དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ།
མར་མེ་མཛད་ཡེ་ཤེས།
རྒྱ་གར་སྐད་དུ། རཏྣ་ཀ་རཎྜ་ཨུངྒྷ་ཊེ་མ་དྷྱ་མ་ནཱ་མ་ཨུ་པ་དེ་ཤ་།བོད་སྐད་དུ། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བཞེས་བྱ་བ། རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་བརྒྱུད་པའི་གདམས་ངག་བྲི་བར་བྱའོ། །འདི་ནི་སྐྱེས་བུ་གང་ཞིག་བདག་དང་འགྲོ་བ་མ་ལུས་པའི་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་རྗེས་སུ་དྲན་པས་ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་མི་འཛིན་པ། འཇིག་རྟེན་གྱི་དངོས་པོ་དང༌། བྱ་བ་མ་ལུས་པ་མཆིལ་མའི་ཐལ་བ་ལྟར་བོར་བ། དང་པོ་ཁས་བླངས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་གསུམ་མ་ཉམས་ཤིང་གཙང་བ། ཐོས་པ་དང་བསམ་པའི་ཤེས་རབ་དང་ལྡན་པ་རང་བཞིན་གྱིས་སྙིང་རྗེ་ཡོད་པ། དམ་པའི་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བ་དེས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་བརྒྱུད་པའི་གདམས་ངག་ཡོད་པའི་སྐྱེས་བུ་དམ་པ་བཙལ་ལ། དེ་དུས་ཡུན་རིང་པོར་མཉེས་པར་བྱས་ནས་ལས་དང་པོ་པ་ཡིན་པས་ས་ཏྲ་ཆེན་པོའམ། གྲོང་ཁྱེར་ཆེན་པོའམ། དགོན་པའམ། བས་མཐའ་ལ་སོགས་པ་འཚོ་བ་བསྒྲུབ་སླ་བར་གནས་ལ། དཀོན་མཆོག་གསུམ་གྱི་གཟུགས་བརྙན་གྱི་སྤྱན་སྔར་སྟན་འཇམ་ཞིང་འབོལ་བ་ལ་འདུག་ལ། འདི་ལྟར་སེམས་ཅན་གྱི་རིགས་ནི་སྒོ་ང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། འདུ་ཤེས་ཅན་དང༌། འདུ་ཤེས་ཅན་མ་ཡིན་པའི་འགྲོ་བ་ལྔའི་སེམས་ཅན་ལ་ལེགས་པར་བལྟས་ལ། ཐམས་ཅད་ནི་བདག་གི་མ་ཡིན་ཏེ། མ་འདི་དག་གིས་བདག་གི་ཆེད་དུ་སྡིག་པ་བྱས་ཤིང་བསགས་པས་དེའི་རྣམ་སྨིན་གྱིས་ད་ལྟ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་ངོ༌། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་བས་ལེགས་བལྟས་ནས། །འཁོར་བའི་གནས་ནས་གདོན་པར་བྱ། །ཞེས་གསུངས་པ་དང༌། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྲིད་པའི་བཙོན་རའི་ནང་གནས་པ། །ཉོན་མོངས་མེ་ཡིས་གདུངས་པ་ཡི། །སེམས་ཅན་གང་ཡིན་ཐམས་ཅད་སྔོན། །ཕམ་མཛའ་
བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེར་བཏགས་པས་ན། །འདི་དག་བདག་གིས་སྡུག་བསྔལ་བྱས། །ད་ནི་བདེ་བར་བྱ་བར་རིགས། །ཞེས་གསུངས་པས་དྲིན་ཤེས་པས་བདག་གིས་འདི་དག་བསྒྲལ་བ་དང༌། དགྲོལ་བ་དང༌། དབུགས་དབྱུང་བ་དང༌། མྱ་ངན་ལས་བཟླའོ་ཞེས་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་ཆེད་དུ་ཚོགས་གཉིས་བསག་པར་བྱའོ། །རྨི་ལམ་གྱི་སེམས་དང་མ་བྲལ་བས་ནམ་མཁའི་དབྱིངས་འདི་དཀོན་མཆོག་གསུམ་གྱིས་ཏིལ་གྱི་གའུ་བཞིན་དུ་ཁྱབ་པ་ལ། དམ་པ་བདུན་དང༌། འདུ་ཤེས་བདུན་དྲན་པར་བྱས་པ་དང༌། རྗེས་སུ་དྲན་པའི་ཚིགས་སུ་བཅད་པ་ཡང་བརྗོད་དེ། གཉེན་པོ་དྲུག་གི་སྒོ་ནས་ལུས་ཀྱི་བཀོད་པ་ཡང་བྱས་ནས་ཕྱག་བྱ་བ་དང༌། མཆོད་པ་དང་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྐུལ་བ་དང༌། གསོལ་བ་གདབ་པ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལུས་དབུལ་བ་དང༌། སྡོམ་པ་བླང་བ་དང༌། ཐེག་པ་ཆེན་པོའི་ལམ་ལ་གནས་པར་དམ་བཅས་ལ། དེ་དག་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱའོ། །དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གྱུར་ཏེ། མཆོད་པའི་གནས་དང༌། མཆོད་པའི་ཚོགས་དེ་དག་ཐམས་ཅད་དང་པོ་གང་ནས་བྱོན། ད་ལྟ་གང་དུ་བཞུད་སྙམ་དུ་བརྟགས་ན་གང་ནས་ཀྱང་མ་བྱོན། གང་དུ་ཡང་མ་བཞུད། ཕྱི་ནང་གི་ཆོས་འདི་དག་ཀྱང་དེ་ཁོ་ན་བཞིན་ཡིན་པས། ཐམས་ཅད་རང་སེམས་སྒྱུ་མའི་རྣམ་པར་འཕྲུལ་པ་བརྫུན་བཞིན་དུ་སྣང༌། སྣང་བཞིན་དུ་བརྫུན་པས་དེ་དག་ལུས་ལ་བསྡུ། དེ་ཡང་སེམས་ལ་བསྡུ། སེམས་ནི་ཁ་དོག་མེད་པ། དབྱིབས་མེད་པ། རང་བཞིན་གྱིས་འོད་གསལ་བ། གདོད་ནས་མ་སྐྱེས་པའོ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་འོད་གསལ་བར་གྱུར་ཏོ། །བར་དེར་ཤེས་པ་ཅི་ཡང་མ་ཡིན་ལ། ཅིར་ཡང་མི་གནས་པ། ཅིར་ཡང་མ་གྲུབ་པ། ཅིའི་རྣམ་པར་ཡང་མ་སྐྱེས་པ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་གུང་ལྟ་བུའི་མཚན་མའི་རྡུལ་ཐམས་ཅད་དེངས་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་སྣང་བ་མེད་པ་ལ་ཇི་ཙམ་ནུས་པར་གནས་སོ། །མ་གོམས་པའི་དབང་གིས་སེམས་ཡེངས་པར་གྱུར་ན་
ཡང་དེ་ཉིད་དུ་བཀུག་ལ་གནས་སོ། །ཐུན་གཞན་ཡང་དེ་བཞིན་དུ་བྱའོ། །ཐུན་གྲངས་མང་ལ་ཡུན་ཐུང་བར་བྱའོ། །གང་གི་ཚེ་གོམས་པར་གྱུར་ཅིང་ཅུང་ཟད་བརྟན་པ་ན་ཇེ་རིང་ཇེ་རིང་བྱའོ། །སྒྲིབ་པ་ལྔ་པོ་སོ་སོའི་གཉེན་པོས་ཞི་བར་བྱའོ། །དེ་ནས་མིག་ཕྱེ་ལ་ཨེ་མའོ་ངོ་མཚར་རོ། །ཆོས་ཀྱི་དབྱིངས་ཅི་ཡང་མེད་པ་ལ་ཅིར་ཡང་སྣང་བ་འདི་ངོ་མཚར་ཆེའོ། །འདི་དག་ནི་རང་གི་སེམས་ཉིད་བརྫུན་པའི་རྣམ་འཕྲུལ་བརྫུན་བཞིན་དུ་སྣང༌། སྣང་བཞིན་དུ་བརྫུན་པ་སྟེ། སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་པ་སྣང་ལ་རང་བཞིན་མེད་པའོ་ཞེས་བལྟས་ལ་སྨོན་ལམ་བཏབ་ནས་སྐྱིལ་མོ་ཀྲུང་དལ་གྱིས་བཤིག་ལ་ལངས་ཏེ་ཚ་ཚ་ལ་སོགས་པ་དགེ་བའི་ལས་ཅི་ནུས་པ་བྱའོ། །དེ་དག་ཐུན་དྲུག་ཏུ་ཚོགས་གཉིས་བསགས་པ་ལ་འབད་དོ། །ཉལ་བའི་དུས་སུ་སྟོང་པ་ཉིད་དུ་བསྒོམས་ལ་དེའི་ངང་དུ་གཉིད་ལོག་པར་བྱའོ། །དེ་ནས་ཐུན་ཐ་མ་ལ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་བསླང་བར་བསམ་མོ། །དེས་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ནོ། །ཟས་ལ་ཆ་བཞིར་བགོ་བར་བྱའོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པར་འབད་པར་བྱས་ན་སེམས་ཅན་ལ་སྙིང་རྗེ་ཡང་ཤུགས་ཀྱིས་སྐྱེ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་འདི་བསྒོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ཡང༌། གདོད་ནས་སྐྱེ་མེད་དོན་དེ་ནི། །བློ་ཡིས་གཏིང་ནས་རྟོགས་གྱུར་ནས། །འཁོར་བའི་འདམ་དུ་བྱིང་བ་ལ། །སྙིང་རྗེ་ངང་གིས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་པ་དེས་ནང་དུ་མཉམ་པར་གཞག་པ་ན། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། དེ་ལས་ལངས་པ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སྟོང་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་གཉིས་པོ་བརྟན་པར་བྱའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། བྱང་
ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པའོ། །ཞེས་དང༌། ཤེས་རབ་སྡུད་པ་ལས། ཐོབ་པར་བྱ་བའི་ཆོས་ནི་རྡུལ་ཙམ་ཡོད་མ་ཡིན། །བྱང་ཆུབ་དངོས་པོར་བཟུང་ནས་མཆོག་འཛིན་མ་བྱེད་ཅིག །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །ཞེས་པ་དང༌། ཡུམ་ཆེན་མོ་འབུམ་པ་ལས། ངས་ནི་ཅི་ཡང་ཐོབ་པ་མེད་པ་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། དེ་ལ་བྱང་ཆུབ་སེམས་དཔའ་འདོད་པ་ཆུང་བ་གང་ཞེ་ན། གང་བྱང་ཆུབ་ཀྱང་མི་འདོད་པའོ། །ཆོག་ཤེས་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་མ་ཞེན་པའོ་ཞེས་གསུངས་སོ། །གཞན་མདོ་སྡེ་རིན་པོ་ཆེ་དུ་མ་དང༌། གསང་སྔགས་ཀྱི་རྒྱུད་དུ་མ་ནས་དོན་འདི་ཉིད་གསུངས་སོ། །དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་ཞིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་མཉམ་ཉིད་བས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །ཅེས་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། ཤཱ་རིའི་བུ་གང་སེམས་མ་ཡིན་པ་དེ་ནི་སེམས་མེད་པའོ། །གང་སེམས་མེད་པ་དེ་ནི་སེམས་རང་བཞིན་གྱིས་འོད་གསལ་བའོ་ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་གཟིགས་པ་མ་ཡིན་ཏེ། །རང་བཞིན་མེད་པའི་རང་བཞིན་ལ། །ཇི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་གསུངས་སོ། །རྗེ་བཙུན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱང༌། སེམས་ཀྱིས་སེམས་མེད་རྟོགས་བྱའི་ཕྱིར། །གང་ཚེ་གོམས་པར་བྱ་བ་ཡིན། །དེ་ཚེ་སེམས་ནི་མཐོང་མི་འགྱུར། །ཞེས་གསུངས་སོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། །ལྷའི་བུ་དག་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་དེ་ཡང་བདུད་ཀྱི་ལས་སོ། །སེམས་སྒྱུ་མར་མ་འཚལ་ནས་སེམས་ལ་དངོས་པོར་བཟུང་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་མཐོལ་ལོ་བཤགས་སོ་ཞེས་གསུངས་སོ། །
སྐྱེ་བ་སྔ་མ་གྲངས་མེད་པར་ཐེག་པ་ཆེན་པོ་ལ་གོམས་པ། རྒྱུད་ལེགས་པར་སྦྱངས་པ། དབང་པོ་རྣོན་པོས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཤས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཅན་ཡིན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གནས་སོ། །དོན་འདི་ལ་དགོངས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་དང་ཕུང་པོ་ལ་སོགས་དང༌། །རྣམ་ཤེས་རྟོག་པས་མ་བསྒྲིབས་པ། །སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས། །སྟོང་པའི་མཚན་ཉིད་དག་ཏུ་བཞེད། །ཅེས་གསུངས་སོ། །འོ་ན་ཇི་ལྟར་ཞེ་ན། ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུ་དང༌། སྤྲུལ་པའི་སྐྱེས་བུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་བུར་བསྐྱེད་པར་བྱའོ། །ཇི་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་པས་དེ་བསྐྱེད་དགོས་སོ། །སེམས་དེ་སྐྱེ་བའི་རྒྱུ་དང༌། རྐྱེན་དང༌། ངོ་བོ་དང༌། རྣམ་པ་དང། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བ་དང༌། སྤེལ་བ་དང༌། དེའི་ཕན་ཡོན་དང༌། གཏོང་བའི་རྒྱུ་དང༌། བཏང་བའི་ཉེས་དམིགས་དང༌། གཞན་བསྐྱེད་དུ་བཅུག་པའི་ཕན་ཡོན་དང༌། གཞན་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་དང༌། གཞན་བསྐྱེད་པའི་བར་ཆད་བྱས་པའི་ཉེས་དམིགས་ལ་མཁས་པར་བྱའོ། །དེ་ལ་རྒྱུ་ནི་རིགས་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པ་སྟེ། ཇི་སྐད་དུ་འཕགས་པ་བདེན་པར་སྨྲ་བ་ལུང་བསྟན་པའི་མདོ་ལས། དེ་རྒྱ་ཆེ་བ་ལ་མོས་པས་དམན་པ་ལ་མོས་པ་མེད་པ་ཡིན། དེ་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་པས་དཀར་པོའི་ཡོན་ཏན་དང་ལྡན་པ་ཡིན། དེ་སྡིག་པའི་གྲོགས་པོ་སྤངས་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན། ཇི་སྐད་སྨྲས་པ་བཞིན་བྱེད་པས་མི་སླུ་བ་ཡིན། སངས་རྒྱས་འཇིག་རྟེན་དུ་རྒྱུ་བ་མཉེས་པར་བྱས་པས་དགའ་བ་དང་ལྡན་པ་ཡིན། ལུས་དང་
ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་སྡིག་པ་སྤངས་པ་ཡིན། ལྷག་པའི་བསམ་པ་སྐྱོན་མེད་པས་ཡི་དམ་ལ་བརྟན་པ་ཡིན། རོ་བྲོ་བ་ལ་མ་ཆགས་པས་ཐམས་ཅད་འགྱེད་པའི་ངང་ཚུལ་ཅན་ཡིན། བདུད་ཀྱི་བྱིན་གྱིས་བརླབས་པ་དང་བྲལ་བ་ཡིན། དགེ་བའི་རྩ་བ་བསགས་པས་སྤྱོད་པ་ལེགས་པར་སྤྱོད་པ་ཡིན། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཡིན་པས་སེམས་ཅན་ལ་སྙིང་བརྩེ་བ་ཡིན། ཡོ་བྱད་ལྷུག་པར་གཏོང་བས་ཐམས་ཅད་ལ་ཆགས་ཞེན་ཆུང་བ་ཡིན་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། རྒྱུ་བཞི་སྟེ། རིགས་དང༌། དགེ་བའི་བཤེས་གཉེན་དང༌། སྙིང་རྗེ་དང༌། འཁོར་བའི་སྡུག་བསྔལ་བཟོད་པའོ་ཞེས་གསུངས་སོ། །རྐྱེན་ནི་གཉིས་ཏེ། སྦྱོར་བའི་རྐྱེན་དང༌། བསམ་པའི་རྐྱེན་ནོ། །དེ་ལ་སྦྱོར་བའི་རྐྱེན་གྱི་ཚོགས་བསགས་པ་དང༌། རྒྱུད་སྦྱང་བ་དང༌། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བའོ། །ཚོགས་བསགས་པ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པ་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟབ་མོ་གདོན་པ་དང༌། བཀླགས་པ་དང༌། གཟུངས་གདོན་པ་དང༌། དཀོན་མཆོག་ལ་མཆོད་པ་རྒྱས་པར་བྱ་བ་དང༌། དགེ་འདུན་གྱི་མཆོད་སྟོན་ཡོན་དང་བཅས་པ་བྱ་བ་དང༌། བྱིས་པའི་སྟོན་མོ་དང༌། མགོན་མེད་པ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་བ་དང༌། མཚན་མོ་རྒྱུ་བ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་བ་ལ་སོགས་པ་བྱའོ། །རྒྱུད་སྦྱང་བ་ཡང་སྔ་མ་བཞིན་དུ་མདོ་སྡེ་ཟབ་མོ་གདོན་པ་དང༌། བཀླགས་པ་དང༌། གཟུངས་བཟླས་པ་དང༌། ཡན་ལག་བདུན་པ་བྱ་བ་དང༌། ཕུང་པོ་གསུམ་པ་གདོན་པ་དང༌། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང༌། གསེར་འོད་དམ་པ་རྔ་སྒྲའི་ཚིགས་སུ་བཅད་པ་ལ་སོགས་པའི་གཞུང་གིས་སྡིག་པ་བཤགས་པར་བྱའོ། །སྐྱབས་སུ་འགྲོ་བ་ཁྱད་པར་ཅན་ནི། ཁྱད་པར་རྣམ་པ་བདུན་གྱིས་ཁྱད་པར་དུ་འཕགས་ཏེ། རྟེན་གྱི་གང་ཟག་གི་ཁྱད་པར་དང༌། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་དང༌། དུས་ཀྱི་ཁྱད་པར་དང༌། བསམ་པའི་ཁྱད་པར་དང༌། སྦྱོར་བའི་ཁྱད་པར་དང༌། བསླབ་བྱའི་ཁྱད་པར་དང༌། ཕན་ཡོན་གྱི་ཁྱད་པར་རོ། །དེ་ལ་
སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་ནི། ཐེག་པ་ཆུང་བའི་སྐྱབས་ནི། ཇི་སྐད་དུ་མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པ་ཡི། །ཆོས་ལའང་དེ་བཞིན་སྐྱབས་འགྲོ་ཞིང༌། །མྱ་ངན་འདས་ལའང་སྐྱབས་སུ་འགྲོ། །ཞེས་བཤད་དོ། །འདིར་ཁྱད་པར་ནི། དཀོན་མཆོག་གསུམ་ནི་རྣམ་པ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང༌། མདུན་དུ་གཞག་པའི་དཀོན་མཆོག་གསུམ་དང༌། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་སྟེ། འདིའི་དོན་རྒྱས་པས་བླ་མ་ལ་ཞུ་བར་བྱའོ། །ཡང་བསླབ་བྱའི་ཁྱད་པར་འབའ་ཞིག་བརྗོད་དེ། དཀོན་མཆོག་གསུམ་གྱི་ཁྱད་པར་དང༌། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་དཀོན་མཆོག་གསུམ་ལུས་དང་སྲོག་གི་ཕྱིར་མི་གཏོང་ཞིང་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་དང༌། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པའི་སྒོ་ནས་དུས་རྟག་ཏུ་འམ། ཡང་ན་དུས་རེས་འགའ་མཆོད་པར་བྱ་བ་དང༌། ཐ་ན་ཆུ་གཙང་ཕོར་པ་གང་ཙམ་ཡང་དབུལ་བར་བྱ་བ་དང༌། ཟས་ལ་སོགས་པའི་ཕུད་དབུལ་བར་བྱའོ། །བྱ་བ་ཅི་བྱེད་པ་དང༌། དེ་གོས་པ་ཅི་ཡོད་པ་ནི་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྱེད་ཀྱི། འཇིག་རྟེན་པའི་ཐབས་གཞན་སྤང་བ་དང༌། འགྲོ་བ་གཞན་ལ་ཡང་ཚུལ་འདི་བཞིན་དུ་སྦྱར་བར་བྱའོ། །ཐེག་པ་ཐུན་མོང་གི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ་བ་ལ་སོགས་པ་སྟེ། དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱའོ། །བསམ་པའི་རྐྱེན་ནི་ཇི་སྐད་དུ་འཕགས་པ་ཡེ་ཤེས་ཕྱག་རྒྱའི་མདོ་དང༌། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་དང༌། མཆོད་པ་དང་དབུལ་བ་བཟང་པོ་བྱས་ནས་སེམས་བསྐྱེད་པ་དང༌། གཞན་གྱི་ལྷ་བལྟས་ནས་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་མཐོང་ནས་སེམས་བསྐྱེད་པ་སྟེ། དང་པོ་གསུམ་ནི་བྱང་ཆུབ་ཀྱི་སེམས་དངོས་ཡིན་ནོ་ཞེས་གསུངས་པ་དང༌། འཕགས་
པ་ཆོས་བཅུ་པའི་མདོ་ལས་ཀྱང་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་བསྐུལ་ནས་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པའོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ནི་རྐྱེན་ལྔ་གསུངས་ཏེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པའི་སྟོབས། །མི་བརྟན་པ་དང་བརྟན་འབྱུང་བ། །ཞེས་གསུངས་སོ། །འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་རྐྱེན་བཞི་དང༌། སྟོབས་བཞི་གསུངས་སོ། །རྐྱེན་བཞི་ནི་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པ་དང༌། ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང༌། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང༌། སེམས་ཅན་སྡུག་པ་མཐོང་ནས་སེམས་བསྐྱེད་པའོ། །སྟོབས་བཞིན་རྒྱུའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། རང་གི་སྟོབས་དང༌། གཞན་གྱི་སྟོབས་སོ། །དེ་ལྟར་རྒྱུ་དང་རྐྱེན་ཉེ་བར་ཚོགས་པ་ན་བྱང་ཆུབ་ཀྱི་སེམས་ཉེ་བར་སྐྱེ་བར་འགྱུར་རོ། །སྐྱེས་པའི་ངོ་བོ་ནི། འདུན་པ་དང༌། འདོད་པ་དང༌། སྨོན་པ་ནི་རྣམ་གྲངས་སོ། །ཇི་སྐད་དུ་འཕགས་པ་བྱམས་པའི་ཞལ་སྔ་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །འདུན་པ་དང་སྙིང་རྗེ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཁྱད་པར་ཅན་ལ་དམིགས་པ་ནི་ངོ་བོ་སྟེ། དཀར་པོའི་ཆོས་ཀྱི་ལོ་ཏོག་མ་ལུས་པ་བསྐྱེད་པའི་ས་གཞི་བཟང་པོ་ལྟ་བུ་སྟེ། འདུན་པ་ས་ལྟ་བུའི་བྱང་ཆུབ་ཀྱི་སེམས་སོ། །རྣམ་པ་དེ་ཉིད་ཀྱི་ཁྱད་པར་རམ་བྱེ་བྲག་སྟེ། གཡོ་སྒྱུ་ལ་སོགས་པའི་སྐྱོན་གང་གིས་ཀྱང་མ་གོས་ཤིང་དྲི་མ་མེད་པ་སྟེ། དཔེར་ན་གསེར་བཟང་པོ་གཡའ་དང་རྡོ་དང་ས་ལ་སོགས་པའི་སྐྱོན་མེད་པ་ལྟ་བུ་སྟེ། སེམས་དེ་ཉིད་བསམ་པ་བཟང་པོ་གསེར་ལྟ་བུའོ། །དེའི་དོན་རྒྱས་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤར་
དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཇི་ལྟ་བུའི་རྣམ་པར་སེམས་སྐྱེས་པ་ཡིན། སྨྲས་པ་རིགས་ཀྱི་བུ་སེམས་དེ་ནི་ཐིག་པ་དམན་པ་དང་མ་འདྲེས་པས་གཙང་བའི་རྣམ་པར་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་སྦྱང་བ་ནི་སེམས་དེ་དང་པོ་གང་ནས་ཀྱང་མ་འོངས་ཤིང༌། ཐ་མ་གར་ཡང་མི་འགྲོ་བ། གང་ན་ཡང་མི་གནས་པ་སྟེ། ཁ་དོག་མེད་པ། དབྱིབས་མེད་པ། གཟོད་མ་ནས་མ་སྐྱེས་པ། ཐ་མར་མི་འགག་པ། རང་བཞིན་གྱིས་སྟོང་པ། འོད་གསལ་བའི་ངོ་བོ་ཡང་ནས་ཡང་དུ་དྲན་པར་བྱའོ། །ཡང་ན་བྱམས་པ་དང༌། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་གོམས་པས་བརྟན་པར་བྱ་བ་དང༌། ཤིན་ཏུ་བྱང་བར་བྱ་སྟེ། སེམས་ཀྱི་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱ་བ་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཚུལ་བཞིན་དུ་སེམས་པ་དང༌། བག་ཡོད་པས་གནས་པར་བྱའོ། །བྱང་ཆུབ་ཀྱི་སེམས་གཟུང་བ་ནི་སེམས་ཅན་མི་གཏོང་བ་བཞི་དང༌། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བརྒྱད་དང༌། ནང་གི་ཐབས་ལ་མཁས་པ་བཅུ་དང༌། ཕྱིའི་ཐབས་ལ་མཁས་པ་དྲུག་དང༌། བདག་དང་གཞན་བརྗེ་བ་དང༌། བདག་དང་གཞན་མཉམ་པར་བྱ་བ་དང༌། འཕགས་པ་བཟང་སྤྱོད་དང༌། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ཆེན་པོ་བཅུ་ལ་སོགས་པ་གདབ་བོ། །དེ་ལ་སེམས་ཅན་མི་གཏོང་བ་ནི་བདག་ལ་ཕན་འདོགས་པའི་སེམས་ཅན་མི་གཏོང་བ་དང༌། བདག་ལ་གནོད་པ་བྱེད་པ་མི་གཏོང་བ་དང༌། དངོས་སུ་སྡུག་བསྔལ་བ་དང༌། སྡུག་བསྔལ་གྱི་རྒྱུ་སོགས་པ་མི་གཏོང་བ་དང༌། སྤྱིར་སེམས་ཅན་མི་གཏོང་བའོ། །དེ་ལ་བདག་ལ་ཕན་འདོགས་པ་མི་གཏོང་བ་ནི། དྲིན་ཤེས་ཤིང་དྲིན་གཟོ་བའི་སེམས་ཀྱིས་མི་གཏོང་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་ཐོག་མ་མེད་པ་ནས། །ཉོན་མོངས་མེ་ཡིས་གདུངས་པ་ཡིས། །སྲིད་པའི་བཙོན་རའི་ནང་གནས་པ། །སེམས་ཅན་གང་ཡིན་དེ་དག་སྔོན། །ཕ་མ་མཛའ་བཤེས་རྩ་ལག་ཏུ། །གྱུར་ཅིང་ཕན་ཆེན་བཏགས་པས་ན། །བྱས་པ་གཟོ་བ་ཉིད་དུ་བྱ། །འདི་དག་བདག་གིས་སྡུག་བསྔལ་བྱས། །ད་ནི་བདེ་བར་བྱ་བའི་རིགས། །ཞེས་གསུངས་སོ། །འདིའི་དོན་རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྐྱེ་བ་
འདིའི་ཕ་མ་དང་གཉེན་འདུན་དང༌། གྲོགས་ལ་སོགས་པ་བདག་ལ་ཕན་འདོགས་པ་ལ་དྲིན་ཤེས་ཤིང་དྲིན་གཟོ་བ་བྱ་དགོས་ཏེ། དེ་ལྟར་མ་གྱུར་ན། བྱས་ལ་ལན་དུ་ཕན་མི་འདོགས། །ཞེས་པའི་ཉེས་བྱས་ཀྱང་འབྱུང་བར་འགྱུར་རོ། །བདག་ལ་གནོད་པ་བྱེད་པའི་སེམས་ཅན་མི་གཏོང་བ་ནི། ལས་བདག་གིར་བྱས་པའི་སེམས་ཀྱིས་མི་གཏོང་སྟེ། ཇི་སྐད་དུ། འཛམ་བུའི་གླིང་གི་སྐྱེས་མཆོག་ནི། །ལེགས་ཀྱི་ལན་ནི་ལེགས་ཀྱིས་ལྡོན། །ཉེས་ཀྱི་ལན་ཡང་ལེགས་ཀྱིས་ལྡོན། །ཞེས་དང༌། ཡུམ་བརྒྱད་སྟོང་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཕ་རོལ་པོས་ཉེས་པ་ཆེན་པོ་བྱས་ཀྱང༌། དེ་དང་རྩོད་པ་མི་བྱེད་པར་དེ་ལ་གནོད་པ་དང་སེམས་འཁྲུག་པར་མི་བྱའོ། །གལ་ཏེ་གསོད་ན་ཡང་དེ་ལ་ཞེ་སྡང་བར་མི་བྱའོ། །སེམས་ཅན་སུ་ལ་ཡང་ཞེ་སྡང་བར་མི་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བརྟན་པར་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པ་དང༌། ཡང་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕ་དང་མ་དང་བུ་དང་བུ་མོའི་འདུ་ཤེས་སོ། །རང་ཉིད་བདེ་བར་འདོད་པ་ལྟར་སེམས་ཅན་གཞན་ཡང་བདེ་བ་ལ་སྦྱར་བར་བྱའོ། །སེམས་ཅན་མ་ལུས་པ་སྡུག་བསྔལ་བ་ལས་ཐར་བར་བྱའོ། །སེམས་ཅན་གང་ཡང་མི་གཏོང་ངོ༌། །དེ་དག་གི་བདག་གིས་ལུས་དུམ་བུ་བརྒྱར་བཏུབས་ཀྱང་དེ་དག་ལ་གནོད་པའི་སེམས་མི་བྱ་བར་བྱམས་པ་དང་སྙིང་རྗེ་བསྐྱེད་དོ་ཞེས་གསུངས་པ་དང༌། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་སྔ་ནས་ཀྱང༌། གནོད་པ་དྲག་པོ་བྱུང་བ་ན། །སྔོན་གྱི་ལས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་མ་གྱུར་ན། གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། །ཁྲོས་པ་རྣམས་ནི་ཡལ་བར་འཇོག །གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་པའི་ཕམ་པ་དང་ཉེས་བྱས་འབྱུང་བར་འགྱུར་རོ། །དངོས་སུ་སྡུག་བསྔལ་བའི་སེམས་ཅན་མི་གཏོང་བ་ནི། ཚ་བ་དང་གྲང་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དང༌། མཚམས་མེད་པ་ལ་སོགས་པ་དང༌། བསླབ་པ་ཉམས་པ་དང༌། སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པ་མཐོང་ན་སྙིང་རྗེའི་སེམས་
