ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན།
མི་རྟོག་པའི་བསྒོམ་དོན་བཞུགས། ཅིག་ཅར་འཇུག་པ་རྣམ་པར་མི་རྟོག་པའི་བསྒོམ་དོན། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལ་ཡང་དག་པའི་མཐའ་བཙན་པར་བྱས་ན། བདག་གི་གཞུང་གཟུགས་ཤིང་ཕ་རོལ་སུན་དབྱུང་དུ་མེད། མྱ་ངན་ལས་འདས་པ་སྒྲུབ་ཏུ་མེད་ལ། འཁོར་བ་སྤང་དུ་མེད་དེ། མགོ་ལན་གཉིས་སུ་བཅད་དུ་མེད་པ་བཞིན་ནོ། །འོན་ཀྱང་དམུས་ལོང་དང་འདྲ་བ་བདག་གིས་གསལ་པར་བྱེད་མི་ནུས་མོད་ཀྱང༌། ཡང་དག་པའི་དོན་ལ་འདུད་པའི་དོན་དུ་ལུང་ལ་བརྟེན་ཏེ་མདོ་ཙམ་ཞིག་བརྗོད་པར་བྱའོ། །གང་དག་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དངོས་སུ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་ངོ༌། །མཚན་མ་ལ་མི་གནས་པ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ཏོ། །མཚན་མ་གང་དང་ཡང་མ་བྲལ་བ་ནི་ལྷག་མཐོང་གི་ཏིང་ངེ་འཛིན་ཏོ། །མཚན་མ་མི་སྐྱེ་བ་ནི་ཞི་གནས་སོ། །མཚན་མ་མི་འགག་པ་ནི་ལྷག་མཐོང་ངོ༌། །དངོས་པོའི་མཐའ་ནི་ཞི་གནས་སོ། །དངོས་པོའི་མཐའ་མ་ལྷུང་བ་ནི་ལྷག་མཐོང་ངོ༌། །དཔེར་ན་རི་མཐོན་པོའི་ཁར་ཕྱིན་ཏེ་བལྟས་ན་ཐམས་ཅད་གསལ་བར་མཐོང་བ་བཞིན་དུ། ཏིང་ངེ་འཛིན་འདི་གཉིས་ཀྱི་ནང་དུ་ཏིང་ངེ་འཛིན་ཐམས་ཅད་སྣང་ངོ༌། །འདི་གཉིས་ལ་གནས་པ་ནི་རིན་པོ་ཆེ་བཻ་ཌཱུཪྻའི་ཁང་པའི་ནང་ན་འདུག་པའི་མི་དང་འདྲ་སྟེ། ཕྱི་ནང་ཀུན་གསལ་བར་མཐོང་ངོ༌། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མཐའ་མཐོང་བར་འགྱུར་ཏེ། དེ་ཉིད་སངས་རྒྱས་ཡིན་པར་ལང་ཀར་གཤེགས་པ་ལས། བྱ་བ་དང་ནི་མཚན་ཉིད་དང༌། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་པས་མྱ་ངན་ང་འདས་སོ། །རྣམ་པར་རྟོག་པ་མི་མཐོང་ཞིང༌། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་འབྱུང་བ་དང༌། དྲི་མ་མེད་པར་གྲགས་པའི་མདོ་ལས། མི་རྟོག་པ་དང་མི་དམིགས་པ་ནི་བྱང་ཆུབ་བོ་ཞེས་གསུངས་པས་དེས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འདི་ལ་བསྒོམ་པར་བྱའོ། །རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བརྟན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། གོས་དང་ཟས་ལ་སོགས་པ་རྙེད་སླ་བ་དང༌། སྐྱེ་བོ་མི་
སྲུན་པ་དང་དགྲ་ལ་སོགས་པ་མེད་པའི་གནས་དང༌། ནད་མེད་པའི་ཡུལ་དང༌། གྲོགས་ཚུལ་ཁྲིམས་དང་ལྡན་པའི་ལྟ་བ་མཚུངས་པ་དང༌། ཉིན་མོ་མི་ཉུང་ལ་མཚན་མོ་སྒྲ་ཆུང་བ་དང༌། ཆོས་གོས་ལ་སོགས་པ་བཟང་པོ་དང་མང་པོ་ལ་ལྷག་པར་ཆགས་པ་མེད་པ་དང༌། ངན་དོན་ཙམ་རྙེད་པས་རྟག་ཏུ་ཚོག་ཤེས་པ་དང༌། ཉོ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤངས་པ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང༌། ཧ་ཅང་སྨོས་འདྲིན་ཆུང་བ་དང༌། སྨན་བྱེད་པ་དང༌། སྐར་མ་བརྩི་བ་ལ་སོགས་པ་བྱ་བ་ཐམས་ཅད་སྤངས་པ་དང༌། སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་བསླབ་པའི་གཞི་མི་འདྲལ་བ་དང༌། བག་མེད་པས་རལ་ན་ཡང་མྱུར་དུ་ཆོས་བཞིན་དུ་བྱེད་པ་དང༌། ཉན་ཐོས་དག་གི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་ཡང་འགྱོད་པ་དང་ལྡན་པ་དང༌། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་ཡིན། སེམས་གང་གིས་ལས་དེས་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོགས་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་ན། དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ནས་འགྱོད་པ་མེད་པར་བྱས་ལ་བསྒོམ་པ་ལ་བརྩོན་པར་བྱའོ། །འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བ་ཡིད་ལ་བྱས་ལ། དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །རྣམ་པ་གཅིག་ཏུ་ན་དངོས་པོ་སྡུག་པའམ་མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་བརྟན་པས་གཏན་དུ་མི་འགྲོགས། གདོན་མི་ཟ་བར་དེ་དག་ཐམས་ཅད་དང་བདག་རིང་པོར་མི་ཐོགས་པར་འབྲལ་བར་འགྱུར་ན། བདག་དེ་ལ་ཅི་ཞིག་ཆགས་པར་འགྱུར། ཅི་ཞིག་ཞེ་སྡང་བར་འགྱུར་སྙམ་དུ་བསེམས་ལ་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ། །ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་ཚོལ་བ་དང༌། ཚུལ་བཞིན་སེམས་པའོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། གང་མང་དུ་ཐོས་པ་དང༌། ཚིག་གསལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྐྱོ་བ་བཟོད་པའོ། །དེ་ལ་མང་དུ་ཐོས་པ་ཡོངས་སུ་ཚོལ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་
བཅུ་གཉིས་སོ། །ངེས་པའི་དོན་དང་དྲང་བའི་དོན་ལ་མཁས་པ་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་བསྐྱེད་པར་བྱའོ། །ཚུལ་བཞིན་སེམས་པ་གང་ཞེ་ན། ཡང་དག་པའི་དོན་ལ་མ་ནོར་བར་བསྒོམ་པའོ། །དེ་ལྟ་མ་ཡིན་ན་རྒྱུས་མེད་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་བཞིན་དུ་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ། ཉ་དང་ཤ་ལ་སོགས་པ་སྤང་ཞིང༌། མི་མཐུན་པ་མ་ཡིན་པ་དང༌། ཟས་ཚོད་ཟིན་པ་བཟའ་བར་བྱའོ། །མཁས་པ་ཉམས་ཅན་དག་ལ་ཡང་སྐབས་སྐབས་སུ་དོན་དྲི་ཞིང༌། ང་རྒྱལ་སྤངས་ལ་དོན་མ་ནོར་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པས་དེ་བསྒོམས་པ་ལ་འཇུག་པར་བྱའོ། །དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། བཤད་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང༌། འགྲོ་བ་མཐའ་དག་མངོན་པར་གདོན་པར་འདོད་པའི་བསམ་པ་ཅན་གྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ། གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང༌། བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ནས། འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་བྱེད་དུ་ཡང་རུང་སྟེ། མིག་ཧ་ཅང་མི་དབྱེ། ཧ་ཅང་ཡང་མི་ཟུམ་པར་སྣའི་རྩེ་མོར་གཏད་ཅིང༌། ལུས་ཧ་ཅང་ཡང་མི་སྒུ། ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲང་སྟེ། དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ། །ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་གཞག་སྟེ། སྣ་ནས་ལྟེ་བ་དྲང་པོར་གཞག་གོ །ལྕེ་ཡང་སོའི་དྲུང་དུ་གཞག་གོ །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་རྔམ་པ་དང་དབུགས་
རྒོད་པ་ཅན་དུ་མི་གཏང་གི་ཅི་ནས་ཀྱང་མི་ཚོར་བར་དལ་བུ་དལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། སྐུ་གཟུགས་དེ་ཡང་གསེར་བཙོ་མ་བཞིན་དུ་སེར་ལ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་འཁོར་གྱི་དབུས་ན་བཞུགས་པ་ཐབས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ་སྙམ་དུ་བསམས་ལ། རྒྱུན་དུ་ཡིད་ལ་བྱས་ལ་དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང༌། བྱིང་བ་དང་རྒོད་པ་ཞི་བར་བྱས་ལ་ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་སོ། །ཡང་ན་དངོས་པོ་གཟུགས་ཅན་ནམ་གཟུགས་མེད་དམ། རྣལ་འབྱོར་པའི་དམིགས་པའི་ཡུལ་གང་ལ་བདེ་བ་དེ་ལ་སེམས་གཏད་ལ་ཞི་གནས་བསྒྲུབ་པར་བྱའོ་སེམས་ཡུལ་ལ་གཏད་ལ། གཏད་པ་དེ་ལ་བྱིང་བ་དང་རྒོད་པར་མི་འགྱུར་བར་ཤིན་ཏུ་གསལ་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཏིང་ངེ་འཛིན་ནི་སྙོམས་པའི་ས། །ཞི་ལ་ཕྲ་སྟེ་བལྟ་དཀའ་བ། །འདུ་ཤེས་ཐམས་ཅད་བཅོམ་པས་ན། །དེའི་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་གསུངས་སོ། །ཞི་གནས་ཉམས་སུ་ལེན་ན་རྣལ་འབྱོར་པས་ལྷག་མཐོང་བསྒོམ་པར་བྱའོ། །ཞི་གནས་ལ་གནས་པས་ཤེས་རབ་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་བཙལ་བར་བྱ་ཞིང་ཞི་གནས་འབའ་ཞིག་གིས་ཆོ་ག་པར་མི་བྱའོ་སྙམ་དུ་བསམ་མོ། །དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། དོན་དམ་པར་ན་གང་ཟག་དང༌། ཕུང་པོ་ལྔ་དང༌། སྐྱེ་མཆེད་དང༌། ཁམས་དང༌། སངས་རྒྱས་ཀྱི་སྐུ་དང༌། ཡེ་ཤེས་མན་ཆད་དང༌། སེམས་ཅན་དམྱལ་བ་ཡན་ཆད། རྒྱ་མཚོ་དང༌། རི་རབ་དང༌། དངོས་པོ་ཆོས་སུ་བཏགས་པ་དང༌། ཐ་སྙད་
