བདེན་གཉིས་རྣམ་པར་འབྱེད་པའི་འགྲེལ་པ།
ཡེ་ཤེས་སྙིང་པོ།
རྒྱ་གར་སྐད་དུ། ས་ཏྱ་དྭ་ཡ་བི་བྷཾ་ག་བྲྀཏྟི། བོད་སྐད་དུ། །བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་དག་དངོས་པོའི་ངོ་བོ་ཉིད་མེད་ཡང་དག་མཁྱེན་གྱུར་ཀྱང༌། །ཐུགས་རྗེས་འཁོར་བ་ཇི་སྲིད་བར་དུ་ཐུབ་དབང་སྲས་བཅས་རྣམས། །འཇིག་རྟེན་མ་ལུས་པ་ཡི་འཚལ་བའི་དངོས་པོ་བསྒྲུབ་སླད་དུ། །འདིར་བཞུགས་དྲི་མེད་བློ་ལྡན་དེ་དག་རྣམས་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རབ་ཏུ་འབྱེད་པ་འདི་བརྩམས་ཏེ། གང་གི་ཕྱིར། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གིས་རྣམ་པར་དབྱེ། །གཞན་གྱི་དོན་འབྱུང་བ་ལ་མཁས་པ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་བློ་ཆུང་དུ་ལ་ཕན་གདགས་པའི་ཕྱིར། བདེན་པ་གཉིས་ལས་མང་དུ་རྣམ་པར་ཕྱེ་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་ཀྱང་གསལ་བར་མཛད་དུ་ཟིན་ཀྱང༌། རང་གི་སྡེ་པ་ཆེན་པོ་དག་ཀྱང་རྨོངས་པ་ཉིད་ཡིན་ན། དེ་དག་གི་ཁ་ན་ལས་པས་འཇུག་པ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །བདེན་པ་གཉིས་རྣམ་པར་དབྱེ་བ་ལ་མཁས་པ་ནི། འགྲོ་བ་ལ་ཕན་པ་འབྱུང་བ་བསྐྱེད་པའི་བློ་དང་
ལྡན་པ། བདེ་བར་གཤེགས་པའི་བཀའ་རབ་འབྱམ་དག་ལ་ཤེས་པའི་སྣང་བ་སྐྱེས་པའི་འཇིག་རྟེན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་བསྒྲུབས་པ་ བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བྱར་མེད ་པའི་ཕ་རོལ་ཏུ་ངེས་པར་ཤིན་ཏུ་ཕྱིན་པར་འགྱུར་རོ། །གཞན་ནི་ཡིད་ལ་བསམས་པ་བཞིན་དུ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀུན་རྫོབ་དང་ནི་དམ་པའི་དོན། །བདེན་གཉིས་ཐུབ་པས་གསུངས་པ་ལ། །མདོ་དེ་དང་དེར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །དོན་དམ་པའི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་བ་ལང་རྫི་མོ་ལ་སོགས་པ་ཡན་ཆད་ཀྱིས་མཐོང་བ་དེ་ལྟར་ཀུན་རྫོབ་ཏུ་བདེན་པ་རྣམ་པར་གནས་ཀྱི་ཡང་དག་པར་ནི་མ་ཡིན་ཏེ། མཐོང་བ་དང་མཐུན་པར་དངོས་པོའི་དོན་ངེས་པར་འཛིན་པའི་ཕྱིར་རོ། །མཐོང་བ་ནི་རྣམ་པ་གཉིས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པའོ། །རིགས་པ་ཇི་ལྟ་བ་བཞིན་ཉིད་ནི་དོན་དམ་པའི་བདེན་པའོ། །ནི་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ། །དོན་དམ་པར་བདེན་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར། སླུ་བ་མེད་པས་རིགས་པ་ནི་དོན་དམ་ཡིན་ཏེ། རིགས་པའི་སྟོབས་ཀྱིས་དོན་ལ་ངེས་པ་ནི་སླུ་བར་མི་འགྱུར་ཏེ། དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དམ་པ་ཡང་ཡིན་ལ། དོན་ཡང་ཡིན་པས་དོན་དམ་པའོ། །དེས་གཏན་ལ་ཕབ་པའི་དོན་ཀྱང་དོན་དམ་པ་སྟེ། མངོན་སུམ་ལ་སོགས་པ་བཞིན་དུ་བརྗོད་དོ། །ཀུན་རྫོབ་མིན། དོན་དམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། ཚིག་ཐ་མ་ཁོང་ནས་དབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་མི་སླུ་མིན་ཕྱིར་ཏེ། དེ་ཇི་ལྟར་ཤེས་པའི་བདག་ཉིད་ལ་གནས་པ་དེ་ལྟར་རིགས་པས་མི་རུང་བའི་ཕྱིར་རོ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཇི་ལྟར་སྣང་བ་དེ་ཉིད་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་བཤད་དོ། །ཟླ་བ་གཉིས་པ་ལ་སོགས་པ་ཡང་ཇི་ལྟར་སྣང་བ་ཁོ་ན་ཡིན་ན། འཇིག་རྟེན་པ་དག་དེ་ལྟར་ནི་ཁས་མི་ལེན་ཏེ། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཅེས་འོག་ནས་འཆད་དོ། །ཇི་ལྟར་སྣང་བའི་དངོས་པོར་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཤེས་པའི་དངོས་པོ་ཐམས་ཅད་ལ། །ཇི་ལྟ་བུར་ཡང་སྣང་མི་འགྱུར། །དོན་དམ་པ་ནི་
ཇི་ལྟར་སྣང་བ་བཞིན་དུ་རྣམ་པར་གནས་པ་མེད་དེ། ཐམས་ཅད་མཁྱེན་པའི་མཁྱེན་པ་ཉིད་ལ་ཡང་མི་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བ་ཞེས་གསུངས་སོ། །གལ་ཏེ་བརྟགས་པའི་ངོ་བོ་ཉིད། །འགའ་ཡང་མཐོང་བ་མེད་ཅེ་ན། །བརྟགས་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས་འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་བ་འདི་གསུངས་པར་འདོད་དེ། དེ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟ་བུ་མ་ཡིན་ན་འགའ་ཡང་ཞེས་ཅིའི་ཕྱིར་གསུངས་ཏེ། ངོ་བོ་ཉིད་མི་མཐོང་བ་ཞེས་བྱ་བ་ཁོ་ནར་གསུང་བར་འགྱུར་བའི་རིགས་སོ་ཞེ་ན། དེ་ནི་མི་རུང་སྟེ། རང་རིག་རིགས་པ་མ་ཡིན་པའི་ཕྱིར། ཤེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོ་རིག་པར་བྱུང་བ་ཡིན་པ་དང༌། དེ་མེད་པར་ཤེས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར་ཤེས་པ་གཞན་བཞིན་ནོ། །རང་སྣང་བར་ཁས་མི་ལེན་ན་ནི་ཐ་དད་པར་ཐལ་བར་འགྱུར་ཏེ། སྔོན་པོ་དང་དེ་ཤེས་པ་བཞིན་ནོ། །རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་རིག་པའི་ངོ་བོ་ཡིན་པས་དེའི་ཕྱིར་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་ཤེས་པའི་ངོ་བོ་ཉིད་ནི་འདི་འདྲ་སྟེ། རང་གི་རྒྱུ་ལས་སྐྱེས་ཤིང་དེས་དེ་ལྟར་འགྱུར་རོ་ཞེ་ན། ཡང་མི་རུང་སྟེ། ལན་བཏབ་ཟིན་པའི་ཕྱིར་རམ། མི་སླུ་བའི་ཚད་མ་མེད་པའི་ཕྱིར་ཏེ། སེམས་མི་མཐུན་པའི་གཞན་རྣམས་ནི་རང་གི་ཚུལ་བརྗོད་པ་ཙམ་ལ་གུས་པར་མི་བྱེད་དོ། །ཤེས་པ་རྣམ་པ་མེད་པར་སྨྲ་བས་དེ་སྐད་བརྒལ་བ་ལ། མཚན་ཉིད་དང་རྣམ་འགྲེལ་བྱེད་པའམ། གཞན་ཡང་རུང་གང་གིས་ཡུལ་གྱི་རྣམ་པ་ཉིད་ཀྱི་ཚད་མ་བསྒྲུབ་པ་ཇི་སྐད་བརྗོད་པར་བྱ། རྒྱུའི་ནུས་པ་བཀག་ཕྱིར་རོ། །འོག་ནས་རྒྱུའི་ནུས་པ་བཀག་པའི་ཕྱིར་ཡང་འདི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཐམས་ཅད་མི་མཐོང་བ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བར་ཆུག་ན་ཡང་ཇི་ག་ངེས་པར་བྱ་བར་མི་ནུས་ཏེ། འདི་ལྟར། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡེ་ཤེས་དང་