ཀྱིས་མི་གཏོང་སྟེ། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་ནས། འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་བྱས་མགོ་ལ་འཁོར་བ་དང༌། །བྱང་ཆུབ་སེམས་ནི་བསྐྱེད་མ་ཐག །མེད་པར་འགྱུར་ཞེས་ཐོས་པ་ཡིན། །ཞེས་གསུངས་པ་དང༌། སློབ་དཔོན་དཔའ་བོའི་ཞལ་ནས་ཀྱང༌། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ཁྱད་པར་བརྩེ། །ཞེས་གསུངས་པ་དང༌། སློབ་དཔོན་བྷ་བྱའི་ཞལ་ནས་ཀྱང༌། སྡུག་བསྔལ་དྲག་པོས་གདུངས་པ་ཡི། །སྡུག་བསྔལ་ཅན་དག་མཐོང་བའི་ཚེ། །སྙིང་རྗེ་རུས་པའི་གཏིང་ནས་ནི། །སྐྱེ་ཞིང་དེ་ལ་ཕན་པར་བྱེད། །ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྡུག་བསྔལ་གྱི་རྒྱུ་ལ་སོགས་པའི་སེམས་ཅན་ནི། སྙིང་བརྩེ་བའི་སེམས་ཀྱིས་མི་གཏོང་སྟེ། བསླབ་པ་ཉམས་པ་དང༌། མཚམས་མེད་པ་བྱེད་པ་དང༌། སྲོག་གཅོད་པ་དང༌། སྡིག་པའི་ལས་སྣ་ཚོགས་བྱེད་པ་དེ་དག་ལས་བཟློག་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དྲན་པ་ཉེར་གཞག་ལས། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་སྲེག །ཅེས་གསུངས་པ་དང༌། འཕགས་པ་རྙེད་དང་འདོད་གནས་པ། །ཚུལ་ཁྲིམས་འཆལ་པ་མཐོང་ནས་ནི། །འདི་ཡི་འགྲོ་བ་ཅིར་འགྱུར་ཞེས། །མཆི་མའང་རབ་ཏུ་འབྱུང་བར་བྱ། །ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། འཇིག་རྟེན་ན་ནི་སེམས་ཅན་གང༌། །རྟག་ཏུ་སྡིག་པ་བྱེད་འདོད་པ། །རྟག་ཏུ་དེ་དག་ཐམས་ཅད་ནི། །གནོད་པ་མེད་པར་བཟློག་གྱུར་ཅིག །ཅེས་གསུངས་སོ། །སྤྱིར་སེམས་ཅན་མི་གཏོང་བ་ནི་བྱམས་པའི་སེམས་ཀྱིས་མི་གཏོང་བ་དང༌། འཕགས་པ་སྤོབས་པའི་བློ་གྲོས་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་བལྟ་བར་བྱ་བ་དང༌། རང་གི་ལུས་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་བཞིན་སྡུག་བསྔལ་བ་ཡི་སེམས་ཅན་ལ། །བརྩེ་བཅས་བྱང་ཆུབ་སེམས་དཔའ་དེ་དང་
འདྲ། །ཞེས་གསུངས་པ་དང༌། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་དག་གིས་མི་མཇེད་ཀྱང༌། །གཞན་གྱི་སྡུག་བསྔལ་དག་གིས་སྡུག་བསྔལ་འགྱུར། །གཞན་བདེན་ནི་བྱང་ཆུབ་སེམས་དཔའ་དགའ། །ཞེས་གསུངས་པ་དང༌། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་དང༌། དཔལ་མཆོག་དང་པོ་ལས་ཀྱང༌། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་གནས་པར་གྱུར་པ་ན། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཞེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བརྒྱད་ནི་ཀྱི་ཧུད་ནམ་ཞིག་ན་བདག་གི་སེམས་ཅན་གྱི་སྐྱེ་བའི་སྡུག་བསྔལ་མེད་པར་བྱེད་ནུས་པར་འགྱུར་ཞིག་ཏུ། དེ་བཞིན་དུ་རྒས་པའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་མེད་པར་བྱེད་པར་འགྱུར་ཞིག་གུ་།སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་ནུས་པར་འགྱུར། མ་གྲོལ་བ་རྣམས་དང༌། དབུགས་མ་ཕྱིན་པ་རྣམས་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནམ་ཞིག་མྱ་ངན་ལས་ཟློ་ནུས་པར་འགྱུར་ཞིག་གུ་སྙམ་པའི་སེམས་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱའོ། །ནང་གི་ཐབས་ལ་མཁས་པ་ནི་གཞན་གྱི་སྡུག་བསྔལ་བདག་གིར་བྱེད་པ་དང༌། བདག་གི་སྡུག་བསྔལ་གྱིས་གཞན་གྱི་སྡུག་བསྔལ་བསལ་བ་དང༌། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་དང༌། གཞན་གྱི་སྡུག་བསྔལ་གྱིས་བདག་དུས་རྟག་ཏུ་སྡུག་བསྔལ་གྱིས་གདུངས་པ་སྟེ། ཇི་སྐད་དུ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་རང་གི་བདེ་མ་ཆགས། །རང་གི་སྡུག་བསྔལ་དག་གིས་མི་མཇེད་ཀྱང༌། །གཞན་གྱི་སྡུག་བསྔལ་དག་གིས་སེམས་སྡུག་བསྔལ། །གཞན་བདེན་ནི་བྱང་ཆུབ་སེམས་དཔའ་དགའ། །ཞེས་གསུངས་སོ། །གཞན་གྱི་སྡིག་པ་བདག་གི་སྡིག་པར་བྱས་ནས་བཤགས་པ་དང༌། གཞན་གྱི་དགེ་བ་བདག་གི་དགེ་བར་བྱས་ནས་ཡི་རང་བ་དང༌། བདག་གི་དགེ་བ་གཞན་གྱི་དགེ་བར་བསྔོས་ནས་ཡི་རང་བ་དང༌། གཞན་གྱི་དགེ་བ་བདག་གི་
དགེ་བར་བྱས་ནས་ཡོངས་སུ་བསྔོ་བའོ། །ཕྱིའི་ཐབས་ལ་མཁས་པ་ནི་བསྡུ་བའི་དངོས་པོ་བཞི་དང༌། རིག་པའི་གནས་ལྔ་དང༌། མཁས་པ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ཚད་མེད་པ་བཞི་ལ་སོགས་པས་སེམས་ཅན་མ་ལུས་པ་སྨིན་པར་བྱེད་དེ། རྗེས་སུ་གཟུང་བ་དང༌། ཚར་བཅད་པ་དང༌། བྲིད་པ་དང༌། བསྡིགས་པ་དང༌། རྩིགས་ལ་དབབ་པ་དང༌། རྔན་པས་བརྔན་པའོ། །འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བཅུ་པ་དང༌། བཟང་པོ་སྤྱོད་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཉི་ཤུ་པ་དང༌། བ་ཚྭ་ཆུ་ཀླུང་ནས་བྱུང་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་ལ་སོགས་པས་སེམས་ཅན་མི་གཏོང་བར་བྱའོ། །འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང༌། སེམས་ཅན་ལ་གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པས་གནས་པར་བྱ་བ་དང༌། སེམས་བསྐྱེད་པའི་གང་ཟག་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང༌། སེམས་ཅན་གང་དག་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སྨིན་པར་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་པའོ། །དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ལས་ཀྱང༌། རིགས་ཀྱི་བུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ཆོས་བདུན་ལ་བསླབ་པར་བྱ་སྟེ། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་སྤྱད་པར་མི་བྱིན་དབང་པོ་གཉིས་ཀྱིས་གཉིས་སྦྱོར་བ་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་རྨི་ལམ་དུ་ཡང་མི་དགེ་བའི་བཤེས་གཉེན་བསྟེན་པར་མི་བྱ་བ་དང༌། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ་དང༌། ཐབས་དང་ཤེས་རབ་ལ་མཁས་པས་ང་རྒྱལ་དང་ང་ཡིར་འཛིན་པ་མེད་པར་བྱ་བ་དང༌། དངོས་པོ་དང་དངོས་པོ་མེད་པར་སྤངས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བརྟན་པོར་བསྒོམ་པ་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞི་བས་འཁོར་བ་ལ་དགའ་བར་མི་བྱེད་པ་སྟེ། མདོར་ན་དྲན་པ་དང་ཤེས་བཞིན་དང་ཚུལ་བཞིན་དུ་སེམས་པ་དང༌། བག་ཡོད་པ་དང་མི་འབྲལ་བ་སྟེ། ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཡང༌། དྲན་པ་དང་ནི་ཤེས་བཞིན་དང༌། །ཚུལ་བཞིན་དུ་
ནི་སེམས་པ་དང༌། །བག་ཡོད་པ་དང་མ་བྲལ་ཞིང༌། །ཞེས་སློབ་དཔོན་ཤཱནྟ་དེ་བས་གསུངས་སོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་མི་བརྗེད་པར་བྱ་ཞིང༌། དྲན་པ་རྒྱུན་ཆགས་སུ་བྱས་པས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །དགོས་པའི་དོན་དུ་འགྲོ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང༌། །ཞེས་པའི་ཕམ་པ་དང་ཉེས་བྱས་འབྱུང་ངོ༌། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བ་ནི་སེམས་བརྗེད་པར་བྱེད་པ་དང༌། ཉམས་པར་བྱེད་པ་དང༌། གཏོང་བར་བྱེད་པ་ལས་བསྲུང་སྟེ། འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། གཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང༌། མཁན་པོ་དང་སློབ་དཔོན་དང་སྦྱིན་གནས་སླུ་བ་དང༌། སེམས་ཅན་ལ་གཡོ་དང་སྒྱུ་དང་ལོངས་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་དང༌། སེམས་བསྐྱེད་པའི་གང་ཟག་ལ་ཚིགས་སུ་བཅད་པ་མ་ཡིན་པས་བརྗོད་པའོ་ཞེས་གསུངས་སོ། །འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས་འདི་སྐད་དུ། སྲེད་མེད་ཀྱི་བུ་ཆོས་བཞིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ལྷག་པའི་ང་རྒྱལ་དང༌། ཆོས་ལ་མ་གུས་པ་དང༌། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ་དང༌། ལོག་པའི་ཚིག་སྨྲ་བའོ། །ཡང་བཞི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་འདྲིས་པར་བྱེད་པ་དང༌། ཐེག་པ་དམན་པ་ལ་མོས་པ་དང༌། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་བ་འདེབས་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པའོ། །ཡང་བཞི་སྟེ། སྒྱུ་བྱེད་པ་དང༌། གཡོ་བྱེད་པ་དང༌། བླ་མ་ལ་ལྕེ་གཉིས་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པའོ། །ཡང་བཞི་སྟེ། བདུད་ཀྱི་ལས་མ་རྟོགས་པ་དང༌། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང༌། ལྷག་པའི་བསམ་པ་སྟོབས་ཆུང་བ་དང༌། ཐབས་དང་ཤེས་རབ་མེད་པ་སྟེ། དེ་དག་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ལམ་ལོག་པ་དང་
ལམ་ངན་པ་ཉི་ཤུ་རྩ་གཉིས་དང་བྲལ་བ་ཡིན་ཏེ། ཉན་ཐོས་ཀྱི་སེམས་དང་མ་བྲལ་བ་དང༌། རང་སངས་རྒྱས་ཀྱི་སེམས་དང་མ་བྲལ་བ་དང༌། ང་རྒྱལ་དང་ལྷག་པའི་ང་རྒྱལ་དང༌། གཡོ་སྒྱུ་དང༌། རྒྱང་པན་པའི་གསང་ཚིག་དང༌། ལོག་པར་ཞུགས་པ་དང༌། སྐྱེ་བས་སྐྲག་པ་དང༌། ཁེངས་པ་དང༌། རྩོད་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ལས་ཀྱི་སྒྲིབ་པ་དང༌། ཆོས་ཀྱི་སྒྲིབ་པ་དང༌། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང༌། ཆོས་ལ་དཔེ་མཁྱུད་བྱེད་པ་དང༌། བརྗེད་ངས་པ་དང༌། སྡིག་པའི་གྲོགས་པོ་དང༌། བླ་མ་ལ་འཁུ་བ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པ་དང༌། ཆད་པ་དང༌། རྟག་པ་དང༌། ཐབས་མི་མཁས་པས་བསྡུ་བ་བཞི་དང༌། སྡིག་པ་ཐམས་ཅད་དང་མ་བྲལ་བ་སྟེ། དེ་དག་གིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ་ཞེས་གསུངས་སོ། །སྡོང་པོ་བཀོད་པ་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ནང་ཕན་ཚུན་ངན་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་ལས་ལས་ཆེ་བ་ནི་མ་མཐོང་ངོ་ཞེས་གསུངས་སོ། །དེ་བཞིན་དུ་དད་པའི་སྟོབས་བསྐྱེད་པ་ལ་སོགས་པའི་མདོ་ལས་རྒྱས་པར་གསུངས་པས་མདོ་སྡེར་བལྟ་བར་བྱའོ། །ལྟུང་བ་འབྱུང་བའི་རྒྱུ་ནི་རིགས་མེད་པ་དང༌། སྙིང་རྗེ་ཆུང་བ་དང༌། འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་དང༌། བྱང་ཆུབ་ཆེན་པོ་ཐག་རིང་བར་སེམས་པ་དང༌། བདུད་ཀྱིས་བྱིན་གྱིས་བརླབས་པ་དང༌། ཐེག་པ་དམན་པའི་གང་ཟག་བསྟེན་པ་དང༌། ཐེག་པ་ཆུང་ངུའི་གཞུང་ལ་བརྩོན་པ་དང༌། སེམས་ཅན་བློས་བཏང་བ་དང༌། བྱང་ཆུབ་སེམས་དཔའ་ལ་ཚིག་ངན་བརྗོད་ཅིང་ངན་སེམས་བསྐྱེད་པ་དང༌། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་མི་སྤོང་བ་དང༌། གཞན་ཡང་མི་ཤེས་པ་དང༌། བག་མེད་པ་དང༌། མ་གུས་པ་དང༌། ཉོན་མོངས་པ་མང་བའོ། །བཏང་བའི་ཉེས་དམིགས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་དགྲ་བཅོམ་པར་གྱུར་ལ། དེ་དག་ཐམས་ཅད་ལ་གསད་པ་དང༌། མཚམས་མེད་པ་ལྔ་བྱས་པས་འདི་སྡིག་པ་ཤིན་ཏུ་ཆེ་བ་ཡིན་ནོ། །གཞན་ཡང་ནམ་མཁའ་མཐའ་ཁྱབ་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ནི་
