཡིན་པ་དེ་དང་དེ་དག་ནི་བདེ་བ་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་པའི་ཕྱིར་རོ། །དཔེར་ན་ཤེས་པ་བཞིན་པས་ཞེས་བྱ་བ་ནི་གཉི་ག་ལ་གྲགས་པའི་དཔེ་ཡིན་ཏེ། ཤེས་པ་ཞེས་བྱ་བ་ནི་གྲངས་ཅན་གྱི་གཞུང་ལས་སྐྱེས་བུ་ཞེས་བྱ་བ་ཡིན་ཏེ། དེ་ནི་ངེད་སངས་རྒྱས་པའི་གཞུང་ལས་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་དཔེར་ན་གྲངས་ཅན་གྱི་གཞུང་ལས། ཤས་པ་ཞེས་བྱ་བའི་སྐྱེས་བུ་ནི་གཞལ་བྱ་ཡང་ཡིན་ལ། །དེ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡང་མི་འདོད་པ་དེ་བཞིན་དུ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཅེས་བྱ་བའི་ཆོས་རྣམས་ཀྱང་ཤེས་པ་བཞིན་དུ་གཞལ་བྱ་ཡིན་པའི་ཕྱིར། བདེ་བ་དང༌། སྡུག་བསྔལ་གྱི་ངོ་བོ་ཉིད་མ་ཡིན་པར་ངེས་སོ། །དེའི་ཕྱིར་དེ་ནི་རྗེས་སུ་དཔག་པས་ཀྱང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་སྨྲས་པའི་གཏན་ཚིགས་དེའི་ཕྱིར་ན་གྲངས་ཅན་དག་གིས་ནང་གི་བྱེ་བྲག་རྣམས་ཀྱི་རྒྱུ་ནི་བདེ་བ་དང༌། སྡུག་བསྔལ་དང༌། གཏི་མུག་གི་ངོ་བོ་ཉིད་ཡིན་པར་ངེས་ཏེ་ཞེས་གང་སྨྲས་པ་དེ་ནི་དབུ་མ་པའི་རྗེས་སུ་དཔག་པ་དེས་ཀྱང་རིགས་པ་མ་ཡིན་ནོ་ཞེས་མཇུག་བསྡུ་བ་ཡིན་ནོ། །གལ་ཏེ་གྲགས་ཅན་དག་འདི་སྐད་ཅེས། དབུ་མ་པས་དཔེར་ན་ཤེས་པ་བཞིན་པས་ཞེས་ཤེས་པ་ལས་དཔེ་བླངས་པ་དེ་ཤེས་པ་ནི་སྐྱེས་བུ་ཡིན་ལ། དེ་ནི་ཁྱེད་ལ་མ་གྲུབ་པས་དེའི་ཕྱིར་དབུ་མ་པས་དཔེ་མ་གྲུབ་བོ་ཞེས་ཟེར་ན། ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཤེས་པ་སྤྱིར་གྲུབ་པ་ཁོ་ན་ལས་དཔེ་ཉིད་བླངས་པས་དཔེ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་བྱེ་བྲག་སྟེ། དེ་ནི་ཁྱེད་ལ་ཡང་སྐྱེས་བུ་ཞེས་བྱ་བར་གྲགས་ལ། ཁོ་བོ་ཅག་ལ་ཡང་ཤེས་པ་ཞེས་བྱ་བར་གྲངས་པས་ཤེས་པ་དེ་ནི་སྤྱིར་གྲུབ་པ་ཡིན་ནོ། །དེ་ལྟར་ཤེས་པ་སྤྱིར་གྲུབ་པ་ཁོ་ན་ལས་དཔེ་ཉིད་བླངས་པས་ཁོ་བོའི་དཔེ་མ་གྲུབ་པ་མ་ཡིན་ནོ། །ད་ནི་རང་བཞིན་རྒྱུར་འདོད་པ་དག་གི་གཞུང་ལས་གཙོ་བོ་ལས་ཆེན་པོ་ལ་སོགས་པ་དེ་ཁོ་ན་


DTG099_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དག་འབྱུང་ངོ་ཞེས་ཟེར་བའི་ལུགས་དགག་པའི་ཕྱིར། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གཙོ་བོ་ཆེན་པོ་ནི་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་ཏེ། མི་གསལ་བའི་ཕྱིར། དཔེར་ན་སྐྱེས་བུ་བཞིན་པས་རང་བཞིན་རྒྱུར་འདོད་པ་དག་གི་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་གཙོ་བོ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ཆེན་པོ་ལ་སོགས་པའི་དེ་ཁོ་ནའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། མི་གསལ་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཅན་ཡིན། དཔེར་ན་སྐྱེས་བུ་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན། རང་བཞིན་རྒྱུར་འདོད་པ་དག་གིས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་འདི་ནི་མཇུག་བསྡུ་བ་ཡིན་པར་སྦྱར་རོ། །དེ་ལ་གཙོ་བོ་ཞེས་བྱ་བ་ནི་རང་བཞིན་ཞེས་བྱ་བའི་སྙིང་སྟོབས་དང་རྡུལ་དང་མུན་པའི་ཕན་ཡོན་གསུམ་ཆ་མཉམ་པར་གྱུར་པ་རྟགས་མེད་ཅིང་མི་གསལ་བ་གང་ཡིན་པའོ། ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བ་ནི། གཙོ་བོ་དེ་ཆེན་པོ་དང་ང་རྒྱལ་དང་བློ་དང་ཡིད་དང་ལས་ཀྱི་དབང་པོ་རྣམས་དང༌། དེ་ཙམ་དང་འབྱུང་བ་ཆེན་པོ་ཞེས་བྱ་བ་དེ་ཁོ་ན་དག་གི་སྐྱེས་པའི་རྒྱུ་མ་ཡིན་པར་སྒྲུབ་པའོ། །མི་གསལ་བའི་ཕྱིར་ཞེས་བྱ་བ་འདི་ནི་གཙོ་བོ་དེ་ནི་རྟགས་མེད་ཅིང་མི་གསལ་བའི་ཕྱིར་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་པའོ། །དཔེར་ན་སྐྱེས་བུ་བཞིན་པས་ཞེས་བྱ་བ་ནི་དཔེར་ན་སྐྱེས་བུ་ཡང་མི་གསལ་བའི་ཕྱིར། ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་པ་དེ་བཞིན་དུ། གཙོ་བོ་ཡང་མི་གསལ་བའི་ཕྱིར་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་ནོ། །རང་བཞིན་རྒྱུར་འདོད་པ་དག་གིས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ནི་གྲངས་ཅན་དག་གིས་གཙོ་བོ་རྟགས་མེད་ཅིང་མི་གསལ་བ་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་ཡིན་པར་དམ་བཅས་པའི་རང་གི་རྗེས་སུ་དཔག་པ་དེ་ལ་དབུ་མ་པས་དེ་མི་གསལ་བས་རྒྱུ་མ་ཡིན་པར་རྗེས་སུ་དཔག་པ་ཉིད་ཀྱིས་གཙོ་བོ་རྒྱུར་འདོད་པ་དེ་གསལ་བའི་ཕྱིར་རོ། །ཅི་སྟེ་མི་གསལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་གལ་ཏེ་གསལ་བའི་སྔོན་རོལ་གྱི་གནས་སྐབས་ལ་བྱ་ན་ནི། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་སྐྱོན་དུ་འགྱུར་ལ། གལ་ཏེ་ཤེས་པ་ཡོད་པ་ཉིད་ལ་བྱ་ན་ནི་གཏན་ཚིགས་ཀྱི་དོན་ནི་འགྲུབ་བོ་ཞེ་ན་ཞེས་བྱ་བ་


DTG099_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དབུ་མ་པས་གྲངས་ཅན་གྱི་དོགས་པ་བསུ་བའི་ཚིག་ཡིན་ཏེ། གྲངས་ཅན་དག་ན་རེ་དབུ་མ་པས་སྔར་བསྒྲུབས་པའི་གཏན་ཚིགས་སུ་མི་གསལ་བའི་ཕྱིར་ཞེས་བྱ་བ་དེ་གལ་ཏེ་ཆེན་པོ་ལ་སོགས་པ་གསལ་བའི་སྔོན་རོལ་གྱི་གནས་སྐབས་གཙོ་བོ་ཞེས་བྱ་བ་ལ་བྱ་ན་ནི། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་གཙོ་བོ་མི་གསལ་བ་ཉིད་གང་ཡིན་པ་དེ་སྐྱེས་བུ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཡོད་པ་ཉིད་ལ་བྱ་ན་ནི་གཏན་ཚིགས་ཀྱི་དོན་མི་འགྲུབ་སྟེ། འདི་ལྟར་ཤེས་པ་ཡོད་པ་ཉིད་ཀྱི་མི་གསལ་བ་ཉིད་གང་ཡིན་པ་དེ་གཙོ་བོ་ལ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ཡིན་ནོ། །དེ་ལ་ཅི་སྟེ་ཞེས་བྱ་བའི་སྒྲ་ནི་དབུ་མ་པས་རང་བཞིན་རྒྱུར་འདོད་པ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ནོ། །མི་གསལ་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཞེས་བྱ་བ་ནི་དབུ་མ་པས་སྔར་གཙོ་བོ་ནི་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་ཏེ། མི་གསལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་བསྟན་པ་གང་ཡིན་པའོ། །གལ་ཏེ་གསལ་བའི་སྔོན་རོལ་གྱི་གནས་སྐབས་ལ་བྱན་ནི་ཞེས་བྱ་བ་ལ། འདིར་གསལ་བ་ཞེས་བྱ་བ་ནི་ཆེན་པོ་སྟེ། ཆེན་པོ་ནི་ཅུང་ཟད་ཙམ་དང་འགྱུར་བ་ཙམ་ཡིན་པའི་ཕྱིར་རོ། །དེའི་སྔོན་རོལ་གྱི་གནས་སྐབས་ཞེས་བྱ་བ་ནི་གཙོ་བོ་སྟེ། གཙོ་བོ་ནི་རྟགས་མེད་ཅིང་མི་གསལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་གཙོ་བོ་མི་གསལ་བ་ཉིད་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་བརྗོད་ན་ནི། དེས་ན་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་སྐྱོན་དུ་འགྱུར་ལ་ཞེས་བྱ་བ་སྨྲས་ཏེ། དཔེ་ཞེས་བྱ་བ་ནི་དབུ་མ་པས་སྔར་དཔེར་ན་སྐྱེས་བུ་བཞིན་པས་ཞེས་སྨྲས་པས་ཏེ་སྐྱེས་བུ་ཡིན་ནོ། །སྒྲུབ་པའི་ཆོས་ཞེས་བྱ་བ་ནི་དབུ་མ་པས་སྔར་མི་གསལ་བའི་ཕྱིར་ཞེས་སྨྲས་པ་སྟེ། གཏན་ཚིགས་ཡིན་ནོ། །མི་ལྡན་པའི་སྐྱོན་དུ་འགྱུར་ལ་ཞེས་བྱ་བ་ནི་འདི་ལྟར་གཙོ་བོ་མི་གསལ་བ་ཉིད་གང་ཡིན་པ་དེ་སྐྱེས་བུ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཡོད་པ་ཉིད་ལ་བྱ་ན་ནི་ཞེས་བྱ་བ་ལ་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་རང་བཞིན་ཏེ་དེ་ཡང་རྟགས་མེད་ཅིང་མི་གསལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཤེས་པ་ཡོད་པ་ཉིད་ཀྱི་མི་གསལ་བ་ཉིད་གང་ཡིན་པ་གཏན་ཚིགས་དེ་ཉིད་དུ་བརྗོད་ན་ནི། དེས་ན་གཏན་ཚིགས་ཀྱི་དོན་མི་འགྲུབ་བོ་ཞེས་བྱ་བ་སྨྲས་ཏེ། གཏན་


DTG099_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་དོན་ཞེས་བྱ་བ་ནི། དབུ་མ་པས་སྔར་མི་གསལ་བའི་ཕྱིར་ཞེས་སྨྲས་པ་སྟེ། གཙོ་བོ་ནི་མི་གསལ་བའི་ཕྱིར་ཆེན་པོ་ལ་སོགས་པ་དེ་ཁོ་ནའི་རྒྱུ་མ་ཡིན་པའི་གཏན་ཚིགས་སོ། །དེ་ནི་མ་གྲུབ་པ་ཞེས་བྱ་བ་ནི་འདི་ལྟར་ཤེས་པ་ཡོད་པ་ཉིད་ཀྱི་མི་གསལ་བ་ཉིད་གང་ཡིན་པ་དེ་གཙོ་བོ་ལ་མེད་པའི་ཕྱིར་རོ། །དེ་ལྟར་ན་དབུ་མ་པའི་ཕྱོགས་ཀྱི་ཆོས་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་རམ། བྱེ་བྲག་ཏུ་བརྗོད་ན་ཡང་ཉེ་བར་སྦྱར་བས་སྤྱིར་གཅིག་ཏུ་བྱེད་པའི་ཕྱིར་ལྟག་ཆོད་དེ་ནི་མ་གྲུབ་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་གྲངས་ཅན་གྱིས་སྨྲས་པ། དེ་ནི་དབུ་མ་པའི་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པ་ཡང་མ་ཡིན་ལ། གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཡང་མ་ཡིན་པས་བཟང་པོ་མ་ཡིན་པའོ། །གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་ཞེས་བྱ་བ་ནི། འདི་ལྟར་ཆོས་སྤྱིར་བཟུང་ནས་རྗེས་སུ་དཔོག་པར་བྱེད་ཀྱི། དེའི་བྱེ་བྲག་བཟུང་ནས་རྗེས་སུ་དཔོག་པར་མི་བྱེད་པའི་ཕྱིར་ཏེ། དཔེར་ན་སྒྲ་དང་བུམ་པའི་མི་རྟག་པ་སྤྱིར་བརྗོད་པ་དང་འདྲ་བར་གཙོ་བོ་དང་སྐྱེས་བུའི་མི་གསལ་བ་སྤྱིར་བརྗོད་པའི་ཕྱིར། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པ་མ་ཡིན་ནོ། །བྱེ་བྲག་ཏུ་བརྗོད་ན་ཡང་ཉེ་བར་སྦྱར་བས་སྤྱིར་གཅིག་ཏུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི། གཙོ་བོ་དང་སྐྱེས་བུ་མི་གསལ་བ་ཉིད་སོ་སོར་བྱེ་བྲག་ཏུ་བརྗོད་དུ་ཟིན་ན་ཡང་དོན་ཉེ་བར་སྦྱར་བས་སྤྱི་གཅིག་ཏུ་བྱེད་པའི་ཕྱིར་ཏེ། དཔེར་ན་ཕྱོགས་ཀྱི་ཆོས་སྤྱོད་པའི་དུས་ན། སྒྲ་ནི་ལྐོག་མ་དང༌། རྐན་དང་མཆུ་ལ་སོགས་པའི་རྐྱེན་རྣམས་ཀྱིས་བྱེད་པས། དེ་ལྟར་སྒྲ་ལ་བྱས་པ་ཉིད་ཕྱོགས་ཀྱི་ཆོས་བྱེ་བྲག་ཏུ་བརྗོད་ཅིང༌། བུམ་པ་ནི་འཇིམ་པ་དང་དབྱུག་གུ་དང་འཁོར་ལོ་ལ་སོགས་པའི་རྐྱེན་རྣམས་ཀྱིས་བྱེད་པས། དེ་ལྟར་བུམ་པ་ལ་བྱས་པ་ཉིད་ཕྱོགས་ཀྱི་ཆོས་བྱེ་བྲག་ཏུ་བརྗོད་ན་ཡང་དོན་ཉེ་བར་སྦྱར་བས་སྒྲ་དང་བུམ་པའི་མི་རྟག་པ་ཉིད་སྤྱིར་གསར་དུ་བྱེ་བྲག་མེད་པར་བྱེད་ནུས་པ་བཞིན་པས་གཏན་ཚིགས་ཀྱི་དོན་མི་འགྲུབ་པ་ཡང་མ་ཡིན་ནོ། །དེ་ལྟར་ཁོ་བོ་གཏན་ཚིགས་མི་གསལ་བའི་ཕྱིར་ཞེས་བྱ་བ་དེ་སྤྱིར་བརྗོད་པ་དེའི་ཕྱིར། ཁྱོད་ཀྱི་ལྟག་ཆོད་དེ་ནི་མ་གྲུབ་པ་ལྟར་སྣང་བ་ཡིན་ནོ་ཞེས་མཇུག་བསྡུ་


DTG099_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལ་ལྟག་ཆོད་དེ་ནི་ཞེས་བྱ་བ་ནི་ལོག་ཐབས་སུ་སྨྲ་བ་དེ་སྟེ། སྔར་རང་བཞིན་རྒྱུར་འདོད་པ་དེ་དག་ན་རེ། མི་གསལ་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་གལ་ཏེ་གསལ་བའི་སྔོན་རོལ་གྱི་གནས་སྐབས་ལ་བྱ་ན་ནི། དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་སྐྱོན་དུ་འགྱུར་ལ། གལ་ཏེ་ཤེས་པ་ཡོད་པ་ཉིད་ལ་བྱ་ན་ནི་གཏན་ཚིགས་ཀྱི་དོན་མི་འགྲུབ་བོ་ཞེས་ཟེར་བ་དེའོ། །མ་གྲུབ་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ལ་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱིས་གསལ་བ་དང༌། དེ་ཁོ་ན་མེད་པས་མ་གྲུབ་པ་ལྟར་སྣང་བ་ཡིན་གྱི། མ་གྲུབ་པ་ཉིད་མ་ཡིན་པ་སྟེ། ཁོ་བོས་གཏན་ཚིགས་མི་གསལ་བའི་ཕྱིར་ཞེས་བྱ་བ་དེ་སྤྱིར་བརྗོད་པའི་ཕྱིར་རམ། བྱེ་བྲག་ཏུ་བརྗོད་ན་ཡང་ཉེ་བར་སྦྱར་བས་སྤྱིར་གཅིག་ཏུ་བྱེད་པའི་ཕྱིར། ཁོ་བོས་གཏན་ཚིགས་ཀྱི་དོན་ནི་གསལ་བའི་ཕྱིར་ཞེས་བྱ་བ་དེ་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་དང་དུས་དང་སྲེད་མེད་ཀྱི་དུ་རྒྱུར་འདོད་པ་དག་སྤྱིར་དགག་པ་ཡང་དབང་ཕྱུག་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། འདི་ལྟར་རྒྱུའི་ཚིག་གི་དོན་དགག་པར་བྱ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་དབང་ཕྱུག་རྒྱུར་འདོད་པ་དགག་པ་འཐད་པ་ཉིད་སྦྱར་དུ་རུང་བས། དེའི་ཕྱིར་རང་བཞིན་དང་དུས་དང་སྲེད་མེད་ཀྱི་བུ་རྒྱུར་འདོད་པ་དག་སྤྱིར་དགག་པ་ཡང་དབང་ཕྱུག་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་འདི་སྨྲས་སོ། །དེ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། སྔར་དབང་ཕྱུག་རྒྱུར་འདོད་པ་དགག་པའི་སྐབས་སུ་དེ་ནི་དམ་བཅས་པ་ཙམ་སྟེ། དབང་ཕྱུག་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུར་ཡིན་པར་མི་རུང་སྟེ། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་བ་ལང་རྫི་བཞིན་ནོ། །ཡང་ན་འགྲོ་བ་ནི་རྒྱུ་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་གཅིག་དང་ལྡན་པ་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་དབང་ཕྱུག་བཞིན་པས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ། །དབང་ཕྱུག་རྒྱུ་ཡིན་ན་ཡང་འབྲས་བུའི་བདག་གི་བདག་ཉིད་དམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་འབྲས་བུའི་བདག་གི་བདག་ཉིད་ཡིན་ན་ནི། རྒྱུ་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཡིན་པས་དབང་ཕྱུག་ལས་དབང་ཕྱུག་


DTG099_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའམ། འཇིག་རྟེན་གསུམ་ལས་འཇིག་རྟེན་གསུམ་སྐྱེ་བར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་དབང་ཕྱུག་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་འཇིག་རྟེན་གསུམ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གཞན་དུ་གྱུར་པ་ཡིན་ན་ཡང་རྒྱུ་དབང་ཕྱུག་དེ་འབྲས་བུ་འཇིག་རྟེན་གསུམ་ལས་གཞན་དུ་འགྱུར་བ་ཡིན་པས། དབང་ཕྱུག་ལས་འཇིག་རྟེན་གསུམ་སྐྱེ་བའམ། དབང་ཕྱུག་འཇིག་རྟེན་གསུམ་གྱི་རྐྱེན་ཡིན་པར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་འཇིག་རྟེན་གསུམ་དེ་དག་གི་རྐྱེན་དབང་ཕྱུག་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་འཇིག་རྟེན་གསུམ་འགྲུབ་པར་བྱེད་པ་དབང་ཕྱུག་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཉི་གར་གྱུར་པ་ཡིན་ན་ཡང་འཇིག་རྟེན་གསུམ་གྱི་ནུས་པ་ནི་དབང་ཕྱུག་ཡིན་པས་ནུས་པ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་པ། འཇིག་རྟེན་གསུམ་གྱི་གསལ་བ་ནི་དབང་ཕྱུག་ལས་གཞན་ཡིན་པས་གསལ་བ་ལས་སྐྱེ་བ་ནི་གཞན་ལས་སྐྱེ་བ་ཡིན་པས་དེའི་དགག་པ་ནི་དབང་ཕྱུག་ལས་འཇིག་རྟེན་གསུམ་གྱི་ནུས་པ་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དབང་ཕྱུག་ལས་འཇིག་རྟེན་གསུམ་གྱི་གསལ་བ་ཡང་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་དབང་ཕྱུག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བཤད་པ་བཞིན་དུ་འདིར་ཡང་གཙོ་བོ་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ། ལ་ལའི་དགའ་བ་དང༌། ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་བ་ལང་རྫི་བཞིན་ནོ། །ཡང་ན་འགྲོ་བ་ནི་རྒྱུ་བྱེད་པ་པོ་གཙོ་བོ་ཞེས་བྱ་ང་གཅིག་དང་ལྡན་པ་མ་ཡིན་པར་ངེས་ཏེ། གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་གཙོ་བོ་བཞིན་པས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ། །གཙོ་བོ་རྒྱུ་ཡིན་ན་ཡང་འབྲས་བུའི་བདག་གི་བདག་ཉིད་དམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་འབྲས་


DTG099_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་བདག་གི་བདག་ཉིད་ཡིན་ན་ནི། རྒྱུ་གཙོ་བོ་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཡིན་པས་གཙོ་བོ་ལས་གཙོ་བོ་སྐྱེ་བའམ། འཇིག་རྟེན་གསུམ་ལས་འཇིག་རྟེན་གསུམ་སྐྱེ་བར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་གཙོ་བོ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་འཇིག་རྟེན་གསུམ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་ཡིན་ནོ། །གཞན་དུ་གྱུར་པ་ཡིན་ན་ཡང་གཙོ་བོ་དེ་འབྲས་བུ་འཇིག་རྟེན་གསུམ་ལས་གཞན་དུ་འགྱུར་བ་ཡིན་པས། གཙོ་བོ་ལས་འཇིག་རྟེན་གསུམ་སྐྱེ་བའམ། གཙོ་བོ་འཇིག་རྟེན་གྱི་རྐྱེན་ཡིན་པར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་འཇིག་རྟེན་གསུམ་དེ་དག་གི་རྐྱེན་གཙོ་བོ་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པས་འཇིག་རྟེན་གསུམ་འགྲུབ་པར་བྱེད་པ་གཙོ་བོ་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཉི་གར་གྱུར་པ་ཡིན་ན་ཡང་འཇིག་རྟེན་གསུམ་གྱི་ནུས་པ་ནི་གཙོ་བོ་ཡིན་པས་ནུས་པ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་ལ། འཇིག་རྟེན་གསུམ་གྱི་གསལ་བ་ནི་གཙོ་བོ་ལས་གཞན་ཡིན་པས་གསལ་བ་ལས་སྐྱེ་བ་ནི་གཞན་ལས་སྐྱེ་བ་ཡིན་པས་དེའི་དགག་པ་ནི་གཙོ་བོ་ལས་འཇིག་རྟེན་གསུམ་གྱི་ནུས་པ་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གཙོ་བོ་ལས་འཇིག་རྟེན་གསུམ་གྱི་གསལ་བ་ཡང་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་གཙོ་བོ་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཞན་ཡང་གཙོ་བོ་སྐྱེས་པའམ་མ་སྐྱེས་པ་ཞིག་གིས་སྐྱེད་པར་བྱེད་གྲང་ན། གལ་ཏེ་སྐྱེས་པ་ཡོད་ན་ནི། དེ་ལྟར་ན་གཙོ་བོ་མི་རྟག་པ་ཡིན་ཏེ། སྐྱེ་བ་ཅན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །རྗེས་སུ་དཔག་པ་ལ་ཕྱིར་གནོད་པར་གྱུར་པའི་ཡང་ཕྱིར་རོ། །འོན་ཏེ་གཙོ་བོ་མ་སྐྱེས་པ་ཡིན་ན་ནི་དེ་ལྟར་ན་གཙོ་བོ་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་དུས་རྒྱུར་འདོད་པ་དག་ཀྱང་འགྲོ་བ་སྐྱེ་བའི་


DTG099_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ནི་དུས་ཡིན་པར་རྟོག་པར་བྱེད་དོ། །དེ་དག་ན་རེ། དུས་ཀྱིས་འབྱུང་བ་རྣམས་འབྱིན་ཅིང༌། །དུས་ཀྱིས་སྐྱེ་དགུ་རྣམས་སྡུད་བྱེད། །དུས་ཀྱིས་གཉིད་ལོག་སད་བྱེད་པས། །དུས་ནི་འདའ་བར་དཀའ་བ་ཡིན། །དེ་བཞིན་དུ། སྲུང་གསུམ་བརྩེགས་འོབས་ནི་རྒྱ་མཚོ་དང༌། །དམག་མི་སྲིན་པོ་ནོར་ནི་ནོར་སྦྱིན་སྦྱོར། །གང་གིས་བསྟན་བཅོས་པ་སངས་ཚད་མཉམ་པ། །སྒྲ་སྒྲོགས་བུ་དེའང་དུས་ཀྱི་དབང་གིས་ཉམས། །དེ་བཞིན་ནོར་ལྷ་གང་གི་ཞང་ཡིན་ཞིང༌། །ནོར་རྒྱལ་གང་གི་ཕ་ཡིན་པ། །འཇིགས་མེད་ཁྲོ་བོའང་བསད་གྱུར་པས། །དུས་ནི་འདའ་བར་དཀའ་བ་ཡིན། །དེ་བཞིན་དུ་མིག་ལ་སོགས་པ་དང༌། ཤིང་ལྗོན་པ་ལ་སོགས་པའི་རྒྱུ་ཁུ་ཆུ་དང་ཁྲག་དང་ལ་བོན་དང་ས་ལ་སོགས་པ་དེ་དག་ཡོད་ཀྱང༌། འདི་ལ་དུས་མེད་པར་དངོས་པོ་རྣམས་མི་སྐྱེའོ་ཞེས་ཟེར་རོ། །དེ་བས་ན་དེ་དགག་པའི་ཕྱིར་དུས་རྒྱུར་འདོད་པ་དག་སྤྱིར་དགག་པ་ཡང་དབང་ཕྱུག་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དུས་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་བ་ལང་རྫི་བཞིན་ནོ། །ཡང་ན་འགྲོ་བ་ནི་རྒྱུ་བྱེད་པ་པོ་དུས་ཞེས་བྱ་བ་གཅིག་དང་ལྡན་པ་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་པས་ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ། །དུས་རྒྱུ་ཡིན་ན་ཡང་འབྲས་བུའི་བདག་གི་བདག་ཉིད་དམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་འབྲས་བུའི་བདག་གི་བདག་ཉིད་ཡིན་ན་ནི། རྒྱུ་དུས་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཡིན་པས་དུས་ལས་དུས་སྐྱེ་བའམ། འཇིག་རྟེན་གསུམ་ལས་འཇིག་རྟེན་གསུམ་སྐྱེ་བར་འགྱུར་བས། དེའི་དགག་པ་ནི་དོན་དམ་པར་དུས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་འཇིག་རྟེན་གསུམ་དུས་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གཞན་དུ་གྱུར་པ་ཡིན་ན་ཡང་རྒྱུ་དུས་དེ་འབྲས་བུ་འཇིག་རྟེན་གསུམ་ལས་གཞན་དུ་གྱུར་པ་ཡིན་པས་དུས་ལས་འཇིག་རྟེན་གསུམ་སྐྱེ་བའམ། དུས་འཇིག་རྟེན་གསུམ་གྱི་རྐྱེན་ཡིན་པར་འགྱུར་བས་


DTG099_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དགག་པ་ནི་དོན་དམ་པར་འཇིག་རྟེན་གསུམ་དེ་དག་གི་རྐྱེན་དུས་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་འཇིག་རྟེན་གསུམ་འགྲུབ་པར་བྱེད་པ་དུས་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཉི་གར་གྱུར་པ་ཡིན་ན་ཡང་འཇིག་རྟེན་གསུམ་གྱི་ནུས་པ་ནི་དུས་ཡིན་པས་ནུས་པ་ལས་སྐྱེ་བ་ནི། བདག་ལས་སྐྱེ་བ་ཡིན་ལ། འཇིག་རྟེན་གསུམ་གྱི་གསལ་བ་ནི་དུས་ལས་གཞན་ཡིན་པས་གསལ་བ་ལས་སྐྱེ་བ་ནི་གཞན་ལས་སྐྱེ་བ་ཡིན་པས། དའི་དགག་པ་ནི་དུས་ལས་འཇིག་རྟེན་གསུམ་གྱི་ནུས་པ་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དུས་ལས་འཇིག་རྟེན་གསུམ་གྱི་གསལ་བ་ཡང་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་དུས་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཞན་ཡང་དུས་སྐྱེས་པའམ་མ་སྐྱེས་པ་ཞིག་གིས་སྐྱེད་པར་བྱེད་གྲང་ན། གལ་ཏེ་སྐྱེས་པ་ཡིན་ན་ནི་དེ་ལྟ་ན་དུས་མི་རྟག་པ་ཡིན་ཏེ་སྐྱེ་བ་ཅན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །རྗེས་སུ་དཔག་པ་ལ་ཕྱིར་གནོད་པར་གྱུར་པའི་ཡང་ཕྱིར་རོ། །འོན་ཏེ་དུས་མ་སྐྱེས་པ་ཡིན་ན་ནི་དེ་ལྟ་ན་དུས་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་སྲེད་མེད་ཀྱི་བུ་རྒྱུར་འདོད་པ་དག་ཀྱང་འགྲོ་བ་སྐྱེ་བའི་རྒྱུ་ནི་སྲེད་མེད་ཀྱི་བུ་ཡིན་པར་རྟོག་པར་བྱེད་དེ། དེ་དག་ན་རེ། དེ་ཉིད་ཀྱིས་ཇི་སྐད་དུ། ང་ནི་སྦྱིན་བྱེད་ཟ་བ་པོ། །ང་ནི་ཟས་དང་སྐྱེ་དགུའི་བདག །ང་ནི་བྲམ་ཟེའི་ལུས་གནས་ན། །ཟ་བར་བྱེད་ཅིང་སྦྱིན་པར་བྱེད། །དེ་བཞིན་དུ། གང་དག་ལྷ་དག་དང་བྱེད་ཅིང༌། །དད་ལྡན་བརྩོན་པར་བྱེད་པ་དག །དེ་དག་ང་ལ་ཀུན་ཏིའི་བུ། །བྱས་པ་སྔོན་དུ་འགྲོ་བས་བརྟེན། །ཞེས་སྨྲས་པ་ལྟ་བུ་དང༌། གང་གི་ཕྱིར་ཕྱི་རོལ་གྱི་འབྱུང་བ་འཇིག་པའི་ཚེ་དྲང་སྲོང་མར་ཀན་དེ་ཡང་ཁྱབ་འཇུག་གི་ལྟོར་ཞུགས་པས། འགྲོ་བ་གནས་པ་དང༌། རྒྱུ་བ་འདི་དག་མཐོང་བ་དེའི་ཕྱིར་སྲེད་མེད་ཀྱི་བུ་དེ་ཉིད་འགྲོ་བ་སྐྱེ་བའི་རྒྱུ་ཡིན་ནོ། །དེ་བཞིན་དུ་བ་ར་ཏའི་གཏམ་རྒྱུད་ཆེན་པོའི་ལུང་ལས་ཀྱང༌།


DTG099_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་གཟུགས་སྣ་ཚོགས་སྟོན་པ་དག་གི་ཚེ་ན། སྲིད་སྒྲུབ་ལ་སོགས་པས་འཇིག་རྟེན་མ་ལུས་པ་འདི་ཁྱབ་འཇུག་གི་ལུས་ཀྱི་ཁོངས་སུ་གཏོགས་པར་མཐོང་ངོ་ཞེས་འབྱུང་བས་དེའི་ཕྱིར་སྲེད་མེད་ཀྱི་བུ་དེ་ཉིད་འགྲོ་བ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་དེ་དགག་པའི་ཕྱིར། སྲེད་མེད་ཀྱི་བུ་རྒྱུར་འདོད་པ་དག་སྤྱིར་དགག་པ་ཡང་དབང་ཕྱུག་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་སྲེད་མེད་ཀྱི་བུ་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཐའ་དག་སྐྱེ་བའི་རྒྱུ་ཡིན་པར་མི་རུང་སྟེ། ལ་ལའི་དགའ་བ་དང་ཡོངས་སུ་གདུང་བའི་ཕྱིར། དཔེར་ན་བ་ལང་རྫི་བཞིན་ནོ། །ཡང་ན་འགྲོ་བ་ནི་རྒྱུ་བྱེད་པ་པོ་སྲེད་མེད་ཀྱི་བུ་ཞེས་བྱ་བ་གཅིག་དང་ལྡན་པ་མ་ཡིན་པར་ངེས་ཏེ་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་སྲེད་མེད་ཀྱི་བུ་བཞིན་པས། ཀུན་རྫོབ་ཏུ་ཡང་དངོས་པོ་རྣམས་དེ་ལས་སྐྱེ་བ་མེད་དོ། །སྲེད་མེད་ཀྱི་བུ་རྒྱུ་ཡིན་ན་ཡང་འབྲས་བུའི་བདག་གི་བདག་ཉིད་དང་གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་འབྲས་བུའི་བདག་གི་བདག་ཉིད་ཡིན་ན་ནི། རྒྱུ་སྲེད་མེད་ཀྱི་བུ་དེ་འབྲས་བུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཡིན་པར་སྲེད་མེད་ཀྱི་བུ་ལས་སྲེད་མེད་ཀྱི་བུ་སྐྱེ་བའམ། འཇིག་རྟེན་གསུམ་ལས་འཇིག་རྟེན་གསུམ་སྐྱེ་བར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་སྲེད་མེད་ཀྱི་བུ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་འཇིག་རྟེན་གསུམ་བདག་ལས་སྐྱེ་བ་མེད་པར་ངེས་ཏེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །གཞན་དུ་གྱུར་པ་ཡིན་ན་ཡང་རྒྱུ་སྲེད་མེད་ཀྱི་བུ་དེ་འབྲས་བུ་འཇིག་རྟེན་གསུམ་ལས། གཞན་དུ་གྱུར་པ་ཡིན་པས། སྲེད་མེད་ཀྱི་བུ་ལས་འཇིག་རྟེན་གསུམ་སྐྱེ་བའམ། སྲེད་མེད་ཀྱི་བུ་འཇིག་རྟེན་གསུམ་གྱི་རྐྱེན་ཡིན་པར་འགྱུར་བས་དེའི་དགག་པ་ནི་དོན་དམ་པར་འཇིག་རྟེན་གསུམ་དེ་དག་གི་རྐྱེན་སྲེད་མེད་ཀྱི་བུ་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་འཇིག་རྟེན་གསུམ་འགྲུབ་པར་བྱེད་པ་སྲེད་མེད་ཀྱི་བུ་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཉི་གར་གྱུར་པ་ཡིན་ན་ཡང་འཇིག་རྟེན་གསུམ་གྱི་ནུས་པ་ནི་སྲེད་


DTG099_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་བུ་ཡིན་པས་ནུས་པ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་ལ། འཇིག་རྟེན་གསུམ་གྱི་གསལ་བ་ནི་སྲེད་མེད་ཀྱི་བུ་ལས་གཞན་ཡིན་པས། གསལ་བ་ལས་སྐྱེ་བ་ནི་གཞན་ལས་སྐྱེ་བ་ཡིན་པས་དེའི་དགག་པ་ནི། སྲེད་མེད་ཀྱི་བུ་ལས་འཇིག་རྟེན་གསུམ་གྱི་ནུས་པ་སྐྱེ་བ་མེད་དེ་ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་ཡིན་ནོ། །སྲེད་མེད་ཀྱི་བུ་ལས་འཇིག་རྟེན་གསུམ་གྱི་གསལ་བ་ཡང་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དོན་དམ་པར་གཞན་བརྗོད་པར་འདོད་པ་སྲེད་མེད་ཀྱི་བུ་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །གཞན་ཡང་སྲེད་མེད་ཀྱི་བུ་སྐྱེས་པའམ་མ་སྐྱེས་པ་ཞིག་གིས་སྐྱེད་པར་བྱེད་གྲང་ན། གལ་ཏེ་སྐྱེས་པ་ཡིན་ན་ནི་དེ་ལྟར་ན་སྲེད་མེད་ཀྱི་བུ་མི་རྟག་པ་ཡིན་ཏེ་སྐྱེ་བ་ཅན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །རྗེས་སུ་དཔག་པ་ལ་ཕྱིར་གནོད་པར་འགྱུར་བའི་ཡང་ཕྱིར་རོ། །འོན་ཏེ་སྲེད་མེད་ཀྱི་བུ་མ་སྐྱེས་པ་ཡིན་ན་ནི་དེ་ལྟར་ན་སྲེད་མེད་ཀྱི་བུ་མེད་པ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །གཞན་ཡང་འགྲོ་བ་ཡོད་པའམ་མེད་པ་ཞིག་སྲེད་མེད་ཀྱི་བུ་ལས་སྐྱེ་བར་འགྱུར་གྲང་ན། དེ་ཡང༌། མེད་ན་གང་གི་རྐྱེན་ཞེས་བྱ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་འོག་ནས་འགོག་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་འགྲོ་བ་བསྐྱེད་པའི་རྒྱུ་ནི་བདག་ཉིད་ཆེན་པོ་ཞིག་ཡིན་གྲང་ན། དེའི་ཕྱིར་དེ་གལ་ཏེ་བདག་ཉིད་ཆེན་པོ་ཡིན་ན་ཇི་ལྟར་ན། དེས་སྙིང་རྗེ་མེད་པར། ན་ར་ཀ་དང༌། སྐྲ་ལྡན་དང༌། སྟོབས་མཆོག་ལ་སོགས་པ་སྲོག་དང་ནོར་བདག་དང་བྲལ་བར་བྱས། འོན་ཏེ་དེས་སྐྱེ་དགུ་བསྲུང་བའི་དོན་དང༌། ཆོས་བསྲུང་བའི་དོན་དུ་ལྷ་དང་བྲམ་ཟེའི་ཚེར་མར་གྱུར་པ་སྡིག་པ་ཅན་ཆོས་འཇིག་པར་བྱེད་པའི་ལྷ་མ་ཡིན་དག་ལ་རྗེས་སུ་སྟོན་པ་ཡིན་ནོ་ཞེ་ན། དེ་ཚར་ན་ཡང་དེས་བདག་རང་དང་ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང༌། གཡོ་བ་དང༌། ཁྲོ་བ་དང༌། འདོད་པ་དང༌། གཏི་མུག་ལ་སོགས་པའི་ཉོན་མོངས་པ་ཆོས་མ་ཡིན་པ་སྐྱེད་པར་བྱེད་པ་རྣམ་པ་སྣ་ཚོགས་དག་གཞིག་པར་བྱ་བའི་རིགས་སོ། །གཞན་ཡང་དེ་འཇིག་རྟེན་གསུམ་སྐྱོང་པར་བྱེད་པ་ཡིན་ན། ཅི་སྲེད་པས་བྱེད་དམ། འོན་ཏེ་སྙིང་རྗེས་བྱེད། གལ་ཏེ་སྲེད་པས་བྱེད་ན་ནི། དེ་སྲེད་པས་


DTG099_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཁོལ་བ་ཡིན་པའི་ཕྱིར་མི་བལ་པ་དང་འདྲ་བས་ཇི་ལྟར་འབྱིན་པ་པོར་རུང༌། འོན་ཏེ་སྙིང་རྗེས་བྱེད་ན་ནི། ཅིའི་ཕྱིར་ལྷ་མ་ཡིན་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པའི་སྡུག་བསྔལ་མ་བཅོམ་པ་དག་ལ་སྙིང་རྗེ་མི་སྐྱེ། གཞན་ཡང་བདག་ཉིད་ཆེན་པོ་ནི། དགྲ་བོ་དང་མཛའ་བཤེས་དག་ལ་བྱམས་སྡང་གི་འདུ་ཤེས་དང་བྲལ་བ་ཡིན་ན་དེའི་ཕྱིར་དེ་ལྷ་མ་ཡིན་དག་ལ་དགྲར་འདུ་ཤེས་པ་ཡང་མི་རུང་ངོ༌། །དེ་གཞན་གྱི་ནོར་དང་གཞན་གྱི་ཆུང་མ་འཕྲོག་པ་ལ་སོགས་པ་ལ་འཇུག་པ་དག་ཀྱང་དམིགས་པས་དེའི་ཕྱིར། དེའི་གཡོས་འགྲོ་བ་འདི་རྨོངས་པར་གྱུར་ཏེ་འཁོར་བར་བྱིང་ཞིང་འདུག་པ་དེས་ན། དེ་སྐྱེས་བུ་དམ་པ་མ་ཡིན་པའི་སྤྱོད་པ་དང་ལྡན་པར་བརྗོད་པར་བྱའི། དེ་སྐྱེས་བུ་དམ་པ་ཞེས་ནི་བརྗོད་པར་མི་བྱའོ། །འོན་ཏེ་ཕྱོགས་འཛིན་པ་ལ་མངོན་པར་ཞེན་པའི་དུག་གིས་སུན་ཕྱུང་བའི་ཡིད་དང་ལྡན་པ་དག་གིས་རང་གི་གྲུབ་པའི་མཐའི་སྐྱོན་བཅབ་པའི་ཕྱིར། ཁྱབ་འཇུག་གི་ལུས་དེ་ནི་རྟག་པ་དང་ཞི་བ་དང་ཞི་བར་གྱུར་པ་གཞན་ཁོ་ན་ཞིག་ཡིན་པར་རྟོག་ཅིང་ལུས་དེ་ཡང་ཡོད་པར་གྱུར་པ་ཡང་མ་ཡིན། མེད་པར་གྱུར་པ་ཡང་མ་ཡིན། ཡོད་མེད་དུ་གྱུར་པ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་མ་ཡིན་ཏེ། རྣལ་འབྱོར་པས་དེ་མཐོང་ན། ཡང་སྲིད་པ་མེད་པར་འགྲོའོ་ཞེ་ན། དེ་ལྟ་ན་ཡང་དེ་གལ་ཏེ་ཉ་དང་རུས་སྦལ་དང་ཕག་རྒོད་ལ་སོགས་པའི་ལུས་དག་ལས་གཞན་པ་ཞིག་ཡིན་ན་ནི། དེ་ལྟ་ན་རྟག་པ་དང་ཞི་བ་དང་ཞི་བར་གྱུར་པ་མ་ཡིན་ཏེ་དེ་ལས་གཞན་པའི་ཕྱིར། དཔེར་ན་སྐྱེ་བོ་ཕལ་པ་དག་གི་ལུས་བཞིན་ནོ། །འོན་ཏེ་ཉ་དང་རུས་སྦལ་དང་ཕག་རྒོད་ལ་སོགས་པའི་ལུས་དག་ལས་གཞན་མ་ཡིན་ན་ནི། དེ་ལྟ་ན་ཡང་རྟག་པ་དང་ཞི་བ་དང་ཞི་བར་གྱུར་པ་མ་ཡིན་ཏེ། དཔེར་ན་ཉ་དང་རུས་སྦལ་དང་ཕག་རྒོད་ལ་སོགས་པའི་ལུས་དེ་དག་ཁོ་ན་བཞིན་ནོ། །འོན་ཏེ་ཡང་དེ་ལ་ལུས་གསུམ་ཡོད་དེ། ཞི་བ་དང་མ་ཞི་བ་དང་གཉི་གའོ་ཞེས་རྗོད་པར་བྱེད་ན། དེ་ལྟ་ན་ཡང་དེ་བུད་མེད་འཕྱོན་མ་བཞིན་དུ་ཕྱི་རོལ་གྱི་རྣམ་པས་ནི་ཞི་བ་ཉིད་ཡིན་ལ། དོན་དམ་པར་ནི་མ་ཞི་བ་ཉིད་ཡིན་པར་འགྱུར་རོ། །གཞན་ཡང་དེའི་ལུས་རྟག་པར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་གལ་ཏེ་དངོས་པོའི་མཚན་ཉིད་ཡིན་ན་ནི། དེའི་ཕྱིར་


DTG099_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །འོན་ཏེ་དངོས་པོ་མེད་པའི་མཚན་ཉིད་ཡིན་ན་ནི་དེའི་ཕྱིར་མེད་པ་ཁོ་ན་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཡིན་པར་ཡང་མི་རུང་སྟེ། དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། འདི་ལྟར་དངོས་པོ་ཡོད་པ་དང་མེད་པ་ནི་ནང་མི་མཐུན་པའི་ཕྱིར་རོ། །བརྗོད་དུ་མེད་པ་ཉིད་ཅེས་བྱ་བ་ཡང་མི་རུང་སྟེ། རྟག་པ་དང་ཞི་བ་ཞེས་བརྗོད་པའི་ཕྱིར་རོ། །དབང་པོ་ཉེ་བར་བསྡུས་ནས་ཨོཾ་ཞེས་བྱ་བ་བརྗོད་ཅིང་སྲེད་མེད་ཀྱི་བུ་རྗེས་སུ་དྲན་པ་ལ་བརྩོན་པར་བྱེད་ན། གྲོལ་བས་འགྱུར་ཞེས་ཟེར་བ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཕྱིར། དཔེར་ན་བུ་དང་ཆུང་མ་རྗེས་སུ་དྲན་པ་ལ་བརྩོན་པར་བྱེད་པ་དག་གྲོལ་བར་མི་འགྱུར་བ་དེ་བཞིན་དུ། སྲེད་མེད་ཀྱི་བུ་རྗེས་སུ་དྲན་པ་ལ་བརྩོན་པར་བྱེད་པ་ཡང་གྲོལ་བར་མི་འགྱུར་རོ། །གཞན་ཡང་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་དང༌། གཙོ་བོ་དང༌། དུས་ལ་སོགས་པ་འབྱིན་པ་པོ་ཡིན་པར་སོ་སོ་ནས་ཡོངས་སུ་རྟོག་པར་བྱེད་པ་དེ་ལ་ཡང་གང་གི་ཚིག་བདེན་ཞིང་གང་གི་ཚིག་མི་བདེན་པར་གཟུང་བར་བྱ། དེ་དག་གཅིག་པ་ཉིད་དུ་རྟོག་པར་བྱེད་ན་ནི་ཚངས་པས་ཀྱང་བདག་ཉིད་བསད་པ་དང༌། ནོར་ལྷ་ཡང་ཚངས་པ་གསོད་པ་ཡིན་པར་འགྱུར་རོ། །གཞན་ཡང་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོ་རྣམས་ཀྱི་ལུས་ཞི་བ་དམ་པ་ཡིན་པར་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཡང་ཅི་སྟེ་སྐྱེས་པ་ཞིག་ཡིན་ནམ། འོན་ཏེ་མ་སྐྱེས་པ་ཞིག་ཡིན། གལ་ཏེ་སྐྱེས་པ་ཞིག་ཡིན་ན་ནི་མི་རྟག་པར་འགྱུར་ཏེ། སྐྱེ་བ་ཅན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །འོན་ཏེ་མ་སྐྱེས་པ་ཞིག་ཡིན་ན་ནི་མེད་པ་ཁོ་ན་ཡིན་ཏེ། མ་སྐྱེས་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ཞར་ལ་བཤད་པས་ཆོག་གོ །དེས་ན་དེ་ལྟར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་དངོས་པོའི་ངོ་བོ་དང༌། དངོས་པོ་མེད་པའི་ངོ་བོ་ལས་ཀྱང་སྐྱེ་བ་བཀག་པ་དེས་ན་དེ་ལྟར། དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ།། །།བམ་པོ་བཅུ་དྲུག་པ། གྲངས་ཅན་དག་ལས་ཁ་ཅིག་ན་རེ། བདག་


DTG099_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་མ་སྐྱེས་པ་ནི་བདེན་མོད་ཀྱི། འོན་ཀྱང་གསལ་བར་བྱེད་དོ་ཞེས་ཟེར་རོ་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་གྲངས་ཅན་དག་ལས་གསལ་བར་སྨྲ་བ་དག་དབུ་མ་པ་ལ་ཚིག་བརྒྱུད་པས་གྲུབ་པ་ལ་སྒྲུབ་པའི་སྐྱོན་གྱིས་སྒྲོ་འདོགས་པར་བྱེད་དེ། འདི་ལ་ཁྱོད་ཀྱིས་མེད་པ་གང་ཡིན་པ་དེ་ནི་རྣམ་པ་དེ་དག་གིས་སྐྱེ་བ་མེད་ཀྱི་ཡོད་པ་ཉིད་གསལ་བར་བྱེད་དོ་ཞེས་སྨྲས་པ་ཡིན་པས། དེ་ནི་ངེད་ཀྱི་གཞུང་ལས་ཀྱང་གྲུབ་པ་ཡིན་པས་ཁྱོད་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཚིག་བརྒྱུད་པས་སྐྱོན་འདོགས་པ་ཡིན་ནོ། །དེ་ལ་གྲངས་ཅན་དག་ལས་ཁ་ཅིག་དག་ན་རེ་ཞེས་བྱ་བ་ནི་གྲངས་ཅན་དག་ལ་གྲུབ་པའི་མཐའ་སྨྲ་བ་མང་དུ་ཡོད་པ་ལས་གསལ་བར་སྨྲ་བ་དག་ན་རེ། འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །སྨྲས་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་དབུ་མ་པས་སྔར་སྨྲས་པ་གང་ཡིན་པའོ། །མ་སྐྱེས་པ་ནི་བདེན་མོད་ཀྱི་ཞེས་བྱ་བ་ནི་སྔ་ན་མེད་པ་གང་ཡིན་པ་དེ་ནི་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པའི་རྣམ་པ་དེ་དག་གིས་སྐྱེ་བ་མེད་པ་ནི། ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་ཀྱང་སྨྲས་པས་བདེན་ནོ་ཞེས་ཚིག་བརྒྱུད་པས་སྨྲ་བ་ཡིན་ནོ། །འོན་ཀྱང་གསལ་བར་བྱེད་དོ་ཞེས་བྱ་བ་ནི་སྔ་ན་ཡོང་པ་ཉིད་རྐྱེན་གྱིས་གསལ་བར་བྱེད་པ་སྟེ། དེས་ན་དབུ་མ་པ་ཁྱོད་ཀྱིས་མེད་པ་གང་ཡིན་པ་དེ་ནི་རྣམ་པ་དེ་དག་གིས་སྐྱེ་བ་མེད་ཀྱི། ཡོད་པ་ཉིད་གསལ་བར་བྱེད་དོ་ཞེས་སྨྲས་པ་ཡིན་པས། དེ་ནི་ངེད་ཀྱི་གཞུང་ལ་ཡང་གྲུབ་པ་ཡིན་པས་ཁྱེད་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཚིག་བརྒྱུད་པས་སྐྱོན་འདོགས་པ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་གྲངས་ཅན་གསལ་བར་སྨྲ་བ་དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་དག་གཅིག་གསལ་བར་བྱེད་ཅེས་བྱ་བ་ནི་དངོས་པོ་གང་དག་གཅིག་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་གསལ་བར་བྱེད་ཅེས་བྱ་བ་ནི་རྣམ་པ་གང་གིས་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དཔེར་ན་མར་མེས་བུམ་པ་ལ་སོགས་པ་


DTG099_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་དག་ན་རེ། དཔེར་ན་མར་མེས་མུན་པའི་གནས་སྐབས་ཀྱི་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་དེ་བཞིན་དུ། རྐྱེན་རྣམས་ཀྱིས་ཀྱང་ཆེན་པོ་ལ་སོགས་པའི་བྱེད་བྲག་སྔ་ནས་དུས་ཐམས་ཅད་དུ་ཡོད་པ་དག་གསལ་བར་བྱེད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན། དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། བུམ་པ་ལ་སོགས་པ་མ་སྐྱེས་པ་དག་མར་མེ་མ་སྐྱེས་པས་ཇི་ལྟར་གསལ་བར་བྱེད་ཅེས་བྱ་བ་སྨྲས་ཏེ། འདི་སྐད་བསྟན་ཏེ། ཁྱོད་ཀྱིས་ཇི་ལྟར་གསལ་བར་བྱ་བ་དང་གསལ་བར་བྱེད་པས་གསལ་བ་སྒྲུབ་པའི་དཔེ་བུམ་པ་ལ་སོགས་པ་དང་མར་མེ་ལས་བླངས་པ་གང་ཡིན་པ་དེ་ཁོ་བོའི་ཕྱོགས་ལ་དོན་དམ་པར་མ་སྐྱེས་པ་ཡིན་པས་བུམ་པ་ལ་སོགས་པ་མ་སྐྱེས་པ་དག་མར་མི་མ་སྐྱེས་པས་ཇི་ལྟར་གསལ་བར་བྱེད་དེ་མི་བྱེད་དོ། །དེའི་ཕྱིར་རྟའི་རྭ་མ་སྐྱེས་པ་ནི་ནམ་ཡང་གསལ་བར་བྱར་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྟའི་རྭ་མ་སྐྱེས་པ་ནི་ནམ་ཡང་གསལ་བར་བྱར་མི་རུང་བ་དེ་བཞིན་དུ། བུམ་པ་ལ་སོགས་པ་མ་སྐྱེས་པ་ཡང་ནམ་ཡང་གསལ་བར་བྱར་མི་རུང་སྟེ། དེ་ལྟར་རེ་ཞིག་དོན་དམ་པར་གསལ་བ་མེད་དོ། །ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་དེ་དག་ཡོད་པར་ཁས་བླངས་ན་ཡད་སྨྲ་བར་བྱ་སྟེ་ཞེས་བྱ་བས་ནི། ཀུན་རྫོབ་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་བུམ་པ་ལ་སོགས་པ་དང་མར་མེ་དེ་དག་ཡོད་པར་ཁས་བླངས་ན་ཡང༌། ཀུན་རྫོབ་ཏུ་ཡང་མར་མེས་བུམ་པ་ལ་སོགས་པ་སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་པས་གསལ་བར་བྱ་བ་དང༌། གསལ་བར་བྱེད་པས་གསལ་བ་སྒྲུབ་པའི་དཔེ་མི་འགྲུབ་པས་གསལ་བ་མེད་པར་སྟོན་ཏོ། །དེ་ལ་ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའི་ལུགས་བུམ་པ་དང་མར་མེ་ལ་སོགས་པའི་ཆོས་གནས་པ་ཉིད་རྣམ་པར་གཞག་པའི་ཕྱིར་རོ། །དེ་དག་ཡོད་པར་ཁས་བླངས་ན་ཡང་ཞེས་བྱ་བ་ནི། བུམ་པ་དང་མར་མེ་མེ་ལ་སོགས་པ་དེ་དག་ཡོད་པར་ཁས་བླངས་ན་ཡང་སྟེ། འདི་ལྟར་ཀུན་རྫོབ་ཏུ་བུམ་པ་ལ་སོགས་པ་དང་མར་མེ་ལ་སོགས་པ་དེ་དག་ཡོད་པའི་ཕྱིར་རོ། །སྨྲ་བར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཀུན་རྫོབ་ཏུ་གསལ་བར་བྱ་བ་དང༌། གསལ་


DTG099_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པས་གསལ་བར་སྒྲུབ་པའི་དཔེ་བུམ་པ་ལ་སོགས་པ་ཁས་བླངས་པ་ཡང་ཇི་ལྟར་ཀུན་རྫོབ་ཏུ་དངོས་པོ་སྔ་ན་ཡོད་པ་རྐྱེན་གྱིས་གསལ་བར་བྱེད་པ་མེད་པ་དེ་ལྟར་སྨྲ་བར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །མར་མེས་བུམ་པ་ལ་ཅི་ཞིག་བྱེད་ཅེས་བྱ་བ་ནི། ཕ་རོལ་ལ་དྲི་བའི་ཚིག་ཡིན་ཏེ། མར་མེས་བུམ་པ་ལ་སོགས་པ་སྔ་ན་ཡོད་པ་གསལ་བར་མི་བྱེད་ཀྱི། སྔོན་མེད་པ་འབྱུང་བར་བྱེད་པས་གསལ་བར་བྱེད་པ་མ་ཡིན་པར་སྟོན་པ་ཡིན་ནོ། །གལ་ཏེ་གཟུང་བར་བྱེད་ན་ནི་ཞེས་བྱ་བ་ནི། དེ་སྐད་ཅེས་དྲིས་པ་ནི་གལ་ཏེ་དེ་དག་ན་རེ། མར་མེས་བུམ་པ་གཟུང་བ་ཉིད་དུ་བྱེད་པས་དེའི་ཕྱིར། བུམ་པ་སྔ་ན་ཡོད་པ་གསལ་བར་བྱེད་པ་ཡིན་ནོ་ཞེས་ཟེར་ནའོ། །དེའི་ལན་དུ་དེ་སྔོན་མེད་པས་དེ་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་སྔོན་མེད་པ་ཞེས་བྱ་བ་ནི་གཟུང་བ་དེ་མར་མེའི་སྔ་རོལ་ན་མེད་པས་སོ། །དེ་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། ད་ལྟར་གཟུང་བ་དེ་མར་མེའི་སྔ་རོལ་ན་མེད་ལ། མར་མེ་བྱུང་བས་གཟུང་བར་བྱེད་ནའོ་ན་ནི་མར་མེས་གཟུང་བ་སྔ་ན་མེད་པ་ཉིད་བྱེད་པ་ཡིན་པས། དེ་ལྟ་ན་མར་མེས་གཟུང་བ་སྔ་ན་མེད་པ་འབྱུང་བར་བྱེད་པ་ཡིན་གྱི། སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་ནོ། །འོན་ཏེ་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་བྱེད་ན་ནི་ཞེས་བྱ་བ་ནི། གལ་ཏེ་དེ་དག་ན་རེ། མར་མེས་བུམ་པ་མིག་གི་རྣམ་པར་ཤེས་པའི་གཟུང་བའི་ཡུལ་ཉིད་དུ་བྱེད་པས། དེའི་ཕྱིར་སྔ་ན་ཡོད་པ་གསལ་བར་བྱེད་པ་ཡིན་ནོ་ཞེས་ཟེར་ནའོ། །དེའི་ལན་དུ་མུན་པ་དང་བཅས་པ་ན་སྔོན་མེད་དེ་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མུན་པ་དང་བཅས་པ་ན་སྔོན་མེད་པ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་གར་ཡིན་པ་དེ་མུན་པ་དང་བཅས་པའི་གནས་སྐབས་ན་སྔོན་མེད་པས་སོ། །དེ་ཉིད་བྱེད་པ་ཡིན་ཞེས་བྱ་བ་ནི། དེ་ལྟར་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་གང་ཡིན་པ་དེ་མུན་པ་དང་བཅས་པའི་གནས་སྐབས་ན་སྔོན་མེད་ལ། མར་མེ་བྱུང་བས་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་བྱེད་ན། འོ་ན་ནི་མར་མེས་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་སྔ་ན་མེད་པ་དེ་ཉིད་བྱེད་པ་ཡིན་པས། དེ་ལྟར་ན་ཡང་མར་མེས་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་སྔ་ན་མེད་པ་འབྱུང་བར་བྱེད་པ་ཡིན་གྱི། སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་


DTG099_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་གཟུང་བ་ལ་བར་ཆད་བྱེད་པའི་མུན་པ་སེལ་བར་བྱེད་པ་ན་ཡང་ཞེས་བྱ་བ་ནི། གལ་ཏེ་དེ་དག་ན་རེ། མར་མེས་བུམ་པ་གཟུང་བ་ལ་བར་ཆད་བྱེད་པའི་མུན་པ་སེལ་བར་བྱེད་པས་དེའི་ཕྱིར་སྔ་ན་ཡོད་པ་གསལ་བར་བྱེད་པ་ཡིན་ནོ་ཞེས་ཟེར་ན་ཡང་ངོ༌། །དེའི་ལན་དུ། དེ་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མར་མེ་མེད་པ་ན་བུམ་པ་གཟུང་བ་ལ་བར་ཆད་བྱེད་པའི་མུན་པ་སེལ་བ་གང་ཡིན་པ་དེ་ཡང་སྔོན་མེད་ལ། མར་མེ་བྱུང་བས་བུམ་པ་གཟུང་བ་ལ་བར་ཆད་བྱེད་པའི་མུན་པ་སེལ་བར་བྱེད་ན། འོ་ན་ནི་མར་མེས་བུམ་པ་གཟུང་བལ་བར་ཆད་བྱེད་པའི་མུན་པ་སེལ་བ་སྔ་ན་མེད་པ་དེ་ཉིད་བྱེད་པ་ཡིན་པས་དེ་ལྟ་ན་ཡང་མར་མེས་བུམ་པ་གཟུང་བ་ལ་བར་ཆད་བྱེད་པའི་མུན་པ་སེལ་བ་སྔ་ན་མེད་པ་འབྱུང་བར་བྱེད་པ་ཡིན་གྱི། སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་ནོ། །འོན་ཏེ་ཕ་རོལ་པོ་འདི་སྐད་ཅེས་བལྟ་བར་བྱ་བ་དང༌། རེག་པར་བྱེད་པའི་རྫས་ལ་རེག་པར་བྱ་བ་ནི་མུན་པ་དང་བཅས་པའི་གནས་སྐབས་ན་ཡང་ཡོད་པས་དེའི་ཕྱིར་དེའི་འོག་ཏུ་སྣང་བར་གྱུར་པ་ནི་གསལ་བ་ཡིན་ནོ་ཞེས་ཟེར་ན། དེའི་ལན་དུ་འོན་ཏེ་གཟུང་བ་ཡིན་ན་ནི། དེ་ཉིད་སྣང་བ་ཡིན་པས་ཡང་མར་མེས་ཅི་ཞིག་བྱ་ཞེས་བྱ་བ་སྨྲས་སོ། །དེ་ལ་འོན་ཏེ་གཟུང་བ་ཡིན་ནོ་ཞེས་བྱ་བ་ནི། རེག་པར་ཡང་བྱ་བའི་རྫས་དེ་མུན་པ་དང་བཅས་པའི་གནས་སྐབས་ན་གཟུང་བ་ཉིད་དུ་ཡོད་པ་ཡིན་ན་ནིའོ། །དེ་ཉིད་སྣང་བ་ཡིན་པས་ཞེས་བྱ་བ་ནི། དེ་ལྟར་རེག་པར་བྱ་བའི་རྫས་མུན་པ་དང་བཅས་པའི་གནས་སྐབས་ན་གཟུང་བ་ཉིད་དུ་ཡོད་པ་དེ་ཉིད་སྣང་བ་ཡིན་པས་སོ། །ཡང་མར་མེས་ཅི་ཞིག་བྱ་ཞེས་བྱ་བ་ནི་སྔ་ན་སྣང་བ་ཡིན་ན་དེ་ལ་ཡང་མར་མེས་གསལ་བར་བྱ་མི་དགོས་པས། དེ་ལྟ་ན་ཡང་མར་མེ་གསལ་བར་བྱེད་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལ་སྔོན་མ་གསུང་བ་ཕྱིས་འཛིན་པར་བྱེད་པ་གང་ཡིན་པ་དེ་ལ་གསལ་བ་ཞེས་བྱ་བ་ན། རེག་པར་བྱ་བའི་རྫས་དེ་མུན་པ་དང་བཅས་པའི་གནས་སྐབས་ན་གཟུང་བ་ཉིད་དུ་ཡོད་པ་ཡིན་ན། དེ་ཉིད་བལྟ་བར་བྱ་བའི་རྫས་སུ་སྣང་བ་ཡིན་པས་དེ་ལ་ཡང་མར་མེས་སྣང་བར་བྱ་མི་དགོས་པས་དེ་ལྟ་ན་ཡང་མར་མེས་གསལ་བར་བྱེད་པ་མ་ཡིན་ནོ། །འོན་ཏེ་རེག་པར་བྱ་བའི་རྫས་དེ་མུན་པ་


DTG099_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་གནས་སྐབས་ན་གཟུང་བ་ཉིད་དུ་མེད་པ་ལས་ཕྱིས་མར་མེས་སྣང་བར་བྱེད་ན་ནི། དེ་ལྟ་ན་ཡང་མར་མེས་སྔ་ན་མེད་པ་སྐྱེད་པར་བྱེད་པ་ཡིན་གྱི། སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་ནོ། །ཁོ་བོ་ཅག་གི་ཕྱོགས་ལ་བུམ་པ་ཞེས་བྱ་བ་ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཡིན་ཏེ། མར་མེ་ཕྱུང་བར་ན་སྣང་བ་དང་ལྷན་ཅིག་ཏུ་སྐྱེ་བས་དེའི་ཕྱིར་ཐ་སྙད་དུ་ཡང་དངོས་པོ་རང་གི་རྒྱུ་ལས་རྒྱུན་གྱིས་འབྱུང་བའི་བྱེད་པའི་རྒྱུ་ཉིད་ཡིན་ཏེ། སྣང་བ་དང་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། གསལ་བར་བྱེད་པ་ཉིད་ཡིན་པར་བསམས་སོ་ཞེས་བྱ་བས་ནི་དབུ་མ་པས་ཕྱོགས་ལ་བུམ་པ་ཞེས་བྱ་བ་ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་སྐད་ཅིག་པ་ཡིན་ཏེ། དེ་མུན་པའི་གནས་སྐབས་ན་འདུག་པ་མར་མེས་སྣང་བར་བྱེད་པ་ན་བུམ་པའི་སྐད་ཅིག་མ་སྔ་མ་དང༌། མུན་པའི་སྐད་ཅིག་ནི་མཉམ་དུ་འགག་ལ། བུམ་པའི་སྐད་ཅིག་ཕྱེ་མ་དང་སྣང་བའི་སྐད་ཅིག་ཀྱང་ལྷན་ཅིག་ཏུ་སྐྱེ་བས་དེའི་ཕྱིར་མར་མེ་ནི་ཀུན་རྫོབ་ཏུ་ཡང་བུམ་པའི་དངོས་པོ་རང་གི་རྒྱུ་ལས་རྒྱུན་གྱིས་འབྱུང་བའི་བྱེད་པའི་རྒྱུ་ཡིན་པའི་སྒོ་ནས་གསལ་བར་བྱེད་པ་ཉིད་ཡིན་པར་བསམས་ཀྱི། བུམ་པའི་སྐད་ཅིག་མུན་པའི་གནས་སྐབས་སུ་སྔར་འགགས་པ་ཕྱིས་སྣང་བར་མི་བྱེད་པས་གསལ་བར་བྱེད་པ་ཞེས་ནི་མི་བྱ་སྟེ། བུམ་པའི་སྐད་ཅིག་སྔ་མ་འགགས་པ་མར་མེས་སྣང་བར་མ་བྱས་པའི་ཕྱིར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་ཁོ་བོ་ཅག་གི་ཕྱོགས་ལ་ཞེས་བྱ་བ་ནི། ཁོ་བོ་ཅག་སངས་རྒྱས་པའི་གྲུབ་པའི་མཐའ་ལའོ། །བུམ་པ་ཞེས་བྱ་བ་ཡང་ཞེས་བྱ་བ་ནི་བུམ་པ་ཞེས་བྱ་བའི་མིང་ཅན་ནམ། བུམ་པ་ཞེས་བྱ་བའི་སྒྲར་བརྗོད་པའི་དངོས་པོའོ། །འབྱུང་བ་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་པོ་དག་གོ །འབྱུང་བ་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་རྣམས་ཏེ། འབྱུང་བ་ཆེན་པོ་བཞི་པོ་དག་ལས་གྱུར་པའོ། །ཚོགས་ཡིན་ཏེ་ཞེས་བྱ་བ་ནི་དེ་དག་གི་རྡུལ་ཕྲ་རབ་འདུས་པའི་ཚོགས་ཡིན་པ་སྟེ། དེ་དག་ཀྱང་སྐད་ཅིག་མའི་ཚོགས་ཡིན་ནོ། །མར་མེ་བྱུང་བ་ན་སྣང་བ་དང་ལྷན་ཅིག་ཏུ་སྐྱེ་བས་ཞེས་བྱ་བ་ནི། སྐད་ཅིག་མ་ཉིད་ཡིན་པས་མར་མེས་བུམ་པ་སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་པར་སྟོན་ཏོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཀྱིས་བུམ་པ་ནི་


DTG099_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་ཉིད་ཡིན་པས་བུམ་པའི་སྐད་ཅིག་མི་མཐུན་པ་སྔ་མ་འགགས་པའི་འོག་ཏུ་སྐད་ཅིག་མ་མི་མཐུན་པ་ཕྱི་མ་གཞན་འབྱུང་ངོ༌། །དེའི་ཕྱིར་གལ་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་སྐད་ཅིག་མུན་པའི་གནས་སྐབས་ན་སྔ་ན་ཡོད་པ་གང་ཡིན་པ་དེ་ཉིད་མར་མེའི་གནས་སྐབས་ཀྱི་དུས་སུ་ཡང་འབྱུང་བར་འགྱུར་ན་ནི། དེས་ན་མར་མེས་དངོས་པོ་སྔ་ན་ཡོད་པ་གསལ་བར་བྱེད་དོ་ཞེས་བྱར་ཡང་རུང་གྲང་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཀྱི་བུམ་པ་ནི་སྐད་ཅིག་གི་རྒྱུན་གྱིས་འབྱུང་བ་ཡིན་པའི་ཕྱིར། བུམ་པའི་སྐད་ཅིག་སྔ་མ་གཞན་ནི་མུན་པ་དང་ལྷན་ཅིག་ཏུ་འགག་ལ། བུམ་པའི་སྐད་ཅིག་མ་ཕྱི་མ་གཞན་ནི་མར་མེ་བྱུང་བ་ན་སྣང་བ་དང་ལྷན་ཅིག་ཏུ་སྐྱེ་བས་དེའི་ཕྱིར་མར་མེས་དངོས་པོ་སྔ་ན་ཡོད་པ་གསལ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ཐ་སྙད་དུ་ཡང་དངོས་པོ་རང་གི་རྒྱུ་ལས་རྒྱུན་གྱིས་འབྱུང་བའི་བྱེད་པའི་རྒྱུ་ཉིད་ཡིན་ཏེ་ཞེས་བྱ་བ་ནི། འདི་སྐད་བསྟན་ཏེ། དེའི་ཕྱིར་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་མར་མེ་ནི་བུམ་པའི་དངོས་པོ་རང་གི་རྒྱུ་འཇིམ་པ་ལ་སོགས་པ་ལས་སྐད་ཅིག་མའི་རྒྱུན་གྱིས་འབྱུང་བ་ལ་བར་དུ་གཅོད་པར་མི་བྱེད་པས་རྒྱུ་ཡིན་པའི་སྒོ་ནས་གསལ་བར་བྱེད་པ་ཉིད་ཡིན་པར་བརྗོད་ཀྱི། བུམ་པའི་སྐད་ཅིག་མུན་པའི་གནས་སྐབས་སུ་སྔར་འགགས་པ་ཕྱིས་སྣང་བར་མི་བྱེད་པས་གསལ་བར་བྱེད་པའི་རྒྱུ་མ་ཡིན་པའི་ཕྱིར་གསལ་བར་བྱེད་པ་ཞེས་ནི་མི་བྱའོ་ཞེས་སྟོན་ཏོ། །འདི་ལ་རྒྱུ་རྣམ་པ་གཉིས་ཏེ། བྱེད་པའི་རྒྱུ་དང་གསལ་བར་བྱེད་པའི་རྒྱུའོ། །དེ་ལ་བྱེད་པའི་རྒྱུ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཀྱི་མཚན་ཉིད་སྐྱེ་བར་འདོད་པའི་སྐད་ཅིག་མ་སྔ་མ་སྟེ། བྱེད་པའི་རྒྱུ་དེ་ལས་དངོས་པོ་རང་གི་རྒྱུ་ལས་རྒྱུན་འདྲ་བའི་རྒྱུན་གྱིས་འབྱུང་བ་ཐམས་ཅད་གང་དུ་སྣང་བར་གྱུར་པ་ན། སྣང་བ་དེ་སྐྱེ་བ་ལ་བགེགས་མི་བྱེད་པས་དེའི་ཕྱིར་སྣང་བ་ཡང་བུམ་པ་ལ་སོགས་པའི་བྱེད་པའི་རྒྱུ་ཉིད་ཡིན་ནོ། །གསལ་བར་བྱེད་པའི་རྒྱུ་ནི་གྲངས་ཅན་དག་གིས་དངོས་པོ་སྔ་ན་ཡོད་པའི་སྒྲུབ་པའི་གཏན་ཚིགས་སུ་བརྟགས་པ་ཙམ་དུ་ཟད་དེ། དེ་ནི་ཀུན་རྫོབ་ཏུ་ཡང་མེད་པར་ཤེས་པར་བྱའོ། །ཇི་ལྟར་ན་མར་མེ་དེ་ཐ་སྙད་དུ་ཡང་དངོས་པོ་རང་གི་རྒྱུ་ལས་རྒྱུན་གྱིས་འབྱུང་བའི་བྱེད་པའི་རྒྱུ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྣང་བ་


DTG099_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཏུ་བུམ་པ་དེ་སྣང་བ་དང་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་མར་མེ་ཡིན་པའི་ཕྱིར་རོ། །གསལ་བར་བྱེད་པ་ཉིད་ཡིན་པར་བསམས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་བུམ་པ་སྣང་བ་དང་ལྷན་ཅིག་འབྱུང་བའི་རྒྱུ་མར་མེ་ཡིན་པའི་ཕྱིར་མར་མེ་ནི་ཀུན་རྫོབ་ཏུ་ཡང་བུམ་པའི་དངོས་པོ་རང་གི་རྒྱུ་ལས་རྒྱུན་གྱིས་འབྱུང་བའི་བྱེད་པའི་རྒྱུ་ཡིན་པའི་སྒོ་ནས་གསལ་བར་བྱེད་པ་ཉིད་ཡིན་པར་བསམས་ཀྱི། བུམ་པའི་སྐད་ཅིག་མུན་པའི་གནས་སྐབས་སུ་སྔར་འགགས་པ་ཕྱིས་སྣང་བར་མི་བྱེད་པས་གསལ་བར་བྱེད་པ་ཞེས་ནི་མི་བྱ་སྟེ། བུམ་པའི་སྐད་ཅིག་མ་སྔ་མ་འགགས་པ་མར་མེས་སྣང་བར་མ་བྱས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དོན་དམ་པར་ནི་སྐྱེ་བ་དགག་པ་བཞིན་དུ་གསལ་བ་དགག་པ་ཡང་མཚུངས་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དངོས་པོ་རྣམས་བདག་གིས་གསལ་བར་བྱེད་དམ། གཞན་གྱིས་གསལ་བར་བྱེད་དམ། གཉིས་ཀྱིས་གསལ་བར་བྱེད་དམ། རྒྱུ་མེད་པ་ལས་གསལ་བར་བྱེད་གྲང་ན། དོན་དམ་པར་ནི་སྐྱེ་བ་དགག་པ་བཞིན་དུ་གསལ་བ་དགག་པ་ཡང་མཚུངས་ཏེ། ཇི་ལྟར་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དོ། །གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་དང་གཞན་གཉི་ག་ལས་སྐྱེ་བ་མེད་དེ། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་དང༌། གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ། །དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པ་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་


DTG099_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་བསྟན་པ་བཞིན་དུ། འདིར་ཡང་དོན་དམ་པར་དངོས་པོ་རྣམས་བདག་གིས་གསལ་བར་མི་བྱེད་པར་ངེས་ཏེ་གསལ་བའི་ཕྱིར། དཔེར་ན་གསལ་བ་གཞན་བཞིན་ནོ། །དོན་དམ་པར་དངོས་པོ་རྣམས་དེ་དག་གི་རྐྱེན་གཞན་དག་གིས་གསལ་བར་མི་བྱེད་དེ། །གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པ་བུམ་པ་ལ་སོགས་པ་དངོས་པོ་གསལ་བར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །དོན་དམ་པར་དངོས་པོ་རྣམས་གཉི་གས་གསལ་བར་མི་བྱེད་དེ། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་དང༌། གཉི་ག་གསལ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ། །དོན་དམ་པར་དངོས་པོ་རྣམས་རྒྱུ་མེད་པས་གསལ་བར་མི་བྱེད་དེ། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། རྗེས་སུ་དཔག་པ་དང་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ་ཞེས་བྱ་བར་དགོངས་སོ། །གཞན་ཡང་མུན་པ་ཡང་གསལ་བར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཕ་རོལ་པོ་དག་ན་རེ་མི་གསལ་བ་གསལ་བར་བྱེད་དོ་ཞེས་གདོན་མི་ཟ་བར་ཟེར་བར་འགྱུར་བས། དེའི་ཕྱིར་མི་གསལ་བ་ནི་གསལ་བར་མི་བྱེད་དེ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་ཞེ་ན། ཆེན་པོ་ལ་སོགས་པ་མི་གསལ་བའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཆེན་པོ་དང་ང་རྒྱལ་དང༌། འབྱུང་བ་དང༌། དབང་པོ་དང༌། དེ་ཙམ་ཞེས་བྱ་བ་དེ་ཁོ་ནའི་ཚོགས་རྣམས་མི་གསལ་བའི་ཕྱིར་རོ། །དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བས་ནི་དེའི་དཔེ་བསྟན་པ་ཡིན་ནོ། །དེས་ན་དེ་ལྟར་གསལ་བ་ཡང་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། སྔར་གྲངས་ཅན་དག་ན་རེ། མ་སྐྱེས་པ་ནི་བདེན་མོད་ཀྱི། འོན་ཀྱང་གསལ་བར་བྱེད་དོ་ཞེས་ཟེར་ཞིང། དངོས་པོ་རྣམས་ཡོད་པར་སྒྲུབ་པ་གསལ་བ་ཞེས་བྱ་བ་ཡིན་པར་དམ་བཅས་པ་དེ་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར་ཇི་སྐད་བཤད་པའི་རྣམ་པ་དེས་ན་གསལ་བ་དེ་དངོས་པོ་ཡོད་པར་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །འདི་ལ་གཞན་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། དུས་


DTG099_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལ་འགྲེལ་པ་བྱེད་པ། སློབ་དཔོན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་དུ་རྣམ་པར་བཤད་པ་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ལ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་འདི་ལའོ། །གཞན་ནི་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་མང་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་དང༌། ཙནྡྲ་ཀཱི་རྟི་དང༌། དེ་བ་ཤར་མ་དང༌། གུ་ཎ་ཤྲཱི་དང༌། གུ་ཎ་མ་ཏི་དང༌། སྠི་ར་མ་ཏི་དང༌། སློབ་དཔོན་ལེགས་ལྡན་བྱེད་ཉིད་ལ་ཐུག་པའི་བར་དག་ཡོད་པ་ལས་དེ་དག་ཕལ་ལས་གཞན་པ་སྟེ། གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ། །གནས་བརྟན་བུདྡྷ་པཱ་ལི་ཏ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ། དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ། །དེ་ལ་དངོས་པོ་རྣམས་ཞེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་སོ། །རྒྱུ་མེད་པ་ལས་ཀྱང་ཞེས་བྱ་བ་ནི་རྒྱུ་མེད་པ་དང་རྒྱུ་མི་མཐུན་པ་ལས་ཀྱང་ངོ༌། །སྐྱེ་བ་མེད་དོ་ཞེས་བྱ་བ་ནི་དོན་དམ་པའོ། །ཅིའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་ཅེ་ན། གལ་ཏེ་རྒྱུ་མེད་པ་ལས་སྐྱེ་བར་གྱུར་ན་དུས་ཐམས་ཅད་དུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་གྱུར་ན་དུས་ཚིགས་དང་དུས་མེད་པར་ཡང་དུས་ཐམས་ཅད་དུ་སྐྱེ་བ་ཁོ་ནར་ཐལ་བར་འགྱུར་རོ། །གཞན་ཡང་ཐམས་ཅད་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བར་འགྱུར་ན། རྒྱུ་རིགས་མི་མཐུན་པ་ཐམས་ཅད་ལས་ཀྱང་སྐྱེ་བ་ཁོ་ནར་ཐལ་བར་འགྱུར་རོ།། གཞན་ཡང་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བར་འགྱུར་ན། འབྲས་བུ་རིགས་མི་མཐུན་པ་ཐམས་ཅད་ཀྱང་སྐྱེ་བ་ཁོ་ནར་ཐལ་བར་འགྱུར་རོ། །སོགས་པ་ཞེས་བྱ་བས་ནི་རྩོམ་པ་ཐམས་ཅད་དོན་མེད་པའི་ཉེས་པར་འགྱུར་རོ་ཞེས་


DTG099_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཤད་པ་དག་བསྡུའོ། །དེ་ལྟར་དུས་ཐམས་ཅད་དུ་སྐྱེ་བ་དང༌། ཐམས་ཅད་ལས་སྐྱེ་བ་དང༌། ཐམས་ཅད་སྐྱེ་བ་དང༌། རྩོམ་པ་ཐམས་ཅད་དོན་མེད་པའི་ཉེས་པར་འགྱུར་བ་དེ་ལྟ་བུ་ཡང་མེད་པས་དེའི་ཕྱིར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ་ཞེས་འགོག་པར་བྱེད་དོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་སྒྲུབ་པའི་གནས་སྐབས་འདིར་དེ་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ། །དེ་ལ་ཡང་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། གལ་ཏེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་དེས་འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འགྱུར་བ་དང༌། ལན་འགའ་ཁ་ཅིག་སྐྱེ་བར་འགྱུར་བ་དང༌། རྩོམ་པ་འབྲས་བུ་དང་བཅས་པ་ཉིད་དུ་གྱུར་པའི་ཕྱིར། དེ་ནི་མི་རིགས་ཏེ། སྔར་སྨྲས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཅི་སྟེ་གཞན་དུ་ན་ཡང་དོན་འབྲེལ་པ་མེད་པ་ཡིན་ཏེ། སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་དེ་ལ་ཡང་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་ལ་ཡང་སྟེ། དེ་ལ་ཡང་འགྲེལ་པ་བྱེད་པ་འདིས་སྐྱོན་འདི་མཐོང་ངོ༌། །གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་ནི་རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་གླགས་ཡོད་པའི་ཚིག་ཡིན་པ་དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བའོ། །སྒྲུབ་པ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་དེ་སྒྲུབ་པའི་ཆོས་ཡིན་ཏེ། དུས་ཐམས་ཅད་དུ་ཐམས་ཅད་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའོ། །དེ་གཉིས་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ཞེས་བྱ་བ་ནི་


DTG099_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་བྱ་བ་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འགྱུར་བ་མངོན་པར་འདོད་པ་དང༌། སྒྲུབ་པ་དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བར་འགྱུར་བ་དང༌། རྩོམ་པ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་མངོན་པར་འདོད་ནའོ། །དེ་དག་བཟློག་པའི་ཚིག་གི་དོན་མངོན་པར་འདོང་ན་གླགས་ཇི་ལྟ་བུ་ཡོད་པར་འགྱུར་ཞེ་ན། དེའི་ཕྱིར་དེས་འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འདོད་པ་དང༌། ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བར་འགྱུར་བ་དང༌། རྩོམ་པ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ནི་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། སྒྲུབ་པ་དུས་ཐམས་ཅད་དུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ནི་ལན་འགའ་སྐྱེ་བ་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། སྒྲུབ་པ་ཐམས་ཅད་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ནི་ཁ་ཅིག་ལས་སྐྱེ་བ་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། སྒྲུབ་པ་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ནི་ཁ་ཅིག་སྐྱེ་བ་ཞེས་བྱ་བའི་གླགས་ཡོད་པར་འགྱུར་བ་དང༌། སྒྲུབ་པ་རྩོམ་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པར་འདོད་ན་ནི་རྩོམ་པ་ཐམས་ཅད་འབྲས་བུ་དང་བཅས་པ་ཉིད་ཅེས་བྱ་བའི་གླགས་ཡོད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་ན་ཉེས་པ་ཅི་ཡོད་ཅེས་འདྲི་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་དེ་ནི་མི་རིགས་ཏེ། སྔར་སྨྲས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སློབ་དཔོན་གྱི་ལུང་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །


DTG099_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། དངོས་པོ་རྣམས་བདག་གམ་གཞན་ནམ་གཉིས་སམ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་བཀག་པ་དེ་ཉིད་སྒྲུབ་པར་སྔར་གནས་བརྟན་བུདྡྷ་པཱ་ལི་ཏ་ཉིད་ཀྱིས་ཁས་བླངས་ཏེ། དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ་ཞེས་སྨྲས་ལ། ད་འདིར་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འགྱུར་བ་དང༌། ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བར་འགྱུར་བ་ལ་སོགས་པར་སྒྲུབ་ན་སྔར་སྨྲས་པ་དང་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་གནས་བརྟན་བུདྡྷ་པཱ་ལི་ཏ་སྔར་སྨྲས་པའི་སྐྱོན་དུ་འགྱུར་བའི་ཉེས་པ་དེ་སྤང་བའི་ཕྱིར། འདི་སྐད་ཅེས་ཁོ་བོའི་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་མི་བཟློག་པར་སོ་ན་བཞག་ན་ཉེས་པ་ཅི་ཡོད་ཅེས་ཟེར་ན་དེའི་ཕྱིར། ཅི་སྟེ་གཞན་དུ་ན་ཡང་དོན་འབྲེལ་པ་མེད་པ་ཡིན་ཏེ་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཅི་སྟེ་གཞན་དུ་ན་ཡང་ཞེས་བྱ་བ་ནི། ཅི་སྟེ་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་མ་བཟློག་པར་སྒྲ་ཇི་བཞིན་དུ་སོ་ན་བཞག་ན་ཡང་ངོ༌། །འོ་ན་དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དོན་འབྲེལ་པ་མེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ་ཞེས་སྨྲས་པ། དེའི་འོག་ཏུ་དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ལྟར་གྱུར་ན་རང་གིས་སྔར་སྐྱེ་བ་མེད་པར་སྨྲས་པ་དང༌། དེའི་འོག་ཏུ་དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་སྨྲས་པ་གཉིས་དོན་འབྲེལ་པ་མེད་པ་ཉིད་ཡིན་པས་རྣམ་པར་བཤད་པ་དེ་མི་རུང་ངོ༌། །དོན་འབྲེལ་པ་མེད་པས་རྣམ་པར་བཤད་པ་དེ་མི་རུང་བའི་དཔེ་བསྟན་པའི་ཕྱིར། སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔར་གནས་བརྟན་བུདྡྷ་པཱ་ལི་ཏས་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་པར་རྣམ་པར་བཤད་པའི་དོན་འབྲེལ་པ་མེད་པའི་དཔེ་བསྟན་པའི་སྐབས་སུ། དཔེར་ན། གླ་སྒ་ང་སླེ་ཏྲེས་སྐྱུ་རུ་ར་དག་རིམས་ལ་ཕན། །སྨད་འཚོང་རྣམས་ལ་སྙིད་དུ་སྡུག་པ་འགའ་ཡང་མེད། །སྨྱིག་མའི་སྨྱིག་མདེའུ་དག་ནི་ལྕི་ཞིང་ཁ་བག་ཡོད། །ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་ན་བསིལ། །ཞེས་བྱ་བ་ལྟ་བུར་འགྱུར་རོ་ཞེས་བསྟན་པ་བཞིན་དུ་འདིར་ཡང༌། གནས་བརྟན་བུདྡྷ་


DTG099_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ལི་ཏའི་རྣམ་པར་བཤད་པ་དེ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པ་མ་བཟློག་བར་སོ་ན་བཞག་ཏུ་ཟིན་ན་ཡང༌། སྔར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ་ཞེས་སྨྲས་ལ། དེའི་འོག་ཏུ་དུས་ཐམས་ཅད་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ་ཞེས་སྨྲས་པ་དེ་ལ་དོན་འབྲེལ་པ་མེད་པས་རྣམ་པར་བཤད་པ་དེ་མི་རུང་ངོ༌། །དེས་ན་དེ་ལྟར་རྒྱུ་མེད་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་མཚན་ཉིད་ཇི་སྐད་བསྟན་པ་དེས་ནའོ། །དེ་ལྟར་རྒྱུ་མེད་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཕྱི་དང་ནང་གི་དངོས་པོ་རྣམས་རྒྱུ་མེད་པ་དང༌། རྒྱུ་མི་མཐུན་པ་ལས་སྐྱེ་བ་མེད་པར་འགྲུབ་བོ་ཞེས་བསྟན་པ་ཡིན་ནོ། །དམ་བཅས་པའི་སྤྱི་བཀོད་པ་བཞི་པ་བཤད་ཟིན་ཏོ། །ད་ནི་དམ་བཅས་པའི་སྤྱི་བཀོད་པ་བཞི་པོ་ཇི་སྐད་བསྟན་པ་དེ་དག་གི་དོན་དངོས་བསྟན་པར་བྱ་སྟེ། དེའི་ཕྱིར། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་སོ་སོར་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དམ་བཅས་པའི་སྤྱི་བཀོད་པ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་གསུངས་པ་ལ། བདག་དང༌། གཞན་དང༌། གཉིས་དང༌། རྒྱུ་མེད་པ་ལས་ཅི་ཞིག་མ་ཡིན་ཞེ་ན། བདག་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། གཉིས་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང༌། རྒྱུ་མེད་པ་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དེ་ལྟར་སོ་སོར་སྦྱར་བར་བྱའོ། །གང་དག་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་དག་གོ་ཞེས་བྱ་བ་ནི། ནང་དང་ཕྱི་རོལ་གྱི་དང༌། ཆ་ཕྲ་བ་དང་རགས་པ་དག་གོ །གང་ན་ཡང་ཞེས་བྱ་བ་ནི་རང་གི་མཛད་པའི་མཐའ་དང༌། སོ་སོའི་རྒྱུད་གྲུབ་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི་བདག་གི་ཕྱོགས་དང༌། གཞན་གྱི་ཕྱོགས་ན་ཡང་


DTG099_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །ནམ་ཡང་ཞེས་བྱ་བ་ནི་ལན་འགའ་ཡང་ངོ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ནམ་ཡང་ངམ། རང་གི་སྡེ་པ་དང་གཞན་གྱི་སྡེ་པ་དག་བརྟག་པའི་གནས་སྐབས་ནམ་ཡང་ངོ༌། །དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ལ་སོགས་པ་མུ་སྟེགས་བྱེད་ལ་སོགས་པ་དང༌། ཐུན་མོང་མ་ཡིན་པའི་ཁྱད་པར་དང་ལྡན་པ་གྲུབ་བོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་རིགས་པས་རྣམ་པར་དཔྱད་པ་ན་དངོས་པོ་རྣམས་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བར་མི་འཐད་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁྱད་པར་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། དོན་ཐ་དད་པ་མ་ཡིན་པ་དང༌། དོན་གཅིག་པ་མ་ཡིན་པ་དང༌། མུ་སྟེགས་བྱེད་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དང་ལྡན་པར་གྲུབ་པོ། །ད་ནི་རང་གི་སྡེ་པ་དག་གིས་སྨྲས་པ། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །སྟོན་པས་མདོ་སྡེ་དང་ཆོས་མངོན་པའི་བསྟན་བཅོས་ལས། རང་དང་གཞན་གྱི་གཞུང་ལུགས་དང་ལྷ་ཡུལ་དང་སའི་སྟེང་དག་ཏུ་བཀའ་སྩལ་ཏོ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། ཁོ་བོས་མུ་སྟེགས་བྱེད་ཀྱིས་ཇི་ལྟར་ཡོངས་སུ་བརྟགས་པའི་སྐྱེ་བ་ནི་བཀག་ཟིན་ཏོ། །ད་ནི་ཉན་ཐོས་ཀྱིས་ཡོངས་སུ་བརྟགས་པའི་སྐྱེ་བ་དགག་པར་བྱ་སྟེ། དེ་ལྟར་རིགས་པས་སྐྱེ་བ་བཀག་ཏུ་ཟིན་ཀྱང༌། རང་གི་སྡེ་པ་དག་མདོ་མཛད་པ་ལ་ལུང་དང་འགལ་བར་རྟོག་པ་ན། སྟོན་པས་མདོ་སྡེ་དང༌། ཆོས་མངོན་པའི་བསྟན་བཅོས་ལས། རང་དང་གཞན་གྱི་གཞུང་ལུགས་དང༌། །ལྷ་ཡུལ་དང་ས་སྟེངས་དག་ན། །རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །ཞེས་རྐྱེན་བཞི་པོ་དེ་དག་ཡོད་པར་བཀའ་སྩལ་ཏོ་ཞེས་ཟེར་རོ། །དེ་ལ་ད་ནི་ཞེས་བྱ་བའི་སྒྲ་ནི་ཁོ་བོས་མུ་སྟེགས་བྱེད་ཀྱིས་ཇི་ལྟར་ཡོངས་སུ་བརྟགས་པའི་སྐྱེ་བ་ནི་བཀག་ཟིན་པས། ད་ནི་ཉན་ཐོས་ཀྱིས་ཡོངས་སུ་བརྟགས་པའི་སྐྱེ་བ་དགག་པར་བྱ་སྟེ་ཞེས་བྱ་བའི་


DTG099_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིན་ནོ། །རང་གི་སྡེ་པ་དག་གིས་ཞེས་བྱ་བ་ལ། རང་གི་ཞེས་བྱ་བ་ནི་རང་གི་ཕྱོགས་ལ་སྡེ་གང་དག་ཡོད་པ་དེ་དག་ནི་རང་གི་ཞེས་བྱའོ། །སྡེ་ཞེས་བྱ་བ་ནི་ཚོམས་དང་རིས་དང་ཚོགས་ཞེས་བྱ་བ་དག་དང་དོན་གཅིག་གོ །པ་དག་ཅེས་བྱ་བ་ནི་དེར་གཏོགས་པ་དག་སྟེ། ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཐམས་ཅད་དོ། །དེ་དག་གིས་སྨྲས་པ་ཞེས་བྱ་བ་ནི་དེ་ལྟར་རིགས་པས་སྐྱེ་བ་བཀག་ཏུ་ཟིན་ཀྱང་རང་གི་སྡེ་པ་དག་མདོ་མཛད་པ་ལ་ལུང་དང་འགལ་བར་རྟོག་པ་ན་འདི་སྐད་ཅེས་ཟེར་རོ་ཞེས་ཕྱོགས་སྔ་མ་རྣམ་པར་གཞག་པ་ཡིན་ནོ། །རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དག་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་ཏོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །རྐྱེན་བཞི་པོ་དེ་དག་སུས་བསྟན་ཞེ་ན། སྟོན་པས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གཞུང་གང་ལས་བཀའ་སྩལ་ཞེ་ན། མདོ་སྡེ་དང་ཆོས་མངོན་པའི་བསྟན་བཅོས་ལས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་ཏེ། མདོ་སྡེ་དང་ཆོས་མངོན་པའི་སྡེ་སྣོད་ལས་བཀའ་སྩལ་ཏོ། །སྡེ་སྣོད་ལས་རང་གི་གཞུང་ལུགས་དང་སའི་སྟེང་འབའ་ཞིག་ན་རྐྱེན་བཞི་པོ་དག་ཡོད་པར་བཀའ་སྩལ་ཏམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་རང་དང་གཞན་གྱི་གཞུང་ལུགས་དང་ལྷ་ཡུལ་དང་སའི་སྟེང་དག་ཏུ་བཀའ་སྩལ་ཏོ་ཞེས་བྱ་བ་སྨྲས་ཏེ། རང་གི་གཞུང་ལུགས་དང༌། གཞན་གྱི་གཞུང་ལུགས་དང༌། མཐོ་རིས་དང་ས་བླ་ཐམས་ཅད་ན་ཡང་རྐྱེན་བཞི་པོ་དག་ཡོད་དོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མདོ་སྡེ་ལས་རྐྱེན་ཉིད་བཞི་བཀའ་སྩལ་ཏེ། འདི་ལྟ་སྟེ་རྒྱུའི་རྐྱེན་ཉིད་དང༌། དམིགས་པའི་རྐྱེན་ཉིད་དང༌། དེ་མ་ཐག་པའི་རྐྱེན་ཉིད་དང༌། བདག་པོའི་རྐྱེན་ཉིད་དང༌། རྐྱེན་གྱི་རིགས་ནི་རྐྱེན་ཉིད་ཅེས་བྱའོ། །ཇི་ལྟར་ཞེ་ན། ཆོས་མངོན་པའི་བསྟན་བཅོས་ལས། །བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིགས་སོགས་ཀྱིས།། ཞེས་བཤད་པའི་ཕྱིར་རོ། །གང་གི་ཕྱིར་རྐྱེན་བཞི་པོ་ཁོ་ན་བཀའ་སྩལ་པ་དེའི་ཕྱིར། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་རྐྱེན་ལྔ་པ་མེད་ཅེ་ན། དེའི་ཕྱིར་སྡེ་པ་གཞན་གྱིས་ཡོངས་སུ་བརྟགས་པའི་རྐྱེན་མདུན་དུ་སྐྱེས་པ་དང་ཡོད་པ་དང་མེད་པ་རྣམས་ཀྱང་འདི་དག་ཉིད་དུ་འདུས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་


DTG099_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྡེ་པ་གཞན་གྱིས་ཞེས་བྱ་བ་ནི། འཕགས་པ་གནས་བརྟན་པ་དག་གིས་སོ། །དེ་དག་གིས་ཡོངས་སུ་བརྟགས་པའི་རྐྱེན་ནི་མདུན་དུ་སྐྱེས་པ་དང༌། ཡོད་པ་དང༌། མེད་པ་རྣམས་སོ། །དེ་རྣམས་ཀྱང་རྐྱེན་བཞི་པོ་འདི་དག་ཉིད་དུ་འདུས་པའི་ཕྱིར་ཏེ། འདི་ལྟར་མདུན་དུ་སྐྱེས་པའི་རྐྱེན་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་མངོན་སུམ་གྱི་མདུན་དུ་སྐྱེས་པ་སྟེ། དེ་ཡང་དམིགས་པའི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །ཡོད་པའི་རྐྱེན་ཞེས་བྱ་བ་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་ཡིན་པའི་ཕྱིར་རོ། །མེད་པའི་རྐྱེན་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་རོ། །དེ་ལྟར་སྡེ་པ་གཞན་གྱིས་ཡོངས་སུ་བརྟགས་པའི་རྐྱེན་དེ་དག་ཀྱང་རྐྱེན་བཞི་པོ་འདི་དག་ཉིད་དུ་འདུས་པའི་ཕྱིར། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་ནི་ལྷན་ཅིག་འབྱུང་བ་དང༌། སྐལ་བ་མཉམ་པ་དང༌། མཚུངས་པ་དང་ལྡན་པ་དང༌། ཀུན་དུ་འགྲོ་བ་དང༌། རྣམ་པར་སྨིན་པ་ཞེས་བྱ་བ་རྒྱུ་ལྔ་པོ་དག་གོ་ཞེས་བྱ་བ་ནི་རྒྱུ་ལྔ་པོ་དེ་དག་ཐམས་ཅད་ཀྱང་རྒྱུའི་རྐྱེན་ཞེས་བྱ་སྟེ། ཆོས་མངོན་པའི་བསྟན་བཅོས་ལས། བྱེད་དང་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་དུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་འབྱུང་བ་དེ་དག་ལས། བྱེད་པའི་རྒྱུ་ནི་བདག་པོའི་རྐྱེན་ཡིན་པའི་ཕྱིར། རྒྱུ་ལྷག་མ་ལྔ་པོ་དག་འདིར་རྒྱུའི་རྐྱེན་ཞེས་རྣམ་པར་གཞག་གོ །དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་བཤད་པ་སྟེ། ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་སྟེ། ཆོས་གང་དག་ཕན་ཚུན་འབྲས་བུ་དང་ཕན་འདོགས་པར་བྱེད་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔེར་ན་ཆོས་མངོན་པའི་བསྟན་བཅོས་ལས། འབྱུང་ཞིང་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །ཞེས་བཤད་པ་ལྟ་བུ་སྟེ། འབྱུང་བ་ཆེན་པོ་བཞི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང༌། སེམས་ཀྱང་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དེ་དག་ཀྱང་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུ་དང༌།


DTG099_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང༌། གནས་པ་དང༌། འགག་པ་ཞེས་བྱ་བ་གསུམ་པོ་དག་ཀྱང་མཚན་ཉིད་ཀྱི་གཞིའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་དག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ལྟ་བུའོ། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་བཤད་པ་སྟེ། ཆོས་འདྲ་བ་རྣམས་ནི་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་པོ་དག་ནི་ཕན་ཚུན་དུ་དགེ་བ་རྣམས་ཀྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ལ། ཉོན་མོངས་པ་ཅན་རྣམས་ཀྱང་ཉོན་མོངས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པ་དང༌། ལུང་དུ་མ་བསྟན་པ་རྣམས་ཀྱང་ལུང་དུ་མ་བསྟན་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པ་ལྟ་བུའོ། །ཅི་འདྲ་བ་ཐམས་ཅད་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ཆོས་མངོན་པའི་བསྟན་བཅོས་ལས། རང་རིས་ས་པའོ་ཞེས་བཤད་པ་སྟེ། རང་གི་རིས་དང༌། རང་གི་ས་པའི་ཆོས་འདྲ་བ་རྣམས་ཀྱི་སྟེ། རིས་ནི་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས། བསྒོམ་པས་སྤང་བར་བྱ་བའི་བར་རོ། །ས་ནི་དགུ་སྟེ་འདོད་པའི་ཁམས་དང༌། བསམ་གཏན་དང༌། གཟུགས་མེད་པ་བརྒྱད་དོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་དག་ཀྱང་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། གཞན་དག་གི་ནི་མ་ཡིན་ལ། བསམ་གཏན་དང་པོའི་ས་པ་རྣམས་ཀྱང་བསམ་གཏན་དང་པོའི་ས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་པས་ན། སྲིད་པའི་རྩེ་མོའི་ས་པའི་བར་དག་ཀྱང་དེའི་ས་པ་རྣམས་ཁོ་ནའི་སྐལ་པ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ནི་རྒྱུ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ཆོས་མངོན་པའི་བསྟན་བཅོས་ལས། སྔར་སྐྱེས་པ་རྣམས་ཞེས་བཤད་པ་སྟེ། སྔར་སྐྱེས་པ་རྣམས་ནི་ཕྱི་མ་བསྐྱེད་པ་དང་


DTG099_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། མ་འོངས་པ་རྣམས་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །མཚུངས་པར་ལྡན་པའི་རྒྱུ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་ལས་བྱུང་བའོ་ཞེས་བཤད་པ་སྟེ། མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ལྟ་ན་དུས་ཐ་དད་པ་དང༌། རྒྱུ་ཐ་དད་པ་དང༌། དམིགས་པ་ཐ་དད་པ་ལས་སྐྱེས་པ་རྣམས་ཀྱང་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་རྣམ་པར་གཅད་པའི་ཕྱིར། ཆོས་མངོན་པའི་བསྟན་བཅོས་ལས། རྟེན་མཉམ་རྣམས་ཞེས་བཤད་པ་སྟེ། གང་དག་རྟེན་མཉམ་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུ་ཡིན་ནོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོའི་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པ་ལྟ་བུ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཡིད་ཀྱི་དབང་པོའི་སྐད་ཅིག་གང་ཡིན་པ་དེ་ཉིད་ཀྱང་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་རྣམས་ཀྱི་མཚུངས་པར་ལྡན་པ་རྣམས་རྒྱུ་ཡིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ཏེ། རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པའི་ཕྱིར་རོ། །ཀུན་དུ་འགྲོ་བའི་རྒྱུ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། །ཀུན་འགྲོ་ཞེས་བྱ་རང་གི་སར། །ཉོན་མོངས་ཅན་གྱི་སྔར་ཀུན་འགྲོ། །ཞེས་བཤད་པ་སྟེ། རང་གི་ས་པའི་ཀུན་དུ་འགྲོ་བའི་ཆོས་སྔར་བྱུང་བ་རྣམས་ནི་ཉོན་མོངས་པ་ཅན་ཆོས་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ཏེ། དེ་དག་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ལྟ་བ་གཉིས་དང༌། སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཐེ་ཚོམ་གཉིས་དང༌། མ་རིག་པ་མ་འདྲེས་པ་གཅིག་དང༌། མ་རིག་པ་མཚུངས་པར་ལྡན་པ་གཅིག་སྟེ། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་ཀུན་དུ་འགྲོ་བའི་རྒྱུ་ཞེས་བྱ་སྟེ། རང་གི་ཁམས་ལ་དམིགས་པའི་ཕྱིར་རོ། །རྣམ་


DTG099_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པའི་རྒྱུ་ཞེས་བྱ་བ་ནི། ཆོས་མངོན་པའི་བསྟན་བཅོས་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་བཤད་པ་སྟེ། རྣམ་པར་སྨིན་པའི་རྒྱུ་ནི་མི་དགེ་བ་རྣམས་དང༌། དགེ་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཏེ། རྣམ་པར་སྨིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལུང་དུ་མ་བསྟན་པའི་ཆོས་རྣམས་རྣམ་པར་སྨིན་པ་འགྲུབ་པར་མི་བྱེད་ཅེ་ན། སྟོབས་ཆུང་བའི་ཕྱིར་ཏེ། ས་བོན་རུལ་པ་བཞིན་ནོ། །ཅིའི་ཕྱིར་ཟག་པ་མེད་པ་རྣམས་མ་ཡིན་ཞེ་ན། སྲེད་པས་མངོན་པར་མ་བརླན་པ་དེའི་ཕྱིར་ཏེ། མངོན་པར་མ་བརླན་པའི་ས་བོན་དྲུངས་པོ་བཞིན་ནོ། །ལྡན་པ་མ་ཡིན་པ་རྣམས་ཀྱང་མ་ཡིན་ཏེ། དེ་དག་ནི་ཁམས་གང་དང་ལྡན་པའི་རྣམ་པར་སྨིན་པ་ཡང་མངོན་པར་སྒྲུབ་པར་མི་བྱེད་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དོ་ཞེས་བྱ་བ་ནི་ཅི་རིགས་པར་སྦྱར་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་གཟུགས་ཡིན་ལ། རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་སྒྲ་ཡིན། སྣའི་རྣམ་པར་ཤེས་པ་མཚུངས་པ་དང་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་དྲི་ཡིན། ལྕེའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་རོ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་རེག་བྱ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་ཡིན་ཏེ། ཆོས་གང་ཆོས་གང་གི་དམིགས་པ་ཡིན་པ་དེ་ནི་ནམ་ཡང་དེའི་དམིགས་པ་མ་ཡིན་པར་མི་འགྱུར་ཏེ། ལན་འགའ་དམིགས་པར་མི་བྱེད་དུ་ཟིན་ཀྱང་དམིགས་པའི་མཚན་ཉིད་ཡིན་པའི་ཕྱིར་དམིགས་པ་ཞེས་བྱ་སྟེ། དཔེར་ན་སྲེག་པར་མི་བྱེད་ཀྱང་བུད་ཤིང་ཞེས་བྱ་བ་བཞིན་ནོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ལས་ཐ་མ་མ་གཏོགས་པའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སེམས་དང་སེམས་ལས་བྱུང་བ་འགག་པ་ལ་ཕྱོགས་པ་གང་དག་ཡིན་པ་དེ་དག་ནི་མ་འོངས་པ་སྐྱེ་བར་འདོད་པའི་ཕྱོགས་ཀྱི་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །ཐ་མ་མ་གཏོགས་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་སེམས་དང་སེམས་ལས་


DTG099_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་སྐད་ཅིག་ཐ་མ་ནི་མ་གཏོགས་ཏེ། དགྲ་བཅོམ་པ་སེམས་ཀྱི་སྐད་ཅིག་གང་ལ་གནས་ནས་མྱ་ངན་ལས་འདའ་བར་བྱེད་པའི་ཚོགས་ནི་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ་ཡང་འབྱུང་བ་མེད་པའི་ཕྱིར་རོ། །དེ་མ་ཐག་པའི་རྐྱེན་འདི་ནི་མཚུངས་པ་དེ་མ་ཐག་པ་ཡང་ཡིན་ལ། རྐྱེན་ཀྱང་ཡིན་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེས་ན་གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ་མི་འདྲ་བར་སྐྱེ་བའི་ཕྱིར་རོ། །འདི་ལྟར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་མཇུག་ཐོགས་སུ་ལན་འགའ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་སྐྱེ་བར་འགྱུར་ལ། ལན་འགའ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྐྱེ་བར་འགྱུར། ལན་འགའ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཟག་པ་དང་བཅས་པ་སྐྱེ་བར་འགྱུར་བའི་ཕྱིར་ཏེ། གཟུགས་མངོན་སུམ་དུ་འགྱུར་བ་ནི་འདྲེན་མ་ཡིན་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འདྲེན་མ་མ་ཡིན་ནོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུ་སྟེ་ཞེས་བྱ་བ་ནི་བདག་པོའི་རྐྱེན་ནི་རྒྱུ་དྲུག་པོ་དག་གི་ནང་ནས་བྱེད་པའི་རྒྱུ་ཞེས་བྱ་བ་ཡིན་ནོ། །དེ་ལ་བྱེད་པའི་རྒྱུ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་བཤད་པ་སྟེ། བྱེད་པའི་རྒྱུའི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་ཆོས་སྐྱེ་བའི་བྱེད་པའི་རྒྱུ་ཡིན་ཏེ། སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །བཞི་པོ་གཞན་དུ་གྱུར་པ་དེ་དག་ཁོ་ན་ལས་སྐྱེ་བར་འདོད་དོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་གི་གྲུབ་པའི་མཐའ་བསྟན་པ་སྟེ། རང་གི་སྡེ་པ་དང་མདོ་མཛད་པ་ལ་ལུང་དང་འགལ་བར་རྟོག་པ་ན། སྟོན་པས་མདོ་སྡེ་དང་ཆོས་མངོན་པའི་བསྟན་བཅོས་ལས། རང་དང་གཞན་གྱི་གཞུང་ལུགས་དང༌། ལྷ་ཡུལ་དང་སའི་སྟེང་དག་ན་རྐྱེན་བཞི་པོ་རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། བདག་པོའི་རྐྱེན་ཞེས་བྱ་བ་དག་ཡོད་པར་བཀའ་སྩལ་པ། སྡེ་པ་གཞན་གྱིས་ཡོངས་སུ་བརྟགས་པའི་རྐྱེན་ལྔ་པ་ནི་མེད་པས། རྐྱེན་བཞི་པོ་འབྲས་བུ་ལས་གཞན་དུ་གྱུར་པ་དེ་དག་ཁོ་ན་ལས་འབྲས་བུ་སྐྱེ་བར་འདོད་དོ་ཞེས་དམ་བཅའ་བ་ཡིན་ནོ། །དེ་ལ་བསྟན་བཅོས་བྱེད་པས་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ་ཞེས་དམ་བཅས་པར་གྱུར་པ་གང་ཡིན་པ་དེ་ནི་ཁས་བླངས་པ་ལས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་མདོ་


DTG099_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ལ་ལུང་དང་འགལ་བར་རྟོག་པ་ན། མདོ་མཛད་པས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་མང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་དམ་བཅས་པའི་སྤྱི་བཀོད་པ་ལས། བདག་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་དམ་བཅས་པ་དག་ནི་རུང་ན། གཞན་ལས་སྐྱེ་བ་མེད་པར་དམ་བཅས་པར་གྱུར་པ་གང་ཡིན་པ་དེ་ནི། སངས་རྒྱས་པར་ཁས་བླངས་པ་ལ་གནོད་པར་འགྱུར་བས་མི་རུང་ངོ་ཞེས་ཕྱོགས་སྔ་མ་རྣམ་པར་འཇོག་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་རྐྱེན་བཞི་པོ་དག་གཞན་དུ་གྱུར་པ་དེ་དག་ཁོ་ན་ལས་སྐྱེ་བར་འདོད་པ་དེ་ལའོ། །བསྟན་བཅོས་བྱེད་པས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སོ། །དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་ནི་གཞན་ལས་མིན་ཞེས་བྱ་བས་གཞན་ལས། དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་དམ་བཅས་པར་གྱུར་པའོ། །དམ་བཅས་པར་གྱུར་པ་གང་ཡིན་པ་ཞེས་བྱ་བ་ནི་དམ་བཅས་པ་བྱས་པར་གྱུར་པའམ། དམ་བཅས་པ་དང་ལྡན་པར་གྱུར་པ་གང་ཡིན་པའོ། །དེ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཁས་བླངས་པ་ལ་གནོད་པར་གྱུར་པའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟ་ཞེ་ན། གང་གི་ཕྱིར་སློབ་དཔོན་ཡང་སངས་རྒྱས་པ་ཡིན་ལ། སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་ལས། བཅོམ་ལྡན་འདས་ཀྱིས་རྐྱེན་བཞི་པོ་གཞན་དུ་གྱུར་པ་དག་ལས་དངོས་པོ་རྣམས་སྐྱེ་བར་གསུངས་པ་བཞིན་དུ་དེ་འགོག་པར་བྱེད་པས། དཔེར་ན་བྱེ་བྲག་ཏུ་སྨྲ་བ་དག་སྒྲ་རྟག་པར་སྒྲུབ་པའམ། བྱེ་བྲག་པ་དག་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུར་གྱུར་པའི་ཕྱིར་རོ།། །། བམ་པོ་བཅུ་བདུན་པ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ནི་སྔར་རང་གི་སྡེ་པ་དག་གིས། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སྨྲས་པའི་ཕྱོགས་སྔ་མ་དེའི་ལན་ཡིན་པར་སྦྱར་རོ། །དེ་ལ་དངོས་པོ་རྣམས་ཀྱི་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་ཀྱིའོ་ཞེས་བྱ་བ་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་སོགས་


DTG099_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིའོ། །རང་བཞིན་ནི་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་དོ། །རྐྱེན་ལ་སོགས་པ་ལ་ཞེས་བྱ་བ་ནི། ཁུ་ཆུ་དང༌། ཁྲག་ལ་སོགས་པ་ལའོ་ཞེས་བྱ་བ་ནི་རྐྱེན་རྣམས་ནི་དང་པོར་མདུན་རོལ་དུ་སྔ་བ་ཡིན་པས་ཁུ་ཆུ་དང་ཁྲག་ལ་སོགས་པ་ལའོ་ཞེས་སྨྲས་སོ། །སོགས་པ་ལ་ཞེས་བྱ་བའི་སྒྲའི་སྦྱོར་བས་ནི་ཚོགས་པ་དང་དབང་ཕྱུག་ལ་སོགས་པ་གཞན་ཡང་བསྡུའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པའོ། །དབང་ཕྱུག་ཅེས་བྱ་བ་ནི་དབང་ཕྱུག་རྒྱུར་འདོད་པ་དག་གིས་བརྟགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཕྱོགས་དང་དུས་དང་ནམ་མཁའ་ལ་སོགས་པ་དག་བསྡུའོ། །ཡོད་མ་ཡིན་ཞེས་བྱ་བ་ནི་དགག་པའོ་ཞེས་བྱ་བ་ནི་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་རྣམས་ལས་སྐྱེའོ་ཞེས་བྱ་བའི་ཕྱོགས་དེ་དགག་པའོ། །དེ་མེད་པའི་ཕྱིར་རྐྱེན་དེ་དག་སུའི་གཞན་དུ་འགྱུར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་མིག་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་མེར་མེར་པོ་ལ་སོགས་པ་རྐྱེན་རྣམས་ཀྱི་སྔོན་རོལ་ཉིད་ན་ཡོད་ན་ནི་དེས་ན་དེ་ལ་ལྟོས་ནས་རྐྱེན་རྣམས་གཞན་ཞེས་བྱ་བར་ཡང་འགྱུར་བ་ཞིག་ན། མིག་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་མེར་མེར་པོ་ལ་སོགས་པ་རྐྱེན་རྣམས་ཀྱི་སྔོན་རོལ་ཉིད་ན་མེད་པས་དེ་མེད་པའི་ཕྱིར་རྐྱེན་དེ་དག་སུའི་གཞན་དུ་འགྱུར་ཏེ་མི་འགྱུར་རོ། །རེ་ཞིག་སྐྱེ་བ་ལྟ་ཕར་ཞོག་སྟེ། རྐྱེན་རྣམས་གཞན་ཉིད་ཡིན་པར་ཇེ་སྒྲུབས་ཤིག །དེ་ཡོད་དུ་ཟིན་ན་ཡང་དེ་ལས་སྐྱེ་བ་མེད་དེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། རྐྱེན་རྣམས་ལས་གཞན་ཞེས་བྱ་བ་དེ་ཡོད་དུ་ཟིན་ན་ཡང་དེ་དག་ལས་མིག་ལ་སོགས་པ་སྐྱེ་བ་མེད་དེ། ཅིའི་ཕྱིར་དེ་ཡོད་དུ་ཟིན་ན་ཡང་དེ་ལས་སྐྱེ་བ་མེད་ཅེ་ན། དེའི་ཕྱིར་རྗེས་སུ་དཔག་པའི་གནོད་པ་སྨྲས་ཟིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱིས་མིག་ལ་སོགས་པའི་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་གཞན་དག་ལས་སྐྱེ་བར་དམ་བཅས་སུ་ཟིན་ཀྱང༌། དམ་བཅས་པ་དེ་ལ་གནོད་པའི་རྗེས་སུ་དཔག་པ་ཁོ་བོས་སྔར་སྨྲས་ཟིན་པའི་ཕྱིར། འདིར་ཡང་ལན་དེ་ཉིད་འབྱུང་བར་འགྱུར་ཏེ། མིག་ལ་སོགས་པའི་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། རང་གི་སྡེ་པ་དག་གིས་སྔར་བཅོམ་ལྡན་འདས་ཀྱིས་རྐྱེན་བཞི་བཀའ་སྩལ་པའི་


DTG099_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དཔེར་བསྟན་པ་དེ་ལ་གནོད་པར་མི་འགྱུར་རོ། །གང་དག་སྒྲུབ་པའི་དོན་ཡང་དག་པ་མ་ཡིན་པར་ཚོད་དཔགས་སུ་བརྟགས་ནས། ཁོ་བོ་ཅག་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ནི་ངེས་པར་མི་འཛིན་གྱི། གང་དག་སྐྱེ་བ་དེ་དག་ནི། །གཞན་དག་ཁོ་ན་ལས་ཡིན་གྱི། །བདག་ལས་མ་ཡིན་པར་ངེས་པར་འཛིན་པས་དེས་ན་རྐྱེན་མ་ཡིན་པ་དག་ལས་གཞན་ཉིད་ཡོད་དུ་ཟིན་ཀྱང་སྐྱེ་བ་མེད་དོ་ཞེས་ཟེར་ན་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་སྔར་དབུ་མ་པས་མིག་ལ་སོགས་པའི་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་གཞན་ལས་སྐྱེ་བ་མེད་དོ། །གཞན་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པའི་སྒྲུབ་པ་དེའི་དོན་ཡང་དག་པ་མ་ཡིན་ཞིང་དོན་མེད་པར་རྒོལ་བར་རང་གི་ཚོད་དཔགས་སུ་བརྟགས་ནས། རྐྱེན་རིགས་མི་མཐུན་པ་གཞན་ལས་དངོས་པོ་རྣམས་སྐྱེ་བ་མེད་པ་ཡིན་གྱི། རྐྱེན་རིགས་མཐུན་པ་གཞན་ལས་དངོས་པོ་རྣམས་སྐྱེའོ་ཞེས་ཟེར་བ་ཡིན་ནོ། །དེ་ལ་གང་དག་ཅེས་བྱ་བ་ནི་རང་གི་སྡེ་པ་དག་གོ །སྒྲུབ་པའི་དོན་ཡང་དག་པ་མ་ཡིན་པར་ཚོད་དཔགས་སུ་བརྟགས་ནས་ཞེས་བྱ་བ་ནི་སྔར་དབུ་མ་པས་མིག་ལ་སོགས་པ་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་གཞན་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །ཞེས་སྨྲས་པའི་སྒྲུབ་པ་དེའི་དོན་ཡང་དག་པ་མ་ཡིན་ཞིང་དོན་མེད་པར་རྒོལ་བ་རང་གི་ཚོད་དཔགས་སུ་བརྟགས་ནས་སོ། །ཁོ་བོ་ཅག་ནི་དངོས་པོ་རྣམས་གཞན་དག་ལས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ནི་ངེས་པར་མི་འཛིན་གྱི་ཞེས་བྱ་བ་ནི། ཁོ་བོ་ཅག་ནི་མིག་ལ་སོགས་པའི་དངོས་པོ་རྣམས་རྐྱེན་མེར་མེར་པོ་ལ་སོགས་པ་དང༌། རྒྱུ་སྤུན་ལ་སོགས་པ་དང༌། ས་བོན་ལ་སོགས་པ་ཇི་སྙེད་གཞན་དུ་གྱུར་པ་ཐམས་ཅད་ལས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ནི་ངེས་པར་མི་འཛིན་གྱི་ཞེས་ཟེར་བ་ཡིན་ནོ། །གང་དག་སྐྱེ་བ་དེ་དག་ནི་གཞན་ཁོ་ན་ལས་ཡིན་གྱི་བདག་ལས་མ་ཡིན་པར་ངེས་པར་འཛིན་པས་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་བ་ཅན་གང་དག་ཡིན་པ་དེ་དག་ནི་རྐྱེན་མེར་མེར་པོ་ལ་སོགས་པ་རིགས་མཐུན་པ་གཞན་ཁོ་ན་ལས་སྐྱེ་བ་ཡིན་གྱི། བདག་ལས་སྐྱེ་བ་མ་ཡིན་པ་ངེས་པར་འཛིན་བས་སོ། །དེས་ན་རྐྱེན་མ་ཡིན་པ་དག་ལས་གཞན་ཉིད་ཡོད་དུ་ཟིན་ཀྱང་སྐྱེ་བ་མེད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་དེ་ལྟར་ངེས་པར་འཛིན་པ་དེས་ན་རྐྱེན་མ་ཡིན་པ་རྒྱུ་སྤུན་ལ་སོགས་པ་དང་ས་བོན་ལ་སོགས་པ་རིགས་མི་མཐུན་པ་གཞན་


DTG099_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་མིག་ལ་སོགས་པའི་དངོས་པོ་དག་ལ་ལྟོས་ན་གཞན་ཉིད་ཡོད་དུ་ཟིན་ཀྱང་དེ་དག་ལས་མིག་ལ་སོགས་པའི་དངོས་པོ་རིགས་མི་མཐུན་པ་གཞན་དག་སྐྱེ་བ་མེད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་གལ་ཏེ་ཚིག་དེ་བདག་ལས་སྐྱེ་བ་དགག་པ་ལྷུར་ལེན་པ་ཡིན་ན་ནི་འདོད་པ་བསྒྲུབ་པ་ཡིན་ནོ། །འོན་ཏེ་མ་སྐྱེས་པ་རྣམས་གཞན་ལས་སྐྱེ་བར་སྟོན་པ་ལྷུར་ལེན་པ་ཡིན་ན་ནི་དེ་ལྟ་ན་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཚིག་དེ་ཞེས་བྱ་བ་ནི་གང་དག་སྐྱེ་བ་དེ་དག་ནི་གཞན་ཁོ་ན་ལས་ཡིན་གྱི། བདག་ལས་མ་ཡིན་པར་ངེས་པར་འཛིན་པས་ཞེས་ཟེར་བའི་ཚིག་དེའོ། །བདག་ལས་སྐྱེ་བ་དགག་པ་ལྷུར་ལེན་པ་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་ཚིག་དེའི་སྐབས་ཀྱིས་བདག་ལས་སྐྱེ་བ་དགག་པ་ལྷུར་ལེན་ཅིང་གཞན་ལས་སྐྱེ་བའི་ཕྱོགས་ཡོངས་སུ་གཟུང་བ་དེའི་འབྲས་བུ་དག་ལས་སྐྱེ་བ་དགག་པ་ལྷུར་ལེན་པ་ཡིན་ན་ནིའོ། །དེས་ཅིར་འགྱུར་ཞེ་ན་འདོད་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟར་ན་ཁོ་བོའི་འདོད་པ་གང་ཡིན་པ་དེ་ཉིད་ཁྱོད་སྒྲུབ་པར་བྱེད་པ་ཡིན་ནོ། །འོན་ཏེ་མ་སྐྱེས་པ་རྣམས་གཞན་ལས་སྐྱེ་བར་སྟོན་པ་ལྷུར་ལེན་པ་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་ཚིག་དེའི་སྐབས་ཀྱི་འདུས་བྱས་ཀྱི་ཆོས་མ་སྐྱེས་པ་སྐྱེ་བ་རྣམས་དོན་དམ་པར་གཞན་ལས་སྐྱེ་བར་སྟོན་ཅིང༌། བདག་ལས་སྐྱེ་བ་དགག་པའི་ཕྱོགས་ཡོངས་སུ་གཟུང་བ་དེའི་འབྲས་བུ་དོན་དམ་པར་འདུས་བྱས་ཀྱི་ཆོས་མ་སྐྱེས་པ་རྣམས་གཞན་ལས་སྐྱེ་བར་སྟོན་པ་ལྷུར་ལེན་པ་ཡིན་ན་ནིའོ། །དེས་ཅིར་འགྱུར་ཞེ་ན། དེ་ལྟ་ན་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ཡང་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། སྔར་ཁོ་བོས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །ཡང་དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བརྒལ་ཞིང་བརྟག་པ་བྱས་པ་གང་ཡིན་པ་དེ་ཉིད་ཁྱོད་ལ་འདིར་ཡང་འོང་བའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ཡང་མི་རུང་ངོ༌། །ཅི་སྟེ་གཞན་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་བྱ་བ་དེ་ལས་གཞན་པ་སྐྱེ་བ་དགག་པ་ཡིན་ན་ནི་དཔེ་


DTG099_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། ཅི་སྟེ་ཁྱོད་ན་རེ། གཞན་ལས་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ཟེར་བ་དེ། འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་དེ་ལས་གཞན་པ་བུམ་པ་དང་སྣམ་བུ་ལ་སོགས་པ་རིགས་མི་མཐུན་པ་དག་རྐྱེན་མེར་མེར་པོ་ལ་སོགས་པ་རིགས་མི་མཐུན་པ་གཞན་ལས་སྐྱེ་བ་དགག་པ་ཡིན་ན་ནི་དེ་ལྟ་ན་ཁྱོད་ཁོ་བོའི་དཔེ་སྒྲུབ་པ་ཡིན་ཏེ། སྔར་ཁོ་བོས་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བསྟན་པས། གཞན་ཡིན་པའི་ཕྱིར་དཔེར་ན་མེར་མེར་པོ་ལ་སོགས་པ་ལས་བུམ་པ་སྐྱེ་བ་མེད་པ་དང་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་མིག་ལ་སོགས་པའི་རྐྱེན་མ་ཡིན་ནོ་ཞེས་སྨྲས་པ་དེ་ཉིད་ཁྱོད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་དེས་ནི་མིག་ལ་སོགས་པ་ཁུ་ཆུ་དང༌། ཁྲག་ལ་སོགས་པ་རྐྱེན་རྣམས་ལ་མེད་པ་ཉིད་དང་མིག་ལ་སོགས་པའི་རྐྱེན་རྣམས་ཀྱང་དེ་དག་གིས་སྟོང་པ་ཉིད་ཀྱི་ཆོས་སྨྲས་པ་ཡིན་ནོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་ཕྱེད་དང་པོ་དེས་ན་སློབ་དཔོན་གྱི་འབྲས་བུ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་རྣམས་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པའི་གནས་སྐབས་རྣམས་ལ་མེད་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་དང༌། འབྲས་བུ་མིག་ལ་སོགས་པའི་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རྣམས་ཀྱང་འབྲས་བུ་དེ་དག་གིས་སྟོང་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་སྨྲས་པ་ཡིན་ནོ། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །རྐྱེན་ལ་སོགས་པ་ལ་བདག་གི་དངོས་པོ་ཡོད་མ་ཡིན་ནའོ། །གཞན་གྱི་དངོས་པོ་ནི་གཞན་དག་ལས་འབྱུང་བའོ། །འབྱུང་བ་ནི་སྐྱེ་བ་སྟེ་རྐྱེན་རྣམས་ལ་མེད་དོ། །དེས་ནི་བསྒྲུབ་པར་བྱ་བའི་དོན་བསྟན་ཏོ་ཞེས་བྱ་བའི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་འདི་སྐད་བསྟན་ཏེ། གལ་ཏེ་མིག་ལ་སོགས་པའི་བདག་གི་དངོས་པོ་རྐྱེན་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་མེད་ན་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཞེས་བྱ་བའི་ཐ་སྙད་ཡོད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་མིག་ལ་སོགས་པའི་བདག་གི་དངོས་པོ་ལ་ལྟོས་ནས་རྐྱེན་མེར་མེར་པོ་ལ་སོགས་པ་གཞན་གྱི་དངོས་པོ་ཞེས་གདགས་པ་ཡིན་ན་འབྲས་བུ་མིག་ལ་སོགས་པའི་བདག་གི་དངོས་པོ་རྐྱེན་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་ཡོད་པ་མ་ཡིན་ནོ། །རྐྱེན་མེར་མེར་པོ་