ལྡན་པའི་ཕྱིར་ཀུན་མཁྱེན་པ་སྟེ། དེས་མི་དམིགས་པ་ཇི་ལྟར་ཡོད་པར་འགྱུར་ཞེས་བསམས་པའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་བདག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི་འཇིག་རྟེན་གྱི་འཇུག་པ་སྟེ། ཤེས་པ་དང་ཤེས་བྱའི་མཚན་ཉིད་ཡིན་གྱི། རྗོད་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ཏེ། དེ་ནི་འོག་མས་བརྗོད་པའི་ཕྱིར་རོ། །ཇི་སྙེད་ཅེས་བྱ་བའི་ཚིག་ནི་མཐའ་དག་ཅེས་བྱ་བའི་དོན་ཏོ། །དེས་ན་རྣམ་པར་རྟོག་པ་མེད་པའི་མངོན་སུམ་གྱི་ཤེས་པས་ཡོངས་སུ་བཅད་པའི་ངོ་བོའི་དངོས་པོ་གཟུགས་ལ་སོགས་པ་དང་བདེ་བ་ལ་སོགས་པར་རིག་པར་གྲུབ་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཡིན་ནོ། །དེ་ནི་འོག་ཏུ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་མོད་ལས་འབྱུང་བ་དང༌། ཡི་གེ་དང་སྐད་དང་བརྡ་བསྟན་པ་གཞན་དག་ཀྱང་གཟུང་ངོ༌། །དེ་ནི་དེ་ལྟར་རྟོགས་པར་བྱ་སྟེ། དོན་དམ་པའི་བདེན་པ་བསྟན་པ་ལ། སེམས་རྒྱུ་བ་ཡང་མེད་ཅེས་གསུངས་པའི་ཕྱིར་རོ། །རྗོད་པར་བྱེད་པའི་མཚན་ཉིད་ཁོ་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ནི། ཡི་གེ་རྒྱུ་བ་ཡང་མེད་ན་ཞེས་གསུང་བར་འགྱུར་གྱི། སེམས་ཞེས་གསུང་བར་ནི་མི་འགྱུར་རོ། །གལ་ཏེ་ཇི་སྐད་གསུངས་པའི་གོ་རིམས་ཅན་དེ་གཉིས་མི་འདོད་ན་ནི། སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་བརྗོད་པར་བྱ་བའི་གོ་རིམས་ཅིའི་ཕྱིར་མཛད། རྣམ་པར་རྟོག་པའི་ཤེས་པ་ཉིད་ཡིན་པར་ཡོངས་སུ་གཟུང་ན་ནི་རྣམ་པར་རྟོག་པ་རྒྱུ་བ་ཡང་མེད་ན་ཞེས་གསུངས་པར་འགྱུར་ཏེ། ཐེ་ཚོམ་མེད་པའི་ཕྱིར་རོ། །འདི་ལ་ངེས་པར་བྱེད་པའི་ཚད་མ་ནི་མེད་དོ། །སྤྱིའི་སྒྲ་ཡང་དོན་དང་སྐབས་ལ་སོགས་པ་མེད་པར་བྱེ་བྲག་ཏུ་གཞག་པར་མི་ནུས་སོ། །ཡང་ན་རྗོད་པར་བྱེད་པའི་སྤྱི་ནི་རྣམ་པར་རྟོག་པའི་རྗེས་སུ་འཇུག་པའི་ཕྱིར། དེ་བརྗོད་པས་གཉིས་སྨོས་པ་ཁོ་ན་ཡིན་ན། ཅིའི་ཕྱིར་གཉིས་གསུངས། དེ་ལྟ་ན་ནི་སེམས་རྒྱུ་བ་ཡང་མེད་པ་ནི་ཡི་གེ་རྣམས་རྒྱུ་བ་མེད་པ་ཁོ་ནར་བསྟན་པའི་ཕྱིར། ཡང་ཞེས་བྱ་བའི་སྒྲ་མཛེས་པ་མ་ཡིན་པའི་ཕྱིར་རོ། །རང་གི་མཚན་ཉིད་ནི་དོན་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེ་ཐུགས་ལ་བཞག་ནས་བརྗོད་པར་
རུང་བ་ཁོ་ན་མ་ཡིན་ནོ། །དོན་འོག་མ་བརྗོད་པར་ཡང་གོང་མ་འདུས་པ་ཉིད་ཡིན་ཏེ། རྗོད་པར་བྱེད་པ་སྤྱིའི་རྗེས་སུ་ནང་གི་བརྗོད་པ་འབྲང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོ་ཙམ་དང་མཐུན་པར་བྱེད་པའི་ངང་ཅན་གྱི་སེམས་ཀྱང་རྒྱུ་བ་ཡང་མེད་ཅེས་བྱ་བ་འདི་ཉིད་ཡང་དག་པར་ན་བཅོམ་ལྡན་འདས་བཞེད་དོ། །དེ་ལྟ་ནི་ཐམས་ཅད་འཚམ་མོ། །དེ་ལྟར་གྱུར་ན། བདག་ཉིད་རིག་པ་ཡིན་པའི་ཕྱིར། །སེམས་ཀྱི་སྤྱོད་ཡུལ་གྱུར་པའི་ཤེས། །རྣམ་པར་དག་པའང་ཡང་དག་ཏུ། །རིགས་སམ་འོན་ཏེ་མིན་ཞེས་སྨོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཀུན་རྫོབ་དེ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་ཏེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །བརྟགས་པའི་དོན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་དང༌། རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་འབྱུང་བའི་ཡོངས་སུ་འགྱུར་བ་ལ་སོགས་པ་སྟེ། དེ་དག་གིས་དབེན་པའོ། །དངོས་པོ་ཙམ་གང་ཡིན་པ་ནི་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་མཐུན་པར་དོན་ཇི་སྙེད་རྒྱུ་ལས་སྣང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་མ་ཡིན་ན་ནི་རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ། །རྒོལ་བ་དང་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུ་ཡང་མེད་དོ། །རྩོད་པར་བྱེད་ན་ནི་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ། །ཡང་དག་མིན་ནི་ཀུན་བརྟགས་ཡིན། །ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་རྟོག་པའི་བཟོས་སྦྱར་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །ནི་ཞེས་བྱ་བ་ནི་བསྣན་པའི་དོན་ཏམ་གོ་རིམས་བཟློག་པའོ། །འོ་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཅི་ག་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་ཏེ། དེ་ནི་དངོས་པོ་སྣང་བ་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུ་མི་སྣང་ངོ༌། །མ་ཡིན་ཏེ་དངོས་པོའི་
ངོ་བོ་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཆོས་གཞན་ཞིག་ཡིན་པར་ཡོངས་སུ་བརྟགས་ན་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡང་འགྱུར་རོ། །གང་གི་ཕྱིར། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱིས། ཡང་དག་པ་དང་མཐུན་ཕྱིར་འདོད། །དོན་དམ་པ་ཡིན་པར་ཁོ་བོ་ཅག་འདོད་དོ། །གཞན་དག་ནི་ཡང་དག་པ་ཁོ་ནར་འཛིན་པས། ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་ཕྱིར། །ཡང་དག་ཏུ་ན་བཀག་མེད་གསལ། །དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ། ཡུལ་མེད་པའི་བཀག་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པ་ལ་སྐྱེ་བ་ལ་སོགས་རྣམ་པར་རྟོག་པའི་རྒྱུ་ཅན་ཕ་རོལ་པོས་དངོས་པོ་ཡང་དག་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དགག་བྱ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན། བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །དགག་བྱ་བརྟགས་པ་ཡིན་དུ་ཟིན་ན། བཀག་པ་ཡང་བརྟགས་པ་ཉིད་དུ་འགྱུར་ཏེ། མོ་གཤམ་གྱི་བུའི་སྔོ་བ་སངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ། །ཡང་དག་པ་བཀག་པ་མེད་ཀྱང་སྐྱེ་བ་ལ་སོགས་པ་ཡོད་པར་མི་འགྱུར་ཏེ། བཀག་པས་སྐྱེ་བ་མེད་པ་ལ་སོགས་པ་ལ་མ་ཁྱབ་པའི་ཕྱིར་དང༌། དེ་ཡོད་པའི་རིགས་པ་མེད་པའི་ཡང་ཕྱིར་རོ། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་པར་ན་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པའོ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་པའི་དོན་ཅེས་བྱ་བར་བསྙེགས་སོ། །གང་གི་ཕྱིར་ཞེ་ན། ཡང་དག་ཏུ་ན་གཉིས་མེད་དེ། །དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མིན་ཞེས། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྤྲོས་པ་མེད་པ་ཡིན། །དེ་ཁོ་ན་རྟོག་པའི་དྲ་བ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །མདོ་ལས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལིཙྪ་བཱི་དྲི་མ་ མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག ་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན། ཁྱོད་ཀྱང་གཉིས་
སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པ་མཛོད་ཅིག །ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་གང་ལ་ཡི་གེ་དང་སྐད་དང༌། རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་སྒོ་ལ་འཇུག་པ་སྟེ། ལེགས་སོ་ལེགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གཉིས་པོ་དག་ལས་དབེན་པའི་དངོས། །གཞན་དབང་དངོས་པོ་ཡང་དག་ན། །དྲིས་ན་ཅི་ཕྱིར་རྒྱལ་བའི་སྲས། །དེ་ནི་མི་གསུང་བཞུགས་པར་གྱུར། །བརྡ་ཤེས་རིགས་པ་ཤེས་པ་ཡི། །སྐྱེ་བོ་དག་ནི་ཇི་ལྟར་ཡང༌། །རང་གི་རྟོགས་པ་རྗོད་བྱེད་དེ། །དེ་བས་མི་གསུང་མི་རིགས་སོ། །དེ་ལྟ་མིན་ན་སྒྲ་རྣམས་ཀྱི། །རང་གི་མཚན་ཉིད་མཐར་ཕྱིན་ཉིད། །རིགས་པ་སྨྲ་བས་གང་བརྗོད་དེ། །ཇི་ལྟར་རིགས་པ་གསལ་བར་སྨྲོས། །གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད། །དེ་ཡི་ཕྱིར་ན་དྲིས་ཀྱང་དོན། །མི་གསུང་བཞུགས་པས་རྒྱ་ཆེར་བཤད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་དེས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མ་གཏོགས་པའི་ཆོས་རྡུལ་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་འདི་ལ་འགལ་བ་མེད་དེ། ཆོས་སྨོས་པའི་ཕྱིར་རོ། ཡང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བྱ་བའོ། ཤེས་པ་གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང༌། ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་ངོ་བོ་ཉིད་མཚུངས་པ་ཁོ་ནའོ། །ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ། །དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བརྟེན་ནས་སྐྱེས་པ་དོན་གྱི་བྱ་བ་ཕྱེད་པ་དངོས་པོ་ཙམ་ནི་ཁོ་བོ་དང་ཁྱོད་ཀྱིས་ཀྱང་ཁས་བླངས་ཏེ། དེ་ལ་འུ་བུ་ཅག་བྱེ་བྲག་ཅི་ཞིག་ཡོད་པ་མ་ཡིན་
ནམ། བདེན་ཏེ། གལ་ཏེ་ཁྱོད་ཀྱང་རིགས་མིན་པར། །ཇི་ལྟར་སྣང་བཞིན་འདོད་ན་ནི། །འུ་བུ་ཅག་ལ་དེ་མཚུངས་ཉིད། །རིགས་པར་ན་ནི་ཐམས་ཅད་འཁྲུགས། །གལ་ཏེ་ཇི་ལྟར་སྣང་བ་བཞིན་དུ་ཁྱོད་ཀྱང་འདོད་ན་ནི། འུ་བུ་ཅག་མཚུངས་པ་ཡིན་ཏེ་ཁོ་བོ་ཅག་ཀྱང་ང་རྒྱལ་ག་ལ་བྱེད། གལ་ཏེ་ཁྱོད་འདི་རིགས་པའི་རྗེས་སུ་འགྲོ་བ་ཅན་ཡིན་པར་ཁས་ལེན་ན་ནི། དེ་ཁོ་བོ་ཅག་མི་འདོད་དོ། །གང་གི་ཕྱིར་རིགས་པར་ན་ཐམས་ཅད་བརྡས་ནས་འཐོར་བ་དང་འདྲ་བའི་ཕྱིར་ཏེ། འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་འདི་ལ་ཁྱོད་ཀྱི་ཐབས་མེད་པ་ཁོ་ན་ཡིན་ནོ། །འདི་ལྟར་རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མིན་ཕྱིར་དང༌། །མི་རིགས་ཕྱིར་ན་ཅིག་ཤོས་མིན། །གང་ཕྱིར་སྣ་ཚོགས་ངོ་བོ་རུ། །སྣང་བ་ཅན་གྱི་དངོས་གཅིག་ལ། །རྣམ་པ་རྣམས་བདེན་ཇི་ལྟར་འགྱུར། །དེ་ཡི་གཅིག་ཉིད་ཉམས་ཕྱིར་རོ། །དེ་ལྟ་ཡིན་ན་མངོན་སུམ་དང༌། །མི་དམིགས་པ་ཡི་འབྲས་བུ་དང༌། །རྒྱུ་ཉིད་དུ་ནི་མི་འགྲུབ་བོ། །རྣམ་པ་གཞན་ཞིག་རྣམ་པར་སྨོས། །གལ་ཏེ་རྒྱུ་འབྲས་ཉིད་བློ་ཡི། །ཐབས་འགའ་ཞིག་ནི་ཡོད་ཅེ་ན། །དེ་སྨྲོས་འདུད་པ་བདག་ཅག་ལ། །སེར་སྣ་བྱ་བར་ག་ལ་རིགས། །དེས་ན་ཐམས་ཅད་མཁྱེན་དེས་ཀྱང༌། །གཞན་གྱི་དབང་གི་སྐད་ཅིག་གི ། རྒྱུ་དང་འབྲས་བུ་གསལ་བར་ནི། །ཅུང་ཟད་ཙམ་ཡང་མཁྱེན་མི་སྤྱོད། །སངས་རྒྱས་སྤྱོད་ཡུལ་བསམ་ཡས་པས། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །རིགས་པའི་རྗེས་སུ་འགྲོ་བ་ལ། །ཡུག་པ་རྐྱང་འདི་མི་རིགས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །རྒྱུ་དང་འབྲས་བུའི་དངོས་པོ་ཡང་རིགས་པ་མ་ཡིན་ཏེ་འདི་ལྟར། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །དུ་མས་གཅིག་བྱེད་མ་ཡིན་ཏེ། །འདི་ལྟར་ངོ་བོ་ཉིད་ཐ་དད་པ་མིག་ལ་སོགས་པ་དག་ལས་འབྲས་བུ་ཐ་དད་པ་མ་ཡིན་པ་འབྱུང་ན་ནི། རྒྱུའི་ཐ་དད་པ་ནི་ཐ་དད་པ་བྱེད་པར་མི་འགྱུར་ཏེ། དེ་ཐ་དད་ཀྱང་ཐ་དད་པ་མེད་པའི་ཕྱིར་རོ། །ཐ་དད་པ་མ་ཡིན་པ་མེད་ཀྱང་ཐ་དད་པ་མེད་པར་འགྱུར་བས། ཐ་དད་པ་མེད་པ་ཡང་ཐ་དད་པ་མེད་པ་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་ཐ་དད་པ་དང་ཐ་དད་པ་མེད་པ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། ཐམས་ཅད་ཀྱང་དེ་ལས་
གུད་ན་མེད་པའི་ཕྱིར། ཐམས་ཅད་ཀྱང་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ལྟར་གྱུར་ན་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ། །དེ་ལྟར་མི་འགྱུར་ཏེ་གང་གི་ཕྱིར་རྒྱུ་དུ་མས་དུ་མ་བྱེད་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་ཇི་ལྟ་བའི་བྱེ་བྲག་གིས་དེའི་བྱེ་བྲག་ལ་ཉེ་བར་སྦྱོར་བའི་ཕྱིར་ཏེ། རྒྱུའི་ཉེ་བར་སྦྱོར་བས་འབྲས་བུའི་ངོ་བོ་ཉིད་ཀྱི་བྱེ་བྲག་མ་འདྲེས་པའི་ཕྱིར་རོ། །འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྣམ་པར་ཤེས་པ་ལས་ནི་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་འགྱུར་རོ། །མིག་གི་དབང་པོ་ལས་ནི་རྟོགས་པའི་བདག་ཉིད་དེ་ཉིད་གཟུགས་ལ་འཛིན་ནུས་པ་ཉིད་དུ་སོ་སོར་དེས་སོ། །ཡུལ་ལས་ནི་དེ་དང་མཐུན་པའི་ངོ་བོ་ཉིད་ཁོ་ནར་འགྱུར་རོ། །དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་རྒྱུ་རྣམས་ཀྱི་ངོ་བོ་ཉིད་ཐ་དད་པ་དག་གིས་ངོ་བོ་ཉིད་ཐ་དད་པ་ཁོ་ནར་འགྱུར་ཏེ། རྒྱུའི་ཐ་དད་པས་ཀྱང་འབྲས་བུ་བྱེ་བྲག་དེ་ཐ་དད་པ་མེད་པ་ནི་མ་ཡིན་ནོ། །གཞན་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ནི་རིགས་པ་མ་ཡིན་ཏེ་རྟོགས་པའི་བདག་ཉིད་ལ་སོགས་པ་དག་ཕན་ཚུན་ཐ་དད་ན་ནི། རྣམ་པར་ཤེས་པ་དེ་དུ་མར་འགྱུར་ཏེ། དེ་དག་དང་ཐ་མི་དད་པའི་ཕྱིར་རོ། །ཐ་དད་ན་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ་རྒྱུའི་བྱེད་པ་གཞན་དུ་ཉེ་བར་སྦྱར་བ་བྱས་པའི་ཕྱིར་རོ། །དེ་དག་ཕན་ཚུན་ཐ་དད་པ་མེད་པར་ཡང་འགྱུར་ཏེ། རྣམ་པར་ཤེས་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ནི་རྒྱུའི་ཡུལ་ཐ་དད་པར་བརྟགས་པས་དོན་ཅི་ཞིག་སོས་པར་འགྱུར་ཏེ། དེའི་ཕྱིར་གནས་སྐབས་དེའི་ཉེས་པར་འགྱུར་རོ། །གལ་ཏེ་འབྲས་བུའི་བདག་ཉིད་དུ་མ་ལས་ལོག་པ་དང་ལྡན་པའི་ཆོས་རྒྱུ་དང་མཐུན་པར་ཐ་དད་པར་བརྟགས་པ་བྱས་ན་དེའི་བྱེད་པའི་ཡུལ་ཐ་དད་བར་བརྟག་པ་བྱེད་དོ་ཞེ་ན། གྱིས་ཤིག་རྒྱུའི་བྱེད་པ་དེ་ནི་རྟོགས་པའི་བཟོས་སྦྱར་བ་དག་ལ་ཡིན་ཏེ། དེའི་ཕྱིར་ཡང་དག་པའི་དོན་དུ་ན་བཏགས་པ་ཁོ་ན་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་འབྲས་བུ་རྒྱུ་ མེད་པ་ཅན་དུ་འགྱུར་ཏེ། རྒྱུའི་བྱེད་པ་བརྟགས་པའི་བདག ་ཉིད་རྣམས་ལ་ཉེ་བར་སྦྱོར་བར་བྱེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་སུ་ན་འབྲས་བུ་ཐ་དད་པ་མ་ཡིན་ཡང་བྱེ་བྲག་རྣམས་ནི་ཐ་དད་དོ་ཞེ་ན། དེ་ལྟར་གྱུར་ན་ནི་ཆོས་དང་ཆོས་ཅན་དངོས་སུ་ཐ་དད་པ་ཁོ་ནར་འགྱུར་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྔར་སྨོས་