དུ་བཏགས་པ་ཐམས་ཅད་བློས་ཞིབ་ཏུ་བརྟགས་ཤིང་དཔྱད་ལ། རང་བཞིན་མེད་པ་སྟོང་པ་ཉིད་དུ་བསམ་ཞིང་རང་བཞིན་གྱིས་རྣམ་པར་བྱང་བ། གདོད་མ་ནས་སྟོང་པ། བསམ་པ་དང་བརྗོད་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། མྱ་ངན་ལས་འདས་པ་ནི་བླང་དུ་མེད། འཁོར་བ་ནི་སྤང་དུ་མེད་དེ་ནམ་མཁའི་རང་བཞིན་ལྟ་བུའོ་སྙམ་དུ་བསམས་ལ་སེམས་ཀྱི་རྒྱུན་མི་གཡེང་བར་བྱའོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། བྱིས་པ་དངོས་པོར་འཛིན་པས་དཔྱད་ཅིང་བརྟགས། །སྒྱུ་མའི་གསོག་སྟེ་མེད་ཅིང་སྟོང་པ་ཡིན། །འདི་ནི་འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཆོས་འདི་ཐམས་ཅད་མཚན་ཉིད་མེད་པ་སྟེ། །རྩ་བ་མི་དམིགས་གཟོད་ནས་རབ་ཏུ་ཞི། །མཐའ་མ་གཟུགས་མེད་དབེན་ཞིང་སྙིང་པོ་མེད། །འདོད་ཆགས་འོད་གསལ་གཏི་མུག་རབ་ཏུ་ཞི། །ཞེས་གསུངས་སོ། །འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་སྦྱོར་བས་ན། །ཀུན་མཆོག་མཉམ་ཉིད་རྫོགས་པའོ། །ཞེས་གསུངས་སོ། །འཇམ་དཔལ་གནས་པའི་མདོ་ལས། དེ་བཞིན་ཉིད་ནི་བྲི་བ་མ་ཡིན། འཕེལ་བ་མ་ཡིན། སེམས་ཅན་གྱི་ཁམས་ཀྱང་བྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་ཡིན་ཏེ། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་གསུངས་སོ། །ཡང་གསུངས་པ། རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གི་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་གསུངས་སོ། །པར་ནེ་རྦན་གྱི་མདོ་ལས། ལམ་དབུ་མ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཅེས་བགྱིའོ། །ཚངས་པ་ཀུན་འདྲིས་ཀྱི་མདོ་ལས། ཇི་ལྟར་ལམ་བསྒོམ་པར་བགྱི། བཀའ་སྩལ་པ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་ཉིད་དང་བྲལ་བ་ནི་ལམ་བསྒོམ་པའོ་ཞེས་གསུངས་པ་ནི། དངོས་པོའི་ངོ་བོ་མི་དམིགས་པ་ལ་དགོངས་པའོ། །དེ་ལྟར་ན་འདུས་བྱས་དང༌། འདུས་མ་བྱས་པའི་ཆོས་ཐམས་ཅད་ནི་ཡང་དག་པར་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་བསྒོམ་པར་བྱའོ། །དེ་ལྟར་ཆོས་སུ་བཏགས་པ་མཐའ་དག་མེད་པ་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ་བརྟག་པར་བྱ་བ་གཞན་མེད་པས་རྟོག་པ་དང་
དཔྱོད་པ་དང་བྲལ་བ་བརྗོད་པ་མེད་པ། ངང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ། མངོན་པར་འདུ་བྱེད་པ་མེད་པས་དེ་ཁོ་ན་ཉིད་དེ་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེ་ལྟར་གནས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བར་བྱའོ། །དེ་ལྟར་གྱུར་ན་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་ཞུགས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་མི་གནས་པ་ཡིན་ནོ། །ཤེས་རབ་ཀྱིས་བརྟགས་ན་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ། །གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བ་མཐོང་བ་དེའི་ཚེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ་བ་བསྒོམ་པར་བྱའོ། །ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་པས་རྒྱུ་བ་མི་གསལ་བའི་ཕྱིར། སེམས་བྱིང་བའམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། མཛད་པ་བཅུ་གཉིས་ལ་