DTG099_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གང་ལ་ལྟོས་ནས་གཞན་གྱི་དངོས་པོར་འགྱུར་ཏེ་མི་འགྱུར་རོ། །རྐྱེན་རྣམས་ལ་གཞན་གྱི་དངོས་པོ་མེད་པས་གཞན་ལས་སྐྱེ་བ་ཡང་མེད་དོ་ཞེས་བསྒྲུབ་པར་བྱ་བའི་དོན་བསྟན་པ་ཡིན་ནོ། །གཞན་གྱི་དངོས་པོ་ནི་གཞན་དག་ལས་འབྱུང་བའོ་ཞེས་བྱ་བ་ནི་གཞན་གྱི་དངོས་པོ་ཞེས་བྱ་བར་ཐ་སྙད་གདགས་པ་ནི་གཞན་དག་ལ་ལྟོས་ནས་འབྱུང་བ་སྟེ། དཔེར་ན་ནག་པ་ལ་ལྟོས་ནས་གུ་པྟ་གཞན་དུ་འགྱུར་བ་ལྟ་བུའོ། །འབྱུང་བ་ནི་སྐྱེ་བ་སྟེ་ཞེས་བྱ་བ་ནི་འབྱུང་བ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་ཏེ། གཞན་དག་ལ་ལྟོས་ནས་འབྱུང་བ་ནི་གཞན་དག་ལ་ལྟོས་ནས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་རྣམས་ལ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དངོས་པོ་ནི་གཞན་དག་ལས་འབྱུང་བའོ་ཞེས་བྱ་བ་དེ་རྐྱེན་རྣམས་ལ་མེད་པ་སྟེ། རྐྱེན་རྣམས་ཀྱི་གནས་སྐབས་ན་འབྲས་བུའི་བདག་གི་དངོས་པོ་ཡོད་པ་མ་ཡིན་པས་ལྟོས་པ་མེད་པའི་ཕྱིར་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཞེས་བྱ་བའི་ཐ་སྙད་མེད་དོ། །དེས་ནི་བསྒྲུབ་པར་བྱ་བའི་དོན་བསྟན་ཏོ་ཞེས་བྱ་བ་ནི་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཞེས་བྱ་བའི་ཐ་སྙད་མེད་པས་གཞན་ལས་སྐྱེ་བ་མེད་དོ་ཞེས་བསྒྲུབ་པར་བྱ་བའི་དོན་བསྟན་པ་ཡིན་ནོ། །དེ་ལྟར་ན་འདི་ཡང་སྔ་མ་བཞིན་དུ་དཔེ་མངོན་པས་འབྲས་བུ་དང༌། རྐྱེན་ཕྱོགས་སུ་བྱས་པ་ལས་སྦྱོར་བའི་ཚིག་གཉིས་སུ་འགྱུར་ཏེ་ཞེས་བྱ་བ་ནི་སྔར་གཞན་ལས་སྐྱེ་བ་དགག་པའི་སྐབས་སུ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དང༌། ཡང་དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་འབྲས་བུ་དང་རྐྱེན་ཕྱོགས་སུ་བྱས་པ་ལས་སྦྱོར་བའི་ཚིག་གཉིས་བསྟན་པ་བཞིན་དུ། འདིར་ཡང་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་པའི་དཔེ་ནི་བུམ་པ་ཡིན་ལ། རྐྱེན་རྣམས་རྐྱེན་མ་ཡིན་པའི་དཔེ་ནི་རྒྱུ་སྤུན་ལ་སོགས་པ་ཡིན་པར་མངོན་པས་འབྲས་བུ་སྐྱེ་མཆེད་དང་རྐྱེན་མེར་མེར་པོ་ལ་སོགས་པ་ཕྱོགས་སུ་བྱས་པ་ལས་སྦྱོར་བའི་ཚིག་གཉིས་སུ་འགྱུར་རོ། །དོན་དམ་པར་མིག་ལ་སོགས་པ་སྐྱེ་མཆེད་རྣམས་ཁུ་ཆུ་དང་ཁྲག་ལ་སོགས་པ་རྐྱེན་རྣམས་ལས་སྐྱེ་བ་མེད་དེ། དེ་དག་ལ་མེད་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་འབྲས་


DTG099_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕྱོགས་སུ་བྱས་པ་ལ་སྦྱོར་བའི་ཚིག་གཅིག་ཡིན་ནོ། །འདིར་ཡང༌། མིག་ལ་སོགས་པ་སྐྱེ་མཆེད་རྣམས། །ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ཁུ་ཆུ་དང་ཁྲག་ལ་སོགས་པ་རྐྱེན་རྣམས་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེ་དག་ལ་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། །དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་བུམ་པ་ནི་མེར་མེར་པོ་ལ་སོགས་པ་ལ་མེད་པའི་ཕྱིར། མེར་མེར་པོ་ལ་སོགས་པ་ལས་སྐྱེ་བ་མེད་པ་དེ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་རྐྱེན་མེར་མེར་པོ་ལ་སོགས་པ་ལ་མེད་པའི་ཕྱིར། དེ་དག་ཀྱང་དོན་དམ་པར་རྐྱེན་མེར་མེར་པོ་ལ་སོགས་པ་ལས་སྐྱེ་བ་མེད་དོ། །དེ་བཞིན་དུ་དོན་དམ་པར་ཁུ་ཆུ་དང་ཁྲག་ལ་སོགས་པ་རྐྱེན་རྣམས་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་མ་ཡིན་ཏེ་དེ་དག་གིས་སྟོང་པའི་ཕྱིར། དཔེར་ན་ཐག་ཟངས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་རྐྱེན་ཕྱོགས་སུ་བྱས་པ་ལས་སྦྱོར་བའི་ཚིག་གཉིས་པ་ཡིན་ནོ། །འདིར་ཡང་ཁུ་ཆུ་དང་ཁྲག་ལ་སོགས་པ་རྐྱེན་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། །མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེ་དག་གིས་སྟོང་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། །དཔེར་ན་ཐག་ཟངས་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ཐག་ཟངས་ལ་སོགས་པ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དེ་དག་གིས་སྟོང་པའི་ཕྱིར། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མེར་མེར་པོ་ལ་སོགས་པ་རྐྱེན་རྣམས་ཀྱང་མིག་ལ་སོགས་པ་སྐྱེ་མཆེད་དེ་དག་གིས་སྟོང་བའི་ཕྱིར། དེ་དག་ཀྱང་དོན་དམ་པར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དོན་དམ་པར་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་བཞི་པོ་དག་ལས་སྐྱེ་བ་མེད་པར་བཀའ་སྩལ་པར་ཤེས་པར་བྱའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སྦྱོར་བའི་ཚིག་དེ་གཉིས་ཀྱིས་བརྟགས་པ་དེས་ན། བཅོམ་ལྡན་འདས་ཀྱིས་དོན་དམ་པར་དངོས་པོ་རྣམས་རྒྱུ་ལ་སོགས་པའི་རྐྱེན་བཞི་པོ་དག་ལས་སྐྱེ་བ་མེད་པར་བཀའ་སྩལ་པར་ཤེས་པར་བྱའོ་ཞེས་མཇུག་བསྡུ་བ་བསྟན་ཏོ། །འོ་ན་བཅོམ་ལྡན་འདས་ཀྱིས་རྐྱེན་བཞི་པོ་དག་ཅིའི་ཕྱིར་བཀའ་སྩལ་ཅེ་ན། དེའི་ཕྱིར་རྒྱུ་མེད་པ་དང་རྒྱུ་མི་མཐུན་པར་སྨྲ་བས་བློ་གྲོས་


DTG099_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པའི་སྐྱེ་བོ་ལ་རྗེས་སུ་ཐུགས་བརྩེ་བས་ཐ་སྙད་ཀྱི་བདེན་པ་ཇི་ལྟར་གནས་པ་བསྟན་པའི་ཕྱིར། རྒྱུ་དང་དམིགས་པ་དང་དེ་མ་ཐག་པ་དང་བདག་པོའི་རྐྱེན་རྣམས་བཀའ་སྩལ་པར་ཤེས་པར་བྱ་སྟེ། ཞེས་བྱ་བ་སྨྲས་ཏེ། རྒྱུ་མེད་པར་སྨྲ་བས་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པའི་གྲུབ་པའི་མཐའ་སྨྲ་བས་སོ། །རྒྱུ་མི་མཐུན་པར་སྨྲ་བས་ཞེས་བྱ་བ་ནི་སྲེད་མེད་ཀྱི་བུ་དང་དབང་ཕྱུག་ལ་སོགས་པའི་གྲུབ་པའི་མཐའ་སྨྲ་བས་སོ། །བློ་གྲོས་དཀྲུགས་པའི་སྐྱེ་བོ་ཞེས་བྱ་བ་ནི་སྐྱེ་བོ་གང་གི་བློ་གྲོས་ཞེས་བྱ་བ་ཤེས་རབ་རྒྱུ་མེད་པ་དང་རྒྱུ་མི་མཐུན་པར་སྨྲ་བས་དཀྲུགས་ཤིང་རྨོངས་པར་བྱས་པར་གང་ཡིན་པ་དེ་ནི་རྒྱུ་མེད་པ་དང་རྒྱུ་མི་མཐུན་པར་སྨྲ་བས་བློ་གྲོས་དཀྲུགས་པའི་སྐྱེ་བོ་ཞེས་བྱའོ། །རྗེས་སུ་ཐུགས་བརྩེ་བས་ཞེས་བྱ་བ་ནི་སྐྱེ་བོ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྗེས་སུ་ཐུགས་བརྩེ་ཞིང་ངན་སོང་དུ་འགྲོ་བ་ལས་འདྲེན་པ་མཛད་པ་ནི་རྒྱུ་མེད་པ་དང་རྒྱུ་མི་མཐུན་པར་སྨྲ་བས་བློ་གྲོས་དཀྲུགས་པའི་སྐྱེ་བོ་ལ་རྗེས་སུ་ཐུགས་བརྩེ་བ་ཞེས་བྱའོ། །ཐ་སྙད་ཀྱི་བདེན་པ་ཇི་ལྟར་གནས་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ཀུན་རྫོབ་ཀྱི་བདེན་པ་ཕྱི་རོལ་དང༌། ནང་གི་རྐྱེན་ས་བོན་དང་མེར་མེར་པོ་ལ་སོགས་པ་དག་ལས་མྱུ་གུ་དང་མིག་ལ་སོགས་པ་སྐྱེ་བར་གྲགས་པའི་ཐ་སྙད་ཇི་ལྟར་གནས་པ་དེ་བསྟན་ཅིང་གསལ་བར་བྱ་བའི་ཕྱིར་རོ། །རྒྱུ་དང་དམིགས་པ་དང་དེ་མ་ཐག་པ་དང་བདག་པོའི་རྐྱེན་རྣམས་བཀའ་སྩལ་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བཤད་པ་ལྟ་བུར་ཤེས་པར་བྱ་སྟེ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་བཞིས་སྐྱེད་པར་བྱེད་དོ། །དེ་ལ་འདི་དག་གི་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་ཐམས་ཅད་དོ། །དམིགས་པའི་རྐྱེན་ནི་ཅི་རིགས་པར་ཡུལ་ལྔ་པོ་དག་དང་ཆོས་ཐམས་ཅད་དོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་སྔ་མ་གཞན་དག་གིས་བར་དུ་མཆོད་པ་རྣམས་སོ། །བདག་པོའི་རྐྱེན་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །འགོག་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་ནི་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་གསུམ་གྱིས་སྐྱེད་པར་བྱེད་དོ། །འདི་གཉིས་ལ་དམིགས་པའི་རྐྱེན་


DTG099_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་དེ་དེ་གཉིས་ནི་དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་གཉིས་ཀྱི་རྒྱུའི་རྐྱེན་ནི་རྒྱུ་རྣམ་པ་གཉིས་ཏེ་ལྷན་ཅིག་འབྱུང་བའི་རྒྱུ་ནི་སྐྱེ་བ་ལ་སོགས་པའོ། །སྐལ་པ་མཉམ་པའི་རྒྱུ་ནི་ས་མཚུངས་པའི་དགེ་བའི་ཆོས་སྔར་བྱུང་བ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་མཚུངས་པར་ལྡན་པ་དང་བཅས་པའོ། །བདག་པོའི་རྐྱེན་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །སྙོམས་པར་འཇུག་པ་འདི་དག་ནི་སེམས་ཀྱི་མངོན་པར་འདུ་བྱ་བ་ལས་སྐྱེ་བའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་དག་ནི་ཡིན་གྱི། སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །གཞན་ལྡན་པ་མ་ཡིན་པ་རྣམས་དང་གཟུགས་ཅན་རྣམས་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་ལས་སྐྱེའོ། །དངོས་པོ་རྣམས་ནི་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་སྐྱེ་བའི་འགྲོ་བ་ཐམས་ཅད་ནི་རྒྱུ་གཅིག་པོ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་ནི་མེད་དེ། གལ་ཏེ་དབང་ཕྱུག་གམ་གཞན་ཡང་རུང་སྟེ། རྒྱུ་གཅིག་པུ་ཁོ་ན་ཞིག་ཡིན་ན་འགྲོ་བ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་འགྱུར་བ་ཞིག་ན་དངོས་པོ་རྣམས་ནི་རིམ་གྱིས་འབྱུང་བ་ལ་སོགས་པར་སྣང་བའི་ཕྱིར། རྒྱུ་དབང་ཕྱུག་ལ་སོགས་པ་གཅིག་པུ་ནི་མེད་དོ་ཞེས་བཀའ་སྩལ་པར་ཤེས་པར་བྱའོ། །དེའི་ཕྱིར་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྔར་བཤད་པ་གང་ཡིན་པ་དེ་ཉིད་འདིར་ཡང་སྦྱང་བར་བྱ་སྟེ། གལ་ཏེ་ཀུན་རྫོབ་ཏུ་རྐྱེན་རྣམས་བཀའ་སྩལ་པར་ཁས་བླངས་ནས་ཀུན་རྫོབ་ཉིད་དུ་འགོག་པར་བྱེད་ན་ནི་དེས་ན་ཁས་བླངས་པ་ལ་གནོད་པར་ཡང་འགྱུར་ལ། དེ་བཞིན་དུ་དོན་དམ་པར་སྐྱེ་བར་ཁས་བླངས་ནས་དོན་དམ་པ་ཉིད་དུ་སྐྱེ་བ་མེད་པར་སྒྲུབ་པར་བྱེད་ན། དེ་ལྟ་ན་ཡང་ཁས་བླངས་པ་ལ་གནོད་པར་འགྱུར་བ་ཞིག་ན། ཁོ་བོས་ནི་ཀུན་རྫོབ་ཏུ་རྐྱེན་རྣམས་བཀའ་སྩལ་པ་ལ་དོན་དམ་པར་དགག་པ་དང་ཀུན་རྫོབ་ཏུ་སྐྱེ་བ་ཡོད་ལ། དོན་དམ་པར་སྐྱེ་བ་མེད་པར་ཁས་བླངས་པས་དེའི་ཕྱིར་ཁས་བླངས་པའི་གནོད་པ་དང༌། གྲགས་པའི་གནོད་པ་དང༌། མངོན་སུམ་གྱི་གནོད་པ་དང༌། རྗེས་སུ་དཔག་པའི་གནོད་པ་དང༌། རང་གི་ཚིག་གི་གནོད་པར་ཡང་མི་འགྱུར་རོ། །ཡང་ན་གཞན་དུ་རྣམ་པར་བརྟག་སྟེ་ཞེས་བྱ་བ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེའི་རྣམ་པར་བཤད་པའི་རྣམ་པ་གཞན་ཞེས་བྱ་བའོ། །གང་དག་


DTG099_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་གཞན་ལས་སྐྱེའོ་ཞེས་སྟོན་པར་བྱེད་པ་དེ་དག་གི་ཕྱིར་ཡང་འདི་དཔྱད་པར་བྱའོ་ཞེས་བྱ་བ་ནི་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་གང་དག་དངོས་པོ་རྣམས་གཞན་ལས་སྐྱེའོ་ཞེས་སྟོན་པར་བྱེད་པ་དེ་དག་གི་ཕྱིར་ཡང་ཚིག་ལེའུར་བྱས་པ་འདི་རྣམ་པ་གཞན་དུ་ཡང་དཔྱད་པར་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་ཡང་དངོས་པོ་རྣམས་གཞན་ལས་སྐྱེ་བར་རིགས་སམ་མི་རིགས་པར་འགྲོ་བར་བྱ་སྟེ། རིགས་པས་དཔྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །ཞེས་བྱ་བ་དེ་དག་དངོས་པོ་སྐྱེད་པར་བྱེད་པ་ཡིན་པར་འདོད་པ་ཞེས་བྱ་བ་ནི་ཁྱེད་ཅག་གོ །སྡེ་པ་གཞན་དག་གིས་ཡོངས་སུ་བརྟགས་པ་དང༌། བྱེ་བྲག་པ་ལ་སོགས་པས་ཡོངས་སུ་བརྟགས་པ་མིང་ཐ་དད་པས་ཐ་དད་པ་གང་དག་ཡིན་པ་དེ་དག་ཀྱང་མཚན་ཉིད་ཀྱིས་དེ་དག་ཉིད་དུ་འདུས་པས་དེའི་ཕྱིར། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་ངེས་པར་བྱ་སྟེ་བརྗོད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སངས་རྒྱས་པ་ཁ་ཅིག་གིས་ཡོངས་སུ་བརྟགས་པ་མདུན་དུ་སྐྱེས་པ་དང༌། ཡོད་པ་དང་མེད་པ་ལ་སོགས་པ་གང་དང་ཡིན་པ་དང་བྱེ་བྲག་པ་དག་གིས་ཡོངས་སུ་བརྟགས་པ་རྡུལ་ཕྲ་རབ་གཉིས་དང་གསུམ་དང་བཞི་སྦྱོར་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དང༌། ཡུལ་དང་དབང་པོ་དང་བློ་དང་རྩོལ་བ་ཞེས་བྱ་བར་ཡོངས་སུ་བརྟགས་པ་གང་དག་ཡིན་པ་དེ་དག་ཀྱང་མིང་ཐ་དད་པར་བསྟན་པའི་སྒོ་ནས་ཐ་དད་པར་ཟད་ཀྱི། མཚན་ཉིད་ཀྱི་སྒོ་ནས་ནི་དེ་དག་ལ་ཐ་དད་པ་མེད་པས་དེའི་ཕྱིར་དེ་དག་ཀྱང་རྐྱེན་བཞི་པོ་དེ་དག་ཉིད་དུ་འདུས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་ངེས་པར་བྱ་སྟེ་བརྗོད་དོ། །དོན་དམ་པར་དེ་དག་གཞན་ཉིད་ཡིན་པ་ཁོ་ནར་མི་རིགས་སོ་ཞེས་བྱ་བ་ནི་ཡང་ན་གཞན་དུ་རྣམ་པར་བརྟག་སྟེ་ཞེས་བྱ་བའི་སྐབས་ཉིད་སྟོན་པ་ཡིན་ཏེ། རང་གི་སྡེ་པ་དག་གིས་ཡོངས་སུ་བརྟགས་པ་རྒྱུ་ལ་སོགས་པའི་རྐྱེན་བཞི་པོ་དེ་དག་དཔྱད་ན། དོན་དམ་པར་གཞན་ཉིད་ཡིན་པ་ཁོ་ནར་མི་རིགས་ཤིང་མི་འཐད་དོ། །གལ་ཏེ་ཕ་རོལ་པོ་ན་རེ། ཇི་ལྟར་ཞེས་འདྲི་ན་དེའི་ཕྱིར། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དངོས་པོ་རྣམས་ཀྱི་ཞེས་བྱ་བ་ནི་ནང་གི་དང་ཆ་ཕྲ་བ་དང་རགས་པ་རྣམས་ཀྱིའོ་ཞེས་བྱ་བ་ལ། ནང་གི་


DTG099_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མིག་དང༌། རྣ་བ་དང་སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས་ཀྱིའོ། །ཆ་ཕྲ་བ་དང་རགས་པ་རྣམས་ཀྱིའོ་ཞེས་བྱ་བ་ནི། རྡུལ་ཕྲ་རབ་རྣམས་དང༌། གཟུགས་ལ་སོགས་པ་ཡུལ་ལྟར་ནུས་པ་རྣམས་ཀྱིའོ་ཞེས་བྱ་བའི་ཐ་ཚིག་གོ །རང་བཞིན་ནི་ཞེས་བྱ་བ་ནི་རང་གི་བདག་ཉིད་དོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་དོ། །རྐྱེན་ལ་སོགས་པ་ཞེས་བྱ་བ་ནི་རེ་ཞིག་རྐྱེན་སོ་སོ་དང་འདུས་པ་དག་ལའོ་ཞེས་བྱ་བ་ལ། རྐྱེན་སོ་སོ་ལ་ཞེས་བྱ་བ་ནི་ལས་སམ། ཉོན་མོངས་པ་རྣམས་སམ། ཁུ་ཆུའམ་ཁྲག་སོ་སོ་ལའོ། །འདུས་པ་དག་ལའོ་ཞེས་བྱ་བ་ནི་སྤྱི་དག་ལའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱུ་དང་བྱེད་རྒྱུ་ཐུན་མོངས་དང་ཐུན་མོངས་མ་ཡིན་པ་ཚོགས་པ་དང་གཞན་དག་ལ་ཡང་ངོ་ཞེས་བྱ་བ་ལ། རྒྱུ་དང་བྱེད་རྒྱུ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཚོགས་པ་ལ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཐུན་མོངས་མ་ཡིན་པ་དང་ཐུན་མོངས་བ་ཚོགས་པ་ལའོ། །གཞན་དག་ལ་ཡོད་དོ་ཞེས་བྱ་བ་ནི་སྲེད་མེད་ཀྱི་བུ་དང་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་དག་ལ་ཡང་ངོ༌། །ཡོད་མ་ཡིན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་རྐྱེན་སོ་སོ་དང་འདུས་པ་དག་དང༌། རྒྱུ་དང་བྱེད་རྒྱུ་ཐུན་མོང་བ་ཚོགས་པ་དང་གཞན་དག་ལ་ཡང༌། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་ཆ་ཕྲ་བ་དང་རགས་པ་ཡོངས་སུ་བཙལ་ན་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཚེ་ཇི་ལྟར་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ། གང་གི་ཚེ་ཡོད་པ་མ་ཡིན་ཞིང་ཇི་ལྟར་ཡོད་པ་མ་ཡིན་ཞེས་རྣམ་པ་གཉིས་འདྲི་བ་ཡིན་ནོ། །གང་གི་ཚེ་ཡོད་པ་མ་ཡིན་ཞེ་ན། དེའི་ཕྱིར་སྐྱེ་བའི་སྔ་རོལ་ན་ཞེས་བྱ་བ་སྨྲས་ཏེ། མིག་ལ་སོགས་པ་མ་སྐྱེས་པའི་གནས་སྐབས་ན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཡོད་པ་མ་ཡིན་ཞེ་ན། དེའི་ཕྱིར་ཐ་སྙད་དང་དོན་དམ་པར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཀུན་རྫོབ་ཏུ་ཡང་སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་སྐྱེས་པ་ཆ་ཕྲ་བ་འམ་རགས་པ་ཡང་ཡོད་པ་མ་ཡིན་ལ། དོན་དམ་པར་ཡང་མ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་ནོ། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །ཞེས་བྱ་བ་ནི་བདག་གི་དངོས་པོ་སྐྱེ་བར་འདོད་པ་དེ་ཉིད་ཡོད་པ་མ་ཡིན་ན། རྐྱེན་རྣམས་ལ་གཞན་གྱི་དངོས་པོ་གཞན་ཉིད་ཡོད་པར་ཇི་ལྟར་འགྱུར་བས་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ་རྐྱེན་སོ་སོ་དང་འདུས་པ་དག་ལ་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཆ་ཕྲ་བ་ཡང་སྐྱེས་པ་ཡོད་པ་མ་ཡིན་པ་


DTG099_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་རྐྱེན་མེར་མེར་པོ་ལ་སོགས་པ་དག་ཇི་ལྟར་གཞན་ཉིད་ཅེས་བརྗོད་པར་འགྱུར་ཏེ་མི་འགྱུར་བས་སོ། །ཇི་ལྟར་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་གཞན་ཉིད་ཡོད་པ་མ་ཡིན་ཞེ་ན། དེའི་ཕྱིར་གཞན་ཉིད་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གཞན་གྱི་རྒྱུ་མཚན་མེད་པའི་ཕྱིར་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་མིག་ལ་སོགས་པའི་ངོ་བོ་ཉིད་ནི་རྐྱེན་རྣམས་ཀྱི་གཞན་ཉིད་ཀྱི་རྒྱུ་མཚན་དང་བྱེད་རྒྱུ་དང་རྒྱུ་ཡིན་ཏེ། དེ་ལ་ལྟོས་ནས་རྐྱེན་རྣམས་གཞན་དུ་བརྗོད་པའི་ཕྱིར། དཔེར་ན་རིང་པོ་དག་ཡོད་ན་དེ་ལ་ལྟོས་ནས་ཐུང་ངུ་ཞེས་བརྗོད་པ་ལྟ་བུ་ཡིན་ན། རྐྱེན་རྣམས་གཞན་ཞེས་བརྗོད་པའི་རྒྱུ་མཚན་སྐྱེ་མཆེད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རྐྱེན་རྣམས་གཞན་ཞེས་བྱ་བར་མི་འགྱུར་ཏེ། དཔེར་ན་རིང་པོ་མེད་པས་ཐུང་ངུ་ཞེས་བྱ་བར་མི་འགྱུར་བ་བཞིན་ནོ་ཞེས་དགོངས་སོ་ཞེས་བྱ་བ་ནི། ཇི་ལྟར་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཡོད་པ་མ་ཡིན་པ་དེ་ལྟར་སློབ་དཔོན་གྱིས་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་ཆོས་མངོན་པ་བདག་ན་རེ། སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་ཆ་ཕྲ་བའམ་རགས་པ་ཡང་མེད་པས། རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཉིད་མེད་པ་གང་ཡིན་པ་དེ་ནི་བདེན་ན། འོན་ཀྱང་མིག་ལ་སོགས་པ་མེར་མེར་པོ་ལ་སོགས་པ་དག་ལས་ཕྱིས་སྐྱེ་བར་འདོད་པ་གང་དག་ཡིན་པ་དེ་དག་སྙིང་ལ་བཞག་སྟེ། དེ་ལ་ལྟོས་ནས་རྐྱེན་རྣམས་གཞན་དུ་འགྱུར་རོ་ཞེས་ཟེར་བ་དང༌། བྱེ་བྲག་པ་དག་ཀྱང་འདི་སྐད་ཅེས་མིག་ལ་སོགས་པ་མེད་ཀྱང་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པས་རྐྱེན་རྣམས་ཀྱང་གཞན་ཉིད་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེ་གཉིས་ཀྱི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཅི་སྟེ་དངོས་པོ་སྐྱེ་བར་འདོད་པ་བློ་ལ་རྣམ་པར་བཞག་ནས་རྐྱེན་དེ་དག་གཞན་དུ་གྱུར་པ་ཡིན་ཏེ། ལྟོས་པའི་དབང་གིས་སོ་ཞེའམ། གཞན་ཉིད་དང་ལྡན་པས་སོ་ཞེས་སྙད་འདོགས་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་ཅི་སྟེ་དངོས་པོ་སྐྱེ་པར་འདོད་པ་བློ་ལ་རྣམ་པར་བཞག་ནས། རྐྱེན་དེ་དག་གཞན་དུ་གྱུར་པ་ཡིན་ཏེ། ལྟོས་པའི་དབང་གིས་སོ་ཞེའམ་ཞེས་བྱ་བ་ནི། ཅེ་སྟེ་ཆོས་མངོན་པ་པ་དག་ན་རེ། སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད་ཆ་ཕྲ་བའམ་རགས་པ་ཡང་མེད་པས་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་གཉིས་མེད་པ་གང་ཡིན་པ་དེ་ནི་བདེན་ན། འོན་ཀྱང་མིག་ལ་སོགས་པ་མེར་མེར་པོ་ལ་སོགས་པ་དག་ལས་ཕྱིས་སྐྱེ་བར་འདོད་པ་གང་


DTG099_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཡིན་པ་དེ་དག་སྙིང་ལ་བཞག་སྟེ་དེ་ལ་ལྟོས་ནས་རྐྱེན་རྣམས་གཞན་དུ་འགྱུར་རོ་ཞེས་ཟེར་ནའོ། །གཞན་ཉིད་དང་ལྡན་པས་སོ་ཞེས་སྙད་འདོགས་ན་ཞེས་བྱ་བ་ནི་བྱེ་བྲག་པ་དག་ཀྱང་འདི་སྐད་ཅེས་མིག་ལ་སོགས་པ་མེད་ཀྱང༌། གཞན་ཉིད་ཅེས་བྱ་བ་ཡོན་ཏན་དང་ལྡན་པས་རྐྱེན་རྣམས་ཀྱང་གཞན་དུ་འགྱུར་རོ་ཞེས་སྙད་འདོགས་ནའོ། །དེ་ལ་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པས་ཞེས་བྱ་བ་ནི་བྱེ་བྲག་པའི་གྲུབ་པའི་མཐའ་ལས་ཚིག་གི་དོན་དྲུག་འབྱུང་བ་ལས་ཡོན་ཏན་ཞེས་བྱ་བའི་ནང་ནས་གཞན་ཞེས་བྱ་བའི་ཡོན་ཏན་དང་ལྡན་པས་སོ། །དེ་ལ་བྱེ་བྲག་པའི་གྲུབ་པའི་མཐའ་ལས་འབྱུང་བའི་ཚིག་གི་དོན་དྲུག་གང་ཞེ་ན། རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། བྱེ་བྲག་དང༌། འདུ་བའོ། །དེ་ལ་རྫས་གང་ཞེ་ན། རྣམ་པ་དགུ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། དུས་དང༌། ཕྱོགས་དང༌། བདག་དང༌། ཡིད་དོ། །ཡོན་ཏན་གང་ཞེ་ན། རྣམ་པ་ཉི་ཤུ་རྩ་བཞི་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། གྲངས་དང༌། བོང་ཚོད་དང༌། སོ་སོ་བ་དང༌། ཕྲད་པ་དང༌། བྱེ་བ་དང༌། གཞན་དང་གཞན་མ་ཡིན་པ་དང༌། མིག་གི་བློ་དང༌། རྣ་བའི་བློ་དང༌། སྣའི་བློ་དང༌། ལྕེའི་བློ་དང༌། ལུས་ཀྱི་བློ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། འདོད་པ་དང༌། སྡང་བ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། བྱས་པའི་ཤུགས་དང༌། འབད་པའོ། །ལས་གང་ཞེ་ན། རྣམ་པ་ལྔ་སྟེ། འདེགས་པ་དང༌། འཇོག་པ་དང༌། བསྐུམ་པ་དང༌། བརྐྱང་པ་དང༌། འགྲོ་བའོ། །སྤྱི་གང་ཞེ་ན། ཡོད་པ་སྟེ། སྤྱི་ཆེན་པོ་དང༌། ཉི་ཚེའི་སྤྱིའོ། །བྱེ་བྲག་གང་ཞེ་ན། དེ་ལས་བྱེ་བྲག་ཏུ་དབྱེ་བའོ། །འདུ་བ་གང་ཞེ་ན། འདི་དང་འདིར་འདུ་བའོ། །དེ་ལྟར་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དེ་དག་ལས། ཡོན་ཏན་ཉི་ཤུ་རྩ་བཞིའི་ནང་ནས་གཞན་ཞེས་བྱ་བ་དེ་དང་ལྡན་པས་རྐྱེན་རྣམས་ཀྱང་གཞན་ཉིད་དུ་འགྱུར་རོ་ཞེས་སྙད་འདོགས་ནའོ། །དེ་ནི་ཐ་སྙད་ཙམ་དུ་ཟད་དེ། དེ་དག་ལས་གཞན་གྱི་ངོ་བོ་ཉིད་མེད་པས་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། འདི་ལྟར་སྐྱེ་མཆེད་ཀྱི་ངོ་བོ་ཉིད་རྐྱེན་རྣམས་ལས་ཕྱིས་སྐྱེ་བར་འདོད་པ་སྙིང་ལ་གཞག་སྟེ། གལ་ཏེ་དེ་ལ་ལྟོས་ནས་རྐྱེན་རྣམས་གཞན་དུ་འདོད་པ་དང༌། བདག་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པས་རྐྱེན་རྣམས་གཞན་དུད་


DTG099_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། དེ་ལྟ་ན་དེ་དག་གི་གཞན་ཉིད་ནི་ལྟོས་པས་བྱས་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས་དེ་ནི་ཐ་སྙད་ཙམ་དུ་ཟད་དོ། །ངོ་བོ་ཉིད་ཅེས་བྱ་བ་ནི་གང་ཅི་ལ་ཡང་མི་ལྟོས་པ་སྟེ། དཔེར་ན་མེའི་ཚ་བ་ཉིད་ལྟ་བུ་ཡིན་པས་དེའི་ཕྱིར་གལ་ཏེ་སྐྱེ་མཆེད་ཕྱིས་སྐྱེ་བར་འདོད་པ་རྣམས་དང་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་ལ་མ་ལྟོས་པར་རྐྱེན་རྣམས་ལ་གཞན་ཞེས་བྱ་བ་ཡོད་པར་གྱུར་ན་ནི་དེས་ན་རྐྱེན་དེ་དག་ངོ་བོ་ཉིད་ཀྱིས་གཞན་ཡིན་ནོ་ཞེས་བྱ་བར་གཟུང་དུ་ཡང་རུང་བ་ཞིག་ན། རྐྱེན་དེ་དག་ངོ་བོ་ཉིད་ཀྱིས་གཞན་གྱི་དངོས་པོ་ཉིད་མེད་པས་དེས་ན་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཡོད་པར་གཟུང་དུ་མི་རུང་ངོ༌། །འདི་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི་དེའི་ཕྱིར་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་ཡོད་པར་འདོད་པའི་ཕྱོགས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །ཅི་སྟེ་འདིར་ཕ་རོལ་པོ་ན་རེ། ཁྱོད་ཀྱིས་ཐ་སྙད་དུ་རྐྱེན་རྣམས་གཞན་ཉིད་དུ་ཁས་བླངས་པས་དེའི་ཕྱིར་རྐྱེན་རྣམས་གཞན་ཉིད་དུ་གྲུབ་པས་གཞན་ལས་སྐྱེ་བ་ཡང་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཐ་སྙད་དུ་གཞན་ཉིད་ཡོད་དུ་ཟིན་ཀྱང་དོན་དམ་པར་དེ་ལས་སྐྱེ་བ་མེད་པར་སྔར་བསྟན་ཏོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། འདི་ལྟར་ཁོ་བོ་ལ་ཀུན་རྫོབ་ཏུ་སྐྱེ་མཆེད་རྣམས་དང། རྐྱེན་རྣམས་ཕན་ཚུན་གཞན་ཉིད་ཡོད་དུ་ཟིན་ཀྱང་དོན་དམ་པར་རྐྱེན་དེ་དག་ལས་མིག་ལ་སོགས་པ་སྐྱེ་མཆེད་རྣམས་སྐྱེ་བ་མེད་པར་སྔར་གཞན་ལས་སྐྱེ་བ་མེད་པར་སྒྲུབ་པའི་སྐབས་སུ་བསྟན་ཟིན་ཏེ། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པ་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བསྟན་པ་ཡིན་ནོ། །གྲངས་ཅན་དག་ཕྱིར་ཟློག་པར་བྱེད་དེ། དངོས་པོའི་ངོ་བོ་ཉིད་ནི་རྐྱེན་རྣམས་ལ་ཆ་ཕྲ་པའི་བདག་ཉིད་དུ་ཡོད་པ་ཁོ་ན་ཡིན་ན་དེ་ཡང་ཕྱིས་གསལ་བར་བྱེད་པར་ཁས་བླངས་པས། འབྲས་བུ་གསལ་བར་མ་གྱུར་ཀྱང་རྐྱེན་རྣམས་གཞན་ཉིད་དུ་གྲུབ་པའི་ཕྱིར། དེ་ནི་མི་གནོད་དོ་ཞེ་ན། ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་སྔར་དབུ་མ་པས་རྐྱེན་རྣམས་ལ་མིག་ལ་སོགས་པའི་ངོ་བོ་ཉིད་ཆ་ཕྲ་མོ་ཡང་མེད་


DTG099_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེས་ན་གཞན་ཉིད་མེད་པའི་ཕྱིར། གཞན་ལས་སྐྱེ་བ་ཡང་མེད་དོ། །ཞེས་སྨྲས་པ་ཉེ་བར་ཐོས་ནས། འདིར་གྲངས་ཅན་དག་ལས། གསལ་བར་སྨྲ་བ་དག་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་དེ། གང་དག་གི་ཕྱོགས་ལ་ངོ་བོ་ཉིད་ཆ་ཕྲ་བ་ཡང་མེད་པ་དེ་དག་གི་ཕྱོགས་ལ་ནི་སུན་དབྱུང་བ་འདི་རིགས་ཀྱི། ཁོ་བོ་ནི་དངོས་པོའི་ངོ་བོ་ཉིད་རྐྱེན་མེར་མེར་པོ་ལ་སོགས་པ་ལ་ཆ་ཕྲ་བའི་བདག་ཉིད་དུ་ཡོད་པ་ཁོ་ནར་ཁས་ལེན་ཏེ། དཔེར་ན་ཤིང་ནྱ་གྲོ་དྷའི་ས་བོན་གྱི་ནང་ན་ཡང་རྩ་བ་དང༌། སྡོང་བོ་དང༌། ཡལ་ག་དང༌། ཡལ་ག་ཕྲ་མོ་སྐྱེ་བ་ལ་སོགས་པ་དང་ལྡན་པ་ཡོད་པ་ལྟ་བུ་ཡིན་ལ། དེ་ཡང་ཕྱིས་གསལ་བར་བྱེད་པར་ཁོ་བོས་ཁས་བླངས་པས། དེའི་ཕྱིར་མིག་ལ་སོགས་པ་འབྲས་བུ་རེ་ཞིག་གསལ་བར་མ་གྱུར་དུ་ཟིན་ཀྱང་དེ་དག་གི་ངོ་བོ་ཉིད་ཆ་ཕྲ་བའི་བདག་ཉིད་དུ་སྔ་ན་ཡོད་པ་དེ་ལ་ལྟོས་ནས་རྐྱེན་རྣམས་ལ་གཞན་ཉིད་ཡོད་པས་དེའི་ཕྱིར་ཁོ་བོ་ཅག་གསལ་བར་སྤྲ་བ་རྣམས་ལ་ནི་གཞན་ལས་སྐྱེ་བར་རིགས་པས། ཁྱེད་ཀྱིས་གཞན་ལས་སྐྱེ་བ་མེད་པར་བཤད་པ་དེ་མི་གནོད་ཀྱི། འབྲས་བུ་མེད་པར་སྨྲ་བ་གཞན་དག་ལ་ནི་གནོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ནི་འགྲེལ་པ་བྱེད་པས་གསལ་བར་སྨྲ་བ་དག་སུན་འབྱིན་པར་བྱེད་དོ། །འཇིག་རྟེན་ན་གྲགས་པ་བུམ་པ་ལ་སོགས་པ་དག་གི་བདག་ཉིད་ཆ་ཕྲ་བ་བསྟན་པར་དཀའ་བའི་ཕྱིར་དང་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། ཁྱོད་ཇི་ལྟར་འཇིམ་པ་དང་རྒྱུ་སྤུན་དང་རྩི་རྐྱང་ལ་སོགས་པའི་གནས་སྐབས་ན། བུམ་པ་དང༌། སྣམ་བུ་དང་སབ་མ་ལ་སོགས་པ་དག་གི་བདག་ཉིད་ཆ་ཕྲ་བ་ཡོད་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་བསྟན་པར་མི་ནུས་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ན། དེའི་ཕྱིར་དངོས་པོའི་ངོ་བོ་ཉིད་ནི་རྐྱེན་རྣམས་ལ་ཆ་ཕྲ་བའི་བདག་ཉིད་དུ་ཡང་མེད་པ་ཁོ་ན་ཡིན་ནོ། །གསལ་བའི་ལན་ཡང་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་ཀྱི་གསལ་བ་ནི་ལན་དུ་མ་བཀག་ཟིན་ན། ཡང་ཅིའི་ཕྱིར་གླེང་བར་བྱེད་དེ། དེའི་ཕྱིར་ཕྱིས་གསལ་བར་བྱེད་པར་ཁས་བླངས་པ་དེ་ཡང་མི་རུང་ངོ༌། །གྲངས་ཅན་དག་ལས་གཞན་དག་ན་རེ་ཞེས་བྱ་བ་ནི་ནུས་པ་སྨྲ་བ་དང༌། ཐེར་ཟུག་ཏུ་གནས་པར་སྨྲ་བ་དག་ན་རེ་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་འབྲས་


DTG099_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ནུས་པས་སྟོང་པའི་རྐྱེན་གཞན་དག་ལས་འབྲས་བུ་སྐྱེ་བ་མེད་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པོ་ཞེས་བྱ་བ་ནི་ནུས་པ་སྨྲ་བ་དག་ན་རེ། གལ་ཏེ་དབུ་མ་པ་ཁྱེད་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་དང་མྱུ་གུའི་ནུས་པས་སྟོང་པའི་རྐྱེན་རྒྱུ་སྤུན་ལ་སོགས་པ་གཞན་དག་ལས་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་དང༌། མྱུ་གུ་སྐྱེ་བ་མེད་པར་སྒྲུབ་ན་ནི་དེ་ལྟ་ན་ཁྱོད་ཀྱི་དམ་བཅས་པ་དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་དང་མྱུ་གུའི་ནུས་བས་སྟོང་པའི་རྐྱེན་རྒྱུ་སྤུན་ལ་སོགས་པ་གཞན་དག་ལས་འབྲས་བུ་མིག་ལ་སོགས་པའི་སྐྱེ་མཆེད་དང་མྱུ་གུ་སྐྱེ་བ་མེད་པར་ནི་འཇིག་རྟེན་ཐམས་ཅད་ལ་ཡང་གྲུབ་པའི་ཕྱིར་རོ་ཞེས་ཟེར་བ་ཡིན་ནོ། །འོན་ཏེ་སྐྱེ་བ་མེད་པ་ཁོ་ནའོ་ཞེ་ན་ནི། ཐེར་ཟུག་ཏུ་གནས་པར་སྨྲ་བ་ཁས་བླངས་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཐེར་ཟུག་ཏུ་གནས་པར་སྨྲ་བ་དག་ན་རེ། འོན་ཏེ་དབུ་མ་པ་ཁྱོད་ཀྱི་དངོས་པོ་རྣམས་སྐྱེ་བ་མེད་པའོ་ཞེས་ཟེར་ན་ནི་ཡོད་བཞིན་དུ་སྐྱེ་བ་མེད་པ་ཁོ་ན་ཞེས་བྱ་བ་ནི་ཐེར་ཟུག་ཏུ་གནས་པ་ཡིན་ལ། དེ་ཡང་ཁྱོད་ཀྱི་གྲུབ་པའི་མཐའ་ལ་མེད་པས་དེ་ཁྱེད་ཀྱི་ཁས་བླངས་པའི་ཕྱིར། དེས་ན་ཁྱེད་ཀྱི་ལུང་གི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་འགྲེལ་པ་བྱེད་པས་ལན་བཏབ་པ་སྟོན་ཏོ། །རྣམ་པ་ཐམས་ཅད་དུ་སྐྱེ་བ་འགོག་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཁོ་བོས་དོན་དམ་པར་འབྲས་བུའི་ནུས་པས་སྟོང་པ་དག་ཀྱང་རུང༌། འབྲས་བུའི་ནུས་པས་མི་སྟོང་བ་དག་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་དུ་དངོས་པོ་སྐྱེ་བ་འགོག་པའི་ཕྱིར། གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བསྟན་ཏོ། །ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན་ཏེ། དངོས་པོ་མ་སྐྱེས་པའི་ཐ་སྙད་དུ་ཡང་ཡོད་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་ཁོ་བོས་དངོས་པོ་མ་སྐྱེས་པ་ཅུང་ཞིག་ཡོད་པར་ཁས་བླངས་ན་ནི་དེས་ན་ཐེར་ཟུག་ཏུ་གནས་པའི་སྐྱོན་དུ་ཡང་འགྱུར་བ་ཞིག་ན། གང་གི་ཕྱིར་ཁོ་བོས་དངོས་པོ་རྣམས་གཙོ་བོ་དང་དུས་དང་གཞན་གང་ལས་ཀྱང་སྐྱེ་བ་མེད་པར་ཁས་བླངས་པས་དངོས་པོ་མ་སྐྱེས་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ཡོད་པ་ཉིད་མ་ཡིན་པས། དེའི་ཕྱིར་མ་སྐྱེས་པ་ལ་ནི་ཐེར་ཟུག་ཏུ་གནས་པ་


DTG099_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་དེས་ན་དེ་ཡང་བཟང་པོ་མ་ཡིན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དག་ཉིད་ལུང་ཙམ་གྱིས་སྐྱེ་བ་མ་གྲུབ་པས་དེའི་ཕྱིར་བརྡ་སྤྲོད་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས་རྣམ་པ་གཞན་གྱིས་སྐྱེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །རྐྱེན་རྣམས་ཁོ་ན་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་གནས་ལས་སྐྱེའོ། །གནས་ཡོད་དུ་ཟིན་ཀྱང་ཡུལ་མེད་ན་མི་སྐྱེའོ། །ཡུལ་ཡོང་དུ་ཟིན་ཀྱང་མུན་ཁྲོད་དུ་མི་སྐྱེའོ། །སྣང་བ་ཡོད་དུ་ཟིན་ཀྱང་རྩིག་པ་ལ་སོགས་པས་བསྒྲིབས་པའི་གཟུགས་ལ་མི་སྐྱེའོ། །ནམ་མཁའ་ཡོད་དུ་ཟིན་ཀྱང་ལྟ་འདོད་པ་མེད་ན་མི་སྐྱེ་བས་དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་ནི་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་བ་རྣམས་ཡིན་མོད་ཀྱི། འོན་ཀྱང་རྐྱེན་དེ་རྣམས་ཁོ་ནས་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །འདི་ལྟར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པས་དེ་བསྐྱེད་པར་འདོད་དོ་ཞེས་བྱ་བ་འདི་ལ་བརྡ་སྤྲོད་པ་ལས་ལྡན་པའི་དོན་གྱི་རྐྱེན་རྗོད་པར་བྱེད་དེ། དཔེར་ན་བུད་མེད་འདི་གཟུགས་དང་ལྡན་པས་དེའི་ཕྱིར་གཟུགས་ཅན་མ་ཞེས་བྱ་བ་དང་འདྲ་བར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ཡང་མིག་དང་གཟུགས་དང། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་ཡིན་ཏེ། བྱ་བ་རྐྱེན་དང་ལྡན་པ་དེས་འབྲས་བུ་མིག་གི་རྣམ་པར་ཤེས་པ་དེ་སྐྱེད་པར་འདོད་དོ། །ཁོ་བོ་ཅག་གིས་དེ་ཡང་ཡོད་པར་སྨྲ་བར་ནུས་ཏེ་ཞེས་བྱ་བ་ནི་བྱ་བ་རྐྱེན་དང་ལྡན་པ་དེ་ཡང་ཡོད་པར་སྨྲ་བར་ནུས་ཏེ་ཞེས་དམ་འཆའ་བ་ཡིན་ནོ། །དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། རྐྱེན་དང་ལྡན་པའི་ཕྱིར། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་ཕྲུ་བ་དང༌། ཆུ་དང་འབྲས་ཐུག་པོ་ཆེ་དང༌། མེ་དང་བུད་ཤིང་གི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་རྣམ་པར་ཤེས་བ་བསྐྱེད་པའི་བྱ་བ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། རྐྱེན་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་ཕྲུ་བ་དང་ཆུ་དང་འབྲས་ཐུག་པོ་ཆེ་དང་མེ་དང་བུད་ཤིང་གི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་བཞིན་ནོ་ཞེས་བྱ་


DTG099_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་ཕྲུ་བ་དང༌། ཆུ་དང༌། འབྲས་ཐུག་པོ་ཆེ་དང༌། མེ་དང༌། བུད་ཤིང་གི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པའི་ཕྱིར། རང་གི་འབྲས་བུ་འབྲས་ཅན་སྐྱེད་པར་བྱེད་པ་བཞིན་དུ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ཡང་མིག་དང༌། གཟུགས་དང། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པའི་ཕྱིར་དོན་དམ་པར་རང་གི་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་རྟོག་གི་ཕྱི་མས་གནོད་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་མཇུག་བསྡུ་པ་ཡིན་ཏེ། ཇི་སྐད་སྨྲས་པའི་ཚད་མ་དེས་ན་དབུ་མ་པས་རྗེས་སུ་དཔག་པ་སྔར་སྨྲས་པ་འདི་ལྟ་སྟེ། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ལ་ཁོ་བོ་ཅག་གི་རྟོག་གེ་ཕྱི་མ་འདིས་གནོད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བདེའི་ལན་དུ་སློབ་དཔོན་ཉིད་ཀྱིས་འདིར་བཤད་པ། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཇི་སྐད་སྨྲས་པའི་དཔེའི་རྟོག་གེ་ཕྱི་མ་དེ་ལ་གནོད་པ་འགྱུར་བ་འབྲས་ཆན་འཚེད་པའི་བྱ་བ་ཁོ་བོ་ཅག་དོན་དམ་པར་ཁས་མི་ལེན་པས། ཕ་རོལ་པོའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་དཔེ་སུན་འབྱིན་པ་ཡིན་ཏེ། གང་གི་ཕྱིར་རྟོག་གེ་པ་དག་གིས་ཇི་སྐད་སྨྲས་པའི་དཔེའི་རྟོག་གེ་ཕྱི་མས་དབུ་མའི་རྗེས་སུ་དཔག་པ་སྔར་སྨྲས་པ་དེ་ལ་གནོད་པར་འགྱུར་རོ་ཞེས་ཁྱེད་ཟེར་བ་འབྲས་ཆན་འཚེད་པའི་བྱ་བ་གང་ཡིན་པ་དེ་ཁོ་བོ་ཅག་དབུ་མ་པ་དོན་དམ་པར་ཁས་མི་ལེན་པས་དེའི་ཕྱིར་ཕ་རོལ་པོའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །ཡང་ན། བྱ་བ་རྐྱེན་དང་ལྡན་མ་ཡིན།། ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ཏེ། འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་ཕྱིས་འགོག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་དངོས་པོ་སུན་འབྱིན་པ་ཡིན་ནོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཞན་དུ་བརྟག་པའི་དོན་ཏེ། བྱ་བ་རྐྱེན་དང་


DTG099_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་གཅིག་པོ་འདིས་སྔར་ནི་འཚེད་པའི་བྱ་བ་ཞེས་བྱ་བ་དཔེ་སུན་ཕྱུང་ངོ༌། །ད་ནི། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་རྩ་བ་གཅིག་པོ་འདིས་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ཞེས་བྱ་བ་དངོས་པོ་སུན་འབྱིན་པར་བྱེད་དོ། །དེའི་ཕྱིར། དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་སོ། །ཇི་ལྟ་ཞེ་ན། དེའི་ཕྱིར་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་ཕྱིས་འགོག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། འདི་ལྟར་བྱ་བ་ཡོད་པ་ཉིད་དུ་འབྲས་བུ་རྣམ་པར་ཤེས་པ་ཞེས་བྱ་བ་སྐྱེ་བས་བསྒྲུབ་པར་བྱ་བ་ཡིན་ན་འབྲས་བུ་རྣམ་པར་ཤེས་པ་དེ་ཡོད་པའམ་མེད་པ་ཞིག་བྱ་བ་རྐྱེན་དང་ལྡན་པས་སྐྱེད་པར་བྱེད་གྲང་ན་དེ་ཡང༌། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་ཞེས་བྱ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་ཕྱིས་འགོག་པར་འགྱུར་བའི་ཕྱིར་ཏེ། འབྲས་བུ་རྣམ་པར་ཤེས་པ་ཡོད་ན་ནི། བྱ་བས་ཡང་བསྐྱེད་མི་དགོས་ལ། འབྲས་བུ་རྣམ་པར་ཤེས་པ་མེད་པ་ནམ་མཁའི་མེ་ཏོག་ལྟ་བུ་ཡིན་ན་ནི་གཞི་མེད་པའི་ཕྱིར་བྱ་བ་ཉིད་ཀྱང་མེད་པས་བྱ་བ་རྣམ་པར་ཤེས་པ་སྐྱེས་པའི་རྐྱེན་མ་ཡིན་ནོ། །དོན་དམ་པར་དེ་སྐད་བརྗོད་ན་ནི་བྱ་བ་མ་སྐྱེས་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པའི་ཕྱིར། རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་དེ་སྐད་བརྗོད་ན་ནི་དེ་ལྟ་ན་བྱ་བ་མ་སྐྱེས་པའི་ཕྱིར། ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འདི་ལྟར་དོན་དམ་པར་རྣམ་པར་ཤེས་པ་ཉིད་མ་སྐྱེས་པའི་ཕྱིར་བྱ་བའི་གཞི་མེད་པས་བྱ་བ་ཡང་མ་སྐྱེས་པའི་ཕྱིར་ཏེ། དཔེར་ན་བདག་ནི་ཁྱབ་བདག་ཡིན་ཏེ་ཐམས་ཅད་དུ་བདེ་བའི་ཕྱིར་རོ་ཞེས་ཟེར་བ་དེའི་བདག་མ་གྲུབ་པས། གཞི་མེད་པའི་ཁྱབ་བདག་ཀྱང་མེད་པས་ཐམས་ཅད་དུ་བདེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་པ་བཞིན་དུ། འདིར་ཡང་དོན་དམ་པར་རྣམ་པར་ཤེས་པ་མེད་པའི་ཕྱིར། གཞི་མ་གྲུབ་པས་བྱ་བ་ཡང་མེད་པའི་ཕྱིར། བྱ་བ་རྐྱེན་དང་ལྡན་པས་རང་གི་འབྲས་བུ་བསྐྱེད་དེ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །སྤྱིར་དེ་སྐད་བརྗོད་ན་ཡང་འགལ་བའི་དོན་དེ་ཉིད་དེ། རྣམ་པར་ཤེས་པའི་བདག་


DTG099_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ནི་ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་ཏེ། མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་ཕ་རོལ་པོ་འདི་སྐད་ཅེས་དབུ་མ་པ་ནི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཀུན་རྫོབ་ཏུ་ཁས་ལེན་ལ། ཁོ་བོ་ཅག་ནི་དོན་དམ་པར་ཁས་ལེན་པས་དེའི་ཕྱིར་གཉི་ག་ལ་གཏན་ཚིགས་ཀྱི་དོན་གྲུབ་པར་འགྱུར་བས། དེའི་ཕྱིར་དོན་དམ་པར་རྣམ་པར་ཤེས་བ་བསྐྱེད་པའི་བྱ་བ་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པའི་ཕྱིར་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྤྱིར་དེ་སྐད་བརྗོད་ན་ཡང་དེ་ལྟ་ན་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་རྐྱེན་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེ་འགལ་བའི་དོན་ཉིད་ཡིན་ཏེ། འདི་ལྟར་ཁྱེད་ཁོ་བོ་ཅག་དབུ་མ་པ་ལ་གྲགས་པའི་གཏན་ཚིགས་ཀུན་རྫོབ་པར་འདོད་པས་དེས་ན་རྣམ་པར་ཤེས་པའི་བདག་ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ནི་ཀུན་རྫོབ་ཀྱི་ཤེས་པའི་གཟུང་བའི་ཡུལ་ཡིན་ཏེ། དེས་དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པས་རང་གི་འབྲས་བུ་བསྐྱེད་པར་སྒྲུབ་པ་ནི་འགལ་བའི་དོན་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་ན་མི་འབྱུང་བའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པའི་བདག་ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ཅེས་བྱ་བ་དང༌། ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་དེ་གཉིས་ནི་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་བའི་ཕྱིར་ཏེ། རྣམ་པར་ཤེས་པའི་བདག་ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ཅེས་བྱ་བ་མེད་ན་ཡང་ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་མི་འབྱུང་ལ། ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་མེད་ན་ཡང་རྣམ་པར་ཤེས་པའི་བདག་ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ཅེས་བྱ་བ་མི་འབྱུང་སྟེ། དཔེར་ན་མེ་མེད་ན་དུ་བ་མི་འབྱུང་ལ། དུ་བ་མེད་ན་ཡང་མེ་མི་འབྱུང་བའི་མཚན་ཉིད་ལྟ་བུས་འབྲེལ་པ་ཡིན་པས། འདིར་ཡང་རྣམ་པར་ཤེས་པའི་བདག་ཉིད་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པ་ཉིད་ནི་ཀུན་རྫོབ་ཀྱི་ཤེས་པའི་ཡུལ་ཉིད་དུ་སྒྲུབ་པ་ཡིན་གྱི། དོན་དམ་པའི་ཤེས་པའི་ཡུལ་ཉིད་དུ་སྒྲུབ་པ་མ་ཡིན་པས་དེས་ན་ཁྱོད་དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་ལྡན་པའི་ཕྱིར་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཟེར་བའི་འདོད་པ་ཉམས་པའི་ཕྱིར། འགལ་བའི་དོན་ཉིད་ཡིན་ནོ། །འདི་ལ་གཞན་ནི་གཞན་གྱི་དངོས་པོ་རྣམས་བདག་


DTG099_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་ལ་སོགས་པ་ལས་སྐྱེ་སྐྱེའོ་ཞེས་བྱ་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ། འདི་ལྟར་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་རྐྱེན་ཡིན་ཏེ། དཔེར་ན་ཕྲུ་བ་ལ་སོགས་པ་འཚེད་པའི་བྱ་བ་ཡིན་པ་བཞིན་ནོ་ཞེས་དངོས་པོ་སྐྱེ་བར་བསྟན་པ་དེ་དགག་པའི་ཕྱིར། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་འདི་གསུངས་ཏེ། རྣམ་པར་ཤེས་པ་སྐྱེས་པ་དང༌། མ་སྐྱེས་པ་དང༌། སྐྱེ་བའི་ཚེ་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མི་འཐད་པའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་ནི། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་དང་པོ་འདི་རྣམ་པར་བཤད་པའི་སྐབས་འདི་ལ་འགྲེལ་པ་བྱེད་པ་སློབ་དཔོན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་དུ་རྣམ་པར་བཤད་པ་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ལ་ཞེས་བྱ་བ་ནི། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་དང་པོ་འདི་རྣམ་པར་བཤད་པའི་སྐབས་འདི་ལའོ། །གཞན་ནི་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་འདིའི་འགྲེལ་པ་བྱེད་པ་ཕལ་ལས་གཞན་པ་སྟེ། གནས་བརྟན་བུདྡྷ་པཱ་ལི་ཏ་དང་སྦྱར་རོ། །གནས་བརྟན་བུདྡྷ་པཱ་ལི་ཏ་ཚིག་ལེའུར་བྱས་པའི་རྩ་བ་དང་པོ་འདིའི་རྣམ་པར་བཤད་པ་བྱེད་འདོད་པས་དང་པོར་ཕྱོགས་སྔ་མ་སྨྲས་པ་ནི་འདི་ཡིན་ཏེ། གཞན་གྱི་དངོས་པོ་རྣམས་བདག་དང་གཞན་ལ་སོགས་པ་ལས་སྐྱེའོ་ཞེས་བྱ་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ། འདི་ལྟར་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྐྱེན་ཡིན་ཏེ། དཔེར་ན་ཕྲུ་བ་ལ་སོགས་པ་འཚེད་པའི་བྱ་བ་ཡིན་པ་བཞིན་ནོ་ཞེས་དངོས་པོ་སྐྱེ་བར་བསྟན་པར་བྱ་བ་ཞེས་བྱའོ། །དེ་ལ་གཞན་གྱིས་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་གཞན་གྱིས་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་དངོས་པོ་སྐྱེ་བར་བསྟན་པའི་ཕྱོགས་སྔ་མ་སྨྲས་པ་ཞེས་བྱ་བར་སྦྱར་རོ། །དངོས་པོ་རྣམས་བདག་དང་གཞན་ལ་སོགས་པ་ལས་སྐྱེའོ། །བྱ་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་གནས་བརྟན་བུདྡྷ་པཱ་ལི་ཏས་འདི་སྐད་ཅེས་ཟེར་བ་ཡིན་ཏེ། སྐྱེ་བར་སྨྲ་བ་གཞན་དག་གིས་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེའོ་ཞེས་བྱ་བའི་དཔྱད་པ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ། དགོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཁོ་བོ་ཅག་ནི་འདི་ལྟར་འདོད་དེ། འདི་ལྟར་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རྐྱེན་ཡིན་ཏེ་ཞེས་བྱ་བ་ནི། རྐྱེན་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པ་རྣམས་ནི་འབྲས་བུ་མིག་གི་རྣམ་


DTG099_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བསྐྱེད་པའི་བྱ་བའི་རྐྱེན་ཡིན་པར་འདོད་དོ། དེ་ཡང་ཇི་ལྟ་བུ་ཞེ་བ། དཔེ་ན་ཕྲུ་བ་སོགས་པ་འཚེད་པའི་བྱ་བ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་ཕྲུ་བ་དང་ཆུ་དང་འབྲས་ཐུག་པོ་ཆེ་དང་མེ་དང༌། བུད་ཤིང་དག་ནི་འབྲས་ཆན་འཚེད་པའི་བྱ་པའི་རྐྱེན་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པའི་རྐྱེན་རྣམས་ཀྱང་དོན་དམ་པར་མིག་གི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བའི་རྐྱེན་ཡིན་ནོ། །དངོས་པོ་སྐྱེ་བར་བསྟན་པ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་གཞན་གྱིས་དེ་ལྟར་དངོས་པོ་སྐྱེ་བར་བསྟན་ཅིང་སྒྲུབ་པའོ། །དེ་དགག་པའི་ཕྱིར། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་འདི་གསུངས་ཏེ། རྣམ་པར་ཤེས་པ་སྐྱེས་པ་དང༌། མ་སྐྱེས་པ་དང༌། སྐྱེ་བའི་ཚེ་ལ་རྣམ་པར་ཤེས་པ་བསྐྱེད་པའི་བ་བ་མི་འཐད་པའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏ་ཉིད་ཀྱི་ཕྱོགས་ཕྱི་མ་ཡིན་ཏེ། དེ་ལ་དེ་དགག་པའི་ཕྱིར་ཞེས་བ་བ་ནི་སྐྱེ་བར་སྨྲ་བ་གཞན་གྱིས་དངོས་པོ་སྐྱེ་བར་བསྟན་པའི་ཕྱོགས་སྔ་མ་དེ་དགག་པའི་ཕྱིར་རོ། །བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་འདི་གསུངས་ཏེ། ཞེས་བྱ་བ་ནི་སློབ་དཔོན་གྱིས་གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །རྣམ་པར་ཤེས་པ་སྐྱེས་པ་དང༌། མ་སྐྱེས་པ་དང༌། སྐྱེ་བའི་ཚེ་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། རྣམ་པར་ཤེས་པ་སྐྱེས་པ་ལ་ནི་བྱ་བ་མེད་དེ་འབྲས་བུ་སྐྱེས་ཟིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་མ་སྐྱེས་པ་ལ་ཡང་བྱ་བ་མེད་དེ་རྐྱེན་མེད་པའི་ཕྱིར་རོ། །སྐྱེ་བའི་ཚེ་ཞེས་བྱ་བ་ནི་སྐྱེ་བ་ལ་མངོན་པར་ཕྱོགས་པ་སྟེ། དེ་ལ་ཡང་བྱ་བ་མེད་དེ་མ་སྐྱེས་པའི་ཕྱིར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། ཕྱོགས་སྔ་མ་དང་ཕྱི་མ་དང་གཉིས་དམ་བཅས་པ་ཙམ་དུ་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་ལ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པའི་ཏས་རྣམ་པར་བཤད་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན་ཕྱོགས་སྔ་མ་དང་ཕྱི་མ་གཉིས་དམ་བཅས་པ་ཙམ་དུ་ཟད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། སྐྱེ་བར་སྨྲ་བ་གཞན་གྱིས་དངོས་པོ་རྣམས་བདག་དང་གཞན་ལ་སོགས་པ་ལས་སྐྱེའོ་ཞེས་བྱ་བ་འདིས་ཁོ་བོ་ཅག་ལ་ཅི་བྱ་སྟེ། འདི་ལྟར་མིག་ལ་སོགས་པའི་རྐྱེན་རྣམས་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ཡིན་ཏེ། དཔེར་ན་ཕྲུ་


DTG099_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་ནི་འཚེད་པའི་བ་བ་ཡིན་པ་བཞིན་ནོ་ཞེས་དངོས་པོ་སྐྱེ་བར་བསྟན་པའི་ཕྱོགས་སྔ་མ་དེ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏ་ཉིད་ཀྱིས་དེ་དགག་པའི་ཕྱིར། རྣམ་པར་ཤེས་པ་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བའི་ཚེ་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མི་འཐད་པའི་ཕྱིར་རོ་ཞེས་རྣམ་པར་བཤད་པའི་ཕྱོགས་ཕྱི་མ་དེ་གཉིས་ག་ཡང་དམ་བཅས་པའི་ཚིག་ཙམ་དུ་ཟད་དེ་འཐད་པའི་རིགས་པ་གཞན་མེད་པས། གཞན་གྱི་ཕྱོགས་ཀྱང་སུན་མི་ཕྱིན་ལ། རང་གི་ཕྱོགས་ཀྱང་གཞུང་མི་ཚུགས་པའི་ཕྱིར་རོ། །འདིར་སུན་ཕྱུང་བའི་དོན་སྒྲོ་བཏགས་ནས་སྨྲས་པ་ཞེས་བྱ་བ་ནི། སྐྱེ་བར་སྨྲ་བ་དག་གི་ཡང་སྐབས་འདིར་སྨྲས་པ་སྟེ། སུན་ཕྱུང་བའི་དོན་སྒྲོ་བཏགས་ནས་ཞེས་བྱ་བ་ནི་སྔར་སྐྱེ་བར་སྨྲ་བ་གཞན་དག་ན་རེ། རྐྱེན་རྣམས་ཁོ་ནས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པས་དེ་སྐྱེད་པར་འདོད་དོ། །ཁོ་བོ་ཅག་གིས་དེ་ཡོད་པར་སྨྲ་བར་ནུས་ཏེ། དོན་དམ་པར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། རྐྱེན་དང་ལྡན་པའི་ཕྱིར་དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་ཕྲུ་བ་དང་ཆུ་དང༌། འབྲས་ཐུག་པོ་ཆེ་དང་མེ་དང་བུད་ཤིང་གི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་བཞིན་ནོ། །དེས་ན་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་རྟོག་གེ་ཕྱི་མས་གནོད་པར་འགྱུར་རོ་ཞེས་ཟེར་བའི་སྒྲུབ་པ་གང་ཡིན་པ་དེ་དབུ་མ་པས་སུན་ཕྱུང་བའི་དོན་དང་གི་ཡིད་ལ་བཞག་ནས། ཁོ་བོས་སྒྲུབ་པ་སྨྲས་པ་གང་ཡིན་པ་དེ་ཁྱོད་ཀྱིས་སུན་ཕྱུང་བ་ནི་བདེ་ན་ཏེ་ཁས་ལེན་ཏོ་ཞེས་སྒྲོ་བཏགས་ནས་སོ། །དེ་ལྟར་སུན་ཕྱུང་བའི་དོན་སྒྲོ་བཏགས་ནས་འདིར་རྣམ་པ་གཞན་གྱིས་སྐྱེ་བ་སྒྲུབ་པར་བྱེད་དེ། དེའི་ཕྱིར་གལ་ཏེ་བྱ་བ་མ་སྐྱེས་པའི་ཕྱིར་བྱ་བ་རྐྱེན་དང་ལྡན་པ་མེད་པས་དཔེ་མེད་དུ་ཟིན་ཀྱང༌། རེ་ཞིག་བྱ་བ་ནི་ཡོད་པས་དེའི་ཕྱིར་ཇི་ལྟར་རྗེས་སུ་འགྲོ་བ་ཡོད་པ་དེ་ལྟར་རྗེས་སུ་དཔག་པ་སྨྲ་བར་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་འབྲས་ཆན་འཚེད་པའི་བྱ་བ་དོན་དམ་པར་མ་སྐྱེས་པའི་ཕྱིར། འབྲས་ཆན་འཚེད་པའི་བྱ་བ་ཕྲུ་བ་དང་ཆུ་དང་འབྲས་ཐུག་པོ་ཆེ་དང༌། མེ་དང་བུད་ཤིང་གི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་མེད་པས་ཁོ་བོའི་དཔེ་མེད་དུ་ཟིན་ཀྱང༌། རེ་ཞིག་འཚེད་པའི་བྱ་བ་ཡོད་པས་དེ་ལ་རྐྱེན་དང་ལྡན་པས་ཅི་ཞིག་བྱ་སྟེ། རྐྱེན་དང་མི་ལྡན་ཡང་བྱ་བ་ཡོད་པ་དེས་རང་གི་འབྲས་བུ་སྐྱེད་


DTG099_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དེ། དཔེར་ན་བུད་མེད་གཟུགས་དང་ལྡན་པ་མ་ཡིན་དུ་ཟིན་ཀྱང༌། བུད་མེད་ཀྱི་དངོས་པོ་ཉིད་ཡོད་པས་རང་གི་བྱ་བ་བྱེད་པ་དེ་བཞིན་དུ་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་དུ་ཟིན་ཀྱང་བྱ་བ་ཉིད་ཡོད་པས་དེས་རང་གི་འབྲས་བུ་སྐྱེད་པར་བྱེད་དེ། དེའི་ཕྱིར་ཇི་ལྟར་རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་རྗེས་སུ་འགྲོ་བ་ཡོད་པ་དེ་ལྟར་རྗེས་སུ་དཔག་པ་སྨྲ་བར་བྱ་སྟེ་ཞེས་ཟེར་བ་ཡིན་ནོ། །རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ནི་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། བྱ་བ་ཡིན་པའི་ཕྱིར། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང༌། རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཞེས་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། འདི་ལ་གང་བྱ་བ་ཉིད་ཡོད་པ་དེ་ལ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཡོད་དེ། དཔེར་ན་འབྲས་ཆན་འཚེད་པའི་བྱ་བ་ལ་བྱ་བ་ཉིད་ཡོད་པའི་ཕྱིར། དེ་ཡང་རང་གིས་འབྲས་ཆན་ཚོས་པར་བྱེད་པ་ཉིད་བཞིན་དུ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ལ་ཡང་བྱ་བ་ཉིད་ཡོད་པའི་ཕྱིར། དེ་ཡང་རང་གི་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། སློབ་དཔོན་ཉིད་ཀྱིས་འདིར་བཤད་པ། །རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་བྱ་བ་གསུངས་ཏེ། རྐྱེན་དང་ལྡན་པ་ཉིད་ཀྱིས་ཁྱད་པར་ཅན་དུ་མ་བྱས་པའི་བྱ་བ་འབའ་ཞིག་ཀྱང་མེད་དེ། སྔ་མ་བཞིན་པས་སྨྲས་མ་ཐག་པའི་སྐྱོན་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སྐྱེ་བར་སྨྲ་བ་དག་གིས་སྒྲུབ་པ་དེ་འདིར་ཚིག་ལེའུར་བྱས་པའི་རྩ་བ་གཉིས་པ་འདིས་སུན་འབྱིན་པར་བྱེད་དོ། །འདི་ལ་རྐྱེན་རྣམས་ཀྱིས་བྱ་བས་དེའི་ཕྱིར་བྱ་བ་ཞེས་བྱ་བ་ཡིན་ན་ཕྲུ་བ་ལ་སོགས་པའི་རྐྱེན་རྣམས་མེད་ཅིང་རྒྱུ་མེད་ན་ཇི་ལྟར་འཚེད་པའི་བྱ་བར་འགྱུར། དེ་བས་ན་རྐྱེན་དང་ལྡན་པ་ཉིད་ཀྱིས་ཁྱད་པར་ཅན་དུ་མ་བྱས་པའི་བྱ་བ་འབའ་ཞིག་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་པས་སྨྲས་མ་ཐག་པའི་སྐྱོན་དེ་ཉིད་དུ་འགྱུར་བའི་ཕྱིར་ཏེ། སྒྲུབ་པ་སྔ་མ་དག་གིས་འབྲས་ཆན་འཚེད་པའི་བྱ་བ་ཁོ་བོ་ཅག་དོན་དམ་པར་ཁས་མི་ལེན་པས་ཕ་རོལ་པོའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་སྔར་ཇི་སྐད་སྨྲས་པའི་སྐྱོན་དེ་ཉིད་དུ་འགྱུར་བའི་ཕྱིར་རོ།། །།བམ་པོ་བཅོ་བརྒྱད་ང༌།


DTG099_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ནི་ཚིགས་སུ་བཅད་པའི་དོན་གཞན་དུ་སྨྲས་ཏེ་ཞེས་བྱ་བ་ནི། །བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་བྱ་བའི་ཚིག་ལེའུར་བྱས་པའི་ཚིགས་སུ་བཅད་པ་དེ་གཉིས་ཀྱི་དོན་བཤད་པ་དེ་ལ། འགྲེལ་པ་བྱེད་པ་སློབ་དཔོན་གུ་ཎ་མ་ཏི་ནི་འདི་སྐད་ཅེས་གཞན་དུ་སྨྲ་སྟེ་ཞེས་བྱ་བར་སྦྱར་རོ། །གང་གི་ཕྱོགས་ལ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་པ་དེའི་ཕྱིར། །བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་འདི་གསུངས་ཏེ་ཞེས་བྱ་བ་ནི་འདི་ལ་སློབ་དཔོན་གུ་ཎ་མ་ཏིས་འདི་སྐད་དུ་རྣམ་པར་བཤད་པ་བྱེད་དེ། སྐྱེ་བར་སྨྲས་པ་གང་གི་ཕྱོགས་ལ་རྣམ་པར་ཤེས་པ་སྐྱེད་པའི་བྱ་བ་གང་ཡིན་པ་དེའི་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་ཏེ། བསྐྱེད་པའི་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་དེ་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པའི་རྐྱེན་རྣམས་ཀྱི་རྐྱེན་དང་ལྡན་པ་ན་སྐྱེ་བར་འགྱུར་བས་དེའི་ཕྱིར་དངོས་པོ་སྐྱེ་བ་ཡོད་དོ་ཞེས་གང་གིས་ཁས་བླངས་པ་དེའི་ཕྱོགས་དགག་པའི་ཕྱིར། སློབ་དཔོན་གྱིས། བྱ་བ་རྐྱེན་དང་ལྡན་མ་ཡིན། །ཞེས་བྱ་བ་འདི་གསུངས་སོ། །ཅིའི་ཕྱིར་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ནི་རྣམ་པར་ཤེས་པ་བཞིན་དུ་མེད་པའི་ཕྱིར། མེད་པ་ལ་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གང་གི་ཕྱོགས་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་ཡིན་པ་དེའི་ཕྱོགས་ལ་ནི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ཉིད་རྣམ་པར་ཤེས་པ་ཡིན་པས། ཇི་སྲིད་དུ་རྣམ་པར་ཤེས་པ་མ་སྐྱེས་ཤིང་མེད་པ་དེ་སྲིད་དུ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ཡང་མ་སྐྱེས་ཤིང་མེད་པའི་ཕྱིར། བྱ་བ་མེད་པ་ལ་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པའི་ཕྱིར་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་བྱ་བ་ཡོད་ན་ནི་ལྡན་པའི་དོན་གྱི་རྐྱེན་ཀྱང་རུང་སྟེ། དཔེར་ན་ལྷ་སྦྱིན་ཡོད་ན་ནོར་དང་ལྡན་ནོ་ཞེས་བརྗོད་པ་ལྟ་བུ་ཡིན་ན། བྱ་བ་མེད་པས་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པས་རྐྱེན་དང་ལྡན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དེ་མ་གྲུབ་སྟེ། དེ་ནི་རེ་ཞིག་རྩ་བ་དང་པོའི་བཤད་པ་ཡིན་ནོ། །གང་གི་ཕྱོགས་ལ་བདག་ཉིད་དུ་གྱུར་བ་མ་ཡིན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དེའི་ཕྱིར་ན། རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་བྱ་བ་གསུངས་ཏེ་ཞེས་བྱ་བ་ནི། འདི་ལ་སློབ་དཔོན་གུ་


DTG099_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་མ་ཏི་ནི་འདི་སྐད་དུ་རྣམ་པར་བཤད་པ་བྱེད་དེ། སྐྱེ་བར་སྨྲ་བ་གང་གི་ཕྱོགས་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་གང་ཡིན་པ་དེ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་མ་ཡིན་ཏེ། བསྐྱེད་པའི་བྱ་བ་རྣམ་པར་ཤེས་པ་ལས་གཞན་དུ་གྱུར་པ་ངོ་བོ་ཉིད་ཀྱིས་གྲུབ་པ་རྐྱེན་དང་མི་ལྡན་པ་དེས་རྣམ་པར་ཤེས་པ་བསྐྱེད་པར་བྱེད་པས་དེའི་ཕྱིར་དངོས་པོ་སྐྱེ་བ་ཡོད་དོ་ཞེས་གང་གིས་ཁས་བླངས་པ་དེའི་ཕྱོགས་དགག་པའི་ཕྱིར་ནི། སློབ་དཔོན་གྱིས། རྐྱེན་དང་མི་ལྡན་བྱ་བ་མེད། །ཅེས་བྱ་བ་འདི་གསུངས་སོ། །ཅིའི་ཕྱིར་རྐྱེན་དང་མི་ལྡན་པའི་བྱ་བ་མེད་ཅེ་ན། དེའི་ཕྱིར་རྐྱེན་དང་མི་ལྡན་པས་རང་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གང་གི་ཕྱོགས་ལ་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་མ་ཡིན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་རྐྱེན་དང་ལྡན་པ་དེའི་ཕྱོགས་ལ་ནི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྐྱེན་དང་མི་ལྡན་པས་རང་ཉིད་མེད་པའི་ཕྱིར། རྐྱེན་དང་མི་ལྡན་པའི་བྱ་བ་མེད་དེ་འདི་ལ་བྱ་བའི་བདག་ཉིད་ནི་རྐྱེན་རྣམས་ཀྱིས་བྱ་བར་འགྱུར་བས་དེས་ན་བྱ་བའི་བདག་ཉིད་རྐྱེན་དང་ལྡན་པ་ཞེས་བྱ་བ་ཡིན་ན། །གང་རྐྱེན་དང་མི་ལྡན་པ་དེ་ནི་རང་ཉིད་མེད་པའི་ཕྱིར་རྐྱེན་དང་མི་ལྡན་པའི་བྱ་བ་མེད་དོ། །འདི་ལྟར་ཁྱོད་ཉིད་ཀྱིས་བྱ་བ་འདིའི་ཡོད་པ་ཉིད་བཅལ་ཏེ་བྱ་བ་རྐྱེན་དང་མི་ལྡན་པར་ཁས་བླངས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་སློབ་དཔོན་གུ་ཎ་མ་ཏིའི་རྣམ་པར་བཤད་པ་དེ་སུན་འབྱིན་པར་བྱེད་པ་ཡིན་ནོ། །སློབ་དཔོན་གུ་ཎ་མ་ཏིས་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་ནི་རྣམ་པར་ཤེས་པ་བཞིན་དུ་མེད་པའི་ཕྱིར་ཞེས་རྣམ་པར་བཤད་པ་དེ་ནི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་རྐྱེན་རྣམས་གཅིག་ལ་གཅིག་ཕན་འདོགས་པས་དེ་མ་ཐག་པའི་སྐད་ཅིག་ལ་འབྲས་བུ་སྐྱེད་ནུས་པའི་བྱ་བ་བདག་ཉིད་ཐོབ་པའི་སྐད་ཅིག་གིས་དངོས་པོ་སྐྱེ་བར་འདོད་པ་སྐྱེད་པ་ཐ་སྙད་དུ་མ་བཏང་བས་མེད་པ་ཉིད་མ་ཡིན་ལ་ཞེས་བྱ་བ་སྨྲས་ཏེ། ཅིའི་ཕྱིར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པ་བཞིན་དུ་མེད་པའི་ཕྱིར་ཞེས་རྣམ་པར་བཤད་པ་དེ་མི་རུང་ཞེ་ན། དབུ་མ་པས་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བས་དངོས་པོ་སྐྱེད་པར་འདོད་པས་སྐྱེད་པར་འདོད་པ་ཀུན་རྫོབ་ཏུ་ཁས་བླངས་ཤིང་མ་བཏང་བས་མེད་པ་ཉིད་མ་ཡིན་ལ། སློབ་དཔོན་གུ་ཎ་མ་ཏིས་བྱ་བ་དེ་ཀུན་རྫོབ་ཏུ་ཡོད་


DTG099_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་དམ་པར་མེད་དོ་ཞེས་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་མེད་དོ་ཞེས་རྣམ་པར་བཤད་པའི་ཕྱིར་མི་རུང་ངོ༌། །འདི་སྐད་བསྟན་ཏེ། །འདི་ལྟར་སློབ་དཔོན་གུ་ཎ་མ་ཏིས་དོན་དམ་པར་བྱ་བ་བསྐྱེད་པར་བྱ་བ་མ་ཡིན་ནོ་ཞེས་མ་སྨྲས་པར། འདི་ལྟར་བྱེ་བྲག་མེད་པ་ཁོ་ནར་བྱ་བ་འགོག་པར་བྱེད་པའི་ཕྱིར་མི་རུང་ངོ༌། །འོ་ན་ཇི་ལྟ་བུ་ཞེ་ན། ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་རྐྱེན་ཚོགས་པའི་བྱ་བ་བདག་ཉིད་ཐོབ་པའི་སྐད་ཅིག་གིས་དངོས་པོ་སྐྱེ་བར་འདོད་པ་སྐྱེད་པ་མེད་པ་ཉིད་མ་ཡིན་ཏེ་དེའི་ཕྱིར་རྐྱེན་རྣམས་གཅིག་ལ་གཅིག་ཕན་འདོགས་པས་དེ་མ་ཐག་པའི་སྐད་ཅིག་ལ་འབྲས་བུ་བསྐྱེད་ནུས་པའི་བྱ་བ་བདག་ཉིད་ཐོབ་པའི་སྐད་ཅིག་གིས་དངོས་པོ་སྐྱེད་པར་འདོད་པ་སྐྱེད་པ་ཐ་སྙད་དུ་མ་བཏང་བས་མེད་པ་ཉིད་མ་ཡིན་ལ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་རྐྱེན་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་གནས་པར་གྱུར་པ་དེའི་ཚེ་ན་མིག་གིས་གཟུགས་མཐོང་བས་མིག་གིས་གཟུགས་ལ་ཕན་འདོགས་པར་བྱེད་ལ། གཟུགས་ཀྱང་མིག་གི་མདུན་ན་འདུག་པས་གཟུགས་ཀྱང་མིག་ལ་ཕན་འདོགས་པར་བྱེད་དོ། །དེ་བཞིན་དུ་སྣང་བ་ཡང་མིག་དང་གཟུགས་ལ་སོགས་པ་ལ་ཕན་འདོགས་པར་བྱེད་ལ། ནམ་མཁའ་ཡང་དེ་དག་ལ་ཕན་འདོགས་པར་བྱེད་ཅིང་ཡིད་ལ་བྱེད་པ་ཡང་དེ་དག་ལ་ཕན་འདོགས་པར་བྱེད་པས། དེ་ལྟར་ཕན་འདོགས་པ་དེའི་དེ་མ་ཐག་པའི་སྐད་ཅིག་ལ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དེ་ནི་བྱ་བ་བདག་ཉིད་ཐོབ་པའི་སྐད་ཅིག་ཡིན་ནོ། །བྱ་བ་དེས་རྣམ་པར་ཤེས་པའི་དངོས་པོ་སྐྱེ་བར་འདོད་པ་གང་གི་ཚེ་སྐྱེད་པ་དེ་ཀུན་རྫོབ་ཀྱི་ཐ་སྙད་དུ་ཁས་བླངས་ཤིང་མ་བཏང་བས། དེའི་ཕྱིར་བྱ་བ་དེ་ཀུན་རྫོབ་ཀྱི་ཐ་སྙད་དུ་མེད་པ་ཉིད་མ་ཡིན་པ་ལ་ཅིའི་ཕྱིར་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པ་བཞིན་དུ་མེད་པའི་ཕྱིར་ཞེས་རྣམ་པར་བཤད་པ་བྱེད་དེ་དེ་ནི་མི་རུང་ངོ༌། །སློབ་དཔོན་གུ་ཎ་མ་ཏིས་མེད་པ་ལ་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་དེ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན་འདི་ལྟར་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པ་མ་ཡིན་པ་དང་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཏུ་འཚེད་པའི་བྱ་བ་དང་བསྐྱེད་པའི་བྱ་བ་ཡོད་པ་ཉིད་ཡིན་ན། དེ་ལ་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པ་མ་ཡིན་ཏེ། དཔེར་ན་ཀུན་རྫོབ་ཏུ་བུད་མེད་ཡོད་ན་དེ་གཟུགས་དང་


DTG099_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ་གཟུགས་ཅན་མ་ཞེས་བརྗོད་དུ་རུང་བ་དང༌། ལྷ་སྦྱིན་ཡོད་ན་དེ་ནོར་དང་ལྡན་པ་ལ་ནོར་ཅན་ཞེས་བརྗོད་དུ་རུང་བ་བཞིན་དུ་ཀུན་རྫོབ་ཏུ་བྱ་བ་ཡོད་པ་ལ་ཡང་རྐྱེན་དང་ལྡན་པའི་དོན་གྱི་རྐྱེན་ཀྱང་མི་རིགས་པ་མ་ཡིན་ཏེ། དེ་ནི་རེ་ཞིག་གནས་བརྟན་གུ་ཎ་མ་ཏིའི་རྣམ་པར་བཤད་པའི་ཕྱོགས་དང་པོ་ཤོས་སུན་དབྱུང་བ་ཡིན་ནོ། །ད་ནི་སློབ་དཔོན་གུ་ཎ་མ་ཏིའི་རྣམ་པར་བཤད་པའི་ཕྱོགས་གཉིས་པ་ལས་གཞན་གྱི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པ་མ་ཡིན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་རྐྱེན་དང་མི་ལྡན་པས་རང་གི་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་གང་སྨྲས་པ་དེ་དང་སློབ་དཔོན་གུ་ཎ་མ་ཏིས་རྐྱེན་དང་མི་ལྡན་པས་རང་ཉིད་མེད་པའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་དེ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དམ་བཅས་པ་ཙམ་གྱིས་གཞན་གྱི་ཕྱོགས་དམ་བཅས་པ་ཙམ་སུན་འབྱིན་པར་བྱེད་པས་ཞེས་བྱ་བ་སྨྲས་ཏེ། ཕྱགས་སྔ་མ་དང་ཕྱི་མ་གཉིས་ཀ་ཡང་གཏན་ཚིགས་དང་དཔེ་བརྗོད་པ་མེད་པའི་ཕྱིར་གཉི་ག་ཡང་དམ་བཅས་པའི་ཚིག་ཙམ་དུ་ཟད་པས་ཚིག་ཙམ་གྱིས་འདིར་ནི་འདོད་པའི་དོན་མི་འགྲུབ་པའི་ཕྱིར་རོ། །དེ་ནི་དེ་ན་མོ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་གཞན་སུན་མི་ཕྱིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བར་སྨྲ་བ་གཞན་དག་གཞན་གྱིས་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་གཞན་དག་བྱ་བ་རྐྱེན་དང་ལྡན་པ་ཡང་མ་ཡིན་པས་དེས་ཀྱང་དངོས་པོ་བསྐྱེད་པར་མ་གྲུབ་ལ། རྐྱེན་དང་མི་ལྡན་པའི་བྱ་བ་ཡང་མེད་པས་དེས་ཀྱང་དངོས་པོ་སྐྱེད་པར་མ་གྲུབ་པ་དང༌། འདིར་རྐྱེན་གྱི་དངོས་པོ་བསྐྱེད་པར་སྒྲུབ་པ་ཡིན་ནོ། །དེ་ལ་སྐྱེ་བར་སྨྲ་བ་གཞན་དག་ཅེས་བྱ་བ་ནི་གང་དག་ལ་སྐྱེ་བར་སྨྲ་བའི་གྲུབ་པའི་མཐའ་ཡོད་པ་དེ་དག་ནི་སྐྱེ་བར་སྨྲ་བ་གཞན་དག་གོ །ཡང་ན་གང་དག་སྐྱེ་བར་སྨྲ་ཞིང་སྒྲུབ་པར་བྱེད་པ་དེ་དག་ནི་སྐྱེ་བར་སྨྲ་བ་གཞན་དག་ཅེས་བྱའོ། །གཞན་གྱིས་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་སྐྱེ་བ་སྒྲུབ་པར་བྱེད་ཅིང་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་དེ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ། བྱ་བ་དང་ལྡན་པའི་ཕྱིར། དཔེར་ན་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ་ཞེས་ཟེར་ཏེ། འདིར་ཡང་མིག་ལ་སོགས་པ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། མིག་དང༌།


DTG099_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྐྱེན་རྣམས་སོ། །མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། གང་བྱ་བ་དང་ལྡན་པ་དེ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རྐྱེན་གང་དག་བྱ་བ་དང་ལྡན་པ་དེ་དག་རང་གི་འབྲས་བུ་མྱུ་གུ་སྐྱེད་པར་བྱེད་པ་ཉིད་ཡིན་པར་འདོད་ཀྱི། རྐྱེན་གང་དག་བྱ་བ་དང་མི་ལྡན་པ་དེ་དག་མྱུ་གུ་སྐྱེད་པར་བྱེད་པ་ཉིད་ཡིན་པར་མི་འདོད་པ་དེ་བཞིན་དུ། མིག་དང༌། གཟུགས་དང༌། སྣང་བ་དང༌། ནམ་མཁའ་དང༌། ཡིད་ལ་བྱེད་པ་ལ་སོགས་པ་རྐྱེན་གང་དག་བྱ་བ་དང་ལྡན་པ་དེ་དག་ཀྱང་རང་གི་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་རྟོག་གི་ཕྱི་མ་གནོད་པར་འགྱུར་རོ་ཞེས་ཟེར་རོ། །ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ཁོ་བོ་ཅག་གི་སྦྱོར་བའི་ཚིག་དེས་ན་ཁྱེད་དབུ་མ་པས་སྐྱེ་བ་མེད་པར་སྒྲུབ་པའི་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་ཁོ་བོ་ཅག་གི་རྟོག་གེ་ཕྱི་མས་གནོད་པར་འགྱུར་ཏེ། དེ་དག་ལ་འགལ་བ་འཁྲུལ་པ་མེད་པའི་གནོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱད་པ་ཉིད་ཀྱིས་འདིར་བཤད་པ། བྱ་དང་མི་ལྡན་རྐྱེན་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་བཤད་པ་བྱ་བ་ནི་སྒྲུབ་པ་འདི་ལ་འགྲེལ་པ་བྱེད་པས། སློབ་དཔོན་གྱིས་གསུངས་པའི་ཚིག་ལེའུར་བྱས་པའི་རྩ་བ་གསུམ་པོ་འདིས་ཕ་རོལ་པོའི་དཔེ་མེད་པར་སྟོན་ཏེ། འདི་ལ་དོན་དམ་པར་སྐྱེ་བ་བཀག་པ་ཁོ་ནའི་ཕྱིར་བྱ་བ་མེད་པས་ས་བོན་ལ་སོགས་པ་རྐྱེན་རྣམས་དེ་དང་ལྡན་པ་མ་ཡིན་ལ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། མིག་ལ་སོགས་པའི་རྐྱེན་གང་དག་ཡིན་པ་དེ་དག་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྐྱེན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་བྱ་བ་དང་མི་ལྡན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་སྨྲས་པ། དབུ་མའི་བསྟན་བཅོས་ལ་འདི་ལ་དོན་དམ་པར་རྣམ་པ་ཐམས་ཅད་དུ་སྐྱེ་བ་བཀག་པ་ཁོ་ནའི་ཕྱིར་ངེས་ན་


DTG099_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མེད་དོ། །བྱ་བ་མེད་པས་ས་བོན་ལ་སོགས་པ་རྐྱེན་རྣམས་བྱ་བ་དེ་དང་ལྡན་པ་མ་ཡིན་ནོ། །དེ་ཞེས་བྱ་བའི་སྒྲ་ནི་བྱ་བ་དང་སྦྱར་ཏེ། དེས་ན་ས་བོན་ལ་སོགས་པ་རྐྱེན་རྣམས་བྱ་བ་དེ་དང་ལྡན་པ་མ་ཡིན་ནོ། །བྱ་བ་དང་མི་ལྡན་པ་རྣམས་ནི་རྐྱེན་དུ་མི་རུང་བས་ཞེས་བྱ་བ་ནི་ས་བོན་ལ་སོགས་པ་རྐྱེན་བྱ་བ་དང་མི་ལྡན་པ་རྣམས་ནི་མྱུ་གུ་སྐྱེད་པའི་རྐྱེན་དུ་མི་རུང་ཞིང་མི་རིགས་པས་སོ། །དེ་དག་གི་རྐྱེན་ཉིད་དུ་མ་གྲུབ་པའི་ཕྱིར། དཔེ་མ་ཚང་བས་ཞེས་བྱ་བ་ནི་དེ་ལྟར་བྱ་བ་དང་མི་ལྡན་པའི་ས་བོན་ལ་སོགས་པ་རྐྱེན་དེ་དག་མྱུ་གུའི་རྐྱེན་ཉིད་དུ་མ་གྲུབ་པའི་ཕྱིར། ས་བོན་ལ་སོགས་པ་ལ་བྱ་བ་དང་ལྡན་པ་ཉིད་མེད་པས་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་རྟོག་གི་ཕྱི་མས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་ཁྱོད་ཀྱི་སྒྲུབ་པ་མ་ཚང་བ་དེས་ཁོ་བོ་ལ་གནོད་པར་མི་འགྱུར་རོ་ཞེས་མཇུག་བསྡུ་བ་ཡིན་ནོ། །འདིར་སྨྲས་པ་ཞེས་བྱ་བ་ནི་དེ་ལྟར་དཔེ་སྒྲུབ་པའི་ཆོས་དང་ལྡན་པར་བསྟན་པས་ལན་བཏབ་པས་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་པ་འདི་ལ། སྐྱེ་བར་སྨྲ་བ་དག་དཔེ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་གང་ཡང་རུང་བ་ལ་མ་གྲུབ་པ་དང་ཐེ་ཚོམ་ཟ་བའི་ཚིག་ནི་ཡང་སྒྲུབ་པ་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བའི་མཚན་ཉིད་ཡོད་པས་དེའི་ཕྱིར། འབྲུ་ལ་སོགས་པ་ལ་དོན་དམ་པར་བྱ་བ་དང་ལྡན་པ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། །ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར། གང་ཀུན་རྫོབ་ཏུ་ཇི་ལྟར་ཁས་ལེན་པ་དེ་ནི་དོན་དམ་པར་ཡང་དེ་བཞིན་ཏེ། དཔེར་ན་རི་བོང་གི་རྭ་མེད་པ་བཞིན་ནོ་ཞེས་ཟེར་ཏེ། འདིར་ཡང་འབྲུ་ལ་སོགས་པ་ལ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། དོན་དམ་པར་བྱ་བ་དང་ལྡན་པ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། གང་ཀུན་རྫོབ་ཏུ་ཇི་ལྟར་ཁས་ལེན་པ་དེ་ནི་དོན་དམ་པར་ཡང་དེ་བཞིན་ཏེ་ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན། དཔེར་ན་རི་བོང་གི་རྭ་མེད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ཁྱེད་དབུ་མ་པ་ཡང་རི་བོང་གི་རྭ་མེད་པ་ནི་ཀུན་རྫོབ་ཏུ་ཡང་མེད་པར་ཁས་ལེན་ལ། དོན་དམ་པར་ཡང་མེད་པར་ཁས་ལེན་པ་དེ་བཞིན་དུ་ཁྱེད་དབུ་མ་


DTG099_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྲུ་ལ་སོགས་པ་ལ་ཀུན་རྫོབ་ཏུ་བྱ་བ་དང་ལྡན་པ་ཉིད་ཡོད་པར་ཁས་ལེན་པས། གང་ཀུན་རྫོབ་ཏུ་ཇི་ལྟར་ཁས་ལེན་པ་དེ་ནི་དོན་དམ་པར་ཡང་དེ་བཞིན་པས་འབྲུ་ལ་སོགས་པ་ལ་དོན་དམ་པར་བྱ་བ་དང་ལྡན་པ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །ཁྱེད་ཀྱང་ཀུན་རྫོབ་ཏུ་འབྲུ་ལ་སོགས་པ་ལ་བྱ་བ་དང་ལྡན་པ་ཉིད་ཁས་ལེན་པ་དེའི་ཕྱིར་དཔེ་གྲུབ་པས་འདོད་པ་གྲུབ་པོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཅི་ལྟར་འབྲུ་ལ་སོགས་པ་ལ་ཀུན་རྫོབ་ཏུ་བྱ་བ་དང་ལྡན་པ་ཉིད་ཡོད་པ་དེ་བཞིན་དུ་དོན་དམ་པར་ཡང་ཡོད་པས་དེས་ན་འབྲུ་ལ་སོགས་པ་བྱ་བ་དང་ལྡན་པའི་དཔེ་གྲུབ་པས། མིག་ལ་སོགས་པ་ལ་ཡང་དོན་དམ་པར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་པའི་བྱ་བ་དང་ལྡན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། བྱ་ལྡན་ཡོད་དམ་འོན་ཏེ་ན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་བཤད་པ་ཞེས་བྱ་བ་ནི་འབྲུ་ལ་སོགས་པ་བྱ་བ་དང་ལྡན་པ་ཉིད་དུ་སྒྲུབ་པ་འདི་ལ་སློབ་དཔོན་གྱིས་གསུངས་པའི་ཚིག་ལེའུར་བྱས་པའི་རྩ་བ་ཐ་མ་ཤོས་འདིས་སུན་འབྱིན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །བྱ་ལྡན་ཡོད་དམ་འོན་ཏེ་ན། །ཞེས་བྱ་བ་ནི་ཅི་འབྲུ་ལ་སོགས་པ་དེ་དག་ལ་བྱ་བ་དང་ལྡན་པ་ཡོད་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་འདྲི་བར་བྱ་བ་ཡིན་ནོ། །མ་ཡིན་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི་དེ་སྐད་ཕར་དྲིས་པའི་རྗེས་ལ་ཚུར་ལེན་གདབ་པའི་ཚིག་ཡིན་ཏེ། སྔར། བྱ་དང་མི་ལྡན་རྐྱེན་མ་ཡིན། །ཞེས་གསུངས་པའི་མཇུག་ན་མ་ཡིན་ཞེས་བྱ་བའི་དགག་པ་སྨོས་པའི་སྐབས་ཡིན་ཏེ། བྱ་བ་དང་ལྡན་པ་ཡོད་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། འདིར་ཡང་རྐྱེན་རྣམས་བྱ་བ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བར་སྒྲུབ་པའོ། དེ་ལྟ་ན་ཡང་རྐྱེན་རྣམས་བྱ་བ་དང་ལྡན་པར་མི་འགྲུབ་སྟེ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་འདིས་ཀྱང་འབྲུ་ལ་སོགས་པ་ལ་དཔེ་ལ་བསྒྲུབ་པར་བྱ་བ་ཆོས་དང་ལྡན་པ་ཉིད་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཐ་སྙད་དུ་ཡང་རི་བོང་གི་རྭ་ལ་བྱ་བ་དང་ལྡན་པ་ཉིད་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། གང་གི་ཕྱིར་འབྲུ་ལ་སོགས་པ་ལ་བྱ་བ་དང་ལྡན་པ་ཉིད་དུ་སྒྲུབ་པ་གང་ཡིན་པ་དེ་ཐ་སྙད་དུ་ཡང་རི་བོང་


DTG099_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྭ་ལ་མེད་དེ། །རི་བོང་གི་རྭ་ལ་བྱ་བ་དང་ལྡན་པ་ཉིད་མེད་པ་དེའི་ཕྱིར་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ། །དོན་དམ་པར་རི་བོང་གི་རྭ་ཡང་མེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། བསྒྲུབ་པར་བྱ་བས་སྟོང་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འདི་ལྟར་སྒྲུབ་པས་ཀྱང་སྟོང་པ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཀུན་རྫོབ་ཏུ་རི་བོང་གི་རྭ་མེད་པར་འདོད་པ་དེ་བཞིན་དུ་དོན་དམ་པར་རི་བོང་གི་རྭ་མེད་པ་ཉིད་དུ་མི་འདོད་དེ། དེ་ལྟར་དོན་དམ་པར་ཡོད་པ་དང་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་ཡང་མཐའ་གཉིས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི་ལ་སྐྱེ་བ་ཡོད་ན་མེད་པར་རྟོག་པ་རྣམ་པ་བཞི་འབྱུང་སྟེ། སྐྱེས་པ་ལ་ལྟོས་ནས་འཇིམ་པའི་གོང་བུའི་གནས་སྐབས་ལ་སྔ་ན་མེད་པ་སྟོན་ཏོ། །དེ་ལ་ལྟོས་ནས་གྱོ་མོར་གྱུར་པ་ལ་ཞིག་ནས་མེད་པ་ཞེས་བྱའོ། །དེ་ལ་ལྟོས་ནས་བུམ་པ་ལ་སྣམ་བུ་མེད་པ་དང་སྣམ་བུ་ལ་བུམ་པ་མེད་པ་ལ་གཅིག་ལ་གཅིག་མེད་པ་ཞེས་བྱའོ། །བུམ་པ་སྐྱེ་བར་སྣང་ལ་རི་བོང་གི་རྭ་ལ་སོགས་པ་སྐྱེ་བར་མི་སྣང་བ་ནི་གཏན་མེད་པ་ཞེས་བྱ་སྟེ། དེ་ཡང་སྐྱེ་བ་ཡོད་པ་ལ་ལྟོས་ན་དེ་ལྟར་འགྱུར་རོ། །གང་ལ་དོན་དམ་པར་དངོས་པོ་ཐམས་ཅད་མ་སྐྱེས་པ་དེ་ལ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་དང༌། གཅིག་ལ་གཅིག་མེད་པ་དང༌། གཏན་མེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དག་མི་རིགས་སོ། །ཇི་སྐད་སྨྲས་པའི་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རི་བོང་གི་རྭའི་དཔེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་གཉིས་ཀྱིས་སྟོང་པའི་ཕྱིར། འབྲུ་ལ་སོགས་པ་བྱ་བ་དང་ལྡན་པ་ཉིད་དུ་མ་གྲུབ་པ་ཡིན་ནོ། །ཅི་སྟེ་ཡང་གྲངས་ཅན་དག་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་སྔར་སྐྱེ་བར་སྨྲ་བ་དག་གི་དཔེ་རི་བོང་གི་རྭ་མེད་པ་བཞིན་ནོ་ཞེས་ཟེར་བ་དེ་དབུ་མ་པས་དོན་དམ་པར་རི་བོང་གི་རྭ་ཡང་མེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཞེས་སུན་ཕྱུང་བ་དང༌། འདིར་གྲངས་ཅན་དག་དོན་དམ་པར་རི་བོང་གི་རྭ་མེད་པ་ནི་དངོས་པོ་ཡོད་པ་ཁོ་ན་ཡིན་ནོ་ཞེས་དཔེ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་དག་གི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་


DTG099_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡོན་ཏན་གསུམ་པོ་གང་དག་སྒྲ་ལ་སོགས་པ་ལ་བརྟེན་པ་དེ་དག་དུས་དང་ཡུལ་གྱིས་བསྐལ་པས་མི་དམིགས་པར་ཟད་ཀྱི། གང་གི་ཚེ་དེ་དག་མ་ཧེའི་རྣམ་པར་ཡོངས་སུ་བསྒྱུར་བ་དེའི་ཚེ་ན་རྭ་ཉིད་དམིགས་པར་འགྱུར་བས་དེའི་ཕྱིར་རི་བོང་གི་རྭའི་མེད་པ་ནི་དངོས་པོ་ཡོད་པ་ཁོ་ན་ཡིན་བས་དཔེ་དེ་འགྲུབ་པོ་ཞེས་ཟེར་རོ། །དེའི་ཕྱིར་རོ་བོང་གི་རྭའི་མེད་པ་ནི་དངོས་པོ་ཡོད་པ་ཁོ་ན་ཡིན་ཏེའི་ཞེས་བསྟན་པའི་ཕྱིར་དང༌། ཁྱད་པར་གྱི་གཞི་ཡིན་པའི་ཕྱིར། གཟུགས་དང་ཨུཏྤལ་སྔོན་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་རི་བོང་གི་རྭ་མེད་པ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། དངོས་པོ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། འི་ཞེས་བསྟན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། གཟུགས་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན། ཁྱད་པར་གྱི་གཞི་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ཡང་སྒྲུབ་པའི་ཆོས་ཡན། ཨུཏྤལ་སྔོན་པོ་བཞིན་དུ་ཞེས་བྱ་བ་འདི་ཡང་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་གཟུགས་ཀྱི་ཞེས་བསྟན་པའི་ཕྱིར་དངོས་པོ་ཡོད་པ་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་ཀྱི་དཀར་བ་ཉིད་ཅེས་སམ། གཟུགས་ཀྱི་སྦོམ་པ་ཉིད་ཅེས་བསྟན་པའི་ཕྱིར། གཟུགས་ཀྱི་དཀར་བ་ཉིད་དང་གཟུགས་ཀྱི་སྦོམ་པ་ཉིད་ཅེས་བྱ་བ་དངོས་པོ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་རི་བོང་གི་རྭའི་མེད་པ་ལ་ཡང༌། འི་ཞེས་བསྟན་པའི་ཕྱིར་དངོས་པོ་ཡོད་པ་ཁོ་ན་ཡིན་ཏེ། རི་བོང་གི་རྭའི་མེད་པ་ནི་ཞེས་བསྟན་པའི་ཕྱིར་རི་བོང་གི་རྭའི་མེད་པ་ཡང་དངོས་པོ་ཡོད་པ་ཁོ་ནར་འགྱུར་རོ། །གཞན་ཡང་དཔེར་ན་ཨུཏྤལ་སྔོན་པོ་ནི་ཁྱད་པར་གྱི་གཞི་ཡིན་ལ། ཡོན་ཏན་སྔོན་པོ་ལ་སོགས་པ་ནི་དེའི་ཁྱད་པར་ཡིན་པའི་ཕྱིར་ཁྱད་པར་གྱི་གཞིའི་རྫས་ཨུཏྤལ་སྔོན་པོ་ཞེས་བྱ་བ་དངོས་པོ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། རི་བོང་གི་རྭ་ཡང་ཁྱད་པར་གྱི་གཞི་ཡིན་ལ། ཡོན་ཏན་རྣོ་བ་ཉིད་ལ་སོགས་པ་ནི་དེའི་ཁྱད་པར་ཡིན་པས་ཁྱད་པར་གྱི་གཞིའི་རྫས་རི་བོང་གི་རྭ་ཞེས་བྱ་བ་ཡང་དངོས་པོ་ཡོད་པ་ཁོ་ན་ཡིན་ནོ། །དེ་ལྟར་རི་བོང་གི་རྭ་དོན་དམ་པར་དངོས་པོ་ཡོད་པ་ཁོ་ན་ཡིན་པས། དེས་ན་དཔེ་རི་བོང་གི་རྭ་གྲུབ་པས་འབྲུ་ལ་སོགས་པ་དོན་དམ་པར་བྱ་བ་དང་ལྡན་པ་ཉིད་ཡོད་པ་ཁོ་ནའི་དཔེ་གྲུབ་པོ། །དེ་གྲུབ་


DTG099_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པས་མིག་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་པར་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་ཁྱེད་ཀྱི་སྒྲུབ་པ་དེ་གཉིས་ནི་རི་བོང་གི་རྭ་ཡོད་པ་ཉིད་དུ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དོན་དམ་པར་གཟུགས་དང༌། ཨུཏྤལ་སྔོན་པོ་གཉིས་ཀྱི་ཡོད་པ་ཉིད་དང་ཁྱད་པར་གྱི་གཞི་ཉིད་དང་མ་གྲུབ་པས་དཔེ་མ་ཚང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་སྐད་བསྟན་ཏེ། ཁོ་བོ་ལ་དོན་དམ་པར་གཟུགས་སམ། ཨུཏྤལ་སྔོན་པོ་གཉིས་ཀྱི་བསྒྲུབ་པར་བྱ་བ་ཡོད་པ་ཉིད་ཀྱང་མ་གྲུབ་ལ། སྒྲུབ་པ་ཁྱད་པར་གྱི་གཞི་ཉིད་ཀྱང་མ་གྲུབ་པས་དེའི་ཕྱིར་ཁྱེད་ལ་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ནི་བཟང་པོ་མ་ཡིན་ནོ། །ཅི་སྟེ་ཁོ་བོ་ཅག་གིས་ཁྱེད་ལ་གཟུགས་ལ་སོགས་པ་ཡོད་པར་སྟོན་མི་ནུས་པ་དེ་བཞིན་དུ། ཁྱེད་ཀྱིས་ཀྱང་ཁོ་བོ་ཅག་ལ་གཟུགས་ལ་སོགས་པ་མེད་པར་སྟོན་མི་ནུས་པར་འདྲ་བས་སྐྱོན་མཚུངས་སོ་ཞེ་ན་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། ཅི་སྟེ་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་གྲངས་ཅན་གྱིས་ཁྱེད་དབུ་མ་པ་ལ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དག་དོན་དམ་པར་རྫས་དང་དངོས་པོ་དང་གཞིའི་སྒོ་ནས་ཡོད་པར་སྟོན་མི་ནུས་པ་དེ་བཞིན་དུ་ཁྱེད་དབུ་མ་པས་ཀྱང་ཁོ་བོ་ཅག་གྲངས་ཅན་ལ་གཟུགས་ལ་སོགས་པ་དོན་དམ་པར་མེད་པར་སྟོན་མི་ནུས་པར་འདྲ་བས་སྐྱོན་མཚུངས་སོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་སྐྱོན་མཚུངས་པ་མ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྐྱེ་བ་བཀག་པ་ཁོ་ནས་སྐྱེ་བ་མེད་པ་དང་ལྡན་པས་དངོས་པོ་ཉིད་བཀག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། འདིས་ནི་གང་གི་ཕྱིར་ཁོ་བོས་སྐྱེ་བ་བཀག་པ་ཁོ་ནས་སྐྱེ་བ་མེད་པ་དང་ལྡན་པས་དངོས་པོ་ཉིད་བཀག་པ་དེའི་ཕྱིར། ཁྱེད་ཀྱིས་ཁོ་བོ་ཅག་ལ་གཟུགས་ལ་སོགས་པ་ཡོད་པར་སྟོན་མི་ནུས་པ་བཞིན་དུ་ཁོ་


DTG099_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བོས་ཁྱེད་ལ་གཟུགས་ལ་སོགས་པ་མེད་པར་སྟོན་མི་ནུས་པ་མ་ཡིན་པས་དངོས་པོའི་མཐར་མ་ལྷུང་བའི་ཕྱིར་སྐྱོན་མཚུངས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་སྐྱེ་བ་བཀག་པ་ཁོ་ནས་ཞེས་བྱ་བ་ནི་ཁོ་བོ་ཅག་དབུ་མ་པས་དོན་དམ་པར་གཟུགས་ལ་སོགས་པ་སྐྱེ་བ་བཀག་ཅིང་བསལ་བ་ཁོ་ནས་སོ།། སྐྱེ་བ་མེད་པ་དང་ལྡན་པས་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་བཀག་པ་ཁོ་ནས་སྐྱེ་བ་མེད་པར་གྲུབ་ལ། གང་ལ་སྐྱེ་བ་མེད་པར་གྲུབ་པ་ཡོད་པ་དེ་ནི་སྐྱེ་བ་མེད་པ་དང་ལྡན་པ་ཡིན་ནོ། །དངོས་པོ་ཉིད་བཀག་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལྡན་པ་དེས་གཞན་གྱིས་ཡོངས་སུ་བརྟགས་པའི་དངོས་པོ་ཉིད་ཙམ་ཁོ་བོ་འགོག་པར་བྱེད་ཀྱི། དངོས་པོ་མེད་པ་ཉིད་ནི་སྒྲུབ་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གང་འདོད་པ་དེ་བསྒྲུབ་པར་བྱ་བ་ཡིན་པས་ཁོ་བོ་ནི་དངོས་པོ་མེད་པར་ལྟ་བ་མི་འདོད་པས་དེ་སྒྲུབ་པར་མི་བྱེད་ཀྱི། དངོས་པོར་ལྟ་བ་འགོག་པར་འདོད་པས་ཁོ་བོས་སྐྱེ་བ་འགག་པ་ཁོ་ནས་སྐྱེ་བ་མེད་པར་གྲུབ་པ། སྐྱེ་བ་མེད་པ་དང་ལྡན་པས་དངོས་པོ་ཉིད་བཀག་པའི་ཕྱིར། ཁོ་བོས་ཁྱེད་ཅག་ལ་གཟུགས་ལ་སོགས་པ་མེད་པར་སྟོན་མི་ནུས་པ་མ་ཡིན་པས་དངོས་པོའི་མཐར་མ་ལྷུང་བའི་ཕྱིར་སྐྱོན་མཚུངས་པ་མ་ཡིན་ནོ། །ཁྱེད་ཅག་གཟུགས་ལ་སོགས་པ་ཡོད་པར་སྟོན་པ་དེ་བཞིན་དུ་ཁོ་བོ་ཅག་དངོས་པོ་མེད་པ་ཉིད་དུ་ཡང་སྟོན་པར་མི་བྱེད་དེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དངོས་པོ་མེད་པར་ལྟ་བ་སྤང་པར་འདོད་པ་ཡང་སྟོན་པར་མི་བྱེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དབུ་མ་པ་ནི་དངོས་པོ་མེད་པར་ལྟ་བ་སྤང་པར་འདོད་པའི་ཕྱིར། དངོས་པོ་མེད་པར་ལྟ་བ་དེ་སྟོན་པར་མི་བྱེད་པས་དངོས་པོ་མེད་པའི་མཐར་ཡང་མ་ལྷུང་བའི་ཕྱིར་སྐྱོན་མཚུངས་པ་མ་ཡིན་པར་སྟོན་ཏོ། །གང་གི་ཕྱིར་གྲངས་ཅན་དག་འཇིག་རྟེན་གསུམ་རབ་ཏུ་འཇིག་པར་ལྟ་བ་དེའི་ཕྱིར་ནི་མེད་པར་ལྟ་བ་ཡིན་ལ། གང་གི་ཕྱིར་འཇིག་རྟེན་གསུམ་འཆགས་པར་ལྟ་བ་དེའི་ཕྱིར་ནི་ཡོད་པར་ལྟ་བ་ཡིན་གྱི། དབུ་མ་པས་ནི་སྐྱེ་བ་བཀག་པ་ཁོ་ནས་སྐྱེ་བ་མེད་པ་དང་ལྡན་པས་དངོས་པོ་ཉིད་བཀག་པ་དེའི་ཕྱིར་ནི་དངོས་པོར་ལྟ་བ་མེད་ལ། དངོས་པོ་མེད་པར་ལྟ་བ་སྤང་བར་འདོད་པ་ཡང་སྟོན་པར་མི་བྱེད་པ་དེའི་ཕྱིར་དངོས་པོ་མེད་པར་ལྟ་བ་ཡང་མེད་དོ། །འདི་ལྟར་དངོས་པོ་མེད་པར་སྒྲུབ་པ་


DTG099_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ན་དངོས་པོ་མེད་པ་དེ་ལ་མངོན་པར་ཞེན་པ་ནི་དངོས་པོ་མེད་པར་ལྟ་བ་ཞེས་བྱ་ན། གང་གི་ཕྱིར་ཁོ་བོས་དངོས་པོ་མེད་པར་ལྟ་བ་སྤང་བར་འདོད་པ་དེའི་ཕྱིར་ནི་དངོས་པོ་མེད་པ་མི་སྒྲུབ་པར་དངོས་པོ་མེད་དོ། །གང་གི་ཕྱིར་དངོས་པོ་མེད་པ་མེད་པ་དེའི་ཕྱིར་ནི་ཁོ་བོ་ལ་དངོས་པོ་མེད་པར་ལྟ་བ་ཡང་མེད་དོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་མ་ལྷུང་བ་རྣམས་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་ལྷུང་བ་རྣམས་དང་མི་འདྲ་བར་སྐྱོན་མཚུངས་པར་ཐལ་བར་ག་ལ་འགྱུར་ཞེས་བྱ་བ་སྨྲས་ཏེ། ངེད་དབུ་མ་པ་སྐྱེ་བ་བཀག་པ་ཁོ་ནས་སྐྱེ་བ་མེད་པ་དང་ལྡན་བས་དངོས་པོ་ཉིད་བཀག་པའི་ཕྱིར། དངོས་པོར་ལྟ་བའི་མཐར་མ་ལྷུང་ལ་དངོས་པོ་མེད་པར་ལྟ་བ་སྤང་བར་འདོད་པ་ཡང་སྟོན་པར་མི་བྱེད་པའི་ཕྱིར་དངོས་པོ་མེད་པར་ལྟ་བའི་མཐར་ཡང་མ་ལྷུང་བ་རྣམས་ཁྱེད་གྲངས་ཅན་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་ལྷུང་བ་རྣམས་དང་མི་འདྲ་བས་སྐྱོན་མཚུངས་པར་ཐལ་བར་ག་ལ་འགྱུར་ཏེ་མི་འགྱུར་ཞེས་བསྟན་ཏོ། །དེ་ལ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ཞེས་བྱ་བ་ནི་དངོས་པོ་མེད་པར་འཛིན་ཅིང་རྣམ་པར་རྟོག་པའོ། །མཐའ་གཉིས་སུ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་ལྟ་བ་ཉིད་ཀྱི་མཐའ་གཉིས་ནི་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སོ། །དེར་མ་ལྷུང་བ་རྣམས་ཞེས་བྱ་བ་ནི། གང་དག་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་ལ་མ་ཆགས་པ་དེ་དག་ནི་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་མ་ལྷུང་བ་རྣམས་ཏེ། དབུ་མ་པ་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་མ་ལྷུང་བ་རྣམས་སོ། །དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་ལྷུང་བ་རྣམས་དང་མི་འདྲ་བས་ཞེས་བྱ་བ་ནི། གྲངས་ཅན་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་སུ་ལྷུང་བ་རྣམས་དང་དབུ་མ་པ་མི་འདྲ་བས་སོ། །སྐྱོན་མཚུངས་པར་ཐལ་བར་གལ་འགྱུར་ཞེས་བྱ་བ་ནི་དབུ་མ་པ་རྣམས་གྲངས་ཅན་རྣམས་དང་མི་འདྲ་བས་སྐྱོན་མཚུངས་པར་ཐལ་བར་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ ། །གཞན་ཡང་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་ཁོ་ནའི་ཕྱིར། དེ་སྒྲུབ་པར་མི་འདོད་པས་


DTG099_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་བོ་ཅག་གི་འདོད་པ་ཁོ་ན་འགྲུབ་པར་འགྱུར་གྱི་རང་གི་ཕྱོགས་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བས་བརྣན་ཏེ། དངོས་པོ་དང་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་ཁོ་ནའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་ཁྱད་ལ་དངོས་པོ་སྟོན་པའི་རྗེས་སུ་དཔག་པ་ཡོད་ན་ནི་དེས་ན་དངོས་པོ་འགྲུབ་པར་འགྱུར་ལ། གལ་ཏེ་ཁོ་བོ་ལ་ཡང་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་ཡོད་པར་གྱུར་ན་དེས་ཀྱང་དངོས་པོ་མེད་པ་འགྲུབ་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ཁྱོད་ལ་ཡང་དངོས་པོ་སྟོན་པའི་རྗེས་སུ་དཔག་པ་མེད་ལ། ཁོ་བོ་ལ་ཡང་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་དེའི་ཕྱིར། དངོས་པོ་དང་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་ཁོ་ནའི་ཕྱིར་ཞེས་བཤད་དོ་དེ་སྒྲུབ་པར་མི་འདོད་པས་ཞེས་བྱ་བ་ནི་དེ་ལྟར་དངོས་པོ་མེད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་ཁོ་ནའི་ཕྱིར། ཁོ་བོ་ཅག་དབུ་མ་པ་ཅི་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་པོ་དེ་སྒྲུབ་པར་མི་འདོད་པས་སོ། །ཁོ་བོ་ཅག་གི་འདོད་པ་ཁོ་ན་འགྲུབ་པར་འགྱུར་གྱི་ཞེས་བྱ་བ་ནི་དེ་ལྟར་ཁོ་བོ་ཅག་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་པོ་དེ་སྒྲུབ་པར་མི་འདོད་པས། ཁྱེད་གལ་ཏེ་དངོས་པོ་མེད་པར་ལྟ་བ་འགོག་པར་བྱེད་ན་དེ་ནི་ཁོ་བོ་ཅག་དབུ་མ་པའི་འདོད་པ་ཁོ་ན་གྲུབ་པར་འགྱུར་བ་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་གོ ། །རང་གི་ཕྱོགས་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱེད་གྲངས་ཅན་དག་དངོས་པོ་མེད་པ་ལྟ་བ་འགོག་པར་བྱེད་པ་དེ་ནི་ཁོ་བོ་ཅག་དབུ་མ་པའི་འདོད་པ་ཁོ་ན་འགྲུབ་པར་འགྱུར་བ་ཡིན་གྱི། ཁྱེད་གྲངས་ཅན་པ་དག་གི་རང་གི་ཕྱོགས་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཁོ་བོ་ཅག་དབུ་མ་པས་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་མཐའ་གཉིས་ཀ་དགག་པར་བྱ་དགོས་པ་ལས། དེ་ལྟར་གྲངས་ཅན་ཁྱེད་ཀྱིས་དངོས་པོ་མེད་པར་ལྟ་བའི་མཐའ་འགོག་པར་བྱེད་པས་དེའི་ཕྱིར། གྲངས་ཅན་གྱིས་ཁོ་བོ་ཅག་གི་འདོད་པའི་དོན་ཁོ་ན་སྒྲུབ་པ་ཡིན་གྱི། གྲངས་ཅན་དག་ཁྱེད་རང་གི་ཕྱོགས་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། །ཡང་ན་སྐྱེ་བར་སྨྲ་བ་དག་ལ་དྲི་བར་བྱ་སྟེ་ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏེ། བྱ་དང་མི་ལྡན་རྐྱེན་མ་ཡིན། །བྱ་ལྡན་ཡོད་དམ་འོན་ཏེ་ན། །ཞེས་བྱ་བའི་ཚིག་


DTG099_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུར་བྱས་པའི་རྩ་བ་ཕྱེད་འོག་མ་གཉིས་པོ་འདིའི་དོན་རྣམ་པ་གཞན་དུ་ཡང་རྣམ་པར་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ ། །སྐྱེ་བར་སྨྲ་བ་དག་ཅེས་བྱ་བ་ནི་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་སྟེ། དེ་དག་ལ་བརྟག་པའི་གལ་འདི་གཉིས་དྲི་བར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་རྣམས་བྱ་བ་དང་མི་ལྡན་པ་ཉིད་མ་ཡིན་ནམ་ཞེས་བྱ་བ་ནི་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་སྔོན་རོལ་ཞེས་བྱ་བ་མ་སྐྱེས་པའི་གནས་སྐབས་ན་རྐྱེན་མིག་དང་གཟུགས་ལ་སོགས་པ་རྣམས་བྱ་བ་དང་མི་ལྡན་པ་ཉིད་ཡིན་པར་ཁྱེད་ཅག་ཁས་ལེན་ཏམ་ཞེས་དྲི་བ་ཡིན་ནོ། །བྱ་བ་དང་ལྡན་པ་ཉིད་ཡིན་ཞེས་བྱ་བ་ནི་འོན་ཏེ་འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་ཡིན་པར་ཁྱེད་ཅག་ཁས་ལེན་ཅེས་དྲི་བ་ཡིན་ནོ། །དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་ལ་བརྟག་པའི་གལ་གཉིས་དྲི་བ་དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་སྟེ། འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་རྣམས་བྱ་བ་དང་མི་ལྡན་པ་ཉིད་ཡིན་པར་འདོད་ནའོ། །གལ་ཏེ་དེ་ལྟར་འདོད་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དེ་དགག་པའི་ཕྱིར། འདིར་བཤད་པ། བྱ་དང་མི་ལྡན་རྐྱེན་མ་ཡིན། །ཞེས་བྱ་བའོ། །འབྲས་བུ་སྐྱེད་པར་བྱེད་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་ལ། ཚིག་ཅེས་བྱ་བ་ནི་གང་གི་དོན་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་པས། བྱ་དང་མི་ལྡན་རྐྱེན་མ་ཡིན། །ཞེས་བྱ་བ་བརྗོད་དུ་ཟིན་ཀྱང༌། ཇི་སྲིད་དུ་འབྲས་བུ་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཚིག་མ་བརྗོད་པ་དེ་སྲིད་ཀྱི་བར་དུ་སྐྱེ་བ་འགོག་པའི་དོན་ཡོངས་སུ་རྫོགས་པར་མི་འགྱུར་བས་དེའི་ཕྱིར། བྱ་དང་མི་ལྡན་རྐྱེན་མ་ཡིན། །ཞེས་བརྗོད་པའི་འོག་ཏུ་འབྲས་བུ་སྐྱེད་པར་བྱེད་པའི་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། བྱ་བ་དང་མི་ལྡན་པ་གང་གི་རྐྱེན་མ་ཡིན་ཞེ་ན་འབྲས་བུ་སྐྱེད་པར་བྱེད་པའི་རྐྱེན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། །ཅིའི་ཕྱིར་བྱ་བ་དང་མི་ལྡན་པ་འབྲས་བུ་སྐྱེད་པར་བྱེད་པ་རྐྱེན་མ་ཡིན་ཞེ་ན། དེའི་ཕྱིར་བྱ་བ་དང་མི་ལྡན་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་འབྲས་བུ་བསྐྱེད་པའི་བྱ་བས་སྟོང་པའོ་ཞེས་བྱ་བ་སྨྲས་ཏེ། འདི་སྐད་བསྟན་ཏེ། རྐྱེན་བྱ་བ་དང་མི་ལྡན་པ་རྣམས་ནི་བརྗོད་པར་འདོད་


DTG099_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསམ་པར་འདོད་པའི་འབྲས་བུ་སོ་སོར་ངེས་པ་བསྐྱེད་པའི་བྱ་བས་སྟོང་ཞིང་འབྲལ་བའི་ཕྱིར་ཏེ། འདིར་མཚན་ཉིད་ནི་དེ་ཡིན་ནོ། །གང་དག་ཇི་སྐད་བསྟན་པ་དེ་དག་ནི་དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ་དེས་སྟོང་པའི་ཕྱིར། དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་དེ་སྐད་བསྟན་ཟིན་ཏོ་ཞེས་བྱ་བ་ལ། འདིར་ཡང་གང་དག་ཅི་སྐད་བསྟན་པ་དེ་དག་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན། དེས་སྟོང་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་འདི་དཔེ་ཡིན་པར་སྦྱར་རོ། །འདི་སྐད་བསྟན་ཏེ། གཟུགས་ལ་སོགས་པ་རྐྱེན་གང་དག་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་བྱ་བས་སྟོང་པ་ཇི་སྐད་བསྟན་པ་དེ་དག་ནི་འབྲས་བུ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ་སྐྱེ་བའི་བྱ་བ་དེས་སྟོང་པའི་ཕྱིར་རོ་དཔེར་ན་དེ་ལས་གཞན་པའི་རྐྱེན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ། །དེ་བསྟན་ཟིན་ཏོ་ཞེས་བྱ་བ་ནི་སྔར་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་བརྗོད་པར་འདོད་པར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ་གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན་ནོ་ཞེས་དེ་དག་དགག་པའི་རིགས་པས་དེ་བསྟན་ཟིན་ཏོ། །འོན་ཏེ་བྱ་བ་དང་ལྡན་པ་ཉིད་ཡིན་ནོ་ཞེ་ན། ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་ལ་བརྟག་པའི་གལ་གཉིས་བྲིས་པ་དེ་ལ་འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་དོ་ཞེ་ན་སྟེ། འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་ཡིན་ནོ་ཞེ་ནའོ། །གལ་ཏེ་དེ་ལྟར་འདོད་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དེ་དགག་པའི་ཕྱིར། འདིར་བཤད་པ། བྱ་བ་ལྡན་ནམ་འོན་ཏེ་ན། །ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བའི་སྐབས་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱར་རོ། །འོན་ཏེ་ན་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏོ་ཞེས་བྱ་བ་ནི་རྐྱེན་བྱ་བ་དང་ལྡན་པ་རྣམས་ལ་ཡང་འབྲས་བུ་སྐྱེད་པའི་ནུས་པ་མེད་ལ། རྐྱེན་བྱ་བ་དང་མི་ལྡན་པ་རྣམས་ལ་ཡང་འབྲས་བུ་སྐྱེད་པའི་ནུས་པ་མེད་དོ་ཞེས་རྣམ་པ་གཉི་གར་