པའི་ཉེས་པ་ཡོད་དོ། །ཇི་སྟེ་བྱེ་བྲག་དེ་དག་ཀྱང་བརྟགས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི་རྒྱུའི་ཐ་དད་པའི་རང་བཞིན་རྣམས་ལས་བྱེ་བྲག་ཐ་དད་པ་རྣམས་ཁོ་ན་འབྱུང་ངོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ་རྟོག་པས་བཀོད་པའི་ཐ་དད་པ་ནི་རྒྱུའི་བྱེད་པ་ལ་མི་ལྟོས་སོ། །འབྲས་བུ་ཐ་དད་མ་ཡིན་ཡང༌། །བྱེ་བྲག་རྣམས་ནི་ཐ་དད་དང༌། །གཞན་མིན་ཁྱེད་འདོད་དེ་བས་ན། །ཀྱེ་ཅི་དབང་ཕྱུག་གིས་བྱས་སམ། །རྟོགས་པའི་ངོ་བོ་ལས་གཞན་མིན། །དེ་ནི་གཟུགས་ལས་སྐྱེས་མ་ཡིན། །རྣམ་པ་དེ་ལས་གཞན་མིན་ཕྱིར། །གཟུགས་ལས་ཀྱང་ནི་སྐྱེ་བར་འགྱུར། །གཅིག་ལ་ཅིག་ཅར་སྐྱེ་བ་དང༌། །མི་སྐྱེ་དེ་བཞིན་སྐྱེད་བྱེད་དང༌། །སྐྱེད་བྱེད་མ་ཡིན་ཡང་དག་པར། །ཅི་ཡི་ཕྱིར་ན་མི་འགལ་སྨྲོས། །ཀུན་ལས་ཐམས་ཅད་སྐྱེ་ན་ནི། །ཐ་དད་ཐ་དད་མ་ཡིན་པ། །ཁྱེད་ལ་རྒྱུ་མེད་གསལ་བར་འགྱུར། །རིགས་པའི་རྗེས་སུ་འབྲངས་ནས་སྨྲས། །གལ་ཏེ་བྱེ་བྲག་རྐྱེན་རྣམས་ལས། །སྐྱེ་བར་འདོད་ན་རེ་རེ་ནི། །སྐྱེད་པར་བྱེད་པ་མ་ཡིན་འགྱུར། །ཡིན་ན་འབྲས་བུ་རྒྱུ་མེད་འགྱུར། །གལ་ཏེ་ཁྱོད་ནི་རྐྱེན་རྣམས་ལས། །འབྲས་བུ་སྐྱེ་བར་འདོད་ན་ནི། །ཐ་དད་ཐ་དད་མ་ཡིན་པ། །སྔ་མ་བཞིན་དུ་རྒྱུ་མེད་ཐལ། །ཇི་སྟེ་དེ་གཉིས་གཞན་མིན་ན། །རྣམ་པར་དབྱེ་བ་ཅི་ཕྱིར་འཐད། །བཤད་ཟིན་ཉེས་པར་ཐལ་འགྱུར་ཕྱིར། །འདི་ནི་གླང་ཆེན་ཁྲུས་འདྲར་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང་གཞན་འདི་བརྗོད་པར་བྱ་སྟེ། མིག་ལ་སོགས་པའི་བདག་ཉིད་ཁྱད་པར་གང་གིས་འབྲས་བུ་གཅིག་སྐྱེད་པ་ན་ཅི་དེ་ཉིད་ཀྱིས་གཞན་ཡང་བྱེད་དམ། གལ་ཏེ་དེ་ཉིད་ཀྱིས་སོ་ཞེ་ན། ཇི་ལྟར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མེད་པ་ཅན་དུ་མི་འགྱུར་ཏེ་རྒྱུ་ཐ་དད་པ་མེད་པ་བཞིན་དུ་ཡང་འབྲས་བུ་ཐ་དད་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་སོ་ཞེ་ན། འོ་ན་ནི་དངོས་པོ་དེ་གཅིག་པུར་མི་འགྱུར་ཏེ། བདག་ཉིད་ཀྱི་ཁྱད་པར་ལས་ཐ་དད་པ་མེད ་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཅིག་གིས་འབྲས་བུ་གཅིག་ཁོ་ན་བྱེད་དུ་ཟད་མོད་ཅེ་ན། དེ་ལྟ་ནི་མ་ཡིན་ཏེ། མིག་ལ་སོགས་པ་རང་གི་རིགས་དང་མཐུན་པའི་སྐད་ཅིག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། འགྲོ་བ་ཐམས་ཅད་ལོང་བ་དང་འོན་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་
ན་ནི། རང་གི་རིགས་ཆད་དེ། དེ་བས་ན་ཅིར་ཡང་མི་རུང་ལ། ཁས་ཀྱང་མི་ལེན་ཏོ། །དབང་ཕྱུག་བཞིན་དུ་གཞལ་བྱའི་ཕྱིར། །འགྲོ་བའི་བྱེད་པོ་དབང་ཕྱུག་མིན། །དེ་ལྟ་མིན་ན་གཞལ་བྱ་ཉིད། །ལ་སོགས་ཡེ་མེད་ཁོ་ནར་འགྱུར། །སློབ་དཔོན་གྱིས་ནི་སྐྱེ་དགག་འདི། །རྣམ་པ་མང་པོ་མཛད་དེ་ལ། །སྐྱེ་བོ་བདག་ཉིད་མི་ཤེས་པས། །སུན་འབྱིན་བྱེད་པ་འདི་འདྲ་སྨྲ། །བདག་ལས་གཞན་ལས་ཞེས་བྱ་བའི། །སྙད་འདོགས་པ་ནི་བཏགས་པ་ཡིན། །དེ་བཞིན་སྐྱེ་བ་འགོག་བྱེད་འདི། །གྲུབ་པ་བསྒྲུབ་པ་དེ་མ་ཡིན། །འདི་ལྟར་དངོས་པོ་རྒྱུ་མེད་མིན། །འདི་ཡི་རྒྱུ་ནི་དགོས་པས་ན། །དེ་གང་ཞེས་ནི་མངོན་དྲིས་ན། །ཁྱོད་ཀྱིས་འགའ་ཞིག་མངོན་སྨྲ་དགོས། །སཱ་ལུའི་ས་བོན་སོགས་རྒྱུན། །ཅི་དེ་གཞན་ནམ་དེ་ཉིད་ཡིན། །ཕན་ཚུན་ལོག་པའི་ལུས་ལ་ནི། །རྣམ་པ་གཞན་དག་མི་སྲིད་དོ། །བརྗོད་པར་མི་ནུས་ཞེ་ན་ཡང༌། །མི་རིགས་བྲམ་ཟེའི་རྒོད་མ་བཞིན། །འདི་ལྟར་རིགས་པ་ཤེས་པ་ཡིས། །ལམ་གཞན་ཞིག་ཀྱང་བགྲོད་ན་ལེགས།། ཐ་སྙད་ཀྱི་ནི་རྗེས་མཐུན་པར། །ཇི་ལྟར་བསྙད་པར་ནུས་པ་ལྟར། །འདི་ཡང་ཅུང་ཟད་དེ་བཞིན་གནོད། །དེ་ལྟ་མིན་ན་མི་སྨྲ་ཐུག །ཁྱོད་ཕྱོགས་གཉིས་ལས་འགའ་བརྗོད་ན། །དེ་གཉིས་ཁོ་བོ་ཅག་གིས་དགག །དེ་བས་དེ་ལྟ་ཡིན་ན་ནི། །རྩོད་ལ་བཟོ་བ་ག་ལ་ཡིན། །མ་ཞིག་པ་ལས་འབྲས་སྐྱེ་ན། །དེ་ཚེ་ཅི་ཕྱིར་འབྲས་བུ་མེད། །ཞིག་ནས་འབྲས་བུ་སྐྱེ་ན་ནི། །དེ་ཚེ་གང་ལས་འབྲས་བུ་འབྱུང༌། །དེ་དག་རྣམ་པར་རྟོག་བྱེད་པ། །དོན་མེད་འགྱུར་བས་ཡལ་བར་དོར། །ལག་འགྲོ་འོ་མ་འཐུང་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་བཞིན། །གཅིག་པུ་བྱེད་པོ་མ་ཡིན་ཏེ། །དུ་མའང་བྱེད་པོ་གང་ཡང་མིན། །གཅིག་དང་དུ་མ་མ་གཏོགས་པ། །གཞན་གང་བྱེད་པོ་ཡིན་པ་སྨྲོས། །གཅིག་པུ་བྱ་བ་མ་ཡིན་ཏེ། །དུ་མ་བྱ་བ་གང་ཡང་མིན། །གཅིག་དང་དུ་མ་མ་གཏོགས་པ། །གཞན་ནི་གང་ཞིག་བྱ་བ་སྨྲོས། །འདི་ཡོད་འདི་ཞེས་བྱ་བ་འདི། །ཚད་མ་མེད་པར་མི་འགྱུར་རོ། །སྔར་བཤད་པ་ཡི་རྣམ་པ་ཡིས། །ཚད་མའང་ཁྱེད་ལ་ཡོད་མ་ཡིན། །ངེད་ཀྱི་རྐྱེན་ཉིད་འདི་པ་ཙམ། །ཇི་ལྟར་སྣང་བ་ཁོ་ནར་ཟད། །འདི་ལྟར་འདི་ལ་དངོས་བསམས་ན། །གནས་མི་རྙེད་པ་ཁོ་ན་ཡིན། །ངེད་ཀྱང་དེ་ལྟར་འདོད་ཅེ་ན། །ཁོ་བོའི་དགའ་སྟོན་ཆེན་པོ་ནི། །དངོས་པོར་འཛིན་པའི་གདོན་བབས་ལས། །གྲོལ་བ་ཡིན་ན་འབྱུང་བར་
འགྱུར། རྐྱེན་ཉིད་འདི་པ་ཙམ་ཞིག་ནི། །ཡང་དང་ཡང་དུ་རྗོད་བྱེད་དེ། །དེ་བསྒྲུབ་བྱ་ལ་ཚད་མ་ནི། །ཅུང་ཟད་ཙམ་ཡང་སྟོན་མི་བྱེད། །ཐམས་ཅད་གྲུབ་པར་ཐལ་འགྱུར་ཕྱིར། །ཚིག་གིས་ཀྱང་ནི་དེ་མི་འགྲུབ། །བདག་ཉིད་སྟོད་པར་བྱེད་པ་ནི། །ཀྱེ་མའོ་བློ་ནི་ཤིན་ཏུ་ཞིབ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ཅི་སྟེ་ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། །གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །བློ་གང་ཞིག་གིས་སམ་བློ་གང་ཞིག་ལ་ཡོད་ན་ཡང་དག་པ་སྒྲིབ་པར་བྱེད་པ་འཇིག་རྟེན་ན་གྲགས་པ་དེ་ལྟ་བུ་ནི་ཀུན་རྫོབ་ཏུ་བཞེད་དེ། མདོ་ལས་ཇི་སྐད་དུ། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པ་ལྟ་བུའོ། །དེས་ན་འདི་ཀུན་བདེ་བ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །ཀུན་རྫོབ་དེས་ན་འདི་ཀུན་ཐམས་ཅད་བདེན་པ་ཡིན་ནོ། །ཇི་ལྟར་འཇིག་རྟེན་ན་གྲགས་པ་དེ་ལྟར་བདེན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། མདོ་ལས་ཇི་སྐད་དུ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པར་འགྱུར་བའི་དངོས་པོ་བདེན་པ་ནི་སྐྲའི་རྩེ་མོའི་ཆ་ཤས་གཟུགས་པའི་ཚད་ཙམ་ཡང་མེད་དོ་ཞེས་གསུངས་པ་ལྟ་བུའོ། །ཕྱིན་ཅི་ལོག་ནི་འཇིག་རྟེན་ན་གྲགས་པ་སྟེ། རིགས་པའི་མཚན་ཉིད་གསུམ་ཇི་ལྟར་འཇུག་པ་དེ་ལྟར་བདེན་ནོ་ཞེས་བྱ་བའི་བར་དུའོ། །ཀུན་རྫོབ་དངོས་པོ་མེད་ཡིན་ན། །སྐྱེ་བ་དངོས་པོ་ཡིན་པའི་ཕྱིར། །དེ་ཚེ་དངོས་པོ་གཅིག་དེ་ལ། །ནུས་དང་མི་ནུས་ཅིག་ཅར་འགྱུར། །ཀུན་རྫོབ་སྐྱེ་བ་ཡིན་ན་ཡང༌། །ཀུན་རྫོབ་ཏུ་སྐྱེ་ཞེས་བྱ་འདིར། །མཁས་པ་རྣམས་ཀྱི་ཚིག་དོན་ནི། །སྐྱེ་བ་སྐྱེ་བར་འགྱུར་ཏེ་མཚར། །འདི་ཡི་སྐྱེ་བ་ཀུན་རྫོབ་སྟེ། །དོན་དམ་པར་ནི་སྐྱེ་མེད་ན། །སྐྱེ་བ་མེད་པས་དངོས་པོ་རྣམས། །མ་སྐྱེས་པར་ནི་སྨྲ་ན་དེ། །གྲུབ་པ་བསྒྲུབ་པ་སྨྲ་འགྱུར་འདིས། །མི་འདོད་ཅི་ཞིག་བསྒྲུབ་པར་འགྱུར། །རིགས་པའི་རྗེས་སུ་འབྲངས་ནས་འདིས། །གནས་པ་ལ་སོགས་དེ་བཞིན་བརྗོད། །དེ་ལ་སོགས་པ་མ་འབྲེལ་ལ། །སྒྲ་དོན་མ་ཡིན་རྣམ་རྟོག་ཅིང༌། །རྒོལ་བ་ཀུན་རྫོབ་མཚན་འདི་ལས། །ཉམས་པར་ཁོང་དུ་ཆུད་