སོགས་པ་ཡིད་ལ་བྱས་ལ་བྱིང་བ་ཞི་བར་བྱས་ནས་དེ་ཁོ་ན་ཉིད་ལ་ཤིན་ཏུ་བརྟན་པར་གཟུང་བར་བྱའོ། །ཅི་སྟེ་གང་གི་ཚེ་མངོན་དུ་བྱུང་བའི་ཡུལ་ལ་འདོད་པས་བར་སྐབས་སུ་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་དང་ཚེ་འདི་དང༌། ཚེ་ཕྱི་མའི་ཉེས་དམིགས་དང༌། གཏན་དུ་མི་འགྲོགས་པས་ཅིའི་ཕྱིར་འདི་ལ་ལྷག་པར་ཆགས་པར་བྱ་སྙམ་དུ་བསམས་ལ་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་བར་བྱའོ། །ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས། དེ་ཁོ་ན་ཉིད་དེ་ཉིད་ལ་སེམས་ཤིན་ཏུ་གསལ་བར་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་ཀློང་ལ་བཏང་སྙོམས་སུ་བཞག་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ནས་རྣལ་འབྱོར་པས་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པ་ཁོ་ནར་དེ་ཁོ་ན་ལ་བསྒོམ་ཞིང་འདུག་པར་བྱའོ། །ཚུལ་དེ་ལྟ་བུས་མེལ་ཚེ་ཐུན་གཅིག་གམ། ཐུན་ཕྱེད་དམ། ཆུ་ཚོད་གཅིག་གམ། ཇི་སྲིད་
ནུས་ནུས་སུའམ། ཐ་ན་སེ་གོལ་གཏོགས་པའི་བར་དུ་ཡང་བསྒོམ་ཞིང་འདུག་པར་བྱའོ། །ལུས་དང་སེམས་ལ་གནོད་པར་གྱུར་ན་སྐབས་སྐབས་སུ་འཇིག་རྟེན་མཐའ་དག་ལ་བལྟས་ལ། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུར་རྟོགས་པར་བྱའོ། །དེ་སྐད་དུ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ༌། །དེའི་རྗེས་ལ་ཐོབ་པ་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་བཞིན་དུ་མཐོང་ངོ༌། །ཞེས་གསུངས་སོ། །དེ་ནས་ཡང་རྣམ་པར་མི་རྟོག་པ་ལ་བསྒོམ་པར་བྱའོ། །དེ་ཡང་ལུས་དང་སེམས་ལ་གནོད་པར་གྱུར་ན་སེམས་གཏད་ལ། འཇིག་རྟེན་མཐའ་དག་ལ་གོང་དུ་བཤད་པ་ལྟར་བསམས་ལ་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ཡང་དག་པར་གདབ་བོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རྫོགས་པར་བྱའོ། །དེ་ལྟར་བྱས་ན་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཡང་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པ་སྣ་ཚོགས་པ་འདུས་པའི་དབང་གིས་མ་བརྟགས་ན་ཉམས་དགའ་བ་སྣ་ཚོགས་དག་ཁོ་ན་འབྱུང་སྟེ། དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ། །སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་མི་དམིགས་ཏེ། དེས་ན་རྟག་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ། །རྣམ་པར་མི་རྟོག་པ་བསྒོམ་པའི་ནང་དུ་འདུས་བྱས་ཀྱི་ཆོས་དགེ་བ་དང༌། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འདུས་པར་ཡང་གསུངས་ཏེ། ཐེག་པ་ཆེན་པོའི་ཆོས་རྣམ་པར་མི་རྟོག་པའི་ནང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདུས་པ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གཅོད་པའི་མདོ་ལས། འདུ་ཤེས་ཐམས་ཅད་རྣམ་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ཐེག་པ་ཆེན་པོ་འདུས་པ་ཇི་ལྟ་བུ་ཞེ་ན། རྡོ་རྗེའི་ཏིང་ངེ་འཛིན་གྱི་མདོ་ལས། བསམ་ཞིང་མོད་པ་མེད་ན་ལྡང་དུབ་མི་སྐྱེ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་གཡོ་བའོ། །དེ་ནི་ཐེག་པ་ཆེན་པོའི་ཞེས་གསུངས་སོ། །རྣམ་པར་མི་རྟོག་པའི་ནང་དུ་ལམ་བསྒོམ་པ་འདུས་པ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མི་དམིགས་པ་ནི་ལམ་མོ། །