DTG099_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐྱེ་བ་དགག་པ་བརྟག་པའི་དོན་ཏོ། །དེའི་ཕྱིར་འདི་ལ་རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་དུ་ནི་འབྲས་བུ་སྐྱེད་པས་བསྟན་པ་ཡིན་ན། དེ་ཡང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་མ་གྱུར་པ་ལ་ནི་མི་འདོད་པས་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་དུ་ནི་ཞེས་བྱ་བ་ནི་མིག་ལ་སོགས་པ་རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་དུ་སྒྲུབ་པ་ནིའོ། །འབྲས་བུ་བསྐྱེད་པས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་འབྲས་བུ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་སྐྱེད་པ་ནི་འབྲས་བུ་སྐྱེད་པ་སྟེ་དེས་སོ། །བསྟན་པ་ཡིན་ན་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པ་དེས་བསྟན་ཅིག་སྒྲུབ་པ་ཡིན་སྟེ། འདི་ལྟར་འབྲས་བུ་སྐྱེད་པ་མཐོང་ནས་རྐྱེན་རྣམས་ལ་བྱ་བ་དང་ལྡན་པ་ཉིད་དུ་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །དེ་ཡང་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པར་མ་གྱུར་པ་ལ་ནི་མི་འདོད་པ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་དུ་སྒྲུབ་པ་འབྲས་བུ་སྐྱེད་པས་བསྟན་ཅིང་སྒྲུབ་པ་དེ་ཡང་ཇི་སྲིད་དུ་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་མ་གྱུར་པ་དེ་སྲིད་དུ་མིག་ལ་སོགས་པའི་རྐྱེན་རྣམས་ལ་བྱ་བ་དང་ལྡན་པ་ཉིད་མེད་པའི་ཕྱིར། རྐྱེན་རྣམས་བྱ་བ་དང་ལྡན་པ་ཉིད་དུ་མི་འདོད་པས་སོ། །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རིགས་པ་དེས་ན་སྐྱེ་བར་སྨྲ་བ་དག་གི་སྔར་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ། བྱ་བ་དང་ལྡན་པའི་ཕྱིར་དཔེར་ན་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པས་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ། །དེས་ན་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་རྟོག་གེ་ཕྱི་མས་གནོད་པར་འགྱུར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་ཡིན་ཏེ། དཔེར་ན་སྒྲ་ལ་མིང་གིས་བཟུང་བ་ཉིད་མེད་པ་དེ་བཞིན་དུ་རྐྱེན་རྣམས་ལ་ཡང་བྱ་བ་དང་ལྡན་པ་ཉིད་མེད་པས་དེའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་ཀྱང་གྲུབ་པ་ཡང་མ་ཡིན་ལ། ཁོ་བོའི་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་ཡང་ཁྱོད་ཀྱི་རྟོག་གེ་ཕྱི་མས་གནོད་པར་འགྱུར་བ་མེད་དོ། །མདོ་སྡེ་པ་དག་ན་རེ། འབྲས་བུ་བསྐྱེད་པའི་དུས་ཁོ་ན་རྐྱེན་བྱ་བ་


DTG099_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་རྣམས་གཅིག་ལ་གཅིག་ཕན་འདོགས་པས་རྐྱེན་ཉིད་དུ་ཁས་བླངས་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཡང་མ་ཡིན་ལ། རྟོག་གེ་ཕྱི་མ་མེད་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འདིར་མདོ་སྡེ་པ་དག་ན་རེ། ཁྱེད་དབུ་མ་པས་བསམས་པ། གང་གིས་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་མ་གྱུར་པའི་རྐྱེན་རྣམས་ལ་བྱ་བ་དང་ལྡན་པ་ཉིད་མེད་པས་དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་སྨྲས་པ་དེ་ནི། གང་གིས་དེ་སྐད་ཁས་བླངས་པ་དེ་ལ་སྐྱོན་དེར་འགྱུར་གྱི། ཁོ་བོས་ནི་འབྲས་བུ་སྐྱེ་བའི་དུས་ཁོ་ན་ན་རྐྱེན་བྱ་བ་དང་ལྡན་པ་ཡུལ་དང་ཡུལ་ཅན་གྱི་དངོས་པོར་གནས་པ་རྣམས་གཅིག་ལ་གཅིག་ཕན་འདོགས་པས། དེས་ན་འབྲས་བུ་དེ་སྐྱེ་བའི་གནས་སྐབས་ཁོ་ན་ན་རྐྱེན་མིག་ལ་སོགས་པ་རྣམས་བྱ་བ་དང་ལྡན་པ་ཉིད་ཡིན་པས་རྐྱེན་ཉིད་དུ་ཁས་བླངས་པའི་ཕྱིར་ཁོ་བོ་ཅག་མདོ་སྡེ་པ་དག་གི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་མཚན་ཉིད་དེ་ཡང་མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་དེའི་ཚེ་ན་རྐྱེན་རྣམས་ལ་བྱ་བ་དང་ལྡན་པ་ཉིད་ཡོད་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱི་རྗེས་སུ་དཔག་པ་སྔར་སྨྲས་པ་རྣམས་ལ་ཁོ་བོའི་རྟོག་གེ་ཕྱི་མས་གནོད་པར་འགྱུར་བ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་ཁོ་བོའི་སྒྲུབ་པ་མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ། བྱ་བ་དང་ལྡན་པའི་ཕྱིར་དཔེར་ན་ས་བོན་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་ལ་སོགས་པ་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་དེ་ལ་གནོད་པ་མེད་པས་དེའི་ཕྱིར་སྐྱེ་བ་གྲུབ་བོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་འདིར་བཤད་པ། འདི་དག་ལ་བརྟེན་སྐྱེ་བས་ན། །དེའི་ཕྱིར་འདི་དག་རྐྱེན་ཅེས་གྲག །ཅེས་བྱ་བ་ལ་སོགས་པ་སྟེ། ཚིག་ལེའུར་བྱས་པ་འདིས་ནི་མདོ་སྡེ་པའི་ཕྱོགས་སྔ་མ་དེ་སུན་འབྱིན་པར་བྱེད་དོ། །འབྲུ་ལ་སོགས་པ་འདི་དག་ལ་བརྟེན་ནས་ཞེས་བྱ་བ་ནི་ས་བོན་དང་ས་ཆུ་དང་མེ་དང་རླུང་ལ་སོགས་པའི་རྐྱེན་འདི་དག་ལ་འདི་བརྟེན་ཅིང་གནས་ནས་སོ། །འབྲས་བུ་སྐྱེ་བས་ན་ཞེས་བྱ་བ་ནི་འབྲས་བུ་མྱུ་གུ་ཞེས་བྱ་བ་སྐྱེ་ཞིང་འབྱུང་བས་ནའོ། །དེའི་ཕྱིར་འབྲུ་ལ་སོགས་པ་འདི་དག་ཁྱེད་དོན་དམ་པར་རྐྱེན་ཡིན་པར་འདོད་ཅེས་པར་གྲག་གོ་ཞེས་བྱ་བ་ནི་གང་གི་ཕྱིར་འབྲུ་ལ་


DTG099_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འདི་དག་ལ་བརྟེན་ནས་འབྲས་བུ་སྐྱེ་བ་དེའི་ཕྱིར་འབྲུ་ལ་སོགས་པ་འདི་དག་ཁྱེད་མདོ་སྡེ་པ་དག་དོན་དམ་པར་རྐྱེན་ཡིན་པར་འདོད་ཅེས་གྲག་གོ་ཞེས་མདོ་སྡེ་པ་དག་ཉིད་ཀྱི་གཞུང་བསྟན་པ་ཡིན་ནོ། །གྲག་ཅེས་བྱ་བའི་སྒྲའི་སྦྱོར་བ་ནི་འདིར་སློབ་དཔོན་མི་བཞེད་པར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཉིད་དེ་ལྟར་མི་བཞེད་པར་སྟོན་པའི་སྒྲ་ཡིན་ཏེ། གྲག་ཅེས་བྱ་བ་དང༌། ལོ་ཞེས་བྱ་བ་དང༌། ཅེའོ་ཞེས་བྱ་བའི་སྒྲ་ནི་གཞན་གྱི་འདོད་པ་རྙེད་པའི་དོན་ཡིན་པའི་ཕྱིར་རོ། །དེའི་ཕྱིར། ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །ཞེས་བྱ་བ་གསུངས་སོ། །འབྲས་བུ་ཇི་སྲིད་དུ་འབྲུ་ལ་སོགས་པ་འདི་དག་རྐྱེན་མ་ཡིན་པར་ཡང་ཇི་ལྟར་མི་འགྱུར་ཏེ་ཞེས་བྱ་བ་ནི། གང་གི་ཕྱིར་རྐྱེན་འབྲུ་ལ་སོགས་པ་འདི་དག་ལ་བརྟེན་ནས་འབྲས་བུ་སྐྱེ་བས་འབྲུ་ལ་སོགས་པ་འདི་དག་ཁྱེད་དོན་དམ་པར་རྐྱེན་ཡིན་པར་འདོད་ཅེས་གྲགས་པ་དེའི་ཕྱིར་ཇི་སྲིད་དུ་རྐྱེན་འབྲས་བུ་མྱུ་གུ་ཞེས་བྱ་བ་མི་སྐྱེ་བ་དེ་སྲིད་དུ། འབྲུ་ལ་སོགས་པ་འདི་དག་རྐྱེན་མ་ཡིན་པར་ཡང་ཇི་ལྟར་མི་འགྱུར་ཏེ། རྐྱེན་མ་ཡིན་པ་ཁོ་ནར་འགྱུར་བས། དོན་དམ་པར་དེ་དག་ལས་སྐྱེ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་འདི་དག་ལ་རྐྱེན་ཉིད་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། ཇི་སྲིད་དུ་འབྲས་བུ་མི་སྐྱེ་བ་དེ་སྲིད་དུ་འབྲུ་ལ་སོགས་པ་འདི་དག་ལ་རྐྱེན་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ ། །དོན་དེ་གསལ་བར་བྱ་བའི་ཕྱིར། འཇིག་རྟེན་ལ་གྲགས་པའི་ཁུངས་དཔེར་བསྟན་པའི་ཕྱིར། དཔེར་ན་ཇི་སྲིད་དུ་མི་ཀློག་བ་དེ་སྲིད་དུ་མཁས་པ་མ་ཡིན་པར་ཇི་ལྟར་མི་འགྱུར་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཇི་སྲིད་དུ་ཁྱོད་ཉིད་ཀློག་པ་ལ་སོགས་པ་ཤེས་པའི་ཤུགས་ཀྱིས་འདུ་བྱེད་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་མཁས་པ་མ་ཡིན་པ་བླུན་པོ་ཁོ་ནར་འགྱུར་བ་དེ་བཞིན་དུ། འདིར་ཡང་འབྲུ་ལ་སོགས་པ་རྐྱེན་རྣམས་ཇི་སྲིད་དུ་འབྲས་བུ་མྱུ་གུ་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་རྐྱེན་མ་ཡིན་པ་ཁོ་ནར་འགྱུར་བས་དེ་དག་ལ་སྐྱེན་བ་མེད་དོ། །ཅི་སྟེ་འདི་སྐད་ཅེས་ཁོ་བོ་ཅག་འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་རྣམས་རྐྱེན་ཉིད་དུ་ཁས་མི་ལེན་པས་དེའི་ཕྱིར་མི་གནོད་དོ་ཞེ་ན་ཞེས་བྱ་བ་ནི། ཇི་སྟེ་མདོ་སྡེ་པ་དག་འདི་


DTG099_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་དབུ་མ་པས་ཇི་སྐད་དུ། ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །ཞེས་བྱ་བས་འབྲས་བུ་ཇི་སྲིད་དུ་མི་སྐྱེ་བ་དེ་སྲིད་དུ་འབྲུ་ལ་སོགས་པ་འདི་དག་རྐྱེན་མ་ཡིན་པར་ཡང་ཇི་ལྟར་མི་འགྱུར་ཏེ། འདི་དག་རྐྱེན་ཉིད་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་གང་སྨྲས་པ་དེས་ནི་ཁོ་བོ་ཅག་ལ་སུན་ཕྱུང་བ་ཅི་ཡང་མེད་དེ། ཁོ་བོ་ཅག་ནི་འབྲས་བུ་མྱུ་གུ་སྐྱེ་བའི་སྔོན་རོལ་ན་འབྲུ་ལ་སོགས་པའི་རྐྱེན་རྣམས་རྐྱེན་ཉིད་ཡིན་པར་ཁས་མི་ལེན་གྱི། གང་གི་ཚེ་འབྲས་བུ་སྐྱེ་བའི་དུས་ན་དེ་དག་རྐྱེན་ཉིད་ཡིན་པར་འདོད་པས་དེའི་ཕྱིར་ཁྱོད་ཀྱི་སུན་འབྱིན་པ་དེ་ཁོ་བོ་ཅག་ལ་མི་གནོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མི་གནོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་སྡེ་པ་ན་རེ་སུན་འབྱིན་པ་དེ་ཁོ་བོའི་ཕྱོགས་ལ་མི་གནོད་ཅེས་ཟེར་བ་དེ་མི་གནོད་པ་མ་ཡིན་ཏེ། དགག་པ་གཉིས་ཡོད་ན་སྐབས་ཀྱི་དོན་གོ་བར་འགྱུར་བས་འདི་ལྟར་དེ་ནི་ཁྱོད་ཀྱི་ཕྱོགས་ལ་གནོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། །ཇི་ལྟ་ཞེ་ན། གང་གི་ཕྱིར་འདིར་རྐྱེན་རྣམས་འབྲས་བུ་སྐྱེ་བའི་སྔོན་རོལ་ཏུ་རྐྱེན་མ་ཡིན་པ་ཉིད་དུ་བསྟན་པས་འབྲས་བུ་སྐྱེ་བའི་དུས་ན་ཡང་རྐྱེན་མ་ཡིན་པ་ཉིད་དུ་བསྟན་བཅོས་མཛད་པས་སྟོན་པར་བཞེད་དོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཁྱོད་ཀྱིས་འདིར་འབྲུ་ལ་སོགས་པ་རྐྱེན་རྣམས་འབྲས་བུ་མྱུ་གུ་སྐྱེ་བའི་སྔོན་རོལ་དུ་རྐྱེན་མ་ཡིན་པ་ཉིད་དུ་བསྟན་པར་བྱས་པས་དེའི་ཡོན་ཏན་ནི་འདི་ཡིན་ཏེ། འབྲས་བུ་སྐྱེ་བའི་དུས་ན་ཡང་དེ་དག་རྐྱེན་མ་ཡིན་པ་ཉིད་དུ་སྟོན་པར་འདོད་པ་ཡིན་ནོ། །བསྟན་བཅོས་མཛད་པས་སྟོན་པར་བཞེད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། རྐྱེན་གང་དག་ལ་འབྲས་བུ་སྐྱེ་བའི་སྔོན་རོལ་ན་རྐྱེན་ཉིད་མེད་པ་དེ་དག་ལ་ནི་འབྲས་བུ་སྐྱེ་བའི་དུས་ན་ཡང་རྐྱེན་མེད་པར་བསྟན་བཅོས་མཛད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དེ་ལྟར་སྟོན་པར་བཞེད་ཅིང་དེ་ལྟར་སྒྲུབ་པར་དགོངས་སོ། །དེའི་ཕྱིར་ཇི་ལྟ་ཞེ་ན། དོན་དམ་པར་འབྲུ་ལ་སོགས་པ་ནི་མྱུ་གུ་སྐྱེ་བའི་དུས་ན་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ཏེ་དེ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་སྐད་ཅིག་སྔ་མ་ལ་དེ་དག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ་འདིར་ཡང་འབྲུ་ལ་སོགས་པ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། །མྱུ་གུ་སྐྱེ་བའི་དུས་ན་


DTG099_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་སྐད་ཅིག་སྔ་མ་ལ་དེ་དག་ཉིད་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་རོ། །འདི་སྐད་བསྟན་ཏེ། མདོ་སྡེ་པས་བསམས་པའི་འབྲུ་ལ་སོགས་པ་ནི་མྱུ་གུ་སྐྱེ་བའི་དུས་ན་དོན་དམ་པར་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ཏེ། འདི་ལྟར་འབྲུ་ལ་སོགས་པ་དག་ལ་དཔྱད་ན་མྱུ་གུ་མི་སྣང་བས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ་མྱུ་གུ་གང་ཡིན་པ་དེ་ཉིད་འབྲུ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུར་དེ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ལ། འབྲུ་ལ་སོགས་པ་ལས་མྱུ་གུ་སྐྱེ་བས་འབྲུ་ལ་སོགས་པ་ལས་མྱུ་གུ་གཞན་མ་ཡིན་པས་གཞན་ཉིད་བརྗོད་པར་བྱ་བ་ཡང་མ་ཡིན་པའི་ཕྱིར། དེ་ཉིད་དང་གཞན་ཉིད་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །དཔེར་ན་སྐད་ཅིག་སྔ་མ་ལ་དེ་དག་ཉིད་བཞིན་ནོ་ཞེས་བྱ་བ་ནི་འབྲས་བུ་མ་སྐྱེས་པའི་སྐད་ཅིག་སྔ་མ་ལ་འབྲུ་ལ་སོགས་པ་དེ་དག་ཉིད་བཞིན་ཏེ། དཔེར་ན་འབྲས་བུ་མ་སྐྱེས་པའི་སྐད་ཅིག་སྔ་མ་ལ་འབྲུ་ལ་སོགས་པ་དེ་དག་ཉིད་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་འབྲས་བུ་སྐྱེ་བའི་དུས་ན་ཡང་འབྲུ་ལ་སོགས་པ་དེ་དག་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་དངོས་པོ་རྣམས་བདག་དང་གཞན་དང་གཉིས་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་དེ་ལ། གང་དག་འདི་སྐད་ཅེས་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉིས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། བརྗོད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་དེ་དག་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་དག་ཀྱང་དེ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བ་ལ། འདིས་ནི་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་གཉིས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཀྱི་གཏན་ཚིགས་ཀྱི་སྔར་བསྟན་པ་འདིས་ནིའོ། །འདིས་ཅི་ཞིག་དགག་པར་བྱ་ཞེ་ན། དབུ་མ་པས་སྔར་བསྒྲུབས་པ་དེ་དག་ལ་གང་དག་སྐྱེ་བ་སྒྲུབ་པའི་ཕྱིར་དབུ་མ་པའི་སྒྲུབ་པ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ཀྱང་དེ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དབུ་མ་པས་སྔར་བསྒྲུབས་པ་དེ་ཡང་མ་ཡིན་པ་དེའི་ཕྱིར་དངོས་པོ་རྣམས་


DTG099_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཞན་དང་གཉིས་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་དེ་ལ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་སྔར་དངོས་པོ་རྣམས་སྐྱེ་བ་མེད་པར་དམ་བཅས་པའི་སྤྱི་བཀོད་པའི་སྐབས་སུ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་དང་གཞན་ལས་སྐྱེ་བ་མེད་པ་དང༌། གཉིས་ལས་སྐྱེ་བ་མེད་དོ་ཞེས་བསྒྲུབས་པ་དེ་ལའོ། །དེ་ལ་གང་དག་སྐྱེ་བ་སྒྲུབ་པ་དག་ཇི་སྐད་ཟེར་ཞེ་ན། དེའི་ཕྱིར་གང་དག་འདི་སྐད་ཅེས་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉིས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། བརྗོད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་དེ་དག་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། གང་དག་སྐྱེ་བ་སྒྲུབ་པའི་ཕྱིར་དབུ་མ་པ་ལ་འདི་སྐད་ཅེས། གལ་ཏེ་འབྲས་བུ་མིག་ལ་སོགས་པའམ་མྱུ་གུ་ལ་སོགས་པ་དང༌། རྒྱུ་མེར་མེར་པོ་ལ་སོགས་པའམ་ས་བོན་ལ་སོགས་པ་དག་གཅིག་པ་ཉིད་ཡིན་པར་འགྱུར་ན་ནི་དེས་ན་བདག་ལས་སྐྱེ་བར་འགྱུར་ལ། འོན་ཏེ་གཞན་ཡིན་པར་གྱུར་ན་ནི་དེས་ན་གཞན་ལས་སྐྱེ་བར་འགྱུར་རོ། །འོན་ཏེ་འབྲས་བུ་དང་རྒྱུ་གཉིས་གཅིག་པ་ཉིད་དང་ཐ་དད་པ་ཉིད་ཡིན་པར་གྱུར་ན་ནི་ངེས་ན་གཉིས་ལས་སྐྱེ་བར་འགྱུར་བས་དེའི་ཕྱིར་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་དང་གཞན་ལས་སྐྱེ་བ་མེད་པ་དང༌། གཉིས་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འབྲས་བུ་དང་རྒྱུ་གཉིས་ཀྱང་དེ་ཉིད་དང་གཞན་ཉིད་གཉི་གར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ཉིད་དང་གཞན་ཉིད་དང་གཉི་གར་བརྗོད་པར་བྱ་བ་མ་ཡིན་དུ་ཟིན་ཀྱང་རྐྱེན་མེར་མེར་པོ་ལ་སོགས་པ་དང་ས་བོན་ལ་སོགས་པ་དེ་དག་གི་འབྲས་བུ་མིག་ལ་སོགས་པ་དང༌། མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཀྱང་དེ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། མདོ་སྡེ་པ་དག་རྐྱེན་མེར་མེར་པོ་དང་འབྲུ་ལ་སོགས་པ་དག་འབྲས་བུ་སྐྱེ་བའི་གནས་སྐབས་ན་རྐྱེན་དེ་དག་ཁས་ལེན་པ་དེ་ནི་དོན་དམ་པར་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་ནི་མིག་ལ་སོགས་པ་དང༌། མྱུ་གུ་སྐྱེ་བའི་དུས་ན་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་སྐད་ཅིག་སྔ་མ་ལ་དེ་དག་ཉིད་བཞིན་ནོ་ཞེས་བྱ་བ་འདིས་དེ་དག་ཀྱང་དེ་


DTG099_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དགག་པར་བྱའོ། །སྐྱེ་བར་སྨྲ་བ་དག་ལ་ཡང་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་དེ་ལྟར་བཀག་ཀྱང་སྐྱེ་བར་སྨྲ་བ་དག་ཀྱང་སྐྱེ་བར་སྒྲུབ་པའི་ཕྱིར་རྐྱེན་རྣམས་འབྲས་བུ་སྐྱེད་པ་ཁོ་ན་ཡིན་ནོ་ཞེས་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པ་ཡིན་ནོ། །དོན་དམ་པར་དེ་དག་གི་སྐྱེ་བ་རྣམས་ནི་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ་རྐྱེན་ཡིན་པའི་ཕྱིར། དཔེར་ན་འབྲུ་ལ་སོགས་པས་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་འདི་ལ་བསམ་པ་གང་ཡིན་ཞེ་ན། རྐྱེན་དེ་དག་ལ་བྱ་བ་དང་ལྡན་པ་ཉིད་མ་གྲུབ་པས་བྱ་བ་དང་ལྡན་པ་ལས་སྐྱེ་བ་མེད་དུ་ཟིན་ཀྱང༌། རྐྱེན་ཉིད་ཡོད་པས་རྐྱེན་ལས་སྐྱེ་བ་ཁོ་ནར་འགྱུར་རོ་སྙམ་ནས་འདིར་ཡང་རྣམ་པ་གཞན་གྱིས་སྐྱེ་བ་སྒྲུབ་པར་བྱེད་དོ། །འདིར་ཡང་དེ་དག་གི་རྐྱེན་རྣམས་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། མིག་ལ་སོགས་པ་དེ་དག་གི་རྐྱེན་ལས་དང་ཉོན་མོངས་པ་དང་མེར་མེར་པོ་ལ་སོགས་པ་རྣམས་སོ། །ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། དེ་དག་གི་རྐྱེན་ཆོས་ཅན་རྣམས་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་ཁོ་ན་ཡིན་པའི་ཆོས་ཁྱད་པར་ཅན་བསྒྲུབ་པར་བྱ་བའོ། །རྐྱེན་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། དེ་དག་ལ་བྱ་བ་དང་ལྡན་པ་ཉིད་མ་གྲུབ་ཀྱང་རྐྱེན་ཉིད་ཡིན་པའི་ཕྱིར་རྐྱེན་ལས་སྐྱེ་བ་ཁོ་ནར་འགྱུར་རོ་སྙམ་དུ་བསམས་སོ། །དཔེར་ན་འབྲུ་ལ་སོགས་པས་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་འབྲུ་ལ་སོགས་པ་ཡང་རྐྱེན་ཡིན་པའི་ཕྱིར་མྱུ་གུ་སྐྱེད་པར་བྱེད་པ་དེ་བཞིན་དུ་ལས་དང་ཉོན་མོངས་པ་དང་མེར་མེར་པོ་ལ་སོགས་པ་ཡང་རྐྱེན་ཡིན་པའི་ཕྱིར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བ་བསྟན་ནས། ད་ནི་ལྡོག་པ་བསྟན་པའི་ཕྱིར་གང་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལ་ནི་རྐྱེན་ཉིད་མེད་དེ། དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། རི་བོང་གི་རྭ་ནི་མེད་པའི་ཕྱིར་དེ་ལ་རྐྱེན་ཉིད་མེད་དོ། །རྐྱེན་ཉིད་མེད་པའི་ཕྱིར་སྐྱེད་པར་བྱེད་པ་ཡང་མ་ཡིན་ནོ། །མེར་མེར་པོ་ལ་སོགས་པ་ལ་ནི་རྐྱེན་ཉིད་མེད་པ་མ་ཡིན་ཏེ་ཡོད་པས་དེའི་ཕྱིར་དེ་དག་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་


DTG099_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྐྱེན་ཉིད་ཀྱི་གཏན་ཚིགས་དེ་སུན་དབྱུང་བའི་ཕྱིར། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་ཚིག་ལེའུར་བྱས་པ་འོག་མ་དག་སྦྱོར་བར་བྱེད་དོ། །འདི་ལ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །གལ་ཏེ་དོན་དམ་པར་རྐྱེན་ཞིག་ཡིན་པར་གྱུར་ན་ཞེས་བྱ་བ་ནི་གལ་ཏེ་དོན་དམ་པར་ལས་དང་ཉོན་མོངས་པ་དང་མེར་མེར་པོ་ལ་སོགས་པ་དག་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་ཞིག་ཡིན་པར་གྱུར་ནའོ། །ཡོད་པའམ་མེད་པ་ཞིག་གི་ཡིན་གྲང་ན་ཞེས་བྱ་བ་ནི་འབྲས་བུ་ཡོད་པའམ་མེད་པ་ཞིག་གི་རྐྱེན་ཡིན་གྲང་ན་ཞེས་གལ་གཉིས་སུ་བརྟག་པ་ཡིན་ནོ། །དེ་དག་གཉི་གའི་ཡིན་པར་ཡང་རིགས་པས་མི་རུང་སྟེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། འབྲས་བུ་ཡོད་པ་ལ་ནི་རྐྱེན་མི་དགོས་ལ། འབྲས་བུ་མེད་ན་ནི་གང་གི་རྐྱེན་དུ་ཡང་མི་འགྱུར་བས་རིགས་པ་དེ་ཉིད་ཀྱིས་བརྟགས་ན་རྐྱེན་ཉིད་དུ་བརྟགས་པའི་གཏན་ཚིགས་མི་རུང་བས་རྐྱེན་ལས་སྐྱེ་བ་མེད་དོ་ཞེས་སྟོན་ཏོ། །དེའི་ཕྱིར། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་གསུངས་ཏེ་ཞེས་བྱ་བ་ནི་དེ་གཉི་གའི་ཡིན་པར་ཡང་རིགས་བས་མི་རུང་བ་ནི་བསྟན་པའི་ཕྱིར། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་འདི་གསུངས་ཏེ་ཞེས་བྱ་བར་སྦྱར་རོ། །འདིར་ནི་དམ་བཅས་པ་གཉིས་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ། འབྲས་བུ་མེད་པའི་རྐྱེན་ཉིད་དུ་མི་རུང་བ་ནི་དམ་བཅས་པ་གཉིས་ཡིན་ནོ། །འབྲས་བུ་ཡོད་པའི་རྐྱེན་དུ་མི་རུང་བ་ནི་དམ་བཅས་པ་གཉིས་པ་ཡིན་ཏེ། ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་དམ་བཅས་པ་དེ་གཉིས་བསྟན་པ། ཚིག་ལེའུར་བྱས་པ་ཕྱེད་འོག་མས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་མེད་པའི་རྐྱེན་དུ་ཇི་ལྟར་མི་རུང་བ་དེ་སྟོན་པ་ནི། མེད་པ་གང་གི་རྐྱེན་ཅེས་བྱ། །ཞེས་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་བ་གཉིས་བསྟན་པ་དེ་ལ་འབྲས་བུ་མེད་པའི་རྐྱེན་དུ་མེར་མེར་པོ་ལ་སོགས་པ་ཇི་ལྟར་མི་རུང་བ་དེ་སྟོན་པ་ནི་ཚིག་ལེའུར་བྱས་པའི་རྩ་བ་གསུམ་པ་འདི་ཡིན་ནོ། །འདི་ན་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་གང་གི་རྐྱེན་མ་ལུ་ཏའི་ལྕུག་མ་དག་ཡིན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། འཇིག་རྟེན་འདི་ན་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་མེད་པ་གང་གི་རྐྱེན་ཤིང་མ་ལུ་ཏའི་ལྕུག་མ་དག་ཡིན་པར་


DTG099_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་སྟེ། གང་གི་རྐྱེན་ཀྱང་མ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལྟར་འབྲས་བུའི་རང་གི་ངོ་བོ་ཉིད་མཐོང་ནས་དེ་སྐྱེ་བ་ལ་རྐྱེན་ཅེས་བྱ་ན། གང་གི་ཚེ་རྐྱེན་རྣམས་ལ་འབྲས་བུ་རང་གི་ངོ་བོ་ཉིད་མེད་པ་དེའི་ཚེ་ན་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་དག་ཇི་ལྟར་རྐྱེན་གྱི་ཐ་སྙད་དུ་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་དེ་དག་ནི་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་གང་གི་རྐྱེན་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། མ་ལུ་ཏའི་ལྕུག་མ་དེ་དག་ནི་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་མེད་པ་གང་གི་རྐྱེན་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ཆོས་མཐུན་པའི་དཔེས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། མེད་ན་གང་གི་རྐྱེན་ཞེས་བྱ། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་དེས། དཔེར་ན་འཇིག་རྟེན་འདི་ན་ནམ་མཁའ་མེ་ཏོག་དང་རི་བོང་གི་རྭ་མེད་པ་གང་གི་རྐྱེན་མ་ལུ་ཏའི་ལྕུག་མ་དག་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་མེད་པ་གང་གི་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་ནམ་མཁའི་མེ་ཏོག་དང་རི་བོང་གི་རྭ་གང་གི་རྐྱེན་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་དཔེ་བསྟན་པ་དེ་ནི་འབྲས་བུ་མིག་ལ་སོགས་པ་དང༌། མྱུ་གུ་མེད་པ་གང་གི་རྐྱེན་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་དག་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་མིག་ལ་སོགས་པ་དང་མྱུ་གུ་མེད་པ་གང་གི་རྐྱེན་ཀྱང་མ་ཡིན་ནོ་ཞེས་བྱ་བར་དགོངས་པའི་དོན་དེའི་ཆོས་མཐུན་པའི་དཔེ་བསྟན་པ་ཡིན་ནོ། །འབྲས་བུ་མེད་ན་རྐྱེན་གྱི་ཆོས་ནི་འབྲས་བུ་མེད་པ་ཉིད་ཡིན་ལ། འབྲས་བུའི་ཆོས་ཀྱང་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེས་མཚོན་པའི་དོན་བསྟན་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དེ་ལྟར་ན་གང་གི་ཚེ་འབྲས་བུ་མེད་པ་དེའི་ཚེ་ན་རྐྱེན་རྣམས་ལ་ནི་འབྲས་བུ་མེད་པ་ཉིད་ཅེས་བྱ་བའི་ཆོས་ཡོད་ལ། འབྲས་བུ་ལ་ཡང་རང་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བའི་ཆོས་ཡོད་པ་ཡིན་པས་དེའི་ཕྱིར་འབྲས་བུ་མེད་ན་རྒྱུར་ཡང་གང་ཡང་མི་འགྱུར་ལ། འབྲས་བུ་ཡང་གང་ཡང་མི་འགྱུར་བར་གོ་རིམས་བཞིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། སློབ་དཔོན་ཉིད་ཀྱིས། །མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་ཕྱོགས་ཀྱི་ཆོས་དང་ལྡན་པའི་དམ་བཅས་པ་གཉིས་བསྟན་པ་དེ་ལ་སྒྲུབ་པ་དང་དཔེ་ཡང་གོ་རིམས་བཞིན་དུ། མེད་ན་གང་


DTG099_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྐྱེན་ཅེས་བྱ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བའི་རྩ་བ་གཉིས་ཀྱིས་སྟོན་པ་ལས། འདིར་ཇེ་དང་པོར་མེད་ན་གང་གི་རྐྱེན་ཅེས་བྱ་ཞེས་བྱ་བའི་སྒྲུབ་པ་སྔ་མ་ཤོས་ལ་རྒྱུ་དགག་པ་དང་འབྲས་བུ་དགག་པའི་རྗེས་སུ་དཔག་པ་གཉིས་གོ་རིམས་བཞིན་དུ་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་འབྲུ་ལ་སོགས་པ་ལ་རྐྱེན་གྱི་ངོ་བོ་ཉིད་མེད་དེ་དེ་དག་གི་འབྲས་བུ་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་འབྲུ་ལ་སོགས་པ་ལ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། རྐྱེན་གྱི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེ་དག་གི་འབྲས་བུ་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ནམ་མཁའི་མེ་ཏོག་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་དོན་དམ་པར་འབྲས་བུ་ནམ་མཁའི་མེ་ཏོག་མེད་པའི་ཕྱིར་ནམ་མཁའ་ལ་རྐྱེན་གྱི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་དོན་དམ་པར་འབྲས་བུ་མྱུ་གུ་མེད་པའི་ཕྱིར། འབྲུ་ལ་སོགས་པ་ལ་ཡང་རྐྱེན་གྱི་ངོ་བོ་ཉིད་མེད་དེ་དེ་ནི་རེ་ཞིག་རྒྱུ་དགག་པ་ཡིན་ནོ། །ཇི་ལྟར་རྒྱུ་དགག་པ་དེ་བཞིན་དུ་འབྲས་བུ་ཡང་དགག་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་འབྲུ་ལ་སོགས་པ་ཡང་མྱུ་གུའི་རྐྱེན་མ་ཡིན་ཏེ་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་འབྲུ་ལ་སོགས་པ་ཡང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། མྱུ་གུའི་རྐྱེན་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་དོན་དམ་པར་འབྲས་བུ་ནམ་མཁའི་མེ་ཏོག་མེད་པའི་ཕྱིར་ནམ་མཁའ་ཡང༌། ནམ་མཁའི་མེ་ཏོག་གི་རྐྱེན་མ་ཡིན་པ་དེ་བཞིན་དུ་དོན་དམ་པར་འབྲས་བུ་མྱུ་གུ་མེད་པའི་ཕྱིར་འབྲུ་ལ་སོགས་པ་ཡང་མྱུ་གུའི་རྐྱེན་མ་ཡིན་ཏེ་དེ་ནི་འབྲས་བུ་དགག་པ་ཡིན་ནོ།། །།བམ་པོ་བཅུ་དགུ་པ། ཡང་ན་གང་དག་འདི་སྐད་ཅེས་མེད་པར་སྐྱེ་བར་མི་འདོད་ཀྱི། སྐྱེ་བ་ཅན་ནི་སྐྱེ་བར་འདོད་དེ་སྔ་ན་མེད་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་གི་ཕྱིར། མེད་ན་གང་གི་རྐྱེན་ཞེས་བྱ། །ཞེས་གསུངས་ཏེ་ཞེས་བྱ་བ་ནི། མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་


DTG099_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་འདི་ནི་ཡང་ན་སྐྱེ་བར་སྨྲ་བ་གང་དག་འདི་སྐད་ཅེས་ནམ་མཁའི་མེ་ཏོག་ལྟ་བུར་གཏན་མེད་པ་ནི་སྐྱེ་བར་མི་འདོད་ཀྱི། མྱུ་གུ་ལྟ་བུ་སྐྱེ་བ་ཅན་སྔ་ན་མེད་པ་ནི་སྐྱེ་བར་འདོད་པས་དེའི་ཕྱིར་ཁྱེད་ཀྱི་མྱུ་གུ་མི་སྐྱེ་བའི་དཔེ་ནམ་མཁའི་མེ་ཏོག་ལ་སོགས་པ་དེ་དཔེ་སྒྲུབ་པའི་ཆོས་དང་མི་ལྡན་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ་ཞེས་ཟེར་བ་དེ་དག་གི་ཕྱིར་གསུངས་པ་ཡིན་པར་སྦྱར་རོ། །འདི་སྐད་བསྟན་ཏེ་མེད་པ་སྤྱི་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་དུ་མྱུ་གུ་ཡང་སྐྱེ་བ་མེད་དོ་ཞེས་གང་སྨྲས་པ་དེ་མི་རུང་སྟེ། འདི་ལྟར་ནམ་མཁའི་མེ་ཏོག་ནི་སྐྱེ་བ་མེད་པ་ཅན་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་མེད་པ་ཁོ་ན་ཡིན་གྱི། མྱུ་གུ་ནི་སྐྱེ་བ་ཅན་ཡིན་པའི་ཕྱིར་སྔོན་གྱི་གནས་སྐབས་ན་མེད་པ་ཁོ་ནར་ཟད་ཀྱི་སྐྱེས་ནས་ཡང་ཡོད་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་ཕྱིར། མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་བྱ་བ་འདི་གསུངས་ཏེ། དེ་ལྟར་ན་ཁྱེད་ཀྱི་སྒྲུབ་པ་དེ་ནི་ཁྱེད་ཉིད་ཀྱིས་བྱས་པ་ཉིད་སྤྱི་ཡིན་པའི་ཕྱིར་བུམ་པ་བཞིན་དུ་སྒྲ་མི་རྟག་པ་ཡིན་པར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། བུམ་པ་ནི་སོ་མ་བཏང་བ་ཉིད་དང་གཟུགས་ཅན་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པས་མི་རྟག་པ་ཉིད་ཡིན་གྱི། སྒྲ་ནི་དེ་ལྟ་བུ་མ་ཡིན་པས་དེའི་ཕྱིར་བུམ་པ་འབའ་ཞིག་མི་རྟག་པར་འགྱུར་གྱི། སྒྲ་ནི་མི་འགྱུར་རོ་ཞེས་སྨྲས་པ་ཉིད་ཀྱིས་སུན་ཕྱུང་བ་ཡིན་ནོ། །འདིར་རྣམ་པར་བརྟག་པའི་སྤྱི་མཐུན་པས་གང་གི་ཕྱིར་འདིར་མེད་པ་སྤྱི་གཏན་ཚིགས་སུ་བསྟན་པའི་ཕྱིར་དེ་ནི་སུན་འབྱིན་པ་མ་ཡིན་ཏེ། དེ་ལྟར་ཡང་དེ་དག་གང་ཁོ་ན་མེད་པར་འདོད་པ་དེ་ཉིད་ཀྱིས་འདིར་སྐྱེ་བ་མེད་པར་སྒྲུབ་པར་བྱེད་དོ། །དེའི་ཕྱིར་འགྲེལ་པ་བྱེད་པས། མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་བྱ་བ་ཚིག་ལེའུར་བྱས་པའི་རྩ་བ་འདིས་སུན་འབྱིན་པ་དེ་གསལ་དང༌། དེ་ཁོ་ན་མ་ཡིན་གྱི་སུན་འབྱིན་པ་ལྟར་སྣང་བ་ཡིན་པར་སྟོན་ཏོ། །སྐྱེ་བའི་སྔོན་རོལ་ན་མེད་པའི་མཚན་ཉིད་ཀྱིས་བུམ་པ་དང་སྣམ་བུ་དང་ས་བ་མ་ལ་སོགས་པ་མེད་པ་ཉིད་མ་ཡིན་ན་ཡང་མེད་པ་གང་གི་རྐྱེན་དུ་འབྲུ་ལ་སོགས་པ་འདོད་དེ་གང་གིར་ཡང་མི་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ལ། སྐྱེ་བའི་སྔོན་རོལ་ན་མེད་པ་ཞེས་བྱ་བ་ནི་སྐྱེ་བའི་སྔ་རོལ་དང་སྐྱེ་བའི་མདུན་རོལ་ན་མེད་པའོ། །སྐྱེ་བའི་སྔོན་རོལ་ན་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་མེད་པ་གང་གི་མཚན་


DTG099_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྐྱེ་བའི་མདུན་རོལ་ན་མེད་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་མེད་པའི་མཚན་ཉིད་དོ། །སྐྱེ་བའི་སྔོན་རོལ་ན་མེད་པའི་མཚན་ཉིད་དེས་བུམ་པ་དང་སབ་མ་ལ་སོགས་པ་ད་དུང་མ་སྐྱེས་པས་མེད་པ་ཉིད་ཡིན་ན་ཡང་བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པ་མེད་པ་གང་གི་རྐྱེན་དུ་འབྲུ་ལ་སོགས་པ་དང་མེར་མེར་པོ་ལ་སོགས་པ་འདོད་དེ་མེད་པ་གང་གི་རྐྱེན་དུ་ཡང་འབྲུ་ལ་སོགས་པ་མི་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །འདི་སྐད་བསྟན་ཏེ། ཁྱོད་ནམ་མཁའི་མེ་ཏོག་ནི་སྐྱེ་བ་མེད་པ་ཅན་ཡིན་པའི་ཕྱིར་གཏན་མེད་པ་ཡིན་པས་དཔེའི་གཏན་ཚིགས་སུ་མི་འདོད་ལ། བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པ་ནི་སྐྱེ་བ་ཅན་ཡིན་པའི་ཕྱིར་སྔ་ན་མེད་པ་ཡིན་པས་དཔེའི་གཏན་ཚིགས་སུ་འདོད་ན་དེ་ལྟ་ན་ཡང་སྔ་ན་མེད་པའི་མཚན་ཉིད་ཀྱི་བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པ་མེད་པ་ཉིད་ཡིན་ན་བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པ་སྔ་ན་མེད་པའི་མཚན་ཉིད་ཀྱིས་མེད་པ་གང་གི་རྐྱེན་དུ་འཇིམ་པ་དང་རྒྱུ་སྤུན་དང་རྩི་རྐྱང་ལ་སོགས་པ་འདོད་དེ། བུམ་པ་དང་སྣམ་བུ་དང་སབ་མ་ལ་སོགས་པ་མེད་པ་གང་གི་རྐྱེན་དུ་ཡང་འཇིམ་པ་དང་རྒྱུ་སྤུན་དང་རྩི་རྐྱང་ལ་སོགས་པ་མི་འགྱུར་བ་དེ་བཞིན་དུ། མིག་ལ་སོགས་པ་དང་མྱུ་གུ་ཡང་སྔ་ན་མེད་པའི་མཚན་ཉིད་ཡིན་ན་མིག་ལ་སོགས་པ་དང་མྱུ་གུ་སྔ་ན་མེད་པའི་མཚན་ཉིད་ཀྱི་མེད་པ་གང་གི་རྐྱེན་དུ་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པར་འདོད་དེ། མིག་ལ་སོགས་པ་དང་མྱུ་གུ་མེད་པ་གང་གི་རྐྱེན་དུ་ཡང་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་མི་འགྱུར་རོ། །དེ་ལྟར་ན་ཇི་ལྟར་མིག་ལ་སོགས་པ་དང་མྱུ་གུ་སྔ་ན་མེད་པའི་མཚན་ཉིད་ཀྱིས་མེད་པ་གང་གི་རྐྱེན་དུ་ཡང་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་མི་འགྱུར་བ་དེ་བཞིན་དུ་ནམ་མཁའི་མེ་ཏོག་ལ་སོགས་པ་གཏན་མེད་པའི་མཚན་ཉིད་ཀྱིས་མེད་པ་གང་གི་རྐྱེན་དུ་ཡང་ནམ་མཁའ་ལ་སོགས་པ་མི་འགྱུར་བར་འདྲ་བས་དེའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བསྟན་ཏོ། །དེའི་ཕྱིར་ཡང་ཁོང་དུ་ཆུད་པ་ཁོ་ནར་བྱེད་ནུས་ཏེ་ཞེས་བྱ་བ་ནི་དེའི་ཕྱིར་ཡང་གཏན་ཚིགས་དང་དཔེ་འདི་དག་གིས་སྐྱེ་བ་དགག་པ་ཁོང་དུ་ཆུད་པ་ཁོ་ནར་བྱེད་ནུས་པ་ཞེས་བྱ་བའི་ཐ་ཚིག་གོ །དོན་དམ་པར་འབྲུ་ལ་སོགས་པ་ནི་མྱུ་གུའི་རྐྱེན་མ་ཡིན་ཏེ་སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་དཔེར་ན་བུམ་པ་ལ་


DTG099_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་འབྲུ་ལ་སོགས་པ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། མྱུ་གུའི་རྐྱེན་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་དོན་དམ་པར་བུམ་པ་ལ་སོགས་པ་སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་མྱུ་གུའི་རྐྱེན་མ་ཡིན་པ་དེ་བཞིན་དུ་དོན་དམ་པར་འབྲུ་ལ་སོགས་པ་ཡང་སྐྱེ་བའི་སྔོན་རོལ་ན་མེད་པའི་ཕྱིར་མྱུ་གུའི་རྐྱེན་མ་ཡིན་ནོ། །ཇི་ལྟར་སྐྱེ་བའི་སྔོན་རོལ་ན་མེད་པ་མྱུ་གུའི་ཡང་ཡོད་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་ལ་ཡང་ཡོད་པར་འདྲ་བ་ལས་མྱུ་གུ་ནི་འབྲུ་ལ་སོགས་པ་ལས་སྐྱེ་བར་འདོད་ལ། བུམ་པ་ལ་སོགས་པ་ལས་སྐྱེ་བར་མི་འདོད་པ་འདི་ལ་རིགས་པ་ཅི་ཡོད། དེ་ལྟར་རེ་ཞིག་མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་དམ་བཅས་པ་དེ་བསྒྲུབས་ཟིན་ཏོ། །ད་ནི་དམ་བཅས་པ་གཉིས་པ་བསྒྲུབ་པའི་ཕྱིར་ཕྱོགས་གཉིས་པ་ལ་ཡང་ཞེས་བྱ་བ་སྨྲས་སོ། །དེ་ལ་ཡོད་པའི་རྐྱེན་དུ་ཇི་ལྟར་མི་རུང་བ་དེ་སྟོན་པ་ནི། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཡོད་ན་ཡང་མྱུ་གུ་རང་གི་བདག་ཉིད་ཀྱི་ཡོད་པ་ལ་ནི་ཐ་སྙད་དུ་ཡང་འབྲུ་ལ་སོགས་པ་རྐྱེན་ཡིན་པར་མི་འདོད་དེ་བསྐྱེད་པའི་བྱ་བ་ལ་མི་ལྟོས་པའི་ཕྱིར། དཔེར་ན་སྐྱེས་པ་དེ་ཉིད་དམ་བུམ་པ་ལ་སོགས་པ་གཞན་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་མྱུ་གུ་བདག་ཉིད་ཀྱིས་ཡོད་པ་ལ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། ཐ་སྙད་དུ་ཡང་འབྲུ་ལ་སོགས་པའི་རྐྱེན་ཡིན་པར་མི་འདོད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ལ། བསྐྱེད་པའི་བྱ་བ་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་སྐྱེས་པ་དེ་ཉིད་དམ་བུམ་པ་ལ་སོགས་པ་གཞན་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་མྱུ་གུ་སྐྱེས་པ་ཉིད་དམ་བུམ་པ་ལ་སོགས་པ་སྐྱེས་པ་གཞན་དག་རང་གི་བདག་ཉིད་ཀྱིས་ཡོད་པ་ནི་བསྐྱེད་པའི་བྱ་བ་ལ་མི་ལྟོས་པའི་ཕྱིར། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་འབྲུ་ལ་སོགས་པ་དེའི་རྐྱེན་ཡིན་པར་མི་འདོད་པ་དེ་བཞིན་དུ་མྱུ་གུ་རང་གི་བདག་ཉིད་ཀྱིས་ཡོད་པ་ཡང་བསྐྱེད་པའི་བྱ་བ་ལ་མི་ལྟོས་པའི་ཕྱིར། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་འབྲུ་ལ་སོགས་པ་དེའི་རྐྱེན་ཡིན་པར་མི་འདོད་དོ་ཞེས་བྱ་བར་དགོངས་


DTG099_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་བྱ་བ་ནི། མདོ་མཛད་པའི་དགོངས་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་གང་གསུངས་པ་དེས་གང་གི་ཕྱིར་མྱུ་གུ་ཡོད་པ་དང་མེད་པའི་རྐྱེན་དུ་འབྲུ་ལ་སོགས་པ་མི་རུང་བ་དེའི་ཕྱིར། སྐྱེ་བར་སྨྲ་བ་དག་གི་གཏན་ཚིགས་ཀྱི་དོན་དམ་པར་དེ་དག་གི་རྐྱེན་རྣམས་ནི། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་ཁོ་ན་ཡིན་ཏེ། རྐྱེན་ཡིན་པའི་ཕྱིར། དཔེར་ན་འབྲུ་ལ་སོགས་པ་མྱུ་གུ་སྐྱེད་པར་བྱེད་པ་བཞིན་ནོ། །གང་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ནི་རྐྱེན་ཉིད་མེད་དེ། དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་ཟེར་བ་དེ་མ་གྲུབ་པ་ཉིད་ཡིན་ནོ། །གྲངས་ཅན་དག་ལས་གང་དག་ཡོད་པ་དེ་ནི་རྐྱེན་རྣམས་ཀྱིས་གསལ་བར་བྱེད་པའི་ཕྱིར་དང༌། རགས་པ་ཉིད་དུ་བྱེད་པའི་ཕྱིར། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བ་དེ་མི་རིགས་སོ་ཞེས་ཟེར་ན་ཞེས་བྱ་བ་འདིའི་བསྡུས་པའི་དོན་ནི་གྲངས་ཅན་དག་ལས་གང་དག་ནུས་པ་སྨྲ་བ་དང་གསལ་བ་སྨྲ་བ་དག་ན་རེ། མདོ་བྱེད་པས། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བ་སྨྲས་པ་དེ་ནི་མི་རིགས་པར་སྨྲས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་མུན་པའི་ནང་ན་བུམ་པ་ལ་སོགས་པ་ཡོད་མི་གསལ་བ་རྣམས་ལ་གསལ་བར་བྱེད་པའི་རྐྱེན་མར་མེ་ལ་སོགས་པ་དག་མི་དགོས་སམ་ཅི། རྒྱུ་ལས་འབྲས་བུ་ནུས་པའི་ངོ་བོ་ཉིད་དུ་ཡོད་པ་ལ་ཡང་རགས་པ་ཉིད་དུ་བྱེད་པའི་རྐྱེན་ས་དང་ཆུ་ལ་སོགས་པ་དག་མི་དགོས་སམ་ཅི། དེའི་ཕྱིར་མདོ་དེ་ནི་ཉེས་པར་སྨྲས་པ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་གི་གསལ་བ་ཡང་བསལ་ཟིན་པའི་ཕྱིར་དང༌། རགས་པ་ཉིད་ཀྱང་ཡོད་པ་དང་མེད་པ་ཉིད་ལ་ཇི་སྐད་བསྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར། དེ་ནི་གྱི་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་དེ་དག་གི་གསལ་བ་ཡང་བསྩལ་ཟིན་པའི་ཕྱིར་ཞེས་བྱ་བ་ནི་སྔར་གསལ་བ་བསྩལ་བའི་སྐབས་སུ་གྲངས་ཅན་གྱིས་བརྟགས་པའི་མི་གསལ་བ་ནི་གསལ་བར་མི་བྱེད་དེ་ཆེན་པོ་ལ་སོགས་པ་མི་གསལ་བའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ལན་དུ་མི་གསལ་བ་བསྩལ་ཟིན་པའི་ཕྱིར་རོ། །རགས་པ་ཉིད་ཀྱང་ཡོད་པ་དང་མེད་པ་ཉིད་ལ་སྔར་


DTG099_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བསྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། རེ་ཞིག་གྲངས་ཅན་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། ཅི་རགས་པ་ཉིད་ཡོད་པ་ཞིག་རྐྱེན་གྱིས་བྱེད་དམ་འོན་ཏེ་མེད་པ་ཞིག་རྐྱེན་གྱིས་བྱེད། དེ་ལ་གལ་ཏེ་རགས་པ་ཉིད་མེད་པ་ཞིག་རྐྱེན་གྱིས་བྱེད་དོ་ཞེ་ན། དེའི་ཕྱིར་སློབ་དཔོན་གྱིས། མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་གསུངས་པས་གསལ་བ་ཉིད་མེད་པ་ནམ་མཁའི་མེ་ཏོག་དང་འདྲ་བའི་རྐྱེན་དུ་མི་རིགས་སོ་ཞེས་བསྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་རགས་པ་ཉིད་ཡོད་པ་ཞིག་རྐྱེན་གྱིས་བྱེད་དོ་ཞེ་ན། དེའི་ཕྱིར་སློབ་དཔོན་གྱིས། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་གསུངས་པས་གསལ་བ་ཉིད་ཡོད་པ་ལ་ནི་ཐ་སྙད་དུ་ཡང་རྐྱེན་ཡོད་པར་མི་འདོད་དེ་བསྐྱེད་པའི་བྱ་བ་ལ་མི་ལྟོས་པའི་ཕྱིར། དཔེར་ན་སྐྱེས་པ་དེ་ཉིད་དམ་བུམ་པ་ལ་སོགས་པ་གཞན་བཞིན་ནོ་ཞེས་བསྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ནི་གྱི་ནའོ་ཞེས་བྱ་བ་ནི་དེ་ནི་མདོ་མཛད་པ་ལ་སུན་འབྱིན་པ་ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མདོ་སྡེ་པ་དག་ན་རེ། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་ནི་བདེན་ན་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། མདོ་སྡེ་པ་དག་ན་རེ། འབྲས་བུ་མེད་པའི་ཕྱོགས་དང་འབྲས་བུ་ཡོད་པའི་ཕྱོགས་ལ་ནི་འབྲུ་ལ་སོགས་པ་རྐྱེན་མེད་པས་རྐྱེན་དང་ལྡན་པ་མེད་པའི་ཕྱིར། སྐྱེད་པར་བྱེད་པ་མ་ཡིན་པ་དེའི་ཕྱིར། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བས་ཕྱོགས་དེ་གཉིས་སུན་ཕྱུང་བ་ནི་བདེན་ན། ཁོ་བོ་ཅག་གི་ཕྱོགས་ནི་ཡོད་པ་དང་མེད་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཡིན་པས་བྱེ་བྲག་པའི་ཕྱོགས་ལྟར་འབྲས་བུ་མེད་པར་སྨྲ་བ་ཡང་མ་ཡིན་ལ། གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་གི་ཕྱོགས་ལྟར་འབྲས་བུ་ཡོད་པར་སྨྲ་བ་ཡང་མ་ཡིན་པས་དེའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལ་ཁྱེད་ཀྱིས་ཇི་སྐད་སྨྲས་པའི་སྒྲུབ་པའི་གནོད་པ་མེད་དོ་ཞེས་ཟེར་བ་ཡིན་ནོ། །འོན་ཀྱང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་ན་རྐྱེན་རྣམས་གཅིག་ལ་གཅིག་ལ་གཅིག་ཕན་འདོགས་པ་ལ་བརྟེན་ནས་འབྲས་བུ་སྐྱེད་ནུས་པའི་བདག་ཉིད་ཐོབ་པ་དག་དོན་དམ་པར་རྐྱེན་ཉིད་དུ་ཁས་ལེན་པས་དེའི་ཚེ་ན་འབྲས་བུ་སྐྱེ་བཞིན་པའི་ཕྱིར་ནི་མེད་པ་མ་ཡིན་ལ། མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས་


DTG099_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མདོ་སྡེ་པ་ཉིད་ཀྱི་གཞུང་ལས་འབྲས་བུ་ནི་ཡོད་པ་དང་མེད་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པས་དེ་ལ་སྐྱོན་ཡོད་པའི་ཕྱིར་རྐྱེན་རྣམས་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ཉིད་བསྟན་པ་ཡིན་ནོ། །དེ་ལ་འོན་ཀྱང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་ན་ཞེས་བྱ་བ་ནི། འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་ད་དུང་མ་སྐྱེས་པ་སྐྱེ་བར་འདོད་པ་དག་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་ནའོ། །རྐྱེན་རྣམས་གཅིག་ལ་གཅིག་ཕན་འདོགས་པ་ལ་ཞེས་བྱ་བ་ནི་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་རྣམས་ཡུལ་དང་ཡུལ་ཅན་གྱི་དངོས་པོར་གནས་ཤིང་གཅིག་ལ་གཅིག་ཕན་འདོགས་པ་དང༌། ས་བོན་དང་ཆུ་དང་མེ་དང་རླུང་ལ་སོགས་པ་གྲོགས་བྱེད་པའི་དངོས་པོར་གནས་ཤིང་གཅིག་ལ་གཅིག་བསྟོད་པར་བྱེད་པ་ལའོ། །དེ་ལ་བརྟེན་ནས་ཞེས་བྱ་བ་ནི་གནས་ནས་སོ། །འབྲས་བུ་སྐྱེད་ཅེས་བྱ་བ་ནི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་སྐྱེས་པའོ། །ནུས་པ་ཞེས་བྱ་བ་ནི་འབྲས་བུ་དེ་དག་སྐྱེད་ནུས་པ་ཉིད་ཀྱིའོ། །བདག་ཉིད་ཐོབ་པ་དག་ཅེས་བྱ་བ་ནི་འབྲས་བུ་སྐྱེད་ནུས་པ་ཉིད་དེས་རྐྱེན་གྱི་བདག་ཉིད་ཐོབ་པ་དག་སྟེ། རྐྱེན་གང་དག་གི་རང་གི་ངོ་བོ་ཉིད་གྲུབ་པ་དེ་དག་ནི་འབྲས་བུ་སྐྱེད་ནུས་པའི་བདག་ཉིད་ཐོབ་པ་དག་གོ །དོན་དམ་པར་རྐྱེན་ཉིད་དུ་ཁས་ལེན་པས་ཞེས་བྱ་བ་ནི་དེ་ལྟར་འབྲས་བུ་སྐྱེད་ནུས་པའི་བདག་ཉིད་ཐོབ་པའི་རྐྱེན་དེ་དག་དོན་དམ་པར་ཁོ་བོ་ཅག་མདོ་སྡེ་པ་དག་རྐྱེན་ཉིད་དུ་ཁས་ལེན་པས་སོ། །དེའི་ཚེ་ན་འབྲས་བུ་སྐྱེ་བཞིན་པའི་ཕྱིར་ནི་མེད་པ་མ་ཡིན་ལ་ཞེས་བྱ་བ་ནི་གང་གི་ཕྱིར་དེའི་ཚེ་ན་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་དག་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེའི་ཕྱིར་ནི་མེད་པ་ཞེས་མི་བརྗོད་དོ། །མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས་ཞེས་བྱ་བ་ནི་དེའི་ཚེ་ན་སྐད་ཅིག་གཅིག་གིས་ཆོད་པས་དངོས་སུ་མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས་སོ། །དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྒྲུབ་པའི་གནོད་པ་མེད་དོ་ཞེས་ཟེར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གང་གི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་འབྲས་བུ་ཡོད་པ་དང་མེད་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པས། དེའི་ཕྱིར་ཁྱེད་ཀྱི་འབྲས་བུ་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལ་


DTG099_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་སྨྲས་པའི་བསྒྲུབ་པས་སྐྱོན་བརྟག་པའི་གནོད་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། བརྟག་པ་དེ་ལ་ཡང་ཞེས་བྱ་བ་ནི་མདོ་སྡེ་པ་དག་གིས་སྨྲས་པའི་འབྲས་བུ་ཡོད་པ་དང་མེད་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་བརྟག་པ་དེ་ལ་ཡང་འགྲེལ་པ་བྱེད་པས། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིས་སུན་དབྱུང་བ་སྨྲས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། མདོ་སྡེ་པས་བརྟགས་པའི་འབྲས་བུ་ཡོད་པ་དང་མེད་པ་ཉིད་གཉི་གར་ཡང་བརྗོད་པར་བྱ་བ་མ་ཡིན་པས་དེ་ལ་ཡང་རྐྱེན་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི་རྣམ་པ་གཉི་ག་མ་ཡིན་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། བརྟག་པ་འདི་ལ་ཡང་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི་རྣམ་པ་གཉི་ག་མ་ཡིན་པའི་ཕྱིར། དེས་ན་རྣམ་པ་གཉི་ག་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །དེ་ལྟར་འབྲས་བུ་ཕྱོགས་སུ་བྱ་བ་ལ་དེ་ལས་གཞན་པ་གང་ཡིན་པ་དེ་ནི་དཔེ་འགྱུར་བས་དེའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདི་ལ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་པ་གང་ཡིན་པ་དེ་ནི་མེད་པ་ཡང་མ་ཡིན་ཡོད་པ་ཡང་མ་ཡིན་པས། དོན་དམ་པར་མིག་ལ་སོགས་པ་དེ་དག་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་མ་ཡིན་པར་ཤེས་པར་བྱ་སྟེ། དེ་དག་གི་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པ་བཞིན་པས་ཞེས་བྱ་བ་ལ། འདིར་ཡང་འདི་ལ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་པ་གང་ཡིན་པ་དེ་ནི་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན་པས་ཞེས་བྱ་བ་འདི་ཉིད་ནི་ཆོས་ཅན་ཡིན་ཏེ། མདོ་སྡེ་པས་བརྟགས་པའི་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་པ་རྣམ་པ་གཉི་ག་མ་ཡིན་པ་དེ་འདིར་ཆོས་ཅན་དུ་བྱའོ། །དོན་དམ་པར་མིག་ལ་སོགས་པ་དེ་དག་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་མ་ཡིན་པར་ཤེས་


DTG099_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། དོན་དམ་པར་རྐྱེན་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དེ་དག་ལ་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང༌། མྱུ་གུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་དག་གི་རྐྱེན་གྱི་ངོ་བོ་ཉིད་མེད་ལ། དེ་བཞིན་དུ་རྐྱེན་འབྲུ་ལ་སོགས་པ་ལ་ཡང་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་དག་གི་རྐྱེན་གྱི་ངོ་བོ་ཉིད་མེད་པར་ཤེས་པར་བྱ་སྟེ་ཞེས་རྒྱུ་དགག་པ་དང༌། དོན་དམ་པར་རྐྱེན་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དེ་དག་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་དག་གི་རྐྱེན་མ་ཡིན་ལ། དེ་བཞིན་དུ་དེ་དག་གི་རྐྱེན་འབྲུ་ལ་སོགས་པ་ཡང་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེ་དག་གི་རྐྱེན་མ་ཡིན་པར་ཤེས་པར་བྱ་སྟེ་ཞེས་འབྲས་བུ་དགག་པ་བསྒྲུབ་པར་བྱའོ། །དེ་དག་གི་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། ཅིའི་ཕྱིར་རྐྱེན་མིག་ལ་སོགས་པ་དེ་དག་ལ་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་གྱི་ངོ་བོ་ཉིད་མེད་ལ། རྐྱེན་མིག་ལ་སོགས་པ་དེ་དག་ཀྱང་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་མ་ཡིན་པར་ཤེས་པར་བྱ་ཞེ་ན། རྐྱེན་དེ་དག་གི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་གཏན་ཚིགས་བསྟན་པ་ཡིན་ནོ། །དཔེར་ན་དེ་ལས་གཞན་པ་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན་ཏེ། དཔེར་ན་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་ལས་གཞན་པའི་བུམ་པ་ཡང་སྐྱེ་བཞིན་པའི་ཕྱིར་ནི་མེད་པ་མ་ཡིན་ལ་མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས། ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། རྐྱེན་མིག་ལ་སོགས་པ་དེ་དག་ལ་འབྲས་བུ་བུམ་པའི་རྐྱེན་གྱི་ངོ་བོ་ཉིད་ཀྱང་མེད་ལ། རྐྱེན་མིག་ལ་སོགས་པ་དེ་དག་འབྲས་བུ་བུམ་པའི་རྐྱེན་ཡང་མ་ཡིན་པ་དེ་བཞིན་དུ་རྐྱེན་མིག་ལ་སོགས་པ་དེ་དག་ལ་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་གྱི་ངོ་བོ་ཉིད་ཀྱང་མེད་ལ་རྐྱེན་མིག་ལ་


DTG099_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དེ་དག་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང༌། མྱུ་གུ་དེ་དག་གི་རྐྱེན་ཀྱང་མ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་དཔེར་ན་རྐྱེན་འབྲུ་ལ་སོགས་པ་དེ་དག་ལ་འབྲས་བུ་བུམ་པའི་རྐྱེན་གྱི་ངོ་བོ་ཉིད་ཀྱང་མེད་ལ། རྐྱེན་འབྲུ་ལ་སོགས་པ་དེ་དག་འབྲས་བུ་བུམ་པའི་རྐྱེན་ཀྱང་མ་ཡིན་པ་དེ་བཞིན་དུ་རྐྱེན་འབྲུ་ལ་སོགས་པ་དེ་དག་ལ་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་གྱི་ངོ་བོ་ཉིད་ཀྱང་མེད་ལ་རྐྱེན་འབྲུ་ལ་སོགས་པ་དེ་དག་འབྲས་བུ་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་དེ་དག་གི་རྐྱེན་ཀྱང་མ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་འབྲས་བུ་སྣམ་བུ་དང་སབ་མ་དང་རྐྱེན་རྒྱུ་སྤུན་དང་རྩི་རྐྱང་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདིའི་བསྡུས་པའི་དོན་ནི་དོན་དམ་པར་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་དག་མིག་གི་རྣམ་པར་ཤེས་པའི་རྐྱེན་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཏེ། ཇི་ལྟར་བུམ་པ་སྐྱེ་བཞིན་པའི་ཕྱིར་ནི་མེད་པ་མ་ཡིན་ལ། མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། མིག་ལ་སོགས་པ་དག་བུམ་པའི་རྐྱེན་མ་ཡིན་པ་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ཡང་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་རྐྱེན་དུ་མི་འགྱུར་རོ། །དེ་བཞིན་དུ་དོན་དམ་པར་འབྲུ་ལ་སོགས་པ་དག་ཀྱང་མྱུ་གུའི་རྐྱེན་མ་ཡིན་ཏེ། མྱུ་གུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པའི་བུམ་པ་དང་སྣམ་བུ་དང་སབ་མ་བཞིན་ཏེ། ཇི་ལྟར་བུམ་པ་དང་སྣམ་བུ་དང་སབ་མ་དག་སྐྱེ་བཞིན་པའི་ཕྱིར་ནི་མེད་པ་མ་ཡིན་ལ། མ་སྐྱེས་པའི་ཕྱིར་ནི་ཡོད་པ་མ་ཡིན་པས་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། འབྲུ་ལ་སོགས་པ་དག་བུམ་པ་དང་སྣམ་བུ་དང་སབ་མ་དག་གི་རྐྱེན་མ་ཡིན་པ་དེ་བཞིན་དུ་མྱུ་གུ་ཡང་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། འབྲུ་ལ་སོགས་པ་དག་མྱུ་གུའི་རྐྱེན་དུ་མི་འགྱུར་རོ། །དེ་ནི་ལན་མ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེ། འབྲས་བུ་ཡོད་པའམ་མེད་པར་སྨྲ་བ་དག་གི་ཕྱོགས་ལ་ནི། མེད་དམ་ཡོད་པའི་དོན་ལ་ཡང༌།


DTG099_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་དེ་བདེན་ན་ཁོ་བོ་ཅག་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་པའི་ཕྱོགས་ལ་ནི་དེ་མི་རུང་ངོ་ཞེས་ཟེར་བ་དེ་ནི་ལན་མ་ཡིན་ཏེ་དེ་ནི་བདེན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་སྟེ་གཞན་དག་དབུ་མ་པ་ལ་གྲུབ་པའི་མཐའ་དང་འགལ་བར་རྒོལ་ཏེ་ཁྱེད་ཀྱི་ལུང་ལས། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་ཡོད་མ་ཡིན། །གང་དུ་དེ་ནི་གནས་འགྱུར་བ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་བྱ་བས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡོད་པར་བསྟན་ལ། ཁྱེད་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་མེད་པར་བཤད་པ་འདི་གྲུབ་པའི་མཐའ་དང་འགལ་ལོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཐ་སྙད་དུ་ཡོད་པ་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་དངོས་པོ་སྐྱེ་བ་ཡང་གྲུབ་པོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ལ་སོགས་པ་ལས་ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་དངོས་པོ་ཐམས་ཅད་སྐྱེ་བ་ཡང་འགྲུབ་ཀྱི། དོན་དམ་པར་ནི་མི་འགྲུབ་པས་དེའི་ཕྱིར་གྲུབ་པའི་མཐའ་དང་འགལ་བ་མེད་དེ། ཅི་སྟེ་ཡང་རྣམ་པ་གཉིས་སུ་སྨྲ་བ་དག་འབྲས་བུ་ཡོད་པ་དང་མེད་པའི་རྐྱེན་ཉིད་དུ་ཁས་ལེན་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི། གཅེར་བུར་རྒྱུ་བ་དག་ལས་རྣམ་པ་གཉིས་སུ་སྨྲ་བ་དག་ན་རེ། ཁོ་བོ་ཅག་གི་གཞུང་ལས་འབྲས་བུ་ནི་ཡོད་པ་ཡང་མ་ཡིན་ལ། མེད་པ་ཡང་མ་ཡིན་པས་རྣམ་པ་གཉི་གར་སྨྲ་བས། དེའི་ཕྱིར། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་བྱ་བ་དེ་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་དང་མེད་པར་སྨྲ་བའི་ཕྱོགས་དང༌། གཉི་ག་མ་ཡིན་པར་སྨྲ་བའི་ཕྱོགས་དག་ལ་ནི་རུང་གི །ཁོ་བོ་ཅག་གཉི་གར་སྨྲ་བའི་ཕྱོགས་ལ་ནི་མི་རུང་སྟེ། ཁོ་བོ་ཅག་འབྲས་བུ་ཡོད་པ་དང་མེད་པ་གཉི་གར་སྨྲ་བ་ལ་རྐྱེན་རྣམས་རུང་བས་རྐྱེན་ལས་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་ལ་ཅི་སྟེ་ཡང་ཞེས་བྱ་བའི་སྒྲ་ནི་གལ་ཏེ་ཡང་འདི་སྐད་ཅེས་ཟེར་ན་ཞེས་བྱ་བར་སྦྱར་རོ། །རྣམ་པ་གཉིས་སུ་སྨྲ་བ་དག །ཅེས་བྱ་བས་ནི་གཅེར་བུར་རྒྱུ་བདག་སྟེ། གང་དག་གཅིག་ཏུ་འབྲས་བུ་མེད་པར་སྨྲ་བ་ཡང་མ་ཡིན་ལ། གཅིག་ཏུ་འབྲས་བུ་ཡོད་པར་སྨྲ་བ་ཡང་


DTG099_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་དེ་དག་ནི། རྣམ་པ་གཉིས་སུ་སྨྲ་བ་དག །ཅེས་བྱའོ། །འབྲས་བུ་ཡོད་པ་དང་མེད་པའི་རྐྱེན་ཉིད་དུ་ཁས་ལེན་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གང་གི་ཕྱིར་གསེར་ལ་སོར་གདུབ་མི་དམིགས་པ་དེའི་ཕྱིར་འབྲས་བུ་ཡོད་པ་ཡང་མ་ཡིན་ལ། གང་གི་ཕྱིར་སོར་གདུབ་ལ་གསེར་ཡོད་པ་དེའི་ཕྱིར་འབྲས་བུ་མེད་པ་ཡང་མ་ཡིན་པས། འབྲས་བུ་ཡོད་པ་དང་མེད་པ་གཉི་ག་ལ་རྐྱེན་ཉིད་ཁས་ལེན་པའི་ཕྱིར་རོ། །ཇི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་དེའི་ཕྱིར་དབུ་མ་པས། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་ཇི་སྐད་སྨྲས་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་ཕྱོགས་གཉི་གར་བསྟན་པའི་སྒྲུབ་པས་རྣམ་པ་གཉིས་སུ་སྨྲ་བ་བསལ་བའི་ཕྱིར་དབུགས་མི་ཕྱིན་ཏོ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་གཉིས་སུ་སྨྲ་བ་དེ་དག་ཀྱང་བདག་དང་གཞན་གཉིས་ལས་སྐྱེ་བ་མེད་པའི་ཕྱོགས་གཉི་གར་བསྟན་པའི་སྒྲུབ་པས་རྣམ་པ་གཉིས་སུ་སྨྲ་བ་བསལ་ཟིན་པའི་ཕྱིར། ཕྱོགས་གཉི་གར་བསྟན་པའི་སྒྲུབ་པ་དག་གིས་གཏད་ཁོངས་སུ་ཆུད་པར་འགྱུར་བའི་ཕྱིར་དང༌། གཉིས་ལས་སྐྱེ་བར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་འཇིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། འདི་ལྟར་གཅེར་བུར་རྒྱུ་བ་དག་གིས་ཡོངས་སུ་བརྟགས་པའི་འབྲས་བུ་གསེར་གྱི་རྫས་བདག་ཉིད་ཀྱི་སྐད་ཅིག་ཡོད་པ་ལ་ནི་རྐྱེན་མེ་དང་སོལ་བ་ལ་སོགས་པ་མི་དགོས་ཏེ་སྐྱེད་པའི་བྱེད་པ་ལ་མི་ལྟོས་པའི་ཕྱིར། དཔེར་ན་བུམ་པ་བདག་ཉིད་ཡོད་པ་ལ་རྐྱེན་མེ་དང་སོལ་བ་ལ་སོགས་པ་མི་དགོས་པ་བཞིན་ནོ། །ཡང་ན་སྣམ་བུ་བདག་ཉིད་མེད་པའི་རྐྱེན་ནི་མེ་དང་སོལ་བ་ལ་སོགས་པ་མ་ཡིན་པ་བཞིན་དུ། འབྲས་བུ་གསེར་གྱི་རྫས་བདག་ཉིད་ཀྱི་སྐད་ཅིག་མེད་པའི་རྐྱེན་ཀྱང་མེ་དང་སོལ་བ་ལ་སོགས་པ་མ་ཡིན་ཏེ་བདག་ཉིད་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་མེད་པའི་རྐྱེན་ནམ་མཁའི་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་གཅེར་བུར་རྒྱུ་བ་དག་གིས་ཡོངས་སུ་བརྟགས་པའི་འབྲས་བུ་སོར་གདུབ་ཀྱི་རྫས་བདག་ཉིད་ཀྱི་སྐད་ཅིག་ཡོད་པ་ལ་ཡང་རྐྱེན་མེ་དང་སོལ་བ་ལ་སོགས་པ་མི་དགོས་ཏེ་བསྐྱེད་པའི་བྱ་བ་ལ་མི་ལྟོས་ངའི་


DTG099_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དཔེར་ན་སྣམ་བུ་བདག་ཉིད་ཡོད་པ་ལ་རྐྱེན་མེ་དང་སོལ་བ་ལ་སོགས་པ་མི་དགོས་པ་བཞིན་ནོ། །ཡང་ན་སྣ་བུ་བདག་ཉིད་མེད་པའི་རྐྱེན་ནི་མེ་དང་སོལ་བ་ལ་སོགས་པ་མ་ཡིན་པ་བཞིན་དུ། འབྲས་བུ་སོར་གདུབ་ཀྱི་རྫས་བདག་ཉིད་ཀྱི་སྐད་ཅིག་མེད་པའི་རྐྱེན་ཀྱང་མེ་དང་སོལ་བ་ལ་སོགས་པ་མ་ཡིན་ཏེ། བདག་ཉིད་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་མེད་པའི་རྐྱེན་ནམ་མཁའ་མ་ཡིན་པ་བཞིན་ནོ། །དབུགས་མི་ཕྱིན་ཏོ་ཞེས་བྱ་བ་ནི་དབུགས་ཕྱིན་པའི་གནས་མ་ཡིན་པའོ། །འདི་སྐད་བསྟན་ཏེ། ཇི་ལྟར་རྣམ་གཉིས་སུ་སྨྲ་བ་དག་གིས་བརྟགས་པ་དེ་འཇིགས་པ་དང་བཅས་པ་ཡིན་པ་དེའི་ཕྱིར་དབུགས་ཕྱིན་པའི་གནས་མ་ཡིན་ཏེ། འདི་ལྟར་འབྲས་བུ་གཉི་གའི་བདག་ཉིད་དུ་འདོད་པ་ལ་གཉི་གའི་བདག་ཉིད་དགག་པས་གནོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་རྐྱེན་རྣམས་སྤྱིར་དགག་པ་བསྟན་ནས་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་མ་ཡིན། །བྱ་བ་རྐྱེན་དང་ལྡན་མ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །བྱ་དང་མི་ལྡན་རྐྱེན་མ་ཡིན། །བྱ་ལྡན་ཡོད་དམ་འོན་ཏེ་ན། །འདི་དག་ལས་རྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཅེས་གྲག །ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་ཅེས་བྱ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་བཞི་པོ་དེ་དག་གིས་རྒྱུའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། བདག་པོའི་རྐྱེན་བཞི་པོ་བསྡུས་པ་ཐམས་ཅད་སྤྱིར་དགག་པ་བསྟན་པས་ན་དེའི་ཕྱིར་དེ་ལྟར་རེ་ཞིག་རྐྱེན་རྣམས་སྤྱིར་དགག་པ་བསྟན་ནས་ཞེས་བྱ་བ་སྨོས་སོ། །ད་ནི་དེ་དག་ཁྱད་པར་དུ་དགག་པའི་རྣམ་པ་འདོད་པས་འདི་བཤད་དོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་རྐྱེན་བཞི་པོ་དེ་དག་གོ །ཁྱད་པར་དུ་དགག་པའི་ཞེས་བྱ་བ་ནི་རྐྱེན་བཞི་པོ་དེ་དག་རེ་རེ་ནས་ཁྱད་པར་དུ་དགག་པའོ། །རྣམ་པ་ཞེས་བྱ་བ་ནི་རྣམ་པ་ཐ་དད་པའོ། །འདོད་པས་ཞེས་བྱ་བ་ནི་རྣམ་པ་དེ་བྱ་བར་འདོད་པས་སོ། །འདི་བཤད་དོ་ཞེས་བྱ་བ་ནི་དེ་དག་ཁྱད་པར་དུ་དགག་པ་འདོད་པ་དེས་རྐྱེན་བཞི་པོ་དེ་དག་རེ་རེ་ནས་ཁྱད་པར་དུ་དགག་པའི་རྣམ་པ་འོག་ནས་


DTG099_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་གཞུང་དེ་དག་བཤད་པར་བྱའོ། །རེ་ཞིག་རྒྱུའི་རྐྱེན་གྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུའི་རྐྱེན་དང་པོ་ཡིན་ལ། གཞན་དག་ཕྱི་མ་ཡིན་པ་དེའི་ཕྱིར། དང་པོར་དེ་ཉིད་དགག་པའི་དབང་དུ་བྱས་ནས་སོ། །འདི་ལ་རྐྱེན་རྣམས་སྤྱི་ཡིན་ཡང་བསྐྱེད་པར་བྱ་བ་སྐྱེད་པའི་རྐྱེན་གང་ཡིན་པ་དེ་རྐྱེན་དུ་འདོད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། འདི་ལྟར་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རྐྱེན་རྣམས་མྱུ་གུ་སྐྱེད་པའི་རྐྱེན་སྤྱི་ཡིན་པར་གཞན་དག་སེམས་མོད་ཀྱི། འོན་ཀྱང་ས་བོན་ཁོ་ན་ལས་མྱུ་གུ་སྐྱེའི་ས་བོན་ལ་སོགས་པ་ལས་མི་སྐྱེ་བས་དེའི་ཕྱིར་བསྐྱེད་པར་བྱ་བ་མྱུ་གུ་སྐྱེད་པའི་རྐྱེན་ས་བོན་གང་ཡིན་པ་དེ་རྒྱུའི་རྐྱེན་ཡིན་པར་བསྟན་བཅོས་མཛད་པ་བཞེད་དོ། །འོ་ན་བསྐྱེད་པར་བྱ་བ་སྐྱེ་བ་ནི་ཚོགས་པ་ལ་རག་ལས་པའི་ཕྱིར་བསྐྱེད་པ་ཉིད་ནི་གཅིག་པུ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འདིར་གཞན་དག་ན་རེ། འོ་ན་བསྐྱེད་པར་བྱ་བ་མྱུ་གུ་ནི་ས་བོན་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་རྒྱུ་རྐྱེན་ཚོས་པ་སྤྱི་ལ་རག་ལས་པའི་ཕྱིར་མྱུ་གུ་སྐྱེད་པ་ནི་ས་བོན་གཅིག་པུ་མ་ཡིན་པས་རྒྱུའི་རྐྱེན་འབའ་ཞི་ག་ལས་སྐྱེ་བ་མ་ཡིན་ནོ་ཞེས་རྒྱུའི་རྐྱེན་ཉིད་འགོག་པར་བྱེད་པ་ཡིན་ནོ། །སྐྱེ་བ་བཀག་པའི་ཕྱིར་དེ་མི་འཐད་པ་ནི་བདེན་མོད་ཀྱི་ཞེས་བྱ་བ་འདི་ནི་འགྲེལ་བ་བྱེད་པས་སྔར་གཞན་དག་ན་རེ་བསྐྱེད་པ་ཉིད་ནི་གཅིག་པུ་མ་ཡིན་ནོ་ཞེས་བྱ་བས་རྒྱུའི་རྐྱེན་འགོག་པར་བྱེད་པ་དེ་ཁས་བླངས་པ་ཡིན་ཏེ། དོན་དམ་པར་རྐྱེན་ཐམས་ཅད་ལས་སྐྱེ་བ་བཀག་པའི་ཕྱིར་ས་བོན་གཅིག་པུ་ལས་ཀྱང་མྱུ་གུ་མི་སྐྱེ་བས་སྐྱེད་པ་ཉིད་ནི་གཅིག་པུ་མ་ཡིན་ནོ་ཞེས་བྱ་བས་རྒྱུའི་རྐྱེན་དེ་མི་འཐད་པ་ནི་འདོད་དོ་ཞེས་ཟུར་གྱིས་ཁས་བླངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཇི་སྐད་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེད་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས། དོན་དམ་པར་རྐྱེན་ཐམས་ཅད་ལས་སྐྱེ་བ་བཀག་པའི་ཕྱིར་རྒྱུ་ཉིད་མེད་པས་སྐྱེད་པ་ཉིད་མེད་པ་ནི་བདེན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོན་ཀྱང་ཐ་སྙད་པའི་རྒྱུ་རྣམ་པར་གཞག་པ་ཁས་བླངས་ནས་དོན་དམ་པའི་རྒྱུའི་ཉིད་ཇི་ལྟར་མི་འཐད་པ་དེ་ལྟར་བཤད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་དེ་མི་འཐད་པ་ནི་འདོད་མོད་ཀྱི། འོན་ཀྱང་གཞན་དག་ན་རེ།


DTG099_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་པ་འདི་དག་ལ་ནི་སྐྱེ་བ་འགོག་པའི་རྣམ་པ་ཙམ་ཞིག་ཡོད་དུ་ཟད་ཀྱི། རྣ་པ་གཞི་ནི་ཅི་ཡང་མེད་དོ་ཞེས་ཟེར་ན་མི་རུང་བས་དེའི་ཕྱིར་ཐ་སྙད་ཀྱི་རྒྱུ་རྣམ་པར་གཞག་པ་ཁས་བླངས་ནས། དོན་དམ་པའི་རྒྱུའི་རྒྱུ་ཉིད་ཇི་ལྟར་མི་འཐད་པར་དེ་ལྟར་བཤད་པར་བྱ་སྟེ། གལ་ཏེ་ཀུན་རྫོབ་ཏུ་ཡང་རྒྱུའི་རྐྱེན་རྣམ་པར་གཞག་པ་མེད་དུ་ཟིན་ན་ནི་དེས་ན་དན་དམ་པར་དེ་དགག་ཏུ་ཡང་མེད་པར་འགྱུར་བས། དེའི་ཕྱིར་ཀུན་རྫོབ་པའི་རྒྱུའི་རྐྱེན་རྣམ་པར་གཞག་པ་ཁས་བླངས་ནས་སོ། །དོན་དམ་པའི་ཡུལ་ལ་རྒྱུའི་རྐྱེན་དེ་ཉིད་དུ་ཇི་ལྟར་མི་འཐད་པ་དེ་ལྟར་བཤད་པར་བྱའོ། །དེ་ལ་ཐ་སྙད་པའི་ཞེས་བྱ་བ་ནི་ཀུན་རྫོབ་པའོ། །རྒྱུ་ཞེས་བྱ་བ་ནི་རྒྱུའི་རྐྱེན་ཏོ། །རྣམ་པར་གཞག་པ་ཞེས་བྱ་བ་ནི་ངེས་པའོ། །ཁས་བླངས་ནས་ཞེས་བྱ་བ་ནི་རྒྱུ་ཉིད་དུ་ཁས་བླངས་ནས་སོ། །དོན་དམ་པའི་ཞེས་བྱ་བ་ནི་དོན་དམ་པའི་ཡུལ་གྱིའོ། །རྒྱུའི་རྒྱུ་ཉིད་ཅེས་བྱ་བ་ནི་རྒྱུའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྒྱུ་ཉིད་དོ། །ཇི་ལྟར་མི་འཐད་པ་དེ་ལྟར་བཤད་པར་བྱའོ་ཞེས་བྱ་བ་ནི་དོན་དམ་པར་གྱུའི་རྐྱེན་ནི་ཇི་ལྟར་མི་འཐད་པས་དེ་ལས་དངོས་པོ་རྣམས་སྐྱེ་བ་མེད་པ་དེ་ལྟར་སྒྲུབ་པར་བྱའོ། །འདི་ལ་རྒྱུ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་ཐ་སྙད་པའི་རྒྱུ་རྣམ་པར་གཞག་པ་འདི་ལ་ས་བོན་གྱི་མཚན་ཉིད་རྒྱུའི་རྐྱེན་ཅེས་བྱ་བར་ཁས་བླངས་པ་ནི་འདི་ལྟ་བུ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཡོད་པའམ་མེད་པའམ་ཡོད་མེད་ཅིང་བསྒྲུབ་པ་ཡིན་པར་འདོད་གྲང་ན་ཞེས་བྱ་བ་ལ། ཡོད་པ་ཞེས་བྱ་བ་ནི་མྱུ་གུ་ཡོད་པའོ། །མེད་པ་ཞེས་བྱ་བ་ཡང་མྱུ་གུ་མེད་པའོ། །ཡོད་མེད་ཅེས་བྱ་བ་ཡང་མྱུ་གུ་ཡོད་མེད་གཉི་གའི་བདག་ཉིད་དོ། །སྒྲུབ་པ་ཞེས་བྱ་བ་ནི་སྐྱེད་པའོ། །ཡིན་པར་འདོད་གྲང་ན་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཁས་བླངས་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་སོགས་པས་ནི་དོན་དམ་པའི་རྒྱུའི་རྒྱུ་ཉིད་ཇི་ལྟར་མི་འཐད་པ་དེ་ལྟར་བསྟན་ཏོ། །གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་བསྒྲུབ་པ། །དེ་ཡི་ཚེ་ན་དོན་དམ་པར། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ནི་སྒྲུབ་པར་བྱེད་པ་མ་ཡིན་པ་ཁོ་ན་སྟེ་ཞེས་བྱ་བ་ནི་ཕྱོགས་ཡིན་ཏེ་དེ་དམ་པར་འབྲས་བུ་མྱུ་གུའི་མཚན་ཉིད་ཀྱི་ཆོས་ཡོད་པ་དང་མེད་པ་དང་ཡོད་མེད་གཉི་ག་མི་བསྒྲུབ་པ་དེའི་ཚེ་ན་རྒྱུའི་རྐྱེན་དེ་འབྲས་བུ་སྒྲུབ་པར་བྱེད་པ་མ་ཡིན་པ་ཁོ་ན་ཡིན་པས་རྒྱུ་མ་ཡིན་ནོ་ཞེས་དགག་པ་ཡིན་ནོ། །ཡོད་པའི་ཕྱིར་དང་མེད་པའི་ཕྱིར་བདག་དང་


DTG099_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བཞིན་དུ་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་དང༌། ཕྱོགས་གཉི་གའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་བསྒྲུབ་པའི་ཆོས་ཡིན་ནོ། །འདི་སྐད་བསྟན་ཏེ། རྐྱེན་ནི་འབྲས་བུའི་ཆོས་ཡོད་པར་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཡོད་པའི་ཕྱིར་དཔེར་ན་བདག་བཞིན་ཏེ། ཇི་ལྟར་རྒྱུས་རྒྱུ་བདག་ཉིད་སྐྱེད་པར་མི་བྱེད་པར་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ། །འབྲས་བུའི་ཆོས་མེད་པར་སྐྱེད་པར་བྱེད་པ་ཡང་མ་ཡིན་ཏེ། མེད་པའི་ཕྱིར་དཔེར་ན་གཞན་བཞིན་ཏེ། ཇི་ལྟར་རྒྱུ་ས་བོན་གྱི་ས་བུམ་པ་ལ་སོགས་པ་གཞན་སྐྱེད་པར་མི་བྱེད་པའི་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ། །འབྲས་བུའི་ཆོས་ཡོད་མེད་གཉིས་ཀ་ཡང་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཕྱོགས་གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར་བདག་དང་གཞན་བཞིན་ཏེ། ཇི་ལྟར་རྒྱུས་བདག་དང་གཞན་གཉི་ག་སྐྱེད་པར་བྱེད་པ་མ་ཡིན་པར་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །དེ་ལྟར་རྒྱུའི་རྒྱུ་ཉིད་མི་འཐད་པའི་ཕྱིར་དེ་ཡང་མི་འཐད་དོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་རྒྱུའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྒྱུ་ཉིད་མི་འཐད་པར་བསྟན་པའི་ཕྱིར། འབྲས་བུ་སྐྱེ་བ་དེ་ཡང་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ །རེ་ཞིག་དེ་ཉིད་ཐ་སྙད་པའི་རྒྱུ་རྣམ་པར་གཞག་པ་ཁས་བླངས་ནས་དོན་དམ་པའི་རྒྱུའི་རྒྱུ་ཉིད་ཇི་ལྟར་མི་འཐད་པ་དེ་ལྟར་བཤད་པ་ཡིན་ནོ། །ད་ནི་བསྐྱེད་པར་བྱ་བ་འབྲས་བུ་དང་སྐྱེད་པའི་རྐྱེན་གང་ཡིན་པ་དེ་གཉིས་ཀ་ཐ་སྙད་པ་ཡིན་པར་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་རྒྱུའི་རྒྱུ་ཉིད་ནི་བསྐྱེད་པར་བྱ་བ་མངོན་པར་བསྒྲུབས་པས་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུའི་རྒྱུ་ཉིད་ནི་ཞེས་བྱ་བ་ནི་རྒྱུའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྒྱུ་ཉིད་དོ། །བསྐྱེད་པར་བྱ་བ་ཞེས་བྱ་བ་ནི་འབྲས་བུ་དེ་སྟེ། རྒྱུ་ལས་སྐྱེ་ཞིང་རྒྱུས་བསྐྱེད་པར་བྱ་བ་དང་འབྱུང་བར་བྱ་བ་ཡིན་པས་བསྐྱེད་པར་བྱ་བ་སྟེ། འབྲས་བུའི་མཚན་ཉིད་མྱུ་གུ་ཞེས་བྱ་བ་ཡིན་ནོ། །མངོན་པར་བསྒྲུབས་པས་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དེ་མངོན་པར་བསྒྲུབ་པ་སྟེ། འབྲས་བུ་བསྐྱེད་པས་ཞེས་བྱ་བའི་ཐ་ཚིག་གོ །བསྟན་པ་ཡིན་ན་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་མངོན་པར་བསྒྲུབ་པ་སྟེ་བསྟན་པ་དང་རྗེས་སུ་དཔག་པ་དང་བསྒྲུབ་པར་བྱ་བ་ཡིན་ནའོ། །ཡོད་པ་ལ་སོགས་པའི་མཚན་ཉིད་ཀྱི་བདག་ཉིད་


DTG099_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མངོན་པར་སྒྲུབ་པར་མི་བྱེད་པའི་ཕྱིར་རྒྱུ་ཅན་རྒྱུ་ལས་སྐྱེ་བ་ནི་ཐ་སྙད་པ་ཡིན་ལ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་འབྲས་བུ་ཡོད་པའམ་མེད་པའམ་ཡོད་མེད་གཉི་གའི་བདག་ཉིད་ཅིག་སྐྱེད་ཅིང་མངོན་པར་སྒྲུབ་པར་བྱེད་ན་ནི་དེས་ན་ས་བོན་ལ་རྒྱུ་ཞེས་ཐ་སྙད་གདགས་སུ་ཡང་རུང་བ་ཞིག་ན་དེ་ལ་ཡང་གང་གི་ཕྱིར་དོན་དམ་པར་ཡོད་པ་དང་ཡོད་མེད་གཉི་གའི་མཚན་ཉིད་ཀྱི་བདག་ཉིད་ཀྱིས་སྐྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་པ་དེའི་ཕྱིར་འབྲས་བུ་རྒྱུ་ཅན་རྒྱུ་ལས་སྐྱེ་བ་ནི་ཐ་སྙད་པ་ཡིན་ནོ། །དེ་ལ་ཡོད་པ་ལ་སོགས་པའི་མཚན་ཉིད་ཀྱི་བདག་ཉིད་ཀྱི་ས་ཞེས་བྱ་བ་ནི་འབྲས་བུའི་ཆོས་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀའི་མཚན་ཉིད་ཀྱི་བདག་ཉིད་ཇི་སྐད་སྔར་བསྟན་པས་སོ། །མངོན་པར་སྒྲུབ་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱུས་བསྐྱེད་ཅིང་མངོན་པར་སྒྲུབ་པར་མི་བྱེད་པའི་ཕྱིར་རོ། །རྒྱུ་ཅན་ཞེས་བྱ་བ་ནི་འབྲས་བུ་སྟེ། རྒྱུ་ལས་སྐྱེ་བའི་ཕྱིར་རོ། །རྒྱུ་ལས་སྐྱེ་བ་ནི་ཞེས་བྱ་བ་ནི་རྒྱུའི་རྐྱེན་ལས་བསྐྱེད་པ་ནིའོ། །ཐ་སྙད་པ་ཡིན་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་བརྗོད་པ་ཡིན་ལ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་ཡང་དེ་དང་འདྲ་བ་ཁོ་ན་ར་འགྱུར་བས་གྲུབ་པོ་ཞེས་བྱ་བ་ནི། ཇི་ལྟར་འབྲས་བུ་མྱུ་གུ་ཐ་སྙད་པ་ཡིན་པ་དེ་བཞིན་དུ་རྒྱུ་ཡང་ཐ་སྙད་པ་ཡིན་པ་ཁོ་ནར་འགྱུར་བས་བསྐྱེད་པར་བྱ་བ་འབྲས་བུ་དང༌། སྐྱེད་བའི་རྐྱེན་གང་ཡིན་པ་དེ་གཉི་ག་ཐ་སྙད་པ་ཡིན་པར་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་རང་གི་སྡེ་པ་དག་ཀྱང་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཏེ། ཚིག་ལེའུར་བྱས་པ་དེས་རྣམ་པ་གཞན་དུ་ཡང་རྣམ་པར་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་སྡེ་པ་དག་ཅེས་བྱ་བ་ནི་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གོ །ཡང་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་ཡང་སྐྱེ་བ་བསྒྲུབ་པའི་ཕྱིར། ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པ་ཡིན་ནོ། །ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་རྒྱུ་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་རྒྱུ་ལ་སོགས་པ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། ནང་གི་སྐྱེ་མཆེད་མིག་ལ་སོགས་པ་རྣམས་སྐྱེད་པར་


DTG099_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྒྱུའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། བདག་པོའི་རྐྱེན་ཆོས་ཅན་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བའི་ཆོས་ཁྱད་པར་ཅན་བསྒྲུབ་པར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། འདིར་རྐྱེན་ཆོས་ཅན་རྣམས་ལ་དོན་དམ་པར་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བའི་ཆོས་ཁྱད་པར་ཅན་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །དེ་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་གཏན་ཚིགས་ཀྱི་དོན་བསྟན་པ་ཡིན་ནོ། །གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ་ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རྐྱེན་བཞི་པོ་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་པར་ཅིས་མངོན་ཞེ་ན། གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། འདི་ལ་དཔེར་ན་དེ་བཞིན་ཡང་བརྒལ་ཞིང་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པས་ཡང་ཚིག་ལེའུར་བྱས་པ་དེ་ཉིད་ཀྱི་རང་གི་བདག་ཉིད་ཀྱིས་རང་གི་སྡེ་པ་དག་ལ་བརྒལ་ཞིང་བརྟག་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །འདིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་དུ་འདོད་པ་གང་ཡིན། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་དུ་གསུངས་པའི་ཕྱིར་རམ། འོན་ཏེ་དོན་དམ་པར་གསུངས་པའི་ཕྱིར་ཞེས་བྱ་བ་གལ་གཉིས་བཟུང་སྟེ། སྨྲ་བ་འདི་ཉིད་བརྒལ་ཞིང་བརྟག་པ་ཡིན་ཏེ། ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་དུ་འདོད་པ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་བྱ་བ་དེ་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། འོ་ན་དོན་དམ་པར་དེ་སྐད་གསུངས་པའི་ཕྱིར་རམ། གང་ཡིན་ཞེས་བརྒལ་ཞིང་བརྟག་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་ཏུ་ན་ནི་རང་ལ་མ་གྲུབ་པའི་དོན་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་


DTG099_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེ་ན། དེས་ན་ཁྱེད་རང་ལ་མ་གྲུབ་པའི་དོན་ཉིད་ཡིན་ཏེ། འདི་ལྟར་ཁྱེད་ཀྱི་སྒྲུབ་པ་ནི་དེ་བཞིན་གཤེགས་པས་དོན་དམ་པར་རྐྱེན་བཞི་པོ་དག་ཡོད་པར་གསུངས་པའི་ཕྱིར། དོན་དམ་པར་དེ་དག་ལས་དངོས་པོ་རྣམས་སྐྱེ་བར་འདོད་པ་ཡིན་ལ། འདིར་གཏན་ཚིགས་ཀྱི་དོན་ནི་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་ཞེས་ཟེར་ན། དེ་ནི་ཁོ་བོ་འདོད་པ་ཡིན་པས་ཁྱེད་རང་ལ་མ་གྲུབ་པའི་དོན་ཉིད་ཡིན་ནོ། །འོན་ཏེ་དོན་དམ་པར་ན་ནི་ཞེས་བྱ་བ་ནི་འོན་ཏེ་རང་ལ་མ་གྲུབ་པའི་དོན་ཉིད་མི་འདོད་པས། གཏན་ཚིགས་ཀྱི་དོན་དེ་དེ་བཞིན་གཤེགས་པས་དོན་དམ་པར་དེ་སྐད་གསུངས་པའི་ཕྱིར་རོ་ཞེས་ཟེར་ན་ནིའོ། །དེ་ལྟར་ན། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་བསྒྲུབ་པ། །ཞེས་བྱ་བ་བརྗོད་དོ། །དོན་དམ་པའི་གནས་སྐབས་ན་རྐྱེན་རྣམས་ཀྱི་འབྲས་བུ་དང༌། ནང་གི་ཆོས་ཡོད་པ་དང་མེད་པ་དང་ཡོད་མེད་གཉི་གའི་བདག་ཉིད་གང་ཡང་མི་བསྒྲུབ་མི་བསྐྱེད་པ་དེ་ལ་དེ་བཞིན་གཤེགས་པས་དོན་དམ་པར་དེ་སྐད་གསུངས་པའི་ཕྱིར་ཞེས་ཇི་ལྟར་བརྗོད་དུ་རུང་སྟེ་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། དེའི་ཚེ་འབྲས་བུ་ཡོད་པ་དང་མེད་པ་གཉི་གའི་བདག་ཉིད་ཀྱི་རྐྱེན་ཉིད་བསལ་བའི་ཕྱིར་རོ། །དེའི་ཚེ། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །དེ་ནི་སྒྲུབ་པར་བྱེད་པའི་རྒྱུ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དོན་དམ་པར་འབྲས་བུའི་ཆོས་ཡོད་པ་དང་མེད་པ་དང་གཉི་གའི་བདག་ཉིད་སྐྱེ་བ་བསྩལ་ཞིང་རྐྱེན་རྣམས་ཀྱིས་ཀྱང་འབྲས་བུ་མི་སྐྱེད་པ་ཉིད་དུ་བསྩལ་བ་དེའི་ཚེ་ཇི་ལྟར་རྒྱུ་རྐྱེན་ཅེས་བྱ་སྟེ། དེ་ལྟ་ཡིན་ན་དོན་དམ་པར་རྒྱུའི་རྐྱེན་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ ། དེའི་ཕྱིར་དོན་དམ་པར་བསྒྲུབ་པར་བྱ་བ་འབྲས་བུའི་དངོས་པོ་དང་སྒྲུབ་པར་བྱེད་པ་རྒྱུའི་དངོས་པོ་ཉིད་མ་གྲུབ་པའི་ཕྱིར། གཏན་ཚིགས་ཀྱི་དོན་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དོ། །གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་ཅི་སྟེ་དེ་བཞིན་གཤེགས་པས་ཀུན་རྫོབ་དུ་རྐྱེན་རྣམས་ཡོད་པར་གསུངས་པ་དེ་ནུས་པའི་ངོ་བོ་ཉིད་ཀྱིས་མེད་ན་མི་འབྱུང་བའི་ཚུལ་གྱིས་གཏན་ཚིགས་སུ་འདོད་ན་འདི་ལ་ཡང་ཁྱེད་ཀུན་རྫོབ་ཏུ་ངོ་བོ་ཉིད་ཡོད་པར་སྒྲུབ་པ་ནི་དོན་དམ་པར་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡིན་པས། དེ་ལྟར་ན་ཁྱོད་དོན་དམ་པར་ངོ་བོ་ཉིད་ཡོད་པར་འདོད་པ་དང་འགལ་བའི་དོན་ཉིད་ཡིན་ནོ། །


DTG099_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ན་རེ་ཞེས་བྱ་བ་ནི། སློབ་དཔོན་དེ་བ་ཤར་མས་རང་གི་དབུ་མའི་འགྲེལ་པ་དཀར་པོ་འཆར་བ་ཞེས་བྱ་བ་བྱས་པ་ལས་ཚིག་ལེའུར་བྱས་པ་འདིའི་དོན་འདི་ལྟར་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་དེ་འདིར་སྨོས་ཤེ་ན། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་འདི་སྙམ་དུ་བསམས་ཏེ། གང་གི་ཕྱིར་བདག་གིས་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པའི་མཚན་ཉིད་ནི་ཞི་བའོ་ཞེས་གསུངས་ལ། དེ་ཡང་དོན་པར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་རྐྱེན་བཞི་པོ་དེ་དག་ཀྱང་ཡོད་པར་གསུངས་པས། དེ་དག་ཀྱང་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པས་རྐྱེན་བཞི་པོ་དག་ཡོད་པར་ཇི་སྐད་གསུངས་ཤེ་ན། དེའི་ཕྱིར་དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་རྒྱུ་ནི་སྒྲུབ་པར་བྱེད་པའོ། །དམིགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དེ་མ་ཐག་པ་ནི་སེམས་དང་སེམས་ལས་བྱུང་བ་འགགས་མ་ཐག་པ་རྣམས་ལས་ཏེ། ཐ་མ་མ་གཏོགས་པའོ། །བདག་པོ་ནི་གང་ཡོད་ན་གང་འབྱུང་བ་དེ་ཡིན་ནོ་ཞེས་གསུངས་པས་ཞེས་བྱ་བ་སྨྲས་ཏེ། དེ་ནི་དེ་བཞིན་གཤེགས་པས་རྐྱེན་བཞི་པོ་དག་ཡོད་པར་གསུངས་པའི་ཁུངས་བསྟན་པ་ཡིན་ཏེ། ཇི་སྐད་སྨྲས་པའི་ཚིག་བཞི་པོ་དེ་དག་ཀྱང་རྐྱེན་བཞི་པོ་དག་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལྟར་རྒྱུ་ལ་སོགས་པ་རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར། གཏན་ཚིགས་གྲུབ་པས་འདོད་པའི་དོན་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི། གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ་ཞེས་བྱ་བས་ཉེ་བར་སྦྱར་བའི་སྤྱོད་པ་བསྟན་པ་དེའི་མཇུག་བསྡུ་བ་ཡིན་ཏེ། གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ཉིད་དེ་བཞིན་ཏེ་གཞན་དུ་འགྱུར་བ་མ་ཡིན་ལ། དེ་བཞིན་གཤེགས་པས་རྐྱེན་བཞི་པོ་དག་ཀྱང་ཡོད་པར་གསུངས་པས་དེ་ལྟར་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་རྣམས་ངོ་བོ་ཉིད་དུ་ཡོད་པར་གྲུབ་པའི་ཕྱིར། ཁོ་བོ་ཅག་གི་གཏན་ཚིགས་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་བྱ་བ་དེ་གྲུབ་པས། ཁོ་བོ་ཅག་གི་འདོད་པའི་དོན་དངོས་པོ་རྣམས་རྐྱེན་ལས་སྐྱེའོ་ཞེས་བྱ་བ་དེ་ཉམས་པར་མི་འགྱུར་ཏེ་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར་དང་དེའི་སྐྱོན་བརྗོད་པས། ལན་བཏབ་ཟིན་པའི་ཕྱིར་


DTG099_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་བཤད་པ་ཞེས་བྱ་བ་ནི་ཕྱོགས་སྔ་མ་དེ་ལ་འགྲེལ་པ་བྱེད་པས་ཚིག་ལེའུར་བྱས་པ་འདིས་སུན་དབྱུང་བར་བཤད་པ་ཡིན་ནོ། །ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རྐྱེན་བཞི་པོ་དག་ཡོད་པར་གསུངས་པ་ནི། ཁོ་བོས་ཀྱང་རྒྱུ་ཅན་རྒྱུ་ལས་སྐྱེ་བ་ནི་ཐ་སྙད་པ་ཡིན་ལ། རྒྱུ་ཡང་དེ་དང་འདྲ་བ་ཁོ་ནར་འགྱུར་བས་གྲུབ་པོ་ཞེས་ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་དེ་ནི་རིགས་པ་མ་ཡིན་པའི་ཕྱིར། དཔེའི་སྐྱོན་བརྗོད་པས་ལན་བཏབ་ཟིན་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་སྔར་ཁྱེད་ཀྱིས་འབྲུ་ལ་སོགས་པ་ལ་དོན་དམ་པར་བྱེད་པ་དང་ལྡན་པ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར། གང་ཀུན་རྫོབ་ཏུ་ཇི་ལྟར་ཁས་ལེན་པ་དེ་ནི་དོན་དམ་པར་ཡང་དེ་བཞིན་ཏེ། དཔེར་ན་རི་བོང་གི་རྭ་མེད་པ་བཞིན་ནོ་ཞེས་དཔེ་བསྟན་པ་དེ་ལ་ཁོ་བོས་དོན་དམ་པར་རི་བོང་གི་རྭ་ཡང་མེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་མེད་པ་ཡིན་ནོ་ཞེས་དཔེའི་སྐྱོན་བརྗོད་པས་རི་བོང་གི་རྭའི་དཔེ་ཡང་ཀུན་རྫོབ་ཏུ་མེད་པ་ཉིད་དུ་འདོད་ཀྱི། དོན་དམ་པར་མེད་པ་ཉིད་དུ་ནི་མི་འདོད་པས་ཁྱོད་ཀྱི་དཔེ་མ་གྲུབ་པོ་ཞེས་ལན་བཏབ་པ་དེ་བཞིན་དུ། ཁྱོད་ཀྱིས་འདིར་དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་བཞིན་ནོ་ཞེས་དཔེ་བསྟན་པ་དེ་ཡང་ཁོ་བོས་ཀུན་རྫོབ་ཏུ་ཞི་བ་ཉིད་དུ་འདོད་ཀྱི། དོན་དམ་པར་ཞི་བ་ཉིད་དུ་མི་འདོད་པས་དེའི་ཕྱིར་ཁྱོད་ཀྱི་མྱ་ངན་ལས་འདས་པའི་དཔེ་དེ་ནི་ཁོ་བོས་རི་བོང་གི་རྭའི་དཔེའི་སྐྱོན་བརྗོད་པས་ལན་བཏབ་ཅིང་སུན་ཕྱུང་ཟིན་པའི་ཕྱིར། ཁྱོད་ཀྱི་དཔེ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་ཕྲག་དོག་གིས་སློབ་དཔོན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་སུན་དབྱུང་བ་བྱས་པ་ནི་མ་ཡིན་གྱི། འདི་ལྟར་མི་རིགས་པའི་ཕྱིར་སུན་ཕྱུང་ངོ༌། །སློབ་དཔོན་དེ་བ་ཤར་མ་ལ་རྗེས་སུ་ཆགས་པ་ཡང་མ་ཡིན་མོད་ཀྱི། དེའི་རྣམ་པར་བཤད་པ་འདི་ལ་སྐྱོན་མེད་པས་དེའི་ཕྱིར་བདག་འདི་ལ་རྗེས་སུ་ཡི་རང་བས་དེའི་གཞུང་ཡང་འདིར་སྨོས་སོ། །དེའི་ཕྱིར་སློབ་དཔོན་དེ་བ་ཤར་མ་ནི་དབུ་མའི་བསྟན་བཅོས་ལ་གཞུང་མི་གཟུགས་པའི་རྣམ་པ་ཡོངས་སུ་བཟུང་བས་ངོ་བོ་ཉིད་མེད་པ་ཉིད་བསྟན་པར་བྱ་བ་ཡིན་པས་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དབུ་མའི་བསྟན་བཅོས་ལ་ཞེས་བྱ་བ་དབུ་མ་པ་རྣམས་ཀྱི་གྲུབ་པའི་མཐའ་ལའོ། །གཞུང་མི་གཟུགས་པ་


DTG099_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ཙམ་དུ་གཞན་གྱི་གྲུབ་པའི་མཐའ་སུན་དབྱུང་བ་ལ་མི་ལྟོས་པར་རང་གི་གྲུབ་པའི་མཐའ་སྒྲུབ་པར་བྱེད་པ་དེ་ནི་གཞུང་གཟུགས་པ་ཞེས་བྱའོ། །གང་གཞན་གྱི་གྲུབ་པའི་མཐའ་སུན་འབྱིན་པ་ཙམ་འབའ་ཞིག་བྱེད་ཅིང་རང་གི་གྲུབ་པའི་མཐའ་ལ་ཅུང་ཟད་ཀྱང་སྒྲུབ་པར་མི་བྱེད་པས་འདི་ལྟར་གཞན་གྱིས་ཡོངས་སུ་བརྟགས་པའི་དངོས་པོ་འགོག་པ་ཙམ་འབའ་ཞིག་བྱེད་པ་དེ་ནི་གཞུང་མི་གཟུགས་པ་ཞེས་བྱའོ། །དེའི་རྣམ་པ་ཡོངས་སུ་བཟུང་བས་གཞུང་མི་གཟུགས་པ་དེའི་ཚུལ་ཡོངས་སུ་བཟུང་བས་སོ། །ངོ་བོ་ཉིད་མེད་པ་ཉིད་བསྟན་པར་བྱ་བ་ཡིན་བས་ཞེས་བྱ་བ་ནི་དབུ་མ་པ་རྣམས་ཀྱི་གྲུབ་པའི་མཐའ་དེ་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དགག་པ་ཙམ་བསྟན་པར་བྱ་བ་ཡིན་གྱི། དབུ་མ་པ་རྣམས་དོན་དམ་པར་ཆོས་འགའ་ཡང་ཁས་མི་ལེན་པར་བསྟན་པ་ཡིན་ནོ། །དེ་ལ་དགག་པར་བྱ་བ་ནི་གཉིས་ཏེ་ཞེས་བྱ་བ་ནི་དབུ་མ་པ་རྣམས་ལ་གཞན་གྱིས་ཡོངས་སུ་བརྟགས་པའི་དངོས་པོ་དགག་པར་བྱ་བ་ནི་རྣམ་པ་གཉིས་ཡོད་པའོ། །བརྗོད་པ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་སྒྲ་ལ་ལྷག་པར་ཆགས་པའོ། །བརྗོད་པར་བྱ་བ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ནི་སྒྲའི་དོན་ལ་ལྷག་པར་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སྐྱེ་བ་བཀག་པས་ནི་བརྗོད་པར་བྱ་བ་ལ་མངོན་པར་ཞེན་པ་བཀག་པའོ་ཞེས་བྱ་བ་ནི། གང་གི་ཕྱིར་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་སྐྱེས་ནས་བརྗོད་པར་བྱ་བ་དེ་དག་ལ་མངོན་པར་ཞེན་ཅིང་ལྷག་པར་ཆགས་པ་དང་འཛིན་པར་འགྱུར་གྱི་མ་སྐྱེས་ན་མི་འགྱུར་རོ། །སྐྱེ་བ་དེ་ཡང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གཞུང་གི་ཚོགས་ཀྱིས་བཀག་པས་དེའི་ཕྱིར་བརྗོད་པར་བྱ་བ་ལ་མངོན་པར་ཞེན་པ་ནི་མེད་དོ། །འོན་ཀྱང་གཟུགས་ལ་སོགས་པ་ཆོས་རྣམས་ཞེས་བརྗོད་པའི་སྒྲ་ཙམ་ཞིག་ཕྱིན་ལུས་པས་དེའི་ཕྱིར་བརྗོད་པ་ལ་མངོན་པར་ཞེན་པ་དགག་པའི་རྣམ་པ་འདོད་པས་ཞེས་བྱ་བ་སྨྲས་ཏེ། བརྗོད་པ་ལ་མངོན་པར་ཞེན་པ་དགག་པ་ཞེས་བྱ་བ་ནི་དེ་བསྩལ་པའོ། །རྣམ་པ་ཞེས་བྱ་བ་ནི་བརྗོད་པ་ལ་མངོན་པར་ཞེན་པ་དགག་པའི་རྣམ་པ་ཐ་དད་པའོ། །འདོད་པས་ཞེས་བྱ་བ་ནི་བརྗོད་པ་ལ་མངོན་


DTG099_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞེན་པ་དགག་པའི་རྣམ་པ་དེ་བྱ་བར་འདོད་པས་སོ། །དབུ་མ་པ་དག་བརྗོད་པ་ལ་མངོན་པར་ཞེན་པ་དགག་པའི་རྣམ་པ་འདོད་པ་དེས་སློབ་དཔོན་གྱིས། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །ཞེས་བྱ་བ་འདི་གསུངས་སོ། །ཚིག་ལེའུར་བྱས་པ་འདིས་ནི་བརྗོད་པ་ལ་མངོན་པར་ཞེན་པ་དགག་པ་བསྟན་ཏོ། །འདི་ལ་བསྡུས་པའི་དོན་ནི་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་འདི་ལ་བསྡུས་པའི་དོན་ནི་འདི་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྒྲུབ་པར་བྱེད་པའི་ཕྱིར་རྒྱུར་འདོད་ན་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་ས་བོན་ལ་རྒྱུ་ཞེས་བརྗོད་པར་བྱ་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་འབྲས་བུ་ཡོད་པ་དང་མེད་པ་དང་གཉི་གའི་བདག་ཉིད་ལ་ཡང་མི་སྲིད་པས་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། འདི་ལྟར་འབྲས་བུ་ཡོད་པ་ལ་ནི་རྒྱུས་བྱ་བ་མེད་དེ་འབྲས་བུ་སྐྱེས་ཟིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་འབྲས་བུ་མེད་པ་ལ་ཡང་རྒྱུས་བྱ་བ་མེད་དེ་འབྲས་བུ་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །འབྲས་བུ་གཉི་གའི་བདག་ཉིད་ལ་ཡང་རྒྱུས་བྱ་བ་མེད་དེ་གཉི་གའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །དེས་ན་རྒྱུར་བརྗོད་པ་ལ་འཇུག་པའི་བྱེད་རྒྱུ་མེད་པའི་ཕྱིར། རྒྱུའི་རྒྱུ་ཉིད་མི་རིགས་པས་ཞེས་བྱ་བ་སྨྲས་ཏེ། རྒྱུར་བརྗོད་པ་ལ་འཇུག་པའི་བྱེད་རྒྱུ་ཞེས་བྱ་བ་ནི་རྒྱུ་ཞེས་ཐ་སྙད་གདགས་པ་ལ་འཇུག་པའི་བྱེད་རྒྱུ་སྟེ་འབྲས་བུ་སྐྱེས་པ་གང་ཡིན་པའོ། །དེ་མེད་པའི་ཕྱིར་རྒྱུ་ཞེས་ཐ་སྙད་གདགས་པའི་ཕྱིར་རྒྱུ་ཉིད་གཞན་དག་གིས་ཡོད་པར་བརྟགས་པར་མི་རིགས་པས་སྒྲུབ་པར་བྱེད་པའི་ཕྱིར་རྒྱུར་འདོད་པ་དེ་མི་གྲུབ་པོ། །དེའི་ཕྱིར་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ་རྒྱུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་མ་གྲུབ་པོ་ཞེས་ཟེར་རོ་ཞེས་བྱ་བ་ནི། སློབ་དཔོན་དེ་བ་ཤར་མས་རང་གི་འགྲེལ་པ་དཀར་པོ་འཆར་བ་ཉིད་ཀྱི་སྐབས་སུ་སྐྱེ་བར་སྨྲ་བ་གཞན་གྱི་ཕྱོགས་སྔ་མར་བཞག་པའི་ཚིག་དེ་མ་གྲུབ་པོ་ཞེས་སློབ་དཔོན་དེ་བ་ཤར་མ་ཉིད་ཀྱིས་སུན་དབྱུང་བ་ཡིན་ནོ། །དེར་སྐྱེ་བ་སྨྲ་བ་གཞན་གྱི་ཕྱོགས་སྔ་མར་བཞག་པའི་ཚིག་གང་ཡིན་ཞེ་ན། དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པའོ། །སློབ་དཔོན་དེ་བ་ཤར་མ་ཉིད་ཀྱིས་དེ་མ་གྲུབ་པོ་ཞེས་སུན་དབྱུང་བའི་གཏན་ཚིགས་ནི་སྒྲུབ་པར་བྱེད་པའི་ཕྱིར་རྒྱུར་འདོད་ན། དེ་ཡང་འབྲས་བུ་ཡོད་པ་དང་མེད་པ་དང་གཉི་


DTG099_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གའི་བདག་ཉིད་ལ་ཡང་མི་སྲིད་པའི་རྒྱུར་བརྗོད་པ་ལ་འཇུག་པའི་བྱེད་རྒྱུ་མེད་པའི་ཕྱིར། རྒྱུའི་རྒྱུ་ཉིད་མི་རིགས་པས་ཞེས་གོང་དུ་བསྟན་པ་ཉིད་ཡིན་ཏེ། སློབ་དཔོན་དེ་བ་ཤར་མའི་རྣམ་པར་བཤད་པ་དེ་ནི་འགྲེལ་པ་བྱེད་པ་ཉིད་ཀྱང་འདོད་དོ། །གཞན་དག་ན་རེ་ཞེས་བྱ་བ་ནི། སློབ་དཔོན་བུདྡྷ་པཱ་ལི་ཏས་རང་གི་དབུ་མའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་བྱ་བ་བྱས་པ་ལས་ཚིག་ལེའུར་བྱས་པ་འདིའི་དོན་འདི་ལྟར་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར་ཞེས་སྨྲས་པ་ནི་ཞེས་བྱ་བ་ནི། སློབ་དཔོན་བུདྡྷ་པཱ་ལི་ཏས་རང་གི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཉིད་ཀྱི་སྐབས་སུ་སྐྱེ་བར་སྨྲ་བ་གཞན་གྱི་ཕྱོགས་སྔ་མར་བཞག་པའི་ཚིག་ཡིན་ཏེ། དེ་ལ་དོན་དམ་པར་དངོས་པོ་སྐྱེ་བ་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་ཡིན་ལ། རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཡིན་པར་སྦྱར་རོ། །དངོས་པོ་ཡོད་པ་དང་མེད་པ་དང་གཉི་གའི་བདག་ཉིད་མངོན་པར་སྒྲུབ་པར་མི་བྱེད་པའི་ཕྱིར་རོ། །རྒྱུའི་མཚན་ཉིད་མི་འཐད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་བུདྡྷ་པཱ་ལི་ཏ་ཉིད་ཀྱི་ཕྱོགས་སྔ་མར་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་སུན་དབྱུང་བའི་ཕྱོགས་ཕྱི་མ་ཡིན་ཏེ། དེ་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བའི་ཕྱོགས་སྔ་མའི་གཏན་ཚིགས་ཀྱི་དོན་རྒྱུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་དེ་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་དང་མེད་པ་དང་གཉི་གའི་བདག་ཉིད་མངོན་པར་སྒྲུབ་པར་མི་བྱེད་པའི་ཕྱིར། རྒྱུ་མཚན་ཉིད་མི་འཐད་པས་ཞེས་བྱ་བས་རང་གི་གཏན་ཚིགས་བསྟན་ཏོ། །དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་སློབ་དཔོན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་སུན་དབྱུང་བའི་ཚིག་ཡིན་ནོ། །དེ་ཅིའི་ཕྱིར་བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ་འབྲས་བུ་བདག་ཉིད་ཡོད་པ་སྐྱེ་བར་མི་བྱེད་པ་ཞེས་བྱ་བ་ཡང་ཡང་དམ་བཅས་པ་ཙམ་དུ་ཟད་དེ། གཏན་ཚིགས་ཀྱང་མེད། དཔེ་ཡང་མེད། འབྲས་བུ་བདག་ཉིད་མེད་པ་སྐྱེད་པར་མི་བྱེད་པ་ཞེས་བྱ་བ་ཡང་དམ་བཅས་པ་ཙམ་དུ་ཟད་དེ། གཏན་ཚིགས་ཀྱང་མེད། དཔེ་ཡང་མེད་པ་ཡིན། འབྲས་བུ་གཉི་གའི་བདག་ཉིད་སྐྱེད་པར་མི་བྱེད་པ་ཞེས་བྱ་བ་ཡང་དམ་


DTG099_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཙམ་དུ་ཟད་དེ། གཏན་ཚིགས་ཀྱང་མེད། དཔེ་ཡང་མེད་པས་རིག་ཙམ་གྱིས་ནི་གཞན་གྱི་ཕྱོགས་སུན་འབྱིན་པར་མི་འགྱུར་རོ་ཞེས་སྔར་ལན་བཏབ་ཟིན་པའི་ཕྱིར། དེ་ནི་བཟང་པོ་མ་ཡིན་ནོ། །དེ་ལྟར་རེ་ཞིག་རྒྱུའི་རྐྱེན་གྱིས་རྐྱེན་ཉིད་མི་རིགས་སོ་ཞེས་བྱ་བ་ནི་དེ་ལྟར་རིགས་པས་དཔྱད་ན་རེ་ཞིག་རྒྱུའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྐྱེན་ཉིད་དོན་དམ་པར་སྐྱེད་པར་བྱེད་པ་ཉིད་ཡིན་པར་མི་རིགས་སོ།། །།བམ་པོ་ཉི་ཤུ་པ། ད་ནི་དམིགས་པའི་རྐྱེན་གྱི་རྐྱེན་ཉིད་ཀྱང་ཇི་ལྟར་མི་རིགས་པ་དེ་ལྟར་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི། ཇི་ལྟར་རྒྱུའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྐྱེན་ཉིད་རིགས་པས་དཔྱད་ན་དོན་དམ་པར་རྐྱེན་ཉིད་དུ་མི་རིགས་པ་དེ་ལྟར། ད་ནི་དམིགས་པའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྐྱེན་ཉིད་ཀྱང་རིགས་པས་དཔྱད་ན་དོན་དམ་པར་རྐྱེན་ཉིད་དུ་མི་རིགས་པ་དེ་ལྟར་དཔྱད་པར་བྱ་སྟེ་ཤེས་བྱ་བར་སྦྱར་རོ། །དེའི་ཕྱིར། ཡིན་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ནར་ཉེ་བར་བསྟན། །ཞེས་བྱ་བ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཚིག་ལེའུར་བྱས་པ་འདིས་དམིགས་པའི་རྐྱེན་འགོག་པར་བྱེད་དོ། །དེ་ལ་ཡིན་པའི་ཆོས་འདི་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། དམིགས་པ་ནི། མེད་པ་ཁོ་ནར་ཉེ་བར་བསྟན། །ཞེས་བྱ་བ་ནི་དེའི་ཁྱད་པར་ཡིན་ཏེ། དམིགས་པ་མེད་པ་ཡིན་པའི་ཆོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བློ་ལ་བཞག་པ་འདི་ནི་དོན་དམ་པར་དམིགས་པ་མེད་པ་ཁོ་ནར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ཡིན་པའི་ཞེས་བྱ་བ་ནི་གྱུར་པའི་གཞི་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། དམིགས་པ་མེད་པ་མ་ཡིན་པའི་ཞེས་བྱ་བ་ནི་དམིགས་པ་མེད་པར་གྱུར་པའི་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཉིད་ཆོས་ཞེས་བྱའོ། །དེ་དག་གི་རང་གི་མཚན་ཉིད་གང་ཞེ་ན། རྣམ་པར་ཤེས་པར་བྱེད་པ་ཉིད་དང་བྱེད་པ་མེད་པ་ཉིད་དེ། རང་གི་མཚན་ཉིད་དེ་དག་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །འདི་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བློ་ལ་བཞག་པ་བསྟན་པའོ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་བློ་ལ་བཞག་ཅིང་བློ་ལ་བཀོད་པ་མངོན་སུམ་དུ་སྣང་བ་


DTG099_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བ་འདི་བསྟན་ཅིང་བཤད་པའོ། །དམིགས་པ་ཞེས་བྱ་བ་ནི་དེ་དག་དམིགས་པར་བྱ་བ་ཡིན་པ་སྟེ། དམིགས་པ་ནི་གཟུང་བ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང་ཆོས་ཞེས་བྱ་བའི་དངོས་པོ་དེ་དག་ནི་དམིགས་པར་བྱ་བ་དང་གཟུང་བར་བྱ་བ་ཡིན་པས་དམིགས་པ་ཞེས་བྱའོ། །དམིགས་པ་ནི་གཟུང་བ་ཞེས་བྱ་བའི་དོན་གང་ཡིན་པའོ་ཞེས་བྱ་བ་ནི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་མེད་པ་ཁོ་ནར་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་དུའོ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཡིན་པའི་ཆོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བློ་ལ་བཞག་པ་འདི་ནི་དོན་དམ་པར་དམིགས་པ་མེད་པ་ཁོ་ནར་ཞེས་བྱ་བ་དམིགས་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་དམིགས་པ་མེད་ཅེ་ན། དོན་དམ་པར་དེ་དག་སྐྱེ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཡིན་པའི་ཆོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བློ་ལ་བཞག་པ་འདི་ཇི་ལྟར་དམིགས་པ་མེད་ཅེ་ན། དོན་དམ་པར་བཅོམ་ལྡན་འདས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དམིགས་པར་བྱེད་པ་དེ་དག་སྐྱེ་བ་བཀག་པའི་ཕྱིར། གཟུགས་ལ་སོགས་པ་དམིགས་པ་ཡང་མེད་པའི་ཕྱིར་རོ། །ཅི་སྟེ་གཞན་དག་འདི་སྐད་ཅེས་མ་སྐྱེས་པ་ནི་དམིགས་པར་མི་བྱེད་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང༌། སྐྱེས་པ་ཡང་དམིགས་པར་མི་བྱེད་དེ་གྲུབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བདེན་ན། འོན་ཀྱང་རྣམ་པར་ཤེས་པ་སྐྱེ་བཞིན་པ་ནི་ཡུལ་ལ་དམིགས་པར་བྱེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྐྱེ་བཞིན་པ་ལ་ཡང་དམིགས་པ་མེད་དེ་སྐྱེ་བཞིན་པའི་ཕྱིར་གཟུགས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་སྐྱེ་བཞིན་པ་ལ་ཡང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། རྣམ་པར་ཤེས་པ་སྐྱེ་བཞིན་པ་ལ་ཡང་ཞེས་བྱ་བ་ཆོས་ཅན་ལ། དམིགས་པ་མེད་དེ་ཞེས་བྱ་བའི་ཆོས་ཁྱད་པར་ཅན་སྒྲུབ་པ་ཡོད་པའི་ཕྱིར་རོ། །དམིགས་པ་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། རྣམ་པར་ཤེས་པ་སྐྱེ་བཞིན་པ་ལ་ཡང་ཞེས་བྱ་བ་ཆོས་ཅན་དེ་ལ་དོན་དམ་པར་དམིགས་པ་མེད་དེ་ཞེས་བྱ་བ་ཆོས་ཁྱད་པར་ཅན་དེ་བསྒྲུབ་པར་བྱ་བ་ཡིན་