པར་གྱིས། །རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་ཡིན། །དེས་ན་གཅིག་ལ་བདེན་ཉིད་དང༌། །མི་བདེན་པར་ནི་ཇི་ལྟར་འགལ། །རིགས་པས་བརྟགས་ན་དངོས་མ་ཡིན། །དེ་ལས་གཞན་དུ་དངོས་པོ་ཡིན། །དེས་ན་གཅིག་ལ་དངོས་པོ་དང༌། །དངོས་པོ་མེད་པ་ཇི་ལྟར་འགལ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ལྟར་ཡིན་ན་ཡང༌། དམ་པའི་དོན་དུ་མ་སྐྱེས་པ། །ཚིག་དོན་འདི་ནི་རིགས་པ་ཡི། །རྗེས་སུ་འབྲངས་ན་སྐྱེ་བ་མེད། །གཞན་ལའང་དེ་བཞིན་སྦྱར་བར་གྱིས། །ཇི་ལྟར་འདི་སྦྱར་བ་དེ་བཞིན་དུ་ཡང་དག་པར་ན་མེད་དོ། །ཡང་དག་པར་ན་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་འདི་དག་ལ་ཡང་རིགས་པའི་ལམ་གྱི་རྗེས་སུ་འབྲངས་ན་ཡོད་པ་མ་ཡིན་ཞིང་དེ་དག་ལ་སྟོང་པ་ཉིད་མ་ཡིན་པ་མེད་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །ཕ་རོལ་རྣམས་ཀྱིས་དངོས་རྣམས་ཀྱི། །སྐྱེ་སོགས་རིགས་ལམ་བརྟེན་པ་ཅན། །འདོད་པ་དག་ནི་འགོག་བྱེད་དེ། །དེས་ན་འདི་ལ་ཅི་ཞིག་གནོད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ཉིད་ཀྱི་ཕྱིར། ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་གྱིས་བཞེད། །ཅིའི་ཕྱིར་ཞེ་ན། ཐ་དད་མིན་ཕྱིར། ཀུན་རྫོབ་དང་དོན་དམ་པ་གཉིས་ཞེས་བྱ་བ་ལྷག་མའོ། །རིགས་དེ་ཡང༌། ཇི་ལྟར་སྣང་བ་བཞིན་དུ་གནས། །རིགས་པ་ཡང་ཇི་ལྟར་སྣང་བའི་ངོ་བོ་ཡིན་པའི་ཕྱིར་ཀུན་རྫོབ་ཁོ་ན་ཡིན་ཏེ། རིགས་པ་ནི་གཞན་དུ་མི་འཇུག་གོ །འདི་ལྟར། རྒོལ་བ་གཉི་གའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པ་སྨྲ་བ་རྣམས། །དེ་སྐད་སྨྲ་ལ་སུ་ཞིག་འགོག །རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་འདི་ཐ་སྙད་ཀྱི་རྒོལ་བ་དང༌། ཕྱིར་རྒོལ་བ་དག་གི་བློའི་བདག་ཉིད་ལ་སྣང་བའི་ཆོས་ཅན་དང་ཆོས་དང་དཔེ་ཉིད་དུ་རྣམ་པར་གཞག་པར་འབྱུང་གི །ཆོས་ཅན་དང་ཆོས་ལ་སོགས་པ་གཉི་ག་ལ་མ་གྲུབ་པ་ཉིད་ཀྱིས་རྗེས་སུ་དཔག་པ་འབྱུང་བ་མི་རུང་བའི་ཕྱིར་གཞན་ན་ནི་མ་ཡིན་ཏེ། གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ནི་གང་ལ་ཡང་བློ་མཚུངས་པ་ཉིད་མེད་པའི་ཕྱིར་རོ། །ཆོས་ཅན་དེ་ལྟ་བུ་ལ་གནས་པ་
རྣམས་ནི་གཏན་ཚིགས་ལ་སོགས་པ་དེ་ལྟ་བུ་ཁོ་ནས་ཡང་དག་པར་ན་ཡོད་དམ་མེད་ཅེས་སེམས་པར་བྱེད་པར་ཁས་བླང་བར་བྱའོ། །དེ་ལྟ་བས་ན་རིགས་པས་སྨྲ་བ་ཡང་དེ་ལྟར་རྗེས་སུ་དཔག་པ་འབྱུང་བར་བྱེད་ན། སུ་ཞིག་འགོག་པར་འགྱུར། འདི་ནི་མཚུངས་པ་ཉིད་དུ་གྲུབ་པར་གཏན་ལ་ཕབ་པས། འདིར་ནི་འདིའི་རྒྱ་མ་བསྐྱེད་དོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་པ་ནི་མ་ཡིན་གྱི། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་གསུངས་སོ། །ཡང་ན་སྐྱེ་བ་ལ་སོགས་པ་བཀག་པ་ཡང་འགའ་ཞིག་གིས་དོན་དམ་པ་ཉིད་དུ་འདོད་ལ། གཞན་དག་གིས་ནི་ཡང་དག་པ་ཁོ་ནར་འདོད་དེ། དེ་ལྟ་ན་ཡང་མདོའི་ཚིག་འདི་ལེགས་པར་དྲངས་པ་ཁོ་ན་ཡིན་ནོ། །འདི་ལྟར། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱི་མར་འདོད་གང་ཡིན་དེ། །གཞན་གྱི་ཆུང་མར་འདོད་པ་བཞིན། །ཞེས་བཤད་དོ། །གལ་ཏེ་རིགས་པའི་སྟོབས་ཀྱིས་ན། །ཀུན་རྫོབ་ཏུ་ཡང་མི་སྐྱེ་དང༌། །ཅི་སྟེ་ཀུན་རྫོབ་ཏུ་ཡང་སྣང་བ་དང་ལྡན་པ་དང༌། ཤེས་པ་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པར་མི་རུང་བའི་ཕྱིར་སྔ་མ་བཞིན་དུ་རྒྱུ་དང་འབྲས་བུ་ཉིད་ངེས་པ་མེད་པ་ཁོ་ནའོ། །དུ་མས་དངོས་པོ་གཅིག་མི་བྱེད། །ཅེས་བྱ་བ་ལ་སོགས་པ་གཏན་ཚིགས་སྔ་མ་ཁོ་ནའི་ཕྱིར་ཡང་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན། བཤད་པ། དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །གང་གི་ཕྱིར། དེ་ལྟ་ཡིན་ན་ཉིད་ཀྱི་ཕྱིར། །བཅོམ་ལྡན་འདས་ཀྱིས་སྐྱེ་བའམ། གཞན་ཡང་རུང་ཇི་ལྟར་སྣང་བ་བཞིན་ཡིན་པར། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་བྱ་བ་གསུངས་ཏེ། འདི་ལྟར། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཅི་སྟེ་ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ཏེ། དེ་ལ་ནི་ཇི་སྐད་བཤད་པའི་དཔྱད་པའི་གནས་མེད་པ་ཉིད་དོ། །འདི་ལྟར། རྣམ་པར་དཔྱོད་པ་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཁོ་བོ་
ཅག་ནི་འདི་ལ་དཔྱོད་པར་མི་བྱེད་ཀྱི། དཔྱོད་པར་བྱེད་པ་ལ་ནི་འགོག་པར་བྱེད་དོ། །གལ་ཏེ་དཔྱད་པར་བྱས་ཏེ་མ་རུང་ན་མ་རུང་དུ་ཟད་དོ། །ཇི་ལྟར་སྣང་བའི་ངོ་བོའི་ཀུན་རྫོབ་པ་ལ་བརྟེན་ནས་དེ་ལ་དཔྱོད་པ་བྱེད་པ་ནི་དོན་གཞན་དུ་འགྲོ་བའི་ཕྱིར་གནོད་པ་འབའ་ཞིག་ཏུ་ཟད་དོ། །ཇི་སྐད་བཤད་པའི་མཚན་ཉིད་མ་ཡིན་པ་ལ་ནི་ཉེས་པ་བརྗོད་ཀྱང་ཁོ་བོ་ཅག་ལ་གནོད་པ་ཅི་ཡང་མེད་པ་ཉིད་དོ། །འོ་ན་གལ་ཏེ་དོན་དམ་པར་མ་སྐྱེས་པ་ཁོ་ན་ཡིན་ན་དེའི་ཚེ། ཅི་ཡི་ཕྱིར་ན་རྒྱུ་འདི་ལས། །དེར་སྣང་བ་འདི་སྨྲ་བར་བྱོས། །འདི་ཡི་ལན་གློན་པར་བྱེད་དེ། །འདི་འདྲ་འདི་ནི་རྒྱུ་འདི་ལས། །སྣང་སྟེ་ཅི་ཞིག་སྨྲ་བར་བྱ། །ཁྱོད་ལ་ཆ་ཇི་ཙམ་སྣང་བ་དེ་ཙམ་ཁོ་བོ་ཅག་ལ་ཡང་སྣང་ན་དེ་ལ་ཁོ་བོ་ཅག་ལ་ཡང་ཅི་ཞིག་དྲི། དྲིས་ན་ཡང་ཁོ་བོས་དེ་ཙམ་ཁོ་ན་ཞིག་སྨྲ་བར་བྱའི། སྔོན་མ་བྱུང་བ་ནི་ཅི་ཡང་སྨྲར་མེད་དོ། །དེའི་ཕྱིར་འདྲི་བ་འདི་ནི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་འབའ་ཞིག་ཏུ་ཟད་དོ། །སྐྱེ་བོ་གང་ཞིག་མཐོང་བཞིན་དུའང༌། །མི་ཤེས་པ་དེས་རྩོད་པ་ཡིས། །གྲགས་པས་གཞན་ལ་སྨྲ་བ་ན། །མི་ཤེས་མ་འཕགས་ངན་པ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །འདི་ནི་གཞི་མེད་པར་མི་རུང་ངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར། བཏགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ལའང་མི་སྣང་ངོ༌།། ཤིང་ལ་སོགས་པ་འདི་ཡང་ནི། །གཞི་ལ་ལྟོས་པ་མ་ཡིན་ཉིད། །ཤིང་ལ་སོགས་པ་གདགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་ལ། དེའི་ཡང་གཞན་ཡིན་ཏེ། རིམ་གྱིས་རྡུལ་ཕྲ་རབ་ཀྱི་བར་དུ་ཡིན་ལ། དེ་ཡང་ཕྱོགས་ཐ་དད་པས་དཔྱད་ན་མེད་པ་ཁོ་ན་ཡིན་ན། ཤིང་ལ་སོགས་པ་གདགས་པའི་རྒྱུ་དངོས་པོ་ཡོད་པ་དེ་ལྟ་ག་ལ་ཡོད། དེ་ལྟ་བས་ན་ཇི་ལྟར་སྣང་བ་འདི་ཁོ་ན་ཡིན་གྱི། གང་ལ་ཡང་རྒྱུ་དངོས་པོ་ཡོད་པ་ཁོ་ན་ལ་ལྟོས་ནས་འཇུག་པ་ནི་མ་ཡིན་ཞེས་ཁས་བླང་བར་བྱའོ། །གལ་ཏེ་ཀུན་རྫོབ་གཞི་ལ་ནི། །ལྟོས་གྱུར་དེ་ལྟ་ཡིན་ན་ནི། །དངོས་འགྱུར་ཡང་ན་ཁྱོད་ཀྱི་གཞི། །དེ་ལྟར་ཀུན་རྫོབ་མི་འགྱུར་ཏེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ནི་དེ་ལྟ་ཡིན་ཏེ་གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་ཡང༌། འདི་ལྟར་བརྟགས་པའི་ངོ་བོ་ཉིད། །ཅི་ལའང་མི་ལྟོས་ཁོ་ན་ཡིན། །གལ་ཏེ་མེད་པའི་ཕྱིར་མི་ལྟོས་སོ་ཞེ་ན། མངོན་སུམ་དང་འགལ་བ་ཀུན་ཏུ་སྤྱོད་དེ། གཟུང་བ་དང་འཛིན་
