Nitartha Digital Library
Tibetan
 
previousཆོས་མངོན་པ་ཀུན་ལས་བཏུས་པ། ཐོགས་མེད།next

ཆོས་མངོན་པ་ཀུན་ལས་བཏུས་པ།
ཐོགས་མེད།


DTG134_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མངོན་པ་ཀུན་ལས་བཏུས་པ་བཞུགས་སོ། །


DTG134_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་བྷི་དྷ་རྨ་ས་མུ་ཙྪ་ཡ། བོད་སྐད་དུ། །ཆོས་མངོན་པ་ཀུན་ལས་བཏུས་པ། །བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྡོམ་ནི། དུ་དང་ཅི་ཕྱིར་ཉེར་ལེན་དང༌། །མཚན་ཉིད་དེ་ཡི་རྣམ་གཞག་དང། །གོ་རིམས་དོན་དང་དཔེ་དབྱེ་དང༌། །བསྡུས་ལ་སོགས་པ་རྣམ་པ་བཞི། །བསྡུས་དང་མཚུངས་ལྡན་ལྡན་པ་དང༌། །རྣམ་པར་ངེས་པ་བཞིར་དབྱེ་སྟེ། །བདེན་དང་ཆོས་འཐོབ་འབྲེལ་གཏམ་ནི། །རྣམ་པར་ངེས་པའི་དབྱེ་བ་སྟེ། །ཀུན་ལས་བཏུས་པའི་སྤྱི་སྡོམ་ཡིན། །ཕུང་པོ་རྣམས་ནི་དུ། །ཁམས་རྣམས་ནི་དུ། །སྐྱེ་མཆེད་རྣམས་ནི་དུ་ཞེ་ན། ཕུང་པོ་རྣམས་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་རྣམས་ནི་བཅྭ་བརྒྱད་དེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམས་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམས་པར་ཤེས་པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང༌། རོའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །ཅིའི་ཕྱིར་ཕུང་པོ་རྣམས་ལྔ་ཁོ་ན་ཞེ་ན། བདག་གི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཏེ། བདག་གི་གཞི་ལུས་ཡོངས་སུ་གཟུང་བ་དང་བཅས་པ་བརྗོད་པ་དང༌། བདག་གི་གཞི་ལོངས་


DTG134_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བརྗོད་པ་དང༌། བདག་གི་གཞི་ཐ་སྙད་བརྗོད་པ་དང༌། བདག་གི་གཞི་ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པ་བརྗོད་པ་དང༌། བདག་གི་གཞི་དེ་དག་གི་གནས་བརྗོད་པའི་ཕྱིར་རོ། །ཅིའི་ཕྱིར་ཁམས་རྣམས་བཅྭ་བརྒྱད་ཁོ་ན་ཞེ་ན། ལུས་དང༌། ཡོངས་སུ་གཟུང་བ་གཉིས་ཀྱིས། འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ན་ཞེ་ན། ལུས་དང་ཡོངས་སུ་གཟུང་བ་གཉིས་ཉིད། མ་འོངས་པའི་ཉེ་བར་སྤྱོད་པ་རྣམ་པ་དྲུག་སྐྱེ་བའི་སྒོའི་ཕྱིར་རོ། །ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱ་ཞེ་ན། ཉེ་བར་ལེན་པ་དང་ལྡན་པས་དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ། །ཉེ་བར་ལེན་པ་གང་ཞེ་ན། འདིར་འདུན་པ་དང༌། འདོད་ཆགས་གང་ཡིན་པའོ། །ཅིའི་ཕྱིར་འདུན་པ་དང་འདོད་ཆགས་ཉིད་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་མངོན་པར་འགྲུབ་པ་དང༌། ཡོངས་སུ་མི་གཏོང་བའི་ཕྱིར་ཏེ། མ་འོངས་པ་ལ་འདོད་པ་དང༌། ད་ལྟར་ལ་ལྷག་པར་ཆགས་པའི་ཕྱིར་རོ། །ཅིའི་ཕྱིར་ཁམས་རྣམས་དང༌། སྐྱེ་མཆེད་རྣམས་ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་ཞེས་བྱ་ཞེ་ན། དེ་ལ་ཕུང་པོ་བཞིན་དུ་བཤད་དོ། །གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པའི་མཚན་ཉིད་དེ། རེག་པས་གཟུགས་སུ་ཡོད་པ་དང༌། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ། །རེག་པས་གཟུགས་སུ་ཡོད་པ་གང་ཞེ་ན། ལག་པའི་འདུས་ཏེ་རེག་པས་རེག་ན་གཟུགས་སུ་རུང་བ་དང༌། བོང་བའི་འདུས་ཏེ་རེག་པ་དང༌། དབྱིག་པའི་འདུས་རེ་རེག་པ་དང༌། མཚོན་ཆའི་འདུས་རེ་རེག་པ་དང༌། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། སྤྲང་བུ་དང༌། ཤ་སྤྲང་དང༌། རླུང་དང༌། ཉི་མ་དང༌། སྡིག་སྤྲུལ་གྱི་འདུས་ཏེ་རེག་པས་རེག་ན་གཟུགས་སུ་རུང་བའོ། །ཡུལ་དཔྱད་པས་གཟུགས་སུ་ཡོད་པ་གང་ཞེ་ན། གང་ཡུལ་ལ་གཟུགས་འདི་དང་འདིའོ། །གཟུགས་འདི་ལྟ་


DTG134_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དང་འདི་ལྟ་བུའོ་ཞེས་མཉམ་པར་གཞག་པའམ། མཉམ་པར་མ་བཞག་པའི་ཡིད་རྟོག་པ་དང་མཚུངས་པར་ལྡན་པས་བཀྲ་བར་འཛིན་པའོ། །ཚོར་བའི་མཚན་ཉིད་ཅི་ཞེ་ན། མྱོང་བའི་མཚན་ཉིད་དེ། །མྱོངས་བའི་ངོ་བོ་གང་གིས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སོ་སོར་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ཅི་ཞེ་ན། འདུས་ཏེ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཚན་མར་འཛིན་པ་དང༌། བཀྲ་བར་འཛིན་པའི་ངོ་བོ་གང་གིས་ཇི་ལྟར་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ལ་ཐ་སྙད་འདོགས་པའོ། །འདུ་བྱེད་རྣམས་ཀྱི་མཚན་ཉིད་ཅི་ཞེ་ན། མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། སེམས་ཀྱི་མངོན་པར་འདུ་བྱེད་པའི་ངོ་བོ་གང་གིས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། གནས་སྐབས་སྣ་ཚོགས་རྣམས་སུ་སེམས་འཇུག་པར་བྱེད་པའོ། །རྣམ་པར་ཤེས་པའི་མཚན་ཉིད་ཅི་ཞེ་ན། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་དེ། རྣམ་པར་ཤེས་པར་བྱེད་པའི་ངོ་བོ་གང་གིས། གཟུགས་རྣམས་ཀྱང་རྣམ་པར་ཤེས་པ་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང༌། ཆོས་རྣམས་ཀྱང་རྣམ་པར་ཤེས་པའོ། །མིག་གི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པ་དང༌། ལྟ་བ་དང༌། དེའི་ས་བོན་བསགས་པ་དང༌། རྣམ་པར་སྨིན་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་མིག་གི་ཁམས་ཀྱི་མཚན་ཉིད་དོ། །མིག་གི་ཁམས་ཀྱི་མཚན་ཉིད་ཅི་ལྟ་བ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། མིག་གང་གིས་གཟུགས་གང་དག་མཐོང་བར་གྱུར་པ་དང༌། མཐོང་བ་རྣམས་དང༌། དེ་ལ་མིག་གི་ཁམས་དབང་བྱེད་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ། སྒྲ་དང་རོ་དང་རེག་བྱ་དང༌། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །མིག་གི་རྣམ་པར་ཤེས་


DTG134_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། རྟེན་མིག་དང་དམིགས་པ་གཟུགས་ཀྱིས། གཟུགས་སུ་སྣང་བའི་རྣམ་པར་རིག་པ་གང་ཡིན་པ་དང༌། དེའི་ས་བོན་བསགས་པ་དང༌། རྣམ་པར་སྨིན་པའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །སྐྱེ་མཆེད་ཀྱི་མཚན་ཉིད་གང་ཞེ་ན། དེ་ནི་ཁམས་བཞིན་དུ་བལྟ་སྟེ། དེ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །གཟུགས་ཀྱི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ། །མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ། །རླུང་གི་ཁམས་གང་ཞེ་ན། ཡང་ཞིང་གཡོ་བ་ཉིད་དོ། །རྒྱུར་བྱས་པའི་གཟུགས་གང་ཞེ་ན། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །མིག་གི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །རྣ་བའི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། རྣ་བའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་པའོ། །སྣའི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། སྣའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་པའོ། །ལྕེའི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། ལྕེའི་རྣམ་པར་ཤེས་པའི་རྟེན་གཟུགས་


DTG134_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་པའོ། །ལུས་ཀྱི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། ལུས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་དང་པའོ། །གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ། འདི་ལྟ་སྟ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་པོ་དང༌། ཐུང་དུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། རྡུལ་ཕྲ་མོ་དང༌། རགས་པ་དང༌། ཕྱལ་ལེ་བ་དང༌། ཕྱལ་ལེ་བ་མ་ཡིན་པ་དང༌། མཐོན་པོ་དང༌། དམའ་བ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། མངོན་པར་སྐབས་ཡོད་པ་དང༌། རྣམ་པར་རིག་བྱེད་དང༌། ནམ་མཁའ་ཁ་དོག་གཅིག་པའོ། །དེ་ཡང་ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་དང། དེ་གཉི་གའི་བར་མར་གནས་པ་དང༌། ཁ་དོག་དང་འདྲ་བའོ། །སྒྲ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་པ་སྟེ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། གཉི་ག་མ་ཡིན་པ་དང༌། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། ཟིན་པ་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། དེ་གཉི་ག་དང༌། འཇིག་རྟེན་གྱི་གྲགས་པ་དང༌། གྲུབ་པས་བསྟན་པ་དང༌། ཀུན་བརྟགས་པ་དང༌། འཕགས་པས་ཐ་སྙད་བཏགས་པ་དང༌། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པའོ། །དྲི་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། སྣའི་དབང་པོའི་གཟུང་བའི་དོན་གང་ཡིན་པ་སྟེ། དྲི་ཞིམ་པ་དང༌། དྲིང་བ་དང༌། དྲི་མཉམ་པ་དང༌། ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་ལས་བྱུང་བ་དང༌། གྱུར་པ་ལས་བྱུང་བའོ། །རོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། ལྕེའི་དབང་པོའི་གཟུང་བའི་དོན་གང་ཡིན་པ་སྟེ། དེ་ཡང་ཁ་བ་དང༌། སྒྱུར་བ་དང༌། ཚ་བ་དང༌། བསྐ་བ་དང༌། ལན་ཚྭ་དང༌། མངར་བ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་མ་འོང་བ་དང༌། དེ་གཉི་ག་མ་ཡིན་པ་དང༌།


DTG134_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་ལས་བྱུང་བ་དང༌། གྱུར་བ་ལས་འབྱུང་བའོ། །རེག་བྱའི་ཕྱོགས་གཅིག་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། ལུས་ཀྱི་དབང་པོས་གཟུང་བའི་དོན་གང་ཡིན་པ་སྟེ། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། ཡང་བ་ཉིད་དང༌། ལྕི་བ་ཉིད་དང༌། མཉེན་པ་ཉིད་དང༌། ལྷོད་པ་ཉིད་དང༌། ལྷོད་པ་མ་ཡིན་པ་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚིམ་པ་དང༌། ཉམ་ཡོད་པ་དང༌། ཉམ་ཆུང་བ་དང༌། བརྒྱལ་བ་དང༌། གཡའ་བ་དང༌། འགྲེད་པ་དང༌། ན་བ་དང༌། རྒ་བ་དང༌། འཆི་བ་དང༌། ངལ་བ་དང༌། ངལ་སོས་པ་དང༌། སྤུངས་ཆེ་བའོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཀུན་བརྟགས་པ་དང༌། དབང་འབྱོར་པའོ། །ཚོར་བའི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་ཡང་རུང༌། སྡུག་བསྔལ་ཡང་རུང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་རུང་བ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་ཡང་རུང༌། སྡུག་བསྔལ་ཡང་རུང༌། སྡུག་བསྔལ་ཡང་མ་ཡིན་བདེ་པ་ཡང་མ་ཡིན་པ་ཡང་རུང་བ་སྟེ། བདེ་བ་ལུས་ཀྱི་ཡང་རུང༌། སྡུག་བསྔལ་ལུས་ཀྱི་ཡང་རུང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལུས་ཀྱི་ཡང་རུང༌། བདེ་བ་སེམས་ཀྱི་ཡང་རུང༌། སྡུག་བསྔལ་སེམས་ཀྱི་ཡང་རུང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སེམས་ཀྱི་ཡང་རུང༌། བདེ་བ་ཟང་ཟིང་དང་བཅས་པ་ཡང་རུང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཟང་ཟིང་དང་བཅས་པ་ཡང་རུང༌། བདེ་བ་ཟང་ཟིང་མེད་པ་ཡང་རུང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཟང་ཟིང་མེད་པ་ཡང་རུང༌། བདེ་བཞིན་པ་རྟེན་པ་ཡང་རུང༌།


DTG134_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཞེན་པ་རྟེན་པ་ཡང་རུང༌། བདེ་བ་མངོན་པར་འབྱུང་བ་རྟེན་པ་ཡང་རུང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མངོན་པར་འབྱུང་བ་རྟེན་པ་ཡང་རུང་བའོ། །ལུས་ཀྱི་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའོ། །སེམས་ཀྱི་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའོ། །ཟང་ཟིང་དང་བཅས་པ་གང་ཞེ་ན། ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པའོ། །ཟང་ཟིང་མེད་པ་གང་ཞེ་ན། དེའི་སྲེད་པ་དང་མི་ལྡན་པའོ། །ཞེན་པ་རྟེན་པ་གང་ཞེ་ན། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་དང་མཚུངས་པར་ལྡན་པའོ། །མངོན་པར་འབྱུང་བ་རྟེན་པ་གང་ཞེ་ན། དེ་དང་མི་ལྡན་པའོ། །འདུ་ཤེས་ཀྱི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་དང༌། རྣ་བ་དང༌། སྣ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཏེ། གང་གིས་མཚན་མ་དང་བཅས་པ་ཡང་དག་པར་ཤེས་ཤིང༌། མཚན་མ་མེད་པ་དང༌། ཆུང་དུ་དང༌། རྒྱ་ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་ཡང་དག་པར་ཤེས་པའོ། །མཚན་མ་དང་བཅས་པའི་འདུ་ཤེས་གང་ཞེ་ན། ཐ་སྙད་ལ་མི་མཁས་པ་དང༌། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པ་དང། སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་མ་གཏོགས་པ་གང་དེ་ལས་གཞན་པའི་འདུ་ཤེས་སོ། །མཚན་མ་མེད་པའི་འདུ་ཤེས་གང་ཞེ་ན། འདུ་ཤེས་གང་མ་གཏོགས་པའོ། །ཆུང་ངུའི་འདུ་ཤེས་གང་ཞེ་ན། གང་གིས་འདོད་པའི་ཁམས་ཤེས་པའོ། །རྒྱ་ཆེན་པོར་གྱུར་པའི་འདུ་ཤེས་གང་ཞེ་ན། གང་གིས་གཟུགས་ཀྱི་ཁམས་ཤེས་པའོ། །ཚད་མེད་པའི་འདུ་ཤེས་གང་ཞེ་ན། གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཤེས་པའོ། །ཅི་ཡང་མེད་པའི་འདུ་ཤེས་གང་ཞེ་ན། གང་གིས་


DTG134_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པའོ། །འདུ་བྱེད་ཀྱི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་སྟེ། གང་གིས་དགེ་བའི་ཕྱིར་ཡང་སེམས་པར་བྱེད། ཀུན་ནས་ཉོན་མོངས་པའི་ཕྱིར་ཡང་སེམས་པར་བྱེད། གནས་སྐབས་ཀྱི་བྱེ་བྲག་ལ་ཡང་སེམས་པར་བྱེད་པ་སྟེ། དེ་ལྟར་ན་སེམས་པ་འདི་དང༌། ཚོར་བ་དང༌། འདུ་ཤེས་མ་གཏོགས་པ་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། སེམས་པ་དང༌། ཡིད་ལ་བྱེད་པ་དང༌། རེག་པ་དང༌། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ལོག་པར་ལྟ་བ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྒྱུ་དང༌། གཡོ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། བརྗེད་ངེས་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། རྣམ་པར་གཡེང་བ་དང༌། གཉིད་དང༌། འགྱོད་པ་དང༌། རྟོག་པ་དང་དཔྱོད་པའོ། །སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་


DTG134_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་པ་སྟེ། དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ། །རེག་པ་གང་ཞེ་ན། གསུམ་འདུས་ནས་དབང་པོའི་འགྱུར་པ་ཡོངས་སུ་གཅོད་པ་སྟེ། ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །འདུན་པ་གང་ཞེ་ན། འདོད་པའི་དངོས་པོ་ལ། དེ་དང་དེ་ལྡན་པར་བྱེད་འདོད་པ་ཉིད་དེ། བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ། མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ། །དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དེ། ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཤེས་རབ་གང་ཞེ་ན། བརྟག་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པ་འབྱེད་པ་སྟེ། སོམ་ཉི་བཟློག་པའི་ལས་ཅན་ནོ། །དད་པ་གང་ཞེ་ན། ཡོད་པ་ཉིད་དང༌། ཡོན་ཏན་ཅན་དང༌། ནུས་པ་རྣམ་ལ་མངོན་པར་ཡིད་ཆེས་པ་དང༌། དང་པ་དང་འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ངོ་ཚ་ཤེས་པ་གང་ཞེ་ན། བདག་ཉིད་ལས་ཁ་ན་མ་ཐོ་བས་འཛེམ་པ་སྟེ། ཉེས་པར་སྤྱོད་པ་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་གང་ཞེ་ན། གཞན་ལས་ཁ་ན་མ་ཐོ་བས་འཛེམ་པ་སྟེ། དེའི་ལས་ཅན་ཉིད་དོ། །མ་ཆགས་པ་གང་ཞེ་ན། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་ཆགས་པ་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེ་སྡང་མེད་པ་གང་ཞེ་ན། སེམས་ཅན་རྣམས་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །གཏི་མུག་མེད་པ་གང་ཞེ་ན། རྣམ་པར་སྨིན་པ་ལས་སམ། ལུང་ལས་སམ། བསམ་པ་ལས་སམ། རྟོགས་པ་ལས་ཤེས་ཤིང་སོ་སོར་བརྟགས་པ་སྟེ། ཉེས་བར་སྤྱོད་པ་ལ་


DTG134_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་གང་ཞེ་ན། གོ་ཆ་དང༌། སྦྱོར་བ་དང༌། མི་འགོད་པ་དང༌། མི་ལྡོག་པ་དང༌། ཆོག་པར་མི་འཛིན་པ་ལ་སེམས་མངོན་པར་སྤྲོ་བ་སྟེ། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་བསྒྲུབ་པའི་ལས་ཅན་ནོ། །ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར། ལུས་དང་སེམས་ལས་སུ་རུང་བ་ཉིད་དེ། སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། གང་དགེ་བའི་ཆོས་རྣམས་བསྒོམ་པ་དང༌། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་བསྒྲུབ་པའི་ལས་ཅན་ནོ། །བཏང་སྙོམས་གང་ཞེ་ན། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང་མི་མཐུན་པ། སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འདུག་པ་ཉིད་དང༌། སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ། ཀུན་ནས་ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ནོ། །རྣམ་པར་མི་འཚེ་བ་གང་ཞེ་ན། ཞེ་སྡང་མེད་པའི་ཆར་གཏོགས་པ། སྙིང་རྗེ་བའི་སེམས་ཉིད་དེ། ཐོ་མི་འཚམ་པའི་ལས་ཅན་ནོ། །འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ། །ཁོང་ཁྲོ་བ་གང་ཞེ་ན། སེམས་ཅན་རྣམས་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང༌། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ་མི་གུས་པ་དང༌། སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །མ་རིག་པ་གང་ཞེ་ན།


DTG134_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་པར་ངེས་པ་དང༌། ཐེ་ཚོམ་དང༌། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཐེག་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །མཐར་འཛིན་པར་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་དང༌། ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང༌། གཙོ་བོ་དང༌། ཁྱད་པར་དུ་འཕགས་པ་དང༌། དམ་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འདག་པ་དང༌། གྲོལ་བས་དང༌། ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་གང་ཞེ་ན། རྒྱུའམ། འབྲས་བུའམ། བྱེད་པ་ལ་སྐུར་བ་འདེབས་པ་དང༌། ཡོད་པའི་དངོས་པོ་འཇིག་པ་སྟེ། ལོག་པར་རྣམ་པར་རྟོག་པའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང༌།


DTG134_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བའི་རྩ་བ་དམ་དུ་འཛིན་པའི་རྟེན་བྱེད་པའི་ལས་ཅན་དང༌། མི་དགེ་བ་ལ་འཇུག་པའི་ལས་ཅན་དང༌། དགེ་བ་ལ་མི་འཇུག་པའི་ལས་ཅན་ནོ། །ལྟ་བ་ལྔ་པོ་འདི་དག་ལས་སྒྲོ་འདོགས་པའི་ལྟ་བ་ནི་དུ། སྐུར་པ་འདེབས་པའི་ལྟ་བ་ནི་དུ་ཞེ་ན། བཞི་ནི་སྒྲོ་འདོགས་པའི་ལྟ་བ་སྟེ། ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང༌། ལྟ་བ་ལ་མཆོག་དང་འདག་པར་སྒྲོ་འདོགས་པའི་ཕྱིར་རོ། །གཅིག་ནི་ཕལ་ཆེར་ལ་སྐུར་པ་འདེགས་པའི་ལྟ་བའོ། །སྔོན་གྱི་མཐར་རྟོག་པའི་ལྟ་བ་གང་ཡིན་པ་དང༌། ཕྱི་མའི་མཐར་རྟོག་པའི་ལྟ་བ་གང་ཡིན་པ་དེ་དག་ལྟ་བ་དུ་ཞིག་ལས་བྱུང་བར་རིག་པར་བྱ་ཞེ་ན། གཉིས་སམ། ཐམས་ཅད་ལས་སོ། །ལུང་དུ་མ་བསྟན་པའི་དངོས་པོ་རྣམས་ལ་ལྟ་བ་གང་ཡིན་པ་དེ་དག་ལྟ་བ་དུ་ཞིག་ལས་བྱུང་བར་རིག་པར་བྱ་ཞེ་ན། གཉིས་སམ། ཐམས་ཅད་ལས་སོ། །བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་རྣམ་པ་ལྔས་བདག་བསལ་བ་མཛད་ཅེ་ན། འཇིག་ཚོགས་ལ་ལྟ་བས་ཡོངས་སུ་ཟིན་པའི་ཉེས་པ་ལྔ་གཟིགས་ནས་ཏེ། མཚན་ཉིད་དང་མི་མཐུན་པའི་ཉེས་པ་དང༌། མི་རྟག་པ་ཉིད་ཀྱི་ཉེས་པ་དང༌། རང་དབང་མེད་པའི་ཉེས་པ་དང༌། ལུས་མེད་པའི་ཉེས་པ་དང༌། བསྒྲིམ་མི་དགོས་པར་ཐར་པར་འགྱུར་བའི་ཉེས་པའོ། །གང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུ་པོ། གཟུགས་བདག་ཡིན་པར་ལྟ་བ་དང། བདག་གཟུགས་དང་ལྡན་པ་དང༌། གཟུགས་བདག་གི་ཡིན་པ་དང༌། གཟུགས་ལ་བདག་གནས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བ་དང༌། བདག་རྣམ་པར་ཤེས་པ་དང༌། ལྡན་པ་དང༌། རྣམ་པར་ཤེས་པ་བདག་གི་ཡིན་པ་དང༌། རྣམ་པར་ཤེས་པ་ལ་བདག་གནས་སོ་ཞེས་བྱ་བ་དེ་ལ། བདག་ཏུ་ལྟ་བ་ནི་དུ། བདག་གིར་ལྟ་བ་ནི་དུ་ཞེ་ན། ལྔ་ནི་བདག་ཏུ་ལྟ་བའོ། །བཅོམ་ལྡན་ནི་བདག་གིར་ལྟ་བའོ། །ཅིའི་ཕྱིར་བཅོམ་ལྔ་བདག་གིར་ལྟ་བ་ཞེས་བྱ་ཞེ་ན། འབྲེལ་བས་བདག་གིར་


DTG134_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང༌། དབང་སྒྱུར་བས་བདག་གིར་འགྱུར་བ་དང༌། ཐ་དད་དུ་མི་འཇུག་པས་བདག་གིར་འགྱུར་བའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་དཔྱད་པའི་གཞི་ཅན་ཞེས་བྱའམ། མ་དཔྱད་པའི་གཞི་ཅན་ཞེས་བྱ་ཞེ་ན། མ་དཔྱད་པའི་གཞི་ཅན་ཞེས་བརྗོད་པར་བྱ་སྟེ། ཐག་པ་ལ་སྤྲུལ་གྱི་བློ་བཞིན་ནོ། །ཁྲོ་བ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་ན། ཁོང་ཁོར་བའི་ཆར་གཏོགས་པའི་སེམས་ཀྱི་ཀུན་ནས་མནར་སེམས་པ་སྟེ། མཚོན་ཆ་ལེན་པ་དང༌། ཆད་པས་གཅོད་པ་ལ་སོགས་པ་དང༌། གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁོན་དུ་འཛིན་པ་གང་ཞེ་ན། དེའི་འོག་ཏུ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས། ཤར་གཉེར་བའི་བསམ་པ་མི་གཏོང་བ་སྟེ། མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །འཆབ་པ་གང་ཞེ་ན། ལེགས་པར་བསྐུལ་བ་ལ་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་འཁྱུད་པ་སྟེ། འགྱོད་པ་དང༌། རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། །འཚིག་པ་གང་ཞེ་ན། ཁོང་ཁྲོ་བའི་ཆར་གཏོགས་པ་ཁྲོ་བ་དང་ཁོན་དུ་འཛིན་པ་སྔོན་དུ་འགྲོ་བའི་སེམས་ཀྱིས་ཀུན་ནས་མནར་སེམས་པ་སྟེ། ཚིག་རྩུབ་པོ་བླང་ཞིང་དྲག་པོའི་རྟེན་བྱེད་པའི་ལས་ཅན་དང༌། བསོད་ནམས་མ་ཡིན་པ་འཕེལ་བའི་ལས་ཅན་དང༌། རེག་པར་མི་གནས་པའི་ལས་ཅན་ནོ། །ཕྲག་དོག་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་གཞན་གྱི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བཟོད་པར་གྱུར་བ་སེམས་ཁོང་ནས་འཁྲུག་པ་ཞེ་སྡང་གི་ཆར་གཏོགས་པ་སྟེ། ཡིད་མི་བདེ་བ་དང༌། རེག་པར་མི་གནས་པའི་ལས་ཅན་ནོ། །སེར་སྣ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། ཡོ་བྱད་རྣམས་ལ་སེམས་ཀྱི་ཀུན་ཏུ་འཛིན་པ་འདོད་ཆགས་ཀྱི་ཆར་གཏོགས་པ་སྟེ། ཡོ་བྱད་མ་བསྙུངས་པའི་རྟེན་བྱེད་པའི་ལས་ཅན་ནོ། །སྒྱུ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པས་ཡོན་ཏན་མ་ཡིན་པ་ཀུན་ཏུ་སྟོན་པ་སྟེ། ལོག་པས་འཚོ་བའི་རྟེན་བྱེད་པའི་ལས་ཅན་ནོ། །གཡོ་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། འདོད་ཆགས་དང་གཏི་མུག་


DTG134_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆར་གཏོགས་པས་ཉེས་པ་ཡང་དག་པར་སྐྱོང་བ་སྟེ། ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །རྒྱགས་པ་གང་ཞེ་ན། ནད་མེད་པ་དང་ལང་ཚོལ་བབ་པ་ལ་བརྟེན་ཅིང་ཚེ་རིང་བའི་མཚན་མ་དང༌། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས། འདོད་ཆགས་ཀྱི་ཆར་གཏོགས་པའི་དགའ་བ་དང༌། ཡིད་བདེ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་འཚེ་བ་གང་ཞེ་ན། ཁོང་ཁྲོ་བའི་ཆར་གཏོགས་པ། སྙིང་བརྩེ་བ་མེད་པ་དང། སྙིང་རྗེ་བ་མེད་པ་དང༌། བརྩེ་བ་མེད་པ་སྟེ། རྣམ་པར་ཐོ་འཚམ་པའི་ལས་ཅན་ནོ། །ངོ་ཚ་མེད་པ་གང་ཞེ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་བདག་ལས་མི་འཛེམ་པ་སྟེ། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཁྲེལ་མེད་པ་གང་ཞེ་ན། འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་གཞན་ལས་མི་འཛེམ་པ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །རྨུགས་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པ་སེམས་ལས་སུ་མི་རུང་བ་ཉིད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ། ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །མ་དད་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པ་དགེ་བའི་ཆོས་རྣམས་ལ་སེམས་ཀྱི་ཡིད་མི་ཆེས་པ་དང༌། མ་དང་པ་དང༌། མི་འདོད་པ་སྟེ། ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། །ལེ་ལོ་གང་ཞེ་ན། ཉལ་བ་དང༌། སྙེས་པ་དང༌། འཕྲེས་པའི་བདེ་བ་ལ་བརྟེན་ནས། གཏི་མུག་གི་ཆར་གཏོགས་པའི་སེམས་མི་སྤྲོ་བ་སྟེ། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བག་མེད་པ་གང་ཞེ་ན། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་ལེ་ལོ་དང་བཅས་པ་ལ་


DTG134_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས། དགེ་བའི་ཆོས་རྣམས་མི་བསྒོམ་ཞིང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་མི་སྲུང་བ་སྟེ། མི་དགེ་བ་འཕེལ་བ་དང༌། དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྗོད་ངེས་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་སྟེ། གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང༌། ངག་དང་སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་པར་གཡེང་བ་གང་ཞེ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཆར་གཏོགས་པའི་སེམས་ཀྱི་རྣམ་པར་འཕྲོ་བ་སྟེ། དེ་ཡང་ངོ་བོ་ཉིད་ཀྱིས་གཡེང་བ་དང༌། ཕྱི་རོལ་ཏུ་གཡེང་བ་དང༌། ནང་གི་གཡེང་བ་དང༌། མཚན་མའི་གཡེང་བ་དང༌། གནས་ངན་ལེན་གྱི་གཡེང་བ་དང༌། ཡིད་ལ་བྱེད་པའི་གཡེང་བའོ། །ངོ་བོ་ཉིད་ཀྱིས་གཡེང་བ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔའོ། །ཕྱི་རོལ་ཏུ་གཡེང་བ་གང་ཞེ་ན། དགེ་བ་ལ་ཞུགས་པའི་སེམས་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པར་འཕྲོ་བའོ། །ནང་གི་གཡེང་བ་གང་ཞེ་ན། དགེ་བ་ལ་ཞུགས་པ་བྱིང་བ་དང་རྒོད་པ་དང༌། རོ་མྱང་བར་བྱེད་པའོ། །མཚན་མའི་གཡེང་བ་གང་ཞེ་ན། གཞན་ཡིད་ཆེས་པར་བྱ་བ་སྔོན་དུ་བཏང་སྟེ་དགེ་བ་ལ་སྦྱོར་བའོ། །གནས་ངན་ལེན་གྱི་གཡེང་བ་གང་ཞེ་ན། ངར་འཛིན་པ་དང༌། ང་ཡིར་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་གྱི་ཕྱོགས་ཀྱི་གནས་ངན་ལེན་ལ་བརྟེན་ནས། དགེ་བ་ལ་ཞུགས་པའི་ཚོར་བ་བྱུང་བ་འབྱུང་བ་རྣམས་ལང་ཞེའམ། ང་ཡི་ཞེའམ། ངའོ་སྙམ་དུ་འཛིན་པ་དང༌། འདྲེས་པ་དང༌། མཚན་མར་འཛིན་པའོ། །ཡིད་ལ་བྱེད་པའི་གཡེང་བ་གང་ཞེ་ན། སྙོམས་པར་འཇུག་པ་གཞན་ནམ། ཐེག་པ་གཞན་ལ་སྙོམས་པར་འཇུག་པ་དང༌། གནས་པའི་རྣམ་པར་འཕྲོ་བ་གང་ཡིན་པ་སྟེ། འདོད་ཆགས་དང་འབྲེལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །གཉིད་གང་ཞེ་ན། གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། དུས་དང་དུས་མ་ཡིན་པ་དང༌། རིགས་


DTG134_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མི་རིགས་པ་ལ་སེམས་སྡུད་པ་གཏི་མུག་གི་ཆར་གཏོགས་པ་སྟེ། བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ནོ། །འགྱོད་པ་གང་ཞེ་ན། བསམས་པ་དང༌། མ་བསམས་པའི་བྱ་བ་དང་བྱ་བ་མ་ཡིན་པ་གང་ཡིན་པ་ལ་བརྟེན་ནས། དགེ་བ་དང༌། མི་དགེ་བ་དང། ལུང་དུ་མ་བསྟན་པ་དང༌། དུས་དང༌། དུས་མ་ཡིན་པ་དང༌། རིགས་པ་དང༌། མི་རིགས་པ་ལ་སེམས་ཀྱིས་ཡིད་ལ་གཅགས་པ་གཏི་མུག་གི་ཆར་གཏོགས་པ་སྟེ། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །རྟོག་པ་གང་ཞེ་ན། སེམས་པའམ། ཤེས་རབ་ལ་བརྟེན་ནས། ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། དེ་ནི་སེམས་རྩིང་བའོ། །དཔྱོད་པ་གང་ཞེ་ན། སེམས་པའམ། ཤེས་རབ་ལ་བརྟེན་ནས། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་ནི་སེམས་ཞིབ་པའོ། །རེག་པར་གནས་པ་དང༌། རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་དག་གོ །ཡང་ཆོས་དགེ་བ་རྣམས་ཀྱི་ལས་ནི་རང་གི་མི་མཐུན་པའི་ཕྱོགས་སྤངས་པའོ། །ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ལས་ནི་རང་གི་གཉེན་པོའི་བར་དུ་གཅོད་པའོ། །སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན། འཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་དང༌། སོ་སོའི་སྐྱེ་བོ་ཉིད་དང༌། འཇུག་པ་དང༌། སོ་སོར་ངེས་པ་དང༌། འབྱོར་འབྲེལ་པ་དང༌། མགྱོགས་པ་དང༌། གོ་རིམས་དང༌། དུས་དང༌། ཡུལ་དང༌། གྲངས་དང་ཚོགས་པའོ། །འཐོབ་པ་གང་ཞེ་ན། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པ་ལ་འཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། སྟེང་མའི་འདོད་ཆགས་དང་མ་བྲལ་བའི་


DTG134_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུས་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟེན་པ་མ་ཡིན་པ་རྣམས་དང༌། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ། འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ། །འདུ་ཤེས་མེད་པ་པ་གང་ཞེ་ན། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟེན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་པ་ཞེས་གདགས་སོ། །སྲོག་གི་དབང་གི་པོ་གང་ཞེ་ན། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པའི་གནས་པའི་འདུས་ངེས་པ་ལ། ཚེ་ཞེས་གདགས་སོ། །རིས་མཐུན་པ་གང་ཞེ་ན། སེམས་ཅན་གྱི་རིགས་དེ་དང་དེར་སེམས་ཅན་དེ་དང་དེ་དག་གི་ལུས་འདྲ་བ་ལ་རིས་མཐུན་པ་ཞེས་གདགས་སོ། །སྐྱེ་བ་གང་ཞེ་ན། རིས་མཐུན་པར་འདུ་བྱད་རྣམས་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་ཞེས་གདགས་སོ། །རྒ་བ་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་འགྱུར་བ་ལ་རྒ་བ་ཞེས་གདགས་སོ། །གནས་པ་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པ་ལ་གནས་པ་ཞེས་གདགས་སོ། །མི་རྟག་པ་ཉིད་གང་ཞེ་ན། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པ་ལ་མི་རྟག་པ་ཉིད་ཅེས་གདགས་སོ། །མིང་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ལ་མིང་གི་ཚོགས་ཞེས་གདགས་སོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ལ་ཚིག་གི་ཚོགས་ཞེས་གདགས་སོ། །ཡི་གེའི་ཚོགས་གང་ཞེ་ན། དེ་གཉིད་གའི་གནས་ཡི་གེ་རྣམས་ལ་ཡི་གེའི་ཚོགས་ཞེས་གདགས་ཏེ། དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ། །རྗོད་པ་ཡང་དེ་ཡིན་ཏེ། དོན་ཡང་དག་པར་བརྗོད་པའི་ཕྱིར་རོ། །ཡི་གེ་ནི་རྣམ་གྲངས་སུ་


DTG134_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་གཞན་དུ་མི་འགྱུར་བར་བྱེད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོ་བ་ལ་སོ་སོའི་སྐྱེ་བོ་ཞེས་གདགས་སོ། །འཇུག་པ་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་ལ་འཇུག་པ་ཞེས་གདགས་སོ། །སོ་སོར་ངེས་པ་གང་ཞེ་ན། རྒྱུ་དང་འབྲས་བུ་ཐ་དད་པ་ལ་སོ་སོར་ངེས་པ་ཞེས་གདགས་སོ། །འབྱོར་འབྲེལ་པ་གང་ཞེ་ན། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ལ་འབྱོར་པ་ཞེས་གདགས་སོ། །མགྱོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུ་མྱུར་བར་བྱུང་བ་ལ་མགྱོགས་པ་ཞེས་གདགས་སོ། །གོ་རིམས་གང་ཞེ་ན། རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་གོ་རིམས་ཞེས་གདགས་སོ། །དུས་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་ཏུ་འབྱུང་བ་ལ་དུས་ཞེས་གདགས་སོ། །ཡུལ་གང་ཞེ་ན། ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། འོག་དང༌། སྟེང་དང༌། ཕྱོགས་བཅུ་ཐམས་ཅད་ན་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ལ་ཡུལ་ཞེས་གདགས་སོ། །གྲངས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་ལ་གྲངས་ཞེས་གདགས་སོ། །ཚོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུའི་རྐྱེན་འདུས་པ་ལ་ཚོགས་པ་ཞེས་གདགས་སོ། །རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། སེམས་དང་ཡིད་གང་ཡིན་པ་རྣམ་པར་ཤེས་པ་ཡང་དེ་ཡིན་ནོ། །སེམས་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་ཡོངས་སུ་བསྒོམས་པས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ། དེ་དག་གི་བག་ཆགས་བསགས་པའི་ཕྱིར་རོ། །ཡིད་གང་ཞེ་ན། གང་དུས་རྟག་ཏུ་རློམ་སེམས་པའི་བདག་ཉིད་དང༌། ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་པ་དང༌། ཉོན་མོངས་པ་བཞི་པོ་བདག་ཏུ་ལྟ་བ་དང༌། བདག་ལ་ཆགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མ་རིག་པ་དང་མཚུངས་པར་ལྡན་པ་སྟེ། དེ་ཡང་ལམ་མངོན་དུ་གྱུར་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། མི་སློབ་པའི་ས་མ་གཏོགས་པར་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཐམས་ཅད་


DTG134_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བ་དང༌། གང་ཡང་རྣམ་པར་ཤེས་པ་དྲུག་པོ་དག་འགགས་མ་ཐག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་རྣམ་པར་ཤེས་པ་གང་ཞེ་ན། མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན། རྣ་བ་ལ་བརྟེན་ཅིང་སྒྲ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །སྣའི་རྣམ་པར་ཤེས་པ་གང་ཞེ་ན། སྣ་ལ་བརྟེན་ཅིང་དྲི་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། ལྕེ་ལ་བརྟེན་ཅིང་རོ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ལུས་ལ་བརྟེན་ཅིང་རེ་བྱ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ལ་བརྟེན་ཅིང་ཆོས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཁམས་ཀྱི་རྣམ་པར་གཞག་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཁམས་བཅུ་སྟེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། རྣ་བའི་ཁམས་དང། སྒྲའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ནོ། །ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ །རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་བདུན་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བ་དང༌། སྣ་དང་ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་ཁམས་སོ། །ཁམས་རྣམས་ཀྱི་ནང་ནས་ཕུང་པོ་རྣམས་ཀྱིས་ཅི་ཞིག་མ་བསྡུས་ཤེ་ན། ཆོས་ཀྱི་ཁམས་ལ་ཡོད་པའི་འདུས་མ་བྱས་སོ། །དེ་ཡང་འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དང༌། དེ་བཞིན་དུ་ཆོས་མི་དགེ་བ་དང༌།


DTG134_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། མི་གཡོ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པའོ། །ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཞེ་ན། བདག་མེད་པ་རྣམ་པ་གཉིས་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། ཡང་དག་པའི་མཐའ་དང་དོན་དམ་པ་སྟེ། །ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། །ཅིའི་ཕྱིར་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་ཞེ་ན། གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། །ཅིའི་ཕྱིར་མཚན་མ་མེད་པ་ཞེས་བྱ་ཞེ་ན། མཚན་མ་ཉེ་བར་ཞི་བའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱ་ཞེ་ན། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཆོས་མི་དགེ་བ་རྣམས་དང༌། ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །ནམ་མཁའ་གང་ཞེ་ན། གཟུགས་མེད་ཅིང་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པའི་ཕྱིར་རོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གང་ཞེ་ན། གང་འགོག་པ་ལ་བྲལ་བ་མ་ཡིན་པའོ། །སོ་སོར་བརྟགས་པས་འགོག་པ་གང་ཞེ་ན། གང་འགོག་ལ་དེ་ནི་བྲལ་བའོ། །མི་གཡོ་བ་གང་ཞེ་ན། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བའི་བདེ་བ་དང་སྡུག་བསྔལ་འགོག་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟེན་པ་མ་ཡིན་པ་དང༌། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པའོ། །གཟུགས་རྣམ་པ་ལྔ་གང་ཡིན་པ་


DTG134_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དང༌། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གང་དག་ཡིན་པ་དེ་དག་གཅིག་ཏུ་བསྡུས་ཏེ། རྣམ་པ་བཅུ་དྲུག་གི་བདག་ཉིད་ནི་ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་གང་ཞེ་ན། གཟུགས་ཅན་གྱི་ཁམས་བཅུ་པོ་གང་ཡིན་པ་དེ་དག་ཉིད་སྐྱེ་མཆེད་བཅུའོ། །རྣམ་པར་ཤེས་པའི་ཁམས་བདུན་གང་དག་ཡིན་པ་དེ་དག་ཡིད་ཀྱི་སྐྱེ་མཆེད་དོ། །ཆོས་ཀྱི་ཁམས་གང་ཡིན་པ་དེ་ཆོས་ཀྱི་སྐྱེ་མཆེད་དོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ནི་ཆོས་གསུམ་དུ་འགྱུར་ཏེ། གཟུགས་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །མིག་ཅེས་ཀྱང་བྱ། མིག་གི་ཁམས་ཞེས་ཀྱང་བྱ་ན། མིག་གང་ཡིན་པ་མིག་གི་ཁམས་ཀྱང་དེ་ཡིན་ན། མིག་གི་ཁམས་གང་ཡིན་པ་མིག་ཀྱང་དེ་ཡིན་ནམ་ཞེ་ན། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པ་ཐ་མའི་མིག་གོ །མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ་ཡང་ཡོད་དེ། སྒོ་ངའི་ནང་ན་འདུག་པ་དང༌། ནུར་ནུར་པོར་གྱུར་པ་དང༌། མེར་མེར་པོར་གྱུར་པ་དང༌། ནར་ནར་པོར་གྱུར་པ་དང༌། མའི་མངལ་ན་གནས་པ་མིག་མ་དོད་པ་དང༌། མིག་ཞར་བ་དང༌། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ། །མིག་ཀྱང་ཡིན་ལ་མིག་གི་ཁམས་ཀྱང་ཡིན་པའང་ཡོད་དེ། དེ་མ་ཡིན་པའི་གནས་སྐབས་གཞན་རྣམས་སོ། །མིག་ཀྱང་མ་ཡིན་ལ་མིག་གི་ཁམས་ཀྱང་མ་ཡིན་པའང་ཡོད་དེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང༌། གཟུགས་མེད་པར་སྐྱེས་པའི་འཕགས་པའིའོ། །མིག་དང་མིག་གི་ཁམས་ཇི་ལྟ་བ་བཞིན་དུ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ལུས་ཀྱི་ཁམས་ཀྱང་དེ་བཞིན་ཏེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །ཡིད་གང་ཡིན་པ་ཡིད་ཀྱི་ཁམས་ཀྱང་དེ་ཡིན་ནམ། ཡིད་ཀྱི་ཁམས་གང་ཡིན་པ་ཡིད་ཀྱང་དེ་ཡིན་ནམ་ཞེ་ན། ཡིད་ཡིན་ལ་ཡིད་ཀྱི་ཁམས་མ་ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པ་ཐ་མའི་ཡིད་དོ། །ཡིད་ཀྱི་ཁམས་ཡིན་ལ་ཡིད་མ་ཡིན་པའང་