DTG099_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སྐྱེ་བཞིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། གང་དང་གང་སྐྱེ་བཞིན་པ་དེ་དང་དེ་ལ་དམིགས་པ་མེད་དོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར་རོ། །གཟུགས་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་སྐྱེ་བཞིན་པའི་ཕྱིར་དེ་དག་ལ་དམིགས་པ་མེད་པ་དེ་བཞིན་དུ། རྣམ་པར་ཤེས་པ་སྐྱེ་བཞིན་པ་ལ་ཡང་གཟུགས་ལ་སོགས་པ་དམིགས་པ་མེད་དོ། །གང་གི་དམིགས་པའི་རྐྱེན་གཟུགས་དང་ཆོས་ཐམས་ཅད་ཀྱི་བར་དག་ཡིན་པར་མདོ་སྡེའི་མཐའ་ལས་རྣམ་པར་གཞག་པ་དེའི་དགག་པ་ཡང་དེ་ལྟར་བྱའོ། །ཅིའི་ཕྱིར་དགག་པར་བྱ་ཞེ་ན། རྣམ་པར་ཤེས་པ་དམིགས་པར་བྱེད་པ་ཡིན་པའི་བྱེད་རྒྱུ་ནི་དམིགས་པ་ཉིད་ཡིན་པས་དམིགས་པར་བྱེད་པ་བཀག་ན་དམིགས་པ་ཡང་བཀག་པ་ཁོ་ནར་འགྱུར་བ་དེའི་ཕྱིར། དེ་ལྟ་ཡིན་པའི་ཆོས་འདི་དམིགས་པ་མེད་པ་ཁོ་ནར་བཅོམ་ལྡན་འདས་ཀྱིས་དོན་དམ་པར་ཉེ་བར་བསྟན་ཅིང་བཀའ་སྩལ་ཏོ། །འོ་ན་ཆོས་མངོན་པ་ལ་དམིགས་པ་དང་བཅས་པ་དག་ཏུ་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་མ་གསུངས་སམ་ཞེ་ན། དེའི་ལན་དུ། དམིགས་པ་དང་བཅས་པ་ཞེས་བྱ་བ་ནི་ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་མངོན་པ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་དམིགས་པ་དང་བཅས་པར་གསུངས་པ་ནི་བདེན་མོད་ཀྱི། དེ་ནི་ཐ་སྙད་ཀྱི་བདེན་པའི་ལུགས་ངེས་པར་རྣམ་པར་གཞག་ཅིང་ཡོངས་སུ་བསྟན་པའི་ཕྱིར་གསུངས་པ་ཡིན་གྱི། དོན་དམ་པར་དམིགས་པ་དང་བཅས་པ་ཉིད་དུ་གསུངས་པ་ནི་མ་ཡིན་ནོ། །ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཕྱིར་དམིགས་པ་དང་བཅས་པ་ཞེས་གསུངས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དམིགས་པ་གང་གིས་སྐྱེ་བ་ནི་དེར་སྣང་བ་སྐྱེ་བའི་ཕྱིར་དམིགས་པ་དང་བཅས་པ་ཞེས་བྱའི་ནོར་ཅན་བཞིན་དུ་དུས་གཅིག་ཁོ་ནར་འབྲེལ་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། དམིགས་པ་སེར་པོ་དང་སྔོན་པོ་ལ་སོགས་པ་གང་གི་རྣམ་པར་ཤེས་པ་སྐྱེ་བ་ན་གང་གི་ཕྱིར་ཡུལ་སྔོན་པོ་དང་སེར་པོ་ལ་སོགས་པ་དག་ལ་རྣམ་པར་ཤེས་པ་དེ་ཡང་དེའི་རྣམ་པ་སྔོན་པོ་དང་


DTG099_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ལ་སོགས་པར་སྣང་བ་སྐྱེ་བ་དེའི་ཕྱིར་དམིགས་པ་དང་བཅས་པ་ཞེས་བྱའི། ཇི་ལྟར་ལྷ་སྦྱིན་ནོར་དང་ལྡན་པ་བཞིན་དུ་ནོར་དང་ནོར་ཅན་གཉི་ག་དུས་གཅིག་ཁོ་ནར་འབྲེལ་པ་ལྟ་བུའི་ཕྱིར་དམིགས་པ་དང་བཅས་པ་ཞེས་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དམིགས་པ་དང་བཅས་པ་ཞེས་བྱ་བ་ནི་ཐ་སྙད་དུ་ཡང་དག་པ་མ་ཡིན་པ་ལས་སྒྲོ་བཏགས་པ་ཡིན་ཏེ་དུས་གཅིག་ན་མེད་པའི་ཕྱིར་རོ། །དེའི་ལན་ནི་འགའ་ཞིག་གིས་དེའི་ཕྱིར། དེ་ལྟར་ཆོས་ནི་དམིགས་མེད་ན། །ཞེས་བྱ་བ་ནི་དོན་དམ་པར་དམིགས་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་དམིགས་པར་བྱེད་པ་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་རྣམ་པར་ཤེས་པ་མ་སྐྱེས་ན་དེ་ལ་དམིགས་པར་བྱེད་པ་ཉིད་དགག་པར་མི་རིགས་སོ་ཞེས་ཟེར་ན། དེའི་ལན་ནི་འགའ་ཞིག་གིས་དམིགས་པར་བྱེད་པ་མ་ཡིན་པའི་དམིགས་པ་ཉིད་ཡོངས་སུ་བརྟགས་པ་གང་མི་འཐད་པའི་ཕྱིར་ཞེས་བྱ་བ་འདི་ཡིན་ཏེ། སྐྱེ་བར་སྨྲ་བ་འགའ་ཞིག་གིས་རྣམ་པར་ཤེས་པ་དམིགས་པར་བྱེད་པ་མ་ཡིན་པའི་དམིགས་པ་གཟུགས་ལ་སོགས་པ་ཉིད་ཡོད་པར་ཡོངས་སུ་བརྟགས་པ་ཡང་མི་འཐད་པའི་ཕྱིར་ཏེ། ལོག་པར་བརྟགས་པ་དེ་འགོག་པར་བྱེད་དོ། །དེ་ལྟར་དེ་དམིགས་པ་ཉིད་མི་འཐད་པའི་ཕྱིར། དམིགས་པ་ཡོད་པར་ག་ལ་འགྱུར། །འདི་ལ་གཟུགས་ལ་སོགས་པ་དམིགས་པ་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གི་དོན་ཏེ། ཚིག་ལེའུར་བྱས་པའི་དོན་ནི་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་གསལ་བར་བྱ་བའི་ཕྱིར། དཔེར་ན་མཚམས་མེད་པ་བྱེད་པ་ལ་མངོན་པར་རྟོགས་པ་ཡོད་པ་ག་ལ་འགྱུར་ཞེས་བྱ་བ་བཞིན་ནོ་ཞེས་ཁུངས་བསྟན་པ་ཡིན་ཏེ། འདིས་ཅི་བསྟན་ཞེ་ན། མཚམས་མེད་པ་བྱེད་པ་ལ་བདེན་པ་མངོན་པར་རྟོགས་པ་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བ་བཞིན་དུ། འདིར་ཡང་དམིགས་པ་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟ་ན་ཡང་གཏན་ཚིགས་དེ་ཉིད་ཀྱི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་དོན་དམ་པར་རྐྱེན་བསྟན་པའི་ཕྱིར་ཞེས་གཏན་ཚིགས་སྦྱོར་བར་འདོད་ན་ནི་དེ་གང་ཡང་རུང་བ་ལ་མ་གྲུབ་པའི་དོན་དེ་ཉིད་དོ། །འོན་ཏེ་གཉི་ག་ལ་གྲུབ་པར་བྱ་བའི་ཕྱིར་


DTG099_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་ཏུ་རྐྱེན་བསྟན་པའི་ཕྱིར་ཞེས་གཏན་ཚིགས་སྦྱོར་བར་འདོད་ན་ནི་དེས་ན་ཀུན་རྫོབ་ཏུ་རྐྱེན་བསྟན་པ་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དང༌། མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པས་འདིར་ཡང་ཁྱོད་ངོ་བོ་ཉིད་མེད་པར་སྒྲུབ་པས་ཁྱོད་ཉིད་ངོ་བོ་ཉིད་ཡོད་པར་འདོད་པ་དང་འགལ་བའི་དོན་ཉིད་དོ། །གཞན་དག་ལ་ཡང་རྣམ་པར་བརྟགས་པ་མཚུངས་པར་ལྟག་ཆོད་སྦྱོར་བར་བྱེད་དེ་ཞེས་བྱ་བ་ནི་ཆོས་མངོན་པ་པ་གཞན་དག་དབུ་མ་པས་སྔར་སྐྱེ་བཞིན་པ་ལ་ཡང་དམིགས་པ་མེད་དེ་སྐྱེ་བཞིན་པའི་ཕྱིར། གཟུགས་བཞིན་ནོ་ཞེས་སྒྲུབ་པ་བསྟན་པ་གང་ཡིན་པ་དེ་ལ་མི་རིགས་པར་བརྒལ་ཞིང་བརྟག་པ་མཚུངས་སོ་ཞེས་རིགས་པ་ཅན་གྱི་སྒྱུ་ཐབས་ཀྱིས་ལྟག་ཆོད་སྦྱོར་བར་བྱེད་པ་ཡིན་ན། །གཟུགས་ནི་དམིགས་པ་མེད་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོར་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་དེ་ནི་བསྟན་བཅོས་ལས་ཀྱང་དམིགས་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་མྱ་ངན་ལས་འདས་པའོ་ཞེས་འབྱུང་བས་རིགས་ནི་ཞེས་བྱ་བ་ནི། ཆོས་མངོན་པ་པ་དག་གིས་དབུ་མ་པའི་དཔེ་གཟུགས་བཞིན་ནོ་ཞེས་བྱ་བ་དེར་རུང་བར་སྒྲུབ་པའི་ཚིག་ཡིན་ཏེ། དབུ་མ་པ་ཁྱེད་ན་རེ། གཟུགས་ནི་དམིགས་པ་མེད་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོར་གཏོགས་པའི་ཕྱིར་རོ་ཞེས་ཟེར་བ་གང་ཡིན་པ་དེ་ནི་རིགས་སོ། །ཅིའི་ཕྱིར་རིགས་ཤེ་ན། ཆོས་མངོན་པའི་བསྟན་བཅོས་ལས་ཀྱང༌། དམིགས་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་མྱ་ངན་ལས་འདས་པའོ་ཞེས་འབྱུང་བས་དེའི་ཕྱིར་གཟུགས་ལ་དམིགས་པ་ཉིད་མེད་དོ་ཞེས་བྱ་བ་དེ་ནི་བདེན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་མེད་པ་ཉིད་དུ་ཁས་ལེན་པ་གང་ཡིན་པ་ནི་དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ་ཞེས་བྱུང་བ་དེ་ཁས་ལེན་པས་མི་རིགས་སོ་ཞེ་ན་ཞེས་བྱ་བ་ནི་ཆོས་མངོན་པ་པ་དག་གིས་དབུ་མ་པའི་སྒྲུབ་པ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་མེད་དོ་ཞེས་བྱ་བ་དེ་མི་རུང་བར་སྒྲུབ་པའི་ཚིག་ཡིན་ཏེ། དབུ་མ་པ་ཁྱེད་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་མེད་པ་ཉིད་དུ་ཁས་


DTG099_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་གང་ཡིན་པ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་མི་རིགས་ཤེ་ན། ཆོས་མངོན་པའི་བསྟན་བཅོས་ལས་ཀྱང༌། དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ་ཞེས་འབྱུང་ལ། ཁྱེད་ཀྱང་སངས་རྒྱས་པ་ཡིན་པས་ཁྱེད་ཀྱིས་ཀྱང་ལུང་དེ་སྔ་ནས་ཁས་བླངས་པས་དེའི་ཕྱིར་འདིས་དམིགས་པ་མེད་པ་ཉིད་དུ་ཁས་ལེན་པ་ལ་གནོད་པར་འགྱུར་བས། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་མེད་པ་ཉིད་དུ་སྒྲུབ་པ་དེ་ནི་མི་རིགས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། །དཔེ་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁྱོད་ཀྱི་གཟུགས་ནི་དམིགས་པ་མེད་པ་ཡིན་ཏེ། གཟུགས་ཀྱི་ཕུང་པོར་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་གང་ཡིན་པ་དེ་ནི་བསྟན་བཅོས་ལས་ཀྱང་དམིགས་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་མྱ་ངན་ལས་འདས་པའོ་ཞེས་འབྱུང་བས་རིགས་ན་ཞེས་བྱ་བའི་ལུང་སྨྲས་པ་གང་ཡིན་པ་དེས་ཁོ་བོས་སྐྱེ་བཞིན་པ་ལ་ཡང་དམིགས་པ་མེད་དེ། སྐྱེ་བཞིན་པའི་ཕྱིར་གཟུགས་བཞིན་ནོ་ཞེས་བྱ་བས་རྣམ་པར་ཤེས་པ་སྐྱེ་བཞིན་པ་ལ་དམིགས་པ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་གང་ཡིན་པ་དེའི་དཔེ་གཟུགས་ལས་བླངས་པ་དེ་ལ་བསྒྲུབ་པའི་ཕྱིར་ཁོ་བོ་དཔེ་གྲུབ་པས་ཁྱོད་ཀྱི་སྒྲུབ་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཅི་སྟེ་འདི་སྐད་ཅེས་འབྱུང་བ་ལས་གྱུར་པའི་གཟུགས་ཉིད་ནི་གཟུགས་ཡིན་པའི་ཕྱིར་དེ་ལ་དམིགས་པ་མེད་པ་བདེན་མོད་ཀྱི། འབྱུང་བ་ལས་གྱུར་པ་མ་ཡིན་པ་རྣམ་པར་ཤེས་པ་སྐྱེ་བཞིན་པ་ནི་སྐྱེ་བཞིན་པ་ཉིད་ཡིན་པའི་ཕྱིར་དེ་ལ་དམིགས་པ་ཡོད་དེ། དཔེར་ན་འབྱུང་བ་ལས་གྱུར་པ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་བཞིན་པའི་ཕྱིར་དེ་དག་གཟུང་བའི་ཡུལ་འཛིན་པར་བྱེད་པ་དེ་བཞིན་དུ་འབྱུང་བ་ལས་གྱུར་པ་མ་ཡིན་པས་ཤེས་པ་ཡང་སྐྱེ་བཞིན་པའི་ཕྱིར་དེ་གཟུང་བའི་ཡུལ་འཛིན་པར་གྱུར་པ་དེ་ལ་དམིགས་པ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འབྱུང་བ་ལས་གྱུར་པ་མ་ཡིན་པ་ཉིད་གཏན་


DTG099_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བརྗོད་ན་ཡང་དཔེ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། འབྱུང་བ་ལས་གྱུར་པ་མ་ཡིན་པ་རྣམ་པར་ཤེས་པ་སྐྱེ་བཞིན་པ་ཉིད་དམིགས་པ་ཡོད་པའི་གཏན་ཚིགས་སུ་བརྗོད་ན་ཡང་ཁྱེད་ལ་དཔེ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ཏེ། ཇི་ལྟར་སེམས་ཀྱི་དམིགས་པ་ཉིད་འགོག་པར་བྱེད་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་ཡང་འགོག་པར་འགྱུར་བས་དེའི་ཕྱིར་སེམས་ལ་དམིགས་པ་ཡོད་པའི་དཔེ་སེམས་ལས་བྱུང་བ་རྣམས་ལ་ཁས་བླངས་པ་དེ་མེད་པའི་ཕྱིར་རོ། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་མེད་པ་ཉིད་དུ་ཁས་ལེན་ན་ལུང་ལས་དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་འབྱུང་བ་རྣམས་སོ་ཞེས་འབྱུང་བ་དེ་ཁས་བླངས་པ་ལ་གནོད་པར་འགྱུར་བས་མི་རིགས་སོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ། དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གལ་ཏེ་གཟུང་བ་ནི་དམིགས་པའོ་ཞེས་དེ་དག་གི་དོན་ལ་རྟོག་ན་ཡང་སེམས་དང་སེམས་ལས་བྱུང་བའི་གཟུང་བ་ཉིད་འགོག་པར་འགྱུར་བའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་གཟུང་བ་ནི་དམིགས་པའོ་ཞེས་དེ་དག་གི་དོན་ལ་རྟོག་ན་ཡང་ཞེས་བྱ་བ་ནི། གལ་ཏེ་ཆོས་མངོན་པ་པ་དག་འདི་སྐད་ཅེས་ལུང་ལས་སེམས་དང་སེམས་ལས་བྱུང་བ་རྣམས་ལས་གཟུང་བ་ཡོད་པར་གསུངས་པ་ཉིད་དམིགས་པ་ཡིན་ནོ་ཞེས་སེམས་དང་སེམས་ལས་བྱུང་བ་དེ་དག་གི་གཟུང་བའི་དོན་ལ་རྟོག་ན་ཡང་ངོ༌། །དེ་ལྟར་རྟོག་ན་དེ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་དང་སེམས་ལས་བྱུང་བའི་གཟུང་བ་ཉིད་འོག་ནས་འགོག་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ཇི་སྐད་གསུངས་པའི་ཚུལ་ཉིད་ཀྱིས་དོན་དམ་པར་རྣམ་པར་ཤེས་པ་དམིགས་པར་བྱེད་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཇི་སྐད་གསུངས་པ་ཉིད་ཀྱིས། དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་ཉིད་ཡོད་པར་མ་གསུངས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་


DTG099_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་ཚུལ་དེ་ཉིད་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིས་སྟོང་ལྔ་བརྒྱ་པ་ལས། གང་གི་ཚེ་གཟུགས་སྟོང་པའམ་མི་སྟོང་པར་རྣམ་པར་རྟོག་པར་མི་བྱེད་པ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་ཅི་ལ་དམིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཀྱི་སྩལ་གྱིས་རྣམ་པར་གནོན་པ། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན་གཟུགས་ལ་མི་དམིགས་སོ། །བྱང་ཆུབ་དང་ལྡན་པའི་བར་ལ་མི་དམིགས་སོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡུལ་ཅི་ལ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ཆོས་ཐམས་ཅད་ནི་དམིགས་པ་མེད་དེ། གང་ལ་རྣམ་པར་ཤེས་པ་འདི་དག་གི་དམིགས་པར་འགྱུར་པའི་གཟུང་བ་ནི་ཆོས་རྣམས་ལ་ཟུང་ཟད་ཀྱང་མེད་པའི་ཕྱིར་རོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་འདི་ལྟར་གཟུགས་ནི་གཟུགས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྣམ་པར་ཤེས་པའི་བར་ཡང་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ནི་ཕུང་པོ་ལྔ་ཡིན་ལ། དེ་ལ་ཡུལ་ཅན་ཡང་ཕུང་པོ་ལྔ་བའི་མཚན་ཉིད་ཡུལ་ཡང་ཕུང་པོ་ལྔ་པའི་མཚན་ཉིད་ཡིན་པས་དེ་དག་ནི་མ་སྐྱེས་པའི་ཕྱིར། གཟུགས་ཀྱང་གཟུགས་ལ་མི་དམིགས་ལ། རྣམ་པར་ཤེས་པའི་བར་ཡང་རྣམ་པར་ཤེས་པ་ལ་མི་དམིགས་པས་དེའི་ཕྱིར་ཆོས་འགའ་ཡང་གང་གི་སྤྱོད་ཡུལ་མ་ཡིན་ནོ། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་སྤྱོད་ཡུལ་མ་ཡིན་པའི་ཕྱིར། གཟུགས་ཀྱིས་གཟུགས་མི་ཤེས་མི་མཐོང་ངོ༌། །རྣམ་པར་ཤེས་པའི་བར་གྱིས་ཀྱང་རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ༌། །འདིར་བཅོམ་ལྡན་འདས་ལ་ཞུས་པ། གང་ཟག་གཟུགས་ཀྱིས་གཟུགས་མ་འཚལ་མི་མཐོང་བ་དང༌།


DTG099_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་བར་གྱིས་ཀྱང་རྣམ་པར་ཤེས་པ་མ་འཚལ་མི་མ་ཐོང་བ་དེ་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་མི་ཤེས་མི་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། འདི་ལ་སྐྲག་པར་མི་བྱའོ་ཞེས་གསུངས་སོ། །དེ་ལྟར་དམིགས་པའི་རྐྱེན་ཀྱང་བརྟགས་ཟིན་ཏོ་ཞེས་བྱ་བ་ན་དམིགས་པའི་རྐྱེན་ཅེས་ཐ་སྙད་གདགས་པའི་རྐྱེན་ཉིད་ཀྱང་ཇི་ལྟར་དོན་དམ་པར་རྐྱེན་ཉིད་དུ་མི་རིགས་པ་དེ་ལྟར་དཔྱད་ཟིན་ཏོ། །ད་ནི་དེ་མ་ཐག་པའི་རྐྱེན་གྱིས་སྐབས་སུ་བབ་པས་དེ་བརྟག་པར་བྱའོ་ཞེས་བྱ་བས་ནི། དེ་ལྟར་དམིགས་པའི་རྐྱེན་ཀྱང་བརྟགས་ཟིན་པས་དེའི་འོག་ཏུ་དེ་མ་ཐག་པའི་རྐྱེན་བསྟན་པ་བརྟག་པའི་སྐབས་སུ་བབ་པས་དེའི་ཕྱིར་དེ་དཔྱད་ཅིང་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་དོན་དམ་པར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་བཀག་པའི་ཕྱིར་ཞེས་བྱ་བ་ལ་འདི་ལ་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་ལའོ། །དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པའི་ཡུལ་ལའོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་རོལ་དང་ནང་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོ། །རྣམ་པ་ཐམས་ཅད་དུ་བཀག་པའི་ཕྱིར་ཞེས་བྱ་བ་ནི་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་རྣམ་པ་ཐམས་ཅད་ལས་སྐྱེ་བ་བཀག་པའི་ཕྱིར་རོ། །ཆོས་རྣམས་མ་སྐྱེས་སོ་ཞེས་དེ་བསྟན་ཟིན་པས་ཞེས་བྱ་བ་ནི་དེའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་དེ་རིགས་པས་དཔྱད་པ་ཆེན་པོས་བསྟན་ཟིན་པས་སོ། །དེའི་ཕྱིར་ཆོས་རྣམས་མ་སྐྱེས་པ་མ་ཡིན་ན་འགག་པ་འཐད་པར་མི་འགྱུར་རོ། །མ་སྐྱེས་པའི་ཕྱིར་མགོ་གཉིས་པ་དགག་པ་བཞིན་ནོ་ཞེས་བྱ་བ་ནི་དེའི་ཕྱིར་ཆོས་རྣམས་མ་སྐྱེས་པ་ཡིན་ན། འགག་པ་འཐད་པར་མི་འགྱུར་ཏེ། དཔེར་ན་ལམ་པོ་ཆེར་ཞུགས་པའི་མིའི་མགོ་བོ་གཉིས་པ་མ་སྐྱེས་ཤིང་མེད་པའི་ཕྱིར། ཆོམ་རྐུན་པ་ལ་སོགས་པས་དགག་ཅིང་གཅད་དུ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མ་སྐྱེས་པའི་ཕྱིར་དགག་པར་མི་འགྱུར་རོ། །དེས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དབུ་མ་པ་ལ་འདྲི་བ་སྟེ། གལ་ཏེ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་འགག་


DTG099_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན་ཅི་ཉེས་ཞེས་འདྲི་བ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས། དེའི་ཕྱིར་དེ་མ་ཐག་མི་རིགས། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འགག་པ་མེད་པ་དེའི་ཕྱིར་དེ་མ་ཐག་པའི་རྐྱེན་ཉིད་བརྟག་པར་མི་རིགས་སོ། །དོན་དམ་པར་ནི་ཞེས་བྱ་བ་ནི་དོན་དམ་པར་དེ་མ་ཐག་པར་རྐྱེན་ཉིད་མི་རིགས་སོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དེ་ཉིད་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་དོན་དམ་པར་དེ་མ་ཐག་པའི་དངོས་པོ་རྐྱེན་ཉིད་ཡིན་པར་འདོད་ན་ནི་དོན་མ་གྲུབ་པ་ཉིད་དོ། །འོན་ཏེ་ཀུན་རྫོབ་ཏུ་མ་ཐག་པའི་དངོས་པོའི་རྐྱེན་ཉིད་ཡིན་པར་འདོད་ན་ནི་ཁྱོད་དོན་དམ་པར་དེ་མ་ཐག་པའི་རྐྱེན་ཉིད་དུ་སྒྲུབ་པ་དང་འགལ་བའི་དོན་ཉིད་ཡིན་ནོ། །ཡང་ན་སྤྱིར་སྐྱེ་བ་ཁས་བླངས་པ་ན་ཡང་བཤད་པར་བྱ་སྟེ་ཞེས་བྱ་བ་ནི་ཡང་ན་ཁོ་བོ་ཅག་དབུ་མ་པ་དོན་དམ་པར་སྐྱེ་བ་ཁས་མི་ལེན་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་དུ་སྤྱིར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་བར་ཁས་བླངས་ན་ཡང་དོན་དམ་པར་དེ་མ་ཐག་པའི་རྐྱེན་ཉིད་ཇི་ལྟར་མི་རིགས་པ་དེ་ལྟར་བཤད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །འདི་ལ་དེ་མ་ཐག་པ་ནི་འདི་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཚོགས་འགགས་པ་དེ་དེ་མ་ཐག་པའི་རྐྱེན་ཡིན་པར་འདོད་ན་ཞེས་བྱ་བ་ནི་འདི་ལ་ཀུན་རྫོབ་ཏུ་དེ་མ་ཐག་པའི་རྐྱེན་ནི་འདི་ལྟ་བུ་ཡིན་པར་འདོད་དོ། །སེམས་དང་སེམས་ལས་བྱུང་བའི་ཚོགས་འགགས་མ་ཐག་པ་གང་ཡིན་པ་དེ་ལྟར་བྱུང་བའི་ཚོགས་རིགས་མཐུན་པ་སྐྱེད་པར་བྱེད་པས་དེ་མ་ཐག་པའི་རྐྱེན་ཡིན་པར་འདོད་ནའོ། །དེ་ཡང་ཚོགས་སྐྱེ་བར་འདོད་པའི་རྐྱེན་ཉིད་དུ་མི་རིགས་ཏེ། འགགས་པའི་ཕྱིར་རྣམ་པར་ཤེས་པ་འགགས་ནས་ཡུན་རིང་དུ་ལོན་པ་བཞིན་ནམ་གཟུགས་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་དེ་ཡང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཚོགས་འགགས་པ་གང་ཡིན་པ་དེ་ཡང་ངོ༌། །ཚོགས་སྐྱེ་བར་འདོད་པའི་རྐྱེན་ཉིད་དུ་མི་རིགས་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཚོགས་ཕྱིས་སྐྱེ་བར་འདོད་པ་སྐྱེ་བ་ལ་མངོན་པར་ཕྱོགས་པའི་རྐྱེན་ཉིད་དུ་མི་རིགས་པར་བསྒྲུབ་པའོ། །འགགས་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ།


DTG099_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་སེམས་ལས་བྱུང་བའི་ཚོགས་འགགས་པ་གང་ཡིན་པ་དེ་ནི་འགགས་པའི་ཕྱིར་མེད་པ་ཡིན་པས་ཚོགས་སྐྱེ་བར་འདོད་པའི་རྐྱེན་ཉིད་དུ་མེ་རིགས་སོ། །རྣམ་པར་ཤས་པ་འགགས་ནས་ཡུན་རིང་དུ་ལོན་པ་བཞིན་ནམ་གཟུགས་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་འགགས་ནས་ཡུན་རིང་དུ་ལོན་པ་ནི་སེམས་ཀྱི་སྐད་ཅིག་དུ་མས་བར་དུ་ཆོད་པའི་ཕྱིར་ཚོགས་སྐྱེ་བར་འདོད་པའི་རྐྱེན་ཉིད་དུ་མི་རིགས་པ་དང༌། དཔེར་ན་གཟུགས་འགགས་པ་ཡང་སེམས་དང་སེམས་ལས་བྱུང་བའི་ཚོགས་ད་ལྟར་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ཉིད་དུ་མི་རིགས་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཚོགས་འགགས་པ་གང་ཡིན་པ་དེ་ཡང་ཚོགས་སྐྱེ་བར་འདོད་པའི་རྐྱེན་ཉིད་དུ་མི་རིགས་སོ། །དེ་ཅིའི་ཕྱིར་འགགས་པ་རྐྱེན་ཉིད་དུ་མི་རིགས་ཤེ་ན། དེའི་ཕྱིར་དེ་ལ་ནི་འགགས་ན་རྐྱེན་ཀྱང་གང་ཞིག་ཡིན་ཞེས་བྱ་བ་གསུངས་ཏེ། དེ་ནི་རྐྱེན་ཉིད་དུ་མི་སྲིད་པ་ཁོ་ན་ཡིན་ཏེ། འགགས་པས་ནི་དངོས་པོ་སྐྱེ་བར་འདོད་པ་ལ་ཕན་འདོགས་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། འགག་པ་མེད་པས་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་སྐྱེ་བར་འདོད་པ་ལ་ཅུང་ཟད་ཀྱང་ཕན་འདོགས་པར་མི་བྱེད་དེ་མེད་པའི་ཕྱིར། །གང་ཕན་འདོགས་པར་མི་ནུས་པ་དེ་རྐྱེན་ཉིད་ཡིན་པར་མི་རིགས་སོ་ཞེས་བྱ་བར་དགོངས་སོ། །ཀྱང་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའི་རྐྱེན་ཉིད་མ་ཡིན་པ་དང༌། སྤྱིའི་རྐྱེན་ཀྱང་མ་ཡིན་ནོ་ཞེས་དགག་པ་བསྡུ་བའི་ཕྱིར་རོ་ཞེས་བྱ་བ་ནི། འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བའི་ཀྱང་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའི་རྐྱེན་ཉིད་འབའ་ཞིག་ཀྱང་མ་ཡིན་ལ། གཞན་དག་བཅས་སུ་ཟིན་ཀྱང་རྐྱེན་ཉིད་མ་ཡིན་ནོ་ཞེས་དགག་པ་བསྡུ་བའི་ཕྱིར་རོ། །ཅི་སྟེ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས་དངོས་པོ་སྐྱེ་བཞིན་པ་ན། འགགས་བཞིན་པས་གོ་སྐབས་འབྱེད་པས་ཕན་འདོགས་པའི་ཕྱིར་དང༌། གལ་ཏེ་དེ་ལས་གཞན་པ་འདས་པའི་སྐད་ཅིག་དག་གིས་བར་དུ་མཆོད་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ཉིད་གྲུབ་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོའི་བསམ་པ་བསྟན་པ་སྟེ། དེ་ལ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས་དངོས་པོ་སྐྱེ་བཞིན་པ་ན་ཞེས་བྱ་བ་ལ། རྒྱུ་སོ་སོར་


DTG099_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཞེས་བྱ་བ་རྣམས་སོ། །རྐྱེན་སོ་སོར་ངེས་པ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་རྣམས་སོ། །དབང་གིས་ཞེས་བྱ་བ་ནི་ནུས་པ་སྟེ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་ནུས་པ་དབང་དེས་སོ། །དངོས་པོ་སྐྱེ་བཞིན་པ་ན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་སྐྱེ་བཞིན་པ་ནའོ། །འགགས་བཞིན་པས་གོ་སྐབས་འབྱེད་པས་ཕན་འདོགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྐད་ཅིག་སྔ་མ་མ་འགགས་ན་མ་འོངས་པ་མི་སྐྱེ་བ་དེའི་ཕྱིར། རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས་དངོས་པོ་སྐྱེ་བཞིན་པ་ན་འགགས་བཞིན་པས་གོ་སྐབས་འབྱེད་པས་ཕན་འདོགས་པའི་ཕྱིར། དེ་མ་ཐག་པའི་རྐྱེན་ཉིད་གྲུབ་པས་ཉེས་པ་མེད་དོ་ཞེས་ཟེར་བ་ཡིན་ནོ། །གལ་ཏེ་དེ་ལས་གཞན་པ་འདས་པའི་སྐད་ཅིག་དག་གིས་བར་དུ་མ་ཆོད་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ཉིད་འགྲུབ་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་འགགས་མ་ཐག་པའི་སྐད་ཅིག་དེ་ལས་གཞན་པ་འདས་པའི་སྐད་ཅིག་གང་དག་ཡིན་པ་དེ་དག་གིས་བར་དུ་མ་ཆོད་པའི་ཕྱིར་དེས་ན་འགགས་པ་སྤྱི་ཡིན་པས་སེམས་ཀྱི་སྐད་ཅིག་བཞིན་དུ་བར་དུ་མ་ཆོད་པའི་སེམས་ཀྱི་སྐད་ཅིག་རྐྱེན་མ་ཡིན་པར་འགོག་པ་དེ་མི་རིགས་པའི་ཕྱིར་རོ། །དེ་མ་ཐག་པའི་རྐྱེན་ཉིད་འགྲུབ་པས་ཉེས་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི། འགགས་པའི་ཕྱིར་རྣམ་པར་ཤེས་པ་འགགས་ནས་ཡུན་རིང་དུ་ལོན་པ་བཞིན་ནམ་གཟུགས་བཞིན་ནོ་ཞེས་བྱ་བ་ལྟ་བུར་རྗེས་སུ་དཔག་པའི་གནོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ལན་ནི་གཟུགས་ཅན་མ་ཡིན་པ་རྣམས་ཡུལ་ན་མི་གནས་པའི་ཕྱིར་དང་ཞེས་བྱ་བ་འདི་ཡིན་ཏེ། འདི་ལ་གང་དག་གཟུགས་ཅན་གཟུགས་དང་ལྡན་པ་དེ་དག་ལ་ནི་གོ་སྐབས་འབྱེད་པར་རིགས་ཏེ། དཔེར་ན་བུམ་པ་བསལ་བ་དེར་ཕྲུ་བའི་གོ་སྐབས་ཡོད་པར་འགྱུར་བ་ལྟ་བུ་ཡིན་གྱི། གང་དག་གཟུགས་ཅན་མ་ཡིན་པ་གཟུགས་དང་མི་ལྡན་པ་སེམས་དང་སེམས་ལས་བྱུང་བ་དེ་དག་ལ་ནི་གོ་སྐབས་འབྱེད་པ་མི་རིགས་པའི་ཕྱིར། རྒྱུ་དང་རྐྱེན་སོ་སོར་ངེས་པའི་དབང་གིས་དངོས་པོ་སྐྱེ་བཞིན་པ་ན་འགགས་བཞིན་པས་གོ་སྐབས་འབྱེད་པས་ཕན་འདོགས་པའི་ཕྱིར། །དེ་མ་ཐག་པའི་


DTG099_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཉིད་གྲུབ་པས་ཉེས་པ་མེད་དོ་ཞེས་བྱ་བ་དེ་ལན་དུ་མི་རུང་ངོ༌། །གཞན་ཡང༌། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དེ། །ཞེས་བྱ་བས་འགགས་མ་ཐག་པའི་ཡིད་རྐྱེན་ཉིད་ཡིན་པའི་ཕྱིར་དེ་ལན་དུ་མི་རུང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བའི་རྣམ་པར་ཤེས་པ་དྲུག་པོ་དག་འདས་མ་ཐག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡིད་ཡིན་པར་འདོད་པས་དེའི་ཕྱིར་འགགས་མ་ཐག་པའི་ཡིད་རྐྱེན་ཉིད་ཡིན་པའི་ཕྱིར། དེ་ལས་གཞན་པ་འདས་པའི་སྐད་ཅིག་དག་གིས་བར་དུ་མ་ཆོད་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ཉིད་གྲུབ་པས་ཉེས་པ་མེད་དོ་ཞེས་བྱ་བ་དེ་ཡང་ལན་དུ་མི་རུང་ངོ༌། །འགགས་བཞིན་པ་རྐྱེན་ཉིད་དུ་རྟོག་ན་ཡང་ཁ་ཅིག་ན་རེ། དུས་མཉམ་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ཉིད་དུ་མི་རུང་ངོ་ཞེའོ་ཞེས་བྱ་བ་ནི། གང་དག་འགགས་བཞིན་པས་གོ་སྐབས་འབྱེད་པས་རྐྱེན་ཉིད་དུ་རྟོག་ན་ཡང་དེ་དག་ལ་འགྲེལ་པ་བྱེད་པ་ཉིད་ལ་སོགས་པ་དབུ་མ་པ་ཁ་ཅིག་ན་རེ། དེ་དག་གི་འགགས་བཞིན་པ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བྱ་སྟེ། དེས་ན་རྒྱུ་དང་འབྲས་བུ་གཉིས་དུས་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དེ་ཡང་དེ་མ་ཐག་པའི་རྐྱེན་དུ་མི་རུང་ངོ་ཞེས་ཟེར་རོ། །གཞན་དག་ནི་ཚིགས་སུ་བཅད་པའི་ཕྱེད་འོག་མ། དེའི་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བས་ནི་མ་སྐྱེས་པ་ལ་ཡང་བྱ་སྟེ། ཀྱང་ཞེས་བྱ་བའི་སྒྲ་ནི་འདིར་མ་སྐྱེས་པ་ལ་ལྟོས་པར་བལྟ་བར་བྱའོ། །ས་བོན་དང་མྱུ་གུ་ཞིག་པ་དང་མ་སྐྱེས་པ་གཉིས་ནི་མེད་པའི་ཕྱིར་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བ་ནི། སློབ་དཔོན་བུདྡྷ་པཱ་ལི་ཏ་ལ་སོགས་པ་དག་ཚིགས་སུ་བཅད་པའི་ཕྱེད་འོག་མ་དེའི་ཕྱིར་དེ་མ་ཐག་མི་རིགས། འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བ་ལ་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཚིགས་སུ་བཅད་པའི་ཕྱེད་འོག་མ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བ་ནི་མ་སྐྱེས་པ་ལ་ཡང་བྱ་སྟེ། ཀྱང་ཞེས་བྱ་བའི་སྒྲ་ནི་འདིར་མ་སྐྱེས་པ་ལ་ལྟོས་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་ས་བོན་འགགས་པ་ཡང་རྐྱེན་ཉིད་མ་ཡིན་ལ། མྱུ་གུ་


DTG099_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་མེད་པ་ནམ་མཁའི་མེ་ཏོག་ལྟ་བུ་ལ་ཡང་རྐྱེན་གྱིས་ཕན་གདགས་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བསྟན་པའི་ཕྱིར་ས་བོན་དང་མྱུ་གུ་ཞིག་པ་དང་མ་སྐྱེས་པ་གཉིས་ནི་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ས་བོན་ཞིག་པ་དང་མྱུ་གུ་མ་སྐྱེས་པ་གཉིས་ནི་མེད་པ་ཡིན་པས་ས་བོན་དང་མྱུ་གུ་ཞིག་པ་དང་མ་སྐྱེས་པ་གཉིས་ནི་མེད་པའི་ཕྱིར་རོ། །དེ་ལྟར་ས་བོན་དང་མྱུ་གུ་ཞིག་པ་དང་མ་སྐྱེས་པ་གཉིས་མེད་པའི་ཕྱིར་ཅིར་འགྱུར་ཞེ་ན། དེའི་ཕྱིར་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ས་བོན་ནི་མྱུ་གུ་ལ་ནུས་པ་ཕུལ་ནས་འགག་པར་རིགས་ན་དེ་ཡང་འགགས་པ་ལ་མེད་པས་དེའི་ཕྱིར་ས་བོན་འགག་པ་ལ་རྒྱུ་མེད་པར་ཐལ་བར་འགྱུར་རོ། །མྱུ་གུ་ཡང་ནུས་པ་ཡོངས་སུ་བཟུང་ནས་སྐྱེ་བར་རིགས་ན་ནུས་པ་ཡོངས་སུ་བཟུང་བ་དེ་ཡང་མ་སྐྱེས་པས་བྱེད་པར་མི་ནུས་པས་དེའི་ཕྱིར་མྱུ་གུ་སྐྱེ་བ་ལ་ཡང་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ། །དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་བརྟན་བུདྡྷ་པཱ་ལི་ཏས་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །གལ་ཏེ་དོན་དེ་འདོད་ན་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པའི་དོན་དེ་འདོད་ན་དེ་ལ་སྐྱོན་འདི་ལྟ་བུ་ཡོད་དོ་ཞེས་བྱ་བར་སྦྱར་རོ། །འགགས་པའི་འགག་པ་ལ་རྒྱུ་མེད་པས་ཞེས་བྱ་བ་ནི་ས་བོན་འགགས་པའི་འགག་པ་ལ་རྒྱུ་མེད་པའི་ཕྱིར་ཏེ། འགགས་པས་ནུས་པ་འབུལ་བ་ཞེས་བྱ་བའི་རྒྱུ་ཉིད་བྱེད་པར་མི་ནུས་པའི་ཕྱིར་རོ། །རྣམ་པར་མི་གནས་པ་དེ་ལས་སྐྱེ་བར་འདོད་པ་སྐྱེ་བར་རྟོག་ན་ཞེས་བྱ་བ་ནི་ས་བོན་འགགས་པ་སྐད་ཅིག་ཕྱི་མར་རྣམ་པར་མི་གནས་པ་དེ་ལས་མྱུ་གུ་ཕྱིས་སྐྱེ་བར་འདོད་པ་སྐྱེ་བར་རྟོག་ནའོ། །དེ་ལྟར་རྟོག་ན་ཅི་ཉེས་ཤེ་ན། དེའི་ཕྱིར་འགག་པ་དང་སྐྱེ་བ་གཉིས་ལ་རྒྱུ་མེད་པ་ཉིད་དུ་འགྱུར་ལ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟ་ན་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་གཉིས་ཀ་ལ་རྒྱུ་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །བཟློག་པ་ལས་ནི་ཇི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེས་བྱ་བ་ནི་ས་བོན་འགགས་པར་རྣམ་པར་མི་གནས་པ་དེ་ལས་བཟློག་པ་ས་བོན་མ་འགགས་པ་ལས་སྐྱེ་བར་འདོད་པ་སྐྱེ་བར་རྟོག་ན་ནི་འགག་པ་


DTG099_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་བ་གཉིས་ལས་རྒྱུ་མེད་པ་ཉིད་དུ་འགྱུར་བའི་སྐྱོན་ཇི་སྐད་སྨྲས་པ་དེ་མེད་དོ། །ཇི་སྐད་སྨྲས་པའི་སྐྱོན་དེ་མེད་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་དེའི་ཆེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པ་བཟློག་པའི་ཚིག་གི་དོན་མངོན་པས་ཞེས་བྱ་བ་སྨྲས་ཏེ། དེའི་ཚེ་ཞེས་བྱ་བ་ནི་བཟློག་པ་ལས་ཇི་སྐད་སྨྲས་པའི་སྐྱོན་མེད་པ་དེའི་ཚེ་ན་སྟེ། དེའི་ཚེ་ན་འགྲེལ་པ་བྱེད་པ་འདིས་སྐྱོན་འདི་མཐོང་ངོ་ཞེས་བྱ་བར་སྦྱར་རོ། །གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ནི་རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། །ཇི་ལྟར་གླགས་ཡོད་པའི་ཚིག་ཡིན་པ་དེ་ཉིད་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་སྒྲུབ་པ་བཟློག་པའི་ཚིག་གི་དོན་མངོན་པས་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་ཞིག་པ་དང་མ་སྐྱེས་པ་གཉིས་ནི་མེད་པའི་ཕྱིར་རྐྱེན་མ་ཡིན་པར་བསྒྲུབ་པར་བྱའོ། །སྒྲུབ་པ་ཞེས་བྱ་བ་ནི་འགག་པ་རྐྱེན་མ་ཡིན་ཞེས་བྱ་བ་དེ་ནི་སྒྲུབ་པའི་ཆོས་ཡིན་ཏེ། ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའོ། །དེ་གཉིས་བཟློག་པའི་ཚིག་གི་དོན་མངོན་པས་ཞེས་བྱ་བས་ནི་བསྒྲུབ་པར་བྱ་བ་འགག་པ་རྐྱེན་མ་ཡིན་པ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མ་འགགས་པ་རྐྱེན་ཡིན་པ་ཞེས་བྱ་བ་དང༌། སྒྲུབ་པ་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་མངོན་པས་སོ། །དེ་གཉིས་བཟློག་པའི་ཚིག་གི་དོན་མངོན་པས་གླགས་ཡོད་པའི་ཚིག་ཅིར་འགྱུར་ཞེ་ན། བསྒྲུབ་པར་བྱ་བ་འགག་པ་རྐྱེན་མ་ཡིན་པ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པས་ནི་མ་འགགས་པ་རྐྱེན་ཡིན་ཞེས་བྱ་བའི་གླགས་ཡོད་པར་འགྱུར་ལ། སྒྲུབ་པ་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་བཟློག་པའི་ཚིག་གི་དོན་མངོན་པས་ནི་ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་བ་གཉིས་རྒྱུ་ཅན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེས་ཅིར་འགྱུར་ཞེ་ན། འགག་པ་ནི་རྐྱེན་མ་ཡིན་ཏེ། རྒྱུ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། སྐྱེ་བ་ཡང་སེམས་དང་སེམས་ལས་བྱུང་བའི་ཚོགས་མ་ཞིག་


DTG099_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་དང་ལྡན་པ་ཡིན་ཏེ། རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འགྱུར་ཏེ། དེས་ན་རྐྱེན་སེམས་དང་སེམས་ལས་བྱུང་བའི་ཚོགས་མ་འགགས་པ་ལས་འབྲས་བུ་སེམས་དང་སེམས་ལས་བྱུང་བའི་ཚོགས་དག་སྐྱེ་བར་འགྱུར་བ་དང༌། འབྲས་བུ་སྐྱེ་བ་ཡང་རྐྱེན་སེམས་དང་སེམས་ལས་བྱུང་བའི་ཚོགས་མ་འགགས་པ་དང་ལྡན་པར་འགྱུར་ཏེ། རྐྱེན་དང་འབྲས་བུ་གཉི་ག་ཡང་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་སྦྱོར་བའི་ཚིག་དེ་གཉིས་ཀ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་མ་སྐྱེས་པའི་ཕྱིར་རོ་ཞེས་སུན་དབྱུང་བ་ཡིན་ནོ། །སྔ་མ་ལ་ནི་གཏན་ཚིགས་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་འགགས་པ་རྐྱེན་ཡིན་ཏེ་ཞེས་བྱ་བའི་གཏན་ཚིགས་མི་འགྲུབ་སྟེ། འདི་ལྟར་ས་བོན་མ་འགགས་ན་མྱུ་གུ་མི་སྐྱེ་བའི་ཕྱིར་རོ། །ཕྱི་མ་ལ་ནི་ཕྱོགས་སྔ་མ་དང་འགལ་བའི་ཕྱིར་ཏེ། ཐམས་ཅད་ལས་སྐྱེ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་ཡང་སེམས་དང་སེམས་ལས་བྱུང་བའི་ཚོགས་མ་ཞིག་པའི་རྒྱུ་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སྔ་མ་དང་འགལ་ཏེ་སྔར་དངོས་པོ་ཐམས་ཅད་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་རྣམ་པ་ཐམས་ཅད་ལས་སྐྱེ་བ་མེད་པར་ཁས་བླངས་ལ། རྣམ་པར་བཤད་པ་འདིར་ནི་རྒྱུ་མ་འགགས་པ་ལས་སྐྱེ་བར་སྒྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཚིགས་སུ་བཅད་པ་དེས་ཀྱང་དེ་མ་ཐག་པའི་རྐྱེན་བསྩལ་བའི་ཕྱིར་ཞེས་བྱ་བ་ནི། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགགས་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཀྱང་གང་ཞིག་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་དེས་ཀྱང་དེ་མ་ཐག་པའི་རྐྱེན་ཉིད་བསྩལ་ལ། །གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་སྒྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཡིན་པའི་ཆོས་ནི་དམིགས་པ་ནི། །མེད་ན་འཁོར་བར་ཉེ་བར་བསྟན། །དེ་ལྟར་ཆོས་འདི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་སྔ་མ་དག་གིས་ཀྱང་རྐྱེན་གཞན་དག་བསྩལ་བ་དེས་ཀྱང་དེ་མ་ཐག་པའི་དོན་བསལ་བའི་ཕྱིར་རོ། །གཏན་ཚིགས་དེ་ཉིད་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ནམ་ཞེས་བྱ་བ་ནི་སྔར་ཆོས་མངོན་པ་པ་དག་གིས་རྐྱེན་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས། རྐྱེན་


DTG099_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག ། །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སྨོས་པ་དེ་ཉིད་མ་གྲུབ་པའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་ཏེ་ཁོ་བོ་ཅག་ལ་དོན་དམ་པར་རྐྱེན་རྣམས་མ་གྲུབ་པའི་ཕྱིར་རོ། །དོན་འགལ་བ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གཉི་ག་ལ་གྲུབ་པའི་རྐྱེན་རྣམས་བསྟན་པ་གང་ཡིན་པ་དེ་ནི་སྒྱུ་མའི་སྐྱེས་བུ་ལ་སོགས་པ་ནོར་བུ་དང་གསང་སྔགས་དང་སྨན་གྱི་རྐྱེན་ལས་བྱུང་བ་ངོ་བོ་ཉིད་མེད་པ་རྣམས་ལ་སྣང་བ་དེ་ལ་ཡང་ཁྱོད་ངོ་བོ་ཉིད་དུ་བསྒྲུབས་པས་ཁྱོད་ལ་འགལ་བའི་དོན་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །དེ་ལྟར་དེ་མ་ཐག་པའི་རྐྱེན་ཀྱང་དཔྱད་ཟིན་ཏོ་ཞེས་བྱ་བ་ནི་ཇི་སྐད་སྨྲས་པའི་རྣམ་པ་དེ་ལྟར་དེ་མ་ཐག་པའི་རྐྱེན་ཀྱང་དཔྱད་ཟིན་ཏེ། བཀག་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ ། །ད་ནི་བདག་པོའི་རྐྱེན་གྱི་སྐབས་སུ་བབ་པས་དེ་དཔྱད་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་ཐམས་ཅད་ཀྱི་ཐ་མར་བདག་པོའི་རྐྱེན་བསྟན་པ་དེའི་ཕྱིར། ད་ནི་དེའི་སྐབས་སུ་བབ་པས་དེ་དཔྱད་པར་བྱ་སྟེ། ཐ་མར་དགག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཁྱེད་ནི་གང་ཡོད་ན་གང་འབྱུང་བདེ་བདག་པོར་འདོད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་ནི་རྒྱུ་གང་ཡོད་ན་འབྲས་བུ་གང་འབྱུང་བ་དེ་བདག་པོའི་རྐྱེན་ཡིན་པར་འདོད་དོ། །འདིར་ཁོ་བོ་ཅག་གི་ཕྱོགས་ལ་ནི་དོན་དམ་པར་སྐྱེ་བ་མེད་པར་བསྟན་པས་དངོས་པོ་རྣམས་རང་གི་བདག་ཉིད་མ་ཐོབ་ཅིང༌། སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཀྱིས་སྟོང་པ་དེའི་ཕྱིར། འདི་ལྟར། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །ཡོད་པ་ཉིད་མ་ཡིན་ནའོ། །ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་དབུ་མ་པའི་བསྟན་བཅོས་འདིར་རོ། །ཁོ་བོ་ཅག་གི་ཕྱོགས་ལ་ནི། །ཞེས་བྱ་བ་ནི་དབུ་མ་པའི་བསམ་པ་ལའོ། །དོན་དམ་པར་སྐྱེ་བ་མེད་པར་བསྟན་པས་ཞེས་བྱ་བ་ནི་དོན་དམ་པར་རྗེས་སུ་དཔག་པ་རྒྱ་ཆེན་པོས་སྐྱེ་བ་མེད་པར་བསྟན་ཅིང་བསྒྲུབས་པས་སོ། །དངོས་པོ་རྣམས་རང་གི་བདག་ཉིད་མ་ཐོབ་ཅིང་ཞེས་བྱ་བ་ནི་སྐྱེ་བ་མེད་པ་དེ་བསྟན་པས་དངོས་པོ་གང་དག་གིས་རང་གི་ངོ་བོ་ཉིད་གྲུབ་པའི་བདག་ཉིད་མ་ཐོབ་པ་དེ་དག་ནི་དངོས་པོ་རྣམས་རང་གི་བདག་ཉིད་མ་ཐོབ་པ་ཡིན་ནོ། །སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བ་ནི་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་


DTG099_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཀྱི་གཟུགས་སྣང་ཡང་དེ་ལ་བུད་མེད་ཀྱི་ངོ་བོ་ཉིད་མེད་པ་དེ་བཞིན་དུ། ནང་གི་དངོས་པོ་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ། །དེའི་ཕྱིར་འདི་ལྟར། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཞེས་བྱ་བ་ནི་དངོས་པོ་ངོ་བོ་ཉིད་ཀྱིས་སྟོང་པ་རྣམས་ཀྱིའོ། །ཡོད་པ་གང་ཕྱིར་ཡོད་མིན་ན། །ཡོད་པ་ཉིད་མ་ཡིན་ནའོ། །ཞེས་བྱ་བ་ནི་ངོ་བོ་ཉིད་ཡོད་པ་ཉིད་མ་ཡིན་ནའོ། །དོན་དམ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་འདི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་ཡང་སྟེ། རྒྱུ་ཉི་ཚེ་ཡོད་དུ་ཟིན་ཀྱང་འབྲས་བུ་སྐྱེ་བར་ཁས་མ་བླངས་པའི་ཕྱིར། འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་དེ་ནི་འཐད་མ་ཡིན། །དེའི་ཕྱིར་ཁྱེད་ལ་གཏན་ཚིགས་ཀྱི། །སྐྱོན་དེ་ཉིད་རྗེས་སུ་འབྲང་ངོ༌། །ཞེས་བྱ་བ་ལ། དོན་དམ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཞེས་བྱ་བ་འདི་ནི་དོན་དམ་པ་འབའ་ཞིག་ཏུ་སྐྱེ་བ་མེད་པར་ཡང་མ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་ཡང་སྟེ་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་ཡང་སྐྱེ་བ་མེད་པ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་དུ་ཡང་སྐྱེ་བ་མེད་ཅེ་ན། རྒྱུ་ཉི་ཚེ་ཡོད་དུ་ཟིན་ཀྱང་འབྲས་བུ་སྐྱེ་བར་ཁས་མ་བླངས་པའི་ཕྱིར་ཏེ། རྒྱུ་ས་བོན་དང་མིག་ལ་སོགས་པ་ཉི་ཚེ་ཡོད་དུ་ཟིན་ཀྱང་རྐྱེན་གཞན་མེད་ན་དེ་ལས་འབྲས་བུ་མྱུ་གུ་དང་རྣམ་པར་ཤེས་པ་ཞེས་བྱ་བ་དག་སྐྱེ་བར་ཁས་མ་བླངས་པའི་ཕྱིར་ཏེ། འདི་ལྟར་ཞིང་པ་ལ་སོགས་པའི་མ་དག་ས་བོན་འབའ་ཞིག་ཁོ་ན་ལས་མྱུ་གུ་སྐྱེ་བར་མི་འདོད་པའི་ཕྱིར་རོ། །དེའི་ཕྱིར། འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་དེ་ནི་འཐད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ་ཞེས་བརྗོད་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ ། །དེའི་ཕྱིར་ཁྱོད་ལ་གཏན་ཚིགས་ཀྱི་སྐྱོན་དེ་ཉིད་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་བདག་པོའི་རྐྱེན་ཀྱང་མ་གྲུབ་པ་དེའི་ཕྱིར། ཁྱེད་ལ་རྐྱེན་བསྟན་པའི་གཏན་ཚིགས། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་བྱ་བ་དེ་མ་གྲུབ་པའི་སྐྱོན་དེ་ཉིད་རྗེས་སུ་འབྲང་ངོ༌། །གང་དག་དེ་དག་ཡོད་པར་སྟོན་པ་ན་ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར། དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའོ་ཞེ་ན་


DTG099_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རང་གི་སྡེ་པ་དག་རྐྱེན་དེ་དག་ཡོད་པར་སྟོན་པ་ན་དབུ་མ་པ་ལ་འདི་སྐད་ཅེས་རྒོལ་བ་ཡིན་ཏེ། དབུ་མ་པས་ཀུན་རྫོབ་ཏུ་རྐྱེན་བཞི་པོ་དག་ཡོད་པ་དེ་ལྟར་ཁས་བླངས་པའི་ཕྱིར་དོན་དམ་པར་ཡང་རྐྱེན་བཞི་པོ་དེ་དག་ཡོད་པར་འགྱུར་ཏེ། དཔེར་ན་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་ནི་ཞེ་བའོ་ཞེས་ཁས་བླངས་པ་དེ་དོན་དམ་པར་ཡང་དེ་བཞིན་དུ་ཡོད་པར་འགྱུར་བ་ལྟ་བུའོ་ཞེས་ཟེར་བ་ཡིན་ནོ། །དེ་ལ་གང་དག་ཅེས་བྱ་བ་ནི་རང་གི་སྡེ་པ་དག་གོ ། །དེ་དག་ཡོད་པར་ཞེས་བྱ་བ་ནི་རྐྱེན་དེ་དག་ཡོད་པར་རོ། །སྟོན་པ་ན་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་ལས་སོགས་པ་རྐྱེན་བཞི་པོ་དེ་དག་ཡོད་པ་ཁོ་ནར་སྟོན་པ་ནའོ། །དེ་དག་དོན་དམ་པར་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་དེ་དག་ཡོད་པར་སྟོན་པ་ན་དབུ་མ་པ་ལ་འདི་སྐད་ཅེས་རྒོལ་ཏེ། དབུ་མ་པ་ལ་ཀུན་རྫོབ་ཏུ་དེ་ལྟར་ཁས་བླངས་པའི་ཕྱིར། དོན་དམ་པར་རྐྱེན་བཞི་པོ་དེ་དག་ཡོད་པར་འགྱུར་རོ། །དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་འདི་ནི་དཔེ་ཡིན་ཏེ། དཔེར་ན་དབུ་མ་པས་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཁས་བླངས་པ་དེ་དོན་དམ་པར་ཡང་ཞི་བ་ཉིད་དུ་ཡོད་པར་འགྱུར་བ་དེ་བཞིན་དུ། དབུ་མ་པས་ཀུན་རྫོབ་ཏུ་རྐྱེན་རྣམས་དེ་ལྟར་ཡོད་པར་ཁས་བླངས་པའི་ཕྱིར། དོན་དམ་པར་ཡང་རྐྱེན་དེ་དག་དེ་བཞིན་དུ་ཡོད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་དཔེའི་སྐྱོན་སྔ་མ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་གི་སྡེ་པ་ཕྱིར་ཟློག་པར་བྱེད་པ་དེ་དག་གི་དཔེ་མྱ་ངན་ལས་འདས་པ་ལས་བླངས་པ་དེའི་སྐྱོན་ནི་སྔ་མ་བཞིན་ཏེ། སྔར་རི་བོང་གི་རྭའི་དཔེ་དང་མྱ་ངན་ལས་འདས་པའི་དཔེ་དོན་དམ་པར་མི་འགྲུབ་པོ་ཞེས་བསྟན་པ་དེ་དང་འདྲ་བས་ན་དཔེའི་སྐྱོན་སྔ་མ་བཞིན་ནོ། འདི་སྐད་བསྟན་ཏེ། དོན་དམ་པར་མྱ་ངན་ལས་འདས་པར་ཡང་མི་འགྲུབ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རབ་འབྱོར་གྱི་ལེའུ་ལས། ལྷའི་བུ་གལ་ཏེ་མྱ་ངན་ལས་འདས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་པར་གྱུར་ན་དེ་ཡང་སྒྱུ་མ་ལྟ་བུའོ་ཞེས་སྨྲས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེའི་ཕྱིར་སྒྲུབ་པ་དཔེ་མེད་པའི་སྐྱོན་དུ་འགྱུར་བས་དེ་ཡང་མི་རུང་ངོ༌། །འདིར་གཞན་དག་འདི་སྐད་ཅེས་གལ་ཏེ་དོན་


DTG099_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་མྱ་ངན་ལས་འདས་པ་མེད་ན། འོ་ན་ཇི་ལྟར་ཞི་བ་དང་ཞི་བར་གྱུར་པ་དང༌། འཆི་བ་མེད་པ་དང༌། རྒ་བ་མེད་པ་དང༌། ཉམས་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དག་གིས་མྱ་ངན་ལས་འདས་པ་དེ་ཡང་དག་པར་བསྔགས་པ་མཛད་ཅེས་ཟེར་བའི་ཕྱོགས་སྔ་མ་ཁང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འདུས་བྱས་མི་རྟག་པ་ལ་སོགས་པའི་ཉེས་པས་སྐྱོན་ཆགས་པ་ལས་འདུན་པ་བཟློག་ནས། དེ་ལ་ཉེ་བར་འདུན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་ཞི་བར་བསྟན་པ་ཡང་ཐ་སྙད་ཀྱི་བདེན་པར་གཏོགས་པ་ཡིན་གྱི། དོན་དམ་པར་དེ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །འདིར་འདུས་བྱས་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། མི་རྟག་པ་ལ་སོགས་པའི་ཉེས་པས་སྐྱོན་ཆགས་པ་ཞེས་བྱ་བ་ནི་དེའི་ཁྱད་པར་ཡིན་ནོ། །དེ་ལ་འདུས་བྱས་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པས་བསྡུས་པའི་ཆོས་ཐམས་ཅད་དོ། །མི་རྟག་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་དང་བྲལ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྡུག་བསྔལ་བ་དང་མི་གཙང་བ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། འདོད་པས་ཕོངས་པ་ཞེས་བྱ་བ་ལ་སོགས་པ་འཁོར་བའི་ཉེས་པ་གཞན་དག་ཀྱང་བསྡུའོ། །ཉེས་པས་སྐྱོན་ཆགས་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པ་འཁོར་བའི་ཉེས་པས་སྐྱོན་ཆགས་པའོ། །འདུས་བྱས་མི་རྟག་པ་ལ་སོགས་པའི་ཉེས་པས་སྐྱོན་ཆགས་པ་དེ་ལས་འདུན་པ་བཟློག་ནས་ཞེས་བྱ་བ་ནི་དེ་ལ་ལྷག་པར་ཆགས་པ་རྣམས་ལ་འཁོར་བའི་སྐྱོན་བསྟན་པས་དེ་ལས་ཡིད་དབྱུང་བར་བྱས་ནས་སོ། །སོགས་པའི་ཡོན་ཏ་དེ་ལ་ཉ་བར་འདུན་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཕྱིར་ཞེས་བྱ་བ་ནི་འཁོར་བ་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེས་ཡོན་ཏན་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར། མྱ་ངན་ལས་འདས་པ་འདོད་པར་འགྱུར་བ་དེའི་ཕྱིར་མྱ་ངན་ལས་འདས་པ་དེ་ལ་ཉེ་བར་འདུན་པར་བྱ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞི་བར་བསྟན་པ་ཡང་ཐ་སྙད་ཀྱི་བདེན་པར་གཏོགས་པ་ཡིན་གྱི། དོན་དམ་པར་དེ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞི་བ་དང༌། ཞི་བར་གྱུར་པ་དང༌། འཆི་བ་མེད་པ་དང༌། རྒ་བ་མེད་པ་དང༌། ཉམས་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དག་གིས་ཡང་དག་པར་བསགས་ཤིང་མྱ་ངན་ལས་


DTG099_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཡོད་པ་ཉིད་དུ་བསྟན་པ་ཡང་ཀུན་རྫོབ་ཀྱི་བདེན་པར་གཏོགས་པ་ཡིན་གྱི། དོན་དམ་པར་མྱ་ངན་ལས་འདས་པ་དེ་ཡོད་པ་ནི་མ་ཡིན་ནོ། །འདིར་གཞན་དག་འདི་སྐད་ཅེས་གལ་ཏེ་དོན་དམ་པར་མྱ་ངན་ལས་འདས་པ་སྒྱུ་མ་ལྟ་བུ་སྟེ་མེད་པ་ཡིན་ན། །འོ་ན་ཇི་ཏར་ཞི་བ་ལ་སོགས་པའི་ཡོད་ཏན་དག་གིས་བསྟན་པར་བྱ་སྟེ། དཔེར་ན་མོ་གཤམ་གྱི་བུ་མེད་པ་ལ་དཀར་པོ་དང་སྔོ་བསངས་ལ་སོགས་པའི་ཡོན་ཏན་དག་གིས་བསྟན་པར་མི་ནུས་པ་བཞིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པས་སྒྲོ་བཏགས་ནས། གདུལ་བའི་སྐྱེ་བོ་ཆོས་ཟབ་མོ་ལ་མ་མོས་པ་རྣམས་ཡང་དག་པར་དབུགས་དབྱུང་བའི་ཕྱིར་ཞི་བ་ལ་སོགས་པའི་ཡོན་ཏན་དག་གིས་མྱ་ངན་ལས་འདས་པ་ཡང་དག་པར་བསྔགས་པར་མཛད་པ་ཡང་ཐ་སྙད་ཀྱི་བདེན་པར་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞས་བྱ་བས་ནི་ཡིད་ཆེས་པའི་ལུང་གི་ཁུངས་བསྟན་ཏོ། །རྣམ་པར་རྟོག་པས་སྒྲོ་བཏགས་ནས་ཞེས་བྱ་བ་ནི་ཐ་སྙད་པའི་རྣམ་པར་རྟོག་པའི་ཤེས་པས་ཀུན་ནས་བསླད་བའི་ཚིག་ཏུ་སྒྲོ་བཏགས་ནས་སོ། །གདུལ་བའི་སྐྱེ་བོ་ཆོས་ཟབ་མོ་ལ་མ་མོས་པ་རྣམས་ཞེས་བྱ་བ་ནི་གདུལ་བར་བྱ་བའི་སྐྱེ་བོ་གང་དག་ཆོས་ཟབ་མོ་ལ་མ་མོས་པ་མ་སྐྱེས་པ་དག་ལ་མོས་པ་མེད་པ་དེ་དག་ནི་གདུལ་བའི་སྐྱེ་བོ་ཆོས་ཟབ་མོ་ལ་མ་མོས་པ་རྣམས་སོ། །ཡང་དག་པར་དབུགས་དབྱུང་བའི་ཕྱིར་ཞེས་བྱ་བ་ནི་བདེ་བ་ལ་རེག་པར་བྱ་བའི་ཕྱིར་རོ། །ཞི་བ་ལ་སོགས་པའི་ཡོན་ཏན་དག་གིས་ཞེས་བྱ་བ་ནི་ཞི་བ་དང༌། ཞི་བར་གྱུར་པ་དང། འཆི་བ་མེད་པ་དང༌། རྒ་བ་མེད་པ་དང༌། ཉམས་པ་མེད་པ་ལ་སོགས་པའི་ཡོན་ཏན་དག་གིས་སོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ཟད་པ་དང༌། མི་སྐྱེ་བ་ཤེས་པ་ཞེས་བྱ་བ་སྡུག་བསྔལ་ཐམས་ཅད་སྤངས་པའི་མཚན་ཉིད་དོ། །ཡང་དག་པར་བསྔགས་པ་མཛད་པ་ཞེས་བྱ་བ་ནི་ཡང་དག་པར་སོན་པར་མཛད་པ་སྟེ། འདི་ལྟར་གདུལ་བའི་སྐྱེ་བོ་དེ་དག་ནི་དམིགས་པ་དང་བཅས་པ་བསྟན་པས་གདུལ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞི་བ་ལ་སོགས་པའི་ཡོན་ཏན་དག་གིས་མྱ་ངན་ལས་འདས་པ་ཡང་དག་པར་བསྔགས་པར་མཛད་པ་དེ་ཡང་ཐ་སྙད་ཀྱི་བདེན་པར་


DTG099_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་ཁས་བླངས་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་པའི་ཕྱིར་རོ། །དོན་དམ་པར་མྱ་ངན་ལས་འདས་པ་ཡང་ཡོད་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དཔེ་མེད་པས་གཏན་ཚིགས་མ་གྲུབ་སྟེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དེ་ལྟར་དོན་དམ་པར་མྱ་ངན་ལས་འདས་པ་ལ་ཡོད་པ་ཉིད་ཀྱང་མེད་ལ། ཞི་བ་ལ་སོགས་པའི་ཡོན་ཏན་དག་ཀྱང་མེད་པའི་ཕྱིར། དེས་ན་མྱ་ངན་ལས་འདས་པའི་དཔེ་མེད་པས་རྐྱེན་རྣམས་ཡོད་པའི་གཏན་ཚིགས་མ་གྲུབ་པོ། །དེ་མེད་པས་འདོད་པའི་དོན་མི་འགྲུབ་པོ་ཞེས་བྱ་བ་ནི་རྐྱེན་རྣམས་མེད་པས་ཁྱེད་ཀྱི་འདོད་པའི་དོན་རྐྱེན་གཞན་ལས་སྐྱེ་བ་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རྐྱེན་ཉིད་བཀག་ཏུ་ཟིན་ཀྱང་ཡང་གཞན་དག་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ནི་དེ་ལྟར་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་དག་བསྡུས་པ་དང་སོ་སོ་བ་རྐྱེན་ཉིད་མ་ཡིན་པ་དང་འབྲས་བུ་བསྐྱེད་པ་ཉིད་མ་ཡིན་པར་བཀག་ཏུ་ཟིན་ཀྱང་ཡང་རང་གི་སྡེ་པ་གཞན་དག་སྐྱེ་བ་སྒྲུབ་པའི་ཕྱིར་སྐྱེ་བ་མེད་པ་ལ་ཕྱིར་རྒོལ་བ་ཉིད་དུ་གནས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་དག་འདི་སྐད་ཅེས་དོན་དམ་པར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ཏེ། དེ་རྣམས་ཀྱི་འབྲས་བུ་སྐྱེ་བའི་ཕྱིར་དཔེར་ན་མྱུ་གུ་སྒྲུབ་པར་བྱེད་པའི་རྐྱེན་འབྲུ་ལ་སོགས་པ་བཞིན་ནོ།། གང་མེད་པ་དེ་ལ་ནི་རྐྱེན་ཀྱང་མེད་དེ་དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེ་ན་ཞེས་བྱ་བ་སྨྲས་སོ། །འདིར་ཡང་དོན་དམ་པར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། དེ་ལ་དོན་དམ་པར་ཞེས་བྱ་བ་ནི་དོན་དམ་པར་རྫས་སུའོ། །མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་ཅེས་བྱ་བ་ནི་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང་ཡིད་ཅེས་བྱ་བ་ནང་གི་སྐྱེ་མཆེད་གང་དག་གི་དང་པོར་མིག་སྨོས་པ་དེ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་གོ །སྒྲུབ་པར་བྱེད་པའི་རྐྱེན་རྣམས་ཞེས་བྱ་བ་ནི་དེ་དག་སྐྱེད་པར་བྱེད་པའི་རྐྱེན་རྣམས་ཞེས་བྱ་བ་ནི་དེ་དག་སྐྱེད་པར་བྱེད་པའི་རྐྱེན་ལས་དང༌། ཉོན་མོངས་པ་དང༌། ཁུ་ཆུ་དང༌། ཁྲག་དང༌། མེར་མེད་པོ་ལ་སོགས་པ་རྣམས་སོ། །ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་དེ་རྣམས་དོན་དམ་པར་རྫས་སུ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་


DTG099_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་རྣམས་ཀྱི་འབྲས་བུ་སྐྱེ་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་དེ་རྣམས་ཀྱི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྐྱེ་བའི་ཕྱིར་ཏེ། དེ་ལྟར་དེ་རྣམས་ཀྱི་འབྲས་བུ་སྐྱེ་བའི་མཚན་ཉིད་ཀྱི་གཏན་ཚིགས་དེའི་ཕྱིར། རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ནོ། །དཔེར་ན་མྱུ་གུ་སྒྲུབ་པར་རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ནོ། །དཔེར་ན་མྱུ་གུ་སྒྲུབ་པར་བྱེད་པའི་རྐྱེན་འབྲུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་མྱུ་གུ་སྒྲུབ་པར་བྱེད་པའི་རྐྱེན་འབྲུ་ལ་སོགས་པ་དེ་རྣམས་ཀྱི་འབྲས་བུ་མྱུ་གུ་སྐྱེ་བའི་ཕྱིར། མྱུ་གུ་སྒྲུབ་པར་བྱེད་པའི་རྐྱེན་འབྲུ་ལ་སོགས་པ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་དེ་རྣམས་ཀྱི་འབྲས་བུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྐྱེ་བའི་ཕྱིར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དག་སྒྲུབ་པར་བྱེད་པའི་རྐྱེན་རྣམས་ཀྱང་ཡོད་པ་ཁོ་ན་ཡིན་ནོ། །གང་མེད་པ་དེ་ལ་ནི་རྐྱེན་ཀྱང་མེད་དེ། དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་ནི་མེད་པའི་ཕྱིར། དེའི་འབྲས་བུ་གོས་འབྱུང་བ་ཡང་མེད་པས་རུས་སྦལ་གྱི་སྤུའི་གོས་མེད་པ་དེ་ལ་ནི་དེའི་རྐྱེན་རུས་སྦལ་གྱི་སྤུ་ཡང་མེད་པ་ཡིན་གྱི། རྒྱུ་ལ་སོགས་པ་རྐྱེན་རྣམས་ལ་ནི་དེ་ལྟར་འབྲས་བུ་སྐྱེ་བ་མེད་པ་མ་ཡིན་ཏེ། དེ་ཡོད་པ་ཁོ་ན་ཡིན་པས་དེའི་ཕྱིར་རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅི་ཁྱེད་ཀྱི་རྐྱེན་སོ་སོ་བ་དང་འདུས་པ་དག་ལ་འབྲས་བུ་འབྲས་བུའི་བདག་ཉིད་ཀྱིས་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་ལ། ཅི་ཞེས་བྱ་བ་ནི་དྲི་བའི་ཚིག་ཡིན་ནོ། །ཁྱེད་ཀྱི་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་རྣམས་ཀྱིའོ། །རྐྱེན་སོ་སོ་བ་དག་ལ་ཞེས་བྱ་བ་ནི་རྐྱེན་རེ་རེ་དག་ལའོ། །འདུས་པ་དག་ལ་ཞེས་བྱ་བ་ནི་སྤྱི་དག་ལའོ། །འབྲས་བུ་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །འབྲས་བུའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡུལ་འཛིན་ནུས་པ་ཉིད་ཀྱིས་སོ། །ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་ནི་སྔ་ན་ཡོད་པ་ཉིད་ཡིན་ནམ་འོན་ཏེ་མེད་པ་ཉིད་ཡིན་ཞེས་དྲི་བའོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཕ་རོལ་པོས་དབུ་མ་ལ་འདྲི་བའི་


DTG099_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིན་ཏེ། གལ་ཏེ་འབྲས་བུ་མིག་ལ་སོགས་པ་དག་རྐྱེན་མེར་མེར་པོ་ལ་སོགས་པ་སོ་སོ་བ་དང་འདུས་པ་དག་ལ་ཡོད་ན་ཡང་དེས་ཅིར་འགྱུར། གལ་ཏེ་མེད་ན་ཡང་དེས་ཅིར་འགྱུར་ཞེས་དྲི་བ་ཡིན་ནོ། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གལ་ཏེ་ཡོད་ན་ཕྱོགས་དེའི་ལན་ནི། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་ལན་བཏབ་ཟིན་ཏོ། །ཅི་སྟེ་མེད་ན་དེའི་ལན་ཀྱང༌། །མེད་ན་གང་གི་རྐྱེན་ཅེས་བྱ། །ཞེས་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། ཡོད་ན་དང་མེད་ན་ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བར་སྦྱར་རོ།། །།བམ་པོ་ཉི་ཤུ་གཅིག་པ། འོན་ཀྱང་ཡང་བཤད་པར་བྱ་སྟེ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པ་འོག་མའི་མགོ་འདྲེན་པར་བྱེད་དོ། །དེ་ལ་འོན་ཀྱང་ཞེས་བྱ་བའི་སྒྲ་ནི་ཁས་བླངས་པའི་དོན་ཏེ། འབྲས་བུ་སྐྱེ་བ་ཡོད་དུ་ཟིན་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །ཡང་བཤད་པར་བྱ་སྟེ་ཞེས་བྱ་བ་ནི་རྐྱེན་རྣམས་ལས་སྐྱེ་བ་དགག་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ། རྐྱེན་རྣམས་སོ་སོ་འདུས་པ་ལས།། འབྲས་བུ་དེ་ནི་མེད་པ་ཉིད། །དེའི་ཚེ། རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཞེས་བྱ་བ་ནི། གང་གི་ཚེ་རྐྱེན་སོ་སོ་བ་དང་འདུས་པ་དག་ལ་འབྲས་བུ་མིག་ལ་སོགས་པ་དེ་དག་བསྩལ་ན་མེད་པ་ཉིད་ཡིན་པ་དེའི་ཚེ་རྐྱེན་མེར་མེར་པོ་ལ་སོགས་པ་དག་ལས་འབྲས་བུ་མིག་ལ་སོགས་པ་དེ་དག་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་དོན་དམ་པར་འབྲས་བུ་སྐྱེ་བ་མེད་པ་ཁོ་ན་སྟེ། རྐྱེན་རྣམས་ལ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་འབྲས་བུ་མིག་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་སྐྱེ་བ་མེད་པ་ཁོ་ན་སྟེ། རྐྱེན་མེར་མེར་པོ་ལ་སོགས་པ་དང་ས་བོན་ལ་སོགས་པ་རྣམས་ལ་འབྲས་བུ་མིག་ལ་སོགས་པ་དང་མྱུ་གུ་ལ་སོགས་པ་དག་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ། ཚིག་ལེའུར་བྱས་པ་དེའི་དོན་ནི་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་གསལ་བར་བྱ་བའི་ཤེས་པར་བྱེད་པ་བསྟན་པའི་ཕྱིར་རྒྱུ་སྤུན་དག་ལས་ཞོ་ཇི་ལྟར་འབྱུང་སྟེ། དེ་དག་ལ་ཞོ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགའ་ཞིག་གིས་རྒྱུ་སྤུན་དག་ལས་ཞོ་འབྱུང་ངོ་ཞེས་སྨྲས་པ་ན་གཞན་ཞིག་ན་རེ། རྒྱུ་སྤུན་དག་ལས་ཞོ་ཇི་ལྟར་འབྱུང་སྟེ་མི་འབྱུང་ངོ༌། །ཅིའི་ཕྱིར་ཞེ་ན། རྒྱུ་སྤུན་དེ་དག་ལ་ཞོ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་རྒྱུ་སྤུན་དག་ལ་ཞོ་མེད་པ་དེའི་ཕྱིར། རྒྱུ་སྤུན་དེ་དག་ལས་ཞོ་མི་འབྱུང་


DTG099_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་ཟེར་བ་དེ་བཞིན་དུ་འདིར་ཡང་རྐྱེན་རྣམས་ལས་འབྲས་བུ་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། རྐྱེན་དེ་དག་ལས་འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཅི་སྟེ་འབྲས་བུ་ལ་སོགས་པ་ལ་མྱུ་གུ་ལ་སོགས་པ་མེད་བཞིན་དུ་ཡང་སྐྱེ་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ། བྱིས་པའི་བློ་ཅན་སྤྱིའི་སྤྱོད་ཡུལ་དུ་གྱུར་པ་མཐོང་ནས་དོན་དམ་པར་ཡང་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྐྱེ་བར་འདོད་དོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་སྐྱེ་བར་སྨྲ་བ་གཞན་དག་འདི་སྐད་ཅེས་རྒྱུ་འབྲུ་ལ་སོགས་པ་ལ་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་བཞིན་དུ་ཡང་སྐྱེ་བ་ཀུན་རྫོབ་ཏུ་གཏོགས་པ་ཐ་ན་པ་ལང་རྫིའི་ཆུང་མ་ཡན་ཆད་ཀྱི་བློའི་གཟུང་བར་གྱུར་པ་སྣང་བ་ལས་དོན་དམ་པར་ཡང་རྒྱུ་འབྲུ་ལ་སོགས་པ་དང་མེར་མེར་པོ་ལ་སོགས་པ་ལས་འབྲས་བུ་མྱུ་གུ་ལ་སོགས་པ་དང༌། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྐྱེ་མཆེད་རྣམས་སྐྱེ་བར་འདོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་ཅི་སྟེ་ཞེས་པའི་སྒྲ་ནི་ཅི་སྟེ་སྐྱེ་བར་སྨྲ་བ་གཞན་དག་ལ་བློ་འདི་ལྟ་བུ་སྐྱེ་ན་ཞེས་དོགས་པ་བསུ་བའི་ཚིག་ཡིན་ནོ། །འབྲུ་ལ་སོགས་པ་ལས་ཞེས་བྱ་བ་ནི་རྒྱུ་འཇིམ་པ་དང་རྒྱུ་སྤུན་དང་རྩི་རྐྱང་དང༌། མེར་མེར་པོ་ལ་སོགས་པ་གང་དག་གི་དང་པོར་འབྲུ་སྨོས་པ་དེ་ནི་འབྲུ་ལ་སོགས་པ་སྟེ་འབྲུ་ལ་སོགས་པ་དེ་དག་ལས་སོ། །མྱུ་གུ་ལ་སོགས་པ་ཞེས་བྱ་བ་ནི་འབྲས་བུ་བུམ་པ་དང་སྣམ་བུ་དང་སབ་མ་དང་མིག་ལ་སོགས་པ་གང་དག་གི་དང་པོར་མྱུ་གུ་སྨོས་པ་དེ་ནི་མྱུ་གུ་ལ་སོགས་པ་སྟེ་མྱུ་གུ་ལ་སོགས་པ་དེ་དག་གོ །མེད་བཞིན་དུ་ཡང་ཞེས་བྱ་བ་ནི་རྒྱུ་འབྲུ་ལ་སོགས་པ་དེ་དག་ལ་འབྲས་བུ་མྱུ་གུ་ལ་སོགས་པ་དེ་དག་སྔ་ན་མེད་བཞིན་དུ་ཡང་ངོ༌། །སྐྱེ་བ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ཏེ། འབྲས་བུ་མྱུ་གུ་ལ་སོགས་པ་སྐྱེ་བའོ། །ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཞེས་བྱ་བ་ནི་སྐྱེ་བའི་ཁྱད་པར་ཡིན་ཏེ། ཀུན་རྫོབ་ཏུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱིས་པའི་བློ་ཅན་སྤྱིའི་སྤྱོད་ཡུལ་དུ་གྱུར་པ་ཞེས་བྱ་བ་ཡང་སྐྱེ་བའི་ཁྱད་པར་ཡིན་ཏེ། ཐ་ན་བ་ལང་རྫིའི་ཆུང་མ་ཡན་ཆད་ཀྱི་བློའི་གཟུང་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །མཐོང་ནས་ཞེས་བྱ་བ་ནི་དེ་ལྟར་རྒྱུ་འབྲུ་ལ་སོགས་པ་ལས་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་བཞིན་དུ་ཡང་སྐྱེ་བ་སྣང་བ་ལས་ནའོ། །དོན་དམ་པར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སྐྱེ་བར་འདོད་དོ་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་ཀུན་རྫོབ་ཏུ་སྐྱེ་བ་དེ་བཞིན་དུ་དོན་དམ་པར་ཡང་སྐྱེ་


DTG099_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་བཤད་པ། ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །འོ་ན་ལྟ། རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་དེ་ནི་མེད་པར་ཡང༌། །ཞེས་བྱ་བ་ནི་ཅི་སྟེ་འབྲས་བུ་མྱུ་གུ་ལ་སོགས་པ་དེ་སྔ་ན་མེད་པར་ཡང་ངོ༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །ཞེས་བྱ་བ་ནི་རྐྱེན་འབྲུ་ལ་སོགས་པ་དེ་དག་ལས་ཕྱིས་སྐྱེ་བར་འགྱུར་ནའོ། །འོ་ན་ལྟ། རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་བྱ་བ་ནི། འོ་ན་ལྟ་རྐྱེན་མ་ཡིན་པ། །ཞེས་བྱ་བ་ནི་རྐྱེན་རིགས་མི་མཐུན་པ་དག་ལས་ཀྱང་འབྲས་བུ་མྱུ་གུ་ལ་སོགས་པ་ཅིའི་ཕྱིར་སྐྱེ་བར་མི་འགྱུར་དེས་དེ་ལ་གླགས་ཡོད་པའི་ཚིག་ཏུ་འགྱུར་རོ། །དེས་ན་འདི་ལ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཅི་སྟེ་འབྲས་བུ་ལ་སོགས་པ་དེ་དག་སྔ་ན་མེད་པར་ཡང་རྐྱེན་འབྲུ་ལ་སོགས་པ་དེ་དག་ལས་ཕྱིས་སྐྱེ་བར་འགྱུར་ན། འོ་ན་རྐྱེན་མ་ཡིན་པ་དག་ལ་ཡང་འབྲས་བུ་དེ་དག་སྔ་ན་མེད་པར་འདྲ་བས་རྐྱེན་མ་ཡིན་པ་ལས་ཀྱང་འབྲས་བུ་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཞེས་འདི་ལ་རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཏུ་འགྱུར་པའི་ཕྱིར་དེ་ནི་མི་རུང་ངོ། །དེ་ལྟར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་མི་རུང་ན། འདིར་དོན་ཇི་ལྟ་བུར་ངེས་པ་ཡིན་ཞེ་ན། དེའི་ཕྱིར་རྐྱེན་མ་ཡིན་པ་ལས་འབྲས་བུ་མེད་པ་མི་སྐྱེ་བ་བཞིན་དུ་རྐྱེན་རྣམས་ལས་ཀྱང་མི་སྐྱེ་བར་ངེས་ཏེ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཇི་ལྟར་རྐྱེན་མ་ཡིན་པ་རྒྱུ་སྤུན་ལ་སོགས་པ་དག་ལས་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་པ་དག་མི་སྐྱེ་བ་བཞིན་དུ་དོན་དམ་པར་རྐྱེན་འབྲུ་ལ་སོགས་པ་དག་ལས་ཀྱང་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་པ་དག་མི་སྐྱེ་བར་ངེས་སོ། །གླགས་ཡོད་པའི་ཚིག་གི་དོན་དེ་གསལ་བར་བྱ་བའི་ཤེས་པར་བྱེད་པ་བསྟན་པའི་ཕྱིར། དཔེར་ན་གལ་ཏེ་སྒྲ་བྱས་པ་རྟག་ན་བུམ་པ་ཡང་ཅིའི་ཕྱིར་མི་རྟག་ཅེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་གྱིས་སྒྲ་བྱས་པ་རྟག་གོ་ཞེས་སྨྲས་པ་ན་བྱེ་བྲག་པ་ན་རེ། གལ་ཏེ་སྒྲ་བྱས་པ་ཡིན་པས་རྟག་ན། བུམ་པ་བྱས་པ་ཡང་ཅིའི་ཕྱིར་མི་རྟག་ཅེས་འདི་ལ་རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཏུ་འགྱུར་བའི་


DTG099_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་ནི་མི་རུང་ངོ་ཞེས་ཟེར་བ་ལྟ་བུར་འགྱུར་རོ། །དེ་སྐད་སྨྲས་ན་དོན་ཇི་ལྟ་བུ་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའི་དོན་དེ་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་གྱིས་སྒྲ་བྱས་པ་རྟག་གོ་ཞེས་སྨྲས་པ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལ་བྱེ་བྲག་པས་སྒྲ་བྱས་པ་ཡིན་པས་རྟག་ན་བུམ་པ་བྱས་པ་ཡང་ཅིའི་ཕྱིར་མི་རྟག་ཅེས་དེ་སྐད་སྨྲས་ན་དེས་དོན་ཇི་ལྟ་བུ་རྟོགས་པར་འགྱུར་ཞེ་ན། སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའི་དོན་དེ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་འདིར་ཡང༌། ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་བྱ་བ་དེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་རུང་ན། དེ་ལས་བཟློག་པས་དོན་ཇི་ལྟ་བུར་རྟོགས་པར་འགྱུར་ཞེ་ན། ཇི་ལྟར་རྐྱེན་མ་ཡིན་པ་རྒྱུ་སྤུན་ལ་སོགས་པ་དག་ལས་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་པ་དག་མི་སྐྱེ་བ་དེ་བཞིན་དུ་དོན་དམ་པར་རྐྱེན་འབྲུ་ལ་སོགས་པ་དག་ལས་ཀྱང་འབྲས་བུ་མྱུ་གུ་ལ་སོགས་པ་སྔ་ན་མེད་པ་དག་མི་སྐྱེའོ་ཞེས་བྱ་བ་འདིའི་དོན་དེ་རྟོགས་པར་འགྱུར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེས་ན་འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་མྱུ་གུས་སྟོང་པའི་འབྲུ་ལ་སོགས་པ་ལས་དེ་སྐྱེ་བར་མི་འཐད་པ་དེ་འབྲས་བུ་ཡིན་པའི་ཕྱིར། དཔེར་ན་ཞོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དོན་དམ་པར་མྱུ་གུས་སྟོང་པའི་འབྲུ་ལ་སོགས་པ་ལས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། །དེ་སྐྱེ་བར་མི་འཐད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། འབྲས་བུ་ཡིན་པའི་ཕྱིར་དེ་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། དཔེར་ན་ཞོ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ཞོ་ནི་འབྲས་བུ་ཡིན་པའི་ཕྱིར་དེས་སྟོང་པའི་རྐྱེན་འབྲུ་ལ་སོགས་པ་ལས་སྐྱེ་བར་མི་འཐད་པ་དེ་བཞིན་དུ། མྱུ་གུ་ཡང་འབྲས་བུ་ཡིན་པའི་ཕྱིར་དེས་སྟོང་པའི་རྐྱེན་འབྲུ་ལ་སོགས་པ་ལས་སྐྱེ་བར་མི་འཐད་དོ། །དེའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཇི་སྐད་བསྟན་པའི་རིགས་པ་དེས་ན་སྐྱེ་བར་སྨྲ་བ་ཁྱེད་ཀྱི་རྐྱེན་ཡོད་པར་སྒྲུབ་པའི་གཏན་ཚིགས། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སྨོས་པ་དེ་ལ་ཁོ་བོས་དོན་དམ་པར་ནི་དོན་མ་


DTG099_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་དོན་འགལ་བ་ཉིད་ཡིན་ནོ་ཞེས་ཇི་སྐད་སྨྲས་པའི་སྐྱོན་དེ་མེད་པ་མ་ཡིན་ནོ། །འདིར་སྨྲས་པ་ཞེས་བྱ་བ་ནི། །དེ་ལྟར་རྐྱེན་རྣམས་བཀག་ཏུ་ཟིན་ཀྱང༌། ཡང་སྐྱེ་བར་སྨྲ་བ་དག་གིས་རྐྱེན་རྣམས་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱིར་འདིར་སྨྲས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ན་རེ། ནང་གི་དངོས་པོ་རྣམས་ཀྱི་རྐྱེན་རྣམས་དོན་དམ་པར་ཡོད་པ་ཁོ་ནར་གཟུང་སྟེ་དེ་དག་ལས་བྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་ཟེར་རོ། །འདིར་ཡང་ནང་གི་དངོས་པོ་རྣམས་ཀྱི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། ནང་གི་དངོས་པོ་མིག་ལ་སོགས་པ་རྣམས་ཀྱིའོ། །རྐྱེན་རྣམས་དོན་དམ་པར་ཡོད་པ་ཁོ་ནར་གཟུང་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། རྐྱེན་མེར་མེར་པོ་ལ་སོགས་པ་རྣམས་དོན་དམ་པར་ཡོད་པ་ཁོ་ནར་གཟུང་སྟེ། ཆོས་ཅན་ནང་གི་དངོས་པོ་མིག་ལ་སོགས་པ་རྣམས་ལ་བསྒྲུབ་པར་བྱ་བ་ཆོས་རྐྱེན་མེར་མེར་པོ་ལ་སོགས་པ་ཁྱད་པར་ཅན་རྣམས་དོན་དམ་པར་ཡོད་པ་ཁོ་ནར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། དེ་དག་ལས་ཞེས་བྱ་བའི་སྒྲས་ནི་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་དག་ལས་ཞེས་བྱ་བར་གཟུང་སྟེ། འདི་ལྟར་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང་ཞེས་བྱ་བ་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ནི་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་དེ་དག་ལས་བྱུང་བའི་ཕྱིར་རོ། །དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་བུམ་པ་ནི་རྐྱེན་འཇིམ་པ་ལ་སོགས་པ་དེ་དག་ལས་བྱུང་བའི་ཕྱིར་བུམ་པའི་རྐྱེན་འཇིམ་པ་ལ་སོགས་པ་དོན་དམ་པར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། ནང་གི་དངོས་པོ་མིག་ལ་སོགས་པ་རྣམས་ཀྱང་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་དེ་དག་ལས་བྱུང་བའི་ཕྱིར། ནང་གི་དངོས་པོ་མིག་ལ་སོགས་པ་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རྣམས་ཀྱང་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ། །དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་དེ་དག་ལས་གྱུར་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་རྐྱེན་དེ་དག་ལས་གྱུར་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་བྱུང་བ་ལས་གྱུར་པ་ཞེས་བྱ་ཞེ་ན། དེའི་ཕྱིར་གྱུར་པ་ལས་བྱུང་བ་ཞེས་བརྗོད་པའི་ཕྱིར། དཔེར་ན་བུམ་པ་ནི་འཇིམ་པ་ལས་བྱུང་བའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། བརྡ་སྤྲོད་པ་ལས་གྱུར་པ་ལས་བྱུང་བ་ཞེས་བརྗོད་པའི་ཕྱིར་ཏེ།


DTG099_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བུམ་པ་འཇིམ་པ་ལས་གྱུར་པ་ལ་འཇིམ་པ་ལས་བྱུང་བའོ་ཞེས་བྱ་བ་དེ་བཞིན་དུ་མིག་ལ་སོགས་པ་ནང་གི་དངོས་པོ་རྣམས་རྐྱེན་ཁུ་ཆུད་དང་ཁྲག་ལ་སོགས་པ་དེ་དག་ལས་གྱུར་པ་ལ་ཡང་དེ་དག་ལས་བྱུང་བ་ཞེས་བྱའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་ཞེས་བྱ་བ་སྨྲས་ཏེ། འགྲེལ་པ་བྱེད་པས་ཕྱོགས་སྔ་མ་དེ་ཚིག་ལེའུར་བྱས་པ་འདིས་སུན་དབྱུང་བ་ཉིད་བཤད་པ་ཡིན་ནོ། །འབྲས་བུ་རྐྱེན་ལས་བྱུང་བ་ཡིན་ན་རྐྱེན་ལས་གྱུར་པ་ཡིན་ནའོ་ཞེས་བྱ་བ་ནི་འབྲས་བུ་མིག་ལ་སོགས་པ་དག་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་ལས་བྱུང་བ་ཡིན་ཏེ། རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་ལས་གྱུར་པ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་རྣམས་རང་ལས་བྱུང་བ་མ་ཡིན། རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རྣམས་རང་ལས་བྱུང་བ་མ་ཡིན་ཏེ། རང་ལས་ཞེས་བྱ་བའི་སྒྲས་ནི་རྐྱེན་རང་ལས་ཞེས་བྱ་བ་གཟུང་སྟེ། རྐྱེན་རྣམས་རང་ལས་བྱུང་བ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་སྨྲས་ཏེ། རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་བྱུང་བ་ལ་ངོ་བོ་ཉིད་ཅེས་བྱ་ཞེ་ན། དེའི་ཕྱིར་ངོ་བོ་ཉིད་ལས་བྱུང་བ་ཞེས་བརྗོད་པའི་ཕྱིར། དཔེར་ན་བྲམ་ཟེའི་སྙིང་ན་མིར་ལས་བྱུང་བ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། སྔར་ནི་བྱུང་བཞེས་བྱ་བ་གྱུར་པའི་དོན་དུ་བཤད་དོ། །འདིར་ནི་བྱུང་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དོན་དུ་བལྟ་བར་བྱ་སྟེ། བརྡ་སྤྲོད་པ་ལས་ངོ་བོ་ཉིད་ལ་ཡང་བྱུང་བ་ཞེས་བརྗོད་པའི་ཕྱིར་ཏེ། དཔེར་ན་བྲམ་ཟེའི་སྙིང་མར་གྱི་ངོ་བོ་ཉིད་དང་འདྲ་བ་ལ་མར་ལས་བྱུང་བ་བཞིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་དེའི་སྙིང་མར་གོང་གི་དབྱིབས་ལྟ་བུ་ནི་མ་ཡིན་གྱི། འདི་ལྟར་མྱུར་དུ་འཇུ་བ་ཉིད་ཀྱིས་མར་གྱི་ངོ་བོ་ཉིད་དང་ཆོས་མཐུན་པའི་ཕྱིར་བྲམ་ཟེའི་སྙིང་ནི་མར་ལས་བྱུང་བ་བཞིན་ནོ་ཞེས་བྱ་བ་དེ་བཞིན་དུ། རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རྣམས་ཀྱང་རང་ལས་བྱུང་བ་མ་ཡིན་ཏེ། རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་རྣམས་ཇི་ལྟར་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་པ་དེ་ལྟར་ནི་སྔར་བསྟན་ཟིན་པས་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་རྐྱེན་རྣམས་ཇི་ལྟར་རྐྱེན་གྱི་ངོ་བོ་ཉིད་མ་ཡིན་པ་དེ་ལྟར་ནི་སྔར་དང་པོ་ཁོ་ནར་རྗེས་སུ་དཔག་པ་རྒྱ་ཆེན་པོས་རྐྱེན་སོ་སོ་བ་དག་འདུས་པ་དག་


DTG099_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཉིད་དགག་པར་བྱས་ཟིན་པས་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར། རང་བྱུང་མིན་ལས་འབྲས་བུ་གང༌། །དེ་ནི་ཇི་ལྟར་རྐྱེན་ལས་བྱུང༌། །ཞེས་བྱ་བ་གསུངས་ཏེ། རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རང་ལས་བྱུང་བ་མ་ཡིན་པ་རྣམས་ལས་འབྲས་བུ་མིག་ལ་སོགས་པ་གང་བྱུང་བ་དེ་དག་ཇི་ལྟར་རྐྱེན་ལས་བྱུང་བ་ཡིན་པར་ཁྱེད་ཀྱིས་བརྗོད་པར་ནུས་ཏེ་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་ཉིད་བསྟན་པའི་ཕྱིར། དོན་དམ་པར་འབྲས་བུ་རྐྱེན་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་འབྲས་བུ་མིག་ལ་སོགས་པ་བ་དག་རྐྱེན་ཆུ་ཆུ་དང་ཁྲག་ལ་སོགས་པ་ལས་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ། ཚིག་ལེའུར་བྱས་པ་དེའི་དོན་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་གསལ་བར་བྱ་བའི་ཤེས་པར་བྱེད་པ་བསྟན་པའི་ཕྱིར། དཔེར་ན་གལ་ཏེ་དེ་བར་ཏ་གཞོན་ནུ་ནས་ཚངས་པར་སྤྱོད་པ་ཡིན་ནོ། །བྷ་ར་ཏ་ཇི་ལྟར་དེའི་བུ་ཡིན་ཞེས་ཟེར་བ་ལྟ་བུ་སྟེ་ཞེས་བྱ་བ་སྨྲས་ཏེ། འགའ་ཞིག་གིས་དེ་བྷར་ཏ་གཞོན་ནུ་ནས་ཚངས་པར་སྤྱོད་པ་དེའི་བུ་ནི་བྷ་ར་ཏ་ཡིན་ནོ་ཞེས་བྱ་བ་སྨྲས་པ་ན་གཞན་ཞིག་ན་རེ། གལ་ཏེ་དེ་བྷ་ར་ཏ་གཞོན་ནུ་ནས་ཚངས་པར་སྤྱོད་པ་ཡིན་ན། བྷ་ར་ཏ་ཇི་ལྟར་དེའི་བུ་ཡིན་ཞེས་ཟེར་བ་ལྟ་བུར་འགྱུར་རོ། །འདི་སྐད་བསྟན་ཏེ། དཔེར་ན་དེ་བྷ་ར་ཏ་གཞོན་ནུ་ནས་ཚངས་པར་སྤྱོད་པ་ཉིད་ཀྱིས་བྷ་ར་ཏ་དེའི་བུ་ཡིན་པ་དེ་ཉིད་བསྩལ་བ་དེ་བཞིན་དུ་རྐྱེན་རྣམས་རྐྱེན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་པི་ཉིད་ཀྱིས་ཀྱང་དེ་དག་གིས་བསྐྱེད་པའི་འབྲས་བུ་རྐྱེན་དེ་དག་ལས་བྱུང་བ་ཉིད་དང༌། རྐྱེན་དེ་དག་ལས་གྱུར་པ་ཉིད་བསྩལ་བར་ཤེས་པར་བྱའོ། །སྒྱུ་མ་མཁན་གྱིས་སྤྲུལ་པའི་འཇིམ་པའི་གོང་བུ་འཇིམ་པ་དེའི་ངོ་བོ་ཉིད་ཀྱིས་སྟོང་པ་ལས་སྐྱེས་པའི་བུམ་པ་ནི་མཁས་པ་རྣམས་ཀྱི་ཐ་སྙད་དུ་ཡང་འཇིམ་པ་དེ་ལས་གྱུར་པ་ཡིན་ནོ་ཞེས་རྟོགས་པར་མི་བཟོད་པས་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་ཁོ་བོའི་ཕྱོགས་ལ་འཇིམ་པ་ལ་སོགས་པ་རྒྱུའི་དངོས་པོ་ཐམས་ཅད་དང༌། བུམ་པ་ལ་སོགས་པ་འབྲས་བུའི་དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། ངོ་བོ་ཉིད་ཀྱིས་སྟོང་པས་དེའི་ཕྱིར་ཁྱེད་ཀྱིས་ནང་གི་དངོས་པོ་རྣམས་ཀྱི་རྐྱེན་རྣམས་དོན་དམ་པར་ཡོད་པ་ཁོ་ནར་གཟུང་སྟེ། དེ་དག་ལས་བྱུང་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་གང་སྨྲས་པས་དཔེར་ན་བུམ་པ་ནི་རྐྱེན་འཇིམ་པ་ལ་སོགས་པ་དེ་དག་ལས་


DTG099_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱིར་བུམ་པའི་རྐྱེན་འཇིམ་པ་ལ་སོགས་པ་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པ་ནང་གི་དངོས་པོ་རྣམས་ཀྱང་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་དེ་དག་ལས་བྱུང་བའི་ཕྱིར་ནང་གི་དངོས་པོ་མིག་ལ་སོགས་པ་རྣམས་ཀྱི་རྐྱེན་ཁུ་ཆུ་དང་ཁྲག་ལ་སོགས་པ་རྣམས་ཀྱང་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་བུམ་པའི་དཔེ་སྒྱུ་མ་ལྟ་བུ་དེ་ལ་རྐྱེན་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡང་མེད་ལ། དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་སྒྲུབ་པ་ཡང་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། དེའི་ཕྱིར་རྐྱེན་ལས་བྱུང་བ་མ་ཡིན། དེའི་ཕྱིར་འབྲས་བུ་རྐྱེན་ལས་བྱུང་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེས་ན་དཔེ་མེད་དེ་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་མ་ཚང་པའི་ཕྱིར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་གཏན་ཚིགས་དེས་ན་དཔེར་ན་བུམ་པ་བཞིན་ནོ་ཞེས་བུམ་པ་ལས་དཔེ་བླངས་པ་དེ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བུམ་པ་ལ་བསྒྲུབ་པར་བྱ་བ་ཆོས་རྐྱེན་རྣམས་དོན་དམ་པར་ཡོད་པ་ཁོ་ནར་གཟུང་སྟེ་ཞེས་བྱ་དང༌། སྒྲུབ་པའི་ཆོས་དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་གཉིས་མ་ཚངས་པའི་ཕྱིར། རོ། །དེའི་ཕྱིར་སྔ་མ་བཞིན་དུ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་གལ་ཏེ་དོན་དམ་པར་བརྗོད་ན་ནི། དོན་མ་གྲུབ་པ་ཉིད་དུ་འགྱུར་ཏེ། དབུ་མ་པ་རྣམས་ལ་དོན་དམ་པར་དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཀུན་རྫོབ་ཏུ་བརྗོད་ན་ནི་དོན་འགལ་བ་ཉིད་བུ་འགྱུར་ཏེ། དེ་དག་ལས་བྱུང་བའི་ཕྱིར་ཞེས་བྱ་བ་དང༌། ཀུན་རྫོབ་ཀྱི་ངོ་བོ་ཉིད་ནི་མེད་ན་མི་འབྱུང་བ་ཉིད་ཡིན་པས་དེས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བའི་དོན་ཉིད་དུ་འགྱུར་རོ། །འདིར་གཞན་གྱིས་སུན་ཕྱུང་བའི་དོན་སྒྲོ་བཏག་པ་ནས་སྨྲས་པ་ཞེས་བྱ་བ་ནི་སྐབས་འདིར་སྐྱེ་བར་སྨྲ་བ་གཞན་གྱིས་སྔར་དབུ་མ་པས་སྐྱེ་བར་སྨྲ་བ་དག་གི་དཔེ་མེད་དེ་ཞེས་སུན་ཕྱུང་བའི་དོན་དེ་ཁས་བླངས་ནས་ཡང་སྐྱེ་བ་སྒྲུབ་པའི་ཕྱིར་སྨྲས་པ་ཡིན་ནོ། །གལ་ཏེ་འབྲས་བུ་རྐྱེན་ལས་བྱུང་བ་མེད་པས་རྗེས་སུ་དཔག་པ་མེད་པར་བསྟན་དུ་ཟིན་ཀྱང༌། འབྲས་བུ་ནི་འབྲས་བུའི་ངོ་བོ་ཉིད་མི་འདོད་པས་དེ་མ་བཀག་པའི་ཕྱིར། གཞན་གྱིས་ཀྱང་བརྗོད་པར་ནུས་ཏེ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་འབྲས་


DTG099_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བུམ་པ་དང་མིག་ལ་སོགས་པ་དེ་དག་རྐྱེན་འཇིམ་པ་དང་མེར་མེར་པོ་ལ་སོགས་པ་ལས་བྱུང་བ་མེད་པས་དཔེ་མེད་པའི་ཕྱིར། ཁྱེད་དབུ་མ་པས་ཁོ་བོ་ཅག་གི་རྗེས་སུ་དཔག་པ་མེད་པར་བསྟན་དུ་ཟིན་ཀྱང༌། བུམ་པ་དང་མིག་ལ་སོགས་པ་འབྲས་བུ་ནི་འབྲས་བུའི་ངོ་བོ་ཉིད་མི་འདོར་བར་ཡོད་པས་འབྲས་བུ་དེ་མ་བཀག་པའི་ཕྱིར། ཁོ་བོ་ཅག་ལ་འབྲས་བུའི་ངོ་བོ་ཉིད་ཡོད་པས་དེའི་ཕྱིར་ཁོ་བོ་ཅག་གིས་རྣམ་པ་གཞན་གྱིས་ཀྱང་འབྲས་བུའི་རྐྱེན་རྣམས་ཡོད་པ་ཉིད་དུ་སྒྲུབ་པར་ནུས་ཏེ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར། དཔེར་ན་མྱུ་གུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ་འདིར་ཡང་ནང་གི་སྐྱེ་མཆེད་རྣམས་ཀྱི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱིའོ། །རྐྱེན་རྣམས་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། ཆོས་ཅན་ནང་གི་སྐྱེ་མཆེད་རྣམས་ལ་བསྒྲུབ་པར་བྱ་བ་ཆོས་དེ་དག་གི་རྐྱེན་མེར་མེར་པོ་ལ་སོགས་པ་ཁྱད་པར་ཅན་དག་དོན་དམ་པར་ཡོད་པ་ཁོ་ནར་བསྒྲུབ་པར་བྱ་བ་ཡིན་ནོ། །འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། གང་དང་གང་འབྲས་བུ་ཡིན་པ་དེ་དང་དེ་ལ་རྐྱེན་ཡོད་པའི་ཕྱིར་རོ་ཞེས་སྒྲུབ་པའི་ཕྱིར་རོ། །དཔེར་ན་མྱུ་གུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་མྱུ་གུ་ལ་སོགས་པ་ནི་འབྲས་བུ་ཡིན་པའི་ཕྱིར་དེ་དག་གི་རྐྱེན་རྣམས་དོན་དམ་པར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། ནང་གི་སྐྱེ་མཆེད་རྣམས་ཀྱང་འབྲས་བུ་ཡིན་པའི་ཕྱིར་དེ་དག་གི་རྐྱེན་རྣམས་ཀྱང་དོན་དམ་པར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིར་བཤད་པ་ཞེས་བྱ་བ་ནི། སྐྱེ་བར་སྨྲ་བ་དག་གི་རྗེས་སུ་དཔག་པ་དེ་ལ་འགྲེལ་པ་བྱེད་པས་ཚིག་ལེའུར་བྱས་པའི་རྩ་བ་གཉིས་པས་སུན་དབྱུང་བ་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་ཞེས་བྱ་བ་ནི་རྐྱེན་མ་ཡིན་པ་ལས་བྱུང་བ་དང༌། རྐྱེན་མིན་པ་ལས་གྱུར་པ་དང་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱི་འབྲས་བུ་ནི་རྒྱུ་མེད་པ་ལས་བྱུང་བའི་འབྲས་བུ་ཡིན་པས།


DTG099_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ་མེད་པས་དེའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པོ་ཞེས་བསྟན་པ་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར། རྐྱེན་མ་ཡིན་པ་ལས་གྱུར་པའི་འབྲས་བུ་ནི་ཐ་སྙད་དུ་ཡང་རྟོགས་པར་མི་ནུས་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྨྲས་ཏེ། རྐྱེན་འབྲུ་ལ་སོགས་པ་དང་མེར་མེར་པོ་ལ་སོགས་པ་མ་ཡིན་པ་ལས་གྱུར་བའི་འབྲས་བུ་མྱུ་གུ་ལ་སོགས་པ་དང་མིག་ལ་སོགས་པ་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་པས་དེ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་ཡོད་པ་ཉིད་དུ་རྟོགས་པ་དང་གཟུང་བར་མི་ནུས་ན་དོན་དམ་པར་འབྲས་བུ་རྒྱུ་མེད་པ་ལས་བྱུང་བ་ཡོད་པ་ཉིད་དུ་རྟོགས་པ་དང༌། གཟུང་བར་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་ནུས་པས་དེའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པས་ནང་གི་སྐྱེ་མཆེད་རྣམས་ཀྱི་རྐྱེན་རྣམས་དོན་དམ་པར་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ་ཞེས་བྱ་བ་ནི་འདིར་སྐྱེ་བར་སྨྲ་བ་དག་གིས་ཡང་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་ཕྱིར་སྨྲས་པ་ཡིན་ནོ། །གལ་ཏེ་དོན་དམ་པར་རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་ཀྱིས་སྟོང་ན། འོ་ན་ནི་རྐྱེན་རྣམས་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་མི་སྟོང་པར་ཁས་བླངས་པ་ཡིན་པས་དེས་ན་རྐྱེན་མ་ཡིན་པ་གྲུབ་པས་འདོད་པ་གྲུབ་པོ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་ན་རེ། དེ་ལྟར་གལ་ཏེ་དོན་དམ་པར་རྐྱེན་མེར་མེར་པོ་ལ་སོགས་པ་དང་འབྲུ་ལ་སོགས་པ་རྣམས་རང་ལས་བྱུང་བ་མ་ཡིན་པས་རྐྱེན་གྱི་ངོ་བོ་ཉིད་ཀྱིས་སྟོང་ན། འོ་ན་ནི་ཁྱེད་དབུ་མ་པས་རྐྱེན་མེར་མེར་པོ་ལ་སོགས་པ་དང༌། འབྲུ་ལ་སོགས་པ་རྣམས་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་མི་སྟོང་བར་ཁས་བླངས་པ་ཡིན་པས་དེས་ན་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་གྲུབ་པས་ཁོ་བོ་ཅག་གི་འདོད་པ་འགྲུབ་སྟེ། ཁོ་བོ་ཅག་སྡེ་སྣོད་གསུམ་གྱི་རྗེས་སུ་འབྲང་བ་རྣམས་ཀྱིས་བསྒྲུབ་པར་བྱ་བ་གང་ཡིན་ཞེ་ན། ངོ་བོ་ཉིད་ཡོད་པ་ཉིད་ཡིན་ཏེ། དེ་ཡང་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཡིན་ལ། ཁྱོད་ཉིད་ཀྱིས་དོན་དམ་པར་རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་ཀྱིས་སྟོང་པར་བསྒྲུབས་པས་རྐྱེན་རྣམས་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་མི་སྟོང་པར་ཁས་བླངས་པ་ཡིན་ཏེ། དེས་ན་རྐྱེན་མ་ཡིན་པའི་ངོ་བོ་ཉིད་གྲུབ་པས་ཁོ་བོ་ཅག་གི་འདོད་པ་ངོ་བོ་ཉིད་ཡོད་པར་འགྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས།


DTG099_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་ཁྱེད་ཀྱི་སྒྲུབ་པ་དེས་ངོ་བོ་ཉིད་ཡོད་པ་ཉིད་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ཁོ་བོ་ཅག་གིས་རྐྱེན་མ་ཡིན་པ་ཞེས་སྨྲས་པ་གང་ཡིན་པ་ནི་རྐྱེན་གྱི་ངོ་བོ་ཉིད་དགག་པ་ཙམ་བསྟན་པ་ཡིན་ཏེ། མེད་པར་དགག་པའི་དོན་གྱི་དགག་པ་ཡོངས་སུ་གཟུང་བའི་ཕྱིར། རྐྱེན་མ་ཡིན་པའི་ངོ་བོ་ཉིད་ནི་མི་སྟོན་ཏོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་འདི་ལ་ཁོ་བོ་ཅག་དབུ་མ་པས་རྐྱེན་མ་ཡིན་པ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་རྐྱེན་གྱི་ངོ་བོ་ཉིད་དགག་པ་ཙམ་བསྟན་པ་ཡིན་གྱི་རྐྱེན་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མེད་པར་དགག་པའི་དོན་གྱི་དགག་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །དབུ་མའི་བསྟན་བཅོས་འདི་ལ་གནས་སྐབས་ཐམས་ཅད་དུ་མ་ཡིན་ཞེས་བྱ་བའི་དགག་པ་ནི་མེད་པར་དགག་པའི་དོན་དུ་བལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌། འདི་ལྟར་རྟོག་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱ་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་གཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར། ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་གིས་རྐྱེན་མ་ཡིན་ཞེས་སྨྲས་པ་གང་ཡིན་པ་དེས་ནི་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཡོད་པར་མི་སྟོན་པས་ཁྱེད་ཀྱི་འདོད་པ་མི་འགྲུབ་པོ་ཞེས་བསྟན་ཏོ། སྦྱོར་བ་རྣམ་པར་དབྱེ་པ་བྱས་ནས་ཞེས་བྱ་བས་ནི་ཇི་སྐད་སྨོས་པའི་ཕྱོགས་སྔ་མ་དང་ཕྱོགས་ཕྱི་མ་དེ་གཉིས་ཀྱི་དོན་གསལ་བར་བྱ་བའི་ཤེས་པར་བྱེད་པ་སྟོན་ཏེ། འདིར་ཚིག་ལེའུར་བྱས་པའི་རྩ་བ་ཐ་མའི་སྦྱོར་བ་ལ་ཕྱོགས་སྔ་མ་དང་ཕྱོགས་ཕྱི་མ་རྣམ་པ་གཉིས་སུ་རྣམ་པར་དབྱེ་བ་བྱས་ནས་ཇི་སྐད་སྔར་སྨོས་པའི་ཕྱོགས་སྔ་མ་དང་ཕྱོགས་ཕྱི་མ་གཉིས་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྦྱོར་བ་ཞེས་བྱ་བ་ནི་མདོ་འདིར་ནི་ཚིག་ལེའུར་བྱས་པའི་རྩ་བ་བཞི་པ་དང་སྦྱར་རོ། །དེ་རྣམ་པར་དབྱེ་བ་བྱས་ནས་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་དབྱེ་བ་བྱས་ནས་ཏེ། ཚིག་ལེའུར་བྱས་པའི་རྩ་བ་བཞི་པ་འདི་ལ་


DTG099_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྔ་མ་དང་ཕྱོགས་ཕྱི་མ་གཉིས་སུ་རྣམ་པར་དབྱེ་བ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སྦྱོར་བ་རྣམ་པར་དབྱེ་བ་དང་པོས་ཕྱོགས་སྔ་མ་རྣམ་པར་གཞག་པའི་དབང་དུ་བྱས་ནས། རྐྱེན་མིན་ཞེས་བཤད་དེ། སྦྱོར་བ་རྣམ་པར་དབྱེ་བ་དང་པོ་འདིས་ནི་སྔར་སྐྱེ་བར་སྨྲ་བ་དག་ན་རེ། གལ་ཏེ་དོན་དམ་པར་རྐྱེན་རྣམས་རྐྱེན་གྱི་ངོ་བོ་ཉིད་ཀྱིས་སྟོང་ན། འོ་ན་ནི་རྐྱེན་རྣམས་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཀྱིས་མི་སྟོང་པར་ཁས་བླངས་པ་ཡིན་པས་དེས་ན་རྐྱེན་མ་ཡིན་པར་གྲུབ་པས་འདོད་པ་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་རྣམ་པར་གཞག་པའི་སྒོ་ནས། ཕ་རོལ་པོའི་བསམ་པའི་རང་དབང་སྟོན་ཏེ། དེའི་སྦྱོར་བས་ནི་ཕ་རོལ་པོ་དག་ན་རེ། རྐྱེན་མ་ཡིན་པར་གྲུབ་པས་མིག་ལ་སོགས་པའི་རྐྱེན་མེར་མེར་པོ་ལ་སོགས་པ་དག་རྐྱེན་མ་ཡིན་པའི་ངོ་བོ་ཉིད་དུ་ཡོད་པར་འགྱུར་བས་འདོད་པ་འགྲུབ་པོ་ཞེས་ཟེར་བའི་དོན་སྟོན་ཏོ། །སྦྱོར་བ་རྣམ་པར་དབྱེ་བ་གཉིས་པས་ཕྱོགས་ཕྱི་མ་རྣམ་པར་གཞག་པའི་དབང་དུ་བྱས་ནས། རྐྱེན་དུ་ག་ལ་འགྱུར་ཞེས་བྱ་བ་བཤད་དེ་སྦྱོར་བ་རྣམ་པར་དབྱེ་བ་གཉིས་པ་འདིས་ནི་སྔར་དབུ་མ་པས་དེ་ནི་བཟང་པོ་མ་ཡིན་ཏེ། ཁོ་བོ་ཅག་གིས་རྐྱེན་མ་ཡིན་པ་ཞེས་བྱ་བ་ནི་རྐྱེན་གྱི་ངོ་བོ་ཉིད་དགག་པ་ཙམ་བསྟན་པ་ཡིན་ཏེ། མེད་པར་དགག་པའི་དོན་གྱི་དགག་པ་ཡོངས་སུ་གཟུང་བའི་ཕྱིར། རྐྱེན་མ་ཡིན་པའི་ངོ་བོ་ཉིད་མི་སྟོན་ཏོ་ཞེས་ལན་བཏབ་པའི་ཕྱོགས་ཕྱི་མ་རྣམ་པར་གཞག་པའི་སྒོ་ནས་རྐྱེན་དགག་པ་སྟོན་ཏེ། དེའི་སྦྱོར་བས་ནི་རྐྱེན་མ་ཡིན་པར་གྲུབ་པས་མིག་ལ་སོགས་པའི་རྐྱེན་མེར་མེར་པོ་ལ་སོགས་པ་དག་རྐྱེན་མ་ཡིན་པ་ཉིད་དུ་འགྱུར་བས་འབྲས་བུ་སྐྱེད་པའི་རྐྱེན་དུ་ག་ལ་འགྱུར་ཞེས་མེད་པར་དགག་པའི་དོན་དུ་བསྟན་ཏོ། །ཕྱོགས་ཕྱི་མ་རྣམ་པར་གཞག་པ་དེ་ཉིད་བརྣན་པའི་ཕྱིར་རྐྱེན་མ་ཡིན་པ་རྣམས་རྐྱེན་གྱི་ངོ་བོ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། རྐྱེན་མ་ཡིན་པ་གྲུབ་པས་མིག་ལ་སོགས་པའི་རྐྱེན་མེར་མེར་པོ་ལ་སོགས་པ་དག་རྐྱེན་མ་ཡིན་པ་ཉིད་དུ་འགྱུར་བས་རྐྱེན་མ་ཡིན་པ་དེ་རྣམས་འབྲས་བུ་སྐྱེད་པའི་རྐྱེན་གྱི་ངོ་བོ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཏེ། སྦྱོར་བ་རྣམ་པར་དབྱེ་བ་གཉིས་པ་འདིའི་དོན་ནི་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཇི་སྐད་བསྟན་པའི་ཚུལ་གྱི་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་བསྩལ་བས་དེའི་ཕྱིར་འབྲས་བུ་མེད་པས་ན། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་


DTG099_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བས་ནི་འདི་སྐད་བསྟན་ཏེ། ཡང་ན། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིའི་དོན་རྣམ་པ་འདི་ལྟར་བཤད་དེ། དེ་ཁོ་བོས་སྔར་དོན་དམ་པར་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་རྣམ་པ་དུ་མར་བསྩལ་བའི་ཚུལ་གྱིས་དོན་དམ་པར་འབྲས་བུ་མེད་པས་ན་རྐྱེན་རྣམས་ཀྱང་རྐྱེན་གྱི་བདག་ཉིད་མ་ཡིན་པའི་ཕྱིར། དོན་དམ་པར་འབྲས་བུ་སྐྱེད་པའི་རྐྱེན་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །འདི་ལ་རྐྱེན་རྣམས་ནི་འབྲས་བུ་སྐྱེ་བའི་སྒོ་ནས་རྐྱེན་གྱི་ངོ་བོ་ཉིད་དུ་འགྲུབ་པ་ཡིན་ན། སྔར་ཇི་སྐད་བསྟན་པའི་ཚུལ་གྱིས་འབྲས་བུ་ཡོད་པ་དང་མེད་པ་སྐྱེད་པ་བསྩལ་བས། དེའི་ཕྱིར་འབྲས་བུ་མེད་པས་ན་རྐྱེན་མེར་མེར་པོ་ལ་སོགས་པ་རྐྱེན་གྱི་བདག་ཉིད་མ་ཡིན་པ་རྣམས་དོན་དམ་པར་འབྲས་བུ་བསྐྱེད་པའི་རྐྱེན་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར་དེ་བདག་ཉིད་མ་ཡིན་པའི་རྐྱན་འཐད་པ་མེད་པ་རྣམས་རྐྱེན་དུ་ག་ལ་འགྱུར་ཏེ་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཚིག་གི་ཏོན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར་སྦྱོར་བ་རྣམ་པར་དབྱེ་བ་བྱས་ནས་ཞེས་བྱ་བའི་སྐབས་སུ་ནི་ཕ་རོལ་པོས་རྐྱེན་མ་ཡིན་པའི་ངོ་བོ་ཉིད་ཡོད་པར་ཁས་བླངས་པ་རྣམས་དགག་པའི་ཕྱིར། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་བཤད་དོ། །ད་འདིར་ནི་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་བསྩལ་བས་འབྲས་བུ་མེད་པས་ན་རྐྱེན་རྣམས་རྐྱེན་མ་ཡིན་ལ། རྐྱེན་མ་ཡིན་ན་འབྲས་བུ་བསྐྱེད་པའི་རྐྱེན་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། འབྲས་བུ་མེད་པས་ན། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་བཤད་དོ། །དེའི་བདག་ཉིད་མ་ཡིན་པའི་རྐྱེན་ཅེས་བྱ་བ་ནི་རྐྱེན་གྱི་བདག་ཉིད་མ་ཡིན་པའི་རྐྱེན་མེར་མེར་པོ་ལ་སོགས་པ་རྣམས་སོ། །འཐད་པ་མེད་པ་རྣམས་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པའི་འཐད་པ་མེད་པའི་རྐྱེན་རྣམས་ཏེ་རྐྱེན་མ་ཡིན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་དུ་ག་ལ་འགྱུར་ཏེ་ཞེས་བྱ་བ་ནི་དེའི་བདག་ཉིད་མ་ཡིན་པའི་རྐྱེན་འཐད་པ་མེད་པ་དེ་རྣམས་རྐྱེན་དུ་ག་ལ་འགྱུར་ཏེ་ཞེས་དགག་པ་ཡིན་ནོ། །མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་དེའི་བདག་ཉིད་མ་ཡིན་པའི་རྐྱེན་འཐད་པ་མེད་པ་རྣམས་རྐྱེན་དུ་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཚིག་གི་དོན་ཏོ། །ཚིག་ལེའུར་བྱས་པ་དེའི་དོན་ནི་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་བློ་དང་སྒྲ་འཇུག་པའི་རྒྱུ་ཅན་དེ་དག་


DTG099_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གི་འབྲས་བུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་རྐྱེན་གྱི་བློ་འཇུག་པའི་རྒྱུ་ཅན་དང་རྐྱེན་གྱི་སྒྲ་འཇུག་པའི་རྒྱུ་ཅན་དེ་དག་གི་འབྲས་བུ་མེད་པ་ཁོ་ནའི་ཕྱིར་རྐྱེན་གྱི་བདག་ཉིད་མ་ཡིན་པའི་རྐྱེན་འབྲས་བུ་སྐྱེད་པའི་འཐད་པ་མེད་པ་རྣམས་རྐྱེན་དུ་ག་ལ་འགྱུར་ཞེས་བྱ་བར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་དགོངས་པ་ཡིན་ནོ། །དེ་ལ་དེའི་བློ་ཞེས་བྱ་བ་ནི་རྐྱེན་གྱི་བློ་སྟེ་འདི་དག་རྐྱེན་ཡིན་ནོ་སྙམ་པའི་བློའོ། །དེའི་སྒྲ་ཞེས་བྱ་བ་ཡང་རྐྱེན་གྱི་སྒྲ་སྟེ་འདི་དག་རྐྱེན་ཡིན་ནོ་ཞེས་བརྗོད་པའི་སྒྲའོ། །དེའི་བློ་དང་སྒྲ་འཇུག་པ་ཞེས་བྱ་བ་ནི་རྐྱེན་གྱི་བློ་དང་སྒྲ་སྐྱེ་བའོ། །རྒྱུ་ཅན་ཞེས་བྱ་བ་ནི་རྐྱེན་གྱི་བློ་དང་སྒྲ་འཇུག་པའི་རྒྱུ་ནི་འབྲས་བུ་སྐྱེ་བ་སྟེ། འབྲས་བུ་སྐྱེ་བའི་སྒོ་ནས་འདི་དག་རྐྱེན་ཡིན་ནོ་སྙམ་པའི་བློ་དང་འདི་དག་རྐྱེན་ཡིན་ནོ་ཞེས་བརྗོད་པའི་སྒྲ་འཇུག་པའི་ཕྱིར་རོ། །རྐྱེན་གང་དག་ལ་རྒྱུ་དེ་ཡོད་པ་དེ་དག་ནི་རྒྱུ་ཅན་ཞེས་བྱ་སྟེ། རྐྱེན་རྣམས་ཡིན་ནོ། །དེ་དག་གི་འབྲས་བུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་རྐྱེན་དེ་དག་གི་འབྲས་བུ་སྐྱེ་བ་མེད་པ་ཁོ་ནའི་ཕྱིར། རྐྱེན་གྱི་བདག་ཉིད་མ་ཡིན་པའི་རྐྱེན་འབྲས་བུ་སྐྱེད་པའི་འཐད་པ་མེད་པ་རྣམས་རྐྱེན་དུ་ག་ལ་འགྱུར་ཞེས་བྱ་བར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དགོངས་པ་ཡིན་ཏེ། གང་གི་ཕྱིར་འབྲས་བུ་སྐྱེ་བ་མེད་པ་དེའི་ཕྱིར་རྒྱུ་ལ་སོགས་པའི་རྐྱེན་གྱི་བློ་དང་རྐྱེན་གྱི་སྒྲ་འཇུག་པའི་ཡུལ་མེད་པས། དེའི་ཕྱིར་རྐྱེན་རྣམས་མེད་དོ། །འདིར། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །ཞེས་བྱ་བ་མན་ཆད་གཞན་གྱིས་སྨྲས་པའི་རྐྱེན་རྣམས་ཀྱི་ངོ་བོ་ཉིད་དང་བྱེ་བྲག་བསྩལ་བའི་དབང་གིས་དེ་མཇུག་བསྡུ་སྟེ་ཞེས་བྱ་བ་འདི་ནི་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་འདིར་དཔྱད་པ་སྔར་བསྟན་པ་རྣམས་ཀྱིས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་དེ་མཇུག་བསྡུ་བ་སྟོན་ཏོ། །དེ་ལ་འདིར་ཞེས་བྱ་བ་ནི་རྐྱེན་བརྟག་པའི་རབ་ཏུ་ཕྱེད་པ་དང་པོའི་སྐབས་འདིར་རོ། །དཔྱད་པ་སྔར་བསྟན་པ་དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །ཞེས་བྱ་བ་མན་ཆད་ཅེས་བྱ་བ་སྨྲས་ཏེ། དེ་མན་ཆད་ནས་བརྩམས་ཏེ། དེའི་ཕྱིར་རྐྱེན་ལས་བྱུང་མ་ཡིན། །རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་