མི་དམིགས་པ་ནི་འབྲས་བུའོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ལམ་དབུ་མ་འདུས་པ་ཇི་ལྟ་བུ་ཞེ་ན། ལང་ཀར་གཤེགས་པ་ལས། སེམས་ཙམ་དུ་ན་མི་རྟོག་དང༌། །ཕྱི་རོལ་དངོས་པོ་རྣམ་གསལ་བས། །རྣམ་པར་རྟོག་པ་རྣམ་ལྡོག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་བས། །དབུ་མ་པ་ཡི་ལམ་འདི་ཡང༌། །ང་དང་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །མི་རྟོག་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ཇི་ལྟ་བུ་ཞེ་ན། སྡུད་ པ་ལས། གང་ཚེ་འདུས་བྱས ་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལ་འང་ཅུང་ཟད་མི་དམིགས་དེ་དང་འདྲ། །ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་མཉམ་པ་ཉིད་དང༌། མི་གཡོ་བ་འདུས་པ་ཇི་ལྟ་ལྟ་བུ་ཞེ་ན། ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །མཉམ་པ་ཉིད་གང་ཡིན་པ་དེ་ནི་གནས་པ་ཉིད་དོ། །གནས་པ་ཉིད་གང་ཡིན་པ་དེ་ནི་མི་གཡོ་བ་ཉིད་ཡིན་ནོ། །མི་གཡོ་བ་ཉིད་གང་ཡིན་པ་དེ་ནི་མི་རྟོག་པ་ཉིད་ཡིན་ནོ། །ཆོས་ཐམས་ཅད་ལ་བརྟེན་པའི་སེམས་ཀྱི་གནས་མེད་དོ། །སེམས་མི་གནས་པ་དེ་ནི་སྐྱེ་བ་མེད་པར་འགྱུར་ཏེ། དེ་ལྟར་མཐོང་བའི་སེམས་དང་སེམས་ལས་བྱུང་བའི་རྣམ་པ་ནི་ཕྱིན་ཅི་མ་ལོག་པར་འཇུག་པར་འགྱུར་རོ་ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་ཚུལ་ཁྲིམས་བླ་ན་མེད་པ་འདུས་པ་ཇི་ལྟ་བུ་ཞེ་ན། གླང་པོ་དང་མཚུངས་པའི་མདོ་ལས། ཚུལ་ཁྲིམས་ཅན་དུ་གང་རྟོག་དང༌། །ཚུལ་ཁྲིམས་ལོག་པར་རྟོག་པ་ཡང༌། །གཉིས་ཀ་ཚུལ་ཁྲིམས་ལོག་པར་བཤད། །གཉིས་མེད་ཚུལ་ཁྲིམས་མ་ལོག་པའོ། །ཞེས་འབྱུང༌། མི་རྟོག་པའི་ནང་དུ་མཚན་མ་སྤོང་བ་འདུས་པ་ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་པའི་གཟུངས་ལས། ཇི་ལྟར་ཡང་མཚན་མ་དེ་དག་ཡོངས་སུ་སྤོང་ཞེ་ན། མངོན་དུ་སྣང་བ་ཡིད་ལ་མི་བྱེད་པས་སྤོང་ངོ་ཞེས་གསུངས་སོ། །མི་རྟོག་པར་བསྒོམ་པའི་སེམས་ཀྱི་ཆོས་ཉིད་མཐོང་བ་ཇི་ལྟ་བུ་ཞེ་ན། སྟུག་པོ་བཀོད་པའི་མདོ་
ལས། ཇི་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ལ་མི་སྣང་སྟེ། །བརྩལ་བས་ཤིན་ཏུ་ཞིབ་བཏགས་ནས། །ཡོངས་སུ་སྦྱངས་ན་སྣང་བར་འགྱུར། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་བཅས་པ་ཡང༌། །ཏིང་ངེ་འཛིན་གྱིས་ཡོངས་སྦྱངས་པའི།། རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང༌། །ཞེས་གསུངས་སོ། །མི་རྟོག་པའི་ནང་དུ་རང་གི་རིག་པ་འདུས་པ་ཇི་ལྟ་བུ་ཞེ་ན། དཀོན་མཆོག་སྤྲིན་གྱི་མདོ་ལས། གསལ་བ་དེ་ཁོ་ན་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། དེ་ཁོ་ན་ཞེས་བྱ་བ་ནི་ཡང་དག་པའི་དོན་གྱི་ཚིག་བླ་དགས་སོ། །འདི་ནི་སོ་སོ་རང་རིག་པ་ཡིན་ཏེ། ཚིག་དང་ཡི་གེ་དག་གིས་གདགས་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། སྨྲ་བ་དང༌། བརྗོད་པ་དང༌། རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པ། འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཏེ་ཡེ་ནས་ཇི་ལྟ་བ་བཞིན་དུ་འདུག་པའོ་ཞེས་གསུངས་པས། ཅིག་ཅར་འཇུག་པའི་བསྒོམ་པའི་དོན་འདི་ནི། དེ་ལྟར་མདོ་མང་པོའི་ལུང་དང་ཡང་མི་འགལ་ལ། མཁས་པ་དག་གི་མན་ངག་དང་ཡང་མཐུན་པ་ཉིད་དེ། སློབ་དཔོན་ནཱ་ག་རྫུ་ནས་རྟེན་འབྲེལ་གྱི་སྙིང་པོ་མཛད་པ་ལས་ཀྱང༌། འདི་ལ་བསལ་བ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །ཡང་སློབ་དཔོན་གྱིས་རིགས་པ་དྲུག་ཅུ་པ་མཛད་པ་ལས་ཀྱང༌། གང་དག་རྣམ་པར་དབེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྤྲུལ་གྱིས་དཀྲུགས་པ་ཡི། །མི་བཟད་སྲིད་པའི་རྒྱ་མཚོ་བརྒལ། །ཞེས་གསུངས་སོ། །སློབ་དཔོན་ཨཱཪྻ་དེ་བས་མཛད་པའི་ལག་པའི་ཚད་ཀྱི་འབྲེལ་པ་ལས་ཀྱང༌། ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་འཚལ་བར་བྱ། །ཞེས་གསུངས་སོ། །དེས་པའི་ལུང་དང་བསྟན་བཅོས་ཐམས་ཅད་ལས་ཀྱང༌། མཐའ་གཉིས་དང་མཚན་མ་ལ་མི་གནས་པ་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་ལ། མཚན་མ་ལ་གནས་པ་ནི་འཁོར་བའི་ཉེས་དམིགས་སུ་གསུངས་པས། རྣམ་པར་མི་རྟོག་པའི་དོན་ལ་ཅིག་ཅར་འཇུག་པ་ནི། མྱ་ངན་ལས་འདས་པའི་ལམ་གྱི་མཆོག་ཡིན་པར་གསུངས་སོ། །རྣམ་པར་མི་རྟོག་པའི་ནང་དུ་ཆོས་ཐམས་ཅད་འདུས་པར་གསུངས་