སངས་རྒྱས་ཀྱིས་མཁྱེན་གྱི། འདིའི་སྡིག་པའི་ཚད་ནི་འདི་ཙམ་ཞེས་སངས་རྒྱས་ཀྱིས་མཁྱེན་པར་མི་སྤྱོད་དོ། །འདིའི་དོན་རྒྱས་པར་མདོ་སྡེ་དང༌། སྤྱོད་པ་ལ་འཇུག་པ་ལ་སོགས་པར་བལྟ་བར་བྱའོ། །གཞན་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་ནི། ཡུམ་བརྒྱད་སྟོང་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྲང་ལ་གཞལ་བའི་གྲངས་ནི་ཤེས་པར་རུང་གི །གཞན་བསྐྱེད་དུ་བཅུག་པའི་ཕན་ཡོན་ནི་ཐེག་པ་ཆེན་པོའི་མདོ་སྡེ་དང༌། སྤྱོད་པ་ལ་འཇུག་པ་ལ་སོགས་པར་བལྟ་བར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པར་མི་སྤྱོད་དོ། །གཞན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཚད་ནི་ཤེས་པར་མི་ནུས་སོ་ཞེས་གསུངས་ཏེ་རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །གཞན་སེམས་བསྐྱེད་པའི་བར་ཆད་བྱས་པའི་ཉེས་དམིགས་ནི་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་གང་སེམས་བསྐྱེད་པ་ལ་བར་ཆད་བྱ་བར་འདོད་དམ། བར་ཆད་བྱེད་པ་དེ་ནི་ཤར་དྭ་ཏིའི་བུ་མྱ་ངན་ལས་འདས་པར་འགྱུར་བའི་སྐལ་བ་མེད་དོ་ཞེས་གསུངས་པ་དང༌། ཡང་སྟོང་གསུམ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པ་བསད་པ་དང༌། མཚམས་མེད་པ་ལྔ་བྱེད་པ་བས་སྡིག་པ་ཆེ་ཞེས་འཕགས་པ་བརྒྱད་སྟོང་པ་ལས་གསུངས་སོ། །སྤྱོད་པ་ལས་འཇུག་པ་ལས་ཀྱང༌། གང་ཞིག་བྱང་ཆུབ་སེམས་བསྐྱེད་པའི། །བསོད་ནམས་བར་ཆད་གེགས་བྱེད་པ། །སེམས་ཅན་དོན་ལ་དམན་གྱུར་པས། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟའོ། །བྱང་ཆུབ་ཀྱི་སེམས་སྤེལ་བ་དེ་ནི་སེམས་དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དུ་སྤེལ་ཏེ། བྱང་ཆུབ་ཀྱི་སེམས་སྡོམ་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་ཀྱི་སེམས་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་ཀྱི་སེམས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། དཔེར་ན་ཡར་ངོའི་ཟླ་བ་རིམ་གྱིས་འཕེལ་བ་བཞིན་དུ་སེམས་འདི་ཡང་འཕེལ་བར་འགྱུར་ཏེ། དེ་ཡང༌། ཡངས་ཤིང་རྒྱ་ཆེ་དག་པ་དང༌། །ཕན་པ་རྒྱ་ཆེན་བྱེད་པ་དང༌། །དགེ་བ་ཉིད་ཀྱིས་ལྷག་པས་ན། །བསམ་པ་དག་པ་ལྷག་བསམ་ཡིན། །ཞེས་མདོ་
སྡེའི་རྒྱན་དུ་གསུངས་སོ། །ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་སྟེ། འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས། ཚུལ་ཁྲིམས་རྣམ་པ་གསུམ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་དང༌། གོམས་པའི་ཚུལ་ཁྲིམས་དང༌། ཡང་དག་པར་བླང་བའི་ཚུལ་ཁྲིམས་སོ། །དེ་ལ་རང་བཞིན་གྱི་ཚུལ་ཁྲིམས་ནི། སེམས་ཅན་ཐམས་ཅད་རིགས་གཅིག་ཡིན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་དང༌། ཐེག་པ་ཆེན་པོའི་རིགས་ཅན་ཡིན་པ་སྟེ། བསྒྲུབས་ན་འགྲུབ་པའི་སྐལ་བ་ཅན་ཡིན་ཡང་ཉེས་པ་རྣམ་པ་བཞིས་བཀབ་ནས་འདུག་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང༌། །ཕོངས་དང་གཞན་གྱིས་དབང་བྱས་དང༌། །མདོར་ན་རིགས་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པས་རིགས་ཅན་གྱི་གང་ཟག་དེ་ནི་རང་བཞིན་གྱིས་སྙིང་རྗེ་ཆེ་བ་དང༌། རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྒྱུད་ལ་ཚང་བར་ལྡན་པས་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཞེས་བྱའོ། །གོམས་པའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྐྱེ་བ་སྔ་མ་ཕན་ཆད་ལ་ཐེག་པ་ཆེན་པོ་ལ་གོམས་པ་ཆེར་བྱས་པ་དང༌། གོམས་པ་འབྲིང་དུ་བྱས་པ་དང༌། སྐྱེ་བ་དཔག་ཏུ་མེད་པ་ནས་གོམས་པར་བྱས་པ་སྟེ། དེ་བས་ན་བྱམས་པའི་ཞལ་ནས། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྱེད། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྙེན་བཀུར་ཡང་དག་ཞུགས། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས། །སྣོད་དུ་དམ་པ་རྣམས་ཀྱིས་ཤེས། །ཞེས་གསུངས་སོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི། སློབ་དཔོན་གྱིས་བརྟག་པ་གསུམ་གྱིས་ལེགས་པར་བརྟགས་ནས་སྣོད་ཀྱི་རིམ་པ་བཞིན་དུ་ཚུལ་ཁྲིམས་སྦྱིན་པར་བྱ་སྟེ། སྔར་བརྗོད་པའི་གང་ཟག་དང༌། དེའི་སོ་སོར་ཐར་པའི་ཕམ་པ་བཞི་འཁོར་དང་བཅས་པ་དང༌། ཐེག་པ་ཆེན་པོའི་ཕམ་པ་དང་འདྲ་བ་བཞི་དང༌། ཉེས་བྱས་བཞི་བཅུ་རྩ་དྲུག་སྦྱིན་པར་བྱའོ། །གང་ཟག་འབྲིང་པོ་དེ་ལ་ནི་གང་ཟག་འབྲིང་པོ་དེའི་སྡོམ་པ་སྦྱིན་པར་བྱ་སྟེ། དེའི་སྟེང་དུ་འཕགས་པ་ནམ་མཁའི་སྙིང་པོ་
ལ་སོགས་པའི་རྩ་བའི་ལྟུང་བ་བཅོ་བརྒྱད་དང༌། སློབ་དཔོན་ཤཱནྟ་དེ་བས་གསུངས་པའི་གནོད་པ་བཅུ་བཞི་པོ་སྦྱིན་པར་བྱའོ། །གང་ཟག་གསུམ་པ་དེ་ལ་ནི་དེ་དག་གི་སྟེང་དུ་འཕགས་པ་མདོ་སྡེ་བདུན་བརྒྱ་པ་ལས་གསུངས་པའི་ཚུལ་ཁྲིམས་བཞི་བརྒྱ་པ་དང་ཐེག་པ་ཆེན་པོའི་མདོ་སྡེ་ལས་གསུངས་པའི་ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་དག་བསྲུང་བར་བྱ་སྟེ། ཚོགས་ཀྱི་ལམ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྦྱོར་བའི་ལམ་པ་ལ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་པ་ལ་ནི་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་རྩིས་ན་ཚོགས་ལམ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །གང་ཟག་གསུམ་པས་ནི་གསུམ་པའི་བསླབ་པ་ལ་བརྩོན་པར་བྱའོ། །སྔར་བཤད་པའི་གོམས་པའི་ཚུལ་ཁྲིམས་ལ་དགོངས་ནས་འཕགས་པ་དང་བསྒོམ་པའི་མདོ་ལས། ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲང་བ་དེ་ནི་འདི་ལྟར་རྗེས་སུ་འབྲང་སྟེ། དེ་འགྲོའམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། ར་རོའམ། མྱོས་ཀྱང་རུང་སྟེ། རྟག་ཏུ་ཐེག་པ་ཆེན་པོ་ལ་དད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཚེ་བརྗེས་སུ་ཟིན་ཀྱང་ཚེ་རབས་གཞན་དུ་ཐེག་པ་ཆེན་པོ་ལ་དད་པས་བྱང་ཆུབ་ཀྱི་སེམས་བརྗེད་དུ་ཟིན་ཡང་སྐྱེ་བ་དེ་དག་ཏུ་དམན་པ་དང༌། སྐལ་པ་དམན་པའི་སེམས་སུ་མི་འགྱུར་ཞིང༌། སྡིག་པའི་གྲོགས་པོ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་འདྲེ་བས་ཀྱང་འཕྲོགས་པར་མི་འགྱུར་ན། གཞན་མུ་སྟེགས་ཅན་གྱིས་འཕྲོགས་པར་ག་ལ་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུ་ཞིག་རྙེད་པས་ཀྱང་མྱུར་བར་ཤས་ཆེ་བ་དང༌། རྒྱུན་གྱིས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པར་བྱེད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་བག་ཆགས་རྗེས་སུ་འདྲེན་པ་དེ་ཡང་ཚེ་རབས་སུ་རྣམ་པར་འཕེལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་བར་དུ་འགྱུར་རོ་ཞེས་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། སྨོན་པའི་ཕན་ཡོན་དང༌། འཇུག་པའི་ཕན་ཡོན་ནོ། །སྨོན་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ། མདོར་བསྡུས་ན་འཇིག་རྟེན་དུ་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ་དང༌། དཀར་པོའི་ཆོས་ཐམས་ཅད་ཀྱི་རྒྱུའམ་ས་བོན་ཡིན་པ་དང༌། སྡིག་པ་འཇོམས་པ་དང༌། ལྟུང་བ་ལས་ལྡང་བ་དང༌། མི་མ་ཡིན་པ་དང༌། རིམས་དང༌། བར་དུ་གཅོད་པ་ཐམས་ཅད་མེད་པར་བྱེད་པ་ལ་སོགས་པའོ། །འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་དང་པོ་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངན་ངོན་ཙམ་དང་ཅུང་ཟད་ཙམ་མ་ཡིན་ཏེ། འདི་ལྟར་བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱིས་ཀྱང་བརྗོད་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ཤེས་པར་ལྟ་ག་ལ་འགྱུར་ཞེས་གསུངས་སོ། །ཡུམ་བརྒྱད་སྟོང་པ་ལས་ཀྱང༌། དམིགས་པ་ཅན་གང་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བའི་རྩ་བ་བྱས་པ་བས་གཞན་འགའ་ཞིག་གིས་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སེ་གོལ་གཏོགས་པ་གཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ན་བསོད་ནམས་ཆེའོ་ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇུག་པའི་ཕན་ཡོན་ཡང་སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་པ་དང༌། ཡང༌། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་
བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་དང༌། རྒྱས་པར་མདོ་སྡེར་བལྟ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སེམས་ཅན་འཁོར་བ་ལས་གདོན་པ་མ་ཡིན་པ་ཕྲིན་ལས་གཞན་ཅི་ཡང་མི་མངའ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་བོ་ཡིན་པར་འདོད། །སངས་རྒྱས་མཉེས་སོགས་དེ་ལས་གཞན། །དེ་དག་དོན་གྱི་འབྲས་བུར་བཞེད། །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་ཀྱི་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང༌། ཕྲིན་ལས་རྣམས་ནི་གཞན་དོན་འབའ་ཞིག་མཛད་པ་ཉིད་ལས་གྲུབ་པ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཤཱཀྱའི་མགོན་པོས་ཀྱང་སྔོན་བསྐལ་པ་བརྗོད་དུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས། ད་ལྟར་ཡང་སངས་རྒྱས་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་ནས་ད་ཡང་བདེ་བ་ཅན་དུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྲོད་ལ་མྱ་ངན་ལས་འདས་པའི་ཐོ་རངས་སྤྱན་རས་གཟིགས་འཚང་རྒྱ་བར་འགྱུར་ཞེས་དང༌། རྗེ་བཙུན་ཕྱག་ན་རྡོ་རྗེ་ཡང་སྔོན་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཉིས་ཀྱི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཞེས་བྱ་བར་སངས་རྒྱས་ནས། ད་ཡང་བསྐལ་པ་བཟང་པོ་འདི་ཉིད་ཀྱི་རྗེས་ལ་དེ་བཞིན་གཤེགས་པ་རྡོ་རྗེ་རྩལ་གྱིས་འགྲོ་བར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ། །འདི་ལྟར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་འཕགས་པ་འཇམ་དཔལ་ལ་ཡང་ཐོག་མ་མེད་དེ། དང་པོའི་སངས་རྒྱས་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་ཐུགས་ཡེ་ཤེས་ཡིན་ནོ། །སངས་རྒྱས་ཐམས་ཅད་རིགས་དྲུག་ཏུ་འདུས་ལ།
རིགས་དྲུག་གི་ཐུགས་ཀ་ན་རྡོ་རྗེ་རྣོན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའ་བ་ཞུགས་པ་དང༌། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལྷ་རྣམས་ཀྱི་གཙོ་བོ་འཇམ་པའི་རྡོ་རྗེ་ཀུན་དུ་བཟང་པོ་དང༌། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གཙོ་བོ་མཛད་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཧེ་རུ་ཀར་སྣང་བ་དང༌། དཔལ་བདེ་མཆོག་གི་བཤད་རྒྱུད་ཨ་བྷི་དྷ་ནའི་ལྷའི་འཁོར་ལོའི་གཙོ་བོ་མཛད་པ་དང༌། སེང་གེ་སྒྲ་དང༌། ཀུ་མུ་ཏ་དང༌། ཁྱེའུ་བཟང་དང༌། འཇམ་དཔལ་ཚིག་སྦྱིན་གཞོན་ནུ་ལ་སོགས་པ་གདུལ་བྱ་ཇི་ལྟར་མོས་པར་སྣང་བ་ཡིན་ནོ། །ད་ཡང་ཤར་ཕྱོགས་སུ་འཚང་རྒྱ་བར་འགྱུར་བར་འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ་ལས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མ་བཏང་བས་འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་དང༌། ཕྲིན་ལས་ཉི་ཤུ་རྩ་བདུན་དང༌། ཕྲིན་ལས་སུམ་ཅུ་རྩ་ལྔ་དང༌། ཆོ་འཕྲུལ་ཆེན་པོ་གསུམ་ལ་སོགས་པ་རྒྱུན་མི་འཆད་པ་འཁོར་བ་ནས་འདྲེན་པར་མཛད་ཀྱང་འཁོར་བའི་སེམས་ཅན་ཟད་པར་མི་འགྱུར་ཏེ། འཁོར་བ་ལ་ཐོག་མཐའ་མེད་པའི་ཕྱིར་རོ། །དོན་འདི་གསལ་བར་མཛད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམས་འཁོར་བ་ནས་འདྲེན་པར་ཐུགས་དམ་བཅས་པ་ལས། སེམས་ཅན་གྱི་ཁམས་ལ་གཟིགས་པས་དབུགས་པའི་དུས་སུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དབུ་ལ་བཞུགས་པ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་སྐྱེས་པའི་རབས་དེ་དང་དེ་དག་ཏུ་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཤིན་ཏུ་གཏོང་བའི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་རྣམས་སེམས་ཅན་གྱི་ཆེད་དུ་བྱ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པའི་ཕྱིར་རོ། །བ་ཚྭ་ཆུ་ཀླུང་གི་མདོ་ལས་ཇི་སྐད་དུ། ཆུང་མ་རྣམས་དང་བུ་ཚ་རྒྱལ་སྲིད་དབང་ཕྱུག་ཆེན་པོ་དང༌། །ཤ་རྣམས་དང་ནི་ཁྲག་