DTG099_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མིན་རྐྱེན་དུ་ག་ལ་འགྱུར། །ཞེས་བྱ་བ་ཡན་ཆད་ཀྱི་བར་དག་གོ །གཞན་གྱིས་སྨྲས་པའི་རྐྱེན་རྣམས་ཀྱི་ཞེས་བྱ་བ་ནི། སྐྱེ་བར་སྨྲ་བ་གཞན་གྱི་རྒྱུ་ལ་སོགས་པ་རྐྱེན་བཞི་པོ་དེ་དག་ཡོད་པར་བསྟན་པས་སྐྱེ་བ་འགྲུབ་པོ་ཞེས་སྨྲས་པའི་རྐྱེན་གང་ཡིན་པ་དེ་རྣམས་ཀྱིའོ། །རྐྱེན་དེ་རྣམས་ཀྱི་ངོ་བོ་ཉིད་དང་བྱེ་བྲག་བསྩལ་བའི་དབང་གིས་ཞེས་བྱ་བ་ལ། ངོ་བོ་བསྩལ་བ་ཞེས་བྱ་བ་ནི་རྒྱུ་དང་དམིགས་པ་དང་དེ་མ་ཐག་པ་དང་བདག་པོའི་རྐྱེན་བཞི་པོ་དེ་དག་གི་ངོ་བོ་ཉིད་བཀག་པའོ། །བྱེ་བྲག་བསྩལ་བ་ཞེས་བྱ་བ་ནི་རྐྱེན་བཞི་པོ་རྣམས་ཀྱི་བྱེ་བྲག་སྡེ་པ་གཞན་དག་གིས་ཡོངས་སུ་བརྟགས་པ་དང༌། བྱེ་བྲག་པ་ལ་སོགས་པས་ཡོངས་སུ་བརྟགས་པ་མིང་ཐ་དད་པས་ཐ་དད་པ་གང་དག་ཡིན་པ་དེ་དག་བཀག་པའོ། །དེའི་དབང་གིས་ཞེས་བྱ་བ་ནི་དེའི་སྐབས་ཀྱིས་སོ། །དེའི་མཇུག་བསྡུས་ཏེ་ཞེས་བྱ་བ་ནི་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་དེ་མཇུག་བསྡུས་པ་སྟེ། དེ་ལྟར་རྐྱེན་རྣམས་ཀྱི་ངོ་བོ་ཉིད་དང་བྱེ་བྲག་བསྩལ་བའི་དབང་གིས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་སྐབས་དེ་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་རིགས་པས་དཔྱད་པ་ལ་སོགས་པ་དེའི་འབྲས་བུ་གང་ཡིན་ཞེ་ན། དེའི་ཕྱིར་འདིར་རབ་ཏུ་བྱེད་པའི་དོན་ནི་སྐྱེ་བ་མེད་པར་སྟོན་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །སྐྱེ་བ་མེད་པར་བསྟན་པས་ཡོན་ཏན་ཅི་ཞིག་འཐོབ་ཅེ་ན། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པའི་ལུང་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་མེད་པ་བསྟན་པ་དེའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པའི་ལུང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ཞེས་བྱ་བ་གསུངས་པའི་ལུང་སྟེ། འོག་ནས་ལུང་གི་ཚིག་འབྱུང་བ་རྣམས་དང་སྦྱར་རོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁྱད་པར། འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་བྱ་བ་རྣམ་པ་བརྒྱད་གསུངས་པ་ལས། སྐྱེ་བ་མེད་པ་ཞེས་བྱ་བའི་ལུང་དེ་གྲུབ་པ་ཡིན་ཏེ། ཕྱི་དང་ནང་གི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་


DTG099_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡང་སྒྱུ་མའི་སྐྱེས་བུ་བཞིན་དུ་སྐྱེ་བར་སྣང་བ་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པར་གསུངས་པའི་ལུང་ཡང་གྲུབ་པ་ཡིན་ལ། དོན་དམ་པར་ཡང་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་གཉིས་ཀྱི་དངོས་པོ་དང༌། རྒྱུ་མེད་པ་རྣམ་པ་ཐམས་ཅད་ལས་སྐྱེ་བ་མེད་པར་གསུངས་པའི་ལུང་ཡང་མ་གྲུབ་པ་ཡིན་ནོ། །རྐྱེན་འགག་པ་དང་སྐྱེ་བ་མེད་པར་བསྒྲུབ་པ་འདི་ལ་གཞན་དག་ན་རེ། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་ན་མི་རུང་བས་དེའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེ་ལ་རེ་ཞིག་འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། འདི་སྐད་ཅེས། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས་ཞེས་བྱ་བ་ནི། དངོས་པོ་གང་རྐྱེན་ལས་སྐྱེ་བ་དེ་ནི་དོན་དམ་པར་མ་སྐྱེས་པ་ཡིན་ནོ། །འདིར་གཞན་དག་ན་རེ། གལ་ཏེ་དེ་ལྟ་ན་ནམ་མཁའི་མེ་ཏོག་དང་འདྲ་བར་འགྱུར་རོ་ཞེས་རྒོལ་བ་དེའི་ལན་ནི་དེ་ལ། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །ཅེས་བྱ་བ་འདི་ཡིན་ཏེ། དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་ཀུན་རྫོབ་ཏུ་དངོས་པོ་རྣམས་ལས་ངོ་བོ་ཉིད་མེད་པའི་བདག་ཉིད་ཀྱིས་སྐྱེ་བ་འགྲུབ་པའི་ཕྱིར་ནམ་མཁའི་མེ་ཏོག་དང་འདྲ་བར་མི་འགྱུར་རོ། །འདིར་གཞན་དག་ན་རེ། གལ་ཏེ་ཁྱེད་རྐྱེན་རྣམས་ལས་སྐྱེ་བར་ཁས་ལེན་ན་དེས་ཁྱེད་ཀྱི་ཁས་བླངས་པ་ལ་གནོད་པར་འགྱུར་ལ། ཁོ་བོའི་འདོད་པ་འགྲུབ་པར་འགྱུར་རོ་ཞེས་ཟེར་བ་དེའི་ལན་ནི། གང་ཞིག་རྐྱེན་ལ་ལྟོས་པ་དེ་སྟོང་གསུངས། །ཞེས་བྱ་བ་འདི་ཡིན་ཏེ། དངོས་པོ་གང་རྐྱེན་ལ་ལྟོས་ཤིང་རྐྱེན་ལ་རག་ལས་པ་དེ་ནི་སྟོང་པ་ཡིན་པར་གསུངས་ཏེ། སྒྱུ་མ་མཁན་གྱི་ནོར་བུ་དང་གསང་སྔགས་དང་སྨན་གྱི་སྦྱོར་བས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་ནོ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གང་གིས་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ཀྱི་ལུས་བཞིན་དུ་བུད་མེད་འདི་དག་གི་ལུས་ཀྱང་དེ་དང་འདྲ་བར་མཐོང་ཞིང༌། ཡུལ་ལྔ་པོ་དག་ཀྱང་སྒྱུ་མ་ལྟ་བུར་མཐོང་བ་དེ་ལ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དག་འབྱུང་


DTG099_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། འདི་སྐད་ཅེས། གང་ལ་ཅུང་ཟད་སྐྱེ་མེད་ཅིང༌། །འགག་པའང་ཅུང་ཟད་ཡོད་མིན་པ། །འགྲོ་བ་དབེན་མཐོང་དེ་ལ་ནི། །ཡོད་པ་ཉིད་དང་མེད་ཉིད་མེད། །ཅེས་གསུངས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་དངོས་པོ་སྐྱེས་པ་མ་ཞིག་པར་གྱུར་ན་ཡོད་པ་ཉིད་ཡིན་ལ། གལ་ཏེ་ཞིག་པར་གྱུར་ན་མེད་པ་ཉིད་ཡིན་ནོ། །གང་གི་ཕྱིར་ཅུང་ཟད་ཀྱང་སྐྱེ་བ་མེད་པ་དེའི་ཕྱིར་ནི་ཡོད་ཉིད་མེད་ལ། གང་གི་ཕྱིར་ཅུང་ཟད་ཀྱང་འགག་པ་མེད་པ་དེའི་ཕྱིར་ནི་མེད་པ་ཉིད་མེད་དོ། །དེ་བཞིན་དུ་འཕགས་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་ཀྱང་འདི་སྐད་ཅེས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གང་ལ་རྟག་ཏུ་སྐྱེ་བ་མེད་པའི་ཆོས་མངའ་བ་དེ་ནི་དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང་འདྲ་བར་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་དེ་ཉིད་ལས་ཀྱང་འདི་སྐད་ཅེས། འཇམ་དཔལ་དེའི་ཕྱིར་ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་ཞུས་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་ཞེས་བགྱི་བའི་ཆོས་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྐྱེ་བ་མེད་པ་དང༌། །འགག་པ་མེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །འདི་སྐད་བསྟན་ཏེ། སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བའི་སྒྲ་ནི་ཆོས་ཀྱི་སྐུ་ཉིད་བསྟན་ཏོ། །


DTG099_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང༌། འདི་སྐད་ཅེས་གང་དུ་སྲེད་པ་ཐམས་ཅད་འགག་པ་དེ་ནི་སྐྱེ་བ་མེད་པའོ། །གང་སྐྱེ་བ་མེད་པ་དེ་ནི་བྱང་ཆུབ་པོ། །འཇིག་རྟེན་ནི་སྐྱེ་བ་ལ་མངོན་པར་ཞེན་ཏེ་འདི་ལ་སངས་རྒྱས་འབྱུང་བ་ཡང་མེད་ལ། མྱ་ངན་ལས་འདའ་བ་ཡང་མེད་དོ་ཞེས་བྱ་བ་གསུངས་ཏེ་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་བ་སེམས་ཀྱིས་ཞུས་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པའི་མཚན་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་སྲེད་པ་ཐམས་ཅད་འགག་པ་དེ་ནི་སྐྱེ་བ་མེད་པའོ་ཞེས་གསུངས་སོ། །འདི་སྐད་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤོངས་པ་ནི་སྐྱེ་བ་མེད་པར་རྟོགས་པས་ཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ །གང་སྐྱེ་བ་མེད་པ་དེ་ནི་བྱང་ཆུབ་པོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སྐྱེ་བ་མེད་པ་ལ་སྐྲག་པར་མི་བྱ་སྟེ། འདི་ལྟར་སྐྱེ་བ་མེད་པ་ཉིད་བྱང་ཆུབ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །འཇིག་རྟེན་ནི་སྐྱེ་བ་ལ་མངོན་པར་ཞེན་ཏེ། འདི་ལ་སངས་རྒྱས་འབྱུང་བ་ཡང་མེད་ལ་མྱ་ངན་ལས་འདའ་བ་ཡང་མེད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གང་གི་ཕྱིར་འཇིག་རྟེན་ནི་སྐྱེ་བ་ལ་མངོན་པར་ཞེན་པ་དེའི་ཕྱིར་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ལ་ནི་སངས་རྒྱས་འབྱུང་བ་རྣམ་པར་རྟོག་པ་ཡང་མེད་ལ། ཡོངས་སུ་མྱ་ངན་ལས་འདའ་བར་རྣམ་པར་རྟོག་པ་ཡང་མེད་དོ། །དེ་བཞིན་དུ་མདོ་སྡེ་གཞན་དག་ལས་ཀྱང་འདི་སྐད་ཅེས། གང་གི་ཕུང་པོ་སྐྱེ་མེད་ཅིང༌། །འབྱུང་བ་མེད་པ་ཡོངས་ཤེས་པས། །དེ་དག་འཇིག་རྟེན་སྤྱོད་འགྱུར་བ། །འཇིག་རྟེན་འདི་ནི་གནས་པ་མིན། །ཞེས་གསུངས་སོ། །འདི་སྐད་བསྟན་ཏེ། གང་དག་གི་ཕུང་པོ་རྣམས་སྐྱེ་བ་མེད་པ་དང༌། འབྱུང་བ་མེད་པ་ཡོངས་སུ་ཤེས་པས་དེ་དག་ནི་འཇིག་རྟེན་འདི་ན་སྤྱད་པར་འགྱུར་ཡང༌། འཁོར་བའི་སྡུག་བསྔལ་དག་གིས་མི་གོས་ཤིང་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། སྐྱེ་བ་མེད་པར་སྟོན་པ་མདོ་སྡེའི་མཐའ་དེ་དག་ལ་སོགས་པ་གཞན་ཡང་མཐའ་ཡས་པ་དག་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པའི་དོན་འདི་ཉིད་གསུངས་པ་དེ་དག་གྲུབ་པའི་ཕྱིར། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་


DTG099_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བསྒྲུབས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་སྐྱེ་བ་མེད་པ་སྟོན་པའི་མདོ་སྡེའི་མཐའ་གང་དག་ཡིན་པ་དེ་དག་སྐྱེ་བ་མེད་པའི་ཕྱིར་རབ་ཏུ་བྱེད་པའི་སྐབས་འདིས་རྣམ་པར་བཤད་པར་བྱ་བ་ཡིན་པར་སྟོན་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁས་པའི་མཁྱེན་རྒྱ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མ་རྩ་བའི་རྣམ་པར་འགྲེལ་པ་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་ལས། རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།བམ་པོ་ཉི་ཤུ་གཉིས་པ། ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་དང༌། རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་བསྟན་པའི་མི་མཐུན་པའི་ཕྱོགས་བསྩལ་བར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲའི་སྦྱོར་བ་ནི་དཔེར་ན་གཟེགས་ཟན་དག་གི་གཞུང་ལས། དེ་ནས་དེའི་དོན་དུ་ཆོས་རྣམ་པར་བཤད་པར་བྱའོ་ཞེས་བྱ་བ་དང༌། དཔྱོད་པ་ཅན་དག་གི་གཞུང་ལས་དེ་ནས་དེའི་འོག་ཏུ་ཆོས་རྣམས་ཤེས་པར་བྱ་བར་འདོད་དོ་ཞེས་བྱ་བ་ལྟ་བུ་ལ་ཡང་བྱ་མོད་ཀྱི། འདིར་ནི་དབང་གིས་ཞེས་བྱ་བའི་སྒྲ་གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དང༌། དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་ཏེ། དེ་ལ་གཞུང་འོག་ནས་བྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། འགྲེལ་པ་བྱེད་པས་ཅིའི་ཕྱིར། ད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཤེ་ན། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོ་མདོ་སྡེ་དག་ལས། ཆོས་ཐམས་ཅད་ནི་འོང་བ་མེད་པ་དང་འགྲོ་བ་མེད་པའོ་ཞེས་གསུངས་པས། ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་


DTG099_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བ་ཁྱད་པར་འོང་བ་མེད་པ་དང་འགྲོ་བ་མེད་པ་བསྟན་ཀྱང༌། གཞན་དག་གིས་ལུང་དེ་ཙམ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་མི་རྟོགས་པས། དེའི་ཕྱིར་འདིར་རིགས་པས་དེ་བསྟན་པར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་བསྟན་པའི་མི་མཐུན་པའི་ཕྱོགས་བསལ་བར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། ཅིའི་ཕྱིར། དབང་གིས་ཞེས་བྱ་བའི་སྒྲ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་ཡིན་ཞེ་ན། གང་གི་ཕྱིར་བསྟན་བཅོས་མཛད་པས་རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཐམས་ཅད་དགག་པར་བྱའོ་ཞེས་དམ་བཅས་ཤིང་ཞལ་གྱིས་བཞེས་ལ། དེ་ཡང་གང་གི་ཕྱིར་སྐྱེ་བ་དགག་པར་མཛད་ནས། འགྲོ་བ་དང་འོང་བ་དགག་པར་མཛད་པས་བསྒྲུབ་དགོས་པ་དེའི་ཕྱིར། རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་དག་གི་ནང་དུ་གཏོགས་པ་འགག་པ་དང༌། རྟག་པ་དང༌། ཆད་པ་དང༌། འོང་བ་དང༌། འགྲོ་བ་དང༌། ཐ་དད་པ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་ཞེས་བྱ་བ་དེ་དག་ཐམས་ཅད་བསྩལ་བར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་རྩོམ་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་འགྲེལ་བ་བྱེད་པས་ཀྱང་བསྟན་བཅོས་མཛད་པས་གཞུང་གོང་དུ་བསྟན་མ་ཐག་པར་དམ་བཅས་ཤིང་ཞལ་གྱིས་བཞེས་པ་དེ་ཉིད་ཀྱི་སྒྲུབ་པ་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་བསྟན་པའི་མི་མཐུན་པའི་ཕྱོགས་བསྩལ་བར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། རབ་ཏུ་བྱད་པ་དང་པོར་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་མི་མཐུན་པའི་ཕྱོགས་འདི་ལྟ་སྟེ། སྐྱེ་བ་དང༌། འགག་པ་དང༌། ཆད་པ་དང༌། རྟག་པ་དང༌། འོང་བ་དང༌། འགྲོ་བ་དང༌། དོན་ཐ་དད་པ་དང༌། དོན་གཅིག་པ་གང་དག་རྣམ་པར་གཞག་པ་དེ་དག་བསྩལ་བར་བཞེད་པའི་དབང་གིས་རབ་ཏུ་


DTG099_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་གཉིས་པ་བརྩམས་ཏེ། དེས་ན་དབང་གིས་ཞེས་བྱ་བའི་སྒྲ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་ཡིན་པར་ངེས་སོ། །ཡང་ན་རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི། བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བར་སྨྲ་བ་དག་གིས་རང་རང་གི་ཕྱོགས་སྔ་མ་ཇི་སྐད་སྨྲས་པ་དག་སྟེ། དེ་དག་བསྩལ་བ་ནི་རབ་ཏུ་བྱེད་པ་དང་པོ་འབའ་ཞིག་གིས་བྱས་པར་ཡང་མ་ཟད་ཀྱི། རབ་ཏུ་བྱེད་པ་གཞན་དག་གིས་ཀྱང་སེལ་བར་བྱེད་པས་དེའི་ཕྱིར་རབ་ཏུ་བྱེད་པ་དང་པོར་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་མི་མཐུན་པའི་ཕྱོགས་བསྩལ་བར་བཞེད་པའི་དབང་གིས་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་སོ། །རབ་ཏུ་བྱེད་པ་ཞེས་བྱ་བ་ནི་གང་དུ་ཚིག་གི་དོན་ངེས་པ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་བཤད་པ་བྱེད་པ་དེ་ནི་རབ་ཏུ་བྱེད་པ་ཞེས་བྱའོ། །གཞན་དག་ནི་སློབ་མ་སྐྱེ་བ་མེད་པའི་རིགས་པ་ཐོས་པས་དད་པ་སྐྱེས་པ། འཇིག་རྟེན་ལ་གྲགས་པའི་འགྲོ་བ་དང་འོང་བ་དགག་པ་ཉན་འདོད་པའི་དོན་དུ་རབ་ཏུ་བྱེད་པ་གཉིས་པ་བརྩོམ་མོ་ཞེས་རྗོད་པར་བྱེད་དོ་ཞེས་བྱ་བ་ནི། རབ་ཏུ་བྱེད་པ་གཉིས་པ་བརྩམ་པའི་སྐབས་འདིར་འགྲེལ་པ་བྱེད་པ་སློབ་དཔོན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྗོད་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཉིད་ཀྱིས་སྨྲས་པ། ཁྱོད་ཀྱི་སྐྱེ་བ་མེད་པའི་རིགས་པ་འདིས་རྗེས་སུ་རབ་ཏུ་བསྟན་པར་བྱས་པས་ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལས་ངོ་མཚར་སྙིང་པོ་ཅན་དུ་བྱས་ཀྱི། ཇི་ལྟར་འཇིག་རྟེན་གྱི་མངོན་སུམ་འགྲོ་བ་དང་འོང་བ་མི་འཐད་པ་དེ་ཇེ་སྨྲོས་ཤིག་ཅེས་འབྱུང་བའི་ཕྱིར་རོ། །གཞན་མ་ཡིན་པ་ན་རེ། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ན་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མི་རུང་བར་སྒྲུབ་པ་སྟོན་ཏོ། །གཞན་མ་ཡིན་པ་ཞེས་བྱ་བ་ནི་གཞན་མ་ཡིན་པར་རང་ཉིད་ཡིན་ཏེ། འགྲེལ་པ་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ན་རེ། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་ཟེར་བར་སྦྱར་རོ། །ཅིའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཞེ་ན། འདི་ལྟར་སློབ་མ་ནི་རྣམ་པ་གསུམ་སྟེ། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། ཐེ་ཚོམ་ཅན་དང༌། མ་


DTG099_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཡིན་གྲང་ན། དེ་དག་གསུམ་ཆར་ཡང་གནས་བརྟན་བུདྡྷ་པཱ་ལི་ཏས་ཇི་སྐད་རྣམ་པར་བཤད་པ་དེ་སྐད་འདྲི་བར་མི་རིགས་པའི་ཕྱིར་རོ། །དལ་རེ་ཞིག་སློབ་མ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་སྐད་འདྲི་བར་མི་རིགས་པ་བསྟན་པའི་ཕྱིར། ཚད་མ་ལྟར་སྣང་བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་དེ་སྐད་འདྲི་བར་མི་རིགས་པའི་ཕྱིར་ཏེ། དེ་ནི་འགྲོ་བ་ཡོད་པར་བསྟན་པའི་ཕྱིར་དང་སྐྱེ་བ་ཡོད་པར་བསྟན་པའི་ཕྱིར་རྗེས་སུ་དཔག་པ་སྨྲ་བར་འགྱུར་བའི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཚད་མ་ལྟར་སྣང་བས་ཞེས་བྱ་བ་ནི་རྗེས་སུ་དཔག་པ་གསལ་བ་མ་ཡིན་པ་དང་དེ་ཁོ་ན་མ་ཡིན་པས་ཏེ། ཡི་གེ་དང་ཚིག་དང་ངག་ཤིན་ཏུ་རྣམ་པར་མ་དག་པ་དང༌། རྗེས་སུ་དཔག་པ་ལྟར་སྣང་བ་འམ། ཡང་ན་ཚིག་གི་བདག་ཉིད་མ་ཡིན་པ་དང་དོན་གྱི་བདག་ཉིད་མ་ཡིན་པ་སྟེ། དངོས་སུ་ན་སྐྱེ་བ་དང༌། འོང་བ་དང༌། འགྲོ་བ་ལ་སོགས་པ་ཡོད་པར་སྟོན་པ་སྟེ་དེས་སོ། །སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཞེས་བྱ་བ་ནི་ཚད་མ་ལྟར་སྣང་བ་དེས་སློབ་མ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། སྐྱེ་བ་དང༌། འོང་བ་དང༌། འགྲོ་བ་ལ་སོགས་པ་ཡོད་པ་ཉིད་དུ་ལྷག་པར་ཆགས་པའོ། །དེ་སྐད་ཅེས་འདྲི་བ་མི་རིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཚད་མ་ལྟར་སྣང་བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སློབ་མ་དེ་ནི་གནས་བརྟན་བུདྡྷ་པཱ་ལི་ཏས་ཇི་སྐད་རྣམ་པར་བཤད་པ་དེ་སྐད་འདྲི་བ་མི་རིགས་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་དེ་སྐད་འདྲི་བ་མི་རིགས་ཤེ་ན། དེའི་ཕྱིར་དེ་ནི་འགྲོ་བ་ཡོད་པར་བསྟན་པའི་ཕྱིར་དང༌། སྐྱེ་བ་ཡོད་པར་བསྟན་པའི་ཕྱིར་རྗེས་སུ་དཔག་པ་སྨྲ་བར་འགྱུར་བའི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་སྐྱེ་བ་མེད་པ་དང༌། འགྲོ་བ་མེད་པ་བསྟན་པ་ན་སྐྱེ་བ་ཡོད་པར་སྟོན་པ་དང་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་དག་གིས་ཕྱིར་རྒོལ་བ་ཉིད་དུ་གནས་པར་འགྱུར་བའི་རིགས་པས་དེ་སྐད་དྲི་བར་རིགས་སོ། །འདི་སྐད་བསྟན་ཏེ། ཚད་མ་ལྟར་སྣང་བས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་དབུ་མ་པ་ལ་ཁྱོད་ཀྱིས་སྐྱེ་བ་མེད་པའི་རིགས་པ་འདི་རྗེས་སུ་བསྟན་པར་བྱས་པས། ཁོ་བོའི་ཡིད་སྟོང་པ་ཉིད་ཉན་པ་ལ་ངོ་མཚར་སྙིང་པོ་ཅན་དུ་བྱས་ཀྱི། ཇི་ལྟར་འཇིག་རྟེན་མངོན་སུམ་གྱི། །འགྲོ་བ་དང༌། འོང་བ་མི་འཐད་པ་དེ་ཇེ་སྨྲོས་ཤིག་ཅེས་དེ་སྐད་འདྲི་བ་མི་རིགས་པའི་ཕྱིར། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་


DTG099_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །སློབ་མ་ཐེ་ཚོམ་ཅན་དེ་སྐད་འདྲི་བ་མི་རིགས་པ་བསྟན་པའི་ཕྱིར། ཚད་མ་ལྟར་སྣང་བས་སེམས་རྨོངས་པར་གྱུར་པ་ལ་ཡང་དོན་དམ་པར་འགྲོ་བ་མེད་པ་ཞེས་བྱ་བ་དེ་ཇི་ལྟར་རིགས་ཏེ་འདྲི་བ་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཚད་མ་ལྟར་སྣང་བས་སེམས་རྨོངས་ཤིང་ཐེ་ཚོམ་ཅན་དུ་གྱུར་པའི་སློབ་མ་ལ་ཡང༌། དོན་དམ་པར་འགྲོ་བ་མེད་པ་ཞེས་བྱ་བ་དེ་མི་རིགས་པས། དེ་ཡང་ཇི་ལྟར་འཇིག་རྟེན་གྱི་མངོན་སུམ་གྱི་འགྲོ་བ་དང་འོང་བ་མི་འཐད་པ་དེ་ཇེ་སྨྲོས་ཤིག་ཅེས་དེ་སྐད་འདྲི་བ་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་འགྲོ་བ་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་བ་དེ་ནི་དེ་ལ་དད་པ་སྐྱེ་བར་མི་འགྱུར་བ་དེའི་ཕྱིར། དེ་སྐད་འདྲི་བ་ཚུལ་དང་མཐུན་པ་མ་ཡིན་ནོ། །གལ་ཏེ་ཐེ་ཚོམ་བསལ་བའི་ཕྱིར་དེ་སྐད་འདྲིའོ་ཞེ་ན། དེ་ལྟ་ན་ཡང་འཇིག་རྟེན་ལ་གྲགས་པའི་འགྲོ་བ་དང་འོང་བ་དགག་པ་ཉན་འདོད་པའི་དོན་དུ་རབ་ཏུ་བྱེད་པ་གཉིས་པ་བརྩམ་མོ་ཞེས་མཚམས་སྦྱར་བ་དེ་མ་ལེགས་པ་ཡིན་ཏེ། མཚམས་སྦྱར་བ་དེ་ལ་ཁས་བླང་བ་དེ་གནོད་པ་དང་གྲགས་པའི་གནོད་པ་ཡོད་དེ། འདི་ལྟར་འགྲོ་བ་དང་འོང་བ་ནི་དོན་དམ་པར་དགག་པ་ཡིན་གྱི། ཐ་སྙད་དུ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སློབ་མ་ཐེ་ཚོམ་ཅན་གྱི་ཕྱིར་རབ་ཏུ་བྱེད་པ་གཉིས་པ་བརྩམས་པ་ཡང་མ་ཡིན་པས། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ། །སློབ་མ་མ་རྟོགས་པས་དེ་སྐད་འདྲི་བར་མི་རིགས་པ་བསྟན་པའི་ཕྱིར། མི་ཤེས་པའི་དྲི་བ་ཡིན་པར་བརྟག་ན་ནི་བསྟན་བཅོས་ཀྱི་ཕལ་པའི་སྤྱོད་ཡུལ་ཡིན་པར་འགྱུར་བའི་ཕྱིར་རོ་ཞེའོ་ཞེས་བྱ་བ་སྨྲས་ཏེ། མི་ཤེས་པ་ཞེས་བྱ་བ་ནི་སློབ་མ་མ་རྟོགས་པ་བློ་ཞན་པའོ། །དེའི་དྲི་བ་ཡིན་པ་རྟག་ཏུ་ཡང་མི་རུང་སྟེ། དེའི་དོན་དུ་བསྟན་བཅོས་རྩོམ་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་དེའི་དོན་དུ་བསྟན་བཅོས་རྩོམ་ན་ནི། །བསྟན་བཅོས་འདི་མི་ཕལ་པ་བླུན་པོའི་སྤྱོད་ཡུལ་ཡིན་པར་འགྱུར་བའི་ཕྱིར་མི་རུང་ངོ༌། །ཅིའི་ཕྱིར་མི་རུང་ཞེ་ན། འདི་ལྟར་དབུ་མའི་བསྟན་བཅོས་ཀྱི་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཟབ་ཅིང་རྒྱ་ཆེ་བའི་རྗེས་སུ་ཞུགས་པ་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་བསྟན་བཅོས་འདི་ཕལ་པའི་སྤྱོད་ཡུལ་ཡིན་པར་མི་རུང་ངོ༌། །འདི་ལྟར་དབུ་མའི་བསྟན་བཅོས་ལ་ཞུགས་པ་རྣམས་ནི། བཅོམ་ལྡན་འདས་དེ་བཞིན་


DTG099_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོའི་དགེ་འདུན་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དབུ་མའི་བསྟན་བཅོས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབང་དུ་མཛད་དེ་བསྔན་པ་ཡིན་གྱི། ཕལ་པའི་སྤྱོད་ཡུལ་མ་ཡིན་པ་དེའི་ཕྱིར། མི་ཤེས་པ་འདྲི་བ་ཡིན་པར་རྟག་ཏུ་ཡང་མི་རུང་བས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ། །འདིར་ཁ་ཅིག་ན་རེ། ཁྱེད་ཀྱི་སྔར། འགག་པ་མེད་པ་སྐྱེ་མེད་པ། །ཞེས་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་དེ་ལ། ཁོ་བོ་ཅག་གི་ཚིག་དེ་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར་སྐྱེ་བའི་འོག་ཏུ་འགག་པ་འགགས་པར་རིགས་ཏེ། དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཆད་པ་བཞིན་ནོ་ཞེས་བྱ་བ་སྨྲས་པ་ན། ཁྱེད་ན་རེ། འཁོར་བ་ལ་ཐོག་མ་མེད་པའི་ཕྱིར་འགག་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱེ་བ་ཡང་ཕྱིས་དགག་པར་ཁས་མ་བླངས་པར་གཏན་ཚིགས་མ་ངེས་པའི་སྐྱོན་ཡོད་དོ། །འགག་པ་ནི་སྐྱེ་བའི་རིམ་པ་ལ་མི་ལྟོས་པའི་ཕྱིར་དང༌། དོན་བརྟག་པ་ཡིན་པའི་ཕྱིར་དང༌། ཚིག་གཞན་དུ་བྱས་ན་ཡང་ཐལ་བ་མཚུངས་པར་ཉེ་བར་གནས་པའི་ཕྱིར་ཉེས་པ་མེད་དོ་ཞེས་ཟེར་ཏེ། སྐྱེ་བ་སྔར་འགག་པའི་ཚིག་བཞག་པར་བསྒྲུབས་ནས། དེའི་འོག་ཏུ་སྐྱེ་བ་མེད་པ་སྒྲུབ་པའི་སྐབས་སུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བས་འགག་པ་བས་སྐྱེ་བ་འགག་པ་སྔར་བསྒྲུབས་པས། ང་ཡང་སྐྱེ་བ་མེད་པར་བསྟན་པའི་འོག་ཏུ་འགག་པའམ་ཆད་པ་མེད་པ་བསྟན་པའི་རིགས་ན་དེ་མི་སྟོན་པར། འོང་བ་མེད་པ་དང་འགྲོ་བ་མེད་པའི་ཚིག་གི་དོན་སྟོན་པར་བྱེད་པས་དེའི་ཕྱིར་ཁྱེད་དབུ་མ་པའི་བསྟན་བཅོས་ལ་ལན་འགའ་ཡང་ལྟག་འོག་ངེས་པ་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འཇིག་རྟེན་ནི་ཕལ་ཆེར་བྱ་བ་མང་པོའི་ཐ་སྙད་ཀྱི་དབང་གིས་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པས་མངོན་པར་ཞེན་པའི་ཟུག་རྔུ་དེ་བསལ་བའི་ཕྱིར་འགྲོ་བའི་མཚན་ཉིད་ཀྱི་བྱ་བ་གཅིག་བསལ་ན་བྱ་བ་ལྷག་མ་བསལ་བ་ཡང་སླ་བས་དེའི་ཕྱིར་ཕྱོགས་སྔ་མ་ཉེ་བར་གཞག་གོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། འཇིག་རྟེན་ཐམས་ཅད་ནི་སྐྱེ་བ་ལ་མངོན་པར་ཞེན་པ་ཡིན་པས་དེའི་ཕྱིར་འགག་པ་བས་སྐྱེ་བ་དགག་པར་སྔར་བསྟན་པ་མཛད་པ་


DTG099_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། འདིར་ཡང་འཇིག་རྟེན་ནི་ཕལ་ཆེར་བྱ་བ་མང་པོའི་ཐ་སྙད་ཀྱི་དབང་གིས་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པས་མངོན་པར་ཞེན་པའི་ཟུག་རྔུ་དེ་བསལ་བའི་ཕྱིར། སློབ་དཔོན་གྱིས་གོ་རིམས་བསྣོར་ཏེ་སྐྱེ་བ་བཀག་པའི་འོག་ཏུ་འོང་བ་དང༌། འགྲོ་བ་དགག་པའི་ཚིག་གི་དོན་བསྟན་པར་མཛད་དོ། །དེ་ལ་འཇིག་རྟེན་ནི་ཕལ་ཆེར་ཞེས་བྱ་བ་ནི་མི་དག་ལས་ཕལ་ཆེར་ཞེས་བྱ་བའོ། །བྱ་བ་མང་པོའི་ཐ་སྙད་ཀྱི་དབང་གིས་ཞེས་བྱ་བ་ལ། བྱ་བ་མང་པོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་བྱ་བ་མང་པོའི་ཕྱིར་ཏེ་བྱ་བ་མཐའ་ཡས་པ་ཞེས་བྱ་བའི་ཐ་ཚིག་གོ །ཐ་སྙད་ཅེས་བྱ་བ་ནི་གཡོ་ཞིང་སྤྱོད་པའི་ཐ་སྙད་དེ། འཇིག་རྟེན་ཐམས་ཅད་ལ་འགྲོ་བ་དང་འོང་བ་དང་འདུག་པ་ཞེས་བྱ་བ་ལ་སོགས་པའི་བྱ་བ་མང་པོའི་ཐ་སྙད་ཡོད་པའོ། །དབང་གིས་ཞེས་བྱ་བ་ནི་བྱ་བ་མང་པོའི་ཐ་སྙད་དེའི་དབང་གིས་ཏེ་དེའི་མཐུས་ཞེས་བྱ་བའི་ཐ་ཚིག་གོ །བྱ་བའི་དངོས་པོ་ལ་མངོན་པར་ཞེན་པས་ཞེས་བྱ་བ་ནི་འཇིག་རྟེན་ནི་ཕལ་ཆེར་བྱ་བ་མང་པོའི་ཐ་སྙད་ཀྱི་དབང་དེས་འོང་བ་དང་འགྲོ་བ་ལ་སོགས་པའི་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ཏེ། འཇིག་རྟེན་ཐ་ན་བ་ལང་རྫིའི་ཆུང་མའི་མཐར་ཐུག་པ་ཐམས་ཅད་འཁོར་བ་ཐོག་མ་མེད་པའི་དུས་ཚུན་ཆང་ནས་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པས་སོ། །མངོན་པར་ཞེན་པའི་ཟུག་རྔུ་དེ་བསལ་བའི་ཕྱིར་ཞེས་བྱ་བ་ནི་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པ་དེ་ཉིད་མདའ་དུག་མ་དང་འདྲ་བས་ན་ཟུག་རྔུ་ཞེས་བྱ་སྟེ་དེ་དག་དགག་པའི་ཕྱིར་རོ། །འགྲོ་བའི་མཚན་ཉིད་ཀྱི་བྱ་བ་གཅིག་བསལ་ན་ཞེས་བྱ་བ་ནི་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་མང་པོ་དག་ལ་འགྲོ་བའི་མཚན་ཉིད་ཀྱི་བྱ་བ་གཅིག་ཇེ་བཀག་ནའོ། །བྱ་བ་ལྷག་མ་དག་བསལ་བ་ཡང་བསླབས་ཞེས་བྱ་བས་ནི་སྐྱེ་བའི་བྱ་བ་དང་འཆད་པའི་བྱ་བ་ལ་སོགས་པ་ལྷག་མ་གཞན་དག་དགག་པ་ཡང་བསླབས་པས་སོ། །དེའི་ཕྱིར་ཕྱོགས་སྔ་མ་ཉེ་བར་གཞག་གོ་ཞེས་བྱ་བ་ནི་གང་གི་ཕྱིར་དགག་པ་བྱེད་འདོད་པས་ཕྱོགས་སྔ་མ་མེད་པ་དགག་པ་བརྗོད་པར་མི་ནུས་པ་དེའི་ཕྱིར། འདིར་དང་པོར་བྱ་བའི་དངོས་པོ་མེད་པ་དང་མི་མཐུན་པའི་ཕྱོགས་སྔ་མ་ཉེ་བར་གཞག་གོ །ཕྱོགས་སྔ་མ་ཉེ་བར་གཞག་པ་དེ་ཉིད་བསྟན་པའི་ཕྱིར། འདི་ལ་སྐབས་ཀྱི་དོན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྣང་སྟེ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་ལའོ། །སྐབས་ཀྱི་དོན་ཞེས་བྱ་བ་ནི་སྔར་དམ་བཅས་


DTG099_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྒྲུབ་པ་དང་བསྒྲུབ་པར་བྱ་བའི་དོན་ཏེ། དངོས་པོ་རྣམས་སྐྱེ་བ་མེད་པ་ཞེས་བྱ་བ་ཡིན་ནོ། །དོན་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྣང་སྟེ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་དེའི་དགྲ་བོ་ཕྱོགས་སུ་གྱུར་པ་ཡོད་པ་སྟེ། དངོས་པོ་རྣམས་སྐྱེ་བ་ཡོད་པར་སྨྲ་བ་དག་སྣང་བའོ། །མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདི་སྐད་བསྟན་ཏེ་དེ་ལྟར་ལུང་དང་རིགས་པས་སྐྱེ་བ་མེད་པ་བསྒྲུབས་སུ་ཟིན་ཀྱང༌། ཡང་སྐྱེ་བར་སྨྲ་བ་དག་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ་ཞེས་ཕྱིར་ཟློག་པར་བྱེད་པ་ནི་སྐབས་ཀྱི་དོན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཡིན་ནོ། །འདིར་ཡང་ནང་གི་དངོས་པོ་རྣམས་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་སོ། །སྐྱེས་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། ནང་གི་དངོས་པོ་རྣམས་དོན་དམ་པར་མ་སྐྱེས་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། དེ་དག་གི་ཡུལ་ཞེས་བྱ་བ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དེ་དག་གི་ཡུལ་ཡིན་ཏེ། གཟུགས་ལ་སོགས་པ་གཟུང་བ་དང་དམིགས་པ་དག་གོ །ཡུལ་དེ་དག་དང་ལྡན་པ་ཞེས་བྱ་བ་ནི་དེ་དག་གིས་ཁྱད་པར་ཅན་དུ་བྱས་པ་སྟེ། དེ་དག་དང་འབྲེལ་ཞིང་ལྡན་པ་ལུས་དང་མགོ་དང་ལྐོག་མ་དང་མཆུ་དང་ལག་པ་དང་རྐང་པ་ལ་སོགས་པའི་ཚོགས་འགྲོ་བའི་བྱེད་པ་དང་ལྡན་པའོ། །དེའི་ཐ་སྙད་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཚོགས་དེའི་ཐ་སྙད། དཔེར་ན་ལྷ་སྦྱིན་འགྲོའོ་འོང་ངོ་འདུག་གོ་ཟའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་བྱེད་པའི་ཕྱིར། ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལ་གང་མི་སྐྱེ་བ་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་མི་བྱེད་དེ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན་ནོ། །དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །ལྷས་བྱིན་དང་ཁྱབ་འཇུག་བཤེས་གཉེན་ནི་དེ་ལྟ་བུ་འགྲོ་བར་མི་བྱེད་པ་མ་ཡིན་པས་ཞེས་བྱ་བ་འདི་ནི་ཆོས་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་ལྷས་བྱིན་དང་ཁྱབ་


DTG099_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བཤེས་གཉེན་ནི་ལུས་དང༌། མགོ་དང༌། ལྐོག་མ་དང༌། མཆུ་དང༌། ལག་པ་དང༌། རྐང་པ་ལ་སོགས་པའི་ཚོགས་ཀྱིས་འགྲོ་བ་ལ་སོགས་པའི་ཐ་སྙད་བྱེད་པའི་ཕྱིར་དེ་དག་སྐྱེས་པ་ཁོ་ན་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པ་ནང་གི་དངོས་པོ་རྣམས་ཀྱང་དེ་དག་གི་ཡུལ་དང་ལྡན་པའི་ལུས་དང༌། མགོ་དང་ལྐོག་མ་དང་མཆུ་དང་ལག་པ་དང་རྐང་པ་ལ་སོགས་པའི་ཚོགས་ཀྱིས་འགྲོ་བ་ལ་སོགས་པའི་ཐ་སྙད་བྱེད་པའི་ཕྱིར། དེ་དག་ཀྱང་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་དང་མཇུག་བསྡུ་བ་ཡིན་ནོ། །ཕྱོགས་སྔ་མ་ཉེ་བར་གཞག་པ་དེ་དགག་པའི་ཕྱིར། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཕྱོགས་སྔ་མ་ཉེ་བར་གཞག་པ་བསལ་བའི་ཕྱིར་འདི་བཤད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕྱོགས་སྔ་མ་ཉེ་བར་གཞག་པ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ལེགས་པར་སྦྱར་ཅིང་ཉེ་བར་གཞག་པ་གང་ཡིན་པ་དེ་ཡང་གང་ཞེ་ན། ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །འདི་ལ་གང་མི་སྐྱེ་བ་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་མི་བྱེད་དེ། དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ། །ལྷ་སྦྱིན་དང་ཁྱབ་འཇུག་བཤེས་གཉེན་ནི་དེ་ལྟར་འགྲོ་བར་མི་བྱེད་པ་ཡིན་པས་དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་སྨོས་པ་ཡིན་ནོ། །ཕྱོགས་སྔ་མ་ཉེ་བར་གཞག་པ་དེ་བསལ་བའི་ཕྱིར་ཞེས་བྱ་བ་ནི་དེ་དགག་པའི་ཕྱིར་རོ། །འདི་བཤད་དེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་རིགས་པ་འོག་མ་དག་བཤད་དེ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་ལ་སོགས་པའི་སྒྲུབ་པར་གྱུར་པ་སྐྱེ་བ་དང༌། འགྲོ་བ་དང་འོང་བ་འཇིག་རྟེན་ལ་གྲགས་པ་དག་སྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་ལ་སོགས་པ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། བཟོད་པ་དང་བརྩོན་འགྲུས་དང་ཤེས་རབ་གང་དག་གི །དང་པོར་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་སྨོས་པ་དེ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསམ་གཏན་ལ་སོགས་པ་ཞེས་བྱ་བ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། བསམ་


DTG099_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་ཤེས་རབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་ཡིན། བརྩོན་འགྲུས་ནི་གཉི་གར་འགྲོ་བ་ཡིན་ཏེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་དག་བསྟན་ཏོ། །དེ་དག་གིས་བསྒྲུབ་པར་གྱུར་པ་ཞེས་བྱ་བ་ནི་ཚོགས་པའི་རྒྱུར་གྱུར་པའོ། །དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར་སྐྱེ་བ་དང་འགྲོ་བ་དང་འོང་བ་དག་ཅེས་བྱ་བ་སྨྲས་ཏེ། ཅིའི་ཕྱིར་དེ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པར་གྱུར་པ་ཡིན་ཞེ་ན། འདི་ལྟར་སྐྱེ་བ་དང་འགྲོ་བ་དང་འོང་བ་མེད་པ་ནམ་མཁའི་ཨུཏྤལ་སོགས་པ་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པའི་སྒྲུབ་པར་མི་འགྱུར་གྱི། སྦྱིན་པ་པོ་དང་རྫས་དང་ལེན་པ་པོ་ལ་སོགས་པ་སྐྱེ་བ་དང༌། འགྲོ་བ་དང་འོང་བ་ཡོད་པ་གཞན་གྱིས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དག་ལ་ལེགས་པར་སྦྱར་བར་ནུས་པའི་ཕྱིར་རོ། །སྐྱེ་བ་དང་འགྲོ་བ་དང་འོང་བ་འཇིག་རྟེན་ལ་གྲགས་པ་དག་ལ་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། སྐྱེ་བ་ལ་སོགས་པ་འཇིག་རྟེན་བ་ལང་རྫིའི་ཆུང་མ་ཡན་ཆད་ལ་གྲགས་པ་དག །གལ་ཏེ་ཁྱེད་ཀུན་རྫོབ་ཏུ་སྒྲུབ་ན་ནི་དེ་ལྟ་ན་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །འོན་ཏེ་དོན་དམ་པར་རྣལ་འབྱོར་པ་མཉམ་པར་གཞག་པ་ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དེ་ཉིད་མཐོང་བའི་དབང་དུ་བྱས་ཏེ། སྐྱེ་བ་དང་འགྲོ་བ་དང་འོང་བ་དག་ཡོད་པར་སྒྲུབ་ན་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ལ། རྣལ་འབྱོར་པ་མཉམ་པར་གཞག་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དོན་དམ་པའི་བདེན་པ་ལ་ངེས་པར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་མཐོང་བ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་ཉིད་མཐོང་བ་ནི་དམིགས་པ་མེད་པའི་ཚུལ་ཉིད་ཀྱིས་མཐོང་བའི་ཕྱིར་རོ། །རྣལ་འབྱོར་པ་དེའི་དབང་དུ་བྱས་ཏེ་ཁྱེད་ཅག་དོན་དམ་པར་སྐྱེ་བ་དང་འགྲོ་བ་དང་འོང་བ་དག་ཡོད་པར་སྒྲུབ་ན་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་སྒྲུབ་ན་དོན་དམ་པར་སྐྱེ་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་ཁྱེད་ཀྱི་གཏན་


DTG099_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་དོན་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གཞི་མ་གྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །གཞི་མ་གྲུབ་པ་འབའ་ཞིག་ཏུའང་མ་ཟད་ཀྱི་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་ཆགས་པ་ཡང་ཡིན་ཏེ། ཇི་ལྟར་ཞེ་ན་དེའི་ཕྱིར། འགྲོ་བ་ཡང་སྐྱེ་བ་དགག་པ་ཁོ་ན་བཞིན་དུ་དགག་པས་འགྲོ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་ལ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་དེ་ལ་འགྲོ་བ་ལ་སོགས་པ་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །སྤྱིའི་རྣམ་པས་གཉིས་ཀའི་ཕྱོགས་ལ་གྲགས་པ་གཏན་ཚིགས་སུ་རྟོག་ན་ཡང་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གལ་ཏེ་སྐྱེ་བར་སྨྲ་བ་དག་འདི་སྐད་ཅེས་ཁྱེད་དབུ་མ་པ་ལ་ཡང་ཀུན་རྫོབ་ཏུ་སྐྱེ་བ་དང་འོང་བ་དག་ཡོད་པར་གྲུབ་ལ། ཁོ་བོ་ཅག་ལ་ཡང་དོན་དམ་པར་སྐྱེ་བ་དང་འགྲོ་བ་དང་འོང་བ་དག་ཡོད་པར་གྲུབ་པས་དེའི་ཕྱིར་སྤྱིའི་རྣམ་པས་གཉིས་ཀའི་ཕྱོགས་ལ་གྲགས་པའི་གཏན་ཚིགས་ཡོད་པས། ཁོ་བོ་ཅག་གི་གཏན་ཚིགས་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གཏན་ཚིགས་ཡིན་པར་རྟོག་གོ་ཞེས་ཟེར་ན། དེ་ཡང་མི་རུང་བར་སྟོན་ཏོ། །གལ་ཏེ་དེ་ལྟར་རྟོག་ན་ཅིའི་ཕྱིར་མི་རུང་ཞེ་ན། དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟར་རྟོག་ན་དེ་ལ་ཡང་ཁྱོད་ལ་དོན་དམ་པར་སྐྱེ་བ་དང་འགྲོ་བ་དང་འོང་བ་དག་ཡོད་པར་སྒྲུབ་པའི་གཏན་ཚིགས་དང་སྒྲུབ་པའི་རྗེས་སུ་འགྲོ་བའི་དཔེ་མེད་པའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱིས་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །གལ་ཏེ་དེ་ལྟ་ན་གཏན་ཚིགས་ཀྱི་དོན་དེ་དཔེ་མ་ཚང་བ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་གྱི། འགལ་བ་ཉིད་ཅེས་བརྗོད་པར་མི་བྱའོ་ཞེ་ན། དེའི་ཕྱིར་མི་མཐུན་པའི་ཕྱོགས་འབའ་ཞིག་ལ་དེ་རྗེས་སུ་འགྲོ་བའི་ཕྱིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཀུན་རྫོབ་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་གང་ཡིན་པ་དེ་ནི་དོན་དམ་པའི་མི་མཐུན་པའི་ཕྱོགས་ཀུན་རྫོབ་འབའ་ཞིག་ལ་རྗེས་སུ་འགྲོ་བའི་ཕྱིར། དེས་ན་ཀུན་རྫོབ་ཁོ་ནར་སྐྱེ་བ་ལ་སོགས་པ་དག་ཡོད་པར་སྒྲུབ་པ་ཡིན་པས་དེའི་ཕྱིར་ཁྱེད་དོན་དམ་པར་འགྲོ་བ་ལ་སོགས་པ་ཡོད་པར་འདོད་པ་ཉམས་པས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་ནོ། །དེ་ལྟར་ན་ཕ་རོལ་པོའི་སྒྲུབ་པ་དེ་ནི་གྲུབ་པ་


DTG099_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲུབ་པ་དང༌། གཞི་མ་གྲུབ་པ་དང་གང་ཡང་རུང་བ་ལ་མ་གྲུབ་པ་དང་དཔེ་མ་ཚང་བ་དང༌། འགལ་བ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་པས་དེ་ནི་དམ་བཅས་པ་ཙམ་དུ་ཟད་དེ། མ་གྲུབ་པོ་ཡང་བཤད་པ་ཞེས་བྱ་བས་ནི་བསྟན་བཅོས་མཛད་པས་འགྲོ་བ་དགག་པའི་རིགས་པ་གཞན་དག་གསུངས་པ་སྟོན་ཏོ། །འདི་ལ་གལ་ཏེ་དོན་དམ་པར་འགྲོ་བ་ཡོད་པར་གྱུར་ན་དེ་སོང་བའམ་མ་སོང་བའམ་བགོམ་པ་ལ་ཡོད་པར་གྱུར་གྲང་ན་ཞེས་བྱ་བས་ནི། འགྲོ་བ་དགག་པར་དམ་བཅས་པ་སྤྱི་བཀོད་པ་བསྟན་ཏོ། །དེ་ལ་ཡང་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བའི་སྒྲས་ནི་སྤྱིར་བསྟན་པ་སྟེ། སོང་བ་དང་མ་སོང་བ་དང་བགོམ་པ་ཞེས་བྱ་བའི་ལམ་གསུམ་པོ་དག་གིས་གོ་རིམས་སྔར་བཀོད་པ་དེ་ལའོ། །ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ལམ་གྱི་རྫས་ལས་གཞན་པའི་འགྲོ་བ་མཐའ་དག་ཀྱང་དགག་པའི་ཕྱིར་ཏེ། ཀུན་རྫོབ་ཏུ་ཡང་ལམ་གྱི་རྫས་ལས་གཞན་པའི་དངོས་པོ་སྔ་མ་སྔ་མ་སྟོང་ཞིང་ཡུལ་ཕྱི་མ་ཕྱི་མར་སོན་པར་བྱེད་པའི་འགྲོ་བ་དག་མེད་པར་སྟོན་ཏོ། །རེ་ཞིག་སོང་ལ་འགྲོ་མེད་དེ། །ཞེས་བྱ་བ་ལ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསྩལ་བ་དེ་སོང་བ་དང་མ་སོང་བ་དང་བགོམ་པ་ཞེས་བྱ་བའི་ལམ་གསུམ་པོ་དག་ལས་རེ་ཞིག་ཇེ་སོང་བ་ལ་འགྲོ་བ་མེད་པར་སྟོན་པ་ཡིན་ནོ། །སོང་ལ་འགྲོ་མེད་དེ་ཞེས་བྱ་བ་ནི་སོང་བའི་ལམ་ལ་འགྲོ་བ་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལ་འགྲོ་བའི་བྱ་བ་འདིས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དོན་དེ་ནི་གཞན་དག་ལ་ཡང་གྲགས་པས་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་ནི་སོང་བའི་ལམ་ལ་འགྲོ་བ་མེད་པའི་དོན་དེ་ནི་གཞན་ཕ་རོལ་པོ་དག་ལ་ཡང་གྲགས་པས་འདིར་བསྒྲུབ་པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་དེ་འདིར་སྨོས་ཅི་དགོས་ཤེ་ན། དེ་ཕྱིར་དེ་སྨོས་པ་ནི་གཞན་འདོད་པའི་དཔེ་ཉིད་དུ་བཞེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སོང་བའི་ལམ་ལ་འགྲོ་བ་མེད་པ་དེ་སྨོས་པ་ནི་འགྲོ་བར་སྨྲ་བ་གཞན་མ་སོང་བའི་ལམ་ལ་འགྲོ་བ་ཡོད་པར་འདོད་པ་དགག་པའི་དཔེ་ཉིད་དུ་སློབ་དཔོན་བཞེད་པའི་ཕྱིར་ཏེ། ཇི་ལྟར་སོང་བའི་ལམ་ལ་འགྲོ་བ་མེད་པར་གཞན་དག་ལ་ཡང་གྲགས་པ་དེ་བཞིན་དུ་མ་སོང་བའི་ལམ་ལ་ཡང་འགྲོ་བ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །ཇི་ལྟར་ན་སོང་བའི་ལམ་ལ་འགྲོ་བ་མེད་པ་དེ་མ་སོང་བའི་ལམ་ལ་འགྲོ་བ་མེད་པའི་དཔེ་ཉིད་དུ་བཞེད་ཅེ་ན། དེའི་ཕྱིར།


DTG099_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཆོས་ནི་ལམ་ཉིད་ཡིན་ལ། མ་སོང་བ་ཡང་དེ་དང་འདྲ་བས་ཞེས་བྱ་བ་སྨྲས་ཏེ། དེའི་ཞེས་བྱ་བ་ནི་སོང་བའི་ལམ་དེའིའོ། །ཆོས་ནི་ཞེས་བྱ་བ་ནི་སོང་བའི་ལམ་དེ་ལ་འགྲོ་བ་མེད་པར་སྒྲུབ་པའི་ཆོས་ཏེ་གཏན་ཚིགས་སོ། །ལམ་ཉིད་ཡིན་ལ་ཞེས་བྱ་བ་ནི་སོང་བའི་ལམ་ལ་འགྲོ་བ་མེད་པར་སྒྲུབ་པའི་ཆོས་ནི་ལམ་ཉིད་ཡིན་པ་སྟེ། དེ་ལ་འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་སོང་བའི་ལམ་ལ་འགྲོ་བ་མེད་དེ་ལམ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པའི་སོང་བའི་ལམ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །མ་སོང་བའི་ཡང་དེ་དང་འདྲ་བས་ཞེས་བྱ་བ་ནི། མ་སོང་བའི་ལམ་གྱི་ཆོས་ཀྱང་ལམ་ཉིད་ཡིན་པར་འདྲ་བ་སྟེ། དེས་ན་འདིར་ཡང་སྦྱོར་བའི་ཚིག་ནི་མ་སོང་བའི་ལམ་ལ་འགྲོ་བ་མེད་དེ་ལམ་ཡིན་པའི་ཕྱིར། དཔེར་ན་སོང་བའི་ལམ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། མ་སོང་བ་ལའང་འགྲོ་བ་མེད་དེ། ལམ་ཡིན་པའི་ཕྱིར་སོང་བའི་ལམ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་མ་སོང་བ་ལའང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ་མ་སོང་བའི་ལམ་ལའོ། །འགྲོ་བ་མེད་ཅེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ་ཆོས་ཅན་མ་སོང་བའི་ལམ་དེ་ལ་དོན་དམ་པར་འགྲོ་བ་མེད་པ་ཞེས་བྱ་བ་ཆོས་ཁྱད་པར་ཅན་དེ་བསྒྲུབ་པར་བྱ་བ་ཡིན་ནོ། །ལམ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ནི་སྒྲུབ་པའི་ཆོས་ཡིན་ཏེ། མ་སོང་བའི་ལམ་ཡིན་པའི་ཕྱིར་དེ་ལ་འགྲོ་བ་མེད་དོ་ཞེས་སྒྲུབ་པར་བྱེད་དོ། །སོང་བའི་ལམ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་སོང་བའི་ལམ་ནི་ལམ་ཡིན་པའི་ཕྱིར། དེ་ལ་འགྲོ་བ་མེད་པ་དེ་བཞིན་དུ་མ་སོང་བའི་ལམ་ཡང་ལམ་ཡིན་པའི་ཕྱིར་དེ་ལ་འགྲོ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །ཡང་ན་མ་སོང་བ་ཞེས་བྱ་བ་ནི་འགྲོ་བའི་བྱ་བ་མ་བརྩམས་པ་སྟེ་ཞེས་བྱ་བ་ནི་ཡང་ན་མ་སོང་བའི་ལམ་ཞེས་བྱ་བ་ནི་ད་དུང་འགྲོ་བའི་བྱ་བ་མ་བརྩམས་པ་ཡིན་ཏེ། དེས་ནི་ཆོས་ཅན་བསྟན་ཏོ། །དེའི་ཆོས་ནི་མ་སོང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་བྱེད་པར་འདོད་པའི་ཚད་མ་ཉིད་ནི་རིགས་པ་ཡིན་པས། འདིར་མ་སོང་བའི་ལམ་ལ་འགྲོ་བ་མེད་དོ་ཞེས་བྱ་བའི་ཕྱོགས་ལ། ཕྱོགས་ཀྱི་ཆོས་གཏན་ཚིགས་སུ་བཟུང་བ་ནི་མ་སོང་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ། གཉི་ག་ལ་གྲགས་པའི་


DTG099_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ལྡན་པའི་ཆོས་ཅན་འགྲོ་བར་མི་འདོད་པའི་ལམ་ཡིན་ན་ནི་ཞེས་བྱ་བས་ནི་ཆོས་མཐུན་པའི་དཔེ་སྟོན་ཏོ། །དེ་ལ་དཔེ་ནི་ཞེས་བྱ་བ་ནི་མ་སོང་བའི་ལམ་ལ་འགྲོ་བ་མེད་པའི་དཔེའོ། །དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་བསྟན་དགོས་ཏེ། ཇི་སྐད་དུ་དཔེ་གང་ལ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བས་ཁྱབ་པར་བྱེད་པ་ཡོད་པ་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལ་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བ་ཆོས་ཏེ། དེ་ཡང་གང་ཞེ་ན། སྐབས་འདིར་ནི་འགྲོ་བ་མེད་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །སྒྲུབ་པའི་ཆོས་ཞེས་བྱ་བ་ནི་འགྲོ་བ་མེད་པ་སྒྲུབ་པའི་ཆོས་གཏན་ཚིགས་ཏེ་དེ་ཡང་གང་ཞེ་ན། སྐབས་འདིར་ནི་མ་སོང་བ་ཉིད་ཅེས་བྱ་བ་ཡིན་པར་སྦྱར་རོ། །དེ་གཉིས་ཀྱི་དབང་གིས་ཏེ་ཞེས་བྱ་བ་ནི་ཆོས་ཅན་མ་སོང་བའི་ལམ་གང་ལ་བསྒྲུབ་པར་བྱ་བ་ཆོས་འགྲོ་བ་མེད་པ་ཡོད་པའི་དབང་དང་སྒྲུབ་པའི་ཆོས་མ་སོང་བ་ཉིད་ཡོད་པའི་དབང་གིས་ཆོས་ཅན་དེའི་དཔེ་འགྲོ་བར་མི་འདོད་པའི་ལམ་གཞན་བསྟན་དགོས་ཏེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར་གཉི་ག་ལ་གྲགས་པའི་ཆོས་དང་ལྡན་པའི་ཆོས་ཅན་ཞེས་བྱ་བ་སྨྲས་ཏེ། ཆོས་ཅན་མ་སོང་བའི་ལམ་གང་ལ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་བསྒྲུབ་པར་བྱ་བ་ཆོས་འགྲོ་བ་མེད་པ་ཞེས་བྱ་བ་དང༌། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་བསྒྲུབ་པའི་ཆོས་མ་སོང་བ་ཉིད་དང་ལྡན་པ་དཔེར་བསྟན་དགོས་པའོ། །དེ་ལྟ་བུའི་ཆོས་ཅན་དཔེར་བསྟན་དུ་རུང་བ་དེ་ཡང་གང་ཞེ་ན། དེའི་ཕྱིར་འགྲོ་བར་མི་འདོད་པའི་ལམ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། མ་སོང་བའི་ལམ་དེ་ལས་གཞན་པ་འགྲོ་བར་མི་འདོད་པའི་ལམ་ཡིན་ནོ། །ལམ་དེ་ལ་ཡང་གཉི་ག་ལ་གྲགས་པའི་བསྒྲུབ་པར་བྱ་བ་ཆོས་འགྲོ་བ་མེད་པ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་མ་སོང་བ་ཉིད་ཅེས་བྱ་བ་ཡོད་པས་དེའི་ཕྱིར་དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ། གཉི་ག་ལ་གྲགས་པའི་ཆོས་དང་ལྡན་པའི་ཆོས་ཅན་འགྲོ་བར་མི་འདོད་པའི་ལམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ནི་མ་སོང་བ་ལ་འགྲོ་བ་མེད་པར་བསྟན་པའི་སྐབས་འདིར་རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་


DTG099_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་འོག་ནས་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཉེ་བར་སྦྱར་བ་རྣམས་ཡིན་ཞེས་བྱ་བར་སྦྱར་རོ། །མ་སོང་བ་ལ་འགྲོ་བ་མེད་དེ་མ་སོང་བ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པ་འགྲོ་བར་མི་འདོད་པའི་ལམ་བཞིན་ནོ་ཞེས་པ་ལ། འདིར་ཡང་མ་སོང་བ་ལ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། འགྲོ་བ་མེད་དེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། མ་སོང་བ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་དེ་ལས་གཞན་པ་འགྲོ་བར་མི་འདོད་པའི་ལམ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་མ་སོང་བའི་ལམ་དེ་ལས་གཞན་པའི་འགྲོ་བར་མི་འདོད་པའི་ལམ་ནི་མ་སོང་བ་ཡིན་པའི་ཕྱིར། དེ་ལ་འགྲོ་བ་མེད་པ་དེ་བཞིན་དུ་མ་སོང་བའི་ལམ་ཉིད་ཀྱང་མ་སོང་བ་ཡིན་པའི་ཕྱིར་དེ་ལ་ཡང་འགྲོ་བ་མེད་དོ། །འདི་ལ་འུག་པ་པ་དག་ན་རེ། ཅི་མ་སོང་བ་དེ་ལ་ལྷས་བྱིན་འགྲོ་བའི་བྱ་བ་མ་སྐྱེས་པས་འགྲོ་བ་མེད་པར་སྟོན་ཏམ། འོན་ཏེ་འགྲོ་བའི་བྱ་བ་མེད་པས་འགྲོ་བ་མེད་པར་སྟོན་ཞེས་བྱ་བ་ནི་བསྟན་བཅོས་མཛད་པའི་སྒྲུབ་པ་ཇི་སྐད་བསྟན་པའི་སྐབས་འདི་ལ་མུ་སྟེགས་བྱེ་བྲག་པའི་ནང་ནས་འུག་པ་པ་ཞེས་བྱ་བ་རྫས་སུ་འདོད་པ་དག་གིས་བསྟན་བཅོས་མཛད་པས་དམ་བཅས་པའི་དོན་དེ་རྣམ་པར་བརྟགས་ནས་སྐྱོན་འདོགས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཅི་མ་སོང་བ་དེ་ལ་ཞེས་བྱ་བ་ལ་སོགས་པས་གལ་གཉིས་དྲིས་སོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི། ཕྱིར་བརྟག་པ་ཡིན་ནོ། །གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མ་སོང་བའི་ལམ་དེ་ལ་འགྲོ་བའི་བྱ་བ་མ་སྐྱེས་པས་འགྲོ་བ་མེད་པ་ནི་འཇིག་རྟེན་ཐམས་ཅད་ལ་གྲུབ་པ་ཡིན་པའི་ཕྱིར་རོ། །འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པས་ཉེས་བྱ་བ་ནི་གང་གི་ཕྱིར་མ་སོང་བ་གང་ཡིན་པ་དེ་འགྲོ་བའི་བྱ་བ་ཕྱིས་སྐྱེ་བས་འགྲོ་བར་འཇིག་རྟེན་ན་མཐོང་བ་དེའི་ཕྱིར་ཁྱོད་ཀྱིས་དེ་འགྲོ་བའི་བྱ་བ་ཕྱིས་སྐྱེ་བས་ཀྱང་འགྲོ་བ་མེད་པ་ཕྱོགས་སུ་བྱས་པས་དེ་བསལ་བའི་ཕྱིར་རོ། །དེས་ན་གཏན་ཚིགས་སྔ་མའི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་མ་སོང་བའི་ལམ་ལ་འགྲོ་བ་མེད་པ་མ་ཡིན་ཏེ། འགྲོ་བ་ཡོད་པ་


DTG099_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཁོ་བོ་ཅག་གི་གཏན་ཚིགས་སྔ་མ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་མ་ཡིན་ཞེས་ཟེར་བ་ཡིན་ནོ། །གལ་ཏེ་རྫས་ལས་གཞན་པའི་འགྲོ་བ་མ་གྲུབ་པས་དེ་རིགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འུག་པ་པ་དག་གི་དབུ་མ་པའི་དོགས་པ་བསུ་བའི་ཚིག་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་སངས་རྒྱས་པ་དག་འདི་སྐད་ཅེས། ཁོ་བོ་ཅག་ནི་གང་གི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དུ་འགྱུར་བ་འཇིག་རྟེན་ལ་གྲགས་པའི་འགྲོ་བ་ལུས་ལས་གཞན་དང་གཞན་མ་ཡིན་པར་བརྟག་པ་དང་བྲལ་བར་འགོག་པར་མི་བྱེད་ཀྱི། འདི་ལྟར་ཁོ་བོ་ཅག་དོན་དམ་པར་འགྲོ་བ་འགོག་པར་བྱེད་པས་དེས་ན་ཁྱེད་ཀྱིས་བྱེ་བྲག་གི་ཚིག་གིས་དོན་དྲུག་པོ་རྫས་དང༌། ཡོན་ཏན་དང༌། ལས་དང༌། སྤྱི་དང༌། བྱེ་བྲག་དང༌། འདུ་བ་ཞེས་བྱ་བའི་མཚན་ཉིད་གང་དག་བརྟགས་པ་ལྕགས་ཀྱི་ཐུར་མ་ལྟར་ངོ་བོ་ཉིད་ཐ་དད་པ་དེ་དག་གིས་རྫས་ཀྱི་ཚིག་གི་དོན་འདེགས་པ་དང༌། འཇོག་པ་དང༌། བསྐུམ་པ་དང༌། བརྐྱང་པ་དང༌། འགྲོ་བ་ཞེས་བྱ་བ་ལས་ཀྱི་ཚིག་གི་དོན་དང་འབྲེལ་པའི་འགྲོ་བ་གང་ཡིན་པ་དེ་མ་གྲུབ་པས་འུག་པ་པ་དག་ན་རེ། འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་གཏན་ཚིགས་ཀྱི་དོན་འགལ་པ་ཉིད་ཡིན་བས་དེས་ན་གཏན་ཚིགས་སྔ་མའི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཟེར་བ་འདི་ནི་རིགས་པ་མ་ཡིན་ནོ་ཞེ་ན་ཞེས་འུག་པ་པ་དག་གིས་དབུ་མ་པའི་དོགས་པ་བསུ་བ་ཡིན་ནོ། །གལ་ཏེ་ཁྱེད་དབུ་མ་པ་དག་དེ་སྐད་ཅེས་ཟེར་ན། དེའི་ལན་དུ་ཁོ་བོ་ཅག་འུག་པ་པ་དག་གིས་རྫས་ལས་གཞན་པའི་འགྲོ་བ་སྒྲུབ་པའི་ཕྱིར་ཚད་མ་འདི་ལྟ་བུ་སྦྱར་བར་བྱའོ་ཞེས་བསྟན་པའི་ཕྱིར། ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་ནི་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་ལྡན་པ་ཡིན་ཏེ། ངེས་པ་སྐྱེ་བའི་ཕྱིར་དཔེར་ན་ལྷས་བྱིན་དབྱུག་པ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ཡང་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། ཁྱབ་འཇུག་བཤེས་གཉེན་ལ་སོགས་པ་གང་ལ་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཡོད་པའི་བློ་


DTG099_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་དེའི་ཡུལ་ལོ། །ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། ཆོས་ཅན་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་ཏེ། ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་ལྡན་པ་ཡིན་པར་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ལ་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཡོད་པའི་བློ་གྲོས་དེའི་ཡུལ་ནི་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་འགྲོ་བ་དང་ལྡན་པ་ཡིན་ཏེ། དེས་ན་ལྷས་བྱིན་གྱི་བདག་ཉིད་ལས་འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་ཏེ་གཞན་ཡིན་པས་འགྲོ་བ་རྫས་སུ་གྲུབ་པ་ཡིན་ནོ་ཞེས་བསྒྲུབ་པོ། །ངེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། ཡུལ་དེ་ནི་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་འགྲོ་བ་དང་ལྡན་པ་ཡིན་པས་དེ་ལ་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་སེམས་ཀྱི་ངེས་པ་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རྫས་ལས་གཞན་པའི་འགྲོ་བ་ཡོད་པར་སྒྲུབ་པར་བྱེད་དོ། །དཔེར་ན་ལྷས་བྱིན་དབྱུག་པ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་གང་ལ་ལྷས་བྱིན་དབྱུག་པ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཡོད་པ་ནི་ཡུལ་དེ་ལ་ལྷས་བྱིན་གྱི་བདག་ཉིད་ལས་དབྱུག་པ་གཞན་ཡིན་ནོ་སྙམ་པའི་ངེས་པ་སྐྱེ་བའི་ཕྱིར་རོ། །བློ་གྲོས་དེ་ལྷས་བྱིན་ལས་གཞན་པའི་འགྲོ་བ་རྫས་སུ་ཡོད་པའི་ཡུལ་ཅན་ཡིན་པ་དེ་བཞིན་དུ། གང་ལ་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཡོད་པ་ཡང་ཡུལ་དེ་ལ་ལྷས་བྱིན་གྱི་བདག་ཉིད་ལས་འགྲོ་བ་གཞན་ཡིན་ནོ་སྙམ་པའི་ངེས་པ་སྐྱེ་བའི་ཕྱིར་བློ་གྲོས་དེ་ལྷས་བྱིན་ལས་གཞན་པའི་འགྲོ་བ་རྫས་སུ་ཡོད་པའི་ཡུལ་ཅན་ཡིན་ནོ། །དེས་ན་རྫས་ལས་གཞན་པའི་འགྲོ་བ་གྲུབ་པས་ཁོ་བོ་ཅག་འུག་པ་པ་དག་གིས་འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པས་དེས་ན་གཏན་ཚིགས་སྔ་མའི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་སྨྲས་པས་དེ་མི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་


DTG099_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གལ་ཏེ་ལྷས་བྱིན་ཁྱད་པར་གང་ཡང་རུང་བ་དང་ལྡན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་འདིར་ཞེས་བྱ་བས་ནི་འུག་པ་པ་དག་གིས་འགྲོ་བའི་ཚིག་གི་དོན་གཞན་དུ་གྱུར་པ་ཡོད་པར་སྔར་སྨྲས་པ་དེ་ལ་འདིར་འགྲེལ་པ་བྱེད་པས་སུན་དབྱུང་བ་སྟོན་ཏོ། །གལ་ཏེ་ལྷས་བྱིན་ཁྱད་པར་གང་ཡང་རུང་བ་དང་ལྡན་པ་ལ་ཞེས་བྱ་བ་ནི། གལ་ཏེ་ལྷས་བྱིན་འགྲོ་བ་མ་ཡིན་པའི་ཁྱད་པར་གཞན་གང་ཡང་རུང་བ་དང་ལྡན་པའོ། །བློ་གྲོས་ཀྱི་ཡུལ་ཉིད་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་ལྡན་པ་ཡིན་པར་སྟོན་ན་ནི་ཞེས་བྱ་བ་ནི་འུག་པ་པ་དག་ལྷས་བྱིན་འགྲོ་བ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་ཉིད་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་ལྡན་པ་ཡིན་པར་སྟོན་ནའོ། །དེ་ལྟ་ན་ཐ་སྙད་དུ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་ཕ་རོལ་བོ་དག་འདི་སྐད་ཅེས་དེ་ལྟར་བློ་གྲོས་ཀྱི་ཡུལ་ཉིད་ལྷས་བྱིན་གྱི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་ལྡན་པ་ཡིན་པར་སྟོན་ན་ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་འདི་ལྟར་ལྷས་བྱིན་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་སྐྱེ་བའི་མཚན་ཉིད་ཀྱི་ཁྱད་པར་དང་ལྡན་པ་ལ་འདིར་འགྲོ་བ་དང་ལྡན་ནོ་སྙམ་པའི་བློ་གྲོས་འདི་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལྷས་བྱིན་ཞེས་བྱ་བ་ནི་གང་ལ་ལྷས་བྱིན་ཞེས་བྱ་བའི་མིང་ཡོད་པའོ། །འདུ་བྱེད་ཀྱི་ཚོགས་ཞེས་བྱ་བ་ནི་རྐང་ལག་ལ་སོགས་པ་འདུས་པའི་ཚོགས་སོ། །ཡུལ་གཞན་དུ་ཞེས་བྱ་བ་ནི་ཡུལ་ནས་ཡུལ་གཞན་གང་ཡིན་པར་རོ། །ཡུལ་གཞན་དེར་སྐྱེ་བ་ཞེས་བྱ་བ་ནི་ཡུལ་གཞན་དེར་འབྱུང་བའོ། །སྐྱེ་བ་དེའི་མཚན་ཉིད་ཀྱི་ཁྱད་པར་དང་ལྡན་པ་ལ་ཞེས་བྱ་བ་ནི་ལྷས་བྱིན་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་གང་ལ་ཡུལ་གཞན་དུ་སྐྱེ་བའི་མཚན་ཉིད་ཀྱི་ཁྱད་པར་ཡོད་པ་ལའོ། །འདིར་འགྲོ་བ་དང་ལྡན་ནོ་སྙམ་པའི་བློ་གྲོས་འདི་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷས་བྱིན་འདི་འགྲོ་བ་དང་ལྡན་ནོ་སྙམ་པའི་བློ་གྲོས་འདི་ཁོ་བོ་ཅག་གིས་ཀྱང་ཐ་སྙད་དུ་ཁས་བླངས་པའི་ཕྱིར་ཁྱེད་དེ་སྒྲུབ་པར་བྱེད་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ན། །ཅི་སྟེ་ལྷས་བྱིན་འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་དང་ལྡན་པ་ཡིན་ན་ནི་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། བློ་གྲོས་


DTG099_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུལ་ལྷས་བྱིན་དེ་ཁྱད་པར་གཞན་གང་ཡང་རུང་བ་དང་ལྡན་པ་མ་ཡིན་གྱི། འགྲོ་བའི་མཚན་ཉིད་ཀྱི་ཚིག་གི་དོན་དང་ལྡན་པ་ཡིན་ནོ་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་དཔེ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་དཔེ་བསྒྲུབ་པར་བྱ་བས་སྟོང་པར་འགྱུར་བས་ཏེ། འདི་ལྟར་ཁྱེད་ཀྱི་དཔེ་ལྷས་བྱིན་དབྱུག་པ་དང་ལྡན་པ་ཡིན་ནོ་སྙམ་པའི་བློ་གྲོས་ཀྱི་ཡུལ་བཞིན་ནོ་ཞེས་བྱ་བའི་ཡུལ་དེ་ལ་འགྲོ་བ་དང་ལྡན་པ་ཉིད་མེད་དེ། འདི་ལྟར་དབྱུག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་གཞན་དུ་ན་ཡང་ཞེས་བྱ་བ་ནི་ཇི་སྟེ་ཁྱེད་ན་རེ། ཁྱད་པར་གང་ཡང་རུང་བ་སྤྱི་དང་ལྡན་པར་གྱུར་ན་ཡང་དེས་འགྲོ་བ་འགྲུབ་པར་འགྱུར་རོ་ཞེ་ན་ཡང་ངོ༌། །དེ་ལྟ་ན་དཔེ་བསྒྲུབ་པར་བྱ་བས་སྟོང་པའི་སྐྱོན་ཆགས་པར་འགྱུར་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དུ་ཡང་འགྱུར་རོ། །ཇི་ལྟ་ཞེ་ན། དེའི་ཕྱིར་ཐ་སྙད་དུ་ཡང་དོན་འགལ་བ་ཉིད་ཡིན་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ལྷས་བྱིན་དབྱུག་པ་དང་ལྡན་པ་ཡིན་ནོ་སྙམ་པའི་ངེས་པ་སྐྱེ་བ་གང་ཡིན་པ་དེ་ལ་འགྲོ་བ་མེད་པའི་མཚན་ཉིད་ཀྱི་ཚིག་གི་དོན་དང་འབྲེལ་པས་ཁྱབ་པ་ཡིན་པས་འདི་ལྟར་ཁྱེད་ཀྱང་དེ་ལ་འགྲོ་བ་མེད་པ་དང་ལྡན་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར། དེས་ན་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་དེ་ཐ་སྙད་དུ་ཡང་འགལ་བ་ཉིད་ཡིན་ན་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་མི་འཐད་པའི་ཕྱིར། གཏན་ཚིགས་ཀྱང་མེད་པ་ལ་དཔེ་ཡང་མེད་དེ། དེའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཁྱེད་ཀྱི་གཏན་ཚིགས་སྔ་མ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པས་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ་ཞེས་བྱ་བའི་ཕྱོགས་སྔ་མ་སྔར་བཞག་པ་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་སྡེ་པ་དག་ལས་ཁ་ཅིག་ན་རེ་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེ། དབུ་མ་པས་འགྲོ་བ་མེད་པར་འགོག་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །རང་གི་སྡེ་པ་དག་ལས་ཁ་ཅིག་ཅེས་བྱ་བ་ནི་མདོ་སྡེ་པ་དག་གོ་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ལས་འབྱུང་


DTG099_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལུས་ཞེས་བྱ་བ་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་འབྱུང་བ་ལ་འགྲོ་བ་ཞེས་བྱའོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། འདུན་པ་ལས་རྩོལ་བ་འབྱུང་ཞིང་རྩོལ་བས་རླུང་གི་ཁམས་བསྐྱེད་ལ། རླུང་གི་ཁམས་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལུས་ཞེས་བྱ་བ་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བར་འབྱུང་བ་ལ་འགྲོ་བ་ཞེས་བྱ་སྟེ། དེའི་ཕྱིར་ཀུན་རྫོབ་ཏུ་ཡང་འགྲོ་བ་ཞེས་བྱ་བ་དོན་གཞན་དུ་གྱུར་པ་མེད་ལ། དོན་དམ་པར་ཡང་འགྲོ་བ་མེད་པས་དབུ་མ་པ་འགྲོ་བ་དོན་གཞན་དུ་གྱུར་པ་འགོག་པར་བྱེད་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །འདུན་པའི་རྒྱུ་ཞེས་བྱ་བ་ལ་འདུན་པ་ཞེས་བྱ་བ་ནི་བྱེད་འདོད་པ་ཉིད་དོ། །འདུན་པ་དེ་ཉིད་རྒྱུ་ཡིན་པས་འདུན་པའི་རྒྱུའོ། །གང་གི་རྒྱུ་ཡིན་ཞེ་ན། རྩོལ་བའི་སྟེ་དེའི་ཕྱིར་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བ་ཞེས་བྱ་བ་སྨྲས་ཏེ། རྩོལ་བ་ནི་གཡོ་བའི་མཚན་ཉིད་དོ། །རྩོལ་བ་དེ་རླུང་གི་ཁམས་བསྐྱེད་པས་ན་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ཞེས་བྱ་བ་སྨྲས་སོ། །རླུང་གི་ཁམས་དེ་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལུས་ཞེས་བྱ་བ་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་འབྱུང་བ་ལ་འགྲོ་བ་ཞེས་བྱའོ་ཞེས་བྱ་བ་ལ། འབྱུང་བའི་ཚོགས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞིའི་ཚོགས་སོ། །འབྱུང་བ་ལས་གྱུར་པའི་ཚོགས་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་རྣམས་ཀྱི་ཚོགས་སོ། །དེ་ཡང་གང་ཞེ་ན། དེའི་ཕྱིར་ལུས་ཞེས་བྱ་བས་ཞེས་སྨྲས་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་དེ་ནི་ལུས་ཞེས་བྱའོ། །རླུང་གི་ཁམས་ལས་ལུས་དེ་ཡུལ་ནས་ཡུལ་གཞན་དུ་སྐྱེ་བ་དང་བར་ཆད་མེད་པར་རྒྱུན་ཆགས་སུ་སྐྱེ་བ་འབྱུང་བ་ལ་འགྲོ་བ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་འགྲོ་བ་དོན་གཞན་དུ་གྱུར་པ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་བརྟགས་པ་ལྟར་མེད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བའི་ཡུལ་ཉིད་དུ་སྐྱེ་བར་བྱེད་པ་འཇིག་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་ཞེས་བྱ་བ་ནི་ལུས་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་ཙམ་ལ་བྱ་ན། ལུས་ནི་གང་དུ་སྐྱེ་བའི་ཡུལ་དེ་ཉིད་དུ་འཇིག་པའི་ཕྱིར་འགྲོ་བ་དོན་གཞན་དུ་གྱུར་པ་མེད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་མེ་ལྕེ་ལ་སོགས་པ་བཞིན་དུ་འགྲོ་བ་འཁྲུལ་


DTG099_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་འགྲོ་བ་དོན་གཞན་དུ་ཁས་མི་ལེན་ཏོ་ཞེས་བྱ་བ་སྨྲས་ཏེ། མེ་ལྕེ་དང་ཆུ་རྒྱུན་ལ་སོགས་པ་ཡང་གང་དུ་སྐྱེས་པའི་ཡུལ་དེ་ཉིད་དུ་འཇུག་པས་ཡུལ་གཞན་དུ་འགྲོ་བ་མེད་བཞིན་དུ་འགྲོ་བ་མེད་བཞིན་དུ་འཇིག་རྟེན་དག་གིས་འགྲོ་བར་མཐོང་བ་ནི་འཁྲུལ་པ་ཡིན་པས་འགྲོ་བ་དོན་གཞན་དུ་གྱུར་པ་ཡོད་པར་ཁོ་བོ་ཅག་ཁས་མི་ལེན་ཏོ། །དོན་དམ་པར་ཡང་འགྲོ་བ་མེད་པས་དོན་དམ་པར་འགྲོ་བ་འགོག་པ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏོ། །ཇི་ལྟར་དབུ་མ་པས་དོན་དམ་པར་འགྲོ་བ་དགག་པ་དང༌། ལུས་ལས་གཞན་པའི་འགྲོ་བ་དགག་པ་སྨྲས་པ་གང་ཡིན་པ་དེ་ནི་ཁོ་བོ་ཅག་མདོ་སྡེ་པའི་གྲུབ་པའི་མཐའི་རྗེས་སུ་སྨྲ་བ་ཁོ་ན་ཡིན་པས་དེའི་ཕྱིར་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་སྐྱེ་བ་བཀག་པས་ཇི་སྐད་སྨྲས་པའི་སྒྲུབ་པ་མི་འགྲུབ་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྐྱེ་བ་བཀག་པས་ནི་ཇི་སྐད་སྨྲས་པའི་སྒྲུབ་པ་མི་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་ངེད་དབུ་མ་པས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བས་དོན་དམ་པར་དངོས་པོ་ཐམས་ཅད་སྐྱེ་བ་བཀག་པས། དེས་ན་ཁྱེད་ཀྱི་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ལས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལུས་ཞེས་བྱ་བ་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་འབྱུང་བ་ལ་འགྲོ་བ་ཞེས་བྱའོ་ཞེས་འདི་སྐད་སྨྲས་པའི་སྒྲུབ་པ་མི་འགྲུབ་པའི་ཕྱིར། དེ་ཡང་སྐྱེ་བོ་མཁས་པའི་ཡིད་མགུ་བར་བྱེད་པ་མ་ཡིན་ནོ། །མེ་ལྕེ་ལ་སོགས་པ་བཞིན་དུ་འགྲོ་བ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་ཤེས་པ་དེ་ཡང་འཁྲུལ་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་མེ་ལྕེ་ལ་སོགས་པ་སྐྱེ་བའི་ཡུལ་ཉིད་དུ་འཇིག་པའི་ཕྱིར། ཡུལ་གཞན་དུ་འགྲོ་བ་མེད་པ་དེ་བཞིན་དུ་འཇིག་རྟེན་དག་གིས་འགྲོ་བ་མཐོང་བ་ནི་འཁྲུལ་པ་ཡིན་ལ། མེ་ལྕེ་ལ་སོགས་པ་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བར་ཤེས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཤེས་པ་ཡིན་ནོ་ཞེས་ཁྱེད་མདོ་སྡེ་པ་དག་འདོད་པའི་ཤེས་པ་དེ་ཡང་འཁྲུལ་པའི་ཤེས་པ་ཁོ་ན་ཡིན་ཏེ། གང་གི་ཕྱིར་འགྲོ་བ་མེད་པ་


DTG099_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་སྐྱེ་བར་འདོད་པ་དེ་ཡང་འཁྲུལ་པ་ཡིན་པའི་ཕྱིར། དེ་ཡང་སྐྱེ་བོ་མཁས་པའི་ཡིད་མགུ་བར་བྱེད་པ་མ་ཡིན་ནོ། །འགྲོ་བ་པོ་དང་འགྲོ་བ་གཉིས་གཞན་ཉིད་མ་ཡིན་པ་ཡང་འགོག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཁྱེད་ན་རེ། དེའི་ཕྱིར་འགྲོ་བ་དོན་གཞན་དུ་གྱུར་པ་མེད་དེ་ཞེས་བྱ་བ་ལ་སོགས་པས་འགྲོ་བ་པོ་དང་འགྲོ་བ་གཉིས་གཞན་ཉིད་མ་ཡིན་ཏེ། གཅིག་པ་ཉིད་ཡིན་པར་འདོད་པ་དེ་ཡང་འོག་ནས་འགོག་པར་འགྱུར་བའི་ཕྱིར། འགྲོ་བ་དོན་གཞན་དུ་གྱུར་པ་མ་ཡིན་པ་ཡོད་པར་རྟོག་པའི་དྲི་བ་དེ་ཡང་འགོག་པར་འགྱུར་བས་ད་ཡང་སྐྱེ་བོ་མཁས་པའི་ཡིད་མགུ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་འགྲོ་བ་པོ་དང་འགྲོ་བ་གཉིས་གཞན་ཉིད་དུ་བརྟགས་པ་དེ་ཉེས་པར་སྨྲས་པ་ཡིན་པས་དེ་བཞིན་དུ་ཁྱེད་ཀྱིས་གཞན་ཉིད་མ་ཡིན་པར་བརྟགས་པ་དེ་ཡང་ཉེས་པར་སྨྲས་པ་ཁོ་ན་ཡིན་པས། ཁོ་བོས་དེ་དོན་དམ་པར་འགོག་པར་བྱེད་པ་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གྲངས་ཅན་དག་ན་རེ། མ་སོང་བ་ལ་རྡུལ་ཤས་ཆེ་ཞིང་བྱ་བ་བྱེད་པ་ལ་འཇུག་པར་གསལ་བར་གྱུར་པ་ན། འགྲོའོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གྲངས་ཅན་དག་མ་སོང་བའི་ལམ་ལ་འགྲོ་བ་ཡོད་པར་སྒྲུབ་པ་ཡིན་ཏེ། དེ་དག་ན་རེ། ལས་ཀྱང་དབང་པོ་ལྔ་པོ་དག་དང༌། ལག་པ་དང༌། རྐང་པ་དང༌། རྐུབ་དང༌། མདོམས་ཞེས་བྱ་བ་དག་ལ་སྙིང་སྟོབས་དང༌། རྡུལ་དང༌། མུན་པ་ཞེས་བྱ་བ་རང་བཞིན་གྱི་ཡོན་ཏན་གསུམ་ཡོད་པ་ལས། གང་གི་ཚེ་ལས་ཀྱི་དབང་པོ་རྐང་པ་མ་སོང་བའི་ལམ་ལ་རྡུལ་གྱི་རང་བཞིན་ཤས་ཆུང་བའི་ཚེ་ན་ནི་འགྲོ་བའི་མཚན་ཉིད་ཀྱི་བྱ་བ་བྱེད་པ་ལ་འཇུག་པར་མི་གསལ་བས་འགྲོ་བར་མི་བྱེད་དོ། །གང་གི་ཚེ་ལས་ཀྱི་དབང་པོ་རྐང་པས་མ་སོང་བའི་ལམ་ལ་རྡུལ་གྱི་རང་བཞིན་ཤས་ཆེ་ཞིང་འགྲོ་བའི་མཚན་ཉིད་ཀྱི་བྱ་བ་བྱེད་པ་ལ་འཇུག་པ་གསལ་བར་གྱུར་པ་ན། མ་སོད་བའི་ལམ་ལ་འགྲོ་བ་ཡོད་དེ་རྡུལ་ནི་གཡོ་བ་དང་འཇུག་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་ཡང་གསལ་བ་བཀག་པའི་ཕྱིར་འགྲོ་བ་མི་འགྲུབ་པས་རྟོག་པ་ཙམ་དུ་ཟད་དོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། ཇི་ལྟར་འགྲོ་བའི་བྱ་བ་སྔ་ནས་མི་གསལ་བ་ནི་མ་འོངས་པའི་དུས་ན་ཡང་གསལ་བར་མི་བྱེད་དེ། མི་


DTG099_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་པས་དེའི་ཕྱིར་མ་སོང་བ་ལ་ཡང་འགྲོ་བ་མེད་པར་གྲུབ་པས། འགྲོ་བ་ཡོད་པར་བརྟགས་པ་ནི་རྟོག་པ་ཙམ་དུ་ཟད་དོ།། །།བམ་པོ་ཉི་ཤུ་གསུམ་པ། ཅི་སྟེ་ཡང་འགྲོ་བ་སྨྲ་བ་དག་ཇི་སྐད་བཤད་པའི་སྐྱོན་གྱི་འཇིགས་པས་བགོམ་པ་ལ་འགྲོ་བ་ཡོད་པར་དམ་བཅས་ན་ཇི་སྐད་བཤད་པའི་སྐྱོན་མེད་དོ་སྙམ་ན། སློབ་དཔོན་གྱིས་དོན་དེ་ངེས་པར་མཛད་ནས། སོང་བ་དང་མ་སོང་བ་མ་གཏོགས་པར་བགོམ་པ་མེད་པ་ཉིད་ཀྱིས་བཤད་པ། སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་ནི་བགོམ་པ་ཞེས་བྱ་བ་ཉིད་མེད་པར་སྟོན་ཏོ། །གཟུང་དུ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་བགོམ་པ་ཞེས་བྱ་བ་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བགོམ་པ་ཞེས་བྱ་བ་དེ་གང་ཡིན་ཞེ་ན། སོང་བའི་ལམ་ལ་ཡང་མ་ཡིན། མ་སོང་བའི་ལམ་ལ་ཡང་མ་ཡིན་པ་ད་ལྟར་གོམ་པས་མནན་པའི་ལམ་གང་ཡིན་པ་དེ་ནི་བགོམ་པ་ཞེས་བྱ་སྟེ། དེ་ནི་སོང་བ་དང་མ་སོང་བའི་ལམ་མ་གཏོགས་པར་དེ་གཉིས་ཀྱི་བར་ན་མེད་དོ། །ཇི་ལྟར་དེ་མེད་ཅེ་ན། འདི་ལ་བགོམ་པ་དེ་ནི་སོང་བའམ། །མ་སོང་བའམ། གང་ཅུང་ཟད་ནི་སོང་ཅུང་ཟད་ནི་མ་སོང་བ་གཉི་ག་ཞིག་ཡིན་གྲང་ན། ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་བགོམ་པ་མེད་པར་སྒྲུབ་པ་ཡིན་ནོ། །འདིར་སྨྲས་པ་ཞེས་བྱ་བ་ནི་སྐྱེ་བར་སྨྲ་བ་དག་གིས་བགོམ་པ་ཡོད་པར་སྒྲུབ་པའི་ཕྱིར་སྨྲས་པ་ཡིན་ནོ། །བགོམ་པ་མེད་པ་མ་ཡིན་ཏེ། །ཞེས་བྱ་བ་ནི་མི་སྣང་བ་མ་ཡིན་ཏེ། ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར། གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །ཅེས་བྱ་བ་འདི་ནི་ཕྱོགས་སྔ་མའི་ཚིག་ལེའུར་བྱས་པ་ཡིན་ནོ། །དེ་ལ་ཕྱོགས་གང་ན་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཀྱི་གཡོ་བ་སྣང་བ་དེ་ན་འགྲོ་བ་ཡོད་དེ་ཞེས་བྱ་བ་ནི་བགོམ་པས་ཕྱོགས་གང་ན་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཀྱི་གཡོ་བ་སྣང་བའི་ཕྱོགས་དེ་ན་འགྲོ་བ་ཡོད་པ་སྟེ། གཡོ་བ་དང་འགྲོ་བ་ཞེས་བྱ་བ་ནི་དོན་གཅིག་གོ །གཡོ་བ་དེ་ཡང་གང་གི་ཕྱིར་བགོམ་པ་ལ་སྣང་གི །གཡོ་བ་དེ་སོང་བ་ལ་ཡང་མི་


DTG099_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མ་སོང་བ་ལ་ཡང་མི་སྣང་བ་དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་བྱ་བ་ལ། བགོམ་པ་ཞེས་བྱ་བ་ནི་ད་ལྟར་གོམ་པས་མནན་པའི་ལམ་སྟེ། ད་ལ་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཀྱི་གཡོ་བ་དང་འགྲོ་བ་སྣང་བས་དེས་ན་འགྲོ་བ་ཡོད་དོ། །འདི་སྐད་བསྟན་ཏེ། གཡོ་བ་དེ་ཡང་གང་གི་ཕྱིར་བགོམ་པ་ལ་སྣང་གི་གཡོ་བ་དེ་སོང་བ་ལ་ཡང་མི་སྣང་བ་དེའི་ཕྱིར་བགོམ་པ་ཞེས་བྱ་བའི་ལམ་ལ་གཡོ་བ་དེ་སྣང་བས་དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སློབ་དཔོན་ཉིད་ཀྱིས་ཀྱང༌། །འདི་ལ་གང་ན་གཡོ་བ་སྣང་བ་དེ་ལ་འགྲོ་བ་ཡོད་དེ། གཡོ་བ་དེ་ཡང་གང་གི་ཕྱིར་བགོམ་པ་ལ་སྣང་གི །གཡོ་བ་དེ་སོང་བ་ལ་ཡང་མི་སྣང་མ་སོང་བ་ལ་ཡང་མི་སྣང་བ་དེའི་ཕྱིར། བགོམ་པ་ལ་འགྲོ་བ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བཤད་དོ། །དེས་ན་དེ་ལྟར་བགོམ་པ་ཡོད་པས་འགྲོ་བ་འགྲུབ་པའི་ཕྱིར་འདོད་པ་གྲུབ་པོ་ཞེས་བྱ་བ་ནི་དེ་ལྟར་བགོམ་པ་ཡོད་པས་དེ་ལ་འགྲོ་བ་ཡོད་པ་འགྲུབ་པའི་ཕྱིར། ཁོ་བོ་ཅག་གི་འདོད་པ་དོན་གྱི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར། ཇི་སྐད་སྨྲས་པའི་ཚུལ་གྱིས་ན། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་བཤད་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ཞིང་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་ཡང་མི་འགྱུར་རོ་ཞེའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། བགོམ་པ་ཞེས་བྱ་བ་དེ་ལྟར་སོང་བ་དང་མ་སོང་བའི་ལམ་གྱི་ཁོངས་སུ་གཏོགས་པ་མ་ཡིན་པས་དེའི་ཕྱིར་བགོམ་པ་མེད་པ་ཡང་མ་ཡིན་ལ། སོང་བ་དང་མ་སོང་བའི་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་ཡང་མི་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་གང་གི་ཞེས་བྱ་བས་འགྲོ་བ་པོའི་ཞེས་ཟེར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་ཚིག་ལེ་འུར་བྱས་པ། གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །ཅེས་བྱ་བ་དེའི་སྐབས་ནས་གང་གི་ཞེས་བྱ་བའི་སྒྲ་སྨོས་པ་དེ་ལ་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་དུ་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གང་གི་ཞེས་བྱ་བའི་སྒྲ་དེ་ལ་སྦྱར་བའི་ལུགས་མི་མཐུན་


DTG099_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅི་ཡོད་ཅེ་ན། དེ་ལ་སྔར་འགྲེལ་པ་བྱེད་པ་ཉིད་ཀྱིས་ནི་བགོམ་པའི་ས་ཕྱོགས་གང་ན་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཀྱི་གཡོ་བ་སྣང་བ་དེ་ན་འགྲོ་བ་ཡོད་དོ། །གཡོ་བ་དེ་ཡང་གང་གི་ཕྱིར་བགོམ་པ་ལ་སྣང་གི །གཡོ་བ་དེ་སོང་བ་ལ་ཡང་མི་སྣང་མ་སོང་བ་ལ་ཡང་མི་སྣང་བས་དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་བཤད་དེ། དེས་ནི་གང་གི་ཞེས་བྱ་བའི་སྒྲ་གང་གི་ཕྱིར་ཞེས་བྱ་བར་སྦྱར་ཏེ། དེས་ན་གང་ན་ཞེས་བྱ་བ་དང༌། དེ་ན་ཞེས་བྱ་བ་དང༌། བགོམ་པ་ལ་ཞེས་བྱ་བ་དེ་དག་དོན་གཅིག་སྟེ། ད་ལྟར་གོམ་པས་མནན་པའི་ལམ་གང་ཡིན་པ་ལ་བྱའོ། །གཡོ་བ་ཞེས་བྱ་བ་དང༌། འགྲོ་བ་ཞེས་བྱ་བ་དེ་ཉིད་ཀྱང་དོན་གཅིག་སྟེ་འགྲོ་བའི་བྱ་བ་ཡིན་ནོ། །དེའི་ཕྱིར་བགོམ་པའི་ལ་མ་གང་ན་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་ལ། གང་གི་ཕྱིར་བགོམ་པའི་ལ་མ་ལ་གཡོ་བ་ཡོད་པ་དེའི་ཕྱིར་བགོམ་པའི་ལམ་ལ་འགྲོ་བ་ཡོད་དོ་ཞེས་བཤད་དོ། །གནས་བརྟན་བུདྡྷ་པཱ་ལི་ཏ་ནི་འགྲོ་བ་པོའི་བགོམ་པའི་ལམ་གྱི་ཕྱོགས་གང་ན་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཀྱི་གཡོ་བ་སྣང་བ་དེ་ན་འགྲོ་བ་ཡོད་དེ་གཡོ་བ་དེ་ཡང་འགྲོ་བ་པོ་གང་གི་བགོམ་པའི་ལམ་ལ་ཡོད་པ་དེ་ལ་སྣང་གི །གཡོ་བ་དེ་སོང་བ་ལ་ཡང་མི་སྣང་མ་སོང་བ་ལ་ཡང་མི་སྣང་བ་དེའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དེ་ཞེས་འཆད་དེ། དེས་ན་གང་གི་ཞེས་བྱ་བའི་སྒྲ། འགྲོ་བ་པོ་གང་གི་ཞེས་བྱ་བར་སྦྱར་ཏེ། དེས་ན་འདིར་ཡང་གང་ན་ཞེས་བྱ་བ་དང༌། དེ་ན་ཞེས་བྱ་བ་དང༌། བགོམ་པ་ལ་ཞེས་བྱ་བ་དེ་དག་དོན་གཅིག་སྟེ། ད་ལྟར་གོམ་པས་མནན་པའི་ལམ་གང་ཡིན་པ་དེ་ལ་བྱའོ། །གཡོ་བ་ཞེས་བྱ་བ་དང་འགྲོ་བ་ཞེས་བྱ་བ་དེ་གཉིས་ཀྱང་དོན་གཅིག་སྟེ། འགྲོ་བའི་བྱ་བ་ཡིན་ནོ། །དེའི་ཕྱིར་འགྲོ་བ་པོ་གང་གི་བགོམ་པའི་ལམ་གང་ན་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་བདེའི་ཕྱིར་བགོམ་པའི་ལམ་ལ་འགྲོ་བ་ཡོད་དོ་ཞེས་བཤད་དོ། །དེའི་ཕྱིར་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་གང་གི་ཞེས་བྱ་བ་འགྲོ་བ་པོའི་ཞེས་ཟེར་ར། །ཁ་ཅིག་ན་རེ། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། དའི་ཕྱིར་ཞེས་བྱ་བའི་སྒྲའི་ཟླ་མེད་པའི་ཕྱིར་དང་


DTG099_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྨྲས་ཏེ། གང་གི་ཞེས་བྱ་བའི་སྒྲ་འགྲོ་བ་པོ་གང་གི་ཞེས་བྱ་བར་སྦྱར་ན། དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །ཅེས་བྱ་བ་དེ་ཕྱིར་ཞེས་བྱ་བའི་སྒྲ་དེའི་ཟླ་མེད་པའི་ཕྱིར་རིགས་པ་མ་ཡིན་ཏེ། གང་དག་དེ་གཉིས་ནི་རྟག་ཏུ་སྦྱར་རོ་ཞེས་འབྱུང་བས་འདིར་ཡང་གང་ཞེས་བྱ་བའི་སྒྲའི་ཟླ་ནི་དེ་ན་ཞེས་བྱ་བ་ཡིན་པ་བཞིན་དུ། གང་གི་ཕྱིར་ཞེས་བྱ་བའི་སྒྲའི་ཟླ་ཡང་དེའི་ཕྱིར་ཞེས་བྱ་བ་ཡིན་པར་མངོན་པས། གང་གི་ཞེས་བྱ་བའི་སྒྲ་འགྲོ་བ་པོ་ཞེས་བྱ་བར་མི་རིགས་ཀྱི། གང་གི་ཕྱིར་ཞེས་བྱ་བར་རིགས་སོ། །དེས་ན་ཚིག་ལེའུར་བྱས་པ་དེ་ལ། དེ་ལས་གང་ཞེས་བྱ་བ་དང༌། དེ་ན་ཞེས་བྱ་བ་དང། བགོམ་པ་ལ་ཞེས་བྱ་བ་དེ་དག་ནི་དོན་གཅིག་སྟེ། ད་ལྟར་གོམ་པ་མནན་པའི་ལམ་གང་ཡིན་པ་ལ་བྱའོ། །གལ་ཏེ་གང་ན་ཞེས་བྱ་བ་དང༌། དེ་ན་ཞེས་བྱ་བ་དང༌། བགོམ་པ་ཞེས་བྱ་བ་དེ་དག་འགྲོ་བ་པོ་ལ་སྦྱར་ན་བདག་ཉིད་ལ་བདག་ཉིད་འགྲོ་བའི་སྐྱོན་དུ་འགྱུར་བས་དེ་ནི་རིགས་པ་མ་ཡིན་ནོ། །བྱ་བའི་གཞི་འཁྲུལ་པ་མེད་པའི་ཕྱིར་དང་ཞེས་བྱ་བ་ནི། གང་གི་ཞེས་བྱ་བ་འགྲོ་བ་པོ་ཞེས་ཟེར་བ་དེ་དེའི་ཕྱིར་ཞེས་བྱ་བའི་སྒྲའི་ཟླ་མེད་པ་འབའ་ཞིག་གི་ཕྱིར་རིགས་པ་མ་ཡིན་པར་ཡང་མ་ཟད་ཀྱི། བྱ་བའི་གཞི་འཁྲུལ་པ་མེད་པའི་ཕྱིར་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་གཡོ་བ་དང་འགྲོ་བའི་མཚན་ཉིད་ཀྱི་བྱ་བའི་གཞི་ནི་བགོམ་པའི་ལམ་ཡིན་པར་ངེས་ཤིང་འཁྲུལ་པ་མེད་དེ། རྟག་ཏུ་དེ་ཉིད་ཡིན་པའི་ཕྱིར། གང་གི་ཞེས་བྱ་བ་འགྲོ་བ་པོའི་ཞེས་བྱ་བར་སྦྱར་བར་མི་རིགས་སོ། །སོང་བ་དང་མ་སོང་བའི་འགྲོ་བ་པོའི་འགྲོ་བ་དགག་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། གང་གི་ཞེས་བྱ་བ་འགྲོ་བ་པོའི་ཞེས་ཟེར་བ་དེ་དེའི་ཕྱིར་ཞེས་བྱ་བའི་སྒྲའི་ཟླ་མེད་པའི་ཕྱིར་དང༌། བྱ་བའི་གཞི་འཁྲུལ་པ་མེད་པའི་ཕྱིར་རིགས་པ་མ་ཡིན་པར་ཡང་མ་ཟད་ཀྱི། རྣམ་གྲངས་འདིས་ཀྱང་རིགས་པ་མ་ཡིན་ཏེ། འདི་ལྟར་སོང་བ་དང་མ་སོང་བའི་ལམ་གྱི་འགྲོ་བ་པོ་གང་ཡིན་པ་དེའི་འགྲོ་བ་བཀག་པས་དེའི་ཕྱིར་འགྲོ་བའི་ཟླ་འགྲོ་བ་པོ་ཡང་མེད་ལ། འགྲོ་བའི་བྱ་བའི་བགོམ་པ་ཡང་ལམ་ཡིན་པར་འཁྲུལ་པ་མེད་པའི་ཕྱིར་དང༌། སོང་བ་དང་མ་སོང་བའི་ལམ་ལ་འགྲོ་བ་པོ་མེད་པར་དགག་པ་ཡང་བསྟན་ཟིན་པའི་ཕྱིར། གང་གི་ཞེས་བྱ་བ་འགྲོ་བ་པོའི་ཞེས་རྣམ་པར་


DTG099_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་འདི་ཉིད་ཟེར་རོ། །འདིར་བཤད་པ་ཞེས་བྱ་བ་ནི་འགྲོ་བ་སྨྲ་བ་དག་གི་བགོམ་པ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་དེ་ལ། མདོ་མཛད་པ་ཉིད་ཀྱིས་ཚིག་ལེའུར་བྱས་པ་འོག་མ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །ཞེས་བྱ་བ་ནི་བགོམ་པའི་ལམ་ལ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་ཡོད་པར་ཇི་ལྟར་འཐད་པར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཚེ་དམིགས་ཀྱིས་བསལ་བ་དང་མ་བསལ་བའི་ངོ་བོ་ཉིད་ཁས་བླངས་སུ་ཟིན་ཀྱང་དེ་ལ་འགྲོ་བ་ཡོད་པར་མི་འཐད་དེ་ལམ་ཡིན་པའི་ཕྱིར། དཔེར་ན་སོང་བའི་ལམ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ལ་འདིར་ཡང་གང་གི་ཚེ་དམིགས་ཀྱིས་བསལ་བ་དང་མ་བསལ་བའི་ངོ་བོ་ཉིད་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། གང་གི་ཚེ་དམིགས་པས་བསལ་བའི་ངོ་བོ་ཉིད་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ནི་སྔར། སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བཤད་པའི་ཚེ་བགོམ་པ་དམིགས་ཀྱིས་བསལ་ཞིང་བཀག་པའི་ངོ་བོ་ཉིད་གང་ཡིན་པ་དེ་ད་འདིར་འགྲོ་བ་སྨྲ་བ་དག་གིས་ཡོད་པར་ཁས་བླངས་སུ་ཟིན་ཀྱང་དེ་ལ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་ཡོད་པར་མི་འཐད་པའི་ཆོས་ཁྱད་པར་ཅན་ཡོད་པའི་ཕྱིར་ཆོས་ཅན་ཡིན་ནོ། །ཡང་ན་གང་གི་ཚེ་དམིགས་ཀྱིས་མ་བསལ་བའི་ངོ་བོ་ཉིད་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ནི། སྔར། སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བཤད་པའི་ཚེ་བགོམ་པ་ཞེས་བྱ་བ་ནི་སོང་བ་དང་མ་སོང་བའི་ལམ་གྱི་ཁོངས་སུ་གཏོགས་པའི་ཕྱིར་ལོགས་ཤིག་ན་མེད་པས་དམིགས་ཀྱིས་བསལ་ཞིང་དགག་པར་མི་ནུས་པས་དམིགས་ཀྱིས་མ་བསལ་བའི་ངོ་བོ་ཉིད་གང་ཡིན་པ་དེ་ད་འདིར་འགྲོ་བ་སྨྲ་བ་དག་གིས་ཡོད་པར་ཁས་བླངས་སུ་ཟིན་ཀྱང་དེ་ལ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་ཡོད་པར་མི་འཐད་པའི་ཆོས་ཁྱད་པར་ཅན་ཡོད་པའི་ཕྱིར་དེ་ཡང་ཆོས་ཅན་ཡིན་ནོ། །དེ་ལ། འགྲོ་བ་ཡོད་པར་མི་འཐད་དེ། །ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། ལམ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དཔེར་ན་སོང་བའི་ལམ་བཞིན་ནོ་


DTG099_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་སོང་བའི་ལམ་ནི་ཡིན་པའི་ཕྱིར་དེ་ལ་འགྲོ་བ་ཡོད་པར་མི་འཐད་པ་དེ་བཞིན་དུ། བགོམ་པ་ཞེས་བྱ་བ་དམིགས་ཀྱིས་བསལ་བ་དང་མ་བསལ་བའི་ངོ་བོ་ཉིད་དེ་ཡང་ལམ་ཡིན་པའི་ཕྱིར། དེ་ལ། འགྲོ་བ་ཡོད་པར་མི་འཐད་དོ། །ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཡང་ན། བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །ཞེས་བྱ་བ་ནི་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ་ཞེས་བྱ་བ་ནི། བགོམ་པ་དེ་ལམ་ཡིན་པའི་ཕྱིར་ལ་འགྲོ་བ་ཡོད་པར་མི་འཐད་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། དེ་ལ་བརྒལ་ཞིང་བརྟག་པ་མཚུངས་པའི་སྐྱོན་ཡོད་པའི་ཕྱིར། ཡང༌། འགྲོ་བ་ཡོད་པར་མི་ཐད་དོ། །ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །དེ་བསྟན་པའི་ཕྱིར་བསྒོམ་པ་ལ་འགྲོ་བ་ཡོད་པར་བརྟག་ན་བརྒལ་ཞིང་བརྟག་པ་མཚུངས་པ་འདིར་ཡང་འགྱུར་ཏེ་ཞེས་བྱ་བ་སྨྲས་ཏེ། བརྒལ་ཞིང་བརྟག་པ་མཚུངས་ལ་ཞེས་བྱ་བ་ནི་དགག་པ་མཚུངས་པའོ། །དེ་ཡང་གང་ཞེ་ན། གཡོ་བ་སོང་བ་འམ་མ་སོང་བའམ་དེ་གཉིས་དང་མི་འདྲ་བའི་ཆོས་གང་ལ་ཡོད་ཅེ་ན་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་སྔར་འགྲོ་བ་ཞེས་བྱ་བ་ནི་གང་ན་ཡོད་ཅིང་སོང་བའམ་མ་སོང་བའི་ལམ་ལ་ཡོད་ཅེས་བྱ་བར་ནི་དེ་ལ་འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་དང༌། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་འགྲོ་བ་མེད་དོ། །སོང་བ་དང་མ་སོང་བ་མ་གཏོགས་པའི་བགོམ་པ་ཞེས་བྱ་བ་ནི་མེད་པའི་ཕྱིར། དེ་ལ་ཡང་འགྲོ་བ་མེད་དོ་ཞེས་བཤད་པ་བཞིན་དུ་འདིར་ཡང་འགྲོ་བའི་མཚན་ཉིད་ཀྱི་གཡོ་བ་ཞེས་བྱ་བ་གང་ན་ཡོད། །ཅི་སོང་བ་དང་མ་སོང་བའི་ལམ་ལ་ཡོད་དམ། དེ་གཉིས་དང་མི་འདྲ་བའི་ཆོས་སོང་བ་ཡང་མ་ཡིན་མ་སོང་བ་ཡང་མ་ཡིན་པ་བགོམ་པའི་ལམ་ཞེས་བྱ་བ་ལ་ཡོད་ཅེས་བྱ་བ་གཞན་གྱིས་དྲིས་པ་ན་བརྒལ་ཞིང་བརྟག་པ་མཚུངས་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་ལ་ཡང་སྐྱོན་བཤད་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཡང་སོང་བ་དང་མ་སོང་བའི་ལམ་ལ་འགྲོ་བ་ཡོད་ཅེས་བྱ་བར་ནི་དེ་ལ་འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་དང༌། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་དེ་ལ་འགྲོ་བ་མེད་དོ། །སོང་བ་དང་མ་སོང་བ་མ་གཏོགས་པའི་བགོམ་པ་


DTG099_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མེད་པའི་ཕྱིར་དེ་ལ་ཡང་འགྲོ་བ་མེད་དོ་ཞེས་བྱ་བའི་དགག་པ་དེ་དག་ཉིད་སྦྱར་བར་བྱའོ། །ཡང་ན། བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །ཞེས་བྱ་བ་ནི་དོན་དམ་པའི་འགྲོ་བ་ཡོད་པ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། བགོམ་པ་དེ་ལམ་མ་ཡིན་པའི་ཕྱིར་དང༌། དེ་ལ་བརྒལ་ཞིང་བརྟག་པ་མཚུངས་པའི་སྐྱོན་ཡོད་པའི་ཕྱིར་འགྲོ་བ་ཡོད་པར་མི་འཐད་པར་ཡང་མ་ཟད་ཀྱི། དེ་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཡང་འགྲོ་བ་ཡོད་པར་མི་འཐད་པར་བསྟན་ཏོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱེད་ཀྱི་རྗེས་སུ་དཔག་པ་དག་གིས་ཁོ་བོ་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་བསྟན་ཅིང་བསྒྲུབས་པར་གྱུར་ན་ནི་དེས་ན་བགོམ་པ་ཡང་ཡོད་པར་རིགས་པར་འགྱུར་ཞིང༌། བགོམ་པ་དེ་གྲུབ་ན་དེ་ལ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་ཡོད་པར་སྨྲ་བ་ཡང་རིགས་པ་ཞིག་ན། གང་གི་ཕྱིར་ཁྱེད་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པ་དེའི་ཕྱིར་འགྲོ་བ་མེད་པས་འགྲོ་བ་མེད་ཅིང་འགྲོ་བ་དང་བྲལ་བའི་བགོམ་པ་ཡང་མི་འཐད་པས། དེས་ན་བགོམ་པ་ལ་འགྲོ་བ་ཡོད་པར་མི་འཐད་དོ་ཞེས་སྟོན་ཏོ། །དེའི་ཕྱིར། གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཁྱེད་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་འགྲོ་བ་ནི་མེད་དོ། །གང་གི་ཚེ་འགྲོ་བ་མེད་པའི་བགོམ་པ་འཐད་པར་མི་འགྱུར་བ་དེའི་ཚེ། བགོམ་ལ་འགྲོ་བ་ཡོད་པར་ནི། ཇི་ལྟ་བུར་ན་འཐད་པར་འགྱུར། །ཞེས་བྱ་བར་སྦྱར་རོ། །རྟ་བཅིང་བ་དང་མཐུན་པའི་ཕྱིར་རོ་ཞེས་བྱ་བར་ཡང་དགོངས་ཏེ་ཞེས་བྱ་བ་ནི། བགོམ་པ་དེའི་ལམ་ཡིན་པའི་ཕྱིར་དང༌། དེ་བརྒལ་ཞིང་བརྟག་པ་མཚུངས་པའི་སྐྱོན་ཡོད་པའི་ཕྱིར་དང༌། དོན་དམ་པ་པའི་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་ལ་འགྲོ་བ་ཡོད་པར་མི་འཐད་པར་ཡང་མ་ཟད་ཀྱི། དེ་ལ་རྟ་བཅིང་བ་དང་མཐུན་པའི་ཕྱིར་ཡང་འགྲོ་བ་མི་འཐད་དོ་ཞེས་སློབ་དཔོན་གྱིས་དགོངས་ཏེ་ཞེས་བྱ་བར་སྟོན་ཏོ། །འདི་སྐད་བསྟན་ཏེ། དཔེར་ན་འབའ་ཞིག་གིས་ལ་ལ་ཞིག་ལ་རྟ་བཅིང་བ་འདི་གང་


DTG099_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞེས་དྲིས་པ་ན་རྟ་འདི་གང་གི་ཡིན་པའོ་ཞེས་ཟེར་བ་དང༌། རྟ་འདི་གང་གི་ཞེས་དྲིས་པ་ན་རྟ་བཅིང་བ་འདི་གང་གི་ཡིན་པའིའོ་ཞེས་ཟེར་བ་དེས། རྟའི་ངོ་བོ་ཉིད་ཀྱང་དམིགས་ཀྱིས་མ་བསལ་ལ། རྟ་བདག་གི་ངོ་བོ་ཉིད་ཀྱང་དམིགས་ཀྱིས་མ་བསལ་བའི་ཕྱིར། རྟ་དེ་དེའི་ཡིན་པར་ངེས་པ་མེད་པར་འགྱུར་བ་བཞིན་དུ། འདིར་ཡང་དེ་དང་མཐུན་པའི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་པར་མི་འཐད་དོ། །འདི་ལ་ཇི་ལྟར་རྟ་བཅིང་བ་དང་མཐུན་པ་ཉིད་ཡིན་ཞེ་ན། བགོམ་པ་གང་ཡིན། གཡོ་བ་གཏང་ནའོ། །གཡོ་བ་གང་ན། བགོམ་པ་ནའོ་ཞེས་བྱ་བ་གང་ཡང་རུང་བ་དམིགས་ཀྱིས་མ་བསལ་བའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཁོ་བོས་ཁྱེད་ལ་བགོམ་པ་གང་ཡིན་ཞེས་དྲིས་པ་ན། ཁྱེད་ན་རེ། གཡོ་བ་གང་ན་ཡོད་པ་ཡིན་ནོ་ཞེས་ཟེར་ལ་ཁོ་བོས་གཡོ་བ་གང་ན་ཡོད་ཅེས་དྲིས་པ་ན་ཁྱེད་ན་རེ། བགོམ་པ་ན་ཡོད་དོ་ཞེས་ཟེར་བས་བགོམ་པའི་ངོ་བོ་ཉིད་ཀྱང་དམིགས་ཀྱིས་མ་བསྐལ་ལ། འགྲོ་བའི་ངོ་བོ་ཉིད་ཀྱང་དམིགས་ཀྱིས་མ་བསལ་བའི་ཕྱིར་བགོམ་པ་ཡང་མེད་ལ། འགྲོ་བ་ཡང་མེད་པས་དེའི་ཕྱིར། བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟར་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །ཞེས་བྱ་བར་སྦྱར་རོ། །ཅི་སྟེ་ཐོག་མ་མེད་པ་ནས་ཐ་སྙད་དུ་གྲགས་པའི་བགོམ་པ་ཁས་བླངས་ནས་དེ་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་འདོད་ན་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་འདི་སྐད་ཅེས། ཐོག་མ་མེད་པའི་དུས་ཡུན་རིང་པོ་ནས་ཀུན་རྫོབ་ཀྱི་ཐ་སྙད་དུ་ཐ་ན་བ་ལང་རྫི་ལ་སོགས་པའི་ཆུང་མ་ཡན་ཆད་ལ་གྲགས་པའི་བགོམ་པ་བརྟག་མི་བཟོད་པ་མ་བསལ་བ་ཡོད་པ་ཉིད་དུ་ཁས་བླངས་ནས། དེ་ལ་དོན་དམ་པ་པའི་འགྲོ་བ་ཡོད་པར་འདོད་པས། དེས་ན་རྟ་བཅིང་བ་དང་མཐུན་པ་ཉིད་དུ་མི་འགྱུར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་ནི་དེ་ལྟ་ན་ཡང་དེ་ལ་འགྲོ་བའི་བྱ་བ་གཅིག་པུ་ཞིག་ཡོད་པ་དེ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་བའི་མཐུ་ཅན་ཡིན་པས་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་བྱ་བའི་འགྲོ་བ་གཞན་དེ་གང་ཞིག་ཡོད་ཅེས་བྱ་བ་འདི་ཡིན་ཏེ། འདིས་ནི་འཇིག་རྟེན་ལ་གྲགས་པའི་བགོམ་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པས་དེ་ལ་དོན་དམ་པ་པའི་འགྲོ་བ་


DTG099_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྟོན་ཏོ། །འདི་སྐད་བསྟན་ཏེ། འགྲོ་བའི་བྱ་བ་ཞེས་བྱ་བ་ནི། འགྲོ་བ་པོ་དང་འགྲོ་བ་དང༌། བགོམ་པ་ལ་སོགས་པ་ལ་སྤྱིར་གཅིག་པུ་ཞིག་ཡོད་ལ། དེ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་ཞིང་དེར་མཐུ་ཡོངས་སུ་གཏུགས་ཤིང་ཟད་པར་བྱས་པས་དེ་ལས་གཞན་པའི་འགྲོ་བའི་བྱ་བ་གཞན་ནི་མེད་པས་འགྲོ་བ་མེད་པའི་ཕྱིར། བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་བྱ་བའི་འགྲོ་བ་གཞན་དེ་གང་ཞིག་ཡོད་དེ་མེད་དོ། །དེ་ལ་ཕ་རོལ་པོས་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་མ་གྲུབ་སྟེ་གཏན་ཚིགས་ཀྱི་དོན་མ་གྲུབ་པའི་ཕྱིར་རོ། །དཔེ་ཡང་མ་གྲུབ་པ་སྟེ། དོན་དམ་པར་ལྷས་བྱིན་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། །དབུ་མ་པས། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །བགོམ་ལ་འགྲོ་བ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །འགྲོ་བ་འཐད་པ་མེད་ཕྱིར་རོ། །ཞེས་ཇི་སྐད་བསྒྲུབ་པའི་རིགས་པ་དེས་ན་དེ་ལ་ཕ་རོལ་པོས་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །འདི་ལ་གང་མི་སྐྱེ་བ་དེ་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་མི་བྱེད་དེ། དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ། །ལྷས་བྱིན་དང་ཁྱབ་འཇུག་བཤེས་གཉེན་ནི་དེ་ལྟར་འགྲོ་བར་མི་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེའི་ཕྱོགས་དང་ཕྱོགས་ཀྱི་ཆོས་དང་དཔེ་ཐམས་ཅད་མ་གྲུབ་པོ་ཞེས་བསྟན་ཏོ། །ཅི་སྟེ་འགྲོ་བའི་བྱ་བ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ལ་འདི་ལྟར་དེ་ནི་ཁོ་བོ་ཅག་འགྲོ་བའི་སྒྲར་བརྗོད་པས་དེས་ན་དེ་ཡོད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེ་ན་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཇི་སྟེ་འགྲོ་བ་སྨྲ་བ་དག་འདི་སྐད་ཅེས་ཁོ་བོ་ཅག་གིས་ཐོག་མ་མེད་པ་ནས་ཐ་སྙད་དུ་གྲགས་པའི་འགྲོ་བ་


DTG099_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པ་གང་ཡིན་པ་དེ་ནི་བགོམ་པ་ཞེས་བྱའོ། །དེར་འགྲོ་བ་ཞེས་བྱ་བ་དེ་ནི་འགྲོ་བའི་བྱ་བ་ཡིན་པས་དེའི་ཕྱིར་འགྲོ་བའི་བྱ་བ་ནི་བགོམ་པ་ཞེས་བྱ་བར་དེ་ལ་ཉེ་བར་མ་སྦྱར་ཞིང༌། དེར་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ལ། འདི་ལྟར་འགྲོ་བའི་བྱ་བ་དེ་ནི་ཁོ་བོ་ཅག་འགྲོ་བའི་སྒྲར་བརྗོད་པས་དེས་ན་འགྲོ་བའི་བྱ་བ་དེ་ཡོད་པའི་ཕྱིར། ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་འདིར་བཤད་པ། གང་གི་བགོམ་ལ་འགྲོ་ཡོད་པ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་པ་ཁོང་དུ་ཆུད་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། སྨྲ་བ་གང་གི་བགོམ་པ་ལ་འགྲོ་བ་ཡོད་པ་དེའི་ཕྱོགས་ལ་ཞེས་བྱ་བ་ནི་སྨྲ་བ་གང་གི་ཐོག་མ་མད་པ་ནས་ཐ་སྙད་དུ་གྲགས་པའི་བགོམ་པ་ལ་འགྲོ་བའི་བྱ་བ་ཞེས་བྱ་བ་ཡོད་པར་ཁས་ལེན་པར་དེའི་ཕྱོགས་ལའོ། །འགྲོ་བ་ལ་འགྲོ་བ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ནི་འགྲོ་བའི་བྱ་བ་གང་ཡིན་པ་དེ་འགྲོ་བའི་སྒྲར་བརྗོད་པས་དེ་ཉིད་འགྲོ་བ་ཡིན་པས་འགྲོ་བ་ཡོད་དུ་ཟིན་ཀྱང་ངོ༌། །བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི། བགོམ་པའི་ལམ་ལ་འགྲོ་བ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བགོམ་པ་ཞེས་བྱ་བ་དེ་ལ་འགྲོ་བའི་བྱ་བ་ཡོངས་སུ་མ་རྫོགས་ཤིང་མ་ཞུགས་པར་ཁོང་དུ་ཆུད་ཅིང་ཤེས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བས་ནི་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་བའི་གཏན་ཚིགས་བསྟན་ཏེ། གང་གི་ཕྱིར་འགྲོ་བ་སྨྲ་བ་དག་ན་རེ། འགྲོ་བའི་བྱ་བ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ལ་ཞེས་ཟེར་བ་དེའི་ཕྱིར་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་ད་བགོམ་པ་ཞེས་བྱ་བའི་ལམ་ལ་ཉེ་བར་མ་སྦྱར་ཞིང་དེར་ཡོངས་སུ་མ་རྫོགས་མ་ཞུགས་པར་ཁོང་དུ་ཆུད་ཅིང་ཤེས་པ་དང་ཡོངས་སུ་བཅད་པར་འགྱུར་བའི་ཕྱིར་བགོམ་པ་ལ་འགྲོ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མི་འདོད་དེ་ཞེས་བྱ་བ་ནི་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་