ཏེ། ཤིང་ཐན་ཝ་གའི་མདོ་ལས། ཆོས་གཅིག་བསླབས་ཤིང་བསྒོམས་ན་ཆོས་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་ཆོས་གཅིག་དང་ཉམས་སུ་ལྡན་ན་ཡོན་ཏན་གྱི་ཆོས་ཐམས་ཅད་རྫོགས་པར་འགྱུར་རོ། །གཅིག་གང་ཞེ་ན། དེ་བཞིན་ཉིད་དུ་རིག་ན་ཆོས་ཐམས་ཅད་ལ་གྲགས་པ་མེད་པ་ཡིན། སྒྲ་ཀུན་སྤངས་པ་ཡིན་ནོ་ཞེས་གསུངས་སོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། ཆོས་གཅིག་ཤེས་པར་ནུས་ན་ཆོས་གཅིག་ཀྱང་མི་ཤེས་པ་མེད་དོ། །ཆོས་གཅིག་མི་ཤེས་ན་ཆོས་གཅིག་ཀྱང་ཤེས་པ་མེད་དོ་ཞེས་གསུངས་སོ། །ཟླ་བ་མར་མེའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །སྣ་ཚོགས་ཚིག་འབྲུ་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ཡོང་མི་ནུས། །ཚིག་གཅིག་གོམས་པར་བྱས་པས་ན། །དེ་དག་ཐམས་ཅད་གོམས་པར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་སེང་གེ་བཟང་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ལས་ཀྱང༌། ཆོས་གཅིག་ཆོས་ཀུན་ཉིད་ཀྱི་ངོ་བོ་ཉིད། །གང་གི་ཆོས་གཅིག་དེ་བཞིན་ཉིད་རྟོགས་པས། །དེ་ཡིས་ཆོས་ཀུན་དེ་བཞིན་ཉིད་དུ་རྟོགས། །ཞེས་གསུངས་པས། ལུང་དང་བསྟན་བཅོས་དང་ཡང་མི་འགལ་ལ། ཀུན་རྫོབ་ཏུ་ཡང་དོན་གྱིས་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དེ་ནི་ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་དང་སྟོང་པ་ཉིད་ཐ་དད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ནས་ཆོས་ཐམས་ཅད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། མི་སྐྱེ་མི་འགག་མི་འཕེལ་མི་འགྲིབ་བོ་ཞེས་གསུངས་པས། དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་སྟོང་པ་ཉིད་གཟུགས་སུ་སྣང་བས་ཆད་པར་མི་འགྱུར་བ་ནི་དབུ་མའི་གཞུང་ངོ་སྙམ་མོ། ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང༌། །རིམ་གྱིས་འཇུག་པ་བསྟན་པ་ནི། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་དེ་ལ། །རིམ་དུ་སྦྱར་བ་ཅི་ཞིག་ཡོད། །མཐའ་ལས་འདས་པའི་རང་བཞིན་ལ། །གོང་བུར་འདུ་ཤེས་སུ་ཞིག་ལྟ། །ཅུང་ཟད་དུ་ཡང་ཁས་བླངས་
མེད། །དེ་ཚེ་སེམས་ནི་ནམ་མཁའ་སྟེ། །སངས་རྒྱས་དང་ནི་སྤྱོད་ཡུལ་གཅིག །ཅེས་གསུངས་པ་ནི་དབུ་མའི་གཞུང་ངོ་སྙམ་མོ། །ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་གང་ནོར་བ། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པ་དང༌། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང༌། ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །ཅི་ཡིད་བསམ་པ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང༌། །རྟག་ཏུ་སྨོན་ལམ་རྫོགས་པར་འགྲུབ། །མཐའ་དང་དབུས་མེད་འཇིག་རྟེན་དེར། །འཇིག་རྟེན་པ་ཡི་འདྲེན་པར་གྱུར། །དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུ་དེ་དག་རྒྱལ་བས་གང༌། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་ཤར་གྱུར་ཀྱང༌། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ནའང་རབ་ཏུ་སྣང༌། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་གསུངས་པ་ནི་དོན་དམ་པར་གཉིས་སུ་མེད་ཀྱང༌། ཐ་སྙད་ཙམ་དུ་ཡང་ཐ་དད་དེ། དེ་ནི་དབུ་མའི་གཞུང་དུ་བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བཀའ་མཐའ་དག་ལས་རྒྱས་པར་གསུངས་སོ། །བདེན་པ་ལེའུའི་མདོ་ལས། འཇམ་དཔལ་ངས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བཀོད་པ་མེད་དོ། །འཇམ་དཔལ་ཐེག་པ་ལ་རྣམ་པར་བཀོད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཟད་དོ། །དོན་དམ་པར་ཐེག་པ་གཅིག་དང་གཉིས་སུ་མེད་དོ་ཞེས་གསུངས་སོ། །ཡང་