DTG134_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། འགོག་པ་ལ་སྙོམས་པར་ཞུགས་པའི་ཡིད་ཀྱི་ཁམས་སོ། །ཡིད་ཀྱང་ཡིན་ལ་ཡིད་ཀྱི་ཁམས་ཀྱང་ཡིན་པའང་ཡོད་དེ། དེ་མ་ཡིན་པའི་གནས་སྐབས་གཞན་རྣམས་སོ། །ཡིད་ཀྱང་མ་ཡིན་ལ་ཡིད་ཀྱི་ཁམས་ཀྱང་མ་ཡིན་པའང་ཡོད་དེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའིའོ། །གང་དུ་བྱུང་ཞིང་སྐྱེས་པར་གྱུར་པ་དེའི་ས་པ་ཉིད་ཀྱི་མིག་གིས་དེའི་ས་པའི་གཟུགས་རྣམས་མཐོང་ངམ་ཞེ་ན། དེའི་ས་པའི་མིག་གིས་དེའི་ས་པའི་གཟུགས་རྣམས་མཐོང་བའང་ཡོད། གཞན་གྱི་ས་པས་མཐོང་བའང་ཡོད་དེ། འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་འདོད་པ་ན་སྤྱོད་པའི་མིག་གིས་འདོད་པ་ན་སྤྱོད་པའི་གཟུགས་རྣམས་མཐོང་བ་དང༌། གཟུགས་ན་སྤྱོད་པ་ས་གོང་མ་པས་ས་འོག་མ་པ་རྣམས་མཐོང་བའོ། །མིག་གིས་གཟུགས་རྣམས་མཐོང་བ་ཇི་ལྟ་བ་བཞིན་དུ། རྣ་བས་སྒྲ་ཡང་དེ་བཞིན་ནོ། །འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་ཇི་ལྟ་བ་བཞིན་དུ། གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པའང་དེ་བཞིན་ནོ། །འདོད་པའི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པའི་སྣ་དང་ལྕེ་དང༌། ལུས་ཀྱིས་འདོད་པ་ན་སྤྱོད་པ་ཉིད་ཀྱི་དྲི་རྣམས་སྣོམ་མོ། །རོ་རྣམས་མྱང་ངོ༌། །རེག་བྱ་རྣམས་རེག་གོ །གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པ་གཟུགས་ན་སྤྱོད་པའི་ལུས་ཀྱིས། རང་གི་ས་པ་ཉིད་ཀྱི་རེག་བྱ་རྣམས་ལ་རེག་གོ །དེ་ན་དྲི་དང་རོ་ནི་རང་བཞིན་གྱིས་མེད་དེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་ཡང་མེད་དོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་འདོད་པ་ན་སྤྱོད་པའི་ཡིད་ཀྱིས། ཁམས་གསུམ་པ་ན་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ཇི་ལྟར་བཞིན་དུ། གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པ་ཡང་བཞིན་ནོ། །གཟུགས་མེད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་ནི། གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱིས། གཟུགས་མེད་པ་ན་སྤྱོད་པ་རང་གི་ས་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །ཟག་པ་མེད་པའི་ཡིད་ཀྱིས་ནི། ཁམས་


DTG134_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ན་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །ཅིའི་ཕྱིར་ཕུང་པོ་རྣམས་གོ་རིམས་སུ་བླགས་ཤེ་ན། རྣམ་པར་ཤེས་པའི་གནས་ཉིད་ཀྱི་ཕྱིར་ཏེ། རྣམ་པར་ཤེས་པའི་གནས་བཞི་དང་གནས་བཞིན་དང་རྣམ་པར་ཤེས་པའོ། །ཡང་སྣ་མ་ནི་ཕྱིན་མའི་རྟེན་ཡིན་པའི་ཕྱིར་ཏེ། གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་ངོ༌། །ཇི་ལྟར་ཚོར་བར་བྱེད་པ་དེ་བཞིན་དུ་འདུ་ཤེས་སུ་བྱེད་དོ། །ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེད་དོ། །ཇི་ལྟར་སེམས་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་དེ། དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ། །ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཉིད་ཀྱི་ཕྱིར་ཏེ། གང་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། མྱོང་བ་དང༌། མཚན་མར་འཛིན་པ་དང༌། མངོན་པར་འདུ་བྱེད་པ་གང་གིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་སྟེ། ཕུང་པོ་རྣམས་ཀྱི་གོ་རིམས་བསྟན་པ་ནི་དེ་ལྟའོ། །ཅིའི་ཕྱིར་ཁམས་རྣམས་གོ་རིམས་སུ་བླགས་ཤེ་ན། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་དང་མཐུན་པ་གང་ཞེ་ན། དེ་ལ་ཐོག་མ་ཁོ་ནར་ཕན་ཚུན་དུ་བལྟའོ། །བལྟ་བ་ལ་བརྟེན་ནས་ཀུན་ཏུ་སྨྲའོ། །དེའི་འོག་ཏུ་ཁྲུས་དང་བྱུང་བ་དང༌། ཕྲེང་བ་ལོངས་སྤྱོད་དུ་བྱེད་དོ། །དེའི་འོག་ཏུ་བཟང་བ་དང་བཏུང་བ་ཡོངས་སུ་སྤྱོད་དོ། །དེའི་འོག་ཏུ་མལ་དང་གདིང་བ་དང༌། བུད་མེད་ལ་ཡོངས་སུ་སྤྱོད་དོ། །ཐམས་ཅད་དུ་རྣམ་པར་རྟོག་པ་ཅན་ཡིད་ཀྱི་ཁམས་སོ། །ནང་གི་ཁམས་རྣམས་རྒྱུར་བྱས་ནས་ཕྱིའི་ཁམས་རྣམས་གོ་རིམས་སུ་བླགས་སོ། །དེའི་འོག་ཏུ་རྣམ་པར་ཤེས་པའི་ཁམས་རྣམས་སོ། །ཁམས་རྣམས་ཀྱི་གོ་རིམས་ཇི་ལྟར་བ་བཞིན་དུ་སྐྱེ་མཆེད་རྣམས་ཀྱི་འང་དེ་བཞིན་ནོ། །ཕུང་པོའི་དོན་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། རྒྱང་རིང་བ་གང་ཡིན་པའམ། ཐག་ཉེ་བ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་


DTG134_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རྣམ་པར་ཤེས་པའི་ཕུང་པོའི་བར་དུའང་དེ་བཞིན་ཏེ། ནོར་གྱི་ཕུང་པོ་བཞིན་ནོ། །ཡང་སྡུག་བསྔལ་ཤིན་ཏུ་རྒྱས་པའི་མཚན་ཉིད་ཁོ་ནའི་ཕྱིར་ཏེ། ཇི་སྐད་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་སྟེ། ཤིང་གི་ཕུང་པོ་བཞིན་ནོ། །ཡང་ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་བ་ཉིད་ཀྱི་ཕྱིར་ཏེ། ཕྲག་ཁུར་ཁྱེར་བ་བཞིན་ནོ། །ཁམས་ཀྱི་དོན་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ། །ཡང་རང་གི་མཚན་ཉིད་འཛིན་པའི་དོན་ཏོ། །ཡང་འབྲས་བུ་དང་རྒྱུའི་དངོས་པོ་འཛིན་པའི་དོན་ཏོ། །ཡང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པའི་དོན་ཏོ། །སྐྱེ་མཆེད་ཀྱི་དོན་གང་ཞེ་ན། རྣམ་པར་ཤེས་པའི་སྐྱེ་བའི་སྒོའི་དོན་ཏོ། །གཟུགས་ནི་དབུ་བ་རྡོས་པ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་རྣམས་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་གང་གསུངས་པ་དེ་ལ། ཅིའི་ཕྱིར་གཟུགས་དབུ་བ་རྔོས་པ་ལྟ་བུའོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུའོ་ཞེས་བྱ་བའི་བར་དུ་ཞེ་ན། བདག་མེད་པ་ཉིད་དང༌། གཙང་བ་མེད་པ་ཉིད་དང༌། རོ་བྲོ་བ་ཆུང་བ་ཉིད་དང༌། མི་བརྟན་ཞིང་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། སྡོམ་དུ་ན། རྫས་ཡོད་ཤེས་བྱ་བ་གཟུགས་ཅན་སོགས། ཟག་བཅས་བྱུང་ལ་སོགས་པ་དང༌། །འདས་དང་རྐྱེན་ལ་སོགས་པ་རྣམས། །ཇི་ལྟར་དུ་ཞིག་ཅི་ཡི་ཕྱིར། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས། ཇི་ལྟར་ན་རྫས་སུ་ཡོད་པ་ཡིན། རྫས་སུ་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་རྫས་སུ་ཡོད་པར་བརྟག་ཅེ་ན། དབང་པོའི་སྤྱོད་ཡུལ་བརྗོད་པ་དང༌། དེ་ལས་གཞན་པ་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ། །ཐམས་ཅད་ཀྱང་རྫས་སུ་ཡོད་པའོ། །བདག་ལ་རྫས་སུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རྫས་སུ་ཡོད་པར་བརྟག་གོ །ཇི་ལྟར་ན་བཏགས་པའི་ཡོད་པ་ཡིན། བཏགས་པའི་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བཏགས་པའི་ཡོད་པར་བརྟག་ཅེ་ན། དབང་པོའི་སྤྱོད་ཡུལ་བརྗོད་པ་དང༌། དེ་ལས་གཞན་པ་ལ་


DTG134_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པ་དང་བཅས་པ་ནི་བཏགས་པའི་ཡོད་པའོ། །ཐམས་ཅད་ཀྱང་བཏགས་པའི་ཡོད་པའོ། །བདག་ལ་བཏགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་བཏགས་པའི་ཡོད་པར་བརྟག་གོ །ཇི་ལྟར་ན་ཀུན་རྫོབ་ཏུ་ཡོད་པ་ཡིན། ཀུན་རྫོབ་ཏུ་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་བརྟག་ཅེ་ན། ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ། །ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །བདག་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དོན་དམ་པར་ཡོད་པ་ཡིན། དོན་དམ་པར་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་དོན་དམ་པར་ཡོད་པར་བརྟག་ཅེ་ན། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །བདག་ལ་རྣམ་པར་དག་པའི་རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཤེས་པར་བྱ་བ་ཡིན། ཤེས་པར་བྱ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཤེས་པར་བྱ་བར་བརྟག་ཅེ་ན། ཤེས་པར་བྱ་བ་ནི་རྣམ་པ་ལྔ་སྟེ། གཟུགས་དང་སེམས་དང༌། སེམས་ལས་བྱུང་བའི་ཆོས་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་དང༌། འདུས་མ་བྱས་རྣམས་ཏེ། གང་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། གང་གིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། དེའི་གནས་སྐབས་གང་ཡིན་པ་དང༌། རྣམ་པར་བྱང་བ་གང་ཡིན་པ་དེའི་དབང་དུ་བྱས་ནས། ཐམས་ཅད་ཀྱང་ཤེས་པར་བྱ་བ་དག་གོ །དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། གཟུགས་ཅན་གྱི་ཁམས་བཅུ་དང༌། སྐྱེ་མཆེད་བཅུ་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་པའི་གཟུགས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པའི་ཁམས་བདུན་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །སེམས་ལས་བྱུང་བའི་ཆོས་རྣམས་ནི། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཀྱང་ཡིན་ནོ། །ལྡན་པ་མ་ཡིན་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་དང༌།


DTG134_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཀྱང་ཡིན་ནོ། །འདུས་མ་བྱས་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །ཡང་ཤེས་བྱའི་ཆོས་རྣམས་ནི། མོས་པའི་ཤེས་པའི་སྤྱོད་ཡུལ་དང༌། རིགས་པའི་ཤེས་པའི་སྤྱོད་ཡུལ་དང༌། རྣམ་པར་འཕྲོ་བ་མེད་པའི་ཤེས་པའི་སྤྱོད་ཡུལ་དང༌། སོ་སོ་རང་གིས་ཤེས་པའི་སྤྱོད་ཡུལ་དང༌། གཞན་གྱི་བདག་ཉིད་ཤེས་པའི་སྤྱོད་ཡུལ་དང༌། འོག་མ་ཤེས་པའི་སྤྱོད་ཡུལ་དང༌། གོང་མ་ཤེས་པའི་སྤྱོད་ཡུལ་དང༌། རྣམ་པར་སུན་འབྱིན་པའི་ཤེས་པའི་སྤྱོད་ཡུལ་དང༌། ཀུན་ནས་མི་ལྡང་བ་ཤེས་པའི་སྤྱོད་ཡུལ་དང༌། མི་སྐྱེ་བ་ཤེས་པའི་སྤྱོད་ཡུལ་དང༌། ཤེས་པ་ཤེས་པའི་སྤྱོད་ཡུལ་དང༌། མཐར་ཐུག་པ་ཤེས་པའི་སྤྱོད་ཡུལ་དང༌། དོན་ཆེན་པོ་ཤེས་པའི་སྤྱོད་ཡུལ་གྱི་ཕྱིར་ཡང་ངོ༌། །བདག་ལ་ཤེས་པ་པོ་དང༌། མཐོང་བ་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་ཤེས་པར་བྱ་བ་ཡིན། རྣམ་པར་ཤེས་པར་བྱ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་རྣམ་པར་ཤེས་པར་བྱ་བར་བརྟག་ཅེ་ན། རྣམ་པར་མི་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། རྒྱུ་དང༌། འཇུག་པ་དང༌། རྒྱུ་མཚན་དང༌། རྒྱུ་མཚན་ལས་བྱུང་བ་དང༌། མི་མཐུན་པ་དང༌། གཉེན་པོ་དང༌། ཕྲ་བའི་རབ་ཏུ་དབྱེ་བས་ཀྱང་རྣམ་པར་ཤེས་པར་བྱ་བར་བལྟའོ། །ཐམས་ཅད་ཀྱང་རྣམ་པར་ཤེས་པར་བྱ་བ་དག་གོ །བདག་ལ་མཐོང་བ་པོ་ལ་སོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མངོན་པར་ཤེས་པར་བྱ་བ་ཡིན། མངོན་པར་ཤེས་པ་བྱ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མངོན་པར་ཤེས་པར་བྱ་བར་བརྟག་ཅེ་ན། ཀུན་ཏུ་འགྲོ་བ་དང༌། རྗེས་སུ་ཐོས་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། འོང་བས་དང༌། འགྲོ་བ་དང༌། ངེས་པར་འབྱུང་བའི་ཕྱིར་ཡང་ངོ༌། །ཐམས་ཅད་ཀྱང་མངོན་པར་ཤེས་པར་བྱ་བ་དག་གོ ། བདག་ལ་མཐུ་དང་བཅས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཅན་ཡིན། གཟུགས་ཅན་རྣམས་ནི་དུ་ཞིག །ཅིའི་ཕྱིར་གཟུགས་ཅན་དུ་བརྟག་ཅེ་ན། གཟུགས་དེའི་བདག་ཉིད་དང༌། འབྱུང་བ་རྟེན་དུ་གྱུར་པ་དང༌། དགའ་བའི་ཀུན་འབྱུང་བ་དང༌། ཕྱོགས་དང་བཅས་


DTG134_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཡུལ་ལ་ཁྱབ་པ་དང༌། ཡུལ་ཉེ་བར་བསྟན་དུ་རུང་བ་དང༌། ཡུལ་སྤྱོད་ཡུལ་དུ་འགྱུར་བ་དང༌། གཉིས་སྤྱོད་ཡུལ་དུ་མཚུངས་པ་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་བ་དང༌། རབ་ཏུ་རྟོག་པ་དང༌། གནོད་པར་བྱ་བ་ཡིན་པ་དང༌། གོ་བར་བྱེད་པ་དག །བསགས་པ་རྣམ་པར་གཞག་པ་དང༌། ཕྱི་རོལ་དུ་བལྟས་པ་དང༌། ནང་དུ་བལྟས་པ་དང༌། རྒྱུན་རིང་བ་དང༌། དུས་ཡོངས་སུ་ཆད་པ་དང༌། དེའི་དུས་དང༌། ངེས་པར་བསྟན་པའི་ཕྱིར་ཡང་གཟུགས་ཅན་དུ་བལྟའོ། །ཐམས་ཅད་ཀྱང་གཟུགས་ཅན་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་གཟུགས་ཅན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གཟུགས་ཅན་མ་ཡིན་པར་བརྟག་ཅེ་ན། གཟུགས་ཅན་ལས་བཟློག་པ་ནི་གཟུགས་ཅན་མ་ཡིན་པ་དག་གོ །ཐམས་ཅད་ཀྱང་གཟུགས་ཅན་མ་ཡིན་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་གཟུགས་ཅན་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བསྟན་དུ་ཡོད་པ་ཡིན། བསྟན་དུ་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བསྟན་དུ་ཡོད་པར་བརྟག་ཅེ་ན། མིག་གི་ཡུལ་ནི་བསྟན་དུ་ཡོད་པའོ། །ལྷག་མའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་བཞིན་ནོ། །ཐམས་ཅད་ཀྱང་བསྟན་དུ་ཡོད་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་མིག་གི་ཡུལ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བསྟན་དུ་མེད་པ་ཡིན། བསྟན་དུ་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བསྟན་དུ་མེད་པར་བརྟག་ཅེ་ན། བསྟན་དུ་ཡོད་པ་ལས་བཟློག་པ་ནི་བསྟན་དུ་མེད་པར་བལྟའོ། །ཐམས་ཅད་ཀྱང་བསྟན་དུ་མེད་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་མིག་གི་ཡུལ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཐོགས་པ་དང་བཅས་པ་ཡིན། ཐོགས་པ་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཐོགས་པ་དང་བཅས་པར་བརྟག་ཅེ་ན། བསྟན་དུ་ཡོད་པ་གང་ཡི་པ་དེ་ཐོགས་པ་དང་བཅས་པ་ཡང་དེ་ཡིན་ནོ། །ཡང་རྣམ་པ་གསུམ་གྱིས་ཐོགས་པ་དང་བཅས་པར་བལྟ་སྟེ། རིགས་དང༌། ཉེ་བར་བསགས་པ་དང༌། ཡོངས་སུ་སྦྱང་བ་མ་བྱས་པས་


DTG134_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ངོ༌། །དེ་ལ་རིགས་ནི་གང་ཕན་ཚུན་དུ་སྒྲིབ་པར་བྱེད་པ་དང༌། བསྒྲིབ་པར་བྱ་བའོ། །དེ་ལ་ཉེ་བར་བསགས་པ་ནི་རྡུལ་ཕྲ་རབ་ལས་གོང་བུར་གྱུར་པའོ། །དེ་ལ་ཡོངས་སུ་སྦྱང་བ་མ་བྱས་པ་ནི་གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་སོ། །ཡང་རབ་ཏུ་འཁྲུག་པའི་གཞིའི་གནས་ཡིན་པས་ཐོགས་པ་དང་བཅས་པའོ། །ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་ཐམས་ཅད་དུ་སོང་བ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཐོགས་པ་མེད་པ་ཡིན། ཐོགས་པ་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཐོགས་པ་མེད་པར་བརྟག་ཅེ་ན། ཐོགས་པ་དང་བཅས་པ་ལས་བཟློག་པ་ནི་ཐོགས་པ་མེད་པའོ། །ཐམས་ཅད་ཀྱང་ཐོགས་པ་མེད་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་ཐམས་ཅད་དུ་སོང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟག་པ་དང་བཅས་པ་ཡིན། ཟག་པ་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟག་པ་དང་བཅས་པར་བརྟག་ཅེ་ན། ཟག་པ་དེའི་བདག་ཉིད་དང༌། ཟག་པ་དང་འབྲེལ་བ་དང༌། ཟག་པས་བཅིངས་པ་དང༌། ཟག་པའི་རྗེས་སུ་འབྲེལ་པ་དང༌། ཟག་པའི་རྗེས་སུ་མཐུན་པ་དང༌། ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང༌། ཁམས་བཅྭ་ལྔ་དང༌། སྐྱེ་མཆེད་བཅུ་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་ནི་ཟག་པ་དང་བཅས་པ་རྣམས་སོ། །བདག་ཟག་པ་དང་བཅས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟག་པ་མེད་པ་ཡིན། ཟག་པ་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟག་པ་མེད་པར་བརྟག་ཅེ་ན། ཟག་པ་དང་བཅས་པ་ལས་བཟློག་པ་ནི་ཟག་པ་མེད་པར་བལྟའོ། །ཉེ་བར་ལེན་པ་མེད་པའི་ཕུང་པོ་ལྔ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ཟག་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཐབ་པ་དང་བཅས་པ་ཡིན། འཐབ་པ་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འཐབ་པ་དང་བཅས་པར་བརྟག་ཅེ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ངོ་བོ་གང་


DTG134_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས། མཚོན་ཆ་ལེན་པ་དང༌། ཆད་པས་གཅོད་པ་དང༌། འཐབ་རྩོད་དང༌། མཚང་འབྲུ་བ་དང༌། རྩོད་པ་དང༌། འགྱེད་པ་རྣམས་འབྱུང་བ་དེའི་བདག་ཉིད་དང༌། དེ་དང་འབྲེལ་པ་དང༌། དེས་བཅིངས་པ་དང༌། དེའི་རྗེས་སུ་འབྲེལ་པ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་འཐབ་པ་དང་བཅས་པར་བལྟའོ། །ཟག་པ་དང་བཅས་པ་ཇི་སྙེད་པ་འཐབ་པ་དང་བཅས་པའང་དེ་སྙེད་དོ། །བདག་འཐབ་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཐབ་པ་མེད་པ་ཡིན། འཐབ་པ་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འཐབ་པ་མེད་པར་བརྟག་ཅེ་ན། འཐབ་པ་དང༌། བཅས་པ་ལས་བཟློག་པ་ནི་འཐབ་པ་མེད་པའོ། །ཟག་པ་མེད་པ་ཇི་སྙེད་པར་འཐབ་པ་མེད་པའང་དེ་སྙེད་དོ། །བདག་འཐབ་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟང་ཟིང་དང་བཅས་པ་ཡིན། ཟང་ཟིང་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟང་ཟིང་དང་བཅས་པར་བརྟག་ཅེ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ངོ་བོ་གང་ལ་བརྟེན་ནས། ཡང་སྲིད་པའི་ལུས་ལ་ལྷག་པར་ཆགས་པ་དེའི་བདག་ཉིད་དང༌། དེ་དང་འབྲེལ་པ་དང༌། དེས་བཅིངས་པ་དང། དེའི་རྗེས་སུ་འབྲེལ་པ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་ཟང་ཟིང་དང་བཅས་པར་བལྟའོ། །འཐབ་པ་དང་བཅས་པ་ཇི་སྙེད་པར་ཟང་ཟིང་དང་བཅས་པ་ཡང་དེ་སྙེད་དོ། །བདག་ཟང་ཟིང་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟང་ཟིང་མེད་པ་ཡིན། ཟང་ཟིང་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟང་ཟིང་མེད་པར་བརྟག་ཅེ་ན། ཟང་ཟིང་དང་བཅས་པ་ལས་བཟློག་པ་ནི་ཟང་ཟིང་མེད་པའོ། །འཐབ་པ་མེད་པ་ཇི་སྙེད་པར་ཟང་ཟིང་མེད་པ་ཡང་དེ་སྙེད་དོ། །བདག་ཟང་ཟིང་དང་བྲལ་བར་མངོན་པར་ཞིན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཞེན་པ་རྟེན་པ་ཡིན། ཞེན་པ་རྟེན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཞེན་པ་རྟེན་པར་བརྟག་ཅེ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ངོ་བོ་གང་ལ་བརྟེན་ནས། འདོད་པའི་ཡོན་ཏན་ལྡན་རྣམས་ལ་ལྷག་པར་ཆགས་པ་དེའི་བདག་ཉིད་དང༌།


DTG134_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འབྲེལ་པ་དང༌། དེས་བཅིངས་པ་དང༌། དེའི་རྗེས་སུ་འབྲེལ་པ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེན་པ་བརྟེན་པར་བལྟའོ། །ཟང་ཟིང་དང་བཅས་པ་ཇི་སྙེད་པར་ཞེན་པ་རྟེན་པའང་དེ་སྙེད་དོ། །བདག་ཞེན་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མངོན་པར་འབྱུང་བ་རྟེན་པ་ཡིན། མངོན་པར་འབྱུང་བ་རྟེན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མངོན་པར་འབྱུང་བ་རྟེན་པར་བརྟག་ཅེ་ན། ཞེན་པ་རྟེན་པ་ལས་བཟློག་པ་ནི་མངོན་པར་འབྱུང་བ་རྟེན་པའོ། །ཟང་ཟིང་མེད་པ་ཇི་སྙེད་པར་མངོན་པར་འབྱུང་བ་རྟེན་པའང་དེ་སྙེད་དོ། །བདག་ཞེན་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུས་བྱས་ཡིན། འདུས་བྱས་རྣམས་ནི་དུ་ཞིག །ཅིའི་ཕྱིར་འདུས་བྱས་སུ་བརྟག་ཅེ་ན། གང་ལ་སྐྱེ་བ་དང༌། འཇིག་པ་དང༌། གནས་པ་དང༌། གཞན་དུ་འགྱུར་བ་ཡང་སྣང་བ་དེ་འདུས་བྱས་སུ་བལྟའོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་ཀྱང་འདུས་བྱས་དག་གོ །བདག་མི་རྟག་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུས་མ་བྱས་ཡིན། འདུས་མ་བྱས་རྣམས་ནི་དུ་ཞིག །ཅིའི་ཕྱིར་འདུས་མ་བྱས་སུ་བརྟག་ཅེ་ན། འདུས་བྱས་ལས་བཟློག་པ་ནི་འདུས་མ་བྱས་སོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་རྟག་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་རྣམས་འདུས་བྱས་ཞེས་བྱའམ། འདུས་མ་བྱས་ཞེས་བྱ་ཞེ་ན། འདུས་བྱས་ཀྱང་མ་ཡིན་འདུས་མ་བྱས་ཀྱང་མ་ཡིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་འདུས་བྱས་མ་ཡིན་ནོ། །འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང༌། རྒྱབ་ཀྱིས་ལྟ་བའི་དངོས་པོ་ཉིད་ཀྱི་ཕྱིར་འདུས་མ་བྱས་ཀྱང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས་སོ་ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དོན་གང་གིས་འདུས་བྱས་སུ་གྱུར་པའི་དོན་དེས་འདུས་མ་བྱས་མ་ཡིན་ནོ། །དོན་གང་གིས་འདུས་མ་བྱས་སུ་གྱུར་པའི་དོན་དེ་ཉིད་


DTG134_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདུས་བྱས་མ་ཡིན་ཏེ། ཚུལ་འདི་ནི་འདི་ལྟར་བལྟ་བར་བྱའོ།། །།བམ་པོ་གཉིས་པ། ཇི་ལྟར་ན་འཇིག་རྟེན་པ་ཡིན། འཇིག་རྟེན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འཇིག་རྟེན་པར་བརྟག་ཅེ་ན། ཁམས་གསུམ་པར་གཏོགས་པ་དང༌། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་དེ་ལྟར་སྣང་བ་ཡང་འཇིག་རྟེན་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་དང༌། ཁམས་བཅོ་ལྔ་དང༌། སྐྱེ་མཆེད་བཅུ་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ལ་འཇིག་རྟེན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཇིག་རྟེན་ལས་འདས་པ་ཡིན། འཇིག་རྟེན་ལས་འདས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འཇིག་རྟེན་ལས་འདས་པར་བརྟག་ཅེ་ན། ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ཕྱིན་ཅི་ལོག་དང་སྤྲོས་པའི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་རྣམ་གྲངས་སུ་ན། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་ཡང་ཡིན་ཏེ། འཇིག་རྟེན་ལས་འདས་པ་ལ་རྟེན་པའི་ཕྱིར་རོ། །ཕུང་པོ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་གོ །བདག་འབའ་ཞིག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བྱུང་བ་ཡིན། བྱུང་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བྱུང་བར་བརྟག་ཅེ་ན། འདས་པ་དང་ད་ལྟར་བྱུང་བ་ནི་བྱུང་བའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་ཐེར་ཟུག་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་བྱུང་བ་ནི་རྣམ་པ་ཉི་ཤུ་རྩ་བཞི་སྟེ། དང་པོ་བྱུང་བ་དང༌། རྒྱུན་གྱིས་བྱུང་བ་དང༌། རྒྱས་པ་ལས་བྱུང་བ་དང༌། རྟེན་བྱུང་བ་དང༌། འགྱུར་བར་བྱུང་བ་དང༌། ཡོངས་སུ་སྨིན་པ་བྱུང་བ་དང༌། ཉམས་པར་བྱུང་བ་དང༌། ཁྱད་པར་དུ་བྱུང་བ་དང༌། འོད་གསལ་བར་བྱུང་བ་དང༌། འོད་གསལ་བ་མ་ཡིན་པར་བྱུང་བ་དང༌། ཀུན་ཏུ་འགྲོ་བས་བྱུང་བ་དང༌། ས་བོན་དང་བཅས་པར་བྱུང་བ་དང༌། ས་བོན་མ་ཡིན་པར་བྱུང་བ་དང༌། གཟུགས་བརྙན་དང་དབང་འབྱོར་བ་དང་ངེས་པར་བསྟན་པའི་ཕྱིར་བྱུང་བ་དང༌། གཅིག་ནས་གཅིག་ཏུ་བྱུང་བ་དང༌། སྐད་ཅིག་ཞིག་ནས་བྱུང་བ་དང༌། ཕྲད་པ་དང་བྲལ་བས་བྱུང་བ་དང༌། གནས་སྐབས་གཞན་དུ་


DTG134_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང༌། འཆི་འཕོ་བ་དང་སྐྱེ་བས་བྱུང་བ་དང༌། འཇིག་པ་དང་འཆགས་པས་བྱུང་བ་དང༌། སྔོན་གྱི་དུས་ན་བྱུང་བ་དང༌། འཆི་བའི་དུས་ན་བྱུང་བ་དང༌། བར་དུ་བྱུང་བ་དང༌། ཉིད་མཚམས་སྦྱོར་བའི་དུས་ན་བྱུང་བའོ། །ཇི་ལྟར་ན་མ་བྱུང་བ་ཡིན། མ་བྱུང་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མ་བྱུང་བར་བརྟག་ཅེ་ན། མ་འོངས་པ་དང་འདུས་མ་བྱས་ནི་མ་བྱུང་བའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་ཐེར་ཟུག་ཏུ་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །ཡང་བྱུང་བ་ལས་བཟློག་པ་ནི་མ་བྱུང་བའོ། །ཇི་ལྟར་ན་འཛིན་པ་ཡིན། འཛིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འཛིན་པར་བརྟག་ཅེ་ན། དབང་པོ་གཟུགས་ཅན་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འཛིན་པར་བལྟ་སྟེ། ཕུང་པོ་གསུམ་དང༌། གཟུགས་དང༌། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། ཁམས་བཅུ་གཉིས་དང༌། སྐྱེ་མཆེད་དྲུག་དང། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་ཟ་བ་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་མ་ཕྲད་པ་དང་ཕྲད་ནས་འཛིན་པ་དང༌། ད་ལྟར་གྱི་རང་གི་མཚན་ཉིད་སོ་སོར་འཛིན་པ་དང༌། རང་དང་སྤྱིའི་མཚན་ཉིད་དུས་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ཡང་འཛིན་པར་བལྟའོ། །ཚོགས་ན་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་བཏགས་པ་ཅན་ཡང་འཛིན་པར་སྨྲའོ་ཞེས་བལྟ་བར་བྱའོ། །ཇི་ལྟར་ན་གཟུང་བ་ཡིན། གཟུང་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གཟུང་བར་བརྟག་ཅེ་ན། འཛིན་པ་གང་ཡིན་པ་གཟུང་བ་ཡང་དེ་ཡིན་ནོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ཡང་ཡོད་དེ། འཛིན་པའི་སྤྱོད་ཡུལ་ཉིད་ཀྱི་དོན་ཏོ། །ཐམས་ཅད་དོ། །བདག་ལ་ཡུལ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཕྱི་རོལ་ཏུ་བལྟས་པ་ཡིན། ཕྱི་རོལ་ཏུ་བལྟས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཕྱི་རོལ་ཏུ་བལྟས་པར་བརྟག་ཅེ་ན། སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། དེའི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་ཡོངས་སུ་བསྡུས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མ་གཏོགས་པར་འདོད་པ་དང་རབ་ཏུ་ལྡན་པ་ནི་ཕྱི་རོལ་ཏུ་བལྟས་པའོ། །ཁམས་བཞི་དང༌།


DTG134_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་གཉིས་དང༌། དེ་ལས་གཞན་པ་དག་གི་ཕྱོགས་གཅིག་གོ །བདག་འདོད་ཆགས་དང་བྲལ་བ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ནང་དུ་བལྟས་པ་ཡིན། ནང་དུ་བལྟས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ནང་དུ་བལྟས་པར་བརྟག་ཅེ་ན། ཕྱི་རོལ་ཏུ་བལྟས་པ་ལས་བཟློག་པ་ནི་ནང་དུ་བལྟས་པའོ། །ཁམས་བཞི་དང༌། སྐྱེ་མཆེད་གཉིས་མ་གཏོགས་པ་དེ་ལས་གཞན་པ་དག་གི་ཕྱོགས་གཅིག་གོ །བདག་འདོད་ཆགས་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཉོན་མོངས་པ་ཅན་ཡིན། ཉོན་མོངས་པ་ཅན་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཉོན་མོངས་པ་ཅན་དུ་བརྟག་ཅེ་ན། མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཀུན་ཏུ་འགྲོ་བའི་ཡིད་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་དང༌། གཟུགས་དང༌། གཟུགས་མེད་པ་དང་མཚུངས་པར་ལྡན་པའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་གཅིག་གོ །བདག་ཉོན་མོངས་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཉོན་མོངས་པ་ཅན་མ་ཡིན། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པར་བརྟག་ཅེ་ན། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །ཁམས་བརྒྱད་དང་སྐྱེ་མཆེད་བརྒྱད་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །བདག་ཉོན་མོངས་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདས་པ་ཡིན། འདས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འདས་པར་བརྟག་ཅེ་ན། བྱུང་ལ་འགགས་པའི་མཚན་ཉིད་དང༌། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པ་ལས་ཡང་དག་པར་ཤིན་ཏུ་འདས་པ་དང༌། རྒྱུ་ཡོངས་སུ་བཟུང་ནས་ཞིག་པ་དང༌། འབྲས་བུ་དང་རང་གི་མཚན་ཉིད་ཡོད་པ་དང༌། མེད་པ་དང༌། དྲན་པ་དང༌། དྲན་པའི་ཀུན་ཏུ་


DTG134_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་མཚན་མ་དང༌། ལྟོས་པས་ཀུན་ནས་ཉོན་མོངས་པའི་མཚན་མ་དང༌། བཏང་སྙོམས་ཀྱིས་རྣམ་པར་བྱང་བའི་མཚན་མ་ཡིན་པས་ཀྱང་འདས་པར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མ་འོངས་པ་ཡིན། མ་འོངས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མ་འོངས་པར་བརྟག་ཅེ་ན། རྒྱུ་ཡོད་ཀྱང་མ་བྱུང་བ་དང༌། རང་གི་མཚན་ཉིད་མ་ཐོབ་པ་དང༌། རྒྱུ་དང་འབྲས་བུ་མ་སྤྱད་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་ཉེ་བར་མི་གནས་པ་དང༌། རྒྱུ་དང་རང་གི་མཚན་ཉིད་ཡོད་པ་དང༌། མེད་པ་དང༌། མངོན་པར་དགའ་བས་ཀུན་ནས་ཉོན་མོངས་པའི་མཚན་མ་དང༌། མངོན་པར་དགའ་བ་མེད་པས་རྣམ་པར་བྱང་བའི་མཚན་མ་ཡིན་པས་ཀྱང་མ་འོངས་པར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ད་ལྟར་བྱུང་བ་ཡིན། ད་ལྟར་བྱུང་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ད་ལྟར་བྱུང་བར་བརྟག་ཅེ་ན། བྱུང་ལམ་འགགས་པའི་མཚན་ཉིད་དང༌། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང༌། སྤྱད་མ་ཟིན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཉེ་བར་གནས་པ་དང༌། འདས་པ་དང་མ་འོངས་པར་རབ་ཏུ་གཞག་པའི་རྒྱུ་དང༌། བྱེད་པ་ཉེ་བར་གནས་པས་ཀྱང་ད་ལྟར་བྱུང་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ནི་གཏམ་གྱི་གཞི་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་དང༌། བརྗོད་དུ་མེད་པ་ཉིད་དང༌། བྱུང་བ་དང༌། འབྱུང་བ་དང༌། ད་ལྟར་གྱི་ཐ་སྙད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དགེ་བ་ཡིན། དགེ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་དགེ་བར་བརྟག་ཅེ་ན། ངོ་བོ་ཉིད་དང༌། འབྲེལ་བ་དང༌། རྗེས་སུ་འབྲེལ་བ་དང༌། སློང་བ་དང༌། དོན་དམ་པ་དང༌། སྐྱེ་བས་འཐོབ་པ་དང༌། སྦྱོར་བ་དང༌། མདུན་དུ་བྱ་བ་དང༌། ཕན་འདོགས་པ་དང༌། ཡོངས་སུ་འཛིན་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པས་ཀྱང་


DTG134_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བར་བལྟའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་ཆོས་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དགེ་བ་གང་ཞེ་ན། དད་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་བཅུ་གཅིག་གོ །འབྲེལ་པས་དགེ་བ་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་པས་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །སློང་བས་དགེ་བ་གང་ཞེ་ན། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །དོན་དམ་པས་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །སྐྱེ་བས་འཐོབ་པས་དགེ་བ་གང་ཞེ་ན། དགེ་བའི་ཆོས་འདི་དག་ཉིད་སྔོན་གོམས་པར་བྱས་པ་ལ་བརྟེན་ནས། དེའི་ངོ་བོའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་སྟེ། དེས་དེ་དག་ཉིད་ལ་རང་བཞིན་གྱིས་སོ་སོར་མ་བརྟགས་པར་འདོད་པ་ཀུན་ཏུ་གནས་པའོ། །སྦྱོར་བས་དགེ་བ་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བརྟེན་ནས་དགེ་བ་བསྒོམ་པའོ། །མདུན་དུ་བྱ་བས་དགེ་བ་གང་ཞེ་ན། གང་དེ་བཞིན་གཤེགས་པའམ། མཆོད་རྟེན་ནམ། གཟུགས་སུ་བྱས་པའམ། རི་མོར་བྲིས་པ་མདུན་དུ་བྱས་སམ། ཆོས་སམ་ཆོས་ཀྱི་གཞི་གླེགས་བམ་མདུན་དུ་བྱས་ཏེ་མཆོད་པའི་ལས་བྱེད་པའོ། །ཕན་འདོགས་པས་དགེ་བ་གང་ཞེ་ན། གང་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ལ་ཕན་འདོགས་པའོ། །ཡོངས་སུ་འཛིན་པས་དགེ་བ་གང་ཞེ་ན། གང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའམ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་མཐོ་རིས་སུ་སྐྱེ་བ་ཡོངས་སུ་འཛིན་པའམ། ཕྱུག་པོ་དང་རིགས་མཐོན་པོར་སྐྱེ་བ་ཡོངས་སུ་འཛིན་པའམ། རྣམ་པར་བྱང་བའི་རྗེས་སུ་མཐུན་པ་ཡོངས་སུ་འཛིན་པའོ། །གཉེན་པོས་དགེ་བ་གང་ཞེ་ན། གང་རྣམ་པར་སུན་འབྱིན་པ་གཉེན་པོ་དང༌། སྤོང་བ་གཉེན་པོ་དང༌། གཞི་གཉེན་པོ་དང༌། ཐག་སྲིང་བ་གཉེན་པོ་དང༌། རྣམ་པར་གནོན་པ་གཉེན་པོ་དང༌། བྲལ་བ་གཉེན་པོ་དང༌། ཉོན་མོངས་པའི་


DTG134_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའི་གཉེན་པོ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །ཉེ་བར་ཞི་བས་དགེ་བ་གང་ཞེ་ན། གང་འདོད་ཆགས་མཐའ་དག་སྤོང་བ་དང༌། ཞེ་སྡང་མཐའ་དག་སྤོང་བ་དང༌། གཏི་མུག་མཐའ་དག་སྤོང་བ་དང༌། ཉོན་མོངས་པ་མཐའ་དག་སྤོང་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་དང༌། ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་དང༌། མི་གནས་པའི་མྱ་ངན་ལས་འདས་པའོ། །རྒྱུ་མཐུན་པས་དགེ་བ་གང་ཞེ་ན། ཉེ་བར་ཞི་བ་ཐོབ་པ་དེའི་དབང་གིས་ཡོན་ཏན་ཁྱད་པར་ཅན་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པ་ལ་སོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སོ། །ཇི་ལྟར་ན་མི་དགེ་བ་ཡིན། མི་དགེ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མི་དགེ་བར་བརྟག་ཅེ་ན། ངོ་བོ་ཉིད་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་པ་དང༌། སློང་བ་དང༌། དོན་དམ་པ་དང༌། སྐྱེ་བས་འཐོབ་པ་དང༌། སྦྱོར་བ་དང༌། མདུན་དུ་བྱ་བ་དང༌། གནོད་པ་བྱེད་པ་དང༌། ཡོངས་སུ་འཛིན་པ་དང༌། མི་མཐུན་པའི་ཕྱོགས་དང༌། བར་དུ་གཅོད་པས་ཀྱང་མི་དགེ་བར་བལྟའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་ཆོས་མ་ཡིན་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་མི་དགེ་བ་གང་ཞེ་ན། ཡིད་དང་མཚུངས་པར་ལྡན་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་མ་གཏོགས་པར་དེ་ལས་གཞན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཉེས་པར་སྤྱོད་པ་ཀུན་ནས་སློང་བའོ། །འབྲེལ་བས་མི་དགེ་བ་གང་ཞེ་ན། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དེ་དག་ཉིད་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་བས་མི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོ། །སློང་བས་མི་དགེ་བ་གང་ཞེ་ན། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །དོན་དམ་པར་མི་དགེ་བ་གང་ཞེ་ན། འཁོར་བ་ཐམས་ཅད་དོ། །སྐྱེ་བས་འཐོབ་པས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བ་གོམས་པར་བྱས་པས་དེའི་ངོ་བོའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་སྟེ། དེས་