DTG099_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དེ་ནི་ཕ་རོལ་པོ་དག་མི་འདོད་དེ་ཞེས་བྱ་བར་སྦྱར་རོ། །འོ་ན་ཕ་རོལ་པོ་དག་ཇི་ལྟར་འདོད་ཅེ་ན། བགོམ་པ་ཞེས་བྱ་བ་དེ་འགྲོ་བ་དང་བཅས་པར་འདོད་པས་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འགྲོ་བའི་བྱ་བ་མེད་ན་བགོམ་པ་ཞེས་བྱ་བར་མི་འགྱུར་བ་དེའི་ཕྱིར། ཕ་རོལ་པོ་དག་བགོམ་པ་ཞེས་བྱ་བ་དེ་འགྲོ་བའི་བྱ་བ་དང་བཅས་པར་འདོད་དོ། །དེ་ལྟར་ཕ་རོལ་པོ་དག་བགོམ་པ་ཞེས་བྱ་བ་ད་འགྲོ་བ་དང་བཅས་པར་འདོད་པས་འདི་ཅིར་འགྱུར་ཞེ་ན། དེས་ན་འགྲོ་བའི་བྱ་བས་དེ་ལ་དོན་བྱས་ཟིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། བགོམ་པ་ཞེས་བྱ་བ་དེ་ནི་འགྲོ་བ་དང་བཅས་པར་འདོད་པ་དེས་ན་འགྲོ་བའི་བྱ་བ་གཅིག་པུ་ཞིག་ཡོད་པ་དེས་བགོམ་པ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་ཞིང་དོན་བྱས་ཟིན་པའི་ཕྱིར་འགྲོ་བ་ལ་བྱ་བ་མེད་པར་འགྱུར་རོ། །དེ་ལྟར་འགྲོ་བའི་བྱ་བས་དེ་ལ་དོན་བྱས་ཟིན་པའི་ཕྱིར། །ཇི་ལྟར་འགྲོ་བ་ལ་བྱ་བ་མེད་པར་འགྱུར་ཞེ་ན། དེའི་ཕྱིར་འགྲོ་བ་མེད་པའི་འགྲོ་བ་གཞན་ནི་མི་འཐད་པས་ཞེས་བྱ་བ་སྨྲས་ཏེ། འགྲོ་བའི་བྱ་བ་གཅིག་པུ་ཞིག་ཡོད་པ་དེ་ནི་བགོམ་པ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་ཞིང་དེས་དེ་ལ་བྱོན་ཟིན་པའི་ཕྱིར། འགྲོ་བའི་བྱ་བ་གཉིས་པ་གཞན་མེད་པས་ཁྱེད་ན་རེ། འགྲོ་བའི་བྱ་བ་དེ་ནི་ཁོ་བོ་ཅག་འགྲོ་བའི་སྒྲར་བརྗོད་པས་འགྲོ་བ་ཡོད་དོ་ཞེས་ཟེར་བ་དེ་ནི་མི་འཐད་དོ། །དེས་ནི་ཇི་སྐད་བཤད་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་འགྲོ་བ་མེད་པའི་འགྲོ་བ་གཞན་མི་འཐད་པས། ཁྱེད་ན་རེ། འདི་ལྟར་འགྲོ་བའི་བྱ་བ་དེ་ནི་ཁོ་བོ་ཅག་འགྲོ་བའི་སྒྲར་བརྗོད་པས་དེས་ན་དེ་ཡོད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་ཟེར་བ་དེ་མི་རུང་སྟེ། འགྲོ་བ་མེད་པ་ཉིད་དེ་བཞིན་དུ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་སྟེ་ཇི་སྐད་བཤད་པའི་སྐྱོན་གྱི་ཉེན་ཡོངས་སུ་སྤང་བར་འདོད་པས་བགོམ་པ་འགྲོ་བ་དང་ལྡན་པར་འདོད་ཅིང་འགྲོ་བ་ཉིད་འགྲོ་བ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཅི་སྟེ་འགྲོ་བ་སྨྲ་བ་དག་སྔར་དབུ་མ་པས་ཇི་སྐད་བཤད་པའི་འགྲོ་བ་མེད་པའི་སྐྱོན་གྱིས་ཉེན་ནས། འགྲོ་བ་ལ་འགྲོ་བ་ཡོད་ཀྱང་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་ན། འགྲོ་བའི་བྱ་བས་བགོམ་པ་ལ་དོན་


DTG099_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཟིན་པའི་ཕྱིར། འགྲོ་བ་མེད་པའི་འགྲོ་བ་གཞན་མི་འཐད་པས་ཇི་སྐད་བཤད་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བསྟན་པ་དེ་ཡོངས་སུ་སྤང་བར་འདོད་པས་བགོམ་པ་ནི་དོན་དམ་པ་པའི་འགྲོ་བ་གང་ཡིན་པ་དེ་དང་ལྡན་པས་བགོམ་པ་ཞེས་བྱའོ། །དེ་ལྟར་དོན་དམ་པ་པའི་འགྲོ་བ་དེའི་རང་གི་ངོ་བོ་ནི་འགྲོ་བའི་བྱ་བ་ཡིན་པས་དེ་དང་ལྡན་པའི་ཕྱིར་བགོམ་པའི་རང་གི་ངོ་བོ་གྲུབ་ནས་ཕྱིས་བགོམ་པ་ལ་འགྲོ་བ་ཡོད་པ་ཉིད་དེ་ནི་ཐ་སྙད་པའི་འགྲོ་བ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །ད་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་སློབ་དཔོན་ཉིད་ཀྱིས་དེ་ལྟར་ཡང༌། བགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ་།གང་གིས་བགོམ་པ་དེ་དང་ནི། །དེ་ལ་འགྲོ་བ་གང་ཡིན་པའོ། །ཞེས་བྱ་བ་གསུངས་ཏེ། །དོན་དམ་པ་པའི་འགྲོ་བ་དང་ལྡན་པའི་བགོམ་པ་འགྲོ་བ་ཡོད་པར་རྟོག་ན་ནི་བགོམ་པ་གཉིས་སུ་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ལྟར་རྟོག་ན་འགྲོ་བ་གཉིས་སུ་ཐལ་བའི་སྐྱོན་དུ་འགྱུར་རོ། །གཉིས་གང་ཞེ་ན། འགྲོ་བ་གང་གིས་བགོམ་པ་དེ་བགོམ་པ་ཞེས་བྱ་བར་འགྱུར་བ་དང་ཞེས་བྱ་བ་ནི་གཅིག་སྟེ། དོན་དམ་པའི་འགྲོ་བ་གང་དང་ལྡན་པས་བགོམ་པའི་ལམ་དེ་བགོམ་ཞེས་བྱ་བར་འགྱུར་པའོ། །འགྲོ་བ་གང་གིས་བགོམ་པ་དེ་ལ་ཐ་སྙད་པའི་འགྲོ་བ་ཡོད་པར་འགྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་སྟེ། ཐ་སྙད་པའི་འགྲོ་བ་གང་དང་ལྡན་པས་བགོམ་པའི་ལམ་དེ་ལ་ཐ་སྙད་པའི་འགྲོ་བ་ཡོད་པར་འགྱུར་བ་གང་ཡིན་པའོ། །དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ། འགྲོ་བ་གཉིས་སུ་ཐལ་བར་འགྱུར་ན། ཅིའི་ཕྱིར་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་ཞེས་འདྲི་བའོ། །དེའི་ཕྱིར། གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཁྱེད་ཀྱིས་དོན་དམ་པ་པ་དང་ཐ་སྙད་པའི་འགྲོ་བ་གཉིས་བརྗོད་ལ། འགྲོ་བ་པོ་གཅིག་ལ་འགྲོ་བ་གཉིས་མི་སྲིད་པ་དེའི་ཕྱིར། དོན་དམ་པ་པའི་འགྲོ་བ་པོ་གཅིག་དང༌། ཐ་སྙད་པའི་འགྲོ་བའི་འགྲོ་བ་པོ་གཅིག་དང་གཉིས་སུ་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་


DTG099_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། གང་ཕྱིར་འགྲོ་ཕོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །ཞེས་བྱ་བའི་ཚིག་དེའི་ལྷག་མ་ནི། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །ཞེས་བྱ་བ་དེ་ཡིན་པར་གོ་རིམས་བཟློག་སྟེ་སྦྱར་བར་བྱ་བའི་ཐ་ཚིག་གོ །དེ་ཡང་མི་འདོད་པས་ཞེས་བྱ་བ་ནི་འགྲོ་བ་པོ་མེད་པར་འགྲོ་བ་ཡོད་པ་དེ་ཡང་ཕ་རོལ་པོས་མི་འདོད་པས་སོ། །དེ་མི་འདོད་པས་ཕ་རོལ་པོ་ཇི་ལྟར་འདོད་པ་ཁས་ལེན་ཅིང༌། དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་གྱི་དྲི་མ་ངེས་པར་བསལ་བར་འདོད་པས་ཐ་སྙད་པའི་འགྲོ་བ་གཅིག་ཁོ་ན་ཁས་ལེན་ཅིང་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་འགྲོ་བ་པོ་མེད་པར་འགྲོ་བ་ཡོད་པ་དེ་ཡང་མི་འདོད་པས་དེའི་ཕྱིར། སྔར་དབུ་མ་པས་ཇི་སྐད་བཤད་པའི་སྐྱོན་གྱི་དྲི་མ་འགྲོ་བ་གཉིས་སུ་ཐལ་བར་འགྱུར་བ་དང༌། འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བ་དེ་ངེས་པར་བསལ་བར་འདོད་ཅིང་འགག་པར་འདོད་པས་ཐ་སྙད་པའི་འགྲོ་བ་གཅིག་ཁོ་ན་ཁས་ལེན་ཅིང་ཞེས་བྱ་བ་འདི་ལྟ་སྟེ། མ་བརྟགས་ན་འགྲུབ་པའི་ཐ་སྙད་པའི་འགྲོ་བ་གཅིག་ཁས་ལེན་ཅིང་ངོ༌། །དེ་ལ་ལྟོས་པས་འགྲོ་བ་པོ་དང་བགོམ་པ་འགྲུབ་ཏུ་ཟིན་ཀྱང་ཞེས་བྱ་བ་ནི་ཐ་སྙད་པའི་འགྲོ་བ་གཅིག་ཁོ་ན་ཁས་ལེན་པ་དེ་ལ་ལྟོས་པས་ཐ་སྙད་པའི་འགྲོ་བ་པོ་དང་ཐ་སྙད་པའི་བགོམ་པ་ཀུན་རྫོབ་ཏུ་གྲུབ་ཏུ་ཟིན་ཀྱང་ངོ༌། །དོན་དམ་པ་པའི་འགྲོ་བ་ཡང་མི་འཐད་པས་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་ནི་དོན་དམ་པ་པའི་འགྲོ་བ་འབའ་ཞིག་མི་འཐད་པར་ཡང་མི་ཟད་ཀྱི། དོན་དམ་པ་པའི་འགྲོ་བ་པོ་ཡང་མི་འཐད་པས་ཞེས་བྱ་བ་བསྡུ་བའི་ཕྱིར་རོ། །དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཉིད་མ་གྲུབ་པའི་ཕྱིར་དང་དཔེ་མེད་པའི་ཕྱིར། ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་མི་འགྲུབ་ཅིང་ཞེས་བྱ་བ་ནི། དེ་ལྟར་དོན་དམ་པ་པའི་འགྲོ་བ་དང་འགྲོ་བ་པོ་ཡང་མི་འཐད་པ་དེའི་ཕྱིར། ཁྱེད་ཀྱི་སྔར་འགྲོ་བ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་ནང་གི་དངོས་པོ་


DTG099_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །འདི་ལ་གང་མི་སྐྱེ་བ་དེ་ལ་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ། །ལྷས་བྱིན་དང་ཁྱབ་འཇུག་བཤེས་གཉེན་ནི་དེ་ལྟར་འགྲོ་བར་མི་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེའི་གཏན་ཚིགས་ཀྱི་དོན་དང་དཔེ་མ་གྲུབ་པའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དེ་མི་འགྲུབ་པོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང་འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་གྲུབ་པོ་ཞེས་བྱ་བ་ནི། དེ་ལྟར་ཕ་རོལ་པོའི་ཕྱོགས་སྔ་མ་མ་གྲུབ་པས། བསྟན་བཅོས་མཛད་པའི་བསྒྲུབ་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཁྱད་པར་འོང་བ་མེད་པ་དང་འགྲོ་བ་མེད་པ་དང་ལྡན་པར་གྲུབ་པོ། །སྒྲ་པ་དག་ན་རེ་འགྲོ་བ་ནི་གཅིག་ཏུ་ཟད་དེ། དེ་ཉིད་ཁོ་བོ་ཅག་རང་གི་ངོ་བོ་ཉིད་ཀྱིས་འགྲོ་བར་བརྗོད་ཅིང༌། དེ་གཞི་གང་ན་ཡོད་པ་དེ་ནི་བགོམ་པ་ཡིན་ལ། འགྲོ་བ་པོ་གང་ཡིན་པ་དེ་ནི་བྱེད་པ་པོ་ཡིན་པས་དེའི་ཕྱིར་འགྲོ་བ་པོ་དང་འགྲོ་བ་གཉིས་སུ་ཐལ་བར་མི་འགྱུར་རོ། །ཞེས་ཟེར་རོ་ཞེས་བྱ་བ་ནི། གང་དག་ལ་སྒྲའི་གྲུབ་པའི་མཐའ་ཡོད་པ་དེ་དག་ནི་སྒྲ་པ་དག་ཅེས་བྱ་བ་སྟེ་བརྡ་སྤྲོད་པ་པ་དག་གོ །དེའི་ཕྱིར་སྒྲ་པ་དག་ན་རེ། དཔེར་ན་གཅོད་པའི་བྱ་བ་ནི་གཅིག་ཏུ་ཟད་དེ། དེ་ཉིད་ཁོ་བོ་ཅག་རང་གི་ངོ་བོ་ཉིད་ཀྱིས་གཅོད་པར་བརྗོད་ཅིང༌། གཅོད་པའི་བྱ་བ་དེས་གཅད་པར་བྱ་བའི་གཞི་ཤིང་ལ་སོགས་པ་གང་ལ་ཡོད་པ་དེ་ནི་གཅད་པ་ཡིན་ལ། དེ་བྱེད་པའི་མི་ལ་སོགས་པ་གང་ཡིན་པ་དེ་ནི་གཅོད་པ་པོ་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་ལ་གཅོད་པ་པོ་ཡང་གཉིས་སུ་མི་འགྱུར་ལ། གཅོད་པའི་བྱ་བ་ཡང་གཉིས་སུ་མི་འགྱུར་བ་དེ་བཞིན་


DTG099_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དུ། འདིར་ཡང་འགྲོ་བའི་བྱ་བ་ནི་གཅིག་ཏུ་ཟད་དེ། དེ་ཉིད་ཁོ་བོ་ཅག་རང་གི་ངོ་བོ་ཉིད་ཀྱིས་འགྲོ་བར་བརྗོད་ཅིང་འགྲོ་བའི་བྱ་བ་དེ་བགོམ་པར་བྱ་བའི་གཞི་ལམ་ལ་སོགས་པ་གང་ཡོད་པ་དེ་ནི་བགོམ་པ་མ་ཡིན་ལ། དེར་འགྲོ་བའི་མི་ལ་སོགས་པ་གང་ཡིན་པ་དེ་ནི་འགྲོ་བ་པོ་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་ལ་འགྲོ་བ་པོ་ཡང་གཉིས་སུ་མི་འགྱུར་ལ། འགྲོ་བའི་བྱ་བའང་གཉིས་སུ་མི་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་ཏུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྒྲ་པ་དག་གིས་འགྲོ་བ་དང་བགོམ་པ་དང་འགྲོ་བ་པོ་ཡོད་པར་བརྟགས་པ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། དོན་དམ་པར་འགྲོ་བའི་སྐྱེ་བ་བཀག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་དོན་དམ་པར་འགྲོ་བའི་སྐྱེ་བ་བཀག་པའི་ཕྱིར། སྒྲ་པ་དག་གིས་བརྟག་པའི་འགྲོ་བའི་བྱ་བ་མེད་པས་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་གསུངས་པས། བགོམ་པ་མེད་པའི་ཕྱིར་འགྲོ་བའི་གཞི་མེད་པས། འགྲོ་བ་མེད་པའི་ཕྱིར་ཡང་དེ་རིགས་པ་མ་ཡིན་ནོ། །འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་སྐྱེས་པ་ལ་འགྲོ་བ་པོ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་དང་ཞེས་བྱ་བ་ནི། དེད་དབུ་མ་པ་ནི་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་སྐྱེ་བ་ལ་འགྲོ་བ་པོ་ཉིད་དུ་ཐ་སྙད་འདོགས་ལ། ཁྱེད་ནི་དེ་ལྟར་མི་འདོད་དེ། །བྱེད་པ་པོ་ནི་རང་དབང་ཡིན་པས་འགའ་ཞིག་ཡུལ་སྔ་མ་སྔ་མ་མི་གཏོང་ཞིང་ཡུལ་ཕྱི་མ་ཕྱི་མར་ཕྱིན་པར་འགྲོ་བ་ཡོད་པར་འདོད་པ་དེ་མི་འཐད་པའི་ཕྱིར། འགྲོ་བ་པོ་མེད་པས་ཀྱང་དེ་རིགས་པ་མ་ཡིན་ནོ། །བགོམ་པ་ཡང་བརྟགས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བགོམ་པ་མ་གྲུབ་པ་ཡང་སྔར་བརྟགས་ཟིན་པའི་ཕྱིར་སྒྲ་པ་དག་གིས་སྨྲས་པ་དེ་རིགས་པ་མ་ཡིན་ནོ་གཞན་དག་ན་རེ། འགྲོ་བ་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དེའི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་སྔར་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་དེ་ཡོད་པ་ཉིད་དུ་ཡང་སྒྲུབ་པར་བྱེད་དོ། །དེའི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། འགྲོ་བའི་གཞི་འགྲོ་བ་པོ་ཡོད་པའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་ཞེས་སྒྲུབ་པར་བྱེད་དོ། །འདི་ན་གང་ལ་


DTG099_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུའི་འགྱེལ་བ་དང་འགྲོ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །འགྲོ་བའི་གཞི་འགྲོ་བ་པོ་དེ་བ་ཤར་མ་ཡོད་པས་དེ་ལྟར་གཞི་ཡོད་པའི་ཕྱིར། འགྲོ་བ་ཡོད་པས་གཏན་ཚིགས་གྲུབ་པའི་ཕྱིར་ཞེས་བྱ་བ་ནི། འགྲོ་བའི་གཞི་འགྲོ་བ་པོ་ཡོད་པའི་ཕྱིར་འགྲོ་བ་ཡང་ཡོད་པས་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་གྲུབ་པའི་ཕྱིར་རོ། །ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ན་ཡིན་ཞིང་འགྲོ་བ་དང་འོང་བ་ལ་སོགས་པ་ཡང་འགྲུབ་པོ་ཞེས་ཟེར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། སྔར་ཕྱོགས་སྔ་མ་ཉེ་བར་གཞག་པའི་སྐབས་སུ་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ། འདི་ལ་གང་མི་སྐྱེ་བ་ནི་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་མི་བྱེད་དེ། དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ། །ལྷས་བྱིན་དང་ཁྱབ་འཇུག་བཤེས་གཉེན་ནི་དེ་ལྟར་འགྲོ་བར་མི་བྱེད་པ་མ་ཡིན་པས་དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་དམ་བཅས་པ་དེ་ཡང་འགྲུབ་ཅིང༌། དེས་ན་ཁོ་བོ་ཅག་གིས་ཁས་བླངས་པའི་འོང་བ་དང༌། འགྲོ་བ་དང༌། འགག་པ་དང༌། རྟག་པ་དང༌། ཆད་པ་དང༌། གཅིག་པ་ཉིད་དང༌། ཐ་དད་པ་ཉིད་ཅེས་བྱ་བས་སྐབས་ཀྱི་དོན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་དག་ཀྱང་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་སློབ་དཔོན་གྱིས་འདིར་བཤད་པ། གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །ཞེས་བྱ་བ་གསུངས་སོ། །གཏན་ཚིགས་བརྗོད་པ་མེད་ན་འགྲོ་བ་མི་འགྲུབ་པས་ཇི་སྐད་བཤད་པའི་སྐྱོན་མེད་པར་མི་འགྱུར་རོ་སྙམ་ནས། འགྲོ་བ་པོ་མེད་ན་འགྲོ་བ་ཡོད་པ་མ་ཡིན་པས་འགྲོ་བའི་གཞི་འགྲོ་བ་པོ་ལ་བརྟེན་ནས་གཞི་ཡོད་པའི་ཕྱིར་རོ་ཞེས་གཏན་ཚིགས་བརྗོད་པར་གྱུར་ན་ཞེས་བྱ་བ་ལ་འགྲེལ་པ་བྱེད་པས། ཕ་རོལ་པོའི་བསམ་པ་བཟླས་པ་ཡིན་ཏེ། གཏན་ཚིགས་བརྗོད་པ་མེད་ན་འགྲོ་བ་མི་འགྲུབ་པས་ཞེས་བྱ་བ་ནི་དེའི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་བརྗོད་པ་མེད་ན་འགྲོ་བ་མི་འགྲུབ་པས་སོ། །ཇི་སྐད་བཤད་པའི་སྐྱོན་མེད་པར་མི་འགྱུར་རོ་སྙམ་ནས་ཞེས་བྱ་བ་ནི། འགྲོ་བ་མ་གྲུབ་ན་གཏན་ཚིགས་མེད་


DTG099_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོན་དབུ་མ་པས་ཇི་སྐད་བཤད་པ་དེ་མེད་པར་མི་འགྱུར་རོ་སྙམ་ནས་སོ། །འགྲོ་བ་པོ་མེད་ན་འགྲོ་བ་ཡོད་པ་མ་ཡིན་པས་འགྲོ་བའི་གཞི་འགྲོ་བ་པོ་ལ་བརྟེན་ནས་གཞི་ཡོད་པའི་ཕྱིར་རོ་ཞེས་གཏན་ཚིགས་བརྗོད་པར་གྱུར་ན་ཞེས་བྱ་བ་ནི་འགྲོ་བ་པོ་མེད་ན་གཞི་མེད་པའི་ཕྱིར་འགྲོ་བ་ཡོད་པ་མ་ཡིན་པས་འགྲོ་བའི་གཞི་འགྲོ་བ་པོ་ལ་བརྟེན་ནས་ཁྱོད་ཀྱི་དེའི་གཞི་ཡོད་པའི་ཕྱིར་རོ་ཞེས་གཏན་ཚིགས་བརྗོད་པར་གྱུར་ནའོ། །དེ་ལྟར་ན། གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །ཞེས་བྱ་བ་མ་ཡིན་ནམ་ཞེས་བྱ་བ་ནི་འགྲོ་བ་ཡོད་པའི་གཏན་ཚིགས་སུ་འགྲོ་བ་པོ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པར་གྱུར་ན་དེ་ལྟ་ན་གལ་ཏེ་འགྲོ་བ་པོ་མེད་པར་གྱུར་ན། འགྲོ་བ་འཐད་པར་མི་འགྱུར་བ་མ་ཡིན་ནམ་ཞེས་འདྲི་བ་ཡིན་ནོ། །འགྲོ་བ་དེ་ཡང་མི་འཐད་དོ་ཞེས་དཔྱད་ཟིན་པས་ཞེས་བྱ་བ་ནི། འགྲོ་བ་ཡོད་ན་འགྲོ་བ་པོ་ཞེས་བྱ་བར་ཐ་སྙད་གདགས་པ་ཡིན་ན་འགྲོ་བ་དེ་ཡང་སྔར། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལ་འོང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པའི་སྐབས་དང་སྐྱེ་བ་དགག་པའི་རབ་ཏུ་བྱེད་པས་མི་འཐད་པར་དཔྱད་ཟིན་པས་སོ། །དེའི་ཕྱིར་དེ་ལྟར། འགྲོ་བ་མེད་པར་གྲུབ་པ་པོ། །ཡོད་པ་ཉིད་དུ་གལ་འགྱུར། །ཞེས་བྱ་བ་ནི་དེ་ལྟར་འགྲོ་བ་མེད་པར་སྔར་དཔྱད་པ་དེས་འགྲོ་བ་མེད་ན་འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་བ་པོ་ཉིད་ཀྱི་རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་འགྲོ་བ་པོ་ཉིད་དུ་འགྱུར་བའི་རྒྱུ་ནི་འགྲོ་བ་ཡིན་ན་འགྲོ་བ་མེད་པའི་ཕྱིར། འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །ག་ལ་ཞེས་བྱ་བའི་སྒྲ་ནི་ཡིད་མི་ཆེས་པ་སྟེ། འགྲོ་བ་པོ་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་ཡོད་པ་ཉིད་དུ་ག་ལ་ཞིག་འགྱུར་ཏེ། འགྲོ་བ་པོ་ཡེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་འགྲོ་བའི་གཞི་འགྲོ་བ་པོ་མེད་པར་བརྟག་པར་རྒྱས་པ་ནི་སྔར། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བས་འདི་ལ་དོན་དམ་པར་འགྲོ་བ་ཡོད་པར་གྱུར་ན་དེ་སོང་བའམ་མ་སོང་བའམ་བགོམ་པ་ལ་ཡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་སོང་བ་ལ་


DTG099_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲོ་བ་མེད་དེ་འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །མ་སོང་བ་ལ་ཡང་འགྲོ་བ་མེད་དེ་འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །སོང་བ་དང་མ་སོང་བ་གཉིས་མ་གཏོགས་པར་བགོམ་པ་ནི་མེད་དེ་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་བཞིན་དུ་འདིར་ཡང་དེ་ལ་དོན་དམ་པར་འགྲོ་བ་པོ་ཡོད་པར་གྱུར་ན་དེར་སོང་བའམ་མ་སོང་བའམ་བགོམ་པ་ལ་ཡོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་སོང་བ་ལ་ནི་འགྲོ་བ་པོ་མེད་དེ་འགྲོ་བ་པོའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །མ་སོང་བ་ལ་ཡང་འགྲོ་བ་པོ་མེད་དེ་འགྲོ་བ་པོའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །སོང་བ་དང་མ་སོང་བ། མ་གཏོགས་པར་བགོམ་པ་ནི་མེད་དེ་ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །འགྲོ་བ་པོ་མ་གྲུབ་པས་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དམ་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་དོན་དམ་པར་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་སྒྲུབ་ན་ནི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་ཏེ། དེས་ན་གཏན་ཚིགས་གྱི་རྩ་བ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པ་ཉིད་ཡིན་ནོ། །འདིར་སྨྲས་པ། འོ་ན་འགྲོ་བ་གྲུབ་པར་བྱ་བའི་རྗེས་སུ་དཔག་པ་གཞན་འདི་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་སྐྱེ་བར་སྨྲ་བ་དག་གཏན་ཚིགས་ཀྱི་རྩ་བ་སྒྲུབ་པའི་ཕྱིར་འགྲོ་བ་དང་ལྡན་པའི་འགྲོ་བ་པོའི་ཐ་སྙད་ཡོད་པའི་སྒོ་ནས་འགྲོ་བ་ཡོད་པར་བསྒྲུབ་པ་ཡིན་ནོ། །འགྲོ་བ་པོ་ཞེས་བྱ་བ་ནི་ཆོས་ཅན་ཡིན་ནོ། །ཡོད་པ་ཁོ་ནར་ངེས་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །དེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན་ཏེ། འགྲོ་བ་དེས་འགྲོ་བ་དེ་དང་ལྡན་པའི་འགྲོ་བ་པོའི་ཐ་སྙད་དུ་ལྷས་བྱིན་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཡོད་པའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནར་ངེས་ཏེ་ཞེས་སྒྲུབ་པར་བྱེད་དོ། །འདི་ན་གང་མེད་པ་ལ་ནི་ངེས་དེ་དང་ལྡན་པར་མི་སྟོན་ཏེ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན་ནོ། །དཔེར་ན་རི་བོང་གི་རྭ་ཅན་ཞེས་མི་སྟོན་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །ལྷས་བྱིན་འགྲོའོ་ཞེས་འགྲོ་བས་དེ་དང་ལྡན་པའི་ཐ་སྙད་འདི་ཡོད་པས་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ། །དེས་ན་འགྲོ་བ་ཡོད་པའི་ཕྱིར་


DTG099_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པའི་དོན་འགྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འགྲོ་བ་དང་ལྡན་པའི་འགྲོ་བ་པོའི་ཐ་སྙད་ལྷས་བྱིན་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཡོད་པས་འགྲོ་བ་ཡོད་པའི་ཕྱིར། བསམས་པའི་དོན་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འདི་ལ་ལྷས་བྱིན་འགྲོའོ་ཞེས་བྱ་བའི་ཐ་སྙད་དོན་དམ་པར་འགྲོ་བ་པོའི་ཡིན་པར་འདོད་དམ། འགྲོ་བ་པོ་མ་ཡིན་པའི་ཡིན་པར་འདོད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་བརྟག་པ་སྔ་མ་ལྟར་མི་འཐད་པར་ཇི་སྐད་བསྟན་པའི་ཕྱིར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ལ་ལྟོས་པའོ། །འགྲོ་པོ་མི་འགྲོ་སྟེ་ཞེས་བྱ་བ་ནི་དམ་བཅས་པ་ཉེ་བར་གཞག་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་འདི་གཞན་གྱི་ཚིག་ཏུ་འགྱུར་བ་ཡིན་ན་ཅིའི་ཕྱིར་བདག་གི་ཚིག་ཏུ་བསྟན་ཅེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བདག་གི་ཚིག་ཏུ་བསྟན་པ་ནི་འདི་ལྟར་གང་དག་སྒྲ་ཙམ་གྱི་རྗེས་སུ་འབྲང་བ་ཆོས་རབ་ཏུ་འབྱེད་པ་ལ་མི་མཁས་པ་ལྟ་བ་ངན་པས་བློ་གྲོས་ཉམས་པར་གྱུར་པ་ཚུལ་ཁྲིམས་དང༌། བསམ་གཏན་དང༌། ཤེས་པ་ལ་རྒྱབ་ཀྱིས་ཕྱོགས་ལ། རང་ཡང་ལམ་གོལ་བར་ཞུགས་ཤིང་གཞན་དག་ཀྱང་དེར་འཛུད་པར་བྱེད་པ་དག །དེ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་སའི་དབང་ཕྱུག་གི་མངའ་བརྙེས་པ་བསྟན་བཅོས་ཐམས་ཅད་མཁྱེན་པས་འདིར་བདག་གི་ཚིག་ཏུ་གསུངས་པ་ནི་འདི་ལྟར་བརྡ་སྤྲོད་པ་པ་གང་དག་སྒྲ་ཙམ་གྱི་རྗེས་སུ་འབྲང་བ་ཆོས་རབ་ཏུ་འབྱེད་པ་ལ་མི་མཁས་པ་ལྟ་བ་ངན་པས་བློ་གྲོས་ཉམས་པར་གྱུར་པ། ཚུལ་ཁྲིམས་དང༌། བསམ་གཏན་དང༌། ཤེས་པ་ལ་རྒྱབ་ཀྱིས་ཕྱོགས་པས་རང་ཡང་ལམ་གོལ་བར་ཞུགས་ཤིང་གཞན་དག་ཀྱང་དེར་འཇུད་པར་བྱེད་པ་དག་སྒྲ་དེ་ལ་མངོན་པར་ཞེན་པའི་ཟུག་རྡུ་སྤང་བའི་ཕྱིར་མཛད་པ་ཡིན་གྱི། སྐད་ཀྱི་བྱིངས་དག་དང༌། བྱེད་པ་དག་དང༌། རྣམ་པར་དབྱེ་བ་དག་དང༌། རྟགས་དག་དང༌། ཚིག་དག་གི་ངེས་པའི་རང་བཞིན་ངོ་བོ་ཉིད་ཀྱིས་


DTG099_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དག་མི་མཁྱེན་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་དག་སྒྲ་ཙམ་གྱི་རྗེས་སུ་འབྲང་བ་དེ་དག་ཇི་ལྟར་རང་ཡང་ལམ་གོལ་བར་ཞུགས་ཤིང་གཞན་དག་ཀྱང་དེར་འཛུད་པར་བྱེད་ཅེ་ན། གཞན་དག་ལམ་གོལ་བ་དེར་འཛུད་པར་བྱེད་པའི་རྒྱུ་བསྟན་པའི་ཕྱིར། གསང་ཚིག་སྒྲ་དང་ཡིག་འབྲུས་ཉམས་གྱུར་ན། །ལོག་པར་སྦྱར་བས་དེ་ཡི་དོན་མི་སྟོན། །རྡོ་རྗེའི་ཚིག་དེས་མཆོད་སྦྱིན་བྱེད་བརླག་སྟེ། །དབང་པོའི་དགྲ་བོ་སྒྲ་ཡིས་བརླག་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གསང་ཚིག་ཅེས་བྱ་བ་ནི་གསང་ཚིག་ཏུ་སྨྲ་བས་གསང་ཚིག་སྟེ། སྒྲ་ཞེས་བྱ་བའི་ཐ་ཚིག་གོ །གསང་ཚིག་དེ་ཉམས་པར་གྱུར་པ་ནི་མ་རྫོགས་པ་སྟེ། གང་གིས་ཉམས་པར་གྱུར་ཞེ་ན། དེ་ཕྱིར་སྒྲ་དང་ཡིག་འབྲུས་ཉམས་གྱུར་ན། །ཞེས་བྱ་བ་སྨྲས་ཏེ། གསང་ཚིག་དེའི་སྒྲའི་སྒོ་ནས་ཉམས་པ་དང་ཡིག་འབྲུའི་སྒོ་ནས་ཉམས་པར་གྱུར་ན་མ་རྫོགས་པ་ཡིན་ནོ། །གལ་ཏེ་གསང་ཚིག་དེ་སྒྲ་དང་ཡིག་འབྲུའི་སྒོ་ནས་ཉམས་པར་གྱུར་ན་སྒྲ་དེ་ལོག་པར་སྦྱར་བ་ཡིན་པས་དེས་ན་དེའི་དོན་མི་སྟོན་ཏེ། སྒྲ་དེའི་དོན་གོ་བར་མི་བྱེད་དོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་རྡོ་རྗེའི་ཚིག་དེས་ཞེས་བྱ་བ་སྨྲས་ཏེ། ཚིག་ཟུར་ཆག་པ་ཉིད་རྡོ་རྗེ་དང་འདྲ་བས་རྡོ་རྗེའི་ཚིག་སྟེ་སྒྲ་དེ་ཉིད་རྡོ་རྗེ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ཅི་བྱེད་ཅེ་ན། དེའི་ཕྱིར་མཆོད་སྦྱིན་བྱེད་བརླག་སྟེ་ཞེས་བྱ་བ་སྨྲས་ཏེ། སྐྱེ་དགུའི་བདག་པོ་ཏྭ་སྟ་ཞེས་བྱ་བས་ལྷའི་དབང་པོ་བརྒྱ་བྱིན་གསང་པའི་ཕྱིར་མཆོད་སྦྱིན་བྱེད་པ་ན། རང་ཉིད་ཀྱིས་ཚིག་ཟུར་ཆག་སྨྲས་པས་རང་ཉིད་བརླག་པར་འགྱུར་བས་ཚིག་ཟུར་ཆག་རྡོ་རྗེ་ལྟ་བུ་དེས་ནི་སྨྲ་བ་པོ་རང་ཉིད་རླག་པར་བྱེད་དོ། །གལ་ཏེ་ཇི་ལྟར་རླག་པར་བྱེད་ཅེ་ན། དེའི་ཕྱིར། དབང་པོའི་དགྲ་བོ་སྒྲ་ཡིས་བརླག་པ་བཞིན། །ཞེས་བྱ་བ་སྨྲས་ཏེ། འདི་ན་སྐྱེ་དགུའི་བདག་པོ་ཏྭ་སྟ་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེའི་བུ་སྣ་ཚོགས་གཟུགས་ཞེས་བྱ་བ་དཔུང་ཆེ་བ་ཕ་རོལ་གནོན་པ་ཞིག་ཡོད་པ་དེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕྲག་དོག་གི་དབང་གིས་བསད་པར་གྱུར་ནས། དེའི་འོག་ཏུ་སྐྱེ་དགུའི་བདག་པོ་ཏྭ་སྟས་ལྷའི་དབང་པོ་བརྒྱ་བྱིན་གསད་པའི་ཕྱིར་གཤེད་བྱེད་ཀྱི་སྦྱོར་བ་སྒྲུབ་པར་བརྩམས་ཏེ་དབང་པོ་དགྲ་བོ་ཤི་བར་


DTG099_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག་ཅེས་བརྗོད་པར་བྱ་བའི་རིགས་པ་ལས་དབང་པོའི་དགྲ་བོ་ཤི་བར་གྱུར་ཅིག་ཅེས་བརྗོད་པས་དེས་ན་གསང་ཚིག་སྒྲའི་སྒོ་ནས་ཉམས་པར་གྱུར་པས་གཤེད་བྱེད་དེས་སྐྱེ་དགུའི་བདག་པོ་ཏྭ་སྟ་རང་ཉིད་བསད་པར་གྱུར་ཏེ། དེའི་གསང་ཚིག་སྒྲའི་སྒོ་ནས་ཉམས་པར་གྱུར་ན་ལོག་པར་སྦྱར་བ་ཡིན་པས་དེའི་དོན་མི་སྟོན་ཅིང༌། ཚིག་ཟུར་ཆག་རྡོ་རྗེ་ལྟ་བུ་དེས་སྨྲ་བ་པོ་རང་ཉིད་རླག་པར་བྱེད་པའི་དཔེ་ཡིན་ནོ། །གསང་ཚིག་ཡིག་འབྲུའི་སྒོ་ནས་ཉམས་པར་གྱུར་ན། ལོག་པར་སྦྱར་བ་ཡིན་པས་དེའི་དོན་མི་སྟོན་ཅིང་ཚིག་ཟུར་ཆག་རྡོ་རྗེ་ལྟ་བུ་དེས་སྨྲ་བ་པོ་རང་ཉིད་རླག་པར་བྱེད་པའི་དཔེ་ནི། ལྷ་མ་ཡིན་དེ་དག་གིས་ཧ་ལ་ཡོ་ཧེ་ལ་ཡ་ཞེས་སྨྲས་པ་ནི་ཟིལ་གྱིས་ནོན་པར་གྱུར་པ་དང་ཞེས་བྱ་བ་ཡིན་ཏེ། ལྷ་མ་ཡིན་གྱི་གཡུལ་སྤྲད་པའི་ཚེ་ན་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་བྲོས་པར་མཐོང་ནས་དགའ་བར་གྱུར་པ་དག་གིས་ཧེ་ཨ་ར་ཡོ་ཧེ་ཨ་ར་ཡ་ཞེས་བྱ་བས། ཀྱེ་དགྲ་བོ་དག་ཀྱེ་དགྲ་བོ་དག་ཅེས་བརྗོད་པར་བྱ་བའི་རིགས་པ་ལས། ཧེ་ལ་ཡོ་ཧེ་ལ་ཡ་ཞེས་བྱ་བས་ཀྱེའི་དགྲ་བོ་དག་ཀྱེའི་དགྲ་བོ་དག་ཅེས་བརྗོད་པས། དེས་ན་ལྷ་མ་ཡིན་རྣམས་ཀྱིས་གསང་ཚིག་ཡིག་འབྲུའི་སྒོ་ནས་ཉམས་པར་བརྗོད་པས། བསོད་ནམས་ཟད་པས་ལྷ་རྣམས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་ཟིལ་གྱིས་མནན་ཅིང་ཕམ་པར་བྱས་སོ་ཞེས་གྲགས་པ་ལྟ་བུའོ། །རིག་བྱེད་ལས་ཀྱང་ཚིག་ཟུར་ཆག་བརྗོད་ན་དོན་མེད་པར་འགྱུར་བ་སྣང་སྟེ། དེ་ནི་མེ་བསྒྲུབ་པ་ཚིག་ཟུར་ཆག་སྨྲས་ནས་ཚིག་ལྡན་མའི་སྒྲུབ་མཆོད་སྦྱོང་སིལ་ཅན་སྤྱོད་པར་བྱེད་པ་ལ་སོགས་པ་དང་ཞེས་བྱ་བ་ཡིན་ཏེ། མེ་སྒྲུབ་པ་ཞེས་བྱ་བ་ནི་སྒྲུབ་པ་པོ་གང་གིས་ཀུན་སྦྱིན་པའི་འོས་སུ་གྱུར་པ་ཞེས་བྱ་བའི་མེ་དང་ཁྱིམ་བདག་གིས་བྱ་བར་འོས་པ་ཞེས་བྱ་བའི་མེ་དང༌། མཆོད་པར་འོས་པ་ཞེས་བྱ་བའི་མེ་དེ་གསུམ་ལས་གང་ཡང་རུང་བ་བསྒྲུབས་ཤིང་སྐྱེས་པ་དེ་ནི་མེ་བསྒྲུབ་པ་ཞེས་བྱ་སྟེ། གང་ཟག་སྒྲུབ་པ་པོའི་ཁྱད་པར་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ཟག་མེ་བསྒྲུབ་པ་དེས་ཟླ་བ་ཕྱེད་ཕྱེད་ཅིང་མཆོད་སྦྱིན་ཟླ་བ་ཉ་མཐོང་ཞེས་བྱ་བ་བྱེད་པ་ན། གལ་ཏེ་རིག་བྱེད་ཀྱི་ནང་ན་གནས་པའི་ཚེ་ཚིག་ཟུར་ཆག་སྨྲས་པར་གྱུར་ན་དེས་དེའི་སྡིག་པ་སྦྱང་བའི་ཕྱིར་ལྷ་མོ་ཚིག་ལྡན་མོའི་སྒྲུབ་མཆོད་སྦྱང་སེལ་ཅན་ཞེས་བྱ་བའི་བཟླས་བརྗོད་བྱ་དགོས་སོ་ཞེས་ཟེར་བ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དེ་དག་


DTG099_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལུང་གཞན་དག་ལས་ཀྱང་ཚིག་ཟུར་ཆག་གི་སྦྱོར་བས་དོན་མེད་པར་འགྱུར་བ་མང་པོ་གཞན་དག་སྨོས་པ་རྣམས་དག་ཀྱང་བསྡུའོ། །གསང་ཚིག་གི་སྒྲ་དང་ཡིག་འབྲུའི་སྒོ་ནས་ཉམས་པར་མ་གྱུར་ན་ལེགས་པར་སྦྱར་བ་ཡིན་པས་དེའི་དོན་སྟོན་ཅིང༌། ལེགས་པར་སྦྱར་བའི་ཚིག་དེས་སྨྲ་བ་པོ་རང་ཉིད་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བར་བྱེད་པའི་ཕན་ཡོན་ཡང་ཡོད་དེ། དེ་ནི་སྒྲ་གཅིག་ལེགས་པར་སྦྱར་ན་ཡང་ལེགས་པར་བྱེད་པ་རྣམས་ཀྱི་འཇིག་རྟེན་དུ་འགྲོ་བར་བྱེད་དོ་ཞེས་བྱ་བ་དང་ཞེས་བྱ་བས་བསྟན་ཏེ། གང་གི་ཕྱིར་སྒྲ་ལེགས་པར་བརྗོད་པ་མ་གཏོགས་པར་མཐོ་རིས་འཐོབ་པའི་རྒྱུ་གཞན་མེད་དོ་ཞེས་ཟེར་བ་ཡིན་ནོ། །འདི་སྐད་ཅེས་གཞན་གྱི་ཚིག་ཅན་དང༌། བདག་གི་ཚིག་ཅན་དང༌། གཉི་གའི་ཚིག་ཅན་གྱི་སྐད་ཀྱི་བྱིངས་ངེས་པར་གནས་པའི་རང་གི་ངོ་བོ་རྣམས་ནི་རྗེས་སུ་སྨྲ་བ་ཁོ་ནར་ཟད་པས་བདག་གི་ཚིག་ཅན་ཉིད་ཀྱི་བརྡར་གདགས་སུ་མི་རུང་ངོ་ཞེས་ཟེར་བས་དེར་འཛུད་པར་བྱེད་པ་དག་དེ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ་ཞེས་བྱ་བ་ནི། དེ་དག་ན་རེ་གཞན་གྱི་ཚིག་ཅན་དང་བདག་གི་ཚིག་ཅན་དང་གཉི་གའི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དང་བྱེད་པ་པོ་དང༌། རྣམ་པར་དབྱེ་བ་དང་རྟགས་དང་ཚིག་དང་ངེས་པར་གནས་པའི་རང་གི་ངོ་བོ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་དག་ནི། གང་ཕྱིར་བསྟན་བཅོས་བྱེད་པ་དག་གིས་ཀྱང་རྗེས་སུ་སྨྲ་བར་བྱ་བ་ཁོ་ན་ཙམ་ཡིན་པ་དེའི་ཕྱིར། སྐད་ཀྱི་བྱིངས་གཞན་དག་སྐད་ཀྱི་བྱིངས་གཞན་གྱི་རང་གི་ངོ་བོར་བརྗོད་ན་སྐད་ཟུར་ཆག་ཏུ་འགྱུར་ལ། བྱེད་པ་པོ་དང་རྣམ་པར་དབྱེ་བ་དང༌། རྟགས་དང་ཚིག་གཞན་དག་ཀྱང་བྱེད་པ་ལ་སོགས་པ་གཞན་གྱི་རང་གི་ངོ་བོར་བརྗོད་ན་སྐད་ཟུར་ཆག་ཏུ་འགྱུར་རོ། །པཱ་ཎི་ནའི་མདོ་དག་ཀྱང་རྗེས་སུ་སྨྲ་བའི་མདོ་དག་ཡིན་གྱི་བྱས་པའི་མདོ་དག་ནི་མ་ཡིན་ནོ། །གལ་ཏེ་སྐད་ཀྱི་བྱིངས་ལ་སོགས་པ་དག་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་ཞིང་བྱར་རུང་བ་ཡིན་པར་གྱུར་ན་ནི། དེས་ན་ཁ་ཅིག་འདུས་པ་དག་གིས་སྐད་ཟུར་ཆག་གང་དག་ཡིན་པ་དེ་དག་ཀྱང་སྐད་བཟང་པོར་བརྡར་འདོགས་པར་འགྱུར་ཞིང་དེ་དག་ཀྱང་སྐད་བཟང་པོ་ཁོ་ནར་འགྱུར་བས། དེ་ལྟ་ན་སྒྲའི་མཚན་ཉིད་ཀྱི་ཐ་སྙད་ཀྱང་ངེས་པ་མེད་པ་ཁོ་ནར་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པས་དེའི་ཕྱིར་གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་ནི་བདག་གི་ཚིག་ཅན་ཉིད་དུ་བརྡར་གདགས་སུ་མི་རུང་ངོ་


DTG099_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་བའི་སྒོ་དེ་ནས་གཞན་དག་ཀྱང་ལམ་གོལ་བ་དེར་འཛུད་པར་བྱེད་པ་དག་སྒྲ་དེ་ལ་མངོན་པར་ཞེན་པའི་ཟུག་རྔུ་སྤང་བའི་ཕྱིར། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བའི་སྒྲ་གཞན་གྱི་ཚིག་ཅན་དེ་བདག་གི་ཚིག་ཅན་དུ་བསྟན་པར་མཛད་དོ།། །། བམ་པོ་ཉི་ཤུ་བཞི་པ། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བརྡ་སྤྲོད་པ་པ་གང་དག་སྒྲ་ཙམ་གྱི་རྗེས་སུ་འབྲང་བ་དེ་དག་གིས་བརྡ་སྤྲོད་པ་ལས་བྱུང་བ་སྐད་ཀྱི་བྱིངས་ལ་སོགས་པ་ངེས་པར་གནས་པའི་རང་གི་ངོ་བོ་གང་དག་བརྟགས་པ་དེ་དག་གི་ངོ་བོ་ཉིད་དགག་པའི་ཕྱིར་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི། གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ཏེ། གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་བདག་གི་ཚིག་ཅན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ་འཚེད་པར་བྱེད་དོ་ཞེས་བྱ་བ་དང༌། ཀློག་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དག་གོ །གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། གང་གི་ཕྱིར་གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ལ་གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་ཡང་ཡོད་ལ། སྐད་ཀྱི་བྱིངས་ཀྱང་ཡོད་པ་དེའི་ཕྱིར། གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི་གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་པར་སྒྲུབ་པར་བྱེད་དོ། །བདག་གི་ཚིག་ཅན་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་བདག་གི་ཚིག་ཅན་གྱི་སྐད་ཀྱི་བྱིངས་ནི་གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར། གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་པ་དེ་བཞིན་དུ། གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ཀྱང་གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར། གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ནོ། །ཅིའི་ཕྱིར་སྒྲུབ་པའི་ཆོས་དེ་ལ་གཉི་གའི་ཚིག་ཅན་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། སྐད་ཀྱི་བྱིངས་ཡིན་པའི་ཕྱིར་ཞེས་བྱ་བ་གཉིས་སྨོས་ཤེ་ན། གང་


DTG099_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་ཞེས་བྱ་བ་འབའ་ཞིག་སྨོས་པར་གྱུར་ན་དེས་ན་ཅི་སྟེ་རེ་ཞིག་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་གི་ངོ་བོ་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་གཉི་གའི་ཚིག་ཅན་དག་ལ་གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་ཡོད་པར་འགྱུར་ཞེས་གཏན་ཚིགས་མ་ངེས་པའི་སྐྱོན་དུ་འགྱུར་རོ། །ཇི་སྟེ་གཉི་གའི་ཚིག་ཅན་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་འབའ་ཞིག་སྨོས་ན་ཡང༌། དེས་ན་གཅིག་གི་ཚིག་ཅན་ཡང་གཉི་གའི་ཚིག་ཅན་ཉིད་མ་ཡིན་ལ་གཉི་གའི་ཚིག་མེད་པ་ཡང་གཉི་གའི་ཚིག་ཅན་ཉིད་མ་ཡིན་པས། དེ་ལྟ་ན་ཇི་སྟེ་རེ་ཞིག་གཉི་གའི་ཚིག་ཅན་ཉིད་མ་ཡིན་པའི་ཕྱིར། བདག་གི་ཚིག་ཅན་བཞིན་དུ་གཞན་གྱི་ཚིག་ཅན་གྱི་ངོ་བོ་ཉིད་མ་ཡིན་པར་འགྱུར་བའམ་འོན་ཏེ་གཉི་གའི་ཚིག་ཅན་ཉིད་མ་ཡིན་པའི་ཕྱིར། གཉི་གའི་ཚིག་མེད་པ་བཞིན་དུ་ཕྱོགས་ཀྱི་ཆོས་ཉིད་མ་ཡིན་པར་འགྱུར་བས་དེའི་ཕྱིར་ཚིག་གཉི་ག་སྨོས་སོ། །བདག་གི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ལ་ཡང་དེ་སྐད་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་དག་ལ་ཡང་སྦྱོར་བ་སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། བདག་གི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི་བདག་གི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ཏེ། གཉི་གའི་ཚིག་ཅན་ཉིད་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར། གཞན་གྱི་ཚིག་ཅན་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཡང་བདག་གི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི་ཞེས་བྱ་བ་ནི་ཆོས་ཅན་ཡིན་ཏེ་འཕེལ་ལོ་ཞེས་བྱ་བ་དང་འགྲན་ཏོ་ཞེས་བྱ་བ་ལ་སོགས་པ་དག་གོ །བདག་གི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བི་ཆོས་ཡིན་ནོ། །གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན་ནོ། །གཞན་གྱི་ཚིག་ཅན་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་གཞན་གྱི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ནི་གཉི་གའི་ཚིག་ཅན་ཉིད་མ་ཡིན་པ་དང་སྐད་ཀྱི་བྱིངས་ཡིན་ཕྱིར། །བདག་གི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ནོ། །དེ་བཞིན་དུ་གཉི་གའི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ཀྱང་གཉི་གའི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ཏེ། སྐད་ཀྱི་བྱིངས་ཡིན་པའི་ཕྱིར་དེ་ལས་


DTG099_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བཞིན་ནོ་ཞེས་བྱ་བ་ལ། འདིར་ཡང་གཉི་གའི་ཚིག་ཅན་གྱི་སྐད་ཀྱི་བྱིངས་དག་ཀྱང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། བྱེད་ཅེས་བྱ་བ་དང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དག་གོ །གཉི་གའི་ཚིག་ཅན་གྱི་ངོ་བོ་ཉིད་དག་ཀྱང་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། སྐད་ཀྱི་བྱིངས་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་གཉི་གའི་ཚིག་ཅན་ལས་གཞན་པ་བདག་གི་ཚིག་ཅན་ནམ། གཞན་གྱི་ཚིག་ཅན་ནི་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་གཉི་གའི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་པ་དེ་བཞིན་དུ་གཉི་གའི་ཚིག་ཅན་གྱི་ངོ་བོ་ཉིད་དག་ཀྱང་སྐད་ཀྱི་བྱིངས་ཡིན་པའི་ཕྱིར་གཉི་གའི་ཚིག་ཅན་གྱི་ངོ་བོ་ཉིད་དག་མ་ཡིན་ནོ། །དེ་བཞིན་དུ་བྱེད་པ་པོ་དག་ལ་ཡང་སྦྱར་བར་བྱ་སྟེ། རང་དབང་ནི་བྱེད་པ་པོའི་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་ལས་བཞིན་ནོ། །ལས་ལ་ཡང་བྱེད་པ་པོའི་འདོད་པ་མཆོག་ནི་ལས་སོ་ཞེས་བྱ་བར་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་བྱེད་པ་བཞིན་ནོ། །བྱེད་པ་ལ་ཡང་སྒྲུབ་པ་མཆོག་ནི་བྱེད་པ་པོའི་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་ཡང་དག་པར་སྦྱིན་པ་བཞིན་ནོ། །ཡང་དག་པར་སྦྱིན་པ་ལ་ཡང་ལས་ཀྱིས་མངོན་པར་འདོད་པ་གང་ཡིན་པ་དེ་ནི་ཡང་དག་པར་སྦྱིན་པའོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་འབྲལ་བ་བཞིན་ནོ། །འབྲལ་བ་ལ་ཡང་གནས་པ་ལས་དགར་བ་དེ་ནི་འབྲལ་བའོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་གཞི་བཞིན་ནོ། །གཞི་ལ་ཡང་ཀུན་འཛིན་པ་ནི་གཞིའོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་བྱེད་པ་པོ་ཡིན་པའི་ཕྱིར། དཔེར་ན་བྱེད་པ་པོ་བཞིན་ནོ། །དེ་བཞིན་དུ་རྣམ་པར་དབྱེ་བ་དག་ལ་ཡང་སྦྱར་བར་བྱ་སྟེ། རྣམ་པར་དབྱེ་བ་དང་པོ་ཤིང་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་གཉིས་པ་བཞིན་ནོ། །རྣམ་པར་དབྱེ་བ་གཉིས་པ་ལ་ཡང་ཤིང་ལ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར་དཔེར་ན་རྣམ་པར་དབྱེ་བ་གསུམ་པ་བཞིན་ནོ། །རྣམ་པར་


DTG099_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་གསུམ་པ་ལ་ཡང་ཤིང་གིས་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་བཞི་པ་ལ་ཡང་ཤིང་གི་ཕྱིར་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་ལྔ་པ་བཞིན་ནོ། །རྣམ་པར་དབྱེ་བ་ལྔ་པ་ལ་ཡང་ཤིང་ལས་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་དྲུག་པ་བཞིན་ནོ། །རྣམ་པར་དབྱེ་བ་དྲུག་པ་ལ་ཡང་ཤིང་གི་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་བདུན་པ་བཞིན་ནོ། །རྣམ་པར་དབྱེ་བ་བདུན་པ་ལ་ཡང་ཤིང་ལ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་དབྱེ་བ་ཡིན་པའི་ཕྱིར། དཔེར་ན་རྣམ་པར་དབྱེ་བ་དང་པོ་བཞིན་ནོ། །དེ་བཞིན་དུ་རྟགས་དག་ལ་ཡང་སྦྱར་བར་བྱ་སྟེ། ཕོའི་རྟགས་ལ་ཡང་ཕོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་རྟགས་ཡིན་པའི་ཕྱིར། དཔེར་ན་མོའི་རྟགས་བཞིན་ནོ། །མོའི་རྟགས་ལ་ཡང་མོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་དེའི་རྟགས་ཡིན་པའི་ཕྱིར། དཔེར་ན་མ་ནིང་གི་རྟགས་བཞིན་ནོ། །མ་ནིང་གི་རྟགས་ལ་ཡང་མ་ནིང་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། རྟགས་ཡིན་པའི་ཕྱིར། དཔེར་ན་ཕོའམ་མོའི་རྟགས་བཞིན་ནོ། །དེ་བཞིན་དུ་ཚིག་དག་ལ་སྦྱར་བར་བྱ་སྟེ། གཅིག་གི་ཚིག་ལ་ཡང་གཅིག་གི་ཚིག་ཅེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་ཚིག་ཡིན་པའི་ཕྱིར། དཔེར་ན་གཉིས་ཀྱི་ཚིག་བཞིན་ནོ། །གཉིས་ཀྱི་ཚིག་ལ་ཡང་གཉིས་ཀྱི་ཚིག་ཅས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ་ཚིག་ཡིན་པའི་ཕྱིར། དཔེར་ན་མང་པོའི་ཚིག་བཞིན་ནོ། །མང་པོའི་ཚིག་ལ་ཡང་མང་པོའི་ཚིག་ཅེས་བྱ་བ་ནི་དེའི་ངོ་བོ་ཉིད་མ་ཡིན་ཏེ། ཚིག་ཡིན་པའི་ཕྱིར། དཔེར་ན་གཅིག་གམ་གཉིས་ཀྱི་ཚིག་བཞིན་ནོ། །འདིར་གལ་ཏེ་བརྡ་སྤྲོད་པ་པས་སྒྲ་ངེས་པར་སྨྲ་བ་དག་ན་རེ། འགྲོ་བའི་སྐད་ཀྱི་བྱིངས་ནི་གཞན་གྱི་ཚིག་ཅན་ཡིན་ན། འདིར་བསྟན་བཅོས་བྱེད་པས་དེ་བདག་གི་ཚིག་ཅན་ཉིད་དུ་བྱས་པས། ཀུན་རྫོབ་ཏུ་བསྟན་བཅོས་བྱེད་པའི་ཚིག་ཟུར་ཆག་གི་ཉེས་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ངེས་པར་


DTG099_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་དག་ལ་ནི་ཁྱད་པར་ཅན་གྱིས་སྦྱར་བའི་སྒྲའི་རྗེས་སུ་སྨྲ་བའི་ཕྱིར་དང༌། སྦྱོར་བ་རྣམ་པར་དབྱེ་བ་ལ་སོགས་པའི་རིམ་གྱིས་འགྲོ་བ་དག་བདག་གི་ཚིག་ཅན་ཉིད་དུ་གྲུབ་པས་ཀུན་རྫོབ་ཏུ་གནོད་པ་མེད་དོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ངེས་པར་སྨྲ་བ་དག་ལ་ཞེས་བྱ་བ་ནི་བརྡ་སྤྲོད་པ་པ་སྒྲ་ངེས་པར་སྨྲ་བ་དག་སྟེ། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཅན་གྱིས་སྦྱར་བའི་སྒྲའི་རྗེས་སུ་སྨྲ་བའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་བརྡ་སྤྲོད་པ་པ་དག་ལ་ཡང་དེའི་ཚེ་མཚན་ཉིད་ཡོད་དེ། དྲང་སྲོང་རྒྱས་པ་ལ་སོགས་པ་ཁྱད་པར་ཅན་ཡིད་ཆེས་པ་དག་གིས་སྒྲ་མ་ལགས་པ་དག་སྦྱར་བ་དཔེར་ན། གཞུ་འཛིན་ཕག་ན་འདུག་པ་ནི། །གཅིག་གིས་བརྒྱ་དག་སྲུང་དུ་འཇུག །བརྒྱ་ཡིས་ཁྲི་པོ་དག་དང་ནི། །སྟོང་གིས་འབུམ་དག་སྲུང་དུ་འཇུག །ཅེས་བྱ་བ་ནི་སྲུང་བར་བྱེད་ཅེས་བརྗོད་པའི་རིགས་པ་ལས། སྲུང་དུ་འཇུག་ཅེས་བརྗོད་པ་དང༌། དེ་བཞིན་དུ། འཇིགས་བྱེད་སྡེས་ནི་བྲེད་འཁམས་ཤིང༌། །ས་བུའི་མདའ་ཡིས་སྐྲག་འགྱུར་བའི། །དམག་ཀུན་འདར་བར་བྱེད་པ་ནི། །དྲེགས་པས་མྱོས་པའི་མོ་རྣམས་བཞིན། །ཞེས་བྱ་བ་ཡང་མོ་བཞིན་ཞེས་བརྗོད་པའི་རིགས་པ་ལས་མོ་རྣམས་བཞིན་ཞེས་བརྗོད་པ་དང༌། དེ་ལྟ་བུ་ལ་སོགས་པ་གཞན་དག་ཡོད་པ་ཡང་ངེས་ན་གུས་པས་ཇི་ལྟར་གྲགས་པ་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ལྟར་དེ་དག་གི་ཚིག་དེ་ཅི་ནས་ཀྱང་སྒྲ་བཟང་པོར་འགྱུར་བ་དེ་ལྟར་རྣམ་པར་བཤད་པར་བྱའོ་ཞེས་ཟེར་བའི་ཕྱིར། འདིར་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཁྱད་པར་རྙེད་པ་ཡིད་ཆེས་པས་གསུངས་པའི་ཚིག་ལ་སྐྱོན་མེད་པར་སྒྲུབ་ཏུ་རུང་བར་བལྟ་བར་བྱའོ། །སྦྱོར་བ་རྣམ་པར་དབྱེ་བ་ལ་སོགས་པའི་རིམ་གྱིས་ཞེས་བྱ་བ་ནི་མདོའི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་དང་ཕྱེད་འོག་མ་ལྟག་འོག་བསྣོར་པས་རྣམ་པར་དབྱེ་བ་ལ་སོགས་པའི་རིམ་གྱིས་སྒྲ་མ་ལེགས་པ་དག་ཀྱང་ལེགས་པར་སྦྱར་དུ་རུང་བ་སྟེ། གལ་ཏེ་མདོའི་ཕྱེད་གོང་མའམ་ཕྱེད་འོག་མ་གཉིས་ལས་གང་ཡང་རུང་བ་བརྗོད་ན་དེས་སྒྲ་ངེས་པར་གྱུར་པར་ལྟ་ན། དེ་དེ་བཞིན་དུ་མི་ཀླག་པར་ལྟག་འོག་བསྣོར་ཏེ་བཀླག་པར་བྱ་བ་དང༌། རྩ་བ་གང་དང་གང་ལྷན་ཅིག་སྦྱར་ཏེ་བཀླགས་ན་དེས་སྒྲ་ངན་པར་གྱུར་པར་ལྟ་ན་དེ་དེ་དང་ལྷན་ཅིག་སྦྱར་ཏེ་མི་ཀླག་པར་རྩ་བ་གང་དང་གང་ལྷན་ཅིག་སྦྱར་ཏེ་བཀླགས་ན་སྒྲ་ལེགས་


DTG099_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱོར་པར་གྱུར་པ་དེ་དང་དེར་ལྷན་ཅིག་སྦྱར་ཏེ་བཀླག་པར་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །འདི་ནི་སྦྱོར་བ་རྣམ་པར་དབྱེ་བ་འདི་ལྟར་བྱ་སྟེ། འགྲོ་པོ་མི་འགྲོ་སྟེ་ཞེས་བྱ་བ་འདི་ལ་འགྲོ་ཞེས་བྱ་བའི་སྐད་ཀྱི་བྱིངས་ཀྱི་དོན་ནི་ཁོང་དུ་ཆུད་པའི་དོན་ལ་ཡང་སྙེགས་པས་ཁོ་བོ་ལ་འགྲོ་བ་པོ་མེད་པ་དེ་ལྟར་ཁྱོད་ཀྱིས་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །དེས་ན་འགྲོ་བ་བདག་གི་ཚིག་ཅན་ཉིད་དུ་འགྲུབ་པས་ཀུན་རྫོབ་ཏུ་གནོད་པ་མེད་དོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། རིམ་པ་དེས་ན་བསྟན་བཅོས་དག་ནི་འཇིག་རྟེན་ལས་གྲགས་པའི་སྒར་ངན་པ་གང་ཡིན་པ་དེ་དང་བྲལ་བར་གྲུབ་པས། ཀུན་རྫོབ་ཏུ་འགྲོ་བ་བདག་གི་ཚིག་ཅན་ཉིད་དུ་བརྗོད་ཀྱང་དོན་གཞན་དུ་དྲང་དུ་རུང་བས་གནོད་པ་མེད་དོ། །འགྲོ་པོ་མི་འགྲོ་སྟེ་ཞེས་བྱ་བ་འདི་ལ་འགྲོ་བ་པོ་ནི་བྱ་བ་དང་ལྡན་པའི་ཕྱིར་དེའི་ཆོས་ནི་བྱ་བ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་པོ་མི་འགྲོ་སྟེ་ཞེས་བྱ་བའི་སྐབས་ཀྱི་དོན་ཉིད་སྟོན་ཏེ། གང་གི་ཕྱིར་འགྲོ་བ་པོ་ནི་འགྲོ་བའི་བྱ་བ་དང་ལྡན་པ་དེའི་ཕྱིར་འགྲོ་བ་པོ་མི་འགྲོ་བ་དེའི་སྒྲུབ་པའི་ཆོས་ནི་བྱ་བ་དང་ལྡན་པ་ཉིད་ཡིན་ནོ། །དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ། དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བས་ནི་ཆོས་མཐུན་པའི་དཔེ་སྟོན་ཏེ། དེ་ལ་དཔེ་ནི་ཞེས་བྱ་བ་ནི་འགྲོ་བ་པོ་མི་འགྲོ་བའི་དཔེའོ། །དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་བསྟན་དགོས་ཏེ། ཇི་སྐད་དུ་དཔེ་གང་ལ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བས་ཁྱབ་པར་བྱེད་པ་ཡོད་པ་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །དེ་ལ་བསྒྲུབ་པར་བྱ་བ་ཆོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བ་ཆོས་ཏེ། དེ་ཡང་གང་ཞེ་ན། སྐབས་འདིར་ནི་མི་འགྲོ་སྟེ་ཞེས་བྱ་བ་ཡིན་པར་སྦྱར་རོ། །སྒྲུབ་པའི་ཆོས་ཞེས་བྱ་བ་ནི་མི་འགྲོ་སྟེ་ཞེས་བྱ་བ་སྒྲུབ་པའི་ཆོས་གཏན་ཚིགས་ཏེ། དེ་ཡང་གང་ཞེ་ན། སྐབས་འདིར་ནི་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ཡིན་པར་སྦྱར་རོ། །དེ་གཉིས་ཀྱི་དབང་གིས་ཏེ་ཞེས་བྱ་བ་ནི་ཆོས་ཅན་འགྲོ་བ་པོ་གང་ལ་བསྒྲུབ་པར་བྱ་བ་ཆོས་མི་འགྲོ་སྟེ་ཞེས་བྱ་བ་ཡོད་པའི་དབང་དང༌། སྒྲུབ་པའི་ཆོས་བྱ་བ་དང་ལྡན་པ་ཉིད་ཡོད་པའི་དབང་གིས་ཆོས་ཅན་དེའི་དཔེའི་བྱ་བ་དང་ལྡན་པ་གཞན་བསྟན་དགོས་ཏེ་ཞེས་བྱ་བའི་


DTG099_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཚིག་གོ །དེ་ལྟ་བུའི་ཆོས་ཅན་དཔེར་བསྟན་དུ་རུང་བ་དེ་ཡང་གང་ཞེ་ན། དེའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོ་དེ་ལས་གཞན་པ་སྡོད་པ་པོ་ཡིན་ནོ། །སྡོད་པ་པོ་དེ་ལ་ཡང་གཉི་ག་ལ་གྲགས་པའི་བསྒྲུབ་པར་བྱ་བ་ཆོས་མི་འགྲོ་སྟེ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ཡོད་པས་དེའི་ཕྱིར་དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ། གཉི་ག་ལ་གྲགས་པའི་ཆོས་དང་ལྡན་པའི་ཆོས་ཅན་འགྲོ་བ་པོ་དེ་ལས་གཞན་སྡོད་པ་པོ་ཡིན་པར་སྦྱར་རོ། །འདིར་སྦྱོར་བའི་ཚིག་ནི་ཞེས་བྱ་བ་ནི་འགྲོ་བ་པོ་མི་འགྲོ་སྟེ་ཞེས་སྒྲུབ་པའི་སྐབས་འདིར་རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་ལྡན་པས་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། འོག་ནས་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང་སྒྲུབ་པའི་ཆོས་དང་དཔེ་ཉེ་བར་སྦྱར་བ་རྣམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་འགྲོ་བ་པོ་མི་འགྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར་སྡོད་པ་པོ་བཞིན་ཏེ་ཞེས་བྱ་བ་ལ། འདིར་ཡང་འགྲོ་བ་པོ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། མི་འགྲོ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན། སྡོད་པ་པོ་བཞིན་ཏེ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་སྡོད་པ་པོ་ནི་བྱ་བ་དང་ལྡན་པའི་ཕྱིར་མི་འགྲོ་བ་དེ་བཞིན་དུ་འགྲོ་བ་པོ་ཡང་བྱ་བ་དང་ལྡན་པའི་ཕྱིར་མི་འགྲོའོ། །དེ་ལྟར་རེ་ཞིག་འགྲོ་བ་པོ་མི་འགྲོའོ་ཞེས་བྱ་བ་ནི་དེ་ལྟར་རེ་ཞིག་བརྟག་པ་སྔ་མ་བསྒྲུབས་པ་ཡིན་ནོ། །ད་ནི་བརྟག་པ་ཕྱི་མ་ཤོས་བསྒྲུབ་པའི་ཕྱིར་གཞན་དག་ན་རེ། འགྲོ་བ་པོ་མ་ཡིན་པ་འགྲོ་བས་ཁོ་བོ་ཅག་ལ་སྒྲུབ་པ་དེས་མི་གནོད་དོ་ཞེས་ཟེར་རོ་ཞེས་ཕྱོགས་སྔ་མ་ཉེ་པར་གཞག་པ་སྨྲས་ཏེ། འདིར་འགྲོ་བ་སྨྲ་བ་གཞན་དག་ན་རེ། གང་གི་ཕྱོགས་ལ་འགྲོ་བ་པོ་བྱ་བ་དང་ལྡན་པ་དེའི་ཕྱོགས་ལ་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བའི་གཏན་ཚིགས་དེས་འགྲོ་བ་པོ་མི་འགྲོ་བར་བཀག་ཏུ་ཟིན་ཀྱང་ཁོ་བོ་ཅག་གི་ཕྱོགས་ལ་འགྲོ་བའི་བྱ་བ་མེད་པས་འགྲོ་བ་པོ་མ་ཡིན་པ་འགྲོ་བས་ཁྱེད་ཀྱི་སྒྲུབ་པ་དེས་མི་གནོད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་བ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྲོ་བ་པོ་མ་ཡིན་


DTG099_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་འདི་ལ་ཡང་འགྲོ་བ་མེད་པར་འགོག་པར་བྱེད་དོ། །དེའི་ཕྱིར་གང་གི་ཚེ་ཐ་སྙད་དུ་འགྲོ་བ་དང་ལྡན་པར་གྲགས་པའི་འགྲོ་བ་པོ་ཡང་འགྲོ་བར་མི་འཐད་པ་དེའི་ཚེ་འགྲོ་བ་པོ་མ་ཡིན་པ་འགྲོ་བས་སྟོང་པ་ནི་མི་འགྲོ་བ་ཁོ་ན་ཡིན་ཏེ། འགྲོ་བ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། སྔར་རེ་ཞིག་འགྲོ་པོ་མི་འགྲོ་སྟེ་ཞེས་བཤད་པས་ཀུན་རྫོབ་ཀྱི་ཐ་སྙད་དུ་འགྲོ་བ་དང་ལྡན་པར་གྲགས་པའི་འགྲོ་བ་པོ་ཡང་སྡོད་པ་པོ་བཞིན་དུ་འགྲོ་བར་མི་འཐད་པ་དེའི་ཚེ། འདི་འགྲོ་བ་པོ་མ་ཡིན་པ་འགྲོ་བའི་བྱ་བས་སྟོང་པ་དོན་དམ་པར་འགྲོ་བ་གལ་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །འདི་ལ་དགག་པ་མི་མཐུན་པ་ཡང་ཡོད་དེ་དེ་བསྟན་པའི་ཕྱིར། གལ་ཏེ་འགྲོ་བ་པོ་མ་ཡིན་ན་ནི་ཇི་ལྟར་འགྲོ། འོན་ཏེ་འགྲོ་ན་ནི་འགྲོ་བ་པོ་མ་ཡིན་པ་ཞེས་བྱར་མི་རུང་ངོ་ཞེས་བྱ་བ་སྨྲས་སོ། །ཡང་ན། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་ཡང་བཟླས་པ་འདི་ནི་འགྲོ་བ་པོ་མ་ཡིན་པ་མི་འགྲོ་བར་སྒྲུབ་པའི་ཕྱོགས་ཀྱི་ཆོས་སྔར་དམ་བཅས་པ་དེའི་ཆོས་མཐུན་པའི་དཔེ་ཉེ་བར་གཞག་པ་ཡིན་པར་སྦྱར་རོ། །གལ་ཏེ་དེ་ཆོས་མཐུན་པའི་དཔེ་ཉེ་བར་གཞག་པ་ཡིན་ན་ནི་འོ་ན་དམ་བཅས་པའི་ཕྱོགས་ཉེ་བར་གཞག་པ་གང་ཡིན་ཞེ་ན། དེའི་ཕྱིར་འདི་ལ་འགྲོ་བ་དང་མི་ལྡན་པ་ཉིད་ཀྱི་འགྲོ་བ་པོ་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་ཡིན་པར་ཤེས་པར་བྱ་སྟེ། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བཤད་པ་ནི་དམ་བཅས་པའི་ཕྱོགས་ཉེ་བར་གཞག་པ་ཡིན་ལ། འདིར། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་ཀྱང་བཟླས་ཏེ། བཤད་པ་འདི་ནི་སྔར་དམ་བཅས་པའི་ཕྱོགས་ཉེ་བར་གཞག་པ་དེའི་ཆོས་མཐུན་པའི་དཔེ་ཉེ་པར་གཞག་པ་ཡིན་པར་སྦྱར་ཏེ། འདི་ལ་འགྲོ་པ་དང་མི་ལྡན་པ་ཉིད་ཀྱི་འགྲོ་བ་པོ་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་ཡིན་པར་ཤེས་པར་བྱ་སྟེ། སྔར། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་དམ་བཅས་པ་དེའི་དབང་དུ་བྱས་པའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པ་མི་འགྲོ་བར་སྒྲུབ་པའི་ཕྱོགས་འདི་ལ་སྒྲུབ་པའི་ཆོས་གང་ཞེ་ན།


DTG099_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་འགྲོ་བ་པོ་མ་ཡིན་པའི་ཆོས་ནི་འགྲོ་བ་དང་བྲལ་བ་ཉིད་ཡིན་པས་སྒྲུབ་པའི་ཆོས་མངོན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་འགྲོ་བ་པོ་མ་ཡིན་པར་མི་འགྲོ་བར་སྒྲུབ་པའི་ཆོས་ནི་འགྲོ་བ་དང་བྲལ་བ་ཉིད་ཡིན་པས་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་བར་སྒྲུབ་པའི་ཆོས་མངོན་ནོ། །འདིར་དཔེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་ཏེ། གཉི་ག་ལ་གྲགས་པའི་ཆོས་དང་ལྡན་པའི་ཆོས་ཅན་དེ་ལས་གཞན་པ་ཡིན་ནོ། །དེའི་ཕྱིར་སྦྱོར་བའི་ཚིག་ནི་དོན་དམ་པར་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་དང་བྲལ་བའི་ཕྱིར། དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ལ་འདིར་ཡང་འགྲོ་བ་པོ་མ་ཡིན་པ་ཡང་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། གྲངས་ཅན་ལ་སོགས་པས་བརྟགས་པའི་འགྲོ་བ་པོ་མ་ཡིན་པ་ལྷས་བྱིན་འགྲོ་བ་དང་བྲལ་བ་གང་ཡིན་པའོ། །ཡང་ཞེས་བྱ་བའི་སྒྲ་ནི་གྲངས་ཅན་ལ་སོགས་པས་བརྟགས་པའི་འགྲོ་བ་པོ་མ་ཡིན་པ་ལྷས་བྱིན་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། ལྷས་བྱིན་ལས་གཞན་དག་རི་ལ་སོགས་པ་འགྲོ་བ་པོ་མ་ཡིན་པ་གཞན་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་བ་དག་ཀྱང་བསྡུ་བའི་ཕྱིར་རོ། །མི་འགྲོ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ནོ། །འགྲོ་བ་དང་བྲལ་བའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ནོ། །དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ལྷས་བྱིན་འགྲོ་བ་པོ་མ་ཡིན་པ་དེ་ལས་གཞན་པ་རི་ལ་སོགས་པ་འགྲོ་བ་པོ་མ་ཡིན་པ་ནི་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་བ་དེ་བཞིན་དུ། ལྷས་བྱིན་འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་སྟེ། དེས་ན། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བ་སྔར་སྨོས་པ་ལྷས་བྱིན་ལ་ཉེ་བར་གཞག་པ་ནི་དམ་བཅས་པའི་ཕྱོགས་ཀྱི་ཆོས་ཡིན་ལ། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བ་ཕྱིས་བཟླས་པ་རི་ལ་སོགས་པ་ལ་ཉེ་བར་གཞག་པ་ནི་དམ་བཅས་པའི་ཕྱོགས་ཉེ་བར་གཞག་པ་དེའི་ཆོས་མཐུན་པའི་དཔེ་ཉེ་བར་གཞག་པ་ཡིན་པར་སྦྱར་རོ། །གཟེགས་ཟན་པའི་ཕྱོགས་དག་དང་རང་གི་སྡེ་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཟེགས་ཟན་པ་དག་དང༌། རང་གི་སྡེ་པ་དག་ནི་དངོས་པོ་རྣམས་མ་བྱུང་བ་ལས་འབྱུང་བར་འདོད་པས་དེ་དག་ན་རེ།


DTG099_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་བའི་བྱ་བ་མ་སྐྱེས་པའི་དུས་ན་འགྲོ་བ་པོ་མ་ཡིན་པ་མི་འགྲོ་བ་དེ་ཕྱིས་འགྲོ་བའི་བྱ་བ་སྐྱེས་པའི་དུས་ན་འགྲོ་བ་པོ་ཡིན་པས་འགྲོའོ་ཞེས་ཟེར་བ་དེ་དག་ལ་ཡང་སྦྱོར་བའི་ཚིག་དེ་བཞིན་དུ་བརྗོད་པར་བྱ་སྟེ། སྔར་འགྲོ་བ་པོ་མ་ཡིན་པ་ནི་ཕྱིས་ཀྱང་མི་འགྲོ་སྟེ་འགྲོ་བ་དང་བྲལ་བའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་ཅི་རིགས་པར་སྦྱར་རོ། །གྲངས་ཅན་དག་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཉེ་བར་འདོགས་པ་དག་ལ་བརྒལ་ཞིང་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་དབུ་མ་པས། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བཤད་པ་དེ་ལ་གྲངས་ཅན་དག་ན་རེ། དེ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ་ཞེས་ཟེར་བ་དག་ལ། དབུ་མ་པས་བརྒལ་ཞིང་བརྟག་པར་བྱ་བ་བསྟན་ཏོ། །གྲངས་ཅན་དག་དབུ་མ་པ་ལ་ཇི་ལྟར་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཉེ་བར་འདོགས་པར་བྱེད་ཅེ་ན། དབུ་མ་པས། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བཤད་པ་གང་ཡིན་པ་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་གྲངས་ཅན་དག་ཀྱང་འགྲོ་བ་པོ་མ་ཡིན་པ་མི་འགྲོ་བར་འདོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ལ་དབུ་མ་པས་ཇི་སྐད་དུ་བརྒལ་ཞིང་བརྟག་པར་བྱ་ཞེ་ན། དེའི་ཕྱིར་འགྲོ་བ་པོ་མ་ཡིན་པ་དེ་གང་ཡིན་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་གྲངས་ཅན་དག་ལ་ཁྱེད་འགྲོ་བ་པོ་མ་ཡིན་པ་མི་འགྲོའོ་ཞེས་ཟེར་བའི་འགྲོ་བ་པོ་མ་ཡིན་པ་དེ་གང་ཡིན་ཞེས་དྲི་བར་བྱའོ། །དེ་སྐད་ཅེས་དྲིས་པ་ན་གྲངས་ཅན་དག་འདི་སྐད་ཅེས་ག་ལ་ཏེ་འགྲོ་བ་མི་གསལ་བའོ་ཞེ་ན་ནི་ཞེས་བྱ་བ་ནི་དེ་སྐད་ཅེས་དྲིས་པ་ན། གལ་ཏེ་གྲངས་ཅན་དག་འདི་སྐད་ཅེས་འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བ་དེ་ནི་འགྲོ་བའི་བྱ་བ་མི་གསལ་བ་ཡིན་པས་དེ་མི་འགྲོ་བ་དེ་ནི་ངེད་ཀྱི་གཞུང་ལ་ཡང་གྲུབ་པས། དབུ་མ་པས་དེ་མི་འགྲོ་བར་སྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ། །ངེད་གྲངས་ཅན་དག་ནི་འགྲོ་བ་པོ་གང་ལ་འགྲོ་བའི་བྱ་བ་སྔ་ན་མི་གསལ་བ་ཕྱིས་གསལ་བར་གྱུར་བ་ན་འགྲོ་བར་འདོད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་དག་ལ་དབུ་མ་པས་འདི་སྐད་ཅེས་བརྒལ་ཞིང་བརྟག་པར་བྱ་སྟེ། རྗེས་སུ་དཔག་པའི་གནོད་པ་ཇི་སྐད་བཤད་པ་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གསལ་བ་དགག་པའི་རྗེས་སུ་དཔག་པའི་གནོད་པ་ཇི་སྐད་བཤད་པ་ཉིད་བརྗོད་པས་དེ་དགག་པར་བྱའོ། །དེ་ཡང་གང་


DTG099_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འགྲོ་བ་མི་གསལ་བ་ནི་གསལ་བར་མི་བྱེད་དེ་དཔེར་ན་མི་གསལ་བའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་གསལ་བ་དགག་པ་སྔར་ཇི་སྐད་བཤད་པ་ཉིད་བརྗོད་པར་བྱའོ། །གལ་ཏེ་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་སོ་ཞེ་ན་ནི་ཞེས་བྱ་བའི་གྲངས་ཅན་དག་རྗེས་སུ་དཔག་པའི་གནོད་པ་ཇི་སྐད་བཤད་པ་དེ་མི་འདོད་པས་གལ་ཏེ་འདི་སྐད་ཅེས་འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བ་དེ་ནི་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ཡིན་པས་དེ་མི་འགྲོ་བ་ནི་ངེད་ཀྱི་གཞུང་ལ་ཡང་གྲུབ་པས། དབུ་མ་པས་དེ་མི་འགྲོ་བར་སྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ། །ངེད་གྲངས་ཅན་པ་དག་ནི་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ན་འགྲོ་བ་པོ་མ་ཡིན་པ་ཕྱིས་འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བར་འདོད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་དག་ལ་དབུ་མ་པས་འདི་སྐད་ཅེས་བརྒལ་ཞིང་བརྟག་པར་བྱ་སྟེ། རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གིས་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ན་འགྲོ་བ་པོ་མ་ཡིན་པ་ཕྱིས་འགྲོ་བ་པོ་ཡིན་པར་གྱུར་ན། འགྲོ་བར་འདོད་དོ་ཞེས་སྨྲས་པ་དེ་ནི་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །ཇི་ལྟར་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་ཞེ་ན། དེའི་ཕྱིར་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ན་སྡོད་པ་པོ་ལ་སོགས་པའི་གཟུགས་འཆང་བ་རྣམས་ཀྱང་འགྲོ་བ་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ཀྱི་འགྲོ་བ་པོ་མ་ཡིན་པ་སྡོད་པ་པོ་དང་འདུག་པ་པོ་དང་ཉལ་བ་པོ་ལ་སོགས་པའི་གཟུགས་འཆང་བ་རྣམས་ཀྱང་འགྲོ་བ་པོ་མ་ཡིན་པའི་ཕྱིར། གལ་ཏེ་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ན་འགྲོ་བ་པོ་མ་ཡིན་པའི་ཕྱིས་འགྲོ་བ་པོ་ཡིན་པར་གྱུར་པ་ན་འགྲོ་བར་འདོད་དོ་ཞེས་ཟེར་ན། དེ་ལྟར་ན་འགྲོ་བ་པོའི་སྔོན་རོལ་གྱི་གནས་སྐབས་ན་འགྲོ་བ་པོ་མ་ཡིན་པ་སྡོད་པ་པོ་དང་འདུག་པ་པོ་དང་ཉལ་བ་པོ་ལ་སོགས་པའི་གཟུགས་འཆང་བ་རྣམས་དང་ཕྱིས་འགྲོ་བ་པོ་ཡིན་ཞིང་འགྲོ་བར་འགྱུར་བའི་སྐྱོན་དུ་འགྱུར་བས་དེས་ན་ཁྱེད་རང་གི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །གལ་ཏེ་འགྲོ་བ་པོ་མེད་པའོ་ཞེ་ན་ནི་ཞེས་བྱ་བ་ནི་གྲངས་ཅན་དག་རང་གི་རྗེས་སུ་


DTG099_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ལ་གནོད་པ་དེ་མི་འདོད་པས། གལ་ཏེ་འདི་སྐད་ཅེས་འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བ་དེ་ནི་འགྲོ་བ་པོ་མེད་པ་ཡིན་པས་དེ་མི་འགྲོ་བ་ནི་ངེད་ཀྱི་གཞུང་ལ་ཡང་གྲུབ་པས་ཞེས་བྱ་བ་དེ་ནི་དབུ་མ་པས་དེ་མི་འགྲོ་བར་སྒྲུབ་པ་ནི་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་ནོ། །ངེད་གྲངས་ཅན་པ་དག་ནི་འགྲོ་བ་པོ་མེད་པ་མ་ཡིན་ཞིང་འགྲོ་བར་འདོད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་དག་ལ་དབུ་མ་པས་འདི་སྐད་ཅེས་བརྒལ་ཞིང་བརྟག་པར་བྱ་སྟེ། ཕྱོགས་སྔ་མ་ལ་གནོད་དེ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གིས་འགྲོ་བ་པོ་མ་ཡིན་པ་ནི་འགྲོ་བ་པོ་མེད་པའོ་ཞེས་སྨྲས་པ་དེ་ནི་རང་གི་ཕྱོགས་སྔ་མ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ༌། །ཇི་ལྟར་རང་གི་ཕྱོགས་སྔ་མ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་ཞེ་ན། དེའི་ཕྱིར་འགྲོ་བ་པོ་མ་ཡིན་པའི་སྒྲས་འགྲོ་བ་པོ་མེད་པར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གི་འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བའི་སྒྲས་འགྲོ་བ་པོ་གཏན་མེད་པར་ཁས་མ་བླངས་ཏེ། འགྲོ་བའི་བྱ་བ་མ་སྐྱེས་པའི་སྔོན་རོལ་ན་ཡང་འགྲོ་བ་པོ་རྡུལ་གྱི་རང་བཞིན་དང་རྟག་ཏུ་ལྡན་པས་འགྲོ་བ་པོ་རྟག་ཏུ་ཡོད་པར་ཁས་བླངས་ལ། ད་ནི་འགྲོ་བ་པོ་མ་ཡིན་པ་ཞེས་བྱ་བ་དེ་འགྲོ་བ་པོ་མེད་པའོ་ཞེས་ཟེར་ན་དེ་ཉིད་རང་གི་ཕྱོགས་སྔ་མ་ལ་གནོད་པའི་སྐྱོན་ཆགས་པ་ཡིན་པས་དེ་མི་རུང་ངོ༌། །གཞན་དག་ན་རེ། རྣམ་གྲངས་ལས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པའི་འགྲོ་བ་ཁས་བླངས་པས་ཇི་སྐད་བཤད་པའི་སྐྱོན་ལྡོག་གོ་ཞེས་ཟེར་རོ་ཞེས་བྱ་བ་ལ་འོས་པ་པ་དག་ན་རེ། ཁོ་བོ་ཅག་གི་སྲོག་གི་རྣམ་གྲངས་ལས་ནི་འགྲོ་བ་པོའི་འགྲོ་བ་ཁས་བླངས་ལ་ལུས་ཀྱི་རྣམ་གྲངས་ལས་ནི་འགྲོ་བ་པོ་མ་ཡིན་པའི་འགྲོ་བ་ཁས་བླངས་པས་དེའི་ཕྱིར་ཁྱེད་དབུ་མ་པས། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་ཇི་སྐད་བཤད་པའི་སྐྱོན་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་ལྡོག་གོ་ཞེས་ཟེར་བ་ཡིན་ནོ། །འདི་སྐད་བསྟན་ཏེ་འོས་པ་པ་དག་ན་རེ། གང་གི་ཕྱིར་ཁོ་བོ་ཅག་སྲོག་གི་བདག་ཉིད་གཡོ་བ་དང་འགྲོ་བ་ཅན་གྱི་རྣམ་གྲངས་དེ་འགྲོ་བ་པོ་ཉིད་དུ་ཁས་ལེན་པ་དེའི་ཕྱིར། ཁྱེད་དབུ་མ་པས་འགྲོ་བ་པོ་མ་ཡིན་པ་མི་འགྲོའོ་ཞེས་ཇི་སྐད་བཤད་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་ལ། གང་གི་ཕྱིར་ཁོ་བོ་ཅག་ལུས་ཀྱི་བདག་ཉིད་གཡོ་བ་དང་འགྲོ་བ་མེད་པའི་རྣམ་གྲངས་


DTG099_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འགྲོ་བ་པོ་མ་ཡིན་པ་ཉིད་དུ་ཁས་ལེན་པ་དེའི་ཕྱིར་ཁྱེད་དབུ་མ་པས་འགྲོ་བ་པོ་མི་འགྲོའོ་ཞེས་ཇི་སྐད་བཤད་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། སློབ་དཔེན་གྱིས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཆོལ་བའི་རང་བཞིན་གཞན་ནི་འགྲོ་བའི་བྱ་བ་དང་མི་ལྡན་ཞིང་མེད་པ་ཉིད་ཀྱིས་བཤད་པ། འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་གྱིས་དེ་ལྟ་བུ་མེད་པ་ཉིད་ཀྱིས་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཆོལ་བའི་རང་བཞིན་ཞེས་བྱ་བ་ནི་གང་ལ་འགྲོ་བ་པོ་ཉིད་དང་འགྲོ་བ་པོ་མ་ཡིན་པ་ཉིད་འཆོལ་ཞིང་འདྲེས་པར་གྱུར་པའི་རང་བཞིན་ཡོད་པ་དེ་ནི་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཆོལ་བའི་རང་བཞིན་ཞེས་བྱའོ། །ཡང་ན་འགྲོ་བ་པོ་ཉིད་དང་འགྲོ་བ་པོ་མ་ཡིན་པ་ཉིད་ལས་འཆོལ་ཞིང་ཐ་དད་པར་གྱུར་པའི་རང་བཞིན་ཡོད་པ་དེ་ནི་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཆོལ་བའི་རང་བཞིན་ཞེས་བྱའོ། །གཞན་ནི་འགྲོ་བའི་བྱ་བ་དང་མི་ལྡན་ཞིང་ཞེས་བྱ་བ་ནི་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཆོལ་བའི་རང་བཞིན་གཞན་དེ་ལྟ་བུ་ནི་འགྲོ་བའི་བྱ་བ་དང་མི་ལྡན་པ་ཉིད་ཡིན་པས། གཞན་ནི་འགྲོ་བའི་བྱ་བ་དང་མི་ལྡན་ཞིང་ཞེས་བཤད་དོ། །མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུ་དེ་ཡོད་པ་ཡང་མ་ཡིན་པ་ཉིད་ཀྱིས་སོ། །བཤད་པ་ཞེས་བྱ་བ་ནི་སློབ་དཔོན་གྱིས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་འཚོར་བའི་རང་བཞིན་གཞན་དེ་ལྟ་བུ་ན་འགྲོ་བའི་བྱ་བ་དང་མེ་ལྡན་ཞིང་གཏན་མེད་པ་ཉིད་ཀྱིས་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་བཤད་པ་ཡིན་ནོ་ཞེས་སྦྱར་རོ། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །ཞེས་བྱ་བ་ནི་འགྲོ་བ་པོ་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་དེ་གཉི་ག་འཆོལ་ཞིང་འདྲེས་པར་གྱུར་པའི་རང་བཞིན་གསུམ་པ་གཞན་ནི་འགའ་ཡང་མེད་པས་དེ་ལྟ་བུ་གང་ཞིག་འགྲོ་བར་འགྱུར་ཏེ་མི་འགྱུར་རོ། །ཡང་ན་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་དེ་གཉི་ག་ལས་འཆོལ་ཞིང་ཐ་དད་པར་གྱུར་པའི་རང་བཞིན་གསུམ་པ་


DTG099_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་འགའ་ཡང་མེད་པས་དེ་ལྟ་བུ་གང་ཞིག་འགྲོ་བར་འགྱུར་ཏེ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་ཉིད་བསྟན་པའི་ཕྱིར། དེ་ལྟ་བུ་དེ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་ཏེ་ཞེས་བྱ་བ་སྨྲས་ཏེ། གཉི་ག་འཆོལ་ཞིང་འདྲེས་པར་གྱུར་པའི་རང་བཞིན་དང་གཉི་ག་ལས་འཆོལ་ཞིང་ཐ་དད་པར་གྱུར་པའི་རང་བཞིན་གསུམ་པ་གཞན་དེ་ལྟ་བུ་དེ་ནི་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །ཅིའི་ཕྱིར་དེ་ལྟར་དགོངས་ཤེ་ན། དེའི་ཕྱིར་འགྲོ་བ་པོ་ཡིན་པར་ཡང་འགྱུར་ལ། འགྲོ་བ་པོ་མ་ཡིན་པར་ཡང་འགྱུར་བ་དེ་ནི་བསྟན་པར་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འོས་པ་པ་དག་གི་རྣམ་གྲངས་ཀྱི་ཚུལ་ཐམ་ལག་དེ་ནི་བསྒྲུབ་པར་དཀའ་བའི་ཕྱིར་རོ། །དེ་བསྒྲུབ་པར་དཀའ་བས་འོས་པ་བདག་གིས་རྣམ་པ་གཉིས་སུ་སྨྲ་བ་དག་གི་ཚུལ་ཡོངས་སུ་གཟུང་བར་བྱ་དགོས་པར་བསྟན་པའི་ཕྱིར། འདི་ལ་རྣམ་གྲངས་ཀྱི་ཚུལ་གྱི་ཐམ་ལག་དག་གིས་དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་བས་གདོན་མི་ཟ་བར་འགའ་ཞིག་ལ་ལྟོས་ནས་འགྲོ་བ་པོར་འགྱུར་ལ། འགའ་ཞིག་ལ་ལྟོས་ནས་འགྲོ་བ་པོ་མ་ཡིན་པར་འགྱུར་རོ་ཞེས་རྣམ་པ་གཉིས་སུ་སྨྲ་བ་ཡོངས་སུ་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་རྣམ་པ་གཉིས་སུ་སྨ་བ་ཡོངས་སུ་བཟུང་ན་དེའི་ཚེ་དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་དེའི་ཚེ་ཡང་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་བའི་ཕྱོགས་སུ་བསྟན་པའི་རྗེས་སུ་དཔག་པའི་གནོད་པར་འགྱུར་བས་འདོད་པའི་དོན་མི་འགྲུབ་པོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ་སྲོག་གི་རྣམ་གྲངས་ཀྱི་གནས་སྐབས་ཀྱི་འགྲོ་བ་པོ་མིའི་གྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར་སྡོད་པ་པོ་བཞིན་ནོ། །ལུས་ཀྱི་རྣམ་གྲངས་ཀྱི་གནས་སྐབས་ཀྱི་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་དང་བྲལ་བའི་ཕྱིར་དེ་ལས་གཞན་པ་བཞིན་ནོ། །དེས་ན་འོས་པ་པ་དག་གིས་འདོད་པའི་དོན་རྣམ་གྲངས་ལས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པའི་འགྲོ་བ་ཁས་བླངས་པས། ཇི་སྐད་བཤད་པའི་སྐྱོན་ལྡོག་གོ་ཞེས་ཟེར་བ་དེ་ནི་མི་འགྲུབ་པོ། །ཅི་སྟེ་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་དབུ་མ་པས་འགྲོ་བ་སྨྲ་བ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་འགྲོ་བ་སྨྲ་བ་འདི་སྐད་ཅེས་དབུ་མ་པས་སྔར།


DTG099_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་དེ་སྒྲུབ་པའི་སྐབས་སུ་དོན་དམ་པར་འགྲོ་བ་པོ་མི་འགྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར་སྡོད་པ་པོ་བཞིན་ཏེ་ཞེས་སྦྱོར་བའི་ཚིག་སྨྲས་བ་ཧེའི་གཏན་ཚིགས་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཁྱབ་ན་གཏན་ཚིགས་ཀྱི་དོན་གྲུབ་པ་ཡིན་པས། ཁྱེད་དབུ་མ་པས། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་སྒྲུབ་པའི་མཐུན་པའི་ཕྱོགས་ནི་སྡོད་པ་པོ་དང་མོ་གཤམ་གྱི་བུ་ལ་སོགས་པ་མི་འགྲོ་བ་དག་ཡིན་ན། ཁྱེད་ཀྱི་གཏན་ཚིགས་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་དེ་མཐུན་པའི་ཕྱོགས་སྡོད་པ་པོ་ལ་ཡོད་དུ་ཟིན་ཀྱང༌། མོ་གཤམ་གྱི་བུ་ལ་སོགས་པ་དག་ལ་མེད་པས་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྲོ་བ་སྨྲ་བ་དག་ན་རེ། བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེ་ནི་བཟང་པོ་མ་ཡིན་ནོ། །ཅིའི་ཕྱིར་བཟང་པོ་མ་ཡིན་ཞེ་ན། དེའི་ཕྱིར་བྱ་བ་དང་ལྡན་པ་ཉིད་ནི་མི་འགྲོ་བ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བླུན་པོ་འགའ་ཞིག་གིས་གང་དང་གང་འགྲོ་བ་མེད་པ་དེ་དང་དེ་ཐམས་ཅད་བྱ་བ་དང་ལྡན་པ་ཉིད་དོ་ཞེས་ངེས་པར་གཟུང་བ་བྱས་ན་ནི་དེའི་ཚེ་འགྲོ་བ་པོ་བྱ་བ་དང་ལྡན་པ་ཉིད་མི་འགྲོ་སྟེ་ཞེས་སྒྲུབ་པའི་མཐུན་པའི་ཕྱོགས་སྡོད་པ་པོ་དང་མོ་གཤམ་གྱི་བུ་ལ་སོགས་པ་མི་འགྲོ་བ་ཐམས་ཅད་ལ་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བས་ཁྱབ་པར་བྱ་དགོས་པ་ལས་སྡོད་པ་པོ་ལ་བྱ་བ་དང་ལྡན་པ་ཉིད་ཡོད་ཀྱང་མོ་གཤམ་གྱི་བུ་ལ་སོགས་པ་ལ་བྱ་བ་དང་ལྡན་པ་ཉིད་མེད་པས་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་ཡང་འགྱུར་བ་ཞིག་ན། ཁོ་བོས་ནི་གང་དང་གང་བྱ་བ་དང་ལྡན་པ་ཉིད་ཡིན་པ་དེ་དང་དེ་ཐམས་ཅད་མི་འགྲོ་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་བྱ་བས། དེས་ན་འགྲོ་བ་པོ་བྱ་བ་དང་ལྡན་པ་ཉིད་མི་འགྲོ་བར་སྒྲུབ་པའི་མཐུན་པའི་ཕྱོགས་སྡོད་པ་པོ་


DTG099_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱ་བ་དང་ལྡན་པ་ཉིད་ཡིན་པས་དེ་ཡང་མི་འགྲོའོ་ཞེས་བསྒྲུབས་པའི་ཚེ་མཐུན་པའི་ཕྱོགས་མོ་གཤམ་གྱི་བུ་ལ་སོགས་པ་བྱ་བ་དང་ལྡན་པ་ཉིད་ཀྱིས་ཁྱབ་པ་མ་ཡིན་དུ་ཟིན་ཀྱང༌། བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ཕྱོགས་ཀྱི་ཆོས་དེ་གཏན་ཚིགས་ཉིད་དུ་རུང་བའི་ཕྱིར་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ནོ། །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར་དཔེར་ན་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་མི་རྟག་པ་ཁོ་ན་ཞེས་ངེས་པར་གཟུང་པས་ཁྱབ་པ་མ་ཡིན་ཡང་ཕྱོགས་ཀྱི་ཆོས་གཏན་ཚིགས་ཉིད་དུ་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་གལ་ཏེ་བླུན་པོ་འགའ་ཞིག་གིས་གང་དང་གང་མི་རྟག་པ་དེ་དང་དེ་ཐམས་ཅད་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དོ་ཞེས་ངེས་པར་གཟུང་བ་བྱས་ན་ནི། དེའི་ཆོ་སྒྲ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་མི་རྟག་པར་སྒྲུབ་པའི་མཐུན་པའི་ཕྱོགས་བུམ་པ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་མི་རྟག་པ་ཐམས་ཅད་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཅེས་བྱ་བས་ཁྱབ་པར་བྱ་དགོས་པ་ལ་བུམ་པ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཡོད་ཀྱང༌། གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་མེད་པས་མཐུན་པའི་ཕྱོགས་ཐམས་ཅད་ལ་མ་ཁྱབ་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུའང་འགྱུར་བ་ཞིག་ན། རྟོག་གེ་པ་མཁས་པས་ནི་གང་དང་གང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཡིན་པ་དེ་དང་དེ་ཐམས་ཅད་ནི་མི་རྟག་པ་ཁོ་ནའོ་ཞེས་ངེས་པར་གཟུང་བ་བྱ་བས། དེས་ན་སྒྲ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་མི་རྟག་པར་སྒྲུབ་པའི་མཐུན་པའི་ཕྱོགས་བུམ་པ་ཡང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཡིན་པས་དེ་ཡང་མི་རྟག་གོ་ཞེས་སྒྲུབ་པའི་ཚེ། མཐུན་པའི་ཕྱོགས་ནམ་མཁའ་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཀྱིས་ཁྱབ་པ་མ་ཡིན་དུ་ཟིན་ཀྱང་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཅེས་བྱ་བ་ཕྱོགས་ཀྱི་ཆོས་དེ་གཏན་ཚིགས་ཉིད་དུ་འདོད་པ་དང་འདྲ་བས་ཁོ་བོའི་གཏན་ཚིགས་བྱ་བ་དང་ལྡན་པ་ཉིད་ཀྱང་དེ་དང་འདྲ་བས་ཁྱེད་ཀྱི་ཀླན་ཀ་དེ་བཟང་པོ་མ་ཡིན་ནོ། །མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། བྱ་བ་དང་ལྡན་པ་ཉིད་ལ་ཡང་འགྲོ་བ་དགག་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་མི་རྟག་པ་ཁོ་ནའོ་ཞེས་ངེས་པར་གཟུང་བས་ཁྱབ་པ་མ་ཡིན་ཡང་


DTG099_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆོས་གཏན་ཚིགས་ཉིད་དུ་འདོད་པ་དང་འདྲ་བར་འདིར་ཡང་བྱ་བ་དང་ལྡན་པ་ཉིད་མི་འགྲོ་བ་ཁོ་ནའོ་ཞེས་ངེས་པར་གཟུང་པས་ཁྱབ་པ་མ་ཡིན་ཡང་ཕྱོགས་ཀྱི་ཆོས་གཏན་ཚིགས་ཉིད་དུ་རུང་པའི་ཕྱིར། ཁོ་བོའི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བ་དེ་མ་གྲུབ་པ་ཉིད་མ་ཡིན་ནོ། །འདིས་འགྲོ་བ་དང་བྲལ་བ་ཉིད་གཏན་ཚིགས་ཡིན་པར་ཡང་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་པས་འགྲོ་བ་སྨྲ་བ་དག་ལ་གོ་བར་བྱ་བའི་ཚིག་ཡིན་ཏེ། ཅི་སྟེ་འགྲོ་བ་སྨྲ་བ་དག་འདི་སྐད་ཅེས་དབུ་མ་པས་སྔར། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་བྱ་བ་དེ་སྒྲུབ་པའི་སྐབས་སུ་དོན་དམ་པར་འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་དང་བྲལ་བའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་སྦྱོར་བའི་ཚིག་སྨྲས་པ་དེའི་གཏན་ཚིགས་འགྲོ་བ་དང་བྲལ་བ་ཉིད་ཅེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཁྱབ་ན་གཏན་ཚིགས་ཀྱི་དོན་གྲུབ་པ་ཡིན་པས། ཁྱེད་དབུ་མ་པས། འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་སྒྲུབ་པའི་མཐུན་པའི་ཕྱོགས་ནི་རི་དང་མོ་གཤམ་གྱི་བུ་ལ་སོགས་པ་མི་འགྲོ་བ་དག་ཡིན་ན། ཁྱེད་ཀྱི་གཏན་ཚིགས་འགྲོ་བ་དང་བྲལ་བ་ཉིད་ཅེས་བྱ་བ་དེ་མཐུན་པའི་ཕྱོགས་རི་ལ་ཡོད་དུ་ཟིན་ཀྱང༌། མོ་གཤམ་གྱི་བུ་ལ་སོགས་པ་དག་ལ་མེད་པས་མཐུན་པའི་ཕྱོགས་ལ་ཁྱབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་ན། དེ་ལ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིས་འགྲོ་བ་དང་བྲལ་བ་ཉིད་གཏན་ཚིགས་ཡིན་པར་ཡང་ལན་བཏབ་པ་ཡིན་ནོ་ཞེས་གོ་བར་བྱས་ཏེ་བྱ་བ་དང་ལྡན་པ་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བཤད་པའི་རིགས་པ་སྔར་བསྟན་པ་འདིས་འགྲོ་བ་དང་བྲལ་བ་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བ་དེའི་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། འགྲོ་བ་དང་བྲལ་བ་ཉིད་ནི་མི་འགྲོ་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་དེའི་ཕྱིར་ཏེ་དཔེར་ན་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ནི་མི་རྟག་པ་ཁོ་ནའོ་ཞེས་ངེས་པར་གཟུང་བས་ཁྱབ་པ་མ་ཡིན་ཡང་ཕྱོགས་ཀྱི་ཆོས་གཏན་


DTG099_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཉིད་དུ་འདོད་པའི་ཕྱིར་རོ། །འགྲོ་བ་དང་བྲལ་བ་ཉིད་ལ་ཡང་འགྲོ་བ་དགག་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་སྟེ་སྡོད་པ་པོ་ནི་འགྲོ་བ་པོ་མ་ཡིན་པར་ཡང་འགྱུར་ལ། འགྲོ་བ་པོར་ཡང་འགྱུར་བས་སྡོད་པ་པོ་ཁས་བླངས་པས་དཔེ་མེད་དེ། བསྒྲུབ་པར་བྱ་བ་ཆོས་ཀྱི་ཕྱོགས་གཅིག་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་དབུ་མ་པས་འགྲོ་བ་སྨྲ་བ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ། ཅི་སྟེ་འགྲོ་བ་སྨྲ་བ་དག་འདི་སྐད་ཅེས་དབུ་མ་པས་སྔར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་དེ་སྒྲུབ་པའི་སྐབས་སུ་དོན་དམ་པར་འགྲོ་བ་པོ་ནི་མི་འགྲོ་སྟེ། བྱ་བ་དང་ལྡན་པའི་ཕྱིར་སྡོད་པ་པོ་བཞིན་ཏེ་ཞེས་སྦྱོར་བའི་ཚིག་སྨྲས་པ། དེའི་དཔེ་སྡོད་པ་པོ་ལས་བླངས་པ་ནི་དཔེ་མ་གྲུབ་པ་ཉིད་དེ་འདི་ལྟར་སྡོད་པ་པོ་ནི་དུས་ཐམས་ཅད་སྡོད་པ་པོ་ཉིད་དུ་ངེས་པ་མ་ཡིན་ཏེ། གང་གི་ཚེ་ཇི་སྲིད་དུ་སྡོད་པ་པོའི་གནས་སྐབས་ལས་ལངས་ཏེ་འགྲོ་བར་མི་འགྱུར་བ་དེ་སྲིད་དུ་ནི་འགྲོ་བ་པོ་མ་ཡིན་ཞིང་སྡོད་པ་པོར་འགྱུར་ལ། གང་གི་ཚེ་སྡོད་པ་པོའི་གནས་སྐབས་ལས་ལངས་ཏེ། འགྲོ་བར་འགྱུར་བ་དེའི་ཚེ་ན་ནི་སྡོད་པ་པོ་མ་ཡིན་ཞིང་འགྲོ་བ་པོར་ཡང་འགྱུར་བས། སྡོད་པ་པོ་དེ་ལྟ་བུ་དེ་ཁྱེད་ཀྱི་དཔེ་ཉིད་དུ་ཁས་བླངས་པས་དཔེ་མེད་དེ། དེ་ལ་སྡོད་ཅིང་མི་འགྲོ་བ་ཡོད་ཀྱང་ལྡན་ཞིང་འགྲོ་བ་ཡང་ཡོད་པས་བསྒྲུབ་པར་བྱ་བ་ཆོས་མི་འགྲོ་བ་ཞེས་བྱ་བའི་ཕྱོགས་གཅིག་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཆ་གཉི་ག་ལ་གྲགས་པས་སྡོད་པ་པོ་དཔེ་རུང་བའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོའི་བསྒྲུབ་པར་བྱ་བ་ནི་མི་འགྲོ་བ་ཡིན་ལ། སྡོད་པ་པོ་དེ་ཇི་སྲིད་དུ་ལངས་ཏེ་མི་འགྲོ་བ་དེ་སྲིད་དུ་དེ་ལ་མི་འགྲོ་བའི་ཆ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡོད་པས། དེས་ན་སྡོད་པ་པོ་དེ་སྲིད་དུ་ལངས་ཏེ་མི་འགྲོ་བ་དེ་སྲིད་དུ་དཔེ་རུང་བའི་ཕྱིར་ཁོ་བོའི་དཔེ་མི་འགྲུབ་པའི་སྐྱོན་མེད་དོ། །འདི་སྐད་བསྟན་ཏེ་གལ་ཏེ་ཁྱེད་ན་རེ། སྡོད་པ་པོ་དེ་ནམ་ཞིག་ན་ལངས་ཏེ་འགྲོ་བར་འགྱུར་བས་མི་འགྲོ་བའི་དཔེ་མི་རུང་ངོ་ཞེས་ཟེར་ན། འོ་ན་ལྟ་ཁོ་བོས་ཀྱང་ཁྱེད་ལ་སྡོད་པ་པོ་དེ་སྲིད་དུ་ལངས་ཏེ་འགྲོ་བར་མི་འགྱུར་བ་དེ་སྲིད་དུ་དེ་ལ་འགྲོ་བ་པོ་མེད་དོ་ཞེས་བརྒལ་ཞིང་བརྟག་པར་


DTG099_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱར་རུང་བས་དེས་ན་ཁོ་བོས་སྡོད་པ་པོ་དེ་གང་གི་ཚེ་ལངས་ཏེ་འགྲོ་བའི་དཔེར་མ་བྱས་ཀྱི། དེས་ཇི་སྲིད་དུ་སྡོད་ཅིང་མི་འགྲོ་བ་དེ་ཉིད་དཔེར་བྱས་པས་ཁོ་བོའི་དཔེ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། དེའི་ཕྱིར་གལ་ཏེ་དེ་ལྟ་ན་འདི་ལ་འགྲོ་ཞེས་བྱ་བའི་ཐ་སྙད་འགའ་ཡང་མི་འཐད་པས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེས་ན་དེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དཔེ་ཡང་མེད་དེ་བསྒྲུབ་པར་བྱ་བ་ཆོས་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་རིགས་པ་དེས་ན་སྔར་འགྲོ་བ་སྨྲ་བ་དག་གིས་སྨྲས་པ། འོ་ན་འགྲོ་བ་གྲུབ་པར་བྱ་བའི་རྗེས་སུ་དཔག་པ་གཞན་འདི་ཉོན་ཅིག །འགྲོ་བ་ཡོད་པ་ཁོ་ནར་ངེས་ཏེ་དེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །འདི་ན་གང་ཡང་མེད་པ་ལ་ནི་དེས་དེ་དང་ལྡན་པ་མི་སྟོན་ཏེ། དཔེར་ན་རི་བོང་གི་རྭ་ཅན་ཞེས་མི་སྟོན་པ་བཞིན་ནོ། །ལྷས་བྱིན་འགྲོའོ་ཞེས་འགྲོ་བས་དེ་དང་ལྡན་པའི་ཐ་སྙད་འདི་ཡོད་པས་དེས་ན་འགྲོ་བ་ཡོད་པའི་ཕྱིར་བསམས་པའི་དོན་འགྲུབ་པོ་ཞེས་ཟེར་བའི་གཏན་ཚིགས་དང་དཔེ་མ་གྲུབ་པས་བསམས་པའི་དོན་མི་འགྲུབ་པོ། །གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་ཀུན་རྫོབ་ཏུ་འགྲོ་བ་པོ་སྡོད་པ་པོ་ལ་འགྲོ་བ་མེད་པས་ཁྱབ་པ་དེ་ལ་ཁྱོད་མི་འགྲོ་བར་སྒྲུབ་ན་ནི། དེས་ན་ཁྱོད་ཉིད་འགྲོ་བ་ཡོད་པར་སྒྲུབ་པ་དང་འགལ་བ་ཉིད་ཡིན་ནོ། །འདིར་སྨྲས་པ། འགྲོ་བ་པོ་འགྲོའོ་ཞེས་བརྗོད་པ་མ་མཐོང་སྟེ། མཐོང་བ་ལས་ཆེས་ལྷག་པ་གཞན་མེད་པས་གཏན་ཚིགས་ལ་སོགས་པ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་སྨྲ་བ་དག་ན་རེ། འཇིག་རྟེན་ན་འགྲོ་བ་པོ་འགྲོའོ་ཞེས་བརྗོད་པ་མཐོང་སྟེ། མཐོང་བ་ནི་མངོན་སུམ་གྱི་ཚད་མ་ཡིན་པས་དེ་ལས་ཆེས་ལྷག་པའི་ཚད་མ་གཞན་མེད་པས་དེའི་ཕྱིར་ཁོ་བོ་ཅག་གི་གཏན་ཚིགས་དང་དཔེ་མ་གྲུབ་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ་བདེན་མོད་ཀྱི་དེ་ནི་ཐ་སྙད་དུ་གཏོགས་པའི་བློ་གྲོས་ཀྱིས་མཐོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཉིད་དོན་དམ་པར་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་ཐ་སྙད་དུ་གཏོགས་པའི་བློ་གྲོས་ཀྱིས་


DTG099_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་འདི་ཉིད་དོན་དམ་པར་བརྟག་པར་བྱ་སྟེ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་བརྟག་པར་བྱ་ཞེ་ན། ཅི་མཐོང་བ་དེ་ཇི་ལྟར་མཐོང་བ་དེ་བཞིན་ནམ། འོན་ཏེ་གཞན་ཞིག་ཡིན་ཞེས་གལ་གཉིས་སུ་བརྟག་པར་བྱའོ། །དེ་ལ་རེ་ཞིག་དེ་བཞིན་ནོ་ཞེ་ན་ནི་ཤེས་པར་བྱར་མི་ནུས་ཏེ་ཞེས་བྱ་བས་ནི་བརྟག་པ་དང་པོ་ལྟར་མི་འཐད་པར་སྟོན་ཏོ། །ཇི་ལྟ་ཞེ་ན། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །མི་འཐད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བ་ནི། ཐ་སྙད་དུ་གཏོགས་པའི་བློ་གྲོས་ཀྱིས་འགྲོ་བ་པོ་འགྲོའོ་ཞེས་བརྗོད་པ་མཐོང་བ་དེ་ནི་ཇི་ལྟར་མཐོང་བ་དེ་བཞིན་མ་ཡིན་པས་འགྲོ་བ་པོ་འགྲོའོ་ཞེས་བྱ་བ་མི་འཐད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་གཡུལ་ངོར་འབྲོས་པ་ལ་གཞོལ་པ་ཇི་ལྟར་དཔའ་བོ་ཡིན་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་མི་འཐད་པའི་དཔེ་སྟེ། དཔེར་ན་གཡུལ་ངོར་ཞུགས་པ་ན་སྔར་མ་བྲོས་པ་ལ་སྐྱབས་འཚོལ་བ་ཇི་ལྟར་དཔའ་བོ་ཉིད་དུ་འཐད་པར་འགྱུར་ཏེ་མི་འཐད་པ་ཉིད་དོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང༌། འགྲོ་བ་མེད་ན་འགྲོ་བ་པོ་འགྲོའོ་ཞེས་བྱ་བར་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འཐད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཇི་ལྟར་མི་འཐད་ཅེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ། འགྲོ་བ་པོ་ཇི་ལྟར་མི་འཐད་ཅེས་དྲི་བ་ཡིན་ནོ། །དེའི་ལན་དུ་དེ་སྟོན་པར་བྱེད་པའི། འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོ་དེ་སྟོན་པར་བྱེད་པ་ནི་འགྲོ་བ་པོ་ཡིན་ལ། འགྲོ་བ་པོ་དེ་སྟོན་པར་བྱེད་པའི་འགྲོ་བ་མེད་ན་འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་རོ། །འགྲོ་བ་ཇི་ལྟར་མེད་པ་དེ་ལྟར་ནི་དང་པོ་ཁོ་ནར། རེ་ཞིག་སོང་ལ་འགྲོ་མེད་དེ། །ཞེས་བྱ་བ་ལ་སོགས་པ་དང༌། འགྲོ་བ་དང་སྐྱེ་བ་དགག་པ་དེ་ལྟར་བསྟན་ཟིན་ཏོ་ཞེས་བྱ་བ་ནི་འགྲོ་བ་ཇི་ལྟར་མེད་པ་དེ་ལྟར་ནི་སྔར། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བལཱང་འགྲོ་བ་མེད། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་འགྲོ་བ་དགག་པའི་སྐབས་དང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པས་འགྲོ་བ་སྐྱེ་བ་བཀག་པའི་


DTG099_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེར་བསྟན་ཟིན་ཏོ། །ཡང་ན། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་ནི་དམ་བཅས་པ་ཉེ་བར་གཞག་པ་ཡིན་ལ། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་ནི་དེ་སྟོན་པར་བྱ་བ་ཡིན་ཏེ། ཇི་སྐད་བཤད་པ་བཞིན་དུ་རྣམ་པར་བཤད་པར་བྱའོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། སྔར། རེ་ཞིག་འགྲོ་བོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །ཞེས་དམ་བཅས་པ་ཉིད་བཤད་པ་གང་ཡིན་པ་དེ་ལས། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བྱ་བ་དམ་བཅས་པ་དང་པོ་ཤོས་ཏེ། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་རྩ་བ་བཞི་པོ་འདིས་སྟོན་པར་བྱེད་པ་ཡིན་ཏེ། གང་གི་ཚེ་སོང་བ་དང་མ་སོང་བ་དང་བགོམ་པ་དག་ལ་འགྲོ་བ་མེད་པ་དང་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་དག་ལས་འགྲོ་བ་སྐྱེ་བ་མེད་པ་དེའི་ཚེ། འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བཤད་པ་ན། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །དེ་འགྲོ་བ་མེད་པས་འགྲོ་བ་པོ་ཉིད་དུ་མི་འགྲུབ་པོ་ཞེས་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་འགྲོ་བ་མེད་བཞིན་དུ་འགྲོ་བ་པོ་ཡང་དག་པ་མ་ཡིན་ཡང་སྒྲོ་བཏགས་ནས་འགྲོ་བ་པོ་འགྲོའོ་ཞེ་ན་ཞེས་བྱ་བ་ནི་རིགས་པ་སྔ་མས་འགྲོ་བ་མེད་པར་བསྟན་པ་དེའི་ཕྱིར། དེ་ལྟར་དོན་དམ་པར་འགྲོ་བ་མེད་པ་བཞིན་དུ། འདིར་གལ་ཏེ་འགྲོ་བ་སྨྲ་བ་དག་གིས་ངོ་ཚ་བོར་ནས། འགྲོ་བ་པོ་ལྷས་བྱིན་ལ་འགྲོ་བ་མེད་ཅིང་ཡང་དག་པ་མ་ཡིན་པས་འགྲོ་བ་ཡོད་པར་སྒྲོ་བཏགས་ནས་འགྲོ་བ་པོ་འགྲོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་འདིར་བསྟན་བཅོས་མཛད་པ་ཉིད་ཀྱིས། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་བ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ནི་སྨྲ་བ་གང་གིས་གྲུབ་པའི་མཐའི་ཕྱོགས་ལ་འགྲོ་བ་པོ་འགྲོ་བར་འདོད་པ་དེའི་ཕྱོགས་ལ་ནི་འགྲོ་བ་དང་གཡོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་འགྲོ་བ་པོ་འགྲོ་བར་འདོད་


DTG099_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་དག་འགྲོ་བ་མེད་པའི་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར། འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་རོ། །དོན་དེ་ཉིད་བསྟན་པའི་ཕྱིར་འདི་ལྟར། འགྲོ་བ་མེད་ན་འགྲོ་བ་པོ་ལ་འགྲོ་བ་དེ་དང་ལྡན་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དོན་དམ་པར་འགྲོ་བ་མེད་བཞིན་དུ་ངོ་ཚ་བོར་ནས་འགྲོ་བ་པོ་ལ་འགྲོ་བ་ཡང་དག་པ་མ་ཡིན་ཡང་སྒྲོ་བཏགས་ནས་འགྲོ་བ་པོ་འགྲོའོ་ཞེས་ཟེར་བས། དེ་ལྟར་འགྲོ་བ་མེད་ན་འགྲོ་བ་པོ་ལ་འགྲོ་བ་དེ་དང་ལྡན་པ་མེད་པའི་ཕྱིར། འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་སློབ་དཔོན་གྱིས་དགོངས་སོ། །ཡང་ན་འགྲོ་བ་གཅིག་པུ་ཞིག་ཡོད་པ་དེ་ནི་འགྲོའོ་ཞེས་བྱ་བ་དེ་ལ་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་ན། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེས་སྨྲ་བ་གང་གི་ཕྱོགས་ལ་འགྲོ་པ་པོ་འགྲོ་བར་འདོད་པ་དེ་ལ་འགྲོ་བ་མེད་པ་ནི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་དེ་ནི་རྣམ་པ་གཞན་དུ་འདི་ལྟར་ཡང་བཤད་པར་བྱ་སྟེ། འགྲོ་བའི་བྱ་བ་གཅིག་བུ་ཞིག་ཡོད་པ་དེ་ནི་འགྲོའོ་ཞེས་བྱ་བ་དེ་ལ་ཉེ་བར་སྦྱར་ཞིང་དེར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འགྲོ་བ་པོ་ལ་འགྲོ་བའི་བྱ་བ་མེད་པས་འགྲོ་བ་མེད་པའི་ཕྱིར། འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ།། །།བམ་པོ་ཉི་ཤུ་ལྔ་པ། ཇི་སྟེ་སྐྱོན་དེ་ཡོངས་སུ་སྤང་བར་འདོད་པས་འགྲོ་བ་པོ་དོན་དམ་པ་པའི་འགྲོ་བ་དང་ལྡན་པ་འདོད་ན་ཞེས་བྱ་བ་ནི་ཅི་སྟེ་འགྲོ་བ་མཐའ་དག་དབུ་མ་པས། འགྲོ་བ་མེད་ན་འགྲོ་བ་པོ་ཉིད་དུ་མི་རུང་བ་དང༌། འགྲོ་བ་པོ་ཉིད་མ་ཡིན་ན། །འགྲོའི་ཞེས་ཐ་སྙད་གདགས་སུ་མི་རུང་ངོ་ཞེས་སྐྱོན་བརྗོད་པ་དེ་ཡོངས་སུ་སྤང་བར་འདོད་པས། འདི་སྐད་ཅེས་འགྲོ་བ་པོ་ནི་དོན་དམ་པ་པའི་འགྲོ་བ་གཡོ་བའི་མཚན་ཉིད་གང་ཡིན་པ་དེ་དང་ལྡན་པས་འགྲོ་བ་པོ་ཉིད་དུ་འགྱུར་བས་དེས་ན་འགྲོ་བ་པོ་ཉིད་ཀྱང་འགྲུབ་ལ། །དེ་གྲུབ་ན་འགྲོ་བ་པོ་འགྲོའོ་ཞེས་བྱ་བའི་ཐ་སྙད་དེ་ཡང་འགྲུབ་


DTG099_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ། འདིར་བསྟན་བཅོས་མཛད་པ་ཉིད་ཀྱིས་དེ་ལྟ་ན་ཡང༌། གལ་ཏེ་འགྲོ་པོ་འགྲོ་གྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་འགྱུར་ནས་འགྲོ་བའོ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་འགྲོ་བ་པོ་འགྲོ་བ་དང་ལྡན་པར་གྱུར་ན། འགྲོ་བ་གཉིས་སུ་ཐལ་པར་འགྱུར་ཏེ་ཞེས་བྱ་བ་ནི། གལ་ཏེ་འགྲོ་བ་པོ་དོན་དམ་པ་པའི་འགྲོ་བ་དང་ལྡན་པར་གྱུར་ན། འགྲོ་བ་གཉིས་སུ་ཐལ་བའི་སྐྱོན་དུ་འགྱུར་བའོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་ན་རེ། ཇི་ལྟར། འགྲོ་བ་གཉིས་སུ་ཐལ་བར་འགྱུར། །ཞེས་དྲི་བ་ཡིན་ནོ། །གཉིས་གང་ཞེ་ན། འགྲོ་བ་གང་གི་འགྲོ་བ་པོ། །ཞེས་བྱ་བར་མངོན་པ་དང་ཞེས་བྱ་བ་ནི་གཅིག་ཡིན་ཏེ། དོན་དམ་པ་པའི་འགྲོ་བ་གང་དང་ལྡན་པས་འགྲོ་བ་པོ་དེ་འགྲོ་བ་པོ་ཞེས་བྱ་བར་མངོན་ཞིང་སལ་བར་འགྱུར་བའོ། །འགྲོ་པ་པོར་འགྱུར་ནས། འགྲོ་བའི་འགྲོ་བ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་སྟེ། འགྲོ་བ་པོ་ཉིད་དུ་གྲུབ་ནས་འགྲོ་བ་གཞན་གྱིས་འགྲོ་བའི་འགྲོ་བ་གང་ཡིན་པའོ། །འདིར་ཕ་རོལ་པོ་ན་རེ། སྔར་ཁྱེད་དབུ་མ་པ་ན་རེ་ཁོ་ཅག་འགྲོ་བ་སྨྲ་བ་དག་ལ་འགྲོ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་རོ་ཞེས་ཟེར་ལ། ད་ནི་ཁྱེད་ཉིད་ཀྱིས་འགྲོ་བ་གཉིས་ཡོད་པར་བསྒྲུབས་པས། དེས་ན་འགྲོ་བ་པོ་ཡང་འགྲུབ་པས་འདོད་པའི་དོན་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཁྱེད་ལ་འགྲོ་བ་གཉིས་ཡོད་པར་འགྲུབ་པ་མ་ཡིན་གྱི། གལ་ཏེ་འགྲོ་བ་པོ་དོན་དམ་པ་པའི་འགྲོ་བ་དང་ལྡན་པར་རྟོག་ན་དེ་ལ་འགྲོ་བ་གཉིས་སུ་ཐལ་བར་འགྱུར་བའི་སྐྱོན་འདིར་འགྱུར་བ་ཡིན་ནོ། །གལ་ཏེ་བསྒྲུབ་པའི་ཚུལ་གྱིས་ཁྱེར་འགྲོ་བ་གཉིས་སུ་འདོད་ན། དེ་ལྟ་ན། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །ཞེས་བྱ་བའི་སྐྱོན་འདི་ཡང་ཡོད་དེ་ཞེས་སྐྱོན་གཞན་འདི་ཡང་བརྗོད་པར་བྱའོ། །ཅིའི་ཕྱིར་འགྲོ་བ་གཉིས་སུ་ཐལ་བར་འགྱུར་ན་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་ཞེ་ན། དེའི་ཕྱིར་བྱ་བ་ནི་གཞི་ལ་