པ་ནི་བརྟགས་པའི་ངོ་བོ་ཉིད་ཡིན་ལ། དེ་གཉིས་ཀྱང་མངོན་སུམ་ཁོ་ནར་གྲགས་པ་དེ་དག་ཡིན་ནོ། །གལ་ཏེ་མ་རིག་པས་དཀྲུགས་པའི་རྣམ་པར་ཤེས་པ་ཉིད་དེ་ལྟར་རྟོགས་སོ་ཞེ་ན། མྱོང་བ་དང་འགལ་བ་གྲུབ་པ་ཁྱོད་ལ་འགོག་པར་བྱེད་པ་སུ་ཞིག་ཡོད་དེ། བདག་ཉིད་མི་ཤེས་པ་དེ་ལྟ་བུ་དེ་ནི་འཇིག་རྟེན་གྱིས་ཐག་རིང་པོ་ཁོ་ནར་སྤང་ངོ༌། །གལ་ཏེ་རྨི་ལམ་ལ་སོགས་པ་ན་མཐོང་ངོ་ཞེ་ན། བདེན་ན་མཐོང་བཞིན་དུ་ཡང་མངོན་པར་ཞེན་པ་ངན་པས་ཁྱོད་ལ་ལོག་པར་སྣང་ངོ༌། །གང་ཡང་གཟུང་བ་དང་འཛིན་པའི་རྣམ་པར་སྣང་བ་འདི་ཅི་ཞིག་གཞན་གྱི་དབང་ཡིན་ནམ། དེ་ནི་ཡང་དག་པར་ན་དེས་དབེན་པའི་ངོ་བོ་ཅན་ཡིན་ན། ཇི་ལྟར་དེ་ལྟར་སྣང༌། མ་རིག་པས་དཀྲུགས་པའི་ཕྱིར་དེ་ལྟར་སྣང་བར་ནི་ཆུག་མོད་ཀྱི། དེ་ནི་དེའི་བདག་ཉིད་ནི་མ་ཡིན་ཏེ་དེའི་བདག་ཉིད་ནི་གཉིས་ཀྱིས་དབེན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཡང་འབྲེལ་བ་མེད་པའི་ཕྱིར་དེ་སྣང་བ་ན་གཉིས་པོ་ཅིའི་ཕྱིར་སྣང་བར་འགྱུར། གལ་ཏེ་འབྲེལ་པ་སྨྲས་ཟིན་ཏོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ནི། གཞན་དབང་ཉིད་སྨྲོས་དེ་སུ་བཟློག །ཅིག་ཤོས་ཀྱང་གཞན་གྱི་དབང་ཉིད་དུ་བྱ་བ་ལ། རྒྱུ་འདི་ཁོ་ནར་ཟད་ལ། དེ་ནི་འདི་ལ་ཡང་ཡོད་དེ། དེ་བས་ན་བརྟགས་པ་མེད་དོ། །གལ་ཏེ་ཡང་ཤེས་པ་ཁོ་ན་རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེད་ན། སྐྱེད་ལ་ནི་རེག་ན་དེ་གོ་ཅིའི་ཕྱིར་སྣང༌། གལ་ཏེ་ཤེས་པ་ཁོ་ན་དེ་ལྟར་སྣང་ངོ་ཞེ་ན། དེ་ནི་བཤད་ཟིན་ཏེ་དེ་དག་གིས་ཇི་ལྟ་བུ་ཁོ་ནར་བསྐྱེད་པ་དེ་ལྟ་བུ་ཁོ་ནར་སྣང་དུ་ཟད་དོ། །གལ་ཏེ་དེ་ལྟ་བུ་ཁོ་ནར་བསྐྱེད་དོ་ཞེ་ན། འོ་ན་ནི་གཉིས་ཀྱིས་དབེན་པ་ཅན་གྱི་ངོ་བོ་མ་ཡིན་ཏེ། འདི་ལ་བཤད་ཀྱང་ཟིན་ཏོ། །གཉིས་མེད་པའི་ངོ་བོ་ཉིད་ཡིན་ཡང་ཤེས་པ་གཞན་གྱིས་འཁྲུལ་པའི་དབང་གིས་དེ་ལྟར་རྟོགས་པ་ཡང་མ་ཡིན་ཏེ། བརྒལ་ཞིང་བརྟགས་པ་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་ན་འདི་ནི་གྱི་ནའོ། །རྩོད་ངན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པས། །མོ་གཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཡང་དག་པར་མ་སྐྱེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་སྐྱེ་བར་མི་འགྱུར་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །གཟུགས་ལ་སོགས་པ་འདི་དག་ཀྱང་དེ་དང་འདྲའོ། །དེ་ནི་རིགས་པ་མ་ཡིན་ཏེ།
འཇིག་རྟེན་གནོད་སོགས་སྲིད་པའི་ཕྱིར། །འདི་ལ་བསྒྲུབ་པ་ཉིད་མེད་དོ། །གལ་ཏེ་འཇིག་རྟེན་མ་སྐྱེས་ཕྱིར། །གནོད་པ་མེད་པར་ཁྱོད་འདོད་ན། །གཏན་ཚིགས་ལ་སོགས་མེད་པའི་ཕྱིར། །དེ་ཚེ་བསྒྲུབ་བྱ་འགྲུབ་མི་འགྱུར། །རང་གི་ཚིག་དང་འགལ་བའི་ཕྱིར། །གལ་ཏེ་དེ་གཅིག་མ་གཏོགས་ན། །འོ་ན་དེས་ན་ཁྱོད་ཀྱི་ནི། །མ་ངེས་ཉིད་འགྱུར་བཟློག་པར་དཀའ། །སྒྲུབ་པར་བྱེད་པ་ཡོད་ན་ནི། །དཔེ་ལའང་ཡོད་པ་མ་ཡིན་ནོ། །གལ་ཏེ་རྒྱུ་འདི་ཁྱོད་ལ་གྲུབ། །བསྒྲུབ་བྱས་ཁྱབ་པའང་དེ་བཞིན་ནོ། །དེར་ནི་བདག་ལ་ཉེས་མེད་པར། །ཁྱོད་ཀྱིས་ཇི་ལྟར་ཀླན་ཀ་བཙལ། །གལ་ཏེ་ང་ལ་ཚད་མ་ཡིས། །གྲུབ་ན་གྲུབ་སྟེ་ཁྱོད་ལ་ཁྱབ། །མཁས་ཁྱོད་ཅིའི་ཕྱིར་བདག་ཉིད་ཀྱི། །ཉེས་པ་ང་ལ་འདོགས་པར་བྱེད། །ཚད་མས་མ་གྲུབ་ཅེ་ན་ཡང༌། །ཡོད་མེད་སྐྱེ་བ་བཀག་པའི་ཕྱིར། །ཡང་དང་ཡང་དུ་བསྒྲུབས་ཟིན་ནོ། །ཁྱབ་པ་དེ་ཡང་ཁྱོད་ཀྱིས་སྨྲས། །ཁོ་བོའི་བདེན་པར་མ་སྐྱེས་དང༌། །ཀུན་རྫོབ་མི་སྐྱེ་ལྷན་ཅིག་ཏུ། །ཁྱབ་བྱ་ཁྱབ་བྱེད་ཉིད་མ་གྲུབ། །དེ་ལྟ་ཡིན་ན་ཁྱོད་ཀྱིས་ཉེས། །ཡང་དག་སྐྱེ་བ་བཀག་པ་ཡིས། །ཡང་དག་པར་ན་སྐྱེ་ མེད་འདོད། །བརྟགས་པ་མི་སྐྱེ་དེ་ལྟ་མིན། །དེ་ཕྱིར་འདི་གཉིས་དེ་བདག ་མིན། །ཡང་དག་པར་ན་གཉིས་པོ་མེད། །གང་ཕྱིར་སྤྲོས་དང་བྲལ་བ་ནི། །ཡང་དག་འདོད་དེ་དེ་ཕྱིར་དེར། །གཏན་ཚིགས་ལ་སོགས་ཡན་ལག་མེད། །འདི་ལྟར་དེ་གཉིས་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་མེད་པ་ཉིད། །འདི་ཉིད་ཀྱིས་ནི་ཐལ་བར་ཡང༌། །དོགས་པ་རྣམ་པར་བཟློག་པ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ཡང༌། གལ་ཏེ་ཀུན་རྫོབ་མི་རུང་ན། །ཚད་མས་སོ། །ཚད་མ་མ་ཡིན་པ་ནི་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར། རིགས་སྨྲ་དེ་ལ་ཅི་ཞིག་གནོད། །རིགས་པས་འོངས་པའི་དངོས་པོ་ལ་རྟོག་པ་སྔོན་དུ་གཏོང་བ་སུ་ཡང་སྔར་བར་གཟོ་པ་མེད་པའི་ཕྱིར་རོ། །སྔར་ཁས་བླངས་པའི་ཕྱིར་ཚད་མས་གནོད་བཞིན་དུ་ཡང་དོར་བར་མི་ནུས་སོ་ཞེས་ཀྱང་བརྗོད་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་ཀུན་རྫོབ་ཁས་བླངས་ནས་འདི་ཅི་རིགས་སམ་འོན་ཏེ་མི་རིགས་ཞེས་དཔྱོད་པར་བྱེད་པ་མི་མཛེས་པ་དེའི་ཕྱིར་འདི་སྔར་ཁས་མ་བླངས་སོ་
སྙམ་དུ་བསམས་ཏེ་འདི་ལྟར། རིགས་པ་ཤེས་པས་དཔྱད་པ་ཡི། །འོག་ཏུ་ཁས་བླངས་བྱ་བར་བཤད། །བརྟགས་པའི་འོག་ཏུ་ཁས་བླང་གི །ཁས་བླངས་ནས་བརྟག་པ་འཇུག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་ཚད་མ་རྣམ་པར་གཏན་ལ་དབབ་པ་ལ་སོགས་པར་རབ་ཏུ་དཔྱད་ཟིན་པའི་ཕྱིར་རོ། །མངོན་སུམ་ལ་སོགས་འགལ་ཞེ་ན། །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ལ། དེ་ཡང་གལ་ཏེ་ཁས་མི་ལེན་ན་མངོན་སུམ་ལ་སོགས་པ་དང་འགལ་བར་ཐལ་བར་འགྱུར་བར་སེམས་ན། བདེན་ན་མངོན་སུམ་ལ་སོགས་པ་དང་འགལ་བ། དེ་ཅི་འདི་སྨྲ་ཉིད་ལའམ། གང་གིས་ན་ཁྱོད་མ་གཏོགས་པར་འགྱུར་བ་ཁྱོད་དང་འབྲེལ་བར་མ་བྱས་པ་དེ་ནི་མེད་དོ། །གལ་ཏེ་དེས་ཁྱོད་མི་འཇིགས་སོ་ཞེ་ན། དེ་ཅི་ཁོ་བོ་ཅག་རང་བཞིན་མེད་པར་སྨྲ་བ་ཡིན་བཞིན་དུ་ཡང་འཇིགས་སམ་ཞེས་བསམས་པའོ། །ཚད་མས་གནོད་ན་ཚད་མའི་བདག །ཡིད་བརྟན་དུ་ནི་མི་རུང་འགྱུར། །ཀུན་རྫོབ་ནི་ཇི་ལྟར་སྣང་བ་བཞིན་ཡིན་ལ་དེ་ཡང་གལ་ཏེ་ཚད་མས་མི་རུང་ན་མི་རུང་དུ་ཟད་དོ། །མངོན་སུམ་དེ་ལ་གནོད་པ་བབ་ན། ཚད་མའི་བདག་ཉིད་ལ་ཡིད་བརྟན་དུ་མི་རུང་བར་བརྗོད་དེ། མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ཕན་ཆད་མཚན་ཉིད་སུན་ཕྱུང་བར་འགྱུར་རོ། །དེའི་ཕྱིར་ཚང་མའམ་ཚད་མ་མ་ཡིན་པ་ཅིར་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་ཀུན་རྫོབ་ཀྱང་དགག་པར་མི་ནུས་པ་ཁོ་ནའོ་སྙམ་དུ་སེམས་པའོ། །གང་ཞིག་ཡང་དག་དངོས་མི་འདོད། །དེ་ལ་ཀུན་རྫོབ་ཅི་ཞིག་སྨོས། །གལ་ཏེ་ཐ་སྙད་སོགས་མེད་ན། །དེ་ཅི་གཞན་ལའང་མི་མཚུངས་སམ། །ཁྱོད་དང་དེ་བཞིན་ཁོ་བོས་ཀྱང༌། །འཇིག་རྟེན་བཞིན་དུ་བསྙད་བྱ་དགོས། །དེ་ལྟ་ཡིན་ན་ཁྱོད་ཀྱིས་ནི། །བསྙད་པར་བྱས་པས་ཁེ་ཅི་ཡོད། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ལྟ་བས་ན། སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིགས་པ་མ་ཡིན་ནོ། །མངོན་སུམ་དང་འགལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྐྱེ་ལ་སོགས་པའི་རྣམ་པ་གང༌། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །གང་ཡང་གཟུགས་ལ་སོགས་པ་སྣང་བ་དང་ལྡན་པའི་ཤེས་པ་ལ་མི་སྣང་