DTG134_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བ་ཉིད་ལ་འདོད་པ་ཀུན་ཏུ་གནས་པའོ། །སྦྱོར་བས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཉན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང༌། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའོ། །མདུན་དུ་བྱ་བས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། ལྷའི་རིས་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས། འཚེ་བ་སྔོན་དུ་བཏང་བའམ། ལྟ་བ་ངན་པ་སྔོན་དུ་བཏང་ནས་ལྷ་རྟེན་བྱེད་པ་དང༌། གང་དུ་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་མ་ཡིན་པས་སྦྱོར་བ་དེར་མཆོད་པའི་ལས་ལ་སྦྱོར་བའོ། །གནོད་པར་བྱེད་པས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ལོག་པར་སྤྱོད་པའོ། །ཡོངས་སུ་འཛིན་པས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱད་པའམ། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱོད་པས་ངན་འགྲོའམ་བདེ་འགྲོར་འབྲས་བུ་མི་འདོད་པའི་འཕེལ་པའམ། ཡོངས་སུ་རྫོགས་པར་བྱེད་པ་འཛིན་པའོ། །མི་མཐུན་པའི་ཕྱོགས་ཀྱིས་མི་དགེ་བ་གང་ཞེ་ན། གཉེན་པོའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་གོ །བར་དུ་གཅོད་པས་མི་དགེ་བ་གང་ཞེ་ན། དགེ་བའི་བར་ཆད་བྱེད་པའི་ཆོས་གང་ཡིན་པ་དག་གོ །ཇི་ལྟར་ན་ལུང་དུ་མ་བསྟན་པ་ཡིན། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ལུང་དུ་མ་བསྟན་པར་བརྟག་ཅེ་ན། ངོ་བོ་ཉིད་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་པ་དང༌། སློང་བ་དང༌། དོན་དམ་པ་དང། སྐྱེ་བས་འཐོབ་པ་དང༌། སྦྱོར་བ་དང༌། མདུན་དུ་བྱ་བ་དང༌། ཕན་འདོགས་པ་དང༌། ཉེ་བར་སྤྱོད་པ་དང༌། ཡོངས་སུ་འཛིན་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པས་ཀྱང་ལུང་དུ་མ་བསྟན་པར་བལྟའོ། །ཁམས་བརྒྱད་དང༌། སྐྱེ་མཆེད་བརྒྱད་དང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །བདག་ལ་ཆོས་དང་ཆོས་མ་ཡིན་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པ་གང་ཞེ་ན། ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་དང༌། མཚུངས་པར་ལྡན་པ་དང་བཅས་པའི་ཡིད་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། མིང་གི་


DTG134_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་སོ། །འབྲེལ་པས་ལུང་དུ་མ་བསྟན་པ་གང་ཞེ་ན། སྡང་བ་ཡང་མ་ཡིན། དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་དང་ཚིག་དང་ཡི་གེ་དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་པས་ལུང་དུ་མ་བསྟན་པ་གང་ཞེ་ན། དེ་དག་ཉིད་ཀྱིས་བརྗོད་པའི་བག་ཆགས་སོ། །སློང་བས་ལུང་དུ་མ་བསྟན་པ་གང་ཞེ་ན། དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གང་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །དོན་དམ་པར་ལུང་དུ་མ་བསྟན་པ་གང་ཞེ་ན། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །སྐྱེ་བས་འཐོབ་པའི་ལུང་དུ་མ་བསྟན་པ་གང་ཞེ་ན། མི་དགེ་བའི་ཆོས་རྣམས་དང༌། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པའོ། །སྦྱོར་བས་ལུང་དུ་མ་བསྟན་པ་གང་ཞེ་ན། ཉོན་མོངས་པ་ཅན་ཡང་མ་ཡིན་པ་དང༌། དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པའི་སྤྱོད་ལམ་དང་བཟོའི་གནས་སོ། །མདུན་དུ་བྱ་བས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ལྷའི་རིས་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས། འཚེ་བའམ་ལྟ་བ་ངན་པ་རྣམ་པར་སྤངས་ཏེ། ལྷ་རྟེན་བྱེད་པ་དང༌། གང་དུ་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་ཀྱང་མི་བསྐྱེད་ལ་བསོད་ནམས་མ་ཡིན་པའང་མི་བསྐྱེད་པར་ལྷ་རྟེན་འཛུགས་པའོ། །ཕན་འདོགས་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། བྲན་དང༌། གླ་མི་དང༌། ལས་བྱེད་པ་རྣམས་དང༌། བུ་དང་ཆུང་མ་རྣམས་ལ་སྡང་བ་ཡང་མ་ཡིན། དང་བ་ཡང་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་བྱིན་པའོ། །ཉེ་བར་སྤྱད་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་བརྟགས་པ་མ་ཡིན་པ། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ལོངས་སྤྱོད་དམས་སྤྱད་པའོ། །ཡོངས་སུ་འཛིན་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། བཟོའི་གནས་ལ་གོམས་པའི་ཕྱིར་མ་འོངས་པ་ན་དེའི་ངོ་བོའི་ལུས་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེ་ལ་མྱུར་བར་མྱུར་བར་བཟོའི་གནས་དེ་དག་ལ་བསླབ་པ་མཐར་ཕྱིན་པར་འགྱུར་པའོ། །གཉེན་པོས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ།


DTG134_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་མ་བརྟགས་པས་སྨན་བསྟེན་པའོ། །ཉེ་བར་ཞི་བས་ལུང་དུ་མ་བསྟན་པ་གང་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྟེ། ཞི་གནས་དང་ལྡན་པའི་ཕྱིར་རོ། །རྒྱུ་མཐུན་པས་ལུང་དུ་མ་བསྟན་པ་གང་ཞེ་ན། སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པའོ། །ཡང་བསྟན་པས་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་བལྟ་སྟེ། དེ་ཡང་གང་ཞེ་ན། གང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྟོན་པ་སྟེ། དེ་ན་དེ་དག་དེ་བཞིན་དུ་ཡོངས་སུ་གྲུབ་པ་ནི་གང་ཡང་མེད་དོ། །ཇི་ལྟར་ན་འདོད་པ་དང་རབ་ཏུ་ལྡན་པ་ཡིན། འདོད་པ་དང་རབ་ཏུ་ལྡན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་འདོད་པ་དང་རབ་ཏུ་ལྡན་པར་བརྟག་ཅེ་ན། འདོད་ཆགས་དང་མ་བྲལ་བའི་དགེ་བ་ཟག་པ་དང་བཅས་པ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་འདོད་པ་དང་རབ་ཏུ་ལྡན་པ་བལྟའོ། །ཁམས་བཞི་དང༌། སྐྱེ་མཆེད་གཉིས་དང༌། དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ །བདག་འདོད་པ་ལ་འདོད་ཆགས་དང་མ་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་རབ་ཏུ་ལྡན་པ་ཡིན། གཟུགས་དང་རབ་ཏུ་ལྡན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གཟུགས་དང་རབ་ཏུ་ལྡན་པར་བརྟག་ཅེ་ན། འདོད་པ་ལ་འདོད་ཆགས་དང་བྲལ་ལ། །གཟུགས་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་དང༌། ལུང་དུ་མ་བསྟན་པ་ནི་གཟུགས་དང་རབ་ཏུ་ལྡན་པར་བལྟའོ། །ཁམས་བཞི་དང་སྐྱེ་མཆེད་གཉིས་མ་གཏོགས་པར་དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ །བདག་འདོད་པ་ལ་འདོད་ཆགས་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་མེད་པ་དང་རབ་ཏུ་ལྡན་པ་ཡིན། གཟུགས་མེད་པ་དང་རབ་ཏུ་ལྡན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གཟུགས་མེད་པ་དང་རབ་ཏུ་ལྡན་པར་བརྟག་ཅེ་ན། གཟུགས་ལ་འདོད་ཆགས་དང་བྲལ་ལ། གཟུགས་མེད་པ་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་གཟུགས་མེད་པ་དང་རབ་ཏུ་ལྡན་པ་བལྟའོ། །ཕུང་པོ་བཞི་དང༌། ཁམས་གསུམ་དང་


DTG134_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་གཟུགས་ལ་འདོད་ཆགས་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཉིད་ཀྱང༌། ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཉིད་དང༌། མཐའ་དག་ལས་འདོད་ཆགས་དང་བྲལ་བ་ཉིད་དང། རྟོགས་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། གནོད་པའི་འདོད་ཆགས་དང་བྲལ་བ་ཉིད་དང༌། ལེགས་པར་བཏོན་པའི་འདོད་ཆགས་དང་བྲལ་བ་ཉིད་དུ་བལྟའོ། །ཡང་འདོད་ཆགས་དང་བྲལ་བ་ཉིད་བཅུ་སྟེ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་དང༌། གནོད་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། ཉེ་བར་བརྟན་པས་འདོད་ཆགས་བྲལ་བ་ཉིད་དང༌། ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ཉིད་དང༌། རྨོངས་པས་འདོད་ཆགས་དང་བྲལ་བ་ཉིད་དོ། །རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་དང༌། ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། སྤད་བས་འདོད་ཆགས་དང་བྲལ་བ་ཉིད་དང༌། གོང་མ་དང་བཅས་པའི་འདོད་ཆགས་དང་བྲལ་བ་ཉིད་དང༌། གོང་ན་མེད་པའི་འདོད་ཆགས་དང་བྲལ་བ་ཉིད་དོ། །རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། སྡུག་བསྔལ་གྱི་ཚོར་བ་དང། སྡུག་བསྔལ་གྱི་ཚོར་བའི་གནས་ཀྱི་ཆོས་རྣམས་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །གནོད་པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འཁྲིག་པ་ལ་ཞུགས་པ་གདུང་བ་དང་བྲལ་ནས་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །ཉེ་བར་བརྟན་པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འབྲངས་པར་བཟོས་པ་ཟས་ཞིམ་པོ་ལ་ཡང་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། ཐབས་ཤིན་ཏུ་ཆེན་པོ་ཐོབ་པ། ཐབས་དམའ་བ་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། རྨོངས་པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། བྱིས་པ་རྣམས་མྱ་ངན་ལས་འདས་པ་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །གཉེན་པོས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་གྱི་ཉོན་མོངས་པ་སྤོང་བ་གང་ཡིན་པའོ། །ཡོངས་སུ་ཤེས་པས་འདོད་ཆགས་དང་


DTG134_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཉིད་གང་ཞེ་ན། མཐོང་བའི་ལམ་ཐོབ་པ། ཁམས་གསུམ་པ་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །སྤོང་བས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། ས་དང་སར་ཉོན་མོངས་པ་རབ་ཏུ་སྤོང་བའི་མི་མཐུན་པར་འཛིན་པ་ཉིད་གང་ཡིན་པའོ། །གོང་མ་དང་བཅས་པའི་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འཇིག་རྟེན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པའོ། །གོང་ན་མེད་པའི་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་སློབ་པ་ཡིན། སློབ་པ་རྣམས་ནི་དུ་ཞིབ། །ཅིའི་ཕྱིར་སློབ་པར་བརྟག་ཅེ་ན། ཐར་པ་ལ་བརྩོན་པའི་དགེ་བ་ནི་སློབ་པར་བལྟའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་ཐར་པ་ལ་བརྩོན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མི་སློབ་པ་ཡིན། མི་སློབ་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་མི་སློབ་པར་བརྟག་ཅེ་ན། བསླབ་པ་མཐར་ཕྱིན་པའི་དགེ་བ་ནི་མི་སློབ་པར་བལྟའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་གྲོལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྟག་ཅེ་ན། སོ་སོའི་སྐྱེ་བོའི་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པ་དང༌། སློབ་པའི་ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པ་དང༌། མི་སློབ་པའི་ལུང་དུ་མ་བསྟན་པ་དང༌། འདུས་མ་བྱས་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བལྟའོ། །ཁམས་བརྒྱད་དང༌། སྐྱེ་མཆེད་བརྒྱད་དང༌། དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ །བདག་གྲུལ་བ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མཐོང་བ་བས་སྤང་བར་བྱ་བ་ཡིན། མཐོང་བས་སྤང་བར་བྱ་བ་


DTG134_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་དུ་ཞིག །ཅིའི་ཕྱིར་མཐོང་བས་སྤང་བར་བྱ་བར་བརྟག་ཅེ་ན། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ཏུ་བརྟགས་པ་རྣམས་དང༌། ཐེ་ཚོམ་དང་ལྟ་བའི་གནས་དང་ལྟ་བ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དག་དང༌། གང་ཡང་ལྟ་བས་ཀུན་ནས་བསླང་བའི་ལུས་ཀྱི་ལས་དང༌། དག་གི་ལས་དང༌། ངན་སོང་བའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ནི་མཐོང་བ་སྤང་བར་བྱ་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་མཐོང་བ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བསྒོམ་པས་སྤང་བར་བྱ་བ་ཡིན། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བསྒོམ་པས་སྤང་བར་བྱ་བར་བརྟག་ཅེ་ན། མཐོང་བའི་ལམ་ཐོབ་པ་དེ་ཡན་ཆད་ཀྱི་མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་སྒོམ་པ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་སྤང་བར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་སྤང་བར་བྱ་བ་མ་ཡིན་པར་བརྟག་ཅེ་ན། ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་པར་བལྟའོ། །དེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་ཕུང་པོ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་གྲུབ་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་དུ་ཞིག །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བར་བརྟག་ཅེ་ན། མཚན་ཉིད་དང༌། ཡན་ལག་རྣམ་པར་དབྱེ་བ་དང༌། ཡན་ལག་མདོར་བསྡུ་པ་དང༌། ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་དང༌། ཡན་ལག་གི་ལས་རྣམ་པར་གཞག་པ་དང༌། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང༌། དོན་དང༌། ཟབ་པ་དང༌། རབ་ཏུ་དབྱེ་བ་དང༌། ལུགས་དང་མཐུན་པ་དང༌། ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བར་བལྟའོ། །ཆོས་ཀྱི་ཁམས་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ།


DTG134_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ཆོས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཡན་ལག་རྣམ་པར་དབྱེ་བས་ཇི་ལྟར་བུ་ཞེ་ན། ཡན་ལག་བཅུ་གཉིས་རྣམས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། སྲེད་པ་དག །ལེན་པ་དང་སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །ཡན་ལག་མདོར་བསྡུ་བས་ཇི་ལྟར་བུ་ཞེ་ན། འཕེན་པའི་ཡན་ལག་དང༌། འཕགས་པའི་ཡན་ལག་དང༌། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང༌། མངོན་པར་གྲུབ་པའི་ཡན་ལག་གོ །འཕེན་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །འཕགས་པའི་ཡན་ལག་གང་ཞེ་ན། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གང་ཞེ་ན། སྲེད་པ་དང༌། ལེན་པ་དང༌། སྲིད་པའོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེན། སྐྱེ་བ་དང༌། རྒ་ཤིའོ། །ཡན་ལག་རྐྱེན་ཉིད་དུ་རྣམ་པར་བཞག་པས་ཇི་ལྟར་བུ་ཞེ་ན། བག་ཆགས་དང༌། ཤུགས་དང༌། ཡིད་ལ་བྱེད་པ་དང༌། ལྷན་ཅིག་འབྱུང་བས་ཀྱང་ཡན་ལག་རྣམས་རྐྱེན་ཉིད་དུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །ཡན་ལག་གི་ལས་རྣམ་པར་གཞན་པས་ཇི་ལྟར་བུ་ཞེ་ན། མ་རིག་པ་ཅིའི་ལས་ཅན་ཞེ་ན། སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང༌། འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ཡིན་ནོ། །འདུ་བྱེད་ཅིའི་ལས་ཅན་ཞེ་ན། འགྲོ་བ་རྣམས་སུ་སེམས་ཅན་དག་རྣམ་པར་འབྱེད་པ་དང༌། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཀྱང་ཡིན་ནོ། །རྣམ་པར་ཤེས་པ་ཅིའི་ལས་ཅན་ཞེས་ན། སེམས་ཅན་རྣམས་ཀྱི་ལས་འཆིང་བ་འཛིན་པ་དང༌། མིང་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ནོ། །མིང་དང་གཟུགས་ཅིའི་ལས་ཅན་ཞེ་ན། སེམས་ཅན་རྣམས་


DTG134_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལེན་དུ་འཇུག་པ་དང༌། སྐྱེ་མཆེད་དྲུག་གི་རྐྱེན་ཀྱང་ཡིན་ནོ། །སྐྱེ་མཆེད་དྲུག་ཅིའི་ལས་ཅན་ཞེ་ན། སེམས་ཅན་རྣམས་ལུས་ཡོངས་སུ་རྫོགས་པར་ལེན་དུ་འཇུག་པ་དང༌། རེག་པའི་རྐྱེན་ཀྱང་ཡིན་ནོ། །རེག་པ་ཅིའི་ལས་ཅན་ཞེ་ན། ཡུལ་གྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། ཚོར་བའི་རྐྱེན་ཀྱང་ཡིན་ནོ། །ཚོར་བ་ཅིའི་ལས་ཅན་ཞེ་ན། སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། སྲེད་པའི་རྐྱེན་ཀྱང་ཡིན་ནོ། །སྲེད་པ་ཅིའི་ལས་ཅན་ཞེ་ན། སེམས་ཅན་རྣམས་ཀྱི་སྐྱེ་བ་འདྲེན་པ་དང༌། ལེན་པའི་རྐྱེན་ཀྱང་ཡིན་ནོ། །ལེན་པ་ཅིའི་ལས་ཅན་ཞེ་ན། ཡང་སྲིད་པ་ལེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་པ་དང༌། སྲིད་པའི་རྐྱེན་ཀྱང་ཡིན་ནོ། །སྲིད་པ་ཅིའི་ལས་ཅན་ཞེ་ན། ཡང་སྲིད་པར་སེམས་ཅན་རྣམས་མངོན་དུ་ཕྱོགས་པར་བྱེད་པ་དང༌། སྐྱེ་བའི་རྐྱེན་ཀྱང་ཡིན་ནོ། །སྐྱེ་བ་ཅིའི་ལས་ཅན་ཞེ་ན། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རིག་པ་དང༌། ཚོར་བའི་རིམ་གྱིས་སེམས་ཅན་རྣམས་མངོན་པར་འགྲུབ་པར་བྱེད་པ་དང༌། རྒ་ཤིའི་རྐྱེན་ཀྱང་ཡིན་ནོ། །རྒ་ཤི་ཅིའི་ལས་ཅན་ཞེ་ན། ཡང་དང་ཡང་ན་ཚོད་འགྱུར་བ་དང༌། སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བའོ། །ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བས་ཇི་ལྟ་བུ་ཞེ་ན། མ་རིག་པ་གང་ཡིན་པ་དང༌། སྲེད་པ་གང་ཡིན་པ་དང༌། ལེན་པ་གང་ཡིན་པ་འདི་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུའོ། །འདུ་བྱེད་གང་ཡིན་པ་དང༌། རྣམ་པར་ཤེས་པ་གང་ཡིན་པ་དང༌། སྲིད་པ་གང་ཡིན་པ་འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་བསྡུའོ། །ལྷག་མ་རྣམས་ནི་ཚེའི་ཀུན་ནས་ཉོན་མོངས་པར་བསྡུའོ། །དོན་གྱིས་ཇི་ལྟ་བུ་ཞེ་ན། བྱེད་པ་པོ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དང༌། རྒྱུ་དང་བཅས་པ་ལས་བྱུང་བའི་དོན་དང༌། སེམས་ཅན་མེད་པའི་དོན་དང༌། གཞན་གྱི་དབང་གི་དོན་དང༌། གཡོ་བ་མེད་པའི་དོན་དང༌། མི་རྟག་པའི་དོན་དང༌། སྐད་ཅིག་པའི་དོན་དང༌། རྒྱུ་དང་འབྲས་བུ་རྒྱུད་རྒྱུན་མི་འཆད་པའི་དོན་དང༌། རྒྱུ་དང་འབྲས་བུར་


DTG134_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དོན་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་དོན་དང༌། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ། །ཟབ་པས་ཇི་ལྟ་བུ་ཞེ་ན། རྒྱུས་ཟབ་པ་དང༌། མཚན་ཉིད་ཀྱིས་ཟབ་པ་དང༌། སྐྱེ་བས་ཟབ་པ་དང༌། གནས་པས་ཟབ་པ་དང༌། འབྱུང་བས་ཟབ་པས་ཀྱང་ཟབ་པར་བལྟའོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་སྐད་ཅིག་པ་ཡང་ཡིན་ལ། གནས་པར་ཡང་དམིགས། རྟེན་ཅིང་འབྲེལ་པར་འབྱུང་བ་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བའང་ཡིན་ལ། ནུས་པའི་རྐྱེན་ལས་འབྱུང་བར་ཡང་དམིགས། རྟེན་ཅིང་འབྲེལ་པར་འབྱུང་བ་སེམས་ཅན་མེད་པ་ཡང་ཡིན་ལ་སེམས་ཅན་དུ་ཡང་དམིགས། རྟེན་ཅིང་འབྲེལ་པར་འབྱུང་བ་བྱེད་པ་པོ་ཡང་མེད་ལ། ལས་དང་འབྲས་བུ་ཆུད་མི་ཟ་བར་ཡང་དམིགས་ཤིང་བདག་ལས་མ་ཡིན་གཞན་ལས་མ་ཡིན་གཉི་ག་ལས་མ་ཡིན། རང་གི་བྱེད་པ་དང༌། གཞན་གྱི་བྱེད་པ་དང༌། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཟབ་པའོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་དང༌། འཆི་འཕོ་དང་སྐྱེ་བའི་རབ་ཏུ་དབྱེ་བ་དང༌། ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་དང༌། འཇིག་པ་དང་ཆགས་པའི་རབ་ཏུ་དབྱེ་བ་དང༌། ཟས་ཀྱིས་བརྟན་པའི་རབ་ཏུ་དབྱེ་བ་དང༌། འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་དང༌། རྣམ་པར་དག་པའི་རབ་ཏུ་དབྱེ་བ་དང༌། མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བས་ཀྱང་རབ་ཏུ་དབྱེ་བར་བལྟའོ། །ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་ཇི་ལྟ་བུ་ཞེ་ན། ཀུན་ནས་ཉོན་མོངས་པའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་དང༌། རྣམ་པར་བྱང་བའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་བསྟན་པར་བལྟའོ། །ཇི་ལྟར་ན་རྐྱེན་ཡིན། རྐྱེན་རྣམས་ནི་དུ་ཞིག །ཅིའི་ཕྱིར་རྐྱེན་དུ་བརྟག་ཅེ་ན། རྒྱུ་དང་དེ་མ་ཐག་པ་དང༌། དམིགས་པ་དང་བདག་པོས་ཀྱང་རྐྱེན་དུ་བལྟའོ། །ཐམས་ཅད་ཀྱང་རྐྱེན་དུ་བལྟའོ། །ཆོས་བདག་གི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །རྒྱུའི་རྐྱེན་གང་ཞེ་ན་


DTG134_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་རྣམ་པར་ཤེས་པ་དང་དགེ་བའི་བག་ཆགས་སོ། །ཡང་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང༌། གྲོགས་དང༌། མཐུན་པར་རྟོགས་པ་དང༌། རྒྱས་པ་དང༌། བར་དུ་གཅོད་པ་དང༌། ཡོངས་སུ་འཛིན་པས་ཀྱང་རྒྱུའི་རྐྱེན་དུ་བལྟའོ། །ངོ་བོ་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། བྱེད་རྒྱུ་སྟེ་རྒྱུའི་ངོ་བོ་ཉིད་དོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འབྱུང་བའི་བྱེད་རྒྱུ་ནི། དཔེར་ན་རྣམ་པར་ཤེས་པའི་ནི་རྣམ་པར་ཤེས་པའི་ཚོགས་པ་ལྟ་བུའོ། །གནས་པའི་བྱེད་རྒྱུ་ནི་དཔེར་ན་སེམས་ཅན་བྱུང་བ་རྣམས་དང་འབྱུང་བར་འདོད་པ་རྣམས་ཀྱི་ཟས་ལྟ་བུའོ། །རྟེན་པའི་བྱེད་རྒྱུ་ནི་དཔེར་ན་སེམས་ཅན་རྣམས་ཀྱིས་ལྟ་བུའོ། །གསལ་བའི་བྱེད་རྒྱུ་ནི། དཔེར་ན་གཟུགས་རྣམས་ཀྱི་སྒྲོན་མ་ལྟ་བུའོ། །འགྱུར་བའི་བྱེད་རྒྱུ་ནི། དཔེར་ན་ཤིང་གི་མེ་ལྟ་བུའོ། །འབྲལ་བའི་བྱེད་རྒྱུ་ནི། དཔེར་ན་རྔ་བར་བྱེད་པའི་ཟོར་བ་ལྟ་བུའོ། །བསྒྱུར་བའི་བྱེད་རྒྱུ་ནི། དཔེར་ན་གསེར་ལ་སོགས་པའི་བཟོའི་གནས་ལ་སོགས་པ་ལྟ་བུའོ། །ཡིད་ཆེས་པའི་བྱེད་རྒྱུ་ནི། དཔེར་ན་མེའི་དུ་བ་ལྟ་བུའོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི། དཔེར་ན་བསྒྲུབ་པའི་དམ་བཅའ་བ་དང༌། གཏན་ཚིགས་དང་དཔེ་རྣམས་ལྟ་བུའོ། །འཐོབ་པའི་བྱེད་རྒྱུ་ནི། དཔེར་ན་མྱ་ངན་ལས་འདས་པའི་ལམ་ལྟ་བུའོ། །ཐ་སྙད་ཀྱི་བྱེད་རྒྱུ་ནི། དཔེར་ན་མིང་དང་མཚན་མ་དང༌། མཐོང་བ་ལྟ་བུའོ། །ལྟོས་པའི་བྱེད་རྒྱུ་ནི། གང་ལ་ལྟོས་ནས་གང་དོན་དུ་གཉེར་བ་འབྱུང་བ་སྟེ། དཔེར་ན་བཀྲེས་པ་ལ་ལྟོས་ནས་ཟས་ལྟ་བུའོ། །འཕེན་པའི་བྱེད་རྒྱུ་ནི། རྒྱང་རིང་པོའི་རྐྱེན་ཏེ། དཔེར་ན་རྒ་ཤིའི་མ་རིག་པ་ལྟ་བུའོ། །མངོན་པ་འགྲུབ་པའི་བྱེད་རྒྱུ་ནི་ཉེ་བའི་རྐྱེན་ཏེ། དཔེར་ན་འདུ་བྱེད་རྣམས་ཀྱི་མ་རིག་པ་ལྟ་བུའོ། །ཡོངས་སུ་འཛིན་པའི་བྱེད་རྒྱུ་ནི་དེ་ལས་གཞན་པའི་རྐྱེན་ཏེ། དཔེར་ན་ལོ་ཏོག་འབྱུང་བའི་ཞིང་དང་ཆུ་དང་ལུད་ལ་སོགས་པ་ལྟ་བུའོ། །ཆུད་པར་བྱེད་པའི་བྱེད་རྒྱུ་ནི་མཐུན་པའི་རྐྱེན་ཏེ། དཔེར་ན་རྒྱལ་པོ་མཉེས་པར་བྱེད་པའི་ཕྱིར་རྒྱལ་པོ་ལ་ལེགས་པར་བརྟེན་པ་ལྟ་བུའོ། །སོ་སོར་ངེས་པའི་བྱེད་རྒྱུ་ནི་རྐྱེན་སྣ་ཚོགས་པ་སྟེ། དཔེར་ན་འགྲོ་བ་ལྔ་པོ་དག་གི་འགྲོ་བ་ལྔའི་རྐྱེན་ལྟ་བུའོ། །ལྷན་ཅིག་བྱེད་པའི་


DTG134_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྒྱུ་ནི་རྐྱེན་རྣམས་ཚོགས་པ་སྟེ། དཔེར་ན་རྣམ་པར་ཤེས་པའི་དབང་པོ་མ་མ་ཉམས་པ་དང༌། ཡུལ་ཡང་སྣང་བ་དང༌། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པ་ལྟ་བུའོ། །མི་མཐུན་པའི་བྱེད་རྒྱུ་ནི་བར་ཆད་བྱེད་པ་སྟེ། དཔེར་ན་ལོ་ཏོག་ལ་སེར་བ་ལྟ་བུའོ། །མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་ནི་བར་ཆད་མི་བྱེད་པ་སྟེ། དཔེར་ན་བར་ཆད་བྱེད་པ་དེ་ཉིད་མེད་པ་ལྟ་བུའོ། །གྲོགས་ཀྱིས་ཇི་ལྟ་བུ་ཞེ་ན། ཆོས་གང་དག་གྲོགས་ཡོད་ན་འབྱུང་གི་གང་ཡང་རུང་བ་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པའོ། །མཐུན་པར་རྟོགས་པས་ཇི་ལྟ་བུ་ཞེ་ན། ཆོས་གང་དག་ལྷན་ཅིག་འབྱུང་བ་དམིགས་པ་མཐུན་པར་རྟོགས་ཀྱི། གང་ཡང་རུང་བ་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྒྱས་པས་ཇི་ལྟ་བུ་ཞེ་ན། སྔོན་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་བསྒོམས་པ་རྣམས་ཕྱི་མའི་མཐར་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང༌། མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པའོ། །བར་དུ་གཅོད་པས་ཇི་ལྟ་བུ་ཞེ་ན། གང་མྱ་ངན་ལས་འདས་པའི་རྒྱུད་ཐག་བསྲིང་བའི་ཕྱིར་ཉོན་མོངས་པ་གང་ཡང་རུང་བའི་རྒྱུན་རྒྱས་པར་བརྟན་པར་བྱེད་པའོ། །ཡོངས་སུ་འཛིན་པས་ཇི་ལྟ་བུ་ཞེ་ན། ལུས་ཡོངས་སུ་འཛིན་པའི་ཕྱིར་མི་དགེ་བ་དང༌། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །དེ་མ་ཐག་པས་ཇི་ལྟ་བུ་ཞེ་ན། རྒྱུན་མི་འཆད་པར་བར་ཆད་མེད་པ་དང༌། མཐུན་པ་དང་མི་མཐུན་པ་ལ་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་དེ་མ་ཐག་པས་ཀྱང་དེ་མ་ཐག་པའི་རྐྱེན་དུ་བལྟའོ། །དམིགས་པས་ཇི་ལྟ་བུ་ཞེ་ན། ཡུལ་ཡོངས་སུ་ཆད་པའི་དམིགས་པ་དང༌། ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་དང༌། ཡུལ་ལ་བཀྲ་བར་འཛིན་བ་མེད་པའི་དམིགས་པ་དང༌། ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་དང༌། དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་དང༌། དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་དང༌། དངོས་པོའི་དམིགས་པ་དང༌། ཀུན་བརྟགས་པའི་དམིགས་པ་དང༌། ཕྱིན་ཅི་ལོག་གི་དམིགས་པ་དང༌། ཕྱིན་ཅི་མ་ལོག་པའི་དམིགས་


DTG134_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཐོགས་པ་དང་བཅས་པའི་དམིགས་པ་དང༌། ཐོགས་པ་མེད་པའི་དམིགས་པས་ཀྱང་དམིགས་པའི་རྐྱེན་དུ་བལྟའོ། །བདག་པོས་ཇི་ལྟ་བུ་ཞེ་ན། རྟེན་ལ་དབང་བྱེད་པ་དང༌། འཕེན་པ་ལ་དབང་བྱེད་པ་དང༌། ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་དང༌། ཡུལ་ལ་དབང་བྱེད་པ་དང༌། སྐྱེ་བར་དབང་བྱེད་པ་དང༌། གནས་པར་དབང་བྱེད་པ་དང༌། འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་དང༌། འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པས་ཀྱང་བདག་པོའི་རྐྱེན་དུ་བལྟའོ། །ཇི་ལྟར་ན་བསྟེན་པ་མཚུངས་པ་དང་དེ་དང་མཚུངས་པ་ཡིན། བསྟེན་པ་མཚུངས་པ་དང་དེ་དང་མཚུངས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་བསྟེན་པ་མཚུངས་པ་དང་དེ་དང་མཚུངས་པར་བརྟག་ཅེ་ན། རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་ཏུ་འབྱུང་བ་དང༌། རྣམ་པར་ཤེས་པ་དང་བྲལ་ཞིང་རང་དང་འདྲ་བ་རྒྱུན་ཏུ་འབྱུང་བས་ཀྱང་བསྟེན་པ་མཚུངས་པ་དང་དེ་དང་མཚུངས་པར་བལྟའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ལྔའོ། །བདག་རྣམ་པར་ཤེས་པ་དང་ལྡན་པ་དང་མེ་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟིན་པ་ཡིན། ཟིན་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟིན་པར་བརྟག་ཅེ་ན། ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ནི་ཟིན་པར་བལྟའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། ཁམས་དང༌། སྐྱེ་མཆེད་གཟུགས་ཅན་ལྔ་དང་བཞིའི་ཕྱོགས་གཅིག་གོ །བདག་ལུས་ལ་དབང་བསྒྱུར་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དབང་པོ་ཡིན། དབང་པོ་རྣམས་ནི་དུ་ཞིག །ཅིའི་ཕྱིར་དབང་པོར་བརྟག་ཅེ་ན། ཡུལ་ལ་འཛིན་པར་དབང་བྱེད་པ་དང༌། རིགས་ཀྱི་རྒྱུད་ལ་དབང་བྱེད་པ་དང༌། རིས་མཐུན་པར་གནས་པར་དབང་བྱེད་པ་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་དང༌། འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པས་ཀྱང་དབང་པོར་


DTG134_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བལྟའོ། །ཚོར་བའི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་དང༌། གཟུགས་དང་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། ཁམས་བཅུ་གཉིས་དང༌། སྐྱེ་མཆེད་དྲུག་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་དབང་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རྣམས་ནི་དུ་ཞིག །ཅིའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་དང༌། སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་སྡུག་བསྔལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འགྱུར་བའི་སྡུག་བསྔལ་ཉིད་ཡིན། འགྱུར་བའི་སྡུག་བསྔལ་རྣམས་ནི་དུ་ཞིག ། ཅིའི་ཕྱིར་འགྱུར་བའི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། བདེ་བའི་ཚོར་བ་འགྱུར་བ་རང་གི་མཚན་ཉིད་དང༌། བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བ་རང་གི་མཚན་ཉིད་དང༌། དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བས་ཀྱང་འགྱུར་བའི་སྡུག་བསྔལ་ཉིད་དུ་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་བདེ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྣམས་ནི་དུ་ཞིག །ཅིའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་ཚོར་བའི་རང་གི་མཚན་ཉིད་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་དང༌། དེ་གཉི་གའི་གནས་ངན་ལེན་ཡོངས་སུ་འཛིན་པ་དང༌། དེ་གཉི་ག་ལས་མ་ཐར་བ་མི་རྟག་པ་ཉིད་ཀྱིས་རྗེས་སུ་བཅིངས་པས་གྲུབ་པ་དང༌། བདེ་བ་མ་ཡིན་པས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བལྟའོ། །ཕུང་པོ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་མ་གཏོགས་པར་ཐམས་ཅད་དོ། །བདག་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྣམ་


DTG134_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པ་དང་བཅས་པ་ཡིན། རྣམ་པར་སྨིན་པ་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པར་བརྟག་ཅེ་ན། མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་ནི་རྣམ་པར་སྨིན་པ་དང་བཅས་པར་བལྟའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང། སྐྱེ་མཆེད་བཞིའི་ཕྱོགས་གཅིག་གོ །བདག་ཕུང་པོ་འཇོག་པར་བྱེད་པ་དང༌། ཉིང་མཚམས་སྦྱོར་བར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ཀུན་གཞི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པར་བལྟའོ། །དེ་ལས་གཞན་པ་དག་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །ཇི་ལྟར་ན་ཟས་ཡིན། ཟས་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཟས་སུ་བརྟག་ཅེ་ན། འཇུག་པས་ཀྱང་འཇུ་བས་ལས་གྱུར་པ་དང༌། ཡུལ་གྱིས་ཀྱང་ཡུལ་ལས་གྱུར་པ་དང༌། རེ་བས་ཀྱང་རེ་བ་ལས་གྱུར་པ་དང༌། ལེན་པས་ཀྱང་ལེན་པ་ལས་གྱུར་བ་ཉིད་ནི་ཟས་སུ་བལྟའོ། །ཕུང་པོ་གསུམ་དང༌། ཁམས་བཅུ་གཅིག་དང༌། སྐྱེ་མཆེད་ལྔའི་ཕྱོགས་གཅིག་གོ །བདག་ཟས་ཀྱིས་གནས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་ཟས་ནི་མ་དག་པའི་ལུས་གནས་པར་བྱེད་པ་དང༌། མ་དག་པ་དང་དག་པའི་ལུས་གནས་པར་བྱེད་པ་དང༌། དག་པའི་ལུས་གནས་པར་བྱེད་པ་དང༌། གནས་པར་ཀུན་ཏུ་སྟོན་པར་ཡང་བལྟའོ། །ཇི་ལྟར་ན་གོང་མ་དང་བཅས་པ་ཡིན། གོང་མ་དང་བཅས་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གོང་མ་དང་བཅས་པར་བརྟག་ཅེ་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་གོང་མ་དང་བཅས་པར་བལྟའོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པར་ཐམས་ཅད་དོ། །བདག་རྫས་ངན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གོང་ན་མེད་པ་ཡིན། གོང་ན་མེད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་གོང་ན་མེད་པར་བརྟག་ཅེ་ན། འདུས་མ་བྱས་ཀྱི་ཕྱོགས་གཅིག་ནི་གོང་ན་མེད་པར་བལྟའོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་རྫས་ཀྱི་མཆོག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །དེ་ལྟར་ན་ཚུལ་འདིས་རབ་ཏུ་དབྱེ་བའི་ཚུལ་ཚད་མེད་དོ། །ཡང་མདོར་བསྡུ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་


DTG134_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་ཁམས་དང༌། སྐྱེ་མཆེད་རྣམས་ལ་བདག་ཅེའམ། སེམས་ཅན་དང༌། སྲོག་དང༌། སྐྱེ་བ་པོ་དང༌། གསོ་བ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་ཞེས་གང་ཀུན་ཏུ་རྟོག་པའོ། །རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་རང་རུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དེ་དག་ཉིད་དོ། །ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དེ་དག་ཉིད་ལ་བདག་མེད་ཅིང༌། སེམས་ཅན་དང༌། སྲོག་དང༌། སྐྱེ་བ་པོ་དང༌། གསོ་བ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་མེད་ལ། བདག་མེད་པ་ནི་ཡོད་པ་ཉིད་དོ། །ཡང་རབ་ཏུ་དབྱེ་བ་རྣམ་པ་བཞི་སྟེ། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྣམ་པས་རབ་ཏུ་དབྱེ་བ་དང༌། ལུས་ཀྱིས་རབ་ཏུ་དབྱེ་བ་དང༌། རྒྱུན་གྱིས་རབ་ཏུ་དབྱེ་བའོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་སོ་སོའི་རང་གི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །རྣམ་པས་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དེ་དག་ཉིད་ཀྱི་རྫས་སུ་ཡོད་པ་དང༌། བཏགས་པའི་ཡོད་པ་དག །ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་དང༌། དེ་ལ་སོགས་པའི་ཇི་སྐད་བསྟན་པ་རྣམས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། སེམས་ཅན་རྣམས་ཀྱི་ལུས་ཇི་སྙེད་པར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱང་དེ་སྙེད་དོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་སྐད་ཅིག་རེ་རེ་འབྱུང་བའོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་ཤེ་ན། བདག་ལ་མངོན་པར་ཞེན་པ་ཡོངས་སུ་ཤེས་སོ། །རྣམ་པས་


DTG134_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་ཤེ་ན། རིལ་པོའི་འདུ་ཤེས་ཡོངས་སུ་ཤེས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་ཤེ་ན། མ་བྱས་པ་དང་ཕྲད་པ་དང༌། བྱས་པ་ཆུད་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་སོ། རྒྱུན་གྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་ཤེ་ན། བརྟན་པའི་འདུ་ཤེས་ཡོངས་སུ་ཤེས་སོ། །ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་དག་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པ་དྲུག་སྟེ། ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་དང༌། ནང་དུ་བལྟས་པས་རབ་ཏུ་དབྱེ་བ་དང༌། རྒྱུན་རིང་བའི་དུས་ཀྱིས་རབ་ཏུ་དབྱེ་བ་དང༌། དུས་ཡོངས་སུ་ཆད་པས་རབ་ཏུ་དབྱེ་བ་དང༌། དེའི་དུས་ཀྱིས་རབ་ཏུ་དབྱེ་བ་དང༌། ཀུན་ཏུ་སྟོན་པས་རབ་ཏུ་དབྱེ་བའོ། །ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། ཕལ་ཆེར་འདོད་པའི་ཁམས་ན་སྤྱོད་པས་རབ་ཏུ་དབྱེ་བའོ། །ནང་དུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། མཉམ་པར་གཞག་པའི་ས་པ་ཐམས་ཅད་དོ། །རྒྱུན་རིང་བའི་དུས་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །དུས་ཡོངས་སུ་ཆད་པས་རབ་ཏུ་དབྱེ་བ་གང་ཞེ་ན། སློབ་པ་དང་མི་སློབ་པ་རྣམས་ཀྱི་ཐ་མའི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་མ་གཏོགས་པའོ། །དེའི་དུས་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། མི་སློབ་པ་རྣམས་ཀྱི་ཐ་མའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཀུན་ཏུ་སྟོན་པས་རབ་ཏུ་དབྱེ་བ་གང་ཞེ་ན། གང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཀུན་ཏུ་སྟོན་པའོ། །བསྡུས་པ་གང་ཞེ་ན། རྣམ་པ་བཅུ་གཅིག་ཏུ་བལྟ་སྟེ། མཚན་ཉིད་ཀྱིས་བསྡུས་པ་དང༌། ཁམས་ཀྱིས་བསྡུས་པ་དག །རིགས་ཀྱིས་བསྡུས་པ་དང༌། གནས་སྐབས་ཀྱིས་བསྡུས་པ་དང། གྲོགས་ཀྱིས་བསྡུས་པ་དང༌། ཕྱོགས་ཀྱིས་བསྡུས་པ་དང༌། དུས་ཀྱིས་བསྡུས་པ་དང༌། ཕྱོགས་གཅིག་གིས་བསྡུས་པ་དང༌། མཐའ་དག་གིས་བསྡུས་པ་དང༌། གཅིག་གིས་གཅིག་བསྡུས་པ་དང༌། དོན་དམ་པས་བསྡུས་པའོ། །མཚན་ཉིད་ཀྱིས་བསྡུས་པ་


DTG134_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་སོ་སོའི་རང་གི་མཚན་ཉིད་གང་ཡིན་པ་དག་ཉིད་ཀྱིས་དེ་དག་བསྡུས་པར་བལྟའོ། །ཁམས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ས་བོན་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ། དེ་དག་གི་ཁམས་བསྡུས་པའོ། །རིགས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མཚན་ཉིད་ཐ་དད་ཀྱང་ཕུང་པོའི་དོན་བརྩན་པར་བྱས་ཤིང་ཁམས་དང་སྐྱེ་མཆེད་ཀྱི་དོན་བརྩན་པར་བྱས་ནས་ཐམས་ཅད་ཕན་ཚུན་གྱིས་བསྡུས་པ་དག་གོ །གནས་སྐབས་ཀྱིས་བསྡུས་པ་གང་ཞེ་ན། བདེ་བའི་གནས་སྐབས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་དེ་དག་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱང་དེ་དག་ཉིད་ཀྱིས་བསྡུས་པའོ། །གྲོགས་ཀྱིས་བསྡུས་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་འཁོར་དང་བཅས་པ་ནི་དེ་ལས་གཞན་པའི་ཕུང་པོའི་གྲོགས་སུ་གྱུར་པ་རྣམས་ཀྱིས་གྲོགས་ཀྱི་བསྡུ་བས་བསྡུས་པའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ལ་ཡང་རིག་པར་བྱའོ། །ཕྱོགས་ཀྱིས་བསྡུས་པ་གང་ཞེ་ན། ཤར་ཕྱོགས་ཀྱི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་གང་ཡིན་པ་དེ་རྣམས་དེ་དག་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་དེ་གཞན་པའི་ཕྱོགས་རྣམས་ལ་ཡང་རིག་པར་བྱའོ། །དུས་ཀྱིས་བསྡུས་པ་གང་ཞེ་ན། འདས་པའི་ཕུང་པོ་དང་ཁམས་དང། སྐྱེ་མཆེད་རྣམས་ནི་དེ་དག་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱང་དེ་དག་ཉིད་ཀྱིས་བསྡུས་པའོ། །ཕྱོགས་གཅིག་གིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་བས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པར་རིག་པར་བྱའོ། །མཐའ་དག་གིས་བསྡུས་པ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་མ་ལུས་པར་བསྡུས་པ་ནི་མཐའ་དག་གིས་བསྡུས་པར་རིག་པར་བྱའོ། །གཅིག་