DTG099_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རག་ལས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བའི་བྱ་བ་ནི་གཞི་འགྲོ་བ་པོ་ལ་རག་ལས་པའི་ཕྱིར། ཁྱོད་ལ་འགྲོ་བ་པོ་གཉིས་སུ་ཐལ་བར་གྱུར་ན། འགྲོ་བ་པོ་གཅིག་ལ་འགྲོ་བ་གཉིས་མི་སྲིད་པ་དེའི་ཕྱིར། །འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་རོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །འགྲོ་བ་པོ་མེད་པའི་འགྲོ་བ་པོ་ཉིད་དང༌། འགྲོ་བ་གཉིས་དང་འགྲོ་བ་པོ་གཉིས་སུ་གྱུར་པ་དེ་ཡང་མི་འདོད་དེ་ཞེས་བྱ་བ་ནི་འགྲོ་བ་སྨྲ་བ་དག །གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་བོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །ཞེས་བྱ་བ་དང༌། གལ་ཏེ་འགྲོ་པོ་འགྲོ་གྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །ཞེས་བྱ་བ་དང༌། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །ཞེས་བྱ་བ་དེ་ཡང་མི་འདོད་པའི་ཕྱིར་རོ། །དེ་མི་འདོད་ན་འགྲོ་བ་སྨྲ་བ་དག་ཅི་ལྟར་འདོད་ཅེ་ན། འགྲོ་བ་པོ་ལ་འགྲོ་བ་ཡོད་པ་དང༌། འགྲོ་བ་ཡང་གཅིག་ཁོ་ན་དང༌། འགྲོ་བ་པོ་ཡང་གཅིག་ཁོ་ནར་འདོད་དེ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་མེད་པའི་འགྲོ་བ་པོ་ཉིད་མི་འདོད་པ་ལས་བཟློག་པས་ནི་འགྲོ་བ་པོ་ལ་འགྲོ་བ་ཡོད་པར་འདོད་ལ། འགྲོ་བ་གཉིས་སུ་གྱུར་པར་མི་འདོད་པ་ལས་བཟློག་པས་ནི། འགྲོ་བ་གཅིག་ཁོ་ནར་འདོད་ཅིང༌། འགྲོ་བ་པོ་གཉིས་སུ་འགྱུར་བར་མི་འདོད་པ་ལས་བཟློག་པས་ནི། འགྲོ་བ་པོ་ཡང་གཅིག་ཁོ་ནར་འདོད་དོ། །འདིར་གལ་ཏེ་འགྲོ་བ་སྨྲ་བ་དག་ན་རེ་དེ་དེ་བཞིན་ཏེ། ཁོ་བོ་ཅག་འགྲོ་བ་པོ་ལ་འགྲོ་བ་ཡོད་པ་དང༌། འགྲོ་བ་ཡང་གཅིག་ཁོ་ན་དང༌། འགྲོ་བ་པོ་ཡང་གཅིག་ཁོ་ནར་འདོད་པ་གྲུབ་པས་ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དང་ལྡན་པ་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་ཀུན་རྫོབ་ཏུ་འགྲུབ་ཀྱི་དོན་དམ་པར་མི་འགྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྲོ་བ་


DTG099_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་འགྲོ་བ་ཡོད་པ་དང༌། འགྲོ་བ་དང་འགྲོ་བ་པོ་གཅིག་ཁོ་ནར་འདོད་པ་དེ་ཡང་ཀུན་རྫོབ་ཀྱི་ཐ་སྙད་དུ་འགྲུབ་ཀྱི་དོན་དམ་པར་མི་འགྲུབ་པས་སོ། །དཔེ་མེད་པའི་ཕྱིར་ཕ་རོལ་པོས་སྨྲས་པའི་སྒྲུབ་པ་མི་འགྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དེ་དག་དོན་དམ་པར་མི་འགྲུབ་པས། སྔར་འགྲོ་བ་སྨྲ་བ་དག་ན་རེ། འགྲོ་བ་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། དེའི་གཞི་ཡོད་པའི་ཕྱིར་རོ། །འདི་ན་གང་ལ་གཞི་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུའི་འགྱིལ་བ་དང༌། འགྲོ་བ་ལ་སོགས་པ་བཞིན་ནོ། །འགྲོ་བའི་གཞི་འགྲོ་བ་པོ་དེ་བཤར་མ་ཡོད་པས་དེ་ལྟར་གཞི་ཡོད་པའི་ཕྱིར་འགྲོ་བ་པོ་ཡོད་པས་གཏན་ཚིགས་གྲུབ་པའི་ཕྱིར། ནང་གི་སྐྱེ་མཆེད་རྣམས་སྐྱེ་བ་ཁོ་ན་ཡིན་ཞིང༌། འགྲོ་བ་དང་འོང་བ་ལ་སོགས་པ་ཡང་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་དང༌། ཕྱོགས་ཀྱི་ཆོས་དང་དཔེ་མེད་པའི་ཕྱིར། ཕ་རོལ་པོས་སྨྲས་པའི་སྒྲུབ་པ་དེའི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་མི་འགྲུབ་པོ། །དེས་ན་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །འདི་ལ་གང་མི་སྐྱེ་བ་དེ་ནི་དེ་དག་གི་ཡུལ་དང་ལན་པའི་ཐ་སྙད་མི་བྱེད་དེ། དཔེར་ན་མོ་གཤམ་གྱི་བུ་འགྲོ་བར་མི་བྱེད་པ་བཞིན་ནོ། །ལྷས་བྱིན་དང་ཁྱབ་མཇུག་བཤེས་གཉེན་ནི་དེ་ལྟར་འགྲོ་བ་ནི་བྱེད་པ་མ་ཡིན་པས། དེའི་ཕྱིར་ནང་གི་དངོས་པོ་རྣམས་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་གང་སྨྲས་པ་དེ་མ་གྲུབ་པོ། །ཕྱིར་རྒོལ་བ་དག་འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྩོམ་པ་ཡོད་པའི་ཕྱིར་རོ། །འདི་ལ་གང་མེད་པ་དེ་ལ་ནི་རྩོམ་པ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་གི་ཕྲེང་བ་རྩོམ་པ་བཞིན་ནོ། །སྡོད་པར་གྱུར་པ་ལ་ནི་རབ་ཏུ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་རྩོམ་པ་ཡོད་པས་དེའི་ཕྱིར། འགྲོ་བ་ཡོད་པ་ཁོ་ནའོ། །ཞེས་བྱ་བ་ནི་དེ་ལྟར་རིགས་པས་འགྲོ་བ་མེད་པར་བསྒྲུབས་སུ་ཟིན་ཀྱང༌། ཡང་འགྲོ་བ་སྨྲ་བ་དག་འགྲོ་བའི་རྩོམ་པ་ཡོད་པའི་སྒྲོ་ནས་འགྲོ་བ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་ཕྱིར་ལྡོག་པར་བྱེད་པ་ཡིན་ནོ། །འདིར་ཡང་འགྲོ་བ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། དེའི་རྩོམ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་


DTG099_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྒྲུབ་པའི་ཆོས་ཡིན། འདི་ན་ཡང་མེད་པ་དེ་ལ་ནི་རྩོམ་པ་མེད་དེ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན། དཔེར་ན་ནམ་མཁའི་མེ་ཏོག་གི་ཕྲེང་བ་རྩོམ་པ་མེད་པ་བཞིན་ནོ་ཞེས་བྱ་བའི་ནི་ཆོས་མི་མཐུན་པའི་དཔེ་ཡིན། སྡོད་པར་འགྱུར་བ་ལ་ནི་རབ་ཏུ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་རྩོམ་པ་ཡོད་པས་ཞེས་བྱ་བ་འདི་ནི་ཆོས་མཐུན་པའི་དཔེ་ཡིན། དེའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནའོ་ཞེས་བྱ་བ་འདི་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་པར་སྦྱར་ཏེ། དཔེར་ན་ལྷས་བྱིན་སྡོད་པར་འགྱུར་བ་ལ་ནི་ཏུ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་རྩོམ་པ་ཡོ་པའི་ཕྱིར་དེ་ལ་འགྲོ་བ་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། འགྲོ་བ་ལ་ཡང་རབ་ཏུ་གཡོ་བའི་མཚན་ཉིད་ཀྱི་འགྲོ་བ་རྩོམ་པ་ཡོད་པའི་ཕྱིར། དེ་ལ་ཡང་འགྲོ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བྱ་གག་ཚོན་སྣ་ཚོག་དང་ལྡན་པ་ཉིད་ཁ་དོག་དང་གཞན་དུ་སྒྱུར་ཏེ་ཉེ་བར་འཇོག་པ་བཞིན་དུ། སྔར་ལན་བཏབ་ཟིན་པ་ཉིད་ཚིག་གཞན་གྱིས་ཉེ་བར་བཞག་པས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཔེར་ན་འགའ་ཞིག་གིས་བྱ་གག་ཚོན་སྣ་ཚོགས་དང་ལྡན་པ་ཉིད་སྔར་ཁྱེར་ཏེ་འོངས་པ་ཕྱིར་བཏང་བ་ཡང་ཁ་དོག་གཞན་དུ་སྒྱུར་ཏེ་ཉེ་བར་འཇོག་པ་བཞིན་དུ་ཁྱོད་ཀྱི་ཚིག་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་ཟེར་བ་དེ་ནི་མང་པོ་ཡང་ཡིན། དེ་ནི་སྣ་ཚོགས་པ་ཡང་ཡིན་ཏེ། དེ་དེ་ལྟ་ན་ནི་མ་ཡིན་ནོ་ཞེས་སྔར་བཞིན་ལན་བཏབ་ཟིན་པ་ཉིད་འདིར་ཡང་རྩོམ་པ་ཞེས་བྱ་བའི་ཚིག་གཞན་གྱིས་ཉེ་བར་བཞག་པས། རིགས་པ་སྔ་མ་ཉིད་ཀྱིས་སུན་དབྱུང་བར་བྱའོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལྟར་སློབ་དཔོན་གྱིས་འདིར་འགྲོ་བའི་རྩོམ་པ་དེ་ཉིད་ཅི་སོང་བའམ་མ་སོང་བའམ། འོན་ཏེ་བགོམ་པ་ལ་ཡོད་ཅེས་ཁྱོད་ལ་བརྒལ་ཞིང་བརྟག་ན་སྔ་མ་བཞིན་དུ་རྣམ་པ་ཐམས་ཅད་མི་འཐད་པར་བསྟན་པར་ཞེས་པས་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སོང་ལ་རྩོམ་པའི་འགྲོ་མེད་དེ། དེ་ལ་འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སོང་བའི་ལམ་ལ་འགྲོ་བའི་རྩོམ་པ་མེད་དེ། དེ་ལ་གྲོ་བ་རྩོམ་པའི་བྱ་བ་འདས་ཟིན་པའི་ཕྱིར་རོ། །མ་སོང་བ་


DTG099_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་འགྲོ་རྩོམ་མེད། །མ་སོང་བ་འགྲོ་བས་སྟོང་པ་ལ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་སོང་བའི་ལམ་ལ་ཡང་འགྲོ་བའི་རྩོམ་པ་མེད་དེ། དེ་ལ་འགྲོ་བའི་བརྩམ་པའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །བགོམ་ལ་རྩོམ་པ་ཡོད་མ་ཡིན། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་རྟག་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་བྱ་བའི་རིགས་པས་བགོམ་པ་རྟག་ཏུ་མེད་པའི་ཕྱིར་རོ། །གང་དུ་འགྲོ་བ་རྩོམ་པར་བྱེད། །འོ་ན་གང་གིས་ཅི་སྐད་སྨྲས་པའི་གཏན་ཚིགས་བསྒྲུབས་པས་འདོད་པའི་དོན་འགྲུབ་པར་འགྱུར་བ་དེ་དེ་སྨྲོས་ཤིག་ཅེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར་དེས་ན་འདིར་སོང་བ་དང་མ་སོང་བ་དང་བགོམ་པ་དག་ལ་རྩོམ་པ་མེད་པ་བསྟན་ཏོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་སྨྲས་སོ། །དེ་ལྟར་ན་འདིར་སྦྱོར་བའི་ཚིག་དག་ཏུ་འགྱུར་བ་ནི་ཞེས་བྱ་བས་ནི་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་རྩོམ་པ་མེད་པའི་སྦྱོར་བ་དག་སྟོན་ཏོ། །སོང་བ་ལ་འགྲོ་བའི་རྩོམ་པ་མེད་དེ། ལམ་ཡིན་པའི་ཕྱིར། དཔེར་ན་མ་སོང་བའི་ལམ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང་སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མ་སོང་བའི་ལམ་ནི་ལམ་ཡིན་པའི་ཕྱིར་དེ་ལ་འགྲོ་བའི་རྩོམ་པ་མེད་པ་དེ་བཞིན་དུ། སོང་བའི་ལམ་ཡང་ལམ་ཡིན་པའི་ཕྱིར་དེ་ལ་ཡང་འགྲོ་བའི་རྩོམ་པ་མེད་དོ། །ཡང་ན་མ་སོང་བའི་ལམ་ལ་འགྲོ་བའི་རྩོམ་པ་མེད་དེ། མ་སོང་བའི་ཕྱིར་དཔེར་ན་འགྲོ་བར་འདོད་པ་ལས་གཞན་པའི་མ་སོང་བ་བཞིན་ནོ་ཞེས་བྱ་བ་ཡང་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགྲོ་བར་འདོད་པ་ལས་གཞན་པའི་མ་སོང་བ་ནི་མ་སོང་བའི་ཕྱིར་དེ་ལ་འགྲོ་བའི་རྩོམ་པ་མེད་པ་དེ་བཞིན་དུ། མ་སོང་བའི་ལམ་ཡང་མ་སོང་བའི་ཕྱིར་དེ་ལ་ཡང་འགྲོ་བའི་རྩོམ་པ་མེད་དེ། དེ་བཞིན་དུ་བགོམ་པ་ལ་ཡང་འགྲོ་བའི་རྩོམ་པ་མི་འཐད་དེ། ལམ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ཡང་ཆོས་ཅན་དང་བསྒྲུབ་པར་བྱ་བ་


DTG099_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བགོམ་པ་ལས་གཞན་པའི་ལམ་ནི་ལམ་ཡིན་པའི་ཕྱིར་དེ་ལ་འགྲོ་བའི་རྩོམ་པ་མི་འཐད་པ་དེ་བཞིན་དུ། བགོམ་པ་ཡང་ལམ་ཡིན་པའི་ཕྱིར། དེ་ལ་ཡང་འགྲོ་བའི་རྩོམ་པ་མི་འཐད་དོ། །དེའི་ཕྱིར་དེ་ལྟར་རྩོམ་པ་མེད་པས་རྩོམ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་རྩོམ་པ་མེད་པས། སྔར་འགྲོ་བ་སྨྲ་བ་དག་ན་རེ། འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་རྩོམ་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་མ་གྲུབ་པ་ཉིད་དོ། །ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་སོང་བ་དང་མ་སོང་བ་དང་བགོམ་པ་གང་ལ་ཡང་འགྲོ་བའི་རྩོམ་པ་མེད་པ་དེའི་ཕྱིར་འགྲོ་བའི་རྩོམ་པ་ནི་སོང་བ་ལ་སོགས་པ་དེ་དག་གང་དང་ཡང་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་འགྲོ་བ་སྨྲ་བ་དག་ན་རེ། འགྲོ་བའི་རྩོམ་པ་མེད་པ་མ་ཡིན་ཏེ། འདི་ལྟར། གང་ན་གཡོ་བ་དེ་ན་རྩོམ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེའི་ཕྱིར་བགོམ་ལ་རྩོམ་པ་ཡོད། །ཅེས་ཟེར་ན་དེ་ལ། བགོམ་ལ་རྩོམ་པ་ཡོད་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་རྩོམ་པ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །ཞེས་ལན་གདབ་པར་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་ཅི་རིགས་པར་རྒྱས་པར་སྦྱར་བར་བྱ་བ་ཡིན་ནོ། །འདིར་སྨྲས་པ། འོ་ན་འགྲོ་བ་རྣམ་པ་གཞན་གྱིས་ཡོད་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། འདིར་འགྲོ་བ་སྨྲ་བ་དག་ན་རེ། གལ་ཏེ་ཁོ་བོ་ཅག་གི་འགྲོ་བའི་རྩོམ་པ་ཡོད་པའི་གཏན་ཚིགས་ཀྱིས་འགྲོ་བ་མི་འགྲུབ་ན། འོ་ན་འགྲོ་བ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡོད་པའི་སྒོ་ནས་འགྲོ་བ་ཡོད་པར་ཤེས་པར་བྱ་སྟེ་ཞེས་དམ་བཅས་པ་ཡིན་ནོ། །འདིར་ཡང་འགྲོ་བ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ་རྣམ་པ་གཞན་གྱིས་ཡོད་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། སྔར་འགྲོ་བའི་རྩོམ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་ལས་


DTG099_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་གཏན་ཚིགས་རྣམ་པ་གཞན་གྱིས་འགྲོ་བ་ཡོད་པར་ཤེས་པར་བྱ་སྟེ་ཞེས་བསྒྲུབ་པར་བྱ་བ་ཡིན་ཏེ། འདིར་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་རྣམ་པ་གཞན་གྱིས་འགྲོ་བ་ཡོད་པར་ཤེས་པར་བྱ་སྟེ་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་སྒྲུབ་པའི་ཆོས་ཡིན་ཏེ། འགྲོ་བ་གང་ལ་རང་གི་གནས་སྐབས་ལས་གཞན་དུ་ཐ་དད་པར་གྱུར་པ་དུས་གསུམ་གྱི་ལམ་ཡོད་པ་དེ་ནི་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པ་ཞེས་བྱའོ། །དེའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དུས་གསུམ་གྱི་ལམ་དང་ལྡན་པའི་དངོས་པོ་ལ་སོང་ངོ་འགྲོའོ་འགྲོ་བར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་དེ་དག་ཡོད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པའི་ཆོས་སོང་བ་དང་བགོམ་པ་དང་མ་སོང་བའི་ལམ་དང་ལྡན་པའི་དངོས་པོ་ལ་སོང་ངོ་འགྲོའོ་འགྲོ་བར་འགྱུར་རོ་ཞེས་བརྗོད་པའི་སྒྲ་ཁྱད་པར་ཅན་འཇུག་པའི་རྒྱུ་དེ་དག་ཡོད་པར་ཤེས་པར་བྱ་སྟེ་ཞེས་སྒྲུབ་པར་བྱེད་དོ། །འདི་ན་གང་མེད་པ་དེ་ལ་ནི་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་མེད་པ་དེ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན་ནོ། །དཔེར་ན་དམུས་ལོང་མིག་གི་རྣམ་པར་ཤེས་པ་དང་བྲལ་བ་ལ་དམུས་ལོང་གིས་མཐོང་ངོ༌། །དམུས་ལོང་ལྟའོ་བལྟ་བར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་མེད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་དམུས་ལོང་མིག་གི་རྣམ་པར་ཤེས་པ་དང་བྲལ་བ་ལ་ནི་རང་གི་གནས་སྐབས་ལས་གཞན་དུ་གྱུར་པའི་ཆོས་མིག་གི་རྣམ་པར་ཤེས་པ་མེད་པས་མིག་གི་རྣམ་པར་ཤེས་པ་དང་མི་ལྡན་པའི་དངོས་པོ་དེ་དམུས་ལོང་ལ་དམུས་ལོང་གིས་འདས་པའི་དུས་ན་མཐོང་ངོ༌། །དམུས་ལོང་ད་ལྟར་ལྟའོ། །མ་འོངས་


DTG099_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ན་བལྟ་བར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་དེ་དག་མེད་དོ། །འགྲོ་བ་ནི་དེ་ལྟ་མ་ཡིན་ཏེ། འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པའི་ཆོས་སོང་བ་དང་བགོམ་པ་དང་མ་སོང་བའི་ལམ་དང་ལྡན་པའི་དངོས་པོ་ལ་སོང་ངོ་འགྲོའོ་འགྲོ་བར་འགྱུར་རོ་ཞེས་བརྗོད་པ་དུས་གསུམ་གྱི་ཁྱད་པར་ཅན་འཇུག་པའི་རྒྱུ་དེ་དག་ཡོད་པའི་ཕྱིར་འགྲོ་བ་ནི་ཡོད་པར་ཤེས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པའི་ཆོས་སོང་བ་དང་བགོམ་པ་དང་ལྡན་པའི་དངོས་པོ་ལ་ནི་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡོད་དེ་ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ནོ། །བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར་གང་དུ་དེ་ཞུགས་ཟིན་པ་དེ་ནི་སོང་བ་ཡིན་པ་གང་དུ་དེ་འཇུག་པ་དེ་ནི་བགོམ་པ་ཡིན། གང་དུ་དེ་མ་ཞུགས་པ་དེ་ནི་མ་སོང་བ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གང་དུ་འགྲོ་བ་དེ་ཞུགས་ཟིན་པ་དེ་ནི་སོང་བའི་ལམ་ཡིན་པས་ཕྱོགས་དེ་ནི་འགྲོ་བ་གྲུབ་པ་དང་ལྡན་པས་འདས་པའི་དུས་ཞེས་བྱའོ། །ཕྱོགས་གང་དུ་འགྲོ་བ་དེ་འཇུག་པ་དེ་ནི་བགོམ་པའི་ལམ་ཡིན་པས་ཕྱོགས་དེ་ནི་འགྲོ་བ་འཇུག་པ་དང་ལྡན་པ་ད་ལྟར་གྱི་དུས་ཞེས་བྱའོ། །ཕྱོགས་གང་དུ་འགྲོ་བ་དེད་དུང་མ་ཞུགས་པ་དེ་ནི་མ་སོང་བའི་ལམ་ཡིན་པས། ཕྱོགས་དེ་ནི་འགྲོ་བ་ད་དུང་མ་བརྩམས་པས་མ་འོངས་པའི་དུས་ཞེས་བྱའོ། །འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པའི་ཆོས་དེ་དག་དང་ལྡན་པའི་དངོས་པོ་ལ་སོང་ངོ་འགྲོའོ་འགྲོ་བར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་དུ་འཇུག་པའི་རྒྱུ་དེ་དག་ཡོད་པས་དེའི་ཕྱིར་ཇི་སྐད་སྨྲས་པའི་གཏན་ཚིགས་ཀྱི་མཐུ་ཉིད་ཀྱིས་འགྲོ་བ་ཡོད་པ་ཁོ་ན་ཡིན་པས། དེས་ན་སྐབས་ཀྱི་དོན་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། སྔར་འགྲོ་བ་སྨྲ་བ་དག་གི་ཕྱོགས་སྔ་མ་ཉེ་བར་གཞག་པ། ནང་གི་དངོས་པོ་རྣམས་སྐྱེས་པ་ཁོ་ན་ཡོད་དེ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གང་གི་ཕྱིར་འགྲོ་བའི་སྐྱེ་བ་ཡོད་པར་གྱུར་ན་ནི་གང་དུ་ཞུགས་ཟིན་པ་དེ་ནི་སོང་བ་ཡིན་ལ། གང་དུ་འཇུག་པ་


DTG099_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བགོམ་པ་ཡིན། གང་དུ་མ་ཞུགས་པ་དེ་ནི་མ་སོང་བ་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་བ་ཞིག་ན། འགྲོ་བ་དེ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་དངོས་པོ་ཐམས་ཅད་སྐྱེ་བ་བཀག་པའི་ཕྱིར་དང༌། འགྲོ་བ་མི་འཐད་པར་སྔར་བསྟན་ཟིན་པས་འགྲོ་བ་མེད་པའི་ཕྱིར། འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡོད་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །འགྲོ་བ་ཡོད་པར་གྱུར་ན་ཡང༌། །ཞེས་བྱ་བ་ནི། འདིར་ཁྱེད་ཟེར་བ་ལྟར་གལ་ཏེ་འགྲོ་བ་ཡོད་པར་གྱུར་ན་ཡང་དེ་དགག་པ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདི་ལ་ཁྱོད་ཀྱིས་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་གསུམ་གྱི་སྒྲར་བརྗོད་པ་འགྲོ་བའི་གཞི་སོང་བ་དང་བགོམ་པ་དང་མ་སོང་བ་ཞེས་བྱ་བ་ལམ་གསུམ་པོ་དག་ཡོད་པས་དེས་འགྲོ་བ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པས་དེའི་ཕྱིར་ལམ་དེ་དག་ཉིད་བརྟག་པར་བྱའོ། །དེའི་ཕྱིར་འདིར་བསྟན་བཅོས་མཛད་པ་ཉིད་ཀྱིས། འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །ཅེས་བྱ་བ་གསུངས་སོ། །འགྲོ་བ་རྩོམ་པའི་སྔ་རོལ་ན། གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་བགོམ་པ་མེད་ཅིང་འགྲོ་བས་སྟོང་ངོ་ཞེས་བྱ་བ་ནི། འགྲོ་བ་རྩོམ་པའི་སྔ་རོལ་ན། །ཇི་སྲེད་དུ་འགྲོ་བ་རྩོམ་པར་བི་བྱེད་པ་དེ་སྲེད་དུ་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་ད་ལྟར་གྱི་དུས་ཀྱི་སྒྲར་བརྗོད་པ་བགོམ་པ་ཞེས་བྱ་བ་མེད་ཅིང་འགྲོ་བས་སྟོང་པས་ཏེ། དེས་ནི་འགྲོ་བ་རྩོམ་པའི་སྔ་རོལ་ན་གོང་དུ་འགྲོ་བ་དེ་འཇུག་པ་ད་ལྟར་གྱི་དུས་ཀྱི་སྒྲར་བརྗོད་པ་བགོམ་པའི་ལམ་མེད་པས་འགྲོ་བ་མེད་པར་བསྟན་ཏོ། །སོང་བ་ཡང་མེད་དེ་འགྲོ་བ་དང་མི་ལྡན་པ་ལ་མི་འཐད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། བགོམ་པ་ལ་འགྲོ་བ་མེད་ན་སོང་བ་ཡང་མེད་དེ། གང་དུ་འགྲོ་བ་བྱུང་ནས། འགག་པ་དེ་ནི་སོང་བ་ཞེས་བྱ་ན། །དེ་ཡང་འགྲོ་བས་སྟོང་པ་མེད་པའི་ཕྱིར་རོ། །དེས་ནི་འགྲོ་བ་མེད་ན་གང་དུ་འགྲོ་བ་དེ་ཞུགས་ཟིན་པ་འདས་པའི་དུས་ཀྱི་སྒྲར་བརྗོད་པ་སོང་བའི་ལམ་ལ་འགྲོ་བ་མ་ཞུགས་པར་


DTG099_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །དེ་ལྟར་འགྲོ་བས་སྟོང་ན་འགྲོ་བ་མི་འཐད་པར་སྟོན་པའི་རྗེས་སུ་དཔག་པ་སྔར་བསྟན་པ་དག་ཡོད་པས་དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པའི་ཕྱིར་མ་སོང་བ་ལ་འགྲོ་བ་ག་ལ་ཡོད་དེ་འགྲོ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་དེ་ལྟར་འགྲོ་བ་རྩོམ་པའི་སྔ་རོལ་ན་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་བགོམ་པ་མེད་ཅིང་འགྲོ་བས་སྟོང་ན་འགྲོ་བ་མི་འཐད་པས་མ་སོང་བ་དེ་ལ་ཡང་འགྲོ་བ་རྩོམ་པ་མེད་པར་སྟོང་སྟེ། རེ་ཞིག་སོང་ལ་འགྲོ་མེད་དེ། །མ་སོང་བ་ལའང་འགྲོ་བ་མེད། །ཅེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་སྔར་བསྟན་པ་དག་ཡོད་པས་འགྲོ་བ་སྨྲ་བ་དག་གིས་འགྲོ་བ་ཡོད་པར་དམ་བཅས་པ་ལ་གནོད་པའི་ཕྱིར་མ་སོང་བ་ལ་འགྲོ་བ་རྩོམ་པ་ག་ལ་ཡོད་དེ་འགྲོ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་དེ་ལྟར་འགྲོ་བ་མེད་ན་གང་དུ་འགྲོ་བ་དེ་འཇུག་པར་འགྱུར་བ་མ་སོང་པའི་དུས་ཀྱི་སྒྲར་བརྗོད་པ་མ་སོང་བའི་ལམ་ལ་འགྲོ་བ་རྩོམ་པ་མེད་པར་སྟོན་ཏོ། །དེ་ལྟར་འགྲོ་བ་རྩོམ་པའི་སྔ་རོལ་ན་གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་བགོམ་པ་མེད་ཅིང་འགྲོ་བས་སྟོང་པ་དང༌། བགོམ་པ་ལ་འགྲོ་བ་མེད་པས་འགྲོ་བ་མཐར་ཕྱིན་པའི་སོང་བ་མེད་པ་དང༌། མ་སོང་བ་ལ་ཡང་འགྲོ་བ་རྩོམ་པ་མེད་པའི་ཕྱིར། འགྲོ་བ་རང་གི་གནས་སྐབས་ལས་གཞན་དུ་གྱུར་པ་དང་ལྡན་པའི་དངོས་པོ་ལ་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡོད་པ་ཉིད་ཅེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་འགྲོ་བ་མེད་པར་གྲུབ་པོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དེ་ལྟར་གང་གི་ཚེ་དོན་དམ་པར་འགྲོ་བའི་རྣམ་པར་རྟོག་པ་ཇི་ལྟར་ཡང་མི་སྲིད་པ་དེའི་ཚེ། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞེས་རྣམ་པར་བརྟག །ཅེས་བྱ་བ་ནི་དོན་སྔ་མའི་མཇུག་བསྡུ་བ་ཡིན་པར་སྦྱར་རོ། །ཉིད་ཡིན་ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། འདིར་སྣང་བ་མེད་པ་ཉིད་ཡིན་ན་ཞེས་བྱ་བ་བལྟ་བར་བྱའོ་ཞེས་བྱ་བ་ནི། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །ཞེས་བྱ་བའི་སྐབས་སོ། །གཞན་དུ་ན་འགྲོ་བ་ཉིད་ཀྱི་ཡིན་གྱི་གཞན་གྱི་མ་ཡིན་པར་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཉིད་ཡིན་ན་ཞེས་བྱ་བའི་སྒྲ་སྣང་བ་མེད་པ་ཉིད་ཡིན་ཞེས་བྱ་བ་ལས་


DTG099_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་འགྲོ་བ་ཉིད་ཀྱི་ཞེས་བྱ་བར་སྦྱར་ན། འགྲོ་བ་འབའ་ཞིག་གི་རྩོམ་པ་མེད་པ་ཡིན་གྱི་དངོས་པོ་གཞན་དག་གི་རྩོམ་པ་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་བའི་སྐྱོན་དུ་འགྱུར་པས་མི་རུང་སྟེ། འདིར་བྱ་བའི་ཚིག་གི་དོན་ཐམས་ཅད་ཀྱི་རྩོམ་པ་སྣང་བ་མེད་པ་ཉིད་དུ་དགག་པར་དགོངས་པའི་ཕྱིར་རོ། །རབ་རིབ་ཅན་སྐྲ་དང་སྦྲང་བུ་དང༌། སྦྲང་བུ་མཆུ་རིངས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་རྣམ་པར་རྟོག་པ་དང་འདྲའོ་ཞེས་བྱ་བ་ནི། དེ་ལྟར་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་སྣང་བ་མེད་པ་ཉིད་ཡིན་ན། ཁྱེད་ཀྱི་སོང་བ་དང་བགོམ་པ་དང་མ་སོང་བ་ཡང་ཅི་ཞིག་ཡིན་པར་རྣམ་པར་བརྟག་སྟེ། དཔེར་ན་རབ་རིབ་ཅན་སྐྲ་ཤད་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་རྣམ་པར་རྟོག་པ་དང་འདྲ་བར་མེད་པ་ལ་རང་གི་བློ་འཁྲུལ་པས་ལོག་པར་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་བ་མེད་པའི་ཕྱིར་བུམ་སྐྲ་འགྲེང་གི་མདུང་ཐུང་བཞིན་དུ་ཁྱོད་ལ་སྐྱོན་དེ་ཉིད་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། བུམ་སྐྲ་འགྲེང་གི་མདུང་ཐུང་ཞེས་བྱ་བ་ནི། རྒྱལ་པོ་འཇིགས་བྱེད་སྡེའི་བུ་སྲིན་ཚ་བུམ་སྐྲ་འགྲེང་ཞེས་བྱ་བ་ལུས་གཟུགས་བུམ་པའི་དབྱིབས་འདྲ་ལ་སྐྲ་གྱེན་དུ་འགྲེང་བ་ཞིག་བྱུང་བའི་ཚེ། ཉི་མའི་བུ་ཀརྞ་ཞེས་བྱ་བ་མི་ཕྱེད་པའི་གོ་ཆ་ཅན་དང༌། དབང་པོའི་བུ་སྲིང་སྒྲུབ་ཅེས་བྱ་བ་གཡུལ་འགྱེད་པ་ན། ཁྱབ་འཇུག་གི་དབང་པོས་བུ་སྲིད་སྒྲུབ་ཀྱི་ཕྱོགས་བྱ་བའི་ཕྱིར་བདག་ཉིད་བྲམ་ཟེར་སྤྲུལ་ཏེ་ཀརྞ་སྦྱིན་པ་ཆེན་པོ་བྱེད་པའི་མདུན་དུ་སོང་སྟེ། མི་ཕྱེད་པའི་གོ་ཆ་བསླངས་པ་དང༌། ཀརྞ་སྟོང་པའི་རླབས་ཆེན་པོ་དང་ལྡན་པས་མི་ཕྱེད་པའི་གོ་ཆ་ཕུད་དེ་ཁྱབ་འཇུག་ལ་བྱིན་ནོ། །དེ་ནས་ཁྱབ་འཇུག་དེའི་སྟོང་རླབས་ཀྱི་བདག་ཉིད་ཆེན་པོས་སེམས་མགུ་ནས་ཀརྞ་ལ་ཁྱབ་འཇུག་གི་མདུང་ཐུང་དམ་པ་བྱིན་ནོ། །དེའི་འོག་ཏུ་ཁྱབ་འཇུག་གིས་བསམས་པ་ལ། ད་སྲིད་སྒྲུབ་ཀརྞའི་གཡུལ་ངོར་བཏང་ན་མདུང་ཐུང་གིས་བསད་ན་མི་རུང་ངོ་སྙམ་ནས། བུམ་སྐྲ་འགྲེང་བཏང་སྟེ་བུམ་སྐྲ་འགྲེང་དང་ཀརྞ་གཡུལ་སྤྲད་པའི་ཚེ་ཀརྞས་མ་དུང་ཐུང་དེ་འཕངས་པ་ན། བུམ་སྐྲ་འགྲེང་སའི་འོག་དང་ས་བླ་དང་མཐོ་རིས་ཀྱི་ས་གསུམ་པོ་ཐམས་ཅད་དུ་བྲོས་ཀྱང་


DTG099_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་ཐུང་དེས་གར་བྲོས་གར་མ་བཏང་ངོ་ཞེས་གྲགས་པ་ཡིན་ཏེ། འདིར་ཡང་འགྲོ་བ་སྨྲ་བ་ཁྱེད་ལ་འགྲོ་བ་མ་གྲུབ་པའི་ཕྱིར། དཔེར་ན་བུམ་སྐྲ་འགྲེང་གི་མདུང་ཐུང་བཞིན་དུ་ཁྱེད་ལ་རང་གི་གཏན་ཚིགས་མ་གྲུབ་པའི་སྐྱོན་དེ་ཉིད་རྟག་ཏུ་རྗེས་སུ་འབྲང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ། དོན་དམ་པར་འགྲོ་བ་ཡོད་པ་ཁོ་ན་ཡིན་ཏེ་མི་མཐུན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འགྲོ་བ་སྨྲ་བ་དག་འགྲོ་བའི་མི་མཐུན་པ་སྡོད་པ་ཡོད་པའི་སྒོ་ནས་དོན་དམ་པར་འགྲོ་བ་ཡོད་པ་ཁོ་ནར་བསྒྲུབ་པ་ཡིན་ནོ། །འདིར་ཡང་འགྲོ་བ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། མི་མཐུན་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། འགྲོ་བའི་མི་མཐུན་པ་སྡོད་པ་ཡོད་པའི་ཕྱིར་འགྲོ་བ་ཡོད་དོ་ཞེས་སྒྲུབ་པར་བྱེད་དོ། །འདི་ན་གང་དང་གང་ལ་མི་མཐུན་པ་ཡོད་པ་དེ་དང་དེ་ཡོད་པར་སྣང་སྟ་ཞེས་བྱ་བ་འདི་ནི་ཆོས་མཐུན་པའི་ཕྱོགས་ཡིན་ཏེ། དཔེར་ན་སྣང་བའི་མི་མཐུན་པ་མུན་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མཐུན་པའི་དཔེ་ཡིན་ཏེ་འགྲོ་བ་ལ་ཡང་མི་མཐུན་པ་སྡོད་པ་ཡོད་པས་ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན། དེའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནའོ་ཞེས་ཟེར་རོ་ཞེས་བྱ་བ་འདི་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་པར་སྦྱར་ཏེ། དཔེར་ན་སྣང་བ་ལ་མི་མཐུན་པ་མུན་པ་ཡོད་པས་སྣང་བ་ཡང་ཡོད་པ་དེ་བཞིན་དུ་འགྲོ་བ་ལ་ཡང་མི་མཐུན་པ་སྡོད་པ་ཡོད་པའི་ཕྱིར་འགྲོ་བ་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དེ་ཡང་ཁྱོད་ལ་བརྒལ་ཞིང་བརྟག་པ་ཡོད་དེ་ཁྱོད་སྡོད་པ་སུའི་ཡིན་པར་སེམས། ཅི་འགྲོ་བ་པོའི་ཡིན་ནམ། འོན་ཏེ་འགྲོ་བ་པོ་མ་ཡིན་པའི་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་གལ་ཏེ་འགྲོ་བ་པོའི་ཡིན་ནོ་སྙམ་ན། རེ་ཞིག་འགྲོ་པོ་མི་སྡོད་དེ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ལ་ལྟོས་པའོ། །འགྲོ་བ་པོ་མི་སྡོད་དེ་ཞེས་བྱ་བ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བས་ནི་འགྲོ་བ་པོ་ལ་སྡོད་པ་མེད་པར་སྟོན་ཏེ། འགྲོ་བ་པོའི་ཆོས་ནི་བྱ་བ་དང་ལྡན་པ་ཉིད་ཡིན་པས་ཕྱོགས་ཀྱི་ཆོས་མངོན་ནོ་ཞེས་བྱ་བ་ནི། གང་གི་


DTG099_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགྲོ་བ་པོ་ནི་འགྲོ་བའི་བྱ་བ་བྱེད་པ་ཉིད་ཡིན་པས་དེའི་ཕྱིར་ཕྱོགས་ཀྱི་ཆོས་མངོན་ཏེ། འགྲོ་བ་པོ་སྡོད་པར་མི་འཐད་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་འགྲོ་བའི་བྱ་བ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དཔེ་ནི་དེའི་དབང་གིས་ཏེ་འགྲོ་བ་པོ་འགྲོ་བ་མ་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་པོ་སྡོད་པར་མི་འཐད་པའི་དཔེ་ནི་བསྒྲུབ་པར་བྱ་བ་ཆོས་སྡོད་པར་མི་འཐད་པ་དང༌། སྒྲུབ་པའི་ཆོས་འགྲོ་བའི་བྱ་བ་དང་ལྡན་པ་དེའི་དབང་གིས་བསྟན་དགོས་ཏེ། དེ་ཡང་གང་ཞེ་ན་འགྲོ་བ་པོ་འགྲོ་བ་མ་ཉམས་པ་ཡིན་ཏེ། ལྷས་བྱིན་འགྲོ་བ་མ་ཉམས་པར་བསྒྲུབ་པར་བྱ་བ་ཆོས་སྡོད་པར་མི་འཐད་པ་དང་གྲུབ་པའི་ཆོས་འགྲོ་བའི་བྱ་བ་དང་ལྡན་པ་འདི་གཉི་ག་ཡོད་པས་དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་འགྲོ་བ་པོ་སྡོད་པར་མི་འཐད་དེ་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། ལྷས་བྱིན་འགྲོ་བ་མ་ཉམས་པ་བཞིན་ནོ་ཞེས་བྱ་བ་ཡང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་འགྲོ་བ་མ་ཉམས་པ་ནི་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར་སྡོད་པར་མི་འཐད་པ་དེ་བཞིན་དུ་འགྲོ་བ་པོ་ཡང་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར་སྡོད་པར་མི་འཐད་དོ། །ཅི་སྟེ་འགྲོ་བ་པོ་མ་ཡིན་པ་ཡིན་ནོ་སྙམ་ན། འགྲོ་བོ་པོ་མིན་སྡོད་པ་མིན། །འགྲོ་བ་དང་བྲལ་བ་ལ་ནི་ཐ་སྙད་དུ་ཡང་འགྲོ་བ་ལྡོག་པ་མི་འཐད་པས་དེ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་འདི་སྙམ་དུ་སྡོད་པ་ཞེས་བྱ་བ་དེ་འགྲོ་བ་པོ་མ་ཡིན་པ་ཡིན་ནོ་སྙམ་ན། འགྲོ་བ་པོ་མ་ཡིན་པ་ལ་ནི་སྡོད་པ་མེད་དེ་དེའི་ཕྱིར་འགྲོ་བ་པོ་མ་ཡིན་པ་འགྲོ་བ་དང་བྲལ་བ་ལ་ནི། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་འགྲོ་བ་ལྡོག་པའི་སྡོད་པ་མི་འཐད་པས་འགྲོ་བ་པོ་མ་ཡིན་པ་ལ་སྡོད་པ་དེ་མི་སྲིད་པའི་ཕྱིར། འགྲོ་བ་པོ་མ་ཡིན་པ་ལ་སྡོད་པ་མེད་དོ་ཞེས་བྱ་བ་སློབ་དཔོན་གྱིས་དགོངས་སོ། །ཅི་སྟེ་ལེགས་པར་མ་ཟིན་པའི་གདོན་གྱིས་བརླབས་པའི་དབང་གིས་གཞན་ཞིག་སྡོད་པར་སེམས་ན་གྲོགས་པོ། འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །དེ་ད་སྨྲོས་ཤིག །འགའ་ཡང་སྡོད་པར་མི་


DTG099_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ། །ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་ལོགས་པར་མ་ཟིན་པ་བཟང་པོ་མ་ཡིན་པར་ཟིན་པའམ། བརྫུན་པར་ཟིན་པ་གདོན་དང་འདྲ་བ་དེས་བརླམས་ཤིང་བྱིན་གྱིས་བརླབས་པའི་དབང་གིས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པ་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་འཆོལ་བ་འགའ་ཞིག་གིས་སྡོད་པར་སེམས་ན་དེ་དག་ལ་འདི་སྐད་ཅེས། ཀྱེ་གྲོགས་པོ། འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར་བ་དེ་ང་སྨྲོས་ཤིག་ཅེས་བརྗོད་པར་བྱ་སྟེ། གང་གི་ཕྱིར་འགྲོ་བ་པོ་ཡིན་པ་དང༌། འགྲོ་བ་པོ་མ་ཡིན་པ་གཉི་གའི་བདག་ཉིད་དམ་གཉི་གའི་བདག་ཉིད་མ་ཡིན་པ་གསུམ་པ་གཞན་ནི་ཅི་ཡང་མེད་པ་དེའི་ཕྱིར་གཞན་འགའ་ཡང་སྡོད་པར་མི་འཐད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཡང་ན། རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །བྱ་བ་གཉིས་དུས་གཅིག་ཏུ་འགལ་བས་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཡང་འགྲོ་བ་པོ་སྡོད་པར་མི་འཐད་པ་ཉིད་དུ་འགོག་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། ཅིའི་ཕྱིར་འགྲོ་བ་པོ་སྡོད་པར་མི་འཐད་ཅེ་ན་དེའི་ཕྱིར། འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་སྨྲས་ཏེ། འགྲོ་བ་མེད་པའི་ཕྱིར་འགྲོ་བ་པོ་ཉིད་མེད་ལ། འགྲོ་བ་པོ་ཉིད་མེད་ན་འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་དེ་ཡང་མི་འཐད་དོ། །ཡང་ན། རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །དེའི་བྱ་བ་གཉིས་དུས་གཅིག་ཏུ་འགལ་བས་འགྲོ་བ་པོའི་བྱ་བ་དང་སྡོད་པ་པོའི་བྱ་བ་གཉིས་དུས་གཅིག་ན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་ཏེ། འགལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཚིག་དེས་ནི་སྡོད་པ་པོ་འགྲོ་བ་དང་བྲལ་བ་ཉིད་དུ་བསྟན་པས་འགྲོ་བ་པོ་སྡོད་དོ་ཞེས་བྱ་བའི་ཐ་སྙད་མི་སྲིད་པར་སྟོན་ཏོ་ཞེས་བྱ་བ་ནི། མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ན་ཚིག་ལེའུར་བྱས་པ་དེས་ནི་སྡོད་པ་པོ་འགྲོ་བ་དང་བྲལ་བ་ཉིད་དུ་བསྟན་པ་དེས་ན་སྡོད་པ་མད་ལ། སྡོད་པ་མེད་པས་ན་འགྲོ་བ་པོ་སྡོད་དོ་ཞེས་བྱ་བའི་ཐ་སྙད་དེ་ཡང་མེད་པར་བསྟན་ཏོ། །གལ་ཏེ་རྫ་མཁན་བཞིན་དུ་དུས་


DTG099_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ནུས་པའི་གནས་སྐབས་ཡོད་པའི་ཕྱིར་འགྲོ་བ་དང་བྲལ་བ་ཡང་འགྲོ་བ་པོ་ཉིད་དུ་འགྲུབ་པ་ས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བས་འདི་སྐད་བསྟན་ཏེ། འདིར་ཕ་རོལ་པོ་ན་རེ། དབུ་མ་པས་སྡོད་པ་པོ་ལ་འགྲོའོ་ཞེས་བྱ་བའི་ཐ་སྙད་མེད་པའི་ཕྱིར་རོ་ཞེས་བྱ་བ་གང་སྨྲས་པ་དེ་དེ་ལྟ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྫ་མཁན་ཞེས་བརྗོད་པ་དེ་ནི་དུས་ཐམས་ཅད་དུ་སྡོད་པ་པོ་ཉིད་དུ་ཤེས་ཏེ། འདི་ལྟར་རྫ་མ་ནི་འགྲོ་བཞིན་དུ་མི་བྱེད་པའི་ཕྱིར་རོ། །འོན་ཀྱང་རྫ་མཁན་སྡོད་པ་པོ་ཉིད་དེ་ལ་ལན་འགའ་རྩྭ་དང་ས་འཇིམ་པ་ལ་སོགས་པའི་དོན་དུ་ལངས་ཏེ། འགྲོ་བ་ལ་སོགས་པ་དུས་གསུམ་གྱི་ནུས་པའི་གནས་སྐབས་ཡོད་པའི་ཕྱིར་དེས་ན་སྡོད་པ་པོ་ལ་ཡང་འགྲོའོ་ཞེས་བྱ་བའི་ཐ་སྙད་ཡོད་པ་ཁོ་ན་ཡིན་པས་སྡོད་པ་པོ་ཡང་འགྲོ་བ་པོ་ཉིད་དུ་འགྲུབ་པས་སྐྱོན་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཉེ་བར་གདགས་པ་ཁས་བླངས་པའི་ཕྱིར། ཁས་བླངས་པ་ཉམས་པས་དེས་ན་སྔ་མ་བཞིན་དུ་གཏན་ཚིགས་དང་དཔེའི་སྐྱོན་ཡོད་པས་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། རྫ་མཁན་ནི་དངོས་སུ་ན་སྡོད་པ་པོ་ཉིད་ཡིན་ཏེ། འདི་ལྟར་སྡོད་པས་རྫ་མ་བྱེད་པའི་ཕྱིར་རོ། །འགྲོ་བ་པོ་ཉིད་ནི་དེ་ལ་ཉེ་བར་གདགས་པའི་ཚུལ་གྱིས་ཁས་བླངས་པའི་ཕྱིར་འགྲོ་བ་པོ་དངོས་བཏང་བས་ཁས་བླངས་པ་ཉམས་པས། དེས་ན་སྔ་མ་བཞིན་དུ་གཏན་ཚིགས་དང་དཔེའི་སྐྱོན་ཡོད་པར་ཐལ་བར་འགྱུར་ཏེ། འགྲོ་བ་ཡོད་དོ་ཞེས་བྱ་བ་ནི་དམ་བཅས་པ་ཙམ་ཁོ་ནར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་སུན་དབྱུང་བའི་ལམ་གཞན་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་འགྲོ་བ་ལོག་པ་ནི་སྡོད་པ་ཞེས་བྱ་བས་ན། ལྡོག་པ་དེ་ཡང་བགོམ་པ་ལས་སམ། སོང་བ་ལས་སམ་མ་སོང་བ་ལས་ལྡོག་པར་འགྱུར་གྲང་ན། རྣམ་པ་དེ་དག་གང་ལས་ཀྱང་སྡོད་པར་མི་འཐད་དོ་ཞེས་བྱ་བ་སྟོན་ཏོ། །དེའི་ཕྱིར་འདི་ལ་སྡོད་པ་དེ་སོང་བ་ལས་སམ། མ་སོང་བ་ལས་སམ་བགོམ་པ་ལས་ལྡོག་པ་ལ་བརྟག་གྲང་ན། དེ་ལ། བགོམ་ལས་སྡོད་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བགོམ་པ་ལས་སྡོད་པར་མི་འགྱུར་ཏེ། རྗེས་སུ་དཔག་པ་སྔར་བསྟན་པས་འགྲོ་བ་དང་


DTG099_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ་སྡོད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི། བགོམ་པ་ལ་སྡོད་པ་མེད་དེ་འགྲོ་བ་ལ་ཞུགས་པའི་ཕྱིར། དཔེར་ན་བགོམ་པ་མ་ཉམས་པ་གཞན་བཞིན་ནོ་ཞེས་རྗེས་སུ་དཔག་པ་སྔར་བསྟན་པས་བགོམ་པ་འགྲོ་བ་དང་ལྡན་པ་སྡོད་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་སོང་བ་ལས་དེ་འགྲུབ་པོ་ཞེ་ན། སོང་བ་པོ་ལས་ཀྱང་དེ་འགྲུབ་པར་མི་རིགས་ཏེ། སོང་བ་འགྲོ་བ་མེད་པ་ལ། །འགྲོ་བ་ལྡོག་པ་མེད་པའི་ཕྱིར། །ཞེས་བྱ་བ་ནི་གལ་ཏེ་སོང་བ་ལས་སྡོད་པ་དེ་འགྲུབ་པོ་ཞེ་ན། སོང་བ་ལས་ཀྱང་སྡོད་པ་དེ་འགྲུབ་པར་མི་རིགས་ཏེ། སོང་བ་ལ་འགྲོ་བ་མེད་པའི་ཕྱིར་རོ། །འདི་ལྟར་འགྲོ་བ་ལྡོག་པ་ནི་སྡོད་པ་ཡིན་ན་འགྲོ་བ་ནི་སོང་བ་ལ་མེད་དེ། འགྲོ་བ་མེད་ན་འགྲོ་བ་ལྡོག་པ་ཡང་མེད་ལ། འགྲོ་བ་ལྡོག་པ་མེད་ན་སྡོད་པ་ཡང་མེད་པའི་ཕྱིར་རོ། །འོ་ན་མ་སོང་བ་ལས་སྡོད་པ་འགྲུབ་པར་འགྱུར་རོ་སྙམ་ནས། དེ་ཡང་མི་འཐད་དེ་འགྲོ་བ་མེད་པ་ལ་ལྡོག་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་མ་སོང་བ་ལས་ཀྱང་སྡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདི་ལྟར་འགྲོ་བ་ལྡོག་པ་ནི་སྡོད་པ་ཡིན་ན། འགྲོ་བ་ནི་མ་སོང་བ་ལ་མེད་དེ། འགྲོ་བ་མེད་ན་འགྲོ་བ་ལྡོག་པ་ཡང་མེད་ལ། འགྲོ་བ་ལྡོག་པ་མེད་ན་སྡོད་པ་ཡང་མེད་པའི་ཕྱིར། མ་སོང་བ་ལས་ཀྱང་སྡོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ན་འགྲོ་བ་སྨྲ་བ་དག་གི་གཏན་ཚིགས་ཀྱིས་དོན་མི་མཐུན་པ་ཡོད་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དེ། འདི་ལྟར་སྡོད་པ་མེད་པའི་ཕྱིར་འགྲོ་བ་དེ་མི་མཐུན་པ་ཉིད་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཡང་མེད་དེ། དོན་དམ་པར་སྣང་བ་དང་མུན་པ་གཉིས་མི་མཐུན་པ་ཉིད་ཡིན་པར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་སྨྲ་བ་དག་ལ་ཆོས་མཐུན་པའི་དཔེས་རྗེས་སུ་འགྲོ་བ་ཡང་མེད་དེ། དབུ་མ་པས་དོན་དམ་པར་སྣང་བ་དང་མུན་པ་གཉིས་མི་མཐུན་པ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཡང་ན་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ཅི་སྟེ་འགྲོ་བ་སྨྲ་བ་དག་ཀུན་རྫོབ་ཏུ་འགྲོ་བ་མི་མཐུན་པ་སྡོད་པ་ཡོད་པའི་གཏན་ཚིགས་ཀྱིས་འགྲོ་བ་ཡོང་པར་སྒྲུབ་པ་ནི་དོན་དམ་པར་འགྲོ་བ་ཡོད་པར་སྒྲུབ་པ་དང་


DTG099_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་ཉིད་ཀྱང་ཡིན་ནོ། །གང་དག་ཡོད་པ་ནི་སྡོད་པ་ཁོ་ན་ཡིན་ཏེ། མི་མཐུན་པ་ཡོད་པའི་ཕྱིར་དང༌། རྩོམ་པ་ཡོད་པའི་ཕྱིར་དང༌། དེ་ལས་ལྡོག་པ་དངོས་པོ་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ལ། འགྲོ་བ་དང་ནི་འཇུག་པ་དང༌། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་སྨྲ་བ་གང་དག་སྡོད་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། སྡོད་པའི་མི་མཐུན་པ་འགྲོ་བ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དང༌། གང་དག་སྡོད་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། སྡོད་པའི་རྩོམ་པ་ཁྲི་སྟན་ལ་སོགས་པ་ཤོམ་པ་ལ་འཇུག་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དང༌། གང་དག་སྡོད་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། སྡོད་པ་དེ་ལས་ལྡོག་པས་འགྲོ་བ་ཞེས་བྱ་བའི་དངོས་པོ་སྐྱེ་བའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ལ། འགྲོ་བ་དང་ནི་འཇུག་པ་དང༌། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་བརྗོད་པར་བྱ་སྟེ། སྡོད་པའི་མི་མཐུན་པ་འགྲོ་བ་ཡང་འགྲོ་བའི་མི་མཐུན་པ་སྡོད་པ་དང་མཚུངས་ལ། སྡོད་པའི་འཇུག་པ་རྩོམ་པ་ཡང་འགྲོ་བའི་རྩོམ་པ་འདུག་པ་དང་མཚུངས་པ་དང༌། སྡོད་པའི་ལྡོག་པ་འགྲོ་བ་ཡང་འགྲོ་བའི་ལྡོག་པ་སྡོད་པ་དང་མཚུངས་སོ་ཞེས་བརྗོད་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་འགྲོ་བའི་མི་མཐུན་པ་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་དང༌། དེ་ལས་གཞན་པ་ལ་མི་འཐད་པ་དང༌། འགྲོ་བའི་རྩོམ་པ་ཡང་སོང་བ་དང་མ་སོང་བ་དང་བགོམ་པ་ལ་མི་འཐད་པ་དང༌། འགྲོ་བའི་ལྡོག་པ་ཡང་སོང་བ་དང་མ་སོང་བ་དང་བགོམ་པ་ལ་མི་འཐད་པ་དེ་བཞིན་དུ། སྡོད་པའི་མི་མཐུན་པ་ཡང་སྡོད་པ་པོ་དང་སྡོད་པ་པོ་མ་ཡིན་པ་དང་དེ་ལས་གཞན་པ་ལ་མི་འཐད་པ་དང༌། སྡོད་པའི་འཇུག་པ་ཡང་བསྡད་པ་དང་མ་བསྡད་པ་དང༌། སྡོད་པ་ལ་མི་འཐད་པ་དང་སྡོད་པའི་ལྡོག་པ་ཡང་བསྡད་པ་དང་མ་བསྡད་པ་དག །སྡོད་པ་ལ་མི་འཐད་པ་དེ་ལྟར་རྗེས་སུ་དཔག་པ་རྒྱས་པར་བྱའོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། རེ་ཞིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །ཞེས་བྱ་བ་ཇི་ལྟར་འགྲོ་བ་པོ་མི་སྡོད་དེ་སྡོད་པ་དང༌། འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ་ཞེས་བཤད་པ་དེ་


DTG099_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྡོད་པ་པོ་ཡང་མི་འགྲོ་སྟེ། སྡོད་པ་དང་འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ། །ཅི་ལྟར་འགྲོ་བ་པོ་མ་ཡིན་པ་མི་སྡོད་དེ། སྡོད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་དེ་བཞིན་དུ་སྡོད་པ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བ་གཉིས་ཐལ་བར་འགྱུར་བའི་ཕྱིར། །ཇི་ལྟར་འགྲོ་བ་པོ་ཡིན་པ་དང་འགྲོ་བ་པོ་མ་ཡིན་པ་མི་སྡོད་དེ་མི་སྲིད་པའི་ཕྱིར་རོ་ཞེས་བཤད་པ་དེ་བཞིན་དུ། སྡོད་པ་པོ་ཡིན་པ་དང་སྡོད་པ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་འགྲོ་བའི་མི་མཐུན་པ་སྡོད་པ་དན་སྡོད་པའི་མི་མཐུན་པ་འགྲོ་བ་མཚུངས་པ་ཡིན་ནོ། །སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོམ་ལ་རྩོམ་པ་ཡོད་མ་ཡིན། །གང་དུ་འགྲོ་བ་རྩོམ་པར་བྱེད། །ཅེས་བྱ་བས་ཇི་ལྟར་འགྲོ་བའི་རྩོམ་པ་སོང་བ་དང་མ་སོང་བ་དང་བགོམ་པ་ལ་མི་འཐད་དོ་ཞེས་བཤད་པ་དེ་བཞིན་དུ་སྡོད་པའི་འཇུག་པ་ཡང་བསྡད་པ་དང་མ་བསྡད་པ་དང་སྡོད་པ་ལ་མི་འཐེང་དེ། དེ་ལྟར་ན་འགྲོ་བའི་རྩོམ་པ་དང་སྡོད་པའི་འཇུག་པ་མཚུངས་པ་ཡིན་ནོ། །བགོམ་ལས་སྡོད་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཞེས་བྱ་བ་ཇི་ལྟར་འགྲོ་བའི་ལྡོག་པ་སོང་བ་དང་མ་སོང་བ་དང་བགོམ་པ་ལས་ལྡོག་པར་མི་འགྱུར་རོ་ཞེས་བཤད་པ་དེ་བཞིན་དུ། སྡོད་པའི་ལྡོག་པ་ཡང་གང་དུ་བསྡད་པ་དེ་ནས་མི་འགྲོ་སྟེ་འགྲོ་བ་མེད་པའི་ཕྱིར་རོ། །གང་དུ་མ་བསྡད་པ་དེ་ནས་ཀྱང་མི་འགྲོ་སྟེ་གྲོ་བ་མེད་པའི་ཕྱིར་རོ། །གང་དུ་སྡོད་པ་དེ་ནས་ཀྱང་མི་འགྲོ་སྟེ་སྡོད་པ་དང་འགྲོ་བ་གཉིས་མི་མཐུན་པའི་ཕྱིར་རོ། །དེ་ལྟར་ན་འགྲོ་བའི་ལྡོག་པ་དང་སྡོད་པ་མཚུངས་པ་ཡིན་ནོ་ཞེས་དེ་ལྟར་རྗེས་སུ་དཔག་པ་རྒྱས་པར་བྱའོ། །ཚིག་མངས་ཀྱིས་དོགས་པའི་ཕྱིར་དང༌། དོན་བཤད་ཟིན་པའི་ཕྱིར་སྤྲོས་པའི་སྒོ་ནས་མ་བཤད་དེ་ཞེས་བྱ་བ་ནི་སྡོད་པའི་མི་མཐུན་པ་ཡང་སྡོད་པ་པོ་དང༌། སྡོད་པ་པོ་ཡང་མ་ཡིན་པ་དང༌། དེ་ལས་གཞན་པ་ལ་མི་འཐད་པ་དང༌། སྡོད་པའི་འཇུག་པ་ཡང་བསྡད་པ་དང༌། མ་བསྡད་པ་དང༌། སྡོད་པ་ལ་མི་འཐད་པ་དང༌། སྡོད་པའི་ལྡོག་པ་ཡང་བསྡད་པ་དང་མ་བསྡད་པ་དང༌། སྡོད་པ་ལ་མི་འཐད་པ་དེ་ལྟར་རྗེས་སུ་དཔག་པ་རྒྱས་པར་བྱ་བ་དག་གི་སྦྱོར་བ་སྤྲོས་པའི་སྒོ་ནས་མ་བཤད་པའོ། །འོན་ཀྱང་ཕྱོགས་ཙམ་ཞིག་བཤད་པར་


DTG099_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་བྱ་བ་ནི། དེ་དག་ལ་རྗེས་སུ་དཔག་པ་རྒྱས་པ་སུམ་ཕྲུགས་རེ་རེ་ཡོད་པ་ལས་རེ་ཞིག་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། སྡོད་པ་པོ་མི་འགྲོ་སྟེ་འགྲོ་བ་དང་བྲལ་བའི་ཕྱིར་སྡོད་པ་མ་ཉམས་པའི་སྡོད་པ་པོ་གཞན་བཞིན་ནོ། །བསྡད་པ་ལ་སྡོད་པའི་འཇུག་པ་མེད་དེ་བསྡད་ཟིན་པའི་ཕྱིར། དཔེར་ན་བསྡད་ནས་ཡུན་རིང་དུ་ལོན་པ་བཞིན་ནོ། །བསྡད་པ་ལས་སྡོད་པ་མི་ལྡོག་སྟེ་འགྲོ་བ་མེད་པའི་ཕྱིར་དཔེར་ན་སྡོད་པ་མ་ཉམས་པ་གཞན་བཞིན་ནོ་ཞེས་བྱ་བ་དག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམ་བཞིན་དུ་སྦྱར་ཏེ། དཔེར་ན་སྡོད་པ་ཉམས་པའི་སྡོད་པ་པོ་གཞན་ནི་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་བ་དེ་བཞིན་དུ་སྡོད་པ་པོ་ཡང་འགྲོ་བ་དང་བྲལ་བའི་ཕྱིར་མི་འགྲོ་སྟེ་ཞེས་བྱ་བ་དང༌། དཔེར་ན་བསྡད་ནས་ཡུན་རིང་དུ་ལོན་པའི་ལམ་ནི་བསྡད་ཟིན་པའི་ཕྱིར་དེ་ལ་སྡོད་པའི་འཇུག་པ་མེད་པ་དེ་བཞིན་དུ་བསྡད་པའི་ལམ་ཡང་བསྡད་ཟིན་པའི་ཕྱིར་དེ་ལ་སྡོད་པའི་འཇུག་པ་མེད་དོ་ཞེས་བྱ་བ་དང༌། དཔེར་ན་སྡོད་པ་མ་ཉམས་པའི་ལམ་གཞན་ནི་འགྲོ་བ་མེད་པའི་ཕྱིར་དེ་ལས་སྡོད་པ་མི་ལྡོག་པ་དེ་བཞིན་དུ། བསྡད་པ་ལམ་ཡན་འགྲོ་བ་མེད་པའི་ཕྱིར་དེ་ལས་ཀྱང་སྡོད་པ་མི་ལྡོག་གོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རྗེས་སུ་དཔག་པའི་སྦྱོར་བ་ཅི་རིགས་པར་བྱའོ་ཞེས་བྱ་བ་ནི། སྡོད་པ་པོ་མ་ཡིན་པ་ནི་མི་འགྲོ་སྟེ། སྡོད་པ་དང་བྲལ་བའི་ཕྱིར་འགྲོ་བ་ཉམས་པའི་སྡོད་པ་པོ་མ་ཡིན་པ་གཞན་བཞིན་ནོ། །སྡོད་པ་པོ་ཡིན་པ་དང་སྡོད་པ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ་མི་སྲིད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །མ་བསྡད་པ་ལ་སྡོད་པའི་འཇུག་པ་མེད་དེ་བསྡད་པ་མ་བརྩམས་པའི་ཕྱིར། དཔེར་ན་བསྡད་པ་མ་བརྩམས་པའི་ལམ་གཞན་བཞིན་ནོ། །སྡོད་པ་པོ་ལ་ཡང་སྡོད་པའི་འཇུག་པ་མེད་དེ་བསྡད་པ་དང་མ་བསྡད་པ་མ་གཏོགས་པར་སྡོད་པ་མེད་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མ་བསྡད་པ་ལ་སྡོད་པ་མི་ལྡོག་སྟེ་སྡོད་པ་མེད་པའི་ཕྱིར། དཔེར་ན་སྡོད་པ་ཉམས་པ་གཞན་བཞིན་ནོ། །སྡོད་པ་ལས་སྡོད་པ་མི་ལྡོག་སྟེ་མེད་པའི་ཕྱིར། དཔེར་ན་དྲི་ཟའི་གྲོང་ཁྱེར་ནས་


DTG099_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་པ་མི་ལྡོག་པ་བཞིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པའི་སྦྱོར་བ་ཅི་རིགས་པོར་བྱ་བ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྡོད་པ་མ་གྲུབ་པ་ཉིད་ཇི་སྐད་བཤད་པའི་སྐྱོན་ལས་ངེས་པར་ཐར་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འགྲོ་བའི་མི་མཐུན་པ་སྡོད་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་མ་གྲུབ་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་སྔར་ཇི་སྐད་བ་ཤད་པ་ལས་ངེས་པར་ཐར་པ་མེད་དེ། འགྲོ་བ་ཡོད་པར་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སྨྲས་པ་ཁྱེད་ན་རེ། འགྲོ་བ་པོ་ཡང་མེད་ལ་འགྲོ་བ་ཡང་མེད་དོ་ཞེས་ཟེར་བས་ཙཻ་ཏྲ་འགྲོའོ་མཻ་ཏྲ་འགྲོའོ་ཞེས་འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་འགྱུར་ཏེ། དཔེར་ན་འཇིག་རྟེན་ན་རི་བོང་ཅན་ཟླ་བ་ཉིད་དུ་གྲགས་པ་བཞིན་དུ། ཟླ་བ་ཉིད་མ་ཡིན་པར་སེལ་བར་བྱེད་པ་བཞིན་ནོ་ཞེས་བྱ་བ་ནི། འདིར་འགྲོ་བ་སྨྲ་བ་དག །དབུ་མ་པ་ནི་འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་རྗེས་སུ་འགྲོ་བའི་དཔེ་དང་བཅས་པས་རྒོལ་པ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ་འདིར། གཏན་ཚིགས་ཀྱི་དོན་གང་ཡིན། ཅི་འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་རམ། འོན་ཏེ་བསྟན་བཅོས་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི། ཕ་རོལ་པོས་འདྲི་བའི་ཚིག་ཡིན་ནོ། །འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་རོ་ཞེ་ན་ནི་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་ན་རེ། དབུ་མ་པ་འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར། གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་ནའོ། །འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། འཇིག་རྟེན་ནི་རྣམ་པ་གཉིས་ཏེ། བ་ལང་རྫིའི་ཆུང་མ་ཡན་ཆང་ལ་གྲགས་པའི་མཚན་ཉིད་མུ་སྟེགས་བྱེད་དག་གིས་མ་བླངས་པ་དང༌། མུ་སྟེགས་བྱེད་དག་གིས་བླངས་པའོ། །དེ་ལ་གལ་ཏེ་འཇིག་རྟེན་བ་ལང་རྫིའི་ཆུང་མ་ཡན་ཆད་ལ་གྲགས་པའི་མཚན་ཉིད་མུ་སྟེགས་བྱེད་དག་གིས་མ་བླངས་པར་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་འགྱུར་རོ་ཞེ་ན་ནི། དེས་ན་


DTG099_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྨྲ་བ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། དབུ་མ་པས་དོན་དམ་པར་རོ་ཞེས་དམ་བཅས་པའི་ཁྱད་པར་ཉེ་བར་བླངས་པ་ཁོ་ནའི་ཕྱིར་འཇིག་རྟེན་ལ་གྲགས་པའི་འགྲོ་བའི་ཐ་སྙད་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་པོ་མེད་དོ་ཞེས་དམ་བཅས་པ་ཁྱད་པར་ཅན་ཁས་བླངས་པའི་ཕྱིར། འཇིག་རྟེན་བ་ལང་རྫིའི་ཆུང་མ་ཡན་ཆད་ལ་གྲགས་པའི་མཚན་ཉིད་མུ་སྟེགས་བྱེད་དག་གིས་མ་བླངས་པའི་ཐ་སྙད་མ་སྤངས་པའི་ཕྱིར། འགྲོ་བ་སྨྲ་བ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འོན་ཏེ་འཇིག་རྟེན་མུ་སྟེགས་བྱེད་དག་གིས་བླངས་པ་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་ན་ནི། དེས་སེལ་བར་བྱེད་པས་འཇིག་རྟེན་ལ་གྲགས་པའི་གནོད་པ་མེད་དེ། གལ་ཏེ་མུ་སྟེགས་བྱེད་དག་གི་བསྟན་བཅོས་ལ་གྲགས་པ་སེལ་བའི་ཕྱོགས་ལ་སྐྱོན་དེར་གྱུར་ན་ནི། དེས་ན་སངས་རྒྱས་པ་དག་གིས་གྲངས་ཅན་ལ་སོགས་པའི་གཙོ་བོ་དང་དངོས་པོ་རྣམས་ཀྱི་བྱེད་པ་པོ་ཉིད་དང༌། སྐྱེས་བུ་ཡོད་པ་ཉིད་ལ་སོགས་པ་དག་ཀྱང་དགག་པར་མི་བྱ་ཞིང༌། གྲངས་ཅན་ལ་སོགས་པ་བདག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང༌། སངས་རྒྱས་བ་ལ་བདག་མེད་པ་ཉིད་ལ་སོགས་པ་དག་དགག་པར་མི་བྱ་སྟེ། དེས་ན་ཚད་མ་དང་གཞལ་བྱའི་ཐ་སྙད་ཀྱང་ཆད་པར་འགྱུར་བས་དེའི་ཕྱིར། འཇིག་རྟེན་མུ་སྟེགས་བྱེད་དག་གིས་བླངས་པ་སེལ་བར་བྱེད་པ་ནི་གྲགས་པའི་གནོད་པར་མི་འགྱུར་རོ། །གལ་ཏེ་རང་གི་བསྟན་བཅོས་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་དེ་གྲགས་པའི་གནོད་པར་འགྱུར་རོ་ཞེ་ན་ནི་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་གལ་ཏེ་གཞན་གྱི་བསྟན་བཅོས་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་མི་འགྱུར་དུ་ཟིན་ཀྱང༌། དབུ་མ་པས་རང་གི་བསྟན་བཅོས་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར། དེ་གྲགས་པའི་གནོད་པར་འགྱུར་རོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེ་དག་ལ་འདི་སྐད་ཅེས་དེ་ལ་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་བརྗོད་པར་མི་བྱའི་དེ་ལ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བརྗོད་པར་བྱ་བའི་རིགས་ཏེ་ཞེས་བརྗེད་པར་བྱའོ། །གལ་ཏེ་ཕ་རོལ་པོ་ན་རེ།


DTG099_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་དེ་ཁྱེད་རང་གི་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བརྗོད་པར་བྱ་ཞེས་ཟེར་ན། །དེ་ཡང་ཁོ་བོ་ཅག་ལ་གནས་མི་རྙེད་དེ་ཞེས་བྱ་བ་སྨྲས་ཏེ། རང་གི་བསྟན་བཅོས་ལ་གྲགས་པ་སེལ་བར་བྱེད་པ་ནི་ཁས་བླངས་པ་ལ་གནོད་པར་འགྱུར་བ་ཡིན་ནོ་ཞེས་བརྗོད་པར་བྱ་བའི་རིགས་པ་ལས། ཁྱེད་ཀྱི་དེ་གྲགས་པའི་གནོད་པར་འགྱུར་རོ་ཞེས་བརྗོད་པས་ཁྱེད་ལ་ཐ་སྙད་ལ་མི་མཁས་པའི་སྐྱོན་བརྗོད་པ་ཡིན་གྱི། ཁོ་བོ་ཅག་དབུ་མ་པ་ལ་ཁས་བླངས་པ་ལ་གནོད་པར་འགྱུར་བའི་གནས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཇི་ལྟར་གནས་མི་རྙེད་ཅན། དེའི་ཕྱིར་དོན་དམ་པར་འགྲོ་བ་པོ་དང༌། འགྲོ་བ་གཉིས་ཡོད་པར་ཁས་མ་བླངས་པའི་ཕྱིར་དང༌། དེ་དག་མི་འཐད་པར་ཡང་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་གཉིས་ཡོད་པར་ཁས་བླངས་ནས་དོན་དམ་པ་ཉིད་དུ་དེ་དག་སེལ་བར་བྱེད་ན་ནི་ཁས་བླངས་པ་ལ་གནོད་པར་ཡང་འགྱུར་བ་ཞིག་ན། དོན་དམ་པར་དེ་ཉིད་ཡོད་པར་ཁས་མ་བླངས་པའི་ཕྱིར་དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་དེ་དག་མི་འཐད་པར་ཡང་སྔར་བསྟན་ཟིན་པའི་ཕྱིར་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ། །ཡང་བཤད་པ། དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་གྲུབ་པར་གྱུར་ན་ངེས་པར་གཅིག་པ་ཉིད་དམ། གཞན་པ་ཉིད་དུ་འགྱུར་གྲང་ན་དེ་ཡང་མི་འཐད་དོ་ཞེས་བྱ་བ་ལ་སོགས་པས་ནི་སྔར་འགྲོ་བ་སྨྲ་བ་དག །ཁྱེད་ན་རེ་འགྲོ་བ་པོ་ཡང་མེད་ལ་འགྲོ་བ་ཡང་མེད་དོ་ཞེས་ཟེར་བས་ཙཻ་ཏྲ་འགྲོའོ་མཻ་ཏྲ་འགྲོའི་ཞེས་འཇིག་རྟེན་ལ་གྲགས་པ་སེལ་བར་བྱེད་པའི་ཕྱིར་གྲགས་པའི་གནོད་པར་འགྱུར་ཏེ། དཔེར་ན་འཇིག་རྟེན་ལ་རི་བོང་ཅན་ཟླ་བ་ཉིད་དུ་གྲགས་བཞིན་དུ། ཟླ་བ་ཉིད་མ་ཡིན་པར་སེལ་བར་བྱེད་པ་བཞིན་ནོ་ཞེས་ཟེར་བས་འགྲོ་བ་པོ་དང་འགྲོ་བ་ཡོད་པར་བསྒྲུབ་པ་མི་འཐད་པར་སློབ་དཔོན་ཉིད་ཀྱིས་གསུངས་པའི་ཚིག་ལེའུར་བྱས་པའི་དོན་གྱིས་འདིར་ཡང་བཤད་དོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་གྲུབ་པར་གྱུར་ན་དེ་ཉིད་ངེས་པར་གཅིག་པ་ཉིད་དམ་གཞན་པ་ཉིད་དུ་འགྱུར་གྲང་ན། དེ་གཉི་གར་ཡང་མི་འཐད་དོ་ཞེས་སྟོན་ཏོ། །ཇི་ལྟར་


DTG099_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོས་འདྲི་བའི་ཚིག་ཡིན་ནོ། །དེ་ཉིད་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་གཅིག་པ་ཉིད་དམ། གཞན་པ་ཉིད་ཡིན་ནམ། དེ་གཉི་གར་མི་འཐད་པ་ཉིད་བརྟག་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང༌། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང༌། །དེ་ནི་དམ་བཅའ་བ་གཉིས་ཉེ་བར་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པ་དེ་ནི་འགྲོ་བ་པོ་དང་འགྲོ་བ་པོ་གཅིག་པ་ཉིད་ཀྱང་མ་ཡིན་ལ་གཞན་པ་ཉིད་ཀྱང་མ་ཡིན་པར་དམ་བཅའ་བ་གཉིས་ཉེ་བར་གཞག་པ་ཡིན་ནོ། །ཇི་ལྟར་མི་རུང་ཞེས་ན་ཞེས་བྱ་བ་ནི་ཇི་ལྟར་གཅིག་པ་ཉིད་དུ་མི་རུང་ཞེས་དྲི་བ་ཡིན་ནོ། །དེའི་ཕྱིར། དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན། བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་པར་འགྱུར་བས་དེ་མི་རུང་སྟེ། འདི་ལྟར་འགྲོ་བ་ནི་ལས་ཀྱི་ངོ་བོ་ཉིད་ཡིན་ལ། འགྲོ་བ་པོ་ནི་བྱེད་པ་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་དགག་པར་ནུས་ཤིང་བཟློག་པའི་དོན་གསལ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་གལ་ཏེ་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན་བྱེད་པ་པོ་དང་ལས་ཉིད་གཅིག་པ་ཉིད་དུ་ཐལ་བར་འགྱུར་བ་དེ་ལྟར་ན། འདིར་འགྲོ་བ་པོ་དང་འགྲོ་བ་གཅིག་ཏུ་གྱུར་ན་བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་འགྱུར་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ནི་མི་རུང་བས་ཚིག་ལེའུར་བྱས་པ་འདིའི་སྐབས་ཀྱི་དོན་འགྲོ་བ་དང་འགྲོ་བ་པོ་གཅིག་པ་ཉིད་ཅེས་བྱ་བ་དེ་དགག་པར་ནུས་ཤིང་སྐབས་ཀྱི་དོན་དེ་ལས་བཟློག་པའི་དོན་འགྲོ་བ་དང་འགྲོ་བ་པོ་གཅིག་ཉིད་པ་ཡིན་ནོ་ཞེས་བྱ་བ་དེ་དག་གསལ་བའི་ཚིག་གི་དོན་ཡིན་ཏེ། ཚིག་ལེའུར་བྱས་པ་འདིའི་དོན་ནི་དེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། དཔེར་ན་གལ་ཏེ་སྒྲ་རྟག་ན་བུམ་པ་ཡང་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། བུམ་པ་བྱས་པ་མི་རྟག་པ་ནི་རྟག་


DTG099_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་མི་འདོད་དེ། དེའི་ཕྱིར་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་དགག་པར་ནུས་ཤིང་བཟློག་པའི་དོན་གསལ་བའི་ཚིག་གི་དོན་ཏོ་ཞེས་བཤད་པ་དེ་ཉིད་དཔེ་བསྟན་ཏེ། དཔེར་ན་འགའ་ཞིག་གིས་སྒྲ་རྟག་གོ་ཞེས་སྨྲས་པ་ནི་གླགས་ཡོད་པའི་ཚིག་ཡིན་ཏེ། ཇི་ལྟར་ཞེ་ན་གཞན་དག་ན་རེ། གལ་ཏེ་སྒྲ་རྟག་ན་བུམ་པ་ཡང་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ་ཞེས་བྱ་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ནི་མི་རུང་བས་སྒྲ་རྟག་གོ་ཞེས་ཟེར་བ་དེའི་སྐབས་ཀྱི་དོན་ནི་བུམ་པ་བྱས་པ་མི་རྟག་པ་ཉིད་དུ་མི་འདོད་དོ་ཞེས་བྱ་བ་འདིས་དགག་པར་ནུས་ཤིང་སྐབས་ཀྱི་དོན་དེ་ལས་བཟློག་པའི་དོན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་གསལ་བའི་ཚིག་གི་དོན་ཡིན་པ་ལྟ་བུའོ། །དེའི་ཕྱིར་འདིར་ཚིག་གི་དོན་གྱི་དབང་གིས་སྦྱོར་བའི་ཚིག་ནི་ཞེས་བྱ་བ་ནི་བཟློག་པའི་དོན་གསལ་བའི་ཚིག་གི་དོན་ཏེ་ཞེས་བྱ་བའི་ཚིག་གི་དོན་དེའི་དབང་གིས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་པར་རྗེས་སུ་དཔག་པའི་སྦྱོར་བའི་ཚིག་ནི་འདི་ལྟར་བྱའོ་ཞེས་བྱ་བར་སྦྱར་རོ། །དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་ཏེ། བྱེད་པ་པོ་དང་བས་ཡིན་པའི་ཕྱིར། དཔེར་ན་གཅོད་པ་པོ་དང་གཅད་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང་དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅོད་པ་པོ་དང་གཅད་པ་ནི་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ། འགྲོ་བ་པོ་དང་འགྲོ་བ་ཡང་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་ནོ། །འདིར་གཞན་དག་ན་ར། དབུ་མ་པས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་པར་བཤད་པ་ནི་དོན་གྱིས་གོ་བས་དེ་གཉིས་གཞན་པ་ཉིད་དུ་བསྒྲུབས་པ་ཡིན་པས་དེས་ན་ཁས་བླངས་པ་ལ་གནོད་པར་འགྱུར་ཏེ། འདི་ལྟར་དབུ་མ་པའི་སྒྲུབ་པའི་མཐའ་ལས་དེ་གཉིས་གཞན་པ་ཉིད་དུ་ཡང་མི་འདོད་པའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འགྲོ་བ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་ནོ་ཞེས་བཤད་ཀྱང་དེ་གཉིས་གཞན་པ་


DTG099_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མ་ཡིན་པར་དགག་པ་ཡོངས་སུ་གཟུང་བའི་ཚུལ་གྱིས་གཅིག་པ་ཉིད་མ་ཡིན་པར་དགག་པས་གཞན་པ་ཉིད་དུ་སྒྲུབ་པར་བྱེད་པ་ལྟ་བུ་མ་ཡིན་གྱི་ཁོ་བོས་མེད་པ་དགག་པ་ཉིད་ཡོངས་སུ་བཟུང་བས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་ནོ་ཞེས་བཤད་ཀྱང་དེ་གཉིས་གཞན་པ་ཉིད་བསྟན་པ་མ་ཡིན་པས་ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ་ཞེས་བསྟན་ཏོ།། །།བམ་པོ་ཉི་ཤུ་དྲུག་པ། གཞན་དག་ནི་དམ་བཅས་པའི་དོན་རྣམ་པར་བརྟགས་ནས། གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་གཅོད་པ་པོ་དང་གཅད་པ་ལ་མེད་པའི་ཕྱིར་དཔེ་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གྲངས་ཅན་ནུས་པ་སྨྲ་བ་དག་གིས། དབུ་མ་པས་སྡང་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་པར་དམ་བཅས་པའི་དོན་རྣམ་པར་བརྟགས་ནས། དབུ་མ་པའི་དཔེ་གཅོད་བ་པོ་དང་བཅད་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པར་རྒོལ་བ་ཡིན་ནོ། །འདི་སྐད་བསྟན་ཏེ། གཅིག་པ་ཉིད་མ་ཡིན་པ་ཞེས་བྱ་བ་ནི་གཞན་པ་ཉིད་ཡིན་ལ། དེ་ཡང་གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་ཡིན་ཏེ། འགྲོ་བའི་ནུས་པས་ཀྱང་འགྲོ་བ་པོ་སྟོང་ལ། འགྲོ་བ་པོའི་ནུས་པས་ཀྱང་འགྲོ་བ་སྟོང་སྟེ། གཅིག་གི་ནུས་པ་གཅིག་ལ་མེད་པའི་མཚན་ཉིད་ཀྱིས་གཞན་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་སྒྲུབ་ན་གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་ཅེས་བྱ་བ་དེ་གཅོད་པ་པོ་དང་གཅད་པ་ལ་མེད་པའི་ཕྱིར་དེ་དཔེར་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས། སྙིང་སྟོབས་དང་རྔུལ་དང་མུན་པའི་རང་བཞིན་ནི་རྟག་པ་དང་ཐམས་ཅད་དུ་སོང་བའི་ཕྱིར་དངོས་པོ་ཐམས་ཅད་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་འདོད་པས་དེ་ནས་གཅོད་པ་པོ་དང་གཅད་པ་གཉིས་གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་མ་ཡིན་ཏེ། གཅོད་པོ་པའི་ནུས་པ་ཡང་གཅད་པ་ལ་ཡོད་ལ། གཅད་པའི་ནུས་པ་ཡང་གཅོད་པ་པོ་ལ་ཡོད་དེ་དེ་གཉིས་བདག་ཉིད་གཅིག་པའི་ཕྱིར་གཞན་པ་ཉིད་ཀྱི་དཔེར་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིང་འགྲེལ་


DTG099_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། །གཅིག་པ་ཉིད་ཙམ་དགག་པའི་ཕྱིར། །དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིར་ཁོ་བོའི་བསྒྲུབ་པར་བྱ་བ་ནི་གཅིག་པ་ཉིད་ཙམ་དགག་པ་ཁོ་ན་ཡིན་གྱི། གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་མ་ཡིན་པའི་ཕྱིར་ཀླན་ཀ་དེ་ནི་བཟང་པོ་མ་ཡིན་ནོ། །དེ་ཡང་གཅོད་པ་པོ་དང་གཅད་པའི་གསལ་བ་ཐ་དད་པའི་ཕྱིར་གྲགས་པ་ཁོ་ནའོ་ཞེས་བྱ་བ་ནི་གཞན་པ་ཉིད་དེ་ཡང་འཇིག་རྟེན་ལ་གྲགས་པ་ཉིད་ཁོ་ན་ཡིན་ཏེ། འདི་ལྟར་གཅོད་པ་པོ་དང་གཅད་པའི་གསལ་བའི་ངོ་བོ་ཉིད་ཐ་དད་པའི་ཕྱིར་དེ་གཉིས་གཞན་པ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་པ་ཁོ་ན་ཡིན་པས་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་དམ་བཅས་པའི་དོན་ཁས་བླངས་ནས་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་ཀུན་རྫོབ་ཏུ་གཅིག་ལ་གཅིག་ནུས་པས་སྟོང་པ་སྤྱིར་གྲུབ་པ་དག་ཁོན་དཔེ་ཉིད་དུ་འདོད་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཡང་ན་གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་ཁས་བླངས་ན་ཡང་ཁོ་བོའི་དཔེ་གཅོད་པ་པོ་དང་གཅད་པ་གཅིག་པ་ཉིད་མ་ཡིན་པ་ཀུན་རྫོབ་ཏུ་འགྱུར་ཏེ། གང་གི་ཚེ་འགྲོ་བ་པོ་དང་འགྲོ་བ་གཅིག་ལ་གཅིག་ནུས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གཞན་པ་ཉིད་ཡིན་པར་སྒྲུབ་པ་དེའི་ཚེ་དམ་བཅས་པའི་དོན་དེ་ཁས་བླངས་ནས། དཔེར་ན་རྟོགས་པར་བྱ་བ་གཙོ་བོ་དང་རྟོགས་པར་བྱེད་པ་སྐྱེས་བུ་ཉིད་བྱེད་པ་པོ་དང་ལས་ཀྱི་མཚན་ཉིད་ཀྱིས་ཀུན་རྫོབ་ཏུ་གཅིག་ལ་གཅིག་ནུས་པས་སྟོང་པས་གཞན་པ་ཉིད་དུ་འགྲུབ་པ་དེ་བཞིན་དུ་འགྲོ་བ་པོ་དང་འགྲོ་བ་ཡང་བྱེད་པ་པོ་དང་ལས་ཀྱི་མཚན་ཉིད་ཀྱིས་ཀུན་རྫོབ་ཏུ་གཅིག་ལ་གཅིག་ནུས་པས་སྟོང་པས་གཞན་པ་ཉིད་དུ་འགྲུབ་པར་འགྱུར་བས་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །གྲངས་ཅན་དག་གིས་སྐྱེས་བུ་བྱེད་པ་པོ་ཉིད་མ་ཡིན་ཏེ་རང་བཞིན་ནི་བྱེད་པ་པོ་ཡིན་ལ་སྐྱེས་བུ་ནི་ཟ་བ་པོ་ཡིན་པའི་ཕྱིར། བྱེད་པ་པོ་དང་ལས་ཉིད་ཀྱི་གཏན་ཚིགས་མི་འགྲུབ་པོ་ཞེས་ཀྱང་སྨྲ་བར་མི་ནུས་ཏེ། འདི་ལར་བློས་ཡོན་ཏན་རྣམས་ཀྱང་བདག་ལས་གཞན་ལ་བདག་ཀྱང་ཡོན་ཏན་རྣམས་ལས་གཞན་ནོ་སྙམ་དུ་ངེས་པར་འཛིན་པ་ན་རྟོགས་པར་བྱ་བ་རྟོགས་པར་བྱེད་པ་པོ་


DTG099_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་དོན་དམ་པར་གཅོད་པ་པོ་དང་གཅད་པ་གཞན་པ་ཉིད་མ་ཡིན་ཏེ། དཔག་ཏུ་ཡོད་པའི་ཕྱིར་གཅད་པའི་རང་གི་བདག་ཉིད་བཞིན་པས་དེའི་ཕྱིར་འགལ་བ་འཁྲུལ་པ་མེད་པའི་གནོད་པར་འགྱུར་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གཅོད་པ་པོ་དང་གཅད་པ་གཞན་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཚིག་ཡིན་ཏེ། འདིར་ཡང་གཅོད་པ་པོ་དང་གཅད་པ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། གཅོད་པ་པོ་ལྷས་བྱིན་དང་གཅད་པ་ཤིང་དག་གོ །གཞན་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། གཅོད་པ་པོའི་བདག་ཉིད་ལས་གཅད་པའི་བདག་ཉིད་གཞན་པ་ཉིད་མ་ཡིན་པར་སྒྲུབ་པ་ཡིན་ནོ། །དཔག་ཏུ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན་ཏེ་ཚད་ཡོད་པའི་ཕྱིར་རོ། །གཅད་པའི་རང་གི་བདག་ཉིད་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན་ཏེ། དཔེར་ན་གཅད་པའི་རང་གི་བདག་ཉིད་ནི་དཔག་ཏུ་ཡོད་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་པ་ཉིད་མ་ཡིན་པ་དེ་བཞིན་དུ་གཅོད་པའི་རང་གི་བདག་ཉིད་ཀྱང་དཔག་ཏུ་ཡོད་པའི་ཕྱིར་གཅད་པའི་རང་གི་བདག་ཉིད་ལས་གཞན་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཇི་རེ་ཞིག་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་གཅོད་པ་པོ་དང་གཅད་པ་བཞིན་དུ་གཞན་པ་ཉིད་དུ་འགྱུར་རམ། འོན་ཏེ་དཔག་ཏུ་ཡོད་པའི་ཕྱིར་གཅད་པའི་རང་གི་བདག་ཉིད་བཞིན་དུ་གཅོད་པ་པོ་ལས་གཞན་པ་ཉིད་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་འགལ་བར་འཁྲུལ་པ་མེད་པའི་གནོད་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལེན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། གཅད་པའི་རང་གི་བདག་ཉིད་གཞན་པ་ཉིད་མ་ཡིན་པར་གྲུབ་པའི་ཕྱིར། འགལ་བ་འཁྲུལ་པ་མེད་པའི་གནོད་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་གཅད་པའི་རང་གི་བདག་ཉིད་གཞན་པ་ཉིད་མ་ཡིན་པར་མ་གྲུབ་པའི་ཕྱིར། ཅི་རེ་ཞིག་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་གཅོད་པ་པོ་དང་གཅད་པ་བཞིན་དུ་གཞན་པ་ཉིད་དུ་འགྱུར་རམ་འོན་ཏེ་དཔག་ཏུ་ཡོད་པའི་ཕྱིར་གཅོད་པའི་རང་གི་བདག་ཉིད་བཞིན་དུ་གཞན་པ་ཉིད་མ་ཡིན་པར་འགྱུར་ཞེས་འགལ་བ་འཁྲུལ་པ་མེད་པའི་གནོད་པར་མི་


DTG099_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དུ་ཟིན་ན་ཡང༌། གཅིག་པ་ཉིད་དང་ཐ་དད་པ་ཉིད་ཀྱི་མཐའ་གཉིས་ལ་མི་འཆེལ་བས། དོན་དམ་པར་མི་སྒྲུབ་པར་སྟོན་པར་འདོད་པའི་ཕྱིར་འདོད་པ་འགྲུབ་པོ་ཞེས་བྱ་བ་ནི། གལ་ཏེ་ཁྱེད་ཟེར་བ་ལྟར་གཅོད་པ་པོ་དང་གཅད་པ་གཞན་ཉིད་མ་ཡིན་ཏེ་དཔག་ཏུ་ཡོད་པའི་ཕྱིར་གཅད་པའི་རང་གི་བདག་ཉིད་བཞིན་པས་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡོད་དུ་ཟིན་ན་ཡང༌། ངེད་དབུ་མ་པ་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་ཀྱི་མཐའ་གཉིས་ལ་མི་འཆེལ་བས། དོན་དམ་པར་གཅིག་པ་ཉིད་དང་ཐ་དད་པ་ཉིད་མི་སྒྲུབ་པ་ཡིན་པ་ལ། ཁྱོད་ཀྱིས་དོན་དམ་པར་གཅོད་པ་པོ་དང་གཅད་པ་གཞན་པ་ཉིད་མ་ཡིན་པར་སྨྲ་བ་ནི་ཐ་དད་པ་ཉིད་ཀྱི་མཐའ་མི་སྒྲུབ་པར་སྟོན་པར་འདོད་པའི་ཕྱིར་དབུ་མ་པའི་འདོད་པ་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ །ཐ་སྙད་དུ་གཅིག་པ་ཉིད་སྒྲུབ་ན་ནི་གྲགས་པའི་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ཅི་སྟེ་གྲངས་ཅན་དག་ཀུན་རྫོབ་ཀྱི་ཐ་སྙད་དུ་གཅོད་པ་པོ་དང་གཅད་པ་གཅིག་པ་ཉིད་དུ་སྒྲུབ་ན་ནི་འཇིག་རྟེན་ལ་དེ་གཉིས་ཐ་དད་པར་གྲགས་པའི་གནོད་པ་ཁྱོད་ལ་འབྱུང་བར་འགྱུར་རོ། །ཅི་སྟེ་ཡང་དམ་བཅས་པའི་དོན་སྒྲོ་བཏགས་ནས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་ནོ་ཞེས་བཤད་པས་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་དུ་བསྟན་པ་ཡིན་པས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་རྒོལ་ན་ཞེས་བྱ་བ་ནི། ཅི་སྟེ་ཡང་གྲངས་ཅན་དག་གིས་དབུ་མ་པས་དམ་བཅས་པའི་དོན་ལོག་པར་སྒྲོ་བཏགས་ནས། འདི་སྐད་ཅེས་དབུ་མ་པས་འགྲོ་བ་པོ་དང་འགྲོ་བ་གཅིག་བ་ཉིད་མ་ཡིན་པར་བཤད་པས་དེས་ན་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་དུ་བསྟན་པ་ཡིན་པས། དེ་ལྟ་ན་དབུ་མ་པ་ཉིད་ཀྱིས་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་རྒོལ་ནའོ། །དེ་ཡང་དེ་ཉིད་ཀྱི་ལན་བཏབ་ཞིན་ཏོ་ཞེས་བྱ་བ་ནི་དེ་སྐད་ཅེས་རྒོལ་བ་དེ་ཡང་སྔར་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་མ་ཡིན་ནོ་ཞེས་བཤད་ཀྱང་དེ་གཉིས་གཞན་པ་ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་བསྟན་པ་དེ་ཉིད་ཀྱི་དབུ་མ་པ་དེ་མེད་པར་དགག་པའི་དོན་ཡོངས་སུ་འཛིན་གྱི་མ་ཡིན་པར་དགག་པའི་དོན་ནི་མི་འཛིན་ཏོ་ཞེས་བཤད་པས་ལན་


DTG099_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ཟིན་ཏོ། །གང་དག་ཇི་སྐད་བཤད་པའི་སྐྱོན་ཡོངས་སུ་སྤང་བར་འདོད་པས་ན་གཞན་པ་ཉིད་ཀྱི་ཕྱོགས་ལ་བརྟེན་པ་དེ་དགག་པའི་ཕྱིར་དམ་བཅའ་བ་ཉེ་བར་གཞག་པ་གཉིས་པ་རབ་ཏུ་སྒྲུབ་པ་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་སྔར་དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་འགྲུབ་པར་གྱུར་ན་ངེས་པར་གཅིག་པ་ཉིད་དམ་གཞན་པ་ཉིད་དུ་འགྱུར་གྲང་ན་དེ་ཡང་མི་འཐད་དོ་ཞེས་དམ་བཅའ་བ་གཉིས་ཉེ་བར་གཞག་པ་ལས། དང་པོ་ཤོས་ནི་རབ་ཏུ་བསྒྲུབས་ཟིན་ཏོ། །ད་ནི་གཉིས་པ་རབ་ཏུ་བསྒྲུབ་པ་བསྟན་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །འདུ་བྱེད་ཀྱི་ཚོགས་རྒྱུ་དང་རྐྱེན་སོ་སོར་ངེས་པ་ཡོད་ན་འབྱུང་བ་ངོ་བོ་ཉིད་ཐ་དད་པ་བྱ་བའི་གཞིར་གྱུར་པ་ཐོག་མ་མེད་པའི་དུས་ནས་འཇུག་པའི་སྤྲོས་པའི་བག་ཆགས་དང་ས་བོན་དང་རྒྱུ་ལས་བྱུང་བ་ཡང་དག་པ་མ་ཡིན་པས་ཀུན་དུ་རྟོག་པའི་དབང་གིས་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་ལ་ཞེས་བྱ་བས་ནི། ཀུན་རྫོབ་ཀྱི་ཐ་སྙད་དུ་འགྲོ་བ་པོ་དང་འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་སྟོན་ཏེ། དེ་ལ་འདུ་བྱེད་ཀྱི་ཚོགས་ཞེས་བྱ་བ་ནི་འགྲོ་བ་པོ་སྟེ་ཕུང་པོ་ལྔའི་བདག་ཉིད་ཀྱི་ཚོགས་སོ། །དེ་ནི་ཁྱད་པར་གྱི་གཞི་ཡིན་ལ། རྒྱུ་དང་རྐྱེན་སོ་སོར་ངེས་པ་ཡོད་ན་འབྱུང་བ་ངོ་བོ་ཉིད་ཐ་དད་པར་བྱ་བའི་གཞིར་གྱུར་པ་ཐོག་མ་མེད་པའི་དུས་ནས་འཇུག་པའི་སྤྲོས་པའི་བག་ཆགས་དང་ས་བོན་དང་རྒྱུ་ལས་བྱུང་བ་ཞེས་བྱ་བ་དག་གིས་ནི་དེའི་ཁྱད་པར་ཡིན་པར་སྦྱར་རོ། །དེ་ལ་རྒྱུ་དང་རྐྱེན་སོ་སོར་ངེས་པ་ཡོད་ན་འབྱུང་བ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཚོགས་དེ་ནི་མེར་མེར་པོ་ལ་སོགས་པ་རྒྱུ་དང་ཉོན་མོངས་པ་ལ་སོགས་པ་རྐྱེན་གྱི་མཚན་ཉིད་སོ་སོར་ངེས་པ་ལྷས་བྱིན་གྱི་རྒྱུ་དང་རྐྱེན་གང་དག་ཡིན་པ་དེ་དག་མཆོད་སྦྱིན་གྱི་མ་ཡིན་པ་ལྟ་བུ་དག་ཡོད་ན་འབྱུང་བ་ཡིན་ནོ། །ངོ་བོ་ཉིད་ཐ་དད་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཚོགས་དེ་ནི་ཕུང་པོ་ལྔའི་བདག་ཉིད་ཀྱི་ངོ་བོ་ཉིད་ཐ་དད་པ་ཡང་ཡིན་ནོ་ཞེས་བྱ་བའི་གཞིར་གྱུར་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཚོགས་དེ་ནི་འགྲོ་བའི་བྱ་བའི་གཞིར་གྱུར་པ་ཡང་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་འཇུག་པའི་སྤྲོས་པའི་བག་ཆགས་དང་ས་བོན་དང་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཚོགས་དེ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་འཇུག་པའི་སྤྲོས་པ་དག་གི་སྤྱོད་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། སྐྱེ་བ་དང་འགག་པ་ལ་སོགས་པའི་


DTG099_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བརྗོད་པའི་བག་ཆགས་ཅན་དང་རྒྱུ་ཞེས་བྱ་བ་ཀུན་གཞི་རྣམ་པར་ཤེས་པ་ལས་བྱུང་བ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་འགྲོ་བ་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་དབང་གིས་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་ལ་ཞེས་བྱ་བས་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། འགྲོ་བ་པོ་འདུ་བྱེད་ཀྱི་ཚོགས་དེ་ཀུན་བརྟགས་པའི་དབང་གིས་འགྲོ་བ་ལྔ་པའི་འཁོར་བའི་ཡུལ་གཞན་ནས་གཞན་དུ་བར་ཆད་མེད་པར་སྐྱེ་བ་ནི་འགྲོ་བ་ཞེས་བྱའོ། །དེ་ལྟར་ན་འགྲོ་བ་པོའི་མཚན་ཉིད་འདུ་བྱེད་ཀྱི་ཚོགས་དེ་ནི་བྱ་བའི་གཞི་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །འགྲོ་བའི་མཚན་ཉིད་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་དབང་གིས་ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བ་དེ་ནི་བྱ་བ་ཡིན་ཏེ་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་དེ་ལྟ་བུའི་འགྲོ་བ་པོ་དང་འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་དེ་ལ། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །གླགས་ཡོད་པའི་སྐྱོན་འདི་ལྟ་བུར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་རྟོག་པར་བྱེད་པ་ནི་འགའ་ཡང་བཟློག་པར་བྱ་བ་མ་ཡིན་ཏེ། མི་འདོད་པ་ཐོབ་པ་ཉིད་ཀྱིས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་ན་ཀ་བ་ལ་གླང་པོ་ཆེར་རྟོག་པར་བྱེད་པ་ལ་སོགས་པའི་གང་ཟག་ནི་འགའ་ཡང་བཟློག་པར་བྱ་བ་མ་ཡིན་ཏེ། རང་དགར་རྟོག་པར་བྱེད་ལ་རག་མོད་ཀྱི། ཀ་བ་གླང་པོ་ཆེ་ཡིན་པར་མི་འགྲུབ་པས་མི་འདོད་པ་ཐོབ་པ་ཉིད་ཀྱིས་རྟོག་གེ་པ་རང་ལ་གནོད་པར་འགྱུར་བ་ཡིན་པས་འདིར་ཡང་འགྲོ་བ་སྨྲ་བ་དག །གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་རྟོག་ན་དེ་ཡང་རང་དགར་རྟོག་ལ་ནི་རག་མོད་ཀྱི་དེ་གཉིས་གཞན་པ་ཉིད་དུ་མི་འགྲུབ་པས་མི་འདོད་པ་ཐོབ་པ་ཉིད་ཀྱིས་རྟོག་གེ་པ་རང་ལ་གནོད་པར་འགྱུར་རོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོས་འདྲི་བའི་ཚིག་ཡིན་ནོ་དེ་བསྟན་པའི་ཕྱིར། འདི་ལ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་ཁས་ལེན་ན། འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་བོར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན་དེ་ལྟ་ན་གཞི་འགྲོ་བ་པོ་མེད་པའི་བྱ་བ་འགྲོ་བ་རང་ལས་རབ་ཏུ་


DTG099_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་འགྱུར་བ་དང་བྱ་བ་འགྲོ་བ་མེད་པའི་གཞི་འགྲོ་བ་པོ་མི་ལྟོས་པས་རང་ལས་རབ་ཏུ་གྲུབ་པར་འགྱུར་བས་དེ་གཉི་ག་ཡང་མི་འཐད་དོ། །གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་གཉིས་རྟེན་དང་བརྟེན་པའི་དངོས་པོས་ལྟོས་པ་མེད་པ་ལྟ་བུར་འགྱུར་བར་དགོངས་སོ་ཞེས་བྱ་བ་ནི། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན་འགྲོ་བ་པོ་མེད་པའི་འགྲོ་བ་དང༌། འགྲོ་བ་མེད་པའི་འགྲོ་བ་པོར་འགྱུར་རོ་ཞེས་བྱ་བ་ནི་དཔེར་ན་བུམ་པ་དང་སྣམ་བུ་གཉིས་རྟེན་དང་བརྟེན་པའི་དངོས་པོ་གཞི་དང་བྱ་བའི་ཚུལ་གྱིས་ལྟོས་པ་མེད་དེ། བུམ་པ་མེད་པར་ཡང་སྣམ་བུ་དམིགས་པ་དང༌། སྣམ་བུ་མེད་པར་ཡང་བུམ་པ་དམིགས་པར་འགྱུར་བ་དེ་བཞིན་དུ། འགྲོ་བ་དང་འགྲོ་བ་པོ་གཉིས་ཀྱང་རྟེན་དང་བརྟེན་པའི་དངོས་པོས་གཞི་དང་བྱ་བའི་ཚུལ་གྱིས་ལྟོས་པ་མེད་དེ་འགྲོ་བ་པོ་མེད་པར་འགྲོ་བ་དམིགས་པ་དང༌། འགྲོ་བ་མེད་པར་ཡང་འགྲོ་བ་པོ་དམིགས་པའི་སྐྱོན་དུ་འགྱུར་བར་སློབ་དཔོན་གྱིས་དགོངས་པ་ཡིན་ནོ། །གཞན་པ་ཉིད་དུ་སྨྲ་བ་ཡང་འགྲོ་བ་པོ་མེད་པའི་འགྲོ་བ་དང་འགྲོ་བ་མེད་པའི་འགྲོ་བ་པོ་མི་འདོད་དོ་ཞེས་བྱ་བ་ནི། གང་དག་གཞན་པ་ཉིད་དུ་སྨྲ་བ་དེ་དག་ཀྱང་འགྲོ་བ་པོ་དང་འགྲོ་བ་གཉིས་གཅིག་ལ་གཅིག་མི་ལྟོས་པར་སོ་སོ་ནས་གྲུབ་པ་ཡོད་པ་ཉིད་དུ་མི་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ །གླགས་ཡོད་པའི་སྒོ་དེས་ཕྱོགས་ཀྱི་ཆོས་ནི་འགྲོ་བ་པོ་དང་འགྲོ་བ་ལྟོས་པ་དང་བཅས་པ་ཉིད་ཡིན་ལ་ཞེས་བྱ་བ་ནི། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་བོར་འགྱུར། །ཞེས་བྱ་བས་གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་རྟོག་ན་འགྲོ་བ་པོ་དང་འགྲོ་བ་ལྟོས་པ་མེད་པར་འགྱུར་བའི་སྒོ་ཇི་སྐད་བསྟན་པ་དེ་ལ་འདིར་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཕྱོགས་ལ་ཕྱོགས་ཀྱི་ཆོས་གཏན་ཚིགས་སུ་བཟུང་བ་ནི་འགྲོ་བ་པོ་དང་འགྲོ་བ་ལྟོས་པ་དང་བཅས་པ་ཉིད་ཡིན་པར་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །བསྒྲུབ་པར་བྱ་བ་ཆོས་ནི་གཞན་མ་ཡིན་པ་ཉིད་ཡིན་ཞེས་བྱ་བ་ནི། འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བསྒྲུབ་པའི་ཕྱོགས་འདི་ལ་བསྒྲུབ་པར་བྱ་བ་ཆོས་ནི་གཞན་པ་ཉིད་མ་ཡིན་པར་བསྟན་ཏེ། ཆོས་ཅན་འགྲོ་བ་པོ་དང་འགྲོ་བ་དེ་ལ་དོན་དམ་པར་


DTG099_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་ཉིད་མ་ཡིན་པ་ཞེས་བྱ་བ་ཆོས་ཁྱད་པར་ཅན་དེ་བསྒྲུབ་པར་བྱ་བ་ཡིན་ནོ། །དཔེ་ནི་དེའི་དབང་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི་ཆོས་མཐུན་པའི་དཔེ་བསྟན་ཏེ། དེ་ལ་དཔེ་ནི་ཞེས་བྱ་བ་ནི་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པའི་དཔེའོ། །དེའི་དབང་གིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ཀྱི་དབང་གིས་དཔེ་བསྟན་དགོས་ཏེ་ཞེས་བྱ་བའི་ཐ་ཚིག་གོ །དཔེ་དེ་ཡང་གང་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་ཡིན་པར་སྟོན་ཏོ་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཆོས་གྲགས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བ་ཆོས་ཏེ། དེ་ཡང་གང་ཞེ་ན། སྐབས་འདིར་ནི་གཞན་པ་ཉིད་མ་ཡིན་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །དེ་ཡང་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པ་ཡིན་པས་བསྒྲུབ་པར་བྱ་བ་ཆོས་གྲགས་པ་ཞེས་བྱའོ། །སྒྲུབ་པའི་ཆོས་གྲགས་པ་ཞེས་བྱ་བ་ནི་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་ཏེ། དེ་ཡང་གང་ཞེ་ན། སྐབས་འདིར་ནི་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །དེ་ཡང་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་གྲགས་པ་ཡིན་པས་སྒྲུབ་པའི་ཆོས་གྲགས་པ་ཞེས་བྱའོ། །དེ་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་དཔེར་བསྟན་དུ་རུང་བ་དེ་ཡང་གང་ཞེ་ན། འགྲོ་བའི་རང་གི་བདག་ཉིད་དམ་འགྲོ་བ་པོའི་རང་གི་བདག་ཉིད་ཡིན་ཏེ། དེ་ལ་ཡང་བསྒྲུབ་པར་བྱ་བ་ཆོས་གཉི་ག་ལ་གྲགས་པ་གཞན་པ་ཉིད་མ་ཡིན་པ་ཞེས་བྱ་བ་དང༌། སྒྲུབ་པའི་ཆོས་གཉི་ག་ལ་གྲགས་པ་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡོད་པས་དེའི་ཕྱིར། དཔེ་ནི་དེའི་དབང་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་གྲགས་པ་དང་ལྡན་པའི་ཆོས་ཅན་ཡིན་པར་བསྟན་ཏོ་ཞེས་བྱ་བ་སྨོས་སོ། །འདིར་སྦྱོར་བའི་ཚིག་ནི་ཞེས་བྱ་བ་ནི་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བསྟན་པ་སྒྲུབ་པའི་སྐབས་འདིར་རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་ལྡན་པས་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་འོག་ནས་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་


DTG099_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་པའི་ཆོས་དང་དཔེ་ཉེ་བར་སྦྱོར་བ་རྣམས་ཡིན་པར་སྦྱར་རོ། །དོན་དམ་པར་འགྲོ་བ་པོ་ལས་འགྲོ་བ་གཞན་པ་ཉིད་མ་ཡིན་པར་ཤེས་པར་བྱ་སྟེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འགྲོ་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགྲོ་བའི་རང་གི་བདག་ཉིད་ནི་འགྲོའོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། རང་གི་བདག་ཉིད་ལས་གཞན་པ་ཉིད་མ་ཡིན་པ་དེ་བཞིན་དུ། འགྲོ་བ་པོ་ཡང་བགོམ་པའི་ལམ་དུ་འགྲོའོ་ཞེས་བྱ་བའི་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར་འགྲོ་བ་པོ་ལས་འགྲོ་བ་གཞན་པ་ཉིད་མ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་དོན་དམ་པར་འགྲོ་བ་ལས་ཀྱང་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པར་ངེས་པར་གཟུང་བར་བྱ་སྟེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འགྲོ་བ་པོའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ཡང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགྲོ་བ་པོའི་རང་གི་བདག་ཉིད་ནི་བགོམ་པའི་ལམ་དུ་འགྲོའོ་ཞེས་བྱ་བའི་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་པ་ཉིད་མ་ཡིན་པ་དེ་བཞིན་དུ་འགྲོ་བ་ཡང་འགྲོའོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། འགྲོ་བ་ལས་ཀྱང་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པར་ངེས་པར་གཟུང་བར་བྱའོ། །འདིར་ཡང་རྟོག་གེ་པ་གཞན་དག་ན་རེ། གཏན་ཚིགས་ཀྱི་མཚན་ཉིད་ནི་ཚུལ་གསུམ་དང་ལྡན་པའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་དུ་ངེས་པ་ཡིན་ན། འདིར་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང༌། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཡིན་དུ་ཟིན་ཀྱང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་མ་བསྟན་


DTG099_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཏན་ཚིགས་སུ་མི་རུང་ངོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མ་བསྟན་པ་ནི་དེ་མེད་པའི་ཕྱིར་དེ་ལས་ལྡོག་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་དང་གང་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པ་དེ་དང་དེ་ཐམས་ཅད་གཞན་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་མི་མཐུན་པའི་ཕྱོགས་གང་དང་གང་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་མེད་པ་དེ་དང་དེ་ཐམས་ཅད་གཞན་པ་ཉིད་ཡིན་ནོ་ཞེས་མ་བསྟན་པ་ནི་མི་མཐུན་པའི་ཕྱོགས་དེ་མེད་པའི་ཕྱིར་མ་བསྟན་ཏེ། དེ་མ་བསྟན་ཀྱང་མི་མཐུན་པའི་ཕྱོགས་མེད་པ་དེ་ལ་གཏན་ཚིགས་རང་བཞིན་གྱིས་མི་འཇུག་པ་ཉིད་ལྡོག་པ་ཡང་ཡིན་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་དུ་ངེས་པའི་ཚུལ་གྱིས་བཏགས་ཀྱང་འགྲུབ་པའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་རྟེན་དང་བརྟེན་པར་འབྲེལ་པ་རབ་ཏུ་མ་གྲུབ་པ་དག་ལ་ལྟོས་པ་དང་བཅས་པ་ཉིད་མ་གྲུབ་པའི་ཕྱིར་ཕྱོགས་ཀྱི་ཆོས་གཅིག་ལ་མ་ཁྱབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞན་པ་ཉིད་དུ་སྨྲ་བ་དག་ན་ཏེ། ཁྱེད་དབུ་མ་པས་རྫ་མཁན་ལ་སོགས་པ་དངོས་པོ་ཇི་སྙེད་པ་ཐམས་ཅད་ཕྱོགས་སུ་བྱས་པས། དེ་དག་ལ་གཞན་པ་ཉིད་མེད་པས་རྟེན་དང་བརྟེན་པར་འབྲེལ་པ་རབ་ཏུ་མ་གྲུབ་པའི་ཕྱིར་རྫ་མཁན་ལ་སོགས་པ་རྫ་མ་ལ་སོགས་པ་ལ་མི་ལྟོས་པར་གཞན་དུ་འགྲོ་བའི་ཚེ་ན་དེ་དག་ལ་ལྟོས་པ་དང་བཅས་པ་ཉིད་མ་གྲུབ་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པ་ཞེས་བྱ་དེ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་ཁྱབ་པ་ཉིད་ཡིན་པས་མ་གྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ལ་ཡང་ཐ་ན་འདི་ནི་གཞན་ནོ། །འདི་ཡང་གཞན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པ་གདོན་མི་ཟ་བར་ཡོད་པས་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། རྫ་མཁན་རྫ་མ་མི་བྱེད་ཅིང་རྫ་མ་ལ་མི་ལྟོས་པའི་ཚེ་ན་རྫ་མཁན་ཞེས་བྱ་བའི་ཐ་སྙད་ཀྱང་མེད་ཀྱི་རྫ་མཁན་ལ་ལྟོས་ནས་རྫ་མ་ཞེས་བརྗོད་པ་དང༌། རྫ་མ་ལ་ལྟོས་ནས་རྫ་མཁན་ཞེས་བརྗོད་པ་ཡོད་པའི་སྒོ་ནས་ཐ་ན་འདི་ནི་གཞན་ནོ། །འདི་ཡང་གཞན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པ་གདོན་མི་ཟ་བར་ཡོད་པས་ལྟོས་པ་དང་བཅས་པ་ཉིད་


DTG099_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། གཏན་ཚིགས་མ་གྲུབ་པའི་སྐྱོན་མེད་དོ་ཞེས་བསྟན་ཏོ། །འདིར་བྱེ་བྲག་པ་དག་ན་རེ། ཁྱེད་དབུ་མ་པས་རྫ་མཁན་ལ་ལྟོས་ནས་ཐ་ག་པ་གཞན་ལ། ཐ་ག་པ་ལ་ལྟོས་ནས་རྫ་མཁན་གཞན་དུ་གྱུར་པས་དེ་གཉིས་ལྟོས་པ་དང་བཅས་པ་ཉིད་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་རུང་སྟེ། འདི་ལྟར་ཁོ་བོ་ཅག་ནི་གཞན་མ་ཡིན་པ་རྣམ་པར་བཅད་པས་གཞན་ཉིད་ཡིན་པ་དང༌། གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་པར་འདོད་པས་ཁྱེད་དབུ་མ་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གང་དག་ལ་གཞན་པ་མ་ཡིན་པ་རྣམ་པར་བཅད་པས་སམ། གཞན་ཉིད་དང་ལྡན་པའི་ཕྱིར་གཞན་ཉིད་ཡིན་པ་དེ་དག་ལ་ཡང་དེ་ལ་ལྟོས་ནས་འདི་ནི་གཞན་ནོ། །འདི་ཡང་གཞན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པ་གདོན་མི་ཟ་བར་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མེད་དོ་ཞེས་བྱ་བ་སྨྲས་ཏེ། གཞན་མ་ཡིན་པ་རྣམ་པར་གཅད་པས་གཞན་ཉིད་ཡིན་པར་འདོད་པ་དེ་ལ་ཡང་བུམ་པ་མ་ཡིན་པ་རྣམ་པར་གཅད་པ་དེ་ལ་ལྟོས་ནས་སྣམ་བུ་གཞན་ཉིད་ཡིན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པ་གདོན་མི་ཟ་བར་ཡོད་པར་ལྟོས་པ་དང་བཅས་པ་ཉིད་ཡིན་ལ་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་གཞན་ཉིད་ཡིན་པར་འདོད་པ་དེ་ལ་ཡང་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དེ་ལ་ལྟོས་ནས་རྟ་འདི་ནི་གཞན་ནོ། །བ་ལང་འདི་ཡང་གཞན་ནོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པ་གདོན་མི་ཟ་བར་ཡོད་པས་ལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར། ཁོ་བོ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མེད་དོ་ཞེས་བསྟན་ཏོ། །འདིར་རྟོག་གེ་པ་གཞན་དག་ན་རེ། འོ་ན་དབུ་མ་པའི་གཏན་ཚིགས་ཀྱི་དོན་བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པ་ཞེས་བྱ་བ་དེ་ཅི་རེ་ཞིག་ལྟོས་པ་དང་བཅས་པའི་ཕྱིར་འགྲོ་བ་པོ་ལས་འགྲོ་བ་དཔེར་ན་འགྲོ་བའི་རང་གི་བདག་ཉིད་བཞིན་དུ་གཞན་པ་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་རྫ་མཁན་ལས་ཐ་ག་པ་གཞན་ཉིད་ཡིན་པ་ལྟ་བུར་འགྱུར་ཏེ། དེའི་ཕྱིར་དབུ་མ་པའི་གཏན་ཚིགས་མ་ངེས་


DTG099_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་གཞན་ཉིད་མ་གྲུབ་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་དགག་པའི་མཚན་ཉིད་ཀྱིས་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་ཉིད་ཀྱིས་རྫ་མཁན་དང་ཐ་ག་པ་ལ་སོགས་པ་གཞན་ཉིད་དུ་མ་གྲུབ་པའི་ཕྱིར། གཞན་པ་ཉིད་མ་ཡིན་པའི་མི་མཐུན་པའི་ཕྱོགས་གཞན་ཉིད་མེད་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་ཀྱང་མ་ཡིན་ནོ། །འདིར་རྒོལ་བ་གཞན་དག་ན་རེ། འོ་ན་ཁྱེད་དབུ་མ་པ་ན་རེ། འགྲོ་བ་པོ་དང་འགྲོ་བ་ཡང་གཞན་པ་ཉིད་མ་ཡིན་ལ། རྫ་མཁན་དང་ཐ་ག་པ་ལ་སོགས་པ་ཡང་གཞན་པ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་འཇིག་རྟེན་པ་དེ་དག་གཞན་པ་ཉིད་དུ་གྲགས་པ་དང་འགལ་བས་གྲགས་པའི་གནོད་པ་ཡོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གྲགས་པའི་གནོད་པ་ཡང་མེད་དེ། དེ་ཁོ་ན་དཔྱད་པ་ནི་ཤིང་རྟ་མཁན་ལ་སོགས་པ་བློ་མ་སྦྱངས་པ་དག་གི་དབང་དུ་མ་བྱས་པའི་ཕྱིར་དང༌། སྔར་བསྟན་ཟིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ཆོས་ཐམས་ཅད་གཞན་པ་ཉིད་མ་ཡིན་པའི་དེ་ཁོ་ན་དཔྱད་པ་ནི་འཇིག་རྟེན་ཤིང་རྟ་མཁན་དང་བ་ལང་རྫིའི་ཆུང་མ་ལ་སོགས་པ་བློ་མ་སྦྱངས་པ་དག་གི་དབང་དུ་མ་བྱས་པའི་ཕྱིར་དང༌། སྔར་ཀུན་རྫོབ་ཏུ་སྐྱེ་བ་ཡོད་ལ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བསྟན་པ་བཞིན་དུ་འདིར་ཡང་ཀུན་རྫོབ་ཏུ་གཞན་པ་ཉིད་ཡིན་ལ། དོན་དམ་པར་གཞན་པ་ཉིད་མ་ཡིན་པར་བསྟན་པས་གྲགས་པའི་གནོད་པར་འགྱུར་བའི་སྐྱོན་མེད་དོ། །ཅི་སྟེ་ཡང་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ། ཐ་སྙད་ཡོད་པའི་ཕྱིར། དཔེར་ན་ལྷས་བྱིན་གྱི་རྟ་ཞེས་བྱ་བ་བཞིན་ནོ་སྙམ་ན་ཞེས་བྱ་བ་ནི་གཞན་པ་ཉིད་དུ་སྨྲ་བ་དག་འགྲོ་བ་པོའི་འགྲོ་བ་ཞེས་བྱ་བའི་ཐ་སྙད་ཡོད་པའི་སྒོ་ནས། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་དུ་བསྒྲུབ་པ་ཡིན་ཏེ། འདིར་ཡང་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་གྱི་རྟ་ཞེས་བྱ་བ་ལ་ལྷས་བྱིན་གྱི་ཞེས་བྱ་བ་དང་རྟ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར། རྟ་ལས་ལྷས་


DTG099_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གཞན་པ་ཉིད་ཡིན་པ་དེ་བཞིན་དུ། འགྲོ་བ་པོའི་འགྲོ་བ་ཞེས་བྱ་བ་ལ་ཡང་འགྲོ་བ་པོའི་ཞེས་བྱ་བ་དང༌། འགྲོ་བ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་བཟང་པོ་མ་ཡིན་ཏེ། འགྲོ་བ་པོའི་རང་གི་བདག་ཉིད་ཅེས་བྱ་བ་འགྲོ་བ་པོ་ལ་གྲུབ་པས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྲོ་བ་པོའི་རང་གི་བདག་ཉིད་ཅེས་བྱ་བའི་ཐ་སྙད་གང་ཡིན་པ་དེ་འགྲོ་བ་པོ་ལ་གྲུབ་པས་འགྲོ་བ་པོ་ལ་འགྲོ་བ་པོའི་རང་གི་བདག་ཉིད་ཅེས་བྱ་བའི་ཐ་སྙད་ཡོད་དུ་ཟིན་ཀྱང་དེ་ལས་གཞན་ཉིད་མེད་དོ། །ལྷས་བྱིན་གྱི་རྟ་ཞེས་བྱ་བ་ལ་ནི་ལྷས་བྱིན་གྱི་རྟ་ཞེས་བྱ་བའི་ཐ་སྙད་ཀྱང་ཡོད་ལ་གཞན་པ་ཉིད་ཀྱང་ཡོད་པས། དེའི་ཕྱིར་གཞན་པ་ཉིད་ཅེས་བྱ་བའི་ཐ་སྙད་དེ་ལྷས་བྱིན་གྱི་རྟ་ཞེས་བྱ་བ་ཕྱོགས་ཀྱི་ཕྱོགས་གཅིག་ལ་གྲུབ་ཏུ་ཟིན་ཀྱང༌། འགྲོ་བ་པོའི་རང་གི་བདག་ཉིད་ཅེས་བྱ་བ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པའི་ཕྱིར་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པས་རྟོག་པ་དེ་ཡང་བཟང་པོ་མ་ཡིན་ནོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པའི་ཕྱིར་བཟང་པོ་མ་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་རྒོལ་བ་རང་ལ་མ་ངེས་པ་ཉིད་ཡིན་པའི་ཕྱིར་བཟང་པོ་མ་ཡིན་ཏེ། དེའི་ཕྱིར་འགྲོ་བ་པོ་རང་གི་བདག་ཉིད་ཀྱིས་རང་ལ་ཡང་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་རེ་ཞིག་ཐ་སྙད་ཡོད་པའི་ཕྱིར་དཔེར་ན་ལྷས་བྱིན་གྱི་རྟ་ཞེས་བྱ་བ་བཞིན་དུ། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་ཐ་སྙད་ཡོད་པའི་ཕྱིར་དཔེར་ན་འགྲོ་བ་པོའི་རང་གི་བདག་ཉིད་ཅེས་བྱ་བ་བཞིན་དུ་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་ཐ་སྙད་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་ནི་འགྲོ་བ་པོ་རང་གི་བདག་ཉིད་གཞན་པ་ཉིད་མ་ཡིན་པ་ལ་ཡང་ཡོད་ལ། ལྷས་བྱིན་དང་རྟ་གཞན་པ་ཉིད་ལ་ཡང་ཡོད་པས་རྒོལ་བ་རང་ལ་ཡང་མ་ངེས་པ་ཉིད་ཡིན་པའི་ཕྱིར་བཟང་པོ་མ་ཡིན་ནོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་རང་ལ་མ་ངེས་པའི་ཕྱིར་བཟང་


DTG099_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། དེ་ནི་དཔེ་མེད་པའི་ཕྱིར་ཡང་བཟང་པོ་མ་ཡིན་ཏེ། དེའི་ཕྱིར་ལྷས་བྱིན་དང་རྟ་ཡང་གཞན་པ་ཉིད་དུ་མ་གྲུབ་པའི་ཕྱིར། དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ལྷས་བྱིན་དང་རྟ་ཡང་གཞན་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཁྱོད་ཀྱི་དཔེ་ལྷས་བྱིན་གྱི་རྟ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་དེ་ཡང་མེད་པའི་ཕྱིར་བཟང་པོ་མ་ཡིན་ནོ། །དེས་བློ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གི་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང། རང་ལ་མ་ངེས་པ་ཉིད་དང་དཔེ་མེད་པའི་ཕྱིར་བཟང་པོ་མ་ཡིན་ནོ་ཞེས་ཇི་སྐད་བཤད་པ་དེས་བློ་ཐ་དད་པའི་ཕྱིར་ཞེས་བྱ་བ་དང༌། མཚན་ཉིད་ཐ་དད་པའི་ཕྱིར་ཞེས་བྱ་བ་དང༌། རིགས་ཐ་དད་པའི་ཕྱིར་ཞེས་བྱ་བ་དང༌། དབྱིབས་ཐ་དད་པའི་ཕྱིར་ཞེས་བྱ་བ་དང༌། སྐྱེ་གནས་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གི་ལན་ཀྱང་བཏབ་པ་ཡིན་ནོ། །འདི་སྐད་བསྟན་ཏེ་ཅི་སྟེ་ཡང་གཞན་པ་ཉིད་དུ་སྨྲ་བ་དག །འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ། བློ་ཐ་དད་པའི་ཕྱིར། དཔེར་ན་ལྷས་བྱིན་གྱི་བློ་དང་རྟའི་བློ་ཐ་དད་པ་བཞིན་ནོ་ཞེའམ། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ་མཚན་ཉིད་ཐ་དད་པའི་ཕྱིར། དཔེར་ན་ལྷས་བྱིན་དང་རྟའི་མཚན་ཉིད་ཐ་དད་པ་བཞིན་ནོ་ཞེའམ། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ། རིགས་ཐ་དད་པའི་ཕྱིར། དཔེར་ན་ལྷས་བྱིན་དང་རྟའི་རིགས་ཐ་དད་པ་བཞིན་ནོ་ཞེའམ། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ། དབྱིབས་ཐ་དད་པའི་ཕྱིར། དཔེར་ན་ལྷས་བྱིན་དང་རྟའི་དབྱིབས་ཐ་དད་པ་བཞིན་ནོ་ཞེའམ། འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ཏེ། སྐྱེ་གནས་ཐ་དད་པའི་ཕྱིར། དཔེར་ན་ལྷས་བྱིན་དང་རྟའི་སྐྱེ་གནས་ཐ་དད་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་བརྗོད་ན་དེ་དག་ལ་ཡང་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང༌། རང་ལམ་ངེས་པ་ཉིད་དང༌། དོན་དམ་པར་དཔེ་མེད་པའི་ཕྱིར་བཟང་པོ་མ་ཡིན་ཏེ་ཞེས་ལན་སྔ་མ་བཞིན་དུ་གདབ་པར་བྱ་བ་ཡིན་ནོ། །ཅི་སྟེ་ཡང་བློ་རྣོན་པོའི་བློ་ལ་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་རང་གི་