བའི་རྣམ་པ་ཡང་དག་པར་སྐྱེ་བ་དང་རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་བསྟན་བཅོས་ལ་སོགས་པ་ལ་བརྟེན་ནས་ཡོངས་སུ་བརྟགས་པ་འདི་འབའ་ཞིག་འགོག་པར་བྱེད་དེ། དེ་བཀག་པ་ལ་མངོན་སུམ་ལ་སོགས་པའ་གནོད་པ་མི་འཇུག་པ་ཁོ་ནའོ། །སོགས་པ་སྨོས་པ་ནི་ཡོད་པ་ཉིད་ལ་སོགས་པ་ཡོངས་སུ་བསྡུ་བའོ། །དེ་བས་འདིར་ནི་དེ་ལྟ་བུའི། །བརྟགས་པ་ཁོ་ན་དགག་པར་རིགས། །ཇི་སྐད་སྨོས་པའི་ཉེས་ པ་མེད་པའི་ཕྱིར་རོ། །བརྟགས་པ་མ་ཡིན་འགོག་པ་འདི། །བདག ་ལ་གནོད་འགྱུར་འབའ་ཞིག་གོ །གཟུགས་ལ་སོགས་པའི་ལུས་རྟོག་པའི་ཉེས་པས་མ་སྦགས་པ་གཞན་གྱི་དབང་གི་བདག་ཉིད་རྣམ་པར་ཤེས་པ་ཙམ་སྣང་བ་དགག་པར་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བྱེད་ན་བྱེད་པ་པོ་ལ་མངོན་སུམ་ལ་སོགས་པས་ཕྱིར་གནོད་པ་ཁོ་ན་བྱེད་དོ། །རྣམ་པར་རྟོག་པ་སྣང་བ་ཡི། །གཙོ་བོ་ལ་སོགས་ཡང་དག་པར། །དངོས་པོ་རྣམས་ཀྱི་རྒྱུར་གྱུར་པར། །གཞན་གྱིས་བརྟགས་གང་དེ་འགོག་གོ །བརྟགས་པ་འགོག་པར་བྱེད་པ་ལ། །ཡང་དག་ཅེས་བྱ་བཀག་པ་ཡི། །བྱེ་བྲག་མིན་ཏེ་དེ་ཡི་ཕྱིར། །ཀུན་རྫོབ་ཇི་ལྟར་མེད་པར་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང༌། བརྟགས་པའི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐར་རྟོག་པ་ནི་ཕུང་བར་འགྱུར། །ཆོས་རྣམས་ཐམས་ཅད་བརྟགས་པ་ཡི། །ངོ་བོ་ཉིད་ཀྱིས་མ་སྐྱེས་སོ། །མི་རྣམས་གཞན་གྱི་དབང་ལ་ནི། །བརྟེན་ནས་རྣམ་པར་རྟོག་པ་སྐྱེ། ཞེས་གསུངས་ཏེ། །དེ་ལྟར་བྱས་ན། རབ་འབྱོར་གཟུགས་ནི་གཟུགས་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ༌། །གང་ཡང་རང་བཞིན་གྱིས་སྟོང་པ་དེ་ལ་ནི་སྐྱེ་བ་མེད་འཇིག་པ་མེད་དོ། །གང་ཡང་སྐྱེ་བ་མེད་འཇིག་པ་མེད་པ་དེ་ལ་ནི་གཞན་དུ་འགྱུར་བར་མི་མངོན་ཏེ། ཚོར་ལྦ་ནས་རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་རྒྱས་པར་འབྱུང་བ་འདི་ཡང་གྲུབ་པ་ཡིན་ནོ། །གལ་ཏེ་དངོས་པོ་ཇི་ལྟར་སྣང་བ་བཞིན་ཁོ་ནར་གནས་པར་ཟད་ན་ལས་དང་འབྲས་བུ་དག་ཇི་ལྟར་བུ་སྙམ་པ་ལ། མཐོང་བ་པོའི་ལྟ་བ་ལ།
ལས་འབྲས་ཇི་ལྟར་སྣང་བ་དག །དེ་ལྟར་དེས་བཤད་དེ་ཡི་ཕྱིར། །ཐམས་ཅད་ཇི་ལྟར་སྣང་བཞིན་གནས། །སྟོན་པའི་གཟིགས་པ་སྣང་བ་ཐོགས་པ་མི་མངའ་བ་ཅན་གྱིས་མཁྱེན་པའི་བདག་ཉིད་ལ་ལས་དང་འབྲས་བུ་དག་བྱེ་བྲག་ཏུ་ཇི་ལྟར་སྣང་བ་དེ་བཞིན་དུ་འགྲོ་བ་ལ་ཕན་པར་བཞེད་པ་ཐུགས་རྗེའི་རང་བཞིན་ཅན་དེས་བྱེ་བྲག་ཏུ་རབ་ཏུ་བཤད་དེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དབང་པོའི་ཡུལ་དུ་མ་གྱུར་པ་ཐམས་ཅད་ཀྱང་ཇི་ལྟར་སྨད་པ་བཞིན་ཁོ་ནར་གནས་སོ། །ཐུགས་རྗེའི་བདག་ཉིད་དེ་ཉིད་ཀྱིས། །རྟོག་པས་བཅིངས་པ་གཟིགས་ནས་ནི། །སེམས་ཙམ་ལ་སོགས་བྱེ་བྲག་གིས། །བཅིངས་པ་ཐར་པ་བསྟན་པ་མཛད། །བཅོམ་ལྡན་འདས་ལས་དང་འབྲས་བུ་མཁྱེན་པ་ཐུགས་རྗེའི་རང་བཞིན་གྱི་སྐུར་ན་དེ་ཉིད་ཀྱིས་འཁོར་བའི་བཙོན་རར་འགྲོ་བ་རྟོག་པའི་ལྕགས་སྒྲོག་གིས་བཅིངས་པ་ལ་གཟིགས་ནས། བསམ་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། སེམས་ཙམ་དང༌། ཆོས་ཐམས་ཅད་ བདག་མེད་པར་བསྟན་པའི་རིམ་གྱིས་དངོས་པོར་འཛིན་པ ་མ་ལུས་པར་སེལ་བར་མཛད་ཅིང༌། འགྲོ་བ་ལ་བཅིངས་པ་དང་ཐར་པ་བསྟན་པ་མཛད་དོ། །ཇི་སྟེ་རྟོག་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་སྒྲོ་བཏགས་པའི་རྣམ་པ་ཅན་དུ་འབྱུང་བའི་རྣམ་པ་ནི་རྟོག་པ་ཡིན་ནོ། །དེ་དག་འཆིང་བའི་རྒྱུ་ཉིད་དུ། །ཇི་ལྟར་གཟིགས་པ་དེ་བཞིན་གསུངས། །དེ་དག་ཀྱང་དེ་བཞིན་གཤེགས་པས་རྣམ་པ་གང་གིས་ཀྱང་འཆིང་བའི་རྒྱུ་ཉིད་དུ་གཟིགས་པ་དེ་ཁོ་ན་བཞིན་དུ་གསུངས་ཀྱི་ཡང་དག་པར་ནི་མ་ཡིན་ཏེ། འདི་ལྟར། མེད་པ་རྣམས་ཀྱི་ནུས་པ་ཡང༌། །ཇི་ལྟར་སྣང་བ་བཞིན་དུ་འདོད། །མེད་པ་རྣམས་ཀྱང་ཇི་ལྟར་གྲགས་པ་བཞིན་དུ་འཆིང་བ་ལ་སོགས་པའི་བྱ་བ་བྱེད་པར་མི་འགལ་བ་ཁོ་ནའོ། །ཡང་དག་པར་ན་འཆིང་བ་དང༌། འཆིང་བར་བྱ་བ་དག་ཀྱང་མེད་དོ། །ཡོད་པ་རྣམས་ཀྱི་ནུས་པ་ནི། །ཇི་ལྟ་བུར་ཡང་མི་མཐོང་ངོ༌། །ཡོད་པ་རྣམས་དོན་བྱེད་པར་ནུས་པ་ནི་སངས་རྒྱས་རྣམས་ཀྱིས་ཀྱང་གཟིགས་པར་མི་སྤྱོད་དེ། ཤེས་པ་རྣམ་པ་མེད་པ་དང༌། །རྣམ་པ་དང་བཅས་པས་ཡོངས་
སུ་གཅོད་པ་མི་སྲེད་པའི་ཕྱིར་ལ། ཡོངས་སུ་གཅོད་པར་བྱེད་པ་གཞན་ཡང་མི་རུང་བའི་ཕྱིར་རོ། །གང་ལས་གང་ཞིག་ཡོད་གཟིགས་པ། །དེ་ཡོད་ན་ནི་དེ་ངེས་ཡོད། །དེ་མེད་ན་ནི་དེ་མེད་ཉིད། །དེ་ཕྱིར་ཧ་ཅང་ཐལ་མི་འགྱུར། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །གཞན་ལ་དངོས་པོ་ཇི་བཞིན་དུ། །ཐ་སྙད་རུང་བ་མ་ཡིན་ནོ། །ཐ་སྙད་ཐམས་ཅད་ཇི་ལྟར་སྣང་བ་ཁོ་ན་བཞིན་དུ་འཇུག་གོ་ཞེས་བྱ་བ་དེ་ནི་དེ་ལྟ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདི་ལྟར་དངོས་པོར་སྨྲ་བའི་ལྟ་བ་ལ་ཡང༌། དངོས་པོ་ཇི་ལྟ་བ་བཞིན་ཐ་སྙད་གདགས་སུ་ནི་མི་སྣང་བའི་ཕྱིར། རིགས་པས་མི་རུང་ངོ༌། །ཤེས་པའི་བདག་ཉིད་ལ་ནི་རྡུལ་ཕྲ་རབ་དག་དང༌། གཉིས་སུ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ༌། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ། །སྣང་བ་གང་ཡིན་པ་དེ་ཡང་དངོས་པོའི་ངོ་བོ་ཁོ་ན་མ་ཡིན་ཏེ། འདུས་པ་དང་གཉིས་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་རོ། །ཐ་སྙད་ནི་འདི་གཉིས་ལས་ཡིན་ན། འདི་གཉིས་ཀྱང་དངོས་པོ་མ་ཡིན་པ་ཁོ་ནའོ། །གལ་ཏེ་སྣང་བཞིན་དུ་ཡང་དེ་ངེས་པར་མི་ཟིན་ཏོ་སྙམ་ན། དེས་ན་ཅི་དེ་ལྟ་བུ་ལ་ནི་ཐ་སྙད་མེད་དོ། །སྣང་བ་ཞེས་བྱ་བ་ཡང་ཡིད་ཆེས་པ་མེད་པའི་ཕྱིར་མནའ་ཆུ་བཏུང་དགོས་སོ། །ཚད་མ་མེད་པའི་ཕྱིར་དང༌། ཚད་མས་གནོད་པའི་ཕྱིར་ཡང༌། དངོས་པོའི་ངོ་བོ་མི་རུང་བའི་ཕྱིར་རོ། །དེ་ཇི་ལྟར་སྙམ་པ་ལ། རིགས་པའི་རྗེས་སུ་འབྲངས་ནས་བཤད། །ཅེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་དངོས་པོའི་ངོ་བོ་ཡོད་དུ་ཟིན་ཀྱང་ཇི་ལྟར་སྣང་བ་བཞིན་ཐ་སྙད་འདོགས་པས་དེ་ལ་མངོན་པར་ཞེན་པ་ནི་ཅིར་ཡང་མི་དགོས་སོ།། རང་ལྟ་ཆགས་པས་ཅི་ཞིག་བྱ། །སྐྱེ་བོ་རེད་བུར་སྐྱེས་འགྱུར་ཞིང༌། །ཡོན་ཏན་ཉེས་པ་མ་མཐོང་ལ། །རང་གི་ལྟ་བ་ཅི་ཞིག་ཡོད། །རང་གི་ལྟ་ལ་ཆགས་བོར་ཏེ། །རིགས་པ་ཉིད་ལ་འཇུག་པར་གྱིས། །གང་ཚེ་རིགས་སྟོབས་ལས་འོངས་པའི། །དངོས་པོ་ཡང་དག་ཉིད་ཟུང་ཤིག །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །ལྟ་བ་འདི་ལ་ཆད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། གང་ཕྱིར་རྒྱུ་ལས་བྱུང་དེའི་ཕྱིར། །འདི་ནི་ཅི་ཕྱིར་ཆད་པར་འགྱུར། །དེ་ལོག་ན་ནི་ལོག་པ་ལ། །ཅི་ཕྱིར་རྟག་པ་ཉིད་ཡིན་སྨྲོས། །གང་གི་ཚེ་དངོས་པོ་འདི་ཇི་ལྟར་སྣང་བ་བཞིན་ལས་དང་ཉོན་མོངས་པའི་དབང་