DTG134_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཅིག་བསྡུས་པ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། ཁམས་བཅུ་དང༌། སྐྱེ་མཆེད་བཅུ་དང༌། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་གཅིག་གིས་ཀྱང་བསྡུས་སོ། །ཚོར་བའི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། ཁམས་དང་སྐྱེ་མཆེད་གཅིག་གི་ཕྱོགས་གཅིག་གིས་བསྡུས་སོ། །ཚོར་བའི་ཕུང་པོ་ཇི་ལྟར་འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོའང་དེ་བཞིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། ཁམས་བདུན་དང་སྐྱེ་མཆེད་གཅིག་གིས་བསྡུས་སོ། །མིག་གི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཅིག་གིས་སོ། །མིག་གི་ཁམས་ཇི་ལྟ་བར་རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཅིག་གིས་སོ། །གཟུགས་ཀྱི་ཁམས་ཇི་ལྟར་བར་སྒྲའི་ཁམས་དང་དྲིའི་ཁམས་དང་རོའི་ཁམས་དང༌། རེག་བྱའི་ཁམས་ཀྱང་དེ་བཞིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། རྣམ་པར་ཤེས་པའི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཇི་ལྟ་བར་རྣ་བ་དང༌། སྣ་དང་ལྕེ་དང༌། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ནོ། །ཆོས་ཀྱི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཤེ་ན། ཕུང་པོ་གསུམ་དང༌། གཅིག་གི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཅིག་གིས་བསྡུས་སོ། །མིག་གི་སྐྱེ་མཆེད་ཕུང་པོ་དུ་དང་ཁམས་དུ་དག་གིས་བསྡུས་ཤེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། ཁམས་གཅིག་གིས་བསྡུས་སོ། །མིག་གི་སྐྱེ་མཆེད་ཇི་ལྟ་བར་རྣ་བ་དང༌། སྣ་དང་ལྕེ་དང༌། ལུས་ཀྱི་སྐྱེ་མཆེད་རྣམས་དང༌། གཟུགས་དང་སྒྲ་དང༌། དྲི་དང་རོ་དང༌། རེག་བྱའི་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །


DTG134_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་སྐྱེ་མཆེད་ཕུང་པོ་དུ་དང་ཁམས་དུ་དག་གིས་བསྡུས་ཤེ་ན། ཕུང་པོ་གཅིག་དང་ཁམས་བདུན་གྱིས་སོ། །ཆོས་ཀྱི་སྐྱེ་མཆེད་ཕུང་པོ་དུ་དང་ཁམས་དུ་དག་གིས་བསྡུས་ཤེ་ན། ཕུང་པོ་གསུམ་དང་གཅིག་གི་ཕྱོགས་གཅིག་དང༌། ཁམས་གཅིག་གིས་བསྡུས་སོ། །དེ་བཞིན་དུ་དེ་ལས་གཞན་པའི་ཆོས་ཕུང་པོ་བསྟན་པ་དང༌། ཁམས་དང་སྐྱེ་མཆེད་བསྟན་པ་གང་ཡིན་པ་དེ་དག་དང་གང་དེ་བཞིན་དུ་མ་བསྟན་པ་འདི་ལྟ་སྟེ། རྫས་སུ་ཡོད་པ་དང༌། བཏགས་པའི་ཡོད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པ་དང༌། ཤེས་པར་བྱ་བ་དང༌། རྣམ་པར་ཤེས་པར་བྱ་བ་དང༌། མངོན་པར་ཤེས་པར་བྱ་བ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་ལ་སོགས་པ་དེ་དག་ཀྱང་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པར་ཇི་ལྟར་མཐུན་མཐུན་དུ་རིག་པར་བྱ་སྟེ། དེ་ནི་སྔར་བསྟན་པ་ཉིད་དོ། །དོན་དམ་པས་བསྡུས་པ་གང་ཞེ་ན། གང་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ཀྱི་དེ་བཞིན་ཉིད་དོ། །དེ་ལྟར་བསྡུས་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། དམིགས་པ་མངོན་པར་སྡུད་པའི་ཕན་ཡོན་འཐོབ་སྟེ། ཇི་ལྟ་ཇི་ལྟར་དམིགས་པ་མངོན་པར་སྡུད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་མངོན་པར་འཕེལ་ལོ། །མཚུངས་པར་ལྡན་པ་གང་ཞེ་ན། རྣམ་པ་དྲུག་ཏུ་བལྟ་སྟེ། ཐ་དད་པ་མེད་པས་མཚུངས་པར་ལྡན་པ་དང༌། འདྲེས་པར་འགྱུར་པས་མཚུངས་པར་ལྡན་པ་དང༌། ཕྲད་པས་མཚུངས་པར་ལྡན་པ་དང༌། ལྷན་ཅིག་འབྱུང་བས་མཚུངས་པར་ལྡན་པ་དང༌། བྱ་བ་བསྒྲུབས་པས་མཚུངས་པར་ལྡན་པ་དང༌། མཐུན་པར་རྟོགས་པས་མཚུངས་པར་ལྡན་པའོ། །ཐ་དད་པ་མེད་པས་མཚུངས་པར་ལྡན་པ་གང་ཞེ་ན། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་ཐམས་ཅད་ཐ་དད་པ་མེད་པའོ། །འདྲེས་པར་གྱུར་པས་མཚུངས་པར་ལྡན་པ་གང་ཞེ་ན། རྡུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་རྣམས་འདྲེས་པར་གྱུར་པའོ། །ཕྲད་པས་མཚུངས་པར་ལྡན་པ་གང་ཞེ་ན། ཕྱོགས་ཅན་འདུས་པ་རྣམས་ཉིད་ཕན་ཚུན་ཕྲད་པའོ། །ལྷན་ཅིག་འབྱུང་བས་མཚུངས་


DTG134_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན་པ་གང་ཞེ་ན། ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་གང་ཡིན་པ་དག་ལྷན་ཅིག་འབྱུང་བས་འཁོད་པ་སྟེ། སྐྱེ་བ་གཅིག་པ་དང༌། གནས་པའི་ངང་གཅིག་པ་དང༌། འགག་པ་གཅིག་པ་རྣམས་སོ། །བྱ་བ་བསྒྲུབས་པས་མཚུངས་པར་ལྡན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཉིས་རྩོད་པ་གང་ཡང་རུང་བ་ལ་མཚུངས་པར་ཞུགས་པ་ལྟ་བུའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་ལ་མཐུན་པར་རྟོགས་པའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང་གཞན་གྱི་དངོས་པོས་ཡིན་གྱི་བདག་གི་དངོས་པོས་ནི་མ་ཡིན་ནོ། །མཐུན་པ་གཉིས་ཡིན་གྱི་མི་མཐུན་པ་གཉིས་ནི་མ་ཡིན་ནོ། །དུས་འདྲ་བ་གཉིས་ཡིན་གྱི་དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །མཐུན་པའི་ཁམས་དང༌། ས་པ་གཉིས་ཡིན་གྱི་མི་མཐུན་པའི་ཁམས་དང༌། ས་པ་གཉིས་ནི་མ་ཡིན་ནོ། །མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ནི་འདི་ལྟ་སྟེ། ཚོར་བ་དང་འདུ་ཤེས་དང༌། སེམས་པ་དང་རེག་པ་དང༌། ཡིད་ལ་བྱེད་པ་དང་རྣམ་པར་ཤེས་པ་རྣམས་སོ། །ཡང་མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ཉོན་མོངས་པ་ཅན་ནི་ཡིད་དང༌། ཉོན་མོངས་པ་བཞི་པོ་རྣམས་སོ། །རེས་འགའ་མཚུངས་པར་ལྡན་པ་ནི་འདི་ལྟ་སྟེ། སེམས་ལ་དད་པ་ལ་སོགས་པ་དགེ་བ་རྣམས་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་སོ། །གནས་སྐབས་ལས་གྱུར་བའི་མཚུངས་པར་ལྡན་པ་ནི་བདེ་བའི་ཚོར་བ་མཚུངས་པར་ལྡན་པ་དང་བཅས་པའིའོ། །སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཡང་དེ་བཞིན་ནོ། །རྒྱུན་མི་འཆད་པར་མཚུངས་པར་ལྡན་པ་ནི་ལུས་སེམས་དང་བཅས་པའི་དུས་ནའོ། །རྒྱུན་ཆད་པའི་མཚུངས་པར་ལྡན་པ་ནི་སེམས་མེད་པའི་སྙོམས་པར་འཇུག་པས་བར་དུ་ཆོད་པའིའོ། །ཕྱི་རོལ་ཏུ་བལྟས་པའི་མཚུངས་པར་ལྡན་པ་ནི་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་སེམས་དང༌། སེམས་ལས་བྱུང་བ་རྣམས་ལས་ཕལ་ཆེར་རོ། །ནང་དུ་བལྟས་པའི་མཚུངས་པར་ལྡན་པ་ནི་མཉམ་པར་གཞག་པའི་ས་བ་རྣམས་


DTG134_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ལས་ཕལ་ཆེར་རོ། །འདྲིས་པའི་མཚུངས་པར་ལྡན་པ་ནི་སོ་སོའི་སྐྱེ་བ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སློབ་པ་དང་མི་སློབ་པ་དེ་དག་ལས་ཀྱང་ཁ་ཅིག་གིའོ། །མ་འདྲིས་པའི་མཚུངས་པར་ལྡན་པ་ནི་འཇིག་རྟེན་ལས་འདས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དང་པོ་དང་དེའི་འོག་མ་རྣམས་དང༌། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་རྣམས་ཀྱིའོ། །མཚུངས་པར་ལྡན་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། སེམས་ཙམ་ལ་ཚོར་བ་ལ་སོགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱིས་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པ་ཤེས་སོ། །དེ་ཤེས་ན་བདག་ཚོར་བར་བྱེད་དོ། །འདུ་ཤེས་སུ་བྱེད་དོ། །སེམས་པར་བྱེད་དོ། །དྲན་པར་བྱེད་དོ། །ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་ཞེས་མངོན་པར་ཞེན་པ་སྤངས་ཞིང་བདག་མེད་པ་ལ་འཇུག་གོ །ལྡན་པ་གང་ཞེ་ན། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ། །རབ་ཏུ་དབྱེ་བས་ནི་ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། ཀུན་ཏུ་འབྱུང་བ་དང་ལྡན་པའོ། །ས་བོན་དང་ལྡན་པ་གང་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ནི་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་འཐོབ་པའི་དགེ་བ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །གཟུགས་ཀྱི་ཁམས་སུ་སྐྱེས་པར་འགྱུར་པ་ནི། འདོད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཟུགས་དང་རབ་ཏུ་ལྡན་པ་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་འཐོབ་པའི་དགེ་བ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །གཟུགས་མེད་པར་སྐྱེས་པར་གྱུར་པ་ནི། །འདོད་པ་དང་རབ་ཏུ་ལྡན་པ་དང༌། གཟུགས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་


DTG134_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་འཐོབ་པའི་དགེ་བ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །ཁམས་གསུམ་པའི་གཉེན་པོ་ཐོབ་པ་ནི། རྣམ་པ་གང་དང་གང་གི་གཉེན་པོ་བྱུང་བ་དེ་དང་དེའི་ས་བོན་དང་ལྡན་པ་མ་ཡིན་གྱི། གང་གི་གཉེན་པོ་མ་བྱུང་བ་དེའི་ས་བོན་དང་ལྡན་པས་ལྡན་པའོ། །དབང་དང་ལྡན་པ་གང་ཞེ་ན། སྦྱོར་བ་ལས་བྱུང་བའི་དགེ་བའི་ཆོས་འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལ་སོགས་པ་དང༌། ལུང་དུ་མ་བསྟན་པ་དེ་དག་ལས་ཀྱང་ཁ་ཅིག་ནི་དབང་དང་ལྡན་པས་ལྡན་པའོ། །ཀུན་ཏུ་འབྱུང་བ་དང་ལྡན་པ་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་དགེ་བའམ་མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་ཆོས་གང་དང་གང་མངོན་དུ་གྱུར་པ་དེ་དང་དེའི་ཀུན་ཏུ་འབྱུང་བ་དང་ལྡན་པས་ལྡན་པའོ། །དགེ་བའི་རྩ་བ་ཆད་པ་ནི་དགེ་བའི་ཆོས་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་དང༌། ལྡན་པ་མ་ཡིན་ཞེས་ཀྱང་བྱའོ། །ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་འདོད་ཆེན་པ་རྣམས་ཀྱི་ཡིན་པར་བལྟ་སྟེ། དེ་དག་ལ་ཐར་པའི་རྒྱུ་མེད་པའི་ཕྱིར་གཏན་དུ་སྟེ། རྒྱུ་དང་མི་ལྡན་པའོ། །ལྡན་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ཤེས་པར་འགྱུར་རོ། །དེ་ལྟར་འཕེལ་བ་དང་འགྲིབ་པ་ཤེས་ན། འཇིག་རྟེན་པའི་ཕུན་སུམ་ཚོགས་པའམ། རྒུད་པ་གང་ལ་ཡང་གཅིག་ཏུ་ངེས་པར་འདུ་ཤེས་པར་མི་འགྱུར་གྱི་འདི་ལྟ་སྟེ། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས། མཚན་ཉིད་ཀུན་ལས་བཏུས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་དང་པོའོ།། །།བམ་པོ་གསུམ་པ། རྣམ་པར་


DTG134_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་གང་ཞེ་ན། བདེན་པ་རྣམ་པར་ངེས་པ་དང༌། ཆོས་རྣམ་པར་ངེས་པ་དང༌། འཐོབ་པ་རྣམ་པར་ངེས་པ་དང༌། འབྲེལ་བའི་གཏམ་རྣམ་པར་ངེས་པའོ། །བདེན་པ་རྣམ་པར་ངེས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང༌། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །སེམས་ཅན་སྐྱེ་བ་གང་ཞེ་ན། སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། མི་རྣམས་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། འཛམ་བུ་གླིང་དང༌། བྱང་གི་སྒྲ་མི་སྙན་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང། མི་ཆེ་བ་དང༌། མི་གསུང་བ་དང༌། གྱ་ནོམ་སྣང་དང༌། ཤིན་ཏུ་མཐོང་དང༌། འོག་མིན་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་སུ་སེམས་ཅན་སྐྱེ་བའོ། །སྐྱེ་བའི་གནས་གང་ཞེ་ན། སྣོད་ཀྱི་འཇིག་རྟེན་ཏེ། རླུང་གི་དཀྱིལ་འཁོར་ལ་ནི་ཆུའི་དཀྱིལ་འཁོར་བརྟེན་ཏོ། །ཆུའི་དཀྱིལ་འཁོར་ལ་ནི་སའི་དཀྱིལ་འཁོར་རོ། །སའི་དཀྱིལ་འཁོར་ལ་ནི་རི་རབ་དང་གསེར་གྱི་རི་བདུན་དང༌། གླིང་བཞི་དང༌། བར་གྱི་གླིང་བརྒྱད་དང༌། ནང་གི་རྒྱ་མཚོ་དང༌། ཕྱིའི་རྒྱ་མཚོ་དང༌། རི་རབ་ཀྱི་བང་རིམ་དང༌། རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་གྱི་གནས་གཞན་རྣམས་དང༌། ཁོར་ཡུག་གི་རི་དང༌། ནམ་མཁའ་ལ་གཞལ་མེད་ཁང་རྣམས་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་


DTG134_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌། གཟུགས་ན་སྤྱོད་པ་རྣམས་དང༌། ལྷ་མ་ཡིན་གྱི་གནས་གཞན་དག་དང༌། སེམས་ཅན་དམྱལ་བ་པ་རྣམས་ཀྱི་གནས་གཞན་དག་དང༌། ཚ་བའི་སེམས་ཅན་དམྱལ་བ་རྣམས་དང༌། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་དང༌། ཡི་དགས་དེ་དག་ཁ་ཅིག་གི་གནས་གཞན་རྣམས་དང༌། ཉི་མ་རྣམ་པར་སྣང་བྱེད་ཀུན་ཏུ་རྒྱུ་ཞིང་ཕྱོགས་སྣང་བར་བྱེད་པ་ཇི་སྙེད་པ་དེ་སྙེད་ནི་སྟོང་གི་འཇིག་རྟེན་ན། ཟླ་བ་སྟོང་དང༌། ཉི་མ་སྟོང་དང༌། རིའི་རྒྱལ་པོ་རི་རབ་སྟོང་དང༌། ཤར་གྱི་ལུས་འཕགས་སྟོང་དང༌། འཛམ་བུ་གླིང་སྟོང་དང༌། ནུབ་ཀྱི་བ་ལང་སྤྱོད་སྟོང་དང༌། བྱང་གི་སྒྲ་མི་སྙན་སྟོང་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ཁ་རྣམས་ཀྱི་གནས་གཞན་སྟོང་དང༌། ཚངས་པའི་འཇིག་རྟེན་གྱི་གནས་གཞན་སྟོང་པོ་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་ཁོར་ཡུག་ཆེན་པོས་ཀུན་ཏུ་བསྐོར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་མཉམ་དུ་འཇིག་ཅིང་འཆགས་སོ། །འདི་ལྟ་སྟེ་དཔེར་ན་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་ན། བར་སྣང་ལ་ཆར་གྱི་རྒྱུན་འབབ་པ་རྣམས་ཀྱི་བར་དང༌། མཚམས་མེད་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང་འཆགས་པ་རྣམས་ཀྱི་བར་དང༌། མཚམས་མེད་དེ་གཞན་དག་ནི་འཇིག་གོ །གཞན་དག་ནི་ཞིག་ནས་འདུག་གོ །གཞན་དག་ནི་འཆགས་སོ། །གཞན་དག་ནི་ཆགས་ནས་འདུག་གོ །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་བཅུ་ཐམས་ཅད་ཀྱང་དེ་བཞིན་ནོ། །སེམས་ཅན་གྱི་འཇིག་རྟེན་གང་


DTG134_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང༌། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པ་བལྟ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་གྱི། །སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ །དེ་ལྟ་བས་ན་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་སྐྱེ་བའི་གནས་དེ་དག་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་ནི་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ཡང་མ་ཡིན་ན། རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ཡང་སྐྱེ་བ་ནི་སྡུག་བསྔལ་ལོ། །རྒ་བ་ནི་སྡུག་བསྔལ་ལོ། །ན་བ་ནི་སྡུག་བསྔལ་ལོ། །འཆི་བ་ནི་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཅིའི་ཕྱིར་སྐྱེ་བ་སྡུག་བསྔལ་ཞེ་ན། དོགས་པའི་སྡུག་བསྔལ་ཉིད་དང༌། དེ་ལས་གཞན་པའི་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྒ་བ་སྡུག་བསྔལ་ཞེ་ན། ན་ཚོད་གྱུར་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ན་བ་སྡུག་བསྔལ་ཞེ་ན། ཁམས་གྱུར་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འཆི་བ་སྡུག་བསྔལ་ཞེ་ན། སྲོག་གྱུར་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་ཞེ་ན། ཕྲད་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་སྡུག་པ་དང་བྲལ་བ་སྡུག་བསྔལ་ཞེ་ན། བྲལ་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ཞེ་ན། རེ་བ་འབྲས་བུ་མེད་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེ་ན། གནས་ངན་ལེན་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །དེ་དག་ནི་བརྒྱད་ཡིན་ཡང་དྲུག་ཏུ་འགྱུར་རོ། །དྲུག་ཡིན་ཡང་བརྒྱད་དུ་འགྱུར་ཏེ། དོགས་པའི་


DTG134_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཕྲད་པའི་སྡུག་བསྔལ་དང༌། བྲལ་བའི་སྡུག་བསྔལ་དང༌། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །གང་སྡུག་བསྔལ་ཉིད་གསུམ་གསུངས་ན། ཅི་སྡུག་བསྔལ་ཉིད་གསུམ་པོ་དག་གིས་སྡུག་བསྔལ་རྣམ་པ་བརྒྱད་བསྡུས་སམ། སྡུག་བསྔལ་རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་ཉིད་གསུམ་བསྡུས་ཤེ་ན། གཅིག་གིས་གཅིག་བསྡུས་ཏེ། སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གང་གསུངས་པ་འདིས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་དང༌། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ཞེས་གང་གསུངས་པ་འདིས་ནི་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གང་གསུངས་པ་འདིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་དང༌། དོན་དམ་པའི་བདེན་པར་སྡུག་བསྔལ་བཞེས་གང་གསུངས་པ་ལ་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་ནི་གང་ཡིན། དོན་དམ་པའི་བདེན་པར་སྡུག་བསྔལ་བ་ནི་གང་ཡིན་ཞེ་ན། སྐྱེ་བའི་སྡུག་བསྔལ་ནས་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ཞེས་བྱ་བའི་བར་ནི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བའོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པ་ནི་དོན་དམ་པའི་བདེན་པར་སྡུག་བསྔལ་བའོ། །སྡུག་བསྔལ་གྱི་བདེན་པའི་སྤྱིའི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང༌། སྡུག་བསྔལ་བའི་མཚན་ཉིད་དང༌། སྟོང་བའི་མཚན་ཉིད་དང༌། བདག་མེད་པའི་མཚན་ཉིད་དོ། །མི་རྟག་པའི་མཚན་ཉིད་གང་ཞེ་ན། གང་མེད་པའི་མཚན་ཉིད་དང༌། རྣམ་པར་འཇིག་པའི་མཚན་ཉིད་དང༌། འགྱུར་བའི་མཚན་ཉིད་དང༌། འབྲལ་བའི་མཚན་ཉིད་དང༌། ཉེ་བའི་མཚན་ཉིད་དང༌། ཆོས་ཉིད་ཀྱི་མཚན་ཉིད་དང༌། སྐད་ཅིག་གི་


DTG134_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང༌། རྒྱུན་གྱི་མཚན་ཉིད་དང༌། ནང་ལ་སོགས་པའི་མཚན་ཉིད་དང༌། སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་མཚན་ཉིད་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒུད་པའི་མཚན་ཉིད་དང༌། སྣོད་འཇིག་པ་དང་འཆགས་པའི་མཚན་ཉིད་དོ། །མེད་པའི་མཚན་ཉིད་གང་ཞེ་ན། གང་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་རྣམས་ལ་བདག་དང༌། བདག་གི་དུས་རྟག་ཏུ་མེད་པའོ། །རྣམ་པར་འཇིག་པའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་སྐྱེས་པ་རྣམས་ཀྱི་རྣམ་པར་འཇིག་པའོ། །འགྱུར་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་རྣམས་གཞན་དང་གཞན་དུ་འགྱུར་བའོ། །འབྲལ་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་རྣམས་ལ་དབང་བྱེད་པ་ཉམས་པ་དང༌། གཞན་དག་གིས་བདག་གིར་བྱས་པའོ། །ཉེ་བའི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱིས་ནོན་པའོ། །ཆོས་ཉིད་ཀྱི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་འབྱུང་བ་རྒྱུས་འབྲེལ་པའོ། །སྐད་ཅིག་གི་མཚན་ཉིད་གང་ཞེ་ན། འདུ་བྱེད་རྣམས་སྐད་ཅིག་གཅིག་ལས་ཕན་ཆད་དུ་མི་གནས་པའོ། །རྒྱུན་གྱི་མཚན་ཉིད་གང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུན་མི་འཆད་པའོ། །ནད་ལ་སོགས་པའི་མཚན་ཉིད་གང་ཞེ་ན། ཁམས་དང༌། ན་ཚོད་དང༌། སྲོག་རྣམས་འགྱུར་བའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་མཚན་ཉིད་གང་ཞེ་ན། རེས་འགའ་འདོད་ཆགས་དང་བཅས་པའི་སེམས་དང༌། རེས་འགའ་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་དང༌། བསྡུས་པ་དང༌། གཡེངས་པ་དང༌། བྱིང་བ་དང༌། རབ་ཏུ་གཟུང་བ་དང༌། རྒོད་པ་དང༌། མི་རྒོད་པ་དང༌། ཉེ་བར་མ་ཞི་བ་དང༌། ཉེ་བར་མ་ཞི་བ་དང༌། ཉེ་བར་ཞིག་བ་དང༌། མཉམ་པར་གཞག་པ་དང༌། མཉམ་པར་མ་བཞག་པ་ལ་སོགས་པའི་རྣམ་པར་སེམས་ཀྱི་འབྱུང་བ་གང་ཡིན་པའོ། །ལོངས་སྤྱོད་འབྱོར་བ་རྒུད་པའི་མཚན་ཉིད་གང་ཞེ་ན། འབྱོར་བ་ཐམས་ཅད་ཀྱི་མཐའ་ནི་རྒུད་པ་ཉིད་དོ། །སྣོད་འཇིག་པ་དང་འཆགས་པའི་མཚན་ཉིད་གང་ཞེ་ན། འཇིག་པར་བྱེད་པ་གསུམ་སྟེ། མེ་དང༌།


DTG134_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང༌། རླུང་ངོ༌། །འཇིག་པ་ན་བསྡུས་པ་གསུམ་སྟེ། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པའོ། །བསམ་གཏན་བཞི་པ་ལ་ནི་གཞལ་མེད་ཁང་རྣམས་དང་ལྷན་ཅིག་འབྱུང་བ་དང༌། ལྷན་ཅིག་འགགས་པས་འཇིག་ཅིང་འཆགས་སོ། །བསྐལ་པ་བར་མ་གསུམ་སྟེ། མུ་གེའི་བསྐལ་པ་བར་མ་དང༌། ནད་ཀྱི་བསྐལ་པ་བར་མ་དང༌། མཚོན་ཆའི་བསྐལ་པ་བར་མ་སྟེ། དེ་དག་གིས་བསྐལ་པ་ཚར་ཕྱིན་པར་འགྱུར་རོ། །མར་འབྲི་བ་བར་གྱི་བསྐལ་པ་གཅིག་དང༌། ཡར་འཕེལ་བ་དང་མར་འབྲི་བ་བཅྭ་བརྒྱད་དང༌། ཡར་སྐྱེ་བ་གཅིག་སྟེ། བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་ཞིག་པར་འདུག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་ཆགས་ནས་འདུག་གོ །དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུ་སྟེ། དེ་ནི་བསྐལ་པ་ཆེན་པོའོ། །བསྐལ་པ་བགྲང་བའི་ཚུལ་དེས་གཟུགས་ན་སྤྱོད་པ་རྣམས་དང༌། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །སེམས་ཅན་དེ་དག་གི་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཀྱང་ཟད་ནས། གནས་དེ་ནས་ཤི་འཕོ་བར་འགྱུར་རོ། །ཚེ་ཟད་པས་ཇི་ལྟ་བུ་ཞེ་ན། འཆི་བའི་དུས་ལ་བབ་པའོ། །བསོད་ནམས་ཟད་པས་ཇི་ལྟ་བུ་ཞེ་ན། དུས་མ་ཡིན་པར་འཆི་བ་སྟེ། འདི་ལྟར་སེམས་ཅན་དེ་དག་སྙོམས་པར་འཇུག་པའི་རོ་མྱང་བས་བསོད་ནམས་ཟད་པར་འགྱུར་ཏེ། དེས་ན་དུས་ལ་མ་བབ་ཀྱང་འཆིའོ། །ལས་ཟད་པས་ཇི་ལྟ་བུ་ཞེ་ན། དེར་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོངས་སུ་གཏུགས་པའོ། །སྡུག་བསྔལ་གྱི་མཚན་ཉི་གང་ཞེ་ན། སྡུག་བསྔལ་ཉིད་གསུམ་དང༌། སྡུག་བསྔལ་རྣམ་པ་བརྒྱད་ནི་སྡུག་བསྔལ་ཞེས་བྱ་བའོ། །ཅིའི་ཕྱིར་གང་མི་རྟག་པ་དེ་སྡུག་བསྔལ་ཞེས་གསུངས་ཤེ་ན། མི་རྟག་པ་ཉིད་ནི་གཉིས་ཀྱི་ཆར་གཏོགས་པ་སྟེ། སྐྱེ་བའི་ཆར་གཏོགས་པ་དང༌། འཇིག་པའི་ཆར་གཏོགས་པའོ། །སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་སྡུག་བསྔལ་གྱི་


DTG134_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །དེ་གཉི་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །དེ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ངས་འདུ་བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་རུང༌། འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བཀའ་སྩལ་ཏོ། །ཡང་སྐྱེ་བ་དང་འཇིག་པའི་ཆོས་ཉིད་དང་རྗེས་སུ་འབྲེལ་བའི་འདུ་བྱེད་རྣམས་ལ་སྐྱེ་བ་ལ་སོགས་པ་སྡུག་བསྔལ་བརྒྱད་མངོན་ཏེ། དེའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །སྟོང་པའི་མཚན་ཉིད་གང་ཞེ་ན། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པའི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །གང་ན་ཅི་ཞིག་མེད་ཅེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་དང་མི་འགྱུར་བའི་ཆོས་ཅན་དང་བདག་དང་བདག་གི་མེད་དོ། །དེ་ལྟ་བས་ན་དེ་དག་ནི་དེས་སྟོང་ངོ༌། །དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཅེ་ན། གང་བདག་མེད་པ་དེ་ཉིད་དེ། དེ་ལྟར་བདག་ནི་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །ཡང་སྟོང་པ་ཉིད་རྣམས་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང༌། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་གྱི་སྟོང་པ་ཉིད་དོ། །དང་པོ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་གཟུང་བར་བལྟའོ། །གཉིས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་གཟུང་བའོ། །གསུམ་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་གཟུང་བར་བལྟའོ། །བདག་མེད་པའི་མཚན་ཉིད་གང་ཞེ་ན། ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བཏགས་པའི་མཚན་ཉིད་དེས། ཕུང་པོ་དང་ཁམས་དང་


DTG134_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་རྣམས་མཚན་ཉིད་དང་བྲལ་བའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་བདག་གི་མཚན་ཉིད་ཀྱིས་བདག་མེད་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་འདི་དག་ཐམས་ཅད་ནི་ངའི་བ་མེད་དོ། །འདི་ནི་ང་མ་ཡིན་པའོ། །འདི་ནི་ངའི་བདག་མ་ཡིན་པ་སྟེ། དེ་ནི་འདི་བཞིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །ཞེས་གསུངས་པ་འདིའི་དོན་ཅི་ཞེ་ན། ཕྱིའི་དངོས་པོ་འདི་ནི་བདག་གི་མ་ཡིན་ནོ། །ནང་གི་དངོས་པོ་འདི་ནི་ང་མ་ཡིན་ནོ། །འདི་ནི་ངའི་བདག་མ་ཡིན་པའོ་ཞེས་བྱ་བར་དགོངས་ནས་གསུངས་པ་སྟེ། འདི་ལྟར་ཕྱིའི་དངོས་པོ་ལ་ནི་བདག་གི་རྣམ་པར་དང༌། ནང་ལ་ནི་བདག་དང་བདག་གི་རྣམ་པར་བཀག་གོ །སྐད་ཅིག་གི་མཚན་ཉིད་ནི་མི་རྟག་པ་ཉིད་དོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་མ་ཡིན་པ་དེ་ལྟར་གཟུགས་ཀྱང་སྐད་ཅིག་པར་བལྟ་སྟེ། སེམས་ཀྱིས་ཟིན་པ་དང་སེམས་དང་གྲུབ་པ་དང་བདེ་བ་གཅིག་པ་དང༌། སེམས་འགྱུར་ན་དེ་འགྱུར་བ་དང༌། སེམས་ཀྱི་གནས་ཡིན་པ་དང༌། སེམས་ཀྱི་དབང་གིས་བྱུང་བ་དང༌། སེམས་དབང་སྒྱུར་བའི་ཕྱིར་རོ། །ཡང་མཐར་འགྱུར་བར་དམིགས་པ་དང༌། སྐྱེས་ནས་ཀྱང་རྐྱེན་ལ་མི་ལྟོས་པར་རང་གི་ངང་གིས་རྣམས་པར་འཇིག་པའི་ཕྱིར་གཟུགས་ཀྱང་སྐད་ཅིག་པ་ཉིད་དུ་བལྟའོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །ཞེས་གང་གསུངས་པ་དེ་ཅི་ལས་དགོངས་ཏེ་གསུངས་ཤེ་ན། སྲིད་པ་ལ་དགོངས་ནས་གསུངས་སོ། །ཕྱོགས་གཅིག་ལ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏེ། འདུས་པ་གང་ལས་འབྱུང་བ་གང་དམིགས་པ་དེ་ནི་དེ་ན་ཡོད་དོ་ཞེས་བརྗོད་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད། འབྱུང་བ་གཉིས་ལས་གྱུར་པ་ཡོད་པ་ནས། འབྱུང་བ་ཐམས་ཅད་ལས་གྱུར་བ་ཡང་ཡོད་དོ། །རྒྱུར་བྱས་པའི་གཟུགས་ལ་ཡང་རྒྱུར་བྱས་པའི་གཟུགས་གང་འདུས་པ་གང་ལ་དམིགས་པ་དེ་ནི་


DTG134_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ཡོད་པའོ་ཞེས་རིག་པར་བྱའོ། །རྡུལ་ཕྲ་རབ་བསགས་པ་ནི་གཟུགས་འདུས་པའོ་ཞེས་གང་བརྗོད་པ་དེ་ལ་རྡུལ་ཕྲ་རབ་ལུས་མེད་པར་རིག་པར་བྱའོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་གཞག་སྟེ། རིལ་པོའི་འདུ་ཤེས་རྣམས་པར་གཞིག་པ་དང༌། གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རོ། །ཡང་སྡུག་བསྔལ་འདི་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པ་དང༌། བསྲབས་པ་དང༌། བསྲབས་པ་ཡང་མ་ཡིན་ལ་མ་བསྲབས་པའང་ཡིན་པ་ཡང་ཡོད། བར་མ་མ་བསྲབས་པ་ཡང་ཡོད། བསྲབས་ལམ་བསྲབས་པ་ཡང་ཡོད། ཆེས་བསྲབས་ལ་བསྲབས་པ་ཡང་ཡོད། ཤིན་ཏུ་ཆེས་བསྲབས་ལ་བསྲབས་པ་ཡང་ཡོད། སྡུག་བསྔལ་མ་ཡིན་ལ་སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོར་ཉེ་བར་གནས་པ་ཡང་ཡོད་དོ། །སྡུག་བསྔལ་ཤིན་ཏུ་རྒྱས་ལ་མ་བསྲབས་པ་གང་ཞེ་ན། གང་འདོད་པ་ན་སྤྱོད་པ་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིའོ། །བསྲབས་པ་གང་ཞེ་ན། དེ་ཉིད་ཐར་པའི་ཆ་དང་མཐུན་པ་སྐྱེས་པ་རྣམས་ཀྱིའོ། །བསྲབས་པ་ཡང་ཡིན་ལ་མ་བསྲབས་པ་ཡང་ཡིན་པ་གང་ཞེ་ན། དེ་ཉིད་འཇིག་རྟེན་པས་འདོད་ཆགས་དང་བྲལ་བ་བ་ཉིད་དུ་བྱ་བའི་ཕྱིར་དགེ་བའི་རྩ་བ་བསགས་པ་རྣམས་ཀྱིའོ། །བར་མ་མ་བསྲབས་པ་གང་ཞེ་ན། གཟུགས་ཀྱི་ཁམས་སུ་སྐྱེས་པ་ཐར་པའི་ཆ་དང་མཐུན་པ་རྣམ་པར་སྤངས་པ་རྣམས་ཀྱིའོ། །བསྲབས་ལ་མ་བསྲབས་པ་གང་ཞེ་ན། གཟུགས་མེད་པར་སྐྱེས་པར་ཐར་པའི་ཆ་དང་མཐུན་པ་རྣམས་པར་སྤངས་པ་རྣམས་ཀྱིའོ། །ཆེས་བསྲབས་ལ་བསྲབས་པ་གང་ཞེ་ན། གང་སློབ་པ་རྣམས་ཀྱིའོ། །ཤིན་ཏུ་ཆེས་བསྲབས་ལ་བསྲབས་པ་གང་ཞེ་ན། གང་མི་སློབ་པ་རྣམས་ཀྱི་སྲོག་གི་དབང་པོའི་རྐྱེན་གྱི་མིང་དང་གཟུགས་སོ། །སྡུག་བསྔལ་མ་ཡིན་ལ་སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོར་ཉེ་བར་གནས་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱི་སྟེ། བསམས་བཞིན་དུ་སྲིད་པར་སྐྱེ་བའི་ཕྱིར་རོ། །འཆི་བ་སྡུག་བསྔལ་ལོ་ཞེས་གང་གསུངས་པ་དེ་ལ་འཆི་བ་རྣམ་པ་གསུམ་སྟེ། དགེ་བའི་སེམས་ཡོད་པ་དང༌། མི་དགེ་བའི་སེམས་ཡོད་པ་དང༌། ལུང་དུ་མ་བསྟན་པའི་སེམས་ཡོད་པ་


DTG134_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སམ། གཞན་གྱིས་བསྒྲུབས་པས་ཀྱང་རུང་སྟེ། སེམས་ཀྱི་རྒྱུ་བ་གསལ་བ་ནི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟའོ། །རང་གི་མི་དགེ་བའི་སེམས་བསྐྱེད་པས་སམ། གཞན་གྱིས་བསྒྲུབས་པས་ཀྱང་རུང་སྟེ། སེམས་རྒྱུ་བ་གསལ་བ་ནི་མི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟའོ། །སེམས་ཀྱི་རྒྱུ་བ་གསལ་ཡང་རུང་མི་གསལ་ཡང་རུང་རྐྱེན་དེ་གཉི་ག་མ་ཚང་བའི་ཕྱིར་མངོན་པར་འདུ་བྱེད་མི་ནུས་པ་ཡང་རུང་སྟེ། ལུང་དུ་མ་བསྟན་པའི་སེམས་ཡོད་པའི་འཆི་བར་བལྟའོ། །དགེ་བ་བྱེད་པའི་ལུས་ནི་ཐོབ་མ་ཉིད་སྨད་གྲང་བར་འགྱུར། མི་དགེ་བ་བྱེད་པའི་ལུས་ནི་སྟོད་གྲང་བར་འགྱུར་རོ། །དེ་ལ་མི་དགེ་བ་བྱེད་པའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པ་ནི། དཔེར་ན་ཕྱར་བ་ནག་པོའམ། མཚན་མོ་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་པ་ནི་དཔེར་ན་སྣམ་བུ་དཀར་པོའམ། ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །བར་མ་དོའི་སྲིད་པ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །གཟུགས་མེད་པ་ནས་ནི་འཆི་འཕོ་བ་ནའོ། །དེ་ནི་ཡིད་ལས་བྱུང་བ་དང་དྲི་ཟ་ཞེས་ཀྱང་བྱའོ། །དེ་ལྟར་ཐོགས་ན་ཞིག་བདུན་གནས་ཏེ། དེ་ཚུན་ཆད་ཀྱིས་འཆི་འཕོའོ། །ཇི་སྟེ་ན་ལྡོག་གོ །དེ་ན་གནས་པ་ཡང་ལས་སོག་གོ །སྐལ་པ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ངོ༌། །གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་སོ། །འགྲོ་བ་ལ་ཐགས་ཐོགས་མེད་དོ། །རྫུ་འཕྲུལ་དང་ལྡན་པ་བཞིན་དུ་མྱུར་དུ་འགྲོ་ཞིང་སྐྱེ་བའི་གནས་སུ་ཐོགས་སོ། །སྲང་མདའི་མཐོན་དམན་གྱི་ཚུལ་དུ་འཆི་འཕོ་ཞིང་ཉིད་མཚམས་སྦྱོར་རོ། །བར་མ་དོའི་སྲིད་པ་ན་གནས་པ་ནི་སྐྱེ་བའི་གནས་ལ་འདོད་ཆགས་བསྐྱེད་དེ། །དེ་ལས་གཞན་པའི་ཉོན་མོངས་པ་ནི་རྐྱེན་དུ་འགྱུར་རོ། །འདོད་ཆགས་དང་བཅས་པར་བར་མ་དོའི་སྲིད་པ་འགག་ཅིང་ནུར་ནུར་པོ་རྣམ་པར་ཤེས་པ་དང་བཅས་པ་འབྱུང་སྟེ། དེ་ནི་རྣམ་པར་སྨིན་པའོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཇི་སྐད་འབྱུང་བ་བཞིན། སྐྱེ་གནས་བཞི་པོ་སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་


DTG134_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང༌། བརྫུས་ཏེ་སྐྱེ་བར་དབང་པོ་མགོན་པར་འགྲུབ་བོ། །ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང༌། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །གཙོ་བོར་བསྟན་པ་ནི། །བཅོམ་ལྡན་འདས་ཀྱིས་སྲེད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལན་པ་དེ་དང་དེར་མངོན་པར་དགའ་བ་ལ་ཀུན་འབྱུང་བའི་བདེན་པར་བསྟན་པས་བསྟན་ཏོ། །གཙོ་བོའི་དོན་གང་ཞེ་ན། གང་ཐམས་ཅད་དུ་འགྲོ་བའི་དོན་ཏོ། །ཐམས་ཅད་དུ་འགྲོ་བའི་དོན་གང་ཞེ་ན། འདི་ལྟར་སྲེད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་དང༌། གནས་སྐབས་ཐམས་ཅད་དུ་འགྲོ་བ་དང༌། དུས་ཐམས་ཅད་དུ་འགྲོ་བ་དང༌། ཁམས་ཐམས་ཅད་དུ་འགྲོ་བ་དང༌། ཚོར་བ་ཐམས་ཅད་དུ་འགྲོ་བ་དང༌། རྣམ་པ་ཐམས་ཅད་དུ་འགྲོ་བའོ། །ཉོན་མོངས་པ་གང་ཞེ་ན། གྲངས་དང༌། མཚན་ཉིད་དང༌། འབྱུང་བ་དང༌། དམིགས་པ་དང༌། མཚུངས་པར་ལྡན་པ་དང༌། རྣམ་གྲངས་དང༌། ལོག་པར་ཞུགས་པ་དང༌། ཁམས་དང༌། རིས་དང༌། སྤོང་བས་ཀྱང་ཉོན་མོངས་པར་བལྟའོ། །གྲངས་གང་ཞེ་ན། ཉོན་མོངས་པ་དྲུག་གམ་བཅུའོ། །ཉོན་མོངས་པ་དྲུག་གང་ཞེ་ན། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བའོ། །དེ་དག་ཉིད་ལྟ་བ་རྣམས་པ་ལྔའི་བྱེ་བྲག་གིས་བཅུར་འགྱུར་རོ། །མཚན་ཉིད་གང་ཞེ་ན། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །འབྱུང་བ་གང་ཞེ་ན། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པར་གྱུར་པ་དང༌། ཉོན་མོངས་པའི་གནས་ཀྱི་ཆོས་ཀྱང་སྣང་བར་གྱུར་པ་དང༌། དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཏེ། དེ་ལྟ་བུ་ལས་ཉོན་མོངས་པ་འབྱུང་བར་འགྱུར་རོ། །དམིགས་པ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དམིགས་པར་བལྟའོ། །ཉོན་མོངས་པའི་གཞི་ཡང་དམིགས་པའོ། །མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་མ་གཏོགས་པར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ནི་ས་གོང་མ་ལ་མི་དམིགས་སོ། །ས་གོང་མ་པའི་ཉོན་


DTG134_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ནོ། །འགོག་པ་དང་ལམ་ལ་དམིགས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་དེ་དག་ལ་དམིགས་པ་མ་ཡིན་པར་བལྟ་སྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོག་པའོ། །གཞི་མེད་པ་ལ་དམིགས་པའི་ཉོན་མོངས་པ་ནི་ལྟ་བ་དང་མཚུངས་པར་ལྡན་པའོ། །དེ་ལས་གཞན་པ་ནི་གཞི་དང་བཅས་པ་ལ་དམིགས་པའོ། །མཚུངས་པར་ལྡན་པ་གང་ཞེ་ན། འདོད་ཆགས་ནི་ཁོང་ཁྲོ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཁོང་ཁྲོ་བ་དང་ཇི་ལྟ་བར་ཐེ་ཚོམ་དང་ཡང་དེ་བཞིན་ནོ། །ལྷག་མ་ནི་དེ་དང་མཚུངས་པར་ལྡན་ནོ། །འདོད་ཆགས་དང་ཁོང་ཁྲོ་བ་ཇི་ལྟ་བ་དེ་བཞིན་དུ་ཁོང་ཁོར་བ་ཡང་འདོད་ཆགས་དང་ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ང་རྒྱལ་ནི་ཁོང་ཁྲོ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་དང་མ་འདྲེས་པ་ཡང་ཡིན་ནོ། །མ་འདྲེས་པ་ནི་བདེན་པ་རྣམས་མི་ཤེས་པའོ། །ལྟ་བ་ནི་ཁོང་ཁྲོ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཐེ་ཚོམ་ནི་འདོད་ཆགས་དང་ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ནི་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་ནོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་ནི་ཉོན་མོངས་པ་ཅན་ཐམས་ཅད་དང་མཚུངས་པར་ལྡན་ནོ། །རྣམ་གྲངས་གང་ཞེ་ན། ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཐ་བ་དང༌། དྲི་མ་དང༌། སྡིག་པ་དང༌། ཟུག་རྡུ་དང༌། ཅི་ཡང་དང༌། ཉེས་པར་སྤྱོད་པ་དང༌། ཟག་པ་དང༌། ཕོངས་པ་དང༌། ཡོངས་སུ་གདུང་པ་དང༌། འཁྲུག་པ་དང༌། འཐབ་པ་དང༌། རིམས་ནད་དང༌། ནགས་སྦྱོར་དང༌། གགས་ཞེས་བྱ་བ་དག་གོ །ཀུན་ཏུ་སྦྱོར་བ་རྣམས་ནི་དུ་ཞིག །ཇི་ལྟར་གང་དུ་སྦྱོར་ཞེ་ན། ཀུན་ཏུ་སྦྱོར་