ནི་ཆོས་ཉིད་ཀྱིས་མཐའ་བཙན་པར་བྱས་ན་རྣལ་འབྱོར་ཆེན་པོའི་ལམ་ཡང་སྨྲ་བསམ་ལས་འདས་པ་ཡིན་ཏེ། གཞུང་བཤད་དུ་མེད་མོད་ཀྱི། འོན་ཀྱང་སོ་སོའི་སྐྱེ་བོ་མ་རབས་རྣམས་དྲང་བའི་ཆོས་ཉིད་ལ་གཟུད་པའི་ཕྱིར་ཐ་སྙད་ཙམ་གྱི་སྒོ་ནས་བཤད་པར་ཟད་དོ། །དེ་ལ་གང་དག་རྣམ་པར་མི་རྟོག་པའི་བྱ་བ་ཐམས་ཅད་སྤངས་པ་ཡིན་ན། སེམས་པ་དགེ་བས་བསྐྱེད་པའི་ལས་ཐམས་ཅད་ཀྱང་སྤང་ངམ་ཅི། དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ཡང་འགལ་ལོ་ཞེ་ན། དེ་ལ་བཤད་པ་དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་ཀྱི་འདུ་ཤེས་མེད། ཆོས་
ཀྱི་འདུ་ཤེས་མེད། དགེ་འདུན་གྱི་འདུ་ཤེས་མེད་ན་ཡང་དག་པའི་མཆོད་པའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང༌། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བླ་ན་མེད་པའོ། །གསུམ་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ་ཐོས་པ་མང་པོ་དང་བཤད་པར་བྱ་དགོས་སོ་ཞེ་ན། དེ་ལ་བཤད་པ་གཙུག་ཏོར་ཆེན་པོའི་མདོ་ལས། མཐའ་ཡས་འཛིན་པར་ཡིད་གཞུངས་ཀྱང༌། །ལྡོག་པར་བསམས་པས་མཐའ་མར་ལྟུང༌། །རྗེས་སུ་འཁོར་བ་མ་ཡིན་ནམ། །ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་མདོ་ལས། དཔེར་ན་མེ་སྟག་གང་གིས་ཀྱང༌། །རྒྱ་མཚོ་ཆེན་པོ་སྐེམ་མི་ནུས། །དེ་བཞིན་ཀུན་རྫོབ་བདེན་པས་ཀྱང༌། །རང་གི་ཉོན་མོངས་སྐེམ་མི་ནུས། །སེམས་ཅན་གཞན་ལྟ་ཅི་ཞིག་སྨོས། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས། ཇི་བཞིན་སྒྲ་རུ་བརྟགས་ནས་སུ། །གང་གིས་དེ་ལྟར་བསྒྲུབས་ན་ནི། །ཤི་ནས་སེམས་ཅན་དམྱལ་བར་ལྟུང༌། །མ་རབས་སྒྱུ་མ་འཆང་ལ་དད། །ཡང་དག་ཤེས་རབ་མིང་ཐོབ་བོ། །སྨྲ་བ་སྡུག་བསྔལ་གསུམ་ཉིད་དེ། །སྡུག་བསྔལ་འགག་པ་ཡང་དག་ཉིད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། བཤད་པ་དག་ཀྱང་འཁྲུལ་པ་སྟེ། །ཡང་དག་ཉིད་ལ་ཡི་གེ་མེད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས་མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་མ་ཡིན་ནོ་ཞེས་གསུངས་སོ། །འབྱུང་བ་མེད་པའི་མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་ན། །ཚིག་གི་དམ་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་གསུངས་སོ། །དགོངས་པ་ངེས་པར་འགྲེལ་པ་ལས། ཡུན་རིང་དུས་ནས་སྨྲ་བ་ལ་མོས་ཤིང་སྨྲ་བ་ལ་མངོན་པར་དགའ་བས་ནང་གི་འཕགས་པའི་མི་སྨྲ་བར་གྱུར་པའི་བདེན་པ་ལ་བརྟགས་པའམ། རྗེས་སུ་དཔག་པའམ་མོས་པར་མི་ནུས་སོ། །ཞེས་གསུངས་སོ། །འཇམ་དཔལ་གནས་ པ་ལས། འདུས་བྱས་ལ་ནི་གང ་རྟོག་དང༌། །འདུས་
མ་བྱས་ལ་གང་རྟོག་པ། །གཉི་ག་བདུད་ཀྱི་ལས་ཡིན་ཞེས། །དེ་དག་མཁས་པས་རབ་ཏུ་བཤད། །ཅེས་གསུངས་སོ། །ནམ་མཁའ་མཛོད་ཀྱི་མདོ་ལས། ཇི་སྙེད་དུ་སྨྲ་བ་དེ་སྙེད་དུ་བདུད་ཀྱི་ལས་སོ། །སྨྲ་བ་མེད་ཅིང་མཚན་མ་མེད་པ་ལས་བདུད་ཀྱིས་ཅི་ཞིག་བྱ། ཞེས་གསུངས་སོ། །ཚངས་པ་ཀུན་འདྲིས་ཀྱི་མདོ་ལས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་མ་གཉིས་དང་བྲལ་བ་ནི་ལམ་བསྒོམ་པའོ་ཞེས་གསུངས་སོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་གྲོལ་ཐར་པར་འདོད་ན། འདོད་པའི་ཡན་ལག་བཅད་ལ། སེམས་ཀྱིས་གཉིས་སུ་མི་བསམ་གཅིག་ཏུ་བསམ་སྟེ་ཡོད་པ་དང་མེད་པའི་སེམས་གཏང་ངོ༌། །སེམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ནི་སྟོང་པ་སྟེ། སེམས་ཀྱི་ངོ་བོ་ཉིད་ནི་འགྲོ་བ་ཡང་མེད། འོང་བ་ཡང་མེད། བླང་བ་ཡང་མེད། དོར་བ་ཡང་མེད་དེ། ཅི་ཡང་མེད་པ་འདིའི་མིང་ནི་བྱང་ཆུབ་པོ་ཞེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས། ཀུན་རྫོབ་ཀྱི་ཚུལ་དུ་བསྟན་ཅིང་བཤད་མོད་ཀྱི། ཡང་དག་པའི་དོན་ལ་བློས་བརྟགས་ན་དེ་ལྟ་མ་ཡིན་ནོ། །ཚིག་སྒྱུ་མས་ཡང་དག་པའི་གཞུང་མངོན་པར་བྱང