གིས་འཁོར་བ་ཇི་སྲིད་པར་འཇུག་པ་དེའི་ཚེ། འདི་ཆད་པར་ཇི་ལྟར་འགྱུར་ཏེ་འགྲོ་བ་བརྒྱུད་པ་འཁོར་བའི་རྗེས་སུ་འགྲོ་བ་ཁོ་ན་ལ་ནི་ཆད་པར་རིགས་པ་མ་ཡིན་ནོ། །གང་གི་ཚེ་འཕགས་པའི་བདེན་པ་མཐོང་བའི་མེས། ལས་དང་ཉོན་མོངས་པ་མཐའ་དག་བསྲེགས་པ་ཅན་མྱ་ངན་ལས་འདས་པའི་གྲོང་ཁྱེར་ན་གནས་པ་དེའི་ཚེ། འདི་ཇི་ལྟར་རྟག་པར་འགྱུར། དེ་བས་དེ་ལྟར་ན་ཀུན་རྫོབ་ཀྱི་དངོས་པོ་ མེད་པའི་བདག་ཉིད་ལ་ཡང་རྟག་པ ་དང་ཆད་པའི་ཆོས་ཉིད་ཐག་རིང་པོ་ཁོ་ནར་གནས་སོ། །དོན་དམ་པ་ལ་ལྟ་བའི་གནས་མི་ཐོད་པ་ཁོ་ན་སྟེ། འདི་ལྟར། མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་ག་ལ་ཞིག །ཆོས་ཀྱི་བྱེ་བྲག་རྣམ་རྟོག་པ། །ངོ་བོ་ཉིད་ལ་རྟོག་པར་བྱེད། །ཇི་ལྟར་སུས་ཀྱང་ནམ་མཁའ་ལ། །ཡིག་སོགས་དགོད་པར་མི་ནུས་ལྟར། །དངོས་པོ་རྣམས་ནི་མ་སྐྱེས་ལ། །ཆོས་སུ་རྣམ་རྟོག་དེ་བཞིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །བརྟགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །དངོས་པོ་རྣམས་ངོ་བོ་ཉིད་མེད་བཞིན་དུ་ཡང་ཇི་ལྟར་སྣང་བ་ལ་ཡང་དག་པར་སྐྱེ་བ་ལ་སོགས་པས་དབེན་པ་བརྟེན་ནས་སྐྱེས་པ་ཁོ་ནའི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཅིག་ཅར་མངོན་སུམ་དུ་མཁྱེན་པས་ན། ཐམས་ཅད་མཁྱེན་པ་ཞེས་བྱའོ། །གང་ལ་དོན་གཞན་ཡོངས་གཅོད་པའི། །ཤེས་པ་ཅུང་ཟད་ཀྱང་མེད་པས། །དེ་ཡི་ཐམས་ཅད་མཁྱེན་པ་འདིར། །བརྟགས་ཡིན་ཅུང་ཟད་འགལ་བ་མེད། །ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་ལྟར་ན། ཐམས་ཅད་མཁྱེན་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་ཏེ། བློ་རྣམ་པ་དང་བཅས་པ་དང་ཅིག་ཤོས་ཀྱིས་ཡོངས་སུ་གཅོད་པ་མི་རུང་བའི་ཕྱིར་རོ། །རྒྱུད་གཞན་ལ་ཡོད་པའི་དངོས་པོ་ཡོངས་སུ་མི་གཅོད་པའི་ཕྱིར་ཏེ། རང་གི་རྒྱུད་ལ་ཡོད་པ་ཡང་དེ་དང་འདྲའོ། །ངོ་བོ་ཉིད་མེད་པར་སྨྲ་བའི་ལྟར་ན་ནི། ཇི་ལྟར་གྲགས་པ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་ཉེས་པ་མེད་དོ། །གང་གི་ཚེ་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པ་བཀག་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་མ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་ཡང་བརྟགས་པའི་བདག་ཉིད་ཡང་དག་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ནས། དངོས་པོའི་རང་གི་ངོ་བོ་དཔྱོད་པར་བྱེད་
ཅིང་ཅུང་ཟད་ཀྱང་མི་མཐོང་བ་དེའི་ཚེ་ནི་དེ་ཁོ་ན་བཞིན་གནས་ཏེ། འདི་ལྟར། གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ནི་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །བཅོམ་ལྡན་འདས་འདི་རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ། རྩད་ནས་བཏོན་པ་ཉིད་ཀྱི་ཕྱིར། །མཚན་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད། བསྐལ་པ་གྲངས་མེད་པ་དུ་མར་གུས་པར་མཛད་དེ། བར་ཆད་མེད་པར་ལེགས་པར་བསྒོམས་པས་ཏིང་ངེ་འཛིན་བརྟན་པའི་ཡང་ཕྱིར་རོ། །གང་ལ་བཞུགས་ན་བསམ་མི་ཁྱབ། །ཡོན་ཏན་ཀུན་གྱི་གནས་འགྱུར་དང༌།། མཚུངས་མེད་ཕྱག་གནས་འདྲེན་གྱུར་པའི། །གནས་སྐབས་འགའ་དེ་བསམ་མི་ཁྱབ། །ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །རྣམ་པ་གསུམ་གྱིས་ཆོས་ཀྱི་སྐུ། །ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་ལུས་ཀྱི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ལས་མི་འདའ་བའི་ཕྱིར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ལུས་ནི་ཚོགས་ཡིན་པའི་ཕྱིར་རམ། ཡང་ན་འདིར་ཆོས་རྣམས་སྒྲོགས་པའི་ཕྱིར་རོ། །རྟེན་གྱི་དངོས་པོ་ནི་དེ་ལ་འཇུག་པ་ཐོབ་པས་ཀུན་བརྟགས་པའོ། །ཆོས་ཀྱི་སྐུ་ནི་རིགས་པས་རྣམ་པར་གནས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་རོ། །དེ་ཚེ་རྣམ་རྟོག་མེད་དེ་ཡི། །སྔོན་གྱི་ཤུགས་ཀྱིས་སེམས་ཅན་དོན། །རྟག་ཏུ་ཕྱོགས་རྣམས་ཐམས་ཅད་དུ། །རྣམ་པ་ཀུན་ཏུ་ཐམས་ཅད་འབྱུང༌།། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱ་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཡོན་ཏན་རིན་ཆེན་ཚོགས་ཏིང་འཛིན། །བསམ་གཏན་བསམ་མི་ཁྱབ་པའི་རྟེན། །རྟོག་པ་དང་ནི་ཉོན་མོངས་དང༌། །བག་ཆགས་མ་ལུས་གཏན་བཅད་ཅན། །ཤེས་བྱའི་ཡུལ་ལ་མི་ཤེས་པའི། །ཚོགས་ནི་མཐའ་དག་རྣམས་སྤངས་ཅན། །ཉེས་པ་ཀུན་གྱིས་མ་ཡིན། །ཡོན་ཏན་རྒྱ་མཚོ་ཀུན་གྱིས། །རྟག་ཏུ་འགྲོ་བ་ཐམས་ཅད་ཀྱི། །འདོད་པ་རྣམ་པ་ཀུན་དུ་སྒྲུབ། །ཡིད་བཞིན་ནོར་བུ་བཞིན་དུ་ནི། །མཚུངས་མེད་འཁོར་བ་སྲིད་དུ་འཇུག །ཐུགས་རྗེ་ཆེས་བསྒྲུབས་བསམ་མི་ཁྱབ། །བསོད་ནམས་ཡེ་ཤེས་
མཚུངས་མེད་འབྱུང༌། །ཡང་དག་པ་མི་མཆོག་ཐོབ་ཅིང༌། །བསོད་ནམས་རབ་ཆེའི་ལས་མངའ་བ། །བྱང་ཆུབ་སེམས་དཔའ་རྣམས་མིག་གི །ཡུལ་དུ་བསམ་གྱིས་མི་ཁྱབ་འགྱུར། །དེ་ལས་བྱང་ཆུབ་སེམས་དཔའ་རྣམས། །གང་གིས་ཆོས་ཀྱི་ལོངས་སྤྱོད་ནི། །ཇི་ལྟར་འདོད་བཞིན་ཉེར་སྤྱོད་པས། །སྐུ་ནི་ལོངས་སྤྱོད་རྫོགས་པར་འདོད། །སེམས་ཅན་སོ་སོའི་འདོད་པའི་དོན། །དུས་བཞིན་རབ་ཏུ་འགྲུབ་པའི་ཕྱིར། །དེ་ལས་སྤྲུལ་བའི་སྤྲིན་གྱི་རྒྱུན། །ཀུན་དུ་རབ་ཏུ་འབྱུང་བར་འགྱུར། །རྣམ་པ་གང་དང་གང་གིས་ན། །གང་དང་གང་ན་གང་གང་ཚེ། །སྐལ་ལྡན་སྐྱེ་བོ་གང་དང་གང༌། །དེ་དེ་ཡོངས་སུ་སྨིན་བྱ་བར། །རྣམ་པ་དེ་དེས་དེ་དང་དེར། །དེ་ཡི་ཚེ་དང་དེ་ཡི་ཚེ། །ཐུབ་པའི་སྤུ་ཡི་ཁུང་སོགས་ནས། །སྤྲུལ་པ་གདོན་མི་ཟ་བར་འབྱིན། །རྒྱལ་བས་འཇིག་རྟེན་མ་ལུས་པའི། །བྱ་བ་དག་ལ་གང་གིས་མཛད། །དེ་ནི་དེ་ཡི་སྤྲུལ་སྐུ་སྟེ། །འགྲོ་བ་དབུགས་འབྱིན་མཛད་པ་ཡིན། །ཁྱབ་བདག་ཤུགས་ཀྱི་མཐུ་ཡིས་ནི། །སྤྲུལ་པ་ཡིས་ནི་སྤྲུལ་པ་ཡང༌། །ཇི་ལྟར་བཞེད་བཞིན་མཛད་ཉིད་དེ། །མཛད་པ་ཀུན་ལ་འཇུག་པ་བཞིན། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ །བཅོམ་ལྡན་འདས་ཀྱི་སྐུ་འདི་ནི་ཤིན་ཏུ་མདོར་བསྡུས་ནས་རྣམ་པ་གསུམ་དུ་བཤད་ཀྱི། རྣམ་པ་ཐམས་ཅད་དུ་མ་ལུས་པར་བརྗོད་པར་ནི། ཡེ་ཤེས་དང་ལྡན་པ་ཐམས་ཅད་མཁྱེན་པས་ཀྱང་མི་སྤྱོད་ན་བདག་འདྲ་བས་ལྟ་སྨོས་ཀྱང་ཅི་དགོས། ཕྱོགས་འདིས་ཉན་ཐོས་ལ་སོགས་པའི་ལུས་ཀྱི་རྣམ་པར་དབྱེ་བ་ཡང་ཤེས་པར་བྱའོ། །དེ་ལྟར་བདེན་གཉིས་རྣམ་ཕྱེ་འདིར། །ཅི་ཉེས་ཡོད་དམ་འོན་ཏེ་མེད། །ཕྱོགས་འཛིན་པ་ཡིས་དཀྲུགས་པའི་ཡིད། །ལེགས་པར་བོར་ལ་དཔྱད་པར་གྱིས། །མི་ཡང་ཤིན་ཏུ་ཐོབ་པར་དཀའ། །བློ་སྦྱངས་ཉམ་ཡང་རབ་ཏུ་ཆུང༌། །འཁོར་བའི་དགོན་པ་བགྲོད་པར་དཀའ། །སྲོག་ཀྱང་ཤིན་ཏུ་གཡོ་བ་ཡིན། །བཤེས་གཉེན་བཟང་པོ་རྙེད་དཀའ་ན། །རབ་ཏུ་སྡང་བ་གང་དུ་དགོས། །མོས་པ་མེད་དུ་ཟིན་ན་ཡང༌། །དེ་ནི་འགའ་ལ་བསོད་ནམས་ཀྱིས། །གོམས་པར་བྱས་ལ་རིམ་གྱིས་ནི། །འདི་ནི་རེ་ཞིག་ཅིག་ན་འགྱུར། །སྡང་བས་ཚིག་པ་ཁྱོད་ལ་ནི། །དལ་བ་འབྱོར་པའང་རིང་བར་གསལ། །བདེན་པ་གཉིས་ནི་རྣམ་ཕྱེ་བས། །དགེ་བ་བདག་ཉིད་ཐོབ་པ་གང༌། །དེས་ནི་འགྲོ་
བ་མ་ལུས་པ། །ཡེ་ཤེས་སྙིང་པོར་བསྐྱེད་པར་ཤོག །བདེན་པ་གཉིས་རྣམ་པར་གཏན་ལ་དབབ་པ། ཡང་དག་པ་མཐོང་བར་བརྩོན་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤཱི་ལེན་དྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེའི་འགྱུར།། །།