དང་ཚིལ་དང་ལུས་དང་མིག །ཕ་རོལ་དགའ་བའི་དབང་དུ་བྱས་ནས་ངས་ནི་གཏང་བ་ཡིན། །གང་གི་སེམས་ཅན་རྣམས་ལ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པ་བྱས་ན་ང་ལ་གནོད་པ་བྱས། །ཞེས་བྱ་བ་ལ་སོགས་པ་ཤློ་ཀ་བཅུ་གཅིག་གསུངས་སོ། །དུས་དེང་སང་ཡང་འཛམ་བུའི་གླིང་འདིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་བཏང་བ་དང༌། སློབ་དཔོན་ཨཱཪྻ་དེ་བས་སྤྱན་བཏང་བ་དང༌། སློབ་དཔོན་མ་ཏི་ཙི་ཏྲ་རྟ་དབྱངས་ཀྱིས་སྟག་མོ་ལ་སྐུ་བཏང་བ་དང༌། བདག་གི་བླ་མ་བྲམ་ཟེ་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྒྱལ་བས་སྟག་མོ་ལ་རྐང་པ་བཅག་ནས་བྱིན་པས་དུས་དེ་ཉིད་དུ་འདས་སོ། །སྐྱེས་བུ་དེ་དག་ནི་བྱམས་པ་དང་སྙིང་རྗེས་རྒྱུད་བརླན་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བར་མཛད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རབ་ནི་སྦྱོར་བའི་ལམ་ལ་བྱང་ཆུབ་ཀྱི་སེམས་གཤའ་མ་སྐྱེ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་ལས། མོས་པ་སྤྱོད་པའི་ས་ལ་དགེ་བའི་རྩ་བ་བསྟན་པ་གཅིག་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་གཞན་གཅེས་པར་བྱ་དགོངས་པ་ཡིན་པས་ན་བདག་དང་གཞན་བརྗེ་བས་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །བདག་སྔོན་སོ་མ་པུ་རིའི་ནགས་གསེབ་ན་འདུག་པ་ན། འཇིག་རྟེན་དབང་ཕྱུག་གིས་ཞལ་མངོན་སུམ་དུ་བསྟན་ནས་རིགས་ཀྱི་བུ་མྱུར་དུ་འཚང་རྒྱ་བར་འགྱུར་བ་དང༌། གཞན་གྱི་དོན་འདོད་ན་བྱང་ཆུབ་ཀྱི་སེམས་སྦྱང་བ་དང༌། སྤེལ་བ་ལ་བརྩོན་འགྲུས་ཀྱིས་ཤིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡང་རྡོ་རྗེའི་གདན་ལ་བསྐོར་བ་བྱེད་ཙ་ན། རྗེ་བཙུན་མ་སྒྲོལ་མ་དང༌། རྗེ་བཙུན་མ་ཁྲོ་གཉེར་ཅན་གྱི་ཞལ་ནས་མྱུར་དུ་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་འབད་པར་བྱའོ་ཞེས་གསུངས་སོ། །ཡང་རྡོ་རྗེ་གདན་ན་འདུག་པའི་དུས་སྐར་ཁུང་ནས་བྷ་དན་ཏ་ཁྱོད་བྱང་ཆུབ་ཀྱི་སེམས་སྦྱང་བར་འདོད་ན་བྱམས་པ་དང་སྙིང་རྗེ་གོམས་པར་གྱིས་ཤིག་ཅེས་གསུང༌། ཡང་རྗེ་བཙུན་གསེར་གླིང་བའི་ཞལ་ནས། ཚེ་དང་ལྡན་པ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག །དེ་མ་སྦྱངས་ན་བྷཾ་ག་ལའི་རྣལ་འབྱོར་པ་ལྟར་མི་འགྲུབ་པོ། །བྱང་ཆུབ་ཀྱི་སེམས་
ནི་ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རྩ་བར་གྱུར་པ། རྒྱུར་གྱུར་པ། ས་བོན་དུ་གྱུར་པ་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ་ཞེས་གསུངས་པས་སེམས་ཀྱི་སྐད་ཅིག་རེ་རེ་ལ་དྲན་པ་དང། ཤེས་བཞིན་གྱིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུན་མི་འཆད་པར་བསྐྱེད་པར་བྱའོ། །རྒྱུད་དེ་ལས་འདི་སྐད་དུ་གསུངས་ཏེ། ཉམས་ན་གསོར་མི་རུང་བའི་ཆོས་བཞི་སྟེ། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེམས་ཅན་ལ་གནོད་པ་བྱེད་པ་དང༌། དེའི་ཆོས་སྤོང་བ་དང༌། སེར་སྣ་བྱེད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་མ་ཉམས་ན་གསུམ་པོ་གསོར་རུང་ལ། དེ་ཉམས་ན་གསུམ་པོ་མ་ཉམས་ཀྱང་སོར་མི་ཆུད་དོ། །དེ་བས་ན་སྐྱེ་བའི་རྒྱུ་ལ་མཁས་པར་བྱ། གཟུང་བ་དང༌། བསྒྲུབ་པ་དང༌། སྦྱང་བ་དང༌། སྤེལ་བ་ལ་ཤིན་ཏུ་བརྟན་པར་བྱའོ། །འདིའི་དོན་རྒྱས་པར་འཕགས་པ་བྱམས་པ་འཇུག་པའི་མདོ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང༌། བསོད་ནམས་ཐམས་ཅད་སྡུད་པའི་མདོ་དང༌། ནམ་མཁའ་མཛོད་ཀྱིས་ཞུས་པ་ལ་སོགས་པའི་མདོ་ལས་བལྟ་བར་བྱའོ། །དང་པོ་ཁས་བླངས་པའི་ཚུལ་ཁྲིམས་གསུམ་པོ་མིག་གི་འབྲས་བུ་བཞིན་དུ་སྲུངས་ཤིག །ཚུལ་ཁྲིམས་གཡག་གི་རྔ་མ་བཞིན་སྲུངས་ཤིག །རྒྱུ་དང་འབྲས་བུ་ཤེས་ནས་དེ་ཆུད་གསན་པར་མི་བྱ། ངེས་པར་མྱུར་དུ་འཆི་བར་འགྱུར་ཏེ། འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པ་དང༌། ད་ལྟ་ཚེའི་སྙིགས་མ་ཡིན་པས་ཡུན་རིང་དུ་གནས་པའི་མཐུ་མེད་དེ་འཆི་བ་རྗེས་སུ་དྲན་པར་བྱ། ཕྱི་ནང་ཐམས་ཅད་མི་རྟག་པ་གསུམ་གྱིས་ཟིན་པས་ངེས་པར་མྱུར་དུ་མེད་པར་འགྱུར་རོ་སྙམ་པ་དང༌། སྡིག་པ་དང་ལྟུང་བ་ཐམས་ཅད་སྟོབས་བཞིས་སྦྱང་བར་བྱ། གཞན་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་ན་འདག་སྟེ། ཉན་ཐོས་རྣམས་ཀྱང་གནོད་ལས་ལོག །ཐེག་པ་ཆེ་ལ་ཞུགས་པ་ཡིས། །སེམས་ཅན་རྣམས་ལ་བུ་བཞིན་བྱམས། །བྱམས་དང་སྙིང་རྗེ་བསྐྱེད་པ་ཡིས། །སྔར་བྱས་ཉེས་པ་དེ་ཡིས་འདག །ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་སོ། །གཟུངས་ཁྱད་པར་ཅན་བཟླས་པ་དང༌། ལྟུང་བཤགས་དང༌། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་
དང༌། ཕུང་པོ་གསུམ་པའི་མདོ་ལ་སོགས་པས་འདག་གོ །ཡང་ལྟུང་བ་དང་སྡིག་པ་ཉིད་མ་སྐྱེས་པར་ཤེས་ན་འདག་པར་མདོ་ལས་གསུངས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ན་འདག་པས་མཉམ་པར་ལྟ་དགོས་ཏེ། སེམས་ཅན་ལ་བརྟེན་ནས་སངས་རྒྱས་འབྱུང་བས་སེམས་ཅན་གཙོ་བོར་བྱའོ། །དབུ་མ་རྟོག་གེ་འབར་བ་ལས་འདི་སྐད་དུ། འབྲས་བུ་ལ་རེ་བའི་ཞགས་པས་བཅིངས་པ་རྣམས་ནི་སྦྱིན་པའི་ཞིང་འདམ་པར་བྱེད་ཅིང་ཚོལ་ཏེ། གཞན་དག་བཀྲེས་བ་དང་སྐོམ་པ་ལ་སོགས་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྣོད་མ་བརྩིས་པར་བྱིན་ན་ཆོས་མཉམ་པ་ཉིད་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། མདོ་ལས་གཞན་དུ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་ཞིང་སྙོམས་ལ་བྱེ་བྲག་མི་ཕྱེད་པའོ། །དཀོན་མཆོག་གསུམ་ནི་བདག་གི་ཡོན་ཏན་གྱི་ཞིང་ཡིན་གྱི། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན་བྱང་ཆུབ་སེམས་དཔའ་དེས་ཆོས་ཉིད་མཉམ་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་བས་ན་དཀོན་མཆོག་གསུམ་དང༌། བླ་མ་ནི་སྦྱིན་གནས་ཀྱི་ཞིང་བཟང་པོ་ཡིན་ལ། དུད་འགྲོ་ལ་སོགས་པ་ནི་མ་ཡིན་ཏེ། ཞིང་ཚྭ་སྒོ་ཅན་ལ་ས་བོན་བཏབ་པ་དང་འདྲའོ་ཞེས་སེམས་ན་བྱང་ཆུབ་སེམས་དཔའི་ཆོས་སུ་མི་འགྱུར་རོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ། སྙིང་རྗེས་རྒྱུན་བརླན་པ་རྣམས་ཀྱིས་སྦྱིན་པའི་ཞིང་བདམ་པར་མི་བྱ་ཞེས་རྟོག་གེ་འབར་བར་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བ་ཚྭ་ཆུ་ཀླུང་ནས་ཕྱུང་བའི་སེམས་ཅན་མགུ་པར་བྱ་བའི་ཚིགས་སུ་བཅད་པར་ཡང་གསུངས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་གཞན་ལས་ཀྱང་གསུངས་སོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཞལ་ནས། ལུས་ཅན་ཀུན་ལ་མཉམ་ཉིད་ཀྱི། །ཡང་དག་སེམས་ནི་བསྐྱེད་པར་བྱ། །གང་ཡང་མི་མཉམ་ཉིད་གནས་ན། །ཐོག་མ་དབུས་མཐའ་ལས་གྲོལ་བའི། །ཡེ་ཤེས་དེ་ནི་སྐྱེ་མི་འགྱུར། །ཞེས་གསུངས་སོ། །དབང་པོ་རྟུལ་པོ་ལས་དང་པོ་པ་གསར་བུ་བློ་མ་སྦྱངས་པ་སྙིང་རྗེ་མ་གོམས་པ་སྙིང་རྗེ་ཆུང་བ་རྣམས་ཀྱིས་ནི་ཞིང་བདམ་པར་བྱ་སྟེ། མདོ་
སྡེ་དང༌། རྒྱུད་སྡེ་དང༌། ཆོས་བཤད་པ་རྒྱས་པ་ལ་སོགས་པ་ལས་འགྱུར་གསུངས་སོ། །ལས་དང་པོ་པ་དེས་མཉམ་པར་མ་བཞག་པ་ན་སྤྱོད་ལམ་ཐམས་ཅད་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱ། ཐ་མལ་བའི་སྐྱེ་བོ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་མི་བྱ། བྲེ་མོའི་གཏམ་ཡང་སྤང༌། ཡི་དགས་ལ་རྒྱུན་དུ་གཏོར་མ་གཏང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་པ་དང་ཁ་ཏོན་བྱ། མངོན་པར་ཤེས་པ་མ་ཐོབ་ཀྱི་བར་དུ་ཆོས་བཤད་པ་མི་བྱ། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་བྱ། རྨི་ལམ་གྱི་སེམས་ཀྱི་གནས་སྐབས་ན་ཡང་སྙིང་རྗེས་མ་བྲལ་བར་བྱ། འཕྲལ་གྱི་སྤྱོད་ལམ་ཐམས་ཅད་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན་བྱ། ཅི་ནས་ཀྱང་ཕ་རོལ་མགུ་བར་བྱ། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། ཞི་བ་དང༌། དུལ་བར་བྱ། འཇིག་རྟེན་གྱི་ཆོས་བརྒྱད་མགོ་མནན་པར་བྱ། དགེ་བ་བཅུ་སྟོབས་དང་ལྡན་པར་བྱ། དངོས་པོ་ཐམས་ཅད་ལ་མ་ཆགས་པ་དང༌། ཞེན་པ་ཆུང་བར་བྱ། ཆོས་ཐམས་ཅད་མཉམ་པ་ཉིད་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོར་འགྱུར་བར་བྱ། ཕ་རོལ་སྡུག་བསྔལ་བ་མཐོང་ན་དེ་རབ་ཏུ་བྱུང་བ་ཡིན་ན་འཚོ་བའི་ཡོ་བྱད་མ་ཡིན་པ་གཏང་བར་བྱ། ཁྱིམ་པ་ཡིན་ན་ཡོ་བྱད་ལ་ཆགས་པ་མེད་པར་གཏང་བར་བྱ། བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་སྐྱེས་པ་རྣམས། །སེམས་ཅན་ཀུན་གྱི་ལོངས་སྤྱོད་ཕྱིར། ཕོངས་པ་མེད་པར་གཏང་བར་བྱ། །བླ་མ་རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པའི་ཞལ་ནས། རང་སྐྱོན་རྟོག་ལ་མིག་རྣོན་བཞིན། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །དྲང་དང་ང་རྒྱལ་མེད་པ་དང༌། །རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། །སྙིང་རྗེ་དངོས་དང་བརྒྱུད་པ་ཡི། །བདག་དང་གཞན་རྣམས་བརྗེ་བར་བྱ། །གང་ཕྱིར་རང་བས་སེམས་ཅན་གཅེས། །ཞེས་བླ་མ་ན་རོ་པའི་ཞལ་ནས་གསུངས་སྐད། བྱང་ཆུབ་སེམས་དཔའ་རང་བས་གཞན་གཅེས་པར་བྱ་དགོས་པས་བདག་དང་གཞན་བརྗེ་བར་བྱའོ། །བྱམས་པ་དང་སྙིང་
རྗེ་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཀྱི་ཡང་གནད་ཡིན་ཏེ། རྩ་བའི་ལྟུང་བ་བཅུ་བཞི་པ་ལས། །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་གསུངས་སོ། །གཞན་མི་སྨོད་པ་དང༌། གཞན་གྱི་སྡིག་རྐྱེན་མི་བྱ་བར་དཔག་ཚད་བརྒྱར་འགྲོ་བར་བྱའོ། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཡིས། །གང་ན་རྩོད་པ་ཡོད་པའི་ས་ཕྱོགས་ནས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ། །གལ་ཏེ་མ་བྱོན་བྱང་ཆུབ་སེམས་དཔའ་ཉམས། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་ནུས་ཀྱིས་སྤྱད། ཚོགས་ལམ་གྱི་ཆོས་བཅུ་གསུམ་དང༌། འཕགས་པའི་ནོར་བདུན་དང༌། རྗེས་སུ་དྲན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་དང༌། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བཅུ་དྲུག་དྲན་པར་བྱའོ། །ཁྱད་པར་དུ་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་བརྒྱད་དྲན་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་འཁོར་བའི་ཉེས་དམིགས་བདུན་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་འཁོར་བའི་ཉེས་དམིགས་མི་རྟག་པ་བདུན་གསུངས་པ་ཡང་དྲན་པར་བྱའོ། །འདོད་ཡོན་ལྔའི་ཉེས་དམིགས་ཤེས་པར་བྱ་ཞིང་གཉེན་པོ་བསྟེན། ཆོས་མ་ཡིན་པ་ཅི་ཡང་མི་བྱ། བྱམས་པ་དང་སྙིང་རྗེ་རྗེས་སུ་དྲན་པ་དངོས་དང་བརྒྱུད་པས་སེམས་ཅན་གྱི་དོན་བྱ། ཨེ་མ་ཧོ་ནམ་ཞིག་ན་འདི་རྣམས་འཁོར་བ་ནས་ཐོན་པར་བྱ། ཀྱི་ཧུད་འདི་རྣམས་ཇི་ལྟར་བྱས་ན་སྙམ་པ་ཡང་དང་ཡང་དུ་དྲན་པར་བྱའོ། །སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང༌། །སེམས་ཅན་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང༌། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་གནས་པར་བྱ། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་གསུངས་པ་ལྟར་བྱ། དགེ་བ་ཕྲ་མོ་ཡང་མྱུར་དུ་མ་བསྔོས་ན་སོག་མ་མེད་དང་འབྲོག་གནས་ཀྱི་གཏམ་རྒྱུད་དང་འདྲའོ། །དེ་ལྟར་གུས་པ་དང་ཡུན་རིང་བ་དང་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་དེས་མཉམ་པར་མ་བཞག་པའི་དུས་སུ་ཡང་ཇི་སྐད་བཤད་པའི་ཆོས་དེ་རྣམས་ཉམས་སུ་བླངས་ནས། མཉམ་པར་གཞག་པའི་