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཤེས་རབ་འབུམ་གྱི་མདོ་ལས། ཆོས་ཀྱི་དབྱིངས་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཡང་ཤེས་པ་ཡིན་ནོ་ཞེས་གསུངས་པས། དོན་ལ་མཁས་པ་ནི་ཐོས་པའི་མཆོག་ཡིན་པར་མངོན་ལ། གལ་ཏེ་སྒྲ་ཕྱིར་འབྲངས་ན་རྣམ་པར་མི་རྟོག་པའི་བར་ཆད་དུ་ཡང་འགྱུར་ལ། ཐོས་པ་བཤད་ན་དོན་མི་ཆེ་བར་གསུངས་སོ། །ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱད་དགོས་སོ་ཞེས་ཟེར་རོ། །དེ་ལ་བཤད་པ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ་ཞེས་གསུངས་སོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་ཕྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་ཏིང་ངེ་འཛིན། མི་གཉིས་པ་ནི་ཤེས་རབ་ཅེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། ཇི་སྲིད་སེམས་ནི་འཇུག་གི་བར། །དེ་སྲིད་འཇིག་རྟེན་རྒྱང་པན་པ། །ཞེས་
གསུངས་པས། སྦྱིན་པ་ལ་སོགས་པ་ཙམ་ནི་མུ་སྟེགས་པ་ལ་ཡང་ཡོད་པས། མཚན་མའི་རྗེས་སུ་འབྲངས་ན་འཁོར་བ་ལས་མི་འདའ་བའི་སྐྱོན་དུ་འགྱུར་རོ། །ཁ་ཅིག་ན་རེ་ཁ་ཏོན་དང་འདྲི་ཀློག་ལས་བསོད་ནམས་ཆེ་བ་མེད་དོ་ཞེས་ཟེར་རོ། །དེ་ལ་བཤད་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། གང་ཞིག་བྱང་ཆུབ་རབ་ཏུ་དད་པ་ནི། །འདུས་བྱས ་སྐྱོ་ནས་སེམས་ཅན་དོན་གྱི་ཕྱིར། །དགོན་པར་ཕྱོགས་ཏེ་གོམ་པ་བདུན་བོར་ན། །དེ་ནི་དེ་བས་བསོད་ནམས་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས། རྡུལ་སྙེད་ཀྱི་བསྐལ་པར་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་ཅིང་ཁ་ཏོན་བྱེད་པ་བས། ཉིན་གཅིག་གམ་མཚན་གཅིག་ཟག་པ་མེད་པའི་ཤེས་རབ་བསྒོམས་ན་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་ཤི་ལས་རིང་དུ་གྱུར་པའི་ཕྱིར་རོ་ཞེས་གསུངས་པས། མདོ་སྡེ་ཁ་ཏོན་བྱེད་པ་དང་འདྲི་བ་ནི་དོན་མི་ཆེ་བར་གསུངས་སོ། །ཁ་ཅིག་ན་རེ་རྣམ་པར་མི་རྟོག་པ་ལ་སེམས་ཅན་གྱི་དོན་བྱ་བའི་ཐབས་མེད་དོ་ཞེས་ཟེར་རོ། །དེ་ལ་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་པ་དེ་དག་ནི་མཚན་མ་ལ་སྦྱོར་རོ། །སེམས་ཅན་གང་འབྲས་བུ་ལ་སྨོན་པ་དེ་དག་ནི་སྨོན་པ་ལ་སྦྱར་རོ། །རབ་འབྱོར་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཤིང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་པས། རྣམ་པར་མི་རྟོག་པ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་དེ། མཚན་མའི་སྒོ་ནས་ཆོས་སྟོན་པ་ནི་བདུད་ཀྱི་ལས་དང་སྡིག་པའི་གྲོགས་པོ་ཡིན་ནོ། །སངས་རྒྱས་མཛོད་ཀྱི་མདོ་ལས། རང་གིས་ཆོས་མི་ཤེས་པར་གཞན་ལ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ལོག་པར་བསྟན་པའི་ཕྱིར་རོ། །ཆོས་ལོག་པར་བཤད་ཅེས་བྱ་བ་ནི་དངོས་པོ་དང་མཚན་མར་བསྟན་པའོ་ཞེས་གསུངས་པས།
མི་དམིགས་པར་སེམས་ཅན་གྱི་དོན་བྱེད་པ་ནི་མཆོག་ཏུ་གསུངས་སོ། །ཁ་ཅིག་ན་རེ་མི་རྟོག་པ་ལ་སྡིག་པ་བཤགས་པ་མེད་དོ་ཞེས་ཟེར་ན། དེ་ལ་བཤད་པ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །ཞེས་གསུངས་པས་སེམས་མི་གཡོ་བར་འདུག་པ་ཉིད་ནི་འགྱོད་ཆངས་ཀྱི་མཆོག་ཡིན་པར་གསུངས་སོ། །དེ་ཡན་ཆད་ནི་རྒོལ་བའི་ལན་དུ་ཡང་གཟུང་ངོ༌། །རྣལ་འབྱོར་བའི་གཞུང་དུ་ཡང་བཤད་པ་ཡིན་ནོ། །དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །མི་རྟོག་ཅིག་ཅར་འཇུག་པ་འདི་བཤད་པས། །ཁམས་གསུམ་སེམས་ཅན་མཐའ་ཡས་ཇི་སྙེད་ཀུན། །ཤེས་རབ་མིག་ཐོབ་དབུ་མའི་དོན་རྟོགས་ནས། །ཐམས་ཅད་མཁྱེན་པ་མྱུར་དུ་ཐོབ་པར་ཤོག །ཅིག་ཅར་འཇུག་པའི་རྣམ་པར་མི་རྟོག་པའི་བསྒོམ་དོན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཏཱ་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།