DTG099_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ། འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་བཞིན་ནོ། །སྒྲ་གང་ལ་ཇི་སྐད་སྨོས་པའི་རྣམ་པ་མེད་པ་དེ་ལ་ནི་འཇུག་པ་དང་ལྡོག་པ་མེད་དེ། དཔེར་ན་ཡོད་པ་ཉིད་ཀྱི་སྒྲ་བཞིན་ནོ་སྙམ་དུ་སེམས་ན་ཞེས་བྱ་བ་ནི། དབུ་མ་པས་གཞན་པ་ཉིད་དུ་སྨྲ་བ་དག་ལ་ཅི་སྟེ་ཡང་བློ་རྣོན་པོ་ཡང་མཛངས་པ་ཁྱེད་ཀྱི་བློ་ལ་འདི་སྙམ་དུ་སེམས་ན་ཞེས་བསྟིང་བའི་ཚུལ་གྱིས་ཕ་རོལ་པོའི་དོགས་པ་བསུ་བའི་ཚིག་ཡིན་ནོ། །འདིར་ཡང་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེའོ། །རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། འགྲོ་བ་པོ་ལྷས་བྱིན་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང༌། འབྲེལ་པའི་ཡུལ་ཡིན་པར་བསྒྲུབ་པར་བྱ་བ་ཡིན་ཏེ། འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་འགྲོ་བ་པོ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་འབྲེལ་པའི་ཡུལ་ཡིན་པས། འགྲོ་བ་པོ་ལས་ཀྱང་འགྲོ་བ་གཞན་པ་ཉིད་ཡིན་ལ། འགྲོ་བ་ལས་ཀྱང་འགྲོ་བ་པོ་གཞན་པ་ཉིད་ཡིན་ནོ་ཞེས་དམ་བཅས་པ་ཉིད་ཡིན་ནོ། །འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་འབྲེལ་པའི་ཡུལ་ལ་ནི་འཇུག་པ་ཡོད་ལ། རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་མ་འབྲེལ་པའི་ཡུལ་ལ་ནི་ལྡོག་པ་ཡོད་པའི་ཕྱིར་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་འབྲེལ་བའི་ཡུལ་ཡིན་པར་སྒྲུབ་པར་བྱེད་དོ། །དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་ནི་ལ་བ་རང་གི་བདག་ཉིད་ལས་གཞན་གྱི་ཚིག་གི་དོན་སྔོན་པོ་ཞེས་བྱ་བ་དང་འབྲེལ་པའི་ཡུལ་ལ་ནི་འཇུག་པ་


DTG099_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། ལ་བ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་སྔོན་པོ་ཞེས་བྱ་བ་དང་མ་འབྲེལ་པའི་ཡུལ་ལ་ནི་ལྡོག་པ་ཡོད་པའི་ཕྱིར། ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་དེ་ལ་བ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་སྔོན་པོ་ཞེས་བྱ་བ་དང་འབྲེལ་པའི་ཡུལ་ཡིན་པ་གསལ་བ་ལས་ཀྱང་སྔོན་པོ་གཞན་པ་ཉིད་ཡིན་ལ། སྔོན་པོ་ལས་ཀྱང་ལ་བ་གཞན་པ་ཉིད་ཡིན་པ་དེ་བཞིན་དུ། འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ཡང་འགྲོ་བ་པོའི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་འབྲེལ་པའི་ཡུལ་ལ་ནི་འཇུག་པ་ཡོད་ལ། འགྲོ་བ་པོ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་མ་འབྲེལ་པའི་ཡུལ་ལ་ནི་ལྡོག་པ་ཡོད་པའི་ཕྱིར། འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ཡང་འགྲོ་བ་པོ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དང་འབྲེལ་བའི་ཡུལ་ཡིན་པས། འགྲོ་བ་པོ་ལས་ཀྱང་འགྲོ་བ་གཞན་པ་ཉིད་ཡིན་ལ། འགྲོ་བ་ལས་ཀྱང་འགྲོ་བ་པོ་གཞན་པ་ཉིད་ཡིན་ནོ། །སྒྲ་གང་ལ་ཇི་སྐད་སྨོས་པའི་རྣམ་པ་མེད་པ་དེ་ལ་ནི་འཇུག་པ་དང་ལྡོག་པ་མེད་དེ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན་ནོ། །དཔེར་ན་ཡོད་པ་ཉིད་ཀྱི་སྒྲ་བཞིན་ནོ་སྙམ་དུ་སེམས་ན་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། ཡོད་པ་ཉིད་ཅེས་བྱ་བ་ནི་བྱེ་བྲག་པའི་གཞུང་ལས་སྤྱི་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གཞུང་ལས་ཉེ་ཚེ་བའི་སྤྱི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ལ། སྤྱི་ཆེན་པོ་ནི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་མ་ཡིན་པར་འདོད་པས། དཔེར་ན་ཡོད་པ་ཉིད་ཀྱི་སྒྲ་ཞེས་བྱ་བའི་སྤྱི་ཆེན་པོ་དེ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་མ་ཡིན་པ་དེ་ལ་འཇུག་པ་དང་ལྡོག་པ་མེད་པའི་ཕྱིར་དེ་ལས་ཀྱང་དངོས་པོ་རྣམས་གཞན་པ་ཉིད་མ་ཡིན་ལ། དངོས་པོ་རྣམས་ལས་ཀྱང་དེ་གཞན་པ་ཉིད་མ་ཡིན་པས་དེ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །འདིར་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་དང་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་དག་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར། འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་ཡིན་ནོ་


DTG099_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ལས་གཞན་པ་ཉིད་ཡིན་པས་རྗེས་སུ་དཔོག་ན་རྟེན་དང་བརྟེན་པར་འབྲེལ་པ་མེད་པས། འགྲོ་བ་པོ་དང་འགྲོ་བའི་འབྲེལ་པ་བསལ་བའི་ཕྱིར་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་སྨྲས་མོ། །འདི་སྐད་བསྟན་ཏེ། འགྲོ་བ་པོ་དང་འགྲོ་བ་ནི་རྟེན་དང་བརྟེན་པར་འབྲེལ་པའི་དངོས་པོ་གཞན་པ་ཉིད་མ་ཡིན་པ་ཡིན་ན་དེ་ལ་ཁྱེད་གཞན་པ་ཉིད་ཡིན་པར་རྗེས་སུ་དཔོག་པ་ན་གལ་ཏེ་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་ཡིན་པར་གྱུར་ན་དེ་ཉིད་རྟེན་དང་བརྟེན་པར་འབྲེལ་པ་མེད་པས། དཔེར་ན་བྱ་རོག་དང་འུག་པ་བཞིན་དུ་འགྲོ་བ་དང་འགྲོ་བ་པོའི་འབྲེལ་པ་བསལ་བའི་ཕྱིར། དེས་ན་འགྲོ་བ་པོ་དང་འགྲོ་བའི་ཁྱད་པར་རྟེན་ཉིད་དང་བརྟེན་པ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་བསལ་བའི་ཕྱིར། ཆོས་ཅན་གྱི་ཁྱད་པར་བསལ་བས་ཁྱོད་ཀྱི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་དུ་འགྱུར་རོ། །ཡང་ན་ཁྱོད་ཀྱི་དཔེ་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ལ་འཇུག་པ་དང་ལྡོག་པ་ཡོད་དུ་ཟིན་ཀྱང༌། དེ་ལ་འགྲོ་བ་པོ་དང་འགྲོ་བ་མེད་པས་ཁྱོད་ཀྱི་དཔེ་དེས་ཀྱང་འགྲོ་བ་པོ་དང་འགྲོ་བའི་འབྲེལ་པ་བསལ་བའི་ཕྱིར། ཆོས་ཅན་གྱི་ངོ་བོ་ཉིད་བསལ་བས་ཁྱོད་ཀྱི་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་དུ་འགྱུར་རོ། །དེ་ལ་རྗེས་སུ་དཔག་པ་ལ་གནོད་པའི་སྐྱོན་ཡོད་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། དེ་ལ་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཡང་ཡོད་དེ། དེའི་ཕྱིར་མི་མཐུན་པའི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་མ་འབྲེལ་པ་གཞན་དག་ལ་ཡང་ལྷས་བྱིན་ལྷས་བྱིན་ཞེས་བྱ་བའི་སྒྲ་འཇུག་པ་དང་ལྡོག་པ་ཡོད་པས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྷས་བྱིན་ཞེས་བྱ་བར་མི་མཐུན་པ་ཡང་ཡང་མང་པོ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་ལྷས་བྱིན་ཞེས་བྱ་བ་བ་འགའ་དང་ཡང་ཕན་ཚུན་ནང་མ་འབྲེལ་པ་དེ་དག་ལ་ཡང་ལྷས་བྱིན་ཞེས་བྱ་བའི་སྒྲ་འཇུག་པ་ཡང་ཡོད་ལ། ལྷས་བྱིན་མ་ཡིན་པ་དག་ལས་ལྡོག་པ་ཡང་ཡོད་པས་དེས་ན་ཅི་རེ་ཞིག་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར། དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་བཞིན་དུ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་བའི་ཡུལ་ཉིད་ཡིན་


DTG099_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རམ། འོན་ཏེ་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་མིང་མཐུན་པ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་མ་འབྲེལ་པ་དག་བདག་བཞིན་དུ་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་མ་འབྲེལ་པའི་ཡུལ་ཉིད་དུ་འགྱུར་ཏེ། དེས་ན་ཁྱོད་ཀྱི་གཏན་ཚིགས་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཀྱི་སྐྱོན་ཆགས་པ་ཡིན་ནོ། །ཁྱད་པར་དུ་སྨོས་ན་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གཞན་པ་ཉིད་དུ་སྨྲ་བ་དག་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་དེ་ཡོངས་སུ་སྤང་བའི་ཕྱིར། འདིར་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ། འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་ཞེས་གཏན་ཚིགས་ཁྱད་པར་དུ་སྨོས་ན་ཡང་གལ་ཏེ་དེ་ལྟ་ན་དེ་ལ་འཇུག་པ་དང་ལྡོག་པ་ཡོད་དུ་ཟིན་ཀྱང༌། གཏན་ཚིགས་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ་སྒྲ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་པ་ཡིན་པའི་ཕྱིར་མ་གྲུབ་པ་དང་འདྲ་བར་འདིར་ཡང་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ལ། དེ་ཉིད་གཏན་ཚིགས་ཀྱི་ཁྱད་པར་དུ་སྨོས་པ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་མ་གྲུབ་པ་ཉིད་ཡིན་ནོ། །ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་ཇི་སྐད་སྨོས་པའི་ཡུལ་ཡིན་པ་ཡང་དོན་དམ་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་པ་ཉིད་དུ་སྨྲ་བ་དག་གི་དཔེ་ལ་བ་སྔོན་པོ་ཞེས་བྱ་བའི་སྒྲ་བཞིན་ནོ་ཞེས་བྱ་བ་དེ་རང་གི་ལ་དག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ་ཞེས་བྱ་བ་ཡང་དོན་དམ་པར་མ་གྲུབ་པས་ཁྱེད་ཀྱི་དཔེ་ཡང་མེད་པ་ཉིད་ཡིན་ཏེ། དོན་དམ་པར་དངོས་པོ་ཐམས་ཅད་མ་སྐྱེས་པས་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་མ་གྲུབ་པའི་ཕྱིར་རོ། །དེས་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ནོ་སྙམ་པའི་བློའི་ཕྱོགས་ལ་ཡང་གཏན་ཚིགས་དང་དཔེའི་སྐྱོན་གྱི་ལན་བཏབ་པ་


DTG099_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་གནོད་པ་དང༌། གཏན་ཚིགས་མ་ངེས་པ་ཉིད་དང༌། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང༌། དཔེ་མ་གྲུབ་པ་ཉིད་ཀྱི་སྐྱོན་ཇི་སྐད་བཤད་པ་དེས་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་ཡིན་ནོ་སྙམ་པའི་བློའི་ཕྱོགས་ལ་ཡང་ལན་བཏབ་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཅི་སྟེ་ཡང་བློ་རྣོན་པོའི་བློ་ལ་འགྲོ་བ་པོ་ལྷས་བྱིན་ཞེས་བྱ་བའི་བློ་གང་ཡིན་པ་དེ་ནི་རང་གི་བདག་ཉིད་ལས་གཞན་པའི་ཚིག་གི་དོན་དང་འབྲེལ་པའི་ཡུལ་ཡིན་ཏེ་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་དཔེར་ན་ལ་བ་སྔོན་པོ་ཞེས་བྱ་བའི་བློ་བཞིན་ནོ། །བློ་གང་ལ་ཇི་སྐད་སྨོས་པའི་རྣམ་པ་མེད་པ་དེ་ལ་ནི་འཇུག་པ་དང་ལྡོག་པ་མེད་དེ། དཔེར་ན་ཡོད་པ་ཉིད་ཀྱི་བློ་བཞིན་ནོ་སྙམ་སུ་སེམས་ན། བློའི་ཕྱོགས་དེ་ལ་ཡང་ཆོས་ཅན་གྱི་ཁྱད་པར་བསལ་བ་དང༌། ཆོས་ཅན་གྱི་ངོ་བོ་ཉིད་བསལ་པས་རྗེས་སུ་དཔག་པ་ལ་གནོད་པ་དང༌། གཏན་ཚིགས་མ་ངེས་པ་ཉིད་དང༌། གཏན་ཚིགས་ཀྱི་དོན་དམ་པ་མ་གྲུབ་པ་ཉིད་དང་དོན་དམ་པར་དཔེ་མེད་པ་ཉིད་ཀྱི་སྐྱོན་ཇི་སྐད་བཤད་པ་དེ་དག་ཉིད་ཀྱི་ལན་བཏབ་པར་བྱ་བ་ཡིན་ནོ། །ཅི་སྟེ་གཅིག་པ་ཉིད་དགག་པའི་ཕྱིར་རྗེས་སུ་དཔག་པ་བསྟན་པས་གཞན་ཉིད་དགག་པའི་རྗེས་སུ་དཔག་པ་བསྟན་པ་རྣམས་བསལ་བའི་ཕྱིར་གཞན་པ་ཉིད་དགག་པ་ཡང་མི་འགྲུབ་པོ་སྙམ་ན་ཞེས་བྱ་བ་ནི་ཅི་སྟེ་གཞན་པ་ཉིད་དུ་སྨྲ་བ་དག་འདི་སྙམ་དུ་ཁྱེད་དབུ་མ་པས། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་དཔེར་ན་གྲངས་ཅན་གྱིས་བརྟགས་པའི་གཅིག་པ་ཉིད་དགག་པའི་ཕྱིར་རྗེས་སུ་དཔག་པ་བསྟན་པ་དེས། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །ཞེས་བྱ་བ་ལ་སོགས་པ་དཔེར་ན་བྱེ་བྲག་པས་བརྟགས་པའི་གཞན་པ་ཉིད་དགག་པའི་ཕྱིར་རྗེས་སུ་དཔག་པ་བསྟན་པ་རྣམས་བསལ་བའི་ཕྱིར། དེས་ན་ཁྱེད་དབུ་མ་པས་གཞན་པ་ཉིད་དགག་པའི་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་དག་མི་འགྲུབ་པོ་སྙམ་ནས།


DTG099_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དབུ་མ་པས་གཞན་པ་ཉིད་དགག་པ་མི་འགྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཉིས་ཀ་དགག་པའི་རྗེས་སུ་དཔག་པ་བསྟན་པའི་མཐུས་གཅིག་པ་ཉིད་དང་གཞན་པ་ཉིད་དགག་པ་དེའི་ཡུལ་ཅན་གྱི་བློ་སྐྱེ་བ་མེད་པ་བསྟན་པར་འདོད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་དང༌། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །ཞེས་བྱ་བས་གཉིས་ཀ་དགག་པའི་རྗེས་སུ་དཔག་པ་བསྟན་པའི་མཐུས། གྲངས་ཅན་གྱིས་བརྟགས་པའི་གཅིག་པ་ཉིད་དང༌། བྱེ་བྲག་པས་བརྟགས་པའི་གཞན་པ་ཉིད་དགག་པས་གཅིག་པ་ཉིད་དང༌། གཞན་པ་ཉིད་ཅེས་བྱ་བ་དེའི་ཡུལ་ཅན་གྱི་བློ་སྐྱེ་བ་མེད་པ་རྟེན་ཅིང་འབྲེལ་པར་འབྱུང་བས་དོན་གཅིག་པ་མ་ཡིན་པ། དོན་ཐ་དད་པ་མ་ཡིན་པར་བསྟན་པར་འདོད་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་མེད་དོ། །དེའི་ཕྱིར་དེ་ལྟར་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པར་བསྟན་པ་ལ་ཕ་རོལ་པོས་གཞན་མ་ཡིན་པ་ཉིད་ཡིན་ནོ་ཞེས་དམ་བཅས་པའི་དོན་ལོག་པར་བརྟགས་ནས་ཁས་བླངས་པ་ལ་གནོད་པ་ཉེ་བར་བརྟགས་པའི་གནོད་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དབུ་མ་པས་འགྲོ་བ་ལས་འགྲོ་བ་པོ་གཞན་པ་ཉིད་མ་ཡིན་པར་བསྟན་པ་ལ། ཕ་རོལ་པོ་གཅིག་པ་ཉིད་དུ་སྨྲ་བ་དག་ན་རེ། དེ་ལྟ་ན་དབུ་མ་པས་གཅིག་པ་ཉིད་ཡིན་པར་དམ་བཅས་པ་ཡིན་ནོ་ཞེས་དབུ་མ་པས་དམ་བཅས་པའི་དོན་ལོག་པར་བརྟགས་པའི་དབུ་མ་པས་གཅིག་པ་ཉིད་མ་ཡིན་པ་ཁས་བླངས་པ་གནོད་པ་ཉེ་བར་བརྟགས་པའི་གནོད་པ་དེ་ནི་དེད་དབུ་མ་པ་ལ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་སྟེ་ཡང་འགའ་ཞིག་རྟོག་པ་ཞིབ་མོས་འགྲོ་བ་པོའི་རང་གི་བདག་ཉིད་རང་ལས་གཞན་པ་ཉིད་མ་ཡིན་པར་མ་གྲུབ་པའི་ཕྱིར་དཔེ་མེད་པར་སྟོན་པར་བྱེད་ན་ཞེས་བྱ་བ་ནི་ཅི་སྟེ་ཡང་བྱེ་བྲག་པ་འགའ་ཞིག་མཁས་སུ་རེ་བའི་རྟོག་པ་ཞིབ་མོས་འདི་སྐད་ཅེས། ཁྱེད་དབུ་མ་པས་དོན་དམ་པར་འགྲོ་བ་


DTG099_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་འགྲོ་བ་པོ་གཞན་ཉིད་མ་ཡིན་པར་ངེས་པར་གཟུང་བར་བྱ་སྟེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འགྲོ་བ་པོ་རང་གི་བདག་ཉིད་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཚད་མ་བསྟན་པ་དེ་ནི། ཁོ་བོ་ཅག་བྱེ་བྲག་པའི་གཞུང་ལས། འགྲོ་བ་པོའི་རང་གི་བདག་ཉིད་ནི་རང་ལས་གཞན་པ་ཉིད་མ་ཡིན་པར་མ་གྲུབ་སྟེ། འདི་ལྟར་དངོས་པོ་ཐམས་ཅད་ནི་གཞན་པ་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་འགྲོ་བ་པོའི་རང་གི་བདག་ཉིད་ཀྱང་གཞན་པ་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པའི་ཕྱིར། རང་ལས་གཞན་པ་ཉིད་མ་ཡིན་པར་མ་གྲུབ་པའི་ཕྱིར་ཁྱེད་དབུ་མ་པའི་དཔེ་མེད་དོ་ཞེས་སྟོན་པར་བྱེད་ཅིང་དེ་སྐད་ཅེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། འགྲོ་བ་པོ་རང་གི་བདག་ཉིད་གཞན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པར་རབ་ཏུ་གྲུབ་པ་ཉིད་དཔེ་ཉིད་དུ་བརྗོད་པས་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོའི་དཔེ་མེད་པ་མ་ཡིན་པས་ཁྱོད་ཀྱི་ཀླན་ཀ་དེ་ཡང་བཟང་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་ཁྱེད་བྱེ་བྲག་པའི་གྲུབ་པའི་མཐའ་ལས་འགྲོ་བ་པོ་ལ་སོགས་པ་དངོས་པོ་ཐམས་ཅད་གཞན་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་གཞན་པ་ཉིད་ཅེས་བྱའོ་ཞེས་ཟེར་བས། དེས་ན་དངོས་པོ་དེ་དག་ངོ་བོ་ཉིད་ཀྱིས་ནི་གཅིག་པ་ཉིད་ཀྱང་མ་ཡིན་ལ། གཞན་པ་ཉིད་ཀྱང་མ་ཡིན་པས་དེའི་ཕྱིར་ཁོ་བོས་འགྲོ་བ་པོའི་རང་གི་བདག་ཉིད་གང་གི་ཚེ་གཞན་ཉིད་ཅེས་བྱ་བ་ཡོན་ཏན་གྱི་ངོ་བོ་ཉིད་ཀྱིས་སྟོང་པར་རབ་ཏུ་གྲུབ་པའི་ཚེ་གཞན་པ་ཉིད་མ་ཡིན་པ་དེ་དཔེ་ཉེན་དུ་བརྗོད་པས་དཔེ་མ་གྲུབ་པའི་སྐྱོན་མེད་དོ། །དེའི་ཕྱིར་དེ་ལྟར་གཟེགས་ཟེན་པ་དག་གིས་རང་གི་གྲུབ་པའི་མཐའི་སྐྱོན་སྦ་བར་འདོད་པས་བསྒྲུབ་པ་སྦྱར་བ་ནི། ཁོ་བོ་ཅག་ལ་གནོད་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། བྱེ་བྲག་པ་དག་གིས་རང་གི་གྲུབ་པའི་མཐའ་ལས་དངོས་པོ་རྣམས་གཞན་པ་ཉིད་ཡིན་པར་སྔར་ཁས་བླངས་པ་དེ་དབུ་མ་པས་གཞན་པ་ཉིད་མ་ཡིན་པར་སུན་ཕྱུང་བའི་སྐྱོན་སྦ་བར་འདོད་པས་འདིར་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་གཞན་


DTG099_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་མ་ཡིན་གྱི་གཞན་པ་ཉིད་ཅེས་བྱ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་གཞན་པ་ཉིད་ཅེས་སྒྲུབ་པར་སྦྱར་བ་དེ་ནི་ཁོ་བོ་ཅག་ལ་མི་གནོད་དེ། གཞན་པ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་རོ། །འདིར་གཞན་པ་དག་ན་རེ་འགྲོ་བ་མེད་དོ་ཞེས་བྱ་བའི་སྐབས་བོར་ནས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དང་གཞན་པ་ཉིད་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་སྐབས་བོར་བ་དང་ལྟག་ཆོད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འདིར་འགྲོ་བ་སྨྲ་བ་གཞན་དག་དབུ་མ་པ་འགྲོ་བ་པོ་དང་འགྲོ་བ་མེད་པར་སྟོན་པ་ལ། རྐང་མིག་གིས་སྨྲས་པའི་ཆད་པའི་གནས་དང་ལྟག་ཆོད་ཀྱི་སྐྱོན་འདོགས་པར་བྱེད་པ་ཡིན་ནོ།། འདི་སྐད་བསྟན་ཏེ། རིགས་པ་ཅན་དག་གི་གཞུང་ལས་སྨྲ་བ་གཞན་དུ་སྤོ་བ་ནི་ཆད་པའི་གནས་ཡིན་ནོ་ཞེས་འབྱུང་བས། འདིར་འགྲོ་བ་སྨྲ་བ་གཞན་དག་ན་རེ། ཁྱེད་དབུ་མ་པས་འགྲོ་བ་མེད་དོ་ཞེས་དམ་བཅས་པའི་སྐབས་བོར་ནས་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དང་གཞན་པ་ཉིད་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་སྐབས་བོར་བ་ཡིན་པར་ཆད་པའི་གནས་ཡིན་ཏེ། འདི་སྐད་རིགས་པ་ཅན་དག་གིས་སྨྲ་བ་གཞན་དུ་སྤོ་བ་ནི་ཆད་པའི་གནས་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །ཡང་ན་ཁྱེད་དབུ་མ་པ་དག་གང་གི་ཚེ་འགྲོ་བ་པོ་དང་འགྲོ་བ་མེད་པར་མ་གྲུབ་པ་དེའི་ཚེ་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དམ་གཞན་པ་ཉིད་ཡིན་ཞེས་རྣམ་པར་རྟོག་པ་བརྗོད་པ་ལྟག་ཆོད་ཡིན་ཏེ། དཔེར་ན་ལྟག་ཆོད་སྨྲ་བ་དག་ལ་སྒྲ་ནི་མི་རྟག་སྟེ། བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་སྒྲ་མི་རྟག་པ་ཉིད་དུ་བསྒྲུབས་པ་ན་དེ་དག་ཕམ་པར་གྱུར་པ་དེའི་ཚེ། འདི་སྐད་ཅེས་ཇི་མི་རྟག་པ་དང༌། སྒྲ་གཅིག་པ་ཉིད་དམ་གཞན་པ་ཉིད་ཡིན་ཞེས་ཟེར་བ་དེའི་ལྟག་ཆོད་ཡིན་པ་དེ་བཞིན་དུ་འདིར་ཁྱེད་དབུ་མ་པ་ཡང་འགྲོ་བ་པོ་དང་འགྲོ་བ་མེད་པ་ཉིད་དུ་མ་གྲུབ་པས་ཕམ་པར་གྱུར་པའི་ཚེ་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དམ། གཞན་པ་ཉིད་ཅེ་རྟོག་པ་བྱེད་པ་དེ་ནི་ལྟག་ཆོད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དང༌། གཞན་པ་ཉིད་དུ་གྲུབ་པར་གྱུར་ན། དེ་གཉིས་


DTG099_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཉིད་དུ་ཤེས་པར་འགྱུར་བ་ཞིག་ན། གང་གི་ཚེ་ཇི་སྐད་བཤད་པའི་རྣམ་པས། གཅིག་པ་ཉིད་དང་གཞན་ཉིད་དུ། །གྲུབ་པར་གྱུར་པ་ཡོད་མིན་པ། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །དེའི་ཕྱིར་དེ་ལྟར་དེའི་དངོས་པོ་ཉིད་དགག་པར་འདོད་པའི་ཕྱིར་སྐབས་བོར་བ་ཡང་མ་ཡིན་ལ། གཅིག་པ་ཉིད་ལ་སོགས་པ་ཡོངས་སུ་རྟོག་པ་ཉིད་བཀག་པའི་ཕྱིར་ལྟག་ཆོད་ཀྱང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཇིག་རྟེན་འདི་ནི་དངོས་པོ་གང་དག་ཡོད་པ་ཉིད་དུ་འདོད་པ་དེ་དག་ནི་ཡང་ན་དངོས་པོ་གཅིག་པ་ཉིད་དམ། ཡང་ན་དངོས་པོ་གཞན་པ་ཉིད་དུ་ཡོད་པ་ཉིད་ཡིན་པས། འགྲོ་བ་པོ་དང་འགྲོ་བའི་དངོས་པོ་ཡང་གཅིག་པ་ཉིད་དམ། གཞན་ཉིད་དུ་མེ་དང་ཚ་བ་ཉིད་ལྟ་བུའམ། བུམ་པ་དང་སྣམ་བུ་ལྟ་བུར་གྲུབ་པར་གྱུར་ན། དེ་གཉིས་ཡོད་པ་ཉིད་དུ་ཤེས་པར་འགྱུར་བ་ཞིག་ན་གང་གི་ཚེ། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་དང༌། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །ཞེས་ཇི་སྐད་བཤད་པའི་རྣམ་པས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་གྲུབ་པར་གྱུར་པ་ཡོད་པ་མ་ཡིན་པ་དེ་ཉིད་འགྲུབ་པ་ཇི་ལྟར་ཡོད་དེ། དེའི་ཕྱིར་དེ་ལྟར་འགྲོ་བ་པོ་དང༌། འགྲོ་བ་གཅིག་པ་ཉིད་དང་གཞན་པ་ཉིད་མ་ཡིན་ནོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་འགྲོ་བ་དེའི་དངོས་པོ་ཉིད་དགག་པར་འདོད་པ་ཉིད་ཡིན་པའི་ཕྱིར་སྐབས་བོར་བ་ཡང་མ་ཡིན་པས་ཆད་པའི་གནས་སུ་ཡང་མི་འགྱུར་ལ། གྲངས་ཅན་དག་གིས་གཅིག་པ་ཉིད་ལ་སོགས་པར་ཡོངས་སུ་བརྟགས་པ་ཉིད་བཀག་པའི་ཕྱིར་ལྟག་ཆོད་ཀྱང་མ་ཡིན་ནོ་ཞེས་བསྟན་ཏོ། །གཞན་དག་ན་རེ། གཅིག་པ་ཉིད་དང་གཞན་པ་ཉིད་དུ་ངེས་པར་གཟུང་བར་མི་ནུས་སུ་ཟིན་ཀྱང༌། འགྲོ་བ་པོ་དང་འགྲོ་བ་འགྲུབ་པས་ཇི་སྐད་བཤད་པའི་སྐྱོན་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེ་འགྲོ་བ་པོ་དང་འགྲོ་བ་གཅིག་པ་ཉིད་དང་གཞན་པ་ཉིད་དུ་ངེས་པར་གཟུང་བར་མི་ནུས་སུ་ཟིན་ཀྱང༌། འགྲོ་བ་པོ་དང་འགྲོ་བའི་རྒྱུ་དང་འབྲས་བུའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་བརྗོད་


DTG099_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མ་ཡིན་པའི་ཚུལ་དུ་འགྲུབ་པས། དེས་ན་གཅིག་པ་ཉིད་དང་གཞན་པ་ཉིད་ཀྱི་སྐྱོན་ཇི་སྐད་བཤད་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་ཡང་ལན་དེ་ཉིད་ཡིན་ཏེ། གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །དེ་གཉིས་ཐ་སྙད་དུ་ནི་ཡོད་པ་ཉིད་དུ་ཤེས་པར་ནུས་ཀྱི་ཁྱེད་ནི་དོན་དམ་པར་འདོད་པས་གལ་ཏེ། གཅིག་པ་ཉིད་དང་གཞན་ཉིད་དུ། །གྲུབ་པར་འགྱུར་བ་ཡོད་མིན་པ། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །མེད་པ་ཉིད་དེ་གཅིག་པ་ཉིད་དང་གཞན་པ་ཉིད་དུ་མེད་པ་ལ་ནི་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་པ་དག་དེ་སྐད་ཅེས་ཟེར་བ་དེ་ལ་ཡང་ལན་ཚིག་ལེ་འུར་བྱས་པ་སྔ་མ་དེ་ཉིད་ཡིན་ཏེ། གང་དག་དངོས་པོ་གཅིག་པ་ཉིད་དང་དངོས་པོ་གཞན་པ་ཉིད་ཅེས་བྱ་བ་དེ་གཉིས་ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་ཡོད་པ་ཉིད་དུ་ཤེས་པར་ནུས་ཏེ། འདི་ལྟར་ཀུན་རྫོབ་ཀྱི་ཐ་སྙད་དུ་དངོས་པོ་ཁ་ཅིག་ནི་གཅིག་པ་ཉིད་ཡིན་ལ། ཁ་ཅིག་ནི་གཞན་པ་ཉིད་ཡིན་པའི་ཕྱིར་རོ། །ཁྱེད་མདོ་སྡེ་པ་དག་ནི་དོན་དམ་པར་འགྲོ་བ་པོ་དང་འགྲོ་བ་རྒྱུ་དང་འབྲས་བུའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་ཡོད་པར་འདོད་པས། དེ་ན་གལ་ཏེ་གཅིག་པ་ཉིད་དང་གཞན་པ་ཉིད་དུ་གྲུབ་པར་གྱུར་པ་ཡིན་པ་གཉིས་རྒྱུ་དང་འབྲས་བུའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་གྲུབ་པ་ཅི་ལྟར་ཡོད་དེ་མེད་པ་ཉིད་ཡིན་ནོ། །གཅིག་པ་ཉིད་དང་གཞན་པ་ཉིད་དུ་མེད་པ་ལ་ནི་རྒྱུ་དང་འབྲས་བུའི་ཚུལ་གྱིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། དེ་ཡང་མི་འཐད་དོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །སྔར་ནི་ཚིག་ལེ་འུར་བྱས་པ་འདི་ཆད་པའི་གནས་དང་ལྟག་ཆོད་ཡོངས་སུ་སྤང་བའི་ཕྱིར་ཉེ་བར་སྦྱར་བ་བྱས་སོ། །འདིར་ནི་མདོ་སྡེ་པ་དག་གིས་གཅིག་པ་ཉིད་དང་གཞན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་ཡོད་པར་བརྟགས་པ་ཡོངས་སུ་སྤང་བའི་ཕྱིར་ཉེ་བར་སྦྱར་བར་བྱ་སྟེ་ཁྱད་པར་ནི་དེ་ཡིན་ནོ།། །།བམ་པོ་ཉི་ཤུ་བདུན་


DTG099_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཁས་པར་རློམ་པ་གཞན་དག་ནི་དོན་དམ་པར་འགྲོ་བ་པོ་མི་འགྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར་སྡོད་བ་པོ་བཞིན་ཏེ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པར་འགྲོ་བ་པོ་སྡོང་པར་མི་འཐད་དེ་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། ལྷས་བྱིན་འགྲོ་བ་མ་ཉམས་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་སྔར་བསྟན་པ་དག་ལ་སྐྱོན་འདོགས་པར་བྱེད་དེ་ཞེས་བྱ་བ་ནི། འགྲོ་བ་སྨྲ་བ་མཁས་པར་རློམ་པ་གཞན་དག་སྔར་དབུ་མ་པས་འགྲོ་བ་མེད་པ་དང་སྡོད་པ་མེད་པར་བསྟན་པའི་སྐབས་སུ་དོན་དམ་པར་འགྲོ་བ་པོ་མི་འགྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར། སྡོད་པ་པོ་བཞིན་ཏེ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པར་འགྲོ་བ་པོ་སྡོད་པར་མི་འཐད་དེ་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། ལྷས་བྱིན་འགྲོ་བ་མ་ཉམས་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་རྣམ་པ་གཉིས་བསྟན་པ་དག་ལ་གཏན་ཚིགས་ཀྱི་སྐྱོན་འདོགས་པར་བྱེད་པ་ཡིན་ནོ། །སྐྱོན་འདོགས་པར་བྱེད་པའི་ཚིག་ཉིད་བསྟན་པའི་ཕྱིར། སྤྱིའི་དོན་གང་ཡིན། བྱ་བ་དང་ལྡན་པས་བྱ་བ་གཞན་མི་བྱེད་དམ། འོན་ཏེ་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པ་ཡིན་ཞེས་བརྟག་པ་གཉིས་དྲི་བ་སྨྲས་ཏེ། ཁྱེད་དབུ་མ་པ་ན་རེ། དོན་དམ་པར་འགྲོ་བ་པོ་མི་འགྲོ་སྟེ་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བ་དང༌། དེ་བཞིན་དུ་དོན་དམ་པར་འགྲོ་བ་པོ་སྡོད་པར་མི་འཐད་དེ། འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་བྱ་བ་དང་ལྡན་པ་ཞེས་བྱ་བ་དེའི་སྤྱིའི་དོན་གང་ཡིན། ཅི་བྱ་བ་དང་ལྡན་པས་བྱ་བ་གཞན་ཐམས་ཅད་མི་བྱེད་པ་ཡིན་ནམ། འོན་ཏེ་བྱ་བ་གང་དང་ལྡན་པ་དེ་ཉིད་ཡིན་ཞེས་བརྟག་པ་གཉིས་དྲིས་པ་ཡིན་ནོ། །དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དཔེ་མེད་དེ་དེ་ལས་གཞན་པའི་བྱ་བ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་བྱ་བ་དང་ལྡན་པས་བྱ་བ་གཞན་མི་བྱེད་པར་འདོད་ན་ནི་དེས་ན་ཁྱེད་དབུ་མ་པའི་དཔེ་སྡོད་པ་པོ་བཞིན་ཏེ་ཞེས་བྱ་བ་དང༌། ལྷས་བྱིན་འགྲོ་བ་མ་ཉམས་པ་བཞིན་ནོ་ཞེས་བྱ་བ་དེ་མི་རུང་སྟེ། སྡོད་པ་པོ་ཡང་འགྲོ་བ་ལས་གཞན་པ་སྡོད་པའི་བྱ་བ་བྱེད་པའི་ཕྱིར་དང༌། ལྷས་བྱིན་འགྲོ་བ་མ་ཉམས་པ་ཡང་སྡོད་པ་གཞན་པ་འགྲོ་བའི་བྱ་བ་བྱེད་པའི་ཕྱིར་བྱ་བ་དང་ལྡན་པས་བྱ་བ་གཞན་མི་བྱེད་པ་ཉིད་ཅེས་བྱ་བ་དེ་མི་རུང་ངོ༌། །འོན་ཏེ་


DTG099_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་ཕྱི་མ་ལྟར་འདོད་ན་ནི། དེ་ལྟ་ན་ཡང་དོན་འགལ་བ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་འོན་ཏེ་བྱ་བ་གང་དང་ལྡན་པ་དེ་ནི་མི་བྱེད་པར་འདོད་ན་ནི། དེ་ལྟ་ན་ཡང་ཁྱེད་དབུ་མ་པའི་གཏན་ཚིགས་བྱ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མངོན་སུམ་དང་འགལ་བ་དང༌། འཇིག་རྟེན་དང་འགལ་བ་ཉིད་ཡིན་པས་མི་རུང་ངོ༌། །ཇི་ལྟར་མངོན་སུམ་དང་འགལ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་དང་ཞེས་བྱ་བ་སྨྲས་ཏེ། སྨྲ་བ་པོ་སྨྲ་བའི་བྱ་བ་དང་ལྡན་པ་ཡང་སྨྲ་བའི་བྱ་བ་དེ་བྱེད་པར་མངོན་སུམ་དུ་སྣང་ལ། གཅོད་པ་པོ་གཅད་པའི་བྱ་བ་དང་ལྡན་པ་ཡང་ཤིང་གཅད་པའི་བྱ་བ་དེ་བྱེད་པར་མངོན་སུམ་དུ་སྣང་བའི་ཕྱིར། བྱ་བ་གང་དང་ལྡན་པ་དེ་མི་བྱེད་པར་འདོད་པ་ནི་མངོན་སུམ་དང་འགལ་བ་ཉིད་ཡིན་པས་མི་རུང་ངོ༌། །ཇི་ལྟར་འཇིག་རྟེན་དང་འགལ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་དེ་དང་ལྡན་པ་ཉིད་ཀྱིས་དེ་བྱེད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། བྱ་བ་དེ་དང་ལྡན་པ་ཉིད་ཀྱིས་བྱ་བ་དེ་བྱེད་པར་འཇིག་རྟེན་ལ་གྲགས་པའི་ཕྱིར། བྱ་བ་གང་དང་ལྡན་པ་དེ་མི་བྱེད་པར་འདོད་པས་ནི་འཇིག་རྟེན་དང་འགལ་བ་ཉིད་ཀྱང་ཡིན་པས་དེ་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་ཉིད་ཀྱིས་དེ་བྱེད་འགྲེལ་པ་བྱེད་པ་ཉིད་ཀྱིས། རེ་ཞིག་དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དཔེ་མེད་དེ། དེ་ལས་གཞན་པའི་བྱ་བ་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་དེའི་ལན་དུ། དེ་ལ་འདིར་དཔེ་མེད་པ་མ་ཡིན་ཏེ། དེ་ལས་གཞན་པའི་བྱ་བ་བྱེད་པ་པོ་ཉིད་དུ་མ་གྲུབ་པ་སྡོད་པ་པོ་ལ་སོགས་པ་དཔེ་ཉིད་དུ་འདོད་པའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་འདོགས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་སྨྲ་བ་དག་ན་རེ། དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དཔེ་མེད་དེ། དེ་ལས་གཞན་པའི་བྱ་བ་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་ནི། དེད་དབུ་མ་པས་བྱ་བ་དང་ལྡན་པས་བྱ་བ་གཞན་མི་བྱེད་པར་འདོད་པ་དེ་ལ་འདིར་དཔེ་མེད་པ་མ་ཡིན་ཏེ། འགྲོ་བའི་བྱ་བ་དེ་ལས་གཞན་པའི་བྱེད་པ་པོ་འགྲོ་བའི་བྱེད་པ་པོ་ཉིད་དུ་མ་གྲུབ་པ་སྡོད་པ་དང་ཉལ་བ་ལ་སོགས་པའི་བྱེད་པ་པོ་དང་འདུག་པ་པོ་དང་ཉལ་བ་པོ་ལ་སོགས་པ་འགྲོ་བ་པོ་འགྲོ་བའི་དཔེ་ཉིད་དུ་མི་


DTG099_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ཕྱིར་ངེད་དབུ་མ་པའི་དཔེ་མེད་པ་མ་ཡིན་ནོ། །དེས་ན་སྔར་ཁྱེད་ཀྱིས་འགྲོ་བ་པོ་འགྲོ་བར་མ་གྲུབ་པ་དང་འགྲོ་བ་པོ་སྡོད་པར་མ་གྲུབ་པའི་སྐྱོན་ཇི་སྐད་བཤད་པ་དེ་ལྡོག་པ་མེད་དེ་སོ་ན་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་བ་སྨྲ་བ་དག་ན་རེ། འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་དེ་ལྟ་ན་ཡང་དོན་འགལ་བ་ཉིད་ཡིན་ཏེ་སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང༌། གཅོད་པ་པོ་ཤིང་གཅོད་པར་བྱེད་པ་དང་དེ་དང་ལྡན་པ་ཉིད་ཀྱིས་དེ་བྱེད་པའི་ཕྱིར་ཞེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་འགལ་བ་ཉིད་ཀྱང་མ་ཡིན་ཏེ་འདི་ལྟར། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འགྲོ་བ་སྨྲ་བ་དག་ན་རེ། འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་དེ་ལྟར་ཡང་དོན་འགལ་བ་ཉིད་ཡིན་ཏེ། སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་དང་དེ་དང་ལྡན་པ་ཉིད་ཀྱིས་དེ་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་ནི། ངེད་དབུ་མ་པ་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པར་འདོད་པ་དེ་ལ་འདིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་མ་ཡིན་ཏེ། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བའི་བྱ་བ་དེ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པའི་ཕྱིར། ངེད་དབུ་མ་པའི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་མ་ཡིན་ནོ། །དོན་དམ་པར་གཞན་པ་ཉིད་མ་ཡིན་པའི་ཕྱིར་རང་གི་བདག་ཉིད་བཞིན་པས་རང་གི་རྗེས་སུ་དཔག་པ་ལ་གནོད་དོ་ཞེས་བྱ་བ་ནི་ཕ་རོལ་པོ་གང་དག་དབུ་མ་པ་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པར་འདོད་པ་ལ་དོན་འགལ་བ་ཉིད་ཡིན་པར་སྐྱོན་འདོགས་པར་བྱེད་པ་དེ་དག་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་བའི་སྐྱོན་གདགས་པ་ཡིན་ཏེ། དོན་དམ་པར་འགྲོ་བ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་དེ་དང་འགྲོ་བ་པོ་དེ་ནི་གཞན་པ་ཉིད་མ་ཡིན་པའི་ཕྱིར། དཔེར་ན་འགྲོ་བ་པོ་རང་གི་བདག་ཉིད་ལས་རང་གི་བདག་ཉིད་ལས་རང་གི་བདག་ཉིད་གཞན་པ་ཉིད་མ་ཡིན་པའི་ཕྱིར་འགྲོ་བ་པོ་ཉིད་ཀྱིས་འགྲོ་བ་པོ་ཉིད་འགྲོ་བར་མི་བྱེད་པ་དེ་བཞིན་


DTG099_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དུ། འགྲོ་བ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་དེ་དང་འགྲོ་བ་པོ་དེ་ཡང་གཞན་པ་ཉིད་མ་ཡིན་པའི་ཕྱིར་འགྲོ་བ་པོ་གང་གིས་འགྲོ་བ་པོ་ཞེས་བྱ་བ་མངོན་པའི་འགྲོ་བ་དེས་ཀྱང་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ། །དེས་ན་ཁྱེད་གཞན་པ་ཉིད་མ་ཡིན་པར་སྨྲ་བ་དག་ན་རེ། སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང༌། གཅོད་པ་པོ་ཤིང་གཅོད་པར་བྱེད་དོ་ཞེས་ཟེར་བ་དེ་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་ཏེ། མངོན་སུམ་དུ་བདག་ཉིད་ལ་བདག་ཉིད་བྱེད་པ་འགལ་ཏེ། རལ་གྲི་རང་གི་སོ་ལ་རང་ཉིད་གཅོད་པ་དང༌། མཛུབ་མོ་རང་གི་རྩེ་ལ་རང་ཉིད་རེག་པ་དང༌། སྐྱེས་བུ་རང་གི་ཕྲག་པས་རང་ཉིད་མཆོད་བ་འགལ་བའི་ཕྱིར་རོ། །གཞན་པ་ཉིད་དུ་མ་ཡིན་པར་སྨྲ་བ་རྣམས་རང་གི་རྗེས་སུ་དཔག་པ་ལ་གནོད་པར་འགྱུར་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འཇིག་རྟེན་ལ་གྲགས་པའི་གནོད་པར་འགྱུར་བ་བསྟན་པའི་ཕྱིར། གཞན་པ་ཉིད་མ་ཡིན་པར་སྨྲ་བ་རྣམས་ལ་གྲགས་པའི་གནོད་པར་ཡང་འགྱུར་ཏེ། རང་གི་བདག་ཉིད་ལས་ཐ་དད་པར་གྱུར་པའོ་ཞེས་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གཞན་པ་ཉིད་མ་ཡིན་པར་སྨྲ་བ་རྣམས་ལ་འཇིག་རྟེན་ལ་གྲགས་པའི་གནོད་པར་ཡང་འགྱུར་ཏེ་ཇི་ལྟ་ཞེ་ན། འཇིག་རྟེན་ལ་འགྲོ་བ་པོ་སྐྱེས་པའམ་བུད་མེད་གང་ཞིག་བགྲོད་པར་བྱ་བ་གྲོང་དང་གྲོང་ཁྱེར་གང་དུ་འགྲོ་བར་གྱུར་བ་དེ་ནི་འགྲོ་བ་པོའི་རང་གི་བདག་ཉིད་ལ་བགྲོད་པར་བྱ་བ་ཐ་དད་པར་འགྱུར་བ་ཡིན་ནོ་དེས་གྲགས་པ་ཁྱེད་ཀྱིས་ནི་བྱ་བ་གང་དང་ལྡན་པ་འདི་ཉིད་དེ་བྱེད་པར་སྨྲས་པས་དེས་ན་བདག་ཉིད་བྱེད་པ་ནི་འཇིག་རྟེན་ལ་གྲགས་པ་དང་འགལ་བའི་ཕྱིར་རོ། །ཡང་ན། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །ཞེས་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ཏེ། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟ་ཞེ་ན། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །ཅེས་བྱ་བ་འདིས་ནི་རྒྱས་པ་བཤད་པ་ཡིན་ཏེ། གང་གི་ཕྱིར་འགྲོ་བའི་སྔ་རོལ་ན་འགྲོ་བ་པོ་མེད་པ་དེའི་ཕྱིར། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་


DTG099_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ། །འགྲོ་བའི་སྔ་རོལ་ཞེས་བྱ་བ་གང་ཞེ་ན། དེའི་ཕྱིར་འགྲོ་བའི་སྔ་རོལ་ནི་འགྲོ་བའི་སྔ་རོལ་ན་སྟེ། འགྲོ་བ་སྐྱེ་བའི་སྔ་རོལ་ན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བའི་བྱ་བ་མ་སྐྱེས་པའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ །འགྲོ་བའི་སྔ་རོལ་ན་ཅི་ཞིག་མེད་ཅེ་ན། དེའི་ཕྱིར་འགྲོ་བ་པོ་གང་རང་གི་བདག་ཉིད་ཀྱིས་གནས་པ་འགྲོ་བའི་རྒྱུར་གྱུར་པའམ། འགྲོ་བར་བྱེད་ཅིང་འགྲོའོ་ཞེས་ཐ་སྙད་གདགས་པ་ལ་བརྟེན་པར་འགྱུར་བ་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བའི་སྔ་རོལ་ན་འགྲོ་བ་པོ་དེ་ལྟ་བུ་འགའ་ཡང་མེད་པས་དེའི་ཕྱིར་དེད་དབུ་མ་པ་བྱ་བ་དང་ལན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པར་འདོད་པའི་གཏན་ཚིགས་ཀྱི་དོན་མངོན་སུམ་དང་འགལ་བ་དེ་ཉིད་ཀྱང་མ་ཡིན་ལ། འཇིག་རྟེན་དང་འགལ་བ་ཉིད་ཀྱང་མ་ཡིན་ནོ། །འདིར་རང་གི་སྡེ་པ་དག་ན་རེ། ཁྱེད་དབུ་མ་པས་བྱེད་པ་པོ་མེད་དོ་ཞེས་སྨྲས་པ་ནི་རིགས་ན། རྒྱུ་གང་ལ་བྱེད་པ་པོར་ཐ་སྙད་གདགས་པ་མི་འདོད་པ་ནི་ཁས་བླངས་པ་ལ་གནོད་དེ་འདི་ལྟར་ས་བོན་ནི་མྱུ་གུའི་རྒྱུ་ཡིན་པས་ས་བོན་ནི་མྱུ་གུའི་བྱེད་པ་པོ་ཡིན་ནོ་ཞེས་ལུང་ལས་གསུངས་པའི་ཕྱིར་རོ། །ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདི་ལྟར་ཐ་སྙད་དུ་ནི་འདུན་པའི་རྒྱུ་ལ་བྱུང་བའི་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ཀྱི་དབང་གིས་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུས་ཐ་དད་པ་མེད་པར་སྐྱེ་བ་བྱུང་བ་ནི་འགྲོ་བ་པོ་ཡིན་ལ། དེའི་སྐད་ཅིག་སྔ་མ་ལས་མཚན་ཉིད་མི་འདྲ་བ་བྱུང་བ་གང་ཡིན་པ་དེ་ནི་འགྲོ་བ་ཡིན་ནོ། །ཡང་དག་པར་ནི་རྒྱུ་ལས་བྱེད་པ་པོར་ཐ་སྙད་འདོགས་པ་ལས་ནི་བྱེད་པ་པོ་ཉིད་དུ་ཡང་མི་འདོད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མདོ་སྡེ་པ་དག་གིས་འགྲོ་བའི་རྒྱུ་འགྲོ་བ་པོ་ལ་འགྲོ་བའི་བྱེད་པ་པོར་ཐ་སྙད་གདགས་པ་དེ་ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་རུང་གི་དོན་དམ་པར་ནི་མི་རུང་ངོ་ཞེས་སྟོན་ཏོ། །མདོ་སྡེ་པ་དག་གིས་དོན་དམ་པར་ནི་མི་འགྲོ་བའི་རྒྱུ་འགྲོ་བ་པོ་འགྲོ་བའི་བྱེད་པ་པོར་ཐ་སྙད་གདགས་པ་དེ་ཀུན་རྫོབ་ཀྱི་ཐ་སྙད་


DTG099_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རུང་བ་དང༌། འགྲོ་བ་པོ་དང་འགྲོ་བའི་མཚན་ཉིད་བསྟན་པའི་ཕྱིར། འདི་ལྟར་ཐ་སྙད་དུ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདུན་པའི་རྒྱུ་ཞེས་བྱ་བ་ལ་འདུན་པ་ཞེས་བྱ་བ་ནི་བྱེད་འདོད་པ་ཉིད་དོ། །འདུན་པ་དེ་ཉིད་རྒྱུ་ཡིན་པས་འདུན་པའི་རྒྱུའོ། །གང་གི་རྒྱུ་ཡིན་ཞེ་ན། རྩོལ་བའི་སྟེ་དེའི་ཕྱིར་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བ་ཞེས་བྱ་བ་སྨྲས་ཏེ། རྩོལ་བའི་གཡོ་ནི་མཚན་ཉིད་དོ། །རྩོལ་བ་དེས་རླུང་གི་ཁམས་བསྐྱེད་པས་ན་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ཞེས་བྱ་བ་སྨྲ་སོ། །རླུང་གི་ཁམས་དེའི་དབང་གིས་ཞེས་བྱ་བ་ནི་དེའི་མཐུས་སོ། །དེའི་མཐུས་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་དུས་ཐ་དད་པ་མེད་པར་སྐྱེ་བ་བྱུང་བ་ནི་འགྲོ་བ་པོ་ཡིན་ལ་ཞེས་བྱ་བར་སྦྱར་ཏེ། འདུ་བྱེད་ཀྱི་ཚོགས་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ལུས་ཞེས་བྱའོ། །ལུས་དེ་ཡུལ་ནས་ཡུལ་གཞན་དུ་སྐྱེ་བ་དང་དུས་ཐ་དད་པ་མེད་པར་རྒྱུན་ཆགས་སུ་སྐྱེ་བ་བྱུང་བ་ནི་འགྲོ་བ་པོ་ཡིན་ནོ། །འགྲོ་བ་པོ་དེའི་སྐད་ཅིག་སྔ་མ་ཞེས་བྱ་བ་ནི་གཡོ་བ་མེད་པའི་མཚན་ཉིད་དོ། །དེ་ལས་མཚན་ཉིད་མི་འདྲ་བ་ཞེས་བྱ་བ་ནི་གཡོ་བའི་མཚན་ཉིད་དོ། །དེ་འབྱུང་བ་གང་ཡིན་པ་དེ་ནི་འགྲོ་བ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ་འགྲོ་བའི་རྒྱུ་ནི་འགྲོ་བ་པོ་དེ་ཡིན་ཏེ། ལྷས་བྱིན་འགྲོ་བ་མེད་པའི་ཕྱིར་རོ། །དེ་ལྟར་འགྲོ་བའི་རྒྱུར་འགྲོ་བ་པོ་ལ་འགྲོ་བའི་བྱེད་པ་པོར་ཐ་སྙད་གདགས་པ་དེ་ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་རུང་གི །དེ་དོན་དམ་པར་མི་རུང་བར་བསྟན་པའི་ཕྱིར། ཡང་དག་པར་ནི་རྒྱུ་ལ་བྱེད་པ་པོར་ཐ་སྙད་འདོགས་པ་ལས་དེ་བྱེད་པ་པོ་ཉིད་དུ་ཡང་མི་འདོད་དེ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ནི་འགྲོ་བ་པོ་འགྲོ་བར་བྱེད་དོ་ཞེས་བྱ་བར་མི་འདོད་དེ། འགྲོ་བ་པོས་རང་གི་བདག་ཉིད་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་འགྲོ་བའི་རྒྱུ་འགྲོ་བ་པོ་དེའི་འགྲོ་བའི་བྱེད་པ་པོ་ཉིད་དུ་མི་འདོད་ཅེ་ན། འདི་ལྟར་གང་ཞིག་གང་དུ་འགྲོ་བར་གྱུར། །ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོ་ལྷས་བྱིན་ལྟ་བུ་གང་ཞིག་བགྲོད་པར་བྱ་བ་གྲོང་དང་གྲོང་ཁྱེར་ལྟ་བུ་གང་དུ་འགྲོ་བར་འགྱུར་བ་ནི་འགྲོ་བ་པོའི་རང་གི་བདག་


DTG099_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་གཞན་པ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་པའི་ཕྱིར་འདིར་འགྲོ་བ་དང་རྒྱུ་འགྲོ་བ་པོ་གྲང་ཡིན་པ་དེ་ནི་འགྲོ་བའི་རང་གི་བདག་ཉིད་ལས་གཞན་པ་ཉིད་མ་ཡིན་པས། འགྲོ་བའི་རྒྱུ་འགྲོ་བ་པོ་དེ་འགྲོ་བའི་བྱེད་པ་པོ་ཉིད་དུ་མི་འདོད་དོ། །དེ་ཉིད་བསྟན་པའི་ཕྱིར། རང་གི་བདག་ཉིད་ལ་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བའི་རྒྱུ་འགྲོ་བ་པོ་དེ་ནི་འགྲོ་བའི་རང་གི་བདག་ཉིད་ཡིན་པས་དེའི་འགྲོ་བའི་བྱེད་པ་པོ་ཉིད་མ་ཡིན་ཏེ། རལ་གྲི་རང་གི་སོ་ལ་རང་ཉིད་གཅོད་པ་དང༌། མཛུབ་མོ་རང་གི་རྩེ་ལ་རང་ཉིད་རེག་པ་དང༌། སྐྱེས་བུ་རང་གི་ཕྲག་པར་རང་ཉིད་མཆོད་པ་ལ་སོགས་པ་རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་རང་གི་སྡེ་པ་དག་ལས། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེར་འགྲོ་མིན། །ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། མདོ་སྡེ་པ་དག་ལ་ཡང་དབུ་མ་པའི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པ་ཞེས་བྱ་བ་དེ་འགལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གྲངས་ཅན་གྱི་ཕྱོགས་ལ་ཡང་ས་ལ་སོགས་པའི་ལུས་ཀྱི་རྣམ་པར་གནས་པའི་ཁྱད་པར་ཅན་དག་ལ་རྡུལ་ཤས་ཆེ་བར་གྱུར་པ་ནི་འགྲོ་བ་ཡིན་ལ། དེ་དང་ལྡན་ཞིང་དེའི་བདག་ཉིད་དུ་གྱུར་པ་བྱ་བ་བྱེད་པའི་གནས་ཀྱི་ཚོགས་ནི་འགྲོ་བ་པོ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གྲངས་ཅན་དག་གི་ཕྱོགས་ལ་ཡང་འབྱུང་བ་ཆེན་པོ་ལྔ་པོ་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་ཞེས་བྱ་བ་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་ལུས་ཀྱི་རྣམ་པར་གནས་པའི་ཁྱད་པར་ཅན་དག་ལ། སྙིང་སྟོབས་དང༌། རྡུལ་དང༌། མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་པོ་དག་ཏུ་དུས་ཐམས་ཅད་དུ་ཁྱབ་པར་ཡོད་པ་ལས། གང་གི་ཚེ་རྡུལ་ཞེས་བྱ་བ་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་དེ་ཤས་ཆེ་བར་གྱུར་པ་ནི་འགྲོ་བ་ཡིན་ལ། རྡུལ་དེ་དང་ལྡན་ཞིང་རྡུལ་དང་ལྡན་པ་དེའི་བདག་ཉིད་དུ་གྱུར་པ་འགྲོ་བའི་བྱ་བ་བྱེད་པའི་གནས་ཀྱི་ཚོགས་ལུས་ཞེས་བྱ་བ་ནི་འགྲོ་བ་པོ་ཡིན་


DTG099_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དག་ན་རེ། འགྲོ་བ་དང་འགྲོ་བ་པོ་ཞེས་བྱ་བ་ནི་བདག་ཉིད་གཅིག་པ་ཉིད་ཡིན་ཡང་འགྲོ་བ་པོ་དེ་འགྲོ་བའི་བྱ་བ་བྱེད་པ་ཡིན་པས། དེས་ན་དབུ་མ་པ་ན་རེ། བྱ་བ་དང་ལྡན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་དོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་དེ་མངོན་སུམ་དང་འགལ་བ་ཉིད་དང༌། འཇིག་རྟེན་དང་འགལ་བ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་བ་བྱེད་པ་ཉིད་ཀྱིས། དེ་ཡང༌། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །འགྲོ་བའི་སྔ་རོལ་ན་དེའི་བདག་ཉིད་མེད་པ་ཡིན་ཏེ། སྡོད་པ་ན་ཡང་འགྲོའོ་ཞེས་བྱ་བར་ཐལ་བར་གྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གི་གཞུང་དེ་ཡང་འགྲོ་བའི་སྔ་རོལ་ན་དེ་དང་ལྡན་ཞིང་དེའི་བདག་ཉིད་དུ་གྱུར་པ་བྱ་བ་བྱེད་པའི་གནས་ཀྱི་ཚོགས་འགྲོ་བ་པོ་ཞེས་བྱ་བ་དེ་མེད་པའི་ཕྱིར་འགྲོ་བར་མི་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན། སྡོད་པ་ན་ཡང་འགྲོའོ་ཞེས་བྱ་བར་ཐལ་བར་གྱུར་ན་མི་རུང་བའི་ཕྱིར་ཏེ། གལ་ཏེ་ས་ལ་སོགས་པ་ལུས་ཀྱི་རྣམ་པར་གནས་པའི་ཁྱད་པར་ཅན་དག་ལ་རྡུལ་ཤས་ཆེ་བར་གྱུར་པའི་འགྲོ་བ་མ་སྐྱེས་པའི་སྔ་རོལ་ན་འགྲོ་བ་པོ་མེད་པར་ཡང་འགྲོ་བར་འདོད་ན། དེ་ལྟ་ན་སྡོད་པའི་དུས་ན་འགྲོ་བ་པོ་མེད་པ་ཡང་འགྲོ་བ་པོ་ཞེས་བྱ་བར་ཐལ་བར་འགྱུར་བས་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་འདིར་གཞན་དག་ན་རེ་འགྲོ་བའི་སྔ་རོལ་ན་འགྲོ་བ་པོ་དེ་ཉིད་ཡོད་པར་ནི་མི་འདོད་དེ། སྡོད་ན་ཡང་འགྲོའོ་ཞེས་བྱ་བར་ཐལ་བར་གྱུར་ན་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་དེ་བདེན་མོད་ཀྱི། འོན་ཀྱང་གང་གི་ཚེ་རྐང་པ་འདེགས་པའི་ཚུལ་གྱིས་འགྲོ་བ་སྣང་བར་གྱུར་པ་དེའི་ཚེ་ན་འགྲོ་བ་དེའི་རྒྱུ་འགྲོ་བ་པོ་ཡིན་པས་དེས་ན་འགྲོ་བའི་རྒྱུ་འགྲོ་བ་པོ་དེ་འགྲོ་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གང་གི་ཚེ་འགྲོ་བ་སྣང་བར་གྱུར་པ་དེའི་ཚེ་ན་དེའི་རྒྱུ་ཡིན་པར་མི་རུང་སྟེ་ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་མི་རུང་ཞེ་ན། གང་ཞིག་གང་དུ་འགྲོ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོ་ལྷས་བྱིན་ལྟ་བུ་གང་ཞིག་བགྲོད་


DTG099_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་གྲོང་དང་གྲོང་ཁྱེར་ལྟ་བུ་གང་དུ་འགྲོ་བར་འགྱུར་བ་ནི་འགྲོ་པ་པོ་རང་གི་བདག་ཉིད་ལས་བགྲོད་པར་བྱ་བ་ཐ་དད་པར་གྱུར་པའོ་ཞེས་འཇིག་རྟེན་ལ་གྲགས་པ་ཡིན་ན། འདིར་གང་གི་ཚེ་རྐང་པ་འདེགས་པ་དང་འཇོག་པའི་ཚུལ་གྱིས་འགྲོ་བ་སྣང་བར་གྱུར་པ་དེའི་ཚེ་ན་འགྲོ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོའི་རང་གི་བདག་ཉིད་ཡིན་པས་དེས་ན་འགྲོ་བའི་རྒྱུ་འགྲོ་བ་པོ་དེ་འགྲོ་བའི་བྱེད་པ་པོ་ཉིད་ཡིན་པར་མི་རུང་སྟེ། རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། དེ་ཉིད་ཀྱིས་དེ་མི་བྱེད་དོ། །ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་དོ་ཞེས་བྱ་བར་མདོ་མཛད་པས་དགོངས་པ་སྟེ། དེས་ན་དབུ་མ་པའི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པ་ཞེས་བྱ་བ་དེ་མངོན་སུམ་དང་འགལ་བ་ཉིད་དང་འཇིག་རྟེན་དང་འགལ་བ་ཉིད་མ་ཡིན་ནོ་ཞེས་བསྟན་ཏོ། །འདིར་གཞན་དག་ན་རེ་རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པ་མ་ཡིན་ཏེ། དཔེར་ན་འཇིག་རྟེན་ན་སྐྱེ་བའི་ཁྱད་པར་སྐྱེས་པ་ལ་མྱུ་གུ་སྐྱེའོ། །བདག་ཉིད་མཁས་པར་བྱེད་དོ་ཞེས་བརྗོད་པ་སྣང་བའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གང་ལ་སྐྱེ་བའི་ཁྱད་པར་བྱེད་པ་ལ་མྱུ་གུ་སྐྱེའོ། །བདག་ཉིད་མཁས་པར་བྱེད་དོ་ཞེས་བརྗོད་པ་དེ་ཡང་རྟོག་པས་སྒྲོ་བཏགས་པ་སྟེ། མ་སྐྱེས་པ་ལ་བྱ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་གང་ལས་སྐྱེ་བའི་ཁྱད་པར་བྱ་བ་བྱེད་ཅིང་སྐྱེ་བའི་ཁྱད་པར་ཡོངས་སུ་འཛིན་པར་བྱེད་པ་དེ་ལས་མྱུ་གུ་སྐྱེའོ། །བདག་ཉིད་མཁས་པར་བྱེད་དོ་ཞེས་རང་གི་བདག་ཉིད་ལ་བྱེད་པ་ཉིད་དུ་བརྗོད་པ་དེ་ཡང་འཇིག་རྟེན་པ་དག་གི་རྟོག་པས་སྒྲོ་བཏགས་པ་སྟེ་བསྟན་པ་ཙམ་དུ་ཟད་ཀྱི། དངོས་སུ་ན་རང་གི་བདག་ཉིད་ལ་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་སྐྱེས་པ་ལ་བྱ་བ་མི་སྲིད་པའི་ཕྱིར་ཏེ། དཔེར་ན་འཇིག་རྟེན་པ་དག་ན་རེ། འབྲས་ཆན་བཙོ་བར་བྱའོ་ཞེས་བརྗོད་པ་དེ་


DTG099_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གལ་ཏེ་འབྲས་ཆན་ཡིན་ན་ནི་བཙོ་བར་བྱ་མི་དགོས་ལ། བཙོ་བར་བྱ་དགོས་ན་ནི་འབྲས་ཆན་མ་ཡིན་པས་དེ་ཡང་རྟོག་པས་སྒྲོ་བཏགས་ཏེ་བསྟན་པ་ཡིན་པ་དེ་བཞིན་དུ། འདིར་ཡང་གལ་ཏེ་མྱུ་གུ་ཡིན་ན་ནི་སྐྱེ་བ་མ་ཡིན་ལ། སྐྱེ་ན་ནི་མྱུ་གུ་མ་ཡིན་པ་དང༌། གལ་ཏེ་བདག་ཉིད་མཁས་པ་ཡིན་ན་ནི་མཁས་པར་བྱ་མི་དགོས་ལ། མཁས་པར་བྱ་དགོས་ན་ནི་བདག་ཉིད་མཁས་པ་མ་ཡིན་ཏེ། དེས་ན་མྱུ་གུ་དང་བདག་ཉིད་མ་སྐྱེས་པ་ལ་སྐྱེ་བ་དང་མཁས་པའི་བྱ་བ་མི་སྲིད་པའི་ཕྱིར་རང་གི་བདག་ཉིད་མེད་པ་ལ་ནི་བྱ་བ་མི་སྲིད་ལ། རང་གི་བདག་ཉིད་ཡོད་པའི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པས་དེའི་ཕྱིར་བྱ་བ་དང་ལྡན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་དོ། །ཇི་ལྟར་འགྲོ་བ་པོའི་བདག་ཉིད་དུ་གྱུར་པ་འགྲོ་བར་མི་འཐད་པ་དེ་བཞིན་དུ་སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་ཞེས་བྱ་བ་དེ་ལ་ཡང་རང་གི་བདག་ཉིད་ལ་བྱ་བ་བྱེད་པར་མི་འཐད་དེ་ཞེས་བྱ་བ་ནི། ཇི་ལྟར་འགྲོ་བ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པའི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་ཡིན་ནོ་ཞེས་བཤད་པ་དེ་བཞིན་དུ་སྨྲ་བ་གང་གིས་སྨྲ་བ་པོ་ཞེས་བྱ་བར་མངོན་པའི་སྨྲ་བ་དེ་ཡང་སྨྲ་བ་པོ་དེ་སྨྲ་བར་བྱེད་པ་མ་ཡིན་ལ། གཅད་པ་གང་གིས་གཅོད་པ་པོ་ཞེས་བྱ་བར་མངོན་པའི་གཅད་པ་དེ་ཡང་གཅོད་པ་པོ་དེ་གཅད་པར་བྱ་བ་མ་ཡིན་ནོ་ཞེས་འགྲོ་བའི་བྱ་བ་དང་ལྡན་པས་འགྲོ་བའི་བྱ་བ་དེ་མི་བྱེད་པར་དངོས་ལ་ཇི་ལྟ་བ་བཞིན་དུ་སྨྲ་བའི་བྱ་བ་དང་ལྡན་པས་སྨྲ་བའི་བྱ་བ་དེ་མི་བྱེད་པ་དང༌། གཅད་པའི་བྱ་བ་དང་ལྡན་པས་གཅད་པའི་བྱ་བ་དེ་མི་བྱེད་པར་དཔེ་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་རེ་ཞིག་ཐ་སྙད་དུ་སྨྲ་བ་པོ་ཚིག་སྨྲ་བར་བྱེད་པ་དང་དོན་དམ་པར་དེ་མི་འཐད་པར་བསྟན་པར་བྱ་སྟེ། དེའི་ཕྱིར་གང་གི་ཕྱིར་འདིར་ཡང་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་གནས་དང༌། བྱེད་པའི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་ཡི་གེ་དང་ངག་དང་ཚིག་ཅེས་བྱ་བ་སྨྲ་བ་པོ་ལས་རང་བཞིན་ཐ་མི་དད་པར་སྐད་ཅིག་


DTG099_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ལས་མཚན་ཉིད་མི་འདྲ་བ་ཁྱད་པར་གང་གིས་སྨྲ་བ་པོ་ཞེས་བརྗོད་པ་འབྱུང་ཞིང་དེའི་རྒྱུ་ནི་སྨྲ་བ་པོ་ཡིན་པས་སྨྲ་བ་པོ་ཚིག་སྨྲ་བར་བྱེད་དོ་ཞེ་ན་དེ་ཡང་མི་རུང་སྟེ། གང་ཕྱིར་སྨྲ་བའི་སྔ་རོལ་མེད། །གང་ཞིག་ཅི་ཞིག་སྨྲ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ན་སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང་ཞེས་བྱ་བ་དེ་ལ་རང་གི་བདག་ཉིད་ལ་བྱ་བ་བྱེད་པ་མི་འཐད་ཅེ་ན། འདིར་མདོ་སྡེ་པ་དག་སྨྲ་བ་པོ་ཚིག་སྨྲ་བར་བྱེད་པས་བྱ་བ་གང་དང་ལྡན་པ་དེ་བྱེད་པར་འདོད་པའི་གཞུང་བསྟན་པའི་ཕྱིར། གང་གི་ཕྱིར་འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིར་ཡང་འདུན་པའི་རྒྱུ་ཞེས་བྱ་བ་ལ་འདུན་པ་ཞེས་བྱ་བ་ནི་བྱེད་འདོད་པ་ཉིད་དོ། །འདུན་པ་དེ་ཉིད་རྒྱུ་ཡིན་པས་འདུན་པའི་རྒྱུའོ། །གང་གི་རྒྱུ་ཡིན་ཞེ་ན། རྩོལ་བས་ཏེ་དེའི་ཕྱིར་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བ་ཞེས་བྱ་བ་སྨྲས་ཏེ། རྩོལ་བ་ནི་གཡོ་བའི་མཚན་ཉིད་དོ། །རྩོལ་བ་དེས་གནས་དང་བྱེད་པ་སྐྱེད་པས་ན་རྩོལ་བས་སྐྱེད་པའི་གནས་དང་བྱེད་པ་ཞེས་བྱ་བ་སྨྲས་སོ། །གནས་དང་བྱེད་པ་དག་གི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་ཡི་གེ་དང་ངག་དང་ཚིག་ཅེས་བྱ་བ་འབྱུང་བ་ནི་ཚིག་སྨྲ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ངག་གི་འདུ་བྱེད་ཀྱི་ཚོགས་ཞེས་བྱ་བ་ནི་ཡི་གེ་དང་ངག་དང་ཚིག་ཅེས་བྱ་བའི་ཚོགས་ཏེ་ཚིག་སྨྲ་བར་བྱེད་པ་ཞེས་བྱ་བ་ཡིན་ནོ། །ཡི་གེ་ཞེས་བྱ་བ་ནི་ཨ་ལ་སོགས་པའོ། །ངག་ཅེས་བྱ་བ་ནི་ཡི་གེ་དག་བསྡུས་པ་སྟེ། ལྷས་བྱིན་ཞེས་བརྗོད་པ་ལ་སོགས་པའོ། །ཚིག་ཅེས་བྱ་བ་ནི་ངག་དག་བསྡུས་པ་སྟེ། ལྷས་བྱིན་བུམ་པ་བྱེད་དོ་ཞེས་བརྗོད་པ་ལ་སོགས་པའོ། །ཇི་ལྟར་ན་གནས་ཀྱི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་ཡི་གེ་དང་ངག་དང་ཚིག་ཅེས་བྱ་བ་དག་འབྱུང་ཞེ་ན། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། །བྲང་དང་ལྐོག་མ་མགོ་དང་ནི། །ལྕེ་ཡི་དྲུང་དང་སོ་དང་སྣ། །རྐན་དང་དེ་བཞིན་མཆུ་གཉིས་སོ། །ཞེས་བྱ་བ་བཤད་པ་ལྟ་བུའོ། །ཇི་ལྟར་ན་བྱེད་པའི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་ཡི་གེ་དང་ངག་དང་ཚིག་ཅེས་བྱ་བ་འབྱུང་ཞེ་ན།


DTG099_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རེག་དང་ཆུང་ཟད་རེག་པ་དང༌། དོག་པ་དང་ནི་ཡངས་པ་དག །རྩོལ་བས་རབ་ཏུ་བསྐྱེད་པ་ཡི། །རྐན་ལ་སོགས་པའི་བྱེད་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །ངག་གི་འདུ་བྱེད་ཀྱི་ཚོགས་དེ་ནི་སྨྲ་བ་པོ་ལས་རང་བཞིན་ཐ་མི་དད་པ་ཡིན་ཏེ། སྨྲ་བའི་རྒྱུ་སྨྲ་བ་པོ་དེ་སྨྲ་བའི་བྱེད་པ་པོ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །ངག་གི་འདུ་བྱེད་ཀྱི་ཚོགས་དེ་ནི་སྐད་ཅིག་སྔ་མ་ལས་མཚན་ཉིད་མི་འདྲ་བ་ཡང་ཡིན་ཏེ། སྨྲ་བ་པོ་ཉིད་མ་ཡིན་པའི་སྐད་ཅིག་སྔ་མ་ལས་སྨྲ་བ་པོ་ཉིད་ཡིན་པའི་སྐད་ཅིག་ཕྱི་མ་ཤོས་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །ངག་གི་འདུ་བྱེད་ཀྱི་ཚོགས་དེ་ནི་ཁྱད་པར་གང་གིས་སྨྲ་བ་པོ་ཞེས་བརྗོད་པ་ཡང་ཡིན་ཏེ། ངག་གི་འདུ་བྱེད་ཀྱི་ཚོགས་སྨྲ་བར་བྱེད་པའི་ཁྱད་པར་དེས་ན་གང་ཟག་དེ་སྨྲ་བ་པོ་ཡིན་ནོ་ཞེས་ཐ་སྙད་དུ་བརྗོད་པའི་ཕྱིར་རོ། །འབྱུང་ཞིང་ཞེས་བྱ་བ་ནི་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་གནས་དང་བྱེད་པའི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་དེ་འབྱུང་ཞིང་ངོ༌། །དེའི་རྒྱུ་ནི་སྨྲ་བ་པོ་ཡིན་པས་སྨྲ་བ་པོ་ཚིག་སྨྲ་བར་བྱེད་དོ་ཞེ་ན་ཞེས་བྱ་བ་ནི་མདོ་སྡེ་པ་དག་ན་རེ། འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་གནས་དང་བྱེད་པའི་རྒྱུ་ལས་ངག་གི་འདུ་བྱེད་ཀྱི་ཚོགས་དེ་འབྱུང་ཞིང༌། ངག་གི་འདུ་བྱེད་དེའི་རྒྱུ་ནི་སྨྲ་བ་པོ་ཡིན་པས་སྨྲ་བའི་རྒྱུ་སྨྲ་བ་པོ་དེ་སྨྲ་བའི་བྱེད་པ་པོ་ཉིད་ཡིན་ཏེ། ངེད་དབུ་མ་པའི་གཏན་ཚིགས་ཀྱི་དོན་བྱ་བ་དང་ལྡན་པས་བྱ་བ་གང་དང་ལྡན་པ་དེ་མི་བྱེད་པ་ཞེས་བྱ་བ་དེ་འགལ་བ་ཉིད་ཡིན་ནོ་ཞེ་ནའོ། །མདོ་སྡེ་པ་དག་དེ་སྐད་ཅེས་ཟེར་བ་དེ་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་སྨྲ་བའི་སྔ་རོལ་མེད། །གང་ཞིག་ཅི་ཞིག་སྨྲ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། སྔར། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །ཞེས་བྱ་བས་འགྲོ་བའི་སྔ་རོལ་ན་འགྲོ་བ་པོ་མེད་པ་དང་འགྲོ་བ་པོ་རང་གི་བདག་ཉིད་ལས་འགྲོ་བ་ཐ་དད་པར་གྱུར་པའོ་ཞེས་འཇིག་རྟེན་ལ་གྲགས་པའི་ཕྱིར། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །ཞེས་དངོས་ཀྱི་སྐབས་སུ་ཇི་སྐད་བཤད་པ་དེ་


DTG099_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འདིར་ཡང༌། གང་ཕྱིར་སྨྲ་བའི་སྔ་རོལ་མེད། །གང་ཞིག་ཇི་ཞིག་སྨྲ་བར་འགྱུར། །ཞེས་བྱ་བས་སྨྲ་བའི་སྔ་རོལ་ན་སྨྲ་བ་པོ་མེད་པ་དང༌། སྨྲ་བ་པོའི་རང་གི་བདག་ཉིད་ལས་སྨྲ་བ་ཐ་དད་པར་གྱུར་པའོ་ཞེས་འཇིག་རྟེན་ལ་གྲགས་པའི་ཕྱིར། སྨྲ་བ་གང་གིས་སྨྲ་པོར་མངོན། །སྨྲ་པོ་དེས་ནི་དེ་སྨྲ་མིན། །ཞེས་དཔེའི་སྐབས་སུ་ཡང་སྦྱར་བར་བྱའོ། །དེས་ནི་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་པོ་ཞེས་བྱ་བའི་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་སྨྲ་བ་པོའི་ཚོགས་སྨྲ་བར་བྱེད་པ་མི་འཐད་པར་བསྟན་པའི་རིགས་པ་དེས་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་ཡང་མི་འཐད་པར་ལན་བཏབ་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་མདོ་སྡེ་པ་དག་འདི་སྐད་ཅེས་འདིར་ཡང་འདུན་པའི་རྒྱུ་ལས་བྱུང་བའི་རྩོལ་བས་བསྐྱེད་པའི་རླུང་གི་ཁམས་ལས་ཤིང་གཅད་པ་ལ་སོགས་པའི་འདུ་བྱེད་ཀྱི་ཚོགས་གཅད་པའི་བྱ་བ་ཞེས་བྱ་བ་གཅོད་པ་པོ་ལས་རང་བཞིན་ཐ་མི་དད་པ་སྐད་ཅིག་མ་སྔ་མ་ལས་མཚན་ཉིད་མི་འདྲ་བ། ཁྱད་པར་གང་གིས་གཅོད་པ་པོ་ཞེས་བརྗོད་པ་འབྱུང་ཞིང༌། དེའི་རྒྱུ་ནི་གཅོད་པ་པོ་ཡིན་པས་གཅོད་པ་པོས་ཤིང་གཅོད་པར་བྱེད་དོ་ཞེ་ན། དེ་ཡང་མི་རུང་སྟེ། གང་ཕྱིར་གཅད་པའི་སྔ་རོལ་མེད། །གང་ཞིག་ཅི་ཞིག་གཅོད་པར་འགྱུར་ཏེ། གཅད་པའི་སྔ་རོལ་ན་གཅོད་པ་པོ་མེད་པ་དང༌། གཅོད་པ་པོའི་རང་གི་བདག་ཉིད་ལས་གཅད་པ་ཐ་དད་པར་གྱུར་པའོ་ཞེས་འཇིག་རྟེན་ལ་གྲགས་པའི་ཕྱིར། གཅད་པ་གང་གིས་གཅོད་པར་མངོན། །གཅད་པ་དེ་ནི་དེ་གཅོད་མིན། །ཞེས་སྔ་མ་བཞིན་དུ་ཅི་རིགས་པར་ལན་གདབ་པར་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དཔེ་ཡང་དངོས་བཞིན་དུ་མ་གྲུབ་པས་དོན་འགལ་བ་ཉིད་ཀྱི་སྐྱོན་གྱི་གནས་མེད་པར་མི་འགྱུར་བར་རིགས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་འཐད་པས་བརྟགས་ན། འགྲོ་བ་སྨྲ་བ་དག་གིས་དཔེ་སྨྲ་བའི་ཚིག་སྨྲ་བར་བྱེད་ཅིང་གཅོད་པ་པོ་ཤིང་གཅོད་པར་བྱེད་པ་ཞེས་བྱ་བ་དེ་ཡང་འགྲོ་བ་པོ་འགྲོ་བར་མི་འཐད་པར་དངོས་པོ་བཞིན་དུ་མ་གྲུབ་པས། འགྲོ་བ་སྨྲ་བ་


DTG099_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་དཔེ་སྨྲ་བ་པོ་ཚིག་སྨྲ་བར་བྱེད་ཅིང༌། གཅོད་པ་པོ་ཤིང་གཅོད་པར་བྱེད་པ་ཞེས་བྱ་བ་དང༌། དངོས་འགྲོ་བ་པོ་འགྲོ་བར་བྱེད་དོ་ཞེས་བྱ་བ་དེ་དག་ལ་རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་དོན་འགལ་བ་ཉིད་ཀྱི་སྐྱོན་གྱི་གནས་མེད་པར་མི་འགྱུར་བར་རིགས་ཏེ། དེ་དག་ལ་དོན་འགལ་བ་ཉིད་ཀྱི་སྐྱོན་གྱི་གནས་ཡོད་པར་འགྱུར་བ་ཁོ་ན་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ནི། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །ཅེས་བྱ་བ་དེ་ལ་འགྲོ་བ་སྐྱེ་བའི་སྔ་རོལ་ན་འགྲོ་བ་པོ་འགྲོ་བ་དང་བྲལ་བ་ནི་འགྲོ་བ་པོ་ཉིད་དུ་མི་འཐད་པའི་ཕྱིར། འགྲོ་བ་པོ་འགྲོའོ་ཞེས་བྱ་བའི་ཐ་སྙད་མི་སྲིད་པར་འགྲོ་བ་པོ་འགྲོའོ་ཞེས་བྱ་བར་མི་རིགས་སོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འགྲེལ་པ་བྱེད་པ་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་ཚིག་ལེའུར་བྱས་པའི་རྩ་བ་དེ་ལ་དེ་སྐད་ཅེས་རྣམ་པར་བཤད་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་དབུ་མའི་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཉིད་ལས། གང་གི་ཕྱིར། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེའི་སྔ་རོལ་ན་འགྲོ་བའི་སྔ་རོལ་ཏེ་དེའི་སྔ་རོལ་ན་འགྲོ་བ་པོ་མེད་དོ་ཞེས་རྣམ་པར་བཤད་པའི་ཕྱིར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། འགྲོ་བ་པོ་མི་འགྲོའོ་ཞེས་བྱ་བ་དེས་དོན་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པ་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ནི་སྔར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་དམ་བཅས་པ་ཉེ་བར་གཞག་པ་དེ་སྒྲུབ་པའི་སྐབས་སུ། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་དེས་དོན་བསྟན་ཟིན་པའི་ཕྱིར། དེ་ལས་ཁྱད་པར་གཞན་བསྟན་དགོས་པ་མ་བསྟན་པའི་ཕྱིར་རོ། །བྱེ་བྲག་པ་དག་གིས་སྨྲས་པ། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །ཞེས་བྱ་བ་ནི་བདེན་མོད་ཀྱི་འོན་ཀྱང་དེ་ལས་གཞན་པ་ཉིད་ཡིན་པས། ཁོ་བོ་ཅག་ལ་ཇི་


DTG099_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བཤད་པའི་རྣམ་པའི་གནོད་པས་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་བྱེ་བྲག་པ་དག་ན་རེ། དབུ་མ་པ་ཁྱེད་ཀྱི། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །ཞེས་བཤད་པ་ནི་རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་ཕྱིར། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པ་བདེན་མོད་ཀྱི་འོན་ཀྱང་ཁོ་བོ་ཅག་བྱེ་བྲག་པའི་གཞུང་ལས། འགྲོ་བ་པོ་ཞེས་བྱ་བའི་སྒྲར་བརྗོད་པ་ནི་རྫས་ཀྱི་ཚིག་གི་དོན་ཡིན་ལ། འགྲོ་བ་ཞེས་བྱ་བའི་སྒྲར་བརྗོད་པ་ནི་ལས་ཀྱི་ཚིག་གི་དོན་དུ་འདོད་པས་འགྲོ་བ་པོ་དེ་ལས་འགྲོ་བ་གཞན་པ་ཉིད་ཡིན་པས། དེ་ལ་རང་གི་བདག་ཉིད་ལས་བྱེད་པ་མི་འཐད་པའི་སྐྱོན་མེད་པའི་ཕྱིར། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ལས་གཞན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་ཡིན་པས་ཁོ་བོ་ཅག་ལ་ཁྱེད་ཀྱིས། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །ཞེས་ཇི་སྐད་བཤད་པའི་རྣམ་པའི་གནོད་པས་གནོད་པར་མི་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །གལ་ཏེ་འགྲོ་བ་པོ་དེ་ལས་འགྲོ་བ་དེ་གཞན་ཉིད་ཡིན་པར་མི་འགྲུབ་པོ་ཞེ་ན། མི་འགྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ཅག་ནི་རྫས་ཀྱི་བློ་དང་ལས་ཀྱི་བློ་གཞན་པ་ཉིད་དུ་སྒྲུབ་སྟེ། ཡུལ་ཐ་དད་པའི་ཕྱིར་དཔེར་ན་བ་ལང་གི་བློ་དང་བ་མེན་གྱི་བློ་གཞན་པ་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་རྫས་ཀྱི་བློ་དང་ལས་ཀྱི་བློ་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ཏེ། རྫས་ཀྱི་བློ་ཞེས་བྱ་བ་ནི་རྫས་དགུ་པོ་ས་དང༌། ཆུ་དང༌། མེ་དང༌། རློང་དང༌། ནམ་མཁའ་དང༌། དུས་དང་ཕྱོགས་དང་བདག་དང་ཡིད་ཅེས་བྱ་བའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ། དེ་ནི་འགྲོ་བ་པོའི་བློ་ཡིན་ནོ། །ལས་ཀྱི་བློ་ཞེས་བྱ་བ་ནི་ལས་ལྔ་པོ་འདེགས་པ་དང༌། འཇོག་པ་དང༌། བསྐུམ་པ་དང༌། བརྐྱང་བ་དང༌། འགྲོ་བ་ཞེས་བྱ་བའི་ཚིག་གི་དོན་གྱི་ཡུལ་ཅན་ཡིན་ཏེ་དེ་ནི་འགྲོ་བའི་བློ་ཡིན་ནོ། །གཞན་པ་ཉིད་གྲུབ་སྟེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། རྫས་ཀྱི་བློ་དང་ལས་ཀྱི་བློའི་ཁོངས་སུ་གཏོགས་


DTG099_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགྲོ་བ་པོ་དང༌། འགྲོ་བ་གཞན་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཡུལ་ཐ་དད་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། རྫས་ཀྱི་བློའི་ཡུལ་དགུ་པོ་དེ་དག་དང་ལས་ཀྱི་བློའི་ཡུལ་ལྔ་པོ་དེ་དག་ཐ་དད་པའི་ཕྱིར། དེའི་ཁོངས་སུ་གཏོགས་པ་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་དུ་སྒྲུབ་པར་བྱེད་དོ། །དཔེར་ན་བ་ལང་གི་བློ་དང་བ་མེན་གྱི་བློ་གཞན་པ་ཉིད་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་བ་ལང་གི་བློ་དང་བ་མེན་གྱི་བློ་ནི་ཡུལ་ཐ་དད་པའི་ཕྱིར་གཞན་པ་ཉིད་ཡིན་པ་དེ་བཞིན་དུ། རྫས་ཀྱི་བློ་དང་ལས་ཀྱི་བློ་ཡང་ཡུལ་ཐ་དད་པའི་ཕྱིར་གཞན་པ་ཉིད་ཡིན་ནོ། །གང་གཞན་པ་ཉིད་མ་ཡིན་པ་དེ་ལ་ནི་ཡུལ་ཐ་དད་པ་མེད་དེ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་ཕྱོགས་ཡིན་ནོ། །དཔེར་ན་བ་ལང་གི་བློ་རང་ལས་གཞན་པ་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། དཔེར་ན་བ་ལང་གི་བློ་ལ་ནི་ཡུལ་ཐ་དད་པ་མེད་པའི་ཕྱིར་རང་ལས་གཞན་པ་ཉིད་མ་ཡིན་ནོ། །རྫས་ཀྱི་བློ་ནི་དེ་ལྟ་མ་ཡིན་ཏེ། ཡུལ་ཐ་དད་པའི་ཕྱིར་གཞན་པ་ཉིད་ཡིན་ནོ། །དེས་ན་འགྲོ་བ་པོ་དེ་ལས་འགྲོ་བ་དེ་གཞན་པ་ཉིད་ཡིན་པས་ཁོ་བོ་ཅག་ལ་ཇི་སྐད་བཤད་པའི་རྣམ་པའི་གནོད་པས་གནོད་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཇི་ལྟར། འགྲོ་བ་གང་གིས་འགྲོ་བོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །དེ་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་བཞིན་དུ། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །ཞེས་བྱ་བ་སྨྲས་ཏེ། མི་རིགས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སྔར། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །ཞེས་བྱ་བས་རང་གི་བདག་ཉིད་ལ་བྱེད་པ་ཉིད་མི་འཐད་པའི་ཕྱིར་རོ། །འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པས། དེ་ལྟར་གང་གི་ཚེ། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་འགྲོ་བ་པོ་རང་གི་བདག་ཉིད་ཀྱི་ཁོངས་སུ་གཏོགས་ཤིང་ཕན་


DTG099_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པར་བྱེད་པ་དེ་ཡང་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པ་དེའི་ཚེ། འགྲོ་བ་གང་གིས་འགྲོ་བ་པོ། །ཞེས་བྱ་བར་མངོན་པའི་འགྲོ་བ་དེ་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་རང་གི་བདག་ཉིད་ཀྱི་ཁོངས་སུ་མ་གཏོགས་ཤིང་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་དེ་ནི་མི་འཐད་དོ། །ཅིའི་ཕྱིར་མི་འཐད་ཅེ་ན། དེ་ལས་གཞན་པ་ཉིད་དགག་པའི་ཕྱིར་དང༌། དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང༌། གང་ཡང་གང་དང་ལྷན་ཅིག་གཞན་པ་ཉིད་དུ་མི་འཐད་པར་ཁས་བླངས་པའི་ཕྱིར་དང༌། དཔེ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལས་གཞན་པ་ཉིད་བཀག་པའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་པོ་དེ་ལས་འགྲོ་བ་གཞན་པ་ཉིད་བཀག་པའི་ཕྱིར་ཏེ། ཁོ་བོ་སྔར་དོན་དམ་པར་འགྲོ་བ་པོ་ལས་འགྲོ་བ་གཞན་པ་ཉིད་མ་ཡིན་པར་བཤད་པར་བྱ་སྟེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འགྲོ་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པར་འགྲོ་བ་ལས་ཀྱང་འགྲོ་བ་པོ་གཞན་ཉིད་མ་ཡིན་པར་ངེས་པར་གཟུང་བར་བྱ་སྟེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་འགྲོ་བ་པོའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་དག་གིས་བཀག་པའི་ཕྱིར་རོ། །དེ་སྟོན་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་པོ་དང་འགྲོ་བ་གཞན་པ་ཉིད་ཅེས་བྱ་བ་དེ་སྟོན་པའི་རྗེས་སུ་དཔག་པ་ཁྱེད་ལ་མེད་པའི་ཕྱིར་རོ། །གང་ཡང་གང་དང་ལྷན་ཅིག་གཞན་པ་ཉིད་དུ་མི་འཐད་པར་ཁས་བླངས་པའི་ཕྱིར་ཞེས་བྱ་བས་ནི་དེ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། ཕྲད་པ་བརྟག་པའི་རབ་ཏུ་བྱེད་པ་འོག་ནས་འབྱུང་བའི་སྐབས་སུ་བསྟན་བཅོས་མཛད་པས། ཕྱི་དང་ནང་གི་དངོས་པོ་གང་ཡང་ཕྱི་དང་ནང་གི་དངོས་པོ་གང་དང་ལྷན་ཅིག་གཞན་པ་ཉིད་དུ་མི་འཐད་པར་ཁས་བླངས་པའི་ཕྱིར་ཡང་རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་


DTG099_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །དཔེ་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི། ཁྱེད་ཀྱིས་རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པའི་དཔེ་ཡང་མ་གྲུབ་པའི་ཕྱིར། རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་སློབ་དཔོན་གྱིས་དགོངས་སོ། །ཇི་ལྟར་དཔེ་མ་གྲུབ་ཅེ་ན། ཁྱེད་ཀྱི་རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་ཡིན་ཏེ། འགྲོ་བ་པོ་ཡིན་པའི་ཕྱིར་ཞེས་ཐམས་ཅད་འགྲོ་བ་པོའི་ཕྱོགས་སུ་བྱས་པའི་ཕྱིར་དེ་ལས་གཞན་པའི་དཔེའི་ཆོས་ཅན་གཞན་མེད་པའི་ཕྱིར་རོ། །གང་ཡང༌། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །ཞེས་བྱ་བ་ནི་དམ་བཅས་པ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྟན་པ་སྟེ་ཕྱོགས་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། གལ་ཏེ་ཕ་རོལ་པོ་དག་ཅིའི་ཕྱིར་ཞེས་འདྲི་ནའོ། །དེ་སྐད་ཅེས་འདྲི་བ་དེའི་ལན་དུ། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །ཞེས་བྱ་བ་གསུངས་སོ། །དེ་ནི་རྒྱས་པར་བཤད་པ་སྟེ་ཕྱོགས་ཀྱི་ཆོས་ཡིན་ནོ། །དེས་ནི་འགྲོ་བ་པོའི་ཆོས་འགྲོ་བ་གཉིས་དང་མི་ལྡན་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་དེས་ནི་རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་པའི་སྒྲུབ་པའི་ཆོས་འགྲོ་བ་གཉིས་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་བསྟན་ཏོ། །འདིར་རྗེས་སུ་དཔག་པ་ནི་ཞེས་བྱ་བ་ནི་རང་ལས་གཞན་པའི་འགྲོ་བ་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་མ་ཡིན་པར་བསྒྲུབ་པའི་སྐབས་འདིར་རྗེས་སུ་དཔག་པ་གཏན་ཚིགས་དང་དཔེ་དང་ལྡན་པའི་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི་འོག་ནས་ཆོས་ཅན་དང་བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཉེ་བར་སྦྱར་བ་རྣམས་ཡིན་པར་སྦྱར་རོ། །དོན་དམ་པར་རང་ལས་གཞན་པའི་འགྲོ་བ་ནི་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་ཏེ། འགྲོ་བ་གཉིས་དང་མི་ལྡན་པའི་ཕྱིར། དཔེར་ན་སྡོད་པ་པོ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང་སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྡོད་པ་པོ་འགྲོ་བ་གཉིས་དང་མི་ལྡན་པའི་ཕྱིར་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། རང་ལས་


DTG099_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་འགྲོ་བ་ཡང་འགྲོ་བ་གཉིས་དང་མི་ལྡན་པའི་ཕྱིར་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་ནོ། །གཞན་དག་ན་རེ། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །གང་གི་ཕྱིར་འགྲོ་བ་པོ་གཅིག་པུ་ལ་གང་གིས་འགྲོ་བ་པོ་ཞེས་བྱ་བར་མངོན་པ་དང་འགྲོ་བ་པོར་གྱུར་ནས། གང་འགྲོ་བར་འགྱུར་བའི་འགྲོ་བ་གཉིས་མི་འཐད་པ་དེའི་ཕྱིར་དེ་ལས་གཞན་པའི་འགྲོ་བ་ཡང་འགྲོ་བ་པོ་འགྲོ་བར་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདི་ལ། འགྲེལ་པ་བྱེད་པ་གནས་བརྟན་བུདྡྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ཁ་ཅིག་ན་རེ། དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་རང་གི་མིང་ཁ་ཅིག་ཅེས་བྱ་བར་སྙད་བཏགས་ནས་གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། འགྲོ་བའི་རྒྱུ་གཅིག་ཁོ་ན་ཡོད་པར་ཁས་བླངས་པས་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོ་འགྲོའོ་ཞེས་བྱ་བར་བསྒྲུབ་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །ཞེས་སྨྲས་པས་དོན་ཅི་ཞིག་གོ་བར་འགྱུར་ཞེ་ན། འགྲོ་བ་པོ་གཅིག་པུ་ལ་འགྲོ་བའི་རྒྱུ་གཉིས་ཡོད་པར་མི་འཐད་དོ་ཞེས་བཤད་ན་འགྲོ་བའི་རྒྱུ་གཅིག་ཁོ་ན་ཡོད་པར་ཁས་བླངས་པ་ཡིན་པས་འགྲོ་བའི་རྒྱུ་གཅིག་པོ་དང་ལྡན་པའི་ཕྱིར་འགྲོ་བ་པོ་འགྲོའོ་ཞེས་བྱ་བར་བསྒྲུབ་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་གཞན་པ་ཉིད་མ་བཀག་པའི་ཕྱིར་ཡང་དེ་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་པོ་དག་འདོད་པའི་འགྲོ་བ་པོ་དེ་ལས་འགྲོ་བ་གཞན་པ་ཉིད་མ་བཀག་པའི་ཕྱིར་རོ། །གཞན་ཡང༌། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་བྱ་བ་དེ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞའོ་ཞེས་བྱ་བ་ནི། གནས་བརྟན་བུདྡྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་ནི་སྔར། །རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་


DTG099_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ། །ཞེས་བཤད་པ་དེ་དང་ཁྱད་པར་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་འགྲེལ་པ་བྱེད་པ་ཉིད་ཟེར་བ་ཡིན་ནོ། །གཟེགས་ཟན་པ་དག་གིས་སྨྲས་པ། འགྲོ་བ་གཅིག་ནི་ཁོ་ན་སྟེ། དེ་ནི་འགྲོ་བ་པོ་གཞན་པ་ཉིད་ཡིན་ལ། དེ་དང་ལྡན་པའི་ཕྱིར་འགྲོ་བ་པོ་ལ་འགྲོ་བ་པོ་ཞེས་ཐ་སྙད་གདགས་སུ་རུང་ངོ༌། །འགྲོ་བའི་རྒྱུ་ཡིན་པའི་ཕྱིར། དེ་བྱེད་པ་ན་འགྲོའོ་ཞེས་བྱ་སྟེ། དཔེར་ན་མར་མེ་སྣང་བའི་རྒྱུ་ཡིན་པས་སྣང་བར་བྱེད་དོ་ཞེས་བྱ་བ་བཞིན་པས། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། བྱེ་བྲག་པ་དག་ན་རེ། འགྲོ་བ་ནི་ལས་ཀྱི་ཚིག་གི་དོན་ཡིན་པས་དེ་ནི་གཅིག་ཁོ་ནར་ཟད་དེ་ལས་ཀྱི་ཚིག་གི་དོན་འགྲོ་བ་ཞེས་བྱ་བ་དེ་ནི་རྫས་ཀྱི་ཚིག་གི་དོན་འགྲོ་བ་པོ་ཞེས་བྱ་བ་ལས་གཞན་པ་ཉིད་ཡིན་ལ།། འགྲོ་བ་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོ་ལ་འགྲོ་བ་པོ་ཞེས་ཐ་སྙད་གདགས་སུ་རུང་ངོ༌། །ཅིའི་ཕྱིར་འགྲོ་བ་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོ་ལ་འགྲོ་བ་པོ་ཞེས་ཐ་སྙད་གདགས་སུ་རུང་ཞེ་ན། འགྲོ་བའི་རྒྱུ་ནི་འགྲོ་བ་པོ་ཡིན་པའི་ཕྱིར་འགྲོ་བ་དེ་བྱེད་པས་ན་འགྲོ་བ་པོ་འགྲོའོ་ཞེས་བྱ་སྟེ། དཔེར་ན་སྣང་བའི་རྒྱུ་མར་མེ་ཡིན་པའི་ཕྱིར་མར་མེས་སྣང་བ་དེ་བྱེད་པ་ན་མར་མས་སྣང་བར་བྱེད་དོ་ཞེས་བྱ་བ་བཞིན་པས་དེའི་ཕྱིར་དབུ་མ་པ་ན་རེ། གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅིའི་ཕྱིར་བཟང་པོ་མ་ཡིན་ཞེ་ན། གཏན་ཚིགས་ཇི་སྐད་སྨོས་པ་བསྒྲུབས་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེད་དབུ་མ་པས་འགྲོ་བ་པོ་འགྲོ་བའི་བྱ་བ་དང་ལྡན་པ་དེ་འགྲོ་བར་མི་བྱེད་དེ་བྱ་བ་དང་ལྡན་པའི་ཕྱིར་རོ་ཞེས་གཏན་ཚིགས་ཇི་སྐད་སྨྲས་པ་དེ་ཁྱོད་འགྲོ་བ་སྨྲ་བ་དག་གིས་བསྒྲུབས་པའི་ཕྱིར་ཏེ། ཁྱེད་ཀྱི་གཞུང་ལས་རང་དབང་ནི་བྱེད་པ་པོ་ཞེས་འབྱུང་བའི་གཞུང་པོར་ལ། འགྲོ་བ་པོ་ནི་འགྲོ་བའི་རྒྱུ་


DTG099_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དཔེར་ན་མར་མེ་སྣང་བའི་རྒྱུ་ཡིན་པ་བཞིན་ནོ་ཞེས་ཟེར་བས། འགྲོ་བ་པོ་ནི་ཀུན་རྫོབ་ཏུ་འགྲོ་བའི་རྒྱུ་ཁས་བླངས་པ་ནི་དངོས་ཀྱི་རྒྱུ་མ་ཡིན་པས། དེད་དབུ་མ་པའི་གཏན་ཚིགས་ཇི་སྐད་སྨོས་པ་ཁྱེད་ཀྱིས་བསྒྲུབ་པའི་ཕྱིར་རོ། །གཞན་ཡང་དེད་དབུ་མ་པས་དོན་དམ་པར་འགྲོ་བ་བཀག་པའི་ཕྱིར། ཡང་ཁྱེད་ཟེར་བ་དེ་བཟང་པོ་མ་ཡིན་ནོ། །དོན་དམ་པར་འགྲོ་བ་མ་སྐྱེས་པས་འགྲོ་བ་བཀག་པའི་ཕྱིར། འགྲོ་བ་མེད་པ་དེ་དང་འགྲོ་བ་པོ་དང་ལྡན་པས་འགྲོ་བ་པོ་ཞེས་ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་རོ། །གཞན་ཡང་མེད་པ་ལས་སྐྱེ་བ་བཀག་པའི་ཕྱིར། ཡང་ཁྱེད་ཟེར་བ་དེ་བཟང་པོ་མ་ཡིན་ཏེ། ཁྱེད་ནི་མེད་པ་ལས་སྐྱེ་བ་སྨྲ་བ་ཡིན་ལ། ཁྱེད་ཀྱི་གཞུང་དེ་ངེད་ཀྱིས་དོན་དམ་པར་བཀག་པའི་ཕྱིར་ཡང་འགྲོ་བ་པོ་འགྲོ་བ་དང་ལྡན་པ་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རྗེས་སུ་དཔག་པའི་སྒོ་ནས་འགྲོ་བ་པོ་འགྲོ་བ་དང་ལྡན་པ་མ་ཡིན་པར་འགོག་པར་བྱེད་དོ། །དེ་ལ་འདིར་ཡང་འགྲོ་བ་པོ་ནི་ཞེས་བྱ་བ་འདི་ནི་ཆོས་ཅན་ཡིན་ལ། འགྲོ་བ་དང་ལྡན་པའི་རྒྱུ་མ་ཡིན་པར་ཤེས་ཏེ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཆོས་ཡིན་ཏེ། དཔེར་ན་བ་ལང་གི་ལུས་རྭ་དང་ལྡན་པའི་རྒྱུ་ཡིན་པར་ཤེས་པ་དེ་ལྟར་འགྲོ་བ་པོ་ནི་འགྲོ་བ་དང་ལྡན་པའི་རྒྱུ་མ་ཡིན་པར་ཤེས་ཏེ་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ། །བློ་དང་སྒྲ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པའི་ཆོས་ཡིན་ཏེ། འགྲོ་བ་པོ་ནི་འགྲོ་བ་པོའི་བློ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་དང༌། འགྲོ་བ་པོའི་སྒྲ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར། འགྲོ་བ་དང་ལྡན་པའི་རྒྱུ་མ་ཡིན་པར་ཤེས་ཏེ་ཞེས་སྒྲུབ་པར་བྱེད་དོ། །དཔེར་ན་ལས་བཞིན་པས་ཞེས་བྱ་བ་འདི་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ལས་ནི་ལས་ཀྱི་བློ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་དང༌། ལས་ཀྱི་སྒྲ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར། ལས་དང་ལྡན་པའི་རྒྱུ་མ་ཡིན་པར་ཤེས་པ་དེ་བཞིན་དུ། འགྲོ་བ་པོ་ཡང་འགྲོ་བ་པོའི་བློ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་དང༌། འགྲོ་བ་པོའི་སྒྲ་


DTG099_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་འགྲོ་བ་དང་ལྡན་པའི་རྒྱུ་མ་ཡིན་པར་ཤེས་སོ། །རྗེས་སུ་དཔག་པའི་གནོད་པས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་པར་སྦྱར་རོ། །གཞན་ཡང་འགྲོ་བ་པོའི་ངོ་བོ་ཉིད་ཀྱི་འགྲོ་བ་པོ་འགྲོ་བ་དང་ལྡན་པར་འགྱུར་རམ་འོན་ཏེ་འགྲོ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་འགྲོ་བ་པོ་འགྲོ་བ་དང་ལྡན་པར་འགྱུར་གྲང་ན། དེ་ལ་འགྲོ་བ་པོའི་ངོ་བོ་ཉིད་ཀྱི་འགྲོ་བ་པོ་འགྲོ་བ་དང་ལྡན་པར་འགྱུར་བ་ནི་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འགྲོ་བ་པོ་ནི་དེ་དང་ལྡན་པ་དོན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོའི་ངོ་བོ་ཉིད་ཀྱི་འགྲོ་བ་པོ་ཡིན་ན་དེ་རང་གི་ངོ་བོ་ཉིད་ཀྱི་འགྲོ་བ་པོ་ཡིན་པར་གྲུབ་ཟིན་པ་ལ་ཡང་འགྲོ་བ་དེ་དག་དང་ལྡན་པ་དོན་མེད་པའི་ཕྱིར་རོ། །འགྲོ་བ་པོ་ངོ་བོ་ཉིད་མ་ཡིན་པའི་འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བ་དང་ལྡན་པར་འགྱུར་བར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར། སྡོད་པ་པོ་བཞིན་དུ་དེ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགྲོ་བ་པོའི་ངོ་བོ་ཉིད་མ་ཡིན་པའི་འགྲོ་བ་པོ་མ་ཡིན་པ་ནི་འགྲོ་བ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར། དཔེར་ན་སྡོད་པ་པོ་བཞིན་དུ་འགྲོ་བ་དེ་དང་མི་ལྡན་པའི་ཕྱིར་འགྲོ་བ་དང་ལྡན་པར་འགྱུར་བ་མི་འཐད་དོ། །འདིར་རྗེས་སུ་དཔག་པའི་དྲི་བའམ་སྨྲ་བར་རིགས་ཏེ་ཞེས་བྱ་བ་ནི། འགྲོ་བ་སྨྲ་བ་དག་འགྲོ་བ་ཡོད་པར་བསྒྲུབ་པ་དང༌། དབུ་མ་པ་དག་འགྲོ་བ་མེད་པར་བསྒྲུབ་པའི་སྐབས་འདིར་འགྲོ་བ་སྨྲ་བ་དག་གིས་དབུ་མ་པ་ལ་རྗེས་སུ་དཔག་པ་དྲི་བར་རིགས་ཏེ། ཁྱེད་དབུ་མ་པ་དག་འགྲོ་བ་འགོག་པར་བྱེད་ན་རྗེས་སུ་དཔག་པ་གང་གིས་འགོག་པར་བྱེད་ཅེས་དྲི་གར་རིགས་པ་སྟེ། དེ་སྐད་ཅེས་འདྲི་ན་ངེད་དབུ་མ་པས་ཀྱང་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་གང་དག་གིས་འགྲོ་བ་བཀག་པའི་རྗེས་སུ་དཔག་པ་དེ་དག་ཁྱེད་ལ་བསྟན་པར་བྱ་བར་རིགས་སོ། །ཡང་ན་ཁྱེད་འགྲོ་བ་སྨྲ་བ་དག་ཉིད་ཀྱིས་འགྲོ་བ་སྒྲུབ་པའི་ཕྱིར། རང་གི་རྗེས་སུ་


DTG099_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་སྨྲ་བར་རིགས་ཏེ། ངེད་འགྲོ་བ་སྨྲ་བ་དག་འགྲོ་བ་ཡོད་པར་སྒྲུབ་པ་ནི་རྗེས་སུ་དཔག་པ་འདི་དག་སྒྲུབ་པར་བྱེད་དོ་ཞེས་སྨྲ་བར་རིགས་པ་སྟེ། དེ་སྐད་ཅེས་སྨྲ་ན། ངེད་དབུ་མ་པས་ཀྱང་རྗེས་སུ་དཔག་པ་ཇི་སྐད་བསྟན་པ་གང་དག་གིས་འགྲོ་བ་བཀག་པའི་རྗེས་སུ་དཔག་པ་དག་གིས་ཁྱེད་ཀྱི་གཞུང་སུན་དབྱུང་བར་རིགས་ན་ཁྱེད་འགྲོ་བ་སྨྲ་བ་དག་གིས་ངེད་ལ་རྗེས་སུ་དཔག་པ་ཡང་མ་དྲིས་ལ། རང་གིས་རྗེས་སུ་དཔག་པ་ཡང་མ་སྨྲས་པས་ཚིག་ཙམ་གྱིས་ནི་རང་གི་གཞུང་གཟུགས་པ་དང༌། གཞན་གྱི་གཞུང་སུན་དབྱུང་བ་མི་འགྲུབ་པས་ཁྱོད་ལ་སྐྱོན་དེ་ལྟ་བུ་ཡང་ཡོད་དོ། །ཅིའི་ཕྱིར་ཚིག་ཙམ་གྱིས་རང་གི་གཞུང་གཟུགས་པ་དང༌། གཞན་གྱི་གཞུང་སུན་དབྱུང་བ་མི་འགྲུབ་ཅེ་ན། དེའི་ཕྱིར་སྨྲ་བ་ཐམས་ཅད་ནི་རང་གི་གཞུང་སྨྲ་བ་ལ་དཔའ་བ་ཡིན་པས་ཚིག་ལ་ནི་ཟད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྗེས་སུ་དཔག་པ་མེད་པར་ཁྱོད་ཀྱི་རང་གི་གྲུབ་པའི་མཐའ་ལས་འགྲོ་བ་ཡོད་པར་གྱུར་ན། ཁོ་བོའི་ཡང་རང་གི་གྲུབ་པའི་མཐའ་ལས་འགྲོ་བ་མེད་པར་ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་ཁྱོད་ནི་འགྲོ་བ་ཡོད་པར་སྨྲ་ལ་ཁོ་བོ་ནི་འགྲོ་བ་མེད་པར་སྨྲ་བས་སྨྲ་བ་ཐམས་ཅད་ནི་རང་གི་གཞུང་སྨྲ་བ་ལ་དཔའ་བ་ཡིན་པས་ཚིག་ལ་ནི་ཟད་པ་མེད་པ་དེའི་ཕྱིར། ཁྱེད་འགྲོ་བ་སྨྲ་བ་དག་གིས་ངེད་ལ་རྗེས་སུ་དཔག་པ་ཡང་མ་དྲིས་ལ། རང་གིས་རྗེས་སུ་དཔག་པ་ཡང་མ་སྨྲས་པས་ཁྱེད་ཀྱི་ཚིག་ཙམ་གྱིས་ནི་རང་གི་གཞུང་གཟུགས་པ་དང༌། གཞན་གྱི་གཞུང་སུན་དབྱུང་བ་མི་འགྲུབ་པས་ཁྱེད་ཀྱིས་འགྲོ་བ་ཡོད་པར་སྨྲ་བའི་གཞུང་ཡང་མི་ཚུགས་ལ། དབུ་མ་པའི་འགྲོ་བ་མེད་པར་བསྒྲུབ་པའི་གཏན་ཚིགས་ཀྱི་དོན་ཡང་སུན་མི་ཕྱིན་པས་དེའི་ཕྱིར་དེ་ལྟར། རིགས་པས་དཔྱད་ན་དོན་དམ་པར་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ད་ནི་རབ་ཏུ་བྱེད་པ་འདིའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་རིགས་པས་དཔྱད་ན། འགྲོ་པོ་ཡིན་པར་གྱུར་ན་ནི། །


DTG099_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །དེ་མ་ཡིན་པར་གྱུར་པ་ཡང༌། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང༌། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །འགྲོ་པོ་ཡིན་པར་གྱུར་ཞས་བྱ་བ་ནི། འགྲོ་བ་པོ་གང་འགྲོ་བ་དང་ལྡན་པ་སྟེ། འགྲོ་བ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ ། །འགྲོ་ཞེས་བྱ་བ་ནི་བགྲོད་པར་བྱའོ། །རྣམ་གསུམ་དུ་ཞེས་བྱ་བ་ནི་སོང་བ་དང༌། མ་སོང་བ་དང༌། བགོམ་པར་རོ། །དེ་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི་འགྲོ་བ་པོ་གང་འགྲོ་བ་དང་བྲལ་བའོ། །ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་ཞེས་བྱ་བ་ནི། འགྲོ་བ་པོ་གང་འགྲོ་བ་དང་ལྡན་པ་ཡང་ཡིན་ལ་འགྲོ་བ་དང་བྲལ་བ་ཡང་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ད་ནི་འགྲོ་བ་པོ་ཡིན་པར་གྱུར་པ་ལ་སོགས་པ་རྣམ་པ་གསུམ་པོ་དེ་དག་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པ་ཉིད་རྗེས་སུ་དཔག་པའི་ཚད་མས་བསྒྲུབ་པར་བྱའོ། །དེ་ལ་རེ་ཞིག་འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ་བྱ་བ་དང་ལྡན་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགྲོ་བ་པོ་ཡིན་པར་གྱུར་པ་དེ་ལས་གཞན་པ་ལྷས་བྱིན་འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་པ་དེ་བཞིན་དུ། འགྲོ་བ་པོ་ཡིན་པར་གྱུར་པ་ཡང་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་དོ། །དེ་མ་ཡིན་པར་གྱུར་པ་ཡང་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ་འགྲོ་བ་དང་བྲལ་བའི་ཕྱིར་སྡོད་པ་པོ་བཞིན་ནོ་ཞེས་བྱ་བ་ཡང༌། ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྡོད་པ་པོ་ནི་འགྲོ་བ་དང་བྲལ་བའི་


DTG099_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་པ་དེ་བཞིན་དུ། འགྲོ་བ་པོ་མ་ཡིན་པར་གྱུར་པ་ཡང་འགྲོ་བ་དང་བྲལ་བའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་དོ། །ཡིན་པ་དང༌། མ་ཡིན་པར་གྱུར་པ་ཡང་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། ཕྱོགས་གཉི་གར་བསྟན་པའི་རྗེས་སུ་དཔག་པ་དག་གིས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡང་ཆོས་ཅན་དང༌། བསྒྲུབ་པར་བྱ་བ་ཆོས་དང༌། སྒྲུབ་པའི་ཆོས་དང༌། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འགྲོ་བ་པོ་ཡིན་པར་གྱུར་པའི་ཕྱོགས་སུ་དཔེར་ན་འགྲོ་བ་པོ་ཡིན་པར་གྱུར་པ་དེ་ལས་གཞན་པ་ལྷས་བྱིན་འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བའི་བྱ་བ་དང་ལྡན་པའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་དོ་ཞེས་བསྟན་པ་དང༌། འགྲོ་བ་པོ་མ་ཡིན་པར་གྱུར་པའི་ཕྱོགས་སུ། དཔེར་ན་སྡོད་པ་པོ་ནི་འགྲོ་བ་དང་བྲལ་བའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་དོ་ཞེས་བསྟན་པ་དེ་བཞིན་དུ། འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་འགྲོ་བའི་བྱ་བ་དང་ལྡན་པའི་པའི་ཕྱིར་དང༌། འགྲོ་བ་དང་བྲལ་བའི་ཕྱིར། བགྲོད་པར་བྱ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ཏུ་འགྲོ་བར་མི་བྱེད་དོ། །དེ་བཞིན་དུ་འགྲོ་བ་ཕྱོགས་སུ་བྱས་པ་དང༌། ཡང་གཏན་ཚིགས་དང་དཔེའི་སྦྱོར་བ་ཅི་རིགས་པར་བྱའོ་ཞེས་ཟེར་བ་ནི། འདི་ལྟར་སྦྱར་བར་བྱ་སྟེ། འགྲོ་བ་རྣམ་པ་གསུམ་པོ་སོང་བ་དང༌། མ་སོང་བ་དང༌། བགོམ་པ་དག་ལས་རེ་ཞིག་སོང་བ་ནི་འགྲོ་བ་པོ་ཡིན་པར་གྱུར་པ་དང༌། དེ་མ་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་གསུམ་འགྲོ་བར་མི་བྱེད་དེ། འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར། དེ་ལས་གཞན་པའི་ལས་བཞིན་ནོ། །མ་སོང་བར་ཡང་འགྲོ་བ་


DTG099_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན་པར་གྱུར་པ་དང༌། དེ་མ་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་གསུམ་འགྲོ་བར་མི་བྱེད་དེ་མ་སོང་བའི་ཕྱིར། དཔེར་ན་དེ་ལས་གཞན་པ་འགྲོ་བར་མི་འདོད་པའི་ལམ་བཞིན་ནོ། །བགོམ་པར་ཡང་འགྲོ་བ་པོ་ཡིན་པར་གྱུར་པ་དང༌། དེ་མ་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པ་གསུམ་འགྲོ་བར་མི་བྱེད་དེ། སོང་བ་དང༌། མ་སོང་བ་མ་གཏོགས་པར་བགོམ་པ་ཤེས་པར་མི་འགྱུར་བའི་ཕྱིར། དཔེར་ན་ནམ་མཁའི་བྱ་རྗེས་བཞིན་ནོ། །དེའི་ཕྱིར་དེ་ལྟར་རིགས་པ་དང་ལུང་དག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་བརྟགས་ན་འགྲོ་བ་ལ་སོགས་པ་རྣམ་པ་གསུམ་པོ་དག་ཇི་ལྟར་ཡང་མི་སྲིད་པ། དེ་ཕྱིར་འགྲོ་དང་འགྲོ་པོ་དང༌། །བགྲོད་པར་བྱ་བའང་ཡོད་མ་ཡིན། །ཞེས་བྱ་བ་ནི་འབད་པའི་འབྲས་བུ་ཇི་སྐད་བསྟན་པའི་དབང་གིས་མཇུག་བསྡུ་བའོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་འདིའི་མཇུག་བསྡུ་བ་ཡིན་ནོ། །སློབ་དཔོན་གྱི་བྱ་བ་དང་བྱེད་པ་པོ་ལྷག་མ་དགག་པ་ཡང་ཕྱོགས་འདིས་བསྟན་ཏོ་ཞེས་བྱ་བ་ནི་སྔར་འཇིག་རྟེན་ནི་ཕལ་ཆེར་བྱ་བ་མང་པོའི་ཐ་སྙད་ཀྱི་དབང་གིས་བྱ་བའི་དངོས་པོ་ལ་མངོན་པར་ཞེན་པས་མངོན་པར་ཞེན་པའི་ཟུག་རྡུ་དེ་བསལ་བའི་ཕྱིར་འགྲོ་བའི་མཚན་ཉིད་ཀྱི་བྱ་བ་གཅིག་བསལ་ན་བྱ་བ་ལྷག་མ་དག་བསལ་བ་ཡང་སླ་བས་དེའི་ཕྱོགས་སྔ་མ་ཉེ་བར་གཞག་གོ་ཞེས་སྨོས་པ་དེའི་མཇུག་བསྡུ་བ་ཡིན་ནོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་འགྲོ་བའི་བྱ་བ་དང་བྱེད་པ་པོ་དགག་པའི་ཕྱོགས་ཇི་སྐད་བཤད་པ་འདིས་བྱ་བ་དང་བྱེད་པ་པོ་ལྷག་མ་རྣམས་དགག་པ་ཡང་དེ་བཞིན་དུ་བསྟན་པ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་འགྲོ་བ་ངོ་བོ་ཉིད་མེད་པ་ཉིད་བསྟན་པས། རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང༌། འགྲོ་བ་མེད་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ནོ། །འགྲོ་བ་དགག་པ་འདིས་ལུང་གི་དོན་ཅི་ཞིག་གྲུབ་པ་བསྟན་པའི་ཕྱིར་དང༌། འགྲོ་བ་དགག་པ་བསྒྲུབས་པ་འདི་ལ་གཞན་དག་


DTG099_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་གི་ཁུངས་དེས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། གང་ལ་འགྲོ་བ་མེད་པ་དང་འོང་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང་ཡིད་ཆེས་པའི་ལུང་གི་ཁུངས་དེས་འགྲོ་བ་དགག་པ་གྲུབ་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། འཕགས་པ་ཤ་ར་དྭ་ཏིའི་བུས། འཕགས་པ་བློ་གྲོས་མི་ཟད་པ་ལ་དྲིས་པ། རིགས་ཀྱི་བུ་ཁྱོད་ག་ལས་འོངས། །དེས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ལ་ད་དུང་ཡང་འོང་བའི་འདུ་ཤེས་འབྱུང་ངམ། གནས་བརྟན་གྱིས་སྨྲས་པ། ཁོ་བོས་འདུ་ཤེས་ཡོངས་སུ་ཤེས་སོ། །འཕགས་པ་བློ་གྲོས་མི་ཟད་པས་སྨྲས་པ། འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པ་ལ་ནི་གཉིས་ཀྱི་བློ་མི་འབྱུང་སྟེ། འདི་ལྟར་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པ་ནི་གཉིས་སུ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །གཞན་ཡང་འོང་བ་མེད་པ་ཞེས་བྱ་བ་དེ་ནི་ཀུན་དུ་སྦྱོར་བའི་ཚིག་ཡིན་ལ། འགྲོ་བ་ཞེས་བྱ་བ་དེ་ནི་བྲལ་བའི་ཚིག་ཡིན་ནོ། །གང་ལ་དོན་དམ་པར་ཀུན་དུ་སྦྱོར་བའི་ཚིག་མེད་པ་དང་འབྲལ་བའི་ཚིག་མེད་པ་དེ་ལ་ནི་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ་འོང་བ་མེད་པ་དང༌། འགྲོ་བ་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །གནས་བརྟན་ཀྱིས་འོང་བ་མེད་པ་དང་འགྲོ་བ་མེད་པའི་དེ་ཁོ་ན་རྟོགས་པ་དེ་ཇི་ལྟར་རྟོགས་ན། དེ་ཁོ་ན་རྟོགས་པ་དང་མི་མཐུན་པར་འགྲོ་བ་དང་འོང་བའི་རྣམ་པར་རྟོག་པ་འབྱུང་བར་འགྱུར་ཞེས་གསུངས་པ་དེ་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ནི་འོང་བའམ་འགྲོ་བ་མེད་དོ་ཞེས་གསུངས་པ་ནི། བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པའི་ལྷག་པའི་བསམ་པ་ལ་ཞུགས་པས་དེ་བཞིན་གཤེགས་པ་མཐའ་ཡས་པ་མཐོང་ནས། ཏིང་ངེ་འཛིན་དེ་


DTG099_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་པ་དང༌། དེ་བཞིན་གཤེགས་པ་དེ་དག་མི་སྣང་ནས། དེ་ནས་དེས་མཐར་གྱིས་གྲོང་ཁྱེར་སྤོས་དང་ཅན་དུ་སོང་སྟེ། འཕགས་པ་ཆོས་འཕགས་ལ་དྲིས་པ། རིགས་ཀྱི་བུ་བདག་གིས་དེ་བཞིན་གཤེགས་པ་མཐའ་ཡས་པ་དག་མཐོང་ནས་མི་སྣང་བར་གྱུར་པ་དེ་དག་གང་ནས་བྱོན་གང་དུ་བཞུད། ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ལ་ནི་འོང་བའམ་འགྲོ་བ་མེད་དེ། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་ནི་འོང་བའམ་འགྲོ་བ་མེད་དེ། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་རྣམས་ལ་ནི་འོང་བའམ་འགྲོ་བ་མེད་དེ། སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་སྒྱུ་མ་དང། སྨིག་རྒྱུ་དང༌། རྨི་ལམ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལ་ནི་འོང་བ་དང་འགྲོ་བ་མེད་དེ། སྒྱུ་མ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་དོན་དམ་པར་ནི་དམིགས་སུ་མེད་ལ། ཐ་སྙད་དུ་ནི་དཔེར་ན། རྒྱུད་དང༌། ཤིང་བུ་དང༌། ལག་ཅ་དང། མིའི་རྩོལ་བ་ལ་བརྟེན་ནས་པི་ཝང་གི་སྒྲ་འབྱུང་ཡང༌། སྒྲ་དེ་ནི་རྒྱུད་ལ་སོགས་པ་རྐྱེན་རྣམས་ལ་ཡང་དམིགས་སུ་མེད་ལ། རྒྱུད་ལ་སོགས་པ་ལས་གཞན་ན་ཡང་དམིགས་སུ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དགེ་བའི་རྩ་བ་རྣམས་དང༌། དོན་དུ་གཉེར་བ་རྣམས་ཀྱི་སེམས་བསྟོད་པ་ལ་བརྟེན་ནས། དེ་བཞིན་གཤེགས་པ་མཐོང་བ་འབྱུང་ཡང༌། དེ་བཞིན་གཤེགས་པ་ནི་རྐྱེན་དེ་དག་རེ་རེ་ལ་དམིགས་སུ་མེད་དོ་ཞེས་གསུངས་པ་སྟེ། དེ་ཡང་གྲུབ་པ་ཡིན་ནོ། །འདི་ལ་འོང་དང་འགྲོ་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། །ཞེས་བྱ་བ་ནི། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་གསུངས་ཏེ། མ་སྐྱེས་པ་ཞེས་བྱ་བའི་དོན་དེ་ཡང་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་གང་ལ་འགྲོ་བར་བྱ་བའམ། འོང་བར་བྱ་བརྡུལ་ཕྲན་ཙམ་ཡང་མེད་པ་དེ་ནི། བྱང་ཆུབ་


DTG099_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་འོང་བ་དང་འགྲོ་བ་མི་སྣང་ངོ༌། །རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་འོང་བ་དང་འགྲོ་བ་མི་སྣང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་འོང་བ་དང་འགྲོ་བ་མི་སྣང་ངོ༌། །གང་ལ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་འོང་བ་དང༌། འགྲོ་བ་མི་སྣང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་མདོ་ལས། ཆོས་ཐམས་ཅད་ལ་འོང་བ་དང༌། འགྲོ་བ་མེད་པར་བསྟན་པ་སྟེ། དེ་དག་ལ་སོགས་པ་མདོ་སྡེ་མཐའ་ཡས་པ་དག་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་འོང་བ་མེད་པ་དང༌། འགྲོ་བ་མེད་པའི་དོན་འདི་ཉིད་གསུངས་པའི་ལུང་གི་དོན་དེ་གྲུབ་ཅིང༌། ཡིད་ཆེས་པའི་ལུང་གི་ཁུངས་དེ་དག་གིས། འོང་བ་དང་འགྲོ་བ་དགག་པ་བསྒྲུབ་པའི་ཕྱིར། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་འགྲོ་བ་དང་འོང་བ་མེད་པ་སྟོན་པའི་མདོ་སྡེའི་མཐའ་གང་དག་ཡིན་པ་དེ་དག་འགྲོ་བ་མེད་པ་དང༌། འོང་བ་མེད་པའི་རབ་ཏུ་བྱེད་པའི་སྐབས་འདིས། རྣམ་པར་བཤད་པར་བྱ་བ་ཡིན་པར་སྟོན་པ་ཡང༌། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁས་པའི་མཁྱེན་རྒྱ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། སོང་བ་དང༌། མ་སོང་བ་དང། བགོམ་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།


no previousཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ། སྤྱན་རས་གཟིགས་བརྟུལ་ཞུགས།no next