དུས་སུ་སྔར་བཤད་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་བསྒོམ་ཞིང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅུང་ཞིག་གསལ་བ་ན་རང་གི་ལུས་ཡོད་པར་མི་ཚོར་བ་དང༌། ཉོན་མོངས་པ་རྣམས་ཀྱང་ཅུང་ཟད་ཞི་བ་དང༌། འཇིག་རྟེན་པའི་བྱ་བ་དང༌། ཐ་སྙད་རྣམས་འོལ་ཕྱིར་བརྗོད་པ་དང༌། ཕྱི་ནང་གི་དངོས་པོ་ཀུན་ཡང་བན་བུན་དང༌། ལང་ལོང་དུ་མཐོང་བ་དང༌། གཟུགས་ཕྲ་བ་དང༌། རིག་པ་ཡང་བ་དང༌། ཁྱབ་པ་དང༌། འཇམ་པ་དང༌། ཡང་བ་དང༌། དགའ་བ་དང༌། ཉམས་བདེ་བ་འབྱུང་ངོ༌། །གཞན་ཡང་འཕགས་པ་སྡུད་པ་ལས་གསུངས་པའི་རྟགས་ཀྱང་སྐྱེ་སྟེ། ཐ་དད་འདུ་ཤེས་བྲལ་ཞིང་རིགས་པ་ལྡན་ཚིག་སྨྲ། །ཞེས་པ་ལ་སོགས་པའི་ཚིག་རྐང་པ་ཉི་ཤུ་རྩ་བཞི་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་རྣམས་བསྒོམས་པས་ཚོགས་ཀྱི་ལམ་ལ་གནས་པ་དང༌། ལས་དང་པོ་པའི་ས་དང༌། དད་པའི་ས་ལ་གནས་པ་དང༌། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་ཡིན་ནོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་རྣམས་བསྐྱེད་པར་བྱ་བའི་ཕྱིར་ཇི་སྐད་བཤད་པ་བཞིན་དུ་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པར་འབད་པ་དང༌། རིམ་གྱིས་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། སྣང་བ་ཐོབ་པ་དང༌། སྣང་བ་མཆེད་པ་དང༌། དེ་ཁོ་ནའི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་པ་དང༌། བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་དང། དོན་དམ་པའི་བདེན་པ་རྟོགས་པར་གྱུར་པ་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ། །དུས་དེར་བཟོད་པ་བཞི་དང༌། མཉམ་པ་ཉིད་བཞི་ཡང་སྐྱེའོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དང༌། དབང་བཅུ་དང༌། སྣང་བ་བརྒྱད་དང༌། རྒྱན་བཞི་དང༌། སྙིང་རྗེ་བཅུ་དྲུག་ལ་སོགས་པ་ཐོབ་པ་ཡིན་ཏེ། སའི་རྣམ་པར་གཞག་པ་ནི་མདོ་སྡེ་ས་བཅུ་པར་གསུངས་སོ། །ཇི་སྲིད་ས་བཅུའི་བར་དུ་ནང་དུ་མཉམ་པར་གཞག་པ་དང༌། དེའི་རྗེས་ལ་ཐོབ་པ་ཡིན་ཏེ་ཇི་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་བྱང་ཆུབ་སེམས་དཔའ་དེ་
ནང་དུ་མཉམ་པར་གཞག་པ་ན་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་ལ། དེའི་རྗེས་ལས་ཐོབ་པ་ན་སྒྱུ་མིའི་དཔེ་བརྒྱད་ཀྱི་ཚུལ་བཞིན་དུ་མཐོང་ངོ་ཞེས་གསལ་པོར་གསུངས་སོ། །གང་གི་ཚེ་རྣམ་པར་རྟོག་པ་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པ་ན་རྗེས་ལས་ཐོབ་པ་ཡང་མི་མངའ་སྟེ། ཆོས་ཀྱི་དབྱིངས་སུ་གྱུར་ནས་ཆོས་ཀྱི་སྐུ་མངོན་སུམ་དུ་བརྙེས་སོ། །དུས་དེ་ནས་བཟུང་ནས་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་ཆོས་ཀྱི་སྐུ་བཞུགས་པས་རྗེས་ལས་ཐོབ་པ་ཡང་མི་མངའོ། །གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པས་ན། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཀྱིས་གཟིགས། །ཞེས་གསུངས་པ་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐམས་ཅད་རྣམ་ཤེས་ཕུང་པོར་ཞུགས། །རྣམ་ཤེས་དེ་ཡང་འོད་གསལ་བའོ། །མྱ་ངན་འདས་དང་ཀུན་སྟོང་དང༌། །ཆོས་ཀྱི་སྐུ་ཡང་གསུངས་པ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། སངས་རྒྱས་དངོས་ནི་སྐྱེ་བ་མེད་པའོ་ཞེས་དང༌། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང༌། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་དང༌། ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང༌། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་དང༌། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང༌། ནམ་མཁའ་བཞིན་དུ་གོས་པ་མེད། །སྤྲོས་པ་མེད་ཅིང་མི་འགྱུར་བའི། །ངོ་བོ་གང་ཡིན་མཐོང་བ་ནི། །དེ་ཡིས་དེ་བཞིན་གཤེགས་པ་མཐོང༌། །འཕགས་པ་ཡོན་ཏན་རྫོགས་ཁྱོད་དང༌། །འགྲོ་བའི་བླ་མ་སངས་རྒྱས་ལ། །ཟླ་བ་དང་ནི་འོད་ཟེར་བཞིན། །མཁས་པ་རྣམས་ཀྱིས་དབྱེ་མ་མཐོང༌། །ཞེས་པ་དང༌། ཡང་སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། དགེ་ཆོས་ཀུན་ལ་མི་གནས་པར། །ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར་ཅིང༌། །མཆོག་ཏུ་ཟབ་པའི་བརྙེས་པ་ཡི། །ཟབ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཡང། ཆོས་ཀྱི་དབྱིངས་དང་སངས་རྒྱས་རྣམས། །དེས་ན་དོན་དུ་ཐ་མི་དད། །
ཅེས་དང༌། ཡང༌། སྐྱེ་བ་མེད་པའི་ངོ་བོ་ཡིས། །ཁྱོད་ལ་སྐྱེ་བ་ཡོད་མི་མངའ། །མགོན་པོ་གཤེགས་དང་བཞུགས་མི་མངའ། །དངོས་མི་མངའ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། ཡང༌། སངས་རྒྱས་རྣམས་ནི་དུས་རྟག་ཏུ། །ཆོས་ཉིད་འདི་ལྟ་བུ་ལ་བཞུགས། །ཞེས་པ་ལ་སོགས་པ་མང་དུ་གསུངས་ཏེ། རེ་ཞིག་བཞག་གོ །རྗེ་བཙུན་ཨཱ་ཪྻ་དེ་བའི་ཞལ་སྔ་ནས། རེ་ཞིག་དངོས་འདི་ནམ་མཁའི་ནགས་ཚལ་ལས། །སྐྱེས་པའི་པདྨ་བཞིན་དུ་དངོས་མེད་དེ། །གཉིས་ཀ་དག་ལས་གཞན་པའང་རི་བོང་རྭ་བཞིན་ནོ། །ཐར་པའི་རྣམ་པ་ཅི་འདྲ་བ་ཞིག་ཡོད། །ཅེས་པ་དང༌། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ཀྱང༌། སངས་རྒྱས་རྣམས་ཀྱང་གང་གི་ཚེ་གཞན་གྱི་དོན་མི་མཛད་པ་དེའི་ཚེ་ཡང་དག་པའི་མཐའ་ལ་གནས་ནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་བཞུགས་སོ་ཞེས་གསུངས་པ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། འདི་ལྟར་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་སྐུར་གྱུར་པ་དེའི་ཚེ་སངས་རྒྱས་མ་ལུས་པ་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དུ་གྱུར་ནས་དེའི་ངང་དུ་བཞུགས་སོ་ཞེས་བསྡུ་བ་གཏན་ལ་དབབ་པར་གསུངས་པས། སློབ་དཔོན་འདི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞེད་དེ། ས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དོན་འདི་ལས་དགོངས་ནས་རྡོ་རྗེ་ཕྲེང་བའི་རྒྱུད་ལས། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་ཀྱང་བྱ། །སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན། །ཞེས་གསུངས་སོ། །སློབ་དཔོན་ཟླ་གྲགས་ཀྱི་ཞལ་སྔ་ནས་ཀྱང༌། ཆོས་ཉིད་སྐྱེ་བ་མེད་པ་ནི། །ཐུབ་གནས་སངས་རྒྱས་ཡིན་པར་གསུངས། །ཞེས་གསུངས་སོ། །ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པས་བདེན་པ་གཉིས་ཀྱི་ཚུལ་མི་ཤས་པ་དག་ན་རེ་ཁྱེད་དབུ་མ་པ་ལྟར་གྱུར་ན་སངས་རྒྱས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་མང་པོར་བྱང་ཆུབ་
སེམས་དཔར་གྱུར་པ་ན་བྱ་དཀའ་བ་དཔག་ཏུ་མེད་པ་མཛད་པ་དང༌། བསོད་ནམས་ཀྱི་ཚོགས་གྲངས་མེད་པ་བསགས་པ་ལ་དོན་མེད་ཅིང་ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ། །སེམས་ཅན་རྣམས་འཁོར་བ་ནས་འདོན་པར་བྱེད་པ་མེད་པས་སྡིག་པ་ཅན་གྱི་ལྟ་བ་དེ་ཐག་བསྲིངས་ལ་བཞག་གོ །འདི་ནི་དཀར་པོའི་ཆོས་ཀྱི་ལོ་ཏོག་གི་སེར་བ། ཕྱི་རོལ་པ་ཆད་པར་སྨྲ་བ་པས་འདི་ལྷགས་པས་འདི་ལྟ་བུ་འདི་སྦ་ཞིང་གསང་བར་རིགས་སོ། །དབུ་མ་པས་སྨྲས་པ། ཁྱོད་ནི་བློ་གྲོས་མ་སྦྱངས་ཤིང་བླུན་པ་སྟེ། མདོ་སྡེ་སྤྲིན་ཆེན་པོ་དང༌། ལང་ཀར་གཤེགས་པ་དང༌། རྔ་བོ་ཆེའི་ལེའུ་དང༌། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་རྣམས་སུ་ཡང་དང་ཡང་དུ་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་སྐུར་པ་འདེབས་པ་དེ་དག་ནི་རང་ཕུང་བར་བྱེད་དོ། །དེའི་བཞེད་པའི་གཞུང་གིས་སངས་རྒྱས་རྣམས་ཆོས་སྐུར་གྱུར་ཅིང༌། དེའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་སྤངས་ནས་ཆོས་ཀྱི་དབྱིངས་སུ་གྱུར་པས་དེས་ན་དབྱིངས་དང་ཡེ་ཤེས་དང༌། ཡུལ་དང་ཡུལ་ཅན་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡོད། སློབ་དཔོན་གྱི་ཞལ་ནས་ཀྱང༌། གང་ཕྱིར་འདས་པ་མེད་པས་ན། །དེ་ཕྱིར་མ་འོངས་པ་ཡང་མེད། །གནས་ནི་ཡོངས་སུ་གྱུར་པའི་ཕྱིར། །ད་ལྟར་བྱུང་བ་གང་ན་གནས། །ཞེས་དང༌། མཉམ་པར་གཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྦངས་པ། །ཟུང་འཇུག་ཡིན་པར་སྟོན་ངས་གསུངས། །ཞེས་གསུངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་བཞེད་དོ། །དུས་དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་སྤྲོས་པ་མ་ལུས་པ་ཞི་བ་ཡིན་པས་རྗེས་ལས་ཐོབ་པའི་ཡེ་ཤེས་བྱ་བ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་ཏེ་མེད་དོ། །འཕགས་པ་ལང་ཀར་གཤེགས་པ་ལས། འཁྲུལ་པ་ཐམས་ཅད་སྤངས་ནས་ཀྱང༌། །གལ་ཏེ་འཁྲུལ་པ་སྣང་གྱུར་ན། །དེ་ནི་འཁྲུལ་པ་ཡང་དག་སྟེ། །རབ་རིབ་ཡོངས་སུ་མ་དག་བཞིན། །ཞེས་གསུངས་ཏེ། དེ་ལ་རབ་རིབ་ནི་གསུམ་སྟེ། མི་མཁས་པ་རབ་རིབ་ཅན་དང༌། མཁས་པ་རབ་རིབ་ཅན་དང༌། མཁས་པ་རབ་རིབ་དངས་པའོ། །སངས་རྒྱས་རྣམས་ནི་རབ་རིབ་དངས་པ་ཡིན་པས་སླང་ཡང་