DTG134_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགུ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང༌། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང༌། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང༌། མ་རིག་པའི་ཀུན་ཏུ་སྦྱོར་བ་དང༌། ལྟ་བའི་ཀུན་དང་སྦྱོར་བ་དང༌། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང༌། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང༌། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང༌། སེར་སྣའི་ཀུན་ཏུ་སྦྱོར་བའོ། །རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་སོ། །རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང༌། ལྡན་པ་ནི་ཁམས་གསུམ་པ་ལ་ཡིད་འབྱུང་བར་མི་འགྱུར་རོ། །ཡིད་མི་འབྱུང་བས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དོ། །དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། །ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ནི་སེམས་ཅན་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ཁོང་ཁྲོ་བའི་རྒྱུ་ལས་སེམས་ཡལ་བར་མི་འདོར་ཏེ། དེས་ན་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དོ། །དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་ནི་ང་རྒྱལ་བདུན་ཏེ། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །ང་རྒྱལ་གང་ཞེ་ན། ཆུང་ངུ་བས་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཆེ་བའི་ང་རྒྱལ་གང་ཞེ་ན། མཚུངས་པ་བས་བདག་ཆེ་བའམ། ཆེ་བ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་གང་ཞེ་ན། ཆེ་བ་བས་ཀྱང་བདག་ཆེས་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །མངོན་པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་


DTG134_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཆེས་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ལོག་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ། བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ངར་འཛིན་པ་དང༌། ང་ཡིར་འཛིན་པ་ཡོངས་སུ་མི་ཤེས་སོ། །ཡོངས་སུ་མ་ཤེས་ན་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་ནས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །མ་རིག་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་མི་ཤེས་པའོ། །མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་རྣམས་དང་ཀུན་འབྱུང་བའི་ཆོས་རྣམས་ལ་ལྷག་པར་ཆགས་སོ། །དེ་དག་ལ་ལྷག་པར་ཆགས་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དོ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །ལྷ་བའི་ཀུན་ཏུ་སྦྱོར་བ་ནི་ལྟ་བ་གསུམ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བའོ། །ལྟ་བའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལོ། །མངོན་པར་ཞེན་ཏོ། །ལོག་པས་ངེས་པར་འབྱུང་བ་ལ་མངོན་པར་ཞེན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ནི་ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལོག་པས་ངེས་པར་འབྱུང་བའི་ཐབས་ལ་མངོན་པར་ཞེན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དོ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་བདེན་པ་རྣམས་ལ་ཡིད་གཉིས་ཟ་བའོ། །ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་སངས་རྒྱས་དཀོན་མཆོག་ལ་སོམ་ཉི་ཟ་ཞིང༌། ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་ལ་སོམ་ཉི་ཟ་བའོ། །དཀོན་མཆོག་རྣམས་ལ་སོམ་ཉི་ཟ་བས་ལེགས་པར་བསྒྲུབ་པར་མི་འགྱུར་རོ། །


DTG134_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྣམས་ལ་ལེགས་པར་མི་བསྒྲུབ་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སངས་རྒྱས་དང་སྦྱོར་རོ། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཕ་རོལ་གྱི་ཕུང་སུམ་ཚོགས་པ་ལ་མི་བཟོད་པར་བྱས་པའི་སེམས་ཁོང་ནས་འཁྲུག་པའོ། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་རྙེད་པ་དང་བཀུར་སྟི་གཅེས་སུ་འཛིན་པ་ཡིན་གྱི་ཆོས་གཅེས་སུ་འཛིན་པ་མ་ཡིན་ནོ། །རྙེད་པ་དང་བཀུར་སྟི་གཅེས་སུ་འཛིན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །སེར་སྣའི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཉིད་ཡོད་བྱེད་རྣམས་ལ་སེམས་ཀུན་ཏུ་འཛིན་པའོ། །སེར་སྣའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་སོགས་པ་གཅེས་སུ་འཛིན་པ་ཡིན་གྱི་ཡོ་བྱེད་བསྙུངས་པ་གཅེས་སུ་འཛིན་པ་མ་ཡིན་ཏེ། སོགས་པ་གཅེས་སུ་འཛིན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །འཆིང་བ་ནི་གསུམ་སྟེ། འདོད་ཆགས་ཀྱི་འཆིང་བ་དང༌། ཞེ་སྡང་གི་འཆིང་བ་དང། གཏི་མུག་གི་འཆིང་བའོ། །འདོད་ཆགས་ཀྱི་འཆིང་བས་ནི་འགྱུར་བའི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཞེ་སྡང་གི་འཆིང་བས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །གཏིང་མུག་གི་འཆིང་བས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་བརྟེན་ནས། དགེ་བ་ལ་སྦྱོར་བ་ན་འདོད་པ་བཞིན་དུ་བྱེད་པ་མི་འཐོབ་སྟེ། དེའི་ཕྱིར་ཡང་དེ་དག་ནི་འཆིང་བ་རྣམས་སོ། །བག་ལ་ཉལ་ནི་བདུན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཁོང་ཁྲོ་བའི་བག་ལ་ཉལ་དང། སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ང་རྒྱལ་གྱི་བག་ལ་ཉལ་དང༌། མ་རིག་པའི་བག་ལ་ཉལ་དང༌། ལྟ་བའི་བག་ལ་ཉལ་དང༌། ཐེ་ཚོམ་གྱི་བག་ལ་ཉལ་ལོ། །འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་


DTG134_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཏོ། །ཁོང་ཁྲོ་བའི་བག་ལ་ཉལ་ནི་ཁོང་ཁྲོ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །ང་རྒྱལ་གྱི་བག་ལ་ཉལ་ནི་ང་རྒྱལ་གྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །མ་རིག་པའི་བག་ལ་ཉལ་ནི་མ་རིག་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །ལྟ་བའི་བག་ལ་ཉལ་ནི་ལྟ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །ཐེ་ཚོམ་གྱི་བག་ལ་ཉལ་ནི་ཐེ་ཚོམ་གྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཏོ། །འདོད་པ་ཚོལ་བ་མ་སྤངས་པས་ནི་འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཁོང་ཁྲོ་བའི་བག་ལ་ཉལ་རྒྱས་པར་འགྱུར་རོ། །སྲིད་པ་ཚོལ་བ་མ་སྤངས་པས་ནི་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་རྒྱས་པར་འགྱུར་རོ། །ལོག་པས་ཚངས་པར་སྤྱོད་པ་ཚོལ་བམ་སྤངས་པས་ནི་ང་རྒྱལ་གྱི་བག་ལ་ཉལ་དང༌། མ་རིག་པའི་བག་ལ་ཉལ་དང༌། ལྟ་བའི་བག་ལ་ཉལ་དང༌། ཐེ་ཚོམ་གྱི་བག་ལ་ཉལ་རྒྱས་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་གཉེན་པོ་ཆུང་དུ་ཙམ་གྱིས་ཀྱང་ཁེངས་པར་འགྱུར་རོ། །བདེན་པ་རྣམས་ལ་རྨོངས་པར་འགྱུར་རོ། །ལོག་པས་ཐར་པ་དང་ཐར་པའི་ཐབས་ལ་རྟོག་པར་བྱེད་དོ། །སངས་རྒྱས་རྣམས་ཀྱི་བསྟན་པ་དམ་པའི་ཆོས་འདུལ་བ་ལ་སོམ་ཉི་ཟའོ། །ཐེ་ཚོམ་ཟའོ། །ཉེ་བའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་ཡིན་ནོ། །ཉེ་བའི་ཉོན་མོངས་པ་ཡིན་ལ་ཉོན་མོངས་པ་མ་ཡིན་པ་ཡང་ཡོད་དེ། ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པ་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཅན་ནོ། །ཡང་འདོད་ཆགས་ནི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པའོ། །ཞེ་སྡང་དང་གཏི་མུག་ནི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་སྟེ། ཉེ་བའི་ཉོན་མོངས་པ་དེས་སེམས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་ན། ཆགས་པ་དང་བྲལ་བར་མི་འགྱུར། གྲོལ་བར་མི་འགྱུར་ཏེ། སྒྲིབ་པ་དེ་མ་སྤངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སེམས་འདི་ཡུན་རིང་པོ་ནས་འདོད་ཆགས་ཀྱིས་ཀུན་


DTG134_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉོན་མོངས་པ་ཅན་དུ་གྱུར་པ། ཞེ་སྡང་དང་གཏི་མུག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ཞེས་གསུངས་པ་ལྟ་བུའོ། །ཀུན་ནས་དཀྲིས་པ་ནི་བརྒྱད་དེ་རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པའོ། །ཞི་གནས་ཀྱི་དུས་དང༌། རབ་ཏུ་འཛིན་པའི་དུས་དང༌། བཏང་སྙོམས་ཀྱི་དུས་དང༌། དེ་དག་གི་གཞི་དང་པོ་རྣམ་པར་དག་པའི་དུས་ན། ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པས་ཀུན་ནས་དཀྲིས་པ་དག་གོ །ཆུ་བོ་ནི་བཞི་སྟེ་འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོའོ། །རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དག་གོ །འདོད་པ་ཚོལ་བ་ལ་ཞུགས་པའི་ནི་དང་པོའོ། །སྲིད་པ་ཚོལ་བ་ལ་ཞུགས་པའི་ནི་གཉིས་པའོ། །ལོག་བས་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པའི་ནི་ཐ་མ་གཉིས་ཏེ། གནས་པ་དང་གནས་འབྲེལ་པའི་ཚུལ་གྱིས་སོ། །སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང༌། སྲིད་པའི་སྦྱོར་བ་དང༌། ལྟ་བའི་སྦྱོར་བ་དང༌། མ་རིག་པའི་སྦྱོར་བའོ། །འབྲལ་བའི་བར་དུ་གཅོད་པའི་ཕྱིར་སྦྱོར་བ་རྣམས་ཏེ། དེ་དག་ཀྱང་ཚོལ་བ་ལ་ཞུགས་པ་གསུམ་པོ་རྣམས་ཀྱི་ཡིན་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཉེ་བར་ལེན་པ་ནི་བཞི་སྟེ། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །རྩོད་པའི་རྩ་བ་ཉེ་བར་ལེན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་སྲིད་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་སོ། །འདོད་པ་ལ་འདོད་ཆགས་དང༌། ལྟག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཁྱིམ་པ་རྣམས་དང༌། ཁྱིམ་པ་རྣམས་སུ་རྩོད་དོ། །རྩོད་པ་དེའི་རྩ་བ་ནི་དང་པོ་ཡིན་ནོ། །ལྟ་བ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་སུ་རྩོད་དེ། རྩོད་པ་དེའི་རྩ་བ་ནི་ཉེ་བར་ལེན་པ་གསུམ་པོ་དག་སྟེ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་ལྟ་བའི་ཉེ་བར་


DTG134_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའོ། །ཕལ་ཆེར་བརྟུལ་ཞུགས་དང༌། དཀའ་ཐུབ་དྲག་པོ་སོ་སོ་ཐ་དད་པ་དག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །དེ་དག་གི་གནས་འཇིག་ཚོགས་ལ་ལྟ་བ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པས་ནི་མུ་སྟེགས་ཅན་ནང་ཕན་ཚུན་རྩོད་དོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པས་ནི་མུ་སྟེགས་ཅན་རྣམས་དང་ཆོས་འདི་པ་རྣམས་སུ་རྩོད་དོ། །དེ་ལྟར་དེ་དག་རྩོད་པའི་རྩ་བ་ཉེ་བར་ལེན་པ་ལ་མངོན་པར་ཞེན་པས་ཕྱི་མ་ལ་ཡང་སྲིད་པ་ཉེ་བར་ལེན་ཏོ། །དེས་ན་ཉེ་བར་ལེན་པ་རྣམས་ཞེས་བྱའོ། །མདུད་པ་ནི་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང༌། གནོད་སེམས་ལུས་ཀྱི་མདུད་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང༌། འདི་བདེན་ནོ་ཞེས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པ་ལུས་ཀྱི་མདུད་པའོ། །མཉམ་པར་གཞག་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་གཅོད་པའི་ཕྱིར་མདུད་པ་རྣམས་ཏེ། འདི་ལྟར་གཡེང་བའི་རྒྱུ་ནི་བཞི་སྟེ། ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་སེམས་གཡེང་བ་དང༌། རྩོད་པ་ལ་ལེགས་པར་མི་བསྒྲུབ་པའི་རྒྱུ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་དྲག་པོས་སྡུག་བསྔལ་བར་གནས་པའི་རྒྱུ་དང༌། ཚུལ་བཞིན་མ་ཡིན་པས་ཤེས་བྱ་ལ་རྟོག་པའི་རྒྱུས་སེམས་གཡེང་བར་བྱེད་དོ། །སྒྲིབ་པ་ནི་ལྔ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་སྒྲིབ་པ་སྟེ། རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་དུས་དང༌། བསྐུལ་བ་ན་ལེགས་པར་བསྒྲུབ་པའི་དུས་དང༌། ཞི་གནས་ཀྱི་དུས་དང༌། རབ་ཏུ་འཛིན་པའི་དུས་དང༌། བཏང་སྙོམས་ཀྱི་དུས་ན་དགེ་བའི་ཕྱོགས་མི་རྟོགས་པའི་རྒྱུ་ཡིན་པས་སྒྲིབ་པ་རྣམས་སོ། །ཐ་བ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཐ་བ་དང༌། ཞེ་སྡང་དང་གཏི་མུག་གི་ཐ་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། སྔོན་གོམས་པའི་ཚུལ་གྱིས་འདོད་ཆགས་ལ་སོགས་པ་ལ་སྤྱོད་པར་འགྱུར་ཏེ། སྤྱོད་པ་དེ་མ་སྤངས་པས་སེམས་ལས་སུ་མི་རུང་བ་དང༌། དཔྲལ་དཀའ་བར་འགྱུར་བ་དེ་དག་ནི་ཐ་བ་རྣམས་ཞེས་བྱའོ། །


DTG134_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་ནི་གསུམ་སྟེ། འདོད་ཆགས་ཀྱི་དྲི་མ་དང༌། ཞེ་སྡང་དང་གཏི་མུག་གི་དྲི་མའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། དེའི་ངོ་བོའི་འཆལ་བའི་ཚུལ་ཁྲིམས་ལྷག་པར་སྤྱོད་དེ། གྲོང་ན་འདུག་ཀྱང་རུང་དགོན་པ་ན་འདུག་ཀྱང་རུང༌། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མཐོང་ན། གང་གི་ཕྱིར་འདི་སྐད་དུ། ཚེ་དང་ལྡན་པ་འདི་ནི་འདི་ལྟ་བུ་བྱེད་པ་འདི་ལྟ་བུ་སྤྱོད་པ་སྟེ། མི་གཙང་བ་གྲོང་གི་ཚེར་མའོ། །ཞེས་བརྗོད་པར་འགྱུར་བ་དེ་དག་ནི་དྲི་མ་རྣམས་ཞེས་བྱའོ། །སྡིག་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་སྡིག་པ་དང༌། ཞེ་སྡང་དང་གཏི་མུག་གི་སྡིག་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་དུས་རིང་པོར་སྐྱེ་བ་དང༌། འཆི་བ་མྱོང་བར་འགྱུར་བ་དེ་དག་ནི་སྡིག་པ་རྣམས་ཞེས་བྱའོ། །ཟུག་རྡུ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཟུག་རྡུ་དང༌། ཞེ་སྡང་དང༌། གཏི་མུག་གི་ཟུག་རྡུའོ། །འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དེ་དག་ལ་བརྟེན་ནས་སྲིད་པ་དང༌། སྲིད་པའི་ཡོ་བྱད་རྣམས་ལ་ཤིན་ཏུ་འདོད་པ་སྐྱེས་ཤིང་གནས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་དང༌། སྡུག་བསྔལ་དང་ཀུན་འབྱུང་བ་དང༌། འགོག་པ་དང་ལམ་རྣམས་ལ་ཐེ་ཚོམ་ཟ་བ་དེ་དག་ནི་ཟུག་རྡུ་རྣམས་ཞེས་བྱའོ། །ཅི་ཡང་ནི་གསུམ་སྟེ། འདོད་ཆགས་ཀྱི་ཅི་ཡང་དང༌། ཞེ་སྡང་དང་གཏི་མུག་གི་ཅི་ཡང་ངོ༌། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་འཇིགས་པ་དང་བཅས་པ་ཁོ་ན་དང་བཅས་ཤིང་གཡེང་བ་མང་བར་གནས་པ་དེ་དག་ནི་ཅི་ཡང་རྣམས་ཞེས་བྱའོ། །ཉེས་པར་སྤྱོད་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཉེས་པར་སྤྱོད་པ་དང༌། ཞེ་སྡང་དང་གཏི་མུག་གི་ཉེས་པར་སྤྱོད་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་ལུས་ཀྱིས་ཉེས་པར་སྤྱོད་པ་སྤྱོད་པ་དང༌། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དེ་དག་ནི་ཉེས་པར་སྤྱོད་པ་རྣམས་ཞེས་བྱའོ། །ཡང་ཟང་ཟིང་ངན་པ་ཅུང་ཟད་ཙམ་གྱི་རྒྱུ་དང༌། གནོད་པར་བྱ་བའི་རྒྱུ་ལ་ཡོངས་སུ་རྟོག་པའི་རྒྱུ་དང༌། ཆོས་ལོག་པ་ལ་མངོན་པར་ཞེན་པའི་རྒྱུས་སེམས་ཅན་རྣམས་ཉེས་པར་སྤྱོད་པ་སྤྱོད་དེ། དེ་ལྟ་བས་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ནི་ཉེས་པར་སྤྱོད་པའི་རྩ་བ་རྣམས་


DTG134_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །ཟག་པ་ནི་གསུམ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པ་དང༌། ཕྱི་རོལ་ཏུ་བལྟས་ཏེ་ཟག་པའི་ཕྱིར་འདོད་པའི་ཟག་པའོ། །ནང་དུ་བལྟས་ཏེ་ཟག་པའི་ཕྱིར་སྲིད་པའི་ཟག་པའོ། །ཟག་པ་དེ་གཉི་གའི་གནས་ཡིན་པའི་ཕྱིར་མ་རིག་པའི་ཟག་པའོ། །ཕོངས་པ་ནི་གསུམ་སྟེ། འདོད་ཆགས་ཀྱིས་ཕོངས་པ་དང༌། ཞེ་སྡང་དང་གཏི་མུག་གིས་ཕོངས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་སྲིད་པའི་ཡོ་བྱད་འདོད་པའི་ཕོངས་པས་གནོད་པར་བྱེད་པ་དེ་དག་ནི་ཕོངས་པ་རྣམས་ཞེས་བྱའོ། །ཡོངས་སུ་གདུང་བ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཡོངས་སུ་གདུང་བ་དང༌། ཞེ་སྡང་དང་གཏི་མུག་གི་ཡོངས་སུ་གདུང་བའོ། །འདོད་ཆགས་དང་ཞེས་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པར་མཚན་མར་འཛིན་པ་དང༌། མངོན་རྟགས་སུ་འཛིན་པར་འགྱུར་ཏེ། མཚན་མར་འཛིན་པ་དང་མངོན་པར་རྟགས་སུ་འཛིན་པ་དེས་ལུས་ཡོངས་སུ་གདུང་བར་འགྱུར་བ་དང༌། སེམས་ཡོངས་སུ་གདུང་བར་འགྱུར་བ་དེ་དག་ནི་ཡོངས་སུ་གདུང་བ་རྣམས་ཞེས་བྱའོ། །འཁྲུག་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་འཁྲུག་པ་དང༌། ཞེ་སྡང་དང་གཏི་མུག་གི་འཁྲུག་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། གང་དུ་དགའ་བ་དང་ལྷག་པར་ཆགས་པར་གྱུར་པ་དེ་རྣམས་པར་གྱུར་ཅིང་གཞན་དུ་གྱུར་ན་མྱ་ངན་དང༌། སྒྲ་སྔགས་འདོན་པ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ཀྱིས་རེག་པར་འགྱུར་པ་དེ་དག་ནི་འཁྲུག་པ་རྣམས་ཞེས་བྱའོ། །འཐབ་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་འཐབ་པ་དང༌། ཞེ་སྡང་དང་གཏི་མུག་གི་འཐབ་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། ཆད་པས་གཅོད་པ་དང༌། མཚོན་ཆ་ལེན་པ་དང༌། དབྱུག་པ་ལེན་པ་དང༌། འཐབ་པ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང༌། འགྱེད་པ་འབྱུང་བ་དེ་དག་ནི་འཐབ་པ་རྣམས་ཞེས་བྱའོ། །རིམས་ནད་ནི་གསུམ་སྟེ། འདོད་ཆགས་ཀྱི་རིམས་ནད་དང༌། ཞེ་སྡང་དང་གཏི་མུག་གི་རིམས་ནད་དོ། །འདོད་ཆགས་དང་ཞེ་སྡང་


DTG134_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏི་མུག་དེ་དག་ལ་བརྟེན་ནས། ཆོས་མ་ཡིན་པ་ལ་འདོད་ཆགས་པ་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བ་དང༌། མི་མཐུན་པས་ཆགས་པ་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བ་དང༌། ཆོས་ལོག་པའི་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བ་དེ་དག་ནི་རིམས་ནད་རྣམས་ཞེས་བྱའོ། །ནགས་སྦྱོར་ནི་གསུམ་སྟེ། འདོད་ཆགས་ཀྱི་ནགས་སྦྱོར་དང༌། ཞེ་སྡང་དང་གཏི་མུག་གི་ནགས་སྦྱོར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། སྐྱེ་བའི་རྩ་བ་ཅན་འདུ་བྱེད་རྣམས་ལ་ཆགས་ཏེ། འགྲོ་བ་ལྔའི་འཁོར་བར་ལུས་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པ་དེ་དག་ནི་ནགས་སྦྱོར་རྣམས་ཞེས་བྱའོ། །གགས་ནི་གསུམ་སྟེ། འདོད་ཆགས་ཀྱི་གགས་དང༌། ཞེ་སྡང་དང་གཏི་མུག་གི་གགས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། ལུས་ལ་ལྟ་བ་དང་བཅས་པས་དགེ་བ་ལ་མི་སྦྱོར་བ་དང༌། ལོངས་སྤྱོད་ལ་ལྟ་བ་དང་བཅས་པ་དང༌། བློ་མ་བྱང་བ་དང༌། འདྲེ་ཞིང་གནས་པ་དང༌། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་དགེ་བ་ལ་མི་སྦྱོར་བ་དེ་དག་ནི་གགས་རྣམས་ཞེས་བྱའོ། །ལོག་པར་ཞུགས་པས་ཇི་ལྟ་བུ་ཞེ་ན། འདོད་ཆགས་ནི་ཡུལ་དང་ལྟ་བ་ལ་ལོག་པར་རྟོགས་པའོ། །འདོད་ཆགས་ཇི་ལྟ་བར་ཁོང་ཁྲོ་བ་ཡང་དེ་བཞིན་ནོ། །ང་རྒྱལ་ནི་སེམས་ཅན་རྣམས་དང་ལྟ་བ་ལ་ལོག་པར་རྟོགས་པའོ། །འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་ནི་ཤེས་བྱ་ལ་ལོག་པར་རྟོགས་པའོ། །ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལྟ་བ་ལ་ལོག་པར་རྟོགས་པའོ། །ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོགས་པའོ། །མ་རིག་པ་ནི་ཐམས་ཅད་ལ་ལོག་པར་རྟོགས་པའོ། །ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་ལ་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོགས་པའོ། །ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི་འགོག་པ་དང་ལམ་ལ་ཡང་དེ་ལ་སྐྲག་པ་སྐྱེད་པས་ལོག་པར་ཞུགས་པའོ། །ཁམས་ཀྱིས་ཇི་ལྟ་བུ་ཞེ་ན། ཁོང་ཁྲོ་བ་མ་གཏོགས་པར་ཁམས་གསུམ་པ་ཐམས་ཅད་དོ། །ཁོང་ཁྲོ་བ་ནི་འདོད་


DTG134_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའོ། །འདོད་ཆགས་ནི་འདོད་པའི་ཁམས་ན་བདེ་བ་དང་ཡིད་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །འདོད་པའི་ཁམས་ལ་ཇི་ལྟར་བར་བསམ་གཏན་དང་པོ་དང་གཉིས་པའང་དེ་བཞིན་ནོ། །གསུམ་པ་ན་ནི་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་དུ་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་ནོ། །ཁོང་ཁྲོ་བ་ནི་སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །བསམ་གཏན་དང་པོ་དང་གཉིས་པ་ལ་ནི་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གསུམ་པ་ལ་ནི་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་དུ་ནི་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ཇི་ལྟ་བ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་དེ་བཞིན་ནོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །ཐེ་ཚོམ་ནི་འདོད་པའི་ཁམས་ན་ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡིན་པས་གང་ན་ཚོར་བ་གང་ཡོད་པ་དེ་དང་དེར་མཚུངས་པར་ལྡན་པ་ཅན་ཞེས་བྱའོ། །མ་རིག་པ་མ་འདྲེས་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ན་ཡིད་མི་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་དུ་ནི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ། །འདོད་ཆགས་ནི་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚོགས་དྲུག་དང་


DTG134_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་ནོ། །འདོད་ཆགས་ཇི་ལྟ་བར་ཁོང་ཁྲོ་བ་དང་མ་རིག་པ་ཡང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་བཞིན་དང་མཚུངས་པར་ལྡན་ནོ། །གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཇི་ལྟ་བར་མ་རིག་པ་ཡང་དེ་བཞིན་ནོ། །ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་ནི་ཐམས་ཅད་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་ནོ། །འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་ནི་འདོད་པའི་ཁམས་ན་དངོས་པོའི་ཕྱོགས་གཅིག་ལ་འཇུག་གོ །འདོད་པའི་ཁམས་ན་ཇི་ལྟར་བར་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་ནོ། །ལྷག་མ་རྣམས་ནི་ཐམས་ཅད་དུ་ཡང་དངོས་པོ་མཐའ་དག་ལ་འཇུག་གོ །རིས་ཀྱིས་ཇི་ལྟ་བུ་ཞེ་ན། ཉོན་མོངས་པའི་རིས་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་འབྱུང་བ་དང༌། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་དགུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཇི་ལྟ་བར་ཀུན་འབྱུང་བ་དང༌། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ཏེ། དེ་དག་མདོར་བསྡུ་ན་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །འདོད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པའོ། །གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བ་མ་གཏོགས་པར་ལྔའོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ཏེ། དེ་དག་མདོར་བསྡུ་ན་བཅུ་དྲུག་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །སྤོང་བས་ཇི་ལྟར་བུ་ཞེ་ན། ཇི་ལྟར་སྤོང་བ་དང་ཡིད་ལ་བྱེད་པ་ཅི་འདྲ་བ་དང༌།


DTG134_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་གང་ལས་སྤོང་བའོ། །ཇི་ལྟར་སྤོང་ཞེ་ན། ཡོངས་སུ་ཤེས་པ་དང༌། ཡོངས་སུ་སྤོང་བ་དང༌། གཉེན་པོ་རྙེད་པས་སོ། །ཡོངས་སུ་ཤེས་པ་གང་ཞེ་ན། དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་དང༌། ངོ་བོ་ཉིད་ཡོངས་སུ་ཤེས་པ་དང༌། ཉེས་དམིགས་ཡོངས་སུ་ཤེས་པའོ། །ཡོངས་སུ་སྤོང་བ་གང་ཞེ་ན། འབྱུང་བར་གྱུར་པ་དང་དུ་མི་ལེན་པའོ། །གཉེན་པོ་རྙེད་པ་གང་ཞེ་ན། མ་སྐྱེས་པ་སྤང་བའི་ཕྱིར་ལམ་རྙེད་པ་གང་ཡིན་པའོ། །ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་ཞེ་ན། འདྲེས་པ་ལ་དམིགས་པས་སྤོང་སྟེ། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བའོ། །མི་རྟག་པའི་རྣམ་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་དག་ནི་བདག་མེད་པའི་རྣམ་པའི་ཡོངས་སུ་སྦྱོང་བར་བྱེད་པའོ། །གང་ཞིག་གང་ལས་སྤོང་ཞེ་ན། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་བའི་ཕྱིར་མ་ཡིན་ནོ། །དེ་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ལ་ཡོད་པ་དེ་ལས་སྤོང་ངོ༌། །གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་བྱུང་བ་གཉེན་པོའི་རྣམ་པ་དེ་འབྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ། སྣང་བ་དང་མུན་པ་འབྱུང་བ་དང་འགོག་པ་བཞིན་ནོ། །གནས་ངན་ལེན་གྱི་རྣམ་པ་དང༌། བྲལ་བས་མ་འོངས་པ་ན་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤོང་བའོ། །ལས་གང་ཞེ་ན། སེམས་པའི་ལས་དང་བསམས་པའི་ལས་ཏེ། ལས་ཀྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ལས་རྣམ་པ་ལྔ་སྟེ། དམིགས་པའི་ལས་དང༌། བྱེད་པའི་ལས་དང༌། རྩོལ་བའི་ལས་དང༌། བསྒྱུར་བའི་ལས་དང༌། འཐོབ་པའི་ལས་སོ། །སྐབས་འདིར་ཕལ་ཆེར་རྩོལ་བའི་ལས་སུ་འདོད་དོ། །སེམས་པའི་ལས་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །བསམས་པའི་ལས་གང་ཞེ་ན། ལུས་ཀྱི་ལས་དང༌། ངག་གི་ལས་དང་ཡིད་ཀྱི་ལས་སོ། །ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་དེ་ཡང་དགེ་བ་དང་མི་དགེ་བའོ། །


DTG134_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་ གཡེམ next hit་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། ཚིག་ཀྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དགེ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་ནས་ཚིག་ཀྱལ་བའི་བར་དུ་སྤོང་བ་དང༌། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང༌། ཡང་དག་པར་ལྟ་བའོ། །སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ནི་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། ཉོན་མོངས་པ་དང༌། ཟིན་པར་བྱས་པས་ཀྱང་རིག་པར་བྱའོ། །སེམས་པ་ལས་གྱུར་པའི་ལས་ཞེས་གང་འབྱུང་བ་ལ་སེམས་པ་ལས་གྱུར་བ་གང་ཞེ་ན། གཞན་གྱིས་བསྒོ་བ་སེམས་པ་ལས་གྱུར་པ་དང༌། གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་པ་དང༌། མི་ཤེས་པའི་སེམས་པ་ལས་གྱུར་པ་དང༌། རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་དང༌། ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་བའོ། །དེ་ལ་རྩ་བ་ལས་མངོན་པར་ཞེན་པའི་སེམས་པ་ལས་གྱུར་པ་དང༌། ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ནི་མྱོང་བར་མི་འགྱུར་བ་མ་ཡིན་ནོ། །ལས་ཀྱི་བྱེད་པ་ནི་ཀུན་ཏུ་སྤྱོད་པའོ། །བསགས་པ་ནི་བག་ཆགས་འཕེལ་བའོ། །མྱོང་བར་ངེས་པའི་ལས་ཞེས་གང་འབྱུང་བ་ལས་ངེས་པ་གང་ཞེ་ན། ལས་བྱེད་པར་ངེས་པ་དང༌། རྣམ་པར་སྨིན་པ་མྱོང་བར་ངེས་པ་དང་དུས་ངེས་པའོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་རྣམས་སུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སོ་སོ་དང་མཐུན་པར་མིའི་ལུས་དང༌། ཡོངས་སུ་གཟུངས་བ་མི་འབྱོར་བའོ། །བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་མི་འབྱོར་བའོ། །དེ་ཡང་མདོ་ལས་ཇི་སྐད་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ལྷ་དང་མི་རྣམས་ཀྱི་ནང་དུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པར་ལུས་དང་ཡོངས་སུ་གཟུང་བ་ཕུན་སུམ་ཚོགས་པའོ། །


DTG134_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པའི་ཕྱིའི་དངོས་པོ་ཕུན་སུམ་ཚོགས་པའོ། །དགེ་བ་དང་མི་དགེ་བའི་ལས་ཀྱིས་ནི་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་འཕེན་པ་དང་ཡོངས་སུ་རྫོགས་པར་བྱེད་པའི་ལས་སུ་རིག་པར་བྱའོ། །འཕེན་པ་ནི་གང་གིས་རྣམ་པར་སྨིན་པ་འཕེན་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་གང་གིས་སྐྱེས་པ་ན་འདོད་པ་དང་མི་འདོད་པ་མྱོང་བའོ། །ལས་གཅིག་གིས་ལུས་གཅིག་འཕེན་པར་བྱེད་པའི་ལས་ཀྱང་ཡོད། ལས་གཅིག་གིས་ལུས་དུ་མ་འཕེན་པར་བྱེད་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ། །ལས་མང་པོ་དང་པོ་དང་ལྡན་པའི་སེམས་ཅན་ཇི་ལྟར་རིམ་གྱིས་རྣམ་པར་སྨིན་པ་མྱོང་བར་འགྱུར་ཞེ་ན། དེ་ལ་གང་ཤིན་ཏུ་ལྕི་བར་གྱུར་པ་དེ་ཐོག་མར་རྣམ་པར་སྨིན་པར་འགྱུར་རོ། །ཡང་ན་འཆི་བའི་དུས་ན་གང་མངོན་དུ་གྱུར་པའོ། །ཡང་ན་གང་གོམས་པར་གྱུར་པའོ། །ཡང་ན་གང་ཐོག་མར་སྤྱད་པ་དེ་ཐོག་མ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་ཞེས་གང་འབྱུང་བ་ལ། བསོད་ནམས་གང་ཞེ་ན། གང་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའོ། །བསོད་ནམས་མ་ཡིན་པ་གང་ཞེ་ན། གང་མི་དགེ་བའོ། །མི་གཡོ་བའི་ལས་གང་ཞེ་ན། གང་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བའོ། །མ་རིག་པའི་རྐྱེན་གྱིས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་སོ་ཞེས་གང་གསུངས་པ་དེ་ལ། ཇི་ལྟར་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་མ་རིག་པའི་རྐྱེན་ལས་བྱུང་བ་ཡིན་ཞེ་ན། རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམས་པར་སྨིན་པ་ལ་རྨོངས་པ་དང༌། དེ་ཁོ་ནའི་དོན་ལ་རྨོངས་པའོ། །འབྲས་བུ་རྣམས་པར་སྨིན་པ་ལ་རྨོངས་པའི་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ༌། །དེ་ཁོ་ནའི་དོན་ལ་རྨོངས་པའི་ནི་བསོད་ནམས་དང་མི་གཡོ་བ་རྣམས་སོ། །སྲོག་གཅོད་པ་ལ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་གིས་སྦྱོར་ཏེ། ཞེས་སྡང་གིས་མཐར་ཕྱིན་པར་བྱེད་དོ། །སྲོག་གཅོད་པ་ལ་ཇི་ལྟར་བར་ངག་རྩུབ་པོ་དང་གནོད་སེམས་ལ་ཡང་དེ་བཞིན་ནོ། །མ་བྱིན་པར་ལེན་པ་ལ་ནི་


DTG134_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་སྦྱོར་ཏེ། ཆགས་པས་མཐར་ཕྱིན་པར་བྱེད་དོ། །མ་བྱིན་པར་ལེན་པ་ལ་ཇི་ལྟ་བར་འདོད་པ་ལ་ལོག་པར་previous hit གཡེམ ་དང༌། བརྣབ་སེམས་ལ་ཡང་དེ་བཞིན་ནོ། །བརྫུན་དུ་སྨྲ་བ་ལ་ནི་ཆགས་པ་དང་ཞེས་སྡང་དང་གཏི་མུག་གིས་སྦྱོར་ཏེ། གསུམ་པོ་དག་ལས་གང་ཡང་རུང་བས་མཐར་ཕྱིན་པར་བྱེད་དོ། །བརྫུན་དུ་སྨྲ་བ་ལ་ཇི་ལྟ་བར་ཕྲ་མ་དང་ཚིག་ཀྱལ་པ་ལ་ཡང་དེ་བཞིན་ནོ། །ལོག་པར་ལྟ་བ་ལ་ནི་ཆགས་པ་དང་ཞེ་སྡང་དང་གཏི་མུག་གིས་སྦྱོར་ཏེ། གཏི་མུག་གིས་མཐར་ཕྱིན་པར་བྱེད་དོ། །ལས་ཐུན་མོང་པ་ཞེས་ཀྱང་འབྱུང༌། ལས་ཐུན་མོང་མ་ཡིན་པ་ཞེས་ཀྱང་འབྱུང༌། སྟོབས་དང་ལྡན་པ་ཞེས་ཀྱང་འབྱུང༌། མཐུ་ཆུང་བ་ཞེས་ཀྱང་འབྱུང་བ་ལ། ཐུན་མོང་པ་གང་ཞེ་ན། གང་སྣོད་ཀྱི་འཇིག་རྟེན་རྣམས་པར་འབྱེད་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། གང་སེམས་ཅན་གྱི་འཇིག་རྟེན་རྣམ་པར་འབྱེད་པའོ། །ཡང་གང་གིས་སེམས་ཅན་རྣམས་ཀྱི་ཕན་ཚུན་གྱི་དབང་གིས་བྱུང་བ་ཞེས་བརྗོད་པ་སེམས་ཅན་རྣམས་ཀྱི་ཕན་ཚུན་གྱི་དབང་གིས་འབྱུང་བའི་ལས་ཀྱང་ཡོད་དེ། འདི་ལྟར་གང་སེམས་ཅན་གཞན་རྣམས་དང་ཕན་ཚུན་དུ་ལྟ་བ་ལ་སོགས་པས་ཉེ་བར་སྤྱོད་པར་མི་འགྱུར་བའི་སེམས་ཅན་དེ་ནི་མོང་པ་མ་ཡིན་ནོ། །སྟོབས་དང་ལྡན་པའི་ལས་གང་ཞེ་ན། གཉེན་པོའི་སྟོབས་ཅན་གྱི་གང་ཟག་གི་སེམས་པ་ལས་གྱུར་པའི་ལས་མི་དགེ་བ་གང་ཡིན་པ་དེ་ནི་གཉེན་པོའི་སྟོབས་བསྐྱེད་པས། གང་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའམ། གང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དེ་མྱོང་བར་མི་འགྱུར་བ་སྟེ། དེ་ལྟར་ན་གཉེན་པོ་ལས་བྱུང་བའི་ལས་དང་སེམས་པ་ལས་གྱུར་བའི་དགེ་བའི་ལས་ཐམས་ཅད་ཀྱང་སྟོབས་དང་ལྡན་པའོ། །འདི་ལས་དགོངས་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཉན་ཐོས་སེམས་ཤིན་ཏུ་བསྒོམས་པ་ཚད་མེད་པས་རྒྱ་ཆེ་བ་ལ། གང་ཚད་དུ་བྱས་པའི་ལས་ངེས་དེ་ཁྲིད་པར་མི་བྱེད་དོ། །དེ་ལ་དེ་དག་གནས་པར་མི་བྱའོ། །དེས་དེ་བགྲང་བར་མི་འགྱུར་རོ་ཞེས་གསུངས་སོ། །གཉེན་པོའི་མཐུ་ཆུང་བའི་གང་ཟག་གི་སེམས་པ་ལས་གྱུར་པའི་ལས་མི་དགེ་བ་གང་ཡིན་པ་དེ་དང༌། གང་ཡང་སེམས་པ་ལས་གྱུར་པའི་ལས་རྣམ་པར་སྨིན་


DTG134_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པ་དེ་མ་སྤངས་བ་དང༌། ཡོངས་སུ་མ་ཤེས་པ་དེ་ནི་སྟོབས་དང་ལྡན་པ་ཡིན་ཏེ། འདི་ནི་འདིར་དགོངས་པའོ། །ཡང་འདོད་པ་དང་རབ་ཏུ་ལྡན་པའི་མི་དགེ་བ་གང་ཡིན་པ་དང༌། གང་སྔོན་གོམས་པར་བྱས་པ་དང༌། གནས་ལ་གནས་པ་དང༌། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཀྱི་བསྒྲུབ་ཏུ་མེད་པ་གང་ཡིན་པ་ད་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ནོ། །ཞིང་དང་སེམས་ཀྱི་མངོན་པར་འདུ་བྱེད་པས་ཀྱང་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། ཞིང་དང༌། དངོས་པོ་དང༌། ངོ་བོ་ཉིད་དང༌། གཞི་བོ་དང༌། ཡིད་ལ་བྱེད་པ་དང༌། བསམ་པ་དང༌། གྲོགས་དང༌། ལན་མང་དུ་བྱེད་པ་དང༌། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་སྟེ། འདི་ལས་བཟློག་པ་ནི་སྟོབས་དང་མི་ལྡན་པའི་ལས་སོ། །བཅོམ་ལྡན་འདས་ཀྱིས་སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སོགས་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟ་ན་ཚངས་པར་སྤྱོད་པར་གནས་པར་མི་འགྱུར་ཞིང་ཡང་དག་པར་སྡུག་བསྔལ་ཟད་པ་དང༌། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་བ་དང༌། ཡང་སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱེད་ཅིང་སོགས་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟ་ན་ནི་ཚངས་པར་སྤྱོད་པས་གནས་པར་འགྱུར་ཞིང་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་པ་དང༌། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་སྣང་ངོ༌། ཞེས་ཟེར་ཞེས། བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ལ་དགོངས་པ་གང་ཞེ་ན། འདིར་ནི་བཅོམ་ལྡན་འདས་ཀྱིས་བདེ་བ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་བཀག་གོ །སྡུག་བསྔལ་དང་ལྡན་པའི་སྡུག་བསྔལ་དང་ལྡན་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡང་དེ་བཞིན་ནོ། །ཡང་བདེ་བ་དང་ལྡན་ཞིང་བདེ་བ་མྱོང་བ་བར་འགྱུར་བའི་རྣམས་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་མྱོང་བར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་


DTG134_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་དང༌། སྡུག་བསྔལ་དང་ལྡན་ལ་བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་མྱོང་བར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་དང་ལྡན་ལ་བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་ལ་མྱོང་བར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ་ཞེས་བྱ་བ་འདི་ནི་འདིར་དགོངས་པའོ། །ལས་ཀྱི་རབ་ཏུ་དབྱེ་བ་ནི། སྡོམ་པའི་ལས་དང༌། སྡོམ་པ་མ་ཡིན་པའི་ལས་དང༌། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ལས་སོ། །སྡོམ་པའི་ལས་གང་ཞེ་ན། སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང༌། བསམ་གཏན་གྱི་སྡོམ་པས་བསྡུས་པ་དང༌། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ། །སོ་སོར་ཐར་པའི་སྡོམ་བས་བསྡུས་པའི་ལས་གང་ཞེ་ན། རིས་བརྒྱད་དེ། དགེ་སློང་གི་སྡོམ་པ་དང༌། དགེ་སློང་མའི་སྡོམ་པ་དང༌། དགེ་སློང་མའི་སྡོམ་པ་དང༌། དགེ་ཚུལ་གྱི་སྡོམ་པ་དང༌། དགེ་ཚུལ་མའི་སྡོམ་པ་དང༌། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་བསྙེན་མའི་སྡོམ་པ་དང༌། བསྙེན་གནས་པའི་སྡོམ་པའོ། །རབ་ཏུ་བྱུང་བའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཉེས་པར་སྤྱོད་པ་ལས་བདེན་པར་སྤྱོད་པ་དང༌། འདོད་པ་ལས་བདེན་པར་སྤྱོད་པའོ། །དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཉེས་པར་སྤྱོད་པ་ལས་བདེན་པར་སྤྱོད་པ་ཡིན་གྱི་འདོད་པ་ལས་བདེན་པར་སྤྱོད་པ་ནི་མ་ཡིན་ནོ། །བསྙེན་གནས་པའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཉེས་པར་སྤྱོད་པ་ལས་བདེན་པར་སྤྱོད་པ་ཡང་མ་ཡིན། འདོད་པ་ལས་བདེན་པར་སྤྱོད་པ་ཡང་མ་ཡིན་པའོ། །དགེ་བསྙེན་བསླབ་པའི་གཞིའི་ཕྱོགས་གཅིག་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པ་ཞེས་བྱའམ། ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། ལྡན་པ་


DTG134_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་བྱ། ཚུལ་ཁྲིམས་འཆལ་པ་ཞེས་ཀྱང་བྱའོ། །ཟ་མ་དང་མ་ནིང་རྣམས་ལས་དགེ་བསྙེན་གྱི་སྡོམ་པ་བཀག་གམ། དགེ་བསྙེན་གྱི་སྡོམ་པ་མ་བཀག་ཅེ་ན། དགེ་བསྙེན་ཉིད་ནི་བཀག་སྟེ། དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །མ་ནིང་ནི་ལྔ་སྟེ། སྐྱེས་ནས་མ་ནིང་དུ་གྱུར་པ་དང༌། མ་ནིང་ཕྲག་དོག་ཅན་དང༌། མ་ནིང་ཟླ་ཕྱེད་པ་དང༌། རླུགས་པའི་མ་ནིང་དང༌། ཉམས་པའི་མ་ནིང་ངོ༌། །བསམ་གཏན་གྱི་སྡོམ་པ་གང་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་འཇོམས་པའི་དུས་ན་འདོད་པ་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པ་དང༌། བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བ་དང༌། བསམ་གཏན་གཉིས་པ་ལ་འདོད་ཆགས་དང་བྲལ་བ་དང༌། བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པའོ། །ཟག་པ་མེད་པའི་སྡོམ་པ་གང་ཞེ་ན། བདེན་པ་མཐོང་བའི་ཟག་པ་མེད་པའི་ཡིད་ལ་བྱེད་པས་སྤངས་པ་གང་ཡིན་པའོ། །སྡོམ་པ་མ་ཡིན་པ་གང་ཞེ་ན། སྡོམ་པ་མ་ཡིན་པ་ཤན་པ་དང༌། བྱ་གག་གསོད་པ་དང༌། ཕག་གིས་འཚོ་བ་དང། ཉ་པ་དང༌། རི་དགས་ཀྱི་རྔོན་པ་དང༌། བྱ་པ་དང༌། བོང་རྒྱས་འཚོར་བ་དང༌། ཚོམ་རྐུན་པ་དང༌། གཤེད་མ་དང༌། གླང་པོ་ཆེ་འཛིན་པ་དང༌། སྦྲུལ་གྱིས་འཚོ་བ་དང༌། བཙོན་སྲུང་དང༌། ཉན་རྣ་བྱེད་པ་དང༌། གནོད་པ་བྱེད་པ་པ་རྣམས་ཀྱི་གང་ཡིན་པའོ། །དེ་དག་གི་རིགས་ལས་སྐྱེས་པས་སམ། ཡང་དག་པར་བླངས་པ་སྟེ། དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པའོ། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ལས་དགེ་བའམ། མི་དགེ་བ་གང་ཡིན་པའོ། །བདེ་བ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། འདོད་པའི་ཁམས་དང༌། བསམ་གཏན་གསུམ་པོ་དག་གི་དགེ་བ་གང་ཡིན་པའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་མི་དགེ་བའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་གང་ཞེ་ན།


DTG134_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གསུམ་པ་ལས་གོང་མའི་དགེ་བའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་མཐོང་བའི་ཆོས་ལ་རྣམས་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། བྱམས་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་ཕན་འདོགས་པ་དང༌། གནོད་པར་བྱེད་པ་ལས་བྱུང་བ་དང༌། བྱམས་པའི་ཏིང་ངེ་འཛིན་ལ་ཇི་ལྟ་བར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། འགོག་པ་ལ་སྙོམས་པར་འཇུག་པ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་ལས་ལངས་པ་དང༌། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡང་དེ་བཞིན་ནོ། །ཡང་ན་གང་བསམ་པ་ཤིན་ཏུ་དྲག་པོས་སྦྱོར་བས་དགེ་བའམ་མི་དགེ་བ་སྤྱོད་པའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་ཚེ་ཕྱི་མའི་ཉིད་ལ་རྣམ་པར་སྨིན་པ་རྣམས་པར་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་རྣམས་སོ། །ཡང་ན་དགེ་བ་དང་མི་དགེ་བ་གཞན་ཡང་ཡིན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་དེ་ཕན་ཆད་དུ་རྣམ་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བའོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། གང་མི་དགེ་བའོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། ཁམས་གསུམ་པའི་དགེ་བའོ། །དཀར་གནག་ཏུ་གྱུར་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་འགྱུར་བ་གང་ཞེ་ན། འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་སྟེ། བསམ་པས་གནག་ལ་སྦྱོར་བས་དཀར་བའམ། སྦྱོར་བས་གནག་ལ་བསམ་པས་དཀར་བའོ། །མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ལས་ཟད་པར་འགྱུར་བའི་ལས་གང་ཞེ་ན། སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ལ་ཟག་པ་མེད་པའི་ལས་སོ། །སྦྱིན་པའི་ལས་གང་ཞེ་ན། དེའི་གཞི་དང༌། ཀུན་ནས་སློང་བ་དང༌། དངོས་པོ་དང༌། ངོ་བོ་ཉིད་ཀྱིས་ཀྱང་རིག་པར་བྱ་སྟེ། གཞི་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའོ། །ཀུན་ནས་སློང་བ་ནི་དེ་དག་དང་ལྡན་པའི་སེམས་པའོ། །དངོས་པོ་ནི་དངོས་པོའོ། །ངོ་བོ་ཉིད་ནི་གཏོང་བ་ན་ལུས་ཀྱི་ལས་དང་ངག་གི་ལས་སོ། །ཇི་ལྟར་ན་སྦྱིན་པ་ཕུན་སུམ་ཚོགས་པ་


DTG134_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེ་ན། ཕྱིར་ཞིང་སྦྱིན་པ་དང༌། ཕྱོགས་མི་འབྱེད་པར་སྦྱིན་པ་དང༌། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་རོ། །ཡང་མི་གནས་པར་སྦྱིན་པ་དང༌། རྒྱ་ཆེར་སྦྱིན་པ་དང༌། དགའ་བས་སྦྱིན་པ་དང༌། ཕྱིར་ཞིང་སྦྱིན་པ་དང༌། སྣོད་ལ་སྦྱིན་པ་དང༌། འཁོར་དང་གློ་བུར་དུ་འོངས་པ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ཇི་ལྟར་ན་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པར་རིག་པར་བ་ཞེ་ན། སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་མ་ཡིན་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཞིང་དྲི་མ་མེད་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་རུང་བ་དང༌། སྦྱིན་པར་བྱ་བའི་དངོས་པོ་ཆོས་ཀྱིས་བསྒྲུབས་པའི་ཕྱིར་རོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཡང་དག་པར་བླངས་པའི་ཚུལ་ཁྲིམས་རྗེས་སུ་སྲུང་བའི་ཕྱིར་རོ། །ཇི་ལྟར་ན་སོ་སོར་ཐར་པའི་སྡོམ་པས་བསྡོམས་པ་ཡིན་ཞེ་ན། ངེས་པར་འབྱིན་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། མ་སྨད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་ཡིན་ཞེ་ན། ཤིན་ཏུ་གུས་པར་སློབ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཡང་དག་པར་བླངས་པ་ལ་སློབ་ཅེ་ན། བསླབ་པའི་གཞིའི་གནས་རྣམས་ལ་བསླབ་པ་ཡོངས་སུ་རྫོགས་པར་སློབ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གིས་བསྡམས་པ་ཡིན་ཞེ་ན། ཤེས་བཞིན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་ཕུན་སུམ་ཚོགས་པས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། ལྟུང་བ་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡོངས་སུ་དག་པ་ཡིན་ཞེ་ན། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་བར་ལ་གནས་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་དགེ་བ་ཡིན་ཞེ་ན། ཉོན་མོངས་པ་ཅན་གྱི་རྟོག་པ་དང་མ་འདྲེས་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ཞེ་ན། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་རྣམ་པར་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་


DTG134_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གནོད་པ་མེད་པ་ཡིན་ཞེ་ན། གཞན་ལ་བརྙས་ཐབས་མི་བྱེད་ཅིང་འགྲོགས་ན་བདེ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་རྗེས་སུ་མཐུན་པ་ཡིན་ཞེ་ན། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་རྗེས་སུ་འབྱོར་བ་ཡིན་ཞེ་ན། དགེ་བ་མི་སྤྱོམས་པ་དང་སྡིག་པ་མི་འཆབ་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཐབས་དང་ལྡན་པ་ཡིན་ཞེ་ན། ཚངས་པ་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འཚམ་པ་ཡིན་ཞེ་ན། བླ་མ་རྣམས་དང་བླ་མ་དང་འདྲ་བ་རྣམས་ལ་ང་རྒྱལ་བཅག་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་མཐུན་པ་ཡིན་ཞེ་ན། གདམས་ངག་ལ་མཐུན་པར་འཛིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གདུང་བ་མེད་པ་ཡིན་ཞེ་ན། དཀའ་ཐུབ་དྲག་པོ་དང་ངན་དོན་ལ་མོས་པ་རྣམ་པར་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ཡིན་ཞེ་ན། ལོངས་སྤྱོད་དང༌། ལས་ཀྱི་མཐའ་སྤངས་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡིད་ལ་གཅགས་པ་མེད་པ་ཡིན་ཞེ་ན། ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས་ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་འདི་དག་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལས་ཀྱི་སྐྱེ་གནས་པ་ལ་བརྟེན་པར་བྱ་བ་དག་སྟེ། ལས་ནི་སེམས་ཅན་མཐོན་པོ་དང་དམའ་བ་དང་ངན་པ་དང་གྱ་ནོམ་པ་རྣམ་པར་འབྱེད་པའོ་ཞེས་གང་གསུངས་པ་ལ། ལས་བདག་གིར་བྱ་བ་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་དེ་ལ་དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ། །ཇི་ལྟར་ན་ལས་ཀྱི་སྐྱེ་གནས་པ་ཡིན་ཞེ་ན། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་རྣམ་པར་སྤངས་པའི་ལས་ཀྱི་སྐྱེ་གནས་ལས་སེམས་ཅན་བྱུང་བའི་ཕྱིར་རོ། །ཇི་ལྟར་ན་ལས་བརྟེན་པར་བྱ་བ་ཡིན་ཞེ་ན། ལས་ཀྱིས་བཅིངས་པ་ལས་


DTG134_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པར་བྱེད་པའི་གཉེན་པོའི་ལས་བརྟེན་པ་ཡིན་པའི་ཕྱིར་རོ། །སེམས་ཅན་མཐོན་པོ་དང་དམའ་བ་གང་ཞེ་ན། བདེ་འགྲོ་དང་ངན་འགྲོར་ལུས་ཐོབ་པའོ། །ངན་པ་དང་གྱ་ནོན་པ་གང་ཞེ་ན། །དེ་དག་ཉིད་སྐྱོན་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པོ་ཞེས་གང་གསུངས་པ་དེ་ལ། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་ཁྱབ་པ་ནི་ཇི་ལྟ་བུ། བསམ་གྱིས་མི་ཁྱབ་པ་ནི་ཇི་ལྟ་བུ་ཞེ་ན། ལས་དགེ་བའི་རྣམ་པར་སྨིན་པ་ལྷ་དང་མི་རྣམས་ཀྱི་ནང་དུ་འདོད་པ་ནི་བསམ་གྱིས་ཁྱབ་པའོ། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་མི་འདོད་པ་ཞེས་བྱ་བ་ནི་བསམ་གྱིས་ཁྱབ་པའོ། །ལས་འདིས་ནི་སེམས་ཅན་རྣམས་ཀྱི་ལུས་སྣ་ཚོགས་སུ་འགྱུར་ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པོ། །ལས་དགེ་བ་དང་མི་དགེ་བ་དེ་ཉིད་གནས་དང་དངོས་པོ་དང་རྒྱུ་དང་རྣམ་པར་སྨིན་པ་དང་རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་པའོ། །ཕྱིའི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པོ། །ནོར་བུ་དང་སྔགས་དང་སྨན་དང་མཁྱུད་དཔྱད་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་པོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་ལས་བསམ་གྱིས་མི་ཁྱབ་པོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་གི་ལས་བསམ་གྱིས་མི་ཁྱབ་སྟེ། འདི་ལྟ་སྟེ། ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། ལས་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། མོས་པ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཆོས་ལ་དབང་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་ཕྲིན་ལས་བསམ་གྱིས་མི་ཁྱབ་པོ། །དེ་དག་མདོར་བསྡུ་ན་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་རྣམ་པར་བཞིར་རིག་པར་བྱ་སྟེ། རྒྱུའི་མཚན་ཉིད་དང༌། ཀུན་འབྱུང་བའི་མཚན་ཉིད་དང༌། རབ་ཏུ་སྐྱེ་བའི་མཚན་ཉིད་དང༌། རྐྱེན་གྱི་མཚན་ཉིད་དོ། །རྒྱུའི་མཚན་ཉིད་གང་ཞེ་ན། ཡང་སྲིད་པའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་


DTG134_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་རིག་པར་བྱའོ། །ཀུན་འབྱུང་བའི་མཚན་ཉིད་གང་ཞེ་ན། སེམས་ཅན་བག་ཆགས་བསགས་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེར་ཀུན་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་བའི་མཚན་ཉིད་དུ་རིག་པར་བྱའོ། །རབ་ཏུ་སྐྱེ་བའི་མཚན་ཉིད་གང་ཞེ་ན། སོ་སོ་རང་དང་རྣམས་དང་མཆོག་ཏུ་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ཉིད་དུ་བལྟའོ། །རྐྱེན་གྱི་མཚན་ཉིད་གང་ཞེ་ན། གཞན་དང་གཞན་འཐོབ་པ་དང༌། འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་དུ་རིག་པར་བྱའོ།། །།བམ་པོ་བཞི་པ། འགོག་པའི་བདེན་པ་གང་ཞེ་ན། མཚན་ཉིད་དང༌། ཟབ་པ་དང༌། བརྡ་དང༌། དོན་དམ་པ་དང༌། ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དང༌། རྒྱན་མེད་པ་དང༌། རྒྱན་དང་བཅས་པ་དང༌། ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པ་དང༌། ཁྱད་པར་དུ་འཕགས་པ་དང༌། རྣམ་གྲངས་ཀྱིས་ཀྱང་འགོག་པའི་བདེན་པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང༌། ལམ་དང་ཉོན་མོངས་པ་མི་འབྱུང་བ་སྟེ། གང་དུ་འགོག་པ་དང༌། གང་གིས་འགོག་པ་དང༌། གང་འགོག་པའོ། །བཅོམ་ལྡན་འདས་ཀྱིས་སྐད་དུ། གང་དུ་མིག་དང་རྣ་བ་དག །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པར་ནི་འགོག་འགྱུར་བ། །ཞེས་གསུངས་པ་ལྟ་བུའོ། །ཡང་གསུངས་པ། གང་དུ་མིག་འགག་པ་དང༌། ཁ་དོག་གི་འདུ་ཤེས་མེད་པར་འགྱུར་བ་དང༌། ཆོས་ཀྱི་བར་དུ་འགག་པ་དང༌། ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་བ་དེ་ནི་གནས་སུ་རིག་པར་བྱའོ་ཞེའོ། །རྣམ་གྲངས་འདིས་ན་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགག་པ་དེ་འགོག་པའི་མཚན་ཉིད་དོ། །ཟབ་པས་ཇི་ལྟ་བུ་ཞེ་ན། འདུ་བྱེད་དེ་དག་གི་འཇིག་པ་ལས་འགོག་པ་དེ་གཞན་ཞེས་ཀྱང་མི་བྱ། གཞན་མ་ཡིན་པ་ཞེས་ཀྱང་མི་བྱ། གཞན་ཡང་ཡིན་ལ་གཞན་མ་ཡིན་པ་ཡང་ཡིན་ཞེས་ཀྱང་མི་བྱ། གཞན་པའང་མ་ཡིན་ལ་གཞན་མ་ཡིན་པའང་མ་ཡིན་ཞེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲོས་པ་མེད་པའི་ཕྱིར་རོ། །སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པ་སེམས་པ་ཡིན་ཏེ།


DTG134_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་རེག་པའི་སྐྱེ་མཆེད་དྲུག་པོ་དག་ཟད་པ་དང༌། རྣམ་པར་ཞིག་པ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དང༌། ནུབ་པ་ལས་གཞན་ཡོད་དོ་ཞེ་ན། སྤྲོས་པ་མེད་པ་སྤྲོས་པར་བྱེད་དོ། །གཞན་མེད་དོ་ཞེའམ། ཡོད་ཀྱང་ཡོང་ལ་མེད་ཀྱང་མེད་དོ་ཞེའམ། གཞན་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེ་ན། ཡང་སྤྲོས་པ་མེད་པ་སྤྲོས་པར་བྱེད་དོ། །ཇི་སྲིད་དུ་སྐྱེ་མཆེད་དྲུག་ཡོད་པ་དེ་སྲིད་དུ་སྤྲོས་པའོ། །སྐྱེ་མཆེད་དྲུག་འགགས་པས་སྤྲོས་པ་མེད་པ་སྟེ། མྱ་ངན་ལས་འདས་པར་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ། །བརྡས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་རྣམ་གྲངས་སུ་དེའི་ཡན་ལག་གིས་མྱ་ངན་ལས་འདས་པར་གསུངས་སོ། །དོན་དམ་པས་ཇི་ལྟ་བུ་ཞེ་ན། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཀུན་ཏུ་བཅོམ་པས་འགོག་པ་གང་ཡིན་པའོ། །ཡོངས་སུ་མ་རྫོགས་པས་ཇི་ལྟ་བུ་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུར་བསྡུས་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུར་བསྡུས་པའམ། ཕྱིར་མི་འོང་བའི་འབྲས་བུར་བསྡུས་པའང་རུང་སྟེ། སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཡོངས་སུ་རྫོགས་པས་ཇི་ལྟ་བུ་ཞེ་ན། དགྲ་བཅོམ་པའི་འབྲས་བུར་བསྡུས་པ་མི་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་མེད་པས་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་དང་བཅས་པས་ཇི་ལྟ་བུ་ཞེ་ན། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རིག་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ལྷག་མ་དང་བཅས་པས་ཇི་ལྟ་བུ་ཞེ་ན། ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ་གང་ཡིན་པའོ། །ལྷག་མ་མེད་པས་ཇི་ལྟ་བུ་ཞེ་ན། ཕུང་པོའི་ལྷག་མ་མེད་པའི་འགོག་པ་གང་ཡིན་པའོ། །ཁྱད་པར་དུ་འཕགས་པས་ཇི་ལྟ་བུ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པར་བསྡུས་པའི་འགོག་པ་གང་ཡིན་པ་སྟེ། སེམས་ཅན་ཐམས་ཅད་


DTG134_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ཕྱིར་རོ། །རྣམ་གྲངས་ཀྱིས་ཇི་ལྟ་བུ་ཞེ་ན། མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང༌། བྱང་བར་གྱུར་པ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། རྣམ་པར་ཞི་བ་དང༌། ནུབ་པའོ། །ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་མ་ལུས་པར་སྤངས་པ་ཞེས་བྱ་ཞེ་ན། ཚིག་ལྷག་མ་རྣམས་ཀྱི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་སྤངས་པ་ཞེས་བྱ་ཞེ་ན། ཀུན་ནས་དཀྲིས་པ་བོར་བའི་ཕྱིར་རོ། །ཅིའི་ཕྱིར་བྱང་བར་གྱུར་པ་ཞེས་བྱ་ཞེ་ན། བག་ལ་ཉལ་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ཟད་པ་ཞེས་བྱ་ཞེ་ན། གཉེན་པོ་མཐོང་བའི་ལམ་གྱིས་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་འདོད་ཆགས་དང་བྲལ་བ་ཞེས་བྱ་ཞེ་ན། གཉེན་པོ་བསྒོམ་པའི་ལམ་གྱིས་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་འགོག་པ་ཞེས་བྱ་ཞེ་ན། ཕི་མ་ལ་དེའི་འབྲས་བུ་སྡུག་བསྔལ་མི་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་ཞི་བ་ཞེས་བྱ་ཞེ་ན། མཐོང་བའི་ཆོས་ལ་དེའི་འབྲས་བུ་སྡུག་བསྔལ་རྒྱུ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ནུབ་པ་ཞེས་བྱ་ཞེ་ན། ཕུང་པོའི་ལྷག་མ་རྣམ་འཇིག་པའི་ཕྱིར་རོ། །ཅིའི་ཕྱིར་འདུས་མ་བྱས་ཞེས་བྱ་ཞེ་ན། མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་བལྟ་དཀའ་བ་ཞེས་བྱ་ཞེ་ན། ཤ་དང་ལྷའི་མིག་གི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཅིའི་ཕྱིར་གཡོ་བ་མེད་པ་ཞེས་བྱ་ཞེ་ན། འགྲོ་བར་འཕོ་བ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མི་འདུད་པ་ཞེས་བྱ་ཞེ་ན། སྲེད་པ་གསུམ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་འཆི་བ་མེད་པ་ཞེས་བྱ་ཞེ་ན། ཕུང་པོའི་བདུད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཟག་པ་མེད་པ་ཞེས་བྱ་ཞེ་ན། ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་གནས་ཞེས་བྱ་ཞེ་ན། ཁ་ན་མ་ཐོ་བ་མེད་པའི་དགའ་བའི་གཞི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གླིང་ཞེས་བྱ་ཞེ་ན། ཁམས་གསུམ་ལས་ཡོངས་སུ་ཆད་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱོབ་པ་ཞེས་བྱ་ཞེ་ན། གནོད་པ་ཐམས་ཅད་བཟློག་པའི་ཕྱིར་རོ། །ཅིའི་ཕྱིར་མགོན་ཞེས་བྱ་ཞེ་ན། དེར་བསམ་པ་དང་སྦྱོར་བ་བྱས་པ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དཔུང་གཉེན་ཞེས་བྱ་ཞེ་ན། འཕགས་པའི་མཆོག་ཉིད་དུ་


DTG134_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འཆི་འཕོ་མེད་པ་ཞེས་བྱ་ཞེ་ན། སྐྱེ་བ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་རིམས་ནད་མེད་པ་ཞེས་བྱ་ཞེ་ན། འདོད་པས་ཕོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་གདུང་བ་མེད་པ་ཞེས་བྱ་ཞེ་ན། མྱ་ངན་དང་སྨྲེ་བསྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་བདེ་བ་ཞེས་བྱ་ཞེ་ན། འཇིག་པ་མེད་པར་གནས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞི་བ་ཞེས་བྱ་ཞེ་ན། ཕན་པའི་དངོས་པོའི་ཕྱིར་རོ། །ཅིའི་ཕྱིར་བདེ་གཞི་ཞེས་བྱ་ཞེ་ན། དོན་དམ་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དགེ་བར་གྱུར་པ་ཞེས་བྱ་ཞེ་ན། སྦྱོར་བ་བདེ་བ་འཐོབ་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ནད་མེད་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མི་གཡོ་བ་ཞེས་བྱ་ཞེ་ན། གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། མཚན་མ་མེད་ཅིང་ཞིང་ལ་བདེ་བར་གནས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མ་སྐྱེས་པ་ཞེས་བྱ་ཞེ་ན། ཉིད་མཚམས་སྦྱོར་བ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མ་བྱུང་བ་ཞེས་བྱ་ཞེ་ན། དེའི་འོག་ཏུ་འབྱུང་བ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མ་བྱས་པ་ཞེས་བྱ་ཞེ་ན། སྔོན་གྱི་མཐའི་ལས་དང་ཉོན་མོངས་པའི་འཕེན་པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་འདུས་མ་བྱས་ཞེས་བྱ་ཞེ་ན། ད་ལྟར་ཉོན་མོངས་པ་འདུ་མི་བྱེད་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་མེད་པ་ཞེས་བྱ་ཞེ་ན། མ་འོངས་པའི་རྒྱུད་འབྱུང་བ་དང་བྲལ་བའི་ཕྱིར་རོ། །ཡང་འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད་དང༌། ཞི་བའི་མཚན་ཉིད་དང༌། གྱ་ནོམ་པའི་མཚན་ཉིད་དང༌། ངེས་པར་འབྱུང་བའི་མཚན་ཉིད་དོ། །ཅིའི་ཕྱིར་འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཞི་བའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་གྱ་ནོམ་པའི་མཚན་ཉིད་ཅེས་བྱ་ཞེ་ན། གཙང་བ་དང་བདེ་བའི་


DTG134_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱུང་བའི་མཚན་ཉིད་ཅེས་བྱ་ཞེ་ན། རྟག་པ་དང་ཕན་པའི་གཞི་ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་གང་ཞེ་ན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་བ་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་བསྒོམ་པ་སྟེ། འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ཚོགས་ཀྱི་ལམ་གང་ཞེ་ན། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་བསྡམས་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །ཡང་གང་རྒྱུར་གྱུར་པའི་དགེ་བ་གཞན་དང༌། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་སྟེ། དེ་བསྒོམས་པས་མངོན་པར་རྟོགས་པ་དང༌། རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་སྣོད་ཉིད་དུ་འགྱུར་རོ། །སྦྱོར་བའི་ལམ་གང་ཞེ་ན། ཚོགས་ཀྱི་གང་ཡིན་པ་སྦྱོར་བའི་ཡང་དེ་ཡིན་ནོ། །སྦྱོར་བ་ཡིན་ལ་ཚོགས་མ་ཡིན་པ་ཡང་ཡོད་དེ། ཚོགས་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ། དེ་ནི་དྲོ་བར་འགྱུར་བ་དང༌། རྩེ་མོ་དང༌། བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །དྲོ་བར་གྱུར་པ་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །རྩེ་མོ་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་གང་ཞེ་ན། སོ་སོ་རང་གི་བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་རིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གང་ཞེ་ན། སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །མཐོང་


DTG134_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་གང་ཞེ་ན། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པས་མཉམ་པར་ཤེས་པར་བྱེད་པ་ཡང་དེ་ཡིན་ཏེ། སོ་སོ་རང་ལ་སེམས་ཅན་གྱི་བརྡ་དང༌། ཆོས་ཀྱི་བརྡ་བསལ་བ་དང༌། ཐམས་ཅད་དུ་གཉི་གའི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཡང་དེ་ཡིན་ནོ། །ཡང་མཐོང་བའི་ལམ་ལ་རབ་ཏུ་དབྱེ་ན། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བླ་རྗེས་སུ་རྟོགས་པའི་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །སྡུག་བསྔལ་གང་ཞེ་ན། སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་ལ་ཆོས་གང་ཞེ་ན། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་ཆོས་བསྟན་པ་རྣམས་སོ། །ཆོས་ཤེས་པ་གང་ཞེ་ན། སྦྱོར་བའི་ལམ་ལ་སྡུག་བསྔལ་གྱི་དབང་དུ་བྱས་པ་ལས་བྱུང་བའི་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་པའོ། །བཟོད་པ་གང་ཞེ་ན། སྔར་རྣམ་པར་དཔྱད་པའི་དབང་དུ་བྱས་ནས། སོ་སོ་རང་ལ་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་སྟེ། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །སྡུག་བསྔལ་ལ་རྗེས་སུ་


DTG134_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་ཤེས་པའི་བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་བོ། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཤེས་པ་གང་གིས་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང༌། ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང༌། ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མ། །སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་པའོ། །ཆོས་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་བའོ། །ཡོངས་སུ་ཤེས་པ་དང་སྤངས་པ་ལས་ཀྱང་ལམ་རྣམ་པར་དག་པའི་ཕྱིར་རོ། །ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་རྒལ་བ། ཐེ་ཚོམ་ལས་རྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲི་བ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་པས་ཞེས་གང་གསུངས་པ་དེ་ཡང་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་རྣམས་ཀྱི་ཆོས་མཐོང་ངོ༌། །ཆོས་ཤེས་པ་རྣམས་ཀྱིས་ཆོས་ཐོབ་བོ། །རྗེས་སུ་རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་གོ །རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྟོགས་སོ། །ཐམས་ཅད་ཀྱིས་རང་གིས་ཐོབ་པ་ལ་སོམ་ཉི་ལས་རྒལ་ཏོ། །གཞན་གྱིས་ཐོབ་པ་ལས་ཐེ་ཚོམ་ལས་རྒལ་ཏོ། །ལམ་སྒོམ་པ་ལ་གཞན་གྱི་དྲིང་ལ་མི་འཇོག་གོ །མུ་སྟེགས་ཅན་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་སྟོན་པའི་བསྟན་པ་ལས་གཞན་གྱིས་མི་


DTG134_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲིའོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་ཡོངས་སུ་དྲི་བའི་ཆོས་དང༌། ལུང་དུ་བསྟན་པའི་ཆོས་ནི་འདིར་ཆོས་སུ་འདོད་དེ། སེམས་ཞུམ་པ་མེད་པའི་ཕྱིར་དེ་ལ་མི་འཇིགས་པ་ཐོབ་བོ། །བསྒོམ་པའི་ལམ་གང་ཞེ་ན། མཐོང་བའི་ལམ་ལས་གོང་དུ་གྱུར་པ་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། ལམ་ཆུང་ངུ་དང༌། ལམ་འབྲིང་དང༌། ལམ་ཆེན་པོ་དང༌། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །འཇིག་རྟེན་པའི་ལམ་གང་ཞེ་ན། འཇིག་རྟེན་པའི་བསམ་གཏན་དང་པོ་དང་གཉིས་པ་དང༌། གསུམ་པ་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། བསམ་གཏན་དང༌། གཟུགས་མེད་པ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་གཞག་པ་དང༌། རྣམ་པར་དག་པས་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ། སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པའོ། །སྲེད་པས་ནི་རོ་མྱོང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །ལྟ་བས་ནི་ལྟ་བ་ཤས་ཆེས་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །ང་རྒྱལ་གྱིས་ནི་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །མ་རིག་པས་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་དག་ལ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་ངོ༌། །རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། དག་པ་པའི་བསམ་གཏན་དང༌། གཟུགས་མེད་པ་རྣམས་ཀྱང་དགེ་བའི་ཕྱིར་རྣམ་པར་བྱང་བ་ཞེས་བྱའོ། །རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཡན་ལག་རྣམ་པར་གཞག་པ་དང༌། སྙོམས་པར་འཇུག་པ་རྣམ་པར་གཞག་པ་དང༌། ཚད་རྣམ་པར་གཞག་པ་དང༌། མིང་དུ་གདགས་པ་རྣམས་པར་གཞག་པས་སོ། །ཡན་ལག་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། ཡན་ལག་ལྔ་


DTG134_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ཡན་ལག་བཞི་ནི་ནང་རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། ཡལ་ལག་ལྔ་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། ཡན་ལག་བཞི་ནི་བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །གཉེན་པོའི་ཡན་ལག་དང༌། ཕན་ཡོན་གྱི་ཡན་ལག་དང་དེ་གཉི་གའི་གནས་ཀྱི་རང་བཞིན་གྱི་ཡན་ལག་གི་ཕྱིར་རོ། །གཟུགས་མེད་པ་རྣམས་ན་ནི་ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡན་ལག་རྣམ་པར་གཞག་པ་མེད་དོ། །སྙོམས་པར་འཇུག་པ་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་ནོ། །ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐའ་དང༌། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །ཚད་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ལ་ཆུང་ངུར་ཡོངས་སུ་བསྒོམས་པ་དང༌། འབྲིང་དང་ཆེན་པོར་ཡོངས་སུ་བསྒོམས་པའོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་དང༌། གཟུགས་མེད་པ་རྣམས་ཀྱང་དེ་བཞིན་ནོ། །བསམ་གཏན་དང་པོ་ལ་ཆུང་ངུ་དང༌། འབྲིང་དང་ཆེར་ཡོངས་སུ་བསྒོམས་པའི་འབྲས་བུ་ནི་བསམ་གཏན་དང་པོའི་སྐྱེ་བ་གསུམ་མོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་ཀྱི་ཡང་དེ་བཞིན་ཏེ། བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་གསུམ་མོ། །གཟུགས་མེད་པ་ན་ནི་གནས་གཞན་མེད་པའི་ཕྱིར་སྐྱེ་བ་ཐ་དད་པ་ཡང་མེད་དོ། །དེ་ན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡོངས་སུ་བསྒོམས་པས་


DTG134_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པ་རྣམས་སུ་སྐྱེ་བ་མཐོན་པོ་དང༌། དམའ་བ་དང༌། ངན་པ་དང༌། བཟང་པོར་མངོན་ནོ། །མིང་དུ་གདགས་པ་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་མི་ཤེས་སོ། །བསམ་གཏན་དང་པོས་བསྡུས་པ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་དང༌། གཟུགས་མེད་པས་བསྡུས་པ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་སོ། །རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། རབ་ཀྱི་མཐའི་ཆ་ལས་བྱུང་བ་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་རྣམ་པར་དག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གང་ཞེ་ན། བསྒོམ་པའི་ལམ་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང། འགོག་པ་དང༌། ལམ་ཤེས་པ་རྣམས་ཏེ། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པའི་ཕྱོགས་དང༌། དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང༌། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་པ་ཉིད་དེ། དེའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཇི་ཙམ་དུ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་དེ་ཙམ་དུ་ཀུན་ཤེས་པར་རྟོགས་སོ་ཞེས་གསུངས་པ་ལྟ་བུའོ། །འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། མི་རྣམས་ཀྱི་ནང་དུ་མངོན་པར་བསྒྲུབ་བོ། །མི་རྣམས་ཀྱི་ནང་དུ་མངོན་པར་གྲུབ་ནས། མི་རྣམས་ཀྱི་ནང་དུའམ། གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །གཟུགས་མེད་པའི་ཁམས་རྣམས་སུ་ནི་འདི་མངོན་དུ་འགྱུར་བ་མེད་དེ། ཞི་བའི་རྣམ་པར་ཐར་པའི་རྣམ་པར་སྨིན་པས་གནས་པ་རྣམས་ནི་དེ་ལ་འབད་པའི་རྩོམ་པ་མེད་པའི་ཕྱིར་རོ། །ལམ་ཆུང་ངུ་གང་ཞེ་ན། ཆུང་ངུའི་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆེན་པོ་སྟེ། གང་གིས་ས་དང་ས་ན་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་


DTG134_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆུང་ངུ་སྤོང་བའོ། །ལམ་འབྲིང་པོ་གང་ཞེ་ན། འབྲིང་པོའི་ཆུང་ངུ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆེན་པོ་སྟེ། གང་གིས་ས་དང་ས་ན་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་ཆེན་པོ་དང། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆུང་དུ་སྤོང་པའོ། །ལམ་ཆེན་པོ་གང་ཞེ་ན། ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆེན་པོ་སྟེ། གང་གིས་ས་དང་ས་ན་ཁམས་སུ་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆུང་ངུ་སྤོང་བའོ། །སྦྱོར་བའི་ལམ་གང་ཞེ་ན། གང་གིས་ཉོན་མོངས་པ་སྤོང་བའོ། །བར་ཆད་མེད་པའི་ལམ་གང་ཞེ་ན། གང་གི་འོག་ཏུ་བར་ཆད་མེད་པར་ཉོན་མོངས་པ་སྤོང་བར་འགྱུར་བའོ། །རྣམ་པར་གྲོལ་བའི་ལམ་གང་ཞེ་ན། གང་གིས་ཉོན་མོངས་པ་སྤོངས་ནས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །ཁྱད་པར་གྱི་ལམ་གང་ཞེ་ན། ཉོན་མོངས་པའི་རྣམ་པ་དེ་ལས་གཞན་པ་ལ་སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་ནི་ཁྱད་པར་གྱི་ལམ་མོ། །ཡང་ཉོན་མོངས་པ་སྤོང་བའི་སྦྱོར་བ་བསལ་ནས། ཆོས་སེམས་པའམ། ཞུགས་པའི་ཆོས་ལ་གནས་པའམ། སྙོམས་པར་འཇུག་པའི་ཁྱད་པར་གྱི་ལམ་གང་ཡིན་པའོ། །ཡང་ཡོན་ཏན་ཁྱད་པར་ཅན་རྣམས་མངོན་པར་བསྒྲུབ་པའམ། གནས་པའི་ལམ་གང་ཡིན་པའོ། །ལམ་བསྒོམ་པ་གང་ཞེ་ན། ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་དང༌། བསྟེན་པའི་བསྒོམ་པ་དང༌། བསལ་བའི་ཕྱིར་བསྒོམ་པ་དང༌། གཉེན་པོ་བསྒོམ་པའོ། །ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་གང་ཞེ་ན། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བསྒོམ་པའོ། །བསྟེན་པའི་བསྒོམ་པ་གང་ཞེ་ན། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། མི་ཉམས་པ་དང༌། ཕྱིར་ཞིང་འབྱུང་བ་དང༌། འཕེལ་བ་དང༌། ཡངས་པར་བྱ་བའི་ཕྱིར་གང་བསྒོམ་པའོ། །བསལ་བའི་ཕྱིར་བསྒོམ་པ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་གང་བསྒོམ་པའོ། །གཉེན་པོ་བསྒོམ་པ་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་གང་


DTG134_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའོ། །ཡང་ལམ་སྐྱེ་བ་ན་རང་གི་བག་ཆགས་འཇོག་པ་དེ་ནི་ཐོབ་པར་བྱ་བའི་ཕྱིར་བསྒོམ་པའོ། །དེ་ཉིད་མངོན་དུ་གྱུར་ནས་བསྒོམ་པར་འགྱུར་བ་དེ་ནི་བསྟེན་པའི་བསྒོམ་པའོ། །རང་གི་སྒྲིབ་པ་སྤོང་བ་དེ་ནི་བསལ་བའི་ཕྱིར་བསྒོམ་པའོ། །སྒྲིབ་པ་སྤངས་ནས་ཀྱང་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་དེ་ནི་གཉེན་པོ་བསྒོམ་པའོ། །ཡང་གཉེན་པོ་རྣམ་པ་བཞི་སྟེ། རྣམ་པར་སུན་འབྱིན་པ་གཉེན་པོ་དང༌། སྤོང་བ་གཉེན་པོ་དང༌། རྟེན་གཉེན་པོ་དང༌། ཐག་བསྲིང་བ་གཉེན་པོ་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ། །རྣམ་པར་སུན་འབྱིན་པ་གཉེན་པོ་གང་ཞེ་ན། ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་བལྟ་བའོ། །སྤོང་བ་གཉེན་པོ་གང་ཞེ་ན། སྦྱོར་བ་དང་བར་ཆད་མེད་པའི་ལམ་མོ། །རྟེན་གཉེན་པོ་གང་ཞེ་ན། རྣམ་པར་གྲོལ་བའི་ལམ་མོ། །ཐག་བསྲིང་བ་གཉེན་པོ་གང་ཞེ་ན། དེའི་གོང་མའི་ལམ་མོ། །ཡང་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དང༌། རྩོལ་བ་ལས་བྱུང་བའི་ལམ་དང༌། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་དང༌། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང༌། མངོན་པར་རྟོགས་པ་དང༌། འབྲེལ་བའི་ལམ་དང༌། མངོན་པར་རྟོགས་པའི་ལམ་དང༌། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་དང༌། གནས་དང་དབང་པོས་ཐ་དད་པའི་ལམ་དང༌། བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ་དང༌། ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ་དང༌། ལམ་སྡུད་པའི་ལམ་ནི་ལམ་ཞེས་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ལམ་བཞི་དང༌། ཆོས་ཀྱི་གནས་བཞི་དང༌། ཞི་གནས་དང༌། ལྷག་མཐོང་དང༌། དབང་པོ་གསུམ་དང༌། གོ་རིམས་བཞིན་ནོ། །དྲན་པ་གཉེ་བར་གཞག་པ་རྣམས་ནི། དམིགས་པ་དང༌། ངོ་བོ་ཉིད་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཇི་ལྟ་བར་བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ལའང་དེ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་སོ། །ཡང་བདག་གི་གནས་ཀྱི་དངོས་པོ་དང༌། བདག་གི་ལོངས་སྤྱོད་ཀྱི་གཞི་དང༌། བདག་གི་དངོས་པོ་དང༌། བདག་


DTG134_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོའོ། །ངོ་བོ་ཉིད་གང་ཞེ་ན། ཤེས་རབ་དང་དྲན་པའོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། ནང་གི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་བའོ། །ནང་ལ་ཇི་ལྟ་བར་ཕྱི་དང༌། ནང་དང་ཕྱི་ལ་ཡང་དེ་བཞིན་ནོ། །ནང་གི་ལུས་གང་ཞེ་ན། ལུས་གང་ལ་ནང་གི་སྐྱེ་མཆེད་གཟུགས་ཅན་དག་གང་ཡིན་པའོ། །ཕྱིའི་ལུས་གང་ཞེ་ན། ཕྱིའི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །ནང་དང་ཕྱིའི་ལུས་གང་ཞེ་ན། ནང་གི་སྐྱེ་མཆེད་དང༌། འབྲེལ་བའི་ཕྱིའི་སྐྱེ་མཆེད་དབང་པོའི་གནས་རྣམས་དང༌། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་གང་ཞེ་ན། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་དང༌། རང་བཞིན་གྱི་གཟུགས་ཀྱི་ལུས་ལ་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་པའོ། །ནང་གི་ཚོར་བ་གང་ཞེ་ན། ནང་གི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །ཕྱིའི་ཚོར་བ་གང་ཞེ་ན། ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །ནང་དང་ཕྱིའི་ཚོར་བ་གང་ཞེ་ན། ནང་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །ཚོར་བ་ལ་ཇི་ལྟ་བར་སེམས་དང་ཆོས་ལ་ཡང་དེ་བཞིན་ནོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཇི་ལྟ་བར་ཚོར་བ་ལ་སོགས་པ་ལ་ཚོར་བ་ལ་སོགས་པའི་རྗེས་སུ་ལྟ་བ་ཡང་དེ་བཞིན་ཏེ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །ཡང་བསྒོམ་པ་ནི་འདུན་པ་དང༌། བརྩོན་འགྲུས་དང༌། རྩོལ་བ་དང། སྤྲོ་བ་དང༌། མ་ཐན་པ་དང༌། ཕྱིར་ནུར་བ་མེད་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པའོ། །ཡིད་ལ་མི་བྱེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་འདུན་པ་བསྒོམ་མོ། །ལེ་ལོ་ཉེ་བའི་ཉོན་མོངས་པའི་གཉེན་པོར་བརྩོན་འགྲུས་རྩོམ་མོ། །བྱིང་བ་དང་རྒོད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་རྩོལ་བ་བསྒོམ་མོ། །སེམས་ཞུམ་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་སྤྲོ་བ་བསྒོམ་མོ། །གནོད་པས་ཡོངས་སུ་སྐྱོ་བ་ཉེ་བའི་ཉོན་མོངས་པའི་གཉེན་པོར་མ་ཐན་པ་བསྒོམ་མོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་


DTG134_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནུར་པ་མེད་པ་བསྒོམ་མོ། །གདམས་ངག་བརྗེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་དྲན་པ་བསྒོམ་མོ། །ལྟུང་བས་ཡིད་ལ་གཅགས་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཤེས་བཞིན་བསྒོམ་མོ། །བརྩོན་པ་འདོར་བ་ཉེ་བའི་ཉོན་མོངས་པའི་གཉེན་པོར་བག་ཡོད་པ་བསྒོམ་མོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། ཕྱིན་ཅི་ལོག་སྤོང་བ་དང༌། བདེན་པ་ལ་འཇུག་པ་དང༌། ལུས་ལ་སོགས་པ་དང་བྲལ་བའོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་སྐྱེས་པ་དང༌། མ་སྐྱེས་པའོ། །ངོ་བོ་ཉིད་གང་ཞེ་ན། བརྩོན་འགྲུས་སོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། གང་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ་ཞེས་བྱ་བ་སྟེ། འདི་ནི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པའོ། །གནས་ནི་འདུན་པའོ། །འབད་པ་ནི་བརྩོན་འགྲུས་སོ། །ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་ལ་བརྩོན་འགྲུས་རྩོམ་མོ། །བྱིང་བ་དང། རྒོད་པ་སེལ་བ་ཡང་བརྩོན་འགྲུས་ཉིད་དེ། འདི་ལྟར་དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་པ་སྨོས་སོ། །འབྲས་བུ་གང་ཞེ་ན། མི་མཐུན་པའི་ཕྱོགས་མ་ལུས་པར་ཉམས་པ་དང༌། གཉེན་པོ་ཐོབ་པ་དང་འཕེལ་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བའོ། །ངོ་བོ་ཉིད་གང་ཞེ་ན། ཏིང་ངེ་འཛིན་ཏོ། །གྲོགས་གང་ཞེ་ན། འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །འདུན་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གང་ཞེ་ན། གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་གང་


DTG134_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། གང་སྔོན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གཞན་གྱིས་བསྟན་ནས་ཆོས་རབ་ཏུ་རྣམས་པར་འབྱེད་པ་ལ་བརྟེན་ནས། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །ཡང་འདུན་པའི་ཏིང་ངེ་འཛིན་ནི་གང་འདུན་པ་བསྐྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང་འབད་ཅིང་བརྩོན་འགྲུས་རྩོམ་པ་ན། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་གང་སེམས་རབ་ཏུ་འཇོག་པ་ན། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་ནི་གང་སེམས་རབ་ཏུ་འཛིན་པ་ན། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བསྒོམ་པ་གང་ཞེ་ན། སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པ་སྟེ། སྤོང་བའི་འདུ་བྱེད་བརྒྱད་ནི། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །འདི་དག་བརྒྱད་ཡིན་དུ་ཟིན་ཀྱང་བཞིར་འགྱུར་ཏེ། འབད་པ་དང༌། ཕན་འདོགས་པ་དང༌། ཉེ་བར་འདོགས་པ་དང༌། གཉེན་པོའོ། །ཡང་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་རྣམས་ཀྱི་སྡུད་པ་དང༌། གཡེང་བ་གཞི་དང་བཅས་པར་ཡོངས་སུ་སྤངས་པ་དང༌། ཞུམ་པ་མེད་པ་དང༌། གཡེང་བ་མེད་པ་དང༌། དེ་གཉི་གའི་གནས་དང་མཐུན་པ་བསྒོམ་མོ། །འབྲས་བུ་གང་ཞེ་ན། དེ་ལྟར་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་སྤྱང་བ་བྱས་ན། ཆོས་མངོན་པར་ཤེས་པར་བྱ་བ་གང་དང་གང་མངོན་དུ་བྱ་བར་འདོད་པ་དེ་དང་དེ་ལ་སེམས་མངོན་པར་གཏོད་པ་དེ་རང་རང་གི་གནས་ཀྱི་ཆོས་རྣམས་ལ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་འགྱུར་རོ། །དབང་པོ་རྣམས་ཀྱི་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་རྣམས་སོ། །ངོ་བོ་ཉིད་གང་ཞེ་ན། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་པོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། དད་པའི་དབང་


DTG134_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །མངོན་པར་ཡིད་ཆེས་པ་སྐྱེས་པ་ནི་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་བརྩོན་འགྲུས་བསྒོམ་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་བདེན་པ་རྣམས་ལ་ཉེ་བར་གནས་པའི་དྲན་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་དྲན་པ་ཉེ་བ་གནས་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་མཉམ་པར་གཞག་པའི་ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །འབྲས་བུ་གང་ཞེ་ན། བདེན་པ་མྱུར་དུ་མངོན་པར་རྟོགས་པར་བྱེད་པ་དང༌། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་ཀྱི་མཆོག་རྣམས་བསྒྲུབ་པའོ། །དབང་པོ་རྣམས་ལ་ཇི་ལྟ་བར་སྟོབས་རྣམས་ལ་ཡང་དེ་བཞིན་ནོ། །འདི་ནི་བྱེ་བྲག་ཡིན་ཏེ། མི་མཐུན་པའི་ཕྱོགས་ངེས་པར་བསྲབས་པས། མི་བརྫི་བའི་ཕྱིར་སྟོབས་རྣམས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། དྲན་པ་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་སོ། །དྲན་པ་ནི་གནས་ཀྱི་ཡན་ལག་གོ །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་གོ །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་གོ །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། གང་གིས་ཀྱང་ཀུན་ནས་ཉིན་མོངས་པར་མི་འགྱུར་བ་དང༌། གང་དུ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། ཀུན་ནས་ཉིན་མོངས་པ་གང་ཡང་མེད་པའོ། །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། དྲན་པ་ཡང་དག་བྱུང་ཆུབ་ཀྱི་ཡན་ལག །དབེན་པ་ལ་གནས་པ། འདོད་ཆགས་དང་


DTG134_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བར་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུ་ཡང་དེ་བཞིན་ནོ། །འདིས་ནི་བདེན་པ་ལ་དམིགས་པ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་བསྟན་ཏོ། །འབྲས་བུ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། དེའི་འོག་ཏུ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་གོ །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་གོ །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ལྟ་བ་དང༌། ཚུལ་ཁྲིམས་དང༌། འཚོ་བ་རྣམ་པར་དག་པའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་ནི་ཉིན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉིན་མོངས་པའི་སྒྲིབ་པ་རྣམ་པར་སྤྱོད་པའི་ཡན་ལག་གོ །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །གྲོགས་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བཞིན་ནོ། །འབྲས་བུ་གང་ཞེ་ན། ཡོངས་སུ་གཅོད་པ་དང༌། གཞན་གོ་བར་བྱེད་པ་དང། གཞན་ཡིད་ཆེས་པར་བྱེད་པ་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པའོ། །ལམ་བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་ལ་དཀའ་བ་དང༌། མངོན་


DTG134_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་མྱུར་ལ་དཀའ་བ་དང༌། མངོན་པར་ཤེས་པ་བུལ་ལ་སླ་བ་དང༌། མངོན་པར་ཤེས་པ་མྱུར་ལ་སླ་བ་སྟེ། དང་པོ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའིའོ། །གཉིས་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའིའོ། །གསུམ་པ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །བཞི་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །ཆོས་ཀྱི་གནས་བཞི་གང་ཞེ་ན། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་པར་སྦྱོང་བའོ། །ཡང་དག་པའི་དྲན་པ་ནི་ལྷག་པའི་སེམས་སོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་པའི་ཤེས་རབ་བོ། །ཞི་གནས་གང་ཞེ་ན། འདི་ལྟ་སྟེ། ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་པར་ཞི་བར་བྱེད་པ་དང༌། རྩེ་གཅིག་ཏུ་བྱེད་པ་དང༌། མཉམ་པར་འཇོག་པའོ། །ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྣམ་པར་རྟོག་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། གནས་ངན་ལེན་དང༌། མཚན་མའི་གཉེན་པོ་ཉིད་དང༌། ཕྱིན་ཅི་ལོག་ལས་འབྱིན་པ་དང༌། ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པའི་ཕྱིར་རོ། །ཡང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ། ལ་ལ་ནི་ཞི་གནས་ཐོབ་པ་ཡིན་གྱི། ལྷག་མཐོང་ནི་མ་ཐོབ་པ་སྟེ། དེ་ཞི་གནས་ལ་བརྟེན་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་པ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་ཀྱང་ཐོབ་པ་མ་ཡིན་ལ་ལྷག་མཐོང་ཡང་ཐོབ་པ་མ་ཡིན་ཏེ། དེ་ཆོས་ལ་རྒོད་པ་མངོན་པར་ཚར་བཅད་པའི་སེམས་ཀྱིས་


DTG134_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་དང་ལྷག་མཐོང་ཡན་ཐོབ་པ་ཡིན་ཏེ། དེ་ཞི་གནས་དང་ལྷག་མཐོང་ཡང་འདྲེས་པར་གྱུར་ནས་མཉམ་པར་ཟུང་དུ་འཇུག་གོ །དབང་པོ་ནི་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གང་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་བརྟེན་ནས་སློབ་པའི་ལམ་ཐམས་ཅད་ལ་གང་དབང་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། མི་སློབ་པའི་ལམ་ལ་གང་དབང་བྱེད་པའོ། །བསམ་གཏན་དང་པོའི་ས་པའི་ལམ་བསྒོམ་པ་ན་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །བསམ་གཏན་དང་པོའི་ས་པ་ན་འདོད་པ་ན་སྤྱོད་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་ས་གོང་མ་བའི་ལམ་ཐམས་ཅད་བསྒོམ་པ་ན། ས་འོག་མ་བའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །མཐར་ཕྱིན་པའི་ལམ་གང་ཞེ་ན། གནས་ངན་ལེན་ཐམས་ཅད་རྒྱུན་གཅོད་པ་དང༌། འཕྲད་པའི་འཐོབ་པ་རྣམས་ཀྱི་རྒྱུན་ཆད་པ་དང༌། བྲལ་བའི་འཐོབ་པ་རྣམས་ཐོབ་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་ཏེ། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །མི་སློབ་པའི་ཆོས་བཅུ་ཡང་ཡིན་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང༌། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཤེས་པའོ། །གནས་ངན་ལེན་ཐམས་ཅད་གང་ཞེ་ན། མངོན་པར་བརྗོད་པའི་གནས་ངན་ལེན་ཀུན་ཏུ་འགྲོ་བ་དང༌། ཚོར་བའི་གནས་ངན་ལེན་དང༌། ཉིན་མོངས་པའི་གནས་ངན་ལེན་དང༌། ལས་ཀྱི་གནས་ངན་ལེན་དང༌། རྣམ་པར་སྨིན་པའི་གནས་ངན་


DTG134_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དང༌། ཉོན་མོངས་པའི་སྒྲིབ་པའི་གནས་ལེན་དང༌། ལས་ཀྱི་སྒྲིབ་པའི་གནས་ལེན་དང༌། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ལེན་དང༌། གྲིབ་པའི་གནས་ལེན་དང༌། རྟོག་པའི་གནས་ལེན་དང༌། ཟས་ཀྱི་གནས་ངན་ལེན་དང༌། འཁྲིག་པའི་གནས་ལེན་དང༌། རྨི་ལམ་གྱི་གནས་ངན་ལེན་དང༌། ནད་ཀྱི་གནས་ངན་ལེན་དང༌། རྒ་བའི་གནས་ངན་ལེན་དང༌། འཆི་བའི་གནས་ངན་ལེན་དང༌། ཡོངས་སུ་ངལ་བའི་གནས་ངན་ལེན་དང༌། གནས་ངན་ལེན་བརྟན་པ་དང༌། གནས་ངན་ལེན་ཆེན་པོ་དང༌། གནས་ངན་ལེན་འབྲིང་པོ་དང༌། གནས་ངན་ལེན་ཆུང་ངུ་དང༌། ཉིན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང༌། སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་དང༌། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ཏོ། །འཕྲད་པའི་འཐོབ་པ་རྣམས་གང་ཞེ་ན། གནས་ངན་ལེན་བསགས་པ་ལ་འཐོབ་པས་ཞེས་གདགས་སོ། །འབྲས་བའི་འཐོབ་པ་རྣམས་གང་ཞེ་ན། གནས་ངན་ལེན་ཟད་པ་ལ་བྲལ་བའི་འཐོབ་པ་ཞེས་གདགས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །སྦྱོར་བའི་ལམ་གྱིས་བསྡུས་པ་ནི་གང་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང༌། སྒྲིབ་པ་ཐམས་ཅད་ནི་ཤིགས་པའོ། །བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ནི་གང་གི་འོག་ཏུ་ཟད་པར་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་འབྱུང་བ་སྟེ། ཏིང་ངེ་འཛིན་དེ་ཡང་བར་མེད་པ་བརྟན་པ། སྲ་བ། རོ་གཅིག་པ། ཁྱབ་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དཔེར་ན། བྲག་ཆེན་པོ་མ་གྲུབ་པ། སེར་ཀ་མེད་པ། ཁོང་སྟོང་མ་ཡིན་པ། གཅིག་འདུས་པ། ཤིན་ཏུ་མཁྲེགས་པ་དེ་ནི་ཤར་ཕྱོགས་ཀྱི་རླུང་གིས་ཀྱང་མི་སྒུལ་ཅིང་མི་གཡོས་སོ། །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །གནས་མ་ལུས་པར་གྱུར་པ་གང་ཞེ་ན། གང་མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་དང༌། ལམ་གྱི་གནས་གྱུར་པ་དང་གནས་ངན་ལེན་


DTG134_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་གྱུར་པའོ། །ཟད་པ་ཤེས་པ་གང་ཞེ་ན། རྒྱུ་ཟད་ནས་ཤེས་པ་གང་ཡིན་པའམ། ཟད་པ་ལ་དམིགས་པའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། འབྲས་བུ་སྤངས་ནས་ཤེས་པ་གང་ཡིན་པའམ། འབྲས་བུ་མི་སྐྱེ་བ་ལ་དམིགས་པའོ། །མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་དབང་དུ་བྱས་པར་ཤེས་པར་བྱའོ། །ཡང་ལམ་གྱི་བདེན་པའི་རྣམ་པ་ནི་མཚན་ཉིད་བཞིར་རིག་པར་བྱ་སྟེ། ལམ་གྱི་མཚན་ཉིད་དང༌། རིགས་པའི་མཚན་ཉིད་དང༌། སྒྲུབ་པའི་མཚན་ཉིད་དང་ངེས་པར་འབྱིན་པའི་མཚན་ཉིད་དོ། །ཅིའི་ཕྱིར་ལམ་གྱི་མཚན་ཉིད་ཅེས་བྱ་ཞེ་ན། དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་ཕྱིར་རོ། །ཅིའི་ཕྱིར་རིགས་པའི་མཚན་ཉིད་ཅེས་བྱ་ཞེ་ན། ཉོན་མོངས་པའི་གཉེན་པོའི་ཕྱིར་རོ། །ཅིའི་ཕྱིར་སྒྲུབ་པའི་མཚན་ཉིད་ཅེས་བྱ་ཞེ་ན། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱིན་པའི་མཚན་ཉིད་ཅེས་བྱ་ཞེ་ན། རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །བདེན་པ་རྣམས་ལ་རྣམ་པར་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པ་དག་བྱེད་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། ལེགས་པར་ཞུགས་པ་དང༌། སྒྲིབ་པ་དང༌། བཅས་པ་དང༌། སྒྲིབ་པ་མེད་པ་དང། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ །འདི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པ་ལ་འཇུག་པ་ན་མི་རྟག་པའི་དོན་མཐོང་གི་མི་རྟག་པ་ཉིད་ཅེས་བྱ་བར་མཐོང་བ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་དོན་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ལྷག་མ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་རིག་པར་བྱའོ། །བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་གཉིས་པའོ།། །།ཆོས་རྣམ་པར་ངེས་པ་གང་ཞེ་ན། ཆོས་ཞེས་བྱ་བ་ནི་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་


DTG134_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པའི་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་དབབ་པར་བསྟན་པའི་སྡེའོ། །མདོའི་སྡེ་གང་ཞེ་ན། གང་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པ་སྟེ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་གཞག་པར་སླ་བ་དང༌། བཤད་སླ་བ་དང༌། གཟུང་སླ་བ་དང༌། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། འབྲེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། མདོའི་སྡེ་དེ་ཉིད་དུ་དབུས་དང་མཐའ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་དྲང་བའི་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་གང་ཞེ་ན། །གང་ལས་ཉན་ཐོས་འདས་ཏེ་ཤི་བའི་འདུས་བྱས་པ་དང་འབྱུང་བ་ལུང་སྟོན་པའོ། །ཡང་ངེས་བའི་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་གང་ཞེ་ན། ཚིགས་སུ་སྦྱར་ནས་གསུངས་པ་སྟེ། དེ་ནི་རྩ་བ་གཉིས་པ་དང༌། རྩ་བ་གསུམ་པ་དང༌། རྩ་བ་བཞི་པ་དང༌། རྩ་བ་ལྔ་པ་དང༌། རྩ་བ་དྲུག་པའོ། །ཆེད་དུ་བརྗོད་པའི་སྡེ་གང་ཞེ་ན། གང་ཡིན་རངས་ནས་བརྗོད་པའོ། །གླེང་གཞིའི་སྡེ་གང་ཞེ་ན། གང་གི་ཆེད་དུ་གསུངས་པ་དང༌། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་གསུངས་པའོ། །རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དཔེ་དང་བཅས་པར་གསུངས་པའོ། །དེ་ལྟ་བུ་


DTG134_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་སྡེ་གང་ཞེ་ན། གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་ཀྱི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་འཐག་པ་དང་མཚུངས་བྲལ་ཡང་དེ་བཞིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང༌། རྒྱས་པ་དང༌། རྒྱ་ཆེ་བ་དང༌། ཟབ་བའི་རྣམ་པར་ཆོས་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ཞེས་བྱ་ཞེ་ན། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ་ཞེས་བྱ་ཞེ་ན། མཚུངས་པ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་གང་ཞེ་ན། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའོ། །མདོའི་སྡེ་ལ་སོགས་པ་འདི་དག་ནི་སྡེ་སྣོད་གསུམ་དུ་འགྱུར་ཏེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། ད་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པའི་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་རྣམ་པར་གཞག་ཅེ་ན། ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །རང་གི་ལྟ་བ་མཆོག་ཏུ་འཛིན་པ་


DTG134_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཡང་བསླབ་པ་གསུམ་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་གོ །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པ་ཅིའི་ཕྱིར་གཞག་གོ །ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར། ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཆོས་འདི་དག་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལོ། །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་དམིགས་པ་དང་བཅས་པ་དང༌། རྣམ་པ་དང་བཅས་པ་དང༌། གནས་དང་བཅས་པ་དང༌། མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་ནང་ནས་དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པའོ། །རྣམ་པ་གང་ཞེ་ན། ཕུང་པོ་ལ་སོགས་པ་དང་ལྡན་པའི་དོན་རྣམས་སོ། །གནས་གང་ཞེ་ན། གཞན་ལས་རྣམ་པར་རིག་པ་དང༌། དྲན་པ་དང༌། བག་ཆགས་སོ། །མཚུངས་པར་ལྡན་པ་གང་ཞེ་ན། གཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་རྣམ་པས་དམིགས་པ་ཡང་དག་པར་རྟོགས་པའོ། །ཆོས་ལ་དམིགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། ཁྱབ་པའི་དམིགས་པ་དང༌། སྤྱོད་པ་རྣམས་པར་སྦྱོང་བའི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །ཁྱབ་པའི་དམིགས་པ་གང་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་


DTG134_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་པ་ཡོངས་སུ་གྲུབ་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང་ཞེ་ན། མོས་པ་ཡིད་ལ་བྱེད་པས་གང་ཞེ་གནས་དང་ལྷག་མཐོང་གི་དམིགས་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཞེ་ན། དེ་ཁོ་ན་ཡིད་ལ་བྱེད་པས་གང་ཞེ་གནས་དང༌། ལྷག་མཐོང་གི་དམིགས་པའོ། །དངོས་པོའི་མཐའ་གང་ཞེ་ན། གང་ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པའོ། །ཇི་སྙེད་ཡོད་པ་ནི། ཕུང་པོ་དང༌། ཁམས་དང། སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི། འཕགས་པའི་བདེན་པ་བཞི་དང༌། རྣམ་པ་བཅུ་དྲུག་དང༌། དེ་བཞིན་ཉིད་དང༌། འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བ་དང༌། སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའོ། །དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། གནས་གྱུར་པའོ། །རྣམ་པ་བཅུ་དྲུག་གི་ནང་ནས་སྟོང་པ་ཉིད་ཀྱི་རྣམ་པ་དུ་ཞེ་ན། གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན། དྲུག་གོ །མཚན་མ་མེད་པའི་རྣམ་པ་དུ་ཞེ་ན། བརྒྱད་དོ། །སྤྱོད་པ་རྣམས་པར་སྦྱོང་བའི་དམིགས་པ་གང་ཞེ་ན། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་ནི་མི་སྡུག་པའོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་ནི་བྱམས་པའོ། །གཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནི་རྐྱེན་འདི་ལས་བྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ང་རྒྱལ་ལ་སྤྱོད་པ་རྣམས་ཀྱི་ནི་ཁམས་རབ་ཏུ་དབྱེ་བའོ། །རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ཀྱི་ནི་དབུགས་འབྱུང་བ་དང༌། རྔུབ་བ་རྗེས་སུ་དྲན་པའོ། །མཁས་པའི་དམིགས་པ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟར་བལྟ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལས་བལྟའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་


DTG134_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་བྱེ་བྲག་ཅི་ཡོད་ཅེ་ན། ཆོས་རྣམས་ལས་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །རྒྱུ་དང་མཐུན་པར་འབྲས་བུ་འབྱུང་བ་ཡོངས་སུ་གཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། ས་འོག་མ་རྣམས་ཀྱི་ནི་རགས་པ་ཉིད་དོ། །ས་གོང་མ་རྣམས་ཀྱི་ནི་ཞི་བ་ཉིད་དོ། །དེ་བཞིན་ཉིད་དང༌། འཕགས་པའི་བདེན་པ་བཞིའོ། །ཆོས་ལ་བརྩོན་པ་ཆོས་ལ་རྣམ་པར་དཔྱོད་པ་ན་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། བཞིས་དཔྱོད་དེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། གཏན་ཚིགས་བསྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ། །ལྟོས་པའི་རིགས་པ་གང་ཞེ་ན། གང་འདུ་བྱེད་རྣམས་འབྱུང་བ་ན་རྐྱེན་ལ་ལྟོས་པའོ། །བྱ་བ་བྱེད་པའི་རིགས་པ་གང་ཞེ་ན། གང་རང་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་སོ་སོ་རང་གི་བྱ་བ་བྱེད་པའོ། །གཏན་ཚིགས་བསྒྲུབ་པའི་རིགས་པ་གང་ཞེ་ན། གང་བསྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་སྟོན་པའོ། །ཆོས་ཉིད་ཀྱི་རིགས་པ་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་རང་དང་སྤྱིའི་མཚན་ཉིད་གནས་པའི་ཆོས་རྣམས་ལ་ཆོས་ཉིད་དུ་གྲགས་པའོ། །ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི་ཀུན་ཏུ་ཚོལ་བ་གང་ཞེ་ན། ཀུན་ཏུ་ཚོལ་བ་བཞི་སྟེ། མིང་ཀུན་ཏུ་ཚོལ་བ་དང༌། དངོས་པོ་ཀུན་ཏུ་ཚོལ་བ་དང༌། ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་དང༌། བྱེ་བྲག་ཏུ་འདོགས་པ་ཀུན་ཏུ་ཚོལ་བའོ། །མིང་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོག་པའོ། །དངོས་པོ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོག་པའོ། །ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་


DTG134_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། གང་བརྗོད་པ་དང༌། བརྗོད་པར་བྱ་བ་འབྲེལ་པ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་བརྗོད་པ་དང་བརྗོད་པར་བྱ་བ་འབྲེལ་པ་ལ་ཁྱད་པར་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །ཆོས་ཀུན་ཏུ་ཚོལ་བ་ལ་བརྩོན་པའི་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་སྟེ། མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དངོས་པོ་ཚོལ་བར་རྟོགས་པ་དང༌། ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོགས་པ་དང༌། ཁྱད་པར་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། མིང་མི་དམིགས་པར་ཤེས་པའོ། །དངོས་པོ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། དེ་བཞིན་དུ་དངོས་པོའི་མཚན་ཉིད་མི་དམིགས་པར་ཤེས་པའོ། །ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། ངོ་བོ་ཉིད་རྫས་སུ་མི་དམིགས་པར་ཤེས་པའོ། །ཁྱད་པར་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། བྱེ་བྲག་རྫས་སུ་མི་དམིགས་པར་ཤེས་པའོ། །ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་རྣལ་འབྱོར་གྱིས་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་སྟེ། གཞི་དང་སྐྱེད་པ་དང༌། མེ་ལོང་ལྟ་བུ་དང༌། སྣང་བ་དང༌། གནས་སོ། གཞི་གང་ཞེ་ན། ཚོགས་བསགས་པའི་བདེན་པ་ལས་བརྩམས་ཏེ་མང་དུ་ཐོས་པ་ཉིད་དོ། །སྐྱེད་པ་གང་ཞེ་ན། དེ་ལ་དམིགས་པ་ཚུལ་བཞིན་ཡིད་ལ་བྱེད་པའོ། །མེ་ལོང་ལྟ་བུ་གང་ཞེ་ན། དེ་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པའོ། །སྣང་བ་གང་ཞེ་ན། གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས།


DTG134_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་གཟུངས། །དེ་ལྟར་རང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རེག་པར་བྱ། །ཞེས་ལེགས་པར་གསུངས་སོ། །ལེགས་པར་བཀའ་སྩལ་ཏོ། །གནས་གང་ཞེ་ན། གནས་གྱུར་པའོ། །ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་མཁས་པ་ཡིན་ཞེ་ན། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་དོན་ལ་མཁས་པ་ཡིན་ཞེ་ན། ཆོས་མངོན་པ་དང་འདུལ་བ་མངོན་པའི་མཚན་ཉིད་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ཡི་གེ་ལ་མཁས་པ་ཡིན་ཞེ་ན། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ངེས་པའི་ཚིག་ལ་མཁས་པ་ཡིན་ཞེ་ན། བདག་གོ་བདག་གོ་ཞེས་ཡུལ་མིའི་ངེས་པའི་ཚིག་ལ་མངོན་པར་མ་ཞེན་པར་རྗེས་སུ་ཐ་སྙད་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐར་འབྲེལ་པ་ལ་མཁས་པ་ཡིན་ཞེ་ན། སྔོན་གྱི་མཐར་གཟུང་བས་དང༌། ཕྱི་མའི་མཐར་ངེས་པར་འབྱུང་བར་བྱ་བ་ཤེས་པ་ཉིད་ཀྱི་ཕྱིར། །ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་གནས་པ་ཉིད་ཡིན་ཞེ་ན། བསྒོམ་པ་ལ་མ་བརྟེན་པར་ཐོས་པ་དང༌། སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཟོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་ལ་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉི་ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན། ཆོས་ལ་གནས་པ་ཡིན་ནོ། །འཛིན་པ་དང༌། ཁ་ཏོན་བྱེད་པ་དང༌། བཤད་པས་ཐོས་པ་ལས་བྱུང་བར་བལྟའོ། །ཏིང་ངེ་འཛིན་ལ་སྦྱོར་བ་དང༌། ཆོག་པར་མི་འཛིན་པས་བསྒོམས་པ་ལས་བྱུང་བར་བལྟའོ། །སྦྱོར་བ་ནི་རྒྱུན་དུ་ཆུད་པ་དང༌། གུས་པར་སྦྱོར་བ་དང༌། མ་ལོག་པར་སྦྱོར་བར་བལྟའོ། །ཆོག་པར་མི་འཛིན་པ་ནི་རོ་མི་མྱང་བ་དང༌། གོང་དུ་ཞིག་གནས་ལ་སྦྱོར་བར་བལྟའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་


DTG134_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཅེས་བྱ་ཞེ་ན། དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་དང༌། མཚན་ཉིད་བསྟན་པ་དང༌། གོ་རིམས་བསྟན་པ་དང༌། ངེས་པའི་ཚིག་བསྟན་པ་དང༌། བསྒོམ་པ་བསྟན་པ་དང༌། རབ་ཏུ་དབྱེ་བ་བསྟན་པ་དང༌། བསྡུས་པ་བསྟན་པ་དང༌། མི་མཐུན་པའི་ཕྱོགས་བསྟན་པ་དང༌། ཡོན་ཏན་གྱི་བསྔགས་པ་བསྟན་པ་དང༌། གཅིག་ལ་གཅིག་ངེས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང༌། ཟབ་པར་བསྟན་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱ་ཆེ་བ་དང༌། ཟབ་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་རྒྱ་ཆེ་བ་དང་ཟབ་པར་མི་མོས་ཤིང་སྐྲག་པར་འགྱུར་ཞེ་ན། ཆོས་ཉིད་དང་བྲལ་བ་དང༌། དགེ་བའི་རྩ་བ་མ་བསྐྱེད་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཅིའི་ཕྱིར་ཤུན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོག་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་རྣམ་པར་འབྱེད་པ་ལ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉིད་ཤུ་རྩ་བརྒྱད་བོ་དག་གང་ཞེ་ན། མཚན་མར་ལྟ་བ་དང༌། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ཏུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཡོངས་སུ་འཛིན་པའི་ལྟ་བ་དང༌། བསྒྱུར་བའི་ལྟ་བ་དང༌། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། ངེས་པར་འབྱུང་བར་ལྟ་བ་དང༌། དཔའ་ཟ་བའི་ལྟ་བ་དང༌། རབ་ཏུ་འཁྲུག་པའི་ལྟ་བ་དང༌། ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། འཕེལ་བའི་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། བཀུར་སྟིའི་ལྟ་བ་དང༌། རྨོངས་པ་བརྟེན་པའི་ལྟ་བ་དང༌། རྩ་བའི་ལྟ་བ་དང༌། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། སྦྱོར་བ་སེལ་བའི་ལྟ་བ་དང༌། ངེས་པར་འབྱིན་པ་མ་ཡིན་པར་ལྟ་བ་དང༌། །སྒྲིབ་པ་སོགས་པའི་ལྟ་བ་


DTG134_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང༌། འབྲས་བུ་མེད་པའི་ལྟ་བ་དང༌། ཆད་པས་བཅས་པའི་ལྟ་བ་དང༌། སྐུར་བ་འདེབས་པའི་ལྟ་བ་དང༌། བསྙད་པ་མ་ཡིན་པའི་ལྟ་བ་དང༌། ལྟ་བ་ཆེན་པོ་དང༌། མངོན་པའི་ང་རྒྱལ་གྱི་ལྟ་བའོ། །ཤིན་ཏུ་རྒྱས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། བདག་ཉིད་ཀྱིས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་དང༌། རང་གི་ངོ་བོ་ལ་མི་གནས་པ་དང༌། བྱིས་པས་གཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་འབྱུང་བའི་དགོངས་པ་གང་ཞེ་ན། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང༌། མ་འགགས་པ་དེ་ལྟར་གཟོད་མ་ནས་ཞིའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །ཡང་གང་དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་དགོངས་པ་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ་དང༌། དུས་གཞན་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། གང་ཟག་གི་བསམ་པ་ལ་དགོངས་པའོ། །གང་དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོར་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་ལྡེམ་པོར་དགོངས་པ་བཞི་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལྡེམ་པོར་དགོངས་པ་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཏིག་ངེ་འཛིན་དུ་མཁས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། རྣམ་པ་ལྔ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཀྱི་


DTG134_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་ལ་དགའ་བ་ཐོབ་པ་དང༌། ཆོས་ཀྱི་སྣང་བ་རྣམ་པ་ཡོངས་སུ་མ་ཆད་པ་ཐམས་ཅད་དུ་ཚད་མེད་པ་ཡང་དག་པར་ཤེས་པ་དང༌། དེ་ལ་རྣམ་པར་དག་པའི་ཆ་དང་མཐུན་པ་རྣམ་པར་མི་རྟོག་པའི་མཚན་མ་རྣམས་ཀུན་ཏུ་འབྱུང་བ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཡོངས་སུ་བསྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆོས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པའི་ཆོས་ལ་བདུག་པ་དང༌། ཕྱེ་མ་ལ་སོགས་པས་མཆོད་པར་འོས་ཀྱི། །ཉན་ཐོས་ཀྱི་ཆོས་ལ་དེ་ལྟ་མ་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །ཆོས་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་གསུམ་པའོ།། །།བམ་པོ་ལྔ་པ་སྟེ་ཐ་མའོ། །འཐོབ་པ་རྣམ་པར་ངེས་པ་གང་ཞེ་ན། གང་ཟག་རྣམ་པར་གཞག་པ་དང༌། མངོན་པར་རྟོགས་པ་རྣམ་པར་གཞག་པར་བལྟའོ། །གང་ཟག་རྣམ་པར་གཞག་པ་གང་ཞེ་ན། སྤྱོད་པས་རབ་ཏུ་དབྱེ་བ་དང༌། ངེས་པར་འབྱུང་བས་རབ་ཏུ་དབྱེ་བ་དང༌། ཉེ་བར་བརྟན་པས་རབ་ཏུ་དབྱེ་བ་དང༌། སྤྱོད་བས་རབ་ཏུ་བདེ་བ་དང༌། འབྲས་བུས་རབ་ཏུ་དབྱེ་བ་དག །ཁམས་ཀྱིས་རབ་ཏུ་དབྱེ་བ་དང༌། སྤྱད་པས་རབ་ཏུ་དབྱེ་བས་ཀྱང་གང་ཞག་རྣམ་པར་གཞག་པར་བལྟའོ། །སྤྱོད་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འདོད་ཆགས་ལ་སྤྱོད་པ་དང༌། ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པ་དང༌། ང་རྒྱལ་ལ་སྤྱོད་པ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པ་དང༌། ཆ་མཉམ་པ་ལ་སྤྱོད་པ་དང༌། ཉོན་མོངས་པ་ཆུང་བའི་གང་ཟག་གོ །ངེས་པར་འབྱུང་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པ་དང༌། ཐེག་པ་ཆེན་པོ་པའི་གང་ཟག་གོ །ཉེ་བར་བརྟན་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཚོགས་མ་བསགས་པ་དང༌། ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པ་ཡང་ཡིན་པ་དང༌། ཚོགས་བསགས་པའི་གང་ཟག་གོ །སྦྱོར་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ཟག་གོ །འབྲས་བུས་རབ་ཏུ་དབྱེ་བས་ཇི་


DTG134_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཞེ་ན། དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དང༌། ལུས་ཀྱིས་མངོན་དུ་བྱེད་པ་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དང༌། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། རྒྱུན་ཏུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པ་དང༌། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སུ་སྐྱེ་བ་དང༌། བར་ཆད་གཅིག་པ་དང༌། བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པས་མྱ་ངན་ལས་འདའ་བ་དང༌། གོང་དུ་འཕོ་བ་དང༌། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དང༌། བདག་གཅོད་པའི་ཆོས་ཅན་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་དང༌། གནས་པ་ལས་མི་གཡོ་བའི་ཆོས་ཅན་དང༌། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་དང༌། མི་འཁྲུགས་པའི་ཆོས་ཅན་གྱི་གང་ཟག་གོ །ཁམས་ཀྱིས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང༌། སློབ་པ་དང༌། མི་སློབ་པའོ། །འདོད་པ་ན་སྤྱོད་པ་ཇི་ལྟ་བར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་དེ་བཞིན་ནོ། །འདོད་པ་དང༌། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་གང་ཟག་གོ །སྤྱད་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མོས་པས་སྤྱོད་པ་ཅན་དང༌། ལྷག་པའི་བསམ་པས་སྤྱོད་པ་ཅན་དང༌། མཚན་མ་དང་བཅས་པར་སྤྱོད་པ་ཅན་དང༌། མཚན་མ་མེད་པར་སྤྱོད་པ་ཅན་དང༌། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའི་གང་ཟག་གོ །འདོད་ཆགས་ལ་སྤྱོད་པ་གང་ཞེ་ན། འདོད་


DTG134_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་ཤས་ཆེ་ཞིང་རྒྱུན་རིང་བའི་གང་ཟག་གོ །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རྣམ་པར་རྟོག་པའི་ཤས་ཆེ་ཞིང་རྒྱུན་རིང་པའོ། །ཆ་མཉམ་པ་ལ་སྤྱོད་པ་གང་ཞེ་ན། ཉོན་མོངས་པ་རང་བཞིན་དུ་གནས་པའོ། །ཉོན་མོངས་པ་ཆུང་བ་གང་ཞེ་ན། ཉོན་མོངས་པ་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པའོ། །ཉན་ཐོས་ཀྱི་ཐེག་པ་པ་གང་ཞེ་ན། ཉན་ཐོས་ཀྱིས་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་རྟུལ་པོ་དང༌། བདག་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང༌། ཡིད་བྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བའི་བསམ་པ་ཅན་དང༌། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང༌། གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་འབྲིང་དང༌། བདག་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང༌། ཡིད་བྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་དང༌། བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་བསམ་པ་ཅན་དང༌། ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པའམ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་བསྐྱེད་པ། སྔོན་འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པའམ། གང་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས། བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུ་གནས་པའམ། རང་རྒྱལ་བར་གྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཐེག་པ་ཆེན་པོ་པ་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་རྣོ་བ་དང༌། སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པ་དང༌། མི་གནས་པའི་


DTG134_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་བསམ་པ་ཅན་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང༌། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ལ་ལུང་བསྟན་པ་ཡང་ཐོབ་ཅིང༌། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཚོགས་མ་བསགས་པ་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དད་པ་ཆུང་བའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་ཆུང་ཞིང་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་ཡང་ཡིན་ལ་ཚོགས་མ་བསགས་པ་ཡང་ཡིན་པ་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དང་དད་པ་བར་མའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་འབྲིང༌། ཚེ་རབས་ངེས་པའི་དུས་དང་ལྡན་པའོ། །ཚོགས་བསགས་པའི་གང་ཟག་གང་ཞེ་ན། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང་དད་པ་ཆེན་པོའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་ཆེན་པོ་ཚེ་རབས་དེ་ཉིད་ཀྱི་དུས་ཅན་དང་ལྡན་པའོ། །ཡང་ཚོགས་མ་བསགས་པ་ནི་བདེན་པའི་དབང་དུ་བྱ་བའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆུང་ངུ་དང་ལྡན་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་ཚེ་རབས་ཀྱིས་དུས་ངེས་པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པ་ཡང་ཡིན་པ་ནི་གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་དཔའི་བཟོད་པ་འབྲིང་དང་ལྡན་པ་སྟེ། དེ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྲིང་ཚེ་རབས་ཀྱི་དུས་ངེས་པ་དང་ལྡན་པའོ། །ཚོགས་བསགས་པ་ནི་གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་དང་ལྡན་པ་སྟེ། དེ་ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་མ་གཏོགས་


DTG134_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆེན་པོ་ཚེ་རབས་ཀྱི་དེ་ཉིད་ཀྱི་དུས་ཅན་དང་ལྡན་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་རང་བཞིན་གྱིས་སྐད་ཅིག་པ་སྟེ། ཚེ་རབས་དེ་ཉིད་ཀྱི་དུས་ཅན་ཁོ་ནའོ། །ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང་འབྲིང་རྣམས་ལས་ཡོངས་སུ་ཉམས་པ་དེ་ནི་ཀུན་ཏུ་འབྱུང་བ་ཡོངས་སུ་ཉམས་པར་ཟད་ཀྱི། བག་ཆགས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ། །དད་པས་རྗེས་སུ་འབྲང་བའི་གང་ཟག་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་རྟུལ་པོ་ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་སུ་འབྲང་བ་གང་ཞེ་ན། གང་ཚོགས་བསགས་པ་དབང་པོ་རྣོན་པོ་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱ་བའི་ཆོས་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། དད་པས་སྨོས་པ་གང་ཞེ་ན། དད་པས་རྗེས་སུ་འབྲང་བའི་གང་ཟག་གང་འབྲས་བུ་བའི་དུས་ནའོ། །མཐོང་བས་ཐོབ་པ་གང་ཞེ་ན། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གང་འབྲས་བུའི་དུས་ནའོ། །ལུས་ཀྱི་མངོན་དུ་བྱེད་པ་གང་ཞེ་ན། གང་སྒོམ་པ་རྣམ་པར་ཐར་པར་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་པ་ཟད་པ་སྟེ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ནི་མ་ཡིན་པའི་གང་ཟག་གོ །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གང་ཞེ་ན། གང་ཟག་བཟང་བ་དང༌། རྣམ་པར་ཐར་པ་བརྒྱད་ལ་ཡང་བསམ་གཏན་པའི་གང་ཟག་གོ །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱིས་སེམས་ཀྱི་སྐད་ཅིག་བཅོམ་ལྡན་ལ་གནས་པའི་གང་ཟག་གོ །རྒྱུན་ཏུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ ། མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་བ་ལ་ཞུགས་པ་སྟེ། ཆོས་མངོན་པར་རྟོགས་པ་ཡང་དེ་ཡིན་ནོ། །འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས། རྒྱུན་ཏུ་ཞུགས་པར་འགྱུར་རོ། །


DTG134_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ཕྱིར་མི་འོང་བར་འགྱུར་རོ། །གང་གི་ཚེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་རྒྱུན་ཏུ་ཞུགས་པར་འགྱུར་ན་ཅིའི་ཕྱིར་ཀུན་ཏུ་སྦྱོར་བ་གསུམ་སྤངས་ནས་རྒྱུན་ཏུ་ཞུགས་པ་ཞེས་བྱ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། མི་འཕགས་པའི་རྒྱུ་ཡིན་པ་དང༌། འཕགས་ཀྱང་ལོག་པས་ངེས་པར་འབྱུང་བའི་རྒྱུ་ཡིན་པ་དང༌། ཡང་དག་པས་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཤེས་བྱ་ལ་ལོག་པར་རྟོགས་པའི་རྒྱུན་ཡིན་པ་དང༌། ལྟ་བ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པ་དང༌། གཉེན་པོ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ ། ལན་ཅིག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་བདུན་པ་དང༌། བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །གང་གི་ཚེ་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཕྱིར་མི་འོང་བར་འགྱུར་ན། ཅིའི་ཕྱིར་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེས་


DTG134_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞེ་ན། འགྲོ་བ་ཐ་མའི་རྒྱུ་ཡིན་པ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །དགྲ་བཅོམ་པ་གང་ཞེ་ན། གང་སྲིད་པའི་རྩེ་མོ་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །གང་གི་ཚེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པར་འགྱུར་ན། ཅིའི་ཕྱིར་གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམ་པ་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བྱ་ཞེ་ན། གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་བསྡུ་བ་ཞེས་བྱ་ཞེ་ན། གོང་མ་ཉེ་བར་ལེན་པའི་རྒྱུ་ཡིན་པ་དང༌། གོང་མ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། རྒྱུན་ཏུ་ཞུགས་པའི་གང་ཟག་ཉིད་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཡན་མན་དུ་སྲིད་པར་འཁོར་བར་བྱས་ནས་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། ལྷ་དང་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་སུ་སོང་ན་གང་སྡུག་བསྔལ་གྱི་མཐའ་མ་ཐོ་བ་པའོ། །བར་ཆད་གཅིག་པ་གང་ཞེ་ན། ལན་ཅིག་ཕྱིར་འོང་བ་ལྷ་རྣམས་ཀྱི་ནང་ཉིད་དུ་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པ་སྟེ། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་ན། གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང༌། བར་མ་དོར་སྲིད་པ་མངོན་པར་འགྲུབ་པ་སྐྱེ་བའི་སྲིད་པར་འགྲོ་བར་མི་སེམས་པ་ཉིད་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང༌། མངོན་པར་བསམས་ནས་སྐྱེ་བའི་སྲིད་པ་ལ་མངོན་པར་འཇུག་པ་སྟེ། སྐྱེ་བའི་སྲིད་པ་ནི་མ་ཐོབ་པ་ན་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །སྐྱེས་ནས་ཡོངས་སུ་


DTG134_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདའ་བ་གང་ཞེ་ན། གཉི་གར་ཀུན་ཏུ་སྦྱོར་བ་མ་སྤངས་ལ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཙམ་ཉིད་ཀྱིས་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པ་མེད་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། གང་སྐྱེས་ནས་མངོན་པར་འདུ་བྱེད་པས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །གོང་དུ་འཕོ་བ་གང་ཞེ་ན། གང་གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞིང་འོང་མིན་གྱི་བར་དུ་ཞུགས་ནས། དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ལ་ལ་ནི་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །སྤེལ་མར་བསྒོམས་པ་ནི་བསམ་གཏན་བཞི་པ་ལ་ཆུང་ངུ་ཡོངས་སུ་བསྒོམས་པ་དང༌། འབྲིང་དུ་ཡོངས་སུ་བསྒོམས་པ་དང༌། ཆེར་ཡོངས་སུ་བསྒོམས་པ་དང༌། ཆེས་ཆར་ཡོངས་སུ་བསྒོམས་པ་དང༌། ཤིན་ཏུ་ཆེས་ཆེར་ཡོངས་སུ་བསྒོམས་པས་གནས་གཙང་མ་རྣམས་སུ་སྐྱེའོ། །ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་གང་ཞེ་ན། དབང་པོ་རྟུལ་པོ་མྱོས་ཀྱང་རུང༌། །མ་མྱོས་ཀྱང་རུང༌། གསོད་ཀྱང་རུང༌། མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་ཡིན་ནོ། །བདག་གསོད་པའི་ཆོས་ཅན་གང་ཞེ་ན། དབང་པོ་རྟུལ་པོ་ཉིད་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མི་གསོད་ན། གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་པའི་སྐལ་པ་ཅན་ཡིན་ལ། གསོད་ན་སྐལ་པ་ཅན་མ་ཡིན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་གང་ཞེ་ན། གང་དབང་པོ་རྟུལ་པོ་ཉིད་མྱོས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ།


DTG134_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མ་མྱོས་ན་སྐལ་བ་ཅན་མ་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། དབང་པོ་རྟུལ་པོ་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་མ་ཡིན་ལ། དབང་པོ་རྣམས་སྤྱོད་བའི་སྐལ་བ་ཅན་ཡང་མ་ཡིན་པའི་གང་ཟག་གོ །རབ་ཏུ་རྟོགས་པའི་འོས་སུ་འགྱུར་བ་གང་ཞེ་ན། གང་དབང་པོ་རྟུལ་པོ་མྱོས་ཀྱང་ཏུ་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་པ་ཅན་མ་ཡིན་ལ། དབང་པོ་རྣམས་སྦྱོང་བའི་སྐལ་བ་ཅན་ནི་ཡིན་པའི་གང་ཟག་གོ །མི་འཁྲུགས་པའི་ཆོས་ཅན་གང་ཞེ་ན། རང་བཞིན་གྱིས་དབང་པོ་རྣོན་པོ་སྟེ། མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་མ་ཡིན་པའོ། །འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་གང་ཞེ་ན། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ལ་འཕགས་པའི་ཆོས་རྣམས་མ་ཐོབ་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་སློབ་པ་གང་ཞེ་ན། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། འཕགས་པའི་ཆོས་རྣམས་ཐོབ་ལ། ཀུན་ཏུ་སྦྱོར་བ་ལྷག་མ་དང་བཅས་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་མི་སློབ་པ་གང་ཞེ་ན། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། འཕགས་པའི་ཆོས་རྣམས་ཐོབ་ལ་ཀུན་ཏུ་སྦྱོར་བའི་ལྷག་མ་མེད་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་གང་ཟག་གསུམ་ཇི་ལྟ་བར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་གསུམ་ལ་ཡང་དེ་བཞིན་དུ་བལྟའོ། །འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་ལ། བསམ་གཏན་གྱི་བདེ་བས་གནས་ཤིང་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སུ་སྐྱེ་བའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་རང་སངས་རྒྱས་གང་ཞེ་ན། གང་སངས་རྒྱས་འབྱུང་བ་


DTG134_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། རང་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་གོ །བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ །མོས་པས་སྤྱོད་པ་ཅན་གང་ཞེ་ན། མོས་པས་སྤྱོད་པའི་ས་ལ་བཟོད་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང་ལྡན་པའི་གང་ཟག་གང་ཡིན་པའི་བྱང་ཆུབ་སེམས་དཔའོ། །ལྷག་པའི་བསམ་པས་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པའི་གང་ཟག་གོ །མཚན་མ་དང་བཅས་པས་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཅན་དང༌། ཤིན་ཏུ་སྦྱང་དཀའ་བ་དང༌། མངོན་དུ་གྱུར་པ་ལ་གནས་པའི་གང་ཟག་གོ །མཚན་མ་མེད་པར་སྤྱོད་པ་ཅན་གྱི་གང་ཟག་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་གནས་པའི་གང་ཟག་གོ །མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གང་ཞེ་ན། གང་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ལ་གནས་པའི་གང་ཟག་གོ །རྒྱུན་ཏུ་ཞུགས་པའི་གང་ཟག་ཅེས་གང་གསུངས་པ་ལ། རྒྱུན་ཏུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང༌། ཅིག་ཅར་ངེས་པར་འབྱིན་པའོ། །རིམ་གྱི་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་


DTG134_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དང། འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །མངོན་པར་རྟོགས་པ་རྣམ་པར་གཞག་པ་གང་ཞེ་ན། མངོན་པར་རྟོགས་པ་བཅུ་སྟེ། ཆོས་མངོན་པར་རྟོགས་པ་དང༌། དོན་མངོན་པར་རྟོགས་པ་དང༌། དེ་ཁོ་ན་མངོན་པར་རྟོགས་པ་དང༌། རྗེས་ལ་མངོན་པར་རྟོགས་པ་དང༌། དཀོན་མཆོག་མངོན་པར་རྟོགས་པ་དང༌། ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་དང༌། མཐར་ཐུག་པ་མངོན་པར་རྟོགས་པ་དང༌། ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང༌། རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་དང༌། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ། །ཆོས་མངོན་པར་རྟོགས་པ་གང་ཞེ་ན། བདེན་པའི་དབང་དུ་བྱ་བའི་ཆོས་རྣམས་ལ་མོས་པ་དང༌། དད་པ་ཆེན་པོ་ཐོབ་པའོ། །དོན་མངོན་པར་རྟོགས་པ་གང་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་བདེན་པའི་དབང་དུ་བྱ་བའི་ཆོས་རྣམས་ཁོ་ན་ལ། བདེན་པ་ལ་ཆོས་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ། བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ཆེན་པོའི་ཆུང་ངུ་དང༌། ཆེན་པོའི་ཆེན་འབྲིང་པོ་དང༌། ཆེན་པོའི་ཆེན་པོ་དང༌། རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ཁོ་ན་མངོན་པར་རྟོགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་ཐོབ་པའོ། །མཐོང་བའི་ལམ་ལ་ནི་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་རྣམས་འཐོབ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་བསྒོམ་པའི་ལམ་ལ་མངོན་དུ་བྱེད་དོ། །རྗེས་ལ་མངོན་པར་རྟོགས་པ་གང་ཞེ་ན། བསྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་པར་རྟོགས་པ་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་


DTG134_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པའོ། །ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་གང་ཞེ་ན། མི་བྱ་བའི་སྡོམ་པ་གང་ཐོབ་པས་སློབ་པ་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ཅན་དམྱལ་བ་ཟད་དོ། །དུད་འགྲོ་ཟད་དོ། །ཡི་དགས་ཟད་དོ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཟད་དོ། །བདག་ཡང་ངན་སོང་བའི་ལས་བྱས་ནས་ངན་སོང་རྣམས་སུ་རྣམ་པར་སྨིན་པ་མངོན་པར་འགྲུབ་པའི་སྐལ་པ་ཅན་མ་ཡིན་ནོ། །སྙམ་པའོ། །མཐར་ཐུག་པ་མངོན་པར་རྟོགས་པ་གང་ཞེ་ན། ཇི་ལྟར་ལམ་གྱི་བདེན་པ་ལ་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །ཉན་ཐོས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཉིད་མདོར་བསྡུས་ཏེ། ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཉིད་གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཉིད་ལ་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པའི་བཟོད་པ་གང་ཡིན་པ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཡངས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱའོ། །ཉན་ཐོས་ཀྱི་མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་ཅི་ཡོད་ཅེ་ན། དམིགས་པའི་ཁྱད་པར་དང༌། ཉེ་བར་རྟོན་པའི་ཁྱད་པར་དང༌། རབ་ཏུ་རྟོགས་པའི་ཁྱད་པར་དང༌། ཁས་ལེན་པའི་ཁྱད་པར་དང༌། ངེས་པར་འབྱུང་བའི་ཁྱད་པར་དང༌། ཡོངས་སུ་འཛིན་པའི་ཁྱད་པར་དང༌། གནས་དང་གཡོག་འཁོར་གྱི་ཁྱད་པར་དང༌། བཙུན་པར་སྐྱེ་བའི་ཁྱད་པར་དང༌། སྐྱེ་བའི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་རོ། །འབྲས་བུའི་ཁྱད་པར་ནི་གནས་གྱུར་བའི་ཁྱད་པར་དང༌། ཡོན་


DTG134_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང༌། རྣམ་པ་ལྔའི་ཁྱད་པར་དང༌། སྐུ་གསུམ་གྱི་ཁྱད་པར་དང༌། མྱ་ངན་ལས་འདས་པའི་ཁྱད་པར་དང༌། འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་དང༌། སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་དང། འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་པར་དང༌། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །ཚད་མེད་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་འདི་དག་མངོན་པར་རྟོགས་པ་གང་གིས་བསྡུས་ཤེ་ན། རྗེས་ལ་མངོན་པར་རྟོགས་པ་དང༌། མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་སོ། །དེ་དག་ཀྱང་ཚད་མེད་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་དང༌། ཉོན་མོངས་པ་མེད་པ་དང༌། བསམས་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། མཚན་དང་དཔེ་བྱད་བཟང་པོ་རྣམས་དང༌། ཡོངས་སུ་དག་པ་རྣམས་དང༌། སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། བསྲུང་བ་མེད་པ་རྣམས་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ལེགས་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམས་སོ། །བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་ཕན་པ་དང་ཕྲད་པར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྙིང་རྗེ་གང་ཞེ་ན། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་


DTG134_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དགའ་བ་གང་ཞེ་ན། སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཤིག་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བཏང་སྙོམས་གང་ཞེ་ན། བསམ་གཏན་ལ་བརྟན་ཏེ་སེམས་ཅན་རྣམས་ལ་ཕན་པར་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་བསམ་གཏན་ལ་བརྟེན་ཏེ། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བའམ། གཞག་པས་ཀྱང་རུང་སྟེ། སྣང་བའི་གཟུགས་རྣམས་ལ་ལྟ་བའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བའམ། གཟུགས་མེད་པའི་འདུ་ཤེས་གཞག་པས་ཀྱང་རུང་སྟེ། སྣང་བའི་གཟུགས་རྣམས་ལ་ལྟ་བའི་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྡུག་པ་དང་མི་སྡུག་པ་ལ་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རང་གིས་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་དང༌། ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་ནས་དེ་ལ་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་གང་ཞེ་ན། ཐར་པའི་རྗེས་སུ་མཐུན་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཇི་ལྟ་བར་


DTG134_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། འདི་ལྟར་ཞི་བའི་རྣམ་པར་ཐར་པ་ལ་ཆགས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གང་ཞེ་ན། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལ་བརྟེན་ཏེ། ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་ཐར་པ་དང་མཐུན་པར་གནས་པ་ཡང་དག་པར་འབྱོར་བའི་གང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པ་གཉིས་ཀྱིས་རིག་པར་བྱའོ། །བཞི་ནི་རྣམ་པར་ཐར་པ་གཅིག་གིས་རིག་པར་བྱའོ། །རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ལ་མོས་པར་བྱད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་གཏོགས་པའི་གཟུགས་རྣམས་ནི་ཆུང་ངུ་དང་ཆེན་པོ་ཞེས་བྱའོ། །མིའི་དང་ལྷའི་རྣམས་ནི་ངན་པ་དང་བཟང་པོ་རྣམས་སོ། །ལྷག་མ་ནི་རྣམ་པར་ཐར་པ་ལས་འབྱུང་བ་ཇི་ལྟ་བ་བཞིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ཟིལ་གྱིས་མནན་ནས་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ཟད་པར་རྒྱས་པར་བྱེད་པར་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །ཅིའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ལས་ལ་སོགས་པ་ཟད་པར་གདགས་ཤེ་ན། གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་བ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་རྣམ་པར་ཐར་པ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱོར་རོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་འགྲུབ་པར་བྱེད་དོ། །ཉོན་མོངས་པ་མེད་


DTG134_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བར་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསམས་ནས་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་འདི་ཤེས་པར་བྱའོ་ཞེས་བསམས་ནས་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། མཚན་ཉིད་དང་དགོངས་པ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཡུལ་མིའི་སྐད་དང་ཆོས་ཀྱི་ངེས་པའི་ཚིག་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཆོས་རབ་ཏུ་དབྱེ་བ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ལྷའི་རྣ་བའི་མངོན་པར་ཤེས་པ་གང་ཞེ་ན། སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་གང་ཞེ་ན། སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་རྣམས་ཀྱི་


DTG134_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་འཕོ་དང་སྐྱེ་བ་མཐོང་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཟག་པ་ཟད་པ་མངོན་པར་ཤེས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །མཚན་དང་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཀུན་ཏུ་སྟོན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་དེ་ལས་བྱུང་བའི་རྣམ་པར་སྨིན་པའོ། །གནས་ཡོངས་སུ་དག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས། ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང༌། བཞུགས་པ་དང། ཡོངས་སུ་གཏོང་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དམིགས་པ་ཡོངས་སུ་དག་པ་གང་ཞེ་ན། ཇི་ལྟར་བཞེད་པ་བཞིན་དུ་དམིགས་པ་སྤྲུལ་པ་དང༌། སྒྱུར་བ་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཐུགས་ཡོངས་སུ་དག་པར་གང་ཞེ་ན། ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་སྒྱུར་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །མཁྱེན་པ་ཡོངས་སུ་དག་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་པ་བཞིན་དུ་གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་གནས་དང་གནས་མ་ཡིན་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་གང་ཞེ་ན།


DTG134_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདག་གིར་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སྟོབས་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་དུ་རིག་པར་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་རང་གི་དོན་ལས་བརྩམས་ཏེ། ཤེས་བྱ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་པ་གང་ཞེ་ན། རང་གི་དོན་ལས་བརྩམས་ཏེ། ཟག་པའི་རྣམ་པ་ཐམས་ཅད་ཟད་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་གང་ཞེ་ན། གཞན་གྱི་དོན་ལས་བརྩམས་ཏེ། བར་དུ་གཅོད་པའི་ཆོས་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་གཞན་གྱི་དོན་ལས་བརྩམས་ཏེ། ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེ་བ་འཇོག་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། ཚོགས་ཡོངས་སུ་སྡུད་པ་སྟེ། ཀུན་ནས་ཉོན་མོངས་པའི་རྣམ་པ་ཐམས་ཅད་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བསྲུང་བ་མེད་པ་རྣམ་པ་གསུམ་གང་ཞེ་ན། ཚོགས་ཡོངས་སུ་སྡུད་པ་ཉིད་ལ་ཇི་ལྟར་བཞེད་པ་བཞིན་དུ་གདམས་པ་དང༌། རྗེས་སུ་བསྟན་པར་སྦྱོར་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། ཇི་ལྟ་བ་བཞིན་དུ་མཛད་པ་དང༌། གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །བག་


DTG134_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལེགས་པར་བཅོམ་པ་གང་ཞེ་ན། ཐམས་ཅད་མཁྱེན་པར་གྱུར་པས། ཐམས་ཅད་མཁྱེན་པ་མ་ཡིན་པའི་གཡོ་བ་ཀུན་ཏུ་མི་འབྱུང་བ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །ཐུགས་རྗེ་ཆེན་པོ་གང་ཞེ་ན། རྒྱུན་མི་འཆད་པར་སྡུག་བསྔལ་ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་སྔ་མ་བཞིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཞེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱོར་བ་དང༌། དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་བ་དང༌། ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་བ་དང༌། ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་ཡིན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་བསྒྲུབ་ཅེ་ན། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས། ཚད་མེད་པ་རྣམས་མངོན་པར་བསྒྲུབ་པོ། །ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའམ། དེ་བཞིན་གཤེས་པ་ཡང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་བསྒྲུབ་བོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བསམ་གཏན་ལ་བརྟེན་ནས་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་དང༌། གནས་


DTG134_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གྱུར་བའོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་ཀུན་རྫོབ་ཤེས་པའི་རང་བཞིན་དུ་བལྟའོ། །གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ། །ཚད་མེད་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། མི་མཐུན་པའི་ཕྱོགས་སྤོང་ངོ༌། །ཐུགས་བརྩེ་བར་གནས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མི་སྐྱེའོ། །རྣམ་པར་ཐར་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། སྤྲུལ་པའི་ལས་མངོན་པར་བསྒྲུབ་བོ། །དགེ་བ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །མོས་པའི་ཕྱིར་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་གནས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་ཐར་པ་གསུམ་པོ་དག་གི་དམིགས་པ་ལ་དབང་སྒྱུར་བར་མཛད་དོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། ཟད་པར་རྒྱས་པར་མཛད་པའི་ཕྱིར་རྣམ་པར་ཐར་པའི་དམིགས་པ་ཡོངས་སུ་བསྒྲུབ་པར་མཛད་དོ། །ཉོན་མོངས་པ་མེད་པས་ལས་ཅི་མཛད་ཅེ་ན། གཟུང་བའི་ཚིག་ཏུ་འགྱུར་རོ། །བསམས་ནས་ཤེས་པས་ལས་ཅི་མཛད་ཅེ་ན། བྱུང་བ་དང་འབྱུང་བར་འགྱུར་བ་དང༌། ད་ལྟར་གྱི་ལུང་སྟོན་པ་དང༌། འཇི་རྟེན་ན་མང་པོས་བཀུར་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་མཛད་དོ། །མངོན་པར་ཤེས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་འདུན་པར་མཛད་དོ། །སེམས་ཀུན་བརྗོད་པས་ཀྱང་འདུན་པར་མཛད་དོ། །སེམས་ཅན་གྱི་སྤྱོད་པ་དང༌། འོང་བ་དང༌། འགྲོ་བ་མཁྱེན་པས་སེམས་ཅན་རྣམས་


DTG134_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་ལ་ཇི་ལྟ་བ་བཞིན་དུ་འདོམས་སོ། །མཚན་ཉིད་དཔེ་བྱེད་བཟང་པོ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། མཐོང་མ་ཐག་ཏུ་སྐྱེས་བུ་ཆེན་པོ་ཉིད་དུ་ཡིད་ཅེས་པར་མཛད་དོ། །སེམས་ཀྱང་མངོན་པར་དང་བར་མཛད་དོ། །ཡོངས་སུ་དག་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་ཏོ། །བཞེད་ནས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་སོ། །ཚེའི་འདུ་བྱེད་ཀྱང་འདོར་རོ། །ཆོས་ལ་དབང་སྒྱུར་རོ། །ཏིང་ངེ་འཛིན་ལ་དབང་སྒྱུར་རོ། །དམ་པའི་ཆོས་ཀྱང་ཡང་དག་པར་འཛིན་ཏོ། །སྟོབས་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། རྒྱུ་མེད་པ་དང༌། མི་མཐུན་པ་རྒྱུར་སྨྲ་བ་དང༌། མ་བྱས་པ་དང༌། ཕྲད་པར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོ་བའི་ལས་སྟོན་ཏོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང༌། བཤད་པའི་སྣོད་དང། བསམ་པ་དང༌། བག་ལ་ཉལ་དང༌། དམིགས་པ་དང༌། ཚོགས་དང༌། འོས་སུ་འགྱུར་པ་དང༌། ངེས་པར་འབྱུང་བ་ཡང་རྗེས་སུ་རྟོགས་ནས་ཇི་ལྟ་བ་བཞིན་དུ་ངེས་པར་ལེགས་པའི་ལམ་སྟོན་ཏོ། །བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཐམས་ཅད་དུ་དྲི་བ་དྲིས་པ་ཡང་ལུང་སྟོན་ཏོ། །མི་འཇིགས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པ་ཡིན་པར་རྣམ་པར་འཇོག་གོ །རྒོལ་བ་གཞན་མུ་སྟེགས་ཅན་རྣམས་ཀྱང་ཚར་གཅོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཚོགས་ཡོངས་སུ་སྡུད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། རྒྱུན་མི་འཆད་པར་ཚོགས་ལ་འདོམས་སོ། །ཡང་དག་པར་རྗེས་སུ་སྟོན་ཏོ། །བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་ལས་ཅི་མཛད་ཅེ་ན། སངས་རྒྱས་ཀྱི་མཛད་པ་མི་འདོར་རོ། །བག་ཆགས་ལེགས་པར་བཅོམ་པས་ལས་ཅི་མཛད་ཅེ་ན། ཉོན་མོངས་པ་མེད་པས་ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ལས་ཅི་མཛད་ཅེ་ན། ཉིན་མཚན་ལན་དྲུག་ཏུ་འཇིག་


DTG134_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་རྣམ་པར་གཟིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང༌། འཐོབ་པ་དང༌། གཤེགས་པ་དང༌། བཞུགས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལས་ཅི་མཛད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ། །ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ །དེས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ནི་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །མངོན་པར་རྟོགས་པ་འདི་དག་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ལམ་ཐོབ་ན་ལམ་སྔ་མ་དམན་པ་ནི་འདོར་རོ། །བསྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཉན་ཐོས་ནི་ལམ་ཐམས་ཅད་རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོར་བས་རྣམས་པར་སྤོང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་མི་ཟད་པ་དང༌། ཡོན་ཏན་མི་ཟད་པ་ཞེས་ཀྱང་བྱའོ། །ལུང་དུ་མི་སྟོན་པའི་དངོས་པོ་གང་དག་རྣམ་པར་གཞག་པ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་མ་ཡིན་པ་ཡོངས་སུ་འདྲི་བའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འདྲི་ཞེ་ན། རྒྱུ་དང༌། འབྲས་བུ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སེམས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ན། རྒྱུན་ཏུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་


DTG134_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་མ་ཡིན་ཏེ། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང༌། སྔགས་དང་སྨན་གྱིས་སོང་བའི་དུག་ལྟ་བུ་དང་དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ཤེས་བྱ་ལ་མཁས་པ་དང༌། ཐམས་ལ་མཁས་པ་དང༌། ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པ་ལ་མཁས་པ་དང༌། རྣམ་པར་མི་རྟོག་པ་ལ་མཁས་པར་བྱའོ། །དུས་དུས་སུ་དབང་པོ་རྣམས་སྦྱང་བར་བྱའོ། །ཤེས་བྱ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་ཏུ་བལྟ་སྟེ། འཁྲུལ་པ་དང༌། འཁྲུལ་པའི་གནས་དང༌། མ་འཁྲུལ་པའི་གནས་དང༌། འཁྲུལ་པ་ཡང་མ་ཡིན་ལ་མ་འཁྲུལ་པ་ཡང་ཡིན་པ་དང༌། མ་འཁྲུལ་པ་དང༌། ན་འཁྲུལ་པའི་རྒྱུ་མཐུན་པའོ། །ཐབས་ལ་མཁས་པ་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང༌། སངས་རྒྱས་ཀྱིས་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་དང༌། མངོན་པར་ཤེས་པ་མྱུར་བ་ལ་མཁས་པ་དང༌། ལམ་རྒྱུན་མི་འཆད་པ་ལ་མཁས་པའོ། །ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཞེ་ན། རྩ་བའི་རྣམ་པར་རྟོག་པ་དང༌། མཚན་མའི་རྣམ་པར་རྟོག་པ་དང༌། མཚན་མར་སྣང་བའི་རྣམ་པར་རྟོག་པ་དང༌། མཚན་མར་འགྱུར་བའི་རྣམ་པར་རྟོག་པ་དང༌། མཚན་མར་སྣང་བ་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་དང༌། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དང༌། ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང༌། མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང༌། རྣམ་པར་གཡེང་བའི་རྣམ་པར་རྟོག་པའོ། །རྣམ་པར་གཡེང་བའི་རྣམ་


DTG134_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་ཡང་དངོས་པོ་མེད་པར་རྣམ་པར་རྟོག་པ་དང༌། དངོས་པོར་རྣམ་པར་རྟོག་པ་དང༌། སྒྲོ་འདོགས་པའི་རྣམ་པར་རྟོག་པ་དང༌། སྐུར་པ་འདེབས་པའི་རྣམ་པར་རྟོག་པ་དང༌། གཅིག་པ་ཉིད་དུ་རྣམ་པར་རྟོག་པ་དང༌། ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་དང༌། ངོ་བོ་ཉིད་དུ་རྣམ་པར་རྟོག་པ་དང༌། ཁྱད་པར་དུ་རྣམ་པར་རྟོག་པ་དང༌། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པ་དང༌། དོན་དུ་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའོ། །རྣམ་པར་མི་རྟོག་པ་ཉིད་གང་ཞེ་ན། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ཉིད་དང༌། ཕྱིན་ཅི་མ་ལོག་པའི་རྣམ་པར་མི་རྟོག་པ་ཉིད་དང༌། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་དེ། སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། གོ་རིམས་བཞིན་ནོ། །སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཡིད་ལ་བྱེད་པ་མེད་པས་མ་ཡིན། ཡང་དག་པར་འདས་པས་མ་ཡིན། རྣམ་པར་ཞི་བས་མ་ཡིན། ངོ་བོ་ཉིད་ཀྱིས་མ་ཡིན། དམིགས་པ་ལས་མངོན་པར་འདུ་བྱེད་པས་མ་ཡིན་པར་བལྟ་སྟེ། འོན་ཀྱང་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བལྟའོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་ན། ཇི་ལྟར་དབང་པོ་རྣམས་སྦྱོང་ཞེ་ན། དབང་པོ་རྣོན་པོ་ཆུང་ངུ་ལ་བརྟེན་ཏེ་རྣོན་པོ་འབྲིང་མངོན་པར་བསྒྲུབ་བོ། །དབང་པོ་རྣོན་པོ་འབྲིང་ལ་བརྟེན་ཏེ་རྣོན་པོའི་ཆེན་པོ་མངོན་པར་བསྒྲུབ་པོ། །འཐོབ་པ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་བཞི་པའོ།། །།འབྲེལ་པའི་གཏམ་གྱིས་རྣམ་པར་ངེས་པ་གང་ཞེ་ན། རྣམ་པ་བདུན་ཏེ། དོན་རྣམ་པར་ངེས་པ་དང༌། རྣམ་པར་བཤད་པ་རྣམ་པར་ངེས་པ་དང༌། རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་དང༌། ཡང་དག་པར་དྲི་བ་རྣམ་པར་ངེས་པ་དང༌། བསྡུ་བ་རྣམ་པར་ངེས་པ་དང༌། སྨྲ་བ་རྣམས་པར་ངེས་པ་དང༌། ལྡེམ་པོ་རུང་དགོངས་པ་རྣམ་པར་ངེས་པའོ། །དོན་རྣམ་པར་ངེས་པ་


DTG134_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། དོན་དྲུག་ལས་བརྩམས་ནས་གང་རྣམ་པར་ངེས་པའོ། །དོན་དྲུག་གང་ཞེ་ན། ངོ་བོ་ཉིད་ཀྱི་དོན་དང༌། རྒྱུའི་དོན་དང༌། འབྲས་བུའི་དོན་དང༌། ལས་ཀྱི་དོན་དང༌། ལྡན་པའི་དོན་དང༌། འཇུག་པའི་དོན་ཏོ། །ངོ་བོ་ཉིད་ཀྱི་དོན་ནི་ངོ་བོ་ཉིད་གསུམ་མོ། །རྒྱུའི་དོན་ནི་སྐྱེ་བ་དང༌། འབྱུང་བ་དང༌། འགྲུབ་པའི་རྒྱུའོ། །འབྲས་བུའི་དོན་ནི་རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །ལས་ཀྱི་དོན་ནི་དམིགས་པའི་ལས་དང༌། བྱེད་པའི་ལས་དང༌། འབད་པའི་ལས་དང༌། སྒྱུར་བའི་ལས་དང༌། འཐོབ་པའི་ལས་སོ། །ལྡན་པའི་དོན་ནི་མང་པོ་ལས་གྱུར་པ་དང༌། རྗེས་སུ་འཆིང་བ་ལས་གྱུར་པ་དང༌། འབྲེལ་པ་ལས་གྱུར་པ་དང༌། གནས་སྐབས་ལས་གྱུར་པ་དང༌། འགྱུར་བ་ལས་གྱུར་པའི་ལྡན་པའོ། །འཇུག་པའི་དོན་ནི་མཚན་ཉིད་ཀྱི་འཇུག་པ་དང༌། རྟེན་ལ་འཇུག་པ་དང༌། ཕྱིན་ཅི་ལོག་གི་འཇུག་པ་དང༌། ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ་དང༌། རབ་ཏུ་དབྱེ་བའི་འཇུག་པའོ། །རྣམ་པར་བཤད་པ་རྣམ་པར་ངེས་པ་གང་ཞེ་ན། གང་གིས་མདོ་སྡེ་རྣམས་རྣམ་པར་བཤད་པར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དང༌། ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང༌། ཡོངས་སུ་ཤེས་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་རབ་ཏུ་ཤེས་པའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། བཅུ་བཞི་ནི་རྣམ་པར་བཤད་པའི་བསྡུ་བའི་སྒོ་དང༌། དངོས་པོ་བསྡུ་བའི་སྒོ་དང༌། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་དང༌། གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་དང༌། སྤོང་བའི་སྒོ་དང༌། ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་དང༌། ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་དང༌། གང་ཟག་རྣམ་པར་གཞག་པའི་སྒོ་དང༌། རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་སྒོ་དང༌། ཚུལ་གྱི་སྒོ་


DTG134_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་དང༌། སྟོབས་དང་སྟོབས་མ་ཡིན་པའི་སྒོ་དང༌། བཟློས་ཏེ་བརྗོད་པའི་སྒོ་དང༌། མངོན་པར་བསྒྲུབ་པའི་སྒོའོ། །རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་གཏན་ལ་དབབ་པ་གང་ཞེ་ན། ཇི་སྐད་དུ་བསྟན་པའི་ཆོས་རྣམས་ལ་ཅི་རིགས་སུ་སྦྱར་ཏེ། གཅིག་ནས་རྟོགས་པ་དང༌། ཚིག་གོང་མ་དང་སྦྱོར་བ་དང༌། ཚིག་འོག་མ་དང་སྦྱོར་བ་དང༌། མུ་གཉིས་པ་དང༌། མུ་གསུམ་པ་དང༌། མུ་བཞི་པ་དང༌། དེ་བཞིན་ནོ་ཞེས་བྱ་བ་དང༌། སྤོང་བའོ། །ཡང་དག་པར་འདྲི་བ་རྣམ་པར་ངེས་པ་གང་ཞེ་ན། རྣམ་པར་བརྒྱད་དེ། ཅི་ཞེས་བསྟན་པ་ཡང་དག་པར་འདྲི་བ་རྣམ་པར་ངེས་པ་དང༌། ཅི་ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ལ་ཡང་དེ་བཞིན་ནོ། །ཡང་རྣམ་པར་ངེས་པའི་ལམ་བཞི་སྟེ། སུན་འབྱིན་པར་བྱེད་པ་དང༌། སྒྲུབ་པར་བྱེད་པ་དང༌། གཅོད་པར་བྱེད་པ་དང༌། ཁོང་དུ་ཆུད་པར་བྱེད་པའོ། །བསྡུ་བ་རྣམ་པར་ངེས་པ་གང་ཞེ་ན། གནས་བཅུས་རྣམ་པར་ངེས་པ་བསྡུས་པར་འགྱུར་ཏེ། གནས་བཅུ་གང་ཞེ་ན། བྱ་བ་བསྒྲུབ་པ་རྣམ་པར་ངེས་པ་དང༌། འཇུག་པ་རྣམ་པར་ངེས་པ་དང༌། མོས་པ་རྣམ་པར་ངེས་པ་དང༌། རིགས་པས་རྣམ་པར་ངེས་པས་དང༌། འཕེལ་བའི་གཏམ་གྱིས་རྣམ་པར་ངེས་པ་དང༌། རབ་ཏུ་རྟོག་པས་རྣམ་པར་ངེས་པ་དང༌། རྣམ་པར་དག་པས་རྣམ་པར་ངེས་པ་དང༌། མངོན་པར་བསྒྲུབས་པས་རྣམ་པར་ངེས་པ་དང༌། ཚིག་རབ་ཏུ་དབྱེ་བས་རྣམ་པར་ངེས་པ་དང༌། ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་བསྒྲུབ་པ་རྣམ་པར་ངེས་པའོ། །སྨྲ་བ་རྣམ་པར་ངེས་པ་གང་ཞེ་ན། སྨྲ་བ་དང༌། སྨྲ་བའི་ཞལ་ཆེ་བ་དང༌། སྨྲ་བའི་གཞི་དང༌། སྨྲ་བའི་རྒྱན་དང༌། སྨྲ་བ་ཆད་པས་བཅད་པ་དང༌། སྨྲ་བ་ལས་འབྱུང་བ་དང༌། སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་སོ། །སྨྲ་བ་གང་ཞེ་ན། སྨྲ་བ་དང༌། རྨད་ཁྱེར་བ་སྨྲ་བ་དང༌། རྩོད་པ་སྨྲ་བ་དང༌། ཚིག་ངན་སྨྲ་བ་དང༌། མཐུན་པར་སྨྲ་བ་དང༌། གདམས་པ་སྨྲ་བའོ། །སྨྲ་བ་ནི་ཚིག་བརྗོད་པ་ཐམས་ཅད་དོ། །


DTG134_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་ཁྱེར་བ་སྨྲ་བ་ནི་འཇིག་རྟེན་ན་གྲགས་པའོ། །རྩོད་པ་སྨྲ་བ་ནི་ཕན་ཚུན་མི་མཐུན་པར་གནས་པའོ། །ཚིག་ངན་སྨྲ་བ་ནི་ཕན་ཚུལ་ཚིག་རླུང་པོས་ཉེ་བར་གནས་པའོ། །མཐུན་པར་སྨྲ་བ་ནི་ཡེ་ཤེས་མཐོང་བ་རྣམ་པར་དག་པ་དང་མཐུན་པའི་འབྲེལ་བའི་གཏམ་རྣམ་པར་ངེས་པའོ། །གདམས་པ་སྨྲ་བ་ནི་སེམས་མཉམ་པར་མ་བཞག་པ་མཉམ་པར་གཞག་པར་བྱ་བ་དང༌། སེམས་མཉམ་པར་གཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་བསྟན་པའོ། །སྨྲ་བའི་ཞལ་ཆེ་བ་ནི་རྒྱལ་པོ་བཞུགས་པ་དང༌། བསྐོས་པ་འདུ་བའི་ས་དང༌། འདུས་པ་དང། ཚད་མར་རུང་བའི་ཟླ་གྲོགས་རྣམས་དང༌། དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་པ་རྣམས་སོ། །སྨྲ་བའི་གཞི་ནི་བསྒྲུབ་པ་དང༌། སྒྲུབ་པའོ། །བསྒྲུབ་པ་ནི་ངོ་བོ་ཉིད་དང་ཁྱད་པར་རོ། །སྒྲུབ་པ་ནི་དམ་བཅའ་བ་དང༌། གཏན་ཚིགས་དང༌། དཔེ་དང༌། ཉེ་བར་སྦྱར་བ་དང༌། མཇུག་སྡུད་པ་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་ངོ༌། །ངོ་བོ་ཉིད་བསྒྲུབ་པ་ནི་བདག་གི་ངོ་བོ་ཉིད་དང༌། ཆོས་ཀྱི་ངོ་བོ་ཉིད་དོ། །ཁྱད་པར་ནི་བདག་གི་ཁྱད་པར་དང༌། ཆོས་ཀྱི་ཁྱད་པར་རོ། །དམ་བཅའ་བ་ནི་བདག་འདོད་པ་བསྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པའོ། །གཏན་ཚིགས་ནི་བསྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང༌། མི་དམིགས་པ་བསྙད་པའོ། །དཔེ་ནི་མཐའ་མཐོང་བ་དང༌། མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྙད་པའོ། །ཉེ་བར་སྦྱར་བ་ནི་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་ཆོས་སྦྱར་བའི་ཚུལ་གྱིས་མཐུན་པར་བསྙད་པའོ། །མཇུག་སྡུད་པ་ནི་མཐར་ཕྱིན་པར་བསྙད་པའོ། །མངོན་སུམ་ནི་རང་གི་དོན་ཡོད་ཅིང་སྣང་ལ་མ་ནོར་བའོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་ལ་ཡིད་ཆེས་པའོ། །ཡིད་ཆེས་པའི་ལུང་ནི་དེ་གཉི་ག་དང་མི་འགལ་བར་སྟོན་པའོ། །སྨྲ་བའི་རྒྱན་ནི་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་དང༌། ཚིག་


DTG134_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་དང༌། མི་འཇིགས་པ་དང༌། བརྟན་པ་དང༌། མཐུན་པར་བྱེད་པའོ། །སྨྲ་བ་ཆད་པས་གཅད་པ་ནི་གཏམ་རྗེས་གཅད་པ་དང༌། གཏམ་འཕྲོ་ལུས་དང༌། གཏམ་གྱི་ཉེས་པའོ། །གཏམ་རྗེས་གཅད་པ་ནི་རང་གི་སྨྲ་བའི་སྐྱོན་ཁས་བླང་བ་དང༌། གཞན་གྱི་སྨྲ་བའི་ཡོན་ཏན་ཁས་བླང་བའོ། །གཏམ་འཕྲོ་ལུས་པ་ནི་འདི་ལྟ་སྟེ། གཞན་ནས་གཞན་དུ་བརྒྱུད་པའམ། གཏམ་གཞན་སྨྲ་བ་སྟེ། མདོ་སྡེ་ལས་ཇི་སྐད་འབྱུང་བ་ལྟ་བུའོ། །གཏམ་གྱི་ཉེས་པ་ནི་ཅལ་ཅོལ་དང༌། འཁྲུགས་པ་དང༌། བརྡ་ཕྲད་དུ་མི་རུང་བ་དང༌། རན་པ་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། དུས་ཚིགས་མ་ཡིན་པར་སྨྲ་བ་དང༌། མི་བརྟན་པ་དང༌། མི་བསལ་བ་དང༌། ཚིག་རྒྱུན་ཆགས་པ་མ་ཡིན་པའོ། །སྨྲ་བ་ལས་འབྱུང་བ་ནི་ཕྱིར་རྒོལ་བ་སྣོད་མ་ཡིན་པ་དང༌། འཁོར་ཡོན་ཏན་མེད་པ་དང༌། བདག་ཀྱང་མི་མཁས་པར་རིག་ནས་སྨྲ་བར་མི་བྱ་བ་དང༌། ཕྱིར་རྒོལ་བ་སྣོད་དུ་གྱུར་བ་ཞིག་གམ། འཁོར་ཡོན་ཏན་དང་ལྡན་ནམ། བདག་ཀྱང་མཁས་པར་རིག་ནས་སྨྲ་བར་བྱའོ། །སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་ནི་བདག་དང་གཞན་གྱི་གཞུང་ལུགས་ལ་མཁས་པ་སྟེ། དེས་ཐམས་ཅད་དུ་སྨྲ་བར་བྱེད་དོ། །མི་འཇིགས་པ་ནི་གང་གིས་འཁོར་ཐམས་ཅད་དུ་སྨྲ་བར་བྱེད་པའོ། །སྤོབས་པ་ནི་གང་གིས་ཐམས་ཅད་དུ་ལན་གདབ་པ་ཤེས་པའོ། །ཡང་དག་ལེགས་སུ་འདོད་པས་སྨྲ་བའི་ཚུལ་ཤེས་པར་བྱའི་བརྩད་ཅིང་སྨྲ་བར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་བརྩོན་པ་ནན་ཏན་སྙིང་པོར་བྱེད་པ་སེམས་ཅན་སྡུད་པ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། གཞན་དག་དང་རྩོད་པས་སྨྲ་བར་མི་བྱའོ། །བཅུ་གཉིས་གང་ཞེ་ན། དམ་


DTG134_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱི་དོན་གྱི་མཆོག་དང་ལྡན་པ་བཤད་པ་ཀུན་ཤེས་པ་དཀོན་པ་དང༌། ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན་པ་དང༌། ཚོགས་པ་མཁས་པ་དང་རྟོགས་པ་དང༌། ལྡན་པ་རྣམས་དཀོན་པ་དང༌། ཕྱོགས་ངན་པ་ཡོངས་སུ་འཛིན་ཅིང་མངོན་པར་ཞེན་པའི་ཉེས་པ་དང༌། ངན་གཡོ་སྨྲ་བའི་ཉེས་པ་དང༌། དུས་མ་ཡིན་པར་གཏམ་ལ་སྦྱོར་བའི་ཉེས་པ་དང༌། གཏམ་ཁྱད་དུ་གསོད་པའི་ཉེས་པ་དང༌། ཚིག་བརླང་པོའི་ཉེས་པ་དང༌། ཡིད་འཁྲུགས་པའི་ཉེས་པ་དང༌། གང་ཉེས་པ་རྣམ་པ་དྲུག་སྤངས་ཏེ་སྨྲ་བ་དཀོན་པ་དང༌། འཁྲུགས་པ་མེད་པར་སྨྲ་བ་དཀོན་པ་དང༌། གཞན་གྱི་སེམས་བསྲུང་ཞིང་སྨྲ་བ་དཀོན་པ་དང༌། ཏིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་པ་དང༌། རྒྱལ་བའམ་ཕམ་པའི་སེམས་མེད་པར་སྨྲ་བ་དཀོན་པ་དང༌། རྒྱལ་བའམ་ཕམ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་དཀོན་པ་དང༌། ཀུན་ནས་ཉོན་མོངས་པར་གྱུར་པ་རེག་པར་གནས་པ་དཀོན་པ་དང༌། རེག་པར་མི་གནས་པ་དགེ་བའི་ཆོས་རྣམས་ལ་རྒྱུན་དུ་བསྒོམ་པ་དཀོན་པ་དང༌། དགེ་བའི་ཆོས་རྒྱུན་དུ་མི་བསྒོམ་པ་སེམས་མཉམ་པར་མ་བཞག་པ་ལ་མཉམ་པར་གཞག་པ་དང༌། སེམས་མཉམ་པར་གཞག་པ་ལ་རྣམ་པར་གྲོལ་བ་དཀོན་པའོ་ཞེའོ། །ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་རྣམས་ཀྱི་དོན་གཞན་དུ་བརྗོད་ལ་དོན་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ་ཕ་དང་མ་ནི་བསད་བྱས་ཤིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ། ཡིད་མི་ཆེས་དང་བྱས་མི་གཟོ། །མི་གང་ཁྱིམ་འབིགས་བྱེད་པ་དང༌། །གོ་སྐབས་བཅོམ་དང་སྐྱུགས་པ་ཟ། །དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །སྙིང་པོ་མེད་པ་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་རབ་སྙོན་


DTG134_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ལྔ་གང་ཞེ་ན། སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་དང༌། སྦྱིན་པས་ཡོངས་སུ་སྐྱོ་བ་དང༌། སློང་བ་ལ་ཚིག་པ་ཟ་བ་དང༌། རེས་འགའ་ཅི་ཡང་སྦྱིན་པར་མི་བྱེད་པ་དང༌། སྦྱིན་པ་ལས་རིང་དུ་གྱུར་པའོ། །ཞེས་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་ཚངས་པར་སྤྱོད་པ་ཡིན་ཞིང༌། །ཚངས་པར་སྤྱོད་པ་མཆོག་དང་ལྡན་པ་སྟེ། འཁྲིག་པ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་བ་དང༌། འཁྲིག་པ་སྤང་བ་ལ་གཡེལ་བ་དང༌། འཁྲིག་པའི་འདོད་ཆགས་སྐྱེས་པ་དང༌། དུ་ལེན་པ་དང༌། འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་དང༌། རྒྱུན་མི་འཆད་པར་གཉིས་ཀྱིས་གཉིས་སྦྱོར་བ་ཞེས་གསུངས་པ་ལྟ་བུའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས། འབྲེལ་བའི་གཏམ་རྣམ་པར་ངེས་པ་ཀུན་ལས་བཏུས་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་ལྔ་པའོ།། །།བསྟན་བཅོས་འདི་ཅིའི་ཕྱིར་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་ཞེ་ན། རྟོགས་ནས་བསྡུས་པའི་ཕྱིར་རོ། །ཀུན་ནས་བསྡུས་པའི་ཕྱིར་རོ། །ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་ཀུན་ལས་བཏུས་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། །།


DTG134_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]


DTG134_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]


previousཆོས་མངོན་པ་ཀུན་ལས་བཏུས་པ། ཐོགས་མེད།next