རབ་རིབ་སྣང་བར་མི་འགྱུར་རོ། །འོ་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་ཕྲིན་ལས་ཀྱང་མི་མངའམ་ཞེ་ན། སྨྲས་པ། རྒྱུ་གསུམ་དང་རྐྱེན་གཅིག་གིས་གདུལ་བྱའི་ངོ་གང་ལ་སྣང་བ་སྟེ། གདུལ་བྱའི་དབྱེ་བས་སྐུ་ཡང་སྣ་ཚོགས་སུ་སྣང་ངོ༌། །ཡེ་ཤེས་ཀྱང་རང་འབྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། བླ་མ་ཨ་ཝ་དྷཱུ་ཏཱི་པ་དང༌། བླ་མ་ཏཱ་མྲ་དྭཱི་པའི་ཞལ་ནས། ཡེ་ཤེས་ཆོས་ཀྱི་དབྱིངས་དང་ཐ་མི་དད། །ཆོས་ཀྱི་དབྱིངས་ལ་རང་འབྱུང་ཡེ་ཤེས་བཏགས། །བསམ་དུ་མེད་ཅིང་ཚིག་གི་སྤྲོས་དང་བྲལ། །གདུལ་བྱའི་ངོ་གང་དེ་ཉིད་རྣམ་ལྔར་གསུངས། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་ཞེས་གསུངས་སོ། །ད་བཞིན་དུ་སྟོབས་བཅུ་ལ་སོགས་པ་དང༌། ཆོ་འཕྲུལ་གསུམ་དང༌། ཕྲིན་ལས་ཉི་ཤུ་རྩ་ལྔ་དང༌། ཕྲིན་ལས་སུམ་ཅུ་རྩ་གཉིས་རྣམས་གདུལ་བྱའི་ངོ་གང་ལ་སྣང་ངོ༌། །དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས། མགོན་པོ་སེམས་པ་མི་མངའ་ཞིང༌། །རྣམ་རྟོག་གཡོ་བ་མི་མངའ་ཡང༌། །ཁྱོད་ཉིད་དང་གིས་སེམས་ཅན་ལ། །སངས་རྒྱས་ཕྲིན་ལས་མཛད་པར་འགྱུར། །ཡང༌། རྣམ་རྟོག་རླུང་དམར་ཐམས་ཅད་ཀྱིས། །དཔག་བསམ་ཤིང་ལྟར་མི་བསྐྱོད་ཀྱང༌། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི། །བསམ་པ་ཡོངས་སུ་རྫོགས་པར་མཛད། །ཡང༌། མགོན་ཁྱོད་སེམས་ཅན་འདུ་ཤེས་ཀྱི། །འཇུག་པ་ཀུན་དུ་མི་མངའ་ཡང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ཕན་གཏོང་མཛད་པ་ཁྱོད། །ཡང༌། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུའི་གཙོ་བོ་ཡིན་པར་བཞེད། །སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་དག་ཞར་ལ་འབྱུང་བར་བཞེད། །ཅེས་གསུངས་སོ། །ཡང་སློབ་དཔོན་ཨཱཪྻ་དེ་བའི་ཞལ་ནས། བསྐལ་པ་གྲངས་མེད་མང་པོ་རུ། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །མཐར་ཐུག་ཆོས་སྐུ་བརྙེས་པ་ན། །ཇི་སྲིད་འགྲོ་བ་གནས་དོན་དུ། །མྱ་ངན་མི་འདའ་གཞན་དོན་མཛད།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས། །གཞན་དོན་མ་ཡིན་སྤྱད་མི་བྱ། །རང་དོན་ཙམ་ལ་འབད་པ་ནི། །འགྲོ་བ་ལྔ་པོ་ཐམས་ཅད་སྤྱོད། །རྟག་ཏུ་སྙིང་རྗེ་གཞན་གྱི་དོན། །ཉམས་སུ་ལེན་པའི་སྐྱེས་མཆོག་ནི། །འགྲོ་བའི་ཕ་མ་དགའ་དགའ་ན། །ཞེས་གསུངས་སོ། །སྐུ་གསུམ་
རྣམ་པར་གཞག་པ་ནི། སློབ་དཔོན་གྱི་ཞལ་སྔ་ནས་གཞན་དུ་གསུངས་པས་འདིར་བཞག་གོ །དེ་ལྟར་ཆོས་ཀྱི་སྐུའི་བྱིན་རླབས་ལས་རྒྱུ་གསུམ་དང་རྐྱེན་གཅིག་གིས་གཟུགས་ཀྱི་སྐུ་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྟོན་ཏེ། སྐུའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ངོ༌། །དོན་འདི་ལ་དགོངས་ནས་རྒྱུད་ལས། བསམ་པ་ཐ་དད་མོས་པ་དུ་མ་ཡི། །སེམས་ཅན་དབང་གིས་ཁྱད་པར་མང་པོ་འཁྲུངས། །གཅིག་ན་ཆུ་ཡི་སྣོད་ནི་དུ་མ་རུ། །ཟླ་བའི་གཟུགས་བརྙན་ཤར་བ་དག་དང་མཚུངས། །ཞེས་གསུངས་པ་དང༌། རྗེ་བཙུན་ཨཱཪྻ་དེ་ཝའི་ཞལ་སྔ་ནས་ཀྱང༌། ནོར་བུ་ཤང་ཀ་ཤི་ལ་བྱུ་རུ་དང༌། །བཻཌཱུཪྻ་དང་ཟངས་ཀྱི་སྣོད་རྣམས་བཀོད་པ་ལས། །དེ་ལ་ཟླ་བ་གཅིག་ནི་ནམ་མཁའི་དཀྱིལ་ནས་ནི། །ཡོངས་སུ་གྱུར་ནས་གཟུགས་ནི་སོ་སོར་ཐ་དད་སྣང་བ་ལྟར། །དེ་བཞིན་མགོན་པོ་དེ་ཉིད་ཐུགས་རྡོ་རྗེ། །འགྲོ་བའི་ཚོགས་སུ་སྣ་ཚོགས་ཉིད་དུ་ཁྱབ་ནས་བཞུགས། །ཞེས་གསུངས་སོ། །བསོད་ནམས་ཆུང་བ་དབང་པོ་དམན་པ་རྣམས་ལ་སྐུ་ཡེ་མི་སྣང་ངོ༌། །མདོ་སྡེའི་རྒྱན་ལས་ཇི་སྐད་དུ། ཇི་ལྟར་སྣོད་ཆག་གྱུར་པ་ལས། །ཟླ་བའི་གཟུགས་བརྙན་མི་སྣང་ཞིང༌། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། ཞེས་གསུངས་སོ། །དེ་བཞིན་དུ་གསུང་དེ་ཡང་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་སྟེ། སངས་རྒྱས་རྣམས་ཀྱི་གདུལ་བྱ་ལ། །ཇི་ལྟར་མོས་པའི་ཆོས་གསུངས་ཏེ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་པའི་ཆོས་གསུངས་སོ། །ཁ་ཅིག་ན་ནི་རྒྱུ་འདྲས་གཉིས། །ཆུད་མི་གསན་ཞེས་ཆོས་གསུངས་ཏེ། །ཁ་ཅིག་ལ་ནི་བདེན་པ་གཉིས། །རྣམ་པར་དབྱེ་བའི་ཆོས་གསུངས་སོ། །ཟབ་མོ་ཁུ་འཕྲིག་ཅན་རྣམས་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཇི་ལྟར་མོས་པའི་ཆོས་གསུངས་སོ། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་དང༌། ཡང༌། སྣོད་མ་དག་ལ་མི་སྣང་སྟེ། །ཚངས་པས་གསོལ་བ་བཏབ་པ་ན། །ཟབ་མོ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བདག་ཉིད་གཅིག་པུ་
ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་སོ། །སློབ་དཔོན་གྱི་ཞལ་སྔ་ནས་ཀྱང༌། གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་སྣང་བས། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །སངས་རྒྱས་ཐམས་ཅད་མཁྱེན་བར་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་དོན་འདི་འཕགས་པ་གསང་བ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་ལ་སྐྱོན་ཅི་ཡང་མེད་དོ། །གང་དག་གཞུང་འདི་ལ་སྐུར་པ་འདེབས་པ་དེ་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྤངས་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི་གཞུང་རྒྱས་བར་མཛད་དོ། །སློབ་དཔོན་ཆོས་སྐྱོབ་དང༌། སློབ་དཔོན་སངས་རྒྱས་ལྷ་དང༌། དབྱིག་བཤེས་དང༌། དབྱངས་སྒྲོགས་དང༌། ཡིད་འོང་ལ་སོགས་པས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར་མཛད་དོ། །སློབ་དཔོན་དགེ་སྲུངས་དང༌། ཆོས་མཆོག་དང༌། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཐོགས་མེད་དང༌། དབྱིག་གཉེན་དང། བློ་བརྟན་དང༌། ཤེས་རབ་འབྱུང་གནས་སྦས་པ་དང༌། ཀ་ལིང་ཀ་དང༌། ལྷ་དབང་བློ་དང༌། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་བྷ་བྱ་དང༌། བུདྡྷ་པཱ་ལི་ཏ་དང༌། དེ་བ་ཤརྨ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་དང༌། ཤཱནྟ་རཀྵིཏ་དང༌། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི་དབུ་མའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་ཙནྡྲ་གོ་མི་དང༌། སློབ་དཔོན་དཔའ་བོ་དང༌། སློབ་དཔོན་རྒྱ་མཚོ་སྤྲིན་དང༌། སློབ་དཔོན་ཤཱནྟ་དེ་བ་དང༌། སློབ་དཔོན་ལུན་ཏ་ཀ་ལ་སོགས་པས་སེམས་བསྐྱེད་མ་ཐག་པ་ལས་དང་པོ་པའི་ཕྱིར་ཚད་མེད་པ་བཞི་དང༌། བསྡུ་བའི་དངོས་པོ་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཇི་ལྟར་ཉམས་སུ་བླང་བའི་སྤྱོད་པ་རྒྱ་ཆེན་པོའི་གཞུང་རྒྱས་པར་མཛད་དོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཨཱཪྻ་དེ་བ་དང༌།
སློབ་དཔོན་མ་ཏི་ཙི་ཏྲ་དང༌། སློབ་དཔོན་ཀཾ་པ་ལ་དང༌། སློབ་དཔོན་ཟླ་བ་གྲགས་པ་དང༌། སློབ་དཔོན་ལྔ་པོ་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ། །དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ། །འདི་ལྟར་བཀའ་གསང་སྔགས་ཀྱི་གཞུང་ཡང་སློབ་དཔོན་སངས་རྒྱས་གསང་བ་དང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སློབ་དཔོན་ཤེས་རབ་གྲུབ་པ་དང༌། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་དང༌། བྱ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་འབའ་ཞིག་གསལ་བར་བྱས་སོ། །སློབ་དཔོན་ཙཱཪྻ་བ་དང༌། སློབ་དཔོན་རྡོ་རྗེ་ དྲིལ་བུ ་དང༌། སློབ་དཔོན་ལཱུ་ཡི་པ་ལ་སོགས་པས་དཔལ་བདེ་མཆོག་གི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །སློབ་དཔོན་ཌོཾ་བི་ཧེ་རུ་ཀ་དང༌། ས་ར་རཱུ་པ་ལ་སོགས་བས་དཔལ་ཧེ་བཛྲའི་རྒྱུད་ཀྱི་དོན་ཙམ་གསལ་བར་མཛད་དོ། །སློབ་དཔོན་ཀུ་ཀུ་རི་བ་དང༌། ཆོས་ཀྱི་ཞབས་ལ་སོགས་པས་ནི་དཔལ་མ་ཧཱ་མཱ་ཡཱའི་དོན་གསལ་བར་མཛད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་སྐྱེ་བོ་མ་ལུས་པ་ལ་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། ཐ་མ་ལ་པ་ལ་ཤིན་ཏུ་ཕན་གདགས་པའི་ཕྱིར་རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ་མཛད་དོ། །བློན་པོ་རྣམས་ལ་ཕན་གདགས་པའི་ཕྱིར་ཤེས་རབ་བརྒྱ་པ་དང༌། བརྟག་པ་བཅུ་གཉིས་པ་ལ་སོགས་པ་མཛད་དོ། །རྒྱལ་པོ་རྣམས་ཀྱི་ཕྱིར་བཤེས་པའི་སྤྲིང་ཡིག་དང༌། རིན་པོ་ཆེའི་ཕྲེང་བ་མཛད་དོ། །འཁོར་རྣམ་བཞིར་གཏོགས་པ་བསོད་ནམས་ཆུང་བ་རྣམས་ཀྱི་ཕྱིར་སྦོས་སྦྱོར་ཆེ་ཆུང་ལ་སོགས་པ་མཛད་དོ། །སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ་བ་དང༌། སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང༌། ཉི་ཤུ་པ་དང༌། བདུད་རྩིའི་སྙིང་ཐིགས་དང༌། འཚོ་བའི་མདོ་ལ་སོགས་པ་མཛད་དོ། །ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོག་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང༌། མདོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ། །ཡང་དེ་དག་གི་ཐོག་ཏུ་དབུ་མ་རྩ་བའི་ཤེས་རབ་
དང༌། དེ་ལས་འཕྲོས་པ་རྩོད་པ་བཟློག་པ་དང༌། སྟོང་པ་ཉིད་བདུན་ཅུ་པ་མཛད་དོ། །དེའི་ཡན་ལག་ཏུ་རིགས་པ་དྲུག་ཅུ་པ་དང༌། ཐེག་པ་ཆེན་པོ་ཉི་ཤུ་པ་དང༌། སྲིད་པ་འཕོ་བ་དང༌། བསྒོམ་བའི་རིམ་པ་དང༌། རྣམ་པར་འཐག་བ་དང༌། ཚིག་བརྒྱ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང༌། དོན་དམ་པར་བསྟོད་པ་དང༌། རྣམ་པར་མི་རྟོག་པར་བསྟོད་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་དང༌། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང༌། སཱ་ལུ་ལྗང་པའི་འགྲེལ་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་རྩ་འགྲེལ་དང་བཅས་པ་དང༌། དེ་བཞིན་དུ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང༌། ཆོ་ག་ཉི་ཤུ་པ་དང༌། པཎྜི་ཀྲི་ཏ་དང༌། མདོ་དང་བསྲེས་པ་དང༌། དཔལ་རིམ་པ་ལྔ་པ་མཛད་དོ། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱི་ཀ་མཛད་དོ། །མཚན་ཡང་དག་བར་བརྗོད་པའི་འགྲེལ་པ་དང༌། རྗེ་བཙུན་ཁརས་པཱ་ཎིའི་སྒྲུབ་ཐབས་དང༌། ཡི་གེ་དྲུག་པ་དང༌། ཨ་ར་པ་ཙ་ན་དང། ངག་གི་དབང་ཕྱུག་དང༌། ཚིག་སྦྱིན་གཞོན་ནུ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཛད་དོ། །དམ་ཚིག་གསུམ་བཀོད་པའི་ཆོ་ག་དང༌། དཔའ་བོ་གཅིག་སྒྲུབ་དང༌། དེའི་མན་ངག་འདོད་འཇོའི་བ་མོ་དང༌། གཏོར་མ་སུམ་ཅུ་པ་དང༌། སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ལ་སོགས་པ་མང་དུ་མཛད་དོ། །སྐྱེས་བུ་དམ་པ་དེ་སངས་རྒྱས་དངོས་ཡིན་པས་དེས་མཛད་པའི་གཞུང་དག་ལ་ཡིད་རྟོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་སྤྲིན་ཆེན་པོ་ལས། ལྷའི་བུ་དག་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་འཇིག་རྟེན་དུ་བྱུང་བའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་བསྟན་པ་འཛིན་པ། བློན་པོ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་རྒྱལ་པོ་དང་བློན་པོ་གཉིས་རིང་བསྲེལ་ཡོད་པ་དང་མེད་
པའི་རྩོད་པ་བྱས་པ་དང༌། རྒྱལ་པོའི་ལེགས་པར་བཤད་པས་དུས་དེའི་འཁོར་ངོ་མཚར་སྐྱེས་ནས། བཅོམ་ལྡན་འདས་དེ་ལ་ཞུས་པས་རྒྱལ་པོ་དེ་ཟབ་མོ་ལ་མཁས་པ་ལགས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་དེས་རྒྱལ་པོའི་ཡོན་ཏན་རྒྱས་པར་བཤད་དེ་མདོ་སྡེར་བལྟའོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་སངས་རྒྱས་ལ་རིན་པོ་ཆེ་སྤར་གང་གཏོར་ནས་སྨོན་ལམ་བཏབ་པ་མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ཏུ་ཆ་བའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་མཇུག་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ། ཆོས་གོས་གྱོན་པ་ཙམ་དང་སྐྲ་བྲེགས་པ་ཙམ་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང་སྟེ་དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །དེའི་རྗེས་ལ་བློན་པོ་དང་བཙུན་མོས་ཀྱང་སྨོན་ལམ་བཏབ་བོ། །ལྷའི་བུ་དག་ང་འདས་ནས་ལོ་བརྒྱ་ཕྲག་མང་པོ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ལོ་བརྒྱ་ན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པ་ན་ངའི་ཉན་ཐོས་འབྱུང་བར་འགྱུར། དམ་པའི་ཆོས་འབྱིན་པར་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཐེག་པ་ཆེན་པོ་གཞན་ལ་རྒྱས་པར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང༌། ཡང་དགེ་སློང་དེ་ལུང་སྟོན་པ་ཉོན་ཅིག །དེ་ནི་ང་ལ་དབེན་པ་དང༌། ངའི་བསྟན་པ་རྒྱས་པར་བྱེད་པ་དང༌། ཁུར་ཆེན་པོ་ཁྱེར་བ་དང༌། ངའི་ཤཱཀྱའི་གཞོན་ནུ་ཡིན་ཏེ། ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་བྱིའོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གྱི་གྲོང་ཁྱེར་ཆེན་པོའི་བྱང་ཕྱོགས་སུ་སྐྱེ་བར་འགྱུར་རོ། །རིགས་ཆེན་པོ་རྣམ་པར་དག་པ་བྷྲ་གོ་ཅན་དེ་ནི་ཤཱཀྱའི་རིགས་ཡིན་ནོ། །ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ངའི་ཆོས་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མིའི་མཆོག་འདི་རིགས་ཆེན་པོ་རྒྱལ་རིགས་སུ་སྐྱེ་བར་འགྱུར་ཏེ། དེའི་ཉེ་དུ་འབྲལ་བ་ཐམས་ཅད་དེའི་མིང་ལས་འདོགས་སོ། །དེ་རབ་ཏུ་བྱུང་ནས་དེའི་འཁོར་རྣམས་ཀྱང་དམ་པའི་ཆོས་ཀྱི་ཕྱིར་སྲོག་བཏང་ནས་ཆོས་གསུང་ངོ༌། །ཡང་དེའི་རྗེས་ལ་འདི་སྐད་དུ་དེའི་གཞུང་ལ་
མོས་པ་ནི་ཉུང་སྟེ་ཕལ་ཆེར་མི་མོས་སོ། །ཆོས་བཞི་དང་ལྡན་ན་དེ་ལ་མོས་ཤིང་ཡིད་ཆེས་པར་འགྱུར་རོ། །སངས་རྒྱས་སྔ་མ་དག་ལ་དེའི་གཞུང་ཐོས་ཤིང་མོས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། ལྷག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང༌། རྒྱ་ཆེན་པོ་ལ་མོས་པའོ། །དེ་ལ་མི་མོས་ཤིང་ཡིད་མི་ཆེད་པ་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབས་པའི་གཏི་མུག་ཅན་ཡིན་ནོ། །དེ་ལ་མོས་ཤིང་ཡིད་ཆེས་པ་དག་ནི་སངས་རྒྱས་ཀྱི་ཐུགས་ལ་དགོངས་སོ། །དེ་ལ་བསྙེན་བཀུར་བྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དེའི་བཀའ་མཉན་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བཀའ་མཉན་པ་ཡིན་ནོ། །ཡང་དེའི་རྗེས་ལ་དེ་འཆི་བའི་དུས་བྱས་པ་ན་ངའི་དམ་པའི་ཆོས་ནུབ་པ་ཡིན་ནོ། །དེ་དང་འདྲ་བའི་གང་ཟག་མེད་དེ་ཡེ་མི་སྲིད་དོ། །ཡང་གཏམ་མང་པོའི་རྗས་ལ་དེའི་ཕྱོགས་བྱེད་པ་དང༌། དེའི་གཞུང་རྒྱས་པར་བྱེད་པ་དང༌། དེའི་འཁོར་དང༌། དེའི་གཞུང་འཛིན་པ་དེ་དག་ནི་སངས་རྒྱས་པ་ན་དེའི་འཁོར་གྱི་གཙོ་བོར་འགྱུར་རོ། །བསྐལ་པ་བཟང་པོ་འདིའི་རྗེས་ལ་བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་མི་འབྱུང་ངོ༌། །དེའི་རྗེས་ལ་སངས་རྒྱས་བདུན་འབྱུང་ངོ༌། །དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཞུང་མང་དུ་གསུངས་སོ། །འདིར་ཆེ་ལོང་ཙམ་བྲིས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ལས། དགེ་སློང་ཀླུ་སྒྲུབ་ཅེས་པ་འབྱུང༌། །རང་བཞིན་མེད་དོན་དེ་ཉིད་རིགས། །རྨ་བྱ་ཞེས་བྱའི་གཟུངས་བསྒྲུབས་ནས། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཞེས་པ་ནས། རབ་ཏུ་དགའ་
བའི་ས་བསྒྲུབས་ནས། བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་ལེའུར་ཡང་ལུང་བསྟན་པ་ཡིན་ནོ། །འཕགས་པ་གསེར་འོད་དམ་པའི་མདོར་ཡང་ལུང་བསྟན་པའི་ཚིག་ནི་མེད་ཀྱི། སངས་རྒྱས་ཀྱི་རིང་བསྲེལ་ལ་བྲམ་ཟེ་ཀཽཎྜི་ནྱ་ཡ་དང༌། ལི་ཙྪ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་བརྩད་པ་མཛད་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང༌། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོ་རང་རིག་པ་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་བལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ་ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཤེས་ཤིང་འཛིན་པ་དང༌། དེའི་བརྒྱུད་པའི་མན་ངག་ཟབ་མོ་ཡོད་པ་དང༌། ཉམས་སུ་ལེན་པའི་གང་ཟག་དེས་ནི་སྐྱེ་བ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་སྤྱད་པར་བྱས་པ་ཡིན་ན། །ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དེ་སྲིད་དུ་དེའི་མན་དག་མི་འཆད་དེ། རྗེ་བཙུན་ཨཱཪྻ་དེ་བའི་ཞལ་སྔ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚན་ཕྱེད་ཀྱི་དུས་ན་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པ་ནས་གཟུང་སྟེ། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་གནས་པ་དེ་སྲིད་དུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བཟུང་སྟེ། བླ་མའི་ཞལ་ནས་བླ་མའི་ཞལ་དུ་འཕོས་པ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔའི་མན་ངག་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་
པ་ཡིན་ནོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་ཀྱི་ཞལ་སྔ་ནས། རྣལ་འབྱོར་པ་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ་དག་གིས་ཀྱང་སློབ་དཔོན་གྱི་ཞལ་སྔ་ནས་ཉེ་བར་གནང་བའི་དེ་ཁོ་ན་ཉིད་ཤིན་ཏུ་ཟབ་མོའི་མན་ངག་རྙེད་པར་དཀའ་བ་འདི་གཏེར་དང་འདྲ་བའི་སློབ་དཔོན་རྣམས་ནི་རིན་པོ་ཆེའི་བུམ་པར་བདུད་རྩིའི་ཆུ་བྱོ་བ་ལྟར་ཞལ་ནས་ཞལ་སྙན་ནས་སྙན་དུ་འཕོ་ཞིང་བཞེས་པ་འདི་ཇི་སྲིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གནས་པ་དེ་སྲིད་དུ་འདི་ཡང་ནུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་སྨིན་པའི་སྐུ་ལུས་དེ་ཉིད་དེ་ལྟ་དཔལ་གྱི་རིལ་བཞུགས་ཏེ། དུས་གཅིག་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་དཔལ་གྱི་རི་ལ་སོང་ནས་སློབ་དཔོན་གྱི་དབུ་བསླངས་པས། སློབ་དཔོན་གྱི་ཞལ་སྔ་ནས་རྒྱལ་བུ་ཆོད་ལ་ཁྱེར་ཅིག་གསུངས་ནས་རལ་གྲི་ལན་ལྔར་བཏབ་པས་མཆོད་ནས། སློབ་དཔོན་གྱི་ཞལ་ནས་རྩྭ་ཀུ་ཤ་ཅིག་ལོང་གསུངས་ནས་རྒྱལ་བུས་དེ་བླངས་ཏེ་ཕུལ་བས། སློབ་དཔོན་ཉིད་ཀྱིས་སྐེ་ལ་རྩྭས་བསྐོར་བས་དབུས་ལ་ལྷུང་ནས་རྒྱལ་བུའི་ལག་ཏུ་བྱིན་ནོ། །རྒྱལ་བུས་མ་ཐེག་ནས་དེ་ཉིད་དུ་བཞག་ནས་སོང་ངོ༌། །ད་ལྟར་ཡང་དབུ་དང་ལུས་ཀྱི་ཁོག་པ་རིན་པོ་ཆེའི་འོད་འཕྲོ་བའི་ཁང་པ་བརྩེགས་པ་ན་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པས་ཉིན་དང་མཚན་དུ་རྟག་ཏུ་མཆོད་པ་བྱེད་དོ། །འདི་ལ་གཏམ་རྒྱུད་རིང་པོ་ཡོད་དེ་འདིར་གཞག་གོ །སྨོན་ལམ་གྱི་སྐུ་ནི་བདེ་བ་ཅན་ན་བཞུགས་ཏེ། བཅོམ་ལྡན་འདས་འོད་དཔག་མེད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་པོ་ཆེ་ཞེས་མཚན་བཏགས་ནས་སྐུ་མདོག་དཀར་པོ་ཕྱག་གཉིས་པ་གཡས་མཆོག་སྦྱིན་པ། གཡོན་པདྨ་དཀར་པོ་བསྣམས་པའོ། །བླ་མ་རྗེ་བཙུན་ཨ་བ་དྷཱུ་ཏཱི་པའི་ཞལ་ནས། ངའི་བླ་མ་རྗེ་བཙུན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨ་བ་དྷཱུ་ཏཱི་པ་མངོན་བར་ཤེས་པས་སྔོན་ཇི་ལྟར་མངའ་བ་བཞིན་ཞལ་གཟིགས་ཤིང་ཆོས་གསན། རེས་དཔལ་གྱི་རིལ་གཟིགས་ཤིང་བཞུགས་ཏེ། འཕགས་པའི་སློབ་མ་རྗེ་བཙུན་ཀླུའི་བྱང་ཆུབ་དུས་དེ་ལྟ་དཔལ་ཤ་བ་རི་པར་གྲགས་པ་ཡང་དུས་རྟག་ཏུ་ཆོས་གསན་པ་ཡིན་ནོ་ཞེས་བླ་
མ་ཨ་བ་དྷཱུ་ཏཱིས་གསུངས་སོ། །རང་གི་སྡུག་བསྔལ་ཡལ་བར་བོར་ནས་གཞན་གྱི་སྡུག་བསྔལ་གྱི་མེས་གདུངས་པ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཆོས་ཟབ་མོ་ལ་མི་སྐྲག་པར་མོས་པ་དང༌། བདག་བསྒྲུབ་པ་དང་མི་འབྲལ་བར་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ་དང༌། གཞན་གྱི་དོན་དཀའ་བ་མེད་པར་མྱུར་དུ་བྱ་བ་དང༌། མངོན་པར་ཤེས་པ་མྱུར་དུ་སྐྱེ་བར་འདོད་པས་ཐབས་ཁྱད་པར་ཅན་གྱི་ཐེག་པ་ལ་འཇུག་པར་བྱའོ། །བླ་མ་བཟང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུས་ནས་སྒྲུབ་པ་གཙོ་བོར་བྱའོ། །གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང༌། སློབ་མས་ཀྱང་མི་བླང་ངོ༌། །དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནུབ་པར་བྱེད་པས་སེམས་ཅན་དམྱལ་བར་སློབ་དཔོན་དང་སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ། །གལ་ཏེ་གསང་སྔགས་སྤྱོད་ན་དབང་མནོས་ལ་བུམ་པའི་དབང་ཐོབ་པ་དེས་རྒྱུད་གང་ཡང་རུང་བའི་སྒོར་ཞུགས་ལ་རང་འདོད་པའི་ལྷའི་ཏིང་ངེ་འཛིན་དང༌། བཟླས་པའི་སྔགས་བླ་མ་ལ་ཞུས་ལ་སྒྲུབ་པ་གཙོར་བྱེད་ཅིང་དམ་ཚིག་དང་སྡོམ་པ་ཉི་ཤུ་ཤིན་ཏུ་གཙང་བར་བསྲུང་སྟེ་བསྒྲུབ་པར་བྱའོ། །གང་གི་ཚེ་ནུས་པ་སྐྱེས་པ་ན་ཕྲིན་ལས་བཞི་དང༌། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་ཀྱི་ས་གཞན་གྱི་དོན་བྱ་དཀའ་བ་མེད་པར་འགྱུར་རོ། །དེ་བས་ན་རྒྱུད་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དངོས་གྲུབ་རླབས་ནི་འཁྲིགས་པ་ཅན། །དཔེའམ་ལུང་མ་བསྟན་ཚིག་གམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །བདག་གི་བླ་མ་ཡ་བ་དྭཱི་པ་བསོད་སྙོམས་པ་ཨ་ཝ་དྷཱུ་ཏཱིའི་ཞལ་ནས། ཐེག་པ་གཉིས་པོས་སྤངས་པ་ཡང༌། །འདིར་ཞུགས་ཕྱག་རྒྱ་ཆེན་པོ་འཐོབ། །དེའི་ཕྱིར་གསང་སྔགས་ཐེག་པ་འདིར། །མཁས་པ་སུ་ཞིག་སྤྱོད་མི་བྱེད། །ཅེས་གསུངས་སོ། །དོན་གཅིག་ཉིད་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ནས། །གསང་སྔགས་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །འདིར་
ནི་དབང་བསྐུར་ཐོབ་པར་མ་བྱས་པར་འདིར་འཇུག་པར་མི་བྱ་བས་ལྷ་བསྒོམ་པ་དང་སྔགས་བཟླས་པ་མི་བྱ་སྟེ། རྗེས་སུ་གནང་བ་མ་ཐོབ་པས་གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་རྣམ་པར་ཐར་པ་འདྲེས་པར་འགྱུར་བའི་ཕྱིར་རོ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀུན་ནས་སྤྲོས་པ་དང་བྲལ་བའི་རྫོགས་པའི་རིམ་པའི་མན་ངག་ནི་སྣོད་མ་ཡིན་པ་ལ་བསྟན་པར་མི་བྱའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ཆགས་ལམ་པས་དབང་གཉིས་པོ་བླངས་པ་ལ་ཉེས་པ་མེད་དོ། །རང་གི་ཆུང་མས་ཆོག་ཤེས་ཤིང༌། །གཞན་གྱི་བུད་མེད་ལ་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤངས། །དགེ་བསྙེན་དེ་ནི་མཐོ་རིས་འགྲོ། །ཞེས་མདོ་ལས་གསུངས་སོ། །སྒྲིབ་གཉིས་མྱུར་དུ་སྦྱངས་པ་དང༌། །ཚོགས་གཉིས་མྱུར་དུ་བསགས་པའི་ཕྱིར། །གསང་སྔགས་ཐེག་པ་སྦྱང་བྱ་ཞེས། །མར་མེ་མཛད་དཔལ་ཡེ་ཤེས་སྨྲ། །ཤཱཀྱའི་དགེ་སློང་བློ་རྣོན་པོ། །ཤེས་རབ་སྙིང་རྗེ་ཁྲིམས་དང་ལྡན། །ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བའི། །སློབ་མ་བཟང་པོས་བསྐུལ་ནས་བྲིས། །དེ་བ་པཱ་ལའི་ཐུགས་དམ་བི་ཀྲ་མ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་ཆེན་དུ། །བླ་མ་དམ་པ་རྣམས་ཀྱིས་གསུངས་པ་བཞིན། །མར་མེ་མཛད་དཔལ་ཡེ་ཤེས་དེ་ཡིས་བྲིས། ཟས་ནོར་ཕྲན་ཚེགས་ཙམ་ལ་མི་ལྟ་ཞིང༌། །ལེགས་པར་མ་བརྟགས་པ་ལ་འདི་མི་སྦྱིན། །འཕགས་པ་ཀླུ་སྒྲུབ་གཞུང་ལ་མ་མོས་ན། །ཟབ་མོ་སྤངས་པས་སེམས་ཅན་དམྱལ་བར་འགྲོ། །ཐེག་པ་ཆེན་པོ་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ། མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། ལོ་ཙཱ་བ་དགེ་བསྙེན་ཆེན་པོ་རྒྱ་བརྩོན་འགྲུས་སེང་གེ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །