མངོན་པ་ཆོས་ཀུན་ནས་བཏུས་པའི་རྣམ་པར་བཤད་པ་ཞེས་བྱ་བ།
རྒྱལ་བའི་སྲས།
རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ས་མུ་ཙྪ་ཡ་བྱཱ་ཁྱཱ་ནཱ་མ། བོད་སྐད་དུ། མངོན་པ་ཆོས་ཀུན་ནས་བཏུས་པའི་རྣམ་པར་བཤད་པ་ཞེས་བྱ་བ། འཕགས་པ་གསུང་གི་དབང་པོ་ལ་ཕྱག་འཚལ་ལོ། །རྟོགས་པ་ངེས་གནས་དྲི་མེད་དོན། །གང་སྤྱོད་རྒྱ་མཚོའི་ཕ་རོལ་གཤེགས། །ཆོས་ཀུན་དབང་ཕྱུག་བསམ་མི་ཁྱབ། །འདུལ་བའི་ཐབས་ཀྱིས་འདྲེན་པ་ཅན། གཞལ་མེད་ལེགས་གྱུར་ཡོན་ཏན་ནི། །རང་དང་གཞན་དོན་གཉིས་ལ་བརྟེན། །སངས་རྒྱས་ཆོས་དང་འཕགས་པ་ཡི། །ཚོགས་ལའང་དེ་ཕྱིར་ཕྱག་འཚལ་ལོ། །མདོ་སྡེ་རྣམ་པར་བཤད་པའི་ཚིག །བསྟན་བཅོས་གང་གིས་ཡང་དག་བསྡུ། །རྣམ་པར་དབྱེ་བ་རྣམས་ཀྱང་སྟེ། །རྟོགས་པར་དཀའ་རྣམས་ཡང་དག་དགྲོལ། །
ཚིགས་སུ་བཅད་པ་འདི་དག་གིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་རྒྱ་ཆེར་བཤད་པ་རྣམས་ཉེ་བར་བསྡུས་ཏེ་ཕྱག་མཛད་པ་དང༌། མདོ་སྡེའི་རྣམ་པར་བཤད་པ་བྱེད་པ་པོར་མཛད་དེ། ཇི་ལྟར་འབྱུང་བ་དང་གང་མཛད་པ་རྣམས་བསྟན་བཅོས་གཞན་གྱི་གནས་དེ་རྣམས་ཀུན་ནས་བཏུས་པའི་ཕྱིར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་ཆོས་བསྟན་པ་ཀུན་ལ་བརྟེན་པ་དང༌། སློབ་དཔོན་རང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་བཞིན་དེའི་སྟོབས་ཀྱིས་དེ་མ་ཐག་པར་བསྟོད་པ་ལ་རབ་ཏུ་ཞུགས་ཏེ། དེའི་རྣམ་པ་འདིར་བསྟན་པས་འཕགས་པ་སློབ་པའི་སྡེ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་ཆོས་ཀྱི་དབྱིངས་ཀྱི་གནས་ཉིད་ཀྱི་རྒྱུ་མཐུན་པའི་ཕྱིར་རོ། །མདོ་སྡེའི་རྣམ་བཤད་མཛད་པ་དག་གིས་བཅོམ་ལྡན་འདས་ཀྱི་ཆེ་བའི་ཡོན་ཏན་གྱི་ཆོས་གཅིག་བསྟན་ན་འང༌། བློ་ཆུང་བ་རྣམས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་རྟོགས་པ་ལ་བརྟེན་ནས་རྗེས་སུ་འཇུག་ཅིང་བསྟན་བཅོས་ལ་སྤྱོད་པའི་ཕྱིར་རོ། །དེ་ལ་དང་པོའི་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དོན་དྲུག་ཡོངས་སུ་བསྟན་ཏེ། རང་གི་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ཕྲིན་ལས་དང༌། སྦྱོར་བ་དང༌། འཇུག་པ་རྣམས་སོ། །དེ་ལ་རེ་ཞིག །རྟོགས་པ་ངེས་གནས་དྲི་མེད་དོན། །ཞེས་བྱ་བ་འདིས་ནི་རང་གི་ངོ་བོ་ཡོངས་སུ་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་གནས་པ་ལ་ཡོངས་སུ་ཞུགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གང་སྤྱོད་རྒྱ་མ་ཆོའི་ཕ་རོལ་གཤེགས། །ཞེས་པ་འདིས་ནི་རྒྱུའི་དོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུའི་སྤྱོད་པ་རྣམ་པ་ཐམས་ཅད་པ་མཐའ་ཡས་པ་དུས་བསྐལ་བ་གྲངས་མེད་པར་ཡོངས་སུ་གོམས་པའི་རྒྱུས་ངེས་པར་འབྱུང་པའི་ཕྱིར་རོ། །ཆོས་ཀུན་དབང་ཕྱུག་ཅེས་པ་འདིས་ནི་འབྲས་བུའི་དོན་ཏེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མཐའ་ཡས་པ་བཅོམ་པའི་ཕྱིར་དང་ཡོན་ཏན་བླ་ན་མེད་པར་གྱུར་པའི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ན་ཆོས་ཀུན་ལ་དབང་སྒྱུར་བའི་
ཕྱིར་རོ། །བསམ་མི་ཁྱབ། འདུལ་བའི་ཐབས་ཀྱིས་འདྲེན་པ་ཅན། །ཞེས་པ་འདིས་ནི་ཕྲིན་ལས་ཀྱི་དོན་ཏེ། ཀུན་ཤེས་པས་འདས་པའི་ཡུལ་ཀུན་བརྗོད་པ་དང༌། རྫུ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལ་སོགས་པ་དཔག་ཏུ་མེད་པ་འདུལ་བའི་ཐབས་ཀྱིས་བཏུལ་ཏེ། སེམས་ཅན་གྱི་སེམས་ཀྱི་ཁམས་ཡོངས་སུ་དག་པར་འདུལ་བའི་ཕྱིར་རོ། །གཞལ་མེད་ལེགས་གྱུར་ཡོན་ཏན་ནི། །ཞེས་པ་འདིས་ནི་སྦྱོར་བའི་དོན་ཏེ། རྟོག་པ་དང་དཔྱོད་པ་ལས་ཤིན་ཏུ་འདས་པ་ཡོངས་སུ་ཕན་པའི་རྣམ་པ་མ་ལུས་པས་དཀའ་བ་སྤྱོད་པའི་ངེས་པར་འབྱུང་བ་དང༌། བླ་ན་མེད་པའི་སྙིང་རྗེ་ཆེན་པོ་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པའི་ཆོས་དཀོན་མཆོག་ལ་སྦྱོར་བའི་ཕྱིར་རོ། །རང་དང་གཞན་དོན་གཉིས་ལ་བརྟེན། །ཞེས་པ་འདིས་ནི་འཇུག་པའི་དོན་ཏེ། རང་དང་གཞན་གྱི་དོན་གཉིས་ལ་གནས་པའི་མཚན་ཉིད་ཀྱི་ཕྱིར་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པའི་སྐུ་རྣམས་ཇི་ལྟར་རིགས་པར་རང་དོན་གཙོ་ཆེ་བ་ལ་བརྟེན་པ་དང༌། མཐའ་ཡས་པའི་གཞན་དོན་གཙོ་ཆེ་བ་ཉིད་ལ་བརྟེན་པའོ། །བརྟེན་ཞེས་པ་ནི་སྐུ་སྟོན་ཞེས་པའི་དོན་ཏེ། གཉིས་ལ་བརྟེན་ཞེས་པ་ནི་གཙོ་ཆེར་སྤྱད་པར་བྱ་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་རྣམས་ཀྱི་རང་དོན་གཙོ་ཆེ་བ་སྟེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས་སུ་ངེས་ཡོངས་སུ་དགྱེས་པར་ཟབ་མོའི་ཆོས་ཀྱི་ལོངས་སྤྱོད་སོ་སོར་རྗེས་སུ་མྱོང་བའི་ཕྱིར་རོ། གཞན་དོན་གཙོ་ཆེ་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོ་སོ་ཇི་ལྟ་བར་རང་ཉིད་བཟོའི་ལས་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་བྱ་བ་ཀུན་བསྒྲུབ་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་སྐུ་དེ་བཞིན་གཤེགས་པ་ཀུན་དང་ཐུན་མོང་བ་ཤིན་ཏུ་ཕྲ་བའི་སྒྲིབ་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་གནས་སུ་ཡོངས་སུ་སྒྱུར་བའི་མཚན་ཉིད་ཆོས་ཀྱི་སྐུ་རང་དོན་གཙོ་ཆེ་བ་མ་ཐོབ་པ་ཐོབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུའི་དབྱེ་བ་རྣམ་པ་གསུམ་ལ་འཇུག་པར་བྱེད་དོ། །བསྟོད་པ་འདི་ཉིད་ཀྱིས་ཆོས་དང༌། དགེ་འདུན་གྱི་ཡོན་ཏན་ཀྱང་བཤད་པར་རིགས་པར་བྱ་སྟེ། རང་གི་ངོ་བོ་དང༌། རྒྱུ་དང༌། འབྲས་བུའི་
དོན་བཟུང་ནས་ཆོས་དཀོན་མཆོག་གིའོ། །དེ་སློབ་པ་དང༌། མི་སློབ་པའི་ངེས་པར་འབྱུང་བའི་ཕྱིར་དགེ་འདུན་དཀོན་མཆོག་གིའོ། །སློབ་མ་རྣམས་ཀྱིས་རྟོགས་སླ་བའི་དོན་དུ་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པའང་མཛད་དེ། དུ་དང་ཅིའི་ཕྱིར་ཉེར་ལེན་རྣམས། །མཚན་ཉིད་དེ་ཡི་གནས་རྣམས་ཏེ། །གོ་རིམས་དོན་དང་དཔེར་དབྱེ་དང༌། །བསྡུས་པ་ལ་སོགས་བཞི་པོ་ནི། །བསྡུས་པས་སྦྱོར་དང་ལྡན་དེ་ཉིད། །རྣམ་པར་ངེས་དང་དབྱེ་བ་བཞི། །བདེན་དང་ཆོས་ཐོབ་ཡང་དག་གཏམ། །རྣམ་པར་ངེས་པའི་དབྱེ་བ་སྟེ། །ཀུན་ནས་བཏུས་པའི་སྤྱི་སྡོམ་མོ། །ཅིའི་ཕྱིར་བསྟན་བཅོས་འདི་བརྩམས་ཤེ་ན། །ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ། དུ་དང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསམ་པའི་གནས་རྣམས་ལ་མཁས་པར་བྱ་བའི་ཕྱིར་བརྩམས་སོ། །འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་གཉིས་ཐོབ་སྟེ། ཡིད་ལ་བྱེད་པའི་ཕན་ཡོན་དང༌། ཡང་དག་པའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནོ། །དེ་ལ་ཡིད་ལ་བྱེད་པའི་ཕན་ཡོན་ནི། ཞི་གནས་ཀྱི་རྗེས་སུ་མཐུན་པ་དང༌། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི། གནས་འདི་དག་ལའང་མཁས་པར་བྱས་པ་ན། ཐེ་ཚོམ་མེད་པས་ཇི་ལྟར་དམིགས་པ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པ་ནི། རྣམ་པ་མང་པོར་ཤེས་བྱ་ཡོངས་སུ་བརྟགས་པས། ཤེས་རབ་ཁྱད་ཞུགས་པར་འགྲོ་བའི་ཕྱིར་རོ། །ཡང་དག་པའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནི། གནས་འདི་དག་ལ་མཁས་པས་འདྲི་བ་ཐམས་ཅད་ལུང་སྟོན་པའི་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་བལྟའོ། །ཕུང་པོ་རྣམས་ནི་དུ། ཁམས་རྣམས་ནི་དུ། སྐྱེ་མཆེད་རྣམས་ནི་དུ། ཕུང་པོ་རྣམས་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །ཁམས་རྣམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་
པའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། རྣ་བའི་སྐྱེ་མཆེད་དང༌། སྒྲའི་སྐྱེ་མཆེད་དང༌། སྣའི་སྐྱེ་མཆེད་དང༌། དྲིའི་སྐྱེ་མཆེད་དང༌། ལྕེའི་སྐྱེ་མཆེད་དང། རོའི་སྐྱེ་མཆེད་དང༌། ལུས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །ཅིའི་ཕྱིར་ཕུང་པོ་རྣམ་པ་ལྔ་ཁོ་ན། བདག་གི་དངོས་པོ་རྣམ་པ་ལྔ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་ཏེ། བདག་གི་དངོས་པོ་ལུས་ཡོངས་སུ་གཟུང་བ་དང་བཅས་པ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང༌། བདག་གི་དངོས་པོ་ཉེ་བར་ལོངས་སྤྱོད་པ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང༌། བདག་གི་དངོས་པོ་ཐ་སྙད་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང༌། བདག་གི་དངོས་པོ་ཆོས་དང་ཆོས་མ་ཡིན་པར་འབྱུང་བ་ཉེ་བར་ལེན་པའི་ཕྱིར་དང༌། བདག་གི་དངོས་པོ་དེ་རྣམས་ཀྱི་རྟེན་འབྱུང་བ་ཉེ་བར་ལེན་པའི་ཕྱིར་རོ། །བདག་གི་དངོས་པོ་རྣམ་པ་ལྔ་འབྱུང་བ་ཉེ་བར་ལེན་པའི་ཕྱིར་ཏེ་ཞེས་བྱ་བ་འདི་ལ་རྣམ་པ་བཞི་ནི་བདག་གི་གནས་ཡིན་པས་བདག་གི་དངོས་པོའོ། །ལྔ་པ་ནི་བདག་གི་མཚན་ཉིད་ཁོ་ན་སྟེ། རྟེན་ཡིན་པས་བདག་གི་དངོས་པོར་རིག་པར་བྱའོ། །ལུས་ཡོངས་སུ་གཟུང་བ་དང་བཅས་པས་ནི་ཕྱི་དང་ནང་གི་གཟུགས་ཀྱི་ཕུང་པོ་བསྡུས་པར་རིག་པར་བྱའོ། །ཚོར་བ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ཉིད་དེ། དེ་དག་གི་མཚན་ཉིད་སྟོན་པར་ཤེས་པར་བྱའོ། །དེ་དག་གི་རྟེན་ནི་བདག་གི་དངོས་པོ་རྣམ་པར་ཤེས་པ་སྟེ། ལུས་ཡོངས་སུ་གཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་རྟེན་ནི་དེ་དག་གི་མཚན་ཉིད་དེ་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཇིག་རྟེན་ན་ཕལ་ཆེས་རྣམ་པར་ཤེས་པ་ལ་ནི་བདག་ཏུ་འཛིན་ལ། ལྷག་མ་རྣམས་ལ་ནི་བདག་གིར་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཁམས་རྣམས་
བཅོ་བརྒྱད་ཁོ་ན། ལུས་དང་ཡོངས་སུ་གཟུང་བ་རྣམས་ཀྱིས་འདས་པ་དང༌། ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པ་ཉེ་བར་ལེན་པའི་ཕྱིར་རོ། །ལུས་དང་ཡོངས་སུ་གཟུང་བ་དག་གིས་ཞེས་བྱ་བ་ནི། མིག་ལ་སོགས་པའི་དབང་པོ་དྲུག་གིས་དང༌། གཟུགས་ལ་སོགས་པའི་ཡུལ་དྲུག་གིས་སོ། །འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་རྣམ་པ་དྲུག་ནི་རྣམ་པར་ཤེས་པ་དྲུག་སྟེ། དེ་འཛིན་པ་ནི་རྟེན་དང་དམིགས་པའི་དངོས་པོར་འཛིན་ཏོ། །དབང་པོ་དང་ཡུལ་རྣམས་ཏེ། བཅུ་གཉིས་ནི་དེ་ལྟར་དེ་འཛིན་པའི་ཕྱིར་ཁམས་ཉིད་དོ། །རྣམ་པར་ཤེས་པ་རྣམས་ནི་ཡང་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཉིད་དུ་རིག་པར་བྱའོ། །ཇི་ལྟར་འདས་པ་དང་ལྟར་བྱུང་བའི་དམིགས་པ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འཛིན་པ་ཅན་ནི་མ་འོངས་པ་ཉིད་དོ། །ཅིའི་ཕྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ན། ལུས་དང་ཡོངས་སུ་གཟུང་བ་གཉིས་ཉིད་ཀྱིས་མ་འོངས་པའི་ཉེར་སྤྱོད་རྣམ་པ་དྲུག་གི་སྒོ་ཉེ་བར་ལེན་པའི་ཕྱིར་རོ། །སྐྱེ་བའི་སྒོ་ཙམ་ཡིན་པའི་ཕྱིར། དབང་པོ་དང་དོན་ཙམ་གཟུང་བས་སྐྱེ་མཆེད་བཅུ་གཉིས་ཁོ་ན་རྣམ་པར་གཞག་པ་ཡིན་ཏེ། ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་རྣམ་པར་ཤེས་པ་དྲུག་གི་སྐྱེ་མཆེད་ནི་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བརྗོད། ཉེ་བར་ལེན་པར་སྦྱོར་བས་དེས་ན་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བརྗོད་དོ། །ཉེ་བར་ལེན་པའི་རྣམ་པ་གང་འདིར་འདུན་པ་དང༌། འདོད་ཆགས་ཉིད་ཉེ་བར་ལེན་པ་སྟེ། མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་མངོན་པར་འགྲུབ་པ་དང༌། ཡོངས་སུ་མི་གཏོང་བར་ཉེ་བར་ལེན་པའི་ཕྱིར་ཏེ། མ་འོངས་པ་ལ་འདོད་པ་དང་ད་ལྟར་ལ་ལྷག་པར་ཆགས་པའི་ཕྱིར། ཉེ་བར་ལེན་པ་ནི་འདུན་པ་དང་འདོད་ཆགས་ཏེ། དེ་ལ་འདུན་པ་ནི་འདོད་པའོ། །འདོད་ཆགས་ནི་ལྷག་པར་ཆགས་པའོ། །འདུན་པས་ནི་མ་འོངས་པའི་ལུས་འདོད་པའི་སྒོ་ནས་ལེན་ཏེ། དེས་མ་འོངས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་བོ། །འདོད་ཆགས་ཀྱིས་ནི་ད་ལྟར་གྱི་ལུས་ལ་ལྷག་པར་ཆགས་པའི་སྒོ་ནས་ལེན་ཏེ། དེས་ན་ལྟ་བའི་ཕུང་པོ་རྣམས་ཡོངས་སུ་མི་བཏོད་དོ། །དེ་བས་ན་དེ་གཉི་ག་ལ་ཉེ་བར་ལེན་པ་ཞེས་བརྗོད་པར་བྱའོ། །རྒྱུ་གང་
གིས་ཁམས་དང་སྐྱེ་མཆེད་རྣམས་ཉེ་བར་ལེན་པ་དང་བཅས་པའི་ཆོས་ཞེས་བརྗོད། དེ་ལ་ཕུང་པོ་ལྟར་བཤད་དོ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་ལྡན་པ་རྣམས་ཏེ། དེའི་ཕྱིར་ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་ཞེས་རིག་པར་བྱའོ། །གཟུགས་རྣམས་ཀྱི་ཕུང་པོའི་མཚན་ཉིད་རྣམས་གང་གཟུགས་ཀྱི་མཚན་ཉིད་རྣམ་པ་གཉིས་ཀྱི་ཚུལ་ཏེ། རེག་པས་གཟུགས་དང་ཡུལ་སྤྱད་པའི་གཟུགས་སོ། །རེག་པ་གཟུགས་གང་ལགས་པས་ཀུན་དུ་རེག་ན་རེག་པ་གཟུགས་ཏེ། བོང་བས་ཀུན་དུ་རེག་པའམ། དབྱིག་པས་ཀུན་དུ་རེག་པའམ། མཚོན་ཆས་ཀུན་དུ་རེག་པ་འམ། གྲང་བ་འམ། ཚ་བ་འམ། བཀྲེས་པ་འམ། སྐོམ་པ་འམ། སྤྲང་བུ་འམ། ཤ་སྦྲང་ངམ། རླུང་ངམ། གདུང་བ་འམ། སྡིག་སྦྲུལ་གྱིས་ཀུན་དུ་རེག་པ་རེག་ན་གཟུགས་སོ། །རེག་པས་གཟུགས་ནི་གཟུགས་རྣམས་ལ་རེག་ན་དངོས་པོ་གཞན་དུ་འགྱུར་བར་རིག་པར་བྱའོ། ཡུལ་དཔྱད་པ་གང་གང་ཡུལ་འདི་དང་འདིའོ། །གཟུགས་འདི་ཉིད་དང་འདི་ལྟ་བུ་ཞེས་མཉམ་པར་བཞག་པ་འམ། མཉམ་པར་མ་བཞག་ པའི་ཡིད་རྟོག་པ་དང་ལྡན་པས་སྣ་ཚོགས་སུ་བྱེད་པའོ། །གང་ཡུལ་ལ་ཞེས་བྱ་བ ་ནི་མངོན་དུ་གྱུར་པའི་ཕྱོགས་ལའོ། །འདི་དང་འདིའོ་ཞེས་བྱ་བ་ནི། ཀེང་རུས་ཀྱི་རིགས་ལ་སོགས་པ་ཤེས་བྱའི་དངོས་པོ་དང་འདྲ་བའི་གཟུགས་བརྙན་ནོ། །འདི་ཉིད་དང་འདི་ལྟ་བུ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གོ །སྣ་ཚོགས་སུ་བྱེད་ཅེས་བྱ་བ་ནི་དེ་ལྟར་འདུ་ཤེས་སོ། །ཚོར་བ་རྣམས་ཀྱི་མཚན་ཉིད་རྣམས་གང༌། རྗེས་སུ་མྱོང་བའི་མཚན་ཉིད་དེ། གང་རྗེས་སུ་མྱོང་བའི་ངོ་བོ་ས་དགེ་བ་འམ། མི་དགེ་བ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་སོ་སོའི་རྗེས་སུ་མྱོང་བའོ། །ལས་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བདེ་བ་རྗེས་སུ་མྱོང་བའོ། །ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་རྗེས་སུ་མྱོང་བའོ། །གཉིས་ཀའི་འབྲས་བུ་རྣམ་པར་སྨིན་པས་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་རྗེས་སུ་མྱོང་བ་སྟེ། འདི་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ལེན་པའི་རྣམ་པར་ཤེས་པ་ནི་རྟག་ཏུ་བཏང་སྙོམས་ཉིད་དང་མཚུངས་པ་ལྡན་པ་ཡིན་ཏེ། བཏང་སྙོམས་དེ་ཉིད་རྣམ་པར་སྨིན་པའོ། །བདེ་
བ་དང་སྡུག་བསྔལ་བ་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར། རྣམ་པར་སྨིན་པ་ཞེས་ཉེ་བར་བཏགས་སོ། །འདུ་ཤེས་ཀྱི་མཚན་ཉིད་རྣམས་གང་རབ་ཏུ་ཤེས་པས་མཚན་ཉིད་དེ། མཚན་མར་འཛིན་པའམ། བཀྲ་བར་བྱེད་པའི་ངོ་བོས་གང་ཇི་ལྟར་མཐོང་བ་དང༌། ཐོས་པ་དང༌། ཞེན་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ཀྱི་ཐ་སྙད་དོ། །མཐོང་བ་དང་ཐོས་པ་དང༌། ཞེན་པ་དང༌། རྣམ་པར་ཤེས་པའི་དོན་རྣམས་ལ་ཞེས་བྱ་བ་ལ་མཐོང་པ་ལ་ནི་གང་མིག་གིས་མྱོང་བའོ། །ཐོས་པ་ནི་གང་རྣ་བས་མྱོང་བའོ་ཞེས་པ་ནི་གང་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་རོ་ཞེས་བདག་ཉིད་ཀྱིས་མངོན་པར་རྟོགས་པའོ། །རྣམ་པར་ཤེས་པ་ནི་གང་སོ་སོ་རང་གིས་མྱོང་བའོ། །ཐ་སྙད་འདོགས་པ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་རྣམས་ཀྱིས་གོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །འདུ་བྱེད་རྣམས་ཀྱི་མཚན་ཉིད་རྣམས་གང༌། མངོན་པར་འདུ་བྱེད་པའི་མཚན་ཉིད་རྣམས་ཏེ། གང་སེམས་ཀྱི་མངོན་པར་འདུ་བྱེད་པའི་ངོ་བོས་དགེ་བ་འམ། མི་དགེ་བ་འམ། ལུང་དུ་མ་བྱས་པ་འམ། གནས་སྐབས་སྣ་ཚོགས་རྣམས་སུ་སེམས་འཇུག་གོ །གནས་སྐབས་སྣ་ཚོགས་རྣམས་སུ་ནི་བདེ་བ་ལ་སོགས་པའི་གནས་སྐབས་རྣམས་སུའོ། །རྣམ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་རྣམས་གང༌། རྣམ་པར་ཤེས་པས་མཚན་ཉིད་དེ། གང་རྣམ་པར་ཤེས་པའི་ངོ་བོས་གཟུགས་རྣམས་ཀྱང་རྣམ་པར་ཤེས་པ་དང༌། སྒྲ་རྣམས་དང༌། དྲི་རྣམས་དང༌། རོ་རྣམས་དང༌། རེག་བྱ་རྣམས་དང༌། ཆོས་རྣམས་ཀྱང་རྣམ་པར་ཤེས་པའོ། །མིག་གི་ཁམས་ཀྱི་མཚན་ཉིད་གང༌། གང་མིག་རྣམས་ལ་གཟུགས་རྣམས་མཐོང་བ་ཅན་དང༌། བལྟ་བ་སྟེ། གང་དེའི་ས་བོན་ཉེ་བར་བསགས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རབ་ཏུ་ལེན་པ་དེ་མིག་གི་ཁམས་ཀྱི་མཚན་ཉིད་རྣམས་སོ། །གང་གིས་མིག་རྣམས་ལ་གཟུགས་རྣམས་མཐོང་བ་ཅན་དང༌། བལྟ་བ་སྟེ་ཞེས་བྱ་བ་ནི་འདས་པའི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་ཁམས་ཉིད་དུ་བསྟན་ཏོ། །བལྟ་བ་ཞེས་བྱ་བ་ནི་ད་ལྟར་གྱི་རྣམ་པར་ཤེས་པ་ཉེ་བར་སྤྱོད་པ་འཛིན་པ་ཉིད་ཀྱིས་སོ། །མིག་གི་ས་བོན་ཉེ་བར་བསགས་པ་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་གང་ཡིན་ཡང་ཁམས་ཏེ། གང་ལས་ཕྱི་མ་ལ་མིག་འགྲུབ་
བའོ། །རྣམ་པར་སྨིན་བའང་ཁམས་ཏེ། གང་ལས་གྲུབ་ཟིན་པའོ། །ས་བོན་རྣམ་པ་དེ་གཉི་ག་ཡང་མིག་གི་རྒྱུ་ཡིན་པས་མིག་གི་ཁམས་ཞེས་བརྗོད་པར་བྱའོ། །མིག་གི་ཁམས་ཇི་ལྟ་བར། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་ཁམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་གང༌། མིག་གང་རྣམས་ལ་གཟུགས་རྣམས་མཐོང་བ་དང་ལྡན་པ་དང་མཐོང་བ་རྣམས་ཏེ། གང་དེ་ལ་མིག་གི་ཁམས་དབང་བ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །མིག་གི་ཁམས་ནི་གཟུགས་ལ་དབང་བྱེད་པ་སྟེ། དབང་པོའི་དབང་གིས་ཕྱི་རོལ་གྱི་ཡུལ་འགྲུབ་པའི་ཕྱིར་ཏེ། རང་གི་རྟེན་དང་དམིགས་པའི་བྱེ་བྲག་ཅན་ནོ། །གཟུགས་ཀྱི་ཁམས་ཇི་ལྟ་བར་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་གང༌། རྟེན་མིག་གིས་དམིགས་པ་གཟུགས་ཀྱིས་སོ་སོར་སྣང་བའི་རྣམ་པར་ཤེས་པ་སྟེ། གང་དེའི་ས་བོན་ཉེ་བར་བསགས་པ་དང༌། རྣམ་པར་སྨིན་པ་ལེན་པའི་རྣམ་པར་ཤེས་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་ངོ༌། །སྐྱེ་མཆེད་ཀྱི་མཚན་ཉིད་གང༌། དེ་ཁམས་བཞིན་བལྟ་བར་བྱ་སྟེ། དེ་ཡང་ཇི་ལྟར་རིགས་པར་ཁམས་བཞིན་བལྟ་བར་བྱའོ། །དེ་ཡང་ཇི་ལྟར་རིགས་པར་ཞེས་པ་ནི་མིག་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང༌། གང་དེའི་ས་བོན་ཞེས་བྱ་བ་ལ་སོགས་པ་ཡང་སྦྱར་རོ། །གཟུགས་ཀྱི་ཕུང་པོའི་རྣམ་པར་གནས་པ་གང༌། གཟུགས་གང་ཅུང་ཟད་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པའོ། །འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པའི་ཞེས་བྱ་བ་ལ། ཉེ་བར་བླངས་པའི་གཟུགས་ཇི་ལྟ་བུ་ཞེ་ན། སྐྱེད་པ་དང༌། རྗེས་སུ་འགྱུར་བ་དང༌། གནས་པར་བྱེད་པ་དང༌། གནོད་པ་དང༌། འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ལ་ནི། རྒྱུ་རྣམ་པ་ལྔའི་དབང་
དུ་བྱས་ནས་བསྐྱེད་པ་ལ་སོགས་པ་ཉིད་རྒྱུ་ཡིན་ཏེ། བསྐྱེད་པའི་རྒྱུ་ཉིད་ནི་དེ་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །རྗེས་སུ་འགྱུར་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་གྱུར་ན་དེ་ལ་གནས་པ་ཉེ་བར་བླངས་པའི་གཟུགས་རྣམས་མི་གནས་པར་འགྱུར་པའི་ཕྱིར་རོ། །གནས་པར་བྱེད་པའི་རྒྱུ་ཉིད་ནི་མཚུངས་པར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ཀྱི་རྒྱུན་རྒྱུན་མི་འཆད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ། །གནོད་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་བསལ་ན་ཉེ་བར་བླངས་པའི་གཟུགས་ལ་སོ་སོར་ཡུལ་གནོད་པའི་མཐུ་མེད་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་དུས་ན་འབྱུང་བ་རྣམས་ཀྱིས་ཉེ་བར་བླངས་པའི་གཟུགས་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་རྣམས་གང༌། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་སོ། །སའི་ཁམས་གང༌། སྲ་བ་ཉིད་དོ། །ཆུའི་ཁམས་གང༌། གཤེར་བ་ཉིད་དོ། །མེའི་ཁམས་གང༌། དྲོ་བ་ཉིད་དོ། །རླུང་གི་ཁམས་གང༌། ཡང་ཞིང་གཡོ་བ་ཉིད་དོ། །ཉེ་བར་བླངས་པའི་གཟུགས་གང༌། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་ཕྱོགས་གཅིག་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །མིག་གི་དབང་པོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱི་ཉེ་བར་བླངས་པ་མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་པའོ། །རྣ་བའི་དབང་པོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་རྣ་བའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །སྣའི་དབང་པོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་སྣའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །ལྕེའི་དབང་པོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་ལྕེའི་རྣམ་པར་ཤེས་པའི་རྟེན་གཟུགས་དང་པའོ། །ལུས་ཀྱི་དབང་པོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །གཟུགས་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་གང་མིག་གི་དབང་
པོའི་སྤྱོད་ཡུལ་གྱི་དོན་ཏེ། ཇི་ལྟར་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་བ་དང༌། ཐུང་བ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། རྡུལ་ཕྲན་དང༌། རགས་པ་དང༌། ཕྱལ་ལེ་བ་དང༌། ཕྱལ་ལེ་བ་མ་ཡིན་པ་དང༌། མཐོ་བ་དང༌། དམའ་བ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། མངོན་པར་གསལ་བ་དང༌། རྣམ་པར་རིག་བྱེད་དང༌། ནམ་མཁའ་ཁ་དོག་གཅིག་པའོ། །དེ་ཡང་ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་དང༌། དེ་གཉི་གའི་བར་ན་གནས་པ་དང༌། ཁ་དོག་དང་འདྲ་བའོ། །སྔོན་པོ་ལ་སོགས་པ་གཟུགས་རྣམ་པ་ཉི་ཤུ་རྩ་ལྔ་ནི་མཚན་ཉིད་དང༌། དབྱིབས་དང༌། ཕན་གནོད་དང༌། ཕྱེད་པའི་རྟེན་དང༌། བྱེད་པའི་མཚན་ཉིད་དང༌། རྒྱན་དང༌། རྣམ་པ་དྲུག་གི་རྣམ་པར་གཞག་པར་རིག་པར་བྱ་སྟེ། བཞི་དང་བཅུ་དང་བརྒྱད་དང༌། གཅིག་དང་གཅིག་གི་གོ་རིམས་བཞིན་ནོ། །དེ་ལ་མངོན་བར་གསལ་བ་ཞེས་བྱ་བ་ནི། དེ་ལས་གཞན་པ་ཐོགས་པར་བྱེད་པའི་རིག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའི་དམིགས་པའོ། །ནམ་མཁའ་ཞེས་བྱ་བ་ནི་གང་སྟེང་ན་སྔོན་པོར་སྣང་བའོ། །སྒྲ་གང་འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ། གཉི་ག་མིན་བའམ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སམ། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སམ། དེ་གཉི་ག་འམ། འཇིག་རྟེན་པས་རབ་ཏུ་རྟོགས་བའམ། གྲུབ་པས་བསྟན་བའམ། ཡོངས་སུ་བརྟགས་བའམ། འཕགས་པའི་ཐ་སྙད་དམ། འཕགས་མིན་གྱི་ཐ་སྙད་དོ། །སྒྲ་ནི་མཚན་ཉིད་དང༌། ཕན་གནོད་དང༌། རྒྱུས་རབ་ཏུ་དབྱེ་བ་དང༌། བཤད་པས་རབ་ཏུ་དབྱེ་བ་དང༌། ཐ་སྙད་ཀྱི་ས་རབ་ཏུ་དབྱེ་བའི་རྣམ་པར་གཞག་གོ །མཚན་ཉིད་ནི་རྣ་བའི་དབང་པོའི་གཟུང་བའི་དོན་གང་ཡིན་པའོ། །བཤད་པའི་རབ་ཏུ་དབྱེ་བ་ནི། འཇིག་རྟེན་པས་རབ་ཏུ་རྟོགས་པ་ལ་སོགས་པ་གསུམ་མོ། །ལྷག་མ་ནི་ཇི་ལྟར་མཐུན་མཐན་དུ་རིག་པར་བྱའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི། འདི་ལྟ་སྟེ། ངག་ལ་སོགས་པའི་སྒྲའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་
ལས་བྱུང་བ་ནི། འདི་ལྟ་སྟེ་ཤིང་ལ་སོགས་པའི་སྒྲའོ། དེ་གཉིས་ཀ་ནི་འདི་ལྟ་སྟེ། ལག་པ་དང་རྫ་རྔ་ལ་སོགས་པའི་སྒྲའོ། །འཇིག་རྟེན་པས་རབ་ཏུ་རྟོགས་པ་ནི་འཇིག་རྟེན་པའི་སྐད་ཀྱིས་བསྡུས་པའོ། །གྲུབ་པས་བསྟན་པ་ནི་འཕགས་པ་རྣམས་ཀྱིས་བསྟན་པའོ། །ཡོངས་སུ་བརྟགས་པ་ནི་མུ་སྟེགས་ཅན་རྣམས་ཀྱིས་བསྟན་པའོ། །འཕགས་པའི་ཐ་སྙད་དམ། འཕགས་མིན་གྱི་ཐ་སྙད་ནི་མཐོང་བ་ལ་སོགས་པའི་ཐ་སྙད་བརྒྱད་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དྲི་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་སྣའི་དབང་པོའི་གཟུང་བའི་དོན་གང། དྲི་བཟང་བའམ། དྲི་ང་བའམ། དྲི་མཉམ་བའམ། ལྷན་སྐྱེས་ལས་སམ། སྦྱར་བ་ལས་སམ། གྱུར་པ་ལས་སོ། །དྲི་ནི་མཚན་ཉིད་དང༌། ཕན་གནོད་དང༌། རབ་ཏུ་དབྱེ་བ་རྣམ་པར་གཞག་གོ །ལྷན་སྐྱེས་ཀྱི་དྲི་ནི་ཙན་དན་ལ་སོགས་པ་རྣམས་སོ། །སྦྱར་བ་ནི་བདུག་སྤོས་སྦྱར་བ་རྣམས་ཀྱིའོ། །གྱུར་པ་ནི་ཤིང་ཏོག་སྨིན་པ་ལ་སོགས་པ་རྣམས་ཀྱིའོ། །རོ་གང༌། འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་ཉེ་བར་བླངས་པ་ལྕེའི་དབང་པོའི་གཟུང་བའི་དོན་གང་དེ་ཡང་ཁ་བའམ། སྒྱུར་བའམ། ཚ་བའམ། བསྐ་བའམ། ལན་ཚྭ་འམ། མངར་བའམ། ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ། དེ་གཉིས་ཀ་ལས་རྣམ་པར་གྲོལ་བའམ། ལྷན་སྐྱེས་སམ། སྦྱར་བ་ལས་སམ། གྱུར་པ་ལས་སོ། །རོའི་རྣམ་པར་གཞག་པ་རྣམས་ནི་དྲི་ལྟར་རིག་པར་བྱའོ། །རེག་བྱའི་ཕྱོགས་གཅིག་གང༌། ལུས་ཀྱི་དབང་པོའི་གཟུང་བའི་དོན་གང་འབྱུང་བ་ཆེན་པོ་རྣམས་ཀྱིས་ཉེ་བར་བླངས་པ་འཇམ་པ་ཉིད་དམ། རྩུབ་པ་ཉིད་དམ། ཡང་བ་ཉིད་དམ། ལྕི་བ་ཉིད་དམ། མཉེན་པ་ཉིད་དམ། ལྷོད་པ་ཉིད་དམ། ལྷོད་མིན་ཉིད་དམ། གྲང་བའམ། བཀྲེས་བའམ། སྐོམ་བའམ། ཚིམ་བའམ། སྟོབས་སམ། སྟོབས་ངན་ནམ། བརྒྱལ་བའམ། གཡའ་བའམ། འགྲེད་བའམ། ན་བའམ། རྒ་བའམ། འཆི་བའམ། ངལ་བའམ། ངལ་སོས་བའམ། སྤུངས་ཆེ་བའོ། །རེག་བྱའི་ཕྱོགས་གཅིག་ནི། ཀུན་དུ་མན་བས་པ་དང༌། ཀུན་དུ་གཞལ་བ་དང༌། རེག་པ་དང༌། ཀུན་དུ་གནོད་པ་དང༌། འདུས་པ་དང༌། ཁམས་
སྙོམས་མ་སྙོམས་ཀྱི་རྣམ་པར་གཞག་གོ །ཆུ་དང་རླུང་འདུས་ན་གྲང་ངོ༌། །ཆུ་དང་ས་འདུས་ན་འགྲེད་དོ། །ཁམས་སྙོམས་ནང་ལ་སོགས་པ་དང༌། སྟོབས་དང་སྤུངས་ཆེ་བར་འགྱུར་ཏེ། སྤུངས་ཆེ་བ་ནི་མི་འཇིགས་པར་རིག་པར་བྱའོ། །ཚིམ་པ་ནི་གཉི་གའོ།། བཀྲེས་པ་ལ་སོགས་པའི་ལྷག་མ་རྣམས་ནི་ཁམས་མ་སྙོམས་པར་རིག་པར་བྱའོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གང༌། དེ་ནི་རྣམ་པ་ལྔར་བལྟ་སྟེ། མངོན་པར་བསྡུས་པ་ཅན་ནམ། མངོན་བར་གསལ་བ་ཅན་ནམ། ཡང་དག་པར་བླངས་པ་ཅན་ནམ། ཡོངས་སུ་བརྟགས་པ་ཅན་ནམ། དབང་འབྱོར་པ་ཅན་ནོ། །མངོན་པར་བསྡུས་པ་ཅན་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །མངོན་པར་གསལ་བ་ཅན་ནི་དེ་ཉིད་དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །ཡང་དག་པར་བླངས་པ་ཅན་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡོངས་སུ་བརྟགས་པ་ཅན་ནི་གཟུགས་བརྙན་གྱི་གཟུགས་སོ། །དབང་འབྱོར་བ་ཅན་ནི་རྣམ་པར་ཐར་པ་ལ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་གང་ཡིན་པའོ། །ཚོར་བའི་ཕུང་པོའི་རྣམ་པར་གནས་པ་གང་ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་བདེ་བའམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བ་འང་མིན་པའོ། །རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བའི་བདེ་བའམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའམ་མིན་པ་སྟེ། བདེ་བ་ལུས་ཀྱིས་སམ། སྡུག་བསྔལ་ལུས་ཀྱིས་སམ། སྡུག་བསྔལ་དང་བདེ་བའང་མིན་པ་ལུས་ཀྱིས་སམ། བདེ་བ་སེམས་ཀྱིས་སམ། སྡུག་བསྔལ་སེམས་ཀྱིས་སམ། སྡུག་བསྔལ་དང་བདེ་བའང་མིན་པར་སེམས་ཀྱིས་སམ། བདེ་བ་དུག་བཅས་སམ། སྡུག་བསྔལ་ལམ་སྡུག་བསྔལ་དང་བདེ་བའང་མིན་པར་དུག་བཅས་སམ། བདེ་བ་དུག་མེད་དམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པ་དུག་མེད་དམ། བདེ་བ་ཞེན་པ་བརྟེན་བའམ། སྡུག་བསྔལ་ལམ། སྡུག་བསྔལ་དང་བདེ་བའང་མིན་པ་ཞེན་པ་བརྟེན་བའམ། བདེ་བ་མངོན་པར་འབྱུང་བ་བརྟེན་བའམ། སྡུག་བསྔལ་ལམ། སྡུག་
བསྔལ་དང་བདེ་བའང་མིན་པ་མངོན་བར་འབྱུང་བ་བརྟེན་པའང་རུང་ངོ༌། །ལུས་ཀྱི་གང༌། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་ལྡན་ནོ། །སེམས་ཀྱི་གང༌། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་ནོ། །དུག་བཅས་གང༌། ལུས་ལ་སྲེད་པ་དང་མཚུངས་ལྡན་ནོ། །དུག་མེད་གང། དེའི་སྲེད་པ་དང་མི་ལྡན་པའོ། །ཞེན་པ་བརྟེན་པ་གང༌། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་དང་མཚུངས་ལྡན་ནོ། །མངོན་བར་འབྱུང་བ་ལ་བརྟེན་པ་གང༌། དེ་དང་མི་ལྡན་པའོ། །ཚོར་བའི་ཕུང་པོ་ནི་གནས་དང༌། རང་གི་ངོ་བོ་ཉིད་དང༌། གནས་སྡོམ་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བས་རྣམ་པར་གཞག་གོ །དེ་ལ་གཟུགས་ཀྱི་གནས་སྡོམ་པས་ནི། ལུས་ཀྱི་ཚོར་བ་རྣམ་པར་གཞག་གོ །གཟུགས་མེད་པའི་གནས་སྡོམ་པས་ནི་སེམས་ཀྱི་ཚོར་བ་རྣམ་པར་གཞག་གོ །ཀུན་ནས་ཉོན་མོངས་པས་ནི་དུག་དང་བཅས་པ་ལ་སོགས་པ་རྣམས་ཀྱིའོ། །རྣམ་པར་བྱང་བས་ནི་དུག་མེད་པ་ལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །དེའི་སྲེད་པ་དང་མི་ལྡན་པ་ནི་ཉོན་མོངས་པ་རྣམས་མཚུངས་པར་ལྡན་པ་མ་ཡིན་པར་རིག་པར་བྱའོ། །འདུ་ཤེས་ཀྱི་ཕུང་པོའི་རྣམ་པར་ཤེས་པ་གང༌། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་ཏེ། གང་གི་མཚན་མ་དང་བཅས་པའི་ཡང་དག་པ་ཤེས་ཤིང་མཚན་མ་མེད་པ་དང༌། ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་ཡང་དག་པར་ཤེས་པའོ། །མཚན་མ་དང་བཅས་པའི་འདུ་ཤེས་གང༌། གང་གིས་ཐ་སྙད་ལ་མི་མཁས་པ་དང༌། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པས་རྣམ་པར་གནས་པ་དང༌། སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་མ་གཏོགས་པ་གང༌། དེ་ལས་གཞན་པའི་འདུ་ཤེས་སོ། །མཚན་མ་མེད་པའི་འདུ་ཤེས་གང༌། འདུ་ཤེས་གང་མ་གཏོགས་པའོ། །ཆུང་ངུའི་འདུ་ཤེས་གང༌། གང་གིས་འདོད་པའི་ཁམས་ཤེས་པའོ། །ཆེན་པོར་གྱུར་པའི་འདུ་ཤེས་གང༌། གང་གིས་གཟུགས་
ཀྱི་ཁམས་ཤེས་པའོ། །ཚད་མེད་པའི་འདུ་ཤེས་གང༌། གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཤེས་པའོ། །ཅི་ཡང་མེད་པའི་འདུ་ཤེས་གང༌། གང་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པའོ། །ཐ་སྙད་ལ་མི་མཁས་པ་ནི་སྐད་མ་བསླབས་པས་ནི་གཟུགས་ལ་འདུ་ཤེས་ནི་འབྱུང་ན་གཟུགས་སྙམ་དུ་མི་ཤེས་པ་སྟེ། དེའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་ཞེས་བྱའོ། །མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་ཞུགས་པ་ནི། གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ལ་འདུ་ཤེས་པ་ནི་མཚན་མ་མེད་པའི་འདུ་ཤེས་སོ། །སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ནི་མི་གསལ་བས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པའི་འདུ་ཤེས་སོ། །ཆུང་ངུའི་ནི་འདོད་པའི་ཁམས་པས་ཏེ་ངན་པའི་ཕྱིར་རོ། །ཆེན་པོར་གྱུར་པ་ནི་གཟུགས་ཀྱི་ཁམས་པ་སྟེ། དེ་བས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པ་ནི་ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་སྟེ། མཐའ་ཡས་པའི་ཕྱིར་རོ། །དེས་ན་དེ་དག་ལ་དམིགས་པའི་འདུ་ཤེས་ནི་ཆུང་ངུ་ལ་སོགས་པའི་འདུ་ཤེས་སུ་རིག་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོའི་རྣམ་པར་གནས་པ་གང༌། སེམས་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སེམས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་སེམས་པ་སྟེ། གང་གི་དགེ་བའི་ཕྱིར་ཡང་སེམས། ཀུན་ནས་ཉོན་མོངས་པའི་ཕྱིར་ཡང་སེམས། གནས་སྐབས་ཀྱི་དབྱེ་བ་ལ་ཡང་སེམས་ཏེ། དེ་ལྟར་ན། ཚོར་བ་དང་འདུ་ཤེས་མ་གཏོགས་པ་སེམས་པ་འདི་དང༌། དེ་ལས་གཞན་པའི་སེམས་ལས་འབྱུང་བའི་ཆོས་རྣམས་དང༌། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བརྗོད་དོ། །ཚོར་བ་དང་འདུ་ཤེས་པ་གཏོགས་པ་སེམས་ལས་བྱུང་བ་ཐམས་ཅད་དང༌། སེམས་དང་ལྡན་པ་མ་ཡིན་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཁོ་ན་ཡིན་ཏེ། དེ་བསྟན་པ་ལ་དང་པོ་སེམས་པ་འབའ་ཞིག་ཙམ་བཟུང་བ་ནི་དེ་གཞན་དག་གི་སྔོན་དུ་འགྲོ་བའི་ཕྱིར་རོ། །ཤེས་པར་བྱེད་པའི་གཏན་ཚིགས་བསྟན་པ་ནི། གང་གིས་
དགེ་བའི་ཕྱིར་ཡང་སེམས་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དེ་ལ་དགེ་བ་ནི་དད་པ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་སོ། །ཀུན་ནས་ཉོན་མོངས་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །གནས་སྐབས་ཀྱི་དབྱེ་བ་ནི། སེམས་པས་བསྐྱེད་པའི་འདུ་བྱེད་ཀྱི་གནས་སྐབས་རྣམས་ལ་བཏགས་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །དེ་ཡང་གང་ཡིད་ལ་བྱེད་པ་དང་རེག་པ་དང༌། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དད་པ་དང༌། ངོ་ཚ་དང༌། ཁྲེལ་དང༌། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱོངས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ཚོགས་ཅན་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་དང༌། མི་བདེན་པར་ལྟ་བ་དང༌། ཁྲོ་བ་དང༌། ཁོན་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྒྱུ་དང༌། གཡོ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང་བག་མེད་པ་དང༌། བརྗེད་ངས་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། རྣམ་གཡེང་དང༌། གཉིད་དང༌། འགྱོད་པ་དང༌། རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པའོ། །སེམས་པ་ལ་སོགས་པའི་སེམས་ལས་བྱུང་བ་རྣམས་ནི་མཚན་ཉིད་དང༌། ལས་ཀྱིས་བསྟན་པར་རིག་པར་བྱའོ། །སེམས་པ་གང་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལམ་ཅན་ནོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་དེ་གཅེས་པས་མཚན་ཉིད་བསྟན་ཏོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ཞེས་པས་ལས་བསྟན་ཏེ། འདི་ལྟར་ཇི་ལྟར་མངོན་བར་འདུས་བྱས་པ་ལ་དགེ་བ་ལ་སོགས་པའི་ཆོས་རྣམས་ལ་སེམས་འཇུག་པར་འགྱུར་
བའི་ཕྱིར་རོ། །ཡིད་ལ་བྱེད་པ་གང་སེམས་ཀྱི་འཇུག་པ་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ། །དམིགས་པ་ལ་སེམས་འཛིན་པ་ནི་དེ་དག་ལ་ཡང་དང་ཡང་དུ་གཏོད་པར་རིག་པར་བྱའོ། །དེའི་ཕྱིར་ཡིད་ལ་བྱེད་པ་ཐོབ་པ་ནི། ཏིང་ངེ་འཛིན་ཐོབ་པར་བརྗོད་དོ། །རེག་པ་གང་གསུམ་འདུས་ནས་དབང་པོའི་རྣམ་འགྱུར་ཡོངས་སུ་གཅོད་པ་ཚོར་བ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །རྣམ་པར་ཤེས་པ་འབྱུང་བ་ལ། བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་དང་མཐུན་པར་དབང་པོའི་འགྱུར་བ་གང་ཡིན་པའི་རྣམ་པ་དེ་ནི་རེག་པར་རིག་པར་བྱའོ། །འདུན་པ་གང༌། འདོད་པའི་དངོས་པོ་ལ་དེ་དང་དེ་ཉེ་བར་ལེན་པར་བྱེད་འདོད་པ་ཉིད་བརྩོན་འགྲུས་རྩོམ་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །དེ་དང་དེའི་ཕྱིར་བྱེད་འདོད་པ་ཉིད་ཅེས་པ་ནི་ལྟ་བ་དང༌། ཉན་པ་ལ་སོགས་པ་བྱེད་པར་འདོད་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །མོས་པ་གང༌། ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པར་འཛིན་པས་མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ། །ཇི་ལྟར་ངེས་པར་འཛིན་པ་ནི་འདི་ནི་དེ་བཞིན་ཏེ་གཞན་དུ་མ་ཡིན་པའོ་ཞེས་མོས་པའོ། །དེའི་ཕྱིར་དེ་གཅེས་སུ་བྱེད་པ་ནི་གཞན་དག་གིས་འཕྲོགས་པར་མི་ནུས་སོ། །དྲན་པ་གང༌། འདྲིས་པའི་དངོས་པོ་ལ་སེམས་བརྗོད་པ་མེད་པའི་དོན་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །འདྲིས་པའི་དངོས་པོ་ནི་སྔོན་མྱོང་བར་རིག་པར་བྱའོ། །རྣམ་པར་མི་གཡེང་བའི་ལས་ནི་སླར་དྲན་པས་མངོན་བར་བརྗོད་པར་འགྱུར་བ་ན་རྣམ་པར་གཡེང་བ་མེད་པ་ཉེ་བར་སྐྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གང༌། ཉེ་བར་བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཤེས་པས་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །སེམས་རྩེ་གཅིག་པ་ཉིད་རྣམ་པར་གཡེང་བ་མེད་པའོ། །ཤེས་པ་འབྱུང་བའི་རྟེན་ནི་སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །ཤེས་རབ་གང༌། ཉེ་བར་བརྟགས་པ་ཉིད་ཀྱི་དངོས་པོའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སོམ་ཉི་བཟློག་པའི་ལས་ཅན་ནོ། །སོམ་ཉི་བཟློག་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ན་ངེས་པ་རྙེད་པའི་ཕྱིར་རོ། །དད་པ་གང༌། ཡོད་པ་ཉིད་དང༌། ཡོན་ཏན་ཅན་དང༌། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང༌། དང་བ་དང༌། འདོད་པ་
དང། འདུན་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཡོད་པ་ཉིད་ལ་མངོན་བར་ཡིད་ལ་བྱེད་པའི་དད་པ་དང༌། ཡོན་ཏན་ཅན་ལ་རབ་ཏུ་དང་བར་བྱེད་པ་དང༌། ནུས་པ་ཉིད་ལ་བདག་གིས་ཐོབ་པར་བྱེད་བའམ། སྒྲུབ་པར་བྱེད་ནུས་སོ་སྙམ་དུ་འདོད་པར་བྱེད་པའོ། །ངོ་ཚ་གང༌། བདག་ལ་ཁ་ན་མ་ཐོ་བས་འཛེམ་པ་ཉེས་པ་སྤྱོད་པར་ལེགས་པར་སྡོམ་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཁྲེལ་གང༌། གཞན་ལ་ཁ་ན་མ་ཐོ་བས་འཛེམ་པ་དེ་དང་དེའི་ལས་ཅན་ནོ། །མ་ཆགས་པ་གང༌། སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་ལ་མ་ཆགས་པ་ཉེ་བར་སྤྱོད་པ་ལ་མི་འཇུག་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཞེ་སྡང་མེད་པ་གང༌། སེམས་ཅན་རྣམས་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་འཚེ་བ་མེད་པ། ཉེས་པར་སྤྱོད་པ་ལ་མི་འཇུག་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །གཏིག་མུག་མེད་པ་གང༌། རྣམ་སྨིན་ནམ་ལུང་ངམ་རྟོགས་བའམ་ཤེས་པས་སོ་སོར་བརྟགས་པ་ཉེས་བར་སྤྱོད་པ་ལ་མི་འཇུག་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །སྐྱེ་བས་ཐོབ་པ་དང༌། ཐོས་བསམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་ནི་གོ་རིམས་བཞིན་དུ་རྣམ་པར་སྨིན་པ་དང༌། ལུང་དང༌། རྟོགས་པའི་ཤེས་པར་རིག་པར་བྱའོ། །བརྟེན་པ་དང་འབྲེལ་བའི་ཤེས་རབ་ནི་སོ་སོར་བརྟགས་པའོ། བརྩོན་འགྲུས་གང༌། སེམས་མངོན་བར་སྤྲོ་བའི་གོ་ཆ་འམ། སྦྱོར་བའམ། མི་འགོང་པའམ། མི་ལྡོག་པའམ། ཆོག་པར་མི་འཛིན་པ་དགེ་བའི་ཕྱོགས་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། སྤྲོ་བ་དང་ལྡན་པ་དང༌། བརྟུལ་བ་བརྟན་པ་དང༌། བརྩོན་པ་མི་འདོར་བ་དང་ཞེས་བྱ་བའི་མདོའི་ཚིག་འདི་རྣམས་ནི་གོ་ཆ་ལ་སོགས་པ་ལ་མངོན་པར་སྤྲོ་བའི་དངོས་པོ་རྣམས་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་ཇི་ལྟ་བའི་དངོས་བཞི་ལ་འཇུག་པ་དང༌། ཡོངས་སུ་སྒྲུབ་པ་ནི་དེ་ཉིད་ལེགས་པར་ཡོངས་སུ་ལས་སུ་བྱས་པའོ། །ཤིན་ཏུ་སྦྱང་བ་ལང༌། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་རབ་ཏུ་སྦྱང་བས་ལུས་དང་སེམས་ལས་སུ་རུང་བ་སྒྲུབ་པ་ཐམས་ཅད་སེལ་བ་ནི་དེའི་དབང་གིས་གནས་གྱུར་པར་བལྟ་བར་བྱའོ། །བག་ཡོད་གང༌།
བརྩོན་འགྲུས་དང་བཅས་པས་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ལ་གནས་ནས་དགེ་བའི་ཆོས་རྣམས་བསྒོམ་པ་དང༌། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་བསྲུང་བ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །དགེ་བ་ཐམས་ཅད་བསྒོམ་པའི་སྔོན་དུ་བརྩོན་འགྲུས་ལ་སོགས་པ་འགྲོ་བས་དེ་དག་བག་ཡོད་པར་གདགས་སོ། །ཟག་པ་དང་བཅས་པའི་ཆོས་རྣམས་ནི་འདིར་ཟག་པ་རྣམས་དང༌། ཟག་པའི་གནས་ཀྱི་ཡུལ་རྣམས་སུ་རིག་པར་བྱའོ། །བཏང་སྙོམས་དང༌། བརྩོན་འགྲུས་དང་བཅས་པས་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལ་གནས་ནས་ཀུན་ནས་ཉོན་མོངས་པ་ཅན་དུ་གནས་པ་དང༌། མི་མཐུན་པ་སེམས་མཉམ་པ་ཉིད་དང༌། སེམས་རྣལ་དུ་འདུག་པ་ཉིད་དང༌། སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ། ཀུན་ནས་ཉོན་མོངས་པའི་སྐབས་མེད་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །སེམས་མཉམ་པ་ཉིད་ལ་སོགས་པ་རྣམས་ཀྱིས་བཏང་སྙོམས་ཀྱི་ཐོག་མ་དང༌། བར་མ་དང༌། ཐ་མའི་གནས་སྐབས་བཤད་དེ། འདི་ལྟར་བཏང་སྙོམས་དང་ལྡན་པའི་སེམས་ལ་བྱིང་བ་ལ་སོགས་པ་མི་སྙོམས་པ་མེད་པའི་ཕྱིར་ཐོག་མར་མཉམ་པའོ། །དེ་ནས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་རྣལ་དུ་འཇུག་པའོ། །དེ་ནས་ཀུན་ནས་ཉོན་མོངས་པའི་དོགས་པ་མེད་པས་ལྷུན་གྱིས་གྲུབ་པར་གནས་པའི་ཕྱིར་རོ། །རྣམ་པར་མི་འཚེ་བ་གང༌། ཞེ་སྡང་མེད་པའི་ཆ་ཤས་སྙིང་རྗེའི་སེམས་ཉིད་རྣམ་པར་མི་འཚེ་བའི་ལས་ཅན་ནོ། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པ་ལས་གུད་ན་མེད་པའི་ཕྱིར་འདིར་བཏགས་ཡོད་དུ་རིག་པར་བྱའོ། །འདོད་ཆགས་གང༌། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ་ཞེས་པ་ནི་སྲེད་པའི་དབང་གིས་ཉེ་བར་ལེན་པའི་ཕུང་པོ་ལྔ་འགྲུབ་པའི་ཕྱིར་རོ། །ཁོང་ཁྲོ་གང༌། ཞེ་སྡང་དང་བཅས་པས་སེམས་ཅན་རྣམས་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་ཁོང་ཁྲོ་བ་རེག་པར་མི་གནས་པ་དང༌། ཉེས་པར་སྤྱོད་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །རེག་པར་
མི་གནས་པ་ནི། ཀུན་ནས་མནར་སེམས་ཀྱི་སེམས་ཀྱི་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །ང་རྒྱལ་གང༌། ཚོགས་ཅན་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་མི་གུས་པ་དང༌། སྡུག་བསྔལ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །མི་གུས་པ་ནི་བླ་མ་རྣམས་དང་ཡོན་ཏན་རྣམས་ལ་འགྱིང་བའོ། །སྡུག་བསྔལ་འབྱུང་བ་ནི་ཡང་སྲིད་པས་འབྱུང་བར་རིག་པར་བྱའོ། །མ་རིག་པ་གང༌། ཁམས་གསུམ་པ་མི་ཤེས་པ་ཆོས་རྣམས་ལ་ལོག་པར་ངེས་པ་དང༌། ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པའི་རྟེན་གྱི་ལས་ཅན་ནོ། །ལོག་པར་ངེས་པ་ནི་ཕྱིན་ཅི་ལོག་གི་ཤེས་པས་ཕྱིན་ཅི་ལོག་ཏུ་ཤེས་པའོ། །ཐེ་ཚོམ་ནི་སོམ་ཉི་ཟ་བའོ། །ཀུན་ནས་ཉོན་མོངས་པས་བྱུང་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་འབྱུང་བའོ། །དེའི་རྟེན་ནི་རྨོངས་པ་ལ་ཉོན་མོངས་པ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་གང༌། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་དགེ་བའི་ཕྱོགས་ལ་མི་འཇུག་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་ནི་ལམ་གྱི་བདེན་པ་དང༌། འགོག་པའི་བདེན་པ་ལ་ཇི་ལྟར་རིག་པར་རོ། །དེས་དགེ་བའི་ཕྱོགས་ལ་མི་འཇུག་སྟེ། ངེས་པ་མ་རྙེད་ན་མི་རྩོམ་པའི་ཕྱིར་རོ། །ཚོགས་ཅན་ལ་ལྟ་བ་གང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ། བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་གང༌། བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་ལྟ་བར་གཏོགས་པ་ཐམས་ཅད་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །མཐར་འཛིན་པར་ལྟ་བ་གང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བ་གང༌། བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་དང༌། དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །དབུ་མའི་ལམ་ནི་རྟག་པ་དང་ཆད་པ་སྤངས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ལྟ་བ་མཆོག་འཛིན་གང༌། ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་འཛིན་པ་དང༌། གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང༌། དམ་པར་ཡང་དག་པར་རྗེས་སུ་ལྟ་བ་གང་བརྗོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་དང༌། ལྟ་བ་ངན་པ་ལ་མངོན་བར་ཞེན་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །
ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་འཛིན་གང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་དག་པ་དང༌། གྲོལ་བ་དང༌། ངེས་པར་འབྱིན་པར་ཡང་དག་པར་རྗེས་སུ་ལྟ་བ་གང༌། བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་ངལ་བ་ལ་འབྲས་བུ་མེད་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཚུལ་ཁྲིམས་དང༌། བརྟུལ་ཞུགས་ནི་ལྟ་བ་ངན་པ་སྔོན་དུ་འགྲོ་བར་རིག་པར་བྱའོ། །ངལ་བ་འབྲས་བུ་མེད་པ་ནི་དེས་ངེས་པར་མི་འབྱུང་བའི་ཕྱིར་རོ། །མི་བདེན་པར་ལྟ་བ་གང༌། རྒྱུ་འམ། འབྲས་བུའམ། བྱེད་པ་ལ་སྐུར་པ་འདེབས་པ་ཡོད་པའི་དངོས་པོ་འཇིག་པ། ལོག་པར་ཡོངས་སུ་རྟོག་པ་གང༌། བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་དང༌། དགེ་བའི་རྩ་བ་ཀུན་དུ་གཅོད་པའི་ལས་ཅན་དང༌། མི་དགེ་བའི་རྩ་བ་བརྟན་པོར་འབྱུང་བའི་རྟེན་གྱི་ལས་ཅན་དང༌། མི་དགེ་བ་ལ་འཇུག་པའི་ལས་ཅན་དང༌། དགེ་བ་ལ་མི་འཇུག་པའི་ལས་ཅན་ནོ། །སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་འདི་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་འདི་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་འབྱུང་བ་མེད་དོ་ཞེས་བྱ་བ་འདི་ནི་བྱེད་པ་ལ་སྐུར་པ་འདེབས་པ་སྟེ། འཇིག་རྟེན་གཞན་དུ་འགྲོ་བ་དང་འོང་བའི་བྱེད་པ་དང༌། ས་བོན་འདེབས་པའི་བྱེད་པ་དང༌། ཉིད་མཚམས་སྦྱོར་བའི་བྱེད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པའི་དངོས་པོ་འཇིག་པའོ། །དེ་ལས་གཞན་ཕྱིན་ཅི་ལོག་ཏུ་ལྟ་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་ལོག་པར་རྣམ་པར་རྟོག་པར་རིག་པར་བྱའོ། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཁྱད་པར་ཅན་ལས་འབྱུང་གི །ཐམས་ཅད་ལས་ནི་མ་ཡིན་ནོ། །ལྟ་བ་ལྔ་པོ་གང༌། དེ་རྣམས་ལ་སྒྲོ་འདོགས་པའི་ལྟ་བ་ནི་དུ། སྐུར་པ་འདེབས་
པའི་ལྟ་བ་ནི་དུ། བཞི་ནི་སྒྲོ་འདོགས་པ་སྟེ། ཤེས་བྱ་ལ་ངོ་བོ་དང༌། ཁྱད་པར་དུ་སྒྲོ་འདོགས་པ་ཉེ་བར་ལེན་པའི་ཕྱིར་དང༌། ལྟ་བ་ལ་མཆོག་དང༌། དག་པར་སྒྲོ་འདོགས་པའི་ཕྱིར་རོ། །ཕུང་པོ་ལྔའི་བདག་ཉིད་ཀྱི་ཤེས་བྱ་ལ་བདག་དང༌། བདག་གི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་ནི་ཚོགས་ཅན་ལ་ལྟ་བའོ། །བདག་རྟག་གོ་མི་རྟག་གོ་ཞེས་ཁྱད་པར་དུ་སྒྲོ་འདོགས་པ་ནི་མཐར་འཛིན་པར་ལྟ་བའོ། །ལྟ་བ་ངན་པ་ལ་མཆོག་ལ་སོགས་པར་འཛིན་པ་ནི་ལྟ་བ་ལ་མཆོག་ཏུ་འཛིན་པའོ། །དེ་ཉིད་ལ་དག་པ་ལ་སོགས་པར་སྒྲོ་འདོགས་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གཅིག་ནི་ཕལ་ཆེར་སྐུར་པ་འདེབས་པའི་ལྟ་བའོ། །གཅིག་ནི་ཕལ་ཆེར་ཞེས་བྱ་བ་ནི་ལོག་པར་རྣམ་པར་རྟོག་པ་ནི་གདོན་མི་ཟ་བར་སྐུར་པ་མི་འདེབས་པའི་ཕྱིར་རོ། །སྔོན་གྱི་མཐར་རྟོག་པའི་ལྟ་བ་གང༌། ཕྱི་མའི་མཐར་རྟོག་པའི་ལྟ་བ་གང༌། དེ་རྣམས་གང་རྣམས་ཀྱི་ལྟ་བ་རྣམས་ལས་རིག་པར་བྱ་ན། གཉིས་སམ་ཐམས་ཅད་ལས་སོ། །ལུང་དུ་མ་བསྟན་པའི་དངོས་པོ་རྣམས་ལྟ་བ་གང་རྣམས་ལས་རིག་པར་བྱ། གཉིས་སམ་ཐམས་ཅད་ལས་སོ། །མཚན་ཉིད་ལ་བརྟགས་ན་ནི་མཐར་འཛིན་པ་དང༌། ལོག་པར་ལྟ་བ་གཉིས་ལས་འབྱུང་ངོ༌། །འཁོར་དང་བཅས་པར་བརྟགས་ན་ནི་ལྟ་བ་ལྔ་པོ་ཐམས་ཅད་ལས་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ལྔས་བདག་བསལ་བར་མཛད་དོ། །ཚོགས་ཅན་ལ་ལྟ་བས་ཡོངས་སུ་ཟིན་པའི་ཉེས་པ་ལྔ་གཟིགས་ཏེ། མཚན་ཉིད་དང་མི་མཐུན་པའི་ཉེས་པ་དང༌། མི་རྟག་པ་ཉིད་ཀྱི་ཉེས་པ་དང༌། རང་དབང་མེད་པའི་ཉེས་པ་དང༌། ལུས་མེད་པའི་ཉེས་པ་དང༌། བསྒྲིམ་མི་དགོས་པར་ཐར་པར་འགྱུར་བའི་ཉེས་པའོ། །གཟུགས་ལ་སོགས་པ་ནི་བདག་མ་ཡིན་ཏེ། མཚན་ཉིད་དང་མི་མཐུན་པའི་ཕྱིར་དེ་དག་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །དེ་དག་ལ་བདག་མེད་དེ་གནས་མེད་ན་གནས་པར་མི་འགྱུར་བས། མི་རྟག་པ་ཉིད་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །གཟུགས་ནི་བདག་གི་བ་མ་ཡིན་ཏེ་དེ་ལ་དབང་བྱེད་པ་མ་ཡིན་པར་རང་དབང་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་དག་ལས་གཞན་
ན་ཡང་བདག་མེད་དེ། ལུས་མེད་ན་བདག་ཀུན་དུ་བརྟག་པར་མི་དམིགས་པས་ལུས་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཇི་སྟེ་ལ་ལ་ཞིག་བདག་རྣམ་པ་དེ་ལྟ་བུར་ཡོངས་སུ་རྟོགས་ན། དེ་ལྟ་ན་ཡང་གཟུགས་ལ་སོགས་པ་མེད་པའི་བདག་མི་འཐད་དེ། ལུས་ལ་སོགས་པའི་འཆིང་བ་མེད་ན་རང་གི་དང་གིས་གྲོལ་བར་འགྱུར་བས། བསྒྲིམ་མི་དགོས་པར་ཐར་པར་འགྱུར་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །གང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཚོགས་ཅན་ལ་ལྟ་བའི་མཐའ་ཉི་ཤུ་པོ་གཟུགས་ལ་བདག་ཏུ་ཀུན་དུ་རྗེས་སུ་ལྟ་བ་དང༌། གཟུགས་བདག་དང་ལྡན་པ་དང༌། གཟུགས་བདག་གི་བ་དང༌། གཟུགས་ལ་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་བདག་ཏུ་ཀུན་དུ་རྗེས་སུ་ལྟ་བ་དང༌། བདག་རྣམ་ཤེས་དང་ལྡན་པ་དང༌། རྣམ་ཤེས་བདག་གི་བ་དང༌། རྣམ་ཤེས་ལ་རྣམ་ཤེས་སོ། །དེ་ལ་བདག་ཏུ་ལྟ་བ་དུ། བདག་གིར་ལྟ་བ་དུ། ལྔ་ནི་བདག་ཏུ་ལྟ་བའོ། །བཅོ་ལྔ་ནི་བདག་གིར་ལྟ་བའོ། །ཅིའི་ཕྱིར་བཅོ་ལྔ་ནི་བདག་གིར་ལྟ་བ་འབྲེལ་བས་བདག་གི་ཉེ་བར་ལེན་པ་དང༌། དབང་བསྒྱུར་བས་བདག་གི་ཉེ་བར་ལེན་པ་དང༌། ཐ་དད་དུ་མི་འཇུག་པས་བདག་ཉེ་བར་ལེན་པའི་ཕྱིར་རོ། །གཟུགས་ལ་བདག་ཏུ་ཀུན་དུ་རྗེས་སུ་ལྟ་བ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ལ་བདག་ཏུ་ཀུན་དུ་རྗེས་སུ་ལྟ་བ་སྟེ། དེ་ལྔ་བདག་ཏུ་ལྟ་བའོ། །གཟུགས་བདག་དང་ལྡན་པ་ཞེས་བྱ་བ་ནས། བདག་རྣམ་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་ལྷག་མ་བཅོ་ལྔ་ནི་བདག་གིར་ལྟ་བའོ། །འབྲེལ་བས་བདག་གི་ཉེ་བར་ལེན་པ་ནི་འདི་ལྟར་དེ་དང་འབྲེལ་བས་དེ་དང་ལྡན་པར་འགྱུར་རོ། །གཟུགས་བདག་གི་བ་དང་ཞེས་བྱ་བ་ལས་རྣམ་པར་ཤེས་པ་བདག་གི་བ་དང་ཞེས་བྱ་བའི་བར་ནི། དབང་བསྒྱུར་བས་བདག་གི་ཉེ་བར་ལེན་པའི་ཕྱིར་ཏེ། གང་ཞིག་སྦྱིན་པའམ། བསྒོ་པ་ལ་གང་གིས་དབང་དུ་འགྱུར་བ་དེ་ནི་དེའི་བདག་གི་ཞེས་བརྗོད་དོ། །གཟུགས་ལ་གཟུགས་དང་ཞེས་བྱ་བ་ནས་རྣམ་ཤེས་ལ་རྣམ་ཤེས་སོ་ཞེས་བྱ་བའི་པར་ནི་ཐ་དད་དུ་མི་འཇུག་པས་བདག་གི་ཉེ་བར་ལེན་པའི་ཕྱིར་ཏེ། བདག་འདི་ནི་འདི་དག་ལ་རྗེས་སུ་ཞུགས་ཤིང་རྣམ་
པར་ཞུགས་ནས་བཞག་པ་སྟེ། ཡན་ལག་ཅན་གྱི་རྗེས་སུ་སོང་བར་ཀུན་དུ་བརྟགས་པའི་ཕྱིར་རོ། །ཚོགས་ཅན་ལ་ལྟ་བ་གཟུགས་ཀྱི་དངོས་པོའམ། གཟུགས་མེད་ཀྱི་དངོས་པོར་བྱ། གཟུགས་མེད་ཀྱི་གཞིར་རིག་པར་བྱ་སྟེ། ཐག་པ་ལ་སྤྲུལ་དུ་རྟོག་པ་བཞིན་ནོ། །གཟུགས་མེད་པའི་དངོས་པོ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ལ་དཔྱད་ན་བདག་ཏུ་ལྟ་བའི་གོ་སྐབས་མེད་པའི་ཕྱིར་རོ། །དཔེར་ན་ཁ་གཅིག་གིས་མ་བརྟགས་པར་ཐག་པ་ལ་སྤྲུལ་དུ་འཛིན་པ་དང་འདྲ་སྟེ། སླར་ཐག་པ་ཡིན་པར་དཔྱད་ན་དེ་སྤྲུལ་དུ་འཛིན་པར་མི་འགྱུར་པའི་ཕྱིར་རོ། །ཁྲོ་བ་གང་གནོད་པའི་རྒྱུ་ཉེ་བར་གནས་ན། ཁོང་ཁྲོའི་ཆ་ཤས་སེམས་ཀུན་ནས་མནར་སེམས་པ་དབྱུག་པ་དང་མཚོན་ཆ་ལེན་པ་ལ་སོགས་པ་དང༌། གནོད་པ་ཤོམ་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཁྲོ་བ་ལ་སོགས་པ་ནི་བཏགས་ཡོད་དུ་རིག་པར་བྱ་སྟེ། ཁོང་ཁྲོ་བ་ལ་སོགས་པ་ལས་གུད་ན་མེད་པའི་ཕྱིར་རོ། །ཁོན་འཛིན་གང༌། དེའི་འོག་ཏུ་ཁོང་ཁྲོའི་ཆ་ཤས་ཉིད་ཀྱིས་རྗེས་སུ་གནོད་པའི་ལན་མི་གཏང་བ། མི་བཟོད་པ། འབྱུང་བའི་རྟེན་གྱི་ལས་ཅན་ནོ། །དེའི་འོག་ཏུ་ཞེས་པ་ནི་ཁྲོས་པའི་འོག་ཏུའོ། །མི་བཟོད་པ་ནི་གནོད་པར་བྱེད་པ་ལ་ཇི་མི་སྙམ་པའོ། །འཆབ་པ་གང༌། ལེགས་པར་བསྐུལ་བ་ལ་གཏི་མུག་གི་ཆ་ཤས་ཁ་ན་མ་ཐོ་བ་སྦེད་པ། འགྱོད་པ་དང༌། རེག་པར་མི་གནས་པར་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །འདི་ནི་ཆོས་ཉིད་དོ། །ཁ་ན་མ་ཐོ་བ་བཅབས་ན་འགྱོད་པར་འགྱུར་ཏེ། དེའི་ཕྱིར་རེག་པར་མི་གནས་པ་ཞེས་བྱའོ། །འཚིག་པ་གང༌། ཁོང་ཁྲོའི་ཆ་ཤས་ཁྲོ་བ་དང༌། ཁོན་སྔོན་དུ་འགྲོ་བའི་སེམས་བྱུང་ཀུན་ནས་འཚེ་བ་ཚིག་རྩུབ་མཐོ་ཞིང་དྲག་པོ་འབྱུང་བའི་རྟེན་གྱི་ལས་ཅན་དང༌། །བསོད་ནམས་མ་ཡིན་པ་འཕེལ་བའི་ལས་ཅན་དང༌། རེག་པར་མི་གནས་པར་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཚིག་རྩུབ་མཐོ་ཞིང་དྲག་པོ་ནི་གཞན་གྱི་ཞེ་ལ་གནོན་པའི་ཚུལ་གྱིས་མངོན་སུམ་དུ་བརྗོད་པའོ། །ཕྲག་དོག་གང་རྙེད་པ་དང༌། བཀུར་སྟིའི་དབང་གིས་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ། སེམས་བྱུང་ཁོང་ནས་འཁྲུག་པ་ཞེ་སྡང་གི་ཆ་ཤས་ཡིད་མི་བདེ་བ་དང༌། རེག་པར་མི་གནས་པར་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །སེར་སྣ་གང༌། རྙེད་པ་དང་བཀུར་སྟིའི་དབང་གིས་
ཡོ་བྱད་རྣམས་ལ་སེམས་བྱུང་གི་ཀུན་དུ་འཛིན་པ་འདོད་ཆགས་ཀྱི་ཆ་ཤས་ཡོ་བྱད་མི་བསྙུངས་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཡོ་བྱད་མི་བསྙུངས་པ་ནི། སེར་སྣས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་བས་གས་པ་ལས་གྱུར་པར་རིག་པར་བྱའོ། །སྒྱུ་གང༌། རྙེད་པ་དང༌། བསྐུར་སྟིའི་དབང་གིས་འདོད་ཆགས་དང་གཏི་མུག་གི་ཆ་ཤས་སུ་གྱུར་པ། ཡོན་ཏན་མ་ཡིན་པ་ཀུན་དུ་སྟོན་པ་ལོག་པར་འཚོ་བ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །གཡོ་གང་རྙེད་པ་དང་བཀུར་སྟིའི་དབང་གིས། འདོད་ཆགས་དང་གཏི་མུག་གི་ཆ་ཤས་སུ་གྱུར་པ་ཉེས་པ་ཡང་དག་པར་སྦྱོང་བ་སྟེ། ཡང་དག་པའི་གདམས་དག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །ཉེས་པ་ཡང་དག་པར་སྐྱོང་བ་ནི་གཞན་ནས་གཞན་དུ་བསྒྱུར་བར་རིག་པར་བྱའོ། །ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །བདག་གི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་སྟོན་ན་གདམས་ངག་གི་འོས་པ་མ་ཡིན་པའི་ཕྱིར་རོ། །རྒྱགས་པ་གང༌། ནད་མེད་པའམ། ལང་ཚོ་འམ། ཚེ་རིང་བའི་མཚན་མའམ། ཟག་བཅས་ཀྱི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས་འདོད་ཆགས་ཀྱི་ཆ་ཤས་ཀྱི་དགའ་བ་དང༌། ཡིད་བདེ་བ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཚེ་རིང་བའི་མཚན་མ་བཟུང་ནས་དེ་ལ་རྣམ་པར་རྟོགས་པའི་ཕྱིར་ཏེ། མི་འཆི་བའི་རྣམ་པར་རྟོག་པ་སྔོན་དུ་བཏང་ནས། ཚེ་ལ་རྒྱགས་པ་སྐྱེ་བའོ། །ཟག་བཅས་ཀྱི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་ནི་རིགས་དང༌། སྟོབས་དང༌། གཟུགས་དང༌། ཡིད་གཞུངས་པ་དང༌། བློ་དང༌། ལོངས་སྤྱོད་དང༌། དབང་ཕྱུག་ལ་སོགས་པར་རིག་པར་བྱའོ། །འདོད་ཆགས་ཀྱི་ཆ་ཤས་དགའ་བ་དང༌། ཡིད་བདེ་བ་ནི་ཉོན་མོངས་པ་ཅན་གྱི་དགའ་བའི་བྱེ་བྲག་གོ །རྣམ་པར་འཚེ་བ་གང༌། ཁོང་ཁྲོའི་ཆ་ཤས་སྙིང་བརྩེ་མེད་པའམ། སྙིང་རྗེ་མེད་པའམ། བརྩེ་བ་མེད་པའམ། རྣམ་པར་འཚེ་བའི་ལས་ཅན་ནོ། །ངོ་ཚ་བ་མེད་པ་གང༌། འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་ཆ་ཤས་ཁན་མ་ཐོ་བས་བདག་ལ་མི་འཛེམ་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་ཀྱི་ལས་ཅན་ནོ། །
ཁྲེལ་མེད་གང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཆ་ཤས་ཁན་མ་ཐོ་བས་གཞན་ལ་མི་འཛེམ་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་ཀྱི་ལས་ཅན་ནོ། །རྨུག་པ་གང༌། གཏི་མུག་གི་ཆ་ཤས་སེམས་བྱུང་ལས་སུ་མི་རུང་བ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ལས་ཅན་ནོ། །རྒོད་པ་གང༌། སྡུག་པའི་མཚན་མིའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆ་ཤས་སེམས་བྱུང་རྣམ་པར་མ་ཞི་བ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །སྡུག་པའི་མཚན་མའི་རྗེས་སུ་འཇུག་པ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པའོ། །སྔོན་གྱི་བ་དག་པ་དང༌། རྩེས་པ་ལ་སོགས་པ་རྗེས་སུ་དྲན་པས་སེམས་རྣམ་པར་མ་ཞི་བར་རིག་པར་བྱའོ། །མ་དད་པ་གང༌། གཏི་མུག་གི་ཆ་ཤས་དགེ་བའི་ཆོས་རྣམས་ལ་སེམས་བྱུང་ཡིད་མི་ཆེས་པ་དང༌། མ་དད་པ་དང༌། མི་འདོད་པ། ལེ་ལོ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནི་མ་དད་ན་སྦྱོར་བ་ལ་འདུན་པ་མེད་པའི་ཕྱིར་རོ། །ལེ་ལོ་གང༌། གཉིད་དམ། སྙེས་པ་འམ། འཕྲེས་པའི་བདེ་བ་འདོད་པ་གཏི་མུག་གི་ཆ་ཤས་སེམས་བྱུང་མི་སྤྲོ་བ། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། །བག་མེད་པ་གང༌། ལེ་ལོ་དང་བཅས་པས་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་དགེ་བའི་ཆོས་རྣམས་མི་བསྒོམ་ཞིང་ཟག་བཅས་ཀྱི་ཆོས་རྣམས་ལས་སེམས་མི་སྲུང་བ། མི་དགེ་བ་འཕེལ་བ་དང༌། དགེ་བ་འགྲིབ་པ་འབྱུང་བའི་ལས་ཅན་ནོ། །བརྗེད་ངས་གང༌། ཉོན་མོངས་དང་མཚུངས་ལྡན་གྱི་དྲན་པ་གཡེང་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ཤེས་བཞིན་མ་ཡིན་པ་གང༌། ཉོན་མོངས་དང་མཚུངས་ལྡན་གྱི་ཤེས་རབ། དེས་ལུས་དང༌། ངག་དང༌། སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ། ལྟུང་བ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །ལུས་དང༌། ངག་དང༌། སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་ནི་འགྲོ་བ་དང༌། ལྡོག་པ་ལ་སོགས་པ་ལ་ལེགས་པར་མ་བརྟགས་པར་རིག་པར་བྱའོ། །དེ་ལྟར་ན་འདི་ནི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བར་འགྱུར་རོ། །གཡེང་བ་གང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཆ་ཤས་སེམས་བྱུང་རྣམ་པར་འཕྲོ་བ། དེ་
ཡང་རང་གི་ངོ་བོའི་གཡེང་བ་དང༌། ཕྱི་རོལ་དུ་གཡེང་བ་དང༌། ནང་གི་གཡེང་བ་དང༌། མཚན་མའི་གཡེང་བ་དང༌། གནས་ངན་ལེན་གྱི་གཡེང་བ་དང༌། ཡིད་ལ་བྱེད་པའི་གཡེང་བའོ། །རང་གི་ངོ་བོའི་གཡེང་བ་གང༌། རྣམ་པར་ཤེས་པའི་ཚོགས་ལྔའོ། །རང་བཞིན་གྱི་ནང་དུ་མཉམ་པར་འཇོག་པར་དེ་རྣམས་ཀྱིས་མི་ནུས་པའི་ཕྱིར་རོ། །ཕྱི་རོལ་ཏུ་གཡེང་བ་གང༌། དགེ་བ་ལ་སྦྱོར་བའི་སེམས་བྱུང་འདོད་པའི་ཡོན་ཏན་ལ་རྣམ་པར་འཕྲོ་བའོ། །ཐོས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པ་དེ་ལ་དམིགས་པ་ལས་ཕྱི་རོལ་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་སྤྲོ་བར་རིག་པར་བྱའོ། །ནང་གི་གཡེང་བ་གང༌། དགེ་བ་ལ་སྦྱོར་བའི་བྱིང་བ་དང༌། རྒོད་པ་དང༌། རོ་མྱང་བར་བྱེད་པའོ། །ཏིང་ངེ་འཛིན་ལ་ཞུགས་པ་ཉིད་ཀྱི་ཚེ་དེ་ལས་ཉམས་པར་བྱེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། རོ་མྱང་བའོ། །མཚན་མའི་གཡེང་བ་གང༌། གཞན་ལ་བསྒོམ་པ་མདུན་དུ་བྱས་ཏེ། དགེ་བ་ལ་སྦྱོར་བའོ། །གཞན་གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཏེ། དེའི་མཚན་མ་ནི་དེའི་ཕྱིར་རོ། །དགེ་བ་ལ་ཞུགས་པ་ན་ཁད་ཀྱིས་དེ་ལས་ཉམས་པར་རིག་པར་བྱའོ། །གནས་ངན་ལེན་གྱི་གཡེང་བ་གང༌། ངར་བྱེད་པ་དང༌། ང་ཡིར་བྱེད་པ་དང༌། ངའོ་སྙམ་པའི་ཕྱོགས་ཀྱི་གནས་ངན་ལེན་དགེ་བ་ལ་སྦྱོར་བའི་ཚོར་བ་འབྱུང་བ་རྣམས་ལ་དར་བྱེད་པའམ། ང་ཡིར་བྱེད་པའམ། ངའོ་སྙམ་དུ་འཛིན་པ་དང༌། འདྲེས་པ་དང༌། མཚན་མར་འཛིན་པའོ། །ངར་བྱེད་པ་དང༌། ང་ཡིར་བྱེད་པ་ལ་སོགས་པའི་གནས་ངན་ལེན་གྱི་དབང་གིས་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ། ང་ཞེའམ། ངའི་ཞེའམ། ངའོ་སྙམ་དུ་བྱེད་པའི་ཕྱིར་དགེ་བའི་ཕྱོགས་ཡོངས་སུ་མ་དག་པར་རིག་པར་བྱའོ། །འཛིན་པ་ནི་ཐོག་མ་ཉིད་དུ་དེ་ལྟར་འཛིན་པའོ། །འདྲེས་པ་ནི་དེའི་འོག་ཏུ་དེ་དང་སེམས་ཀྱི་རྒྱུན་འདྲེས་བར་འགྱུར་བའོ། །མཚན་མར་བྱེད་པ་ནི་ཚོར་བ་དེ་ཉིད་ལ་ཡང་དང་ཡང་དུ་བཀྲ་བར་འཛིན་པར་རིག་པར་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་གང༌། སྙོམས་འཇུག་གཞན་ནམ། ཐེག་པ་གཞན་ལ་སྙོམས་པར་འཇུག་གམ། གནས་པའི་རྣམ་པར་འཕྲོ་བ་གང༌། འདོད་ཆགས་དང་བྲལ་
བའི་བར་དུ་གཅོད་པའི་ལས་ཅན་ནོ། །སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་ཞུགས་པ་དང་ཐེག་པ་གཞན་ལ་གནས་པ་ན་སྔ་མ་ལས་ལངས་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པ་ནི། ཉེ་བའི་ཉོན་མོངས་པའི་བདག་ཉིད་ཀྱི་དབང་དུ་བྱས་པའོ། །གཉིད་གང༌། གཉིད་ཀྱི་རྒྱུ་ལ་བརྟེན་ནས། གཏི་མུག་གི་ཆ་ཤས་སྡུད་པའི་སེམས་བྱུང་དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པའམ། དུས་སམ། དུས་མིན་ནམ། རིགས་པའམ། མི་རིགས་པ་བྱ་བ་ཤོར་བ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །གཉིད་ཀྱི་རྒྱུ་ནི་འདི་ལྟ་སྟེ། ཉམ་ཆུང་བ་དང༌། ངལ་བ་དང༌། ལུས་ལྕི་བ་དང༌། མུན་པའི་མཚན་མ་ཡིད་ལ་བྱེད་པ་དང༌། བརྩོན་པ་ཐམས་ཅད་ཡལ་བར་འདོར་བ་དང༌། དེའི་དུས་སུ་ཡང་དང་ཡང་དུ་གོམས་པ་དང༌། གཞན་དག་གི་སྔགས་ཀྱི་སྟོབས་ཀྱིས་གཉིད་བྲོ་བར་བྱེད་པ་དང༌། དེ་བཞིན་དུ་ལུས་མཉེ་བ་ལ་སོགས་པ་ཡང་ངོ༌། །གཏི་མུག་གི་ཆ་ཤས་ཤེས་པ་ནི། ཏིང་ངེ་འཛིན་ལ་ཁྱད་པར་དུ་དབྱེ་བའི་ཕྱིར་རོ། །དགེ་བ་ལ་སོགས་པའི་དངོས་པོའི་ཚིག་གི་གདོན་མི་ཟ་བར་གཏི་མུག་གི་ཆ་ཤས་མ་ཡིན་ཞེས་པར་མཛད་དོ། །དུས་ནི་ནམ་གྱི་གུང་ཐུན་ནོ། །དུས་མིན་ནི་དེ་ལས་གཞན་པའོ། །རིགས་པ་ནི་དུས་སུ་ཇི་ལྟར་གནང་བ་དང༌། དུས་མ་ཡིན་ཡང་ན་བ་དང༌། ལས་སུ་རུང་བར་བྱ་བའི་ཕྱིར་རོ། །མི་རིགས་པ་ནི་དེ་ལས་གཞན་པའོ། །བྱ་བ་ཤོར་བ་འབྱུང་བའི་རྟེན་གྱི་ལས་ཅན་ནི་ཉེ་བའི་ཉོན་མོངས་པའི་གཉིད་དུ་རིག་པར་བྱའོ། །འགྱོད་པ་གང༌། གང་མངོན་པར་བསམས་པ་དང༌། མངོན་པར་མ་བསམས་པའི་བྱ་བ་དང༌། བྱ་བ་མ་ཡིན་པ་ལ་བརྟེན་ནས་གཏི་མུག་གི་ཆ་ཤས་སེམས་བྱུང་རྣམ་པར་འཕྲོ་བ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། དུས་དང༌། དུས་མ་ཡིན་པ་དང༌། རིགས་པ་དང༌། མི་རིགས་པ་དང༌། སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །མངོན་པར་བསམས་པའི་བྱ་བ་ནི་མངོན་པར་འདོད་པ་སྔོན་དུ་བཏང་ནས་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པ་བྱེད་པའོ། །མངོན་པར་མ་བསམས་པའི་བྱ་བ་ནི་གཞན་དག་གི་ནན་གྱིས་བྱེད་དུ་བཅུག་པའམ། ཉོན་མོངས་པའི་ཟིལ་གྱིས་ནོན་བ་སྟེ། ཇི་ལྟར་
མཐུན་པར་རིག་པར་བྱའོ། །གཏི་མུག་གི་ཆ་ཤས་ཤེས་པ་ནི། ཉེ་བའི་ཉོན་མོངས་པས་བསྡུས་པའོ། །དུས་ནི་ཇི་སྲིད་མི་སྤོང་བའི་བར་དུའོ། །དུས་མིན་ནི་དེའི་འོག་ཏུའོ། །རིགས་པ་ནི་གནས་ལའོ། །མི་རིགས་པ་ནི་གནས་མ་ཡིན་པ་ལའོ། །རྣམ་པར་རྟོག་པ་གང༌། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་དུ་ཚོལ་བ་ཡིད་ཀྱིས་བརྗོད་པ་དེ་ནི་སེམས་བྱུང་རྩིད་བའོ། །སེམས་པའམ་ཤེས་རབ་ལ་བརྟེན་ཞེས་པ་ནི། མངོན་པར་མི་རྟོགས་པ་དང༌། མངོན་པར་རྟོགས་པའི་གནས་སྐབས་དང་གོ་རིམས་སོ། །ཀུན་དུ་འཚོལ་བའི་རྣམ་པར་ཡིད་ཀྱིས་བརྗོད་པས་སོ། །རྣམ་པར་དཔྱོད་པ་གང། སེམས་པའམ་ཤེས་རབ་ལ་བརྟེན་ནས། སོ་སོར་རྟོག་པའི་ཡིད་ཀྱིས་བརྗོད་པ་སྟེ། དེ་ནི་སེམས་ཞི་བའོ། །སེམས་པའམ། ཤེས་རབ་ལ་བརྟེན་ཞེས་པ་ནི་མངོན་པར་མི་རྟོགས་པ་དང༌། མངོན་པར་རྟོགས་པའི་གནས་སྐབས་དང་གོ་རིམས་སོ། །སོ་སོར་རྟོག་པའི་རྣམ་པར་ཡིད་ཀྱིས་མངོན་པར་བརྗོད་པས་སོ། །རེག་པར་གནས་པ་དང༌། རེག་པར་མི་གནས་པ་འབྱུང་བའི་རྟེན་གྱི་ལས་ཅན་ནོ། །དེ་ཉིད་ནི་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། འབྲེལ་བའི་ཕྱིར་རྩིད་བ་དང༌། ཞིབ་པའི་གནས་སྐབས་ལ་སོགས་པའོ། །ཡང་ཆོས་དགེ་བ་རྣམས་རང་གི་མི་མཐུན་པའི་ཕྱོགས་སྤོང་བའི་ལས་སོ། །ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་རང་གི་གཉེན་པོའི་བར་དུ་གཅོད་པའི་ལས་སོ། །འདི་ལྟ་སྟེ། མ་ཆགས་པས་ཆགས་པ་རབ་ཏུ་སྤོང་ངོ༌། །དད་པས་མ་དད་པ་རབ་ཏུ་སྤོང་ངོ༌། །འདོད་ཆགས་ཀྱི་གཉེན་པོ་ནི་མ་ཆགས་པ་སྟེ། དེས་ན་དེའི་དེ་སྐྱེ་བའི་བར་དུ་གཅོད་པའི་ཕྱིར་རོ། །དེ་ལྟར་ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་སྟེ། བྱམས་པ་ལ་སོགས་པའི་གཉེན་པོས་བར་དུ་གཅོད་པར་བྱེད་པར་རིག་པར་བྱའོ། །སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་གང་ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་དང༌། འདུ་ཤེས་མེད་པ་ཅན་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། མིང་གི་ཚོགས་རྣམས་དང༌། ཚིག་གི་ཚོགས་རྣམས་དང༌། གསལ་བྱེད་ཀྱི་ཚོགས་རྣམས་དང༌། སོ་སོའི་སྐྱེ་བོ་ཉིད་དང༌། འཇུག་པ་དང༌། སོ་སོར་
ངེས་པ་དང༌། སྦྱོར་བ་དང༌། མགྱོགས་པ་དང༌། གོ་རིམས་དང༌། དུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པའོ། །སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་གནས་དང༌། རང་བཞིན་དང༌། བརྟགས་པས་བཤད་བར་རིག་པར་བྱའོ། །འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་ནི་ས་དང༌། ཡིད་ལ་བྱེད་པ་དང༌། གནས་དང༌། འདུ་ཤེས་སྔོན་དུ་འགྲོ་བ་ཅན་རྣམས་ཀྱིས་ཀྱང་བཤད་པར་བྱའོ། །འདུ་ཤེས་མེད་པ་ཅན་ནི་ཡིད་ལ་བྱེད་པ་སྤངས་པའི་ལྷག་མ་གནས་ལ་སོགས་པ་གསུམ་པོ་དེ་རྣམས་ཀྱིས་ཀྱང་ངོ༌། །ཐོབ་པ་གང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་འཕེལ་བ་དང༌། འགྲིབ་པ་ལ་ཐོབ་པ་དང༌། རྙེད་པ་དང་ལྡན་པ་ཞེས་གདགས་སོ། །དེ་ལ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཤེས་པས་ནི་གནས་བསྟན་ཏོ། །འཕེལ་བ་དང༌། འགྲིབ་པ་ཞེས་པས་ནི་རང་བཞིན་བསྟན་པ་སྟེ། འདི་ལྟར་འཕེལ་བ་ཆེན་པོ་ཡོད་པ་ཙམ་གྱིས་དད་པ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་དོ། །འགྲིབ་པ་ཡོད་ན་ཆུང་དུ་རྣམས་ཀྱི་ཕྱིར་རོ། །ཐོས་པ་དང༌། རྙེད་པ་དང་ལྡན་ཞེས་གདགས་སོ་ཞེས་པས་ནི་བཏགས་པ་བསྟན་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །འདུ་ཤེས་མེད་པའི་སྙོམས་འཇུག་གང༌། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་སྟེང་མའི་འདོད་ཆགས་དང་མ་བྲལ་བའི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས། སེམས་དང་སེམས་ལས་འབྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་ཅེས་གདགས་སོ། །དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ཞེས་པ་ནི་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའོ། །སྟེང་མའི་འདོད་ཆགས་དང་མ་བྲལ་ཞེས་པ་ནི་བསམ་གཏན་བཞི་བའི་འདོད་ཆགས་དང་མ་བྲལ་པའོ། །འདུ་ཤེས་སྔོན་དུ་བཏང་ཞེས་པ་ནི་ཐར་པའི་འདུ་ཤེས་སྔོན་དུ་བཏང་བའོ། །བརྟན་པ་མ་ཡིན་པ་རྣམས་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པས་བསྡུས་པ་རྣམས་སོ། །འགོག་པ་ཞེས་པ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱས་པ་སྟེ། དུས་གཞན་ན་སེམས་དང་
སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་ཀུན་དུ་འབྱུང་བ་འགོག་པ་ལ་གནས་པའི་གནས་སྐབས་ཀྱི་བྱེ་བྲག་གོ །འདིས་འགོག་པར་འགྱུར་བས་ན་འགོག་པ་ཞེས་བྱའོ། །འགོག་པའི་སྙོམས་འཇུག་གང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལ་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བས་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟེན་པ་མ་ཡིན་པ་རྣམས་དང༌། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་ཅེས་གདགས་སོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་སྟེང་མའི་འདོད་ཆགས་དང་བྲལ་བ་ཞེས་མི་བརྗོད་དེ། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཡང་དེ་ན་ཡོད་པའི་ཕྱིར་རོ། །བརྟེན་པ་དེ་དག་ལས་ཀྱང་ཁ་ཅིག་ཅེས་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསྡུས་པ་རྣམས་སོ། །སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང༌། ཡིད་ལ་བྱེད་པ་དང༌། གནས་དང༌། རང་བཞིན་དང་བརྟགས་པས་ཀྱང་བསྟན་ཏོ། །འདུ་ཤེས་མེད་པ་ཅན་གང་འདུ་ཤེས་མེད་པ་ཅན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་སེམས་དང༌། སེམས་ལས་བྱུང་བའི་ཆོས་བསྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་ཅན་ཞེས་གདགས་སོ། །སྲོག་གི་དབང་པོ་གང༌། རིས་མཐུན་པར་སྔོན་གྱི་ལས་ཀྱིས་འཕངས་པའི་གནས་པའི་དུས་ངེས་པ་ལ་ཚེ་ཞེས་གདགས་སོ། །རིས་མཐུན་པ་ནི་ཚེ་གཅིག་གི་ཕུང་པོའི་རྒྱུན་ནོ། །གནས་པའི་དུས་ངེས་པ་ནི་རིས་མཐུན་པ་འདིས་ལོ་བརྒྱའམ་སྟོང་ངམ་དུས་ཇི་སྲིད་དུ་འདིར་གནས་པར་བྱ་བ་སྟེ། ལས་ཀྱིས་བྱས་པའི་ནུས་པའི་བྱེ་བྲག་གོ །རིས་མཐུན་པ་གང༌། སེམས་ཅན་གྱི་རིས་དེ་དང་དེར་སེམས་ཅན་དེ་དང༌། དེ་དག་གི་རིས་འདྲ་བ་ལ་རིས་མཐུན་པ་ཞེས་གདགས་སོ། །སེམས་ཅན་གྱི་རིས་དེ་དང་དེར་ཞེས་པ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རིས་རྣམས་སོ། །རིས་འདྲ་བ་ཞེས་པ་ནི་སྐྱེ་བ་གཅིག་པ་རྣམས་སོ། །སྐྱེ་བ་གང༌། རིས་མཐུན་པར་འདུ་བྱེད་རྣམས་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་ཞེས་གདགས་སོ། །ཕྱི་རོལ་གྱི་གཟུགས་ཀྱང་སྐྱེ་བ་དང་ལྡན་པས་
རིས་མཐུན་པ་ཙམ་དུ་གཟུང་སྟེ། སེམས་ཅན་གྱི་རྒྱུད་ལ་མཚན་ཉིད་གདགས་པ་ཤེས་པར་བྱ་བའི་ཕྱིར་རོ། །ཕྱི་རོལ་གྱི་གཟུགས་ནི་འཇིག་པ་དང་འཆགས་པའི་རབ་ཏུ་ཕྱེ་བའོ། །ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང༌། རྒ་བ་ལ་སོགས་པས་རབ་ཏུ་ཕྱེ་བའོ། །རྒ་བ་གང༌། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་གཞན་དུ་གྱུར་པ་ལ་རྒ་བ་ཞེས་གདགས་སོ། །གནས་པ་གང༌། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་མི་འཇིག་པ་ལ་གནས་པ་ཞེས་གདགས་སོ། །མི་རྟག་པ་ཉིད་གང༌། རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པ་ལ་མི་རྟག་པ་ཉིད་ཅེས་གདགས་སོ། །རྒྱུན་འཇིག་པ་ནི་འཆི་བར་རིག་པར་བྱའོ། །སྐྱེ་བ་ལ་སོགས་པ་འདི་དག་ནི་སྐད་ཅིག་རེ་རེ་ལ་རིག་པར་མི་བྱ་སྟེ། འོན་ཀྱང་རྒྱུན་གྱི་གནས་སྐབས་ལ་བྱའོ། །མིང་གི་ཚོགས་རྣམས་གང༌། ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ལ་མིང་གི་ཚོགས་རྣམས་ཞེས་གདགས་སོ། །ངོ་བོ་ཉིད་ཀྱི་ཚིག་བླ་དགས་ནི་མིག་དང༌། རྣ་བ་དང༌། ལྷ་དང་མི་ཞེས་པ་ལ་སོགས་པ་ལྟ་བུའོ། །ཚིག་གི་ཚོགས་རྣམས་གང༌། ཚོགས་རྣམས་ཀྱི་ཁྱད་པར་གྱི་ཚིགས་བླ་དགས་ལ་ཚིག་གི་ཚོགས་རྣམས་ཞེས་གདགས་སོ། །ཁྱད་པར་གྱི་ཚིག་བླ་དགས་ནི་འདུས་བྱས་ཀུན་མི་རྟག་པ་དང༌། སེམས་ཅན་ཐམས་ཅད་འཆི་བར་འགྱུར་ཞེས་པ་ལྟ་བུ་ལ་སོགས་པའོ། །གསལ་བྱེད་ཀྱི་ཚོགས་རྣམས་གང༌། དེ་གཉི་གའི་གནས་ཀྱིས་འགྱུར་མེད་རྣམས་ལ་འགྱུར་མེད་ཀྱི་ཚོགས་རྣམས་ཞེས་གདགས་སོ། །དེ་གཉི་གའི་གནས་རྣམས་ལ་ཞེས་པ་ནི་ངོ་བོ་ཉིད་དང༌། ཁྱད་པར་གྱི་ཚིག་བླ་དགས་རྣམས་ཀྱིས་གནས་འགྱུར་མེད་ནི་ཨ་དང༌། ཨི་དང༌། ཨུ་ཞེས་པ་ལྟ་བུ་ལ་སོགས་པ་རྣམས་སོ། །ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ངོ་བོ་ཉིད་དང༌། ཁྱད་པར་དང༌། དེ་གཉི་གའི་ཐ་སྙད་དོ། །དེ་ཐམས་ཅད་ནི་འདི་དག་གི་ཐ་སྙད་འདོགས་ཏེ། དེའི་ཕྱིར་མིང་དང་ཚིག་དང༌། གསལ་བྱེད་ཀྱི་ཚོགས་འདི་དག་རྣམ་པར་གཞག་གོ །གསལ་བྱེད་ནི་གསལ་བའི་དོན་ཏེ། དེ་གཉི་ག་གསལ་བར་བྱེད་པའི་ཕྱིར་རོ། །ཉེ་བར་བརྗོད་པ་ཡང་དེ་ཡིན་ཏེ། དོན་ཡང་དག་པར་བརྗོད་པའི་ཕྱིར་རོ། །ཡང་འགྱུར་མེད་ཉིད་རྣམ་གྲངས་ཀྱིས་མི་འགྱུར་བར་ཉེ་བར་བརྗོད་པའི་ཕྱིར་རོ། །རྣམ་
གྲངས་ཀྱིས་མི་འགྱུར་བ་ནི་དཔེར་ན། མིག་ནི་མིག་ཅེས་པའི་རྣམ་གྲངས་དེ་ལས་གཞན་པ་འདྲེན་བྱེད་དང༌། གསལ་བྱེད་དང༌། ཁྲིད་བྱེད་དང་ལྟ་བ་ལ་སོགས་པའི་རྣམ་གྲངས་གཞན་དུའང་འགྱུར་ཏེ། དེ་རྣམས་ཀྱང་དེའི་མིང་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཨ་དང༌། ཨི་ཞེས་པའི་འགྱུར་མེད་འདི་ནི། ཨ་དང༌། ཨི་ཞེས་པའི་རྣམ་གྲངས་འདི་མ་གཏོགས་པར་རྣམ་གྲངས་གཞན་གྱིས་བསྟན་པར་མི་ནུས་པར་ཤེས་པར་བྱ་སྟེ། དེའི་ཕྱིར་རྣམ་གྲངས་གཞན་གྱིས་མི་འགྱུར་བས་ན་འགྱུར་མེད་ཉིད་དོ། །འགྱུར་བ་ནི་ཡང་འགྲོ་བར་རིག་པར་བྱའོ། །སོ་སོའི་སྐྱེ་བོ་ཉིད་གང༌། འཕགས་པའི་ཆོས་རྣམས་མ་ཐོབ་པ་ལས་སོ་སོའི་སྐྱེ་བོ་ཞེས་གདགས་སོ། །འཇུག་པ་གང༌། རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་ལ་འཇུག་པ་ཞེས་གདགས་སོ། །རྒྱུན་མ་ཆད་པ་ལ་འཇུག་པ་རྣམ་པར་གཞག་སྟེ། སྐད་ཅིག་གཅིག་ཏུ་འམ་རྒྱུན་ཆད་པ་ལ་དེ་ཉེ་བར་འདོགས་པ་མེད་པའི་ཕྱིར་རོ། །སོ་སོར་ངེས་པ་གང༌། རྒྱུ་དང་འབྲས་བུ་ཐ་དད་པ་ལ་སོགས་པ་ལ་སོ་སོར་ངེས་པ་ཞེས་གདགས་སོ། །རྒྱུ་དང་འབྲས་བུ་ཐ་དད་པ་འདོད་པ་ནི་ལེགས་པར་སྤྱད་པའོ། །མི་འདོད་པ་ནི་ཉེས་པར་སྤྱད་པ་ཞེས་པ་ལྟ་བུ་ལ་སོགས་པ་སྟེ། འབྲས་བུ་སོ་སོ་བ་རྣམས་ནི་རྒྱུ་སོ་སོ་བ་གཞན་ཉིད་དོ། །སྦྱོར་བ་གང༌། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་རྣམས་ལ་སྦྱོར་བ་ཞེས་གདགས་སོ། །རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་ནི་གཞན་ཡིན་དུ་ཟིན་ཀྱང་གང་གིས་འབྲས་བུར་གང་འོས་པ་སྟེ། འདི་ལྟར་སྦྱིན་པས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་ཞེས་པ་ལྟ་བུ་ལ་སོགས་པའོ། །མགྱོགས་པ་གང༌། རྒྱུ་དང་འབྲས་བུ་མྱུར་བར་འབྱུང་བ་ལ་མགྱོགས་པ་ཞེས་གདགས་སོ། །གོ་རིམས་གང༌། རྒྱུ་དང་འབྲས་བུ་རེ་རེ་ནས་འབྱུང་བ་ལ་གོ་རིམས་ཞེས་གདགས་སོ། །རེ་རེ་ནས་འབྱུང་བ་ནི་ཅིག་ཅར་མི་འབྱུང་བར་རིག་པར་བྱའོ། །དུས་གང༌། རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་ལ་དུས་ཞེས་གདགས་སོ། །རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་ལ་མགྱོགས་པ་ཞེས་གདགས་སོ། །རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་དེ་ལ། རྒྱུ་དང་འབྲས་བུ་བྱུང་ཟིན་པ་དང༌། འགགས་ཟིན་པ་གང་ཡིན་པ་དེ་ནི་འདུས་པའི་འདུ་ཤེས་གདགས་སོ། །
གང་མ་བྱུང་བ་དེ་ནི་མ་འོངས་པའི་དུས་སོ། །གང་བྱུང་ལམ་འགགས་པ་དེ་ནི་ད་ལྟར་བྱུང་བའི་དུས་སོ། །ཡུལ་གང༌། ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། འོག་དང༌། སྟེང་དང༌། ཕྱོགས་བཅུ་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་ཉིད་ལ་ཡུལ་ཞེས་གདགས་སོ། །རྒྱུ་དང་འབྲས་བུ་ཕྱོགས་ལ་ཁྱབ་པ་ལ། ཡུལ་ཉེ་བར་གདགས་ཏེ། གཟུགས་ཅན་མ་ཡིན་པ་ནི་ཕྱོགས་ལ་ཁྱབ་པར་བྱེད་པའི་མཐུ་མེད་པས་རྒྱུ་དང་འབྲས་བུ་ནི་འདིར་གཟུགས་སུ་བསྡུས་པར་རིག་པར་བྱའོ། །གྲངས་གང་འདུ་བྱེད་རྣམས་ཀྱི་སོ་སོའི་ཆའི་དབྱེ་བ་ལ་གྲངས་ཞེས་གདགས་སོ། །སོ་སོའི་ཆའི་དབྱེ་བ་ཞེས་པ་ནི། ཐ་དད་པ་མ་ཡིན་པ་བདག་ཉིད་གཅིག་པ་ལ་གཉིས་དང་གསུམ་ལ་སོགས་པའི་གྲངས་མི་འཐད་པའི་ཕྱིར་རོ། །ཚོགས་པ་གང༌། རྒྱུ་དང་འབྲས་བུ་རྐྱེན་ལས་བྱུང་བ་ལ་ཚོགས་པ་ཞེས་གདགས་སོ། །རྒྱུ་དང་འབྲས་བུའི་རྐྱེན་རྣམས་ཚོགས་པ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་པའི་རྒྱུ་འབྲས་ནི་དབང་པོ་མ་ཉམས་པ་དང༌། ཡུལ་སྣང་བར་གྱུར་པ་དང༌། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི་གནས་སྐབས་དག་ལ་བརྟགས་པའི་ཕྱིར། ཐམས་ཅད་ཀྱང་བརྟགས་ཡོད་དུ་རིག་པར་བྱའོ། །དེ་ལ་དགེ་བ་དང་མི་དགེ་བ་ལ་སོགས་པ་འཕེལ་བ་དང་འགྲིབ་པའི་གནས་སྐབས་ལ་ནི་གཅིག་གོ །སེམས་དང་སེམས་ལས་བྱུང་བ་མི་འབྱུང་བའི་གནས་སྐབས་ལ་ནི་གསུངས་སོ། །གནས་པ་དང་འདྲ་བའི་གནས་སྐབས་ལ་ནི་རེ་རེའོ། །མཚན་ཉིད་ཀྱི་གནས་སྐབས་ལ་ནི་བཞིའོ། །ཐ་སྙད་ཀྱི་གནས་སྐབས་ལ་ནི་གསུམ་མོ། །མ་རྙེད་པའི་གནས་སྐབས་ལ་ནི་གཅིག་གོ །རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི་ལྷག་མ་རྣམས་སོ། །རྒྱུ་དང་འབྲས་བུ་ཡང་འདིར་འདུས་བྱས་ཐམས་ཅད་དུ་རིག་པར་བྱ་སྟེ་དེ་ལས་གཞན་འབྱུང་བས་རྒྱུའོ། །གཞན་ལས་དེ་འབྱུང་བས་འབྲས་བུའོ། །རྣམ་ཤེས་ཀྱི་ཕུང་པོའི་རྣམ་པར་གནས་པ་གང༌། གང་སེམས་སམ། ཡིད་དམ་རྣམ་པར་ཤེས་པའོ། །དེ་ལ་སེམས་གང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་བག་ཆགས་ཡོངས་སུ་གོམས་པས་
བོན་ཐམས་ཅད་པ་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་དང༌། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། ལེན་པའི་རྣམ་པར་ཤེས་པ་ཡང་དེའོ། །དེ་རྣམས་ཀྱི་བག་ཆགས་བསགས་པ་ཉེ་བར་ལེན་པའི་ཕྱིར་རོ། །ཕུང་པོ་ལ་སོགས་པ་ཀུན་དུ་འབྱུང་བ་ལ་དེའི་ས་བོན་ཡོངས་སུ་རྒྱས་པ་ནི་བག་ཆགས་སུ་བརྗོད་པར་བྱའོ། །ས་བོན་ཐམས་ཅད་པ་ནི་ཕུང་པོ་ལ་སོགས་པ་དེ་དག་ཉིད་འབྱུང་བའི་ས་བོན་དང་ལྡན་པའི་ཕྱིར་རོ། །ཀུན་དུ་ལེན་པ་དེར་ཆོས་ཐམས་ཅད་ས་བོན་དང་བདག་ཏུ་འཛིན་པའི་སེམས་ཅན་དུ་འདུ་བའི་ཕྱིར་ཀུན་དུ་ལེན་པའི་རྣམ་པར་ཤེས་པའོ། །སྔོན་གྱི་ལས་ལས་ངེས་པར་འབྱུང་བའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །ཡང་དང་ཡང་ཉིང་མཚམས་སྦྱོར་བའི་ལུས་ལེན་པའི་ཕྱིར་ཀུན་དུ་ལེན་པའི་རྣམ་པར་ཤེས་པའོ། །དེ་ནི་སེམས་ཞེས་ཀྱང་བརྗོད་དོ། །ཆོས་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་དེ་ཡོད་པར་ཇི་ལྟར་ཤེས་ཤེ་ན། འདི་ལྟར་དེ་མེད་ན། ལེན་དང་བཟོད་དང་གསལ་བ་དང༌། ས་བོན་དང་ནི་ལས་རྣམས་དང༌། །ལུས་ཀྱིས་མྱོང་ན་སེམས་མེད་པའི། །སྙོམས་འཇུག་དེ་བཞིན་འཆི་མི་རུང༌། །སྡོམ་གྱི་ཚིགས་སུ་བཅད་པའི་རྣམ་པར་དབྱེ་བ་ནི་འདི་ལྟ་སྟེ། རྣམ་པར་ངེས་པ་བསྡུས་པའི་ནང་དུ་བྱས་པའོ། །རྣམ་པ་བརྒྱད་ཀྱིས་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་རྟོགས་པར་བྱ་སྟེ། འདི་ལྟར་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་མེད་ན་ལུས་ཉེ་བར་ལེན་པ་མི་སྲིད་པ་དང༌། གཟོད་མ་འབྱུང་བ་མི་སྲིད་པ་དང༌། གསལ་བར་འབྱུང་བ་མི་སྲིད་པ་དང༌། ས་བོན་ཉིད་མི་སྲིད་པ་དང༌། ལས་མི་སྲིད་པ་དང༌། ལུས་ཀྱི་མྱོང་བ་མི་སྲིད་པ་དང༌། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང༌། རྣམ་པར་ཤེས་པ་མེད་ན་འཆི་འཕོ་བ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་ཉེ་བར་ལེན་པ་མི་རུང་ཞེ་ན། སྨྲས་པ། རྣམ་པ་ལྔ་སྟེ། འདི་ལྟར་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ནི་སྔོན་གྱི་འདུ་བྱེད་ཀྱི་རྒྱུ་ལས་བྱུང་བའོ། །མིག་ལ་སོགས་པའི་འཇུག་པའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་རྐྱེན་གྱི་རྒྱུ་ལས་བྱུང་བ་སྟེ། ཇི་སྐད་དུ། དབང་པོ་དང༌། ཡུལ་དང༌། དེ་སྐྱེད་པའི་ཡིད་ལ་བྱེད་པའི་དབང་གིས་རྣམ་པར་ཤེས་པ་རྣམས་འབྱུང་
བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། འདི་ནི་གཏན་ཚིགས་དང་པོའོ། །ཡང་རྣམ་པར་ཤེས་པའི་ཚོག་དྲུག་ནི་དགེ་བ་དང་མི་དགེ་བར་དམིགས་པ་སྟེ། འདི་ནི་གཏན་ཚིགས་གཉིས་སོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་རྣམས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པས་བསྡུས་པར་འགྱུར་བ་གང་ཡིན་པའི་རྣམ་པ་མི་དམིགས་ཏེ། འདི་ནི་གཏན་ཚིགས་གསུམ་པའོ། །ཡང་རྣམ་པར་ཤེས་པའི་ཚོགས་དྲུག་འབྱུང་བ་ནི་གནས་སོ་སོར་ངེས་པ་སྟེ། གནས་གང་དང་གང་ལས་རྣམ་པར་ཤེས་པ་གང་དང་གང་འབྱུང་བ་དེ་དང་དེ་ནི་དེར་ཟིན་པར་འགྱུར་གྱི། ལྷག་མ་ནི་མ་ཟིན་པར་འགྱུར་ཏེ་མི་རུང་ངོ༌། །ཟིན་པར་ཡང་མི་རུང་སྟེ། རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །འདི་ནི་གཏན་ཚིགས་བཞི་པའོ། །ཡང་དང་ཡང་ལུས་འཛིན་པའི་ཉེས་པར་ཡང་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་རེས་འགའ་ནི་འབྱུང༌། རེས་འགའ་ནི་མི་འབྱུང་ངོ༌། །ལྷག་མ་རྣམས་ཀྱང་དེ་བཞིན་ཏེ། འདི་ནི་གཏན་ཚིགས་ལྔ་པའོ། །དེ་ལྟར་སྔོན་གྱི་ལས་དང༌། ད་ལྟར་འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་དང༌། དགེ་བ་དང་མི་དགེ་བ་ཡིན་པ་དང༌། དེའི་རྣམ་པ་མི་དམིགས་པ་དང༌། གནས་སོ་སོར་ངེས་པ་དང༌། །ཡང་དང་ཡང་ཉེ་བར་ལེན་པས་ཀྱང་མི་རུང་ངོ༌། །ཅིའི་ཕྱིར་བཟོད་པའི་འཇུག་པ་འབྱུང་བར་མི་རུང་ཞེ་ན། གལ་ཏེ་ལ་ལ་ཞིག་འདི་སྐད་དུ། ཅི་སྟེ་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ཡོད་ན་དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཉེས་པ་མེད་པ་ཉིད་ལ་ཁྱོད་ཉེས་པར་འདུ་ཤེས་སུ་ཟིན་གྱི། འདི་ལྟར་རྣམ་པར་ཤེས་པ་གཉིས་ཅིག་ཅར་འབྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་ཅིག་ཅིག་ཅར་མཐོང་བར་འདོད་པ་ནས། རྣམ་པར་ཤེས་པའི་བར་དུ་འདོད་པ་ལ། ཐོག་མར་རྣམ་པར་ཤེས་པ་གང་ཡང་རུང་བ་ཞིག་འབྱུང་དུ་མི་རུང་སྟེ། འདི་ལྟར་དེ་ནི་ཡིད་ལ་བྱེད་པ་དང༌། དབང་པོ་དང་ཡུལ་ཡང་ཡོད་པར་བྱེ་བྲག་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང༌། ལྷན་ཅིག་རྗེས་སུ་འཇུག་པའི་ཡིད་ཀྱི་
རྣམ་པར་ཤེས་པ་གསལ་བར་མི་འགྱུར་ཞེ་ན། འདི་ལྟར་གང་གི་ཚེ་འདས་པའི་ཡུལ་མྱོང་བ་རྗེས་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པས་རྒྱུ་བ་ནི་གསལ་བ་མ་ཡིན་ལ། །ད་ལྟར་གྱི་ཡུལ་ལ་རྒྱུ་བའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཅིག་ཅར་འབྱུང་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བར་ཡང་རུང་ངོ༌། །ཅིའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ཕན་ཚུན་གྱི་ས་བོན་ཉིད་མ་ཡིན་ཞེ་ན། འདི་ལྟར་དགེ་བའི་འོག་ཏུ་མི་དགེ་བ་འབྱུང་བའམ། མི་དགེ་བའི་འོག་ཏུ་དགེ་བ་དང༌། དེ་གཉི་གའི་འོག་ཏུ་ལུང་དུ་མ་བསྟན་པ་དང༌། ཁམས་ངན་པའི་འོག་ཏུ་ཁམས་བར་མ་དང༌། ཁམས་པར་མའི་འོག་ཏུ་ཁམས་བཟང་པོ་དང༌། དེ་བཞིན་དུ་ཁམས་བཟང་པོའི་འོག་ཏུ་ཁམས་ངན་པ་དང༌། ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པ་དང༌། ཟག་པ་མེད་པའི་འོག་ཏུ་ཟག་པ་དང་བཅས་པ་དང༌། འཇིག་རྟེན་པའི་འོག་ཏུ་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་འབྱུང་བ་སྟེ། དེ་དག་ནི་དེ་ལྟར་ས་བོན་ཉིད་དུ་མི་རུང་ངོ༌། །རྒྱུད་ཀྱི་རྒྱུན་ཆད་ནས་ཡུན་རིང་དུ་ལོན་པ་ཡུང་ཡུན་རིང་ཞིག་ན་འབྱུང་བས་དེའི་ཕྱིར་ཡང་མི་རུང་ངོ༌། །རྣམ་པར་ཤེས་པ་ཅིག་ཅར་འབྱུང་བ་མེད་ན་ཅིའི་ཕྱིར་ལས་མི་སྲིད་ཅེ་ན། འདི་ལྟར་མདོར་བསྡུས་ན་ལས་རྣམ་པ་བཞི་སྟེ། སྣོད་ཀྱི་རྣམ་པར་རིག་པ་དང༌། གནས་ཀྱི་རྣམ་པར་རིག་པ་དང༌། ངའོ་སྙམ་པའི་རྣམ་པར་རིག་པ་དང༌། ཡུལ་གྱི་རྣམ་པར་རིག་པའོ། །རྣམ་པར་རིག་པ་འདི་དག་ནི་སྐད་ཅིག་སྐད་ཅིག་ལ་ཅིག་ཅར་འབྱུང་བ་དམིགས་ཏེ། རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་ལ་ནི་ངོ་བོ་ཐ་དད་པའི་ལས་འདི་ལྟ་དུ་འདི་མི་རུང་ངོ༌། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་ལུས་ཀྱི་མྱོང་བ་མི་རུང་ཞེ་ན། འདི་ལྟར་འགའ་ཞིག་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པའི་སེམས་སམ། རྗེས་སུ་རྣམ་པར་རྟོག་གམ། སེམས་མཉམ་པར་བཞག་གམ། སེམས་མཉམ་པར་མ་བཞག་ཀྱང་རུང་སྟེ། ལུས་ཀྱི་མྱོང་བ་གང་དག་འབྱུང་བ། རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དེ་དག་འབྱུང་བ་དང༌། དམིག་སྤར་ཡང་མི་རུང་སྟེ། དེའི་ཕྱིར་ཡང་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་
ཡོད་དོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་མེད་ན། ཅིའི་ཕྱིར་སེམས་མེད་པའི་སྙོམས་པ་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ཉིད་ལུས་ལས་འདའ་བར་འགྱུར་བར་རིགས་ན། མ་འདས་ཏེ། དེའི་ཕྱིར་འཆི་བའི་དུས་བྱེད་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཀྱང་དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་མེད་ན་ཅིའི་ཕྱིར་འཆི་འཕོ་ཡང་མི་རུང་ཞེ་ན། འདི་ལྟར་འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོད་དམ། སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན། ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཡང་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལུས་འཛིན་པ་ཉིད་དང་བྲལ་བའི་ཕྱིར་ལུས་དྲོད་ཡལ་བ་དང༌། ལུས་ཚོར་བ་མེད་པར་ཡང་དམིགས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་མི་རིགས་སོ། །ཡིད་གང༌། དུས་རྟག་ཏུ་རློམ་པའི་བདག་ཉིད་དང༌། ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་དམིགས་པ་དང༌། ཉོན་མོངས་པ་བཞི་པོ་བདག་ཏུ་ལྟ་བ་དང༌། བདག་ལ་ཆགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མ་རིག་པ་དང་མཚུངས་པར་ལྡན་པ་སྟེ། དེ་ཡང་ལམ་མངོན་དུ་གྱུར་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། མི་སློབ་པའི་ས་མ་གཏོགས་པར་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཐམས་ཅད་དུ་འགྲོ་བ་དང༌། གང་ཡང་རྣམ་པར་ཤེས་པ་དྲུག་པོ་རྣམས་འགགས་མ་ཐག་པའི་རྣམ་པར་ཤེས་པའོ། །ཡིད་ནི་ངེས་པའི་ཚིག་དང༌། དམིགས་པ་དང༌། མཚུངས་པར་ལྡན་པ་དང༌། འབྱུང་བའི་དུས་ཀྱིས་བསྟན་པར་རིག་པར་བྱའོ། །ལམ་མངོན་དུ་གྱུར་པ་ན་དེ་མེད་པ་ནི་དོན་དམ་པར་ཤེས་པ་དང༌། བདག་ཏུ་ལྟ་བུ་ཀུན་དུ་འབྱུང་བ་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །སློབ་པས་ནི་མ་སྤངས་པའི་ཕྱིར། དེའི་འོག་ཏུ་ཡང་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལས་འབྱུང་ངོ༌། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བས། འགོག་པའི་སྙོམས་པར་འཇུག་པ་ཆེས་ཞི་བའི་ཕྱིར་ཏེ། དེ་ཀུན་དུ་འབྱུང་བ་དང་མི་མཐུན་པར་རིག་པར་བྱའོ། །
འགགས་མ་ཐག་པ་ཡིད་དུ་འདོད་པས་འགགས་མ་ཐག་པའི་ཡིད་ཅེས་བྱ་བའི་ཐ་ཚིག་གོ །རྣམ་པར་ཤེས་པ་གང༌། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་རྣམ་པར་ཤེས་པ་གང༌། མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །རྣ་བའི་རྣམ་བར་ཤེས་པ་གང༌། རྣ་བ་ལ་བརྟེན་ཅིང་སྒྲ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །སྣའི་རྣམ་པར་ཤེས་པ་གང༌། སྣ་ལ་བརྟེན་ཅིང་དྲི་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ལྕེའི་རྣམ་པར་ཤེས་པ་གང༌། ལྕེ་ལ་བརྟེན་ཅིང་རོ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་གང༌། ལུས་ལ་བརྟེན་ཅིང་རེག་བྱ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང༌། ཡིད་ལ་བརྟེན་ཅིང་ཆོས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་ནི་གནས་དང་དམིགས་པ་དང༌། རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་གཞག་པར་རིག་པར་བྱའོ། །ཁམས་ཀྱི་རྣམ་པར་གནས་པ་གང༌། གཟུགས་ཀྱི་ཕུང་པོ་གང་དེ་ནི་ཁམས་བཅུ་སྟེ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། ལྕེའི་ཁམས་དང༌། རོའི་ཁམས་དང་ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཀྱང་ངོ༌། །ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གང༌། དེ་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ །རྣམ་པར་ཤེས་པའི་ཕུང་པོ་གང༌། དེ་ནི་རྣམ་པར་ཤེས་པའི་ཁམས་བདུན་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་སོ། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ནི་ལོགས་ཤིག་ཏུ་རྣམ་པར་གཞག་ཏུ་མེད་དོ། །ཕུང་པོ་བསྟན་པའི་སྐབས་སུ་མིག་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར་རོ། །དེ་བས་ན་ཕུང་པོ་
རྣམས་ལས་དམིགས་ཀྱིས་བཏོན་ཏེ། ཁམས་རྣམ་པར་གཞག་གོ །ཁམས་རྣམས་ལས་དམིགས་ཀྱིས་བཏོན་གྱི་སྐྱེ་མཆེད་རྣམས་རྣམ་པར་གཞག་གོ །ཁམས་རྣམས་ཀྱི་ནང་ནས་ཕུང་པོ་རྣམས་ཀྱིས་ཅི་ཞིག་མ་བསྡུས། ཆོས་ཀྱི་ཁམས་འདུས་མ་བྱས་སོ། །དེ་ཡང་འདུས་མ་བྱས་གཞི་བརྒྱད་དེ། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དང༌། དེ་ལྟར་ཆོས་མི་དགེ་བ་དང༌། ཆོས་ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་དང༌། ནམ་མཁའ་དང༌། སོ་སོར་མ་བརྟགས་པའི་འགོག་པ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། མི་གཡོ་བ་དང༌། འདུ་ཤེས་དང༌། ཚོར་བ་འགོག་པའོ། །ཕུང་པོ་རྣམས་ཀྱིས་གང་མ་བསྡུས་པའི་འདུས་མ་བྱས་དེ་ནི་རྣམ་པ་བརྒྱད་དུ་རྣམ་པར་གཞག་གོ །དེ་བཞིན་ཉིད་རྣམ་པ་གསུམ་ནི། གནས་ཀྱི་རྣམ་པས་ཐ་དད་ཀྱི། །ངོ་བོ་ཉིད་ཀྱིས་ཐ་དད་པ་ནི་མ་ཡིན་པར་རིག་པར་བྱའོ། །ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང༌། བདག་མེད་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། ཡང་དག་པའི་མཐའ་དང༌། །དོན་དམ་པ་དང༌། ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ། །ཅིའི་ཕྱིར་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བརྗོད་ན། གཞན་དུ་མི་འགྱུར་བའི་དངོས་པོ་ཉེ་བར་ལེན་པའི་ཕྱིར་རོ། །གཞན་དུ་མི་འགྱུར་བ་ནི་རྟག་ཏུ་དངོས་པོ་རྣམས་ནི་བདག་མེད་པའི་དངོས་པོར་བལྟ་བར་བྱའོ། །ཅིའི་ཕྱིར་སྟོང་བ་ཉིད་ལ་སྟོང་པ་ཉིད་ཅེས་བརྗོད་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མི་རྒྱུ་བ་ནི། དེས་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་དམིགས་ནས། ཀུན་ནས་ཉོན་མོངས་པ། སྟོང་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཀུན་ནས་ཉོན་མོངས་པ་ཅན་ཞེས་བརྗོད་པ་དེའི་ཚེ་ཡང༌། དེ་ལ་གློ་བུར་གྱི་ཉོན་མོངས་པར་རིག་པར་བྱའོ། །གློ་བུར་གྱི་ཉེ་བའི་ཉོན་མོངས་པ་དེ་ཡང་ཅི་ཞེ་ན། དེ་ཡིས་ཟིན་པའི་གཟུང་བ་དང༌། འཛིན་པའི་སེམས་ཀྱི་ས་བོན་ཉེས་པ་གཞན་གྱི་དབང་གིས་འཇུག་པར་བྱེད་པའི་ཕྱིར་ཏེ། སེམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཚན་མ་མེད་པ་ཞེས་བརྗོད་ན། མཚན་མ་ཉེ་བར་ཞི་བ་ཉེ་བར་ལེན་པའི་ཕྱིར་རོ། །མཚན་མ་རྣམས་ནི་གཟུགས་དང༌། ཚོར་བ་ནས། བྱང་ཆུབ་ཅེས་བྱ་བའི་པར་དུ་སྤྲོས་པ་
རྣམས་ཏེ། དེས་དེ་དག་ཉེ་བར་ཞི་བའི་ཕྱིར་མཚན་མ་མེད་པའོ། །ཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་བརྗོད་ན། ཕྱིན་ཅི་མ་ལོག་པའི་དམིགས་པ་ཉེ་བར་ལེན་པའི་ཕྱིར་རོ། །ཡང་དག་པ་ནི་གང་ཕྱིན་ཅི་མ་ལོག་པའོ། །དེའི་མཐའ་ནི་མུར་ཐུག་པ་སྟེ། བདག་མེད་པ་ལས་ཕ་རོལ་དུ་དེ་ཁོ་ན་བཙལ་དུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་དོན་དམ་པ་ཞེས་བརྗོད་ན་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཉེ་བར་ལེན་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བརྗོད་ན། ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཉེ་བར་ལེན་པའི་ཕྱིར་རོ། །ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ལྟ་བ་བཞིན། ཆོས་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་དེ་ལྟར་བལྟ་བར་བྱའོ། །ནམ་མཁའ་གང༌། གཟུགས་མེད་ཅིང་བྱེད་པ་ཐམས་ཅད་གསལ་བར་འབྱིན་པ་ཉེ་བར་ལེན་པའི་ཕྱིར་རོ། །ནམ་མཁའ་ནི་གཟུགས་མེད་ཅེས་བྱ་བ་ནི་གཟུགས་ཉིད་ལས་བཟློག་པ། གཟུགས་མེད་པའི་མཚན་ཉིད་ཀྱི་ཆོས། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་ནམ་མཁའོ། །ཡིད་ཀྱི་རྣམ་པར་ཤེས་བའི་ཡུལ་ནི་ཆོས་ཀྱི་ཁམས་ཀྱི་སྐབས་ཡིན་པར་རིག་པར་བྱའོ། །གཟུགས་ཉིད་ཅེས་བྱ་བ་ནི་བརྣན་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་དང༌། ཐུན་མོང་བའི་དེ་བཞིན་ཉིད་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། མི་རྟག་པ་ཉིད་སེལ་ཏོ། །རི་བོང་གི་རྭ་ལ་སོགས་པ་ནི་གཏན་མེད་པ་སྟེ། དེ་དག་ལས་བཟློག་པར་ནི་མི་ཤེས་སོ། །འདི་ལྟར་འདི་དག་ནི་གཏན་ནས་མེད་པའི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་པ་ངེ་དག་ནི་གཟུགས་ཡོད་པ་འདི་ལས་བཟློག་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་དང་ཐུན་མོང་པའི་ཕྱིར་རོ། །དེ་བས་ན་གཟུགས་ཉིད་ལས་བཟློག་ཅེས་བརྗོད་དོ། །གང་གཟུགས་མ་ཡིན་པ་ཞེས་བརྗོད་པར་བྱ་སྟེ། དེ་མེད་པའི་མཚན་ཉིད་ཀྱི་ཚིག་གིས་ནི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་བསལ་ཏེ། དེ་དག་ནི་མེད་པའི་མཚན་ཉིད་མ་ཡིན་ནོ། །སོ་སོར་མ་བརྟགས་པའི་འགོག་པ་གང༌། གང་འགོག་ལ་མི་འབྲལ་བའོ། །གང་འགོག་ལ་མི་འབྲལ་ཞེས་བྱ་བ་ནི་བག་ལ་ཉལ་ཀུན་དུ་མ་བཅོམ་པའི་ཕྱིར་རོ། །སོ་སོར་
བརྟགས་པའི་འགོག་པ་གང༌། །གང་འགོག་ཕ་དེ་འབྲལ་བའོ། །གང་འགོག་པ་དེ་འབྲལ་བ་ཞེས་པ་ནི། བག་ལ་ཉལ་ཀུན་དུ་བཅོམ་པའི་ཕྱིར་རོ། །སྤང་བར་བྱ་བ་ནི་གཉིས་སུ་བ་ལྟའོ། །ཉོན་མོངས་པ་དང༌། དེའི་གནས་སུ་གྱུར་པའི་ཚོར་བའོ། །ཚོར་བ་དེ་ཡང་རྣམ་པ་གཉིས་ཏེ། འགྱུར་བར་བྱེད་པ་དང༌། འགྱུར་བར་མི་བྱེད་པ་སྟེ། བདེ་སྡུག་དང༌། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་དང་གོ་རིམས་སོ། །དེ་ལ་ཉོན་མོངས་པ་སྤོང་པས་སོ་སོར་བརྟགས་པའི་འགོག་པ་རྣམ་པར་གཞག་གོ །ཚོར་བ་རྣམ་པ་གཉིས་སྤོང་བས་མི་གཡོ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་རྣམ་པར་གཞག་གོ །དེ་ལ་ཉོན་མོངས་པ་སྤོང་བ་ནི་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །ཚོར་བ་སྤོང་བ་ནི། དེའི་གཉེན་པོར་གྱུར་པ་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །དེའི་ཕྱིར་བསམ་གཏན་གཉིས་པར་སྡུག་བསྔལ་འགོག་པ་ལ་འདུས་མ་བྱས་རྣམ་པར་མི་གཞག་སྟེ། འགྱུར་བར་བྱེད་པའི་ཚོར་བ་མ་ལུས་པར་མ་སྤངས་པའི་ཕྱིར་རོ། །དེའི་ཕྱིར་གསུངས་པ་མི་གཡོ་བ་གང༌། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ཆགས་དང་མ་བྲལ་བའི་བདེ་བ་དང༌། སྡུག་བསྔལ་འགོག་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་གང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱེད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བ་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང༌། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པའོ། །ཡང་གང་གཟུགས་རྣམ་པ་ལྔ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། འདུས་མ་བྱས་ཀྱི་གཞི་བརྒྱད་པོ་གང༌། དེ་དག་གཅིག་ཏུ་བསྡུས་ཏེ། བཅུ་དྲུག་གི་བདག་ཉིད་ནི་ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་ཀྱི་རྣམ་པར་གནས་པ་གང༌། གཟུགས་ཅན་གྱི་ཁམས་བཅུ་པོ་གང་དེ་ཉིད་སྐྱེ་མཆེད་བཅུའོ། །རྣམ་པར་ཤེས་པའི་ཁམས་བདུན་གང༌། དེ་ཡིད་ཀྱི་སྐྱེ་མཆེད་དོ། །ཆོས་ཀྱི་ཁམས་གང༌། དེ་ཆོས་ཀྱི་སྐྱེ་མཆེད་དོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་
རྣམས་ནི་ཆོས་གསུམ་དུ་འགྱུར་ཏེ། གཟུགས་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །གཟུགས་ཀྱི་ཕུང་པོས་ནི། ཁམས་གཟུགས་ཅན་བཅུ་བསྡུས་སོ། །ཆོས་ཀྱི་ཁམས་ཀྱིས་ནི་དེ་ཉིད་དོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཁམས་བདུན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ནི་གསུམ་དུ་འགྱུར་རོ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ་ལྟར་རྣམ་པར་གཞག་པ་ལ་ཞར་ལ་བྱུང་བ་དེ་བསྟན་པར་བྱའོ། །མིག་དང༌། རྣ་བ་དང༌། སྣ་རྣམས་སོ་སོ་ལ་ཡང་གཉིས་གཉིས་ཡོད་ན། ཁམས་ཉི་ཤུ་རྩ་གཅིག་ཏུ་ཇི་ལྟར་མི་འགྱུར་ཞེ་ན། དེ་དག་གཉིས་གཉིས་ཡོད་དུ་ཟིན་ཀྱང་གཉི་ག་ཡང་མིག་གི་མཚན་ཉིད་ཡིན་པས་མཚན་ཉིད་འདྲ་བ་དང༌། གཉི་གའི་བྱ་བ་མིག་གི་རྣམ་པར་ཤེས་པ་ཡིན་པར་གཅིག་པའི་ཕྱིར། བྱ་བ་མཐུན་པས་ཁམས་གཞན་མ་ཡིན་ནོ། །རྣ་བ་དང་སྣ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཉིས་གཉིས་སུ་གྲུབ་པ་ནི་གནས་མཛེས་པའི་ཕྱིར་རོ། །དེ་ལྟར་ངོས་གཉིས་ཤིན་དུ་རྣམ་པར་མཛེས་ན་གནས་མཛེས་ཀྱི་གཞན་དུ་མ་ཡིན་ནོ། །ཅི་མིག་རེ་རེ་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་རྟག་ཏུ་འབྱུང་བའམ། །འོན་ཏེ་གཉི་ག་ལའང་བརྟེན་སྨྲས་པ། གསལ་བར་འཛིན་པའི་ཕྱིར་གཉི་ག་ལའང་བརྟེན་ནས་འབྱུང་སྟེ། དཔེར་ན་མིག་གཉི་ག་ཕྱེ་ན་གཟུགས་འཛིན་པ་ལ་གསལ་བར་འགྱུར་གྱི་གཅིག་གིས་ནི་དེ་ལྟར་མ་ཡིན་ནོ། །དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བུས་ན། མར་མེ་གཉིས་ལ་བརྟེན་ནས་འོད་རྒྱས་པ་གཅིག་གིས་ཤིན་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ། །དེའི་ཡུལ་སྣ་ཚོགས་ཉེ་བར་གནས་པར་གྱུར་ན། དེའི་རྣམ་པ་རྣམས་ལ་དབང་པོ་རེ་རེའི་སྒོ་ནས་རྣམ་པར་ཤེས་པ་རྣམས་རིམ་གྱིས་འབྱུང་ངམ། འོན་ཏེ་གཅིག་གིས་ཅིག་ཅར་འཛིན་ཞེ་ན། རྣམ་པར་ཤེས་པ་གཅིག་ཁོ་ནས་ཅིག་ཅར་འཛིན་ཏེ། རྣམ་པ་ནི་སྣ་ཚོགས་སུ་རིག་པར་བྱའོ། །ལྕེ་ལ་ཟས་ཀྱི་ཁམས་རེག་ན། ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྟག་ཏུ་ཅིག་ཅར་འབྱུང་བར་རིག་པར་བྱའོ། །སྒྲ་ནི་རྒྱུན་ཆད་པའི་ཕྱིར་ཡུལ་གཞན་དག་ཏུ་གཅིག་ནས་གཅིག་ཏུ་བརྒྱུད་དེ། འབྱུང་བའི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་མེད་ཀྱི་འོན་ཀྱང་
འདི་ལྟ་སྟེ། རང་གི་ཡུལ་ན་འདུག་ཅིང་ལན་ཅིག་འབྱུང་སྟེ། མར་མེའི་འོད་རྒྱས་པ་བཞིན་དུ། སྒྲ་རྒྱས་པར་འགྱུར་བ་ཡང་དེ་ལྟར་བལྟའོ། །ཉེ་ཡང་བར་དུ་བཅད་པའི་སྒྲ་ཡང་གསལ་བར་མི་ཐོས་པའི་སྒྲ་དེ་ཐོགས་པ་ཡོད་པའི་ཕྱིར། སྒྲིབ་པའི་གསེབ་ནས་ཆུང་དུར་འབྱུང་བར་རིག་པར་བྱའོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་དག་ལས་རྣམ་པར་རྟོག་པ་དང་བཅས་པ་ནི་དུ་ཞིག །རྣམ་པར་མི་རྟོག་པ་ནི་དུ་ཞིག་ཅེ་ན། རྣམ་པར་རྟོག་པ་གསུམ་གྱིས་རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ཏུ་རྟོག་པ་དང་བཅས་པ་སྟེ། རྣམ་པར་རྟོག་པ་གསུམ་ནི་རང་བཞིན་གྱིས་རྣམ་པར་རྟོག་པ་དང༌། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང༌། མངོན་པར་དཔྱོད་པའི་རྣམ་པར་རྟོག་པའོ། །དེ་ལ་རང་བཞིན་གྱིས་རྣམ་པར་རྟོག་པ་ནི། ད་ལྟར་བྱུང་བའི་འདུ་བྱེད་མྱོང་བ་ན། གང་རང་གི་མཚན་ཉིད་ཀྱི་རྣམ་པའི་རྣམ་པར་རྟོག་པའོ། །རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི། གང་སྔོན་མྱོང་བའི་འདུ་བྱེད་རྣམས་ཀྱི་རྣམ་པར་རྟོག་པའོ། །མངོན་པར་དཔྱོད་པའི་རྣམ་པར་རྟོག་པ་ནི། གང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་ལྐོག་ཏུ་གྱུར་པ་རྣམས་ལ་མངོན་པར་རྟོགས་པའི་རྣམ་པར་རྟོག་པའོ། །ཡང་རྣམ་པར་རྟོག་པ་བདུན་ཏེ། དམིགས་པ་ལ་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང༌། མཚན་མ་དང་བཅས་པ་དང༌། མཚན་མ་མེད་པ་དང༌། ཀུན་དུ་ཚོལ་བར་བྱེད་པ་དང༌། སོ་སོར་རྟོག་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་རྟོག་པའོ། །དེ་ལ་རྣམ་པར་རྟོག་པ་དང་པོའི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དམིགས་པ་ལ་བཀྲ་བར་མ་བཟུང་བར་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །མཚན་མ་དང་བཅས་པ་ནི་རང་བཞིན་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་སྟེ། ད་ལྟར་དང༌། འདས་པའི་ཡུལ་བཀྲ་བར་འཛིན་པའི་ཕྱིར་རོ། །མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ཡིན་ལ་འཇུག་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ལྷག་མ་རྣམས་ནི་མངོན་པར་དཔྱོད་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། འདི་ལྟར་རེས་འགའ་ནི་རྣམ་པར་རྟོག་པའི་ཀུན་དུ་ལ་
ཚོལ་ལོ། །རེས་འགའ་ནི་སོ་སོར་རྟོག་གོ །རེས་འགའ་ནི་ཉོན་མོངས་པ་ཅན་དུ་འགྱུར་རོ། །རེས་འགའ་ནི་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ། །གང་གི་ཚེ་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པའི་རྣམ་པར་ཤེས་པ་དེ་ཅིའི་ཕྱིར། མིག་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་བྱའི། །གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་མི་བྱ་ཞེ་ན། ཚིག་རྣམ་པར་སྦྱར་བ་རྣམ་པ་ལྔ་འཐད་པ་དང༌། གཟུགས་ལ་སོགས་པའི་ཚིག་མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་མིག་ལ་རྣམ་པར་ཤེས་པ་ནི། མིག་གི་རྣམ་པར་ཤེས་པ་སྟེ། གནས་ཀྱི་ཡུལ་ལ་རྣམ་པར་ཤེས་པ་བྱུང་བའི་ཕྱིར་རོ། །དེ་ཡོད་ན་དེ་ཡང་ཡོད་པའི་ཕྱིར་ཏེ། འདི་ལྟར་མིག་ཡོད་ན་ལོང་བ་མ་ཡིན་པ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། ཐ་ན་མུན་པ་ཡང་མངོན་པའི་ཕྱིར་རོ། །གཟུགས་ཡོད་དུ་ཟིན་ཀྱང་དོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། ལོང་བ་རྣམས་ཀྱིས་མི་མཐོང་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཟུགས་མ་གྱུར་ཀྱང་དེའི་དབང་གིས་རྣམ་པར་ཤེས་པ་འགྱུར་བའི་ཕྱིར་རོ། །དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་ན། གཟུགས་སྔོན་པོ་ལ་སོགས་པ་ལ་མིག་གིས་སེར་པོ་ཉིད་དུ་མཐོང་བ་ལྟ་བུའོ། །མིག་ལས་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་ནི་མིག་གི་རྣམ་པར་ཤེས་པའི་ས་བོན་དང་འབྲེལ་པས། དེ་ལས་གྲུབ་པའི་ཕྱིར་རོ། །མིག་གི་ཕྱིར་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། དེ་ལ་ཕན་པ་དང༌། མི་ཕན་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པར་མྱོང་བས། དབང་པོ་ལ་ཕན་གནོད་དུ་འགྱུར་གྱི། ཡུལ་ལ་ནི་མ་ཡིན་ནོ། །མིག་དང་མཚུངས་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། གཉི་ག་ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པར་འགྲོ་བའི་ཕྱིར་རོ། །གཟུགས་ནི་གདོན་མི་ཟ་བར་སེམས་ཅན་གྱི་གྲངས་སུ་གཏོགས་པ་མ་ཡིན་ནོ། །ཅི་མིག་གིས་གཟུགས་རྣམས་མཐོང་ངམ། །འོན་ཏེ་རྣམ་པར་ཤེས་པས་མཐོང་ཞེ་ན། ཆོས་རྣམས་ནི་བྱེད་པ་མེད་པའི་ཕྱིར། གཅིག་གིས་ཀྱང་མི་མཐོང་ལ། ཅིག་ཤོས་ཀྱིས་ཀྱང་མི་མཐོང་བར་རིག་པར་བྱ་སྟེ། ཚོགས་པར་གྱུར་པ་ལ་མཐོང་བ་གདགས་
སོ། །ཡང་རྣམ་པ་དྲུག་གིས་མིག་གིས་གཟུགས་མཐོང་ངོ་ཞེས་གཙོ་བོར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་དྲུག་གང་ཞེ་ན། འབྱུང་བའི་རྒྱུའི་ཕྱིར་མིག་ལས་པར་ཤེས་པ་ལ་མི་སྲིད་པའི་ཕྱིར་རོ། །དེའི་གནས་ཀྱི་ཕྱིར་མཐོང་བའི་རྟེན་མིག་ཡིན་པའི་ཕྱིར་རོ། །མི་གཡོ་བར་འཇུག་པའི་ཕྱིར། མིག་ནི་རྟག་ཏུ་རིགས་གཅིག་པའི་ཕྱིར་རོ། །རང་དབང་དུ་འཇུག་པའི་ཕྱིར་སྐད་ཅིག་རེ་རེ་ལ་འབྱུང་བའི་རྐྱེན་ཚོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །མཛེས་པར་འཇུག་པའི་ཕྱིར་དེས་གནས་མཛེས་པའི་ཕྱིར་རོ། །ལུང་གི་ཕྱིར་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ལ་མི་སྲིད་པའི་ཕྱིར་རོ། །འདི་ནི་རྣམ་པ་མང་པོར་འབྱུང་བའི་གཡོ་བར་འཇུག་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ཁམས་རྣམས་དང༌། སྐྱེ་མཆེད་རྣམས་ལ་འདུས་མ་བྱས་རྣམ་པར་བཞག་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་ཅིའི་ཕྱིར་རྣམ་པར་མ་བཞག་ཅེ་ན། ཕུང་པོའི་དོན་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པ་དག་གིས་བསྡུས་ཏེ། སྤུངས་པའི་དོན་ནི་ཕུང་པོའི་དོན་དུ་བསྟན་པ། དེ་ནི་རྟག་ཏུ་ཡོད་པ་མ་ཡིན་པས་ཕུང་པོ་རྣམས་ལ་འདུས་མ་བྱས་རྣམ་པར་མི་གཞག་གོ །ཅིའི་ཕྱིར་ཆོས་འདི་རྣམས་ཁམས་དང༌། ཕུང་པོ་རྣམས་དང༌། སྐྱེ་མཆེད་ཀྱི་སྒོ་ནས་ལོགས་ཤིག་ཏུ་བཤད་ཅེ་ན། གདུལ་བྱ་རྣམས་བསྡུས་པ་དང༌། རྒྱས་པར་བསྟན་པ་ལ་མཁས་པ་སྐྱེད་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་བསྟན་པ་ལ་གཟུགས་དང་རྣམ་པར་ཤེས་པ་གང་དག་མདོར་བསྟན་པ་དེ་དག་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་བཅུ་གཅིག་དང༌། རྣམ་པ་བདུན་དུ་ཕྱེ་ནས་རྒྱས་པར་བསྟན་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེར་ཚོར་བ་ལ་སོགས་པ་གང་དག་རྒྱས་པར་བསྟན་པ་དེ་དག་ནི་ཁམས་དང༌། སྐྱེ་མཆེད་རྣམས་སུ་ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་དུ་བསྡུས་ཏེ་བསྟན་ཏོ། །ཡང་མཚན་ཉིད་ཙམ་དུ་རྣམ་པར་གཞག་པས་ཕུང་པོ་བསྟན་ཏོ། །འཛིན་པ་དང༌། གཟུང་བ་དང༌། འཛིན་པར་བྱེད་པ་རྣམ་པར་གཞག་པས་ཁམས་བསྟན་ཏོ། །འཛིན་པར་བྱེད་བ་སྐྱེ་བའི་སྒོར་གྱུར་པ། གཟུང་བ་དང༌། འཛིན་པ་ཙམ་རྣམ་པར་གཞག་པས་སྐྱེ་མཆེད་བསྟན་
པར་རིག་པར་བྱའོ། །ཞར་ལ་བྱུང་བ་རྫོགས་སོ།། །།འདི་མན་ཆད་ནི་རྩ་བའི་གཞུང་ཉིད་ཀྱི་དོན་བཤད་པར་བལྟའོ། །མིག་ཅེས་སམ། མིག་གི་ཁམས་ཤེ་ན། མིག་གང༌། མིག་གི་ཁམས་ཀྱང་དེའམ། མིག་གི་ཁམས་གང་མིག་ཀྱང་དེའམ་ཞེ་ན། མིག་ལ་མིག་གི་ཁམས་མ་ཡིན་པའང༌། དགྲ་བཅོམ་པ་ཐ་མའི་མིག་གོ །མིག་གི་ཁམས་ལ་མིག་མ་ཡིན་པ་ཡང༌། སྒོ་ངའི་ནང་ན་འདུག་པ་དང༌། ནུར་ནུར་པོར་གྱུར་པ་དང༌། མེར་མེར་པོར་གྱུར་པ་དང༌། ནར་ནར་པོར་གྱུར་པ་དང༌། མའི་མངལ་ན་གནས་པའི་མིག་མ་དོད་པ་དང༌། མིག་ཞར་བ་དང༌། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ། །མིག་ཡིན་ལ་མིག་གི་ཁམས་ཀྱང་ཡིན་པའང༌། དེ་མ་ཡིན་པའི་གནས་སྐབས་གཞན་རྣམས་སོ། །མིག་མ་ཡིན་ལ་མིག་གི་ཁམས་ཀྱང་མ་ཡིན་པའང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང༌། གཟུགས་མེད་པར་སྐྱེས་པའི་འཕགས་པའིའོ། །མིག་དང་མིག་གི་ཁམས་ཇི་ལྟ་བར་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དེ་བཞིན་ཉིད་དེ་ཡང་ཇི་ལྟར་རིགས་པར་རོ། །དགྲ་བཅོམ་པ་ཐ་མའི་མིག་གོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་ཐ་མ་སྟེ། དེ་ནི་མིག་གཞན་གྱི་སྒྱུ་མ་ཡིན་པས་ཁམས་མ་ཡིན་ནོ། །གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་མིག་གི་རྒྱུའོ་ཞེས་བྱ་བ་ནི་དེ་ནས་འཕོས་ཏེ། གཟུགས་ཅན་གྱི་ཁམས་སུ་སྐྱེ་བའི་མིག་གི་ས་བོན་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་གནས་པའི་ཕྱིར། འདི་ལྟར་ཡང་མིག་མངོན་པར་འགྲུབ་པར་འགྱུར་ཏེ། ཡང་ཕྱིར་མི་འོང་བས་འཕགས་པ་རྣམས་ཀྱི་ནི་མ་ཡིན་ནོ། །ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་པ་ཡང༌། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུ་ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། སྒོ་ངའི་ནང་ན་འདུག་པ་ལ་སོགས་པ་ནི་ལུས་ཡོད་པའི་ཕྱིར་རོ། །ལུས་ཞིག་པ་ནི་མི་འཚོ་བའི་ཕྱིར་རོ། །ཡིད་གང་ཡིད་ཀྱི་ཁམས་ཀྱང་དེའམ། ཡིད་ཀྱི་ཁམས་གང་ཡིན་ཀྱང་དེའམ། ཡིད་ལ་ཡིད་ཀྱི་ཁམས་མ་ཡིན་པའང་དགྲ་བཅོམ་པ་ཐ་མའི་ཡིད་དོ། །ཡིད་ཀྱི་ཁམས་ལ་ཡིད་མ་ཡིན་པའང་
འགོག་པ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ཁམས་སོ། །ཡིད་ཡིན་ལ་ཡིད་ཀྱི་ཁམས་ཀྱང་ཡིན་པའམ། དེ་མ་ཡིན་པའི་གནས་སྐབས་གཞན་རྣམས་སོ། །ཡིད་མ་ཡིན་པ་ཡིད་ཀྱི་ཁམས་ཀྱང་མ་ཡིན་པའང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའིའོ། །ཡིད་ཀྱི་ཁམས་ཡིན་ལ་ཡིད་མ་ཡིན་པ་ཡོད་ཅེས་བྱ་བ་འདིར་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པ་མ་བཟུང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པའི་ཕྱིར་རོ། །གང་དུ་བྱུང་ཞིང་སྐྱེས་པར་གྱུར་པ་དེའི་ས་པ་ཉིད་ཀྱིས་མིག་གིས་དེའི་ས་པའི་གཟུགས་རྣམས་མཐོང་ངམ། བྱུང་ཞིང་སྐྱེས་པར་གྱུར་ཞེས་པ་ནི། གྲུབ་པ་དང༌། རྒྱས་པར་གྱུར་པའི་དབང་དུ་བྱས་པ་སྟེ། གོ་རིམས་སོ། །དེ་ཡི་ས་བའི་མིག་གིས་དེའི་ས་པའི་གཟུགས་རྣམས་མཐོང་བ་ཡང་ཡོད། གཞན་གྱིས་ས་པའི་མཐོང་བ་འང་ཡོད། འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ། འདོད་པ་ན་སྤྱོད་པའི་མིག་གིས་འདོད་པ་ན་སྤྱོད་པའི་གཟུགས་རྣམས་མཐོང་བ་དང༌། གཟུགས་ན་སྤྱོད་པའི་ས་གོང་མ་པས་ས་འོག་མ་རྣམས་མཐོང་བའོ། །མིག་གིས་གཟུགས་རྣམས་མཐོང་བ་ཇི་ལྟར་བར་རྣ་བས་སྒྲ་ཡང་དེ་བཞིན་ནོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ཇི་ལྟ་བར་གཟུགས་ཀྱི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་ཡང་དེ་བཞིན་ནོ། །འདོད་པའི་ཁམས་སུ་སྐྱེས་པའི་འོད་དང་པ་ན་སྤྱོད་པའི་སྣ་དང༌། ལྕེ་དང༌། ལུས་ཀྱི་འདོད་པ་ན་སྤྱོད་པ་ཉིད་ཀྱི་དྲི་རྣམས་སྣོམ་མོ། །རོ་རྣམས་མྱོང་ངོ༌། །རེག་བྱ་རྣམས་ལ་རེག་གོ །གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པ་གཟུགས་ན་སྤྱོད་པའི་ལུས་ཀྱིས་རང་གིས་ས་པ་ཉིད་ཀྱི་རེག་བྱ་རྣམས་ལ་རེག་གོ །དེ་ན་དྲི་དང་རོ་ནི་རང་བཞིན་གྱིས་མེད་དེ་ཁམས་ཀྱི་ཟས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་སྣའི་རྣམ་པར་ཤེས་པ་དང༌། ལྕེའི་རྣམ་པར་ཤེས་པ་ཡང་མེད་དོ། །འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་འདོད་པ་ན་སྤྱོད་པའི་ཡིད་ཀྱིས་ཁམས་གསུམ་ནི་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ཇི་ལྟ་བར་གཟུགས་སུ་སྐྱེས་པར་གྱུར་པ་ཡང་དེ་བཞིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེ་ས་པར་གྱུར་པ་
ནི་གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱིས་གཟུགས་མེད་པ་ན་སྤྱོད་པ་རང་གི་ས་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །ཟག་པ་མེད་པའི་ཡིད་ཀྱིས་ནི་ཁམས་གསུམ་ན་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ་ཞེས་པ་ནི། འཕགས་པ་ཉན་ཐོས་ཀྱི་དབང་དུ་བྱས་པ་སྟེ། ཕྱི་རོལ་པའི་སོ་སོའི་སྐྱེ་བོ་ནི་རང་གི་ས་པ་རྣམས་ཉིད་རྣམ་པར་ཤེས་སོ། །ཆོས་འདི་པ་ནི། ལ་ལ་སྔོན་ཐོས་པས་ཡོངས་སུ་བསྒོམས་པའི་དབང་གིས་ས་གོང་མ་ལ་ཡང་དམིགས་ཏེ་དེ་ལས་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་ཕུང་པོ་རྣམས་གོ་རིམས་སུ་བརྗོད་ཅེ་ན། རྣམ་པར་ཤེས་པའི་གནས་ཉིད་ཀྱི་ཕྱིར་ཏེ། རྣམ་པར་ཤེས་པའི་གནས་བཞི་དང་རྣམ་པར་ཤེས་པའོ། །ཡང་སྔ་མ་ནི་ཕྱི་མའི་རྟེན་ཉེ་བར་ལེན་པའི་ཕྱིར་ཏེ། གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་ངོ༌། །ཇི་ལྟར་ཚོར་བར་བྱེད་པ་དེ་བཞིན་དུ་འདུ་ཤེས་སུ་བྱེད་དོ། །ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེད་དོ། །ཇི་ལྟར་སེམས་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་དོ། །དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ། །གཟུགས་ཇི་ལྟ་བ་དེ་བཞིན་དུ་མྱོང་ངོ་ཞེས་བྱ་བ་ནི། །བདེ་བ་ལ་སོགས་པ་མྱོང་བར་འགྱུར་བའི་དབང་པོ་དང་ཡུལ་གཉིས་ལས་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བའི་ཕྱིར་རོ། །ཚོར་བར་བྱེད་པ་དེ་བཞིན་དུ། འདུ་ཤེས་སུ་བྱེད་དོ་ཞེས་པ་ནི། ཇི་ལྟར་མྱོང་བ་བཞིན་དུ་འདུ་ཤེས་ཀྱིས་མཚན་མར་འཛིན་པའི་ཕྱིར་རོ། །ཇི་ལྟར་འདུ་ཤེས་སུ་བྱེད་པ་དེ་བཞིན་དུ་སེམས་པར་བྱེད་དོ་ཞེས་བྱ་བ་ནི་འདུ་ཤེས་ཇི་ལྟ་བ་དེ་བཞིན་དུ་ལས་མངོན་བར་འདུ་བྱེད་པའི་ཕྱིར་རོ། །ཇི་ལྟར་སེམས་པར་བྱེད་པ་དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་དོ། །དེ་དང་དེར་ཉེ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་མངོན་བར་འདུ་བྱས་པའི་ཡུལ་རྣམས་དང༌། འགྲོ་བ་གཞན་རྣམས་སུ་རྣམ་པར་ཤེས་པར་འགྱུར་བའི་ཕྱིར་རོ། །ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཉིད་ཉེ་བར་ལེན་པའི་ཕྱིར་ཏེ། གང་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའམ། རྗེས་སུ་མྱོང་བ་དང༌། མཚན་མར་འཛིན་པ་དང༌། མངོན་པར་འདུ་བྱེད་པ་གང་གིས་ཀུན་ནས་ཉོན་མོངས་པ་དང༌། རྣམ་
པར་བྱང་བའམ། གང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟེ་ཕུང་པོ་རྣམས་ཀྱི་གོ་རིམས་བསྟན་པ་ནི་དེ་ལྟའོ། །གང་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ཡུལ་ལོ། །རྗེས་སུ་མྱོང་བ་གང་གིས་ཞེས་བྱ་བ་ནི་དུག་དང་བཅས་པ་དང༌། དུག་མེད་པ་ལ་སོགས་པ་དང༌། གོ་རིམས་སོ། །མཚན་མར་འཛིན་པ་དང༌། མངོན་པར་འདུ་བྱེད་པ་གང་གིས་ཞེས་བྱ་བ་ནི། ཚུལ་བཞིན་མ་ཡིན་པ་དང༌། ཚུལ་བཞིན་དུ་འཇུག་པས་སོ། །གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཞེས་བྱ་བ་ནི། སེམས་གནས་ངན་ལེན་དང་བཅས་པ་དང༌། གནས་ངན་ལེན་མེད་པར་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཁམས་རྣམས་གོ་རིམས་སུ་བརྗོད་ཅེ་ན། འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པ་ཉེ་བར་ལེན་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འཇུག་པ་ཉེ་བར་ལེན་པ་གང༌། དེ་ལ་ཐོག་མ་ཁོ་ནར་ཕན་ཚུན་བལྟའོ། །བལྟ་བ་ལ་བརྟེན་ནས་ཀུན་དུ་སྨྲ་བའོ། །དེའི་འོག་ཏུ་ཁྲུས་དང༌། བྱུག་པ་དང༌། ཕྲེང་བ་ལ་ལོངས་སྤྱོད་དོ། །དེའི་འོག་ཏུ་བཟའ་བ་དང༌། བཏུང་བ་ལ་ལོངས་སྤྱོད་དོ། །དེའི་འོག་ཏུ་མལ་དང༌། བཏིང་བ་དང༌། བུད་མེད་ལ་ཡོངས་སུ་སྤྱོད་དོ། །ཐམས་ཅད་དུ་རྣམ་པར་རྟོག་པ་ཅན་ཡིད་ཀྱི་ཁམས་སོ། །ནང་གི་ཁམས་རྣམས་རྒྱུར་བྱས་ནས་ཕྱིའི་ཁམས་རྣམས་གོ་རིམས་སོ། །དེའི་འོག་ཏུ་རྣམ་པར་ཤེས་པའི་ཁམས་རྣམས་སོ། །ཁམས་ཀྱི་གོ་རིམས་ཇི་ལྟ་བར་སྐྱེ་མཆེད་རྣམས་ཀྱི་ཡང་དེ་བཞིན་ནོ། །ཕུང་པོའི་དོན་གང་གཟུགས་གང་ཅི་ཡང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། རྒྱང་རིང་བའམ། ཐག་ཉེ་བ་གང༌། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བརྗོད་དོ། །རྣམ་པར་ཤེས་པའི་ཕུང་པོའི་བར་དུའང་དེ་བཞིན་ཏེ། ནོན་གྱི་ཕུང་པོ་བཞིན་ནོ། །སྲེད་པ་རྣམ་པ་བཅུ་གཅིག་གི་སྐབས་ཀྱིས། གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་རྣམ་པར་མ་བཞག་པར་རིག་པར་བྱའོ། །དེ་ཡང་ཁ་བལྟས་པའི་སྲེད་
པ་དང༌། མངོན་བར་དགའ་བའི་སྲེད་པ་དང༌། ལྷག་པར་ཆགས་པའི་སྲེད་པ་དང༌། བདག་ལ་སྲེད་པ་དང༌། ཡུལ་ལ་སྲེད་པ་དང༌། འདོད་པ་ལ་སྲེད་པ་དང༌། སྙོམས་པར་འཇུག་པའི་སྲེད་པ་དང༌། ཉེས་པར་སྤྱད་པའི་སྡུག་བསྔལ་ལ་སྲེད་པ་དང༌། ལེགས་པར་སྤྱད་པའི་བདེ་བ་ལ་སྲེད་པ་དང༌། རིང་བ་ལ་སྲེད་པ་དང༌། ཉེ་བ་ལ་སྲེད་པ་སྟ། སྲེད་པ་དེ་དག་གི་དམིགས་པ་ཉིད་ཀྱི་གོ་རིམས་བཞིན་དུ་འདས་པ་ལ་སོགས་པའི་རྣམ་པར་སྦྱར་བར་བྱའོ། །ཡང་རྣམ་གྲངས་གཞན་དུ་ན། བྱུང་བ་དང༌། མ་བྱུང་བའི་བྱེ་བྲག་དང༌། འཛིན་པ་དང༌། གཟུང་བའི་བྱེ་བྲག་དང༌། ཕྱི་རོལ་དུ་བལྟས་པ་དང༌། ནང་དུ་བལྟས་པའི་བྱེ་བྲག་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་དང༌། རིང་བ་དང་ཉེ་བའི་བྱེ་བྲག་དང༌། འདས་པ་ལ་སོགས་པ་དང༌། ཇི་ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་བྱུང་བ་ནི་འདས་པ་དང༌། ད་ལྟར་རོ། །མ་བྱུང་བ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གིའོ། །གཟུང་བ་ནི་ཕྱིའིའོ། །ཕྱི་རོལ་དུ་བལྟས་པ་ནི་མཉམ་པར་མ་བཞག་པའིའོ། །ནང་དུ་བལྟས་པ་ནི་མཉམ་པར་བཞག་པའིའོ། །ལྷག་མ་རྣམས་གོ་སླ་བས་མ་བཤད་དོ། །ཡང་སྡུག་བསྔལ་ཤིན་ཏུ་རྒྱས་པའི་མཚན་ཉིད་ཉེ་བར་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། ཤིང་གི་ཕུང་པོ་བཞིན་ནོ། །སྡུག་བསྔལ་ཤིན་ཏུ་རྒྱས་པའི་མཚན་ཉིད་ཉེ་བར་ལེན་པའི་ཕྱིར་ཞེས་པ་ནི། གཟུགས་ལ་སོགས་པ་ལ་བརྟེན་ནས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཡང་ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་བ་ཉིད་ཀྱི་ཕྱིར་ཏེ་ཕྲག་ཁུར་ཁྱེར་བ་བཞིན་ནོ། །ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་བ་ཉིད་ཀྱི་ཕྱིར་ཏེ་ཞེས་པ་ནི་ཉོན་མོངས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་གཟུགས་ལ་སོགས་པ་ལ་བརྟེན་པའི་ཕྱིར་ཏེ། དཔེར་ན་འཇིག་རྟེན་ན་ཕྲག་པའི་ཁུར་ཁྱེར་བའི་ཕྱིར། ཕྲག་ཁུར་ཁྱེར་བ་བཞིན་ནོ། །ལུས་ཀྱི་ཕྱོགས་གང་གིས་ཁུར་ཁྱེར་བ་དེ་ལ་ཕྲག་པ་ཞེས་བརྗོད་ཅིང་འདོགས་ཏེ་ཕག་
ཁུར་ཁྱེར་པ་དང་མཚུངས་པའི་ཕྱིར་རོ། །ཁམས་ཀྱི་དོན་གང༌། ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ཏོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་རྒྱུའི་དབང་དུ་བྱས་པའི་དོན་ཏོ། །ཡང་རང་གི་མཚན་ཉིད་འཛིན་པའི་དོན་ཏོ། །འབྲས་བུ་དང་རྒྱུའི་དངོས་པོ་འཛིན་པའི་དོན་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་འཛིན་པ་ནི། ཁམས་བཅོ་བརྒྱད་པོ་དེ་དག་ལ་རྣམ་པར་ཤེས་པའི་ཁམས་དྲུག་དང༌། དབང་དོན་གྱི་ཁམས་རྣམས་དང་གོ་རིམས་སོ། །ཡང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཇིག་པའི་དོན་ཏོ། །ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པ་ནི་མདོ་སྡེའི་ནང་དུ་སའི་ཁམས་ལ་སོགས་པ་དང༌། ཁམས་གཞན་དག་བསྟན་པ་དག་ཀྱང་ཁམས་བཅོ་བརྒྱད་པོ་འདི་དག་ཏུ་ཇི་ལྟར་མཐུན་པར་བསྡུས་པར་རིག་པར་བྱའོ། །སྐྱེ་མཆེད་ཀྱི་དོན་གང༌། རྣམ་པར་ཤེས་པ་སྐྱེ་བའི་སྒོའི་དོན་ཏོ། །ས་བོན་གྱི་དོན་དང༌། ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་པའི་དོན་ནི་སྐྱེ་མཆེད་ཀྱི་དོན་དུ་ཡང་རིག་པར་བྱའོ། །དཔེ་གང༌། གཟུགས་ནི་དབུ་བའི་གོང་བུ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་རྣམས་ནི་ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ་ཞེས་གང་གསུངས་པ། ཅིའི་ཕྱིར་གཟུགས་ལ་སོགས་པ་རྣམས་ནི་དབུ་བའི་གོང་བུ་ལ་སོགས་པ་ལྟ་བུ་ཉིད་དེ། བདག་མེད་པ་ཉེ་བར་ལེན་པ་དང༌། གཙང་བ་མེད་པ་ཉེ་བར་ལེན་པ་དང༌། རོ་བྲོ་བ་ཆུང་བ་ཉེ་བར་ལེན་པ་དང༌། མི་བརྟེན་ཅིང་སྙིང་པོ་མེད་པ་ཉེ་བར་ལེན་པའི་ཕྱིར་རོ། །རང་གི་མདོའི་ཚིག་འདི་རྣམས་ཀྱི་དོན་ནི་ཡང་མེད་པ་དང༌། གསོ་བ་དང༌། གསོག་དང༌། སྙིང་པོ་མེད་པར་ཡང་བཤད་པར་རིག་པར་བྱའོ། །བདག་དང༌། གཙང་བ་དང༌། བདེ་བ་དང༌། རྟག་པར་ཕྱིན་ཅི་ལོག་གི་གཉེན་པོ་སྟེ། བདག་མེད་པ་ཉེ་བར་ལེན་པའི་ཕྱིར་ཞེས་པ་ལ་སོགས་པའི་ཚིག་རྣམས་དང་གོ་རིམས་ལྟར་རིག་པར་བྱའོ། །ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་གང༌། སྡོམ་དུ་ན། རྫས་ཡོད་ཤེས་བྱ་གཟུགས་ཅན་སོགས། །ཟག་བཅས་བྱུང་ལ་སོགས་པ་དང༌། །འདས་དང་རྐྱེན་ལ་སོགས་པ་རྣམས། །ཇི་ལྟར་དུ་ཞིག་ཅི་ཡི་ཕྱིར། །ཕུང་
པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཇི་ལྟར་ན་རྫས་སུ་ཡོད། རྫས་སུ་ཡོད་པ་རྣམས་ནི་དུ། ཅིའི་ཕྱིར་རྫས་སུ་ཡོད་པར་བརྟག །དབང་པོའི་སྤྱོད་ཡུལ་བརྗོད་པ་ལ་མི་ལྟོས་པ་དང༌། དེ་ལས་གཞན་པ་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ། །ཐམས་ཅད་ཀྱང་རྫས་སུ་ཡོད་པའོ། །བདག་ལ་རྫས་སུ་མངོན་པར་ཞེན་པ་སྤོང་བའི་ཕྱིར་རྫས་སུ་ཡོད་པར་བརྟག་གོ །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཞེས་དྲི་བ་རྣམ་པ་གསུམ་རྣམ་པར་འཇུག་པ་ནི་མཚན་ཉིད་དང༌། དངོས་པོ་ལ་རྨོངས་པ་དང༌། སྒྲོ་འདོགས་པ་སྤངས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་རྫས་སུ་ཡོད་ཅེས་བྱ་བ་ནི། རྫས་སུ་ཡོད་པའི་མཚན་ཉིད་བསྟན་པས་དེ་ལ་རྨོངས་པ་སྤོང་ངོ༌། །ཐམས་ཅད་ཀྱང་རྫས་སུ་ཡོད་པའོ་ཞེས་བྱ་བ་འདིས་ནི་དངོས་པོ་ལ་རྨོངས་པ་སྤོང་ངོ༌། །བདག་ལ་རྫས་སུ་མངོན་བར་ཞེན་པ་སྤོང་བའི་ཕྱིར་ཞེས་བྱ་བ་འདིས་ནི་སྒྲོ་འདོགས་པ་སྤོང་ངོ༌། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །དབང་པོའི་སྤྱོད་ཡུལ་བརྗོད་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། གཟུགས་དང་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ནི། མིང་བཀྲ་བར་མི་འཛིན་པར་དོན་གང་ཡིན་པ་འཛིན་པ་ཡིན་ནོ། །དེ་ལས་གཞན་པ་ལ་མི་ལྟོས་པ་ནི་འདི་ལྟ་སྟེ། དོན་གཞན་ལ་མི་ལྟོས་པར་གང་དུ་དེའི་བློ་འབྱུང་བ་སྟེ། ཇི་ལྟར་གཟུགས་ལ་སོགས་པ་ལ་ལྟོས་ནས་བུམ་པ་ལ་སོགས་པ་ལ་བུམ་པ་ལ་སོགས་པའི་བློ་བྱུང་བ་ལྟ་བུ་ནི་མ་ཡིན་ནོ། །ཇི་ལྟར་ན་བཏགས་པའི་ཡོད་པ། བཏགས་པའི་ཡོད་པ་རྣམས་ནི་དུ། ཅིའི་ཕྱིར་བཏགས་པའི་ཡོད་པར་བརྟག །དབང་པོའི་སྤྱོད་ཡུལ་བརྗོད་པ་དང༌། དེ་ལས་གཞན་པ་ལ་ལྟོས་པ་དང་བཅས་པ་ནི་བཏགས་པའི་ཡོད་པའོ། །ཐམས་ཅད་ཀྱང་བཏགས་པའི་ཡོད་པའོ། །བདག་ལ་རྫས་སུ་མངོན་པར་ཞེན་པ་སྤང་བའི་ཕྱིར་བརྟགས་པའི་ཡོད་པར་བརྟག་གོ །ཇི་ལྟར་ན་ཀུན་རྫོབ་ཏུ་ཡོད། ཀུན་རྫོབ་ཏུ་ཡོད་པ་རྣམ་ནི་དུ། ཅིའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་བརྟག །ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་པ་ནི། ཀུན་ནས་ཉོན་མོངས་པར་འགྱུར་བའི་དམིགས་པ་ནི་ཀུན་ནས་ཉོན་མོངས་པ་འཕེལ་བའི་ཕྱིར་རོ། །ཐམས་ཅད་ཀྱང་ཀུན་
རྫོབ་ཏུ་ཡོད་པའོ། །བདག་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །བདག་ནི་ཀུན་ནས་ཉོན་མོངས་པའི་རྒྱུའོ་སྙམ་དུ་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དོན་དམ་པར་ཡོད། དོན་དམ་པར་ཡོད་པ་རྣམས་ནི་དུ། ཅིའི་ཕྱིར་དོན་དམ་པར་ཡོད་པར་བརྟག །རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ། །རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པ་སྟེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །བདག་ལ་རྣམ་པར་དག་པའི་རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཤེས་པར་བྱ་བ། ཤེས་པར་བྱ་བ་རྣམས་ནི་དུ། ཅིའི་ཕྱིར་ཤེས་པར་བྱ་བ་བརྟག །ཤེས་པར་བྱ་བ་ནི་རྣམ་པ་ལྔ་སྟེ། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་དང༌། འདུས་མ་བྱས་སོ། །དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། གཟུགས་ཅན་གྱི་ཁམས་བཅུ་དང༌། སྐྱེ་མཆེད་བཅུ་དང༌། ཆོས་ཀྱི་ཁམས་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། རྣམ་པར་ཤེས་པའི་ཁམས་བདུན་དང༌། ཡིད་ཀྱི་སྐྱེ་མཆེད་དོ། །སེམས་ལས་བྱུང་བའི་ཆོས་རྣམས་ནི་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཀྱང་དོ། །ལྡན་པ་མ་ཡིན་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཀྱང་ངོ༌། །འདུས་མ་བྱས་ནི་ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །གང་དུ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའམ། གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའམ། གང་གིས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དང༌། དེའི་གནས་སྐབས་གང་དང༌། རྣམ་པར་བྱང་བ་གང་ཡིན་པའི་དབང་དུ་བྱས་ནས་ཐམས་ཅད་ཀྱང་ཤེས་པར་
བྱའོ། །གང་གིས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དང་ཞེས་བྱ་བ་ནི། སེམས་ལས་བྱུང་བ་འདོད་ཆགས་ལ་སོགས་པ་དང༌། དད་པ་ལ་སོགས་པ་རྣམས་དང༌། གོ་རིམས་སོ། །དེའི་གནས་སྐབས་གང་ནི་གཟུགས་དང༌། སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལ་བཏགས་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་སོ། །རྣམ་པར་བྱང་བ་གང་ཡིན་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། དེ་ནི་ཅི་རིགས་སུ་སྦྱར་རོ། །དེ་རྣམས་ཀྱི་དབང་དུ་བྱས་པས་ན་ཐམས་ཅད་ཅེས་བྱའོ། །ཡང་ཤེས་བྱའི་ཆོས་རྣམས་ནི་མོས་པས་ཤེས་པའི་སྤྱོད་ཡུལ་དང༌། རིག་པས་ཤེས་པའི་སྤྱོད་ཡུལ་དང༌། རྣམ་པར་འཕྲོ་བ་མེད་པས་ཤེས་པའི་སྤྱོད་ཡུལ་དང༌། སོ་སོ་རང་གིས་ཤེས་པས་སྤྱོད་ཡུལ་དང༌། གཞན་གྱིས་བདག་ཉིད་ཤེས་པས་སྤྱོད་ཡུལ་དང༌། འོག་མ་ཤེས་པས་སྤྱོད་ཡུལ་དང༌། གོང་མ་ཤེས་པས་སྤྱོད་ཡུལ་དང༌། རྣམ་པར་སུན་འབྱིན་པ་ཤེས་པས་སྤྱོད་ཡུལ་དང༌། ཀུན་ནས་ལྡང་བ་ཤེས་པས་སྤྱོད་ཡུལ་དང༌། མི་སྐྱེ་བ་ཤེས་པས་སྤྱོད་ཡུལ་དང༌། ཤེས་པ་ཤེས་པས་སྤྱོད་ཡུལ་དང༌། མཐར་ཐུག་པ་ཤེས་པས་སྤྱོད་ཡུལ་དང༌། དོན་ཆེན་པོ་ཤེས་པས་སྤྱོད་ཡུལ་ལོ། །བདག་ལ་ཤེས་པ་པོ་དང༌། མཐོང་བ་པོར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་ཡུལ་གྱི་རྣམ་པ་བཅུ་གསུམ་པོ་འདིས་ཤེས་བྱ་གང་ཡིན་པ་རབ་ཏུ་བསྟན་ཏེ། དེ་དག་ནི་ཐོས་པ་ལས་བྱུང་བའི་ཤེས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པ་དང༌། འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་ཤེས་པ་དང༌། དོན་དམ་པའི་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པའི་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པ་དང༌། ཐེག་པ་ཆེན་པོ་ཤེས་པ་སྟེ། དེ་ནི་གོ་རིམས་བཞིན་དུ་མོས་པའི་ཤེས་པ་ལ་སོགས་པར་རིག་པར་བྱའོ། །དེ་ལ་གཞན་གྱི་སེམས་ཤེས་པ་ནི་གཞན་གྱི་བདག་ཉིད་ཤེས་པ་སྟེ། གཞན་གྱི་བདག་ཉིད་ཀྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པ་ནི་འོག་མ་ཤེས་པ་སྟེ། བདེན་པ་རྣམས་ལ་ཐོག་མར་འབྱུང་བའི་ཕྱིར་
རོ། །རྗེས་སུ་རྟོགས་པའི་ཤེས་པ་ནི་གང་མ་ཤེས་པ་སྟེ། ཆོས་ཤེས་པའི་འོག་ཏུ་འབྱུང་བའི་ཕྱིར་རོ། །རྣམ་པར་སུན་འབྱིན་པའི་ཕྱིར། ཀུན་ནས་མི་ལྡང་བར་བྱ་བའི་ཕྱིར། མི་སྐྱེ་བའི་ཤེས་པ་ལ། མཐར་ཐུག་པ་ལ། དོན་ཆེན་པ་ལ། ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་སུན་འབྱིན་པའི་ཤེས་པ་ནས། དོན་ཆེན་པོའི་ཤེས་པ་ཞེས་བྱ་བའི་བར་ཏུ་སྦྱར་བར་བྱའོ། །དོན་ཆེན་པོ་ནི་བདག་དང་གཞན་གྱི་དོན་གྱི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་ཤེས་པར་བྱ། རྣམ་པར་ཤེས་པར་བྱ་བ་རྣམས་ནི་དུ། ཅིའི་ཕྱིར་རྣམ་པར་ཤེས་པར་བྱ་བར་བརྟག །རྣམ་པར་མི་རྟོག་པ་དང༌། རྣམ་པར་རྟོག་པ་དང༌། རྒྱུ་དང༌། འཇུག་པ་དང༌། རྒྱུ་མཚན་དང༌། རྒྱུ་མཚན་ལས་བྱུང་བ་དང༌། མི་མཐུན་པ་དང༌། གཉེན་པོ་དང༌། ཕྲ་བའི་རབ་ཏུ་ཕྱེ་བས་ཀྱང་རྣམ་པར་ཤེས་པར་བྱ་བར་བལྟ་བར་བྱའོ། །དེ་ལ་རྣམ་པར་མི་རྟོག་པས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གིས་སོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །རྒྱུ་ནི་ལེན་པའི་རྣམ་པར་ཤེས་པའོ། །འཇུག་པ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའོ། །རྒྱུ་མཚན་ནི་དབང་པོ་དང་དོན་རྣམས་སོ། །རྒྱུ་མཚན་ལས་བྱུང་བ་ནི་རྣམ་པར་ཤེས་པ་རྣམས་སོ། །མི་མཐུན་པ་དང་གཉེན་པོ་ནི་འདོད་ཆགས་དང་བཅས་པ་དང༌། འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་ཞེས་པ་ལ་སོགས་པ་ལྟ་བུའོ། །ཕྲ་བའི་རབ་ཏུ་དབྱེ་བ་ནི། རྣམ་པར་ཤེས་པ་དཀའ་བའི་རྣམ་པར་རིག་པ་བདུན་གྱི་བྱེ་བྲག་གི་སྟེ། རྣམ་པར་ཤེས་པར་དཀའ་བའི་རྣམ་པར་རིག་པ་བདུན་ནི་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རིག་པ་ནི། སྣོད་ཀྱི་རྣམ་པར་རིག་པ་སྟེ། དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་རོ། །སྣ་ཚོགས་ཀྱི་རྣམ་པར་རིག་པ་ནི། གཅིག་གི་རྣམ་པ་ནི་གཅིག་དང༌། སྣ་ཚོགས་ཏེ། རྣམ་པར་གཞག་པ་དཀའ་བའི་ཕྱིར་འདི་ནི་ཕྲ་བ་ཉིད་དོ། །ལྷན་ཅིག་འབྱུང་བའི་རྣམ་པར་རིག་པ་ནི་དུས་གཅིག་ཏུ་འབྱུང་བའི་རྣམ་པར་ཤེས་པ་རྣམས་ཇི་ལྟར་སོ་སོ་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པ་རྣམ་པར་གཞག་པ་དཀའ་བའི་ཕྱིར་རོ། །ཕྲ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་དབང་དུ་བྱས་པར་རིག་
པར་བྱའོ། །མི་མཐུན་པའི་ཕྱོགས་ལས་གཉེན་པོ་མྱུར་དུ་འབྱུང་བའི་རྣམ་པར་རིག་པ་ནི། ཇི་ལྟར་འདོད་ཆགས་ལ་སོགས་པའི་འཆིང་བ་ཐམས་ཅད་དང་ལྡན་པའི་སེམས་ཏེ། ཡུད་ཙམ་ཉིད་ལ་ལན་ཅིག་ཏུ་འདོད་ཆགས་ལ་སོགས་པ་དང་བྲལ་བར་འགྱུར་རོ། །བག་ཆགས་ཀྱི་རྣམ་པར་རིག་པ་ནི། ཇི་ལྟར་ལས་ཀུན་དུ་འབྱུང་བ་རྣམས་ཀྱིས་སེམས་ལས་བག་ཆགས་བསྒོ་བར་འགྱུར་བ་སྟེ། དེ་ལས་བག་ཆགས་གཞན་པའང་མ་ཡིན་ལ། དེ་ཙམ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་འབྱིན་པ་ཡང་རིམ་གྱིས་འབྱུང་བ་རྙེད་པའོ། །ཉིད་མཚམས་སྦྱོར་བའི་རྣམ་པར་རིག་པ་ནི། ཇི་ལྟར་ལུས་རྣམས་དུ་མར་འགྲུབ་པའི་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་ཡོད་པ་དང༌། དེ་བཞིན་དུ་འཆི་བའི་དུས་ན་ཤིན་ཏུ་མི་གསལ་བའི་ཚེ། འཕྲལ་ལ་ལས་ཀྱི་བག་ཆགས་གང་ཡང་རུང་བ་ཅིག་སད་ཅིང་རྒྱས་ནས། འགྲོ་བ་གང་ཡང་རུང་བ་ཞིག་ཏུ་ཉིང་མཚམས་སྦྱོར་བར་འགྱུར་རོ། །གྲོལ་བའི་རྣམ་པར་རིག་པ་ནི་དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི་ཆོས་ཉིད་ཐོབ་པ་དེ་འཁོར་བ་ན་འདྲིས་པ་ཟག་པ་དང་བཅས་པའི་སྤྱོད་པའི་རྣམ་པ་ཐམས་ཅད་ལས་ཡང་དག་པར་ཤིན་ཏུ་འདས་པ་སྟེ། རྣམ་པ་འདིས་འཇུག་པར་རྣམ་པར་གཞག་པར་དཀའ་བའི་ཕྱིར་འདིས་ཕྲ་བ་ཉིད་དུ་རིག་པར་བྱའོ། །ཐམས་ཅད་ཀྱང་རྣམ་པར་ཤེས་པར་བྱའོ། །བདག་ལ་མཐོང་བ་པོ་ལ་སོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །མཐོང་བ་པོ་དང་པོར་བཟུང་བས་ནི་ཉན་པ་པོ་དང༌། སྣོམ་པ་པོ་དང༌། མྱོང་བ་པོ་དང༌། རེག་པ་པོ་དང༌། རྣམ་པར་ཤེས་པ་པོའི་ཞེས་པ་འདི་དག་གཟུང་བ་རིག་པར་བྱའོ། །ཇི་ལྟར་ན་མངོན་པར་ཤེས་པར་བྱ་བ། མངོན་པར་ཤེས་པར་བྱ་བ་རྣམས་ནི་དུ། ཅིའི་ཕྱིར་མངོན་པར་ཤེས་པར་བྱ་བར་བརྟག །ཀུན་དུ་འགྲོ་བ་དང༌། རྗེས་སུ་ཐོབ་བ་དང༌། སྤྱོད་པ་ལ་འཇུག་པ་དང༌། འོང་བ་དང༌། འགྲོ་བ་དང༌། ངེས་པར་འབྱུང་བའི་ཕྱིར་སྤོང་ངོ༌། །མངོན་པར་ཤེས་པ་ནི་མངོན་པར་ཤེས་པ་དྲུག་གི་ཡུལ་ལོ། །འགྲོ་བའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་སྟེ། དེའི་ཡུལ་ནི་ཀུན་དུ་འགྲོ་བའི་
ཕྱིར་མངོན་བར་ཤེས་པར་བྱ་བ་ཉིད་དོ། །རྣ་བའི་མངོན་བར་ཤེས་པས་འགྲོ་བ་སྣ་ཚོགས་ཀྱི་སྒྲ་ཡོངས་སུ་ཤེས་པས་ན་རྗེས་སུ་ཐོབ་པའོ། །འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ཤེས་པའི་ཕྱིར་སྤྱོད་པ་ལ་འཇུག་པའོ། །འདས་པའི་ཚེ་རབས་བརྒྱུད་ནས་འོངས་པ་ཤེས་པའི་ཕྱིར་འོང་བའོ། །མ་འོངས་པའི་སྐྱེ་བར་འགྱུར་བ་ཤེས་པའི་ཕྱིར་འགྲོ་བའོ། །ཁམས་གསུམ་ལས་ངེས་པར་ཐར་པ་དང་ཐབས་ཤེས་པའི་ཕྱིར་ངེས་པར་འབྱུང་བའོ། །ཐམས་ཅད་ཀྱང་མངོན་པར་ཤེས་པར་བྱ་བའོ། །ཐམས་ཅད་ཀྱང་ཐ་མ་གསུམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །བདག་མཐུ་དང་བཅས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཅན། གཟུགས་ཅན་རྣམས་ནི་དུ། ཅིའི་ཕྱིར་གཟུགས་ཅན་དུ་བརྟག །གཟུགས་དེའི་བདག་ཉིད་དང༌། འབྱུང་བ་རྟེན་དུ་གྱུར་པ་དང༌། དགའ་བའི་ཀུན་འབྱུང་དང༌། ཕྱོགས་དང་བཅས་པ་དང༌། ཡུལ་ལ་ཁྱབ་པ་དང༌། ཡུལ་ཉེ་བར་བསྟན་དུ་རུང་བ་དང༌། ཡུལ་སྤྱོད་ཡུལ་དུ་གྱུར་པ་དང༌། གཉི་སྤྱོད་ཡུལ་དུ་མཚུངས་པ་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་པ་དང༌། རབ་ཏུ་རྟོག་པ་དང༌། གནོད་པར་བྱེད་པ་དང༌། གོ་བར་བྱེད་པ་དང༌། བསགས་པ་རྣམ་པར་གཞག་པ་དང༌། ཕྱི་རོལ་ཏུ་བལྟས་པ་དང༌། ནང་དུ་བལྟས་པ་དང༌། ཡུན་རིང་པ་དང༌། དུས་ཡོངས་སུ་ཆད་པ་དང༌། དེའི་དུས་དང༌། ངེས་པར་སྟོན་པའི་ཕྱིར་ཡང་གཟུགས་ཅན་དུ་བལྟ་བར་བྱའོ། །དེ་ལ་གཟུགས་ནི་ཆོས་དེའི་བདག་ཉིད་དང༌། ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་གཟུགས་ཅན་ཡིན་གྱི། གཟུགས་ཅན་གཞན་དང་ལྡན་པའི་ཕྱིར་ནི་མ་ཡིན་ཏེ། གཟུགས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་བར་དུ་བརྗོད་པར་འགྱུར་རོ། །འབྱུང་བ་རྟེན་དུ་གྱུར་པ་ཞེས་བྱ་བ་ནི། གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཉིད་དུ་སྟོན་ཏེ། ཀུན་དུ་ལེན་པའི་གཟུགས་ནི་འབྱུང་བའི་གཟུགས་དང་ལྡན་པ་དང༌། འབྱུང་བའི་གཟུགས་རྣམས་ཀྱང་ནང་ཕན་ཚུན་ལྡན་པའི་ཕྱིར་རོ། །དགའ་བ་ཀུན་འབྱུང་བ་ཞེས་བྱ་བ་ནི། དགའ་བ་ཉིད་གང་གི་ཀུན་འབྱུང་བ་ཡིན་པ་དེ་གཟུགས་ཅན་ཡིན་གྱི། ཇི་ལྟར་ཚོར་བ་ལ་སོགས་པའི་ཀུན་འབྱུང་བ་ནི་སྔོན་གྱི་དགའ་བ་དང༌། ད་ལྟར་བྱུང་བའི་རེག་པ་ལ་སོགས་པ་
ཡང་ཡིན་བ་ལྟ་བུ་ནི་མ་ཡིན་ནོ། །ཕྱོགས་དང་བཅས་པ་ཞེས་བྱ་བ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ། །ཡུལ་ལ་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི། ཕྱོགས་རྣམས་སུ་ལུས་ཀྱིས་རྒྱས་པའི་ཕྱིར་རོ། །ཡུལ་ཉེ་བར་བསྟན་དུ་རུང་བའི་ཕྱིར་ཞེས་བྱ་བ་ནི། ཕྱོགས་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པར་ནུས་པའི་ཕྱིར་རོ། །ཡུལ་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ན་འདུག་པར་དམིགས་པར་འགྱུར་བའི་ཕྱིར་རོ། །གཉིས་སྤྱོད་ཡུལ་དུ་མཚུངས་པའི་ཕྱིར་ཞེས་བྱ་བ་ནི། སེམས་ཅན་གཉིས་ཀྱིས་མཚུངས་པར་དམིགས་པར་འགྱུར་བའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟ་བདག་གིས་མངོན་པ་བཞིན་དུ་གཞན་དག་གིས་ཤེས་པར་མི་ནུས་པའི་ཕྱིར་རོ། །འབྲེལ་བའི་ཕྱིར་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་བརྒྱུད་པས་གཟུགས་ཅན་ཉིད་དོ། དབང་པོ་གཟུགས་ཅན་དང་འབྲེལ་པའི་ཕྱིར་རོ། །རྗེས་སུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི། གཟུགས་མེད་པའི་སོ་སོའི་སྐྱེ་བོ་རྣམས་ལ་གཟུགས་ཀྱི་ས་བོན་རྗེས་སུ་འབྲེལ་བའི་ཕྱིར་རོ། །རབ་ཏུ་རྟོག་པའི་ཕྱིར་ཞེས་བྱ་བ་ནི། རྟོག་པ་རྣམས་དམིགས་པ་ལ་རབ་ཏུ་རྟོག་པའི་ཕྱིར་རོ། །གནོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ཕུང་པོ་ལྔ་པོ་དག་ལག་པ་ལ་སོགས་པས་ཀུན་དུ་རེག་པ་དང༌། མྱ་ངན་ལ་སོགས་པས་ཇི་ལྟར་མཐུན་མཐུན་དུ་གནོད་པར་བྱ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །གོ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི། བསྟན་པས་དོན་ལ་རྟོགས་པའི་ཕྱིར་རོ། །བསགས་པ་རྣམ་པར་གཞག་པའི་ཕྱིར་ཞེས་བྱ་བ་ནི། རྡུལ་ཕྲ་མོ་ལས་གོང་མའི་གཟུགས་ཆ་ཤས་དང་བཅས་པར་རྣམ་པར་གཞག་པའི་ཕྱིར་རོ། །ཕྱི་རོལ་དུ་བལྟས་པའི་ཕྱིར་ཞེས་བྱ་བ་ནི། འདོད་པ་ན་སྦྱོང་པའི་གཟུགས་འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་ལས་བྱུང་བའི་ཕྱིར་རོ། །ནང་དུ་བལྟས་པའི་ཕྱིར་ཞེས་བྱ་བ་ནི། གཟུགས་ན་སྤྱོད་པའི་གཟུགས་སྙོམས་པར་འཇུག་པའི་སེམས་སྲེད་པ་ལས་བྱུང་བའི་ཕྱིར་ཏེ། དེའི་ཕྱིར་འདི་ཡིད་ལས་འབྱུང་བ་ཉིད་དུ་རིག་པར་བྱའོ། །རྒྱུན་རིང་བའི་ཕྱིར་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་གཟུགས་ཀྱི་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའི་
མུ་རྣམ་པར་གནས་པ་མེད་པའི་ཕྱིར་རོ། །ཡོངས་སུ་ཆད་པའི་ཕྱིར་ཞེས་བྱ་བ་ནི། སློབ་པའི་གཟུགས་འཁོར་བའི་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །དེའི་དུས་ཀྱི་ཕྱིར་ཞེས་བྱ་བ་ནི། མི་སློབ་པའི་གཟུགས་ད་ལྟར་བྱུང་བའི་སྲིད་པ་ཙམ་ཞིག་ལུས་པའི་ཕྱིར་རོ། །ངེས་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པའི་གཟུགས་ནི་ཀུན་དུ་སྟོན་པ་ཙམ་དུ་ཟད་ཀྱི་གྲུབ་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱང་གཟུགས་ཅན་ནོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །དེ་ལ་ཐམས་ཅད་ཀྱང་གཟུགས་ཅན་ནོ་ཞེས་པ་ནི། གནོད་པར་བྱ་བའི་གཟུགས་ཅན་གྱི་ཕྱིར་རོ། །ལྷག་མ་རྣམས་ནི་ཅི་རིགས་པར་རིག་པར་བྱའོ། ཕྱི་རོལ་དུ་བལྟས་པ་ལ་སོགས་པ་གཟུགས་ཅན་གྱི་རབ་ཏུ་དབྱེ་བ་དྲུག་ནི། ཚོར་བ་ལ་སོགས་པ་དང་ཐུན་མོང་བར་རིག་པར་བྱའོ། །བདག་ལ་གཟུགས་ཅན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཅན་མ་ཡིན། གཟུགས་ཅན་མ་ཡིན་བ་རྣམས་ནི་དུ། ཅིའི་ཕྱིར་གཟུགས་ཅན་མ་ཡིན་པར་བརྟག །གཟུགས་ཅན་ལས་བཟློག་པ་ནི་གཟུགས་ཅན་མ་ཡིན་པར་བལྟ་བར་བྱའོ། །ཐམས་ཅད་ཀྱང་གཟུགས་ཅན་མ་ཡིན་པའོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་གཟུགས་ཅན་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཐམས་ཅད་ནི་གཟུགས་ཅན་མ་ཡིན་པའི་གཟུགས་དང་འབྲེལ་པའི་ཕྱིར་རོ། །ཇི་ལྟར་ན་བསྟན་ཡོད། བསྟན་ཡོད་རྣམས་ནི་དུ། ཅིའི་ཕྱིར་བསྟན་ཡོད་དུ་བརྟག །མིག་གི་ཡུལ་ནི་བསྟན་ཡོད་དོ། །ལྷག་མའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་ཡིན་ནོ། །ཇི་ལྟར་རིག་པར་གཟུགས་དེའི་བདག་ཉིད་ཅེས་པ་རྒྱ་ཆེར་གཟུགས་ཅན་ལ་བཤད་པ་དེ་ལྟར་བསྟན་ཡོད་དེའི་བདག་ཉིད་ནི་བསྟན་དུ་ཡོད་པ་ཞེས་རྒྱ་ཆེར་སྦྱར་བར་བྱའོ། །ཐམས་ཅད་ཀྱང་བསྟན་ཡོད་དོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །དེ་ལ་ཐམས་ཅད་ཀྱང་བསྟན་དུ་ཡོད་པ་ནི། བསྟན་དུ་ཡོད་པ་དང་འབྲེལ་བ་ལ་སོགས་པས་གཟུགས་ཅན་མ་ཡིན་པ་རྣམས་ཀྱང་བསྟན་དུ་ཡོད་ཅེས་སྦྱར་རོ། །བདག་མིག་གི་ཡུལ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བསྟན་མེད། བསྟན་མེད་རྣམས་ནི་དུ། ཅིའི་ཕྱིར་བསྟན་
མེད་དུ་བརྟག །བསྟན་ཡོད་པས་བཟློག་པ་ནི་བསྟན་མེད་དུ་བལྟ་བར་བྱའོ། །ཐམས་ཅད་ཀྱང་བསྟན་མེད་དོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་མིག་གི་ཡུལ་མ་ཡིན་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཐོགས་བཅས། ཐོགས་བཅས་རྣམས་ནི་དུ། ཅིའི་ཕྱིར་ཐོགས་བཅས་སུ་བརྟག །བསྟན་དུ་ཡོད་པ་གང་དེ་ཐོགས་བཅས་ཀྱང་ངོ༌། །ཡང་རྣམ་པ་གསུམ་གྱིས་ཐོགས་བཅས་སུ་བལྟ་བར་བྱ་སྟེ། རིགས་དང༌། རྒྱས་པ་དང༌། ཡོངས་སུ་སྦྱོང་བ་མ་བྱས་པས་ཀྱང་ངོ༌། །དེ་ལ་རིགས་ནི་གང་ཕན་ཚུན་སྒྲིབ་པར་བྱེད་པ་དང༌། བསྒྲིབ་པར་བྱ་བའོ། །འགྲོ་བའི་གེགས་བྱེད་པའི་ཕྱིར་སྒྲིབ་པར་བྱེད་པ་ཞེས་དེ་ཙམ་དུ་བསྟན་པས་སོ། །བསྒྲིབ་པར་བྱ་བ་ཞེས་བྱ་བའི་ཚིག་གིས་འོད་ལ་སོགས་པའི་གཟུགས་ཐོགས་པ་དང་བཅས་པར་རྣམ་པར་གཞག་པའི་ཕྱིར་ཏེ། དེ་ནི་བསྒྲིབ་པར་བྱ་བ་ཉིད་ཡིན་གྱི། སྒྲིབ་པར་བྱེད་པ་ནི་མ་ཡིན་ནོ། །འདི་ནི་དེའི་རིགས་ཏེ། འདི་ནི་དེའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ལ་རྒྱས་པ་ནི་རྡུལ་ཕྲ་རབ་ལས་གོང་མའིའོ། །རྡུལ་ཕྲ་རབ་གཅིག་ནི་ཐོགས་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡོངས་སུ་སྦྱོང་བ་མ་བྱས་པ་ནི་གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་སོ། །ཏིང་ངེ་འཛིན་གྱི་དབང་གིས་བསྒྱུར་བའི་གཟུགས་ཐོགས་པ་མེད་པའི་ཕྱིར་ཏེ། སེམས་མཉམ་པའི་ལྷ་བཞིན་ནོ། །རྡུལ་ཡང་རབ་ཏུ་འཁྲུགས་པའི་གཞིའི་གནས་ཡིན་པས་ཐོགས་པ་དང་བཅས་པར་བལྟ་བར་བྱའོ། །གནས་སམ་དམིགས་པ་གང་ལས་འདོད་ཆགས་དང་ཞེ་སྡང་སྐྱེ་བའོ། །ཐོགས་པ་དང་བཅས་པའི་དོན་འདིས་ནི། ཐམས་ཅད་ཀྱང་ཐོགས་བཅས་སོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །ལྷག་མ་རྣམས་ཀྱིས་སོ། །བདག་ཐམས་ཅད་དུ་སོང་བ་མ་ཡིན་པ་མངོན་བར་ཞེན་པ་སྤོང་བའི་ཕྱིར་རོ། །ཇི་ལྟར་ན་ཐོགས་མེད། ཐོགས་མེད་རྣམས་ནི་དུ། ཅིའི་ཕྱིར་ཐོགས་མེད་དུ་བརྟག །ཐོགས་བཅས་ལས་བཟློག་པ་ནི་ཐོགས་མེད་དོ། །ཐམས་ཅད་ཀྱང་ཐོགས་མེད་དོ། །ཡང་ན་ཅི་རིགས་སུ་སྦྱར་རོ། །བདག་ལ་ཐམས་ཅད་དུ་སོང་བ་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟག་
བཅས། ཟག་བཅས་རྣམས་ནི་དུ། ཅིའི་ཕྱིར་ཟག་བཅས་སུ་བརྟག །ཟག་པ་དེའི་བདག་ཉིད་དང༌། ཟག་པ་རྣམས་དང་བཅས་པ་ཉིད་དེ། ཟག་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་རོ། །ཟག་པ་དེ་དང་འབྲེལ་བ་དང༌། དེ་དང་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དང༌། མིག་ལ་སོགས་པ་ཟག་པ་དང་བཅས་པ་དང༌། གནས་ཡིན་པའི་ཕྱིར་གོ་རིམས་བཞིན་ནོ། །ཟག་པས་བཅིངས་པ་དང༌། དེ་དག་གི་དབང་གིས་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱང་ཡང་སྲིད་པ་འགྲུབ་པར་བྱེད་པའི་ཕྱིར་རོ། ཟག་པའི་རྗེས་སུ་འབྲེལ་པ་དང༌། ས་པ་གཞན་གྱི་ཟག་པའི་གནས་ངན་ལེན་དང་ལྡན་པའི་ཕྱིར་རོ། །ཟག་པའི་རྗེས་སུ་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་དུ་ཟིན་ཀྱང༌། ཟག་པ་མེད་པ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ཏེ། སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་བལྟས་པས་དེའི་གཉེན་པོ་ལ་བརྟེན་པའི་ཕྱིར་རོ། །ཟག་པའི་རྒྱུ་ལས་བྱུང་པའི་ཕྱིར་ཟག་བཅས་སུ་བལྟ་བར་བྱའོ། །དགྲ་བཅོམ་པ་རྣམས་ཀྱི་ཕུང་པོ་རྣམས་ནི་ཚེ་རབས་སྔ་མའི་ཀུན་ནས་ཉོན་མོངས་པ་ལས་བྱུང་བའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་དང༌། ཁམས་བཅོ་ལྔ་དང༌། ཐ་མའི་གསུམ་མ་གཏོགས་པའོ། །སྐྱེ་མཆེད་བཅུ་དང་ཐ་མའི་གཉིས་མ་གཏོགས་པའོ། །ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་ནི་ཟག་བཅས་རྣམས་སོ། །འཕགས་པའི་ལམ་འཁོར་དང་བཅས་པ་དང༌། འདུས་མ་བྱས་མ་གཏོགས་སོ། །བདག་ཟག་བཅས་སུ་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟག་མེད། ཟག་མེད་རྣམས་ནི་དུ། ཅིའི་ཕྱིར་ཟག་མེད་དུ་བརྟག །ཟག་བཅས་ལས་ལོག་པ་ནི་ཟག་མེད་དུ་བལྟ་བར་བྱའོ། །ཉེ་བར་ལེན་པ་མེད་པའི་ཕུང་པོ་ལྔ་རྣམས་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ཟག་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཐབ་བཅས། འཐབ་བཅས་རྣམས་ནི་དུ། ཅིའི་ཕྱིར་འཐབ་བཅས་སུ་བརྟག །ངོ་བོའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་བརྟེན་ནས་མཚོན་
ཆ་ལེན་པ་དང༌། དབྱིག་པ་ལེན་པ་དང༌། འཐབ་པ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང༌། འགྱེད་པ་རྣམས་འབྱུང་བ། མཚོན་ཆ་ལེན་པ་ལ་སོགས་པ་ནི། འཐབ་པ་སྟེ། འདོད་ཆགས་ལ་སོགས་པ་ནི་རྒྱུ་ཡིན་པས་འཐབ་པའོ། །དེའི་བདག་ཉིད་དང༌། དེ་དང་འབྲེལ་པ་དང༌། དེས་བཅིངས་པ་དང༌། དེའི་རྗེས་སུ་འབྲེལ་བ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་འཐབ་བཅས་སུ་བལྟ་བར་བྱའོ། །ཟག་བཅས་ཇི་སྙེད་པར་འཐབ་བཅས་ཀྱང་དེ་སྙེད་དོ། །དེའི་རྗེས་སུ་འབྲེལ་བར་རིག་པར་བྱའོ། །བདག་འཐབ་པ་དང་བཅས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཐབ་མེད། འཐབ་མེད་རྣམས་ནི་དུ། ཅིའི་ཕྱིར་འཐབ་མེད་དུ་བརྟག །འཐབ་བཅས་ལས་བཟློག་པ་ནི་འཐབ་མེད་དུ་བལྟ་བར་བྱའོ། །ཟག་མེད་ཇི་སྙེད་པར་འཐབ་མེད་ཀྱང་དེ་སྙེད་དོ། །བདག་འཐབ་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དུག་བཅས། དུག་བཅས་རྣམས་ནི་དུ། ཅིའི་ཕྱིར་དུག་བཅས་སུ་བརྟག །ངོ་བོ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གང་ལ་བརྟེན་ནས། ཡང་སྲིད་པའི་ཡུལ་ལ་ལྷག་བར་ཆགས་པ། ཡང་སྲིད་པ་ལ་ལྷག་པར་ཆགས་པའི་གནས་འདོད་ཆགས་ལ་སོགས་པ་ནི་དུག་བཅས་ཀྱི་རྒྱུའོ། །ཡང་སྲིད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་ཞེ་སྡང་ཇི་ལྟ་བུ་སྟེ། རྣམ་པར་བྱང་བའི་ཆོས་ལ་ཞེ་སྡང་བས། ཡང་སྲིད་པ་ལ་ལྷག་པར་ཆགས་པའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་དང་འབྲེལ་པ་དང༌། དེས་བཅིངས་པ་དང༌། དེའི་རྗེས་སུ་འབྲེལ་བ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་དུག་བཅས་སུ་བལྟ་བར་བྱའོ། །འཐབ་བཅས་ཇི་སྙེད་པར་དུག་བཅས་ཀྱང་དེ་སྙེད་དོ། །བདག་དུག་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དུག་མེད། དུག་མེད་རྣམས་ནི་དུ། ཅིའི་ཕྱིར་དུག་མེད་དུ་བརྟག །དུག་བཅས་ལས་བཟློག་པ་ནི། དུག་མེད་དུ་བལྟ་བར་བྱའོ། །འཐབ་མེད་ཇི་སྙེད་པར་དུག་མེད་ཀྱང་དེ་སྙེད་དོ། །བདག་དུག་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཞེན་རྟེན། ཞེན་རྟེན་རྣམས་ནི་དུ།
ཅིའི་ཕྱིར་ཞེན་རྟེན་དུ་བརྟག །ངོ་བོ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གང་ལ་བརྟེན་ནས། འདོད་པའི་ཡོན་ཏན་ལྔ་རྣམས་ལ་ལྷག་པར་ཆགས་པ། འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཆགས་པའི་རྒྱུ་ཡིན་པས་ཞེན་པའོ། །ཞེ་སྡང་ཅི་འདྲ་བ་ཞིག་གིས་ལྷག་པར་ཆགས་ཤེ་ན། མངོན་པར་འབྱུང་བ་ལ་ཞེ་སྡང་བས་སོ། །དེའི་བདག་ཉིད་དང༌། དེ་དང་འབྲེལ་བ་དང༌། དེས་བཅིངས་པ་དང༌། དེའི་རྗེས་སུ་འབྲེལ་བ་དང༌། དེའི་རྗེས་སུ་མཐུན་པ་དང༌། དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེན་རྟེན་དུ་བལྟ་བར་བྱའོ། །དུག་བཅས་ཇི་སྙེད་པར་ཞེན་རྟེན་ཀྱང་དེ་སྙེད་དོ། །བདག་ལ་ཞེན་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མངོན་འབྱུང་རྟེན་པ། མངོན་འབྱུང་རྟེན་པ་རྣམས་ནི་དུ། ཅིའི་ཕྱིར་མངོན་འབྱུང་རྟེན་པར་བརྟག །ཞེན་པ་རྟེན་བ་ལས་བཟློག་པ་ནི་མངོན་འབྱུང་རྟེན་པར་བལྟ་བར་བྱའོ། །དུག་མེད་པ་ནི་ཇི་སྙེད་པར་མངོན་འབྱུང་རྟེན་པ་འོང་དེ་སྙེད་དོ། །བདག་ཞེན་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུས་བྱས། འདུས་བྱས་རྣམས་ནི་དུ། ཅིའི་ཕྱིར་འདུས་བྱས་སུ་བརྟག །གང་ལ་སྐྱེ་བ་དང༌། འཇིག་པ་དང༌། གནས་པ་དང༌། གཞན་དུ་འགྱུར་བ་དེ་འདུས་བྱས་སུ་བལྟ་བར་བྱའོ།། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་ཀྱང་འདུས་བྱས་སོ། །བདག་མི་རྟག་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུས་མ་བྱས། འདུས་མ་བྱས་རྣམས་ནི་དུ། ཅིའི་ཕྱིར་འདུས་མ་བྱས་སུ་བརྟག །འདུས་བྱས་ལས་བཟློག་པ་ནི་འདུས་མ་བྱས་སུ་བལྟ་བར་བྱའོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་རྟག་པར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་རྣམས་འདུས་བྱས་སུ་ཞེས་བརྗོད་པར་བྱ་འམ། འདུས་མ་བྱས་ཞེས་བརྗོད་པར་བྱ་ཞེ་ན། འདུས་བྱས་སུ་བརྗོད་པར་མི་བྱ་ལ། འདུས་མ་བྱས་སུའང་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །འདུས་བྱས་སུ་བརྗོད་པར་མི་བྱ་ལ་འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང་རྒྱབ་
ཀྱིས་བལྟ་བའི་དངོས་པོ་ཉིད་ཀྱི་ཕྱིར་འདུས་མ་བྱས་ཀྱང་མ་ཡིན་པར་རིག་པར་བྱའོ། །འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང༌། རྒྱབ་ཀྱིས་བལྟ་བ་ནི་འདུས་མ་བྱས་ལ་མི་སྲིད་དེ། རྟག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས་སོ་གང་གསུངས་པ་དེ་ཇི་ལྟ་བུ། འདུས་བྱས་དང་འདུས་མ་བྱས་གཉིས་ལས་གུད་ན་མེད་པའི་ཕྱིར་རོ། །དོན་གང་གིས་འདུས་བྱས་སུ་གྱུར་པའི་དོན་དེ་འདུས་མ་བྱས་མ་ཡིན་ནོ། །དོན་གང་གིས་འདུས་མ་བྱས་སུ་འགྱུར་བའི་དོན་དེ་ཉིད་ཀྱིས་འདུས་བྱས་མ་ཡིན་ཏེ། ཚུལ་འདི་ནི་འདིར་བལྟ་བར་བྱའོ། །འདོད་པ་བཞིན་དུ་བྱེད་པས་མངོན་དུ་ཕྱོགས་པ་དང༌། རྒྱབ་ཀྱིས་བལྟ་བའི་ཕྱིར་འདུས་བྱས་ཉིད་དུ་བརྗོད་པར་བྱའོ། །ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །འདུས་མ་བྱས་ཉིད་ཅེས་བྱ་སྟེ། གཉིས་ལས་གུང་ན་མེད་པར་བརྗོད་དོ། །ཇི་ལྟར་ན་འཇིག་རྟེན་པ། འཇིག་རྟེན་པ་རྣམས་ནི་དུ། ཅིའི་ཕྱིར་འཇིག་རྟེན་པར་བརྟག །ཁམས་གསུམ་པར་བརྟགས་པ་དང༌། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་དེ་ལྟར་སྣང་བ་ཡང་འཇིག་རྟེན་པའོ། །དེ་ལྟར་སྣང་བ་ཞེས་པ་ནི། ཁམས་གསུམ་པར་གཏོགས་པའི་རྣམ་པའོ། །དེ་བཞིན་ཉིད་ལ་སོགས་པར་སྣང་བ་ནི་གཅིག་ཏུ་མ་འདྲེས་པའི་ཕྱིར་འཇིག་རྟེན་ལས་འདས་པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་དང༌། ཡང་དག་པའི་ལམ་གྱིས་བསྡུས་པ་དང༌། རྗེས་ལ་ཐོབ་པ་འཇིག་རྟེན་ལས་འདས་པར་སྣང་བ་མ་གཏོགས་པའོ། །དེ་དག་དང་འདུས་མ་བྱས་མ་གཏོགས་པ་ནི། ཁམས་བཅོ་ལྔ་དང༌། སྐྱེ་མཆེད་བཅུ་དང༌། ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །བདག་ལ་འཇིག་རྟེན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འཇིག་རྟེན་ལས་འདས་པ། འཇིག་རྟེན་ལས་འདས་པ་རྣམས་ནི་དུ། ཅིའི་ཕྱིར་འཇིག་རྟེན་ལས་འདས་པར་བརྟག །ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པ་ནི། འཇིག་རྟེན་ལས་འདས་པ་སྟེ། ཕྱིན་ཅི་ལོག་དང༌། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པས་ན་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཁམས་གསུམ་
པའི་གཉེན་པོ་རྣམ་པར་མི་རྟོག་པ་ནི་འཕགས་པའི་ལམ་མོ། །དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ནི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པས་ན་རྣམ་པར་མི་རྟོག་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཟུགས་ལ་སོགས་པ་སྤྲོས་པའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འཇིག་རྟེན་ལས་འདས་པའོ། །སྤྲོས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའོ། །འདུས་མ་བྱས་ནི་རྟོག་པ་ཐམས་ཅད་ཀྱི་གཞིའི་གནས་མ་ཡིན་པས་རྣམ་པར་མི་རྟོག་པའོ། །ཡང་རྣམས་གྲངས་ཀྱིས་ན། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་ཡང་ཡིན་ཏེ། འཇིག་རྟེན་ལས་འདས་པ་ལ་བརྟེན་པའི་ཕྱིར་རོ། །ཕུང་པོ་རྣམས་དང༌། །ཁམས་གསུམ་དང༌། སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་གོ །བདག་འབའ་ཞིག་ཏུ་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །ཇི་ལྟར་ན་བྱུང་བ། བྱུང་བ་རྣམས་ནི་དུ། ཅིའི་ཕྱིར་བྱུང་བར་བརྟག །འདས་པ་དང་ད་ལྟར་བྱུང་བ་ནི་བྱུང་བའོ། །ཐམས་ཅད་ནི་ཕྱོགས་གཅིག་གོ །བདག་ཐེར་ཟུག་མ་ཡིན་པར་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །ཡང་བྱུང་བ་ནི་རྣམ་པ་ཉི་ཤུ་རྩ་བཞི་སྟེ། དང་པོ་བྱུང་བ་དང༌། རྒྱུན་གྱིས་བྱུང་བ་དང༌། རྒྱས་པ་ལས་བྱུང་བ་དང༌། རྟེན་བྱུང་བ་དང༌། འགྱུར་བ་དང༌། འགྱུར་བ་བྱུང་བ་དང༌། ཡོངས་སུ་སྨིན་པར་བྱུང་བ་དང༌། ཉམས་པར་བྱུང་བ་དང༌། ཁྱད་པར་དུ་བྱུང་བ་དང༌། འོད་གསལ་བར་བྱུང་བ་དང༌། འོད་གསལ་བ་མ་ཡིན་པར་བྱུང་བ་དང༌། ཀུན་དུ་འགྲོ་བས་བྱུང་བ་དང༌། ས་བོན་དང་བཅས་པ་ལས་བྱུང་བ་དང༌། ས་བོན་མ་ཡིན་པར་བྱུང་བ་དང༌། གཟུགས་བརྙན་དང༌། དབང་འབྱོར་པ་དང༌། ངེས་པར་བསྟན་པའི་ཕྱིར་བྱུང་བ་དང༌། གཅིག་ནས་གཅིག་ཏུ་བྱུང་བ་དང༌། སྐད་ཅིག་ཞིག་ནས་བྱུང་བ་དང༌། ཕྲད་པ་དང་བྲལ་ནས་བྱུང་བ་དང། གནས་སྐབས་གཞན་དུ་བྱུང་བ་དང༌། འཆི་འཕོ་དང་སྐྱེ་བས་བྱུང་བ་དང༌། འཇིག་པ་དང་ཆགས་པས་བྱུང་བ་དང༌། སྔོན་གྱི་དུས་ན་བྱུང་བ་དང༌། འཆི་བའི་དུས་ན་བྱུང་བ་དང༌། བར་དུ་བྱུང་བ་དང༌། ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བའོ། །དེ་ལ་དང་པོ་བྱུང་བ་ནི་ཉིད་
མཚམས་སྦྱོར་བའི་དུས་ནའོ། །རྒྱུན་གྱིས་བྱུང་བ་ནི་དེ་ཕྱིན་ཆད་དོ། །རྒྱས་པ་ལས་བྱུང་བ་ནི་ཉལ་བ་དང༌། ཟས་དང༌། ཚངས་པར་སྤྱོད་པ་དང༌། སྙོམས་པར་འཇུག་པ་དང༌། རྒྱས་པ་རྣམ་པ་བཞིའི་རྒྱུ་ལས་བྱུང་བའོ། །རྟེན་བྱུང་བ་ནི་ནང་གི་དབང་པོའོ། །འགྱུར་བར་བྱུང་བ་ནི་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་ན་དེ་དང་མཐུན་པར་དབང་པོར་འགྱུར་བའོ། །ཡོངས་སུ་སྨིན་པར་བྱུང་བ་ནི། རྒས་པའི་གནས་སྐབས་སོ། །ཉམས་པར་བྱུང་བ་ནི་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་སྐྱེ་བའོ། །ཁྱད་པར་དུ་བྱུང་བ་ནི་དེ་ལས་བཟློག་པའོ། །འོད་གསལ་བར་བྱུང་བ་ནི་རྩེ་བས་རབ་ཏུ་སླུ་བ་རྣམས་དང༌། ཡིད་རབ་ཏུ་སུན་འབྱིན་པ་རྣམས་དང༌། འཕྲུལ་དགའ་བ་རྣམས་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དགའ་བ་མང་བ་དང༌། ལོངས་སྤྱོད་དང༌། གནས་པ་ལ་རང་གིས་དབང་བསྒྱུར་བའི་ཕྱིར་ཏེ་ཅི་རིགས་སུ་སྦྱར་རོ། །འོད་གསལ་བ་མ་ཡིན་པར་བྱུང་བ་ནི་དེ་ལས་གཞན་པའོ། །ཀུན་དུ་འགྲོ་བས་བྱུང་བ་ནི་འགྲོ་བའི་གནས་སྐབས་ནའོ། །ས་བོན་དང་བཅས་པ་ལས་བྱུང་བ་ནི་དགྲ་བཅོམ་པ་ཐ་མའི་ཕུང་པོ་མ་གཏོགས་པའོ། །ས་བོན་མ་ཡིན་པར་བྱུང་བ་ནི་ཕུང་པོ་ཐ་མ་རྣམས་སོ། །གཟུགས་བརྙན་དང༌། དབང་འབྱོར་པ་དང༌། ངེས་པར་བསྟན་པའི་ཕྱིར་བྱུང་བ་ནི་ཤེས་བྱའི་དངོས་པོ་དང་མཐུན་པ་དང༌། རྣམ་པར་ཐར་པ་ལས་བྱུང་བ་དང༌། དེ་བཞིན་གཤེགས་པའི་གཟུགས་ཏེ། གོ་རིམས་བཞིན་ནོ། །གཅིག་ནས་གཅིག་ཏུ་བྱུང་བ་ནི་ཚེ་རབས་ཀྱི་རྒྱུན་ནོ། །སྐད་ཅིག་ཞིག་ནས་བྱུང་བ་ནི་འདུ་བྱེད་རྣམས་ནི་སྐད་ཅིག་སོ་སོའོ། །འཕྲུལ་དགའ་བ་རྣམས་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་སྐད་ཅིག་གིས་དབང་བསྒྱུར་བའི་ཕྱིར་རོ། །ཕྲད་པ་དང་བྲལ་ནས་བྱུང་བ་ནི་སྡུག་པ་དང༌། མི་སྡུག་པ་དང༌། ཕྲད་པ་དང་བྲལ་བའི་གནས་སྐབས་དང༌། སེམས་འདོད་ཆགས་དང་བཅས་པ་དང༌། འདོད་ཆགས་དང་བྲལ་བའི་གནས་སྐབས་ནའོ། །གནས་སྐབས་གཞན་དུ་བྱུང་བ་ནི་མེར་མེར་པོ་ལ་སོགས་པའི་གནས་སྐབས་རྣམས་དང༌། ནང་ལ་སོགས་པའི་གནས་སྐབས་རྣམས་སུའོ། །འཆི་འཕོ་
དང། སྐྱེ་བས་བྱུང་བ་ནི་སེམས་ཅན་གྱི་འཇིག་རྟེན་ནའོ། །འཇིག་པ་དང་ཆགས་པས་བྱུང་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །སྔོན་གྱི་དུས་ན་བྱུང་བ་ནི་སྔོན་གྱི་དུས་ཀྱི་སྲིད་པའོ། །འཆི་བའི་དུས་ན་བྱུང་བ་ནི་འཆི་བའི་དུས་ཀྱི་སྲིད་པའོ། །བར་དུ་བྱུང་བ་ནི་བར་མ་དོའི་སྲིད་པའོ། །ཉིང་མཚམས་སྦྱོར་བའི་དུས་ན་བྱུང་བ་ནི་སྐྱེ་བའི་སྲིད་པའོ། །ཇི་ལྟར་ན་མ་བྱུང་བ། མ་བྱུང་བ་རྣམས་ནི་དུ། ཅིའི་ཕྱིར་མ་བྱུང་བར་བརྟག །མ་འོངས་པ་དང༌། འདུས་མ་བྱས་ནི་མ་བྱུང་བར་བལྟ་བར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་ཐེར་ཟུག་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་བྱུང་བ་ལས་བཟློག་པ་ནི་མ་བྱུང་བར་བལྟ་བར་བྱའོ། །ཇི་ལྟར་ན་འཛིན་པ། འཛིན་པ་རྣམས་ནི་དུ། ཅིའི་ཕྱིར་འཛིན་པར་བརྟག །དབང་པོའི་གཟུགས་ཅན་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་ནི་འཛིན་པར་བལྟ་བར་བྱའོ། །ཕུང་པོ་གསུམ་དང༌། གཟུགས་དང༌། འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། དབང་པོའི་མཚན་ཉིད་དང༌། མཚུངས་པར་ལྡན་པའི་མཚན་ཉིད་ལ་གོ་རིམས་སོ། །ཁམས་བཅུ་གཉིས་དང༌། སྐྱེ་མཆེད་དྲུག་དང༌། ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །མཚུངས་པར་ལྡན་པའི་ངོ་བོ་ཉིད་དོ། །བདག་ཟ་བ་པོར་མངོན་བར་ཞེན་པ་སྤང་པའི་ཕྱིར་རོ། །ཟབ་པོ་ནི་འདོད་པ་དང༌། མི་འདོད་པའི་ཡུལ་རྣམས་དམིགས་པར་རིག་པར་བྱའོ། །ཡང་མ་ཕྲད་པ་དང༌། ཕྲད་ནས་འཛིན་པ་དང༌། ད་ལྟར་གྱི་རང་གི་མཚན་ཉིད་སོ་སོར་འཛིན་པ་དང༌། རང་དང་སྤྱིའི་མཚན་ཉིད་དུ་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ཡང་འཛིན་པར་བལྟ་བར་བྱའོ། །དེ་ལ་མ་ཕྲད་པར་འཛིན་པ་ནི་མིག་དང༌། རྣ་བ་དང༌། ཡིད་དོ། །ཕྲད་པར་འཛིན་པ་ནི་དེ་ལས་གཞན་པའི་དབང་པོའོ། །ད་ལྟར་གྱི་རང་གི་མཚན་ཉིད་སོ་སོ་བ་ཡུལ་སོ་སོར་ངེས་པར་འཛིན་པ་ནི། དབང་པོ་ལྔ་ལས་བྱུང་བའོ། །རང་དང་སྤྱིའི་མཚན་ཉིད་དུས་ཐམས་ཅད་པའི་ཡུལ་ཐམས་ཅད་འཛིན་པ་ནི། དབང་པོ་དྲུག་ལས་བྱུང་བའོ། །ཚོགས་རྣམས་པར་ཤེས་པ་འབྱུང་བའི་ཕྱིར་བརྟགས་པ་ཅན་ཡང་འཛིན་པར་བཤད་པར་བལྟ་བར་བྱའོ། །རྐྱེན་ཚོགས་ན་རྣམ་པར་ཤེས་པ་འབྱུང་བའི་དབང་དུ་བྱས་ཏེ། བརྟགས་ནས་འཛིན་
པ་ཉེ་བར་འདོགས་པར་རིག་པར་བྱའོ། །ཡང་དག་པའི་དོན་དུ་ན་ཆོས་རྣམས་བྱེད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་གཟུང་བ། གཟུང་བ་རྣམས་ནི་དུ། ཅིའི་ཕྱིར་གཟུང་བ་བརྟག །འཛིན་པ་གང་ཡིན་པ་གཟུང་བའང་དེ་བཞིན་ནོ། །མིག་ལ་སོགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་པའི་ཕྱིར་རོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ཡང་ཡོད་དོ། །འཛིན་པའི་སྤྱོད་ཡུལ་གྱི་དོན་ནོ། །འཛིན་པའི་སྤྱོད་ཡུལ་ཉིད་ཅེས་བྱ་བ་ངེས་པར་གཟུང་བ་ནི། སེམས་ལས་བྱུང་བ་བསལ་བའི་ཕྱིར་རོ། །བདག་ལ་ཐམས་ཅད་ཡུལ་དུ་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །ཇི་ལྟར་ན་ཕྱི་རོལ་དུ་བལྟས་པ། ཕྱི་རོལ་དུ་བལྟས་པ་རྣམས་ནི་དུ། ཅིའི་ཕྱིར་ཕྱི་རོལ་དུ་བལྟས་པར་བརྟག །སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། དེའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་ཡོངས་སུ་བསྡུས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མ་གཏོགས་པར་འདོད་པ་དང༌། རབ་ཏུ་ལྡན་པ་ནི་ཕྱི་རོལ་དུ་བལྟས་པ་ཡིན་ནོ། །ཐོས་པ་དང༌། བསམས་པ་ལས་བྱུང་བ་དང༌། དེའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་ཡོངས་སུ་བསྡུས་པ་ནི། ཕྱི་རོལ་དུ་བལྟས་པ་མ་ཡིན་པ་ཉིད་དེ། རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེའི་དབང་གིས་མྱ་ངན་ལས་འདས་པ་ལ་སོགས་པ་ལ་དམིགས་པར་བལྟ་བར་བྱའོ། །རྒྱུ་མཐུན་པའི་ཆོས་ནི་སངས་རྒྱས་ལ་སོགས་པས་ཐུགས་སུ་ཆུད་པའི་རྒྱུ་ལས་བྱུང་བའི་བསྟན་པར་རིག་པར་བྱའོ། །ཁམས་བཞི་དང༌། སྣའི་རྣམ་པར་ཤེས་པའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་སོ། སྐྱེ་མཆེད་གཉིས་དང༌། དྲི་དང་རོའི་སྐྱེ་མཆེད་དོ། །དེ་ལས་གཞན་པ་རྣམས་ཀྱི་ཕྱོགས་གཅིག་གོ །འདོད་པའི་ཁམས་ཀྱིས་བསྡུས་པའོ། །བདག་འདོད་ཆགས་དང་བྲལ་བ་མ་ཡིན་པར་མངོན་བར་ཞེན་པ་སྤང་པའི་ཕྱིར་རོ། །ཇི་ལྟར་ན་ནང་དུ་བལྟས་པ། ནང་དུ་བལྟས་པ་རྣམས་ནི་དུ། ཅིའི་ཕྱིར་ནང་དུ་བལྟས་བར་བརྟག །ཕྱི་རོལ་དུ་བལྟས་པ་ལས་བཟློག་པ་ནི་ནང་དུ་བལྟས་པར་བལྟ་བར་བྱའོ། །ཁམས་བཞི་དང༌། སྐྱེ་མཆེད་གཉིས་མ་
གཏོགས་པར་དེ་ལས་གཞན་པ་དག་གི་ཕྱོགས་གཅིག་གོ །བདག་ལ་འདོད་ཆགས་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཉོན་མོངས་པ་ཅན། ཉོན་མོངས་པ་ཅན་ནི་དུ། ཅིའི་ཕྱིར་ཉོན་མོངས་པ་ཅན་དུ་བརྟག །མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་དུ་བལྟ་བར་བྱའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཀུན་དུ་འགྲོ་བའི་ཡིད་དང་མཚུངས་པར་ལྡན་པའི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་དང༌། གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་གཅིག་གོ །ཁམས་བཅུ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཁམས་བདུན་དང༌། གཟུགས་དང༌། སྒྲ་དང༌། ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི། གཟུགས་དང༌། སྒྲ་དང༌། ཡིད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །བདག་ཉོན་མོངས་པ་དང༌། ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པ་ཅན་མ་ཡིན། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་དུ། ཅིའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པར་བརྟག །དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པར་བལྟ་བར་བྱའོ། །ཁམས་བརྒྱད་དང༌། སྐྱེ་མཆེད་བརྒྱད་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །བདག་ཉོན་མོངས་པ་དང་བྲལ་བའི་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདས་པ། འདས་པ་རྣམས་ནི་དུ། ཅིའི་ཕྱིར་འདས་པར་བརྟག །བྱུང་བ་ནི་འགགས་པ་རང་གི་མཚན་ཉིད་དང༌། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པ་ཡང་དག་པར་ཤིན་དུ་འདས་པ་དང༌། རྒྱུ་ཡོངས་སུ་བཟུང་ནས་ཞིག་པ་དང༌། འབྲས་བུ་དང༌། རང་གི་མཚན་ཉིད་ཡོད་པ་དང༌། མེད་པ་དང༌། དྲན་པའི་ཀུན་དུ་རྟོག་པའི་མཚན་མ་དང༌། ལྟོས་པས་ཀུན་ནས་ཉོན་མོངས་པའི་མཚན་མ་དང༌། བཏང་སྙོམས་ཀྱི་རྣམ་པར་བྱང་བའི་མཚན་མ་ཡིན་པས་ཀྱང་འདས་པར་བལྟ་བར་བྱའོ། །དེ་ལ་རྒྱུ་དང་འབྲས་བུ་སྤྱད་ཟིན་པ་ཞེས་བྱ་བ་ནི། སྐྱེས་ཟིན་པ་དང༌། འགགས་ཟིན་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །
ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བར་བྱེད་པ་ཤིན་དུ་འདས་པ་ཞེས་བྱ་བ་ནི། ད་ལྟར་བྱུང་བའི་འདོད་ཆགས་ལ་སོགས་པ་དང༌། དད་པ་ལ་སོགས་པ་བཞིན་དུ་སེམས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་བྱེད་པའི་མཐུ་མེད་པའི་ཕྱིར་རོ། །རྒྱུ་ཡོངས་སུ་བཟུང་ནས་ཞིག་པ་ཞེས་བྱ་བ་ནི་བག་ཆགས་གཞན་ནས་ཞིག་པའི་ཕྱིར་རོ། །འབྲས་བུ་དང༌། རང་གི་མཚན་ཉིད་ཡོད་པ་དང༌། མེད་པ་ཞེས་བྱ་བ་ནི། ད་ལྟར་གྱི་དུས་ན་དེས་བསྐྱེད་པའི་བག་ཆགས་ཡོད་པ་དང༌། དེ་འཇོག་པར་བྱེད་པའི་རྫས་མེད་པའི་ཕྱིར་རོ། །དྲན་པའི་ཀུན་དུ་རྟོག་པ་ལ་སོགས་པའི་མཚན་མ་ནི་དམིགས་པ་ཙམ་དུ་ཡོད་པར་རིག་པར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། འདུས་མ་བྱས་མ་གཏོགས་པའོ། །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མ་འོངས་པ་དང༌། མ་འོངས་པ་རྣམས་ནི་དུ། ཅིའི་ཕྱིར་མ་འོངས་པར་བརྟག །རྒྱུ་ཡོད་ཀྱང་མ་བྱུང་བ་དང༌། རང་གི་མཚན་ཉིད་མ་ཐོབ་པ་དང༌། རྒྱུ་དང་འབྲས་བུ་མ་སྤྱད་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དངོས་པོ་ཉེ་བར་དམིགས་པ་དང༌། རྒྱུ་དང༌། རང་གི་མཚན་ཉིད་ཡོད་པ་དང་མེད་པ་དང༌། མངོན་པར་དགའ་བས་ཀུན་ནས་ཉོན་མོངས་པའི་མཚན་མ་དང༌། མངོན་པར་དགའ་བ་མེད་པས་རྣམ་པར་བྱང་བའི་མཚན་མས་ཀྱང་མ་འོངས་པར་བལྟ་བར་བྱའོ། །དེ་ལ་རྒྱུ་ཡོད་ཀྱང་མ་བྱུང་བ་ཞེས་བྱ་བ་ནི་འདུས་མ་བྱས་ལས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་ཏེ། དེ་ནི་མ་བྱུང་བ་ལ་རྒྱུ་དང་ལྡན་པ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་མ་ཐོབ་པ་ནི་རང་བཞིན་མ་གྲུབ་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མ་སྤྱད་པ་ནི་དེའི་ས་བོན་གྱི་བྱ་བ་མ་བྱས་པ་དང༌། དེ་ལ་མ་སྐྱེས་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ད་ལྟར་བྱུང་བ། ད་ལྟར་བྱུང་བ་རྣམས་ནི་དུ། ཅིའི་ཕྱིར་ད་ལྟར་བྱུང་བར་བརྟག །བྱུང་བ་མ་འགགས་པའི་རང་གི་མཚན་ཉིད་དང༌། རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང༌། སྤྱད་མ་ཟིན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་
བར་བྱང་བའི་བྱེད་པ་ཉེ་བར་གནས་པ་དང༌། འདས་པ་དང་མ་འོངས་པར་རབ་ཏུ་གཞག་པའི་རྒྱུ་དང༌། བྱེད་པ་ཉེ་བར་གནས་པས་ཀྱང་ད་ལྟར་བྱུང་བར་བལྟ་བར་བྱའོ། །རྒྱུ་དང་འབྲས་བུ་སྤྱད་ཟིན་པ་དང༌། སྤྱད་མ་ཟིན་པ་ཞེས་བྱ་བ་ནི་ཡང་མི་འགྲུབ་པ་དང༌། ཡོད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་རབ་ཏུ་བཞག་པའི་རྒྱུ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ལ་བརྟེན་ཏེ། འདས་པ་དང་མ་འོངས་པ་བརྟགས་པའི་ཕྱིར་ཏེ། གང་དེའི་གནས་སྐབས་ཐོབ་པར་འགྱུར་བ་དེ་ནི་མ་འོངས་པའོ། །གང་ཐོབ་ཟིན་པ་དེ་ནི་འདས་པའོ། །བྱེད་པ་ཉེ་བར་གནས་པས་ཀྱང་ཞེས་བྱ་བ་ནི། མིག་ལ་སོགས་པ་ནི་རྣམ་པར་ཤེས་པའོ། །གནས་ལ་སོགས་པ་ནི་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །འདས་པ་ལ་སོགས་པ་བཤད་པའི་སྐབས་ཀྱིས་འདི་ཡང་སྟོན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པ་ལ་སོགས་པ་ནི་གསུམ་པོ་ཉིད་གཏམ་གྱི་གཞི་རྣམ་པར་གཞག་ཅེ་ན། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ནི་གཏམ་གྱི་གཞི་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་དང༌། བརྗོད་དུ་མེད་པ་ཉིད་དང༌། བྱུང་བ་དང་འབྱུང་བ་དང༌། ད་ལྟར་གྱི་ཐ་སྙད་ཀྱི་གནས་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན། མྱ་ངན་ལས་འདས་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་དང༌། བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཏེ། ཇི་ལྟར་ཡང་བརྗོད་པར་མི་ནུས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱུང་བ་དང་འབྱུང་བ་དང་ད་ལྟར་གྱི་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་ཐ་སྙད་རྣམས་ཀྱི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དགེ་བ། དགེ་བ་རྣམས་ནི་དུ། ཅིའི་ཕྱིར་དགེ་བར་བརྟག །ངོ་བོ་ཉིད་དང༌། འབྲེལ་པ་དང༌། རྗེས་སུ་འབྲེལ་པ་དང༌། སློང་པ་དང༌། དོན་དམ་པ་དང༌། སྐྱེ་བས་ཐོབ་པ་དང༌། སྦྱོར་བ་དང༌། མདུན་དུ་བྱས་པ་དང༌། ཕན་འདོགས་པ་དང༌། ཡོངས་སུ་འཛིན་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པས་ཀྱང་དགེ་བར་བལྟ་བར་
བྱའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆད་བཞིའི་ཕྱོགས་གཅིག་གོ །དེ་ལ་ཁམས་བཅུ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཁམས་རྣམས་དང༌། གཟུགས་དང༌། སྒྲ་དང༌། ཆོས་ཀྱི་ཁམས་སོ། །སྐྱེ་མཆེད་བཞི་ཞེས་བྱ་བ་ནི་གཟུགས་དང༌། སྒྲ་དང༌། ཡིད་དང༌། ཆོས་ཀྱི་སྐྱེ་མཆེད་དོ། །བདག་ཆོས་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དགེ་བ་གང༌། དད་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་བཅུ་གཅིག་གོ །འབྲེལ་བས་དགེ་བ་གང༌། དད་པ་ལ་སོགས་པ་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་བས་དགེ་བ་གང༌། དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །སློང་བས་དགེ་བ་གང༌། དེ་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སོ། །དོན་དམ་པས་དགེ་བ་གང༌། དེ་བཞིན་ཉིད་དོ། །སྐྱེ་བས་ཐོབ་པས་དགེ་བ་གང༌། དགེ་བའི་ཆོས་འདི་དག་ཉིད་སྔོན་གོམས་པར་བྱས་པ་ལ་བརྟེན་ནས། དེའི་ངོ་བོའི་རྣམ་བར་སྨིན་པ་མངོན་པར་འགྲུབ་པ་སྟེ། དེ་དག་ཉིད་ལས་དེས་རང་བཞིན་གྱིས་སོ་སོར་མ་བརྟགས་པར་འདོད་པ་ཀུན་དུ་གནས་པའོ། །དེ་དག་ཉིད་ལ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི། །རང་བཞིན་གྱིས་སོ་སོར་མ་བརྟགས་པ་ཞེས་བྱ་བ་ནི། རང་གི་དང་གིས་ཏེ་དགེ་བའི་བཤེས་གཉེན་ལ་སོགས་པའི་སྟོབས་ཀྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདོད་པས་ཀུན་དུ་གནས་པའོ་ཞེས་བྱ་བ་ནི། སྐྱེ་བས་ཐོབ་པའི་འདོད་པ་འབའ་ཞིག་མ་ཡིན་གྱི། དང་པ་ལ་སོགས་པ་དང་ལྷན་ཅིག་ཏུའོ། །སྦྱོར་བས་དགེ་བ་གང༌། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པ་ལ་བརྟེན་ནས་དགེ་བ་བསྒོམ་པའོ། །དགེ་བ་བསྒོམ་པའོ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པ་ཐམས་ཅད་དགེ་བའི་ཆོས་རྣམས་སུ་རིག་པར་བྱའོ། །མདུན་དུ་བྱས་པས་དགེ་བ་གང༌། གང་དེ་བཞིན་གཤེགས་པའམ། མཆོད་རྟེན་ནམ། གཟུགས་སུ་བྱས་པའམ། རི་མོར་བྲིས་པའམ། མདུན་དུ་བྱས་པའམ། ཆོས་སམ་ཆོས་ཀྱི་གཞི་གླེགས་བམ་བདུན་དུ་བྱས་ཏེ། མཆོད་པའི་ལས་བྱེད་པའོ། །ཕན་འདོགས་པས་དགེ་བ་གང༌། གང་བསྡུ་བའི་དངོས་པོ་བཞི་པོ་རྣམས་
ཀྱིས་སེམས་ཅན་ལ་ཕན་འདོགས་པའོ། །ཡོངས་སུ་འཛིན་པར་དགེ་བ་གང༌། གང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའམ། ཚུལ་ཁྲིམས་ལས་བྱུང་བའི་མཐོ་རིས་སུ་སྐྱེ་བ་ཡོངས་སུ་འཛིན་པའམ། ཕྱུག་པོ་དང་རིགས་མཐོན་པོར་སྐྱེ་བ་ཡོངས་སུ་འཛིན་པའམ། རྣམ་པར་བྱང་བའི་ཆོས་དང་མཐུན་པ་ཡོངས་སུ་འཛིན་པའོ། །མཐོ་རིས་དང༌། ཕྱུག་པོའི་རིགས་སུ་སྐྱེ་བ་ཡོངས་སུ་འཛིན་པ་གཉིས་ནི། མངོན་པར་མཐོ་བའི་རྒྱུ་སྟོན་ཏོ། རྣམ་པར་བྱང་བའི་ཆོས་དང་མཐུན་པ་ཡོངས་སུ་འཛིན་པས་ནི། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་སྟོན་ཏོ། །གཉེན་པོས་དགེ་བ་གང༌། གང་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤང་བའི་གཉེན་པོ་དང༌། གཞིའི་གཉེན་པོ་དང༌། ཐག་བསྲིང་བའི་གཉེན་པོ་དང༌། རྣམ་པར་གནོན་པའི་གཉེན་པོ་དང༌། བྲལ་བའི་གཉེན་པོ་དང༌། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང༌། ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ལ་སོགས་པ་འདི་རྣམས་སླར་འཆད་པར་འགྱུར་རོ། །ཉེ་བར་ཞི་བས་དགེ་བ་གང༌། གང་འདོད་ཆགས་མཐའ་དག་སྤོང་བ་དང༌། ཞེ་སྡང་མཐའ་དག་སྤོང་བ་དང༌། གཏི་མུག་མཐའ་དག་སྤོང་བ་དང༌། ཉོན་མོངས་པ་མཐའ་དག་སྤོང་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པ་དང༌། ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་དང༌། མི་གནས་པའི་མྱ་ངན་ལས་འདས་པའོ། །རྒྱུ་མཐུན་པས་དགེ་བ་གང༌། ཉེ་བར་ཞི་བ་ཐོབ་པ་དེའི་དབང་གིས་ཡོན་ཏན་ཁྱད་པར་ཅན་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་མངོན་པར་ཤེས་པ་ལ་སོགས་པ་དང༌། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རྣམས་སོ། །ཇི་ལྟར་ན་མི་དགེ་བ། མི་དགེ་བ་རྣམས་ནི་དུ། ཅིའི་ཕྱིར་མི་དགེ་བར་བརྟག །ངོ་བོ་ཉིད་དང༌། འབྲེལ་བ་དང༌། རྗེས་སུ་འབྲེལ་བ་དང༌། སློང་བ་དང༌། དོན་དམ་པ་དང༌། སྐྱེ་བས་ཐོབ་བ་དང༌། སྦྱོར་བ་དང༌། མདུན་དུ་བྱ་བ་དང༌། གནོད་པར་བྱེད་པ་དང༌། ཡོངས་སུ་འཛིན་པ་དང༌། མི་མཐུན་པའི་ཕྱོགས་དང༌། ཡོངས་སུ་གཅོད་པས་ཀྱང་མི་དགེ་བར་བལྟ་བར་བྱའོ། །ཕུང་པོ་རྣམས་དང༌། ཁམས་
བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་གཅིག་གོ །བདག་ཆོས་མ་ཡིན་པ་དང་ལྡན་པར་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ། ངོ་བོ་ཉིད་ཀྱིས་མི་དགེ་བ་གང༌། ཡིད་དང་མཚུངས་པར་ལྡན་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་མ་གཏོགས་པར་དེ་ལས་གཞན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཉེས་སྤྱོད་ཀུན་ནས་སློང་བའོ། །དེ་ཡང་འདོད་པ་ན་སྤྱོད་པའི་རང་འཁྲུངས་མ་ཡིན་པ་གང་ཡིན་པ་དང༌། རང་འཁྲུངས་པ་ལས་ནི་ཉེས་པར་སྤྱོད་པ་ཀུན་ནས་སློང་བ་གང་ཡིན་པ་དེ་ནི་མི་དགེ་བའོ། །དེ་ལས་གཞན་པ་ནི། བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །འབྲེལ་བས་མི་དགའ་གང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་བས་མི་དགེ་བ་གང༌། དེ་དག་ཉིད་ཀྱི་བག་ཆགས་སོ། །སློང་བས་མི་དགེ་བ་གང༌། དེས་ཀུན་ནས་སློང་བའི་ལུས་དང༌། ངག་གི་ལས་སོ། །དོན་དམ་པས་མི་དགེ་བ་གང༌། འཁོར་བ་ཐམས་ཅད་དོ། །སྐྱེ་བས་ཐོབ་པའི་མི་དགེ་བ་གང༌། འདི་ལྟ་སྟེ། མི་དགེ་བ་གོམས་པར་བྱས་པས་དེའི་ངོ་བོའི་རྣམ་པར་སྨིན་པ་མངོན་པར་གྲུབ་པ་སྟེ། དེས་མི་དགེ་བ་ཉིད་ལ་འདོད་པས་ཀུན་ནས་གནས་པའོ། །སྦྱོར་བས་མི་དགེ་བ་གང༌། འདི་ལྟ་སྟེ། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཉན་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང༌། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའོ། །མདུན་དུ་བྱས་པས་མི་དགེ་བ་གང༌། འདི་ལྟ་སྟེ། ལྷའི་རིས་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས་འཚེ་བ་སྔོན་དུ་བཏང་བའམ། ལྟ་བ་ངན་པ་སྔོན་དུ་བཏང་ནས་ལྷ་རྟེན་བྱེད་པ་དང༌། གང་དུ་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་མ་ཡིན་པར་སྦྱོར་བ་དེ་མཆོད་པའི་ལས་ལ་སྦྱོར་བའོ། །དེ་ལ་འཚེ་བ་སྔོན་དུ་ཞེས་པ་ནི། གང་ལུག་དང༌། མ་ཧེ་ལ་སོགས་པ་གསོད་པའོ། །ལྟ་བ་ངན་པ་སྔོན་དུ་བཏང་ནས་བསོད་ནམས་འདོད་པ་དང༌། མཆོག་འདོད་པའི་ཕྱིར་རོ། །གང་དུ་ཟས་མི་ཟ་བ་ལ་
སོགས་པས་ཉོན་མོངས་པས་དེར་ལྷ་རྟེན་བྱེད་པའོ། །གནོད་པར་བྱེད་པས་མི་དགེ་བ་གང༌། འདི་ལྟ་སྟེ། སེམས་ཅན་རྣམས་ལ་ལུས་དང་ངག་དང་ཡིད་ཀྱིས་ལོག་པར་བྱེད་པའོ། །ཡོངས་སུ་འཛིན་པས་མི་དགེ་བ་གང༌། འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའམ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་ཡང༌། ངན་འགྲོ་འམ་བདེ་འགྲོར་འབྲས་བུ་མི་འདོད་པས་འཕེན་པའམ། ཡོངས་སུ་རྫོགས་པར་བྱེད་པ་འཛིན་པའོ། །འཕེན་པའམ་ཡོངས་སུ་རྫོགས་པར་བྱེད་པ་ནི། ངན་འགྲོའི་དབང་དུ་བྱས་ནས་འཕེན་པའོ། །བདེ་འགྲོར་ཡོངས་སུ་རྫོགས་པར་བྱེད་པ་ཉིད་དེ། གང་གིས་དེར་སྐྱེས་ནས་དབུལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བ་ནི། ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱིས་མི་དགེ་བ་གང༌། གཉེན་པོའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་གོ །བར་དུ་གཅོད་པས་མི་དགེ་བ་གང༌། དགེ་བའི་བར་ཆད་བྱེད་པའི་ཆོས་གང་ཡིན་པ་དག་གོ །དེ་ནི་ཡང་ཚོགས་ཀྱི་ནང་དུ་འདུ་བ་ལ་སོགས་པའོ། །ཇི་ལྟར་ན་ལུང་དུ་མ་བསྟན་པ་ལུང་དུ་མ་བསྟན་པ་རྣམས་ནི་དུ། ཅིའི་ཕྱིར་ལུང་དུ་མ་བསྟན་པར་བརྟག །ངོ་བོ་ཉིད་དང༌། འབྲལ་བ་དང༌། རྗེས་སུ་འབྲེལ་བ་དང༌། སློང་བ་དང༌། དོན་དམ་པ་དང༌། སྐྱེ་བས་ཐོབ་པ་དང༌། སྦྱོར་བ་དང༌། མདུན་དུ་བྱས་པ་དང༌། ཕན་འདོགས་པ་དང༌། ཉེ་བར་སྤྱད་པ་དང༌། ཡོངས་སུ་འཛིན་པ་དང༌། གཉེན་པོ་དང༌། ཉེ་བར་ཞི་བ་དང༌། རྒྱུ་མཐུན་པས་ཀྱང་ལུང་དུ་མ་བསྟན་པར་བལྟ་བར་བྱའོ། །ཁམས་བརྒྱད་དང༌། སྐྱེ་མཆེད་བརྒྱད་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །དེ་ལ་ཁམས་བརྒྱད་ཅེས་བྱ་བ་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཁམས་སོ། །སྐྱེ་མཆེད་བརྒྱད་ནི། དེ་རྣམས་ཉིད་དོ། །བདག་ལ་ཆོས་དང༌། ཆོས་མ་ཡིན་པ་དང་བྲལ་བས་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པ་གང༌། ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་དང་མཚུངས་པར་ལྡན་པ་དང་བཅས་པའི་ཡིད་དང༌། སྲོག་གི་དབང་
པོ་དང༌། རིས་མཐུན་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། གསལ་བྱེད་ཀྱི་ཚོགས་སོ། །འབྲེལ་པས་ལུང་དུ་མ་བསྟན་པ་གང༌། སྡང་བ་ཡང་མ་ཡིན། དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་དང༌། ཚིག་དང༌། གསལ་བྱེད་དང༌། དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །སྡང་པ་ཡང་མ་ཡིན་དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པ་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་ལས་བཟློག་པར་སྟོན་ཏོ། །དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི། དེའི་རྣམ་པར་ཡིད་ཀྱིས་བརྗོད་པའི་སྒོ་ནས་འཇུག་པའི་ཕྱིར་རོ། །རྗེས་སུ་འབྲེལ་བས་ལུང་དུ་མ་བསྟན་པ་གང༌། དེ་དག་ཉིད་བརྗོད་པའི་བག་ཆགས་སོ། །མིང་གི་ཚོགས་ལ་སོགས་པ་ཕྱི་མ་ལ་མངོན་པར་བརྗོད་པ་འབྱུང་བར་བྱ་བའི་ཕྱིར་སེམས་ལ་བག་ཆགས་བསྒོས་པའོ། །སློང་བས་ལུང་དུ་མ་བསྟན་པ་གང༌། དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གང་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་སོ། །སྡང་བ་ཡང་མ་ཡིན་དང་བ་ཡང་མ་ཡིན་པའི་སེམས་ཀྱི་མིང་ལ་སོགས་པ་མངོན་པར་བརྗོད་པའི་རྣམ་པ་རྣམས་ཀྱིས་ཀུན་ནས་བསླང་བའོ། །དོན་དམ་པས་ལུང་དུ་མ་བསྟན་པ་གང༌། ནམ་མཁའ་དང་སོ་སོར་མ་བརྟགས་པའི་འགོག་པའོ། །སྐྱེ་བས་ཐོབ་པའི་ལུང་དུ་མ་བསྟན་པ་གང༌། མི་དགེ་བའི་ཆོས་རྣམས་དང༌། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པའོ། །སྦྱོར་བས་ལུང་དུ་མ་བསྟན་པ་གང༌། ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པའི་སྤྱོད་ལམ་མམ་བཟོའི་གནས་སོ། །ཉོན་མོངས་པ་ཅན་ཡང་མ་ཡིན། དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པའི་སྤྱོད་ལམ་མམ། བཟོའི་གནས་ཞེས་བྱ་བ་ནི་གལ་ཏེ་ཉོན་མོངས་པ་ཅན་ཡང་མ་ཡིན་ལ། དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་ན། དེ་ལ་སྤྱོད་ལམ་ལ་སོགས་པ་ལུང་དུ་མ་བསྟན་པར་འགྱུར་རོ། །གཞན་དུ་ན་དགེ་བ་འམ་མི་དགེ་བར་འགྱུར་ཏེ། ཅི་རིགས་སུ་སྦྱར་རོ། །མདུན་དུ་བྱས་པས་ལུང་དུ་མ་བསྟན་པ་
གང༌། འདི་ལྟ་སྟེ། ལྷའི་རིགས་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས་འཚེ་བའམ་ལྟ་བ་ངན་པ་རྣམ་པར་སྤངས་པ་སྟེ། ལྷ་རྟེན་བྱེད་པ་དང༌། གང་དུ་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་ཀྱང་མི་སྐྱེད་ལ། བསོད་ནམས་མ་ཡིན་པ་ཡང་མི་སྐྱེད་པར་ལྷ་རྟེན་འཛུགས་པའོ། །ཕན་འདོགས་པས་ལུང་དུ་མ་བསྟན་པ་གང༌། འདི་ལྟ་སྟེ། བྲན་དང༌། གླ་མི་དང༌། ལས་བྱེད་པ་རྣམས་སམ། བུ་དང་ཆུང་མ་རྣམས་ལ་སྡང་བ་སྤང་པ་ཡིན་ནོ། །དད་པ་ཡང་མ་ཡིན་པའི་སེམས་ཀྱིས་སྦྱིན་པ་བྱིན་པའོ། །ཉེ་བར་སྤྱད་པས་ལུང་དུ་མ་བསྟན་པ་གང༌། འདི་ལྟ་སྟེ། སོ་སོར་བརྟགས་པ་མ་ཡིན་ལ་ཉོན་མོངས་པ་ཅན་ཡང་མ་ཡིན་པའི་སེམས་ཀྱིས་ལོངས་སྤྱོད་རྣམས་སྤྱད་པའོ། །འདི་ལྟ་སྟེ། སོ་སོར་བརྟགས་པ་མ་ཡིན་པ་ཞེས་བྱ་བ་ནི་དགེ་བ་ལས་བྱེ་བྲག་ཏུ་བྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཞེས་བྱ་བ་ནི། མི་དགེ་བ་ལ་བྱེ་བྲག་ཏུ་འབྱེད་དོ། །ཡོངས་སུ་འཛིན་པས་ལུང་དུ་མ་བསྟན་པ་གང༌། འདི་ལྟ་སྟེ། བཟོའི་གནས་ལ་གོམས་པའི་ཕྱིར་མ་འོངས་པ་ན་དེའི་ངོ་བོའི་ལུས་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེས་མྱུར་བ་མྱུར་བར་བཟོའི་གནས་དེ་ཉིད་ལ་བསླབ་པ་མཐར་ཕྱིན་པར་འགྱུར་རོ། །ཡོངས་སུ་འཛིན་པས་ལུང་དུ་མ་བསྟན་པ་ཞེས་བྱ་བའོ། །བཟོའི་གནས་ལ་གོམས་པའི་བག་ཆགས་ཀྱིས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པའི་ཕྱིར་རོ། །གཉེན་པོས་ལུང་དུ་མ་བསྟན་པ་གང༌། འདི་ལྟ་སྟེ། སོ་སོར་མ་བརྟགས་པས་སྨན་བསྟེན་པའོ། །ནད་ཀྱི་གཉེན་པོའི་ཕྱིར་རོ། །ཉེ་བར་ཞེ་བས་ལུང་དུ་མ་བསྟན་པ་གང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྟེ། ཞི་གནས་དང་ལྡན་པའི་ཕྱིར་རོ། །རྒྱུ་མཐུན་པས་ལུང་དུ་མ་བསྟན་པ་གང༌། སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པའོ། །རྒྱུ་མཐུན་པས་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པ་ཞེས་པ་ནི། སེམས་དང་སེམས་ལས་བྱུང་བ་གང་གིས་རྩེ་བའི་ཕྱིར་སྤྲུལ་པ་སྤྲུལ་པ་སྟེ། སེམས་ཅན་ལ་ཕན་པའི་ཕྱིར་ན། དགེ་བར་རིག་པར་བྱའོ། །ཡང་བསྟན་པས་ཀྱང་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པར་བྱ་སྟེ།
དེ་ཡང་གང༌། གང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྟོན་པ་སྟེ། དེ་ན་དེ་དག་དེ་བཞིན་དུ་ཡོངས་སུ་གྲུབ་པ་ནི་གང་ཡང་མེད་དོ། །བསྟན་པས་ཀྱང་དགེ་བ་ལ་སོགས་པ་ནི་གང་སངས་རྒྱས་ལ་སོགས་པས་འདུལ་བའི་དོན་གྱི་དབང་གི་ཕྱིར་ཀུན་དུ་སྟོན་པའོ། །མི་དགེ་བ་ཇི་ལྟར་སྟོན་ཅེ་ན། ཆོམ་རྐུན་ལ་སོགས་པར་སྤྲུལ་ནས། དེ་ལས་གཞན་པའི་སེམས་ཅན་འཇིགས་པར་བྱ་བའི་ཕྱིར་ལག་པ་དང་རྐང་པ་གཅོད་པ་ལ་སོགས་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཇི་ལྟར་ན་འདོད་པ་དང་རབ་ཏུ་ལྡན་པ། འདོད་པ་དང་རབ་ཏུ་ལྡན་པ་རྣམས་ནི་དུ། ཅིའི་ཕྱིར་འདོད་པ་དང་ལྡན་པར་བརྟག །འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་ཟག་བཅས་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པ་ནི་འདོད་པ་དང་རབ་ཏུ་ལྡན་པར་བལྟ་བར་བྱའོ། །འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་ཙམ་དང་ཡང་མི་ལྡན་པ་སྟེ། ཏིང་ངེ་འཛིན་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དུ་ན་ནི་མི་ལྕོགས་པ་མེད་པ་འདོད་པ་དང་རབ་ཏུ་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་ཐོབ་མ་ཐག་ཏུ་སྤོང་བ་ལ་མངོན་བར་དགའ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་བའི་གནས་ངན་ལེན་སྤང་བའི་ཕྱིར། འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཕྱོགས་སུ་ཡོད་པར་རིག་པར་བྱའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་ནི། འདིར་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར། འདོད་པ་དང་རབ་ཏུ་ལྡན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་བྱུང་བ་ཞེས་བྱ་བ་གསུངས་ན། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་རྣམས་ན་ཡང་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །ཁམས་བཞི་དང༌། དྲི་དང༌། རོ་དང༌། སྣ་དང༌། ལྕེའི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་གཉིས་དང༌། དྲི་དང་རོའི་སྐྱེ་མཆེད་དོ། །དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་ཕྱོགས་གཅིག་གོ །གཟུགས་དང༌། གཟུགས་མེད་པ་ན་
སྤྱོད་པ་དང༌། ཟག་པ་མེད་པ་མ་གཏོགས་པའོ། །བདག་འདོད་པ་ལ་འདོད་ཆགས་དང་མ་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་དང་རབ་ཏུ་ལྡན་པ། གཟུགས་དང་རབ་ཏུ་ལྡན་པ་རྣམས་ནི་དུ། ཅིའི་ཕྱིར་གཟུགས་དང་རབ་ཏུ་ལྡན་པར་བརྟག །འདོད་པ་ལ་འདོད་ཆགས་དང་བྲལ་ལ། གཟུགས་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་དང༌། ལུང་དུ་མ་བསྟན་པའི་གཟུགས་དང༌། རབ་ཏུ་ལྡན་པར་བལྟ་བར་བྱའོ། །ཁམས་བཞི་དང༌། སྐྱེ་མཆེད་གཉིས་མ་གཏོགས་པ་བཤད་མ་ཐག་པ་རྣམས་སོ། །དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དང་ཕྱོགས་གཅིག་གོ །འདོད་པ་དང་གཟུགས་མེད་པ་ན་སྤྱོད་པ་ཟག་པ་མེད་པ་མ་གཏོགས་པའོ། །བདག་འདོད་པ་ལ་འདོད་ཆགས་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་གཟུགས་མེད་པ་དང་རབ་ཏུ་ལྡན་པ། གཟུགས་མེད་པ་དང་རབ་ཏུ་ལྡན་པ་རྣམས་ནི་དུ། ཅིའི་ཕྱིར་གཟུགས་མེད་པ་དང་རབ་ཏུ་ལྡན་པ་ལ་བརྟག །གཟུགས་ལ་འདོད་ཆགས་དང་བྲལ་ལ། གཟུགས་མེད་པ་ལ་འདོད་ཆགས་དང་མ་བྲལ་བའི་དགེ་བ་དང༌། ལུང་དུ་མ་བསྟན་པ་ནི་གཟུགས་མེད་པ་དང་རབ་ཏུ་ལྡན་པར་བལྟ་བར་བྱའོ། །ཕུང་པོ་བཞི་དང་ཚོར་བ་ལ་སོགས་པའོ། །ཁམས་གསུམ་དང་ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་གཉིས་ཀྱི་ཕྱོགས་སོ། །ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །འདོད་པ་དང་གཟུགས་ན་སྤྱོད་པ་དང༌། ཟག་པ་མེད་པ་མ་གཏོགས་པའོ། །བདག་གཟུགས་ལ་འདོད་ཆགས་དང་བྲལ་བར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་འདོད་ཆགས་དང་བྲལ་བ་ཉིད་ནི་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ཉིད་དང༌། མཐའ་དག་ལ་འདོད་ཆགས་དང་བྲལ་བ་ཉིད་དང༌། འཇིག་ཚོགས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་དང༌། རྟོགས་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། གནོན་པའི་འདོད་ཆགས་དང་བྲལ་བ་ཉིད་དང༌། ལེགས་པར་སྟོན་པའི་འདོད་ཆགས་དང་བྲལ་བ་ཉིད་དུ་བལྟ་བར་བྱའོ། །དེ་ལ་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ཉིད་ཆེས་བྱ་བ་ནི། སའི་
དབང་དུ་བྱས་པ་སྟེ། ས་བརྒྱད་པའི་བར་དུ་ཉོན་མོངས་པའི་རྣམ་པ་སྤང་བའི་ཕྱིར་རོ། །མཐའ་དག་ལ་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི། དགུ་བའི་སྤང་པའི་ཕྱིར་རོ། །ཡང་འཇིག་ཚོགས་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དབང་དུ་བྱས་ནས་སློབ་པ་ནི་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ཉིད་དོ། །མི་སློབ་པ་ནི་མཐའ་དག་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །རྟོགས་པས་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །གནོན་པའི་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི། འཇིག་རྟེན་པའི་ལམ་གྱིས་སོ། །ལེགས་པར་སྟོན་པའི་འདོད་ཆགས་དང་བྲལ་བ་ཉིད་ཅེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །ཡང་འདོད་ཆགས་དང་བྲལ་བ་ཉིད་བཅུ་སྟེ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་དང༌། གནོད་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། ཉེ་བར་བསྟན་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ཉིད་དང༌། རྨོངས་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། གཉེན་པོས་འདོད་ཆགས་དང་བལ་བ་ཉིད་དང༌། ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ཉིད་དང༌། སྤོང་བས་འདོད་ཆགས་དང་བྲལ་བ་ཉིད་དང༌། གོང་མ་དང་བཅས་པའི་འདོད་ཆགས་དང་བྲལ་བ་ཉིད་དང༌། གོང་མ་མེད་པའི་འདོད་ཆགས་དང་བྲལ་བ་ཉིད་དོ། །འདིར་འདོད་ཆགས་དང་བྲལ་བ་རྣམ་པ་བཅུ་ནི་མི་འཕྲོད་པར་འཛིན་པའི་དོན་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་དོན་དུ་རིག་པར་བྱའོ། །གདོན་མི་ཟ་བར་སྤོང་བའི་དོན་དུ་ནི་མ་ཡིན་ནོ། །རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ནི་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་སྟེ། ཇི་སྲིད་དུ་སྤངས་པས་འདོད་ཆགས་དང་བྲལ་བ་ནི་སྤངས་པའི་འདོད་ཆགས་དང་བྲལ་བ་ཞེས་པ་ལྟ་བུའི་ཚིག་རྣམ་པར་གཟུང་བར་བྱ་བའི་རིགས་སུ་རིག་པར་བྱའོ། །རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་གང༌། སྡུག་བསྔལ་གྱི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བའི་གནས་ཀྱི་ཆོས་རྣམས་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །གནོད་པས་འདོད་ཆགས་དང་
བྲལ་བ་ཉིད་གང༌། འཁྲིག་པས་ཞུགས་པ་གདུང་བ་དང་བྲལ་ནས། གང་མི་འཕྲོད་པར་འཛིན་པ་ཉིད་དོ། །ཉེ་བར་བསྟན་པས་འདོད་ཆགས་དང་བྲལ་བ་ཉིད་གང༌། འགྲངས་པར་ཟོས་པ་ཟས་ཞིམ་པོ་ལ་ཡང་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ཉིད་གང༌། ཐབས་ཤིན་ཏུ་ཆེན་པོ་ཐོབ་པས་ཐབས་དམར་བ་ལ་གང་མི་འཕྲད་པར་འཛིན་པ་ཉིད་དོ། །ཇི་ལྟར་འཇིག་རྟེན་ན་ཐབས་ཤིན་ཏུ་ཆེ་བས་གྲོང་ཁྱེར་གྱི་གཙོ་བོ་ལ་སོགས་པའི་གནས་ཐོབ་ནས་གྲོང་དཔོན་ལ་སོགས་པའི་གནས་དམན་པ་ལ་མི་འཕྲོད་པར་ཤེས་པ་ལྟ་བུའོ། །རྨོངས་པས་འདོད་ཆགས་དང་བྲལ་བ་ཉིད་གང༌། བྱིས་པ་རྣམས་མྱ་ངན་ལས་འདས་པ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །དེ་ལ་ཞི་བ་ཉིད་དུ་མི་ཤེས་པ་གང༌། བདག་འཇིག་ཚོགས་ལ་མངོན་པར་ཆགས་པའི་ཕྱིར་རོ། །གཉེན་པོས་འདོད་ཆགས་དང་བྲལ་བ་ཉིད་གང༌། འཇིག་རྟེན་པའམ། འཇིགས་རྟེན་ལས་འདས་པས་ལམ་གྱི་ཉོན་མོངས་པ་སྤང་བ་གང་ཡིན་པའོ། །ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ཉིད་གང༌། མཐོང་བའི་ལམ་ཐོབ་པ་ཁམས་གསུམ་པ་ལ་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །མཐོང་བའི་ལམ་ཐོབ་པས་ཁམས་གསུམ་པ་ལ་ཞེས་བྱ་བ་ནི། འདུ་བྱེད་སྡུག་བསྔལ་བ་ཉིད་དུ་ཡོངས་སུ་ཤེས་པ་དང་ལྡན་པ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་ཡིད་འབྱུང་བའི་ཕྱིར་རོ། །སྤོང་བས་འདོད་ཆགས་དང་བྲལ་བ་ཉིད་གང༌། ས་དང་སར་ཉོན་མོངས་པ་རབ་ཏུ་སྤོང་བའི་མི་མཐུན་པར་འཛིན་པ་ཉིད་གང་ཡིན་པའོ། །གོང་མ་དང་བཅས་པའི་འདོད་ཆགས་དང་བྲལ་པ་ཉིད་གང༌། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པའོ། །གོང་ན་མེད་པའི་འདོད་ཆགས་དང་བྲལ་བ་ཉིད་གང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པ་སྟེ། སེམས་ཅན་རྣམས་ལ་ཕན་པ་དང་བདེ་པའི་གནས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་སློབ་པ། སློབ་པ་རྣམས་ནི་དུ། ཅིའི་ཕྱིར་སློབ་པར་བརྟག །ཐར་པ་ལ་བརྩོན་པའི་དགེ་བ་ནི་སློབ་པར་བལྟ་བར་བྱའོ། །ཚོགས་བསགས་པའི་
གནས་སྐབས་ནས་བཟུང་སྟེ། ཐར་བར་བྱ་བའི་ཕྱིར་བརྩོན་པར་རིག་པར་བྱའོ། །ཚོགས་བསགས་པའི་གནས་སྐབས་ནི། མངོན་པར་འགྲོ་བར་ཐར་པའི་ཆ་དང་མཐུན་བར་རིག་པར་བྱའོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། རྣམ་པར་ཤེས་པའི་ཁམས་བདུན་དང༌། གཟུགས་དང༌། སྒྲ་དང༌། ཆོས་རྣམས་སོ། །སྐྱེ་མཆེད་བཞིའི་ཕྱོགས་སོ། །གཟུགས་དང༌། སྒྲ་དང༌། ཡིད་དང༌། ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །བདག་ཐར་པ་བརྩོན་པར་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་མི་སློབ་པ། མི་སློབ་པ་རྣམས་ནི་དུ། ཅིའི་ཕྱིར་མི་སློབ་བར་བརྟག །བསླབ་པ་མཐར་ཕྱིན་པའི་དགེ་བ་ནི་མི་སློབ་པར་བལྟ་བར་བྱའོ། །སློབ་པ་མཐར་ཕྱིན་ཞེས་པ་ནི་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམས་མཐར་ཕྱིན་ཞེས་པའི་དོན་ནོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །བདག་གྲོལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ནི་དུ། ཅིའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྟག་སོ་སོའི་སྐྱེ་བོའི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། ཐར་པ་ལ་བརྩོན་པ་མ་གཏོགས་པ་སྟེ། དེ་ནི་བསླབ་པ་ལ་སློབ་པར་བརྗོད་པར་བྱའོ། །སློབ་པའི་ཉོན་མོངས་པ་ཅན་དང༌། ལུང་དུ་མ་བསྟན་པ་དང༌། འདི་ལ་ཉོན་མོངས་པ་ཅན་ནི་མི་དགེ་བའོ། །ཇི་ལྟར་རིགས་པར་ལུང་དུ་མ་བསྟན་པ་ནི། བསྒྲིབས་པའི་ལུང་དུ་མ་བསྟན་དུ་རིག་པར་བྱའོ། །མི་སློབ་པའི་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་པའི་ལུང་དུ་མ་བསྟན་པར་རིག་པར་བྱའོ། །འདུས་མ་བྱས་ནི་སློབ་པ་ཡང་མ་ཡིན་མི་སློབ་བ་ཡང་མ་ཡིན་པར་བལྟ་བར་བྱའོ། །ཁམས་བརྒྱད་དང༌། སྐྱེ་མཆེད་བརྒྱད་དང༌། དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་སོ། །བདག་གྲོལ་བ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་མཐོང་བས་སྤང་བར་བྱ། མཐོང་བས་སྤང་བར་བྱ་བ་རྣམས་ནི་དུ། ཅིའི་ཕྱིར་མཐོང་བས་སྤང་བར་བྱ་བར་བརྟག།
ཉོན་མོངས་པ་ཅན་གྱི་ལྟ་བ་ཡོངས་སུ་བརྟག་པ་རྣམས་དང༌། དམ་པའི་ཆོས་མ་ཡིན་པ་ཉན་པ་ལ་སོགས་པའི་སྔོན་དུ་འགྲོ་བའི་ལྟ་བ་ལྔ་པོ་དག་གོ །ཡོངས་སུ་བརྟག་པ་བཟུང་བ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་དང༌། མཐར་འཛིན་པར་ལྟ་བ་བསལ་བའི་ཕྱིར་རོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ཇི་ལྟ་བུ་ཞེ་ན། མངོན་པར་རྟོགས་པ་ལ་ཞུགས་པའི་ངའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་བྱུང་བའོ། །ཐེ་ཚོམ་དང༌། ལྟ་བའི་གནས་དང༌། ལྟ་བ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དང༌། དེའི་ས་བོན་ནི། ཐེ་ཚོམ་གྱི་གནས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ཐེ་ཚོམ་གྱི་གནས་དང༌། ལྟ་བ་ལོག་པར་ཞུགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གང་རྣམས་དང༌། ལྟ་བའི་སྒོ་ནས་ཞུགས་པ་དང༌། དེ་ལ་དམིགས་པ་འདོད་ཆགས་ལ་སོགས་པ་གང་རྣམས་སོ། །གང་ཡང་ལྟ་བས་ཀུན་ནས་བསླང་བའི་ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ངན་སོང་བའི་ཕུང་པོ་དང། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ནི་མཐོང་བས་སྤོང་བར་བྱ་བར་བལྟ་བར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བསྒོམ་པས་སྤང་བར་བྱ་བ་དང༌། ཟག་པ་མེད་པ་མ་གཏོགས་པའོ། །བདག་མཐོང་བ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་བསྒོམ་པས་སྤང་བར་བྱ་བ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ། ཅིའི་ཕྱིར་བསྒོམ་པས་སྤང་བར་བྱ་བར་བརྟག །མཐོང་བའི་ལམ་ཐོབ་པ་སྟེ། ཡན་ཆད་ཀྱི་མཐོང་བས་སྤང་བར་བྱ་བ་ལས་བཟློག་པར་བག་པ་དང་བཅས་པའི་ཆོས་རྣམས་སོ། །ཉོན་མོངས་པ་ཅན་གྱི་ལྟ་བ་ཡོངས་སུ་བརྟག་པ་ལས་གཞན་ནི་ཟག་པ་དང་བཅས་པ་རྣམས་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཟག་པ་དང་བཅས་པ་བཟུང་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་བསྡུ་བར་རིག་པར་བྱ་སྟེ། གནས་ངན་ལེན་རྗེས་སུ་འབྲེལ་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །མཐོང་བས་སྤང་བར་བྱ་བ་དང༌། ཟག་པ་མེད་པ་མ་གཏོགས་སོ། །བདག་བསྒོམ་པ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་སྤང་བར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ། ཅིའི་ཕྱིར་སྤང་བར་བྱ་བ་མ་ཡིན་པར་བརྟག །ཟག་པ་
མེད་པ་ནི་སྤང་བར་བྱ་བ་མ་ཡིན་པར་བལྟ་བར་བྱའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་སྤང་བར་བྱ་བ་མ་ཡིན་པ་ནི། འཇིག་རྟེན་ལས་འདས་པའི་ལམ་དང༌། དེའི་རྗེས་ལ་ཐོབ་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། སྐྱེ་མཆེད་བཞིའི་ཕྱོགས་སོ། །དེ་དང་འདུས་མ་བྱས་སོ། །ཅི་འདྲ་བའི་གཟུགས་དང༌། སྒྲའི་ཁམས་སྤང་བར་བྱ་བ་མ་ཡིན་ཞེ་ན། མི་སློབ་པའི་དགེ་བའི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ནོ། །བདག་རྟོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྐྱེན་སོ་སོ་ལས་ཀུན་ཏུ་སྐྱེ། རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་རྣམས་ནི་དུ། ཅིའི་ཕྱིར་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བར་བརྟག །མཚན་ཉིད་དང༌། ཡན་ལག་རྣམ་པར་དབྱེ་བ་དང༌། ཡན་ལག་མདོར་བསྡུ་བ་དང༌། ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་དང༌། ཡན་ལག་གི་ལས་རྣམ་པར་གཞག་པ་དང༌། ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་དང༌། དོན་དང་རྟོགས་དཀའ་བ་དང༌། རབ་ཏུ་དབྱེ་བ་དང༌། རྗེས་སུ་མཐུན་པ་དང༌། སོ་སོར་མི་མཐུན་པས་ཀྱང་རྐྱེན་སོ་སོ་ལ་ཀུན་དུ་སྐྱེ་བར་བལྟ་བར་བྱའོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ། །འདུས་མ་བྱས་ཀྱི་མཚན་ཉིད་དོ། །བདག་ལ་ཆོས་རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ། །མཚན་ཉིད་ཀྱིས་ཇི་ལྟ་བུ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་གང་གསུངས་པ་ནི་འདི་ལོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདི་ཡོད་པས་འདི་འབྱུང་བ་ནི། གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྐྱེན་ཡོད་ན་འབྲས་བུ་འབྱུང་བ་ཁོ་ནར་ཟད་ཀྱི། འབྲས་བུ་འབྱུང་བར་བྱ་བའི་ཕྱིར། རྐྱེན་གཡོ་བ་ནི་ཅི་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ །འདི་སྐྱེས་པའི་ཕྱིར་འདི་
སྐྱེ་ཞེས་བྱ་བ་ནི་མི་རྟག་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། མ་བྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་མ་གྲུབ་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །འབྲས་བུ་གཡོ་བ་མེད་ཅིང་མི་རྟག་པ་ཡིན་དུ་ཟིན་ཀྱང༌། རྐྱེན་གང་ཡང་རུང་བ་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི །འོན་ཀྱང་ནུས་པའི་རྐྱེན་ལས་འབྱུང་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བ་ནས། སྐྱེ་བ་ནས་རྒ་ཤི་འབྱུང་བའི་བར་དུའོ། །ཡན་ལག་རྣམ་པར་དབྱེ་བས་ཇི་ལྟ་བུའོ། །ཡན་ལག་བཅུ་གཉིས་རྣམས་ཏེ། རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བའི་ཡན་ལག་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲིད་པ་དང༌། ཉེར་ལེན་དང༌། སྲེད་པ་དང༌། སྐྱེ་བ་དང༌། རྒ་ཤིའོ། །ཡན་ལག་མདོར་བསྡུས་པས་ཇི་ལྟ་བུ། འཕེན་པའི་ཡན་ལག་གང༌། འཕོངས་པའི་ཡན་ལག་དང༌། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང༌། མངོན་པར་གྲུབ་པའི་ཡན་ལག་གོ །མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རིམ་པར་ཕྱེ་བ་གང་ཡིན་པ་དེ་དག་ནི་མདོར་བསྡུ་ན། ཡན་ལག་བཞིར་འགྱུར་ཏེ། འཕེན་པའི་ཡན་ལག་ལ་སོགས་པའོ། །འབྱུང་བ་ནི་འདི་དག་ཙམ་དུ་བསྟན་པས་བསྟན་པར་བྱ་སྟེ། འདི་ལྟར་རྒྱུའི་དུས་ན་གང་གིས་འཕེན་པ་དང༌། གང་འཕེན་པ་དང༌། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པ་དང༌། གང་མངོན་པར་འགྲུབ་པ་སྟེ། དེ་དག་ཐམས་ཅད་ནི་ཡན་ལག་འདི་རྣམས་ཀྱིས་བསྟན་པར་རིག་པར་བྱའོ། །དེ་ལ་འཕེན་པའི་ཡན་ལག་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། མ་འོངས་པའི་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་བ་བདེན་པ་རྣམས་མི་ཤེས་པ་སྔོན་དུ་འགྲོ་བའི་ལས་ཀྱིས་བག་ཆགས་སེམས་ལ་བསྒོ་བའི་ཕྱིར་རོ། །འཕོངས་པའི་ཡན་ལག་ནི་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་སྟེ། དེ་སེམས་ཀྱི་བག་ཆགས་ཀྱིས་མིང་དང་གཟུགས་ལ་སོགས་པ་སྔ་མ་ལ་ཕྱི་མ་བརྟེན་ནས་རིམ་གྱིས་མངོན་པར་འགྲུབ་པར་འགྱུར་བའི་ས་
བོན་བརྟས་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་ནི་སྲེད་པ་དང༌། ཉེ་བར་ལེན་པ་དང༌། སྲིད་པ་སྟེ། འདོད་པ་ལ་སོགས་པའི་སྲེད་པ་མ་སྤངས་པའི་དབང་གིས་འདོད་པ་ལ་སོགས་པ་ལ་ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་བའི་རྣམ་པ་ལ་སོགས་པར་དགའ་བ་སྔོན་དུ་འགྲོ་བའི་འདུན་པ་དང༌། འདོད་ཆགས་ཀྱི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཡོང་པར་འགྱུར་ན་འཆི་བའི་དུས་ན་འབྲས་བུ་འབྱིན་པར་བྱ་བའི་ཕྱིར་འདུན་པ་དང༌། འདོད་ཆགས་ཀྱི་རྗེས་སུ་མཐུན་པའི་ཡང་གང་ཡང་རུང་བའི་བག་ཆགས་འཐོབ་པར་འགྱུར་པའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་ནི་སྐྱེ་བ་དང་རྒ་ཤི་སྟེ། རྣམ་པ་དེས་ལས་གཞན་པའི་བག་ཆགས་འགའ་མངོན་དུ་གྱུར་པ་ན། ཇི་ལྟར་འཕངས་པ་འབྱིན་དུ་འགྲོ་བ་དང༌། སྐྱེ་གནས་ལ་སོགས་པའི་བྱེ་བྲག་ཐ་དད་པའི་རིས་མཐུན་པ་གང་ཡང་རུང་བར་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བ་དང༌། རྒ་ཤི་སྨོས་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་སྐབས་ཀྱིས་སྐྱོ་བར་བྱ་བའི་ཕྱིར་རོ། །རྒ་བ་དང་འཆི་བ་ཡན་ལག་གཅིག་ཏུ་བྱ་བ་ནི། དགའ་བ་མེད་པར་ཡང་འཆི་བ་སྲིད་པའི་ཕྱིར་རོ། །མངལ་ནས་སྐྱེ་བའི་སྐྱེ་གནས་སུ་མིང་དང་གཟུགས་ལ་སོགས་པ་མེད་པར་སྐྱེ་མཆེད་དྲུག་ལ་སོགས་པ་འབྱུང་བ་ནི་དེ་ལྟར་མ་ཡིན་ཏེ། དེའི་ཕྱིར་དེ་དག་ཡན་ལག་སོ་སོར་དབྱེ་བར་རིག་པར་བྱའོ། །ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་ཇི་ལྟ་བུ། བག་ཆགས་དང༌། ཤུགས་དང༌། ཡིད་ལ་བྱེད་པ་དང༌། ལྷན་ཅིག་འབྱུང་བས་ཀྱང་ཡན་ལག་རྣམས་རྐྱེན་ཉིད་དུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་ཅི་རིགས་སུ་སྦྱར་རོ། །ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་ནི། རྐྱེན་བཞིའི་དབང་དུ་བྱས་ཏེ། དེ་ལ་མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཏེ། སྔ་ལོགས་སུ་འབྱུང་བའི་བག་ཆགས་ཀྱི་རྒྱུའི་རྐྱེན་ཏོ། །དེ་ཡོངས་སུ་བསྒོས་པའི་རྒྱུ་ལས་བྱུང་བའི་ཡན་ལག་རྣམས་ཀྱང་སྲིད་པ་མངོན་པར་འདུ་བྱེད་ནུས་པའི་ཕྱིར་ཏེ། དེའི་ཚེ་ཀུན་དུ་འབྱུང་བའི་ཚུལ་ཅན་ནོ། །ཐུགས་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་པའི་རྐྱེན་ཏེ། དེའི་ཚེ་འཕེན་པའི་བྱེ་བྲག་གིས་འདུ་བྱེད་ཀྱི་རྒྱུན་ཆགས་པར་
འབྱུང་བའི་ཕྱིར་རོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི། དམིགས་པའི་རྐྱེན་ཏེ། རྨོངས་པའི་དུས་ན་མཆོག་ལ་སོགས་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དམིགས་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི། བདག་པོའི་རྐྱེན་ཏེ། དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་པ་རྣམ་པ་དམིགས་པ་ཕྱིན་ཅི་ལོག་ཏུ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །ཡན་ལག་གི་ལས་རྣམ་པར་གཞག་པས་ཇི་ལྟ་བུ། མ་རིག་པ་ཅིའི་ལས་ཅན་སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་དང༌། འདུ་བྱེད་རྣམས་ཀྱི་རྐྱེན་ཡང་ཡིན་ནོ། །མ་རིག་པ་ནི་སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་ཅེས་པ་ནི་དེས་བསྒྲིབས་པ་རྣམས་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང་བར་མའི་མཐའ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་ཅི་འདས་པའི་དུས་ན་འབྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་སྙམ་པ་ལ་སོགས་པར་ཐེ་ཚོམ་ཟའོ། །འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི། དེའི་དབང་གིས་ཡང་སྲིད་པའི་ལས་སོགས་པའི་ཕྱིར་རོ། །འདུ་བྱེད་རྣམས་ཅིའི་ལས་ཅན། འགྲོ་བ་རྣམས་སུ་སེམས་ཅན་རྣམས་རྣམ་པར་འབྱེད་པ་དང༌། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཡང་ཡིན་ནོ། །འགྲོ་བ་རྣམས་སུ་སེམས་ཅན་རྣམས། །རྣམ་པར་འབྱེད་ཅེས་པ་ནི། ལས་ཀྱི་དབང་གིས་སེམས་ཅན་རྣམས་འགྲོ་བ་གཞན་དུ་འགྲོ་བ་སྣ་ཚོགས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཀྱང་ཡིན་ཞེས་པ་ནི། ཕྱི་མའི་རྐྱེན་དང་མིང་དང་གཟུགས་ལ་སོགས་པ་འབྱུང་བའི་ས་བོན་གསོ་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཅིའི་ལས་ཅན་སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་པ་དང༌། མིང་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་འཆིང་བ་འཛིན་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ལ་འདུ་བྱེད་ཀྱིས་བསྐྱེད་པའི་བག་ཆགས་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་ཀྱང་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ན་མིང་དང་གཟུགས་འཕེལ་བར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ཅིའི་ལས་ཅན། སེམས་
ཅན་རྣམས་ལུས་ལེན་དུ་འཇུག་པ་དང༌། སྐྱེ་མཆེད་དྲུག་གི་རྐྱེན་ཀྱང་ཡིན་ནོ། །མིང་དང་གཟུགས་ནི་སེམས་ཅན་རྣམས་སུ་ལུས་ལེན་དུ་འཇུག་ཅེས་པ་ནི། དེ་གྲུབ་པས་སེམས་ཅན་རྣམས་རིས་མཐུན་པ་གཞན་ལ་བརྟེན་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་གི་རྐྱེན་ཀྱང་ཡིན་ནོ་ཞེས་པ་ནི་མིང་དང་གཟུགས་ལ་སོགས་པ་སྐྱེ་མཆེད་དྲུག་ལ་སོགས་པའི་རྐྱེན་དུ་འགྱུར་བ་ནི། ཡན་ལག་སྔ་མ་ལ་བརྟེན་ནས་ཡན་ལག་ཕྱི་མ་འགྲུབ་བར་བལྟའོ། །སྐྱེ་མཆེད་དྲུག་ཅིའི་ལས་ཅན། སེམས་ཅན་རྣམས་ལུས་ཡོངས་སུ་རྫོགས་པར་ལེན་དུ་འཇུག་པ་དང༌། རེག་པའི་རྐྱེན་ཀྱང་ཡིན་ནོ། །སྐྱེ་མཆེད་དྲུག་ནི་སེམས་ཅན་རྣམས་ལུས་ཡོངས་སུ་རྫོགས་པར་ལེན་དུ་འཇུག་ཅེས་བྱ་བ་ནི། དེ་གྲུབ་ན་དབང་པོ་གཞན་མ་ཚང་བ་མེད་པའི་ཕྱིར་རོ། །རེག་པའི་ལས་ཅན། ལུས་ཀྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། ཚོར་བའི་རྐྱེན་ཀྱང་ཡིན་ནོ། དེའི་སྒོ་ནས་བདེ་བ་མྱོང་བ་ལ་སོགས་པའི་ཡུལ་རྣམ་པ་གསུམ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཚོར་བ་ཅིའི་ལས་ཅན། སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པ་དང༌། སྲེད་པའི་རྐྱེན་ཀྱང་ཡིན་ནོ། །དེ་ལ་བརྟེན་ནས་འདོད་པ་ལ་སོགས་པས་ལས་ཀྱི་རྣམས་པར་སྨིན་པ་ལ་ཉེ་པར་སྤྱོད་པའི་ཕྱིར་རོ། །དེ་དང་ཕྲད་པ་ལ་སོགས་པར་འདོད་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ། །སྲེད་པ་ཅིའི་ལས་ཅན། སེམས་ཅན་རྣམས་ཀྱི་སྐྱེ་བ་འདྲེན་པ་དང༌། ཉེར་ལེན་གྱི་རྐྱེན་ཀྱང་ཡིན་ནོ། །དེའི་དབང་གིས་ཚེ་གཞན་གྱི་རྒྱུན་རྒྱུན་མི་འཆད་པའི་ཕྱིར་རོ། །རོ་མྱོང་བར་བྱེད་པའི་སྒོ་ནས་འདོད་པ་ལ་འདུན་པ་དང་འདོད་ཆགས་འབྱུང་བའི་ཕྱིར་རོ། །ཉེར་ལེན་ཅིའི་ལས་ཅན། ཡང་སྲིད་པ་ལེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་དང་བཅས་པར་བྱེད་པ་དང༌། སྲེད་པའི་རྐྱེན་ཀྱང་ཡིན་ནོ། །སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་བྱེ་བྲག་ཅན་དུ་ཡང་སྲིད་པར་ཉིད་མཚམས་སྦྱོར་བར་འགྱུར་བའི་ལས་ཀྱི་བག་ཆགས་ངེས་པར་འབྱིན་པའི་ཕྱིར་རོ། །དེའི་དབང་གིས་འདུ་བྱེད་ཀྱི་བག་ཆགས་འབྱུང་བ་རྙེད་པའི་ཕྱིར་རོ། །སྲིད་པ་ཅིའི་ལས་ཅན། ཡང་སྲིད་པར་སེམས་ཅན་རྣམས་མངོན་དུ་ཕྱོགས་
པར་བྱེད་པ་དང༌། སྐྱེ་བའི་རྐྱེན་ཀྱང་ཡིན་ནོ། །དེ་མ་ཐག་ཏུ་འགྲོ་བ་གཞན་འདྲེན་པའི་ཕྱིར་རོ། །དེ་ལས་རིས་མཐུན་པ་གཞན་དུ་འབྱུང་བའི་ཕྱིར་རོ། །སྐྱེ་བ་ཅིའི་ལས་ཅན། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་རིམ་གྱིས་སེམས་ཅན་རྣམས་མངོན་པར་འགྲུབ་པར་བྱེད་པ་དང༌། རྒ་ཤིའི་རྐྱེན་ཀྱང་ཡིན་ནོ། །ཕྱི་མའི་གནས་སྐབས་གཞན་འདྲེན་པའི་ཕྱིར་རོ། །སྐྱེ་བ་ཡོད་ན་དེའི་རྒྱུན་གཞན་དུ་འགྱུར་བ་དང༌། འཇིག་པ་སྲིད་པའི་ཕྱིར་རོ། །རྒ་ཤི་ཅིའི་ལས་ཅན། ཡང་དང་ཡང་ན་ཚོད་འགྱུར་བ་དང༌། སྲོག་འགྱུར་བ་ལ་སེམས་ཅན་རྣམས་སྦྱོར་བའོ། །དར་ལ་བབ་པ་དང༌། ཚེ་རྣམ་པར་འཇིག་པ་ལ་སྦྱོར་བའི་ཕྱིར་རོ། །ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུས་པས་ཇི་ལྟ་བུ། མ་རིག་པ་གང་ཡིན་པ་དང༌། སྲེད་པ་གང་ཡིན་པ་དང༌། ཉེ་བར་ལེན་པ་གང་ཡིན་པ་འདི་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུའོ། །འདུ་བྱེད་གང་ཡིན་པ་དང༌། རྣམ་པར་ཤེས་པ་གང་ཡིན་པ་དང༌། སྲེད་པ་གང་ཡིན་པ་འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུའོ། །རྣམ་པར་ཤེས་པ་ལས་ཀྱི་ཀུན་ནས་ཉོན་མོངས་པར་བསྡུ་བ་ནི། རྣམ་པར་ཤེས་པའི་ཡན་ལག་འདུ་བྱེད་ཀྱི་བག་ཆགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ལྷག་མ་རྣམས་ནི་ཚེའི་ཀུན་ནས་ཉོན་མོངས་པར་བསྡུའོ། །དོན་གྱིས་ཇི་ལྟ་བུ། བྱེད་པ་པོ་མེད་པའི་དོན་ནི། རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བའི་དོན་དང༌། རྒྱུ་དང་བཅས་པ་ལས་འབྱུང་བའི་དོན་དང༌། སེམས་ཅན་མེད་པའི་དོན་དང༌། གཞན་གྱི་དབང་གི་དོན་དང༌། གཡོ་བ་མེད་པའི་དོན་དང༌། མི་རྟག་པའི་དོན་དང༌། སྐད་ཅིག་མའི་དོན་དང༌། རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པའི་དོན་དང༌། རྒྱུ་དང་འབྲས་བུ་མཐུན་པའི་དོན་དང༌། རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་དང༌། རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྐྱེན་སོ་སོ་ལ་ཀུན་དུ་སྐྱེ་བའི་དོན་ཏོ། །བྱེད་པ་པོ་མེད་པའི་དོན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །རྒྱུ་དང་བཅས་པ་ལས་བྱུང་བ་ཞེས་བྱ་བ་ནི་མ་རིག་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །སེམས་ཅན་མེད་པའི་དོན་ཞེས་བྱ་བ་ནི། རང་གི་ངང་གིས་བདག་མེད་པའི་དོན་ཏོ། །གཞན་གྱི་དབང་གི་དོན་ཞེས་བྱ་བ་ནི་
རྐྱེན་ལ་རག་ལས་པའི་ཕྱིར་རོ། །གཡོ་བ་མེད་པའི་དོན་ཞེས་བྱ་བ་ནི་རྐྱེན་རྣམས་བྱེད་པ་མེད་པའི་ཕྱིར་རོ། །མི་རྟག་པའི་དོན་ཞེས་བྱ་བ་ནི་ཐེར་ཟུག་མ་ཡིན་པའི་ཕྱིར་རོ། །སྐད་ཅིག་མའི་དོན་ཞེས་བྱ་བ་ནི། སྐྱེ་བའི་དུས་ལས་ཕ་རོལ་དུ་མི་གནས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་རྒྱུད་རྒྱུན་མི་འཆད་པའི་དོན་ཞེས་བྱ་བ་ནི། རྒྱུའི་སྐད་ཅིག་འགགས་པ་དང་དུས་མཉམ་དུ་འབྲས་བུའི་སྐད་ཅིག་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་མཐུན་པའི་དོན་ཞེས་བྱ་བ་ནི་ཐམས་ཅད་ལས་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སྣ་ཚོགས་པའི་དོན་ཞེས་བྱ་བ་ནི། རྒྱུ་དུ་མ་དང་གཅིག་གི་རྣམ་པ་ལས་འབྲས་བུ་དུ་མ་འབྱུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བའི་དོན་ཞེས་བྱ་བ་ནི། རྒྱུ་གཞན་ལས་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །རྟོགས་དཀས་ཇི་ལྟ་བུ། རྒྱུས་རྟོགས་དཀའ་དང༌། མཚན་ཉིད་ཀྱིས་རྟོགས་དཀའ་དང༌། སྐྱེ་བས་རྟོགས་དཀའ་དང༌། གནས་པས་རྟོགས་དཀའ་དང༌། འབྱུང་བས་ཀྱང་རྟོགས་དཀའ་བར་བལྟ་བར་བྱའོ། །ཡང་བྱེད་པ་པོ་མེད་པ་ལ་སོགས་པའི་དོན་འདི་དག་གིས་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་རྣམ་པ་ལྔས་རྟོགས་དཀའ་བར་རིག་པར་བྱ་སྟེ། རྒྱུས་རྟོགས་དཀའ་བ་ནི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པར་སྨྲ་བའི་གཉེན་པོར་དོན་གཉིས་ཀྱིས་སོ། །མཆན་ཉིད་ཀྱིས་རྟོགས་དཀའ་བ་ནི་བདག་མེད་པ་ཉིད་ཀྱི་དོན་གཅིག་གིས་སོ། །སྐྱེ་བས་རྟོགས་དཀའ་བའི་རྐྱེན་རྣམས་ལས་འབྲས་བུ་འབྱུང་ཡང་དེས་མ་བྱས་པའི་ཕྱིར་ཏེ། དོན་གཉིས་ཀྱིས་སོ། །གནས་པས་རྟོགས་དཀའ་བ་ནི། རྣམ་པར་གནས་པ་མེད་ཀྱང་གནས་པར་སྣང་བའི་ཕྱིར་ཏེ་དོན་གསུམ་གྱིས་སོ། །འབྱུང་བས་རྟོགས་པར་དཀའ་བ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་རྣམ་པར་ཤེས་པ་དཀའ་བའི་ཕྱིར་ཏེ། དོན་བཞིས་སོ། །ཡང་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་སྐད་ཅིག་མ་ཡང་ཡིན་ལ། གནས་པར་ཡང་དམིགས་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བ་ཡང་ཡིན་ལ། ནུས་པའི་རྐྱེན་ལས་བྱུང་བར་ཡང་དམིགས། རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་སེམས་ཅན་མེད་པ་ཡང་ཡིན་ལ་སེམས་ཅན་དུ་ཡང་དམིགས། རྐྱེན་
སོ་སོ་ལས་ཀུན་དུ་སྐྱེ་བ་བྱེད་པ་པོ་མེད་པ་ཡང་ཡིན་ལ། ལས་དང་འབྲས་བུ་ཆུད་མི་ཟ་བར་ཡང་དམིགས། བྱེད་པ་པོ་མེད་ཀྱང་ལས་དང༌། བྱེད་པ་དང༌། དེའི་འབྲས་བུ་ལ་སྤྱོད་པ་ཡང་ཡོད་དེ། །འདི་ནི་འདིར་ལས་དང་འབྲས་བུ་ཆུད་མི་ཟ་བར་རིག་པར་བྱའོ། །བདག་ལས་མ་ཡིན་གཞན་ལས་མ་ཡིན་གཉི་ག་ལས་མ་ཡིན། རང་གི་བྱེད་པ་དང་གཞན་གྱི་བྱེད་པ་དང༌། རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རྟོགས་དཀའོ། །ཆོས་ནི་བདག་ཉིད་ཀྱིས་མ་བྱས་པ་སྟེ། གང་གིས་བྱེད་པ་དེ་མ་སྐྱེས་ཏེ་མེད་པའི་ཕྱིར་རོ། །གཞན་གྱིས་ཀྱང་མ་བྱས་པ་སྟེ། རྐྱེན་རྣམས་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །གཉི་གས་ཀྱང་མ་བྱས་པ་སྟེ། རྒྱུ་དེ་གཉིས་ཀྱིས་མ་བྱས་པའི་ཕྱིར་རོ། །རང་གིས་བྱེད་པ་དང༌། གཞན་གྱིས་བྱེད་པ་དང༌། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པ་ནི་རྐྱེན་རྣམས་འབྲས་བུ་སྐྱེད་ནུས་པའི་ཕྱིར་རོ། །རྣམས་གྲངས་གཞན་དུ་ན། བདག་ཉིད་ཀྱིས་མ་བྱས་པ་ནི་རྐྱེན་ལ་ལྟོས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་པ་ནི་རྐྱེན་ཡོད་ཀྱང་ས་བོན་མེད་ན་མི་སྐྱེ་བའི་ཕྱིར་རོ། །གཉི་གས་མ་བྱས་པ་ནི་དེ་གཉི་ག་གཡོ་བ་མེད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་པ་ནི་ས་བོན་དང་རྐྱེན་རྣམས་ལས་ནུས་པ་ཡོད་པའི་ཕྱིར་རོ། །གཞན་ཡང་རང་གི་ས་བོན་ལས་ཏེ་གཞན་ལས་མིན། དེ་ལ་ལྟོས་ཕྱིར་རང་གིས་བྱས་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱིས་མ་བྱས་ལ། །དེ་ནི་ནུས་པས་རྒྱུ་མེད་འབྱུང་མ་ཡིན། བདག་ལས་མ་ཡིན་གཞན་ལས་མ་ཡིན་ཞེས་བྱ་བས་མུ་རྣམ་པ་གཉིས་སྤོང་ན་ཡང༌། རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་རྟོགས་དཀའ་བར་གྱུར་བ་ན། གང་དུ་མུ་བཞི་ཆར་སྤང་བ་ལྟ་སྨོས་ཀྱིང་ཅི་དགོས་ཏེ། དེ་བས་ན་འདི་མཆོག་ཏུ་རྟོགས་དཀའ་བར་རིག་པར་བྱའོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་དང༌། འཆི་འཕོ་བ་དང་སྐྱེ་བའི་རབ་ཏུ་དབྱེ་བ་དང༌། ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་དང༌། འཇིག་པ་དང་ཆགས་པའི་རབ་ཏུ་དབྱེ་བ་དང༌། ཟས་ཀྱིས་བསྟེན་པའི་རབ་ཏུ་དབྱེ་བ་དང༌། འདོད་པ་དང་མི་འདོད་པས་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་དང༌། རྣམ་པར་དག་པའི་རབ་ཏུ་དབྱེ་བ་དང༌། མཐུ་སྟོབས་ཀྱི་རབ་ཏུ་དབྱེ་བས་ཀྱང་རབ་ཏུ་དབྱེ་བར་བལྟ་
བར་བྱའོ། །རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། མིང་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་ལ་སོགས་པའོ། །འཆི་འཕོ་དང་སྐྱེ་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི་ས་བོན་ལ་བརྟེན་ནས་མྱུ་གུ། མྱུ་གུ་ལ་བརྟེན་ནས་སྡོང་བུ་སྟེ། དེ་བཞིན་དུ་སྦུ་གུ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་རྣམས་ཀྱི་སྦྱར་བར་བྱའོ། །འཇིག་པ་དང་ཆགས་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་ལ་བརྟེན་ནས་ས་ཆེན་པོ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ཟས་ཀྱིས་བསྟེན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ཟས་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཁམས་གསུམ་ན་གནས་པའི་ཕྱིར་རོ། །འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་བརྟེན་ནས་བདེ་འགྲོ་དང༌། ངན་འགྲོར་འགྲོ་བའི་ཕྱིར་རོ། །རྣམ་པར་དག་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ཐར་པའི་ཆ་དང་མཐུན་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བ་ནས། མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱིས་རིམ་གྱིས་དགྲ་བཅོམ་པ་ཐོབ་པའི་བར་དང༌། གཞན་གྱི་སྒྲ་ལ་བརྟེན་ནས་ནང་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། ཡང་དག་པའི་ལྟ་བ་དང་ཟག་པ་ཐམས་ཅད་ཟད་པའི་བར་དུའོ། །མཐུ་སྟོབས་ཀྱིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ནི། ཐོས་པ་ལ་བརྟེན་ནས་མངོན་པར་ཞེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་འབྱུང་བའི་ཕྱིར་རོ། །དེ་ལྟར་རབ་ཏུ་དབྱེ་བ་འདི་དག་གི་འདུ་བྱེད་རྣམས་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་རྒྱ་ཆེར་རྟོགས་པར་བྱའོ། །རྗེས་སུ་མཐུན་པ་དང་སོ་སོར་མི་མཐུན་པས་ཇི་ལྟ་བུ། ཀུན་ནས་ཉོན་མོངས་པའི་རྗེས་སུ་མཐུན་པ་དང༌། སོ་སོར་མི་མཐུན་པ་དང༌། རྣམ་པར་བྱུང་བའི་རྗེས་སུ་མཐུན་པ་དང༌། སོ་སོར་མི་མཐུན་པས་ཀྱང་རྐྱེན་སོ་སོ་ལས་ཀུན་དུ་སྐྱེ་བ་རྗེས་སུ་མཐུན་པ་དང༌། སོ་
སོར་མི་མཐུན་པ་བསྟན་པར་བལྟ་བར་བྱའོ། །ཀུན་ནས་ཉོན་མོངས་པའི་རྗེས་སུ་མཐུན་པ་དང༌། སོ་སོར་མི་མཐུན་པ་ཞེས་བྱ་བ་ནི་འབྱུང་བའི་རིམ་པའི་དབང་དུ་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་པ་ལྟ་བུ་ལ་སོགས་པ་ནི་རྗེས་སུ་མཐུན་པར་སྟོན་ཏོ། །རྒ་ཤི་དང༌། རྒ་ཤི་ཀུན་འབྱུང་བ་དང༌། རྒ་ཤི་ཀུན་འགོག་པ་དང༌། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་ནི་བདེན་པ་རྣམ་པར་གཞག་པའི་དབང་དུ་བྱས་པ་སྟེ། སོ་སོར་མི་མཐུན་པར་བསྟན་པར་རིག་པར་བྱའོ། །དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པ་ལྟ་བུ་ནི་རྣམ་པར་བྱང་བའི་རྗེས་སུ་མཐུན་པར་སྟོན་ཏོ། །གང་མེད་ན་རྒ་ཤི་མི་འབྱུང་བ་དང༌། གང་འགགས་ན་རྒ་ཤི་འགག་ཅེས་བྱ་བ་ནི་སོ་སོར་མི་མཐུན་པར་སྟོན་ཏོ་ཞེས་པ་ལྟ་བུ་ནི་རྐྱེན་སོ་སེ་ལས་རབ་ཏུ་སྐྱེས་པར་བལྟ་བར་བྱའོ། །ཆོས་ཀྱི་ཁམས་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ། །བདག་ལ་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྐྱེན། རྐྱེན་རྣམས་ནི་དུ། ཅིའི་ཕྱིར་རྐྱེན་དུ་བརྟག །རྒྱུ་དང༌། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོས་ཀྱང་རྐྱེན་དུ་བལྟ་བར་བྱའོ། །ཐམས་ཅད་ཀྱང་རྐྱེན་ནོ། །ཆོས་བདག་གི་རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །རྒྱུའི་རྐྱེན་གང༌། ལེན་པའི་རྣམ་པར་ཤེས་པ་དང༌། དགེ་བའི་བག་ཆགས་སོ། །ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་འདུ་བྱེད་རྣམས་དང་གོ་རིམས་སོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་ལས་བྱུང་བ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པ་ནི་སྐྱེ་བས་ཐོབ་པ་རྣམས་ཀྱི་རྒྱུའི་རྐྱེན་ནོ། །མངོན་པར་འདུ་བྱེད་པ་ལས་བྱུང་བ་ནི་སྦྱོར་བ་ལས་བྱུང་བ་རྣམས་ཀྱིས་ཏེ། ཕྱི་མ་ལེན་པའི་རྣམ་པར་ཤེས་པ་གཞན་གྱི་རྒྱུའི་རྐྱེན་དུ་བལྟའོ། །མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལེན་པའི་རྣམ་པར་ཤེས་པ་ནི་ཚེ་དེའི་འཇུག་པའི་རྣམ་པར་ཤེས་པ་ཀུན་དུ་སྤྱོད་པའི་བག་ཆགས་བསྒོས་པར་རིག་པར་བྱའོ། །དགེ་བའི་བག་ཆགས་ནི་ཐར་པའི་ཆ་དང་མཐུན་པ་
རྣམས་ཀྱི་བག་ཆགས་སུ་བལྟ་བར་བྱ་སྟེ། །དེ་དག་ནི་འཇིག་རྟེན་ལས་འདས་པ་ཐོབ་པའི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ཏེ། དེའི་བག་ཆགས་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྒྱུ་ཉིད་དུ་རིག་པར་བྱའོ། །ཡང་རང་གི་ངོ་བོ་ཉིད་དང༌། རབ་ཏུ་དབྱེ་བ་དང། གྲོགས་དང༌། མཐུན་པར་རྟོགས་པ་དང༌། རྒྱས་པ་དང༌། བར་དུ་གཅོད་པ་དང༌། ཡོངས་སུ་འཛིན་པས་ཀྱང་རྒྱུའི་རྐྱེན་དུ་བལྟ་བར་བྱའོ། །ཡང་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྒྱུ་དྲུག་པོ་དག་རྒྱུའི་རྐྱེན་དུ་སྟོན་ཏོ། །དེ་ལ་རང་གི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ནི་བྱེད་རྒྱུ་རྣམས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །ཚིག་ལྷག་མ་རྣམས་ནི་གོ་རིམས་བཞིན་དུ་ལྷན་ཅིག་འབྱུང་བ་དང༌། མཚུངས་པར་ལྡན་པ་དང༌། སྐལ་བ་མཉམ་པ་དང༌། ཀུན་དུ་འགྲོ་བ་དང༌། རྣམ་པར་སྨིན་པའི་རྒྱུ་རྣམས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །རང་གི་ངོ་བོ་ཉིད་ཀྱི་ཇི་ལྟ་བུ། བྱེད་རྒྱུ་སྟེ་རྒྱུ་རང་གི་ངོ་བོ་ཉིད་དོ། །རྒྱུའི་རང་གི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་བྱེད་པའི་རྒྱུར་རྣམ་པར་གཞག་པའི་ཕྱིར། རྒྱུ་ཐམས་ཅད་བྱེད་པའི་རྒྱུའི་ནང་དུ་འདུས་པར་རིག་པར་བྱའོ། །གྲོགས་ལ་སོགས་པའི་བྱེ་བྲག་བསྟན་པའི་ཕྱིར་སོ་སོར་རྣམ་པར་གཞག་གོ །བྱེད་པའི་རྒྱུའི་རབ་ཏུ་དབྱེ་བ་ཚོགས་པ་ལས་རྣམ་པར་ཤེས་པ་ལ་སོགས་པ་གང་བསྟན་པ་དེ་ནི་དཔེ་ཙམ་དུ་བལྟ་བར་བྱའོ། །ཕྱོགས་འདིས་ནི་དེ་ལྟ་བུའི་རང་བཞིན་ཅན་གཞན་ལ་ཡང་མངོན་པར་བརྟག་པའི་ཕྱིར་རོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ། འབྱུང་བའི་བྱེད་རྒྱུ་ནི་དཔེར་ན་མིག་ལ་སོགས་པ་ཚོགས་པ་ལས་རྣམ་པར་ཤེས་པ་ལྟ་བུའོ། །དེ་ལས་འབྲས་བུ་མ་བྱུང་བ་འབྱུང་བའི་ཕྱིར་རོ། །གནས་པའི་བྱེད་རྒྱུ་ནི་དཔེར་ན། སེམས་ཅན་འབྱུང་པོ་རྣམས་དང༌། འབྱུང་པོ་ཚོལ་བ་རྣམས་ཀྱི་ཟས་ལྟ་བུའོ། །དེའི་སྟོབས་སྐྱེ་བའི་རྒྱུན་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རོ། །བརྟེན་པའི་བྱེད་རྒྱུ་ནི་དཔེར་ན། སེམས་ཅན་རྣམས་ཀྱི་ལྟ་བུའོ། །ལྟུང་པའི་གེགས་བྱེད་པའི་ཕྱིར་རོ། །གསལ་བའི་བྱེད་རྒྱུ་ནི་དཔེར་ན། གཟུགས་ཀྱི་སྒྲོན་མ་ལྟ་བུའོ། །བསྒྲིབས་པ་གསལ་བར་བྱེད་པའི་ཕྱིར་རོ། །འགྱུར་བའི་བྱེད་རྒྱུ་ནི་དཔེར་ན་ཤིང་གི་མི་ལྟ་བུའོ། །དེའི་རྒྱུད་གཞན་དུ་
འགྱུར་བར་བྱེད་པའི་ཕྱིར་རོ། །འབྲལ་བའི་བྱེད་རྒྱུ་ནི་དཔེར་ན། བརྡ་བར་བྱ་བའི་ཟོར་བ་ལྟ་བུའོ། །སྦྲེལ་པ་གཉིས་སུ་མེད་པ་བྱེད་པའི་ཕྱིར་རོ། །བསྒྱུར་བའི་བྱེད་རྒྱུ་ནི་དཔེར་ན། གསེར་ལ་སོགས་པ་བཟོའི་གནས་ལ་སོགས་པ་ལྟ་བུའོ། །དེའི་ཆ་ཤས་ཡུལ་གཞན་དུ་འཕོ་བར་བྱེད་པའི་ཕྱིར་རོ། །ཡིད་ཆེས་པའི་བྱེད་རྒྱུ་ནི་དཔེར་ན་མེའི་དུ་བ་ལྟ་བུའོ། །དེས་ལྐོག་ཏུ་གྱུར་པ་རྗེས་སུ་དཔོག་པའི་ཕྱིར་རོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི་དཔེར་ན། སྒྲུབ་པའི་དམ་བཅའ་དང༌། གཏན་ཚིགས་དང༌། དཔེ་རྣམས་ལྟ་བུའོ། །དེས་ཡང་དག་པར་ངེས་པར་འབྱེད་པའི་ཕྱིར་རོ། །འཐོབ་པའི་བྱེད་རྒྱུ་ནི་དཔེར་ན་མྱ་ངན་ལས་འདས་པའི་ལམ་ལྟ་བུའོ། །དེས་འཐོབ་པར་བྱེད་པའི་ཕྱིར་རོ། །ཐ་སྙད་ཀྱི་བྱེད་རྒྱུ་ནི་དཔེར་ན། མིང་དང་མཚན་མ་དང་མཐོང་བ་ལྟ་བུའོ། །མིང་ཇི་ལྟ་བ་བཞིན་དུ་མཚན་མར་འཛིན་པར་མངོན་པར་ཞིན་ནས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ལྟོས་པའི་བྱེད་རྒྱུ་ནི་གང་ལ་ལྟོས་ནས་གང་དོན་དུ་གཉེར་བ་འབྱུང་བ་སྟེ། དཔེར་ན་བཀྲེས་པ་ལ་ལྟོས་ནས་ཟས་ལྟ་བུའོ། །དེ་ལ་འདོད་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེན་པའི་བྱེད་རྒྱུ་ནི་རྒྱང་རིང་བའི་རྐྱེན་ཏེ། དཔེར་ན་རྒ་ཤིའི་མ་རིག་པ་ལྟ་བུའོ། །དེའི་རྒྱུ་ལས་བྱུང་བ་གནས་སྐབས་གཞན་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འབྱུང་བ་འཕེལ་བའི་ཕྱིར་རོ། །མངོན་པར་གྲུབ་པའི་བྱེད་རྒྱུ་ནི་ཉེ་བའི་རྐྱེན་ཏེ། །དཔེར་ན་འདུ་བྱེད་རྣམས་ཀྱི་མ་རིག་པ་ལྟ་བུའོ། །དེ་མ་ཐག་ཏུ་འབྱུང་བ་སྐྱེད་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་འཛིན་པའི་བྱེད་རྒྱུ་ནི་དེ་ལས་གཞན་པའི་རྐྱེན་ཏེ། དཔེར་ན་ལོ་ཏོག་འབྱུང་བའི་ཞིང་དང་ཆུ་དང༌། ལུང་ལ་སོགས་པ་ལྟ་བུའོ། རང་གི་ས་བོན་ལས་བྱུང་བ་སྟོབས་བསྐྱེད་པའི་ཕྱིར་རོ། །ཆུད་པར་བྱེད་པའི་བྱེད་རྒྱུ་ནི་མཐུན་པའི་རྐྱེན་ཏེ། དཔེར་ན་རྒྱལ་པོ་མཉེས་པར་བྱ་བའི་རྒྱལ་པོ་ལ་ལེགས་པར་བརྟེན་པ་ལྟ་བུའོ། །དེའི་རྗེས་སུ་མཐུན་པ་འགུགས་པའི་ཕྱིར་རོ། །སོ་སོར་ངེས་པའི་བྱེད་རྒྱུ་ནི་དེ་རྐྱེན་སྣ་ཚོགས་ཏེ། དཔེར་ན་འགྲོ་བ་ལྔ་པོ་དག་གིས་འགྲོ་བ་ལྔའི་རྐྱེན་ལྟ་བུའོ། །རང་བཞིན་ཐ་དད་པས་འབྲས་བུ་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །ལྷན་ཅིག་བྱེད་པའི་རྒྱུ་ནི་རྐྱེན་ཚོགས་པ་སྟེ། དཔེར་ན་རྣམ་པར་
ཤེས་པའི་དབང་པོ་མ་ཉམས་པ་དང༌། ཡུལ་ཡང་སྣང་བ་དང༌། དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པ་ལྟ་བུའོ། །རང་གི་འབྲས་བུ་འགྲུབ་པར་བྱེད་པ་ལ་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །མི་མཐུན་པའི་བྱེད་རྒྱུ་ནི་བར་ཆད་བྱེད་པ་སྟེ་དཔེར་ན་ལོ་ཏོག་ལ་སེར་བ་ལྟ་བུའོ། །གེགས་བྱེད་པའི་ཕྱིར་རོ། །མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་ནི་བར་ཆད་བྱེད་པ་སྟེ་དཔེར་ན་བར་ཆད་བྱེད་མེད་པ་ལྟ་བུའོ། །དེ་ལས་བཟློག་པར་རིག་པར་བྱའོ། །གྲོགས་ཀྱི་ཇི་ལྟ་བུ་ཆོས་གང་དག་གྲོགས་ཡོད་ན་འབྱུང་གི་གང་ཡང་རུང་བ་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་བའོ་ཞེས་བྱ་བ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་གྱི་ཚོགས་པ་ཐམས་ཅད་དང་གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་ལས་འབྱུང་བ་ཆེན་པོ་བཞི་པོ་དག་གདོན་མི་ཟ་བར་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ན་གང་ཡོད་པ་དེ་ནི་དེ་དེ་དང་ལྷན་ཅིག་ཏུ་འབྱུང་སྟེ། གང་ལ་རུང་བ་ཞིག་མེད་ན་ནི་མ་ཡིན་ནོ། །མཐུན་པར་རྟོགས་པས་ཇི་ལྟ་བུ། ཆོས་གང་དག་ལྷན་ཅིག་འབྱུང་བས་དམིགས་པ་མཐུན་པར་རྟོགས་ཀྱི། གང་ཡང་རུང་བ་མ་ཚང་ན་མ་ཡིན་པ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ལྟར་གྲོགས་སུ་ངེས་པ་ལ་ལྷན་ཅིག་འབྱུང་བའི་རྒྱུ་རྣམ་པར་གཞག་གོ །འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཞེས་བྱ་བ་ནི། དཔེར་བརྗོད་པ་ཙམ་དུ་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་གང་ཡང་ཏུང་བ་ཞིག་མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མཚུངས་པར་ལྡན་པའི་རྒྱུ་ལོགས་ཤིག་ཏུ་གཞག་ཏུ་མེད་པར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་འབྱུང་བའི་རྒྱུའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་དོན་གཞན་གྱིས་མཚུངས་པར་ལྡན་པའི་རྒྱུར་འགྱུར་ཏེ། ཆོས་གང་དག་ལྷན་ཅིག་འབྱུང་བའི་དམིགས་པ་མཐུན་པར་རྟོགས་ཀྱི་གང་ཡང་རུང་བ་མ་ཚང་ན་ནི་མ་ཡིན་པས་མཚུངས་པར་ལྡན་པའི་རྒྱུ་རྣམ་པར་གཞག་སྟེ། དེས་ན་ལྷན་ཅིག་འབྱུང་བ་ཙམ་ནི། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྒྱས་པས་ཇི་ལྟ་བུ། སྔོན་དགེ་བ་དང་མི་དགེ་
བ་དང། ལུང་དུ་མ་བསྟན་པའི་ཆོས་རྣམས་གོམས་པ་རྣམས་ཕྱི་མའི་མཐར་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང༌། མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པའོ། །སྔོན་གོམས་པར་བྱས་པ་རྣམས་ཏེ། སྔོན་ཀུན་དུ་སྤྱད་ཅེས་བྱ་བའི་ཐ་ཚིག་གོ །ཕྱི་མའི་མཐར་གོང་ནས་གོང་དུ་ཤིན་ཏུ་རྒྱས་པ་དང༌། མཆོག་ཏུ་རྒྱས་པར་འགྱུར་བ་གང་ཡིན་པ་ཞེས་བྱ་བ་ནི། དེ་དག་གིས་སྔོན་ཡོངས་སུ་གསོས་པ་རྣམས་ཏེ། དེའི་རྒྱུ་ལས་བྱུང་བ་རྣམས་མ་འོངས་པའི་དུས་ན་ཁྱད་པར་ཅན་དུ་འབྱུང་བར་བལྟའོ། །དེ་ལྟར་སྐལ་བ་མཉམ་པའི་རྒྱུ་འདི་ནི་འདྲ་བ་རྣམས་ཀྱི་རྒྱས་པར་བྱེད་པའི་རྒྱུ་རྣམ་པར་གཞག་གོ །བར་དུ་གཅོད་པས་ཇི་ལྟ་བུ། གང་མྱ་ངན་ལས་འདས་པའི་རྒྱུད་ཐག་བ་སྲིང་བའི་ཕྱིར་ཉོན་མོངས་པ་གང་ཡང་རུང་བའི་རྒྱུན་རྒྱས་པར་ལྡན་པར་བྱེད་པའོ། །ཀུན་དུ་འགྲོ་བའི་རྒྱུ་ནི་འདྲ་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་ཡང་རུང་བ་གོམས་པས་ཞེ་སྡང་ལ་སོགས་པའི་རྒྱུན་ཀྱང་རྒྱས་པར་བསྟན་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་དམ་དུ་འཆིང་བར་བྱེད་པས་ན་ཐར་པ་ཐོབ་པའི་བར་དུ་གཅོད་པའི་ཕྱིར། རྣམ་པར་གཞག་པར་རིག་པར་བྱའོ། །ཡོངས་སུ་འཛིན་པས་ཇི་ལྟ་བུ། ལུས་ཡོངས་སུ་འཛིན་པའི་ཕྱིར་མི་དགེ་བ་དང༌། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །རྣམ་པར་སྨིན་པའི་རྒྱུ་ནི་ཕྱི་མ་ལས་གཅིག་ཏུ་མི་འདྲ་བ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པར་ལུས་སུ་བསྡུས་པ་སྟེ། རྣམ་པར་སྨིན་པ་འཕེན་པའི་ཕྱིར། ཡོངས་སུ་འཛིན་པའི་དོན་གྱི་རྣམ་པར་གཞག་གོ །དགེ་བ་ཟག་པ་དང་བཅས་པ་བཟུང་བ་ནི། ཟག་པ་མེད་པ་རྣམས་ཀྱིས་ནི་ཟག་པ་སྐྱེ་བ་དང༌། མི་མཐུན་པས་འཕེན་པ་མ་ཡིན་པའི་ཕྱིར་རོ། །དེ་མ་ཐག་པས་ཇི་ལྟ་བུ། རྒྱུན་མི་འཆད་པར་བར་ཆད་མེད་པ་དང་མཐུན་པ་དང་མི་མཐུན་པ་ལས། སེམས་དང་སེམས་ལས་བྱུང་བ་འབྱུང་བའི་དེ་མ་ཐག་པས་ཀྱང་དེ་མ་ཐག་པའི་རྐྱེན་དུ་བལྟ་བར་བྱའོ། །དེ་ལ་རྒྱུན་མི་འཆད་པར་བར་ཆད་མེད་པ་ནི་གདོན་མི་ཟ་བར་སྐད་ཅིག་གི་བར་མེད་པ་མ་ཡིན་གྱི། འོན་ཀྱང་སེམས་གཞན་གྱི་བར་ཆད་མེད་པ་ཡང་འདིར་བར་ཆད་མེད་པར་བལྟ་བར་བྱ་སྟེ། གཞན་
དུ་ན་སྙོམས་པར་འཇུག་པའི་སེམས་ནི་སེམས་མེད་པ་ལ་སྙོམས་པར་འཇུག་པ་ལས་ལངས་པའི་སྙོམས་འཇུག་གི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་མི་འགྱུར་བར་རིགས་ན་འགྱུར་བས། དེའི་ཕྱིར་རྒྱུད་གཅིག་ལ་ཕྱི་མའི་སེམས་དང་སྔ་མའི་སེམས་ཀྱི་བར་དུ་སེམས་གཞན་གྱིས་བར་དུ་མ་ཆོད་པ་ནི་དེ་མ་ཐག་པའི་རྐྱེན་ནོ། །སེམས་ལ་ཇི་ལྟ་བར་སེམས་ལས་བྱུང་བ་རྣམས་ཀྱང་དེ་བཞིན་རིག་པར་བྱའོ། །མཐུན་པ་དང་མི་མཐུན་པ་ལས་སེམས་དང་སེམས་ལས་བྱུང་བའི་དེ་མ་ཐག་པས་ཞེས་བྱ་བ་ལ་སེམས་དང་སེམས་ལས་བྱུང་བ་དགེ་བ་རྣམས་ནི་མཐུན་པའི་དགེ་བ་རྣམས་ཀྱི་དང༌། མི་མཐུན་པ་མི་དགེ་བ་རྣམས་དང༌། ལུང་དུ་མ་བསྟན་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ། །དེ་བཞིན་དུ་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་ཀྱང་རང་གཞན་གྱི་རྣམ་པ་རྣམས་དང་སྦྱར་བར་བྱའོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་སོགས་པ་ཡང་སོ་སོར་གཟུགས་ན་སྤྱོད་པ་ལ་སོགས་པ་དང༌། འདོད་པ་ན་སྤྱོད་པ་ལ་སོགས་པ་དེ་མ་ཐག་ཏུ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་ཏོ་ཞེས་སྦྱར་བར་བྱའོ། །ཅི་སེམས་ཐམས་ཅད་ཀྱི་དེ་མ་ཐག་ཏུ་སེམས་ཐམས་ཅད་འབྱུང་བའམ། འོན་ཏེ་ངེས་པ་ཡོད་ཅེ་ན། ངེས་པ་ཡོད་ཅེས་བྱ་སྟེ། སེམས་འདིའི་འོག་ཏུ་སེམས་འདི་དང་འདི་འབྱུང་ངོ་ཞེས་བརྗོད་ན་ནི་བརྗོད་པ་མང་བར་འགྱུར་རོ། །དེ་ལྟ་བས་ན་ཕྱིར་སེམས་འབྱུང་བའི་མཚན་ཉིད་ཙམ་རྣམ་པར་གཞག་གོ །འདི་ལྟར་སྟོབས་བཅུས་སེམས་འབྱུང་བར་རིག་པར་བྱའོ། །འདྲིས་པའི་སྟོབས་དང༌། འདུན་པའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། སྙོམས་པར་འཇུག་པའི་སྟོབས་དང༌། འཕེན་པའི་སྟོབས་དང༌། རྒྱུའི་སྟོབས་དང༌། ཡུལ་གྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཡིད་ལ་བྱེད་པའི་སྟོབས་དང༌། ཉིད་མཚམས་སྦྱོར་བའི་སྟོབས་ཀྱིས་སོ། །འདྲིས་པའི་སྟོབས་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པའོ། །སྙོམས་པར་འཇུག་པ་དང༌། གནས་པ་དང༌། ལྡང་བའི་རྒྱུ་
རྣམས་མི་མངོན་པའི་ཕྱིར་ཆུང་ངུའོ། །མངོན་པ་ལེགས་པར་མ་འདྲིས་པའི་ཕྱིར་འབྲིང་པོའོ། །ལེགས་པར་འདྲིས་པའི་ཕྱིར་ཆེན་པོའོ། །དེ་ལ་འདྲིས་པ་ཆུང་ངུའི་སྟོབས་ཀྱིས་ནི་བསམ་གཏན་དང༌། གཟུགས་མེད་པ་རྣམས་ལ་མཐར་གྱིས་སྙོམས་པར་འཇུག་པར་རིག་པར་བྱའོ། །འབྲིང་ནི་གཅིག་གིས་བར་དུ་ཆོད་པའི་ཚུལ་གྱིས་ཐོང་རྒལ་དུ་སྙོམས་པར་འཇུག་གོ །ཆེན་པོས་ནི་ཇི་ལྟར་འདོད་པའམ་ཐམས་ཅད་ལ་ཐོད་རྒལ་དུ་ཞུགས་ནས་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པར་རིག་པར་བྱའོ། །འདུན་པའི་སྟོབས་ནི་བསམ་གཏན་གཉིས་པ་ཐོབ་པས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ལ། གལ་ཏེ་འདོད་ན་བསམ་གཏན་གཉིས་པའི་ས་པ་ལས་ལྡང་བའི་སེམས་མངོན་དུ་བྱེད་དོ། །གཞན་དུ་འདོད་ན་ཡང་འདོད་པ་ན་སྤྱོད་པ་དེ་དགེ་བའམ། མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །སྦྱོར་བའི་སྟོབས་ཀྱིས་ནི་འདོད་པ་ན་སྤྱོད་པའི་དགེ་བ་ཉིད་ཀྱི་མཇུག་ཐོགས་སུ་ཐོག་མ་ཁོ་ནར་གཟུགས་ན་སྤྱོད་པའི་སེམས་འབྱུང་ངོ༌། །མི་ལྕོགས་པ་མེད་པའི་དགེ་བའི་མཇུག་ཐོགས་སུ་དངོས་གཞིའོ། །དངོས་གཞིའི་མཇུག་ཐོགས་སུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཞེས་བྱ་བ་ལ་སོགས་པ་ནས་རྒྱ་ཆེར་སྲིད་པའི་རྩེ་མོའི་བར་དུ་རིག་པར་བྱའོ། །སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། དག་པ་ལ་སྙོམས་པར་འཇུག་པའི་སེམས་རེས་འགའ་ནི་དག་པ་གཉིས་སྐྱེའོ། །རེས་འགའ་ནི་ཉོན་མོངས་པ་ཅན་ནོ། །འཕེན་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ན། ཇི་སྲིད་དུ་དེ་དང་མི་མཐུན་པ་ཉོན་མོངས་པ་ཀུན་དུ་འབྱུང་བས་ཡོངས་སུ་ཉམས་པར་མ་གྱུར་བ་དེ་སྲིད་དུ་མཉམ་པར་བཞག་པའི་ས་པའི་སེམས་དང༌། མཉམ་པར་མ་བཞག་པའི་སྐད་ཅིག་འདྲེན་པར་རྗེས་སུ་འཇུག་གོ །དེ་དང་མི་མཐུན་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ནི་རྒྱུ་བ་ལ་སོགས་པའི་སྟོབས་ཀྱིས་ཀུན་དུ་འབྱུང་བར་རིག་པར་བྱའོ། །དེ་ལ་རྒྱུའི་སྟོབས་ཀྱིས་ནི་གལ་ཏེ་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་སྒྲིབ་པ་སྔོན་བསགས་པར་གྱུར་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་འདོད་
ཆགས་ལ་སོགས་པ་ཉོན་མོངས་པ་འབྱུང་བ་དང་མཐུན་པ་སྡུག་པ་ལ་སོགས་པ་མཚན་མའི་སྟོབས་ཤས་ཆེ་བའི་ཡུལ་སྣང་བར་གྱུར་པའོ། །དྲན་པའི་སྟོབས་ཀྱིས་ནི། གལ་ཏེ་དྲན་པའི་ཀུན་དུ་རྟོག་པ་དག་གིས་འདས་པའི་ཡུལ་ལ་འཕྲོས་པར་བྱེད་པའོ། །ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི་གལ་ཏེ་སྤྱོད་པའི་ཡིད་ལ་བྱེད་པ་སྡུག་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ། །ཉིད་མཚམས་སྦྱོར་བའི་སྟོབས་ཀྱིས་ནི་གསར་དུ་འཆི་བའི་སེམས་རྣམ་པ་དགུ་སྟེ། ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པའི་ཁམས་གསུམ་དུ་སོ་སོར་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་གོ །དེ་ལ་འདོད་པའི་ཁམས་ནས་ཤི་འཕོས་ནས། འདོད་པའི་ཁམས་ཉིད་དུ་ཉིང་མཚམས་སྦྱོར་བའི་འདོད་པ་ན་སྤྱོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ནི་འཆི་བའི་སེམས་སུ་རིག་པར་བྱའོ། །འདོད་པའི་ཁམས་སུ་ཤི་འཕོས་ནས་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉིང་མཚམས་སྦྱོར་བའི་སེམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འཆི་བའི་སེམས་སུ་རིག་པར་བྱའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དང་གཞན་དུ་སྐྱེ་བའི་སེམས་ཀྱང་དྲུག་ཏུ་སྦྱར་བར་བྱའོ། །ཡུལ་ལ་སྲེད་པ་དེ་ནི་ལྷན་ཅིག་སྐྱེས་པ་དང༌། དམིགས་པ་ལ་མི་སྤྱོད་པ་དང༌། བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ལུས་དང་ལྷན་ཅིག་སྐྱེས་པ་འདིའི་དམིགས་པ་རྣམ་པ་ཡོངས་སུ་མི་གཅོད་པར་རིག་པར་བྱའོ། །དེའི་དབང་གིས་དེ་མ་ཐག་པའི་སོ་སོའི་སྐྱེ་བོ་རྣམས་ནི་བར་མ་དོར་སྲིད་པར་ཉིང་མཚམས་སྦྱོར་བའོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་འཆི་བའི་དུས་ཇི་སྲིད་དུ་འདུ་ཤེས་མི་གསལ་བའི་གནས་སྐབས་སུ་མ་གྱུར་པ་དེ་སྲིད་དུ་སྲིད་པ་དེ་ཀུན་དུ་འབྱུང་ངོ༌། །དེ་དག་ནི་དེ་ཡོངས་སུ་རྟོགས་ནས་གཉེན་པོར་ཚར་གཅོད་དོ། །འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ནི་མ་སྤངས་སུ་ཟིན་ཀྱང་གཉེན་པོའི་སྟོབས་ཆེ་བས་ཀུན་དུ་མི་འབྱུང་ངོ༌། །དེའི་པ་གལ་ཉལ་གྱི་དབང་གིས་ནི་ཉིད་མཚམས་སུ་སྦྱོར་རོ། །བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི། རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དེ་རྣམ་པར་སྨིན་པ་ཡིན་
པའི་ཕྱིར་རོ། །དེའི་འོག་ཏུ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འཆི་འཕོ་བའི་སེམས་མ་གཏོགས་པའོ། །བར་མ་དོའི་འཆི་འཕོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་པ་ཅན་ཏེ། འཆི་བའི་སྲིད་པ་བཞིན་ནོ། །སྐྱེ་བའི་ཉིང་མཚམས་སྦྱོར་བ་ནི་རྟག་ཏུ་མ་བསྒྲིབས་པའི་ལུང་དུ་མ་བསྟན་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ཐམས་ཅད་ཀྱང་གཅིག་ཏུ་དགེ་བར་རིག་པར་བྱའོ། །དེ་མ་ཐག་པའི་རྐྱེན་གྱི་སྐབས་རྫོགས་སོ།། །།དམིགས་པས་ཇི་ལྟ་བུ། ཡུལ་ཡོངས་སུ་ཆད་པའི་དམིགས་པ་དང༌། ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་དང༌། ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་དང༌། ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་དང༌། དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་དང༌། དངོས་པོ་མེད་བའི་ཡུལ་གྱི་དམིགས་པ་དང༌། ཀུན་བརྟགས་པའི་ཡུལ་གྱི་དམིགས་པ་དང༌། ཕྱིན་ཅི་ལོག་གི་དམིགས་པ་དང༌། ཕྱིན་ཅི་མ་ལོག་པའི་དམིགས་པ་དང༌། ཐོགས་པ་དང་བཅས་པའི་དམིགས་པ་དང༌། ཐོགས་པ་མེད་པའི་དམིགས་པས་ཀྱང་དམིགས་པའི་རྐྱེན་དུ་བལྟ་བར་བྱའོ། །དེ་ལ་ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་པོ་དག་གིས་དམིགས་པ་སྟེ། རྣམ་པར་ཤེས་པ་ལྔ་པོ་དག་གི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། ཡུལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་ཞེས་བྱ་བ་ནི། མིང་ལ་མ་བྱང་བ་རྣམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། མིང་ལས་ཡི་གེར་བྱེད་མི་ནུས་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པའི་དམིགས་པ་ཞེས་བྱ་བ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི། ལྟ་བ་དང༌། ང་རྒྱལ་དང༌། དེ་ལ་མཚུངས་པར་ལྡན་པའི་ཆོས་རྣམས་མ་གཏོགས་པར་དེ་ལས་གཞན་བདག་གི་དམིགས་པའོ། །དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི། མ་གཏོགས་
པ་རྣམས་ཀྱི་དམིགས་པ་སྟེ། བདག་གཞི་ཡིན་པའི་ཕྱིར་རོ། །དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་དམིགས་པ་དང༌། སྐལ་བ་མི་མཉམ་པའི་ཁམས་དང༌། ས་གཞན་ལ་མ་འོངས་པའི་དམིགས་པ་གཞི་གཏན་ལ་འབེབས་པ་མེད་པ་མ་གཏོགས་པར་དེ་ལས་གཞན་པ་དག་གི་དམིགས་པའོ། །ཀུན་བརྟགས་པའི་དམིགས་པ་ཞེས་བྱ་བ་ནི། མ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། རང་གིས་ཀུན་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་དམིགས་པ་ཞེས་བྱ་བ་ནི། རྟག་པ་ལ་སོགས་པའི་རྣམ་པར་བྱུང་བ་རྣམས་ཀྱི་དམིགས་པའོ། །ཕྱིན་ཅི་མ་ལོག་པའི་དམིགས་པ་ཞེས་བྱ་བ་ནི། །མི་རྟག་པ་ལ་སོགས་པའི་རྣམ་པར་བྱུང་བ་རྣམས་ཀྱི་དམིགས་པའོ། །ཐོགས་པ་དང་བཅས་པའི་དམིགས་བ་ཞེས་བྱ་བ་ནི། ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཀྱི་དམིགས་པའོ། །ཐོགས་པ་མེད་པའི་དམིགས་པས་ཀྱང་དམིགས་པའི་རྐྱེན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི། ཤེས་བྱའི་སྒྲིབ་པ་སྤངས་པ་རྣམས་ཀྱི་དམིགས་པའོ། །དམིགས་པའི་རྐྱེན་གྱི་རྣམ་པར་ངེས་པ་ནི། མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། གཞག་པ་དང༌། ཡོངས་སུ་ཤེས་པ་དང༌། སྤངས་པས་ཀྱང་དམིགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་རྒྱུ་དང༌། དེ་དག་བྱུང་ནས་ཀྱང་དོན་དེ་ལ་མངོན་བར་ཞེན་པ་དང༌། ཐ་སྙད་འདོགས་པ་དང༌། སོ་སོ་རང་གིས་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་དོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མེད་པའི་དམིགས་པ་ནི། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྱིན་ཅི་ལོག་པ་རྣམས་ཀྱི་དམིགས་པ་དང༌། འདས་པ་དང༌། མ་འོངས་པ་དང༌། རྨི་ལམ་དང༌། གཟུགས་བརྙན་དང༌། སྒྱུ་མ་ལ་སོགས་པའི་དམིགས་པའོ། །ཡོད་པ་དག་གི་དམིགས་པ་ནི། དེ་ལས་གཞན་པ་དག་གི་དམིགས་པའོ། །དམིགས་པ་མེད་པའི་དམིགས་པ་ནི། གཟུགས་དང༌། སེམས་དང་ལྡན་པ་མ་ཡིན་པ་དང༌། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི། སེམས་དང་སེམས་ལས་
བྱུང་བའི་ཆོས་རྣམས་སོ། །ཡང་དག་པ་ཉིད་དུ་དམིགས་པ་ནི། འདི་ལྟ་སྟེ། དགེ་བའོ། །ལོག་པ་ཉིད་དུ་དམིགས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་ནོ། །ཡང་དག་པ་ཉིད་མ་ཡིན་ལ་ལོག་པ་ཉིད་ཀྱང་མ་ཡིན་པའི་དམིགས་པ་ནི། འདི་ལྟ་སྟེ། མ་བསྒྲིབས་པའི་ལུང་དུ་མ་བསྟན་པའོ། །ཚུལ་བཞིན་གྱི་དམིགས་པ་ནི། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་དགེ་བ་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་གྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་ལ། ཚུལ་བཞིན་མ་ཡིན་པ་ཡང་མ་ཡིན་པའི་དམིགས་པ་ནི། དེ་དག་མ་གཏོགས་པ་རྣམས་ཀྱི་དམིགས་པའོ། །འདྲ་བའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་དགེ་བ་ལ་སོགས་པ་དང༌། རང་གིས་པ་རྣམས་ཀྱི་རང་གི་པ་དང༌། ཟག་པ་དང་བཅས་པ་རྣམས་ཀྱི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པའོ། །མི་མཐུན་པའི་དམིགས་པ་ནི་འདི་ལྟ་སྟེ། དགེ་བ་ལ་སོགས་པ་རྣམས་ཀྱི་མི་དགེ་བ་ལ་སོགས་པ་དང༌། ས་པ་གཞན་རྣམས་ཀྱི་ས་པ་གཞན་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམས་ཀྱི་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པའོ། །སྣ་ཚོགས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པུའི་དམིགས་པ་ནི་འདི་ལྟ་སྟེ། མི་རྟོག་མི་དཔྱོད་པ་རྣམས་ཀྱི་དམིགས་པའོ། །འབྲལ་བ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ། འདུ་ཤེས་མེད་པ་ལ་སྦྱོར་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དང༌། ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྣམས་ཀྱི་དམིགས་པའོ། །འབྲལ་བ་ནི་མེད་པར་གྱུར་པའོ། །གཞན་དུན་འབྲལ་བ་ཆེན་པོ་ཉིད་ལ་བྱའོ། །བསྡུས་པ་ཕྲ་བའི་དམིགས་པ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དམིགས་པའོ། །མཐར་ཕྱིན་པ་ཕྲ་བའི་དམིགས་པ་ནི། འདི་ལྟ་སྟེ། འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི་དམིགས་པར་བྱེད་པའི་ཕྱིར་དམིགས་པ་ཞེས་བྱའོ། །མདོ་
སྡེ་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི་འདི་ལྟ་སྟེ། གཙུག་ལག་རྣམས་ཀྱི་མིང་གི་ཚོགས་དང༌། ཚིག་དང༌། ཡི་གེའི་ཚོགས་རྣམས་སོ། །དོན་གྱི་དམིགས་པ་ནི་དེ་ལ་བརྟེན་པ་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །ཆུང་དུའི་དམིགས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་དམིགས་པའོ། །རྒྱ་ཆེན་པོའི་དམིགས་པ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །མཚན་མའི་དམིགས་པ་ནི་འདི་ལྟ་སྟེ། ཞི་གནས་དང་རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་རྣམས་སོ། །མཚན་མ་མེད་པའི་དམིགས་པ་ནི། འདི་ལྟ་སྟེ། མྱ་ངན་ལས་འདས་པ་དང༌། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་རྣམ་པ་བཅུ་དྲུག་པོ་དག་གི་དམིགས་པ་བདེན་པ་རྣམས་སོ། །གནས་པར་བྱ་བའི་དམིགས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དབང་བསྒྱུར་བའི་དམིགས་པ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་ལ་སོགས་པ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མཐར་ཐུག་པའི་ཡོན་ཏན་རྣམས་ཀྱི་དམིགས་པའོ། །སྐད་ཅིག་མའི་དམིགས་པ་ནི་འདི་ལྟ་སྟེ། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་དོ། །རྗེས་སུ་འབྲང་བའི་དམིགས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ། །གཞག་པས་ཇི་ལྟ་བུ་ཞེ་ན། དེ་བཞིན་དུ་རྣམ་པར་གཞག་པའི་དམིགས་པས་ཡོངས་སུ་མ་གྲུབ་པས་སོ། །རྣམ་པ་བཞི་ཡོངས་སུ་འགྲུབ་པའི་དམིགས་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང༌། དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང༌། བསྒྲིབས་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང༌། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་འགྱུར་བས་སོ། །དེའི་ཕྱིར་འཛིན་པ་ཡང་ཡོངས་སུ་མ་གྲུབ་པའོ། །ཤེས་པ་རྣམ་པ་གསུམ་ནི་དབང་གི་ཤེས་པ་དང༌། ལྷག་མཐོང་གི་ཤེས་པ་དང༌། རྣམ་པར་མི་རྟོག་པའི་ཤེས་པའོ། །དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། ཡི་དགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིས་རིས་སུ། །དངོས་གཅིག་ཡིད་ནི་
ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང༌། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་བ་ཡིན། །དོན་ནི་དོན་དུ་འགྲུབ་གྱུར་ན། །ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང༌། །རྣལ་འབྱོར་པ་ལ་འདི་ལྟར་ཡང༌། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། འདི་ལ་རྣམ་པར་འབྱེད་གྲུབ་དང༌། །བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་མི་སྣང་ཕྱིར། །མི་རྟོགས་ཤེས་པ་རྒྱུ་བ་ལ། དོན་ཀུན་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། །མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། གཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང༌། ཐེག་པ་ཆེན་པོ་གནས་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པ་གནས་གྱུར་པས་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་དམིགས་པ་དག་ལས་རྣམ་པར་ཐར་གྱི། དེ་དག་ལ་དབང་འབྱོར་བ་ཐོབ་པར་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་གནས་གྱུར་པས་ནི། །གཉི་གའོ། །དམིགས་པའི་རྐྱེན་གཞུང་ཇི་ལྟ་བ་བཞིན་དུ་རྣམ་པར་ངེས་པ་རྫོགས་སོ།། །།བདག་པོས་ཇི་ལྟ་བུ། །རྟེན་ལ་དབང་བྱེད་པ་དང༌། འཕེན་པ་ལ་དབང་བྱེད་པ་དང༌། ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་དང༌། ཡུལ་ལ་དབང་བྱེད་པ་དང༌། སྐྱེ་བར་དབང་བྱེད་པ་དང༌། གནས་པར་དབང་བྱེད་པ་དང༌། འབྲས་བུ་ལ་ཉེ་བར་སྤྱོད་པ་ལ་དབང་བྱེད་པ་དང༌། འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པས་ཀྱང་བདག་པོའི་རྐྱེན་དུ་བལྟ་བར་བྱའོ། །དེ་ལ་རྟེན་ལ་དབང་བྱེད་པ་ཞེས་བྱ་བ་ལ། རླུང་གི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་ལ་སོགས་པའི་རྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་གྱིའོ། །འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ཀྱིའོ། །དབང་པོ་རྣམས་ནི་རྣམ་པར་
ཤེས་པ་རྣམས་ཀྱིའོ་ཞེས་བྱ་བ་ལ་སོགས་པའོ། །འཕེན་པ་ལ་དབང་བྱེད་པ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །སྔོན་གྱི་ཟག་པ་དང་བཅས་པའི་ལས་ནི་རྣམ་པར་སྨིན་པའོ་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་ཞེས་བྱ་བ་ལ་སེམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏོ། །ཡིད་ལ་བྱེད་པ་ནི་སེམས་ཀྱིའོ། །རེག་པ་ནི་ཚོར་བའིའོ་ཞེས་བྱ་བ་ལ་སོགས་པའོ། །འདི་མན་ཆད་ནི་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱ་སྟེ། བདག་པོར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ཡུལ་ལ་དབང་བྱེད་པ་ཞེས་བྱ་བ་ནི། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་ཕྱིར་རོ། །སྐྱེ་བར་དབང་བྱེད་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་སྟེ། དེའི་དབང་གིས་མངལ་དུ་འཇུག་པའི་ཕྱིར་རོ། །གནས་པར་དབང་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་སྟེ། དེའི་དབང་གིས་རིས་མཐུན་པར་གནས་པའི་ཕྱིར་རོ། །འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་ཞེས་བྱ་བ་ནི། བདེ་བ་དང་སྡུག་བསྔལ་དང༌། ཡིད་བདེ་བ་དང་ཡིད་མི་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེའི་དབང་གིས་སྡུག་པ་དང་མི་སྡུག་པའི་རྣམ་པར་སྨིན་པ་སོ་སོར་མྱོང་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་རྣམས་ཏེ། དེ་དག་གིས་ཉོན་མོངས་པ་རྣམས་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ཞེས་བྱ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་དག་གིས་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ། །ཇི་ལྟར་ན་རྟེན་མཚུངས་དང་དེ་མཚུངས། རྟེན་མཚུངས་དང་དེ་མཚུངས་རྣམས་ནི་དུ། ཅིའི་ཕྱིར་རྟེན་མཚུངས་དང་དེ་མཚུངས་སུ་བརྟག །རྣམ་པར་ཤེས་པ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོའི་ཡུལ་ལ་རྒྱུན་དུ་འབྱུང་བ་དང༌། རྣམ་པར་ཤེས་པ་དང་
བྲལ་ཞིང་དེ་དང་འདྲ་བ་རྒྱུན་དུ་འབྱུང་བས་ཀྱང་རྟེན་མཚུངས་དང་དེ་མཚུངས་སུ་བལྟ་བར་བྱའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། གཟུགས་ཅན་གྱི་ཁམས་དང༌། སྐྱེ་མཆེད་ལྔའོ། །རྣམ་པར་ཤེས་བ་དང་མ་བྲལ་ཞིང་དེ་དང་འདྲ་བའི་དབང་པོ་ཡུལ་ལ་རྒྱུན་དུ་འབྱུང་བ་ཞེས་བྱ་བ་ནི་རྟེན་པ་མཚུངས་པར་རིག་པར་བྱ་སྟེ། རྣམ་པར་ཤེས་པ་དང་ལྡན་ཞིང་རྣམ་པར་ཤེས་པ་དང་འདྲ་བའི་དབང་པོའི་ཡུལ་རྣམ་ལ་དེ་རྒྱུན་དུ་འབྱུང་ཞིང་རྣམ་པར་ཤེས་པ་འབྱུང་བ་དང་འདྲ་བའི་ཕྱིར་རོ། །དབང་པོ་དེ་ནི་རྟེན་པ་མཚུངས་པ་ཞེས་བརྗོད་དོ། །གཉིས་པ་རྣམ་པར་ཤེས་པ་དང་བྲལ་ཞིང་དེ་དང་འདྲ་བ་རྒྱུན་དུ་འབྱུང་བས་ཞེས་བྱ་བ་ནི་དེ་མཚུངས་ཏེ། རྣམ་པར་ཤེས་པ་དང་མི་ལྡན་པའི་དབང་པོའི་བདག་ཉིད་དང་འདྲ་བ་རྒྱུན་དུ་འབྱུང་ཞིང་དབང་པོའི་མཚན་ཉིད་དང་འདྲ་བའི་ཕྱིར་དེ་མཚུངས་སུ་བལྟ་བར་བྱའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་ནི་མིག་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་དོ། །གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ལྔ་ནི་མིག་ལ་སོགས་པ་དེ་རྣམས་ཉིད་དོ། །བདག་རྣམ་པར་ཤེས་པ་དང་ལྡན་པ་དང་མི་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་ཟིན་པ་ཟིན་པ་རྣམས་ནི་དུ། ཅིའི་ཕྱིར་ཟིན་པར་བརྟག །ཚོར་བ་འབྱུང་བའི་གནས་ཀྱི་གཟུགས་ནི་ཟིན་པར་བལྟ་བར་བྱའོ། །གཟུགས་གང་ལ་བརྟེན་ནས་ཚོར་བ་འབྱུང་བ་དེ་ནི་ཟིན་པ་ཞེས་བརྗོད་དོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། གནས་དང་བཅས་པའི་དབང་པོས་བསྡུས་པའོ། །ཁམས་དང་སྐྱེ་མཆེད་གཟུགས་ཅན་ལྔ་དང༌། མིག་ལ་སོགས་པའོ། །བཞིའི་ཕྱོགས་གཅིག་གོ །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དབང་པོ་ལས་གཞན་དུ་མ་གྱུར་བའོ། །བདག་ལུས་ལ་དབང་བསྒྱུར་བ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་དབང་པོ་དང༌། དབང་པོ་རྣམས་ནི་དུ། ཅིའི་ཕྱིར་དབང་པོར་བརྟག །ཡུལ་འཛིན་པར་དབང་བྱེད་པ་དང༌། རིགས་ཀྱི་རྒྱུད་ལ་དབང་བྱེད་པ་དང༌། རིས་མཐུན་པར་གནས་པར་དབང་བྱེད་པ་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པར་དབང་བྱེད་པ་དང༌། འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པས་ཀྱང་དབང་པོར་བལྟ་བར་བྱའོ། །
དེ་ལ་ཡུལ་འཛིན་པར་བྱེད་པ་ནི་མིག་ལ་སོགས་པ་དྲུག་སྟེ། དེའི་དབང་གིས་གཟུགས་ལ་སོགས་པ་དམིགས་པ་ལ་སེམས་དང་སེམས་ལས་འབྱུང་བའི་ཕྱིར་རོ། །རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ནི། ཕོ་དང་མོའི་དང་པོ་སྟེ། དེ་ལས་བུ་དང་ཚ་བོ་ལ་སོགས་པའི་རིགས་འབྱུང་བའི་ཕྱིར་རོ། །ལྷག་མ་ནི་བདག་པོའི་རྐྱེན་དུ་བསྟན་པ་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ཚོར་བའི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་དང༌། གཟུགས་དང་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཕོ་དང༌། མོའི་དབང་པོའི་མཚན་ཉིད་དང༌། སྲོག་གི་དབང་པོ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོའི་མཚན་ཉིད་དང་གོ་རིམས་སོ། །ཁམས་བཅུ་གཉིས་དང༌། སྐྱེ་མཆེད་དྲུག་དང༌། དབང་པོ་དང༌། རྣམས་པར་ཤེས་པའི་ཁམས་རྣམས་དང༌། ནང་གི་རྣམས་སོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །སྲོག་གི་དབང་པོ་དང༌། བདེ་བ་ལ་སོགས་པ་དང༌། དད་པ་ལ་སོགས་པ་ལྔའོ། །བདག་དབང་བྱེད་པར་མངོན་པ་ཞེན་པ་སྤོང་བའི་ཕྱིར་རོ། །ཇི་ལྟར་ན་སྡུག་བསྔལ་གྱི་སྡུག་བསྔལ་ཉིད། སྡུག་བསྔལ་གྱི་སྡུག་བསྔལ་རྣམས་ནི་དུ། ཅིའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བརྟག །སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་དང༌། སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ། །དེ་ལ་སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་གྱི་བདག་ཉིད་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །དེ་འབྱུང་བའི་རྒྱུར་གྱུར་བ་དབང་པོ་དང༌། དོན་རྣམས་དང་དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ ། བདག་སྡུག་བསྔལ་བར་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ། །ཇི་ལྟར་ན་འགྱུར་བའི་སྡུག་བསྔལ་ཉིད། འགྱུར་བའི་སྡུག་བསྔལ་རྣམས་ནི་དུ། ཅིའི་ཕྱིར་འགྱུར་བའི་སྡུག་བསྔལ་ཉིད་དུ་བརྟག །བདེ་བའི་ཚོར་བ་འགྱུར་བའི་མཚན་ཉིད་དང༌། བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བ་རང་
གི་མཚན་ཉིད་དང༌། དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བས་ཀྱང་འགྱུར་བའི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ། །དེ་ལ་བདེ་བའི་ཚོར་བ་དང༌། དེ་མོང་བར་བྱེད་པའི་ཆོས་རྣམས་འགྱུར་བས་ཡིད་མི་བདེ་བ་འབྱུང་བའི་ཕྱིར། དེ་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ། །དེ་ལ་ཡང་རྗེས་སུ་ཆགས་པས་སེམས་འགྱུར་བ་ནི། འགྱུར་བའི་སྡུག་བསྔལ་ཉིད་དུ་རིག་པར་བྱ་སྟེ། ཇི་སྐད་དུ་ཞེ་ན། གནས་འགྱུར་བའི་སེམས་ཀྱིས་ཞེས་གསུངས་པ་ལྟ་བུའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་གོ །བདག་བདེ་བར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྣམས་ནི་དུ། ཅིའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བརྟག །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་ཚོར་བའི་རང་གི་མཚན་ཉིད་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་དང༌། དེ་གཉི་གའི་གནས་ངན་ལེན་ཡོངས་སུ་འཛིན་པ་དང༌། གཉི་ག་ལས་མཐར་བ་མི་རྟག་པ་ཉིད་ཀྱིས་རྗེས་སུ་བཅིངས་པར་གྲུབ་པ་དང༌། བདེ་བ་མ་ཡིན་པས་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་བ་ཉིད་དུ་བལྟ་བར་བྱའོ། །དེ་ལ་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི། ལེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང༌། །དེ་མྱོང་བར་བྱེད་པའི་འདུ་བྱེད་རྣམས་དང༌། སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་ངན་ལེན་དང་ལྡན་པ་དང༌། སྡུག་བསྔལ་ཉིད། དེ་གཉིས་ལས་རྣམ་པར་མ་གྲོལ་བས་རེས་འགའ་ནི་བདེ་བའི་གནས་སྐབས་ལ་བརྟེན། རེས་འགའ་ནི་སྡུག་བསྔལ་གྱི་གནས་སྐབས་ལ་བརྟེན་ཏེ། དུས་རྟག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མི་རྟག་པས་རྗེས་སུ་བཅིངས་པས་གྲུབ་པ་དང༌། བདེ་བ་མ་ཡིན་པའི་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་དུ་རིག་པར་བྱའོ། །ཕུང་པོ་རྣམས་དང༌། ཁམས་གསུམ་དང༌། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ། །ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང༌། ཟག་པ་མེད་པའི་མཚན་ཉིད་དང༌། དེ་ལས་གཞན་པ་དག་གོ །བདག་
སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་སྨིན་པ་དང་བཅས་པ་རྣམ་པར་སྨིན་པ་དང་བཅས་པ་རྣམས་ནི་དུ། ཅིའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པར་བརྟག །མི་དགེ་བ་དང༌། དགེ་བ་ཟག་པ་དང་བཅས་པ་ནི། རྣམ་པར་སྨིན་པ་དང་བཅས་པར་བལྟ་བར་བྱའོ། །མི་དགེ་བ་དང༌། དགེ་བ་ཟག་པ་དང་བཅས་པའི་རྣམ་པར་སྨིན་པ་ལེན་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་ཕྱི་མ་ལ་ཡོད་དེ། དེའི་ཕྱིར་རྣམ་པར་སྨིན་པ་དེ་ནས་དེ་གཉིས་རྣམ་པར་སྨིན་པ་དང་བཅས་པ་ཞེས་བརྗོད་དོ། །ཕུང་པོ་རྣམས་དང༌། ཁམས་བཅུ་དང༌། རྣམ་པར་ཤེས་པ་བདུན་དང༌། གཟུགས་དང༌། སྒྲ་དང༌། ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞིའི་ཕྱོགས་གཅིག་གོ །གཟུགས་དང་སྒྲ་དང༌། ཡིད་དང༌། ཆོས་ཀྱི་སྐྱེ་མཆེད་རྣམས་དང༌། ལུང་མ་བསྟན་དང༌། ཟག་པ་མེད་པ་མ་གཏོགས་སོ། །བདག་ལ་ཕུང་པོ་འཇོག་པར་བྱེད་པ་དང༌། ཉིད་མཚམས་སྦྱོར་བར་བྱེད་པར་མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང་བཅས་པར་བལྟ་བར་བྱའོ། །དེ་ལས་གཞན་པ་རྣམས་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །དེ་ལས་གཞན་པ་ནི་འདིར་མིག་ལ་སོགས་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པ་ནི་རྣམ་པར་སྨིན་པ་དེས་འབྱུང་བར་བརྗོད་པ་ཐོབ་པ་དེ་དེ་ལས་སྐྱེས་པའི་ཕྱིར་རོ། །ཇི་ལྟར་ན་ཟས། ཟས་རྣམས་ནི་དུ། ཅིའི་ཕྱིར་ཟས་སུ་བརྟག །འཇུ་བས་ཀྱང་འཇུ་བ་ལས་གྱུར་པ་དང༌། ལམ་གྱི་ཟས་འཇུ་བའི་དུས་ན་དབང་པོའི་འབྱུང་བ་ཆེན་པོ་གསོ་བར་བྱེད་པའི་ཕྱིར་རོ། །ཡུལ་གྱིས་ཀྱང་ཡུལ་ལས་གྱུར་པ་དང༌། རེག་པའི་ཟས་ཏེ། ཡིད་དུ་འོང་བའི་ཡུལ་གྱི་གནས་ཀྱི་རེག་པས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །རེ་བས་ཀྱང་རེ་བ་ལས་གྱུར་བ་དང༌། ཡིད་ལ་སེམས་པའི་ཟས་ཏེ། འདོད་པའི་དངོས་པོ་དང་འབྲེལ་བའི་རེ་བའི་དབང་གིས་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །ལེན་པས་ཀྱང་ལེན་པ་ལས་གྱུར་པ་ཉིད་ནི་ཟས་སུ་བལྟ་བར་བྱའོ། །རྣམ་པར་ཤེས་པའི་ཟས་ཏེ། ཀུན་དུ་ལེན་བའི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་དབང་གིས་ལུས་གནས་པའི་ཕྱིར་ཏེ། འདི་ལྟར་དེ་དང་
བྲལ་ན་ལུས་རུལ་བར་འགྱུར་བའི་ཕྱིར་རོ། །ཕུང་པོ་གསུམ་དང༌། ཁམས་བཅུ་གཅིག་དང༌། སྐྱེ་མཆེད་ལྔའི་ཕྱོགས་གཅིག་གོ །བདག་ཟས་ཀྱིས་གནས་པར་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཡང་ཟས་རྣམ་པ་བཞི་པོ་འདི་དག་ནི་བསྡུས་ནས་རྣམ་པ་བཞིས་རྣམ་པར་གཞག་གོ །ཡང་ཐོས་ནི་མ་དག་པའི་ལུས་གནས་པར་བྱེད་པ་དང༌། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་སོས་སོའི་སྐྱེ་བོ་རྣམས་ཀྱི་སྟེ། མཐའ་དག་གི་འཆིང་བ་དང་ལྡན་པའི་ཕྱིར་མ་དག་པའི་གནས་སོ། །དག་པ་དང་མ་དག་པའི་ལུས་གནས་པར་བྱེད་པ་དང༌། སློབ་པ་རྣམས་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྟེ། འཆིང་བའི་ལྷག་མ་དང་བཅས་པའི་ཕྱིར་རོ། །དག་པའི་ལུས་གནས་པར་བྱེད་པ་དང༌། དགྲ་བཅོམ་པ་རྣམས་ཀྱི་སྟེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །གནས་པ་ཀུན་དུ་སྟོན་པར་ཡང་བལྟ་བར་བྱའོ། །སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་ཀྱི་སྟེ། ཟས་ཀྱི་དབང་གིས་གནས་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཇི་ལྟར་ན་གོང་མ་དང་བཅས་པ་གོང་མ་དང་བཅས་པ་རྣམས་ནི་དུ། ཅིའི་ཕྱིར་གོང་མ་དང་བཅས་པར་བརྟག །འདུས་བྱས་དང་འདུས་མ་བྱས་ཀྱི་ཕྱོགས་གཅིག་གིས་ཀྱང་གོང་མ་དང་བཅས་པར་བལྟ་བར་བྱའོ། །ཆོས་ཀྱི་ཁམས་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་མ་གཏོགས་པ་རྣམས་ཏེ། དེའི་མཚན་ཉིད་ནི་རྣམ་པར་དག་པའི་དེ་བཞིན་ཉིད་ཡིན་པས། དེ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །བདག་རྫས་ངན་པར་མངོན་པར་ཞེན་པ་སྤོང་པའི་ཕྱིར་རོ། །ཇི་ལྟར་ན་གོང་ན་མེད་པ། གོང་ན་མེད་པ་རྣམས་ནི་དུ། ཅིའི་ཕྱིར་གོང་ན་མེད་པར་བརྟག །འདུས་མ་བྱས་ཀྱི་ཕྱོགས་གཅིག་གི་གོང་ན་མེད་པའོ། །ཆོས་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གོ །བདག་རྫས་མཆོག་ཏུ་མངོན་པར་ཞེན་པ་སྤང་པའི་ཕྱིར་རོ། །དེ་ལྟར་ན་ཚུལ་འདིས་རབ་ཏུ་དབྱེ་བའི་ཚུལ་ཚད་མེད་དོ། །ཡང་མདོར་བསྡུ་ན་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པར་གསུམ་སྟེ། གང་ཟག་ལ་བདག་མེད་པའི་ཚུལ་གྱིས་ངོ་བོ་ཉིད་རྣམ་པ་གསུམ་གྱི་དབང་དུ་བྱས་པར་རིག་པར་བྱའོ། །ཀུན་
བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་བདག་ཅེའམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོའམ། གསོ་བ་པོའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་ཞེས་གང་ཀུན་དུ་བརྟགས་པའོ། །ཕུང་པོ་ལ་སོགས་པ་ལ་བརྟེན་ནས་མེད་པར་ཡང་བདག་ལ་སོགས་པའི་ངོ་བོ་ཉིད་དུ་གང་ཀུན་རྟོག་པའོ། །རྣམ་པར་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་རྣམས་ཉིད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཕུང་པོ་ལ་སོགས་པ་དེ་ཉིད་དེ། གང་དུ་ཡང་དག་པ་མ་ཡིན་པའི་བདག་ལ་སོགས་པའི་རྣམ་པར་རྟོག་པ་དེ་འབྱུང་བའོ། །ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་རྣམས་ཉིད་ལ་བདག་མེད་ཅིང་སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོའམ། གསོ་བ་པོའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་མེད་ལ་བདག་མེད་པ་ནི་ཡོད་པ་ཉིད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། དངོས་པོ་དང༌། དངོས་པོ་མེད་པ་དང༌། མི་ལྡན་པའི་མཚན་ཉིད་དང༌། ཕུང་པོ་ལ་སོགས་པ་ལ་བདག་ལ་སོགས་པ་མེད་པ་དང༌། བདག་མེད་པ་ལ་སོགས་པ་ནི་ཡོད་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །ཡང་རབ་ཏུ་དབྱེ་བ་རྣམ་པ་བཞི་སྟེ། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྣམ་པས་རབ་ཏུ་དབྱེ་བ་དང༌། ལུས་ཀྱིས་རབ་ཏུ་དབྱེ་བ་དང༌། རྒྱུན་གྱིས་རབ་ཏུ་དབྱེ་བའོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་སོ་སོ་རང་གི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །ཆོས་རྣམས་ཀྱི་རང་བཞིན་གྱི་དབང་དུ་བྱ་སྟེ། གཟུགས་དང་ཚོར་བ་ཞེས་བྱ་བ་ལྟ་བ་ལ་སོགས་པའོ། །རྣམ་པས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་དག་ཉིད་ཀྱིས་རྫས་སུ་ཡོད་པ་དང༌། བཏགས་པར་ཡོད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་
དུ་ཡོད་པ་དང༌། བསྟན་དུ་མེད་པ་ཞེས་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་སོ། །རྣམ་པས་རབ་ཏུ་དབྱེ་བ་ནི་ཁྱད་པར་གྱི་དབང་དུ་བྱས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་གང༌། སེམས་ཅན་རྣམས་ཀྱི་ལུས་ཇི་སྙེད་པ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱང་དེ་སྙེད་དོ། །སོ་སོའི་ལུས་ཏེ་ཕུང་པོ་ལ་སོགས་པ་ཐ་དད་པའི་དབང་དུ་བྱས་པའོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་སྐད་ཅིག་རེ་རེ་འབྱུང་བའོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་ནི། ལུས་གཅིག་པ་ལས་ཡང་ཕུང་པོ་ལ་སོགས་པའི་སྐད་ཅིག་སོ་སོ་གཞན་གྱི་དབང་དུ་བྱས་པའོ། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས། བདག་ལ་མངོན་པར་ཤེས་པ་ཡོངས་སུ་ཤེས་སོ། །རྣམ་པས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས། །རིལ་བོའི་འདུ་ཤེས་ཡོངས་སུ་ཤེས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས། མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་མི་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་སོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས། བརྟན་པའི་འདུ་ཤེས་ཡོངས་སུ་ཤེས་སོ། །ཡང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་རྣམས་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམ་པ་དྲུག་སྟེ། ཕྱི་རོལ་དུ་བལྟས་པས་རབ་ཏུ་དབྱེ་བ་དང༌། ནང་དུ་བལྟས་པས་རབ་ཏུ་དབྱེ་བ་དང༌། རྒྱུན་རིང་བའི་དུས་ཀྱིས་རབ་ཏུ་དབྱེ་བ་དང༌། དུས་ཡོངས་སུ་ཆད་པས་རབ་ཏུ་དབྱེ་བ་དང༌། དེའི་དུས་ཀྱིས་རབ་ཏུ་དབྱེ་བ་དང༌། ཀུན་དུ་སྟོན་པས་རབ་ཏུ་དབྱེ་བའོ། །ཕྱི་རོལ་དུ་བལྟ་བས་རབ་ཏུ་དབྱེ་བ་གང༌། གང་ཕལ་ཆེར་འདོད་པའི་ཁམས་ན་སྤྱོད་པས་རབ་ཏུ་དབྱེ་བའོ། །ཕལ་ཆེར་བཟུང་བ་ནི་རྒྱུ་མཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཐོས་པ་དང༌། སེམས་པ་ལས་བྱུང་བ་མ་གཏོགས་པར་གདོན་པའི་ཕྱིར་རོ། །ནང་དུ་བལྟས་པས་རབ་ཏུ་དབྱེ་བ་གང༌། མཉམ་པར་གཞག་པའི་ས་པ་ཐམས་ཅད་དོ། །རྒྱུན་རིང་བའི་དུས་ཀྱིས་རབ་ཏུ་དབྱེ་བ་གང༌། སོ་སོའི་སྐྱེ་བོ་རྣམས་སོ། །དུས་ཡོངས་སུ་ཆད་པས་རབ་ཏུ་དབྱེ་བ་གང༌། སློབ་པ་དང་མི་སློབ་པ་རྣམས་ཀྱི་ཐ་མའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་མ་གཏོགས་པའོ། །དེའི་དུས་ཀྱིས་རབ་ཏུ་དབྱེ་བ་གང༌།
མི་སློབ་བ་རྣམས་ཀྱི་ཐ་མའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་སོ། །ཀུན་དུ་སྟོན་པས་རབ་ཏུ་དབྱེ་བ་གང༌། གང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀུན་དུ་སྟོན་པའོ། །བསྡུས་པ་གང༌། དེ་རྣམ་པ་བཅུ་གཅིག་ཏུ་བལྟ་བར་བྱ་སྟེ། མཚན་ཉིད་ཀྱིས་བསྡུས་པ་དང༌། ཁམས་ཀྱིས་བསྡུས་པ་དང༌། རིགས་ཀྱིས་བསྡུས་པ་དང༌། གནས་སྐབས་ཀྱིས་བསྡུས་པ་དང༌། གྲོགས་ཀྱིས་བསྡུས་པ་དང༌། ཕྱོགས་ཀྱིས་བསྡུས་པ་དང༌། དུས་ཀྱིས་བསྡུས་པ་དང༌། ཕྱོགས་གཅིག་གིས་བསྡུས་པ་དང༌། མཐའ་དག་གིས་བསྡུས་པ་དང༌། གཅིག་གིས་གཅིག་བསྡུས་པ་དང༌། དོན་དམ་པས་བསྡུས་པའོ། །མཚན་ཉིད་ཀྱིས་བསྡུས་པ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་དེས་དེ་དག་ཉིད་བསྡུས་པར་རིག་པར་བྱའོ། །དཔེར་ན་གཟུགས་ཀྱི་ཕུང་པོ་ཉིད་ཀྱིས་གཟུགས་ཀྱི་ཕུང་པོ་བསྡུས་པ་ནས་རྒྱ་ཆེར་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་པའི་བར་དུའོ། །ཁམས་ཀྱིས་བསྡུས་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་ས་བོན་གང༌། དེ་རྣམས་ཀུན་དུ་ལེན་པའི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པའོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཐམས་ཅད་ཀུན་དུ་ལེན་པའི་རྣམ་པར་ཤེས་བས་བསྡུས་པ་ནི། དེ་ལ་ཐམས་ཅད་ཀྱིས་བོན་ཡོད་པའི་ཕྱིར་རོ། །རིགས་ཀྱིས་བསྡུས་པ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་མཚན་ཉིད་ཐ་དད་ཀྱང་ཕུང་པོའི་དོན་དང་ཁམས་དང༌། སྐྱེ་མཆེད་ཀྱི་དོན་ཚད་མར་བྱས་ནས། ཐམས་ཅད་ཕན་ཚུན་གྱིས་བསྡུས་པ་དག་གོ །རིགས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་ཀྱིས་ཕུང་བོ་ལ་སོགས་པའི་དོན་དང་ལྡན་པ་གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་ཕན་ཚུན་མཚན་ཉིད་མི་འདྲ་ན་ཡང༌། རང་གི་མཚན་ཉིད་དང་རིགས་གཅིག་པའི་ཕྱིར་ཐམས་ཅད་བསྡུས་སོ། །དེ་བཞིན་དུ་ཁམས་རྣམས་དང༌། སྐྱེ་མཆེད་རྣམས་ཀྱང་ཉེར་སྤྱོད་འཛིན་པའི་དོན་དང་ལྡན་པ་དང༌། སྐྱེ་བའི་སྒོའི་དོན་དང་ལྡན་པ་མིག་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །གནས་སྐབས་ཀྱིས་བསྡུས་པ་གང༌། བདེ་བའི་གནས་སྐབས་ཀྱི་ཕུང་པོ་དང༌། ཁམས་
དང་སྐྱེ་མཆེད་རྣམས་ནི་དེ་དག་ཉིད་ཀྱིས་བསྡུས་བའོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་དང༌། སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱང་དེ་དག་ཉིད་ཀྱིས་བསྡུས་པའོ། །གནས་སྐབས་ཀྱིས་བསྡུས་པ་ནི་ཕུང་པོ་རྣམས་རིགས་གཅིག་ཏུ་ཟིན་ཀྱང་བདེ་བ་ལ་སོགས་པའི་གནས་སྐབས་ངེས་པར་བྱས་ནས། བདེ་བའི་གནས་སྐབས་ཉིད་ནི་བདེ་བའི་གནས་སྐབས་ཉིད་ཀྱིས་བསྡུས་ཀྱི་སྡུག་བསྔལ་གྱི་གནས་སྐབས་ཀྱིས་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ཀྱང་དེ་ཉིད་ཀྱི་གནས་སྐབས་ཀྱིས་བསྡུས་སོ། །ཕུང་པོ་རྣམས་ཇི་ལྟ་བར་ཁམས་རྣམས་དང༌། སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །གྲོགས་ཀྱིས་བསྡུས་པ་གང༌། གཟུགས་ཀྱི་ཕུང་པོ་འཁོར་དང་བཅས་པ་ནི་དེ་ལས་གཞན་པའི་ཕུང་པོའི་གྲོགས་རྣམས་ཀྱིས་གྲོགས་ཀྱི་བསྡུ་བས་བསྡུས་པའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་རིག་པར་བྱའོ། །གྲོགས་ཁྱིས་བསྡུས་པ་ཞེས་བྱ་བ་ལ་གཟུགས་ཀྱི་ཕུང་པོ་ནི་སྡུད་པ་ན། དེ་ལ་བརྟེན་པ་ཚོར་བ་ལ་སོགས་པ་གྲོགས་རྣམས་དང་ལྷན་ཅིག་དུ་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འཁོར་དང་བཅས་པ་སྡུད་པ་ན། སོ་སོར་ཕུང་པོ་ལྔ་པོ་དག་གིས་བསྡུས་པར་འགྱུར་རོ། །དེ་བཞིན་དུ་ཁམས་རྣམས་དང༌། སྐྱེ་མཆེད་འཁོར་དང་བཅས་པ་རྣམས་ཀྱང་སོ་སོར་ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པར་རིག་པར་བྱའོ། །ཕྱོགས་ཀྱིས་བསྡུས་པ་གང༌། ཤར་ཕྱོགས་ཀྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་གང་དེ་རྣམས་དེ་དག་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕྱོགས་བཅུ་རྣམས་ལ་ཡང་རིག་པར་བྱའོ། །དུས་ཀྱིས་བསྡུས་པ་གང༌། འདས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ནི་དེ་དག་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་མ་འོངས་པ་དང༌། ད་ལྟར་བྱུང་བའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱང་དེ་དག་ཉིད་ཀྱིས་བསྡུས་པའོ། །ཕྱོགས་གཅིག་གིས་བསྡུས་པ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་
ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་པས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པར་རིག་པར་བྱའོ། །ཕྱོགས་གཅིག་གིས་བསྡུས་པ་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། །འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི། ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་གང་ཡང་རུང་བས་བསྡུས་པ་ནི། ཕྱོགས་གཅིག་གིས་བསྡུས་པར་རིག་པར་བྱའོ། །མཐའ་དག་གིས་བསྡུས་པ་གང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུ་བའི་ཆོས་ཇི་སྙེད་པ་དེ་དག་མ་ལུས་པས་བསྡུས་པ་ནི། མཐའ་དག་གིས་བསྡུས་པར་རིག་པར་བྱའོ། །མཐའ་དག་གིས་བསྡུས་པ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གིས་བསྡུས་སོ། །འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དག་གིས་བསྡུས་སོ། །འདུ་ཤེས་མེད་པའི་སེམས་ཅན་གྱི་སྐྱེ་མཆེད་ནི་དྲི་དང་པོའི་སྐྱེ་མཆེད་མ་གཏོགས་པ་སྐྱེ་མཆེད་བཅུ་པོ་དག་གིས་བསྡུས་སོ། །དེ་ལྟར་བྱས་ན་མདོ་སྡེ་གཞན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་དེ་དག་ནི་མཐའ་དག་གིས་བསྡུས་པར་རིག་པར་བྱའོ། །གཅིག་གིས་གཅིག་བསྡུས་པ་གང༌། གཟུགས་ཀྱི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས། ཁམས་བཅུ་དང་སྐྱེ་མཆེད་བཅུ་དང༌། ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་ཀྱང་ངོ༌། །ཚོར་བའི་ཕུང་པོ་ཁམས་དུ་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། ཁམས་གཅིག་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །ཚོར་བའི་ཕུང་པོ་ཇི་ལྟ་བར་འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་ཡང་དེ་བཞིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ཁམས་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། ཁམས་བདུན་དང་སྐྱེ་མཆེད་གཅིག་གིས་བསྡུས་སོ། །
མིག་གི་ཁམས་ཕུང་པོ་དུ་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཅིག་གིས་སོ། །མིག་གི་ཁམས་ཇི་ལྟ་བར་རྣ་བའི་ཁམས་དང༌། སྣའི་ཁམས་དང༌། ལྕེའི་ཁམས་དང༌། ལུས་ཀྱི་ཁམས་ཀྱང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ཕུང་པོ་དུ་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་དང༌། སྐྱེ་མཆེད་གཅིག་གིས་བསྡུས་སོ། །གཟུགས་ཀྱི་ཁམས་ཇི་ལྟ་བར། སྒྲའི་ཁམས་དང༌། དྲིའི་ཁམས་དང༌། རོའི་ཁམས་དང༌། རེག་བྱའི་ཁམས་ཀྱང་དེ་བཞིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཕུང་པོ་དུ་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། རྣམ་པར་ཤེས་པའི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཇི་ལྟ་བར། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ནོ། །ཆོས་ཀྱི་ཁམས་ཕུང་པོ་དུ་དང༌། སྐྱེ་མཆེད་དུ་དག་གིས་བསྡུས། ཕུང་པོ་གསུང་དང༌། གཅིག་གི་ཕྱོགས་གཅིག་དང༌། སྐྱེ་མཆེད་གཅིག་གིས་བསྡུས་སོ། །མིག་གི་སྐྱེ་མཆེད་ཕུང་པོ་དུ་དང༌། ཁམས་དུ་དག་གིས་བསྡུས། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དང༌། ཁམས་གཅིག་གིས་སོ། །མིག་གི་སྐྱེ་མཆེད་ཇི་ལྟ་བར་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་སྐྱེ་མཆེད་རྣམས་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །ཡིད་ཀྱི་སྐྱེ་མཆེད་ཕུང་པོ་དང༌། ཁམས་དུ་དག་གིས་བསྡུས། རྣམ་པར་ཤེས་པའི་ཕུང་པོ་དང༌། སེམས་ཅན་གྱི་ཁམས་བདུན་གྱིས་སོ། །ཆོས་ཀྱི་སྐྱེ་མཆེད་ཕུང་པོ་དུ་དང༌། །ཁམས་དུ་དག་གིས་བསྡུས། ཕུང་པོ་གསུམ་དང༌། གཅིག་གི་ཕྱོགས་གཅིག་དང༌། ཁམས་གཅིག་གིས་བསྡུས་སོ། །དེ་བཞིན་དུ་དེ་ལས་གཞན་པའི་ཆོས་ཕུང་པོ་བསྟན་པར་དང༌། ཁམས་བསྟེན་པ་དང༌། སྐྱེ་མཆེད་བསྟན་པ་གང་དག་དང༌། གང་དག་དེ་བཞིན་དུ་མ་བསྟན་པ་འདི་ལྟ་སྟེ། རྫས་ཡོད་པ་དང༌། བཏགས་པས་ཡོད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་དང༌། དོན་དམ་པར་ཡོད་པ་དང༌། ཤེས་པར་བྱ་བ་དང༌། རྣམ་པར་ཤེས་པར་བྱ་བ་དང༌། མངོན་པར་ཤེས་པར་བྱ་བ་དང༌། གཟུགས་ཅན་དང༌།
གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་ལ་སོགས་པ་དེ་དག་ཀྱང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་པར་ཇི་ལྟར་རིགས་པར་བལྟ་བར་བྱ་སྟེ། དེ་ལྟར་ཐམས་ཅད་ཇི་ལྟར་རིགས་པར་བསྟན་པ་ཡིན་ནོ། །གཅིག་གིས་གཅིག་བསྡུས་པ་ཞེས་བྱ་བ་ལ། ཕུང་པོ་རྣམས་ནི་སོ་སོར་ཁམས་རྣམས་དང༌། སྐྱེ་མཆེད་རྣམས་ཀྱིས་བསྡུས་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་བཞིན་དུ་ཁམས་རྣམས་ཀྱང་སྐྱེ་མཆེད་རྣམས་དང༌། ཕུང་པོ་རྣམས་ཀྱིས་བསྡུས་ཤིང་སྐྱེ་མཆེད་རྣམས་ཀྱང་ཕུང་པོ་དང༌། ཁམས་རྣམས་ཀྱིས་བསྡུས་པར་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །དོན་དམ་པར་བསྡུས་པ་དང༌། གང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་དེ་བཞིན་ཉིད་དོ། །ཡང་སྡུད་པའི་མཚན་ཉིད་ནི་འཇིག་རྟེན་གྱི་གྲགས་པས་བསྡུས་པ་དང་མཐུན་པར་རྣམ་པ་དྲུག་ཏུ་བལྟ་སྟེ། དེ་ཡང་གང་ཞེ་ན། གཞིའི་གནས་ཀྱིས་བསྡུས་པ་ནི། དཔེར་ན་མི་རྣམས་ནི་འཛམ་བུའི་གླིང་གིས་བསྡུས་སོ། །རི་དགས་རྣམས་ནི་དགོན་པས་བསྡུས་སོ་ཞེས་བྱ་བ་འཇིག་རྟེན་ན་བརྗོད་པ་དེ་བཞིན་དུ། འདིར་ཡང་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །འཆིང་བས་བསྡུས་པ་ནི། དཔེར་ན་ཐག་པ་ལ་སོགས་པས་ཤིང་ཁུར་བ་ལ་སོགས་པ་བཅིངས་པ་དེ་བཞིན་དུ། ལུས་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་བཅིངས་སོ། །དོན་མཐུན་པས་བསྡུས་པ་ནི་དཔེར་ན། དགོས་པ་ཐམས་ཅད་མཐུན་པའི་མི་ཡིད་གཅུགས་པ་རྣམས་ཕན་ཚུན་བསྟན་པ་དེ་བཞིན་དུ། དམིགས་པ་གཅིག་ལ་འབྱུང་པ་མཚུངས་པར་ལྡན་པ་རྣམས་ཀྱང་གཅིག་གིས་གཅིག་བསྡུས་པའོ། །ཉེ་བར་འཛིན་པས་བསྡུས་པ་ནི་དཔེར་ན། ཇོ་བོས་བྲན་ལ་སོགས་པ་ལ། བདག་གིར་ཡོངས་སུ་བཟུང་བ་དེ་བཞིན་དུ། ཀུན་དུ་ལེན་པའི་རྣམ་པར་ཤེས་པས་ཀྱང་ལུས་བཟུང་ངོ༌། རྣམ་པར་མི་འཕྲོ་བས་བསྡུས་པ་ནི་དཔེར་ན། བུམ་པས་ཆུ་བཟུང་བ་དེ་བཞིན་དུ། ཏིང་ངེ་འཛིན་གྱིས་ཀྱང་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་བཟུང་ངོ༌། །མངོན་པར་སྡུད་པས་བསྡུས་པ་ནི་དཔེར་ན། རྒྱ་མཚོས་འབབ་ཆུ་རྣམས་སྡུད་པ་དེ་བཞིན་དུ། གཟུགས་ཀྱི་ཕུང་པོས་མིག་ལ་སོགས་པ་བསྡུས་སོ། །
འདིར་ནི་མངོན་པར་སྡུད་པས་བསྡུས་བའི་དབང་དུ་བྱས་ནས་སྡུད་པ་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱའོ། །དེ་ལྟར་བསྡུས་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་ཐོབ། དམིགས་པ་མངོན་པར་བསྡུས་པའི་ཕན་ཡོན་ཐོབ་སྟེ། ཇི་ལྟ་ཇི་ལྟར་དམིགས་པ་མངོན་པར་སྡུད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་འཕེལ་ལོ། །སྦྱོར་བ་གང༌། དེ་ཡང་རྣམ་པ་དྲུག་ཏུ་བལྟ་སྟེ། ཆ་མེད་པས་སྦྱོར་བ་དང༌། འདྲེས་པར་གྱུར་པས་སྦྱོར་བ་དང༌། ཕྲད་པར་སྦྱོར་བ་དང༌། ལྷན་ཅིག་འབྱུང་བས་སྦྱོར་བ་དང༌། བྱ་བ་སྒྲུབ་པས་སྦྱོར་བ་དང༌། མཐུན་པར་རྟོགས་པས་སྦྱོར་བའོ། །ཆ་མེད་པར་སྦྱོར་བ་གང༌། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན་ཐམས་ཅད་ཐ་དད་པ་མེད་པའོ། །རྡུལ་ཕྲ་རབ་གཅིག་ཏུ་གཏོགས་པའི་གཟུགས་ལ་སོགས་པ་ནི་ཆ་མེད་ཅིང་ཕྱོགས་མཐུན་པ་ཉིད་ཀྱིས་ཐ་དད་མེད་པར་རིག་པར་བྱའོ། །འདྲེས་པར་གྱུར་པས་སྦྱོར་བ་གང༌། རྡུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་ཐམས་ཅད་འདྲེས་པར་གྱུར་པའོ། །འདི་ལྟ་སྟེ། ཆུ་རྙོག་མ་ཅན་གྱི་ནང་དུ་ཆུ་དང༌། སའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འདྲེན་པ་ལྟ་བུའོ། །ཕྲད་པར་སྦྱོར་བ་གང༌། ཕྱོགས་ཅན་འདུས་པ་རྣམས་ཉིད་ཕན་ཚུན་ཕྲད་པའོ། །འདི་ལྟ་སྟེ། རྩིག་པ་ལ་འཇིམ་གོང་དང༌། འཇིམ་གོང་གཞན་ཕྲད་པ་ལྟ་བུའོ།། ལྷན་ཅིག་འབྱུང་བས་སྦྱོར་བ་གང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་གང་དག་ལྷན་ཅིག་འབྱུང་བས་འཁོད་པ་སྟེ། སྐྱེ་བ་གཅིག་པ་དང༌། གནས་པ་གཅིག་པ་དང༌། འགག་པ་གཅིག་པ་རྣམས་སོ། །ལུས་གཅིག་པུ་ལ་ཕུང་པོ་ལ་སོགས་པ་སྐད་ཅིག་མ་རྣམས་སོ། །བྱ་བ་སྒྲུབ་བས་སྦྱོར་བ་གང་འདི་ལྟ་སྟེ། དགེ་སློང་གཉིས་དགོས་པ་གང་ཡང་རུང་བ་ཅིག་ལ་ཕན་ཚུན་སྦྱོར་བས་ཞུགས་པ་ལྟ་བུའོ། །དགོས་པ་གཅིག་ལ་ཞུགས་པ་རྣམས་ཕན་ཚུན་དུའོ། །མཐུན་པར་རྟོགས་པས་སྦྱོར་བ་གང༌། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་མཐུན་པར་རྟོགས་པའོ། །མཐུན་པར་རྟོགས་པས་སྦྱོར་བ་དེ་ཡང་གཞན་གྱི་དངོས་པོ་ཡིན་གྱི། བདག་གི་དངོས་པོ་ནི་མ་ཡིན་ནོ། །འདི་ལྟར་སེམས་ནི་སེམས་གཞན་དང་མཚུངས་པར་མ་ཡིན་ཞིང༌། ཚོར་བ་ཡང་ཚོར་བ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་པ་ལ་སོགས་པ་ལྟ་བུའོ། །མཐུན་པ་
གཉིས་ཡིན་གྱི། མི་མཐུན་པ་གཉིས་ནི་མ་ཡིན་ནོ། །དཔེར་ན་འདོད་ཆགས་དང་ཞེ་སྡང་གཉིས་དང༌། དགེ་བ་དང་མི་དགེ་བ་གཉིས་ལ་སོགས་པ་ལྟ་བུའོ། །དུས་འདྲ་བ་གཉིས་ཡིན་གྱི། དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །འདི་ལྟ་སྟེ། ད་ལྟར་དང་མ་འོངས་པ་གཉིས་དང། འདས་པ་དང་དེ་ལྟར་གཉིས་སོ། །མཐུན་པའི་ཁམས་དང་ས་པ་ཉིད་ཡིན་གྱི། མི་མཐུན་པའི་ཁམས་དང་ས་པ་གཉིས་ནི་མ་ཡིན་ནོ། །འདི་ལྟ་སྟེ། འདོད་པ་དང་གཟུགས་ན་སྤྱོད་པ་གཉིས་དང༌། བསམ་གཏན་དང་པོ་དང༌། གཉིས་པའི་ས་ལ་སོགས་པ་ལྟ་བུའོ། །དབྱེ་བ་མཐུན། པའི་སྦྱོར་བའི་ཀུན་དུ་འགྲོ་བ་ནི་འདི་ལྟ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང༌། རྣམ་པར་ཤེས་པ་རྣམས་སོ། །ཚོར་བ་ལ་སོགས་པ་དྲུག་པོ་འདི་དག་ནི་ཀུན་དུ་འགྲོ་བའོ། །འདི་དག་ལས་གནས་སྐབས་ཐམས་ཅད་དུ་གང་ཡང་རུང་བ་གཅིག་མེད་ན་མེད་པའི་ཕྱིར་རོ། །ཡང་སྦྱོར་བའི་ཀུན་དུ་འགྲོ་བ་ཉོན་མོངས་པ་ཅན་ནི། ཡིད་དང་ཉོན་མོངས་པ་བཞི་རྣམས་སོ། །རེས་འགའ་སྦྱོར་བ་ནི་འདི་ལྟ་སྟེ། སེམས་ལ་དད་པ་ལ་སོགས་པ་དགེ་བ་རྣམས་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་བ་དང༌། ཉ་བའི་ཉོན་མོངས་པ་རྣམས་སོ། །གནས་སྐབས་ལས་གྱུར་པའི་སྦྱོར་བ་ནི། གང་བདེ་བའི་སྦྱོར་བ་དང་བཅས་པའོ། །སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའང་དེ་བཞིན་ནོ། །རྒྱུན་མི་འཆད་པར་སྦྱོར་བ་ནི་ལུས་སེམས་དང་བཅས་པའི་གནས་སྐབས་ནའོ། །རྒྱུན་ཆད་པའི་སྦྱོར་བ་ནི་སེམས་མེད་པའི་སྙོམས་པར་འཇུག་པས་བར་དུ་ཆོད་པའི་གནས་སྐབས་ནའོ། །ཕྱི་རོལ་དུ་བལྟས་པའི་སྦྱོར་བ་ནི་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་སེམས་དང༌། སེམས་ལས་བྱུང་བ་རྣམས་ལས་གང་ཕལ་ཆེར་རོ། །ནང་དུ་བལྟས་པའི་སྦྱོར་བ་ནི་མཉམ་པར་གཞག་པའི་ས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ལས་ཁ་ཅིག་གིའོ། །འདྲིས་པའི་སྦྱོར་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སློབ་པ་དང༌། མི་སློབ་པ་དེ་དག་ལས་ཀྱང་ཁ་ཅིག་གིའོ། །དེ་ལ་སློབ་པ་དང་མི་སློབ་བ་ཞེས་པ་ནི། གཅིག་ཏུ་འཇིག་རྟེན་པའི་དགེ་བ་རྣམས་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་
པ་རྣམས་ཀྱི་སྟེ། ཇི་ལྟར་རིགས་པར་རོ། །མ་འདྲིས་པའི་སྦྱོར་བ་ནི། འཇིག་རྟེན་ལས་འདས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དང་པོ་དང༌། དེའི་འོག་མ་རྣམས་དང༌། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་རྣམས་ཀྱིའོ། །དང་པོ་དང་དེའི་འོག་མ་རྣམས་ཞེས་བྱ་བ་ནི། སྔར་མེད་པའི་སྐྱེས་པ་ཉིད་ཀྱིས་སྐད་ཅིག་དང་པོ་ལས་བྱུང་བ་རྣམས་དང༌། སྐད་ཅིག་གཉིས་པ་ལ་སོགས་པ་ལས་བྱུང་བ་རྣམས་ཀྱང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་མ་འདྲིས་པ་ཉིད་དུ་ཤེས་པར་བྱ་བའི་དོན་ཏོ། །སྦྱོར་བ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ། སེམས་ཙམ་ལ་ཚོར་བ་ལ་སོགས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་སྦྱོར་བ་དང༌། སྦྱོར་བ་མ་ཡིན་པ་ཤེས་སོ། །དེ་ཤེས་ན་བདག་ཚོར་བར་བྱེད་དེ། །འདུ་ཤེས་སུ་བྱེད་དོ། །སེམས་པར་བྱེད་དོ། །དྲན་པར་བྱེད་དོ། །ཀུན་ནས་ཉོན་མོངས་སོ། །རྣམ་པར་བྱང་ངོ་ཤེས་མངོན་པར་ཞེན་པ་སྤོང་ཞིང་བདག་མེད་པ་ལ་འཇུག་གོ །ལྡན་པ་གང༌། མཚན་ཉིད་ཀྱིས་ནི་སྔར་བཞིན་ནོ། །འདི་ལྟ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ལ་ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ་ཞེས་པའོ། །རབ་ཏུ་དབྱེ་བས་ནི་ཡང་རྣམ་པ་གསུམ་སྟེ། ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། ཀུན་དུ་འབྱུང་བ་དང་ལྡན་པའོ། །ས་བོན་དང་ལྡན་པ་གང༌། འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ནི་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །འདོད་པའི་ཁམས་སུ་སྐྱེ་བར་གྱུར་པ་ནི། ཁམས་གསུམ་པའི་ཉོན་མོངས་བ་དང༌། ཉེ་བའི་ཉོན་མོངས་པ་དང་ལྡན་པ་སྟེ། དེ་ནི་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བའི་དབང་དུ་བྱས་པར་རིག་པར་བྱའོ། །འདོད་ཆགས་དང་བྲལ་བ་ནི་དེ་འམ་གོང་མར་སྐྱེས་ཀྱང་རུང་སྟེ། ས་གང་གི་འདོད་ཆགས་དང་བྲལ་བ་དེ་རྣམས་དང༌། ས་དེ་དང་མི་ལྡན་པ་དང༌། ལྡན་པ་ཡང་ཡིན་ཏེ། གཉེན་པོས་གནོད་པ་བྱས་པ་དང༌། བག་ལ་ཉལ་ལེགས་པར་མ་བཅོམ་པའི་
ཕྱིར་གོ་རིམས་བཞིན་ནོ། །སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཞེས་བྱ་བ་ནི། གང་དུ་སྐྱེས་པའི་ས་པ་ཉིད་དང༌། ལྡན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་བར་གྱུར་པ་ནི། འདོད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་དོན་དང་ལྡན་པ་དང༌། ལྡན་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཟུགས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་ཐོབ་པའི་དགེ་བ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །གཟུགས་མེད་པར་སྐྱེས་པར་གྱུར་པ་ནི་འདོད་པ་དང་རབ་ཏུ་ལྡན་པ་དང༌། གཟུགས་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཞེས་ཀྱང་བྱའོ། །གཟུགས་མེད་པ་དང་རབ་ཏུ་ལྡན་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། སྐྱེ་བས་ཐོབ་པའི་དགེ་བ་རྣམས་ནི་ས་བོན་དང་ལྡན་པས་ལྡན་པའོ། །ཁམས་གསུམ་པའི་གཉེན་པོ་ཐོབ་པ་ནི། རྣམ་པ་གང་དང་གང་གི་གཉེན་པོ་བྱུང་བ་དེ་དང་དེའི་ས་བོན་དང་མི་ལྡན་པས་ལྡན་པ་མ་ཡིན་གྱི། གང་གི་གཉེན་པོ་མ་བྱུང་བ་དེའི་ས་བོན་དང་ལྡན་པས་རབ་ཏུ་ལྡན་པའོ། །ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་ཐོབ་པའོ། །རྣམ་པ་གང་དང་གང་གི་གཉེན་པོར་འབྱུང་བ་ཞེས་བྱ་བ་ནི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོ་ལ་སོགས་པའོ། །དེན་དེའི་ས་བོན་དང་མི་ལྡན་པས་ཀྱང་ལྡན་པ་ཡིན་ཞེས་བྱ་བ་ནི་བག་ལ་ཉལ་ལེགས་བར་བཅོམ་པའི་ཕྱིར་རོ། །དབང་ལྡན་གང༌། སྦྱོར་བ་ལས་བྱུང་བའི་དགེ་བའི་ཆོས་འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པའི་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ལ་སོགས་པ་དང༌། ལུང་དུ་མ་བསྟན་པ་དེ་དག་ལས་ཀྱང་ཁ་ཅིག་ནི་དབང་དང་ལྡན་པས་ལྡན་པའོ། །སྦྱོར་བ་ལས་བྱུང་བའི་དགེ་བའི་ཆོས་འཇིག་རྟེན་པ་རྣམས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ས་བོན་ཡོད་དུ་ཟིན་ཀྱང༌། དེ་གོམས་པར་མ་བྱས་པ་སྐྱེ་བ་དེའི་ས་བོན་ཐོབ་མ་ཐག་གིས་མངོན་སུམ་དུ་བྱེད་མི་ནུས་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཅེས་བྱ་བ་ནི་བཟོའི་གནས་དང༌། སྤྲུལ་བའི་སེམས་ལ་སོགས་པའོ། །ཀུན་འབྱུང་བ་དང་ལྡན་པ་གང༌། ཕུང་པོ་དང༌། ཁམས་
དང། སྐྱེ་མཆེད་རྣམས་ལས་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་བའམ། ལུང་དུ་མ་བསྟན་པ་ཡང་རུང་ཆོས་གང་དང་གང་མངོན་དུ་གྱུར་པ་དེ་ཉིད་ཀུན་འབྱུང་པ་དང་ལྡན་པས་ལྡན་པའོ། །དགེ་བའི་རྩ་བ་ཆད་པ་ནི་དགེ་བའི་ཆོས་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་དང༌། །ལྡན་པ་མ་ཡིན་ཞེས་ཀྱང་རིག་པར་བྱའོ། །ཡང་ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་པའི་ཆོས་ཅན་གྱི་འདོད་ཆེན་པ་རྣམས་ཀྱི་ཡིན་པར་བལྟ་བར་བྱ་སྟེ། དེ་དག་ལ་ཐར་པའི་རྒྱུ་མེད་པའི་ཕྱིར་གཏན་དུ་སྟེ། རྒྱུ་དང་མི་ལྡན་པའོ། །ཐར་པ་ཐོབ་པའི་རྒྱུ་དང་མི་ལྡན་བ་ཞེས་བྱ་བའི་དོན་ཏོ། །ཐར་པ་ཐོབ་པའི་རྒྱུ་གང་ཞེ་ན། དེ་བཞིན་ཉིད་ལ་ཉོན་མོངས་པའི་གནས་ངན་ལེན་གནས་པ་ཡིན་ཏེ། རྒྱུད་གང་ལ་གཉེན་པོའི་རྗེས་སུ་མཐུན་པའི་རྐྱེན་རྙེད་ན་ལེགས་པར་འཇོམས་ནུས་པ། དེ་སྐལ་བ་དང་ལྡན་པའི་ཕྱིར་རྒྱུ་ཞེས་བརྗོད་པར་བྱའོ། །ལྡོག་པ་ནི་རྒྱུ་དང་མི་ལྡན་པར་རིག་པར་བྱའོ། །ལྡན་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ། ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ཤེས་པར་འགྱུར་རོ། །དེ་ལྟར་འཕེལ་བ་དང་འགྲིབ་པ་ཤེས་ན་འཇིག་རྟེན་པའི་ཕུན་སུམ་ཚོགས་པའམ། རྒུད་པ་གང་ལ་ཡང་གཅིག་ཏུ་ངེས་པར་འདུ་ཤེས་པར་མི་འགྱུར་ཏེ། ཇི་སྙེད་པ་དེ་དག་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་སྤང་བར་འགྱུར་རོ། །མངོན་པ་ཆོས་ཀུན་ལས་བཏུས་པ་ལས་མཚན་ཉིད་ཀུན་ནས་བཏུས་པ་ཞེས་བྱ་བ་སྟེ། ཀུན་ནས་བཏུས་པ་དང་པོའོ།། །།རྣམ་ངེས་གང༌། བདེན་པ་རྣམ་ངེས་དང༌། ཆོས་རྣམ་དྲེས་དང༌། ཐོས་པ་རྣམ་ངེས་དང༌། ཡང་དག་པའི་གཏམ་རྣམ་ངེས་སོ། །བདེན་པ་རྣམ་ངེས་གང༌། འཕགས་པའི་བདེན་པ་བཞི་པོ་དག་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མོ། །སྡུག་བསྔལ་གྱི་བདེན་པ་གང༌། དེ་ནི་སེམས་ཅན་སྐྱེ་བ་དང༌། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །སེམས་ཅན་གྱི་འཇིག་རྟེན་གང་སྐྱེ་བ་དང༌། སྣོད་ཀྱི་འཇིག་རྟེན་གང་དུ་སྐྱེ་བདེ་གཉི་ག་སྡུག་བསྔལ་ཞེས་བརྗོད་དོ། །སེམས་ཅན་སྐྱེ་བ་གང༌། སེམས་ཅན་དམྱལ་བ་རྣམས་སུ་དང༌། སེམས་ཅན་དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། མི་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། ལྷོའི་འཛམ་བུ་གླིང་དང༌། བྱང་གི་སྒྲ་མི་སྙན་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་
རྣམས་དང༌། སུམ་ཆུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དང༌། ཚངས་རིས་དང༌། ཚངས་བ་མདུན་ན་འདོང་དང༌། ཚངས་ཆེན་དང༌། འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། མི་ཆེ་བ་དང༌། མི་གདུང་བ་དང༌། གྱ་ནོམ་སྣང་བ་དང༌། ཤིན་ཏུ་མཐོང་བ་དང༌། འོག་མིན་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་རྣམས་སུའོ། །སྐྱེ་བའི་གནས་གང་སྣོད་ཀྱི་འཇིག་རྟེན་ཏེ། རླུང་གི་སྐྱིལ་འཁོར་རྣམས་སུ་ནི། ཆུའི་དཀྱིལ་འཁོར་བརྟེན་ཏོ། །ཆུའི་དཀྱིལ་འཁོར་ལ་ནི་སའི་དཀྱིལ་འཁོར་རོ། །སའི་དཀྱིལ་འཁོར་ལ་རི་རབ་དང༌། གསེར་གྱི་རི་བདུན་དང༌། གླིང་བཞི་དང༌། བར་གྱི་གླིང་བརྒྱད་དང༌། ནང་གི་རྒྱ་མཚོ་དང༌། ཕྱིའི་རྒྱ་མཚོ་བཞི་དང༌། རི་རབ་ཀྱི་བང་རིམ་བཞིན་དང༌། རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་པའི་གནས་གཞན་རྣམས་དང༌། ཁོར་ཡུག་གི་རི་དང༌། ནམ་མཁའ་ལ་གཞལ་མེད་ཁང་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌། གཟུགས་ན་སྤྱོད་པ་རྣམས་དང༌། ལྷ་མ་ཡིན་རྣམས་ཀྱི་གནས་གཞན་དག་དང༌། སེམས་ཅན་དམྱལ་བ་རྣམས་ཀྱི་གནས་གཞན་དག་དང༌། ཚ་བའི་སེམས་ཅན་དམྱལ་བ་རྣམས་དང༌། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་དང༌། ཡི་དགས་དེ་དག་ཁ་ཅིག་གི་གནས་གཞན་རྣམས་དང༌། ཉི་མ་རྣམ་པར་སྣང་བྱེད་ཀུན་དུ་རྒྱུ་ཞིང་ཕྱོགས་སྣང་བར་བྱེད་པ་ཇི་སྙེད་པ་དེ་སྙེད་ཀྱི་སྟོང་གི་འཇིག་རྟེན་ན། ཟླ་བ་སྟོང་དང༌། ཉི་མ་སྟོང་དང༌། རིའི་རྒྱལ་པོ་རི་རབ་སྟོང་དང༌། ཤར་གྱི་ལུས་འཕགས་སྟོང་དང༌། ལྷོའི་འཛམ་བུ་གླིང་སྟོང་དང༌། ནུབ་ཀྱི་བ་གང་སྤྱོད་སྟོང་དང༌། བྱང་གི་སྒྲ་མི་སྙན་སྟོང་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་
བྱེད་ཀྱི་ལྷ་རྣམས་ཀྱི་གནས་གཞན་སྟོང་དང༌། ཚངས་པའི་འཇིག་རྟེན་གྱི་གནས་གཞན་སྟོང་པོ་འདི་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བཤད་དོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་གང་འདི་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བཤད་དོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་འདི་ནི་སྟོང་གསུམ་གྱི་སྟིང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བཤད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་འཁོར་ཡུག་ཆེན་པོས་ཀུན་དུ་བསྐོར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་མཉམ་དུ་འཇིག་ཅིང་ཆགས་སོ། །དཔེར་ན་ཆུའི་རྒྱུན་གཉའ་ཤིང་ཙམ་འབབ་ན་བར་སྣང་ལ་ཆུའི་རྒྱུན་འབབ་པ་རྣམས་ཀྱི་བར་དང༌། མཚམས་མེད་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང༌། ཆགས་པ་རྣམས་ཀྱི་བར་དང༌། མཚམས་མེད་དེ། གཞན་དག་ནི་ཞིག་ནས་འཇིག་གོ །གཞན་དག་ནི་ཞིག་ནས་འདུག་གོ ། གཞན་དག་ནི་འཆགས་སོ། །གཞན་དག་ནི་ཆགས་ནས་འདུག་གོ །ཤར་ཕྱོགས་སུ་ཇི་ལྟ་བར་ཕྱོགས་བཅུ་ཐམས་ཅད་དེ་བཞིན་ནོ། །སེམས་ཅན་གྱི་འཇིག་རྟེན་གང་དང༌། སྣོད་ཀྱི་འཇིག་རྟེན་གང་ལས་དང་ཉོན་མོངས་པས་བསྐྱེད་པས། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་ལ་ལས་དང་ཉིན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་ཞེས་པ་དག་གོ་རིམས་ལྟར། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་གི་སྡུག་བསྔལ་ཉིད་ཀྱི་རྒྱུར་བསྟན་ཏོ། །གང་ཡང་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་བར་བྱ་སྟེ། དེ་དག་ལས་དང་ཉོན་མོངས་པས་བསྐྱེད་པ་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བ་མ་ཡིན་གྱི། གང་ཡང་སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་དག་གོ །དེ་ལྟ་བས་ན་སྔས་རྒྱས་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར། སྐྱེ་བའི་གནས་དེ་དག་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་ནི་བསམ་གཏན་རྣམས་ཀྱི་བསམ་གཏན་ པའི་ཡུལ་ཡང་མ་ཡིན་ན། རྟོག་གེ་བ ་རྣམས་ཀྱི་ཡུལ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། སྔར་མཐའ་དག་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་དུ་བསྟན་ནས། ད་ནི་སྡུག་བསྔལ་གྱི་བདེན་པ་ལས་བརྩམས་ཏེ། མདོ་
ལས་གསུངས་པ་བསྟན་པའི་དོན་དུ། རྣམ་པར་དབྱེ་བ་བརྩམས་ཏེ་གསུངས་པ། ཡང་སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། མི་དགའ་བ་དང་ཕྲད་པའི་སྡུག་བསྔལ་དང༌། དགའ་བ་དང་བྲལ་བའི་སྡུག་བསྔལ་དང༌། གང་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་དང༌། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །ཅིའི་ཕྱིར་སྐྱེ་བའི་སྡུག་བསྔལ། དོག་པའི་སྡུག་བསྔལ་བ་ཉིད་དང༌། དེ་ལས་གཞན་པའི་སྡུག་བསྔལ་གྱི་གནས་ཀྱི་ཕྱིར་རོ། །མའི་མངལ་ན་ཞུ་བ་དང༌། མ་ཞུ་བ་གཉིས་ཀྱི་བར་ན་འདུག་པ་ལས་བྱུང་བ་དང༌། མངལ་ན་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གཟིར་ཏེ། ལུས་ཀྱི་ཡན་ལག་ཀུན་དུ་བཙིར་བའི་སྡུག་བསྔལ་མྱོང་བའི་ཕྱིར་རོ། །བཙས་ནས་ཀྱང་རྒ་བ་ལ་སོགས་པའི་སྡུག་བསྔལ་ཞར་ལ་འབྱུང་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཅིའི་ཕྱིར་རྒ་བའི་སྡུག་བསྔལ་ན་ཚོད་འགྱུར་བ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ན་བའི་སྡུག་བསྔལ་ཁམས་འགྱུར་བ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འཆི་བའི་སྡུག་བསྔལ། སྲོག་འགྱུར་བ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མི་དགའ་པ་དང་ཕྲད་པའི་སྡུག་བསྔལ། ཕྲད་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་དགའ་བ་དང་བྲལ་བའི་སྡུག་བསྔལ། བྲལ་བ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ། རེ་བ་འབྲས་བུ་མེད་པ་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྡུག་བསྔལ་གནས་ངན་ལེན་སྡུག་བསྔལ་ཉིད་ཀྱི་ཕྱིར་རོ། །དེ་དག་བརྒྱད་ཡིན་ཡང་དྲུག་ཏུ་འགྱུར། དྲུག་ཡིན་ཡང་བརྒྱད་དུ་འགྱུར་ཏེ། དོག་པའི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཕྲད་པའི་སྡུག་བསྔལ་དང༌། བྲལ་བའི་སྡུག་བསྔལ་དང༌། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་དང༌། གནས་ངན་ལེན་གྱི་སྡུག་བསྔལ་ལོ། །དེ་རྣམས་ཕན་ཚུན་བརྒྱད་དུ་འགྱུར་ཏེ། གསུམ་གྱུར་པའི་སྡུག་བསྔལ་ཉིད་དུ་བྱས་པའི་ཕྱིར་རོ། །གང་སྡུག་བསྔལ་ཉིད་གསུམ་གསུངས་ན་ཅི་སྡུག་བསྔལ་ཉིད་གསུམ་བོ་དག་གིས་སྡུག་བསྔལ་རྣམ་པ་བརྒྱད་བསྡུས་སམ། སྡུག་བསྔལ་རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་ཉིད་གསུམ་བསྡུས་ཤེ་ན། གཅིག་གིས་
གཅིག་བསྡུས་ཏེ། སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང༌། ནའི་སྡུག་བསྔལ་དང༌། འཆི་བའི་སྡུག་བསྔལ་དང༌། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གང་གསུངས་པ་འདིས་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་སྡུག། བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་གསུངས་པ་ནི། སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་དང༌། གང་འདོད་པ་བཙལ་ཏེ་མི་རྙེད་པ་ཡང་སྡུག་བསྔལ་ཞེས་གསུངས་པ་འདིས་ནི། འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །སྡུག་པ་དང་བྲལ་བ་ལ་སོགས་པས་འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ་ཞེས་གསུངས་པ་ནི། ཕྲད་པ་དང་མ་ཕྲད་པས་བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གང་གསུངས་པ་འདི་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །ཉེ་བར་ལེན་པའི་ཕུང་པོ་ལྔ། སྡུག་བསྔལ་ལོ་ཞེས་གསུངས་པ་ནི། གཉིས་ལས་རྣམ་པར་མ་གྲོལ་ཞིང་མི་རྟག་པ་ཉིད་རྗེས་སུ་འབྲེལ་ཏེ། གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་སྡུག་བསྔལ་བ་དང༌། དོན་དམ་པའི་བདེན་པ་སྡུག་བསྔལ་བ་ཞེས་གསུངས་པ་ལ། ཀུན་རྫོབ་ཀྱི་བདེན་པ་སྡུག་བསྔལ་བ་ནི་གང༌། དོན་དམ་པའི་བདེན་པ་སྡུག་བསྔལ་བ་ནི་གང༌། སྐྱེ་བའི་སྡུག་བསྔལ་ནས། འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ཞེས་བྱ་བའི་བར་ནི། ཀུན་རྫོབ་ཀྱི་བདེན་པ་སྡུག་བསྔལ་བའོ། །འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུང་པ་ནི་དོན་དམ་པའི་བདེན་པའི་སྡུག་བསྔལ་ལོ། །གནས་པའི་དེ་བཞིན་ཉིད་ཀྱི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་སྤྱིའི་མཚན་ཉིད་གང༌། མི་རྟག་པའི་མཚན་ཉིད་དང༌། སྡུག་བསྔལ་བའི་མཚན་ཉིད་དང༌། སྟོང་པའི་མཚན་ཉིད་དང༌། བདག་མེད་པའི་མཚན་ཉིད་དོ། །སྡུག་བསྔལ་སྤྱིའི་མཚན་ཉིད་ནི། རྣལ་འབྱོར་པ་རྣམ་པ་གང་གིས་སྡུག་བསྔལ་གྱི་བདེན་པ་དེ་དག་མི་རྟག་པ་ལ་སོགས་པར་རྣམ་པར་དཔྱོད་པ་སྟེ། འདི་ལྟ་སྟེ།
མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། སྟོང་བ་ཉིད་དང༌། བདག་མེད་པ་ཉིད་ཀྱིས་སོ། །མི་རྟག་པའི་མཚན་ཉིད་གང༌། མི་རྟག་པའི་མཚན་ཉིད་ནི། རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། དེ་ཡང༌། མེད་པའི་མཚན་ཉིད་དང༌། རྣམ་པར་འཇིག་པའི་མཚན་ཉིད་དང། འགྱུར་བའི་མཚན་ཉིད་དང༌། བྲལ་བའི་མཚན་ཉིད་དང༌། ཉེ་བའི་མཚན་ཉིད་དང༌། ཆོས་ཀྱི་མཚན་ཉིད་དང༌། སྐད་ཅིག་གི་མཚན་ཉིད་དང༌། རྒྱུན་གྱི་མཚན་ཉིད་དང༌། ནད་ལ་སོགས་པའི་མཚན་ཉིད་དང༌། སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་རྒུད་པའི་མཚན་ཉིད་དང༌། སྣོད་འཇིག་པ་དང་ཆགས་པའི་མཚན་ཉིད་དོ། །མེད་པའི་མཚན་ཉིད་གང་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་བདག་དང་བདག་གི་དུས་རྟག་ཏུ་མེད་པའོ། །དེ་ཡང་མེད་པའི་མཚན་ཉིད་ནི། འདི་ལྟ་སྟེ། བདག་དང་བདག་གི་བའི་རང་གི་ངོ་བོ་ཉིད་ཀྱི་སྡུག་བསྔལ་གྱི་བདེན་པ་རྟག་ཏུ་མེད་པའི་དོན་གང་ཡིན་པའི་དོན་དེ་ནི་མི་རྟག་པ་སྡུག་བསྔལ་གྱི་བདེན་པའོ། །མི་རྟག་པ་ནི་དགག་པའི་དོན་ཡིན་པའི་ཕྱིར་རོ། །རྟག་ཅེས་བྱ་བའི་སྒྲ་ནི་དུས་ཐམས་ཅད་པའི་དོན་ཡིན་པའི་ཕྱིར་རོ། །རྣམ་པར་འཛིན་པའི་མཚན་ཉིད་གང༌། གང་འདུ་བྱེད་སྐྱེས་པ་རྣམས་ཀྱི་རྣམ་པར་འཇིག་པའོ། །བྱུང་ནས་མེད་པར་འགྱུར་བའོ། །འགྱུར་བའི་མཚན་ཉིད་གང༌། གང་འདུ་བྱེད་རྣམས་གཞན་དང་གཞན་དུ་འབྱུང་བའོ། །རྒྱུད་མི་འདྲ་བ་ཉིད་དུ་འགྱུར་བའོ། །འབྲེལ་བའི་མཚན་ཉིད་གང་འདུ་བྱེད་རྣམས་ལ་དབང་བྱེད་པ་ཉམས་པ་དང༌། གཞན་དག་གིས་བདག་གིར་བྱས་པའོ། །དངོས་པོའི་གནས་སྐབས་དེ་ཉིད་ལ་རང་བཞིན་གྱི་དབང་ཉམས་པ་དང༌། ཁ་ཅིག་ཏུ་གཞན་དག་གིས་བདག་གིར་བྱས་པར་རིག་པར་བྱའོ། །ཉེ་བའི་མཚན་ཉིད་གང༌། མི་རྟག་བའི་མཚན་ཉིད་ཀྱིས་ནོན་པའོ། །དེ་ཉིད་ཀྱི་ཆེ་ན་མི་རྟག་པ་ཉིད་མྱོང་བ་གང་ཡིན་པའོ། །ཆོས་ཉིད་ཀྱི་མཚན་ཉིད་གང༌། མི་རྟག་པ་ཉིད་འབྱུང་བ་རྒྱུས་འབྲེལ་བའོ། །གང་གདོན་མི་ཟ་བར་མྱོང་བར་འགྱུར་བའོ། །སྐད་ཅིག་གི་མཚན་ཉིད་གང༌། འདུ་བྱེད་རྣམས་སྐད་ཅིག་ལས་ཕན་ཆད་དུ་མི་གནས་པའོ། །བདག་ཉིད་འབྱུང་ནས་དེ་མ་ཐག་ཏུ་གདོན་མི་ཟ་བར་རྣམ་པར་འཇིག་པ་ཉིད་དོ། །རྒྱུན་གྱི་མཚན་ཉིད་གང༌། ཐོག་མ་མེད་
པའི་དུས་ཀྱི་འདུ་བྱེད་རྣམས་ཀྱི་སྐྱེ་མཆེད་རྒྱུན་མི་འཆད་པའོ། །ཐོག་མ་མེད་པ་ཅན་གྱི་འཁོར་བ་འོང་བ་དང༌། འགྲོ་བར་འགྱུར་བས་འབྱུང་ཞེས་པའི་དོན་ཏོ། །ནང་ལ་སོགས་པའི་མཚན་ཉིད་གང༌། ཁམས་དང༌། ན་ཚོད་དང༌། སྲོག་རྣམས་སུ་འགྱུར་བའོ། །ན་བ་དང༌། རྒ་བ་དང༌། འཆི་བའི་མཚན་ཉིད་ནི། ཁམས་མ་སྙོམས་པ་དང༌། སྤྱི་ཅེར་ལ་སོགས་པ་དང༌། གནས་པའི་དུས་ཀྱིས་འཕེན་པ་སྤྱད་པའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་གང༌། རེས་འགའ་འདོད་ཆགས་དང༌། བཅས་པའི་སེམས་དང༌། རེས་འགའ་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བ་དང༌། བསྡུས་པ་དང་གཡེང་བ་དང༌། བྱིང་བ་དང་རབ་ཏུ་བཟུང་བ་དང༌། རྒོད་པ་དང༌། མི་རྒོད་པ་དང༌། ཉེ་བར་མ་ཞི་བ་དང༌། ཉེ་བར་ཞི་བ་དང༌། མཉམ་པར་བཞག་པ་དང༌། མཉམ་པར་མ་བཞག་པ་ལ་སོགས་པ་རྣམས་སོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་ནི། མི་མཐུན་པའི་ཕྱོགས་དང་གཉེན་པོའི་གནས་སྐབས་ལ་གནས་པ་ཉིད་དོ། །ལོངས་སྤྱོད་འབྱོར་བ་རྒུད་པའི་མཚན་ཉིད་གང༌། འབྱོར་བ་ཐམས་ཅད་ཀྱི་མཐའ་རྒུད་པ་ཉིད་དོ། །འཇིག་རྟེན་པའི་འབྱོར་པ་ཐམས་ཅད་གཏན་དུ་འདུག་པ་མ་ཡིན་པས་མཐར་ཉེས་པ་ཉིད་དོ། །སྣོད་འཇིག་པ་དང༌། འཆགས་པའི་མཚན་ཉིད་གང༌། འཇིག་པར་བྱེད་པ་གསུམ་སྟེ། མེ་དང་ཆུ་དང་རླུང་ངོ༌། །འཇིག་པ་ན་འདུས་པ་གསུམ་སྟེ། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པའོ། །བསམ་གཏན་བཞི་པའི་ས་ནི། གཞལ་མེད་ཁང་རྣམས་དང་ལྷན་ཅིག་འབྱུང་བ་དང༌། ལྷན་ཅིག་འགགས་པས་འཇིག་ཅིང་འཆགས་སོ། །ས་ཆེན་པོ་ལ་སོགས་པ་མེ་ལ་སོགས་པས་ཡང་དང་ཡང་དུ་འཇིག་པ་འབྱུང་སྟེ། མེ་དང༌། ཆུ་དང༌། རླུང་གིས་འཚིག་པར་བྱེད་པ་དང༌། འདྲུལ་བར་བྱེད་པ་དང༌། སྐམ་པར་བྱེད་པའི་བདག་ཉིད་ཀྱིས་འཇིག་པ་རྣམས་དང༌། གོ་རིམས་བཞིན་དུ་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པའི་མཐར་ཐུག་པར་འཇིག་རྟེན་གནས་པ་འཇིག་གོ །དེའི་གོང་མ་ལྷག་མ་ལུས་པ་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པའི་གནས་གཞན་གང་ཡིན་པ་དེ་དག་ནི་
ལུས་པར་རིག་པར་བྱའོ། །བསམ་གཏན་བཞི་པ་རྣམས་ཀྱི་གཞལ་མེད་ཁང་རྣམས་གང་གིས་འཇིག་ཅིང་འཆགས་ཞེ་ན། ཕྱི་རོལ་གང་གིས་ཀྱང་མ་ཡིན་གྱི། གཞལ་མེད་ཁང་དེ་དག་ནི། སེམས་ཅན་དེ་དག་ཉིད་སྐྱེ་བ་དང༌། ལྷན་ཅིག་ཏུ་གྲུབ་ཅིང༌། འཆིང་བ་དང་ལྷན་ཅིག་ཏུ་འགག་སྟེ། དེ་ཉིད་དེ་དག་གིས་འཆགས་པ་དང༌། འཇིག་པར་རིག་པར་བྱའོ། །བསྐལ་བ་བར་མ་གསུམ་སྟེ། མུ་གེའི་བསྐལ་པ་བར་མ་དང༌། ནད་ཀྱི་བསྐལ་བ་བར་མ་དང༌། མཚོན་གྱི་བསྐལ་བ་བར་མ་སྟེ། དེ་དག་གིས་བསྐལ་བ་ཚར་ཕྱིར་པར་འགྱུར་རོ། །ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །མར་འབྲི་བ་བར་གྱི་བསྐལ་བ་གཅིག་དང༌། ཡར་འཕྲལ་དང༌། མར་འབྲི་བ་བཅོ་བརྒྱད་དང༌། ཡར་སྐྱེ་བ་གཅིག་སྟེ། དེ་ལ་མར་འབྲི་བ་བར་གྱི་བསྐལ་པ་གཅིག་དང༌། ཡར་འཕེལ་དང༌། མར་འབྲི་བ་བཅོ་བརྒྱད་ཅེས་པ་ནི། ཆགས་པའི་དུས་ན་མར་འབྲི་བ་བར་གྱི་བསྐལ་པ་གཅིག་དང༌། ཡར་འཕེལ་བ་དང༌། མར་འབྲི་བ་བཅོ་བརྒྱད་ནི་དེ་དང་བཅུ་དགུའོ། །དེའི་འོག་ཏུ་ཐ་མར་ཡར་སྐྱེ་བ་གཅིག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་ཞིག་པར་འགྱུར་རོ། །བར་གྱི་བསྐལ་བ་ནི་ཤུར་འཇིག་རྟེན་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་ཆགས་ནས་འདུག་གོ །དེ་དག་ནི་བར་གྱི་བསྐལ་པ་ཆེན་པོ་བརྒྱད་ཅུ་སྟེ། དེ་ནི་བསྐལ་པ་ཆེན་པོའོ། །བསྐལ་བ་བགྲང་བའི་ཚུལ་དེས། གཟུགས་ན་སྤྱོད་པ་རྣམས་དང༌། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ཚེའི་ཚད་དོ། །སེམས་ཅན་དེ་དག་གི་ཚེ་ཟད་ཅིང་བསོད་ནམས་ཟད་པ་ལས་ཀྱང་ཟད་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། ཚེ་ཟད་པས་ཇི་ལྟ་བུ། འཆི་བའི་དུས་ལ་བབ་པའོ། །ཚེ་ཟད་པ་ཞེས་བྱ་བ་ནི་འཆི་བ་སྟེ། ཚེའི་འཕེན་པ་ཇི་ཙམ་པ་ཡོངས་སུ་རྫོགས་པའི་ཕྱིར་དུས་སུ་འཆི་བའི་དབང་དུ་བྱས་པའོ། །བསོད་ནམས་ཟད་པས་ཇི་ལྟ་བུ། དུས་མ་ཡིན་པར་འཆི་བའོ། །འདི་ལྟར་སེམས་ཅན་དེ་དག་སྙོམས་པར་འཇུག་པའི་རོ་མྱང་བས་བསོད་ནམས་ཟད་པར་འགྱུར་ཏེ། དེས་ན་དུས་ལ་མ་བབ་ཀྱང་འཆིའོ། །བསོད་ནམས་ཟད་ཅེས་བྱ་བ་ནི། དུས་མ་ཡིན་པར་འཆི་བའི་དབང་དུ་བྱས་པ་དེ། སྙོམས་པར་འཇུག་པའི་རོ་མྱོང་བར་བྱེད་པས། དེའི་ཚེ་
འཕེན་པར་བྱེད་པའི་ལས་དགོས་པ་ལ་གནོད་པའི་ཕྱིར་རོ། །ལས་ཟད་པས་ཇི་ལྷ་བུ། དེར་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལེན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོངས་སུ་གཏུགས་པའོ། །ལས་ཟད་ནས་ཞེས་བྱ་བ་ནི། རྒྱུན་ཆད་ནས་འཆི་བའི་དབང་དུ་བྱས་པ་སྟེ། གནས་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སྤྱད་ཟིན་པའི་ཕྱིར་རམ། མེད་པའི་ཕྱིར་དེར་ཡང་མི་སྐྱེ་བར་རིག་པར་བྱའོ། །སྡུག་བསྔལ་གྱི་མཚན་ཉིད་གང༌། སྡུག་བསྔལ་ཉིད་གསུམ་དང༌། སྡུག་བསྔལ་རྣམ་པ་བརྒྱད་ནི་སྡུག་བསྔལ་ཞེས་བརྗོད་དོ། །དོག་པའི་སྡུག་བསྔལ་ཉིད་ལ་སོགས་པའོ། །ཅིའི་ཕྱིར་གང་མི་རྟག་པ་སྟེ། སྡུག་བསྔལ་ཞེས་གསུངས། མི་རྟག་པ་ཉིད་ནི་གནས་ཉིད་ཀྱི་ཆར་གཏོགས་པ་སྟེ། སྐྱེ་བའི་ཆར་གཏོགས་པ་དང༌། འཇིག་པའི་ཆར་གཏོགས་པའོ། །སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ཉིད་དེ་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ཉིད་ནི། མ་བྱུང་བ་ལས་བྱུང་བ་ཉིད་དོ། །དེ་ནི་སྡུག་བསྔལ་གྱི་ཕྱོགས་འདུ་བྱེད་རྣམས་ཀྱི་གནོད་པའི་བདག་ཉིད་དོ། །མི་རྟག་པ་ཉིད་དེ་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆར་གཏོགས་པ་མི་རྟག་པ་ཉིད་ལ་བསྟེན་ནས། འགྱུར་པའི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆར་གཏོགས་པ་ནི་བྱུང་ནས་མེད་པར་འགྱུར་བ་སྟེ། དེ་ནི་བདེ་བའི་ཕྱོགས་ཀྱི་འདུ་བྱེད་རྣམས་ཀྱི་མི་འདོད་པའོ། །དེ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །དེ་གཉི་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྣམས་ཀྱི་རྒྱུན་དུ་འབྱུང་བ་དང༌། འཇིག་པ་འདོད་པ་མ་ཡིན་ཏེ། དེ་གཉི་གའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །དེ་ལ་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ངས་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་རུང༌། འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བཀའ་སྩལ་ཏོ། །ངས་འདུ་བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་སྡུག་བསྔལ་བ་ཉིད་ལ་དགོངས་ནས། གང་ཅི་ཚོར་ཡང་
རུང་བ་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བྱ་བ་འདི་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། བདེ་བ་མྱོང་བ་ནི་སྡུག་བསྔལ་ཉིད་ཀྱི་ཚིག་ཏུ་དགོངས་པར་རིག་པར་བྱའོ། །སྡུག་བསྔལ་མྱོང་བ་ནི། སྡུག་བསྔལ་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཕྱིར། དེ་ཡང་དགོངས་པ་བརྗོད་པ་མི་དགོས་སོ། །ཡང་སྐྱེ་བ་དང་འཇིག་པའི་ཆོས་ཉིད་དང༌། རྗེས་སུ་འབྲེལ་བའི་འདུ་བྱེད་རྣམས་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་མངོན་ཏེ། དེའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །འདུ་བྱེད་མི་རྟག་པ་གང་དག་ལ་སྐྱེ་བ་ལ་སོགས་པ་སྣང་བ་དེ་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར། སྡུག་བསྔལ་དུ་དགོངས་པར་རིག་པར་བྱའོ། །གཞན་དུ་ན་ནི་ལམ་ཡང་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་འགྱུར་རོ། །སྟོང་པའི་མཚན་ཉིད་གང་གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། ཡང་འདི་ལྟར་ལྷག་མ་གང་དེ་ནི་འདི་ཡོད་པ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་བཤད་དོ། །གང་ན་ཅི་ཞིག་མེད། ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་དང༌། བརྟེན་པ་དང༌། ཐེར་ཟུག་དང༌། མི་འགྱུར་བའི་ཆོས་ཅན་དང༌། བདག་དང་བདག་གི་མེད་དོ། །དེ་ལྟ་བས་ན་དེ་དག་ནི་དེས་སྟོང་ངོ༌། །ལྷག་མ་གང་བདག་མེད་པ་ཉིད་དེ། དེ་ལྟར་བདག་ནི་མེད་ཀྱི། བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ནི། རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་བདག་འདུ་བྱེད་རྣམས་ལས་དོན་གཞན་དུ་གྱུར་པ་སྟེ། དེ་དག་ལ་མེད་དོ། །འདུ་བྱེད་དེ་དག་ནི་རྟག་ཏུ་དེ་དང་བྲལ་བའི་རང་བཞིན་གྱི་བདག་ཉིད་ཀྱི་བདག་མེད་པའི་ངོ་བོ་ཉིད་ཡིན་ཏེ། འདི་གཉིས་ཀ་ཡང་སྟོང་པ་ཉིད་ཅེས་བྱའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡོད་པ་ཡང་ཡོད་པ་དང༌། མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །ཡང་སྟོང་པ་ཉིད་རྣམ་པ་གསུམ་སྟེ། རང་གི་ངོ་བོ་ཉིད་དང༌། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་བ་ཉིད་དོ། །དང་པོ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟ་བར་བྱའོ། །ངོ་བོ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བ་སྟེ། རང་གི་མཚན་ཉིད་
ཁོ་ནས་མེད་པའི་ཕྱིར་རོ། །གཉིས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་གཟུང་བར་བལྟ་བར་བྱའོ། །དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ནི། གཞན་གྱི་དབང་གིས་སྟོང་པ་ཉིད་ཉེ་བར་བཟུང་བ་སྟེ། དེ་ནི་རྣམ་པ་གང་དང་གང་དུ་ཀུན་དུ་བརྟག་པར་བྱ་བ་རྣམ་པ་དེ་དག་ནི་མེད་པའི་ཕྱིར་རོ། །གསུམ་པ་ནི་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟ་བར་བྱའོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་བཟུང་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་མེད་པའི་མཚན་ཉིད་གང༌། ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱི་བདག་ཏུ་བཏགས་པའི་མཚན་ཉིད་ངེས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ནི་བདག་གི་མཚན་ཉིད་ཀྱིས་བདག་མེད་པའོ། །བདག་མེད་པའི་མཚན་ཉིད་ནི་འདུ་བྱེད་དེ་དག་ཉིད་བདག་ཏུ་སྨྲ་བ་རྣམས་ཀྱི་ཀུན་དུ་བརྟགས་པའི་བདག་ཉིད་ཀྱི་མཚན་ཉིད་མ་ཡིན་པ་ཉིད་དོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པའོ། །བཅོམ་ལྡན་འདས་ཀྱིས་འདི་དག་ཐམས་ཅད་ནི་ང་ཡི་བ་མེད་པའོ། །འདི་ནི་ང་མ་ཡིན་པའོ། །འདི་ནི་ངའི་བདག་མ་ཡིན་པ་སྟེ། དེ་ནི་འདི་བཞིན་ནོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པ་འདིའི་དོན་ཅི། ཅིའི་ཕྱིར་དངོས་པོ་འདི་ནི་བདག་གི་བ་མ་ཡིན་པའོ། །ནང་གི་དངོས་པོ་འདི་ནི་ང་མ་ཡིན་པའོ། །འདི་ནི་ངའི་བདག་མ་ཡིན་པའོ་ཞེས་བྱ་བར་དགོངས་ནས་གསུངས་པ་སྟེ། འདི་ལྟར་ཕྱིའི་དངོས་པོ་ལ་ནི་བདག་གི་རྣམ་པ་དང༌། ནང་ལ་ནི་བདག་དང་བདག་གི་རྣམ་པ་བཀག་པའོ། །སྐད་ཅིག་གི་མཚན་ཉིད་ནི་མི་རྟག་པ་ཉིད་དོ་ཞེས་གསུངས་པ་ཇི་ལྟ་བུ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་མ་ཡིན་པ། དེ་ལྟར་གཟུགས་ཀྱང་སྐད་ཅིག་མར་བལྟ་བར་བྱ་སྟེ། །སེམས་ཀྱིས་ཟིན་པ་དང༌། སེམས་དང༌། གྲུབ་པ་བདེ་བ་གཅིག་པ་དང༌། སེམས་འགྱུར་ན་དེ་འགྱུར་བ་དང༌། སེམས་ཀྱི་གནས་ཡིན་པ་དང༌། སེམས་ཀྱི་དབང་གིས་བྱུང་བ་དང༌། སེམས་ཀྱི་དབང་བསྒྱུར་བའི་ཕྱིར་རོ། །ཡང་མཐར་འགྱུར་བར་དམིགས་པ་དང༌། སྐྱེས་ནས་ཀྱང་རྐྱེན་ལ་མི་ལྟོས་པར་རང་གི་དང་གིས་རྣམ་པར་འཇིག་པའི་ཕྱིར། །གཟུགས་ཀྱང་སྐད་ཅིག་མ་ཉིད་དུ་བལྟ་བར་བྱའོ། །འདུ་བྱེད་ཐམས་
ཅད་འཇིག་པ་ལ་སོགས་པའི་མཚན་ཉིད་མི་རྟག་པ་ཉིད་དུ་ནི་གྲགས་ལ། སྐད་ཅིག་མའི་མཚན་ཉིད་དུ་ནི་མ་གྲགས་ཏེ། དེའི་ཕྱིར་དེ་འགྲུབ་པར་བྱའོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་སྐད་ཅིག་པ་ཉིད་དུ་འཇིག་རྟེན་ན་གྲགས་ཏེ། དེའི་ཕྱིར་དེ་མ་གྲུབ་པ་གཟུགས་ཀྱི་སྐད་ཅིག་པ་ཉིད་དུ་བསྒྲུབ་བོ། །ཇི་ལྟར་ཞེ་ན་སེམས་ཀྱིས་ཟིན་པ་ཞེས་བྱ་བ་ནི། སེམས་སྐད་ཅིག་མས་ལུས་ཟིན་པའོ། །ཅིའི་ཕྱིར་ཞེ་ན། གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་ཤེས་པ་དང་བཅས་པ་ཉིད་ཀྱི་ལུས་ནི་ཡང་དག་པར་གྲུབ་ཀྱི། རྣམ་པར་ཤེས་པ་དང་བྲལ་བའི་ལུས་ནི་རུལ་བར་འགྱུར་རོ། །དེ་ལྟ་བས་ན་སེམས་དང་གྲུབ་པ་དང༌། བདེ་བ་གཅིག་པའི་ཕྱིར། དེ་བཞིན་དུ་འདི་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱའོ། །སེམས་འགྱུར་ན་དེ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི། བདེ་བ་དང༌། སྡུག་བསྔལ་དང༌། འདོད་ཆགས་དང༌། ཞེ་སྡང་ལ་སོགས་པའི་གནས་སྐབས་ན་སེམས་འགྱུར་བས་ལུས་འགྱུར་བར་སྣང་སྟེ། དེའི་ཕྱིར་སྐད་ཅིག་རེ་རེ་ལ་འགྱུར་བའི་སེམས་ཀྱི་རྗེས་སུ་འགྱུར་བས་ལུས་སྐད་ཅིག་མ་ཉིད་དུ་གྲུབ་པོ། །སེམས་ཀྱི་གནས་ཡིན་པ་དང་ཞེས་བྱ་བ་ལས་དབང་པོ་ཉིད་དང་བཅས་པའི་ལུས་ནི་སེམས་ཀྱི་གནས་སུ་གྲུབ་པ་སྟེ། གང་ཞིག་གི་སྐྱེ་བའི་གནས་ཡིན་པ་དེ། བདག་འཇིག་པ་མེད་པར་དེའི་གནས་སུ་འགྱུར་བ་མི་སྣང་སྟེ། དཔེར་ན་མ་དང་མྱུ་གུ་ལ་སོགས་པ་དང༌། ས་བོན་ལ་སོགས་པ་བཞིན་ནོ། །དེ་ལྟ་བས་ན་སྐད་ཅིག་རེ་རེ་ལ་སེམས་ཀྱི་གནས་སུ་གྱུར་པས། སྐད་ཅིག་རེ་རེ་ཁོ་ན་ལ་རྣམ་པར་འཇིག་པར་གྲུབ་བོ། །སེམས་ཀྱི་དབང་གིས་བྱུང་བ་དང་ཞེས་བྱ་བ་ལ། ནང་དང་ཕྱིའི་གཟུགས་ཅན་ཐམས་ཅད་ནི་སེམས་ཀྱི་དབང་གིས་བྱུང་སྟེ། དེ་བས་ན་རྒྱུ་སྐད་ཅིག་པ་ཡིན་པའི་ཕྱིར། འབྲས་བུ་ཡང་སྐད་ཅིག་པ་ཉིད་དུ་རིག་པར་བྱའོ། །གཟུགས་འབྱུང་བའི་རྒྱུ་གང་ཡིན་པ་དང༌། རྐྱེན་གང་ཡིན་པ་དེ་དག་ནི་མི་རྟག་པ་ཡིན་ན་རྒྱུ་རྐྱེན་མི་རྟག་པ་ལ་བརྟེན་ནས་བྱུང་བའི་གཟུགས་རྟག་པར་ག་ལ་འགྱུར་ཞེས་མདོ་ལས་བྱུང་བའི་ཚིག་གི་ཚུལ་དུ་རིག་པར་བྱའོ། །སེམས་ཀྱིས་དབང་བསྒྱུར་བའི་ཕྱིར་ཞེས་བྱ་བ་ནི། མཐུ་ཁྱད་པར་དུ་འཕགས་པའི་སེམས་གཟུགས་ལ་དབང་བསྒྱུར་བ་སྟེ། དེས་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་རེ་ལ་རྣམ་པ་གཞན་དུ་མོས་པ་
གཞན་འབྱུང་བའི་སྐད་ཅིག་པ་ཉིད་དུ་གྲུབ་བོ། ཡང་མཐར་འགྱུར་བར་དམིགས་པ་དང་ཞེས་བྱ་བ་ནི། སྐད་ཅིག་རེ་རེ་ལ་ཡང་རང་བཞིན་གྱིས་འགྱུར་བ་མེད་པར་གློ་བུར་དུ་གཟུགས་ཀྱི་ཐ་མར་འགྱུར་བ་མི་རིགས་ན། །དེ་ཡང་དམིགས་པས་དེ་བས་ན་ཐ་མའི་གཟུགས་ཀྱི་འགྱུར་བ་རང་གི་རྐྱེན་གྱིས་སྐད་ཅིག་རེ་རེ་ལས་འགྱུར་པ་འཕེལ་བའི་རྒྱུ་ལས་བྱུང་བའི་ཕྱིར་གཟུགས་སྐད་ཅིག་པར་གྲུབ་པོ། །སྐྱེས་ནས་ཀྱང་རྐྱེན་ལ་མི་ལྟོས་པར་རང་གི་དང་གིས་རྣམ་པར་འཇིག་པའི་ཕྱིར་ཞེས་བྱ་བ་ནི། སྐྱེས་པ་ཐམས་ཅད་ནི་རྐྱེན་ལ་མི་ལྟོས་པར་རང་གི་དང་ཉིད་ཀྱིས་འཇིག་པར་འགྱུར་རོ། །དེའི་ཕྱིར་རྐྱེན་གཞན་ལ་མི་ལྟོས་པར་གདོན་མི་ཟ་བར་འཇིག་སྟེ། དངོས་པོ་སྐྱེས་པ་ཙམ་ཉིད་ཀྱིས་འཇིག་པ་མ་ཡིན་ལ། ཕྱིས་འཇིག་གོ་ཞེས་བྱ་བ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་རྣམ་པར་འཇིག་པའི་ཚུལ་ཅན་ཐམས་ཅད་ནི་སྐྱེས་པ་ཅན་གྱིས་འཇིག་པར་འགྱུར་བས་སྐད་ཅིག་པ་ཉིད་དུ་གྲུབ་བོ། །གཟུགས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པ་དེ་དག་ཅི་ལས་དགོངས་ཏེ་གསུངས་ཤེ་ན། སྲིད་པ་ལ་དགོངས་ནས་གསུངས་སོ། །ཕྱོགས་གཅིག་ལ་བརྟེན་པའི་དངོས་པོའི་དོན་ནི་རྒྱུར་བྱས་པའི་དོན་ཏེ། འབྱུང་བའི་ཕྱོགས་གཅིག་ལ་མི་ལྟོས་པར་འབྱུང་བ་ལས་གྱུར་བ་ལོགས་ཆིག་ན་རང་དབང་དུ་འབྱུང་བའི་མཐུ་མེད་པའི་ཕྱིར་རོ། །འདུས་པ་གང་ལས་འབྱུང་བ་གང་དམིགས་བ་དེ་ནི་དེ་ན་ཡོད་དོ་ཞེས་རིག་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ། འདི་ལྟ་ཏེ། ས་རྡོག་སྐམ་པོ་ལྟ་བུའོ། །འབྱུང་བ་གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བའོ། །འབྱུང་བ་གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིང་དྲོ་བའོ། །འབྱུང་བ་ཐམས་ཅད་ལས་གྱུར་པ་ཡང་ཡོད་དོ། །ས་རྡོག་དེ་ཉིད་གཤེར་བ་དང་དྲོ་བ་དང་འདྲིལ་ཞིང་འགྲོ་བའི་གནས་སྐབས་ནའོ། །རྒྱུར་བྱས་པའི་གཟུགས་ལ་ཡང་རྒྱུར་བྱས་པའི་གཟུགས་གང༌། འདུས་པ་གང་གང་ལ་དམིགས་པ་དེ་ནི་དེ་ན་ཡོད་པའོ་ཞེས་རིག་པར་བྱའོ། །འདུས་པའི་རྒྱུར་བྱས་པའི་གཟུགས་གཅིག་པའང་ཡོད་དོ། །འདི་ལྟ་སྟེ། འོང་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གཉིས་དང་ལྡན་པའང་ཡོད་དེ། འདི་ལྟ་སྟེ། སྒྲ་དང་དྲི་དད་བཅས་པའི་རླུང་ལྟ་བུའོ། །རྒྱུར་བྱས་པའི་
གཟུགས་གསུམ་དང་ལྡན་པ་ལ་ཡོད་དོ། །འདི་ལྟ་སྟེ་དུ་བ་ལྟ་བུའོ། །དེ་ནི་གཟུགས་དང་དྲི་དང་རེག་བྱའོ་ཁྱད་པར་གྱིས་རབ་ཏུ་དབྱེ་བའི་ཕྱིར་ཏེ། རེག་བྱའི་བྱེ་བྲག་ནི་འདིར་ཡང་བ་ཉིད་དུ་རིག་པར་བྱའོ། །ཡང་རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡོད་དེ། དྲི་རྣམ་པ་མེད་པའི་ནོར་བུའི་སྣོད་ཀྱི་ནང་ན་ཡོད་པའི་ཚུལ་གཟུགས་དང༌། རོ་དང༌། རེག་བྱ་ཡོད་པའོ། །རྒྱུར་བྱས་བའི་གཟུགས་བཞི་དང་ལྡན་པའང་ཡོད་དེ། འདི་ལྟ་སྟེ་བུ་རམ་གྱི་རྔོག་མ་ལྟ་བུའི། །རྒྱུར་བྱས་པའི་གཟུགས་ལྔ་དང་ལྡན་པའང་ཡོད་དེ། འདི་ལྟ་སྟེ། དེ་ཉིད་སྒྲ་དང་བཅས་པའོ། །དེ་ལྟར་གཞན་ལའང་འབྱུང་བའམ། འབྱུང་བ་ལས་གྱུར་བ་གང་ན་གང་ཡོད་པ་དེ་ན་དེ་ཡོད་པར་རིག་པར་བ་སྟེ། གཞན་དུ་མ་ཡིན་ནོ། །རྡུལ་ཕྲ་རབ་བསགས་པ་ནི་གཟུགས་འདུས་པའོ་ཞེས་གང་བརྗོད་པ་དེ་ལ་རྡུལ་ཕྲ་རབ་ལུས་མེད་པར་རིག་པར་བྱའོ། །རང་གི་ངོ་བོ་ཉིད་མེད་པ་སྟེ། རྣམ་པར་གཞག་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །བཤིག་ན་མུ་ཐུག་པ་མེད་པའི་ཕྱིར་རོ། །བློས་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་གཞག་སྟེ། འདི་ལྟ་སྟེ། བློས་ཅི་ཙམ་དུ་ཆ་ཤས་ཀྱིས་བཤིག་པའི་མཐར་རབ་ཏུ་དབྱེ་བར་ནུས་པ་དེ་རྩམ་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་པར་བྱེད་དོ། །ཅིའི་ཕྱིར་དེ་ལྟར་ལུས་མེད་ཀྱང་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་ཅེ་ན། རིལ་པོའི་འདུ་ཤེས་རྣམ་པར་གཞིག་པ་དང༌། གཟུགས་ལ་བློས་ཆ་ཤས་ཀྱིས་བཤིག་ན་འདི་ཐམས་ཅད་ནི་གཟུགས་གཅིག་གོ་ཞེས་རིལ་པོར་འདུ་ཤེས་པ་དང་བྲལ་བར་འགྱུར་ཏེ། འདི་ལྟར་གང་ཟག་ལ་བདག་མེད་བར་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རོ། །དེ་ལྟར་བློས་རབ་ཏུ་ཕྱེ་ནས་གཟུགས་ཅི་ཡང་མེད་པར་རྟོགས་ནས། གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་སྟེ། འདི་ལྟར་རྣམ་བར་རིག་པ་ཙམ་དུ་འཇུག་བས་ཆོས་ལ་བདག་མེད་པ་ལ་སོགས་པའི་རྗེས་སུ་མཐུན་པར་འགྱུར་རོ། །བློའི་དབྱེ་བ་དང་རྫས་ཀྱི་རབ་ཏུ་དབྱེ་བས་རྡུལ་ཕྲ་རབ་རྣམ་པར་གཞག་པར་ཤེས་པར་བྱ་སྟེ། ཚིག་གཉིས་དང་གོ་རིམས་བཞིན་ནོ། །ཡང་སྡུག་བསྔལ་འདི་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པ་དང༌། བསྲབས་པའང་ཡིན་ལམ་བསྲབས་པའང་ཡིན་པའང་ཡོད། བར་མ་མ་བསྲབས་པའང་ཡོད། རྗེས་
སུ་བ་སྤབས་ལ་མ་བསྲབས་པའང་ཡོད། ཆེས་བསྲབས་ལ། བསྲབས་པའང་ཡོད། ཤིན་ཏུ་ཆེས་བསྲབས་ལ་བསྲབས་པའང་ཡོད། སྡུག་བསྔལ་མ་ཡིན་པ་སྡུག་བསྔལ་དུ་སྣད་ཞིང་བསྲབས་པ་ཆེན་པོ་ཉེ་བར་གནས་པ་ཡང་ཡོད་དོ། །སྡུག་བསྔལ་ཤིན་ཏུ་རྒྱས་ཕ་མ་བསྲབས་པ་གང༌། གང་འདོད་པ་ན་སྤྱོད་པ་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིའོ། །འདོད་བའི་ཁམས་ན་སྤྱོད་བའི་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་སྟེ། འདོད་པའི་ཁམས་ན་སྡུག་བསྔལ་ཉིད་ཐམས་ཅད་དང༌། འགྲོ་བ་དང་སྐྱེ་གནས་ཀྱི་རབ་ཏུ་དབྱེ་བ་དང་དགེ་བའི་རྩ་བ་མ་བསགས་པས་ན་ཐོགས་པ་མེད་པར་འགྲོ་བ་ཐམས་ཅད་དུ་འགྲོ་བའི་ཕྱིར་ཏེ། གོ་རིམས་བཞིན་དུ་འདི་ནི་ཤིན་ཏུ་རྒྱས་ལ་མ་བསྲབས་པར་རིག་པར་བྱའོ། །བསྲབས་པ་གང༌། དེ་ཉིད་ཐར་པའི་ཆ་དང་མཐུན་བ་སྐྱེས་པ་རྣམས་ཀྱིའོ། །དེ་ཉིད་ཐར་པའི་ཆ་དང་མཐུན་པ་སྐྱེས་པ་སྟེ། གདོན་མི་ཟ་བར་ཡོངས་སུ་མྱ་ངན་ལས་འདས་པར་དེས་པར་བྱས་པའི་ཕྱིར་རོ། །བསྲབས་པའང་ཡིན་ལ། མ་བསྲབས་པའང་ཡིན་པ། དེ་ཉིད་འཇིག་རྟེན་པས་འདོད་ཆགས་དང་བྲལ་བ་ཉིད་དུ་བྱས་པའི་ཕྱིར། དགེ་བའི་རྩ་བ་བསགས་པ་རྣམས་ཀྱིའོ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཉིད་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་ཕྱིར་དགེ་བའི་རྩ་བ་སྐྱེད་པ་རྣམས་ཀྱི་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་ལས་ཡང་དག་པར་འདའ་བར་ཤིན་ཏུ་ངེས་པར་བྱས་པ་དང༌། གཏན་དུ་མ་ཡིན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །བར་མ་བསྲབས་པ་ལ་སོགས་བ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །བར་མ་མ་བསྲབས་པ་གང༌། གཟུགས་ཀྱི་ཁམས་སུ་སྐྱེས་པ་ཐར་པའི་ཆ་དང་མཐུན་པ་རྣམ་པར་སྤངས་པ་རྣམས་ཀྱིའོ། །བསྲབས་ལ་མ་བསྲབས་པ་གང༌། གཟུགས་མེད་པར་སྐྱེས་པར་ཐར་པའི་ཆ་དང་མཐུན་པ་རྣམ་པར་སྤངས་པ་རྣམས་ཀྱིའོ། །ཆེས་བསྲབས་པ་ལ་བསྲབས་པ་གང༌། གང་སློབ་པ་རྣམས་ཀྱིའོ། །ཤིན་ཏུ་ཆེས་བསྲབས་པ་ལ་བསྲབས་པ་གང༌། གང་མི་སློབ་པ་རྣམས་ཀྱི་སྲོག་གི་དབང་པོའི་རྐྱེན་གྱི་མིང་དང་གཟུགས་སོ། །སྡུག་བསྔལ་མ་ཡིན་ལ། སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོ་ཉེ་བར་གནས་པ་གང༌། གང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱི་སྟེ། བསམས་བཞིན་དུ་སྲིད་པར་
སྐྱེ་བའི་ཕྱིར་རོ། །སེམས་ཅན་དུ་མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གསལ་བར་ཉེ་བར་གནས་པའི་ཕྱིར་རོ། །ང་ཆི་བ་སྡུག་བསྔལ་ལོ་ཞེས་གསུངས་པ་དེ་ལ། འཆི་བ་རྣམ་པ་གསུམ་སྟེ། དགེ་བའི་སེམས་ཡོད་པ་དང༌། མི་དགེ་བའི་སེམས་ཡོད་པ་དང༌། ལུང་དུམ་བསྟན་པའི་སེམས་ཡོད་པ་སྟེ། རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སམ། གཞན་གྱིས་བསྒྲུབས་བས་ཀྱང་རུང་སྟེ། སེམས་གསལ་བ་ནི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟ་བར་བྱའོ། །རང་གི་མི་དགེ་བའི་སེམས་བསྐྱེད་པས་སམ། གཞན་གྱིས་བསྒྲུབས་པས་ཀྱང་རུང་སྟེ། སེམས་ཀྱི་རྒྱུ་བ་གསལ་བ་ནི་མི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟ་བར་བྱའོ། །སེམས་ཀྱི་རྒྱུ་བ་གསལ་ཡང་རུང༌། མི་གསལ་ཡང་རུང༌། རྐྱེན་དེ་གཉིས་ཀ་མ་ཚང་བའི་ཕྱིར། མངོན་པར་འདུ་བྱེད་མི་ནུས་པའང་རུང་སྟེ། ལུང་དུ་མ་བསྟན་པའི་སེམས་ཡོད་པའི་འཆི་བར་བལྟ་བར་བྱའོ། །དགེ་བ་ལ་སོགས་པའི་སེམས་ཡོད་པའི་འཆི་བ་ཞེས་བྱ་བ་ནི། བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་འཆི་འཕོ་བའི་སེམས་ཀྱི་སྔ་རོལ་གྱི་གནས་སྐབས་ཀྱི་དབང་དུ་བྱས་པར་རིག་བར་བྱའོ། །དགེ་བ་བྱེད་པའི་ལུས་ནི་ཐོག་མ་ཉིད་དུ་སྨད་གྲང་བར་འགྱུར་རོ། །མི་དགེ་བ་བྱེད་བའི་ལུས་ནི་སྟོད་གྲང་བར་འགྱུར་རོ། །དེ་ལ་མི་དགེ་བ་བྱེད་བའི་བར་མ་དོའི་སྲིད་པར་མངོན་པར་འཇུག་པ་ནི། དཔེར་ན་གོས་ནག་པོའམ། མཚན་མོ་མུན་ནག་ན་སྣང་བ་ལྟ་བུའོ། །དགེ་བ་བྱེད་པ་ནི་དཔེར་ན་གོས་དཀར་པོའམ། ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །བར་མ་དོའི་སྲིད་པ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །གཟུགས་མེད་པ་ནས་ནི་འཆི་འཕོ་བ་ནའོ། །དེ་ནི་ཡིད་ལས་བྱུང་བ་དང༌། དྲི་ཟ་ཞེས་ཀྱང་ངོ༌། རྫུས་ཏེ་སྐྱེ་བ་ཉིད་དེ། སེམས་ཙམ་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དྲི་ཟ་ནི་དྲིས་འགྲོ་བའི་ཕྱིར་ཏེ། དྲི་དད་མཐུན་པར་སྐྱེ་བའི་ཡུལ་དུ་འགྲོ་བའི་ཕྱིར་ཞེས་པའི་དོན་ཏོ། །མཆོག་ཏུ་ཐོགས་ན་ཞག་བདུན་དུ་གནས་ཏེ། དེ་ཚུན་ཆད་ཀྱིས་འཆི་འཕོའོ། །སྐྱེ་བའི་རྐྱེན་རྙེད་ནའོ། །ཅི་སྟེ། མ་རྙེད་ན་ཞག་བདུན་པའི་འོག་ཏུ་ཤི་འཕོས་ནས། ཡང་བར་དོའི་སྲིད་པ་ཉིད་དུ་གྲུབ་པའོ། །དེ་ལྟར་ལན་བདུན་གྱི་བར་དུ་བྱས་ནས་སོ། །ཇི་སྟེན་ལྡོག་གོ །གལ་ཏེ་གནས་སྐབས་དེ་ན་གཞན་དུ་སྐྱེ་བའི་རྐྱེན་སྟོབས་དང་ལྡན་ཞིང་མངོན་དུ་གྱུར་ནས་
ཏེ། བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ། །མཉམ་པའི་མངོན་པའི་ང་རྒྱལ་ཅན། ས་དེ་པའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ན། ཐར་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་རྙེད་ནས། སེམས་ཅན་དམྱལ་བའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་བཞིན་ནོ། །དེ་ན་གནས་པ་ཡང་ལ་སོགས་སོ། །སྔོན་གྱི་འཕེན་པའི་དབང་གིས་དགེ་བའི་ལས་ལ་སོགས་པའི་སེམས་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །སྐལ་བ་མཉམ་པའི་སེམས་ཅན་རྣམས་ཀྱང་མཐོང་ངོ༌། །གང་དག་དང་ལྷན་ཅིག་སྔོན་དགེ་བའམ། མི་དགེ་བ་ཀུན་དུ་སྤྱོད་པར་གྱུར་པ་དེ་དག་དང་བདག་ཉིད་ལྟན་ཅིག་ཏུ་འདུག་པར་རྨི་ལམ་ཙམ་གྱི་ཚོད་དུ་ཤེས་སོ། །གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་སོ། །དེ་ལ་སྔོན་ལོགས་ཀྱི་སྲིད་པའི་བྱད་གཟུགས་འགྲུབ་པོ། །དེའི་འོག་ཏུ་དབང་པོ་རྣམས་མངོན་པར་འགྲུབ་སྟེ། འགྲོ་བ་ལ་ཐགས་ཐོགས་མེད་དོ། །རྫུ་འཕྲུལ་དང་ལྡན་བཞིན་དུ་མྱུར་དུ་འགྲོ་ཞིང་སྐྱེ་བའི་གནས་སུ་ཐོགས་སོ། །སྲང་མདའི་མཐོན་དམན་གྱི་ཚུལ་དུ་འཆི་འཕོ་ཞིང་ཉིང་མཚམས་སྦྱོར་རོ། །བར་དོའི་སྲིད་པ་ན་གནས་པ་ནི་སྐྱེ་བའི་གནས་ལ་འདོད་ཆགས་བསྐྱེད་དེ། དེ་ལས་གཞན་པའི་ཉོན་མོངས་པ་དེ་རྐྱེན་དུ་འགྱུར་རོ། །འདོད་ཆགས་དང་བཅས་པའི་བར་དོའི་སྲིད་པ་འགག་ཅིང་ནུར་ནུར་པོར་རྣམ་པར་ཤེས་པ་དང་བཅས་པ་བྱུང་སྟེ། དེ་ནི་རྣམ་པར་སྨིན་པའོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཇི་ལྟར་འབྱུང་བ་བཞིན་དུ་སྐྱེ་གནས་བཞི་པོ་སྒོ་ད་ལས་སྐྱེ་བ་དང་མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བའི་དབང་པོ་མངོན་བར་འགྲུབ་པོ། །རྟེན་ཅིང་འབྲེལ་བར་འབྱུང་པ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ནི། མིང་དང་གཟུགས་ལ་སོགས་པར་རིམ་གྱིས་སོ། །ཇི་སྐད་དུ། ཐོག་མ་ཉིད་དུ་ནུར་ནུར་འགྱུར། །ནུར་ནུར་པོ་ལས་མེར་མེར་འགྱུར། །མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་རྐང་ལག་འགྱུས། །སྐྲ་སྦུ་སེན་མོ་ལ་སོགས་འབྱུང༌། །དབང་པོ་གཟུགས་ཅན་རྣམས་དང་ནི། མཚན་རྣམས་མཐར་གྱིས་འབྱུང་བར་འགྱུར། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་རྫོགས་སོ།། །།ཀུན་འབྱུང་གི་བདེན་པ་གང༌། ཉོན་མོངས་
པ་དང༌། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཀུན་འབྱུང་བའི་བདེན་པ་ནི། གང་ལས་སྡུག་བསྔལ་ཀུན་འབྱུང་བ་སྟེ། དེ་ཡང་གང་ཞེན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་ཏེ། ཟག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ཡིན་ན་ཀུན་འབྱུང་བ་བསྟེན་པ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲིད་པ་ཉིད་བསྟན་ཞེ་ན། ཐམས་ཅད་དུ་འགྲོ་བའི་གཙོ་བོར་གྱུར་པའི་ཕྱིར་ཏེ། གཙོ་བོར་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་སྲེད་པ་ཡང་འབྱུང་བ་ཅན། དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་ལ། ཀུན་འབྱུང་བའི་བདེན་བར་བསྟན་པས་བསྟན་ཏོ། །གཙོ་བོའི་དོན་གང༌། གང་ཐམས་ཅད་དུ་འགྲོ་བའི་དོན་ཏོ། །ཐམས་ཅད་དུ་འགྲོ་བའི་དོན་གང་འདི་ལྟར་སྲིད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་གང༌། འདི་ལྟར་སྲེད་པ་དངོས་པོ་ཐམས་ཅད་དུ་འགྲོ་བ་ནི། ཐོབ་པ་དང་མ་ཐོབ་པའི་ལུས་དང་ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལུས་ཐོབ་པ་ལ་ནི་སྲེད་པའོ། །མ་ཐོབ་པ་ལ་ནི་ཡང་འབྱུང་བའོ། །ཐོབ་པའི་ཡུལ་རྣམས་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ། །མ་ཐོབ་པའི་ཡུལ་རྣམས་ལ་ནི་དེ་དང་དེ་དག་ལ་མངོན་པར་དགའ་བར་རིག་པར་བྱའོ། །གནས་སྐབས་ཐམས་ཅད་དུ་འགྲོ་བ་དང༌། གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི་འདུ་བྱེད་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་གནས་སྐབས་གསུམ་པོ་དག་དང་ལྡན་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ་ནི་འབྲལ་བར་སྲེད་དོ། །མ་ཐོབ་པ་ལ་ནི་མ་ཕྲད་པས་སྲེད་དོ། །འགྱུར་བའི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི། ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་གིས་ནི་འབྲེལ་བའི་སྲེད་པ་དང༌། ཕྲད་པའི་སྲེད་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ལ་ནི་གཏི་མུག་གི་སྲེད་པ་སྟེ། ཉོན་མོངས་པ་དང༌། གནས་ངན་ལེན་གྱིས་རབ་ཏུ་ཕྱེ་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བས་རབ་ཏུ་ཕྱེ་པའི་ཕྱིར་རོ། །བྱེ་བྲག་ཏུ་ན་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ནི་འདུ་བྱེད་སྡུག་བསྔལ་ཉིད་ཀྱི་གནས་སྐབས་ཏེ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲེད་པ་འབྱུང་བར་རིག་པར་བྱའོ། །དུས་ཐམས་ཅད་དུ་འགྲོ་བ་དང༌། དུས་ཐམས་ཅད་དུ་
འགྲོ་བ་ནི། དུས་གསུམ་པོ་དག་གི་རྗེས་སུ་འགྲོ་བའི་ཕྱིར་རོ། །འདས་བའི་དུས་ལ་ནི་བལྟས་པའི་རྣམ་པས་རྗེས་སུ་འགྲོའོ། །མ་འོངས་པ་ལ་ནི་མངོན་བར་དགའ་བའི་རྣམ་པས་རྗེས་སུ་འགྲོའོ། །ད་ལྟར་བྱུང་པ་ལ་ནི་ལྷག་པར་ཆགས་པས་རྗེས་སུ་འགྲོའོ། །ཁམས་ཐམས་ཅད་དུ་འགྲོ་བ་དང༌། ཁམས་ཐམས་ཅད་དུ་འགྲོ་བ་ནི། འདོད་པ་དང་གཟུགས་དང༌། གཟུགས་མེད་པ་དག་གི་སྲེད་པ་དག་གིས་ཁམས་གསུམ་པ་ཁྱབ་པའི་ཕྱིར་རོ། །ཚོལ་བ་ཐམས་ཅད་དུ་འགྲོ་བ་དང༌། ཚོལ་བ་ཐམས་ཅད་དུ་འགྲོ་པ་ནི། དེས་འདོད་པ་དང༌། སྲིད་པ་དང༌། ལོག་བས་ཚངས་པར་སྤྱོད་པ་ཚོལ་བའི་ཕྱིར་རོ། །འདོད་པ་ཚོལ་བ་ནི་འདོད་པའི་ཁམས་ལས་ཡོངས་སུ་མ་གྲོལ་བ་དེ་ཉིད་སྡུག་བསྔལ་འགྲུབ་པར་བྱེད་དོ། །དེ་བཞིན་དུ་སྲིད་པ་ཚོལ་བ་ནི་གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སྡུག་བསྔལ་བར་བྱེད་དོ། །ལོག་པས་ཚངས་པར་སྤྱོད་པ་ཚོལ་བས་ནི་འཁོར་བ་ལས་ཡོངས་སུ་མ་གྲོལ་བ་དེར་འཁོར་རོ། །རྣམ་པ་ཐམས་ཅད་དུ་འགྲོ་བའོ། །རྣམ་པ་ཐམས་ཅད་དུ་འགྲོ་བ་ནི་བྱུང་བ་དང༌། འཇིག་པའི་སྲིད་པ་རྟག་པ་དང་ཆད་པའི་རྣམ་པ་དང༌། ལྡན་པའི་ཕྱིར་རོ། །ཉོན་མོངས་པ་དང༌། གྲངས་དང་མཚན་ཉིད་དང༌། འབྱུང་བ་དང༌། དམིགས་པ་དང་མཚུངས་པར་ལྡན་པ་དང༌། རྣམ་གྲངས་དང་ལོག་པར་ཞུགས་པ་དང༌། ཁམས་དང༌། རིས་དང༌། སྤོང་བར་ཀྱང་ཉོན་མོངས་པར་བལྟ་བར་བྱའོ། །གྲངས་གང༌། ཉོན་མོངས་པ་དྲུག་གམ་བཅུའོ། །ཉོན་མོངས་པ་དྲུག་གང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བའོ། །དེ་དག་ཉིད་ལྟ་བ་རྣམ་པ་ལྔའི་བྱེ་བྲག་གིས་བཅུར་འགྱུར་རོ། །ལྟ་བ་རྣམ་པ་ལྔའི་བྱེ་བྲག་ནི། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཚན་ཉིད་གང༌། ཆོས་གང་འབྱུང་བ་ན། རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བས་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །རབ་ཏུ་མ་ཞི་བའི་མཚན་ཉིད་ནི། ཉོན་མོངས་པ་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ཡང་རྣམ་པ་དྲུག་སྟེ། འདི་ལྟར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་
དང༌། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང༌། རྒོད་པས་རབ་ཏུ་མ་ཞི་བ་དང༌། རྨུགས་པས་རབ་ཏུ་མ་ཞི་བ་དང༌། བག་མེད་པས་རབ་ཏུ་མ་ཞི་པ་དང༌། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ། །འབྱུང་བ་གང་ཉོན་མོང་པའི་བག་ལ་ཉལ་མ་སྤངས་པར་གྱུར་བ་དང༌། ཉོན་མོངས་པའི་གནས་ཀྱི་ཆོས་ཀྱང་སྣང་པར་འགྱུར་བ་དང༌། ངེ་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཏེ། དེ་ལྟ་བུ་ལས་ཉོན་མོངས་པས་འབྱུང་བར་འགྱུར་རོ། དེ་ལ་ཉོན་མོངས་པའི་བག་ལ་ཉལ་བ་སྤངས་པར་གྱུར་པ་ཞེས་བྱ་བ་ནི། དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ལེགས་པར་མ་བཅོམ་པའི་ཕྱིར་རོ། །ཉོན་མོངས་པའི་གནས་ཀྱི་ཆོས་རྣམས་ཀྱང་སྣང་བར་འགྱུར་བ་ཞེས་བྱ་བ་ནི། ཆགས་པར་འགྱུར་བ་ལ་སོགས་པའོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི། ཡུལ་དེ་ལ་སྡུག་པའི་མཚན་མ་ལ་སོགས་པར་འཛིན་པ་སྟེ། འདོད་ཆགས་ལ་སོགས་པ་འབྱུང་བ་དང་མཐུན་པའོ། །དམིགས་པ་གང༌། ཉོན་མོངས་པ་ཐམས་ཅད་ནི། ཉོན་མོངས་པ་ཐམས་ཅད་ཀྱི་དམིགས་པར་བལྟ་བར་བྱའོ། །ཉོན་མོངས་པའི་གཞི་ཡང་དམིགས་པའོ། །མ་རིག་པ་གང༌། ལྟ་བ་དང༌། ཐེ་ཚོམ་མ་གཏོགས་པར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ནི་ས་གོང་མ་ལ་དམིགས་པའོ། །མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་མ་གཏོགས་པས་ཀྱང་གོང་མ་ལ་དམིགས་པ་ཡང་ཡོད་མོད་ཀྱི་དེ་དག་ནི་ཇི་ལྟར་རང་གིས་པ་ལ་དམིགས་པ་བཞིན་དུ་ས་དེ་ལ་མངོན་སུམ་དུ་དམིགས་པ་ནི་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཀུན་དུ་བརྟགས་པའི་སྒོ་ནས་འཇུག་པའི་ཕྱིར་དེ་ལ་དམིགས་པར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མ་རིག་པས་གོང་མ་ལ་དམིགས་པ་ནི་གང་ལྟ་བ་དང་མཚུངས་པར་ལྡན་བའོ། །ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་མ་གཏོགས་པ་སྟེ། གཞན་གྱི་ས་པའི་འདུ་བྱེད་ལ་ངའོ་སྙམ་དུ་མངོན་བར་ཞེན་པ་ནི་མ་མཐོང་ངོ༌། །ས་གོང་མའི་ཉོན་མོངས་པ་ནི་ས་འོག་མ་པ་ལ་དམིགས་པ་མ་ཡིན་ནོ། །ས་གོང་མའི་ཉོན་མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ཞེས་བྱ་བ་ནི་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་དང་ལམ་ལ་དམིགས་པའི་ཉོན་མོངས་བ་གང་ཡིན་པ་དེ་ནི་དེ་དག་ལ་དམིགས་པ་མ་
ཡིན་བར་བལྟ་བར་བྱ་སྟེ། འགོག་པ་དང་ལམ་ལ་དམིགས་པ་ན། དེ་གཉི་ག་ལ་དངོས་སུ་དམིགས་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་དེའི་རྗེས་ལ་ཐོབ་པས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །དེའི་དམིགས་པ་ནི་དེས་ཡོངས་སུ་རྟོག་པའོ་ཞེས་བྱ་བ་ནི། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོག་པའོ་ཞེས་བརྗོད་པར་བྱ་ལྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོག་པ་ཞེས་བྱ་བའི་ཚིག་དེ་ལས་ཡོངས་སུ་རྟོག་པ་ཞེས་བྱ་བའི་ཚིག་དེ་ལས་ཡོངས་སུ་བརྟགས་པ་གུད་ན་མེད་པའི་ཕྱིར་རོ། །གཞི་མེད་པ་ལ་དམིགས་པའི་ཉོན་མོངས་བ་ནི། ལྟ་བ་དང་མཚུངས་པར་ལྡན་པའོ། །དེ་ལས་གཞན་པ་ནི་གཞི་དང་བཅས་པ་ལ་དམིགས་པའོ། །མཚུངས་པར་ལྡན་པ་གང་འདོད་ཆགས་ནི་ཁོང་ཁྲོ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཁོང་ཁྲོ་དང་ཇི་ལྟ་བར་ཐེ་ཚོམ་དང་ཡང་དེ་བཞིན་ནོ། །ལྷག་མ་ནི་དེ་དང་མཚུངས་པར་ལྡན་ནོ། །ཅིའི་ཕྱིར་འདོད་ཆགས་ནི་ཁོང་ཁྲོ་དང་མཚུངས་པར་ལྡན་པ་མ་ཡིན་ཞེ་ན། ཤིན་ཏུ་མི་མཐུན་པ་གཉིས་གཅིག་ཏུ་འབྱུང་བ་མི་རིགས་པའི་ཕྱིར་རོ། །ཐེ་ཚོམ་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ནི། ཐེ་ཚོམ་དུ་གྱུར་ན་བློ་གནས་པ་མེད་པས་ཆགས་པར་འགྱུར་བ་མེད་པའི་ཕྱིར་རོ། །ལྷག་མ་ནི་དེ་དང་ཞེས་བྱ་བ་ནི། ང་རྒྱལ་ལ་སོགས་པ་དང་མི་མཐུན་པ་མེད་པའི་ཕྱིར་རོ། །མཚུངས་པར་ལྡན་པར་རིག་པར་བྱའོ། །འདོད་ཆགས་དང་ཁོང་ཁྲོ་དང་ཇི་ལྟ་བ་བཞིན་དུ། ཁོང་ཁྲོ་ཡང་འདོད་ཆགས་དང༌། ང་རྒྱལ་དང༌། ལྟ་བ་དང༌། མཚུངས་པར་ལྡན་པ་མ་ཡིན་ནོ། །ཁོང་ཁྲོ་བ་ཡང་འདོད་ཆགས་དང༌། ང་རྒྱལ་དང༌། ལྟ་བ་དང༌། མཚུངས་པར་ལྡན་པ་མ་ཡིན་ཞེས་བྱ་བ་ནི་སུ་ཞིག་དངོས་པོ་གང་ལ་ཞེ་འགྲས་པར་འགྱུར་བ་དེས་དེ་ལས་ཁེངས་པར་མི་འགྱུར་རོ། །དེ་རྟོག་པར་ཡང་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ང་རྒྱལ་ནི་ཁོང་ཁྲོ་དང༌། ཐེ་ཚོམ་དང༌། མཚུངས་པར་ལྡན་པ་མ་ཡིན་ནོ། །མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་དང་མ་འདྲེས་པ་ཡང་ཡིན་ནོ། །མ་འདྲེས་པ་ནི་བདེན་པ་རྣམས་མི་ཤེས་སོ། །ལྟ་བ་ནི་ཁོང་ཁྲོ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཐེ་ཚོམ་ནི་འདོད་ཆགས་དང༌། ང་རྒྱལ་དང་ལྟ་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ནི་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་ནོ། །མི་མཐུན་པ་དག་མི་མཐུན་པ་
དང་མཚུངས་པར་ལྡན་པ་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཀྱི་ཆར་གཏོགས་པ་རྣམས་ཞེ་སྡང་གི་ཆར་གཏོགས་པ་དག་དང་མཚུངས་པར་ལྡན་བ་མ་ཡིན་པ་བཞིན་ནོ། །མི་མཐུན་པ་མེད་པ་དག་ནི་ཉོན་མོངས་པ་བཞིན་དུ་མཚུངས་པར་རིག་པར་བྱའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །བདག་དང་གཞན་ལ་མི་ལྟ་བ་མིད་ན་ཀུན་དུ་འབྱུང་བ་མེད་པའི་ཕྱིར་རོ། །རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། པག་མེད་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །རྨུགས་པ་ལ་སོགས་པ་ཡང་ཉོན་མོངས་པ་ཅན་ཐམས་ཅད་དང་སྦྱར་བར་བྱ་སྟེ། ལས་སུ་མི་རུང་བ་ཉིད་ལ་སོགས་པ་མེད་པར་ཉོན་མོངས་པ་ཅན་མི་སྲིད་པའི་ཕྱིར་རོ། །རྣམ་གྲངས་གང་ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པ་དང༌། མདུད་པ་དང༌། སྒྲིབ་པ་དང༌། ཐ་བ་དང༌། དྲི་མ་དང༌། སྡིག་པ་དང༌། ཟུག་རྡུ་དང༌། ཅི་ཡང་དང༌། ཉེས་པར་སྤྱོད་པ་དང༌། ཟག་པ་དང༌། ཕོངས་པ་དང༌། ཡོངས་སུ་གདུང་བ་དང༌། འཁྲུག་པ་དང༌། འཐབ་པ་དང༌། རིམས་ནད་དང༌། ནགས་སྦྱོར་དང༌། གག་ས་ཞེས་བྱ་བ་དག་གོ །ཀུན་དུ་སྦྱོར་བ་རྣམས་ནི་དུ། ཇི་ལྟར་གང་དུ་སྦྱོར་ཀུན་དུ་སྦྱོར་བ་དགུ་སྟེ། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང༌། ཁོང་ཁྲོའི་ཀུན་དུ་སྦྱོར་བ་དང༌། ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང༌། མ་རིག་པའི་ཀུན་དུ་སྦྱོར་བ་དང༌། ལྟ་བའི་ཀུན་དུ་སྦྱོར་བ་དང༌། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་དང༌། ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དང༌། ཕྲག་དོག་གི་ཀུན་དུ་སྦྱོར་བ་དང༌། སེར་སྣའི་ཀུན་དུ་སྦྱོར་བའོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི། ཁམས་གསུམ་པའི་འདོད་ཆགས་སོ། །རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་ཁམས་གསུམ་པ་ལ་ཡིད་མི་འབྱུང་བར་འགྱུར་རོ། །ཡིད་མི་འབྱུང་བས་མི་དགེ་བ་ལ་སྤྱོད་ཅིང་དགེ་བ་ལ་མི་སྤྱོད་དེ། གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་གྲུབ་པར་བྱེད་པས་སྡུག་བསྔལ་དང་ཀུན་དུ་སྦྱོར་རོ། །གང་ཞིག་རྣམ་པ་གང་གིས་དངོས་པོ་གང་ལ་ཀུན་དུ་སྦྱོར་བ་དེ་ནི་བསྟན་པར་རིག་པར་བྱའོ། །ཀུན་དུ་སྦྱོར་བ་གང་ཞེ་ན། རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ནི། ཁམས་གསུམ་པའི་འདོད་ཆགས་ཀྱི་ངོ་བོ་ཉིད་དེ། ཀུན་དུ་སྦྱོར་བར་བྱེད་དོ། །རྣམ་པ་གང་
གིས་ཀུན་དུ་སྦྱོར་ཞེ་ན། དེ་དང་ལྡན་བ་ཁམས་གསུམ་པ་ལ་ཡིད་མི་འབྱུང་བ་ནི་མི་དགེ་བ་ཀུན་དུ་སྤྱོད་ཅིང་དགེ་བ་མི་སྤྱོད་པས་སོ། །གང་ཀུན་དུ་སྦྱོར་ཞེ་ན། ཕྱི་མ་ལ་སྡུག་བསྔལ་ཀུན་དུ་མངོན་པར་གྲུབ་པར་འགྱུར་རོ། །དེ་བཞིན་དུ་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཁོང་ཁྲོའི་ཀུན་དུ་སྦྱོར་བ་གང༌། སེམས་ཅན་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་སེམས་ཀྱི་ཀུན་ནས་མནར་སེམས་པའོ། །ཁོང་ཁྲོའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི། ཁོང་ཁྲོའི་རྒྱུ་ལས་སེམས་ཡལ་བར་མི་འདོར་ཏེ། གང་གིས་མི་དགེ་བ་སྤྱོད་དགེ་པ་མི་སྤྱོད་དོ། །གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱར་རོ། །ང་རྒྱལ་གྱི་ཀུན་དུ་སྦྱོར་བ་གང༌། ང་རྒྱལ་བདུན་ཏེ། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །ང་རྒྱལ་གང༌། ཆུང་དུ་བས་བདག་ཆེ་བའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཆེ་བའི་ང་རྒྱལ་གང༌། མཚུངས་པ་བས་བདག་ཆེ་བའམ། ཆེ་བ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ལས་ང་རྒྱལ་གང༌། ཆེ་བ་བས་ཀྱང་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། ངའོ་སྙམ་པའི་ང་རྒྱལ་གང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ། བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །མངོན་པའི་ང་རྒྱལ་གང་གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་གང༌། ཁྱད་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ལོག་པའི་ང་རྒྱལ་གང༌། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ། བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་ངར་འཛིན་པ་དང༌། ངར་ཡིར་འཛིན་པ་ཡོངས་སུ་མི་ཤེས་སོ། །ཡོངས་ཤེས་ན་དར་འཛིན་པ་དང༌། ང་ཡིར་འཛིན་པ་ལ་མངོན་པར་ཞེས་ནས། མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་བར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །མ་རིག་པའི་ཀུན་
དུ་སྦྱོར་བ་གང༌། ཁམས་གསུམ་པའི་མི་ཤེས་པའོ། །མ་རིག་པའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་སྡུག་བསྔལ་གྱི་ཆོས་རྣམས་དང༌། ཀུན་འབྱུང་བའི་ཆོས་རྣམས་ལ་ལྷག་པར་ཆགས་སོ། །འབྲས་བུ་དང༌། རྒྱུར་གྱུར་པའི་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་དང༌། དེའི་ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེ་དག་ལ་ལྷག་པར་ཆགས་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་གིས་ཕྱི་མའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའི་སྡུག་བསྔལ་དང་སྦྱར་རོ། །ལྟ་བའི་ཀུན་དུ་སྦྱོར་བ་གང༌། ལྟ་བ་གསུམ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བའོ། ལྟ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་ལོག་པར་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ལོ། །མངོན་པར་ཞེན་ཏོ། །ལྟ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་ལོག་པར་ངེས་པར་འབྱུང་བ་ཡོངས་སུ་ཚོལ་ཞེས་པ་ནི་བདག་གྲོལ་བར་འགྱུར་རོ། །བདག་གྲོལ་ལོ། །བདག་གྲོལ་ནས་ཀྱང་རྟག་པར་འགྱུར་རོ་སྙམ་པའམ། ཆད་པར་འགྱུར་ཏེ། སངས་རྒྱས་པ་ལ་ཐར་པ་མེད་དོ་སྙམ་དུ་རྟག་ཏུ་སྦྱོར་བར་འགྱུར་ཞེས་པའོ། །ལོག་པར་ངེས་པར་འབྱུང་བ་ལ་མངོན་པར་ཞེན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱར་རོ། །མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་གང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བ་བ་དང་ལྡན་པ་ནི་ལོག་པར་ངེས་པར་འབྱུང་བའི་ཐབས་ལ་རྟོག་ཅིང༌། འཕགས་པའི་ལམ་བརྒྱད་པོ་བོར་ནས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང༌། དེ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་ཀྱིས་དག་པར་ཡིད་ཆེས་པའི་ཕྱིར་རོ། །མངོན་པར་ཞེན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་གང༌། གང་བདེན་བ་རྣམས་ལ་ཡིད་གཉིས་ཟ་བའོ། །ཐེ་ཚོམ་གྱི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི། སངས་རྒྱས་དཀོན་མཆོག་ལ་སོམ་ཉི་ཟ་ཞིང༌། ཆིས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་ལ་སོམ་ཉི་ཟའོ། །དཀོན་མཆོག་རྣམས་ལ་སོམ་ཉི་ཟ་བས་ལེགས་པར་སྒྲུབ་པར་མི་འགྱུར་རོ། །དཀོན་མཆོག་རྣམས་ལེགས་པར་མི་སྒྲུབ་པས་མི་དགེ་བ་
སྤྱོད་ཅིང་དགེ་བ་མི་སྤྱོད་དོ། །གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱར་རོ། །ཕྲག་དོག་གི་ཀུན་དུ་སྦྱོར་བ་གང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཕ་རོལ་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པར་བྱས་པའི་སེམས་ཁོང་ནས་འཁྲུག་པའོ། །ཕྲག་དོག་གི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི་རྙེད་པ་དང་བཀུར་སྟི་ལ་གཅེས་སུ་འཛིན་པ་ཡིན་གྱི་ཆོས་གཅེས་སུ་འཛིན་བ་མ་ཡིན་ནོ། །རྙེད་པ་དང་བཀུར་སྟི་གཅེས་སུ་འཛིན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱར་རོ། །སེར་སྣའི་ཀུན་དུ་སྦྱོར་བ་གང་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཡོ་བྱད་རྣམས་ལ་སེམས་ཀྱིས་ཀུན་དུ་འཛིན་པའོ། །སེར་སྣའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི། སོག་པ་གཅེས་སུ་འཛིན་པ་ཡིན་གྱི། ཡོ་བྱད་བསྙུངས་པ་གཅེས་སུ་འཛི་པ་མ་ཡིན་ཏེ། སོག་པ་གཅེས་སུ་འཛིན་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དོ། །གང་གིས་ཕྱི་མ་ལ་སྡུག་བསྔལ་མངོན་བར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་སྦྱོར་རོ། །འཆིང་བ་ནི་གསུམ་སྟེ། འདོད་ཆགས་ཀྱི་འཆིང་བ་དང༌། ཞེ་སྡང་གི་འཆིང་བ་དང༌། གཏི་མུག་གི་འཆིང་བའོ། །འདོད་ཆགས་ཀྱི་འཆིང་བས་ནི་འགྱུར་བའི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཞེ་སྡང་གི་འཆིང་བས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །གཏི་མུག་གི་འཆིང་བས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །འདོད་ཆགས་ལ་སོགས་པའི་འཆིང་བས་འགྱུར་བའི་སྡུག་བསྔལ་ཉིད་ལ་སོགས་པས་འཆིང་བར་བསྟན་པ་ནི་འདོད་ཆགས་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་ཚོར་བ་ལ་ཕྲ་རྒྱས་སུ་འགྱུར་བའི་ཕྱིར་རོ། །ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་བརྟེན་ནས་དགེ་བ་ལ་སྦྱོར་བ་ན་འདོད་བ་བཞིན་དུ་བྱེད་པ་མི་འཐོབ་སྟེ། དེའི་ཕྱིར་ཡང་དེ་དག་ནི་འཆིང་བ་རྣམས་སོ། །ཕྱི་རོལ་གྱི་འཆིང་བས་བཅིངས་པ་ནི་གཉིས་མི་འཐོབ་སྟེ། འགྲོ་བ་མི་འཐོབ་པ་དང༌། འདུག་ཀྱང་ཇི་ལྟར་འདོད་པ་དང༌། བསམས་པ་དང་སྤྱོད་པ་ལ་འདོད་བཞིན་དུ་བྱེད་པ་མི་འཐོབ་པའོ། །ནང་གི་འདོད་ཆགས་ལ་སོགས་པའི་འཆིང་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བག་ལ་ཉལ་ནི་བདུན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང༌། ཁོང་ཁྲོའི་བག་ལ་ཉལ་དང༌། སྲིད་པའི་
འདོད་ཆགས་ཀྱི་བག་ལ་ཉལ་དང༌། ང་རྒྱལ་གྱི་བག་ལ་ཉལ་དང༌། མ་རིག་པའི་བག་ལ་ཉལ་དང༌། ལྟ་བའི་བག་ལ་ཉལ་དང༌། ཐེ་ཚོམ་གྱི་བག་ལ་ཉལ་ལོ། །འདོད་པས་འདོད་ཆགས་ཀྱི་བག་ལ་ཉལ་ནི་འདོད་པ་ལ་འདོད་ཆགས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །ཁོང་ཁྲོའི་ངག་ལ་ཉལ་ནི་ཁོང་ཁྲོའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཀྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །ང་རྒྱལ་གྱི་བག་ལ་ཉལ་ནི། ང་རྒྱལ་གྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །མ་རིག་པའི་བག་ལ་ཉལ་ནི་མ་རིག་པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །ལྟ་བའི་བག་ལ་ཉལ་ནི་ལྟ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །ཐེ་ཚོམ་གྱི་བག་ལ་ཉལ་ནི་ཐེ་ཚོམ་གྱི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནོ། །འདོད་པ་ཚོལ་བ་མ་སྤངས་པས་འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང༌། །ཁོང་ཁྲོའི་བག་ལ་ཉལ་རྒྱས་པར་འགྱུར་རོ། །འདོད་པ་འཚོལ་བམ་སྤངས་པའི་འདོད་པ་ལས་འདོད་ཆགས་དང༌། ཁོང་ཁྲོའི་བག་ལ་ཉལ་ཕྲ་རྒྱས་སུ་འགྱུར་ཏེ། དེའི་སྒོ་ནས་དེ་གཉིས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྲིད་པ་ཚོལ་བ་མ་སྤངས་པས་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་རྒྱས་པར་འགྱུར་རོ། །ལོག་པར་ཚངས་པར་སྤྱོད་པ་ཚོལ་བ་མ་སྤངས་པས་ང་རྒྱལ་གྱི་བག་ལ་ཉལ་དང༌། མ་རིག་པའི་བག་ལ་ཉལ་དང༌། ལྟ་བའི་བག་ལ་ཉལ་དང༌། ཐེ་ཚོམ་གྱི་བག་ལ་ཉལ་རྒྱས་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་འཇིག་རྟེན་པའི་གཉེན་པོ་ཆུང་ངུ་ཙམ་གྱིས་ཀྱང་ཁེངས་པར་འགྱུར་རོ། །བདེན་པ་རྣམས་ལའང་རྨོངས་པར་འགྱུར་རོ། །ལོག་པའི་ཐར་པ་དང༌། ཐར་པའི་ཐབས་ལའང་རྟོག་པར་བྱེད་དོ། །སངས་རྒྱས་རྣམས་ཀྱི་བསྟན་པ་དམ་པའི་ཆོས་འདུལ་བ་ལ་སོམ་ཉི་ཟའོ། །ཐེ་ཚོམ་ཟའོ། །ལོག་པའི་ཐར་པ་དང་ཐར་པའི་ཐབས་ལ་རྟོག་པར་བྱེད་དོ་ཞེས་བྱ་བ་ནི། ཀུན་དུ་སྦྱོར་བའི་ནང་དུ་ལྟ་བ་གསུམ་དང༌། མཆོག་ཏུ་འཛིན་པ་གཉིས་ཇི་སྐད་བཤད་པ་དང་གོ་རིམས་བཞིན་ནོ། །ཉེ་བའི་ཉོན་མོངས་པ་གང༌། ཉོན་མོངས་པ་གང་དག་ཡིན་པ་དེ་དག་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་ཡིན་ནོ། །ཉེ་བའི་ཉོན་མོངས་པ་ཡིན་ལ། ཉོན་མོངས་པ་མ་ཡིན་པ་ཡང་ཡོད་དོ། །ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པའི་སེམས་
ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ཉོན་མོངས་པ་ཅན་ནོ། །ཁྲོ་བ་ལ་སོགས་པར་རིག་པར་བྱའོ། །ཡང་འདོད་ཆགས་ནི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པའོ། །ཞེ་སྡང་དང་གཏི་མུག་གི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་སྟེ། ཉེ་བའི་ཉོན་མོངས་པ་དེས་སེམས་ཉོན་མོངས་པ་ཅན་དུ་གྱུར་ན་ཆགས་པ་དང་བྲལ་བར་མི་འགྱུར། གྲོལ་བར་མི་འགྱུར་ཏེ། སྒྲིབ་པ་དེ་མ་སྤངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སེམས་དེ་ནི་ཡུན་རིང་པོ་ནས་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ཞེ་སྡང་དང༌། གཏི་མུག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ཞེས་གསུངས་པ་ལྟ་བུའོ། །ཀུན་ནས་དཀྲིས་པ་ནི་བརྒྱད་དེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པའོ། །ཞི་གནས་ཀྱི་དུས་དང༌། རབ་ཏུ་འཛིན་པའི་དུས་དང༌། བཏང་སྙོམས་ཀྱི་མཚན་མ་བསྒོམ་པའི་དུས་དང༌། དེ་དག་གི་གཞི་དང་པོ་རྣམ་པར་དག་པའི་དུས་དང༌། ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པ་ཀུན་ནས་དཀྲིས་པ་དག་གོ །རྣལ་འབྱོར་པ་རྣམས་ཀྱི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བའི་ཕྱིར། ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པས་ཀུན་དུ་དཀྲིས་པ་དག་གོ ། དགེ་བའི་ཕྱོགས་ནི་ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་བསྒོམས་པ་སྟེ། དུས་ཇི་ལྟ་བ་བཞིན་ནོ། །དེ་དག་གི་གཞི་ནི་ཚངས་པར་སྤྱོད་པ་ལ་སོགས་པ་དག་ལས་བསྡུས་པའི་ཚུལ་ཁྲིམས་སོ། །དེ་ལ་ཞི་གནས་ཀྱི་དུས་ན་ནི་རྨུགས་པ་དང༌། གཉིད་ཀྱིས་བར་ཆད་བྱེད་དེ། ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ། །རབ་ཏུ་འཛིན་པའི་དུས་ན་ནི་རྒོད་པ་དང་འགྱོད་པ་སྟེ། ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱི་དུས་ན་ནི་ཕྲག་དོག་དང་སེར་སྣ་སྟེ། དེ་དང་ལྡན་ན་གཞན་དག་གི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་ཡིན། ཀུན་དུ་འཛིན་པའི་སྒོ་ནས་ཡང་དང་ཡང་སེམས་གཡོ་བའི་ཕྱིར་རོ། །ཚུལ་ཁྲིམས་རྣམ་པར་དག་པའི་དུས་ན་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྟེ། དེ་གཉི་ག་དང་ལྡན་ན་རྣམ་པ་ཐམས་ཅད་དུ་ལྟུང་བའི་གནས་ཀྱིས་མི་འཛེམ་པའི་ཕྱིར་རོ། །ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་
བོའོ། །རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དག་གོ །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་རྗེས་སུ་མཐུན་པ་དང་མི་མཐུན་པའི་ཕྱིར། ཆུ་བོ་དང་སྦྱོར་བ་གོ་རིམས་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །འདོད་པ་ཚོལ་བ་ལ་ཞུགས་པ་ནི་དང་པོའོ། །སྲིད་པ་ཚོལ་བ་ལ་ཞུགས་པ་ནི་གཉིས་པའོ། །ལོག་པའི་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པ་ནི་ཐ་མ་གཉིས་ཏེ། གནས་པ་དང༌། གནས་འབྲེལ་བའི་ཚུལ་གྱིས་སོ། །ལྟ་བའི་ཆུ་བོ་ནི་གནས་པའོ། །མ་རིག་པའི་ཆུ་བོ་ནི་གནས་ཏེ། རྨོངས་པར་གྱུར་ན་ཐར་པ་དང་དེའི་ཐབས་ལ་ལོག་པར་རྟོག་པའི་ཕྱིར་རོ། །སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང༌། སྲིད་པའི་སྦྱོར་བ་དང༌། ལྟ་བའི་སྦྱོར་བ་དང༌། མ་རིག་པའི་སྦྱོར་བའོ། །བྲལ་བའི་བར་དུ་གཅོད་པའི་ཕྱིར་སྦྱོར་བ་རྣམས་ཏེ། དེ་དག་ཀྱང་ཚོལ་བ་ལ་བཞུགས་པ་གསུམ་པོ་རྣམས་ཀྱི་ཡིན་ཏེ། །ཇི་ལྟར་མཐུན་པར་སྦྱར་རོ། །ཉེ་བར་ལེན་པ་ནི་བཞི་སྟེ། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །རྩོད་པའི་རྩ་བ་ཉེ་བར་ལེན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་སྲིད་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་སོ། །འདོད་པ་ལ་འདོད་ཆགས་དང་ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་དུ་འདོད་ཆགས་ཀྱི་རྒྱུས་ཁྱིམ་པ་རྣམས་དང༌། ཁྱིམ་པ་རྣམས་ལྷན་ཅིག་ཏུ་རྩོད་དེ། རྩོད་པ་དེའི་རྩ་བ་ནི་དང་པོ་ཡིན་ནོ། །ལྟ་བ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་དུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་ལྷན་ཅིག་ཏུ་རྩོད་དེ། རྩོད་པ་དེའི་རྩ་བ་ནི་ཉེ་བར་ལེན་པ་གསུམ་པོ་སྟེ། ལྟ་བར་གྱུར་བ་དྲུག་ཅུ་རྩ་གཉིས་ནི་ལྟ་བའི་ཉེ་བར་ལེན་པའོ། །ཕལ་ཆེར་བརྟུལ་ཞུགས་དང་དཀའ་ཐུབ་དྲག་པོ་སོ་སོར་ཐ་དད་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །དེ་དག་གི་གནས་འཇིག་ཚོགས་ལ་ལྟ་བ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་ནི་མུ་སྟེགས་བྱེད་ཕན་ཚུན་རྩོད་དེ། །དེ་ལ་འདོད་པ་དུ་མར་གྱུར་པའི་ཕྱིར་རོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ལ་ནི་ནང་མི་རྩོད་དེ།
ཐམས་ཅད་ཀྱང་བདག་ཡོད་པ་ཉིད་དུ་བློ་མཐུན་པའི་ཕྱིར་རོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པས་ནི་མུ་སྟེགས་ཅན་རྣམས་དང༌། ཆོས་འདི་པ་རྣམས་ལྷན་ཅིག་རྩོད་དེ་འདི་བདག་མེད་པར་སྨྲ་བའི་ཕྱིར་རོ། །དེ་ལྟར་དེ་དག་རྩོད་པའི་རྩ་བ་ཉེ་བར་ལེན་པ་ལ་མངོན་པར་ཞེན་པས་ཕྱི་མ་ལ་ཡང་སྲིད་པ་ཉེ་བར་ལེན་ཏེ་དེས་ན་ཉེ་བར་ལེན་པ་རྣམས་ཞེས་བྱའོ། །མདུད་པ་ནི་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང་གནོད་སེམས་ལུས་ཀྱི་མདུད་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང༌། འདི་བདེན་ནོ་ཞེས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པ་ལུས་ཀྱི་མདུད་པའོ། །མཉམ་པར་གཞག་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་གཅོད་པའི་ཕྱིར་མདུད་པ་རྣམས་སོ། །དེ་དག་གཟུགས་ལུས་ཀྱི་མདུད་པ་མ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་གཞག་པའི་སེམས་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་གཅོད་པས་མདུད་པ་དག་གོ །འདི་ལྟར་གཡེང་བ་ནི་བཞི་སྟེ། ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་སེམས་གཡེང་བ་དང༌། རྩོད་པ་ལ་ལེགས་པར་མི་བསྒྲུབ་པའི་རྒྱུ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་དྲག་པོས་སྡུག་བསྔལ་བར་གནས་པའི་རྒྱུ་དང་ཚུལ་བཞིན་མ་ཡིན་པར་ཤེས་བྱ་ལ་རྟོགས་པའི་རྒྱུས་སེམས་གཡེང་བར་བྱེད་པའོ། །སོ་སོའི་ལྟ་བ་ལ་བརྟེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་མངོན་པར་ཞེན་ནས་ཤེས་བྱ་ལ་རྟོགས་པས། ཚུལ་བཞིན་མ་ཡིན་པར་ཤེས་བྱ་ལ་རྟོགས་པའི་རྒྱུས་སེམས་གཡེང་བར་བྱེད་དོ། །གང་ལ་རྣམ་པར་གཡེང་བར་བྱེད་ཅེ་ན། མཉམ་པར་གཞག་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་མཐོང་བ་ལས་སོ། །སྒྲིབ་པ་ནི་ལྔ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་སྒྲིབ་པ་སྟེ། ཐེ་ཚོམ་གྱི་སྒྲིབ་པ་སྟེ། །དགེ་བའི་ཕྱོགས་མི་རྟོགས་པའི་རྒྱུ་ཡིན་པས་སྒྲིབ་པ་རྣམས་སོ། །དགེ་བའི་ཕྱོགས་མི་རྟོགས་པར་སེམས་ལ་སྒྲིབ་པར་བྱེད་པས་སྒྲིབ་པ་རྣམས་ཏེ། །དགེ་བ་ལ་འཇུག་པའི་བར་ཆད་བྱེད་ཅེས་བྱ་བའི་དོན་ཏོ། །རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་དུས་དང༌། བསྐུལ་བ་ན་ལེགས་པར་བསྒྲུབ་པའི་དུས་དང༌། ཞི་གནས་ཀྱི་དུས་དང༌། རབ་ཏུ་འཛིན་པའི་དུས་དང༌། །བཏང་སྙོམས་ཀྱི་དུས་ནའང༌། དགེ་བའི་ཕྱོགས་མི་རྟོགས་པའི་རྒྱུ་ཡིན་པས་སྒྲིབ་རྣམས་
སོ། །དེ་ལ་འདོད་པ་ལ་འདུན་པ་ནི་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་བར་ཆད་བྱེད་དོ། །ཡུལ་ལ་ཉེ་བར་སྤྱོད་པར་འདོད་པའི་སྒོ་ནས། དེ་ལ་མངོན་པར་མི་དགའ་བའི་ཕྱིར་རོ། །གནོད་སེམས་ནི་ལེགས་པར་བསྐུལ་བའི་དུས་ན་སྟེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡང་དག་པར་བསྒྲུབ་པའི་སློབ་པའི་གནས་ལ་བསྐུལ་ན། གནོད་སེམས་ཀྱི་སེམས་ཀྱིས་ཡང་དག་པར་མི་སློབ་པའི་ཕྱིར་རོ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་ནི་ཞི་གནས་དང༌། རབ་ཏུ་འཛིན་པ་གཉིས་སྔ་མ་བཞིན་དུ་ཞུམ་པ་དང༌། རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། ཐེ་ཚོམ་ནི་བཏང་སྙོམས་ཏེ། བཏང་ལ་ཕབ་པ་མེད་པར་བཏང་སྙོམས་སུ་བྱེད་མི་ནུས་པའི་ཕྱིར་རི། །ཐ་བ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཐ་བ་དང༌། ཞེ་སྡང་གི་ཐ་བ་དང༌། གཏི་མུག་གི་ཐ་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། སྔོན་གོམས་པའི་ཚུལ་གྱིས་འདོད་ཆགས་ལ་སོགས་པ་སྤྱོད་པར་འགྱུར་ཏེ། །སྤྱོད་པ་དེ་མ་སྤངས་པས་སེམས་ལས་སུ་མི་རུང་བ་དང༌། འབྲལ་དཀའ་བར་གྱུར་པ་དེ་དག་ནི་ཐ་བ་རྣམས་ཞེས་བྱའོ། །གཉེན་པོའི་ཐོང་གཤོལ་གྱིས་རློག་པར་དཀའ་བའི་ཕྱིར། །ཐ་བར་རྣམ་པར་གཞག་པར་རིག་པར་བྱའོ། །ཚེ་རབས་གཞན་དུ་གོམས་པར་བྱས་པས་སྤྱོད་པ་ཐ་པར་འགྱུར་བའི་ཕྱིར་རོ། །དྲི་མ་ནི་གསུམ་སྟེ། །འདོད་ཆགས་ཀྱི་དྲི་མ་དང༌། ཞེ་སྡང་གི་དྲི་མ་དང༌། གཏི་མུག་གི་དྲི་མའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས་དེའི་ངོ་བོ་འཆལ་བའི་ཚུལ་ཁྲིམས་ལྷག་པར་སྤྱོད་དེ། །གྲོང་ན་འདུག་ཀྱང་རུང༌། །དགོན་པ་ན་འདུག་ཀྱང་རུང༌། །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མཐོང་ན་གང་གི་ཕྱིར་འདི་སྐད་དུ། །ཚེ་དང་ལྡན་པ་འདི་ནི་འདི་ལྟ་བུ་བྱེད་པ། །འདི་ལྟ་བུ་སྤྱོད་པ་སྟེ། །མི་གཙང་བ་གྲོང་གི་ཚེ་མ་ཞེས་བརྗོད་པར་འགྱུར་བ་དེ་དག་ནི་དྲི་མ་རྣམས་ཞེས་བྱའོ། །འཆལ་བའི་ཚུལ་ཁྲིམས་མི་གཙང་བར་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དྲི་མ་རྣམས་སོ། །སྡིག་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་སྡིག་པ་དང༌། ཞེ་སྡང་གི་སྡིག་པ་དང༌། གཏི་མུག་གི་སྡིག་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་དེ་རྣམས་ལ་བརྟེན་ནས་དུས་རིང་པོར་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་མྱོང་བར་འགྱུར་བར་དེ་དག་ནི་སྡིག་པ་རྣམས་ཞེས་བྱའོ། །ཡང་དང་ཡང་འཁོར་བར་སྐྱེ་བ་དང༌། རྒ་
བ་དང༌། །འཆི་བའི་ཚུལ་གྱིས་གནོད་པར་བྱེད་པས་སྡིག་པ་རྣམས་སོ། །ཟུག་རྔུ་ནི་གསུམ་སྟེ་འདོད་ཆགས་ཀྱི་ཟུག་རྔུ་དང༌། ཞེ་སྡང་གི་ཟུག་རྔུ་དང༌། གཏི་མུག་གི་ཟུག་རྔུའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས་སྲིད་པ་དང༌། སྲིད་པའི་ཡོ་བྱད་རྣམས་ལ་ཤིན་ཏུ་འདོད་པ་སྐྱེ་ཞིང་གནས་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་ལ་ཐེ་ཚོམ་ཟ་བ་དེ་དག་ནི་ཟུག་རྡུ་རྣམས་ཞེས་བྱའོ། །སྲིད་པ་དང་སྲིད་པའི་ཡོ་བྱེད་རྣམས་དང༌། དཀོན་མཆོག་རྣམས་ལ་སྲིད་པ་དང༌། ཐེ་ཚོམ་གྱི་སྒོ་ནས་ཞུགས་ནས་གནོད་པའི་ཕྱིར་ཟུག་རྡུ་རྣམས་སོ། །ཅི་ཡང་ནི་གསུམ་སྟེ། འདོད་ཆགས་ཀྱི་ཅི་ཡང་དང༌། ཞེ་སྡང་གི་ཅི་ཡང་དང༌། གཏི་མུག་གི་ཅི་ཡང་ངོ༌། འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས་འཇིགས་པ་དང་བཅས། འཁོན་དང་བཅས་ཤིང༌། གཡེང་བ་རྣམས་མང་བར་གནས་པ་དེ་དག་ནི་ཅི་ཡང་རྣམས་ཞེས་བྱའོ། །ཡོ་བྱད་མང་པོ་ཡོངས་སུ་འཛིན་པས་ཅི་ཡང་དང་བཅས་པས་བྱས་ནས་འཇིག་པ་ལ་སོགས་པ་ལ་སྦྱོར་བའི་ཕྱིར་ཅི་ཡང་རྣམས་སོ། །ཉེས་པར་སྤྱོད་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཉེས་པར་སྤྱོད་པ་དང༌། ཞེ་སྡང་གི་དང༌། གཏི་མུག་གི་ཉེས་པར་སྤྱོད་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང༌། ངག་དང༌། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ཞེས་བྱའོ། །སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་ལ་འཇུག་པར་བྱེད་པའི་ཕྱིར། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ནི་ཉེས་པར་སྤྱོད་པ་མི་དགེ་བ་རྣམ་པར་བཞག་སྟེ་དེ་རྣམས་ཀྱི་སྒོ་ནས་ཉེས་པར་སྤྱོད་པའི་ཕྱིར་རོ། །ཡང་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུ་དང༌། ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཆགས་པ་ཉེས་པར་སྤྱད་པ་སྤྱོད་དོ། །གནོད་པར་བྱ་བའི་རྒྱུ་ལས་ཡོངས་སུ་རྟོག་པའི་རྒྱུ་དང༌། གཞན་གྱིས་ཉེས་པར་མི་བཟོད་པ་རྣམས་ཞེ་སྡང་གི་ཉེས་པར་སྤྱད་པ་སྤྱོད་དོ། །ཆོས་ལ་ལོག་པར་མངོན་པར་ཞེན་པའི་རྒྱུས་ཕྱིན་ཅི་ལོག་ཏུ་ལྟ་བ་མཆོད་སྦྱིན་ལ་སོགས་པ་དག་གཏི་མུག་གི་ཉེས་པར་སྤྱད་པ་སྤྱོད་དོ། །སེམས་ཅན་རྣམས་ཉེས་པར་སྤྱད་པ་སྤྱོད་དོ། །དེ་ལྟ་བས་ན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཉེས་པར་སྤྱོད་པའི་རྩ་བ་རྣམས་ཞེས་བྱའོ། །ཟག་པ་ནི་གསུམ་སྟེ། འདོད་པར་ཟག་
པ་དང༌། སྲིད་པར་ཟག་པ་དང༌། མ་རིག་པར་ཟག་པའོ། །སེམས་རྣམ་པར་འཕྲོ་བར་ཟག་པར་བྱེད་པ་དང༌། ཕྱི་རོལ་དུ་བལྟས་ཏེ་ཟག་པའི་ཕྱིར་འདོད་པར་ཟག་པའོ། །ནང་དུ་བལྟས་ཏེ་ཟག་པའི་ཕྱིར་སྲིད་པར་ཟག་པའོ། །ཟག་པ་དེ་གཉི་གའི་གནས་ཡིན་པའི་ཕྱིར་མ་རིག་པར་ཟག་པའོ། །སེམས་རྣམ་པར་འཕྲོ་བར་བྱེད་པའི་ཕྱིར་ཟག་པ་རྣམས་སོ། ཕོངས་པ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཕོངས་པ་དང༌། ཞེ་སྡང་དང༌། གཏི་མུག་གི་ཕོངས་པའོ། །འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དེ་རྣམས་ལ་བརྟེན་ནས། སྲིད་པའི་ཡོ་བྱད་འདོད་པའི་ཕོངས་པས་གནོད་པར་བྱེད་པ་དེ་དག་ཕོངས་པ་རྣམས་ཞེས་བྱའོ། །ལུས་དང་སེམས་ལ་ཕོངས་པར་བྱེད་པས་ཕོངས་པ་རྣམས་སོ། །ཡོངས་སུ་གདུང་བ་ནི་གསུམ་སྟེ། འདོད་ཆགས་ཀྱིས་ཡོངས་སུ་གདུང་བ་དང༌། ཞེ་སྡང་དང༌། གཏི་མུག་གིས་ཡོངས་སུ་གདུང་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། ཚུལ་བཞིན་མ་ཡིན་པར་མཚན་མར་འཛིན་པ་དང༌། མངོན་རྟགས་སུ་འཛིན་པར་འགྱུར་ཏེ། མཚན་མར་འཛིན་པ་དང༌། མངོན་རྟགས་སུ་འཛིན་པ་གང་གིས་ལུས་ཡོངས་སུ་གདུང་བར་འགྱུར་བ་དང༌། སེམས་ཡོངས་སུ་གདུང་བར་འགྱུར་བ་དེ་དག་གདུང་བ་རྣམས་ཞེས་བྱའོ། །ཚུལ་བཞིན་མ་ཡིན་པའི་མཚན་མ་དང༌། མངོན་རྟགས་སུ་འཛིན་དུ་བཅུག་ནས་ལུས་དང་སེམས་ལ་ཡོངས་སུ་གདུང་བར་བྱེད་པས་གདུང་བ་རྣམས་སོ། །འཁྲུག་པ་ནི་གསུམ་སྟེ། འདོད་ཆགས་ཀྱིས་འཁྲུག་པ་དང༌། ཞེ་སྡང་གིས་འཁྲུག་པ་དང༌། གཏི་མུག་གིས་འཁྲུག་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས་གང་དུ་དགའ་བ་དང༌། ལྷག་པར་ཆགས་པ་དེ་རྣམ་པར་གྱུར་ཅིང་གཞན་དུ་གྱུར་ན་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ཀྱིས་རེག་པར་འགྱུར་བ་དེ་དག་ནི་འཁྲུག་པ་རྣམས་ཞེས་བྱའོ། །གཟུགས་ལ་སོགས་པའི་དངོས་པོ་ལ་དགའ་བ་དང༌། ལྷག་པར་ཆགས་པར་བྱེད་དུ་བཅུག་ནས། དེ་རྣམ་པར་གྱུར་ན་མྱ་ངན་ལ་སོགས་པས་སེམས་ཅན་རྣམས་འཁྲུག་པར་བྱེད་པའི་ཕྱིར་འཁྲུག་པ་རྣམས་ཞེས་བརྗོད་དོ། །
འཐབ་པ་ནི་གསུམ་སྟེ། འདོད་ཆགས་ཀྱིས་འཐབ་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་འཐབ་པའོ། །འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། ཆགས་པ་གཅོད་པ་དང༌། མཚོན་ཆག་ལེན་པ་དང༌། དབྱུག་པ་ལེན་པ་དང༌། འཐབ་པ་དང༌། མཚང་འབྲུ་བ་དང༌། རྩོད་པ་དང༌། འགྱེད་པ་རྣམས་འབྱུང་བ་དེ་དག་ནི་འཐབ་པ་རྣམས་ཞེས་བྱའོ། །མཚོན་ཆ་ལེན་པ་ལ་སོགས་པའི་འཐབ་པར་བྱེད་པས་འཐབ་པ་རྣམས་སོ། །རིམས་ནད་ནི་གསུམ་སྟེ། འདོད་ཆགས་ཀྱི་རིམས་ནད་དང༌། ཞེ་སྡང་དང༌། གཏི་མུག་གི་རིམས་ནད་དོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དེ་རྣམས་ལ་བརྟེན་ནས། ཆོས་མ་ཡིན་པ་ལ་འདོད་ཆགས་པས་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བ་དང༌། དེ་ལ་ཆོས་མ་ཡིན་པ་ལ་འདོད་ཆགས་པ་ནི། གང་མི་དགེ་བའི་ལམ་རྣམས་ལ་རྗེས་སུ་ཆགས་པའོ། །མི་མཐུན་པས་ཆགས་པས་ཡོངས་སུ་གདུང་བར་འགྱུར་བ་དང༌། མི་མཐུན་པས་ཆགས་པ་ནི་མི་རིགས་པ་ཆོས་མ་ཡིན་པས་ཡུལ་ཀུན་དུ་ཚོལ་བའོ། །ཆོས་ལོག་པའི་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བ་ཆོས་ལོག་པ་ནི་ཉེས་པར་བཤད་པའི་ཆོས་སུ་རིག་པར་བྱའོ། །དེ་དག་ནི་རིམས་ནད་རྣམས་ཞེས་བརྗོད་དོ། །ནགས་སྦྱོར་ནི་གསུམ་སྟེ། འདོད་ཆགས་ཀྱི་ནགས་སྦྱོར་དང༌། ཞེ་སྡང་དང༌། གཏི་མུག་གི་ནགས་སྦྱོར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། སྐྱེ་བའི་རྩ་བ་འདུ་བྱེད་རྣམས་ལ་ཆགས་ཏེ། འགྲོ་བ་ལྔའི་འཁོར་བར་ལུས་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པ་དེ་དག་ནི་ནགས་སྦྱོར་རྣམས་ཞེས་བྱ་བའོ། །སྐྱེ་བའི་རྩ་བའི་འཁོར་བའི་ཤིང་གི་ནགས་ཚལ་ལ་ཆགས་པར་བྱེད་པས་ནགས་སྦྱོར་རྣམས་ཞེས་བརྗོད་དོ། །གག་ས་ནི་གསུམ་སྟེ། འདོད་ཆགས་ཀྱི་གག་ས་དང༌། ཞེ་སྡང་དང༌། །གཏི་མུག་གི་གག་ས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་རྣམས་ལ་བརྟེན་ནས། ལུས་ལ་ལྟ་བ་དང་བཅས་པས་དགེ་བ་ལ་མི་སྦྱོར་བ་དང༌། ལུས་ལ་ལྟ་བ་དང་བཅས་པ་དེ་བཞིན་དུ་ལོངས་སྤྱོད་ལ་ལྟ་བ་དང་བཅས་པ་དང༌། བློ་མ་བྱང་བ་དང༌། འདྲེ་ཞིང་གནས་པ་དང༌། ཅུང་ཟད་ཙམ་གྱིས་ཆོག་
པར་འཛིན་པས་དགེ་བ་ལ་མི་སྦྱོར་བ་དེ་དག་ནི་གགས་རྣམས་ཞེས་བྱའོ། །ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པས་དགེ་བ་སྦྱོར་བའི་གགས་ཏེ། ཡང་ལུས་ལ་ལྟ་བ་ལ་སོགས་པ་ནི་གགས་རྣམ་པ་ལྔའོ། །ལོག་པར་ཞུགས་པ་ཇི་ལྟ་བུ། འདོད་ཆགས་ནི་ཡུལ་དང་ལྟ་བལ་ལོག་པར་རྟོག་པའོ། །བསྒོམ་པས་སྤང་བར་བྱ་བ་དང༌། མཐོང་བས་སྤང་བར་བྱ་བ་དང༌། གོ་རིམས་བཞིན་ནོ། །འདོད་ཆགས་ནི་སྡུག་པ་ཙམ་དུ་དམིགས་པའི་ཕྱིར་རོ། །གང་ཡང་སེམས་ཅན་ལ་འདོད་ཆགས་པ་དེ་ནི་ཡུལ་གྱི་སྒོ་ཉིད་ནས་ལོག་པར་རྟོག་པར་རིག་པར་བྱའོ། །འདོད་ཆགས་ཇི་ལྟ་བར་ཁོང་ཁྲོའང་དེ་བཞིན་ནོ། །དེ་བཞིན་དུ་ཁོང་ཁྲོ་བ་ནི་མི་མཐུན་པའི་རྒྱུ་རྐྱེན་ལ་དམིགས་པའི་ཕྱིར་ཏེ། སེམས་ཅན་རྣམས་ལ་འབྱུང་བ་ཡང་ཡུལ་གྱི་སྒོ་ཉིད་ནི་ལོག་པར་རྟོག་པར་རིག་པར་བྱའོ། །ང་རྒྱལ་ནི་སེམས་ཅན་རྣམས་དང༌། ལྟ་བ་ལོག་པར་རྟོག་པའོ། །ཆུང་དུ་བས་བདག་ཆེ་བའོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འབྱུང་བའི་ཕྱིར་སེམས་ཅན་རྣམས་ལ་ལོག་པར་རྟོག་པར་རིག་པར་བྱའོ། །འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་ནི་ཤེས་བྱ་ལ་ལོག་པར་རྟོག་པའོ། །སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་སྒོ་ནས་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛི་པ་ཇི་ལྟབ་ལ་ལོག་པར་རྟོག་པའོ། །ལྟ་བ་ཉེས་པ་ཉིད་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ཡང་དག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་ནི་གཉེན་པོ་ལ་སོགས་པར་རྟོག་པའོ། །བདེན་པ་རྣམས་ལ་བློ་རྣམ་པ་གཉིས་སུ་འཇུག་པའི་ཕྱིར་རོ། །མ་རིག་པ་ནི་ཐམས་ཅད་ལ་ལོག་པར་རྟོག་པའོ། །ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི། སྡུག་བསྔལ་བ་དང་ཀུན་འབྱུང་བ་ལ་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་པའོ། །ཉོན་མོངས་པ་བཅུ་ཆར་ཡང་སྡུག་བསྔལ་བ་དང་ཀུན་འབྱུང་བའི་རྒྱུ་ཡིན་ལ། དེ་གཉིས་ཀྱང་ད་དག་གི་གཞིའི་གནས་ཡིན་ནོ། །དེའི་ཕྱིར་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་ཅེས་བརྗོད་པར་བྱའོ། །ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི། འགོག་པ་དང་ལམ་ལ་ཡང་དེ་ལ་སྐྲག་པ་སྐྱེད་པས་ལོག་པར་ཞུགས་པའོ། །ཉོན་མོངས་པའི་དབང་
གིས་འཁོར་བ་ལ་མངོན་པར་དགའ་བ་དང༌། རྣམ་པར་བྱད་བ་ལ་གཡང་སར་འདུ་ཤེས་ནས་སྐྲག་པ་དང༌། ཕྱིན་ཅི་ལོག་ཏུ་རྟོག་པ་འགོག་པ་དང༌། ལམ་ལ་ལོག་པར་རྟོག་པར་རིག་པར་བྱའོ། །མུ་སྟེགས་ཅན་རྣམས་ཀྱིས་ནི་རྣམ་བ་གཞན་དུ་ཀུན་དུ་བརྟགས་ནས་དེ་ལ་ལོག་པར་རྟོག་པའི་ཕྱིར་རོ། །ཁམས་ཀྱི་ཇི་ལྟ་བུ། ཁོང་ཁྲོ་མ་གཏོགས་པ་ཁམས་གསུམ་པ་ཐམས་ཅད་དོ། །ཁོང་ཁྲོ་ནི་འདོད་པ་དང་ལྡན་པའོ། །འདོད་ཆགས་ནི་འདོད་པའི་ཁམས་ན་བདེ་བ་དང༌། ཡིད་བདེ་བ་དང༌། གཏང་སྙོམས་དང་མཚུངས་པར་ལྡན་ནོ། །འདོད་པའི་ཁམས་ལ་ཇི་ལྟ་བདེ་བཞིན་དུ། བསམ་གཏན་དང་པོ་དང་གཉིས་པ་ལ་ཡང་དེ་བཞིན་ནོ། །གསུམ་པ་ནི་བདེ་བ་དང༌། གཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་དུ་ནི་བཏང་སྙོམས་ཉིད་དང་མཚུངས་པར་ལྡན་ནོ། །དེ་ལ་འདོད་པ་ན་སྤྱོད་པའི་འདོད་ཆགས་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཐམས་ཅད་ནི་རྒྱུན་ཆད་པའི་དུས་ན་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དགའ་བའི་རྣམ་པར་འགྱུར་བའི་ཕྱིར་རོ། །ཁོང་ཁྲོ་ནི་སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྔ་པའི་ཁོང་ཁྲོ་བ་ནི་སྡུག་བསྔལ་དང་མཚུངས་པར་ལྡན་ནོ། །དྲུག་པ་ཡིད་ཀྱི་ས་པ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །ཐམས་ཅད་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ་སྔ་མ་བཞིན་ནོ། །བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། དམན་པའི་རྣམ་པར་འགྱུར་བའི་ཕྱིར་རོ། །ང་རྒྱལ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །བསམ་གཏན་དང་བོ་དང་གཉིས་པ་ལ་ནི་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གསུམ་པ་ལ་ནི་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡང་ཆད་དུ་བཏང་སྙོམས་ཁོན་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ནི་འདོད་པའི་ཁམས་ན་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་དང༌།
མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །བསམ་གཏན་དང་པོ་དང་གཉིས་པ་ན་བདེ་བ་དང་ཇི་ལྟར་ལྡན་ཞེ་ན། ཡིད་ཀྱི་ས་པའི་བདེ་བ་དང་མཚུངས་པར་ལྡན་ནོ། །དེ་ན་ཡིད་ཀྱི་ས་པའི་བདེ་བ་ཇི་ལྟ་བུ་ཞེ་ན། དགའ་བ་དང༌། བདེ་བ་ཞེས་གང་འབྱུང་བ་སྟེ། ཇི་སྐད་དུ་དག་པ་གང་ཞེ་ན། གང་གནས་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་པའི་སེམས་ཚིམ་པ་དང༌། སེམས་ཤིན་ཏུ་དགའ་བ་དང༌། སེམས་རངས་པ་དང༌། སེམས་དགའ་བ་དང༌། བདེ་བ་མྱོང་བ་སྟེ། ཚོར་བར་གཏོགས་པའོ། །བདེ་བ་གང་ཞེ་ན། གང་གནས་གྱུར་པའི་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་བརྟེན་པའི་གནས་ལ་ཕན་པ་དང༌། གནས་ཚིམ་པ་དང༌། བདེ་བ་མྱོང་བ་སྟེ། ཆོར་བར་གཏོགས་པའོ་ཞེས་བཤད་པ་ལྟ་བུའོ། །དེ་ནི་འདི་སྐད་དུ་འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཏེ། གཞན་ལ་མཉམ་པར་གཞག་པ་མེད་པའི་ཕྱིར་རོ། །བདེ་བའི་ཚོར་བ་ལ་བསམ་གཏན་དང་པོ་དང་གཉིས་པ་ལ་འབྱུང་བ་ན། སེམས་དང་སེམས་ལས་བྱུང་བའི་ཆོགས་གང་དང་མཚུངས་པར་ལྡན་པ་དེ་དགའ་བའི་རྣམ་པས་ཚིམ་པར་བྱེད་པ་དང༌། གནས་ཀུན་དུ་ལེན་པའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ་པར་བྱེད་པ་སྟེ། དེ་བས་ན་དེ་གཉི་གའི་བྱ་བ་བྱེད་པའི་ཕྱིར་འདི་ནི་དགའ་བ་དང་བདེ་བ་ཞེས་བྱ་བ་རྣམ་པ་གཉི་གར་གཞག་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བས་ན་དེ་དང་མཚུངས་པར་ལྡན་པའི་ང་རྒྱལ་ནི་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱའོ། །ང་རྒྱལ་ཇི་ལྟ་བ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་དེ་བཞིན་ནོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ཚོར་བ་གང་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །ལོག་པར་ལྟ་བ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། ཇི་ལྟར་ན་མཚུངས་པར་ལྡན་ཏེ། ལགས་
པར་བྱས་པ་དང༌། ཉེས་པར་བྱ་བ་བྱེད་པ་རྣམས་ཀྱིས་དེའི་འབྲས་བུ་མེད་པར་མཐོང་ནས་མོས་པ་དང་དགའ་བ་སྐྱེ་བའི་ཕྱིར་རོ། །བདེ་བ་དང༌། སྡུག་བསྔལ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། ལྟ་བ་ཐམས་ཅད་ནི་ཡིད་ཀྱི་ས་མ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ནི་འདོད་པའི་ཁམས་ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི། ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །ཐེ་ཚོམ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་ཡང་མཚུངས་པར་ལྡན་པ་མ་ཡིན་ཏེ། ངེས་པ་མེད་པའི་སེམས་ནི་མོས་པ་མེད་པས་ཡིད་ལ་བདེ་བ་མེད་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ནི་ཐེ་ཚོམ་གྱི་ཤེས་ཆེ་བའི་བསམ་གཏན་པ་རྣམས་ཀྱི་དགའ་བ་དང་བདེ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པའི་རྗེས་སུ་འགྲོ་བ་ཉིད་དེ། །དེ་ན་བདེ་བ་དང་ཡིད་བདེ་བ་དང་ཡང་མཚུངས་པར་ལྡན་ནོ། །མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་ཅན་ཡིན་པས། །གང་ན་ཚོར་བ་གང་ཡོད་པ་དེ་ན་དེ་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །ཡང་མ་རིག་པ་མ་འདྲེས་པ་གང་ཡིན་པ་དེ་ནི། །འདོད་པའི་ཁམས་ནི་ཡིད་མི་བདེ་བ་དང༌། བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་ཚོར་བ་གང་ཡོད་པ་དང་མཚུངས་པར་ལྡན་ནོ། །མ་རིག་པ་མ་འདྲེས་པ་གང་ཡིན་པ་དེ་ནི་བདེ་བ་དང༌། ཡིད་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན། མཚུངས་པར་ལྡན་པ་མ་ཡིན་པ་ལས་བརྩམས་ཏེ་ཐེ་ཆོམ་དང་ཚུལ་མཚུངས་པར་བལྟ་བར་བྱའོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན། ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པའི་རྒྱུན་ཇེ་ཆུང་ཇེ་དུ་འགྲོ་བས་རྒྱུན་ཆད་པའི་ཤུགས་ཀྱིས་རྒྱུན་ཆད་པའི་ཕྱིར་རོ། །ཐ་མ་གདོན་མི་ཟ་བར་ཐ་མལ་བར་འདུག་པའི་སྒོ་ནས་བཏང་སྙོམས་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །འདོད་ཆགས་ནི་འདོད་པའི་ཁམས་ན་རྣམ་པར་ཤེས་པའི་ཚོགས་དྲུག་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཇི་ལྟ་བར་ཁོང་ཁྲོ་དང་མ་རིག་པ་ཡང་དེ་བཞིན་ནོ། །གཟུགས་ཀྱི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་བཞི་དང་ལྡན་ནོ། །དེ་ན་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །
གཟུགས་མེད་པའི་ཁམས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་ནོ། །འདོད་ཆགས་ཇི་ལྟ་བར་མ་རིག་པ་ཡང་དེ་བཞིན་ནོ། །ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་ནི་ཐམས་ཅད་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་པ་ཉིད་དེ། ཡོངས་སུ་འཇལ་བ་ལ་སོགས་པའི་སྒོ་ནས་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ནི་འདོད་པའི་ཁམས་ན་དངོས་པོའི་ཕྱོགས་གཅིག་ལ་འཇུག་གོ །འདོད་པའི་ཁམས་ཇི་ལྟ་བར་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ནོ། །ང་རྒྱལ་ནི་ཕྱོགས་གཅིག་ལའང་འཇུག་པ་ཉིད་དེ། །གང་ཡང་རུང་བའི་ཡན་ལག་གིས་ཁེངས་པར་འགྱུར་བའི་ཕྱིར་རོ། །ལྷག་མ་རྣམས་དི་ཐམས་ཅད་དུ་ཡང་དངོས་པོ་མཐའ་དག་ལ་འཇུག་གོ །རིས་ཀྱི་ཇི་ལྟ་བུ། ཉོན་མོངས་པའི་རིས་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །དེ་ལ་འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་བཅུ་པོ་ཞེས་བྱ་བ་ནི། དེ་ན་གང་དག་དེའི་རྒྱུ་དང་གཞིའི་གནས་ཀྱིས་ལོག་པར་རྟོག་པ་དག་གོ །དེ་བཞིན་དུ་ཀུན་འབྱུང་བ་ཞེས་པ་ལ་སོགས་པ་ཡང་ཇི་ལྟར་རིགས་པར་ལོག་པར་རྟོག་པ་དག་སྟེ། དེ་ནི་མཐོང་བའི་སྤང་བྱ་ཞེས་པའོ། །ཅིའི་ཕྱིར་གང་དག་གང་གི་ཚེ་དམིགས་པ་དེ་དག་དེ་ལ་ལོག་པར་རྟོག་པར་རིག་པར་བྱ་ཞེ་ན། ཟག་པ་མེད་པའི་དམིགས་པ་དག་ནི་གདོན་མི་ཟ་བ་མ་ཡིན་གྱི། ཟག་པ་དང་བཅས་པའི་དངོས་པོ་ནི་ཕྲ་རྒྱས་སུ་བྱེད་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་དགུའོ། །དེ་ན་གང་དག་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་རྟོག་པ་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མཐོང་བས་
སྤང་བར་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །དེ་ན་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ཏེ། དེ་དག་མདོར་བསྡུས་ནས་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །འདོད་པའི་ཁམས་ན་བསྒོམ་པས་སྤང་བར་བྱ་བ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང་མ་རིག་པའོ། །དེ་ལ་འཇིག་ཚོགས་སུ་བླ་བ་ལྷན་ཅིག་སྐྱེས་པ་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། །མཐོང་བའི་ལམ་སྐྱེས་སུ་ཟིན་ཀྱང་གང་ལ་བརྟེན་ནས་འཕགས་པ་ཉན་ཐོས་ལ་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་འབྱུང་བའོ། །ཇི་སྐད་དུ། ཚེ་དང་ལྡན་པ་བྲན་ཅན་ཁོ་བོས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་བདག་གམ་བདག་གིར་རྗེས་སུ་མི་མཐོང་མོད་ཀྱི། །འོན་ཀྱང་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང༌། ངའོ་སྙམ་པའི་འདུན་པ་དང༌། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་སོ། །ཡོངས་སུ་མ་ཤེས་སོ། །མ་བཀག་གོ །མཐའ་མེད་པར་མ་བྱས་སོ་ཞེས་གསུངས་པ་ལྟ་བུའོ། །དཔེར་ན་མ་མའི་གོས་དྲི་མ་ཅན་དུ་གྱུར་པ་བུ་ལ་ཏོག་ལ་སོགས་པས་ལེགས་པར་བཀྲུས་ཏེ། །དྲི་མ་མེད་པར་གྱུར་ཀྱང་དེ་ཞེན་པར་གོས་པས་དྲིའི་བག་ཡོད་དེ་དེ་སྤོས་དྲི་ཞིམ་པོས་བསྒོས་པས་ཡང་བསལ་བར་བྱ་དགོས་པ་དེ་བཞིན་དུ། མཐོང་བའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ཀུན་བརྟགས་པའི་དྲི་མ་སྤངས་པའི་འཕགས་པ་ཉན་ཐོས་ལ་ཡང་སྔོན་མངོན་པར་ཞེན་ཏེ། གོམས་པར་བྱས་པ་དངོས་པོ་མ་བརྟགས་པའི་བདག་ཏུ་ལྟ་བ་རྗེས་སུ་འབྲང་སྟེ། དེ་ནི་ལམ་བསྒོམ་པས་སྤང་བར་བྱ་དགོས་པ་ཡིན་ནོ། །མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཆད་པར་ལྟ་བས་བསྡུས་པར་རིག་པར་བྱ་སྟེ། དེས་བདག་གི་བདག་གང་ཡིན་ཞེས་ཡོངས་སུ་ཡི་ཆད་པའི་ཕྱིར། མྱ་ངན་ལས་འདས་པ་ལས་ཡིད་ཕྱིར་ལྡོག་པར་བྱེད་དེ། ལྟ་བའི་ཕྱོགས་དང་མཐུན་པ་མ་གཏོགས་པར་འདོད་ཆགས་ལ་སོགས་པ་ནི་བསྒོམ་པས་སྤང་བ་བྱ་བ་དག་གོ །གཟུགས་ཀྱི་ཁམས་ན་ནི་ཁོང་ཁྲོ་གཏོགས་པ་ལྔའོ། །གཟུགས་ཀྱི་ཁམས་ནི་ཇི་ལྟ་བར་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ཏེ། དེ་
དག་མདོར་བསྡུ་ན་བཅུ་དྲུག་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་སོ། །སྤོང་བས་ཇི་ལྟ་བུ་ཇི་ལྟར་སྤོང་བ་དང་ཡིད་ལ་བྱེད་པ་ཅི་འདྲ་བ་དང༌། གང་ཞིག་གང་ལས་སྤང་པའོ། །ཇི་ལྟར་སྤོང་ཡོངས་སུ་ཤེས་པ་དང༌། ཡོངས་སུ་སྤོང་བ་དང༌། གཉེན་པོ་རྙེད་པས་སོ། །ཡོངས་སུ་ཤེས་པས་གང༌། དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་དང༌། ངོ་བོ་ཉིད་ཡོངས་སུ་ཤེས་པ་དང༌། ཉེས་དམིགས་ཡོངས་སུ་ཤེས་པའོ། །དེ་ལ་དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་ཡིན་ཞེས་པ་ལ་སོགས་པ་བཞིན་ནོ། །ངོ་བོ་ཉིད་ཡོངས་སུ་ཤེས་པ་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་བདག་ཉིད་ཀྱི་ཉོན་མོངས་པ་ནི་འབྱུང་ངོ་ཞེས་པའོ། །ཉེས་དམིགས་ཡོངས་སུ་ཤེས་པ་ནི་བདག་ལ་གནོད་པ་དང༌། གཞན་ལ་གནོད་པ་དང༌། གཉི་ག་ལ་གནོད་པར་འགྱུར་བ་དང༌། མཐོང་བའི་ཆོས་ཀྱིས་ཁ་ན་མ་ཐོ་བ་སྐྱེད་པ་དང༌། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། དེ་ལས་བྱུང་བའི་སེམས་ལས་བྱུང་བའི་སྡུག་བསྔལ་དང༌། ཡིད་མི་བདེ་བ་མྱོང་བར་བྱེད་པའོ། །ཡོངས་སུ་སྤང་བ་གང་བྱུང་བར་གྱུར་པ་དང་དུ་མི་ལེན་པའོ། །དེ་ལྟར་རྣམ་པ་གསུམ་གྱིས་ཡོངས་སུ་ཤེས་ན་ཉོན་མོངས་པ་རྣམས་ཀྱི་དེའི་གཞི་དངོས་པོ་ཡོངས་སུ་ཤེས་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་ཤེས་ཏེ་བྱུང་བར་གྱུར་པ་དང་དུ་མི་ལེན་པའི་ཚུལ་གྱིས་ཡོངས་སུ་སྤང་ངོ༌། །གཉེན་པོ་རྙེད་པ་གང་མ་སྐྱེས་པ་སྤང་བའི་ཕྱིར་ལམ་རྙེད་པ་གང་ཡིན་པའོ། །འདི་ལྟར་མ་སྐྱེས་པ་མི་སྐྱེ་བའི་ཕྱིར་ལམ་བསྒོམ་པའོ། །ཡིད་ལ་བྱེད་པ་ཅི་འདྲས་བས་སྤང༌། །འདྲེས་པ་ལས་དམིགས་པས་སྤང་སྟེ། ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བའོ། །ཐ་དད་པ་མེད་པ་ལ་དམིགས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བདག་མེད་པར་ཤེས་པར་ཉིད་ཀྱིས་ཉོན་མོངས་པ་སྤོང་བར་འགྱུར་ན་ནི། །མི་རྟག་པ་ལ་སོགས་པའི་རྣམ་པ་ཅིའི་ཕྱིར་བསྟན་ཅེ་ན། དེ་དག་ནི་ཉོན་མོངས་པ་སྤོང་བ་མ་ཡིན་གྱི་འོན་ཀྱང་བདག་མེད་པའི་རྣམ་པ་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་གསུངས་པ་མི་རྟག་པ་ལ་སོགས་པའི་རྣམ་པ་ཡང་གང་ཡིན་པ་དེ་དག་ནི་བདག་མེད་པའི་རྣམ་པ་ཡོངས་སུ་སྦྱོར་བར་བྱེད་དོ། །མི་
རྟག་པའི་རྣམ་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྣམ་པ་འཐོབ་པའོ། །སྡུག་བསྔལ་གྱི་རྣམ་པ་ལ་བརྟེན་ནས་བདག་མེད་པའི་རྣམ་པ་འཐོབ་སྟེ། ཇི་སྐད་དུ་གང་མི་རྟག་པ་དེ་སྡུག་བསྔལ་བའོ། །དེ་བདག་མེད་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་བདག་མེད་པ་ཉིད་ཀྱི་རྣམ་པ་ནི་བླ་ན་མེད་པ་ཉིད་དུ་རྣམ་པར་གཞག་གོ །བླ་ན་མེད་པའི་རྣམ་པ་ཉིད་ལས་བརྩམས་ནས་བླ་ན་མེད་པ་ཉིད་གསུམ་སྟེ། ཤེས་པ་བླ་ན་མེད་པ་ཉིད་དང༌། ལམ་བླ་ན་མེད་པ་ཉིད་དང༌། རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་དོ། །དེ་ལ་ཤེས་པ་བླ་ན་མེད་པ་ཉིད་ནི་བདག་མེད་པར་ཤས་པ་སྟེ། །དེའི་ཕ་རོལ་ཏུ་ཤེས་པ་གཞན་བཙལ་དུ་མེད་པའི་ཕྱིར་རོ། །ལམ་བླ་ན་མེད་པ་ཉིད་ནི་སླ་ལ་མངོན་པར་ཤེས་པ་མྱུར་བ་སྟེ། དེ་ནི་ལམ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བ་བླ་ན་མེད་པ་ཉིད་ནི་མི་སློབ་པ་མི་འཁྲུགས་པའི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །བླ་ན་མེད་པ་ཉིད་རྣམ་པ་གསུམ་པོ་འདི་དག་ནི་གོ་རིམས་བཞིན་དུ་མཐོང་བ་དང༌། བསྒོམ་པ་དང་མཐར་ཕྱིན་པའི་ལམ་གྱི་དབང་དུ་བྱས་པར་རིག་པར་བྱའོ། །གང་ཞིག་གང་ལ་སྤང༌། འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་བའི་ཕྱིར་མ་ཡིན་ནོ། །ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ཡིན་པ་དེ་ལས་སྤོང་ངོ༌། །གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་བྱུང་བ་གཉེན་པོའི་རྣམ་པ་དེ་འབྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་མཉམ་པས་མཉམ་སྟེ་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས་མ་འོངས་པ་ན་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤང་བའོ། །ལས་གང་སེམས་པའི་ལས་དང་བསམ་པའི་ལས་ཏེ་ལས་ཀྱི་མཚན་ཉིད་དུ་བསྡུས་པའོ། །ཡང་ལས་རྣམ་པ་ལྔ་སྟེ། དམིགས་པའི་ལས་དང་བྱེད་པའི་ལས་དང༌། རྩོལ་བའི་ལས་དང༌། བསྒྱུར་བའི་ལས་དང༌། འཐོར་བའི་ལས་སོ། །དེ་ལ་དམིགས་པའི་ལས་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། གཟུགས་ལ་ལྟ་བ་ལ་སོགས་པའོ། །བྱེད་པའི་ལས་ནི་ས་ལ་སོགས་པ་སྟེ་རྟེན་ལ་སོགས་པའོ། །ཡང་ན་
རང་གི་མཚན་ཉིད་ཀྱིས་བྱེད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། གཟུགས་ནི་གཟུགས་སུ་ཡོད་པའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རྩོལ་བའི་ལས་ནི་བསམ་པ་སྔོན་དུ་བཏང་བའི་ལུས་ལ་སོགས་པའི་ལས་སོ། །བསྒྱུར་བའི་ལས་ནི་གསེར་མགར་ལ་སོགས་པའི་ལས་ཏེ་རྒྱན་ལ་སོགས་པར་བསྒྱུར་བའོ། །འཐོབ་པའི་ལས་ནི་འཕགས་པའི་ལམ་ལ་སོགས་པའི་མྱ་ངན་ལས་འདས་པའི་འཐོབ་པ་ལ་སོགས་པའོ། །སྐབས་འདིར་ནི་ཕལ་ཆེར་རྩོལ་བའི་ལས་སུ་འདོད་དོ་ཞེས་བྱ་བ་ནི། འཐོབ་པ་དང་བྱེད་པའི་ལས་ཀྱང་ཡོད་པའི་ཕྱིར་རོ། །སེམས་པ་གང་སེམས་མངོན་པར་འདུ་བྱེད་པའི་ཡིད་ཀྱི་ལས་ཏེ། དེ་ཡང་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའོ། །བསམ་པའི་ལས་གང༌། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་སོ། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་དེ་ལ་ཡང་དགེ་བ་དང་མི་དགེ་བའོ། །མི་དགེ་ང་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་འཁྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དགེ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་ནས། ཚིག་འཁྱལ་བའི་བར་དུ་སྤོང་བ་དང༌། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང༌། ཡང་དག་པའི་ལྟ་བའོ། །ལུས་ལ་སོགས་པའི་ལས་ནི་ལས་ཀྱི་ལམ་ཞེས་བྱ་བ་ནི། མདོ་སྡེའི་རྗེས་སུ་འབྲངས་ནས་ཇི་ལྟར་གཙོ་བོར་བསྟན་པར་རིག་པར་བྱའོ། །དེ་ལ་སྦྱོར་བ་ལ་སོགས་པ་ལ་ཡང་ལུས་ལ་སོགས་པའི་ལས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ལས་ཀྱི་ལམ་གསུམ་དང་བཞི་དང༌། གསུམ་ནི་གོ་རིམས་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ནི། །གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། ཉོན་མོངས་པ་དང༌། ཟིན་པར་བྱས་པས་ཀྱང་རིག་པར་བྱའོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང༌། སེམས་ཅན་གྲངས་སུ་མ་གཏོགས་པ་དང༌། ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། །གང་ལ་བརྟེན་ནས་
སྲོག་གཅོད་པ་ལ་སོགས་པ་འབྱུང་བའོ། །བསམ་པ་ནི་གཞི་དེ་ལ་དེར་འདུ་ཤེས་པའི་སེམས་པ་དང༌། ལས་ཀྱི་ལམ་དེ་བྱེད་པར་འདོད་པའི་བསམ་པའོ། །སྦྱར་བ་ནི་དེ་བྱེད་པའི་ཕྱིར་བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱིས་རྩོམ་པའོ། །ཉོན་མོངས་པ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་འདུས་པ་དང༌། སོ་སོ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ཟིན་པར་བྱས་པ་ནི་སྦྱོར་བ་དེ་དང་དེས་དེའི་དུས་སམ་ཕྱིས་ལས་དེ་ཡོངས་སུ་རྫོགས་པའོ། །དེ་ལ་སྲོག་གཅོད་པའི་གཞི་ནི་སེམས་ཅན་ནོ། །བསམ་པ་དེ་ནི་དེ་ལ་དེར་འདུ་ཤེས་ཤིང་བསང་བའི་བསམ་པའོ། །སྦྱོར་བ་ནི་གསང་བར་བསམས་པའི་མཚོན་ཆ་ལ་སོགས་པའོ། །ཉོན་མོངས་པ་ནི་ཆགས་པ་ལ་སོགས་པའོ། །ཟིན་པར་བྱས་པ་ནི་སྦྱོར་བ་དེས་དེ་མ་ཐག་ཏུ་འམ་ཕྱིས་ཤི་བའོ། །མ་བྱིན་པར་ལེན་པ་ལ་སོགས་པའི་གཞི་དང༌། ཟིན་པར་བྱས་པ་བཤད་པར་བྱའོ། །ལྷག་མ་ནི་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་གཟུང་བ་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང༌། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའོ། །ཟིན་པར་བྱས་པ་ནི་བདག་གིར་བྱས་པའོ། །འདོད་པ་ལ་ལོག་པར་གཡེམ་པའི་གཞི་ནི་སྤྱོད་ཡུལ་མ་ཡིན་པའི་བུད་མེད་དང༌། སྤྱོད་ཡུལ་ཡང་ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པ་དང༌། ཚོད་མ་ཡིན་པ་དང༌། རིགས་མ་ཡིན་པ་དང༌། ཕོ་དང་མ་ནིང་ཐམས་ཅད་དོ། །ཟིན་པར་བྱས་པ་ནི། །གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི། །མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་དང༌། མ་མཐོང་བ་དང༌། མ་ཐོས་པ་དང༌། བྱེ་བྲག་མ་ཕྱེད་པ་དང༌། རྣམ་པར་མ་ཤེས་པའོ། །བསམ་པ་ནི་གཞན་དུ་འདུ་ཤེས་པ་ལ་གཞན་དུ་སྨྲ་བར་འདོད་པའོ། །ཟིན་པར་བྱས་པ་ནི། འཁོར་དང་ཕྱིར་རྒོལ་བ་ལ་གོ་བར་བྱེད་པའོ། །ཕྲ་མའི་གཞི་ནི་སེམས་ཅན་འདུམ་པ་དང༌། མི་འདུམ་པ་དག་གོ །བསམ་པ་ནི་དབྱེ་བ་དང་བསྡུམས་མི་བྱ་བར་སེམས་པའོ། །ཟིན་པར་བྱས་པ་ནི་ཕྱེ་བར་ཤེས་པར་བྱེད་པའོ། །ངག་རྩུབ་པོའི་རྒྱུན་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པ་སེམས་ཅན་རྣམས་སོ། །ཟིན་པར་བྱས་པ་ནི་ངག་རྩུབ་མོ་སྨྲས་པའོ། །ཚིག་འཁྱལ་བའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ། །ཟིན་
པར་བྱས་པ་ནི་དེ་སྨྲ་བའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ནི་དེ་ལ་དེར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ། །སྦྱོར་བ་ནི་བདག་གིས་བྱ་བར་སེམས་པའོ། །ཟིན་པར་བྱས་པ་ནི་བདག་གིར་བྱས་པར་ངེས་པའོ། །གནོད་སེམས་ཀྱི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །ཟིན་པར་བྱས་པ་ནི་བསད་པ་ལ་སོགས་པར་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་དོན་ཡོད་པའོ། །བསམ་ནི་ཡོད་པ་མེད་པར་འདུ་ཤེས་ཤིང་དེ་བཞིན་དུ་འདོད་པའོ། །ཟིན་པར་བྱས་པ་ནི་སྐུར་བར་ངེས་པའོ། །སེམས་པ་ལས་གྱུར་བའི་ལས་ཞེས་གང་བཤད་པ་ལ། སེམས་པ་ལས་གྱུར་བ་གང་གཞན་གྱིས་བསྒོ་བ་སེམས་པ་ལས་གྱུར་བ་དང༌། གཞན་གྱིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་བ་དང༌། མི་ཤེས་པའི་སེམས་པ་ལས་གྱུར་བ་དང༌། རྩ་བ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་བ་གང༌། །ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་བའོ།། དེ་ལ་གཞན་གྱིས་བསྒོ་བ་སེམས་པ་ལས་གྱུར་བ་ནི་འདི་ལྟ་སྟེ། །འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་བསྒོ་ནས་བསམས་ཏེ། །མི་དགེ་བ་སྤྱོད་པའོ། །གཞན་དག་གིས་གསོལ་བ་བཏབ་པ་སེམས་པ་ལས་གྱུར་བ་འདི་ལྟ་སྟེ། །འགའ་ཞིག་མི་འདོད་བཞིན་དུ་གཞན་དག་གིས་གསོལ་བ་བཏབ་ནས་འདི་ནི་ཕན་པའོ་ཞེས་ཡང་དག་པར་འཛིན་དུ་འཇུག་ལེན་དུ་བཅུག་ནས་བསམས་ཏེ་མི་དགེ་བ་སྤྱོད་པའོ། །མི་ཤེས་པའི་སེམས་པ་ལས་གྱུར་བ་ནི་འདི་ལྟ་སྟེ། ཁ་ཅིག་ཡོན་ཏན་དང་ཉེས་པ་མངོན་པར་མི་ཤེས་པ་ཤིང་མངོན་པར་ཞེན་པ་མེད་པར་འདོད་གར་བསམས་ནས་མི་དགེ་བ་སྤྱོད་པའོ། །རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་བ་ནི་འདི་ལྟ་སྟེ། །འགའ་ཞིག་མི་དགེ་བའི་རྩ་བ་ཆགས་པ་ལ་སོགས་པས་ཟིལ་གྱིས་ནོན་ཅིང་སེམས་ནོན་ནས་མངོན་པར་ཤེས་པ་དྲག་པོས་བསམས་ཏེ་མི་དགེ་བ་ལ་སྤྱོད་པའོ། །ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་བ་ནི་འདི་ལྟ་སྟེ། །འགའ་ཞིག་ཆོས་འདོད་ཀྱང་མི་མཐུན་པའི་རྒྱུ་ལ་ལྟ་སྟེ། ཕྱི་མ་ལ་ཡིད་དུ་འོང་བའི་འབྲས་བུའི་དོན་དུ་བསམས་ནས་མི་དགེ་བ་ལ་སྤྱོད་པའོ། །དེ་ལ་རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་ལས་གྱུར་བ་དང༌། ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་བའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་མྱོང་བར་མི་འགྱུར་བ་མ་ཡིན་ནོ། །སྔོན་
མ་གསུམ་ནི་ལས་བྱས་ཟིན་ཀྱང་སེམས་པ་ལས་གྱུར་བའི་ལས་བསགས་པ་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་རྣམ་པར་སྨིན་པ་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ། །སེམས་པ་ལས་གྱུར་བའི་ལས་ཕྱི་མ་དག་ནི་གལ་ཏེ་བྱས་པར་གྱུར་ན་བསགས་པ་ཡིན་ཏེ། །དེའི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་རོ། །ལས་བྱེད་པ་ནི་ཀུན་དུ་སྤྱོད་པའོ། །བསགས་པ་ནི་བག་ཆགས་འཕེལ་བའོ། །ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པ་ས་བོན་གསོས་པར་རིག་པར་བྱའོ། །མྱོང་བར་ངེས་པའི་ལས་ཞེས་གང་བཤད་པ་ལ། །ངེས་པ་གང་ལས་བྱེད་པར་ངེས་པ་དང༌། རྣམ་པར་སྨིན་པ་མྱོང་བར་ངེས་པ་དང༌། དུས་དེས་པའོ། །དེ་ལ་ལས་བྱེད་པར་ངེས་པ་ནི། །སྔོན་གྱི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་རྒྱུད་ངེས་པར་བྱས་ནས་འཕངས་པར་གྱུར་བ་སྟེ། གང་ཚེ་དེ་ལ་ངེས་འདི་བྱེད་པར་ངེས་པ་དེ་དང་མི་འགལ་བར་ལས་དེ་བྱེད་དེ། རྒྱུའི་ངེས་པ་ཇི་ལྟ་བ་བཞིན་དུ་འབྲས་བུའི་རྒྱུན་འགྱུར་བའི་ཕྱིར་དེ་མི་བྱ་བར་བཟློག་པར་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མཛད་པར་མི་བྱེད་དོ། །རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི་སེམས་པ་ལས་གྱུར་བའི་ལས་ཀྱིས་དེ་སྔ་མ་བཞིན་ནོ། །དུས་ངེས་པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་དུས་ཀྱང་ངེས་པར་བྱས་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྨིན་པ་འདིས་ནི་མཐོང་བའི་ཆོས་ལ་མྱོང་བར་བྱེད་དོ། །འདིས་ནི་སྐྱེ་གནས་སོ། །འདིས་ནི་ལན་གྲངས་གཞན་ལའོ་ཞེས་བྱའོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལན་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་རྣམས་སུའོ། །ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་རྣམས་ཏེ། ཡི་དགས་དང༌། དུད་འགྲོ་དང༌། དམྱལ་བ་རྣམས་སུ་རིག་པར་བྱའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སོ་སོ་དང་མཐུན་པར་མིའི་ལུས་དང༌། ཡོངས་སུ་གཟུང་བའི་འབྱོར་བའོ། །ངན་སོང་རྣམས་ནས་ཤི་འཕོས་ནས་མིར་སྐྱེས་པ་རྣམས་ཀྱིས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་སོ་སོ་དང་མཐུན་པའི་ལུས་དང་ཡོངས་སུ་བཟུང་བ་མི་འབྱོར་པ་སྟེ། །འདི་ལྟར་ཚེ་ཐུང་བ་དང༌། དབུལ་བ་ལ་སོགས་པ་ཇི་ལྟར་རིག་པར་རོ། །བདག་པོའི་འབྲས་བུ་ནི་སོ་སོ་དང་མཐུན་པ་ཉིད་དུ་ཕྱིའི་དངོས་པོ་མི་འབྱོར་བའོ། །སོ་སོར་སྲོག་གཅོད་པའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིའི་དངོས་པོ་ལོ་ཐོག་ལ་སོགས་པ་མི་འབྱོར་བ་སྟེ། འདི་ལྟ་སྟེ། །སྲོག་གཅོད་པའི་དབང་གིས་
ནི་གཟི་བརྗིད་མེད་པར་འགྱུར་ཞེས་པ་ལ་སོགས་པ་ཇི་ལྟར་བཤད་པའོ། །མི་དགེ་བ་བཅུ་པོ་ཐམས་ཅད་ཀྱི་ལམ་གོམས་པ་ལ་བརྟེན་ཅིང་མང་དུ་བྱས་པས་དམྱལ་བ་རྣམས་སུ་སྐྱེའོ། །དེ་རྣམས་སུ་རྣམ་པར་སྨིན་པ་མྱོང་བར་བྱས་ནས་མི་དང་སྐལ་བ་མཉམ་པར་འོངས་པ་ན། སྲོག་བཅད་པས་ཚེ་ཐུང་བར་འགྱུར་རོ། །མ་བྱིན་པར་བླངས་པས་ལོངས་སྤྱོད་པ་ལ་ཆགས་པར་འགྱུར་རོ། །འདོད་པ་ལ་ལོག་པར་སྤྱད་པས་བུད་མེད་རྣམས་ལ་འབད་པ་དང་བཅས་པར་འགྱུར་རོ། །བརྫུན་དུ་སྨྲས་པས་མི་དགེ་བ་སྒྲོགས་པར་འགྱུར་རོ། །ཕྲ་མས་ནི་གྲོགས་དང་དབྱེ་བར་འགྱུར་རོ། །ཚིག་རྩུབ་ཀྱིས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་རོ། །ཚིག་ཀྱལ་གྱིས་ནི་ངག་ཅལ་ཅོལ་དུ་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འདོད་ཆགས་དྲག་པར་འགྱུར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་བདོ་བར་འགྱུར་རོ། །ལོག་ལྟས་ནི་གཏི་མུག་བདོ་བར་འགྱུར་རོ། །སླར་ཡང་དེ་ལ་རྨོངས་པར་འགྱུར་རོ། །དེ་རྣམས་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཡང་སྲོག་གཅོད་པ་བརྟེན་པས་ནི་ཕྱི་རོལ་གྱི་དངོས་པོ་སྣུམ་བག་ཆུང་བར་འགྱུར་རོ། །མ་བྱིན་པར་བླངས་པས་ནི་མི་བརྟན་ཞིང་ཉམས་པར་བྱེད་པ་མང་བར་འགྱུར་རོ། །འདོད་ལོག་སྤྱད་པས་ནི་རྡུལ་གྱིས་ཁེབས་པར་འགྱུར་རོ། །བརྫུན་དུ་སྨྲས་པས་ནི་དྲི་མི་ཞིམ་པར་འགྱུར་རོ། །ཕྲ་མས་ནི་ཁ་བར་འགྱུར་རོ། །ཚིག་རྩུབ་ཀྱིས་ནི་མཐོ་དམན་ཅན་དང་རྩུབ་པ་དང༌། སྡིག་པ་ཅན་དུ་འགྱུར་རོ། །ཚིག་ཀྱལ་གྱིས་ནི་མི་མཐུན་ཞིང་འགྱུར་ལྡོག་ཅན་དུ་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་རྣམས་ཕྲ་མོར་འགྱུར་རོ། །གནོད་སེམས་ཀྱིས་ནི་འབྲས་བུ་རྣམས་ངོ་ཚ་བར་འགྱུར་རོ། །ལོག་ལྟས་ནི་ལོ་ཐོག་རྣམས་ལ་འབྲས་བུ་མེད་པར་འགྱུར་རོ། །དེ་རྣམས་ནི་བདག་པོའི་འབྲས་བུའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ལྷ་དང་མི་རྣམས་སུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པར་ལུས་དང་ཡོངས་སུ་གཟུང་བར་སྦྱོར་བའོ། །བདག་པོའི་འབྲས་བུ་ནི་དེ་དག་ཉིད་དུ་སོ་སོ་དང་མཐུན་པའི་ཕྱིའི་དངོས་པོ་སྦྱོར་བའོ། །ཇི་ལྟར་མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་ལ་སོགས་པ་གསུམ་རྣམ་པར་གཞག་པར་བྱས་པ་ལྟར། དགེ་བའི་ལས་ཀྱི་ལམ་ཟག་པ་དང་བཅས་པ་རྣམས་ཀྱི་ཡང་ལྷ་དང་མི་རྣམས་སུ་འབྲས་བུ་གསུམ་ནི་
ཇི་ལྟར་རིག་པར་སྦྱར་བར་བྱའོ། །དགེ་བ་དང་མི་དགེ་བའི་ལས་ཀྱིས་ནི། བདེ་འགྲོ་དང༌། ངན་འགྲོར་སྐྱེ་བ་འཕེན་པ་དང༌། ཡོངས་སུ་རྫོགས་པར་བྱེད་པའི་ལས་སུ་རིག་པར་བྱའོ། །འཕེན་པ་ནི་གང་གིས་རྣམ་པར་སྨིན་པ་འཕེན་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་གང་གིས་སྐྱེས་པ་ན། འདོད་པ་དང་མི་འདོད་པ་མྱོང་བའོ། །ལས་གཅིག་གིས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད་དོ། །ལས་ཀྱི་སྐད་ཅིག་གཅིག་གིས་ཚེ་གཅིག་ཁོ་ནའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །ལས་གཅིག་གིས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ། །དེ་ཉིད་ཀྱི་ཚེ་རབས་དུ་མའི་རྣམ་པར་སྨིན་པའི་ས་བོན་གསོས་པའི་ཕྱིར་རོ། །ལས་གཞི་དུ་མས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད་དོ། །ལས་ཀྱི་སྐད་ཅིག་མང་པོ་དེ་ཉིད་ཀྱིས་ཡང་དང་ཡང་ས་བོན་གསོས་པའི་ཕྱིར་རོ། །ལས་གཞི་དུ་མས་ལུང་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ། །མང་པོ་དག་ཕན་ཚུན་ལྟོས་ནས་ཚེ་རབས་ཕན་ཚུན་བརྒྱུད་དེ་ས་བོན་གསོས་པའི་ཕྱིར་རོ། །ལས་མང་པོ་དང་ལྡན་པའི་སེམས་ཅན་རྣམས་ཇི་ལྟར་རིམ་གྱིས་རྣམ་པར་སྨིན་པ་མྱོང་བར་འགྱུར། དེ་ལ་གང་ཤིན་ཏུ་ལྕི་བར་གྱུར་པ་དེ་ཐོག་མར་རྣམ་པར་སྨིན་པར་འགྱུར་རོ། །ཡང་ན་འཆི་བའི་དུས་ན་གང་མངོན་དུ་གྱུར་པའོ། །ཡང་ན་གང་གོམས་པར་གྱུར་པའོ། །ཡང་ན་གང་ཐོག་མར་སྤྱད་པ་དེ་ཐོག་མ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །བསོད་ནམས་ཀྱི་ལས་དང༌། བསོད་རྣམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་ཞེས་གང་བཤད་པ་ལ་བསོད་ནམས་གང༌། གང་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའོ། །བསོད་ནམས་མ་ཡིན་པ་གང༌། གང་མི་དགེ་བའོ། །མི་གཡོ་བའི་ལས་གང༌། གང་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བའོ། །ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་དང་རབ་ཏུ་ལྡན་པའི་དགེ་བ་ལ་མི་གཡོ་བ་ཞེས་བཤད་ཅེ་ན། ཇི་ལྟར་འདོད་པ་ན་སྤྱོད་པའི་འགྲོ་བ་གཞན་གྱི་རྫོགས་བྱེད་དགེ་བ་གཞན་དུ་རྣམ་པར་སྨིན་པར་འབྱིན་པར་འགྱུར་ལ། གཟུགས་དང་གཟུགས་མེད་པ་ལ་སྤྱོད་པ་ན་ནི་མ་ཡིན་ཏེ། ས་ངེས་པས་འབྲས་བུ་འབྱིན་པའི་ཕྱིར་རོ། །དེ་བས་ན་རྣམ་པར་སྨིན་འབྱིན་པར་གཡོ་བ་མེད་པ་དང༌། མཉམ་པར་གཞག་པའི་ས་པ་ཡིན་པས་མི་གཡོ་བའི་ཕྱིར་མི་གཡོ་བ་
ཞེས་བཤད་དོ། །མ་རིག་པའི་རྐྱེན་གྱིས་བསོད་ནམས་དང་བསོད་རྣམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་སོ་ཞེས་གང་གསུངས་པ་དེ་ལ་ཇི་ལྟར་བསོད་རྣམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་འདུ་བྱེད་རྣམས་མ་རིག་པའི་རྐྱེན་ལས་བྱུང་བ་ཡིན། རྨོངས་པ་ནི་གཉིས་ཏེ་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང་དེ་ཁོ་ནའི་དོན་ལ་རྨོངས་པའོ། །འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ༌། །དེ་ཁོ་ནའི་དོན་ལ་རྨོངས་པ་ནི་བསོད་ནམས་དང༌། མི་གཡོ་བ་རྣམས་སོ། །དེ་ལ་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་དགེ་བའི་འདུ་བྱེད་རྣམས་འབྱུང་ངོ་ཞེས་བྱ་བ་ནི། དེ་དག་གིས་ནི་གཅིག་ཏུ་ཉོན་མོངས་པ་ཅན་མ་ཡིན་པས་མ་རིག་པ་ཡོད་པར་གྱུར་ན་འབྲས་བུ་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པའི་ཡང་དག་པའི་ལྟ་བའི་སྐབས་མེད་པའི་ཕྱིར་རོ། །དེ་ཁོ་ནའི་དོན་ལ་རྨོངས་པ་ནི་བསོད་ནམས་དང་མི་གཡོ་བ་རྣམས་སོ་ཞེས་བྱ་བ་ལ། དེ་ཁོ་ནའི་དོན་ཅེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་པོ་དག་གོ །དེ་ལ་རྨོངས་ན་དགེ་བའི་སེམས་ཡོད་དུ་ཟིན་ཀྱང་བདེན་པ་མ་མཐོང་བ་རྣམས་ལ་བག་ལ་ཉལ་གྱི་རྗེས་སུ་འབྲེལ་བར་འགྱུར་རོ། །དེའི་དབང་གིས་དེ་དག་ཁམས་གསུམ་པ་སྡུག་བསྔལ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་པའི་ཕྱིར་ཡང་སྲིད་པའི་རྒྱུར་གྱུར་པ་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་སློང་བར་བྱེད་དོ། །བདེན་པ་མཐོང་བ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་ཁོ་ནའི་དོན་ལ་རྨོངས་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་དེའི་རྒྱུ་ལས་བྱུང་བ་རྣམས་ཞེས་བཤད་དོ། །སྲོག་གཅོད་པ་ལ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་སྦྱོར་ཏེ། ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་དོ། །སྲོག་གཅོད་པ་ལ་ཇི་ལྟར་ངག་རྩུབ་མོ་དང་གནོད་སེམས་ལ་ཡང་དེ་བཞིན་ནོ། །དེ་ལ་ཤ་ལ་སོགས་པ་འདོད་པ་རྣམས་ནི་ཆགས་པ་སྦྱོར་བའོ། །ཞེ་འགྲས་པ་ལ་ལན་ལྡོན་པ་ནི་ཞེ་སྡང་གིས་སོ། །མཆོད་སྦྱིན་རྣམས་ལ་གཏི་མུག་གིས་སྦྱོར་རོ། །ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་དེ་སྙིང་རྗེ་མེད་པ་མ་ཡིན་པར་སེམས་ཅན་གསོད་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ངག་རྩུབ་པ་ལ་སོགས་པ་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །མ་བྱིན་པར་ལེན་པ་ནི། ཆགས་པ་དང༌། ཞེ་སྡང་དང༌། གཏི་
མུག་གིས་སྦྱོར་ཏེ། ཆགས་པས་མཐར་ཕྱིན་པར་བྱེད་དོ། །མ་བྱིན་པར་ལེན་པ་ལ་ཇི་ལྟ་བར་འདོད་པ་ལ་ལོག་པར་གཡེམ་པ་དང༌། བརྣབ་སེམས་ལ་ཡང་དེ་བཞིན་ནོ། །བརྣབ་སེམས་ལ་སོགས་པ་ལ་ཇི་ལྟར་ཆགས་པ་ལ་སོགས་པས་སྦྱོར་ཞེ་ན། དེ་ལ་བརྣབ་སེམས་ཀྱི་ལས་ཀྱི་ལམ་ནི་གཞན་གྱི་ནོར་དང་ཡོ་བྱད་བདག་གིར་བྱེད་པར་ངེས་པའོ་ཞེས་བསྟན་པ་དེ་ལ་གཞན་གྱི་ནོར་དང་ཡོ་བྱད་དེ་ཉིད་འདོད་པར་གྱུར་ན་དེ་དག་བདག་གིར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་དེ། དེའི་ཕྱིར་ཆགས་པས་སྦྱོར་བ་རྣམ་པར་གཞག་གོ །ཇི་སྟེ་འདི་ཡིར་མ་གྱུར་ཅིག་ཅེ་ན། དེ་ལྟ་ན་ནི་ཞེ་སྡང་གིས་སྦྱོར་རོ། །ཇི་སྟེ་གཞན་གྱིས་བདག་གིར་བྱས་ཀྱང་ཉེས་པ་ཅི་ཡང་མེད་དོ་སྙམ་ན་གཏི་མུག་གིས་སྦྱོར་བར་ལྟ་བར་བྱའོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བརྫུན་དུ་སྨྲ་བ་རྣམས་ལ་ནི་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་སྦྱོར་ཏེ། གསུམ་པོ་དག་ལ་གང་ཡང་རུང་བ་མཐར་ཕྱིན་པར་བྱེད་དོ། །བརྫུན་དུ་སྨྲ་བ་ལ་ཇི་ལྟ་བར། ཕྲ་མ་དང༌། ཚིག་འཁྱལ་བ་ལ་ཡང་དེ་བཞིན་ནོ། །བརྫུན་ནི་མཐོང་བ་ལ་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་སྦྱོར་བར་འགྱུར་རོ། །ལོག་པར་ལྟ་བ་ལ་ཡང་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་སྦྱོར་ཏེ། གཏི་མུག་གིས་མཐར་ཕྱིན་པར་བྱེད་དོ། །ལས་ཐུན་མོང་པར་ཡང་བཤད། ཐུན་མོང་མ་ཡིན་པར་ཡང་བཤད། སྟོབས་དང་ལྡན་པར་ཡང་བཤད། མཐུ་ཆུང་བར་ཡང་བཤད་པ་ལ་ཐུན་མོང་བ་གང༌། གང་སྣོད་ཀྱི་འཇིག་རྟེན་རྣམ་པར་འབྱེད་བའོ། །ཐུན་མོང་མ་ཡིན་པ་གང༌། གང་སེམས་ཅན་གྱི་འཇིག་རྟེན་རྣམ་པར་འབྱེད་པའོ། །ཡང་གང་གིས་སེམས་ཅན་རྣམས་ཕན་ཚུན་གྱི་དབང་གིས་བྱུང་བ་ཞེས་བརྗོད་པ། སེམས་ཅན་རྣམས་ཀྱི་ཕན་ཚུན་གྱི་དབང་གིས་འབྱུང་བའི་ལས་ཀྱང་ཡོད་དོ། །ཕན་ཚུན་གྱི་དབང་གིས་བྱུང་བ་ཡང་ཐུན་མོང་པའི་ལས་སུ་རིག་པར་བྱ་སྟེ། དེའི་དབང་གིས་སེམས་ཅན་རྣམས་ཕན་ཚུན་དུ་སེམས་དང་སེམས་ལས་བྱུང་བ་འབྱུང་བའི་རྒྱུར་འགྱུར་རོ། །འདི་ལྟར་གང་སེམས་ཅན་དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱི་གཟུགས་ལ་ཕན་ཚུན་དུ་ལྟ་བ་ལ་སོགས་པའི་ལོངས་སྤྱོད་པར་མི་འགྱུར་བ་དེ་ནི་རྙེད་པར་སླ་བ་མ་ཡིན་ནོ། །སྟོབས་དང་ལྡན་པའི་ལས་གང༌། གཉེན་པོའི་སྟོབས་
ཅན་གྱི་གང་ཟག་གིས་སེམས་པ་ལས་གྱུར་བའི་ལས་མི་དགེ་བ་གང་ཡིན་པ་དེ་ནི་གཉེན་པོའི་སྟོབས་བསྐྱེད་པས། གང་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་དེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའམ། གང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དེ་མྱོང་བར་མི་འགྱུར་བ་སྟེ་མི་མཐུན་པའི་ཕྱོགས་ཀྱི་ལས་ནི། གཉེན་པོའི་ལས་སྟོབས་ཅན་གྱི་གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་བར་བྱ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་འབྲས་བུ་འཕངས་སུ་ཟིན་ཀྱང༌། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ། །དེ་ལྟར་གཉེན་པོ་ལས་བྱུང་བའི་ལས་དང༌། སེམས་པ་ལས་བྱུང་བའི་དགེ་བའི་ལས་ཐམས་ཅད་ཀྱང་སྟོབས་དང་ལྡན་པར་བལྟ་བར་བྱའོ། །གཉེན་པོ་སྟོབས་ཅན་གྱི་དགེ་བའི་ལས་སེམས་པ་ལས་གྱུར་བ་ནི་མི་དགེ་བ་ལས་སྟོབས་དང་ལྡན་པར་བལྟའོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འཕགས་པའི་ཉན་ཐོས་སེམས་ཤིན་ཏུ་བསྒོམས་པས་ཚད་མེད་པ། རྒྱ་ཆེ་བ་ལ་གང་ཚད་དུ་བྱས་པའི་ལས་དེས་དེ་ཁྲིད་པར་མི་བྱེད་དོ། །དེ་ལ་དེ་གནས་པར་མི་བྱེད་དོ། །དེས་དེ་བགྲང་བར་མི་འགྱུར་རོ་ཞེས་གསུངས་སོ། །གང་གཉེན་པོ་མཐུ་ཆུང་བའི་གང་ཟག་གི་སེམས་པ་ལས་གྱུར་བའི་ལས་མི་དགེ་བ་གང་ཡིན་བ་དེ་དང༌། གང་ཡང་སེམས་པ་ལས་གྱུར་བའི་ལས་ཀྱི་རྣམ་པར་སྨིན་པར་ངེས་པ་དེ་མ་སྤངས་པ་དང༌། ཡོངས་སུ་མ་ཤེས་པ་དེ་ནི་སྟོབས་དང་ལྡན་པ་ཡིན་ཏེ་འདིར་ནི་མདོར་དགོངས་པའོ། །གཉེན་པོ་མཐུན་ཆུང་བའི་མི་དགེ་བ་ནི། དགེ་བས་སྟོབས་དང་ལྡན་ནོ། །དེ་དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པར་ངེས་པར་འཕགས་པའི་ལམ་གྱིས་མ་སྤངས་པ་ཐམས་ཅད་ནི་བྱེ་བྲག་མེད་པར་སྟོབས་དང་ལྡན་པ་ཞེས་བྱའོ། །ཡང་འདོད་པ་དང་རབ་ཏུ་ལྡན་པའི་མི་དགེ་བ་གང་ཡིན་པ་དང༌། འདོད་པ་དང་ལྡན་པ་མི་དགེ་བ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པ་སྟེ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཁོར་མང་བའི་ཕྱིར་རོ། །གང་སྔོན་གོམས་པར་བྱས་པ་དང༌། དེ་ཡང་སྟོབས་དང་ལྡན་པ་སྟེ། དེས་རྒྱུད་ལ་བསྒོས་པའི་ཕྱིར་རོ། །གང་གནས་ལ་གནས་པ་དང༌། ནར་སོན་པ་རྣམས་ཀྱིས་ཏེ་མངོན་པར་ཞེན་པ་དང་དད་པ་དྲ་ག་པོ་བྱེད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་
བའི་ཆོས་ཅན་རྣམས་ཀྱིས་སྒྲུབ་ཏུ་མེད་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོབས་དང་ལྡན་པའོ། །གཉེན་པོས་སྦྱང་དུ་མེད་པའི་ཕྱིར་རོ། །ཞིང་དང་མ་བསོད་པ་ལ་སོགས་པའོ། །སེམས་ཀྱི་མངོན་པར་འདུ་བྱེད་པས་ཀྱང་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ། །བྱང་ཆུབ་ཆེན་པོར་སྨོན་པ་ལ་སོགས་པའོ། །ཡང་རྣམ་པ་དགུས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། ཞིང་དང་དངོས་པོ་དང༌། ངོ་བོ་ཉིད་དང༌། གནས་དང༌། ཡིད་ལ་བྱེད་པ་དང༌། བསམ་པ་དང༌། གྲོགས་དང༌། ལན་མང་དུ་བྱེད་པ་དང༌། སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་སྟེ། དེ་ལས་བཟློག་པ་ནི་སྟོབས་དང་མི་ལྡན་པའི་ལས་སོ། །རྣམ་པ་དགུ་པོ་དེ་རྣམས་ནི་སྟོབས་དང་ལྡན་པའི་ལས་ཏེ། འདི་ལྟ་སྟེ། ཞིང་ནི་གལ་ཏེ་ཡོན་ཏན་དང་ལྡན་པའི་སྦྱིན་གནས་ཞིང་དུ་གྱུར་བའོ། །དངོས་པོ་ནི་གལ་ཏེ་སྤྱིན་པའི་དངོས་པོ་གྱ་ནོམ་ཞིང་མད་བར་འགྱུར་བའོ། །ངོ་བོ་ཉིད་ནི་སྦྱིན་པ་བས་ཚུལ་ཁྲིམས་སྟོབས་དང་ལྡན་ནོ། །ཚུལ་ཁྲིམས་པས་བསྒོམ་པའོ་ཞེས་བྱ་བ་ལ་སོགས་པའོ། །གནས་ནི་བསོད་ནམས་བྱེད་པ་གལ་ཏེ་འདོད་ཆགས་བྲལ་བར་གྱུར་བའོ། །ཡིད་ལ་བྱེད་པ་ནི་གལ་ཏེ་ཡིད་ལ་བྱེད་པ་དད་པ་དྲག་པོ་དང་ལྡན་པར་འགྱུར་རོ། །བསམ་པ་ནི་མྱ་ངན་ལས་འདས་པའི་བསམ་པར་གྱུར་པའོ། །གྲོགས་ནི་དེ་ལས་གཞན་པའི་བསོད་ནམས་བྱ་བའི་དངོས་པོས་ཡོངས་སུ་ཟིན་པར་གྱུར་བའོ། །ལན་མང་དུ་བྱེད་པ་ནི། ཡང་དང་ཡང་དུ་བྱས་པར་གྱུར་པའམ་རྗེས་སུ་རྣམ་པར་བརྟགས་པའོ། །སྐྱེ་བོ་མང་པོས་ཀྱང་ཞེས་བྱ་བ་ནི། བདག་གིས་ཀྱང་བྱས་པར་གྱུར་ལ། གཞན་དག་ཀྱང་བྱེད་དུ་བཅུག་པའོ། །བཅོམ་ལྡན་འདས་ཀྱིས་སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སོག་པ་དེ་ལྟ་དེ་ལྟར་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟར་ན་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་ཞིང༌། ཡང་དག་པར་སྡུག་བསྔལ་ཟད་པར་མི་འགྱུར་བ་དང༌། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་བ་དེ་ལ་དགོངས་པ་ནི། བཅོམ་ལྡན་འདས་ཀྱིས་འདིར་བདེ་བ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་བཀག་གོ །དེ་བཞིན་དུ་སྡུག་བསྔལ་དང་ལྡན་པའི་སྡུག་བསྔལ་དང་ལྡན་པ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་པའི་སྡུག་བསྔལ་
ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཡང་དེ་བཞིན་ནོ། །ཡང་སུ་ཞིག་འདི་སྐད་དུ་སྐྱེས་བུ་གང་ཟག་འདི་ཇི་ལྟར་མྱོང་བར་འགྱུར་བའི་ལས་སོགས་པ་དེ་ལྟར་མྱོང་བར་འགྱུར་བ་ན། དེ་ལྟ་ན་ནི་ཚངས་པར་སྤྱོད་པ་ལ་གནས་པར་འགྱུར་ཞིང་ཡང་དག་པར་སྡུག་བསྔལ་ཟད་པར་འགྱུར་བ་དང༌། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་སྣང་ངོ་ཞེས་ཟེར་བ་ལ་ཇི་ལྟར་བྱས་ན་ཚངས་པར་སྤྱོད་པ་གནས་པར་མི་འགྱུར་ཞེ་ན། ཉོན་མོངས་པ་དྲག་པོ་དང་ལྡན་པ་སོ་སོར་བརྟགས་ནས། སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པ་ཚུལ་ཁྲིམས་ཡོངས་སུ་བསྲུངས་བའི་ཕྱིར་རོ། །གལ་ཏེ་རྣམ་པར་སྨིན་པའང་དེ་བཞིན་དུ་སྡུག་བསྔལ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་པར་མྱོང་ན་ནི་དེ་ཡོངས་སུ་བསྲུངས་བ་དོན་མེད་པར་འགྱུར་རོ། །གཞན་གྱི་ཆུང་མ་ལ་སོགས་པ་ལ་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་པར་ཚུལ་ཁྲིམས་ཉམས་པར་བྱས་པའི་ཕྱིར་གལ་ཏེ་དེའི་རྣམ་པར་སྨིན་པ་དེ་བཞིན་དུ་མྱོང་ན་ནི་དེ་སྤོང་བ་དོན་མེད་པར་འགྱུར་ཏེ། དེ་ལྟར་བྱས་ན་ཚངས་པར་སྤྱོད་པས་གནས་པར་མི་འགྱུར་རོ། །ཇི་ལྟར་ན་ཡང་དག་པར་སྡུག་བསྔལ་ཟད་པ་དང༌། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ཞེ་ན། །དེའི་ཕྱིར་དེའི་རྒྱུར་གྱུར་པ་ཚངས་པར་སྤྱོད་པས། །གནས་པའི་རྣམ་པར་སྨིན་པ་སྡུག་བསྔལ་བའི་ཕྱིར་རོ། །དེ་ལྟར་བྱས་ན་བདེ་བ་དང་བཅས་པའི་ལས་ཀྱི་རྣམ་པར་སྨིན་པས་ནི་བདེ་བ་དང་བཅས་པ་ཉིད་དུ་འགྱུར། སྡུག་བསྔལ་དང་བཅས་པའི་སྡུག་བསྔལ་ཉིད་དུ་འགྱུར། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་བཀག་གོ །ཡང་བདེ་བ་དང་ལྡན་ཞིང་བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་མྱོང་བར་གྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། དེ་ལ་བདེ་བ་དང་ལྡན་པའི་དགེ་བ་དང་མི་དགེ་བ་ཕྱི་མ་ལ་ཇི་ལྟར་རིགས་པར་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རྣམ་པར་
སྨིན་པ་བདེ་བ་ནི་གནང་བའོ། །སྡུག་བསྔལ་དང་ལྡན་ལ་བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་མྱོང་བར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ལྡན་ལ། །བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་བདེ་བ་ནི་གནང་ངོ༌། །སྡུག་བསྔལ་མྱོང་བར་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ་ཞེས་བྱ་བ་འདི་ནི་འདིར་དགོངས་པའོ། །ལས་ཀྱི་རབ་ཏུ་དབྱེ་བ་ནི་སྡོམ་པའི་ལས་དང༌། སྡོམ་པ་མ་ཡིན་པའི་ལས་དང༌། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ལས་སོ། །སྡོམ་པའི་ལས་གང༌། སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང༌། བསམ་གཏན་གྱི་སྡོམ་པས་བསྡུས་པ་དང༌། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ། །སོ་སོར་ཐར་པའི་སྡོམ་པའི་ལས་གང༌། རིས་བརྒྱད་དེ། དགེ་སློང་གི་སྡོམ་པ་དང༌། དགེ་སློང་མའི་སྡོམ་པ་དང༌། དགེ་སློབ་མའི་སྡོམ་པ་དང༌། དགེ་ཚུལ་གྱི་སྡོམ་པ་དང༌། དགེ་ཚུལ་མའི་སྡོམ་པ་དང༌། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་བསྙེན་མའི་སྡོམ་པ་དང༌། བསྙེན་གནས་པའི་སྡོམ་པའོ། །རབ་ཏུ་བྱུང་བའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག །ཉེས་བར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང༌། འདོད་པ་ལས་དབེན་པར་སྤྱོད་པ་དང༌། རབ་ཏུ་བྱུང་བའི་སྡོམ་པ་ནི་རྣམ་པ་ལྔ་སྟེ། དགེ་སློང་མའི་སྡོམ་པ་ནས་དགེ་ཚུལ་གྱི་སྡོམ་པའི་བར་དུའོ། །ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་དང༌། འདོད་པ་ལས་དབེན་པར་སྤྱོད་པའི་གང་ཟག་གི་དབང་དུ་བྱས་ནས་རྣམ་པར་གཞག་པ་སྟེ། འདི་ལྟ་དེ་འདྲ་བ་དེ་ནི་ཇི་སྲིད་འཚོའི་བར་དུ་སྲོག་གཅོང་པ་ལ་སོགས་པ་ཉེས་པར་སྤྱོད་པ་དང༌། མི་ཚངས་པར་སྤྱོད་པ་སྤང་བའི་ཕྱིར་རོ། དགེ་བསྙེན་དང༌། དགེ་བསྙེན་མའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག །ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡིན་གྱི་འདོད་པ་ལས་དབེན་པར་སྤྱོད་པ་མ་ཡིན་ནོ། །དེ་བས་ན་འདིའི་སྡོམ་པ་ནི་ཇི་སྲིད་འཚོའི་བར་དུ། །འདོད་པ་ལ་ལོག་པར་
གཡེམ་པ་སྤོང་བ་རྣམ་པར་གཞག་གི །མི་ཚངས་པར་སྤྱོད་པ་སྤངས་པ་ནི་མ་ཡིན་ནོ། །བསྙེན་གནས་པའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག །ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན། འདོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་པའོ། །དེའི་ཕྱིར་འདིའི་སྡོམ་པ་ནི་ཉིན་ཞག་གཅིག་ལ་བསྙེན་གནས་ཀྱི་སྡོམ་པར་བརྟགས་ཏེ། རིམ་གྱིས་ནི་དེ་གཉི་ག་ལ་སོགས་པར་བྱ་བའི་ཕྱིར་རོ། །དགེ་བསྙེན་བསླབ་པའི་གཞིའི་ཕྱོགས་གཅིག་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པར་རིག་པར་བྱ་བའམ། ལྡན་པ་མ་ཡིན་པར་རིག་པར་བྱ། ལྡན་པར་ཡང་རིག་པར་བྱ་བ་ལ་ཚུལ་ཁྲིམས་འཆལ་བའི་གཞིར་ཡང་བརྗོད་པར་བྱའོ། །ཟ་མ་དང་མ་ནིང་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་བཀག་གམ། དགེ་བསྙེན་གྱི་སྡོམ་པ་མ་བཀག །དགེ་བསྙེན་ཉིད་ནི་བཀག་སྟེ། དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ལ་བརྟེན་ནས་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཟ་མ་དང་མ་ནིང་གཉིས་ལ་ནི། དགེ་སློང་དང་དགེ་སློང་མའི་ཕྱོགས་གཉི་ག་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར། དགེ་བསྙེན་ཉིད་ནི་བཀག་པ་བཞིན་དུ་མཚན་གཉིས་པ་རྣམས་ཀྱང་དེ་བཞིན་དུ། སྐྱེས་པ་དང་བུད་མེད་ཀྱི་ཉོན་མོངས་པ་ཀུན་ཏུ་སྤྱོད་པས་ཕྱོགས་གཉི་ག་ལག་སྙེན་བཀུར་བྱ་བའི་འོས་མ་ཡིན་པའི་ཕྱིར། དེ་དག་ལོགས་ཤིག་ཏུ་མ་བཤད་དོ། །མ་ནིང་ནི་ལྔ་སྟེ། །སྐྱེས་ནས་མ་ནིང་དུ་གྱུར་བ་དང༌། མ་ནིང་ཕྲག་དོག་ཅན་དང༌། མ་ནིང་ཟླ་བ་ཕྱེད་པ་དང༌། བླུགས་པའི་མ་ནིང་དང༌། ཉམས་པའི་མ་ནིང་དང༌། བསམ་གཏན་གྱི་སྡོམ་པ་གང༌། །འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བ་དག་གིས་ཉོན་མོངས་པ་རྣམས་ཀྱི་ས་བོན་འཇོམས་པའི་དུས་ན་འདོད་པ་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པ་དང༌། བསམ་གཏན་དང་པོ་ལ་འདོད་ཆགས་དང་བྲལ་བ་དང༌། བསམ་གཏན་གཉིས་པ་ལ་འདོད་ཆགས་དང་བྲལ་བ་དང༌། བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བ་སྤོང་བ་གང་ཡིན་པའོ། །འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བ་ལ་ཆགས་པ་ལ་སོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་རྣམ་པར་གནོན་པའི་གཉེན་པོས་ས་བོན་བཅོམ་པས་འདོད་པ་དག་ལས་འདོད་
ཆགས་དང་བྲལ་བས་འཆལ་བའི་ཚུལ་ཁྲིམས་དེ་སྤོང་བ་གང་ཡིན་པའོ། །བསམ་གཏན་གསུམ་པའི་བར་ལས་འདོད་ཆགས་དང་བྲལ་བའི་རིང་དུ་བྱེད་པའི་གཉེན་པོས་འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བ་དེ། དེ་དག་ཉིད་ཀྱིས་ས་བོན་ཤིན་ཏུ་འཇོམས་པར་རིག་པར་བྱའོ། །བསམ་གཏན་བཞི་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པ་རྣམས་ན་གཟུགས་མེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་གཞག་པ་མེད་པར་རིག་པར་བྱའོ། །ཟག་པ་མེད་པའི་སྡོམ་པ་གང༌། བདེན་པ་མཐོང་བའི་ཟག་པ་མེད་པའི་ཡིད་ལ་བྱེད་པ་སྤངས་པ་གང་ཡིན་པའོ། །སྡོམ་པ་མ་ཡིན་པ་གང༌། སྡོམ་པ་མ་ཡིན་པ་ཤན་པ་དང༌། བྱ་གག་གསོད་པ་དང༌། ཕག་གིས་འཚོ་བ་དང༌། ཉ་བ་དང༌། རི་དགས་ཀྱི་རྔོན་པ་དང༌། བྱ་བ་དང༌། རི་བོང་རྒྱས་ཤོར་བ་དང༌། ཆོས་རྐུན་པ་དང༌། གཤེད་མ་དང༌། གླང་པོ་ཆེ་འཛིན་པ་དང༌། སྦྲུལ་གྱིས་འཚོ་བ་དང༌། བརྩོན་བསྲུངས་པ་དང༌། ཉན་རྣ་བྱེད་པ་དང། གནོད་པ་བྱེད་པ་རྣམས་ཀྱི་གང་ཡིན་པའོ། །དེ་དག་གིས་ལས་སྐྱེས་པས་སམ་ཡང་དག་པར་བླང་པ་སྟེ། །དེ་དག་གི་ལས་སྤྱད་པར་ངེས་པར་བྱས་སོ། ཤན་པ་ནི་གང་དག་ཕྱུག་རྣམས་བསད་ནས་འཚོ་བར་བྱེད་པ་རྣམས་སོ། །བྱ་གག་གསོད་པ་ལ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །གླང་པོ་ཆེ་འཛིན་པ་ནི་གང་དག་ནགས་ནས་གླང་པོ་ཆེ་བཟུང་ནས་འདུལ་བར་བྱེད་པ་རྣམས་སོ། །སྦྲུལ་གྱིས་འཚོ་བ་རྣམས་ནི་གང་དག་སྦྲུལ་བཟུང་ནས་རྩེ་བས་འཚོ་བར་བྱེད་པ་རྣམས་སོ། །ཉན་རྣ་བ་ནི་གང་དག་གཞན་དག་ལ་ཕྲ་མས་གནོད་པར་བྱས་ནས་འཚོ་བར་བྱེད་པ་རྣམས་སོ། །དེ་དག་གི་ལས་སྐྱེས་པས་སམ། ཡང་དག་པར་བླངས་པ་སྟེ། དེ་ལ་སྐྱེས་པ་ཞེས་བྱ་བ་ནི་དེའི་རིགས་སམ་གཞན་གྱི་རིགས་གོ་རིམས་བཞིན་ནོ། །དེ་དག་གི་ལས་སྤྱོད་པར་ངེས་པར་བྱས་པ་ནི་ལུས་དང་ངག་གི་སྦྱོར་བ་སྔོན་དུ་བཏང་སྟེ། དེ་དག་གི་ལས་སྤྱད་པར་ངེས་པར་བྱས་པ་ནི། སྡོམ་པ་མ་ཡིན་པ་ཞེས་བརྗོད་པར་བྱའོ། །སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་གང༌། སྡོམ་པའང་མ་ཡིན། སྡོམ་པ་མ་ཡིན་པའང་མ་ཡིན་པའི་ལས་དགེ་བའམ་མི་དགེ་བ་གང་ཡིན་པའོ། །ཇི་སྐད་བཤད་པའི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་མི་ལྡན་པའི་སྦྱིན་པ་དང༌། ངག་སྙན་པ་ལ་སོགས་པ་དང༌། ཁུ་ཚུར་དང༌། ཐལ་
ལྕག་ལ་སོགས་པའི་ལས་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ། །བདེ་བ་མྱོང་བར་འགྱུར་བའི་ལས་གང༌། འདོད་པའི་ཁམས་དང༌། བསམ་གཏན་གསུམ་པོ་དག་གི་དགེ་བ་གང་ཡིན་པའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་གང༌། གང་མི་དགེ་བའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་གང༌། བསམ་གཏན་གསུམ་པོ་ལས་གོང་མའི་དགེ་བའོ། །མཐོང་བའི་ཆོས་ལས་མྱོང་བར་འགྱུར་བ་གང༌། གང་མཐོང་བའི་ཆོས་ལ་རྣམ་པར་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། བྱམས་པའི་ཏིང་ངེ་འཛིན་ལས་ལངས་པ་ལ་ཕན་འདོགས་པ་དང༌། གནོད་པར་བྱེད་པ་ལས་བྱུང་བ་དང༌། བྱམས་པའི་ཏིང་ངེ་འཛིན་ལས་ཇི་ལྟ་བར། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་ལས་ལངས་པ་དང༌། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡང་དེ་བཞིན་ནོ། །ཡང་ན་བསམ་པ་ནི་ཤིན་ཏུ་དྲག་པོས་སྦྱར་བས་དགེ་བ་དང་མི་དགེ་བ་སྤྱོད་པའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི། ཚེ་གང་ལ་བྱས་པ་དེ་ཉིད་ལ་གང་རྣམ་པར་སྨིན་པར་འགྱུར་བའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་གང༌། གང་ཚེ་ཕྱི་མ་ཉིད་ལ་རྣམ་པར་སྨིན་པར་འགྱུར་བ་སྟེ། འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་རྣམས་སོ། །ཡང་ན་དགེ་བ་དང་མི་དགེ་བ་གཞན་ཡང་ཡིན་ནོ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི། གང་དེ་མ་ཐག་ཏུ་འབྱུང་བའི་ཚེ་ལ་མྱོང་བར་འགྱུར་བ་སྟེ། འདི་ལྟར་མཚམས་མེད་པ་ལྔའི་ལས་རྣམས་སོ། །གང་གིས་མཚམས་མེད་པ་གཅིག་དེའི་རྣམ་པར་སྨིན་པ་དེ་མ་ཐག་པར་རིགས་ན། དེ་གང་གི་མང་པོ་གང་ཡིན་པ་དེའི་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟར་མྱོང་བར་འགྱུར་ཞེ་ན། ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཅིག་ཅར་མྱོང་བར་འགྱུར་ཏེ། འདི་ལྟར་མཚམས་མེད་པ་དུ་མ་བྱེད་པའི་ལུས་ཤིན་ཏུ་རབ་ཏུ་གནོན་པར་མངོན་པར་འགྲུབ་ལ་ཆད་པ་མང་ཞིང༌། མི་བཟད་པ་སྣ་ཚོགས་པར་འགྱུར་ཏེ། དེའི་དབང་གིས་ཚོར་བ་ཤིན་ཏུ་མང་པོ་འབྱུང་བར་འགྱུར་ཏེ། རྩོམ་པའི་དབང་དུ་བྱས་ནས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་པ་ལ་སོགས་པ་འདི་དག་རྣམ་པར་
གཞག་གི །དེ་ཙམ་ལ་མྱོང་བར་འགྱུར་བའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཚེ་དེ་ཉིད་ལ་གང་གི་རྣམ་པར་སྨིན་བ་རྩོམ་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་པའི་ཚེ་ལ་རྩོམ་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བའོ། །གང་དེ་མ་ཐག་ཏུ་བྱུང་བའི་ཚེ་ཐལ་ནས་རྩོམ་པ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ་དེ་ལྟར་བྱས་ན་ནི་ཀྱི་ཧུད་སེམས་ཞེས་བྱ་བའི་རྟོག་པ་བརྗོད་པ་ལས་མཚམས་མེད་པ་ལྔའི་ལས་ཀྱི་རྣམ་པར་སྨིན་པའི་སེམས་ཅན་དམྱལ་བར་ཡང་དང་ཡང་འཆི་འཕོ་ཞིང་སྐྱེ་བར་རྣམ་པར་སྨིན་པ་མྱོང་ངོ་ཞེས་གསུངས་པ་དང་མཐུན་པར་བྱས་པ་ཡིན་ནོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང༌། གང་དེ་ཕན་ཆད་དུ་རྣམ་པར་སྨིན་པར་འགྱུར་བའོ། །གནག་ལ་རྣམ་པར་སྨིན་པའི་ལས་གང༌། གང་མི་དགེ་བའོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་མི་དགེ་བ་སྟེ། ཉོན་མོངས་པ་ཅན་དང་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང༌། ཁམས་གསུམ་པའི་དགེ་བའོ། །གང་ཉོན་མོངས་པ་ཅན་མ་ཡིན་པའོ། །དཀར་གནག་ཏུ་འགྱུར་ལ། རྣམ་པར་སྨིན་པ་དཀར་གནག་ཏུ་གྱུར་པ་དང༌། གང་འདོད་པ་དང་རབ་ཏུ་ལྡན་པའི་འདྲེན་མ་སྟེ། དེའི་དགེ་བ་དང་མི་དགེ་བ་ཞེས་བྱ་བའི་ཐ་ཚིག་གོ ། གཅིག་ཇི་ལྟར་ན་དགེ་བར་ཡང་འགྱུར་ལ་མི་དགེ་བར་འགྱུར་ཞེ་ན། འདི་ལ་འཇུག་པའི་སྐད་ཅིག་ངེས་པར་དེ་གཉི་ག་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་བསམ་པ་དང་ལྷན་ཅིག་པའི་སྦྱོར་བ་ལ་གཅིག་ཅེས་བྱ་སྟེ། འདི་ནི་འདི་ལྟར་དགོངས་པ་ཡིན་པར་རིག་པར་བྱའོ། །དེ་གཉི་ག་ནག་པོ་དང་དཀར་པོ་ཉིད་དུ་འདྲ་བར་གྱུར་བས་དེ་ལྟར་ནག་པོ་དང་དཀར་པོ་ཉིད་དུ་རྣམ་པར་གཞག་གོ །བསམ་པས་གནག་ལ་སྦྱོར་བས་དཀར་བའམ་སྦྱོར་བས་གནག་ལ་བསམ་པས་དཀར་བའོ། །དེ་ལ་བསམ་པས་གནག་ལ་སྦྱོར་བས་དཀར་བ་ནི། དཔེར་ན་འགའ་ཞིག་གཞན་དག་ལ་སླུ་བར་འདོད་ན་དེ་དག་ཡིད་ཆེས་པར་བྱ་བའི་མཚན་མར་བསམས་ནས་སྦྱིན་པ་ནས་རབ་ཏུ་འབྱུང་བའི་བར་དུའོ། །སྦྱོར་བས་གནག་ལ་བསམ་པས་དཀར་པོ་ནི། དཔེར་ན་འགའ་ཞིག་བུའམ་སློབ་མ་མི་ཕན་པ་བཟློག་པར་འདོད་ཅིང་ཕན་པ་ལ་སྦྱོར་བར་འདོད་ནས་སྙིང་བརྩེ་བའི་སེམས་ཀྱིས་ལུས་དང༌། ངག་དྲག་ཏུ་བྱེད་
པའི་ཚེ་དེ་ལས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ཞིང་ལས་ཟད་པར་འགྱུར་བའི་ལས་གང༌། སྦྱོར་བ་དང༌། བར་ཆད་མེད་པའི་ལམ་རྣམས་ལ་ཟག་པ་མེད་པའི་ལས་སོ། །སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལ་མི་གནས་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དཀར་བ་ནི་མཐའ་གཅིག་ཏུ་རྣམ་པར་བྱང་བའི་ཕྱིར་རོ། །རྣམ་པར་སྨིན་པར་མི་འགྱུར་བ་ནི་འཁོར་བ་དང་འགལ་བའི་ཕྱིར་རོ། །ལས་ཟད་པར་འགྱུར་བ་ནི་ཡང་དག་པར་བསྒྱུར་བའི་ཕྱིར་རོ། །འདིར་མི་གནག་ཅིང་དཀར་བ་ལ་སོགས་པ་རྣམ་པ་གསུམ་ནི་ཟག་པ་མེད་པའི་ལས་སོ། །དེ་བས་ན་ཟག་པ་མེད་པ་ནི་རྣམ་པར་སྨིན་པ་ལེན་པ་མེད་པའི་ཕྱིར་ཀུན་དུ་བཅོམ་པའོ། །དེའི་ཕྱིར་བྱེ་བྲག་མེད་པར་ཟག་པ་མེད་པའི་ལས་འདི་ཐམས་ཅད་ཀྱི་བར་དུ་གཅོད་པ་དང༌། རྗེས་སུ་མཐུན་པ་དང༌། ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་ཡོན་པོ་དང༌། ཉེས་པ་དང༌། རྙོག་མ་དང༌། གཙང་བ་དང༌། ཐུབ་པ་བ་རྣམས་གོ་རིམས་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། དེ་ལ་ཡོན་པོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་དྲང་པོའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྱུང་བའི་སྒྲིབ་པར་འགྱུར་རོ། །ཉེས་པ་ནི་ལུས་ལ་སོགས་པའི་ལས་གང་གིས་རྣམ་པར་སུན་འབྱིན་པའི་སེམས་ཀྱི་རྒྱུད་ལ་དེ་དང༌། དེ་འདྲ་བའི་སྒྲིབ་པར་འགྱུར་བའི་ལས་འབྱུང་བའོ། །རྙོག་མ་ནི་མུ་སྟེགས་ཅན་གྱི་ལྟ་བ་ལ་བརྟེན་པའི་ལུས་ལ་སོགས་པའི་ལས་གང་ཡིན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མི་མཐུན་པའི་ཕྱོགས་མ་དད་པའི་རྙོག་མས་ཡོངས་སུ་ཟིན་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་རྟག་པ་དང༌། ཆད་པའི་མཐར་ལྷུང་སྟེ། དབུ་མའི་ལམ་དང་མི་མཐུན་པའི་ཕྱིར་ཡོན་པོའོ། །སྐུར་བའི་ལྟ་བས་ཡོངས་སུ་བཟུང་སྟེ། རྣམ་པར་བྱང་བ་རྣམ་པར་གཞག་པ་ལ་རབ་ཏུ་སྡང་བའི་ཕྱིར་ཉེས་པའོ། །འཇིག་ཚོགས་ལ་ལྟ་བས་ཡོངས་སུ་བཟུང་སྟེ། བདག་མེད་པ་ཁོ་ན་ལ་ལྟ་བའི་བར་དུ་གཅོད་པའི་ཕྱིར་རྙོག་མ་ཞེས་བྱའོ། །གཙང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་ཟིན་པ་དང༌། ལྟ་བ་དྲག་པོས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱི་ལས་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་ལོག་པར་
ཞུགས་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཐུབ་པ་ལ་ནི་གང་སློབ་པ་དང་མི་སློབ་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཟག་པ་མེད་པ་སྟེ། དེ་ཐུབ་པ་རྣམས་ཀྱི་ལས་ཡིན་པའི་ཕྱིར་རོ། །སྦྱིན་པའི་ལས་གང༌། དེའི་གཞི་དང༌། ཀུན་ནས་སློང་བ་དང༌། དངོས་པོ་དང༌། ངོ་བོ་ཉིད་ཀྱིས་རིག་པར་བྱ་སྟེ། གཞི་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའོ། །ཀུན་ནས་སློང་བ་ནི་དེ་དག་དང་ལྡན་པའི་ཕྱིར་ཚོར་བའོ། །དངོས་པོ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །ངོ་བོ་ཉིད་ནི་སྟོང་པ་ན་ལུས་ཀྱི་ལས་དང༌། ངག་གི་ལས་སོ། །ཇི་ལྟར་ན་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན། ཕྱིར་ཞིང་སྦྱིན་པ་དང༌། ཕྱོགས་མི་འབྱེད་པར་སྦྱིན་པ་དང༌། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་རོ། །དེ་དག་ནི་སྦྱིན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ་དེ་ལ་སྦྱིན་པ་པོར་འགྱུར་རོ་ཞེས་བྱ་བ་འདིས་ནི་ཕྱིར་ཞིང་སྦྱིན་པ་སྟོན་ཏེ། དེའི་ངང་ཚུལ་ཅན་དུ་གྱུར་བས་ཡང་དང་ཡང་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས་ལ་གཅེས་པ་ལ་སོགས་པས་ནི་ཕྱོགས་མི་འབྱེད་པར་སྦྱིན་པ་སྟོན་ཏེ། འདོད་པ་ཐམས་ཅད་ལ་བྱེ་བྲག་མེད་པར་སྦྱིན་པའི་ཕྱིར་རོ། །བཟའ་བ་སྦྱིན་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ཡོངས་སུ་རྫོགས་པའི་སྦྱིན་པ་སྟོན་ཏེ། བསམ་པ་ཇི་ལྟར་བ་བཞིན་དུ་ཡོ་བྱད་ཀྱི་དངོས་པོ་མ་རུལ་ཞིང་དྲི་མ་མེད་པའི་གཞི་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །ཡང་མི་གནས་པར་སྦྱིན་པ་དང༌། རྒྱ་ཆེར་སྦྱིན་པ་དང༌། དགའ་བས་སྦྱིན་པ་དང༌། ཕྱིར་ཞིང་སྦྱིན་པ་དང༌། སྣོད་ལ་སྦྱིན་པ་དང༌། འཁོར་དང༌། གློ་བུར་དུ་འོངས་པ་ལ་ལེགས་པར་བགོས་ཏེ་སྦྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །ལྷུག་པར་གཏོང་བ་དང༌། ལག་པ་བརྐྱང་བ་དང༌། གཏོང་བ་ལ་དགའ་བ་དང༌། མཆོད་སྦྱིན་བྱེད་པའི་ཚུལ་ཅན་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། སྦྱིན་ལ་ལེགས་པར་འགྱེད་པ་ལ་དགའ་བ་ཞེས་བྱ་བ་འདི་དག་ནི་མི་གནས་པར་སྦྱིན་པ་ལ་སོགས་པའི་ཚིག་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །མི་གནས་པར་སྦྱིན་པ་ནི། སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ན་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །སྦྱིན་པ་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་དང༌། སྦྱིན་པ་ལ་བྱ་བའི་དངོས་གཞན་ལས་ཕྲོགས་པར་མ་ཡིན་
པ་དང༌། སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཞིང་དྲི་མ་མེད་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་རུང་བ་དང༌། སྦྱིན་པར་བྱ་བའི་དངོས་པོ་ཆོས་ཀྱིས་བསྒྲུབ་པའི་ཕྱིར་རོ། །སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི། སྦྱིན་པར་བྱ་བའི་དངོས་པོ་གནོད་པས་གྲུབ་པ་མ་ཡིན་པ་སྟོན་ཏོ། །གནོད་པས་གྲུབ་པ་ནི་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་མ་ཡིན་ཏེ། རང་གི་གནས་ན་འདུག་ཅིང་གཞན་གྱིས་བཅོལ་བ་བསྙོན་པས་ཐོབ་པའི་ཕྱིར་རོ། །ལག་དར་བའི་མཐུས་བསྒྲུབ་པ་ཞེས་བྱ་བ་འདིས་ནི། སྦྱིན་པར་བྱ་བའི་དངོས་པོ་གཞན་ལས་ཕྲོགས་པ་མ་ཡིན་པ་སྟོན་ཏོ། །གཞན་ལས་ཕྲོགས་པ་ནི་ལག་དར་བའི་མཐུས་བསྒྲུབས་པ་མ་ཡིན་ཏེ། དེ་དག་གི་ཤ་ཐང་བར་ཐབས་སྣ་ཚོགས་ཀྱིས་བསྒྲུབས་པ་ཕྲོགས་པའི་ཕྱིར་རོ། །རྡུལ་དང་དྲི་མས་མ་ཕོག་པ་ཞེས་བྱ་བ་འདིས་ནི། སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཞིང་དྲི་མ་མེད་པ་སྟོན་པ་སྟེ། རྡུལ་དང་དྲི་མས་མ་ཕོག་པ་ཞེས་བྱ་བ་ནི་སྤངས་ཞེས་བྱ་བའི་ཐ་ཚིག་གོ །ཆོས་དང་མཐུན་པ་ཞེས་བྱ་བ་འདིས་ནི་སྦྱིན་པར་བྱ་བའི་དངོས་པོ་རུང་བ་སྟོན་ཏེ་མཚོན་ཆ་དང༌། དུག་དང༌། ཆང་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་སྤང་བའི་ཕྱིར་རོ། །ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་འདིས་ནི། སྦྱིན་པར་བྱ་བའི་དངོས་པོ་ཆོས་ཀྱིས་བསྒྲུབས་པ་སྟོན་ཏོ། །གཞལ་བ་ལས་གཡོ་འཇུག་པ་ལ་སོགས་པ་དང༌། ལོག་པས་འཚོ་བ་ལ་སོགས་པ་ཡོངས་སུ་སྤངས་པས་བསྒྲུབས་པའི་ཕྱིར་རོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན། ཡང་དག་པར་བླངས་པའི་ཚུལ་ཁྲིམས་རྗེས་སུ་བསྲུང་བའི་ཕྱིར་རོ། །མཉམ་ས་པས་དེ་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཇི་ལྟར་ན་སོ་སོར་ཐར་པའི་སྡོམས་པས་བསྡོམས་པ་ཡིན། ངེས་པར་འཕྱི་ན་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཐར་པའི་ཕྱིར་སྡོམ་པ་གང་ཡིན་པ་དེ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། དེ་ནི་འཁོར་བ་ལས་ངེས་པར་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན། མ་སྨད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཆོག་ཕུན་སུམ་ཚོགས་པ་ནི་སྤྱོད་ལམ་ལ་སོགས་པ་དམ་པ་རྣམས་ཀྱིས་མ་སྨད་པའི་ཕྱིར་རོ། །སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི་སྤྱོད་ཡུལ་མ་ཡིན་པ་ལྔ་སྤངས་པའི་ཕྱིར་ཏེ། དགེ་སློང་གི་སྐྱོད་
ཡུལ་མ་ཡིན་པ་ལྔ་ནི་གསོད་པའི་ས་དང༌། སྨད་འཚོང་མའི་གནས་དང༌། ཆང་འཚོང་མའི་ཁྱིམ་དང༌། རྒྱལ་པོའི་ཕོ་བྲང་དང༌། གདོལ་བའི་ཁྱིམ་སྟེ་ལྔའོ། །ཇི་ལྟར་ན་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིགས་པར་བལྟ་བ་ཡིན། ཤིན་ཏུ་གུས་པར་སློབ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་རྣམས་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ལ་ཡང་བསམ་པ་དྲག་པོས་སློབ་པ་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་ཡིན་ནོ། །ཇི་ལྟར་ན་ཡང་དག་པར་བླངས་པ་ལ་སློབ། བསླབ་པའི་གཞི་རྣམས་ལ་བསླབ་པ་ཡོངས་སུ་རྫོགས་པར་སློབ་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཀུན་ནས་ཡོངས་སུ་རྫོགས་པར་བསླབ་པ་རྣམས་བླངས་ནས་སློབ་པའི་ཕྱིར་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་རྣམས་ལ་སློབ་ཅེས་བརྗོད་དོ། །འདི་མན་ཆད་དུ་ནི་ཚུལ་ཁྲིམས་ལས་བརྩམས་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དུ་ལུས་དང་ངག་གིས་བསྡམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་དེའི་དོན་བརྗོད་པར་བྱའོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱད་པ་བསྡམས་པ་ཡིན། ཤེས་བཞིན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཇི་ལྟར་གནང་བ་བཞིན་དུ་འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་བློ་སྔོན་དུ་བཏང་ནས་ལེགས་པར་བསྒྲུབས་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་ཕུན་སུམ་ཚོགས་པ་ཡིན། །ལྟུང་བས་མི་གནོད་པའི་ཕྱིར་རོ། ལྟུང་བས་མི་གནོད་པའི་ཕྱིར་ནི་ཚུལ་ཁྲིམས་ཆུད་མི་གཟོན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་དག་ཡིན། འགྱོད་པ་མེད་པ་ལ་སོགས་པ་རིམ་གྱིས་ཏིང་ངེ་འཛིན་གྱི་བར་ལ་གནས་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིང་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་དགེ་བ་ཡིན། ཉོན་མོངས་པ་ཅན་གྱི་རྟོག་པ་དང་མ་འདྲེས་པའི་ཕྱིར་རོ། །གཅིག་ཏུ་དགེ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པ་ཡིན། དེ་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་རྣམ་པར་སྤངས་པའི་ཕྱིར་རོ། །སྲིད་པ་ལོངས་སྤྱོད་ཀྱི་ཕྱིར་ཡོངས་སུ་མི་བསྔོ་བས་དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང༌། ངག་དང༌། ཡིད་ཀྱི་ཀུན་དུ་སྤྱོད་པ་གནོད་པ་མེད་པ་ཡིན། གཞན་ལ་བརྙས་ཐབས་མི་བྱེད་ཅིང་འགྲོགས་ན་
བདེ་བའི་ཕྱིར་རོ། །བདག་ལ་བསྟོད་པ་ལ་སོགས་པས་གཞན་ཁྱད་དུ་གསོད་ཅིང་འགྲོགས་ན་མི་བདེ་བས་ཞེར་འདེབས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་རྗེས་སུ་མཐུན་པ་ཡིན། མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་དང་མཐུན་པའི་ཕྱིར་ཏེ། །འཕགས་པའི་ལམ་ལ་གཞོལ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་རྗེས་སུ་འབྱོར་བ་ཡིན། དགེ་བ་མི་བཅོམ་པ་དང༌། སྡིག་པ་མི་འཆབ་པའི་ཕྱིར་རོ། །རང་གི་ཉེས་པ་མཐོལ་ཞིང་ཡོན་ཏན་འཆབ་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ཐབས་དང་ལྡན་པ་ཡིན། ཚངས་པ་མཚུངས་པར་སྤྱོད་པ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཉེ་བར་འགྲོ་བའི་བྱ་བའི་འོས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ལ་འཆམ་པ་ཡིན། །བླ་མ་རྣམས་དང༌། བླ་མ་དང་འདྲ་བ་རྣམས་ལང་རྒྱལ་བཅག་པའི་ཕྱིར་རོ། །ཅི་རིགས་སུ་བསྙེན་བཀུར་བྱེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་མཐུན་པ་ཡིན། །གདམས་ངག་ལ་མཐུན་པར་འཛིན་པའི་ཕྱིར་རོ། །རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་གདུང་བ་མེད་པ་ཡིན། །དཀའ་ཐུབ་དྲག་པོ་དང་ངན་ངོན་ལ་མོས་པ་རྣམ་པར་སྤངས་པའི་ཕྱིར་རོ། །རྒྱུད་ལ་གདུང་བ་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ཡིན། ལོངས་སྤྱོད་དང་ལས་ཀྱི་མཐའ་སྤངས་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ལོངས་སྤྱོད་དང་ལས་ཀྱི་མཐའ་སྤངས་པ་ལས་བརྩམས་ནས་ཕྱིར་འགྱོད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ཡིད་ལ་གཅགས་པ་མེད་པ་ཡིན། ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །དགེ་བའི་ཕྱོགས་ལ་བརྩམས་ན་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཡིད་ལ་གཅགས་པ་མེད་པའི་ཕྱིར་ཏེ། སྒྲུབ་ནུས་པའི་བར་དུའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་འདི་དག་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་ལ། ལས་ཀྱི་སྐྱེ་གནས་པ་དང༌། ལས་བརྟན་པར་བྱ་བ་ལ། ལས་ནི་སེམས་ཅན་དག་མཐོན་པོ་དང༌། དམའ་བ་དང༌། ངན་པ་
དང༌། གྱ་ནོམ་པ་རྣམ་པར་འབྱེད་པའོ་ཞེས་གང་གསུངས་པ་ལ། ལས་བདག་གིར་བྱ་བ་ཇི་ལྟ་བུ་ཡིན། འདི་དག་ནི་བདག་གིར་བྱ་བ་ཡིན་པས། འདི་དག་ནི་ལས་བདག་གིར་བྱ་བ་དག་གོ །དེ་དག་གི་ལས་བདག་གིར་བྱ་བ་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ། །གང་གཞན་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བརྗོད་དོ། །ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན། འདི་དག་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་པས། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དག་གོ །ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་པ་མྱོང་བ་དེ་ལ། དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ། །འདི་ལྟ་སྟེ། རང་རང་གི་འབྲས་བུ་འདོད་པ་དང༌། མི་འདོད་པ་འབྱེད་པའི་ཕྱིར་རོ། །རང་གིས་བྱས་པའི་ལས་འདོད་པ་དང༌། མི་འདོད་པ་དག་གིས་རྣམ་པར་སྨིན་པ་མྱོང་བའི་སེམས་ཅན་དེ་དག་ཐོག་མ་གང་ལས་བྱུང༌། ཅི་རྒྱུ་མེད་པ་ལས་བྱུང་བ་ཞིག་གམ། འོན་ཏེ་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་ཞིག་ཅེ་ན། སྨྲས་པ། ལས་ཀྱི་སྐྱེ་གནས་ལས་འགྱུར་རོ། །ཇི་ལྟར་ན་ལས་ཀྱི་སྐྱེ་གནས་པ་ཡིན། རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་རྣམ་པར་སྤངས་པའི་ལས་ཀྱི་སྐྱེ་གནས་ལས་སེམས་ཅན་འབྱུང་བའི་ཕྱིར་རོ། །འདི་དག་གི་ལས་ཉིད་རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་རྣམ་པར་སྤངས་པའི་སྐྱེ་གནས་ཏེ། སེམས་ཅན་རྣམས་འབྱུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་འཇུག་པ་ལས་ཀྱང་བརྩམས་ལྡོག་པ་ལས་ཀྱང་བརྩམས་ཏེ། ཇི་ལྟར་ན་ལས་བརྟན་པ་བྱ་བ་ཡིན་ལས་ཀྱིས་བཅིངས་པ་ལས་རྣམ་པར་ཐར་པ་བྱེད་པའི་གཉེན་པོའི་ལས་བརྟན་པ་ཡིན་པའི་ཕྱིར་རོ། །ལས་བརྟན་པར་བྱ་བ་དག་སྟེ། ཟག་པ་དང་བཅས་པའི་ལས་སྤངས་པའི་ཕྱིར་རོ། །ཟག་པ་མེད་པའི་ལས་རྟེན་ཡིན་པས་འདི་དག་ནི་བརྟན་པར་བྱ་བའི་ལས་ཡིན་ནོ། །སེམས་ཅན་མཐོན་པོ་དང་དམའ་བ་གང༌། བདེ་འགྲོ་དང༌། ངན་འགྲོའི་ལུས་ཐོབ་པའོ། །ངན་པ་དང་གྱ་ནོམ་པ་གང༌། དེ་དག་ཉིད་སྐྱོན་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་བོ་ཞེས་གང་གསུངས་པ་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་མ་ཡིན་པར་རིག་པར་བྱའོ། །དེ་ལ་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་ཁྱབ་པ་ནི་ཇི་ལྟ་བུ། བསམ་གྱིས་
མི་ཁྱབ་པ་ནི་ཇི་ལྟ་བུ། ལས་དགེ་བའི་རྣམ་པར་སྨིན་པ་ལྷ་དང་མི་རྣམས་ཀྱི་ནང་དུ་འདོད་པ་ནི་བསམ་གྱིས་ཁྱབ་བའོ། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་མི་འདོད་པ་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པའོ། །ལས་འདིས་སེམས་ཅན་རྣམས་ཀྱི་ལུས་སྣ་ཚོགས་སུ་འགྱུར་ཞེས་བྱ་བ་འདི་ནི་ལས་བསམ་གྱིས་མི་ཁྱབ་པའོ། །དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་བདེ་འགྲོ་དང་ངན་འགྲོ་འདོད་པ་དང་མི་འདོད་པ་ཞེས་བྱ་བ་བསམ་གྱིས་ཁྱབ་པ་སྟེ། ནུས་པ་དང་ཡང་དག་པར་ལྟ་བ་ལ་སོགས་པའི་ཡོན་ཏན་འདྲེན་པའི་ཕྱིར་རོ། །ལས་འདིས་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་བའོ། །མི་ནུས་པ་དང༌། ཐམས་ཅད་མཁྱེན་པ་ལས་གཞན་པ་མགོ་རྨོངས་པ་ལ་སོགས་པའི་ཉེས་པ་འདྲེན་པའི་ཕྱིར་རོ། །ལས་དགེ་བ་དང་མི་དགེ་བ་དེ་ཉིད་གནས་དང༌། དངོས་པོ་དང༌། རྒྱུ་དང༌། རྣམ་པར་སྨིན་པ་དང༌། རབ་ཏུ་དབྱེ་བས་ནི་བསམ་གྱི་མི་ཁྱབ་སྟེ། །དགེ་བ་ལ་སོགས་པའི་ལས་དེ་ཉིད་གནས་ལ་སོགས་པའི་རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་བའོ། །དེ་ལ་གནས་ནི་གྲོང་ངམ་གྲོང་ཁྱེར་གྱི་ཕྱོགས་གང་དུ་གནས་ནས་ལས་དེ་བྱས་ཞེས་པ་ལ་སོགས་པའོ། །དངོས་པོ་ནི་སེམས་ཅན་གྱི་གྲོངས་སུ་གཏོགས་པའམ། སེམས་ཅན་མ་ཡིན་པའི་གྲོངས་སུ་གཏོགས་པ་གང་ལ་བརྟེན་ཏེ་བྱས་པའོ། །རྒྱུ་ནི་དགེ་བ་དང་མི་དགེ་བའི་རྩ་བ་རྣམས་ཏེ། ཇི་ལྟར་རིགས་པ་རྣམས་སོ། །རྣམ་པར་སྨིན་པ་ལུས་སྣ་ཚོགས་པ་དེ་ཉིད་དོ། །ཕྱིའི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་བའོ། །ལས་ཅི་འདྲ་བར་ཚེར་མ་ལ་སོགས་པའི་རྣོ་བ་ལ་སོགས་པ་བྱས་ཏེ། འཇིག་རྟེན་གྱི་ཁམས་པས་མི་རྟོགས་པའི་ཕྱིར་རོ། །ནོར་བུ་དང༌། སྔགས་དང༌། སྨན་དང༌། མཁྱུད་དཔྱད་དང་ལྡན་པའི་ལས་བསམ་གྱི་མི་ཁྱབ་པའོ། །དེ་ལ་ནོར་བུ་དང་ལྡན་པ་ནི། ཟླ་བ་ཆུ་ཤེལ་ལ་སོགས་འབྱུང་བ་ལ་སོགས་པའོ། །སྔགས་དང་ལྡན་པ་ནི་དེ་དག་གིས་བཏབ་ན་མི་འཚིག་པ་ལ་སོགས་པའོ། །སྨན་དང་ལྡན་པ་ནི། དེས་ཟིན་ན་མི་སྣང་བར་འགྱུར་བ་ལ་སོགས་པའོ། །མཁྱུད་དཔྱད་དང་ལྡན་པ་ནི་མཁྱུད་དཔྱད་དེ་དང་དེས་
རིམས་ནད་དང་བྲལ་བར་འགྱུར་བ་ལ་སོགས་པའོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་མཐུའི་བསམ་གྱིས་མི་ཁྱབ་བའོ། །དེ་དག་གི་སེམས་ཀྱི་མཐུས་ས་ཆེན་པོ་གཡོ་བར་བྱེད་དམ། །ནམ་མཁའ་ལ་འཕུར་བར་བྱེད་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་གིས་ལས་བསམ་གྱིས་མི་ཁྱབ་པ་སྟེ། །འདི་ལྟ་སྟེ། །ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། མོས་པ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ཆོས་ལ་དབང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་ལ་སོགས་པ་ནི་ལས་གང་བྱེད་པ་དེ་བསམ་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། །ཚེ་ལ་དབང་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་སོ། །སེམས་ལ་དབང་བས་ནི་ཇི་སྲིད་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཡོ་བྱད་ལ་དབང་བས་ནི་སེམས་ཅན་རྣམས་ལ་ཡོ་བྱད་རིན་པོ་ཆེ་དཔག་ཏུ་མེད་པའི་ཆར་འབེབས་སོ། །ལས་ལ་དབང་བས་ནི་ཁམས་དང་ས་དང་འགྲོ་བ་དང༌། སྐྱེ་གནས་དང་གནས་སྐབས་གཞན་མྱོང་བར་འགྱུར་བ་རྣམས་གཞན་དུ་བསྒྱུར་རོ། །སྐྱེ་བ་ལ་དབང་བས་ནི་བསམ་གཏན་ལ་གནས་ཤིང་ཡོངས་སུ་མ་ཉམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེའོ། །མོས་པ་ལ་དབང་བས་ནི་ས་ལ་སོགས་པ་ལ་ཆུ་ལ་སོགས་པར་མོས་སོ། །སྨོན་ལམ་ལ་དབང་བས་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་རྒྱ་ཆེན་པོ་གྲངས་མེད་པ་མངོན་པར་སྒྲུབ་བོ། །རྫུ་འཕྲུལ་ལ་དབང་བས་ནི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། །རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་ཀུན་ཏུ་སྟོན་ཏོ། །ཡེ་ཤེས་ལ་དབང་བས་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་ཀྱི་རབ་ཀྱི་མཐར་ཕྱིན་པར་འགྲོའོ། །ཆོས་ལ་དབང་བས་ནི་ཅི་རིགས་པར་ཇི་ཙམ་དུ་སེམས་ཅན་རྣམས་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་གཞན་དག་གིས་མདོ་ལས་སོགས་པའི་ཆོས་རྣམ་པར་བཞག་ནས། ཅིག་ཅར་སེམས་ཅན་ཡོངས་སུ་ཚིམ་པར་བྱེད་ནུས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་ཀྱི་ལས་བསམ་གྱིས་མི་ཁྱབ་བོ། །ཇི་ལྟ་བུ་ཞེ་ན། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལྷུན་གྱིས་གྲུབ་པར་རྟོགས་པར་ཁོང་དུ་ཆུད་ཅིང་ཆོས་ཀྱི་དབྱིངས་རོ་གཅིག་པ་ཉིད་དུ་གྱུར་
ནས། སེམས་ཅན་རྣམས་གང་གི་ཚེ་དང༌། ཇི་ལྟ་བུ་དང༌། ཇི་སྲིད་དུ་མཛད་པ་སྒྲུབ་པར་བྱེད་པ་དེ་ཐམས་ཅད་རྗེས་སུ་གནས་ཏེ། དེ་ལྟར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པོ། །དེ་དག་མདོར་བསྡུས་ན་ཀུན་འབྱུང་བའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། རྒྱུའི་མཚན་ཉིད་དང༌། ཀུན་འབྱུང་བའི་མཚན་ཉིད་དང༌། རབ་ཏུ་སྐྱེ་བའི་མཚན་ཉིད་དང༌། རྐྱེན་གྱི་མཚན་ཉིད་དོ། །རྒྱུའི་མཚན་ཉིད་གང་ཡང་སྲིད་པའི་བག་ཆགས་འཇོག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་མཚན་ཉིད་དུ་རིག་པར་བྱའོ། །ཡང་སྲིད་པའི་བག་ཆགས་འཇོག་པར་བྱེད་པ་ནི་བསྡུ་ན་རྒྱུའོ། །ཀུན་འབྱུང་བའི་མཚན་ཉིད་གང་སེམས་ཅན་བག་ཆགས་བསགས་པ་དེ་དང་དེ་དག་སེམས་ཅན་གྱི་རིས་དེ་དང་དེར་ཀུན་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར། ཀུན་འབྱུང་བའི་མཚན་ཉིད་དུ་རིག་པར་བྱའོ། །སེམས་ཅན་བག་ཆགས་བསགས་པ་རྣམས་ལྷ་ལ་སོགས་པའི་སེམས་ཅན་གྱི་རུས་སུ་དེའི་ཆ་བྱད་དང་རང་བཞིན་འདྲར་བར་མཐུན་པའི་བྱེད་རྒྱུ་ཞེས་བྱ་པ་ནི་ཀུན་འབྱུང་བའོ། །རབ་ཏུ་སྐྱེ་བའི་མཚན་ཉིད་གང༌། སོ་སོར་རང་དང༌། རྣམ་པ་དང༌། མཆོག་ཏུ་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ཉིད་དུ་བལྟའོ། །སོ་སོར་རང་གི་རྒྱུད་ངེས་པ་དང༌། འགྲོ་བ་དང་སྐྱེ་གནས་ལ་སོགས་པ་ལ་རྣམ་པ་དུ་མར་རབ་ཏུ་འབྱུང་བ་སྲིད་པའི་རྩེ་མོའི་འགྲོ་བའི་བར་དུ་འབྱུང་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའོ། །རྐྱེན་གྱི་མཚན་ཉིད་གང༌། གཞན་དང་གཞན་འཐོབ་པ་དང༌། འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་དུ་རིག་པར་བྱའོ། །སྔོན་མ་བྱུང་བའི་ལུས་གཞན་དང་གཞན་འཐོབ་པ་དང༌། སྔོན་ཐོབ་པའི་ལུས་འདའ་བའི་བྱེད་རྒྱུ་ཞེས་བྱ་བ་ནི་རྐྱེན་ཏོ། །ཀུན་འབྱུང་བའི་བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་རྫོགས་སོ།། །།འགོག་པའི་བདེན་པ་གང༌། མཚན་ཉིད་དང༌། ཟབ་པ་དང༌། བརྡ་དང༌། དོན་དམ་པ་དང༌། ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་རྫོགས་པ་དང༌། རྒྱན་མེད་པ་དང༌། རྒྱན་དང་བཅས་པ་དང༌། ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པ་དང༌། ཁྱད་པར་དུ་འཕགས་པ་དང༌། རྣམ་གྲངས་ཀྱིས་ཀྱང་འགོག་པའི་བདེན་པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ། དེ་བཞིན་ཉིད་དང༌། ལམ་དང༌། ཉོན་མོངས་པ་མི་འབྱུང་བ་སྟེ། གང་དུ་འགོག་པ་དང༌། གང་གིས་འགོག་པ་དང༌། གང་འགོག་པའོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་གང་དུ་མིག་
དང་རྣ་བ་དང༌། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པར་ནི་འགག་པར་འགྱུར། །ཞེས་གསུངས་པའོ། །གཞན་ཡང་གསུངས་པ་གང་དུ་མིག་འགགས་པ་དང༌། ཁ་དོག་གི་འདུ་ཤེས་མེད་པར་འགྱུར་བ་དང༌། ཆོས་ཀྱི་བར་དུ་འགགས་པ་དང༌། ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་བ་དེ་ནི་གནས་སུ་རིག་པར་བྱ་ཞེས་པའོ། །རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགོག་པའི་མཚན་ཉིད་དོ། །གང་གིས་འགོག་པ་དང༌། གང་དུ་འགོག་པ་དང༌། གང་འགོག་པའོ། །ཟབ་པས་ཇི་ལྟ་བུ། འདུ་བྱེད་དེ་དག་གིས་འཇིག་པ་ལས་འགོག་པ་གཞན་པར་མི་བྱ། གཞན་མ་ཡིན་པར་ཡང་མི་བྱ། གཞན་ཡང་མ་ཡིན། གཞན་མ་ཡིན། གཞན་མ་ཡིན་པའང་མ་ཡིན་པར་ཡང་མི་བྱའོ། །གལ་ཏེ་ཅིའི་རྒྱུ་འདུ་བྱེད་དེ་དག་གིས་འཇིག་པ་ལས་འགོག་པ་དེ་གཞན་ཞིག་ཡིན་ན་དེ་འབྲེལ་བ་མེད་དོ། །དེ་དོན་གཞན་དུ་འགྱུར་རོ། །ཅི་སྟེ་གཞན་མ་ཡིན་ན་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གཉི་ག་མ་ཡིན། གཉི་ག་མ་ཡིན་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར། སྤྲོས་པ་མེད་པའི་ཕྱིར་རོ། །སྤྲོས་པ་ནི་ཡང་འདིར་ཚུལ་བཞིན་མ་ཡིན་པར་དོན་ལ་སེམས་པ་སྟེ། ལམ་མ་ཡིན་པ་དང༌། རིགས་མ་ཡིན་པ་དང༌། ཐབས་མ་ཡིན་པ་དང༌། སེམས་པ་ཞེས་བྱ་བ་ནི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་རིག་པའི་སྐྱེ་མཆེད་དྲུག་པོ་དག་ཟད་པ་དང༌། རྣམ་པར་ཞིག་པ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དང༌། ནུས་པ་ལས་གཞན་ཡོད་དོ་ཞེ་ན། སྤྲོས་པ་མེད་པ་སྤྲོས་པར་བྱེད་དོ། །གཞན་མེད་དོ་ཞེའམ། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེའམ། གཞན་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞེ་ན། ཡང་སྤྲོས་པ་མེད་པ་སྤྲོས་པར་བྱེད་དོ། །ཇི་སྲིད་དུ་དེ་སྐྱེ་མཆེད་དྲུག་ཡོད་པ་དེ་སྲིད་དུ་སྤྲོས་པའོ། །སྐྱེ་མཆེད་དྲུག་འགག་པས་སྤྲོས་པ་མེད་པ་སྟེ་མྱུ་ངན་ལས་འདས་པར་གསུངས་པའོ། །དེ་ལྟར་སྤྲོས་པ་མེད་པ་མྱ་ངན་ལས་འདས་པའོ། །སྤྲོས་པ་ནི་ཚུལ་བཞིན་མ་ཡིན་པ་སེམས་བ་ཡིན་ནོ། །སེམས་པ་གང་གཞན་ལ། སེམས་པར་བྱ་བ་ཡང་གཞན་ཡིན་པའི་ཕྱིར་རོ། །སེམས་པ་ཇི་ལྟ་བུ་ཞེ་ན། ཞི་བ་དང་གྱ་ནོམ་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་སོ། །བརྡས་ཇི་ལྟ་བུ། འཇིག་རྟེན་པའི་ལམ་གྱི་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ། དེའི་ཕྱིར་བཅོམ་ལྡན་
འདས་ཀྱིས་དེའི་རྣམ་གྲངས་སུ་དེའི་ཆ་ཤས་ཀྱི་མྱ་ངན་ལས་འདས་པར་གསུངས་སོ། །དོན་དམ་བས་ཇི་ལྟ་བུ། འཕགས་པའི་ཤེས་རབ་ཀྱི་ས་བོན་ཀུན་དུ་བཅོམ་པས་འགོག་པ་ཡང་ཡིན་ནོ། །ཡོངས་སུ་མ་རྫོགས་པས་ཇི་ལྟ་བུ། རྒྱུན་དུ་ཞུགས་པའི་འབྲས་བུར་བསྡུས་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུར་བསྡུས་པའམ། ཕྱིར་མི་འོང་བའི་འབྲས་བུར་བསྡུས་པའང་རུང་སྟེ། སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཡོངས་སུ་རྫོགས་པ་གང༌། དགྲ་བཅོམ་པའི་འབྲས་བུར་བསྡུས་པ་དང་མི་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རྒྱན་མེད་པ་ཇི་ལྟ་བུ་ཤེས་རབ་ཀྱི་རྣམ་པར་གྲོལ་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །རིགས་པ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་རྒྱན་མེད་པའི་ཕྱིར་རོ། །རྒྱན་དང་བཅས་པས་ཇི་ལྟ་བུ། གཉི་གའི་ཆ་ལས་རྣམ་པར་གྲོལ་བར་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ལྷག་མ་དང་བཅས་པས་ཇི་ལྟ་བུ། ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ་གང་ཡིན་པའོ། །ལྷག་མ་མེད་པས་ཇི་ལྟ་བུ། ཕུང་པོའི་ལྷག་མ་མེད་པའི་འགོག་པ་གང་ཡིན་པའོ། །ཁྱད་པར་དུ་འཕགས་པ་ཇི་ལྟ་བུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པས་བསྡུས་པའི་འགོག་པ་གང་ཡིན་པ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བར་ཉེ་བར་གནས་པའི་ཕྱིར་རོ། །རྣམ་གྲངས་ཀྱིས་ཇི་ལྟ་བུ། མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང༌། བྱང་བར་འགྱུར་བ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། རྣམ་པར་ཞི་བ་དང༌། ནུབ་པ་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་མ་ལུས་པར་སྤངས་པ་ཚིག་ལྷག་མ་རྣམས་ཀྱི་ཕྱིར་རོ། །མ་ལུས་པར་སྤངས་པ་ཞེས་བྱ་བ་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེའི་ཕྱིར་དེའི་ཚིག་ལྷག་མ་རྣམས་ཀྱི་ཕྱིར་རོ་ཞེས་བྱ་བ་བརྗོད་དོ། །དེ་དག་གིས་དེ་བཤད་པའི་ཕྱིར་རོ། །ཇི་ལྟར་བྱས་ནས་མ་ལུས་པར་སྤངས་ཤེ་ན། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་སྤངས་པ་ཀུན་ནས་དཀྲིས་པ་པོར་བའི་ཕྱིར་རོ། །ཀུན་ནས་དཀྲིས་པའི་དབང་དུ་བྱས་པ་སྟེ། འབྱུང་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་བར་འགྱུར་བ་བག་ལ་ཉལ་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །བག་
ཉལ་བ་སྤངས་པ་སྟེ། རྩ་བ་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་ཟད་པ་དེ་ནི་གཉེན་པོ་མཐོང་བ་དང༌། བསྒོམ་པའི་ལམ་གྱི་བྱེ་བྲག་གིས་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། ཟག་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །དེའི་ཕྱིར་གསུངས་པ། ཅིའི་ཕྱིར་ཟད་པ་གཉེན་པོ་མཐོང་བའི་ལམ་གྱིས་བྲལ་བའི་ཕྱིར་རོ། །དེ་ལ་ཟད་པ་ནི། མཐོང་བའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་ཉོན་མོངས་པའི་ཚིག་ཅུང་ཟད་ཙམ་ལུས་པའི་ཕྱིར་རོ། །ཅིའི་ཕྱིར་འདོད་ཆགས་དང་བྲལ་བ། གཉེན་པོ་བསྒོམ་པའི་ལམ་གྱིས་བྲལ་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཉིད་ནི་བསྒོམ་པའི་ལམ་གྱིས་བྲལ་བ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ནི་ས་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་འགྱུར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་གཉིས་ཀྱི་འབྲས་བུར་གྱུར་པ་ནི། ཡང་ཕྱི་མ་ལ་སྡུག་བསྔལ་འགོག་པར་འགྱུར་ཏེ། དེའི་དབང་དུ་བྱས་ནས་གསུངས་པ་ཅིའི་ཕྱིར་འགོག་པ་ཕྱི་མ་ལ་དེའི་འབྲས་བུ་སྡུག་བསྔལ་མི་སྐྱེད་པའི་ཕྱིར་རོ། །མ་སྐྱེས་པ་ནི་སྐྱེ་བ་མེད་པའི་ཆོས་ཉིད་དུ་བྱས་པའི་ཕྱིར་རོ། མཐོང་བའི་ཆོས་ལ་ཡིད་མི་བདེ་བ་ཉེ་བར་ཞི་བར་འགྱུར་བའི་ཕྱིར་ཏེ། དེའི་ཕྱིར་དེའི་དབང་དུ་བྱས་ནས་གསུང་པ། ཅིའི་ཕྱིར་རྣམ་པར་ཞི་བ། མཐོང་བའི་ཆོས་ལ་དེའི་འབྲས་བུ་སེམས་ཀྱི་སྡུག་བསྔལ་རྒྱུ་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ནུས་པ་ཕུང་པོ་ལྷག་མ་རྣམས་འཇིག་པའི་ཕྱིར་རོ། །སྔོན་གྱི་ལས་དང་ཉོན་མོངས་པས་ཡང་དག་པར་བསྒྲུབས་པའི་ཕུང་པོ་རྣམས་ནི་རང་གི་དང་གིས་འཇིག་པའི་ཕྱིར་རོ། །དེ་ལྟར་བྱས་ན་མ་ལུས་པ་སྤངས་པར་བསྟན་པར་རིག་པར་བྱའོ། །ཅིའི་ཕྱིར་འདུས་མ་བྱས་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་རོ། །འདུས་བྱས་ལས་བཟློག་པ་སྟེ། སྐྱེ་བ་དང༌། འཇིག་པ་དང༌། གནས་པ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བལྟ་དཀའ་བ་ཤའི་མིག་དང༌། ལྷའི་མིག་གི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །འཕགས་པ་ཁོ་ནའི་ཤེས་རབ་ཀྱི་སྤྱན་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཡོ་བ་མེད་པ་འགྲོ་འཕོ་དང་བྲལ་བའི་ཕྱིར་རོ། །དམྱལ་བ་ལ་སོགས་པའི་འགྲོ་བར་མི་འཕོ་བས་བརྟན་པའི་ཕྱིར་རོ། །ཅིའི་ཕྱིར་མི་འདུད་པ། སྲིད་པ་གསུམ་དང་བྲལ་བའི་ཕྱིར་རོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་སྲིད་པ་མེད་པས་མི་འདུད་པའི་ཕྱིར་རོ། །ཅིའི་ཕྱིར་འཆི་བ་མེད་པ།
ཕུང་པོའི་བདུད་དང་བྲལ་བའི་ཕྱིར་རོ། །འཆི་བའི་རྟེན་ཕུང་པོ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཟག་པ་མེད་པ་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །ཟག་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གནས་ཁ་ན་མ་ཐོ་བ་མེད་པའི་དགའ་བའི་གཞི་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གླིང་ཁམས་གསུམ་ཡོངས་སུ་ཆད་པའི་ཕྱིར་རོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཐང་ལྟ་བུར་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱོབ་པ་གནོད་པ་ཐམས་ཅད་བཟློག་པའི་ཕྱིར་རོ། །དེ་ཐོབ་ན་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་བཟློག་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱབས། དེར་བསམ་པ་དང་སྦྱོར་བས་བྱས་པའི་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །དེར་བསམ་པ་དང་སྦྱོར་བས་བྱས་པའི་གཞིའི་རྟེན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དཔུང་གཉེན་འཕགས་པའི་མཆོག་ཉིད་དུ་འགྲོ་བའི་གཞིའི་གནས་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཐོབ་པའི་ཐབས་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་འཆི་འཕོ་མེད་པ་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །མ་སྐྱེས་པས་ཉམས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་རིམས་ནད་མེད་པ། འདོད་པས་ཕོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདོད་པས་ཕོངས་པའི་གདུང་བ་བཅོམ་ནས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་གདུང་བ་མེད་པ། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་འཁྲུག་པ་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལ་སོགས་པའི་ཡོངས་སུ་གདུང་བ་ཐམས་ཅད་རྒྱུན་ཆད་པས་བསིལ་བའི་ཕྱིར་རོ། །ཅིའི་ཕྱིར་བདེ་བ། འཇིགས་པ་མེད་པར་གནས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ན་བ་དང༌། རྒ་བ་དང༌། འཆི་བའི་འཇིགས་པ་དང་བྲལ་བས་འཕགས་པ་གནས་པའི་རྟེན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞི་བ། ཕན་པའི་དངོས་པོའི་ཕྱིར་རོ། །དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་བདེ་བའི་གཞི་དོན་དམ་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དགེ་བར་འགྱུར་བ། སྦྱོར་བ་བདེ་བས་དེ་ཐོབ་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །སྦྱོར་བ་བདེ་བས་དེ་འཐོབ་པར་འགྱུར་བའི་དམིགས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་
ནད་མེད་པ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མི་གཡོ་བ། གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ། མཚན་མ་མེད་ཅིང་ཞི་ལ་བདེ་བར་གནས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་ཏེ། ཞི་ཞིང་བདེ་བར་གནས་པའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡང་འགོག་པའི་བདེན་པ་ལ་བརྩམས་ནས་མ་སྐྱེས་པ་ལ་སོགས་པའི་རྣམ་གྲངས་རྣམས་ཏེ། སྡུག་བསྔལ་གྱི་མཚན་ཉིད་ལས་བཟློག་པར་རིག་པར་བྱའོ། །སྡུག་བསྔལ་ནི་སེམས་ཅན་གྱི་རིས་དེ་དང༌། དེར་ཉིད་མཚམས་སྦྱོར་བར་བྱས་པས་སྐྱེ་བའོ། །དེ་ལས་བཟློག་པར་གསུངས་པ། ཅིའི་ཕྱིར་མ་སྐྱེས་པ་ཉིང་མཚམས་སྦྱོར་བ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་ནི་ཉིང་མཚམས་སྦྱོར་བའི་དུས་ན་ལུས་ཡོངས་སུ་རྫོགས་པར་འཕེལ་ལོ། །དེ་ལས་བཟློག་པ་གསུངས་པ། ཅིའི་ཕྱིར་མ་བྱུང་བ། དེའི་འོག་ཏུ་བྱུང་བ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་བ་དེ་ཡང་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་ཏེ་བྱས་སོ། །དེ་ལས་བཟློག་པ་གསུངས་པ། ཅིའི་ཕྱིར་མ་བྱས་པ། སྔོན་གྱི་མཐའི་ལས་དང་ཉོན་མོངས་པའི་འཕེན་པ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་དེ་ཡང་ལས་དང་ཉོན་མོངས་པ་རྣམས་ཀྱི་སྲིད་པ་གཞན་དུ་བྱེད་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་གསུངས་པ། ཅིའི་ཕྱིར་འདུས་མ་བྱས། ད་ལྟར་ཉོན་མོངས་པ་ལས་འདུས་མི་བྱེད་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །དེའི་རྒྱུན་མི་འཆད་པའི་ཚུལ་གྱིས་ཡང་སྲིད་པའི་རྒྱུན་སྐྱེ་བར་འགྱུར་བའོ། །དེ་ལས་བཟློག་པ་གསུངས་པ། ཅིའི་ཕྱིར་སྐྱེ་བ་མེད་པ། མ་འོངས་པའི་རྒྱུ་འབྱུང་བ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་གོ་རིམས་ལྟར་མ་སྐྱེས་པ་དང༌། མ་བྱུང་བ་དང་མ་བྱས་པ་དང༌། འདུས་མ་བྱས་པ་དང༌། སྐྱེ་བ་མེད་པར་རིག་པར་བྱའོ། །ཡང་འགོག་པའི་བདེན་པའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད་དང༌། ཞི་བའི་མཚན་ཉིད་དང༌། གྱ་ནོམ་པའི་མཚན་ཉིད་དང༌། ངེས་པར་འབྱུང་བའི་མཚན་ཉིད་དོ། །ཅིའི་ཕྱིར་འགོག་པའི་མཚན་ཉིད་དང༌། ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །
འབྱུང་བའི་རྒྱུ་ཉོན་མོངས་པ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །ཅིའི་ཕྱིར་ཞི་བའི་མཚན་ཉིད། སྡུག་བསྔལ་དང་བྲལ་བའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་མ་ཞི་བའི་མཚན་ཉིད་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་བྲལ་བའི་དབང་དུ་བྱས་པའོ། །ཅིའི་ཕྱིར་གྱ་ནོམ་པའི་མཚན་ཉིད། གཙང་བ་དང་བདེ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །ཉོ། མོངས་པ་དང་སྡུག་བསྔལ་དང་བྲལ་བའི་ཕྱིར། བདག་ཉིད་གཙང་བ་དང་བདེ་བའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པའོ། །ཅིའི་ཕྱིར་ངེས་པར་འབྱུང་བའི་མཚན་ཉིད། རྟག་པ་དང་ཕན་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །རྟག་པ་དང༌། ཕན་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། །ཡང་ཕྱིར་མི་ལྡོག་པ་དང་བདེ་བའི་ཕྱིར། ཕན་པ་དང༌། དགེ་བ་དང༌། གོ་རིམས་བཞིན་ནོ། །འགོག་པའི་བདེན་པ་རྣམ་པར་ངེས་པ་རྫོགས་སོ།། །།ལམ་གྱི་བདེན་པ་གང་ཡིན། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང༌། ཀུན་འབྱུང་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་སྟེ། འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །བདེན་པ་རྣམས་ལ་འདིའི་བྱ་བའི་སྐབས་ཀྱིས་མཚན་ཉིད་བསྟན་པར་རིག་པར་བྱའོ། །ཡང་ལམ་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་མོ། །ལམ་རྣམ་པ་ལྔ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བའི་སྐབས་ཀྱིས་སོ། །རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །དེ་ལ་ཚོགས་ཀྱི་ལམ་གང་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་བསྡོམས་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །ཡང་གང་རྒྱུ་མཐུན་པའི་དགེ་བ་གཞན་དང༌། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་སྟེ། དེ་བསྒོམས་པས་མངོན་པར་རྟོགས་པ་དང༌། རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་སྣོད་ཉིད་ཐོབ་པར་འགྱུར་རོ། །དེ་ལ་ཚོགས་ཀྱི་ལམ་ནི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ཤེས་པ་ནས་བརྩམས་ནས། ཤེས་བཞིན་དུ་གནས་པ་ཞེས་པའི་བར་འདིའོ། །ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པས་དྲོ་བར་གྱུར་པ་ལ་གོ་རིམས་ཀྱིས་
བདེན་པ་མཐོང་བར་བྱ་བ་དང༌། དེ་ལ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། སེམས་ཀྱི་རྒྱུད་འོས་སུ་གྱུར་པ་འཐོབ་ཅེས་པའོ། །གང་ཡང་རྒྱུར་གྱུར་པའི་དགེ་བ་གཞན་ཞེས་པ་ལ་སོགས་པའོ། །འགྱོད་པ་མེད་པ་ལ་སོགས་པར་རིག་པར་བྱའོ། །སྦྱོར་བའི་ལམ་གང༌། ཚོགས་ཀྱི་གང་ཡིན་པ་སྦྱོར་བའི་ཡང་དེ་ཡིན་ནོ། །སྦྱོར་བ་ཡིན་ལ་ཚོགས་མ་ཡིན་པའང་ཡོད་དེ་ཚོགས་བསགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ། དེ་ནི་དྲོ་བར་གྱུར་བ་དང༌། རྩེ་མོ་དང༌། བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། །དྲོ་བར་གྱུར་པ་གང༌། སོ་སོ་རང་གི་བདེན་པ་རྣམས་པ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང༌། ཤེས་རབ་དང་མཚུངས་པར་ལྡན་པ་དང་བཅས་པའོ། །མཉམ་པར་གཞག་པའི་སེམས་ཀྱིས་བདེན་པའི་དབང་དུ་བྱས་པའི་མདོ་སྡེ་ལ་སོགས་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་དོན་སྣང་བར་གྱུར་བའི་ཞི་གནས་དང༌། ལྷག་མཐོང་དང་ལྡན་པ་ནི་དྲོ་བར་གྱུར་པར་རིག་པར་བྱའོ། །རྩེ་མོ་གང༌། སོ་སོ་རང་གི་བདེན་པ་རྣམས་ལ་སྣང་བ་འཕེལ་བའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །དེ་ལ་འཕེལ་བ་ནི་རྩེ་མོ་སྟེ། དེའི་འོག་ན་རྣམ་པར་གནས་པའི་ཕྱིར་རོ། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་གང༌། སོ་སོ་རང་གི་བདེན་པ་རྣམས་ཀྱི་ཕྱོགས་གཅིག་ན་ཞུགས་པ་དང༌། རྗེས་སུ་སོང་བའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཇི་ལྟར་ན་ཕྱོགས་གཅིག་ལ་ཞུགས་པ་ཡིན་ཞེ་ན། གཅིག་ཏུ་གཟུང་བ་མེད་པར་བཟོད་པའི་ཕྱིར་རོ། །ཇི་ལྟར་ན་ཕྱོགས་གཅིག་གི་རྗེས་སུ་སོང་བ་ཡིན་ཞེ་ན། འཛིན་པ་མེད་པར་རྟོག་པའི་རྗེས་སུ་མཐུན་པར་གནས་པའི་ཕྱིར་རོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གང༌། སོ་སོ་རང་གི་བདེན་པར་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །གང་གི་འོག་ཏུ་ཐོག་མར་འཇིག་རྟེན་ལས་འདས་པའི་ལམ་མོ། །མཐོང་བའི་ལམ་གང༌། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་འཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང༌། ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སྟེ། རྣམ་པར་རྟོག་པ་ཞི་གནས་དང༌། ལྷག་མཐོང་གི་མཚན་ཉིད་དུ་རིག་པར་བྱའོ། །དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་མཉམ་པས་མཉམ་
པར་ཤེས་པའང་དེ་ཡིན་ཏེ། དེས་གཟུང་བ་དང་འཛིན་པ་དང་མེད་པའི་དེ་བཞིན་ཉིད་རྟོགས་པའི་ཕྱིར་རོ། །སོ་སོ་རང་ལ་སེམས་ཅན་གྱི་བརྡ་དང༌། ཆོས་ཀྱི་བརྡ་གསལ་བའང་ཐམས་ཅད་དུ་གཉི་གའི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པའང་དེ་བཞིན་ནོ། །སོ་སོ་རང་ལ་སེམས་ཅན་གྱི་བརྡ་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། དེས་རང་གི་རྒྱུད་ཉིད་ལ་བདག་གི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །སོ་སོ་རང་ལ་ཆོས་ཀྱི་བརྡ་གསལ་བ་ལ་དམིགས་ནས་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན་དེས་རང་གི་རྒྱུད་ཉིད་ལ་གཟུགས་ལ་སོགས་པའི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཐམས་ཅད་དུ་གཉི་གའི་བརྡའི་གསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཤེས་པའི་ཆོས་ཀྱི་མཚན་མ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་མཐོང་བའི་ལམ་རབ་ཏུ་དབྱེ་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་ཆེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །མཐོང་བའི་ལམ་གྱི་རབ་ཏུ་དབྱེ་བ་འདི་རྣམས་ནི། བདེན་པ་རྣམ་པ་བཅུ་དྲུག་སྟེ། ཆོས་དང་རྗེས་སུ་རྟོགས་པ་ལ་བཟོད་པ་དང་ཤེས་པ་རྣམས་སོ། །སྡུག་བསྔལ་གང༌། སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་ལ་ཆོས་གང༌། སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་ཆོས་བསྟན་པ་རྣམས་སོ། །ཆོས་ཤེས་པ་གང༌། སྦྱོར་བའི་ལམ་ལ་སྡུག་བསྔལ་གྱི་དབང་དུ་བྱས་པ་ལས་བྱུང་བའི་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་པའོ། །བཟོད་པ་གང༌། སྔར་རྣམ་པར་དཔྱོད་པའི་དབང་དུ་བྱས་ནས། སོ་
སོ་རང་ལ་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་གྱུར་བའི་ཟག་པ་མེད་པའི་ཤེས་རབ་སྟེ། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ་ཉོན་མོངས་པ་སྤང་བ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། སྦྱོར་བའི་ལམ་ལ་སྡུག་བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་མདོ་ལ་སོགས་པའི་ཆོས་ལ་རྣམ་པར་དཔྱོད་པའི་ཤེས་པ་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་དབང་དུ་བྱས་ནས་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དེ་བཞིན་ཉིད་མངོན་སུམ་དུ་གྱུར་བའི་འཇིག་རྟེན་ལས་འདས་པའི་ཆོས་ཤེས་རབ་ཡང་དག་པའི་ལྟ་བའི་རང་བཞིན་འབྱུང་སྟེ། དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་པའི་བག་ལ་ཉལ་ཉི་ཤུ་རྩ་བརྒྱད་རབ་ཏུ་སྤོང་ངོ༌། །དེ་བས་ན་དེ་རྣམས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་དེ་ལྟར་བཤད་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང༌། ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །བཟོད་པ་དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར། །གནས་གྱུར་ནས་དེ་མ་ཐག་ཏུ་ཤེས་པ་གང་གིས་གནས་གྱུར་པ་དེ་མྱོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བརྗོད་དོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་གང༌། སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་འདི་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་པོ། །དང་པོ་བཟོད་པ་དང་རྗེས་སུ་རྟོགས་པར་ཤེས་པ་འདི་གཉིས་ནི་སློབ་པ་དང་མི་སློབ་པའི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དེ་ལ་དེ་ཡང་དག་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་དེ་ལ་དམིགས་ནས་སོ་སོ་རང་ལ་མངོན་སུམ་དུ་གྱུར་བའི་ཟག་པ་མེད་པའི་ཤས་རབ་ནི་སྡུག་བསྔལ་ལ་རྗེས་སུ་རྟོགས་པ་ཤེས་པའི་བཟོད་པ་ཞེས་བརྗོད་དོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང༌། ཤེས་པ་གང་གིས་རྗེས་སུ་རྟོགས་པའི་ཤེས་པ་དེས་ངེས་པར་འཛིན་པའོ། །རྗེས་སུ་རྟོགས་པས་ཤེས་པའི་བཟོད་པ་དང༌། ཤེས་པ་གང་གིས་མྱོང་བ་དེ་ནི་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བརྗོད་དོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་བརྗོད་པ་དང༌། ཤེས་པ་རྣམས་ཅི་རིགས་སུ་ཤེས་པར་བྱའོ། །འཇིག་རྟེན་ལས་
འདས་པའི་ལམ་གྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དོ། །རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་འདི་སྐད་ཅེས་བྱ་སྟེ། དེ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཤེས་པ་རྣམས་ཀྱིས་ནི་བཟུང་བ་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་ནི། ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་མཚན་མ་མེད་པ་ལ་གནས་པའི་གང་ཟག་དྲུག་པ་བཀའ་སྩལ་བ། དེ་ནི་བཟོད་པ་དང་ཤེས་པ་དེ་དག་ལ་གནས་པར་རིག་པར་བྱ་སྟེ། མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། །དེ་དག་བཟོད་པར་ཤེས་པའི་བསྡུས་པའི་སེམས་ཀྱི་སྐད་ཅིག་བཅུ་དྲུག་ནི་མཐོང་བའི་ལམ་སྟེ། དེ་དག་གིས་སྔོན་མ་མཐོང་བའི་འཕགས་པའི་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་མཐོང་བའི་ཕྱིར་རོ། །སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །འདིར་དངོས་པོ་མ་བྱུང་བ་ལས་བྱུང་བ་ཙམ་ལ་སེམས་ཀྱི་སྐད་ཅིག་ཏུ་རིག་པར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་ཇི་ཙམ་དུ་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་འགྱུར་བ་ལ་བྱ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་གོ །ཀུན་འབྱུང་བ་ནི་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །གང་མཐོང་བའི་ལམ་ལས་བརྩམས་ཏེ། རྒྱ་ཆེན་རྣམ་པར་སྤྲོས་པ་དེ་ཐམས་ཅད་ནི་རྣམ་པར་གཞག་པ་ཙམ་དུ་རིག་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བའི་ཕྱིར་རོ། །ལམ་གྱི་བདེན་པ་ཐམས་ཅད་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ་པར་གཞག་པ་དང༌། རྣམ་པར་རྟོག་པ་དང༌། མྱོང་བ་དང༌། ཡོངས་སུ་རྫོགས་པའོ། །དེ་ལ་རྣམ་པར་གཞག་པ་ནི། ཉན་ཐོས་ལ་སོགས་པ་ཇི་ལྟར་རང་གི་ཁོང་དུ་ཆུད་པ་མཐར་ཕྱིན་ནས། དེའི་རྗེས་ལ་ཐོབ་པའི་ཤེས་པས་གཞན་དག་ལ་གོ་བར་བྱེད་པའི་ཕྱིར་རོ། །མིང་དང་ཚིག་དང༌། ཡི་གེའི་ཚོགས་ཀྱིས་ལམ་གྱི་བདེན་པ་རྣམ་པར་འཇོག་པ་སྟེ། བདེན་པ་རྣམས་ལ་བཟོད་པ་དང༌། ཤེས་པ་ནི་འདི་ལྟ་བུའོ་ཞེས་
བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་མངོན་པར་རྟོགས་པ་ལས་ཞུགས་པ་འཇིག་རྟེན་པའི་ཤེས་པས་ཇི་ལྟར་རྣམ་པར་གཞག་པ་བཞིན་དུ་རྣམ་པར་རྟོག་ཅིང་དེ་གོམས་པར་བྱེད་པའོ། །མྱོང་བ་ནི་དེ་ལྟར་གོམས་པར་བྱེད་པ་ན། མཐོང་བའི་ལམ་ཞེས་བརྗོད་པའི་འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་གནས་སྐབས་གང་ཡིན་པ་དང་པོར་སོ་སོ་རང་གིས་མྱོང་བའོ། །ཡོངས་སུ་རྫོགས་པ་ནི་དེའི་འོག་ཏུ་གནས་གྱུར་པ་ཡོངས་སུ་རྫོགས་པས་ཐོབ་པ་མཐར་ཕྱིན་པའི་བར་ཐོབ་པའོ། །ཐོབ་པ་མཐར་ཕྱིན་པ་དེ་དག་ནི་རྗེས་ལ་ཐོབ་པའི་ཤེས་པས་ལམ་གྱི་རྣམ་པར་འཇོག་གོ །དེ་ལྟར་ན་རྣམ་པ་འདི་བཞི་ནི་ལམ་གྱི་འཁོར་ལོ་སྟེ། ཡང་དང་ཡང་གཞན་དང་གཞན་ལ་བརྟེན་ནས་འཇུག་པར་རིག་པར་བྱའོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གང་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་པའོ། །ཆོས་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་བའོ། །ཡོངས་སུ་ཤེས་པ་དང༌། སྤོང་བས་ཀྱང་ལམ་རྣམ་པར་དག་པའི་ཕྱིར་རོ། །ཐོག་མ་ཁོ་ནར་བདེན་པ་རྣམས་ལ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་དེ། དེ་དག་གིས་ཉོན་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་ཏེ། དེ་དག་གིས་ནི་དེའི་སྒྲིབ་པའི་དྲི་མ་སྤངས་པའི་གནས་སུ་སྐྱེས་པའི་ཕྱིར་རོ། །ཡང་བཟོད་པ་དང་ཤེས་པའི་གནས་སྐབས་འདི་གཉིས་ནི་གོ་རིམས་བཞིན་དུ་ཡོངས་སུ་ཤེས་པ་དང༌། སྤངས་པས་ལམ་ཉིད་ཀྱི་རྣམ་པར་དག་པའི་དབང་དུ་བྱས་ཏེ། རྡུལ་མེད་པ་དང༌། རྡུལ་དང་བྲལ་བར་རིག་པར་བྱའོ། །ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། །ཆོས་རྟོགས་པ། །སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲིའོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ཞེས་གང་གསུངས་པ་དེ་ཡང་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། འདུལ་བ་རྣམས་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བའི་འོག་ཏུ་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་ཆོས་མཐོང་ངོ༌། །དེ་དག་གི་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ཆོས་འཐོབ་བོ། །དེ་རྣམས་ཀྱི་གནས་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །རྗེས་སུ་
རྟོགས་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་གོ །དེ་དག་གིས་འདི་ནི་འཕགས་པའི་ཆོས་ཀྱི་རྒྱུའོ་ཞེས་དེ་གཉིས་རིག་པའི་ཕྱིར་རོ། རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྟོགས་སོ། །དེ་དག་གི་ཤེས་བྱ་ཇི་སྙེད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཐམས་ཅད་ཀྱིས་རང་གི་ཆོས་ཐོབ་པ་ལ་སོམ་ཉི་ལས་བརྒལ་ཏོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོམ་ཉི་ལས་བརྒལ་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པས་ཡུན་རིང་པོ་ནས་འདོད་པ་རང་གིས་ཐོབ་པ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ་ཏོ། །དེའི་དུས་ན་གཞན་གྱིས་ཁྱད་པར་ཐོབ་པ་ལ་ཡང་ཡིད་གཉིས་ཟ་བ་མེད་པའི་ཕྱིར་རོ། །ལམ་བསྒོམ་པ་ལ་གཞན་གྱི་དྲིང་ལ་མི་འཇོག་གོ །གཞན་ལས་ལུང་དུ་མནོས་པ་མེད་པ་ཡང་བདག་ཉིད་མཁས་པའི་ཕྱིར་རོ། །མུ་སྟེགས་ཅན་རྣམས་ཀྱིས་མི་འཕྲོགས་པའི་ཕྱིར་སྟོན་པའི་བསྟན་པ་དག་གཞན་གྱིས་མི་བཀྲིའོ། །ཤེས་ནས་དད་པ་ཐོབ་པས་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་ལ་ཡང་སྟོན་པའི་བསྟན་པ་ལ་མི་འཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་ཡོངས་སུ་དྲི་བའི་ཆོས་དང་ལུང་དུ་བསྟན་པའི་ཆོས་ནི་འདིར་ཆོས་སུ་འདོད་དོ། །སེམས་ཞུམ་པ་མེད་པའི་ཕྱིར། དེ་ལ་མི་འཇིགས་པ་འཐོབ་པའོ། །ཐོབ་པ་ལས་ཡོངས་སུ་དྲི་བའི་ཆོས་རྣམས་དང༌། ལུང་དུ་བསྟན་པའི་ཆོས་རྣམས་དང༌། སྡིག་པ་འདོད་པ་དང༌། མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་པ་མེད་པའི་ཕྱིར་རོ། །བསྒོམ་པའི་ལམ་གང༌། མཐོང་བའི་ལམ་ལས་གོང་དུ་གྱུར་པ་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། ལམ་ཆུང་ངུ་དང༌། ལམ་འབྲིང་པོ་དང༌། ལམ་ཆེན་པོ་དང༌། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །འཕགས་པ་ཉན་ཐོས་བདེན་པ་རྣམས་མངོན་པར་རྟོགས་པ་དང་ལྡན་པའོ། །དེའི་གོང་དུ་གྱུར་པ་ནི་ཀུན་དུ་སྦྱོར་བའི་ལྷག་མ་སྤང་བའི་ཕྱིར་ཞུགས་པ་སྟེ། གང་འཇིག་རྟེན་པ་ལ་སོགས་པའི་ལམ་ནི་བསྒོམ་པའི་ལམ་ཞེས་བརྗོད་དོ། །དེ་ལ་འཇིག་རྟེན་བའི་ལམ་གང༌། འཇིག་རྟེན་པའི་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་
མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། བསམ་གཏན་དང་གཟུགས་མེད་པ་དེ་དག་ཀྱང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱད་བ་དང༌། རྣམ་པར་གཞག་པ་དང༌། རྣམ་པར་དག་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲིད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པའོ། །དེ་དག་ནི་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བ་རྣམས་ཀྱི་ཉོན་མོངས་པའི་བསམ་གཏན་གྱི་སྒོ་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་བསྒྲིབས་པའི་ལུང་དུ་མ་བསྟན་པར་འགྱུར་བའི་ཕྱིར་རོ། །དེ་ལ་སྲེད་པས་ནི་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་སོ། །ཤིན་ཏུ་སྦྱོང་བའི་བདེ་བའི་རོ་མྱོང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་ལྟ་བའི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པའི་ལྟ་བ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའོ། །དེས་ཁྱད་པར་ཐོབ་ནས་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པས་ནི་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །དེ་ཁོ་ན་མ་གཏོགས་པས་ཐར་པར་འདོད་པ་ཁྱད་པར་དེ་ཐོབ་པ་ལ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལྟར་སེམས་ཀུན་ནས་ཉོན་མོངས་པ་དག་ལ་གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་འབྱུང་ངོ༌། །རྣམ་པར་བྱང་བས་ཇི་ལྟ་བུ། དག་པའི་བསམ་གཏན་དང༌། གཟུགས་མེད་པ་རྣམས་ཀྱང་དགེ་བའི་ཕྱིར་རྣམ་པར་བྱང་བ་ཞེས་བརྗོད་དོ། །འཇིག་རྟེན་པ་རྣམས་ཀྱང་ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །རྣམ་པར་གཞག་པས་ཇི་ལྟ་བུ། ཡན་ལག་རྣམ་པར་གཞག་པ་དང༌། སྙོམས་པར་འཇུག་པས་རྣམ་པར་གཞག་པ་དང༌། ཚད་རྣམ་པར་གཞག་པ་དང༌། མིང་དུ་གདགས་པ་རྣམ་པར་གཞག་པས་སོ། །བསམ་གཏན་རྣམས་ཇི་སྙེད་པ་དེ་ལྟར་བཞིར་རྣམ་པར་གཞག་སྟེ། ཡན་ལག་དང༌། སྙོམས་པར་འཇུག་པ་དང༌། ཚད་དང༌། མིང་དུ་གདགས་པས་ཕྱེ་བའི་ཕྱིར་རོ། །གཟུགས་མེད་པ་རྣམས་ནི་ཡན་ལག་མ་གཏོགས་པ་རྣམ་པ་གསུམ་མོ། །ཡན་ལག་རྣམ་པར་གཞག་པས་ཇི་ལྟ་བུ། བསམ་གཏན་
དང་པོ་ལ་ཡན་ལག་ལྔ་སྟེ། ཡན་ལག་ལྔ་ནི། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི་སྟེ་ཡན་ལག་བཞི་ནི། ནང་རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་པ་ལ་ཡང་ཡན་ལག་ལྔ་སྟེ། ཡན་ལག་ལྔ་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ། ཡན་ལག་བཞི་ནི། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །གང་གི་དབང་དུ་བྱས་ནས་ཆོས་གཞན་དག་ཀྱང་ཡོད་བཞིན་དུ་རྟོག་པ་ལ་སོགས་པ་ཁོ་ན་མཐའ་གཅིག་ཏུ་རྣམ་པར་གཞག་ཅེ་ན། དེ་ཙམ་གྱི་གཉེན་པོ་དང༌། ཕན་ཡོན་དང༌། དེ་གཉི་གའི་གནས་ཀྱི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལྟར་གསུངས་པ། གཉེན་པོའི་ཡན་ལག་དང༌། ཕན་ཡོན་གྱི་ཡན་ལག་དང༌། དེ་གཉི་གའི་གནས་ཀྱི་ཡན་ལག་གི་ཕྱིར་རོ། །བསམ་གཏན་དང་པོ་ལ་རྟོག་པ་དང༌། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་གཉིས་ཀྱི་འདོད་པ་དང༌། གནོད་སེམས་དང༌། འཚེ་བའི་རྣམ་པར་རྟོག་པ་ལ་སོགས་པ་སྤང་བའི་ཕྱིར་རོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པ་གཉིས་ཀྱི་གཉེན་པོ་བྱས་པའི་མི་མཐུན་པའི་ཕྱོགས་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཐོབ་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ཉིད་ནི། དེ་གཉི་གའི་གནས་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོགས་པ་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་སྟེ། དེས་རྟོག་པ་དང་དཔྱོད་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་ལ་སྔ་མ་བཞིན་ནོ། །བསམ་གཏན་གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་སྟེ། དེ་དགའ་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མ་གཉིས་དང་གོ་རིམས་བཞིན་ནོ། །བསམ་གཏན་བཞི་པ་ལ་བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་སྟེ། དེ་
གཉིས་བདེ་བའི་གཉེན་པོ་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ །སེམས་རྩེ་གཅིག་པ་ཉིད་ནི་གཉི་གའི་གནས་ཀྱི་ཡན་ལག་གོ །གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡན་ལག་རྣམ་པར་གཞག་པ་མེད་དོ། །སྙོམས་པར་འཇུག་པ་རྣམ་པར་བཞག་པས་ཇི་ལྟ་བུ། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་ནོ། །ཡིད་ལ་བྱེད་པ་བདུན་གང༌། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པ་དང༌། དཔྱོད་པ་དང༌། སྦྱོར་བའི་མཐའ་དང་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །ཇི་ལྟར་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཡིད་ལ་བྱེད་པ་བདུན་དུ་འགྱུར་ཞེ་ན། མཉམ་བར་གཞག་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་ཉེས་དམིགས་ལ་སོགས་པར་བལྟ་བས། རགས་པའི་མཚན་ཉིད་དུ་རིག་པར་བྱེད་པ་དེ་མེད་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་རབ་ཏུ་རིག་བ་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེའི་ཐོས་པ་དང༌། སེམས་པ་འདྲེས་པར་རིག་པར་བྱའོ། །དེའི་འོག་ཏུ་ཐོས་པ་དང༌། སེམས་པ་ལས་འདས་ནས་གཅིག་ཏུ་བསྒོམ་པའི་རྣམ་པར་དེའི་རིགས་པ་དང་ཞི་བའི་མཚན་ཉིད་ཀྱི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང༌། ཡང་ཡང་ཇི་ལྟར་ཡོངས་སུ་བཙལ་བར་རགས་པ་དང་ཞི་བ་ཉིད་དུ་མོས་ཏེ། །འདི་ནི་མོས་པ་ལས་བྱུང་བ་ཞེས་བྱའོ། །དེ་གོམས་པས་ཐོག་མ་ཁོ་ནར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པ་ལས་བྱུང་བ་སྟེ། དེས་ཉོན་མོངས་པའི་རྣམ་པ་ཆེན་པོ་སྤངས་པ་ཡང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །རྣལ་འབྱོར་བ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང༌། སྤོང་བ་ལ་ཕན་ཡོན་དུ་བལྟ་སྟེ། རབ་ཏུ་དབེན་པའི་དགའ་བ་དང༌། བདེ་བ་ཆུང་དུས་རེག་པ་དང༌། དུས་དུས་སུ་དད་པར་འགྱུར་བའི་ཡིད་ལ་བྱེད་པས་ཇི་ཙམ་དུ་རྨུགས་པ་དང༌། གཉིད་དང༌། རྒོད་པ་དང་བྲལ་བར་བྱས་པའི་ཕྱིར། རབ་ཏུ་དགའ་བར་བྱེད་པ་འདི་ནི་དགའ་བར་སྡུད་པ་ཞེས་བྱའོ། །དེ་ལྟར་ལེགས་པར་ཞུགས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་ལྡན་པའི་ཕྱིར་རོ། །འདོད་
པ་ན་སྤྱོད་པའི་ཉོན་མོངས་པའི་དགའ་བ་དང་བདེ་བ་ཀུན་དུ་མི་འབྱུང་བས། དེ་སྤངས་ས་མ་མ་སྤངས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འབྱུང་བ་དང་མཐུན་པའི་སྡུག་བསྔལ་བའི་མཚན་ཉིད་ལ་བྱེད་པས་སོ་སོར་རྟོགས་པ་ནི་དཔྱོད་པའི་ཡིད་ལ་བྱེད་པའོ། །དེས་ནི་འདི་ལྟར་དཔྱད་ནས་གཉེན་པོ་བསྒོམས་པས་དུས་དེ་སྲིད་ཅིག་པའི་ཚུལ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་རོ། བསམ་གཏན་དང་པོ་ལ་སྦྱོར་བའི་མཐར་ཐུག་པའི་གཉེན་པོ་ཡིད་ལ་བྱེད་པ་ནི། སྦྱོར་བའི་མཐའོ། །དེའི་འོག་ཏུ་དངོས་གཞི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པར་གྱུར་པ་ནི་སྦྱོར་བའི་མཐའི་འབྲས་བུ་ཞེས་བྱའོ། །དེ་ལ་མཚན་ཉིད་རབ་ཏུ་རིག་པས་ནི་སྤང་བར་བྱས་པ་དང༌། ཐོབ་པར་བྱ་བས་ལེགས་པར་ཡོངས་སུ་ཤེས་ནས། །སྤང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་འཇོག་གོ །མོས་པ་ལས་བྱུང་བས་ནི་དེའི་འོག་ཏུ་ཡང་དག་པར་སྦྱོར་བ་བརྩམ་མོ། །རབ་ཏུ་དབེན་པ་ལས་བྱུང་བས་ནི་ཀུན་ནས་ཉོན་མོངས་པ་ཆེན་པོ་རྣམས་རབ་ཏུ་སྤང་ངོ༌། །དགའ་བ་སྡུད་པ་ནི། ཉོན་མོངས་པའི་རྣམ་པ་འབྲིང་རབ་ཏུ་སྤོང་ངོ༌། །སྤྱོད་པས་ནི་ཐོབ་པའི་མངོན་པའི་ང་རྒྱལ་མེད་པ་ལས་སེམས་འཇོག་པར་བྱེད་དོ། །སྦྱོར་བའི་མཐའ་ནི་ཉོན་མོངས་པ་རྣམ་པ་ཆུང་ངུ་རབ་ཏུ་སྤོང་ངོ༌། །སྦྱོར་བའི་མཐའི་འབྲས་བུས་ནི་ཡིད་ལ་བྱེད་པ་ལེགས་པར་བསྒོམས་པའི་འབྲས་བུ་མྱོང་བར་བྱེད་དོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཕྱིར། ཡིད་ལ་བྱེད་པ་བདུན་ཇི་ལྟ་བ་དེ་བཞིན་དུ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་པའི་ཕྱིར་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །རགས་པའི་མཚན་ཉིད་ནི་ས་འོག་མ་ཐམས་ཅད་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །མདོར་བསྡུ་ན་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རབ་ཏུ་མ་ཞི་བར་གནས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་དང༌། ཤིན་ཏུ་ཚེ་ཐུང་བའོ། །དེ་ལས་བཟློག་པ་སྟེ། ས་གོང་མ་ལ་ནི་ཞི་བའི་མཚན་ཉིད་དུ་རིག་པར་བྱའོ། །ཚད་རྣམ་པར་གཞག་པས་ཇི་ལྟ་བུ། བསམ་གཏན་དང་པོ་ལ་ཆུང་ངུར་ཡོངས་སུ་བསྒོམ་པ་དང༌། འབྲིང་དུ་ཡོངས་སུ་བསྒོམ་པ་དང༌། ཆེན་པོར་ཡོངས་སུ་བསྒོམ་པའོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་དང༌། གཟུགས་མེད་པ་རྣམས་ཀྱང་དེ་བཞིན་ནོ། །བསམ་གཏན་དང་པོ་ལ་ཆུང་ངུ་དང༌། འབྲིང་དང༌། ཆེར་ཡོངས་སུ་བསྒོམས་པའི་འབྲས་བུ་
ནི་བསམ་གཏན་དང་པོའི་སྐྱེ་བ་གསུམ་མོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར། བསམ་གཏན་ལྷག་མ་རྣམས་ཀྱི་ཡང་དེ་བཞིན་ཏེ། བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་གསུམ་མོ། །བསམ་གཏན་རྣམས་ནི་ཆུང་ངུ་དང༌། འབྲིང་པོ་དང༌། ཆེར་ཡོངས་སུ་བསྒོམ་པའི་ཕྱིར་རོ། །རེ་རེ་ལ་ཡང་བསམ་གཏན་གྱི་སྐྱེ་བ་གསུམ་གསུམ་ནི་འབྲས་བུ་ཡིན་ཏེ། འདི་ལྟ་སྟེ། ཚངས་རིས་དང༌། ཚངས་པ་མདུན་དུ་ན་འདོན་དང༌། ཚངས་ཆེན་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གོང་དུ་བཤད་པའོ། །གཟུགས་མེད་པ་རྣམས་ནི་གནས་གཞན་མེད་པའི་ཕྱིར་སྐྱེ་བ་ཐ་དད་པ་ཡང་མེད་དོ། །དེ་རྣམས་ན་གཞལ་མེད་ཁང་གི་གནས་གཞན་མེད་པའི་ཕྱིར། དེ་ལྟར་དེར་སྐྱེ་བའི་བྱེ་བྲག་རྣམ་པར་གཞག་པ་མེད་དོ། །དེར་ཡང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡོངས་སུ་བསྒོམས་པས་གཟུགས་མེད་པ་རྣམས་སུ་སྐྱེ་བ་མཐོན་པོ་དང༌། དམའ་བ་དང༌། ངན་པ་དང༌། གྱ་ནོམ་པར་ཤེས་སོ། །དེར་སྐྱེ་བ་མཐོན་པོ་དང༌། དམའ་བ་ནི་ཚེ་ལ་སོགས་པའི་ཁྱད་པར་རོ། །དམའ་བ་དང་གྱ་ནོམ་པ་ནི་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་རོ། །མིང་དུ་གདགས་པ་རྣམ་པར་གཞག་པས་ཇི་ལྟ་བུ། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་སོ། །བསམ་གཏན་བཞིའི་རབ་ཏུ་དབྱེ་བའི་ཏིང་ངེ་འཛིན་རྣམས་ཀྱི་མིང་གྲངས་མེད་པ་དང༌། བསམ་གྱིས་མི་ཁྱབ་པའོ། །འདི་ལྟར་བསམ་གཏན་དང་པོས་བསྡུས་པ་ཇི་སྙེད་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དེ་དག་གི་མིང་ཡང་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ན། དེ་དག་གི་གྲངས་སུ་ཤེས་པར་འགྱུར་པའམ། སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཏིང་ངེ་འཛིན་བརྒྱ་ལྷག་ཅིག་བསྟན་པ་དང༌། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་གཞན་དེ་དང་དེ་དག་ནས་འབྱུང་བའོ། །བསམ་གཏན་དང་པོས་བསྡུས་པ་ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་དང༌། གཟུགས་མེད་པས་བསྡུས་པ་རྣམས་ཀྱང་དེ་བཞིན་ནོ། །དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྟེན་ནས་སོ། །རྣམ་པར་དག་
དག་པ་ཇི་ལྟ་བུ། །རབ་ཀྱི་མཐའི་ཆ་ལས་བྱུང་བ་བསམ་གཏན་དང་པོ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་རྣམ་པར་དག་པ་ཞེས་བརྗོད་དོ། །རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་དང༌། གཟུགས་མེད་པ་རྣམས་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་རོ། །འདོད་པ་བཞིན་དུ་འཐོབ་པ་ལ་སོགས་པས་ལས་སུ་རུང་བ་མཆོག་ཏུ་ཕྱིན་པར་ཁྲིད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གང༌། བསྒོམ་པའི་ལམ་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་ཏེ། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པའི་ཤེས་པའི་ཆོས་རྣམས་དང༌། དེ་རྣམས་ཀྱང་བརྒྱད་དེ། སྡུག་བསྔལ་ལ་སོགས་པ་ལ་ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པ་བརྒྱད་རྣམས་ཏེ། ཇི་ལྟར་མཐོང་བའི་ལམ་ལ་བརྟེན་པ་རྣམས་སོ། །དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་པ་ཉིད་དོ། །དེ་རྣམས་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བས། འཕགས་པའི་ལམ་རྒྱུ་བ་ལ་མཆོག་ཏུ་གསལ་བའི་གནས་མ་ཡིན་པའི་ཕྱིར། །དེ་འབའ་ཞིག་གཅིག་ཏུ་འཇིག་རྟེན་པར་རིག་པར་བྱའོ། །དེའི་ཕྱིར་དེ་འདུ་ཤེས་དམན་པས་དམིགས་པ་མཚན་མར་མི་བྱེད་པའི་ཕྱིར། །དེའི་ཕྱིར་མཚན་མ་མེད་པ་ཞེས་བརྗོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་འཕགས་པའི་ལམ་མེད་པར་གང་ལས་ཤེས་ཤེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཇི་སྲིད་དུ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་རྟོགས་སོ་ཞེས་སོ། །འགོག་པའི་སྙོམས་པར་འཇུག་པ་ནི། འཇིག་རྟེན་ལས་འདས་པ་སྟེ། ཅིའི་ཕྱིར་ཞེ་ན། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་ཕྱིར་རོ། །མི་རྣམས་ལ་མངོན་པར་བསྒྲུབ་པའོ། །ཐོག་མ་ཉིད་དུ་སྐྱེད་ཅེས་བྱ་བའི་ཐ་ཚིག་གོ །མི་རྣམས་ལ་མངོན་པར་གྲུབ་ནས་མི་རྣམས་ལ་འམ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །སྔར་བསྐྱེད་ནས་མི་རྣམས་ཀྱི་ནང་དུ་ཚེ་དེ་ཉིད་དམ། གཟུགས་ཀྱི་ཁམས་སུ་སྐྱེས་ནས་མངོན་དུ་འགྱུར་རོ། །གཟུགས་མེད་པའི་ཁམས་རྣམས་སུ་ནི་འདི་མངོན་དུ་འགྱུར་བ་མེད་དེ། ཞི་བ་རྣམ་པར་ཐར་པའི་རྣམ་པར་སྨིན་པས་གནས་པ་རྣམས་ནི་དེ་ལ་འབད་པའི་
རྩོམ་པ་མེད་པའི་ཕྱིར་རོ། །འཕགས་པ་ཉན་ཐོས་གཟུགས་ཀྱི་ཁམས་ལ་འདོད་ཆགས་དང་བྲལ་ཏེ། གཟུགས་མེད་པ་ཐོབ་པ་གཟུགས་ཀྱི་ཁམས་སུ་ཇི་ལྟར་སྐྱ་ཞེ་ན། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ན་གཟུགས་མེད་པ་ལ་སྙོམས་པར་འཇུག་པའི་ངེ་པ་མེད་དོ། །དེའི་ཕྱིར་མུ་བཞིར་འགྱུར་ཏེ། གཟུགས་ལ་འདོད་ཆགས་དང་བྲལ་བ་དེ་ཐམས་ཅད་གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་གང༌། གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་དེ་ཐམས་ཅད་གཟུགས་ལ་འདོད་ཆགས་དང་བྲལ་བ་མ་ཡིན་ནམ་ཞེས་བྱ་བ་འདི་ལ་མུ་བཞིར་འགྱུར་སྟེ་། །མི་ལྕོགས་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་ལ། ཞི་བ་རྣམ་པར་ཐར་པ་མ་ཐོབ་པ་ནི་མུ་དང་པོའོ། །བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་དོན་དུ་མི་གཉེན་བས་སྤོང་བའི་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གཉིས་པའོ། །དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ་གནས་ཏེ། གཟུགས་མེད་པ་ཞི་བ་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པ་ནི་མུ་གསུམ་པའོ། །རྣམ་བ་དེ་དག་མ་གཏོགས་པ་ནི་མུ་བཞི་པའོ། །གཟུགས་མེད་པར་སྐྱེས་པ་རྣམས་ཅིའི་ཕྱིར་མངོན་སུམ་དུ་མི་འགྱུར་ཞེ་ན། ཞི་བར་གནས་པར་འདོད་པའི་ཁམས་རྣམས་ནི་མིའི་ནང་དུ་མངོན་པར་བསྒྲུབས་ནས་མངོན་དུ་བྱེད་དོ། །གཟུགས་མེད་པར་སྐྱེས་པ་དེ་དག་ནི་བསྒྲིབ་མི་དགོས་པར་རྣམ་པར་སྨིན་པ་ལས་བྱུང་བའི་མཆོག་ཏུ་ཞི་བ། རྣམ་པར་ཐར་པ་ལ་གནས་པས་གནས་པ་སྟེ། །དེའི་ཕྱིར་དེ་མངོན་སུམ་དུ་བྱ་བའི་དོན་དུ་ཡང་འབད་པ་མི་རྩོམ་མོ། །ལམ་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་སྟེ། གང་གིས་ས་དང་ས་ན་ཁམས་གསུམ་ན་སྦྱོང་བའི་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པ་རྣམ་པ་ཆེན་པོའི་ཆེན་པོ་དང༌། །ཆེན་པོའི་འབྲིང་པོ་དང༌། ཆེན་པོའི་ཆུང་ངུ་སྤོང་བའོ། །ལམ་འབྲིང་པོ་གང༌། །ལམ་འབྲིང་པོའི་ཆུང་ངུ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆེན་པོ་སྟེ། །གང་གིས་ས་དང་ན་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པར་འབྲིང་པོའི་ཆེན་པོ་དང༌། འབྲིང་པོའི་འབྲིང་པོ་དང༌། འབྲིང་པོའི་ཆུང་ངུ་སྤོང་བའོ། །ལམ་ཆེན་པོ་གང༌། ལམ་ཆེན་པོའི་ཆུང་ངུ་དང༌། ལམ་ཆེན་པོའི་
འབྲིང་པོ་དང༌། ལམ་ཆེན་པོའི་ཆེན་པོ་སྟེ། གང་གིས་ས་དང་ས་ན་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང༌། ཆུང་ངུའི་འབྲིང་པོ་དང༌། ཆུང་ངུའི་ཆུང་ངུ་སྤོང་བའོ། །ལམ་ཆུང་དུ་དང༌། འབྲིང་པོ་དང༌། ཆེན་པོ་རེ་རེ་ལ་ཡང་ཆུང་དུ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་རྣམ་པ་དགུར་རྣམ་པར་བཞག་སྟེ། བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤང་བར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་ལམ་ཆུང་དུས་ཉོན་མོངས་པ་ཆེན་པོ་སྤོང་ཞེ་ན། དེ་ནི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། ཤིན་ཏུ་བྲལ་ཞིང་འཛེམ་པ་མེད་པའི་སེམས་ཀྱི་རྒྱུད་ལ་ཀུན་དུ་འབྱུང་བས། དེས་རྟོགས་པར་སླ་ཞིང་ཡོངས་སུ་བཅད་པར་སླ་བ་སྟེ། དེའི་ཕྱིར་དེ་ནི་དྲི་མ་ཆེན་པོ་བཞིན་དུ་གཉེན་པོ་ཆུང་ངུས་སེལ་ཏོ། །ཡང་ཡོངས་སུ་བཅད་དཀའ་བར་ཀུན་དུ་འབྱུང་ཞིང་ཕྲལ། རྒྱུད་ལ་ཞེན་པའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་དེ་ནི་དྲི་མ་ཆུང་ངུ་བཞིན་དུ་གཉེན་པོ་ཆེན་པོའི་སྟོབས་ཀྱིས་སེལ་ཏེ་དེའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ལས་བཟློག་ནས། གཉེན་པོའི་ཕྱོགས་ཀྱི་རྣམ་པར་གཞག་པར་རིག་པར་བྱའོ། །སྦྱོར་བའི་ལམ་གང༌། གང་གིས་ཉོན་མོངས་པ་སྤོང་བའོ། །ལམ་གང་བསྒོམ་པས་ཆེན་པོའི་ཡང་ཆེན་པོ་ལ་སོགས་པ་ཉོན་མོངས་པའི་རྣམ་པའི་བྱེ་བྲག་གི་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་རེ་རེ་དང་བྲལ་བའི་ཕྱིར་རིམ་གྱིས་གནས་གྱུར་པ་ནི། བསྒོམ་པའི་ལམ་ལ་སྦྱོར་བའི་ལམ་ཞེས་བརྗོད་ངོ༌། །བར་ཆད་མེད་པའི་ལམ་གང༌། གང་གི་འོག་ཏུ་བར་ཆད་མེད་པར་ཉོན་མོངས་པ་སྤོང་བར་འགྱུར་རོ། །གང་གི་འོག་ཏུ་ཉོན་མོངས་པའི་བྱེ་བྲག་གི་རྣམ་པའི་གནས་ངན་ལེན་མ་ལུས་པ་དང་བྲལ་བའི་ཕྱིར། གནས་ངན་ལེན་དེ་གནས་གྱུར་པ་ནི་བར་ཆད་མེད་པའི་ལམ་མོ། །རྣམ་པར་གྲོལ་བའི་ལམ་གང༌། གང་གིས་ཉོན་མོངས་པ་སྤངས་ནས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། །གང་གིས་གནས་གྱུར་པ་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཁྱད་པར་གྱི་ལམ་གང་ཉོན་མོངས་པའི་རྣམ་པ་དེ་ལས་གཞན་པ་ལ་སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་མོ། །དེའི་འོག་ཏུ་ཉོན་མོངས་པའི་ལྷག་མ་སྤོང་བར་བྱེད་པའི་སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བ་ལ་བཤད་པ་ཡིན་ནོ། །ཡང་ཉོན་མོངས་པ་སྤོང་བའི་སྦྱོར་བ་བསལ་ནས། ཆོས་སེམས་པའམ། ཞུགས་པའི་ཆོས་ལ་གནས་པའམ། སྙོམས་པར་འཇུག་པའི་ཁྱད་པར་གྱི་ལམ་གང་ངོ༌། །རྣམ་གྲངས་གཞན་དུ་ན་ཁྱད་པར་ཅན་གྱི་
ཁམས་འདིས་ཉོན་མོངས་པ་སྤོང་བའི་སྦྱོར་བ་དེ་ཉིད་བསལ་ཏེ་ཞེས་པ་ནི་བཏང་སྙོམས་སུ་བྱེད་ཅེས་པའི་ཐ་ཚིག་གོ །མདོ་ལ་སོགས་པའི་ཆོས་སེམས་པའམ། སྔར་བསམས་པ་དང༌། ཁོང་དུ་ཆུད་པའི་ཆོས་ལ་སོ་སོར་རྟོག་པའི་གནས་པའི་གནས་པའམ། སྙོམས་པར་འཇུག་པའི་དེ་མ་ཐག་པའི་སྙོམས་པར་འཇུག་པའི་ལམ་གང་ཡིན་པ་ཉིད་འདིར་ཡང་ཁྱད་པར་གྱི་ལམ་ཞེས་བརྗོད་དོ། །ཡང་ཡོན་ཏན་ཁྱད་པར་ཅན་རྣམས་མངོན་པར་བསྒྲུབ་པ་གནས་པའི་ལམ་གང་ངོ༌། །ཡང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་མངོན་པར་བསྒྲུབ་པའམ་སྐྱེད་པ་ལ་སོགས་པ་དེ་དག་གིས་གནས་པའི་ལམ་གང་ཡིན་པའོ། །དེ་ལྟར་བསྒོམ་པའི་ལམ་རྒྱ་ཆེར་བཤད་ནས། དེའི་ཞར་ལ་བྱུང་བ་ནི་ལམ་བསྒོམ་པ་གང༌། ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་དང༌། བསྟེན་པའི་ཕྱིར་བསྒོམ་པ་དང༌། བསལ་བའི་ཕྱིར་བསྒོམ་པ་དང༌། གཉེན་པོ་བསྒོམ་པའོ། །ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་གང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་བསྒོམ་པའོ། །བསྟེན་པའི་ཕྱིར་བསྒོམ་པ་གང༌། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང༌། མི་ཉམས་པ་དང༌། ཕྱིར་ཞིང་འབྱུང་བ་དང༌། འཕེལ་བ་དང༌། སྤང་བར་བྱ་བའི་ཕྱིར་གང་བསྒོམ་པའོ། །བསལ་བའི་ཕྱིར་བསྒོམ་པ་གང༌། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་གང་བསྒོམ་པའོ། །གཉེན་པོ་བསྒོམ་པ་གང༌། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་གང་བསྒོམ་པའོ། །ལམ་བསྒོམ་པ་རྣམ་པ་བཞི་ཡང་དག་པར་སྤོང་བའི་དབང་དུ་བྱས་པ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །དེ་ལ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ནི། ཐོབ་པར་བྱ་བའི་དོན་དུ་བསྒོམ་པ་སྟེ། དེས་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པའི་ཕྱིར་རོ། །བསྟེན་པའི་བསྒོམ་པ་ནི་བསྟན་པ་ཉིད་བསྒོམ་པ་སྟེ། དགེ་བའི་ཆོས་ཐོབ་པ་གོམས་པར་བྱེད་པའི་ཕྱིར་རོ། །བསལ་བའི་ཕྱིར་བསྒོམ་པ་ནི་བསལ་བའི་དོན་དུ་བསྒོམ་པ་སྟེ། ཀུན་ཏུ་འབྱུང་བའི་གནས་སྐབས་སུ་མི་དགེ་བའི་ཆོས་སེལ་བའི་ཕྱིར་རོ། །གཉེན་པོ་བསྒོམ་པ་ནི། གཉེན་པོ་ལ་བསྒོམ་པ་སྟེ། མ་འོངས་པའི་མི་དགེ་བའི་ཆོས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར་རོ། །ཡང་ལམ་སྐྱེ་བ་ན་རང་གི་བག་ཆགས་འཇོག་པ་དེ་ནི་ཐོབ་པར་བྱ་བའི་ཕྱིར་བསྒོམ་མོ། །དས་དེའི་རྒྱུ་ལས་བྱུང་བ་རྣམས་ཆེར་འབར་བར་འབྱུང་བའི་ཕྱིར་རོ། །དེ་ཉིད་མངོན་དུ་གྱུར་ནས་བསྒོམ་པར་འགྱུར་བ་དེ་ནི་བསྟེན་པའི་
བསྒོམ་པའོ། །ལམ་དེ་ཉིད་ཀྱི་ཀུན་དུ་སྦྱོར་བ་དེ་ཉིད་མངོན་དུ་གྱུར་པའི་ཕྱིར་རོ། །རང་གི་སྒྲིབ་པ་སྤོང་བ་དེ་ནི་བསལ་བའི་ཕྱིར་བསྒོམ་པའོ། །དེས་རང་གི་མི་མཐུན་པའི་ཕྱོགས་ཀྱི་གནས་ངན་ལེན་འགོག་པར་བྱེད་པའི་ཕྱིར་རོ། །སྒྲིབ་པ་སྤང་ནས་ཀྱང་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་དེ་ནི་གཉེན་པོ་བསྒོམ་པའོ། །གནས་གྱུར་པའི་ཕྱིར། སྦྱོར་བ་དང་བར་ཆད་མེད་པའི་ལམ་དེ་རྣམས་ཀྱིས་ཉོན་མོངས་པ་སྤངས་ནས་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པའི་ཕྱིར་རོ། །ཡང་གཉེན་པོ་རྣམ་པ་བཞི་སྟེ། རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་དང༌། རྟེན་གཉེན་པོ་དང༌། ཐག་བསྲིང་བའི་གཉེན་པོ་བསྒོམ་པའོ། །སོ་སོ་ལ་བསྒོམ་པ་ཞེས་བརྗོད་པར་བྱའོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་གང༌། ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་ཉེས་དམིགས་སུ་བལྟ་བའོ། །དེས་ནད་དང་འབྲས་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་སུན་འབྱིན་པའི་ཕྱིར་རོ། །སྤོང་པའི་གཉེན་པོ་གང༌། སྦྱོར་བ་དང་བར་ཆད་མེད་པའི་ལམ་མོ། །དེ་རྣམས་ཀྱི་ཉོན་མོངས་པ་སྡང་བའི་ཕྱིར་རོ། །རྟེན་གཉེན་པོ་གང༌། རྣམ་པར་གྲོལ་བའི་ལམ་མོ། །དེ་རྣམས་ཀྱིས་སྤོང་བའི་འཐོབ་པ་ཀུན་དུ་འཛིན་པའི་ཕྱིར་རོ། །ཐག་བསྲིང་བའི་གཉེན་པོ་གང༌། དེའི་གོང་མའི་ལམ་མོ། །དེར་སྔར་སྤངས་པའི་ཉོན་མོངས་པ་ཐག་རིང་དུ་བྱེད་པའི་ཕྱིར་རོ། །ཡང་བརྟག་བྱའི་གཉེན་པོ་བསྒོམ་པ་ནི། རྣམ་པར་སུན་འབྱིན་པ་ལ་སོགས་པའི་གཉེན་པོ་རྣམ་པ་བཞིར་ཕྱེ་བར་རིག་པར་བྱའོ། །ཡང་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དང༌། རྩོལ་བ་ལས་བྱུང་བའི་ལམ་དང༌། ཏིང་ངེ་འཛིན་ཡོངས་སུ་སྦྱོར་བར་བྱེད་པའི་ལམ་དང༌། མངོན་པར་རྟོགས་པར་བྱ་བའི་སྦྱོར་བའི་ལམ་དང༌། མངོན་པར་རྟོགས་པ་དང་བྲལ་བའི་ལམ་དང༌། མངོན་པར་རྟོགས་པའི་ལམ་དང༌། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་དང༌། གནས་དང་དབང་པོ་ཐ་དད་པའི་ལམ་དང༌། བསླབ་པ་གསུམ་པོ་ཡོངས་སུ་སྦྱོར་བའི་ལམ་དང༌། ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ་འབྱོར་གྱི་ལམ་དང། ལམ་སྡུད་པའི་ལམ་ནི་ལམ་ཞེས་བརྗོད་དོ། །ཡང་བྱང་ཆུབ་ཀྱི་ཡོངས་ལ་སོགས་པའི་བྱེ་བྲག་གིས་ལམ་རྣམ་པ་བཅུ་གཅིག་ཏུ་རྣམ་པར་བཞག་སྟེ། དེ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ལམ་བཞི་དང༌། ཆོས་ཀྱི་གནས་བཞི་དང༌། ཞི་གནས་དང༌། ལྷག་མཐོང་དང༌། དབང་པོ་གསུམ་དང་གོ་
རིམས་སོ། །དེ་ལ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཏེ། དེས་ཐོག་མ་ཉིད་དུ་མི་གཙང་བ་ལ་སོགས་པའི་རྣམ་པ་རྣམས་ཀྱི་ལུས་དང༌། ཚོར་བ་དང༌། སེམས་དང་ཆོས་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་པར་སྤོང་བ་རྣམས་ཏེ། དེ་ལྟར་དངོས་པོ་རྣམས་ཡོངས་སུ་བརྟགས་ནས་དེས་སྒྲིབ་པ་སྤོང་བའི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལྟར་སྒྲིབ་པ་ཡོངས་སུ་སྤངས་པ་ནི། འདིས་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་པ་དང༌། དཔྱོད་པའི་སྒོའི་ཏིང་ངེ་འཛིན་རྣམས་ཀྱིས་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པར་སྦྱོར་བའི་ལམ་ནི་དབང་པོ་རྣམས་ཏེ། ཇི་ལྟར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བར་བྱས་པ་ནི། དེ་ལ་འཕགས་པའི་ལམ་ཡང་དག་པར་བསྒྲུབ་པའི་ཕྱིར་དབང་བྱེད་པར་འགྱུར་བ་དྲོ་བར་འགྱུར་བ་དང༌། རྩེ་མོ་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི་སྟོབས་རྣམས་ཏེ། དེ་ལྟར་དབང་བྱེད་པ་ཐོབ་པ་ནི་འདིས་དེ་མ་ཐག་ཏུ་བདེན་པ་རྟོགས་པར་བྱ་བའི་ཕྱིར་རོ། །མ་དང་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་བཟོད་པ་དང༌། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་སྦྱོར་རོ། །མངོན་པར་རྟོགས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ་དེས་ཐོག་མ་ཁོ་ནར་སོ་སོ་རང་གིས་དེ་ཁོ་ན་མངོན་དུ་ཡང་དག་པར་རྟོགས་པའི་ཕྱིར་རོ། །རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེའི་འོག་ཏུ་དེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས། རྣམ་པར་དག་པར་བྱ་བར་ངེས་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་དེ་དག་གི་གོ་རིམས་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །གནས་དང་དབང་པོ་ཐ་དད་པའི་ལམ་ནི་ལམ་བཞི་སྟེ། གནས་ནི་བསམ་གཏན་གྱི་ཉེར་བསྔོགས་དང༌། དངོས་གཞི་ལ་སོགས་པ་ནི་དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །བསླབ་པ་གསུམ་པོ་ཡོངས་སུ་སྦྱོང་བའི་ལམ་ནི་ཆོས་ཀྱི་གནས་བཞི་སྟེ། དེ་རྣམས་ཀྱིས་ལྷག་པ་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་ནི་ཞི་གནས་དང་ལྷག་མཐོང་སྟེ། དེ་དག་གིས་ཡོན་ཏན་ཐམས་ཅད་བསྒྲུབ་པའི་ཕྱིར་རོ། །ལམ་སྡུད་པའི་ལམ་ནི་དབང་པོ་གསུམ་
སྟེ། དེ་རྣམས་ཀྱིས་ཐོག་མ་དང༌། བར་དང༌། མཐར་ཕྱིན་པའི་ལམ་ཡང་དག་པར་སྡུད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཆོས་རྣམས་ནི་བྱེ་བྲག་མེད་པར་རྣམ་པ་ལྔས་རྣམ་པར་གཞག་པར་རིག་པར་བྱའོ། །དམིགས་པ་དང༌། ངོ་བོ་ཉིད་དང་གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུའོ། །དེའི་ཕྱིར་དང་པོ་རེ་ཞིག་དྲན་པ་ཉེ་བར་གཞག་པ་རྣམས་ནི་དམིགས་པ་དང༌། ངོ་བོ་ཉིད་དང༌། གྲོགས་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུར་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཇི་ལྟ་བར་བྱང་ཆུབ་ཀྱི་ཕྱོགས་ལྷག་མ་རྣམས་ལའང་དེ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དམིགས་པ་གང༌། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་དང༌། གོ་རིམས་སོ། །ཡང་དག་པའི་གནས་ཀྱི་དངོས་པོ་དང༌། བདག་གི་ལོངས་སྤྱོད་ཀྱི་གཞི་དང༌། བདག་གི་དངོས་པོ་དང༌། བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོའོ། །ཅིའི་ཕྱིར་འདི་དག་དམིགས་པར་རྣམ་པར་གཞག་ཅེ་ན། འདི་ལྟར་བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ནི་ཕལ་ཆེར་དབང་པོ་དང་བཅས་པའི་ལུས་ལ་བརྟེན་ནས། བདེ་བ་ལ་སོགས་པ་ལ་སྤྱོད་པ་ན་དམིགས་པའི་མཚན་ཉིད་ཀྱིས་བདག་འདོད་ཆགས་ལ་སོགས་པ་དང༌། དད་པ་ལ་སོགས་པས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། རྣམ་པར་བྱང་བར་འགྱུར་བར་རྟོག་སྟེ། དེའི་ཕྱིར་ཐོག་མ་ཉིད་དུ་དངོས་པོའི་མཚན་ཉིད་དེ་ལེགས་པར་ཡོངས་སུ་བརྟགས་པའི་ཕྱིར་དམིགས་པ་རྣམ་པ་བཞི་རྣམ་པར་གཞག་པར་རིག་པར་བྱའོ། །ངོ་བོ་ཉིད་གང་ཤེས་རབ་དང༌། དྲན་པའོ། །ལུས་ལ་སོགས་པ་ལ་རྗེས་སུ་བལྟ་བ་ཞེས་བཤད་པ་དང༌། དྲན་བ་ཉེ་བར་གཞག་པ་ཞེས་བཤད་པའི་ཕྱིར་གོ་རིམས་བཞིན་ནོ། །གྲོགས་གང་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང༌། སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་དག་དང་མཚུངས་པར་ལྡན་པ་ཞེས་པ་ནི། དེ་དག་ནི་ཤེས་རབ་དང༌། དྲན་པ་དག་གོ །བསྒོམ་པ་གང༌། ནང་གི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་བལྟ་བའོ། །ནང་ལ་ཇི་ལྟར་ཕྱི་དང༌། ནང་དང༌། ཕྱི་ལ་ཡང་དེ་བཞིན་ནོ། །ནང་གི་ལུས་གང༌། ལུས་གང་ལ་ནང་གི་སྐྱེ་མཆེད་གཟུགས་ཅན་གང་དག་ཡིན་ནོ། །མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་རྣམས་ཏེ། ནང་གི་སྐྱེ་མཆེད་ཀྱིས་བསྡུས་པ་དང༌། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །ཕྱིའི་ལུས་གང་ཕྱིའི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །གཟུགས་དང༌།
སྒྲ་དང༌། དྲི་དང༌། རོ་དང༌། རོག་བྱ་རྣམས་ཏེ། ཕྱིའི་སྐྱེ་མཆེད་རྣམས་ཀྱིས་བསྡུས་པ་དང༌། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་ཕྱིར་རོ། །ནང་དང་ཕྱིའི་ལུས་གང༌། ནང་གི་སྐྱེ་མཆེད་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་དབང་པོའི་གནས་རྣམས་དང༌། མིག་ལ་སོགས་པའི་སྐྱེ་མཆེད་དང་འབྲེལ་པའི་གཟུགས་ལ་སོགས་པའི་སྐྱེ་མཆེད་དབང་པོའི་གནས་སུ་གྱུར་པ་རྣམས་ཏེ་སེམས་ཅན་གྱི་གྲོངས་སུ་གཏོགས་པ་དང༌། ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །ནང་དང་ཕྱིའི་ལུས་ནི་སྐྱེ་མཆེད་རྣམ་པར་གཞག་པ་དང༌། རྒྱུད་རྣམ་པར་གཞག་པ་བརྩན་པར་བྱས་པའི་ཕྱིར་རོ། །ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བར་གང༌། རྣམ་པར་རྟོག་པའི་གཟུགས་ཀྱི་ལུས་དང༌། རང་བཞིན་གྱི་གཟུགས་ཀྱི་ལུས་ལ་མཉམ་པ་ཉིད་དུ་བལྟ་བ་གང་ངོ༌། །ལུས་ལ་ལུས་དང་འདྲ་བར་བལྟ་བ་སྟེ། རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་མཐོང་བ་དང་མཐུན་པར་རང་བཞིན་གྱི་གཟུགས་ཀྱི་ལུས་ལ་ངེས་པར་འཛིན་པའི་ཕྱིར་རོ། །ནང་གི་ཚོར་བ་གང༌། ནང་གི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །མིག་ལ་སོགས་པའི་སྐྱེ་མཆེད་ལ་དམིགས་པ་དང༌། རང་གི་གནས་ལས་བྱུང་བའི་ཕྱིར་རོ། །ཕྱིའི་ཚོར་བ་གང༌། ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །གཟུགས་ལ་སོགས་པ་ལ་དམིགས་པ་དང༌། གཞན་གྱི་གནས་ལས་བྱུང་བའི་ཕྱིར་རོ། །ནང་དང་ཕྱིའི་ཚོར་བ་གང༌། ནང་དང་ཕྱིའི་ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །རང་གི་རྒྱུད་ལ་ཡོད་པ་ཕྱིའི་སྐྱེ་མཆེད་ལ་དམིགས་པ་དང༌། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་ལ་དམིགས་པའི་ཕྱིར་རོ། །ཚོར་བ་ཇི་ལྟ་བར་སེམས་ལ་ཡང་དེ་བཞིན་ནོ། །ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཇི་ལྟ་བར་ཚོར་བ་ལ་སོགས་པ་ལ་ཚོར་བ་ལ་སོགས་པའི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །ཅི་རིགས་སུ་རིག་པར་བྱའོ། །ཡང་བསྒོམ་པ་ནི་འདུན་པ་དང༌། བརྩོན་འགྲུས་དང༌། རྩོལ་བ་དང༌། སྤྲོ་བ་དང༌། མཐུན་པ་དང༌། ཕྱིར་ནུར་བ་མེད་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པའོ། །ཡིད་ལ་མི་བྱེད་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་འདུན་པ་བསྒོམ་མོ། །ལེ་ལོའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་བརྩོན་འགྲུས་བསྒོམ་པའོ། །བྱིང་བ་དང་རྒོད་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་རྩོལ་བ་བསྒོམ་མོ། །སེམས་ཞུམ་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་སྤྲོ་བ་བསྒོམ་མོ། །ཁྱད་པར་ཐོབ་པའི་བྱ་བ་ལ་བདག་དམན་
པར་སེམས་པའི་སྒོ་ནས་སྒྱིད་ལུག་པའོ། །གནོད་པས་ཡོངས་སུ་སྐྱོ་བའི་ཉོན་མོངས་པའི་གཉེན་པོར་མཐུན་པ་བསྒོམ་མོ། །གནོད་པ་ཡོངས་སུ་སྐྱོ་བ་ནི་ཤ་སྦྲང་དང༌། སྦྲང་དུ་ལ་སོགས་པའི་གནོད་པས་ཉེན་པ་མི་བཟོད་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཕྱིར་ནུར་བ་མེད་པར་བསྒོམ་མོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉེན་པོའི་ཕྱོགས་འདི་ཙམ་གྱིས་ཆོག་པའོ་ཞེས་ཕྱིར་བཟློག་པའོ། །གདམས་ངག་བརྗེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་དྲན་པ་བསྒོམ་མོ། །ལྟུང་བ་ཡིད་ལ་གཅགས་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཤེས་བཞིན་བསྒོམ་མོ། །ལྟུང་བ་ཡིད་ལ་གཅགས་པ་ནི། འགྲོ་བ་དང་ལྡོག་པ་ལ་སོགས་པ་ལ་ཤེས་བཞིན་མེད་པར་སྤྱོད་པ་སྟེ། སྔར་བསླབ་པ་དང་འགལ་ནས་ཕྱིས་འགྱོད་པའོ། །བརྩོན་པ་འདོར་བ་ཉེ་བའི་ཉོན་མོངས་པའི་གཉེན་པོར་བག་ཡོད་པ་བསྒོམ་མོ། །བརྩོན་པར་འདོར་བ་ནི་བག་ཆགས་མེད་པའི་ཉེས་པ་དགེ་བའི་ཕྱོགས་ཇི་ལྟར་བརྩམས་པ་ལ་སྦྱོར་བ་ལ་སོགས་པ་མཐར་ཕྱིན་པའི་ཕྱིར་རོ། །བསྒོམས་པའི་འབྲས་བུ་གང༌། ཕྱིན་ཅི་ལོག་སྤོང་བ་དང༌། བདེན་པ་ལ་འཇུག་པ་དང༌། ལུས་ལ་སོགས་པ་དང་བྲལ་བའོ། །དེ་ལ་ཕྱིན་ཅི་ལོག་སྤོང་བ་ནི་གོ་རིམས་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་གཙང་བ་དང༌། བདེ་བ་དང༌། རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པ་ལ་མི་སྡུག་པ་བསྒོམ་པའི་ཕྱིར་རོ། །གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་པར་ཤེས་པའི་ཕྱིར་དང༌། གནས་དང་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་རྟོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་ཙམ་དུ་ཟད་དེ། བྱེད་པ་མེད་པར་ཡོངས་སུ་རྟོགས་པའི་ཕྱིར་རོ། །ཡང་འདི་དག་གི་འབྲས་བུ་ནི་གོ་རིམས་བཞིན་དུ་བདེན་པ་བཞི་ལ་འདུག་པ་སྟེ། ལུས་དྲན་པ་ཉེ་བར་གཞག་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འདི་ལྟར་དེའི་གཉེན་པོར་གྱུར་པ་ཤིན་དུ་སྦྱངས་པའི་ལུས་ཉིད་ལ་ཁྱད་པར་ཅན་དུ་འབྱུང་ངོ༌། །ཚོར་བ་དྲན་པ་ཉེ་བར་གཞག་པས་ནི་ཀུན་འབྱུང་བའི་བདེན་པ་འཇུག་སྟེ། བདེ་བ་ལ་སོགས་པའི་ཚོར་བ་ནི་ཕྲད་པ་ལ་སོགས་པར་སྲེད་པའི་གནས་ཡིན་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་གཞག་པས་
ནི་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་མེད་ཅིང་རྣམ་པར་ཤེས་པ་ཙམ་མེད་པར་འགྱུར་བར་ལྟ་བ་ནི། བདག་ཆད་པར་དོགས་པའི་སྒོ་ནས་མྱ་ངན་ལས་འདས་པ་ལ་སྐྲག་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ལམ་གྱི་བདེན་པ་ལ་འཇུག་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤང་བ་དང༌། གཉེན་པོའི་ཆོས་ལ་བརྟེན་པའི་ཕྱིར་རོ། །ཡང་དེ་དག་གི་འབྲས་བུ་ནི་ལུས་དང་ཚོར་བ་དང་སེམས་དང༌། ཆོས་དང་བྲལ་བར་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། དེ་དག་བསྒོམས་པས་ལུས་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དམིགས་པ་གང༌། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་སྐྱེས་པ་དང་མ་སྐྱེས་པའོ། །དང་པོའི་དམིགས་པ་ནི་མི་མཐུན་པའི་ཕྱོགས་སྐྱེས་པ་སྟེ། དེས་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་རོ། །གཉིས་པ་ནི་མི་མཐུན་པའི་ཕྱོགས་མ་སྐྱེས་པ་དང༌། གསུམ་པའི་གཉེན་པོ་མ་སྐྱེས་པ་དང༌། བཞི་པ་ཡིས་ནི་གཉེན་པོ་སྐྱེས་པ་སྟེ། ཇི་ལྟར་མདོ་སྡེ་ལས་བསྡུས་པ་བཞིན་དུ་སྦྱར་བར་བྱའོ། །ངོ་བོ་ཉིད་གང༌། བརྩོན་འགྲུས་སོ། །གྲོགས་གང༌། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང༌། གང་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ་ཞེས་པ་སྟེ། འདི་ནི་བརྩོན་འགྲུས་བསྒོམ་པ་གནས་དང་བཅས་པའོ། །འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པའི་ཚིགས་རྣམས་ཀྱིས་ནི་བརྩོན་འགྲུས་རྩོམ་པ་གནས་དང་བཅས་པ་བསྟན་ཏོ། །དེ་ལ་གནས་ནི་འདུན་པའོ། །དེ་ནི་བརྩོན་འགྲུས་རྩོམ་པའི་སྔོན་རོལ་དུ་འགྲོ་བའི་ཕྱིར་རོ། །འབད་པ་ནི་བརྩོན་འགྲུས་སོ། །ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་ལ་བརྩོན་འགྲུས་རྩོམ་མོ། །བྱིད་བ་དང་རྒོད་པ་སེལ་བ་ཡང་བརྩོན་འགྲུས་ཉིད་དེ། འདི་ལྟར་དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་པ་སྨོས་སོ། །གང་གི་ཚེ་ཞི་གནས་ལ་སོགས་པའི་མཚན་མ་ཡིད་ལ་བྱེད་པ་གཉེན་པོ་ཐོབ་མེད་པ་འབའ་ཞིག་བསྒོམ་པ་དེའི་ཚེ་འབད་པ་ཞེས་བརྗོད་དོ། །གང་གི་ཚེ་ཉེ་བའི་ཉོན་མོངས་པ་བྱིང་བ་འབྱུང་བ་དེ་བསལ་བའི་ཕྱིར། དགའ་བར་འགྱུར་བ་ལ་སོགས་པ་ཡིད་ལ་བྱེད་པ་རྣམས་ཀྱིས་ནི་སེམས་འབར་བར་བྱེད་པ་དང༌། ཉེ་བར་ཉོན་མོངས་པ་རྒོད་པར་བྱེད་པ་ན། ནང་དུ་སྡུག་པའི་སྒོ་ནས་སེམས་འཛིན་པ་དེའི་ཚེ་བརྩོན་འགྲུས་རྩོམ་པ་ཞེས་བརྗོད་དོ། །
དེའི་ཕྱིར་བྱིང་བ་དང་རྒོད་པ་བསལ་བའི་ཐབས་བསྟན་པའི་ཕྱིར། དེའི་འོག་ཏུ་སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་པ་སྨོས་སོ། །འབྲས་བུ་གང༌། མི་མཐུན་པའི་ཕྱོགས་མ་ལུས་པར་ཉམས་པ་དང༌། གཉེན་པོ་ཐོབ་པ་དང༌། འཕེལ་བའོ། །དེ་ལ་ཡང་དག་པར་སྤོང་བ་དང་པོ་དང་གཉིས་པ་ནི་མི་མཐུན་པའི་ཕྱོགས་མ་ལུས་པར་ཉམས་པ་སྟེ། འབྲས་བུ་དེ་གཉིས་ཀྱི་ཇི་ལྟར་མཐུན་མཐུན་དུ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང༌། མ་སྐྱེས་པ་རྣམས་ཉམས་པར་བྱེད་པའི་ཕྱིར་རོ། །གསུམ་པ་ནི་གཉེན་པོ་ཐོབ་པ་སྟེ། དེས་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པའི་ཕྱིར་རོ། །བཞིན་པ་ནི་གཉེན་པོ་ཐོབ་པ་འཕེལ་བ་སྟེ། དེས་དགེ་བའི་ཆོས་སྐྱེས་པ་རྒྱས་པར་བྱེད་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དམིགས་པ་གང༌། ཏིང་ངེ་འཛིན་གྱི་གྲུབ་པའི་བྱ་བའོ། །རྫུ་འཕྲུལ་ལ་སོགས་པའི་བྱ་བ་གང༌། ཏིང་ངེ་འཛིན་གྲུབ་པའི་དབང་དུ་བྱས་པའོ། །ངོ་བོ་ཉིད་གང༌། ཏིང་ངེ་འཛིན་ཏོ། །གྲོགས་གང༌། འདུན་པ་དང། བརྩོན་འགྲུས་དང་སེམས་པ་དང༌། སྤྱོད་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །འདུན་པའི་ཏིང་ངེ་འཛིན་གང༌། གང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །ཤིན་ཏུ་གུས་པར་སྦྱོར་བ་ནི་འདུན་པ་དྲག་པོ་དང༌། རིམ་གྲོ་ཆེར་བྱས་སྟེ་སྦྱོར་བའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གང༌། གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་ཉིད་ལ་རེག་པའོ། །གང་རྟག་ཏུ་སྦྱོར་ཞིང་ནམ་ཡང་མི་སྦྱོར་བ་མ་ཡིན་པ་དེ་ནི་བརྩོན་འགྲུས་ཞེས་བརྗོད་པར་བྱའོ། །སེམས་ཀྱི་ཏིང་ངེ་འཛིན་གང༌། གང་སྔོན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །ཚེ་གཞན་ལ་དེས་སེམས་ཀྱི་ས་བོན་ཡོངས་སུ་བརྟས་པའི་ཕྱིར། རང་གི་ངང་གིས་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པར་གྱུར་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་གང༌། གང་གཞན་གྱིས་བརྟེན་ནས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རིག་པའོ། །ཡང་འདུན་པའི་ཏིང་ངེ་འཛིན་ནི་གང༌། འདུན་པ་བསྐྱེད་པ་ནས་སེམས་རྩེ་གཅིག་པ་ཉིད་ལ་རིག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་གང༌། །འབད་ཅིང་བརྩོན་འགྲུས་རྩོམ་བ་ནི་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ནི་གང༌། སེམས་རབ་ཏུ་འཇོག་པ་ན་སེམས་
རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་གང༌། སེམས་རབ་ཏུ་འཛིན་པ་ན། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །རྫུ་འཕྲུལ་གྱི་རྐང་པ་མངོན་བར་བསྒྲུབ་པའི་རྒྱུ་ཡང་དག་པར་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་དག་པར་སྤོང་བ་བསྒོམ་པ་ལ་འདུན་པ་བསྐྱེད་དོ་ཞེས་པ་ལ་སོགས་པ་བསྟན་པར་རིག་པར་བྱའོ། །སེམས་རབ་ཏུ་འཇོག་པ་དང་རབ་ཏུ་འཛིན་པ་ཞེས་བྱ་བ་དེ་ནི། འདིར་བརྗོད་པའི་ལུགས་ཀྱི་གོ་རིམས་སུ་རིག་པར་བྱའོ། །དེ་ལ་སེམས་ཀྱི་ཏིང་ངེ་འཛིན་ནི་སེམས་རབ་ཏུ་འཇོག་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ་ཞེས་བྱ་བ་ནི་སེམས་ཉིད་ལ་སེམས་ནང་དུ་འཛིན་ཅིང༌། ཞི་བར་བྱེད། སྡུད་པར་བྱེད། ཐོབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དཔྱོད་པའི་ཏིང་ངེ་འཛིན་ནི། སེམས་རབ་ཏུ་འཛིན་པ་ནི་ཞེས་བྱ་བ་ནི། ཆོས་ལ་ལྷག་མཐོང་གི་སྒོ་ནས་སེམས་འབར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །བསྒོམ་པ་གང༌། སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པ་སྟེ། སྤོང་བའི་འདུ་བྱེད་བརྒྱད་ནི་འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིང་ཏུ་སྦྱངས་པ་དང༌། དྲན་པ་དང༌། ཤིན་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །འདི་དག་བརྒྱད་ཡིན་དུ་ཟིན་ཀྱང་བཞིར་འགྱུར་ཏེ། འབད་པ་དང༌། ཕན་འདོགས་པ་དང༌། ཉེ་བར་འདོགས་པ་དང༌། གཉེན་པོའོ། །དེ་ལས་འདུན་པ་ནི་རྩོལ་བའི་གནས་སོ། །འདུན་པའི་རྒྱུ་ནི་དད་པ་སྟེ། འདི་ལྟར་གང་ཞིག་གང་དོན་དུ་གཉེར་བར་འགྱུར་བ་ནི་ཐོབ་པར་བྱ་བའི་ཕྱིར་རྩོལ་བའོ། །དེ་ཡོད་པ་ཉིད་ལ་སོགས་པར་ཡིད་ཆེས་པ་མེད་ན་དོན་དུ་གཉེར་བར་མི་འགྱུར་རོ། །ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། ཉེ་བར་འདོགས་པ་ནི་དྲན་པ་དང་ཤེས་བཞིན་ཏེ། དམིགས་པ་མ་བརྗེད་པར་སེམས་རྩེ་གཅིག་པ་ཉིད་ལ་འཇུག་པ་དང༌། དེ་ལ་བདག་མེད་པར་གྱུར་ན་ཡོངས་སུ་གཅོད་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །གཉེན་པོ་ནི་སེམས་པ་དང་བཏང་སྙོམས་སོ། །སེམས་རབ་ཏུ་འཛིན་པ་དང༌། རབ་ཏུ་འཇོག་བ་མངོན་པར་འདུ་བྱེད་པས་བྱིང་བ་དང༌། རྒོད་པ་དང༌། བྱུང་བ་དང༌། ཡོངས་སུ་སྤོང་བ་དང༌། ཉེ་བར་ཉོན་མོངས་པ་མེད་པ་ནི་ཞི་གནས་ལ་སོགས་པའི་མཚན་མ་རྗེས་སུ་འཇུག་པའི་ཕྱིར་རོ། །ཡང་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་པ་དང་དཔྱོད་པ་རྣམས་ཀྱིས་བསྡུས་པ་དང༌། གཡེང་བ་གཞི་དང་བཅས་པ་ཡོངས་སུ་སྤངས་པ་དང༌། ཞུམ་པ་མེད་པ་དང༌། གཡེང་བ་མེད་པ་དང༌། དེ་གཉི་གའི་གནས་དང༌། མཐུན་
པ་བསྒོམ་བའོ། །ཡང་འདུན་པ་ལ་སོགས་པ་འདི་རྣམས་ཀྱིས་སྡུད་པ་དང༌། གཡེང་བ་གཞི་དང་བཅས་པ་ཡོངས་སུ་སྤངས་པ་ལ་སོགས་པ་བསྒོམ་པ་དེ་ལ་སྡུད་པའི་གཞི་ནི་ལྷག་མཐོང་དང་བྲལ་བ་སྟེ། ལེ་ལོའི་སྒོ་ནས་བྱིང་བར་འགྱུར་རོ། །གཡེང་བའི་གཞི་ནི་མི་སྡུག་པའི་འདུ་ཤེས་དང་བྲལ་བ་སྟེ། རྒོད་པའི་སྒོ་ནས་ཡང་དག་པར་རབ་ཏུ་མི་འཛིན་ཏོ། །སྡུད་པ་ནི་རྨུགས་པ་དང་གཉིད་ཀྱི་སྒོ་ནས་ནང་དུ་ཞུམ་པའོ། །གཡེང་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲང་བའི་སྒོ་ནས་ཡུལ་རྣམས་ལ་རྣམ་པར་འཕྲོ་བའོ། །ཞུམ་བ་མེད་པ་དང་མཐུན་པ་བསྒོམ་པ་ནི། སོ་སོར་རྟོག་པའི་མཚན་མ་ལ་བརྟེན་ནས་ཆོས་ལ་རྣམ་པར་ལྟ་བའོ། །གཡེང་བ་མེད་པ་དང་མཐུན་པ་ནི་སྒྲ་ལ་སོགས་པའི་རྫས་ལ་མི་གཙང་བ་སོ་སོར་རྟོག་པའོ། །དེ་གཉི་གའི་གནས་དང་མཐུན་པ་ནི་སྣང་བའི་འདུ་ཤེས་སོ། །དེ་ཡང་བདག་གི་འདུན་པ་ཧ་ཅང་ཞུམ་པར་མི་འགྱུར་བ་དང་ཧ་ཅང་རབ་ཏུ་བཟུང་བ་ཡང་མ་ཡིན་པ་དང་ནང་དུ་བསྡུས་པ་ཡང་མ་ཡིན་པ་དང༌། ཕྱི་རོལ་ཏུ་གཡེང་བ་མ་ཡིན་པ་དང༌། ཕྱི་མ་དང་སྔ་མའི་འདུ་ཤེས་དང༌། སྟེང་དང་འོག་གི་འདུ་ཤེས་སུ་བྱའོ་སྙམ་པ་དང༌། དེ་ལྟར་རྣམ་པར་ཕྱེ་བའི་སེམས་ཀུན་ནས་དཀྲིས་པ་མེད་པས་སྣང་བ་དང་ལྡན་པའི་སེམས་བསྒོམ་པར་བྱའི། བདག་གི་སེམས་འདུན་པ་ཅན་གྱི་ཚུལ་དུ་ནི་མི་འགྱུར་བར་བྱའོ་ཞེས་བྱ་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་གོ་རིམས་བཞིན་དུ་གསུངས་སོ། །འབྲས་བུ་གང་དེ་ལྟར་ཏིང་ངེ་འཛིན་ལེགས་པར་ཡོངས་སུ་སྦྱང་བ་བྱས་ནས། ཆོས་མངོན་པར་ཤེས་པར་བྱ་བ་གང་དང་གང་མངོན་དུ་བྱ་བར་འདོད་པ་དེ་དང༌། དེ་ལ་སེམས་མངོན་པར་གཏོད་པ། དེ་རང་རང་གི་གནས་ཀྱི་ཆོས་རྣམས་ལ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་འགྱུར་རོ། །ཇི་ལྟར་འདོད་བཞིན་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དབང་པོ་རྣམས་ཀྱི་དམིགས་པ་གང་འཕགས་པའི་བདེན་པ་བཞི་པོ་རྣམས་སོ། །བདེན་པ་བཞི་མངོན་པར་རྟོགས་པ་སྦྱོར་བའི་བསྡུས་པས་དེའི་རྣམ་པར་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་གང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་པོ། །གྲོག་གང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང༌། དད་པའི་དབང་པོ་ནི་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །མངོན་པར་ཡིད་ཆེས་པ་རྣམས་ནི་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོས་པའི་ཚུལ་གྱིས་
བརྩོན་འགྲུས་བསྒོམ་པར་འགྱུར་རོ། །བརྩོན་འགྲུས་བ་རྩོམ་ས་པ་ནི། བདེན་པ་རྣམས་ལ་ཉེ་བར་གནས་པའི་དྲན་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་ཉེ་བར་གནས་པའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །བདེན་པ་རྣམས་ལ་མཉམ་པར་གཞག་པའི་ཤེས་རབ་ནི། རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །འབྲས་བུ་གང་བདེན་པ་མྱུར་དུ་མངོན་པར་རྟོགས་པར་བྱེད་པ་དང༌། དེའི་དབང་གིས་རིང་པོར་མི་ཐོགས་པར་མཐོང་བའི་ལམ་སྐྱེ་བ་དང༌། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང་ཆོས་ཀྱི་མཆོག་རྣམས་བསྒྲུབ་པའོ། །དེ་ཉིད་ཀྱི་དུས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བརྟེན་པའི་སེམས་ཀྱི་རྒྱུད་དོ། །དབང་པོ་རྣམས་ལ་ཇི་ལྟ་བར་སྟོབས་རྣམས་ལ་ཡང་དེ་བཞིན་ནོ། །འདི་ནི་བྱེ་བྲག་ཡིན་ཏེ། མི་མཐུན་པའི་ཕྱོགས་ངེས་པར་བསྲབས་པས་མི་བརྫི་བའི་ཕྱིར་སྟོབས་རྣམས་སོ། །སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པ་ནི་དབང་པོ་རྣམས་དང་མཐུན་ནོ། །འབྲས་བུ་ལ་ནི་བྱེ་བྲག་ཡོད་དོ། །འདི་ལྟར་འདི་དག་ནི་འབྲས་བུ་དེ་ནི། ཇི་སྐད་དུ། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་བསྲབས་པས་ལྷག་པར་བརྟན་པ་ཡིན་སྟེ་། དེའི་ཕྱིར་འདི་དག་གི་དམིགས་པ་དང༌། ངོ་བོ་ཉིད་ལ་སོགས་པ་མཐུན་དུ་ཟིན་ཀྱང་མི་བརྫི་བའི་དོན་གྱི་བྱེ་བྲག་གི་བྱང་ཆུབ་ཀྱི་ཕྱོགས་གཞན་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་གང༌། འཕགས་པའི་བདེན་པ་བཞི་པོ་དག་གི་ཡང་དག་པ་ཉིད་ཇི་ལྟ་བའོ། །དོན་དམ་པ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །ངོ་བོ་ཉིད་གང༌། དྲན་པ་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་སོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་གོ །དྲན་པ་ཉེ་བར་གཞག་པ་ནི་དགེ་བའི་ཆོས་ཐམས་ཅད་མངོན་པར་རྫོགས་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་གོ །བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་གོ །དེས་བགྲོད་པ་ཇི་སྲིད་པར་འགྲོ་བའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །དེས་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། གང་གིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། གང་དུ་ཡང་ཀུན་
ནས་ཉོན་མོངས་པར་མི་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་གང་ཡང་མེད་པའོ། །དེ་ལ་ཤིན་ཏུ་སྦྱངས་པས་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེས་གནས་ངན་ལེན་འཇིག་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེ་ལ་གནས་པ་གནས་གྱུར་པའི་ཕྱིར་རོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། བརྣབ་སེམས་དང༌། ཡིད་ལ་མི་བདེ་བ་དང་བྲལ་ནས་ཉོན་མོངས་པ་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གྲོགས་གང་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང༌། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ། རྣམ་པར་སྤང་བ་ཡོངས་སུ་བསྒྱུར་བར་བསྒོམ་པའོ། །དྲན་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་ཇི་ལྟ་བར། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུའང་དེ་བཞིན་ནོ། །དབེན་པ་ལ་གནས་པ་དང༌། འདོད་ཆགས་དང་བྲལ་བ་ལ་གནས་པ་དང༌། འགོག་པ་ལ་གནས་པ་དང༌། རྣམ་པར་སྤང་བ་ཡོངས་སུ་བསྒྱུར་བ་ཞེས་པའི་ཚིག་བཞི་པོ་འདི་རྣམས་ཀྱིས་བདེན་པ་བཞི་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་ཡོངས་སུ་བསྟན་ཏེ། འདི་ལྟར་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི། དེ་ལས་དཔེན་པ་ཚོལ་བས་སྡུག་བསྔལ་ལ་དམིགས་པ་ནི་དབེན་པ་ལ་གནས་པ་ཞེས་བྱའོ། །སྲིད་པའི་མཚན་ཉིད་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། སྡུག་བསྔལ་ཀུན་འབྱུང་བའི་དམིགས་པ་ནི་དེ་དང་བྲལ་བ་ཚོལ་བས། དེ་ལ་དམིགས་པ་ནི་འདོད་ཆགས་དང་བྲལ་བར་གནས་པའོ། །སྡུག་བསྔལ་འགོག་པ་ལ་སྡུག་བསྔལ་འགོག་པར་དམིགས་པ་ནི་དེ་མངོན་སུམ་དུ་བྱེད་པར་འདོད་པ་དེ་ལ་དམིགས་པ་ནི་འགོག་པ་ལ་གནས་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ནི། དེས་སྡུག་བསྔལ་རྣམ་པར་སྤང་བའི་ཕྱིར་རྣམ་པར་སྤང་བ་ཞེས་བྱ་སྟེ། དེ་ལ་དེ་ལྟར་དམིགས་པ་ནི་དེ་བསྒོམ་པ་ཚོལ་བས་དེ་ལ་དམིགས་པ་ནི་རྣམ་པར་སྤང་བས་ཡོངས་སུ་བསྒྱུར་ཞེས་བྱའོ། །འབྲས་བུ་གང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པ་གང༌། དེའི་འོག་ཏུ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བའོ། །
ལམ་གྱི་ཡན་ལག་གི་དམིགས་པ་ནི་མཐོང་བའི་ལམ་གྱི་འོག་ཏུ་དེ་ཉིད་ཀྱི་ཇི་ལྟར་མཐོང་བའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པའོ། །ངོ་བོ་ཉིད་གང༌། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ངོ་བོ་ཉིད་ནི། ཡང་དག་པའི་ལྟ་བ་ལ་སོགས་པ་ཆོས་བརྒྱད་པོ་དེ་རྣམས་སོ། །དེ་ལ་ཡང་དག་པའི་ལྟ་བ་ནི། ཡོངས་སུ་གཅོད་པའི་ཡན་ལག་གོ །དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ཡོངས་སུ་འཛིན་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་ནི་གཞན་གོ་བར་བྱེད་པའི་ཡན་ལག་གོ །དེས་ཇི་ལྟར་རྟོག་པས་རྣམ་པར་བཞག་ནས་ངག་ཀུན་དུ་སློང་བའི་ཕྱིར་རོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ལྟ་བ་དང༌། ཚུལ་ཁྲིམས་དང༌། འཚོ་བ་རྣམ་པར་དག་པའི་ཕྱིར་རོ། །དེ་དག་གིས་རྟོག་པ་དང་མཐུན་པའི་ལྟ་བ་ལ་སོགས་པ་རྣམ་པར་དག་པའི་གོ་རིམས་བཞིན་དུ་གཞན་དག་གིས་གཏན་ལ་ཕེབས་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་ངག་གིས་ནི་རྟོགས་པ་དང༌། འདྲི་བ་དང༌། ལུང་སྟོན་པ་འབྲེལ་བའི་གཏམ་གཏན་ལ་འབེབས་པས། དེའི་ལྟ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཐས་ནི་འགྲོ་བ་དང་ལྡོག་པ་ལ་སོགས་པ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པར་ཤེས་སོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནས་པ་བཞིན་དུ་ཆོས་གོས་ལ་སོགས་པ་ཚོལ་བ་ཡང་དག་པའི་འཚོ་བ་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་རྩོལ་བས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །དེས་ཀུན་དུ་སྦྱོང་བ་མ་ལུས་པ་སྤོང་བའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །དེས་ཡང་དག་པའི་ཞི་གནས་ལ་སོགས་པའི་མཚན་མ་མ་བརྗེད་པས་ཉེ་བའི་ཉོན་མོངས་པ་བྱེད་བ་ལ་སོགས་པའི་སྐབས་མེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་པའི་ཡན་ལག་གོ །དེས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །གྲོགས་གང༌། དེ་དང་མཚུངས་བར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་ནི་བྱང་ཆུབ་
ཀྱི་ཡན་ལག་བཞིན་ནོ། །འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པར་བསྒོམ་ཞེས་རྒྱ་ཆེར་ཚིག་དེ་རྣམས་ཀྱི་དོན་ཇི་ལྟ་བར་གོང་དུ་བརྗོད་པ་དེ་ལྟར་འདིར་ཁོང་དུ་ཆུད་པར་བྱའོ། །བསྒོམས་པའི་འབྲས་བུ་གང༌། ཡོངས་སུ་གཅོད་པར་བྱེད་པ་དང༌། གཞན་གོ་བར་བྱེད་པ་དང༌། གཞན་ཡིད་ཆེས་པར་བྱེད་པ་དང༌། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང༌། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པའོ། །ལམ་བཞི་གང༌། མངོན་པར་ཤེས་པ་བུ་ལ་དཀའ་བ་དང༌། མངོན་པར་ཤེས་པ་མྱུར་ལ་དཀའ་བ་དང༌། མངོན་པར་ཤེས་པ་ཕུལ་ལ་སླ་བ་དང༌། མངོན་པར་ཤེས་པ་མྱུར་ལ་སླ་བ་སྟེ། དང་པོ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པོའིའོ། །གཉིས་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའོ། །གསུམ་པ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །བཞི་པ་ནི་དབང་པོ་རྣོན་པོ་དངོས་གཞིའི་བསམ་གཏན་ཐོབ་པའིའོ། །དེ་ལ་དཀའ་བའི་ལམ་ནི་མི་ལྕོགས་པ་མེད་པ་དང༌། གཟུགས་མེད་པ་ལ་བརྟེན་པ་སྟེ། གོ་རིམས་བཞིན་དུ་ཞི་གནས་དང༌། ལྷག་མཐོང་ཞན་པའི་ཕྱིར་རོ། །སླ་བ་ནི་བསམ་གཏན་ལ་བརྟེན་པ་སྟེ། ཟུང་དུ་འབྲེལ་བར་འཇུག་པའི་ཕྱིར་རོ། །མངོན་པར་ཤེས་པ་བུལ་བ་ནི། དཀའ་བ་དང་སླ་བའི་གནས་འདི་གཉིས་པ་སྟེ། དབང་པོ་རྟུལ་པོ་རྣམས་ཀྱིའོ། །མངོན་པར་ཤེས་པ་མྱུར་བ་ནི། འདི་ཉིད་ལ་བརྟེན་ཏེ་དབང་པོ་རྣོན་པོ་རྣམས་ཀྱིའོ། །ཆོས་ཀྱི་གནས་བཞི་གང༌། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་ལ་བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་སྦྱོང་ངོ༌། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་སྒོ་ནས་བསླབ་པའི་གནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་ནི་ལྷག་པའི་སེམས་སོ། །དམིགས་པ་མ་བརྗེད་ན་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་བའི་ཤེས་རབ་བོ། །སེམས་མཉམ་བར་གཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །ཞི་གནས་གང༌། འདི་ལྟ་སྟེ། ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་
པར་ཞི་བར་བྱེད་པ་དང༌། རྩེ་གཅིག་ཏུ་བྱེད་པ་དང༌། མཉམ་པར་འཇོག་པའོ། །ཞི་གནས་ནི་སེམས་གནས་པ་རྣམ་པ་དགུ་སྟེ། དེ་ལ་ཕྱི་རོལ་གྱི་དམིགས་པ་རྣམས་ལས་བསྡུས་ནས་དེ་ནང་དུ་མི་གཡེང་བར་གང་དང་པོ་ཉིད་དུ་སེམས་ཉེ་བར་འདོགས་པ་ནི་འཇོག་པའོ། །དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་དེ་ཉིད་དུ་ཉེ་བར་བཏགས་པ་དེ་དམིགས་པ་དེ་ཉིད་ལ་རྒྱུན་གྱི་ཚུལ་དང༌། ཕྲ་བར་བྱེད་པས་མངོན་པར་སྡུད་པ་ནི་རྒྱུན་དུ་འཇོག་པའོ། །དྲན་པ་བརྗེད་ནས་ཕྱི་རོལ་ཏུ་གཡེང་བར་གྱུར་པ་དེ་དྲན་པས་བཀུག་པ་ནི་བླན་ཏེ་འཇོག་པའོ། །སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་ཐོག་མ་ཉིད་དུ་དྲན་པ་ཉེ་བར་གནས་པ་ནི་ཉེ་བར་འཇོག་པའོ། །སྔར་ལྟར་རྣམ་པར་གཡེང་བའི་རྒྱུ་གཟུགས་ལ་སོགས་པ་ལ་ཉེ་བར་དམིགས་ཀྱི་འདུ་ཤེས་ཀྱི་དབང་དུ་བྱས་ནས་ཐོག་མ་ཉིད་དུ་སེམས་རབ་ཏུ་འཕྲོར་མི་སྟེར་བ་ནི་འདུལ་བར་བྱེད་པའོ། །སེམས་འཁྲུག་པར་བྱེད་པ་ཉེ་བའི་ཉོན་མོངས་པ་རྣམ་པར་རྟོག་པ་རྣམས་ལ་ཉེས་དམིགས་སུ་བལྟབས་འཕྲོར་མི་སྟེར་བ་ནི་ཞི་བར་བྱེད་པའོ། །དྲན་པ་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་དུ་འབྱུང་བས་ན་དེ་དང་དུ་མི་ལེན་པ་ནི་རྣམ་པར་ཞི་བར་བྱེད་པའོ། །མངོན་པར་འདུ་བྱེད་པ་སྐབས་མེད་ཅིང་བར་མ་ཆད་པར་ཏིང་ངེ་འཛིན་ལ་རྒྱུན་དུ་བླན་ཏེ་འཇོག་པ་ནི་རྩེ་གཅིག་པ་བྱེད་པའོ། །ཤིན་ཏུ་གོམས་པའི་རིམ་གྱིས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པར་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་བྱུང་བ་ནི་མཉམ་པར་བྱུང་བ་ནི་མཉམ་པར་འཇོག་པའོ། །ལྷག་མཐོང་གང༌། འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པར་བྱེད་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ལ་སྤྱོད་པ་རྣམ་པར་སྤྱོད་པ་ལ་དམིགས་པའམ། མཁས་པ་ལ་དམིགས་པའམ། ཉོན་མོངས་པ་རྣམ་པར་སྦྱོར་བ་ཡང་རུང་སྟེ། ཇི་སྙེད་ཡོང་པས་རྣམ་པར་འབྱེད་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་བས་རབ་ཏུ་རྣམ་པར་འབྱེད་པའོ། །རྣམ་པར་རྟོག་པ་དང་བཅས་པའི་ཡིད་ལ་བྱེད་པ་ཤེས་རབ་དང་བཅས་པས་མཚན་མར་བྱེད་པའི་ཡོངས་སུ་རྣམ་པར་རྟོག་པའོ། །ཀུན་དུ་རྟོག་པར་བྱེད་པ་ནི་ཡོངས་སུ་དཔྱོད་པར་བྱེད་པའོ། །གནས་ངན་ལེན་དང༌། མཚན་མའི་གཉེན་པོ་དང་ཕྱིན་ཅི་ལོག་ལས་འབྱིན་པ་དང༌། ཕྱིན་ཅི་མ་ལོག་པ་ལ་སེམས་འཇོག་པའི་ཕྱིར་རོ། །ཡང་ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ། ལ་ལ་ནི་ཞི་གནས་ཐོབ་པ་ཡིན་གྱི་ལྷག་མཐོང་ནི་མ་ཐོབ་པ་སྟེ། དེ་ནི་ཞི་གནས་
ལ་བརྟེན་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ནི་གནས་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་ཀྱང་ཐོབ་པ་མ་ཡིན་ལ། ལྷག་མཐོང་ཡང་ཐོབ་པ་མ་ཡིན་ཏེ། དེ་ཆོས་ལ་རྒོད་པ་མངོན་པར་ཚར་གཅད་པའི་སེམས་ཀྱིས་གཉི་ག་ལ་བརྩོན་པར་བྱེད་དོ། །ལ་ནི་ཞི་གནས་དང་ལྷག་མཐོང་ཡང་ཐོབ་པ་ཡིན་ཏེ། དེ་ནི་ཞི་གནས་དང་ལྷག་མཐོན་འདྲེས་པར་འགྱུར་ནས་མཉམ་པར་ཟུང་དུ་འཇུག་གོ །ལམ་བཞི་བསྟན་པའི་དབང་དུ་བྱས་པ་སྟེ། དེ་ལ་དང་པོ་ནི་ཞི་གནས་ཐོབ་པའི་ཕྱིར་འདུག་བཞིན་དུ་སེམས་འཇོག་པའི་བར་དང༌། ལྷག་མཐོང་མ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་དེ་ལ་བརྟེན་ནས་ཕྱིས་དེ་བཞིན་དུ་འདུག་ཏེ། ཆོས་དེ་དག་ལ་རྣམ་པར་འབྱེད་པ་ནས་ཡོངས་སུ་དཔྱོད་པར་བྱེད་པའི་བར་དུའོ། །གཉིས་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །གསུམ་པ་ནི་གཉི་ག་མ་ཐོབ་པ་སྟེ་གཉི་ག་ལ་བརྩོན་པར་བྱེད་པའོ། །ཇི་ལྟར་བྱས་ཤེ་ན། ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །ངེས་སྔོན་དུ་འགྲོ་བས་ནི་ཞི་གནས་ལ་བརྩོན་པར་བྱེད་དོ། །བཞི་པ་ལ་ནི་གཉི་ག་ཐོབ་པའོ། །དབང་པོ་གསུམ་པོ་གང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང༌། སྦྱོར་བའི་ལམ་དང༌། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གང་དབང་བྱེད་པའོ། །འདིའི་སྦྱོར་བའི་ལམ་ངེས་པར་བྱེད་པའི་ཆ་དང་མཐུན་པར་བསྡུས་པ་དང༌། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་པོ་དག་ལ་དབང་བ་གང་ཡིན་པ་སྟེ། འདི་ལྟ་སྟེ། ཡིད་ཀྱི་དབང་པོ་དང༌། དད་པ་ལ་སོགས་པ་ལྔ་དང༌། མི་ལྕོགས་པ་མེད་པ་ལ་སོགས་པ་གནས་ཀྱི་བྱེ་བྲག་གིས་ཇི་ལྟར་མཐུན་མཐུན་དུ་བདེ་བ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བའོ། །ཡིད་མི་བདེ་བའི་དབང་པོ་ནི་སྦྱོར་བའི་དུས་མ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྗེས་སུ་རྣམ་པར་ཐར་པ་མཆོག་འདོད་པས་བསྡུས་པར་རིག་པར་བྱའོ། །དེ་དག་ནི་སྲིད་པར་དབང་པོ་རྣམས་བ་བཅུའོ། །དེ་ཁོ་ན་སྔོན་མ་ཤེས་པ་ཀུན་ཤེས་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་བ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བརྗོད་པར་བྱའོ། །ཀུན་ཤེས་པའི་དབང་པོ་གང༌།
མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་ལ་བརྟེན་ནས། སློབ་པའི་ལམ་ཐམས་ཅད་ལ་གང་དབང་བྱེད་པའོ། །དབང་པོ་རྣམ་པ་བཅུ་པོ་དེ་དག་ཉིད་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བའི་བར་དུ་སློབ་པའི་ལམ་དེ་ལ་ཀུན་ཞེས་པའི་དབང་པོ་ཞེས་བྱ་སྟེ། སྔོན་མ་མཐོང་བའི་ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང༌། མི་སློབ་པའི་ལམ་གང་ལ་དབང་བྱེད་པའོ། །ཡིད་མི་བདེ་བའི་དབང་པོ་མ་གཏོགས་པར་དབང་པོ་རྣམ་པ་དགུས་དེ་དག་ཉིད་མི་སློབ་པའི་ལམ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །ཀུན་ཤེས་པ་དང་ལྡན་པ་ནི། དགྲ་བཅོམ་པའི་དབང་པོ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་སྐབས་སུ་འདི་ཡང་བརྗོད་པར་བྱ་སྟེ། བསམ་གཏན་དང་པོའི་ས་པའི་ལམ་བསྒོམ་པ་ན་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའི་རྩ་བ་རྣམས་པ་བསྒོམ་པར་འགྱུར་ཏེ། དེ་དག་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །བསམ་གཏན་དང་པོའི་ས་པའི་ལམ་མངོན་དུ་གྱུར་ཏེ་བསྒོམ་པ་ན་མངོན་དུ་གྱུར་པའི་ལས་གཞན་པའི་འོག་མའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ། དེ་རྣམས་ལ་སེམས་ཀྱིས་དབང་ཐོབ་པའི་ཕྱིར་རོ། །བསམ་གཏན་དང་པོའི་ས་ལ་འདོད་ན་སྤྱོད་པ་རྣམས་ལ་ཇི་ལྟ་བ་དེ་བཞིན་དུ་ས་གོང་མ་པའི་ལམ་ཐམས་ཅད་བསྒོམ་པ་ནི། ས་འོག་མ་པའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ། དེ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །དེ་ལྟར་གསུངས་པ་ནི་གོང་མའི་ལམ་མངོན་དུ་གྱུར་ཏེ། བསྒོམ་པ་ན། མངོན་དུ་མ་གྱུར་པ་དེ་ལས་གཞན་པ་ལ་འོག་མའི་དགེ་བའི་རྩ་བ་རྣམས་བསྒོམ་པར་འགྱུར་ཏེ་དེ་རྣམས་ལ་དབང་ཐོབ་པའི་ཕྱིར་རོ། །དབང་ཐོབ་པ་ནི་མཆོག་ཏུ་མངོན་དུ་གྱུར་པ་ལ་དབང་བྱེད་པར་རིག་པར་བྱའོ། །མཐར་ཕྱིན་པའི་ལམ་གང༌། གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པ་དང༌། བྲལ་བའི་ཐོབ་པ་རྣམས་ཐོབ་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་མ་ཐག་ཏུ་གནས་མ་འདུས་པར་འགྱུར་ཏེ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའོ། །མི་སློབ་བའི་ཚོས་བཅུ་ཡང་ཡིན་ཏེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང༌། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཤེས་རབ་བོ། །གནས་ངན་ལེན་ཐམས་ཅད་དང༌། མངོན་པར་བརྗོད་པའི་གནས་
ངན་ལེན་ཀུན་དུ་འགྲོ་བ་དང༌། ཚོར་བའི་གནས་ངན་ལེན་དང༌། ཉོན་མོངས་པའི་གནས་ངན་ལེན་དང༌། ལས་ཀྱི་གནས་ངན་ལེན་དང༌། རྣམ་པར་སྨིན་པའི་གནས་ངན་ལེན་དང༌། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང༌། ལས་ཀྱི་སྒྲིབ་པའི་གནས་ངན་ལེན་དང༌། རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་དང༌། སྒྲིབ་པའི་གནས་ངན་ལེན་དང༌། །རྟོག་པའི་གནས་ངན་ལེན་དང༌། ཟས་ཀྱི་གནས་ངན་ལེན་དང༌། འཁྲིག་པའི་གནས་ངན་ལེན་དང༌། རྨི་ལམ་གྱི་གནས་ངན་ལེན་དང༌། ནད་ཀྱི་གནས་ངན་ལེན་དང༌། རྒ་བའི་གནས་ངན་ལེན་དང༌། འཆི་བའི་གནས་ངན་ལེན་དང༌། ཡོངས་སུ་ངལ་བའི་གནས་ངན་ལེན་དང༌། གནས་ངན་ལེན་བརྟན་པ་དང༌། གནས་ངན་ལེན་ཆེན་པོ་དང༌། གནས་ངན་ལེན་འབྲིང་པོ་དང༌། གནས་ངན་ལེན་ཆུང་ངུ་དང༌། ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང༌། སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་དང༌། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ཏོ། །གནས་ངན་ལེན་དེ་རྣམས་ནི་ཉི་ཤུ་རྩ་བཞི་ཡིན་ཏེ། དེ་ལ་མངོན་པར་བརྗོད་པའི་གནས་ངན་ལེན་ཀུན་དུ་འགྲོ་བ་ནི། མིག་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ལ་གནས་པ། ཐོག་མ་མེད་པའི་དུས་ནས་རྗེས་སུ་ཞུགས་པ་གང་ཡིན་པའོ། །དེ་ལ་མིག་ལ་སོགས་པའི་ཆོས་མིང་ལ་མངོན་པར་ཞེན་པ་དང་བཅས་པ་རྣམ་པ་ཡང་དང་ཡང་འབྱུང་བའི་ཕྱིར། གང་དེ་ནི་སྤྲོས་པའི་བག་ཆགས་ཞེས་རྟོགས་སོ། །ཚོར་བའི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ཚོར་བ་རྣམས་ཀྱི་བག་ཆགས་སོ། །ཉོན་མོངས་པའི་གནས་ངན་ལེན་ནི་ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་ལོ། །ལས་ཀྱི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ལས་ཀྱི་བག་ཆགས་སོ། །རྣམ་པར་སྨིན་པའི་གནས་ངན་ལེན་ནི་རྣམ་པར་སྨིན་པ་ལས་སུ་མི་རུང་བ་ཉིད་དོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉོན་མོངས་པ་མི་ཟད་ཅིང་རྒྱུན་རིང་བའོ། །ལས་ཀྱི་སྒྲིབ་པའི་གནས་ངན་ལེན་ནི་ལམ་གྱི་བར་ཆད་བྱེད་པ་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཉིད་དོ། །རྣམ་པར་སྨིན་པའི་སྒྲིབ་པའི་གནས་ངན་ལེན་ནི། བདེན་པ་མངོན་པར་རྟོགས་པ་དང་མི་མཐུན་པ་སེམས་ཅན་དམྱལ་བ་ལ་སོགས་པའི་ལུས་ཐོབ་པའོ། །སྒྲིབ་པའི་གནས་ངན་ལེན་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་
བྱེད་པ་འདོད་པ་ལ་འདུན་པ་ལ་སོགས་པས་ཟིལ་གྱིས་གནོན་པ་ཉིད་དོ། །རྟོག་པའི་གནས་ངན་ལེན་ནི་རབ་ཏུ་བྱུང་བའི་བཤེགས་བྱེད་པར་འདོད་པ་རྣམ་པར་རྟོག་པ་ལ་སོགས་པ་ཟིལ་གྱིས་གནོན་པ་ཉིད་དོ། །ཟས་ཀྱི་གནས་ངན་ལེན་ནི། ཟས་ཧ་ཅང་ཉུང་བ་དང༌། མང་དུ་ཟོས་པ་སྦྱོར་བའི་འོས་སུམ་གྱུར་པ་ཉིད་དོ། །འཁྲིག་པའི་གནས་ངན་ལེན་ནི། གཉིས་ཀྱིས་གཉིས་སྤྲད་པ་ལས་གྱུར་པའི་ལུས་དང༌། སེམས་ལ་གནོད་བ་ཉིད་དོ། །རྨི་ལམ་གྱི་གནས་ངན་ལེན་ནི་གཉིད་ལས་གྱུར་པའི་ལུས་སེམས་པོ་ཉིད་དོ། །ནད་ཀྱི་གནས་ངན་ལེན་ནི་ཁམས་མ་སྙོམས་པ་ལས་གྱུར་པའི་ཉམས་རབ་ཏུ་མི་བདེ་བ་ཉིད་དོ། །རྒ་བའི་གནས་ངན་ལེན་ནི། འབྱུང་བ་གྱུར་པས་དབང་མེད་པ་ཉིད་དོ། །འཆི་བའི་གནས་ངན་ལེན་ནི། འཆི་བ་ན་འང་དབང་པོ་ཐམས་ཅད་འཁྲུག་པ་ཉིད་ངོ༌། །ཡོངས་སུ་ངལ་བའི་གནས་ངན་ལེན་ནི་ཧ་ཅང་འགྲོ་བ་ལ་སོགས་པས་ལུས་དུབ་པའོ། །གནས་ངན་ལེན་བརྟེན་པ་ནི་མངོན་པར་བརྗོད་པའི་གནས་ངན་ལེན་ལ་སོགས་པ་འདི་དང༌། ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི། །གཞན་གནས་ངན་ལེན་ཆེན་པོ་དང༌། འབྲིང་དང་ཆུང་ངུའི་གོ་རིམས་བཞིན་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་རྣམས་སུ་རིག་པར་བྱའོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི་ཉན་ཐོས་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་སོ། །སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལན་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་བསྒྲུབ་པའི་མི་མཐུན་པའི་ཕྱོགས་སོ། །ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སོ། །དེ་ལྟ་གནས་ངན་ལེན་འདི་དག་ཐམས་ཅད་ཇི་ལྟར་གནས་མཐུན་མཐུན་དུ་རྒྱུན་བཅད་པ་ནི་མཐར་ཕྱིན་པའི་ལམ་སྟེ། ཇི་སྐད་དུ་སེམས་རྣམ་པར་གྲོལ་པ་ཡོངས་སུ་རྫོགས་པ་དང༌། ཤེས་རབ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་ན་ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་བཅད་དེ། དྲན་པ་དང་ལྡན་པའི་རྒྱུས་འདི་ལྟར་དེའི་སྒོ་དང་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཤིན་ཏུ་དུལ་བ་དང༌། ཤིན་ཏུ་སྦས་པ་དང༌། ཤིན་ཏུ་བསྲུངས་པ་དང༌། ཤིན་ཏུ་བསྡམས་པ་དང༌། ཤིན་ཏུ་བསྒོམས་པ་ཡིན་ཏེ། ཡིན་གྱི་རྣམ་པར་ཤེས་པར་བྱ་བའི་བར་
གྱི་ཆོས་ལ་འདོད་དོ། །ཕྲད་པའི་ཐོབ་པ་རྣམས་གང༌། གནས་ངན་ལེན་བསགས་པ་ལ་ཕྲད་པའི་ཐོབ་པ་ཞས་གདགས་སོ། །བྲལ་བའི་ཐོབ་པ་རྣམས་གང༌། གནས་ངན་ལེན་ཟད་པ་ལ་བྲལ་བའི་ཐོབ་པ་ཞེས་གདགས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང༌། བསྒོམ་པའི་ལམ་གྱི་མཐའ་སྤང་བའི་ལམ་དུ་རིག་པར་བྱའོ། །དེ་ཡང་བསྡུ་ན་རྣམ་པ་གཉིས་ཏེ། སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །སྦྱོར་བའི་ལམ་གྱིས་བསྡུས་པ་ནི། གང་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང༌། སྒྲིབ་པ་ཐམས་ཅད་རི་ཤིག་པའོ། །བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ནི། གང་གིས་འོག་ཏུ་ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་འབྱུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་བར་མེད་པ། བརྟན་པ། སྲ་བ་རོ་གཅིག་པས་ཁྱབ་པའོ། །ཇི་ལྟར་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་བར་ཆད་མེད་ཅེ་ན། དེ་འབྱུང་བ་ལས་འཇིག་རྟེན་པའི་ལམ་གྱི་བར་ཆད་ཀྱིས་འཕེན་པ་མེད་པའི་ཕྱིར་རོ། །བརྟན་པ་ནི། སྒྲིབ་པ་ཐམས་ཅད་ཀྱིས་མི་ཕིགས་པ་དང༌། སྒྲིབ་པ་ཐམས་ཅད་ནི་འཇོམས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །རོ་གཅིག་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཁྱབ་པ་ནི་ཤེས་བྱ་ཐམས་ཅད་ཀྱི་ཕྱིའི་མཚན་ཉིད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །དེ་རྣམས་ཀྱི་དོན་དང་འདྲ་བར་བྱ་བའི་དོན་དུ་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དཔེར་ན་རི་བྲགས་ཆེན་པོ་མ་གྲུབ་པ། སེར་ག་མེད་པ། ཁོང་སྟོང་མ་ཡིན་པ་གཅིག་ཏུ་འདུས་པ། །ཤིན་ཏུ་མཁྲེགས་པ་དེ་ནི་ཤར་ཕྱོགས་ཀྱི་རླུང་གི་ཤུགས་ཀྱིས་ཀྱང་མི་བསྒུལ་ཞིང་མི་གཡོས་སོ། །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་བཅུ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་གསུངས་སོ། །དེ་མ་ཐག་ཏུ་གནས་མ་ལུས་པར་གྱུར་པ་གང༌། དེ་རྣམ་པ་གསུམ་སྟེ། གང་མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་དང༌། ལམ་གྱི་གནས་གྱུར་པ་དང༌། གནས་ངན་ལེན་གྱི་གནས་གྱུར་པའོ། །དེ་ལ་མི་སློབ་པའི་ལམ་ཐོབ་པའི་སེམས་ཀྱི་གནས་གྱུར་པ་ནི། ཆོས་ཉིད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་མ་ལུས་པ་དང་བྲལ་བར་གྱུར་པ་གང་ཡིན་པ་སྟེ། དེ་ཉིད་དེ་བཞིན་ཉིད་གྱུར་ཞེས་བྱ་བའི་ཐ་ཚིག་གོ །ལམ་གྱི་གནས་གྱུར་པ་ནི། འཇིག་རྟེན་པའི་ལམ་ལ་མངོན་པར་རྟོགས་པའི་དུས་ན། འཇིག་རྟེན་ལས་འདས་པ་ཉིད་དུ་གྱུར་པ་སྟེ། བྱ་བའི་ལྷག་མ་ཡོད་པའི་ཕྱིར་སློབ་པ་
ཞེས་ཀྱང་བརྗོད་པར་བྱའོ། །གང་གི་ཚེ་ཁམས་གསུམ་པ་ལ་འདོད་ཆགས་དང་བྲལ་བས་མི་མཐུན་པའི་ཕྱོགས་མ་ལུས་པར་བསལ་བ་དེའི་ཚེ། ལམ་གྱི་ངོ་བོ་ཉིད་ཀྱི་གནས་དེའི་གྱུར་བ་ཡོངས་སུ་རྫོགས་པར་རྣམ་པར་གཞག་པའོ། །གནས་ངན་ལེན་གྱི་གནས་གྱུར་བ་ནི། ཀུན་དུ་ལེན་པའི་རྣམ་པར་ཤེས་པ་ཉོན་མོངས་བ་ཐམས་ཅད་ཀྱི་བག་ཆགས་ཀྱི་བག་ལ་ཉལ་དང་འབྲལ་བར་གྱུར་པར་རིག་པར་བྱའོ། །ཟད་པ་ཤེས་པ་གང༌། རྒྱུ་ཟད་ནས་ཤེས་པ་གང་ཡིན་པའམ། ཟད་པ་ལ་དམིགས་པའོ། །ཟད་པར་གྱུར་ནས་ཤེས་པའམ། །ཡུལ་དུ་ལ་ཤེས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པའོ། །དེ་ནི་འདི་སྐད་དུ། ཀུན་འབྱུང་བ་མ་ལུས་པར་སྤངས་ནས་ཤེས་པ་གང་ཡིན་པ་དང༌། དེའི་གནས་སྐབས་ན་རྒྱུ་འགོག་པ་ལ་དམིགས་པ་ནི་ཟད་པ་ཤེས་པ་ཞེས་བྱའོ། །མིར་སྐྱེ་བར་ཤེས་པ་གང༌། འབྲས་བུ་སྤངས་ནས་ཤེས་པ་གང་ཡིན་པའམ། འབྲས་བུ་མི་སྐྱེ་བ་ལ་དམིགས་པའོ། །དེ་བཞིན་དུ་མི་སྐྱེ་བར་གྱུར་ནས་ཤེས་པའམ། ཡུལ་དེ་ལ་ཤེས་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཤེས་པ་སྟེ། ཕྱི་མ་ལ་སྡུག་བསྔལ་ཐམས་ཅད་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་གྱུར་ནས་ཤེས་པ་གང་ཡིན་པ་དེ་ནི་བདེན་པ་གཞན་ལ་དམིགས་པ་ཡང་ཡིན་ནོ། །ཡང་ན་སྡུག་བསྔལ་གྱི་བདེན་པ་ལ་མི་སྐྱེ་བར་དམིགས་པ་དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །མི་སློབ་པའི་ཆོས་བཅུ་ནི། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་དབང་དུ་བྱས་པར་ཤེས་པར་བྱའོ། །དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་ནི་མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང༌། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ནི་ཤེས་རབ་ཀྱི་ཕུང་པོའི། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་དག་པའི་ཤེས་རབ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཡང་ལམ་གྱི་བདེན་པའི་མཚན་ཉིད་རྣམ་པ་བཞིར་ཤེས་པར་བྱ་སྟེ། ལམ་གྱི་མཚན་ཉིད་དང༌། རིགས་པའི་མཚན་ཉིད་དང༌། སྒྲུབ་པའི་མཚན་ཉིད་དང༌། ངེས་པར་འབྱིན་པའི་མཚན་ཉིད་དོ། །ཅིའི་ཕྱིར་ལམ་གྱི་མཚན་ཉིད་ཅེས་བྱ། །དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་
ཕྱིར་རོ། །དེ་ལ་འདིས་ནི་དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བའི་ལམ་མོ། །ཅིའི་ཕྱིར་རིགས་པའི་མཚན་ཉིད། ཉོན་མོངས་པའི་གཉེན་པོའི་ཕྱིར་རོ། །རིགས་པ་མ་ཡིན་པར་གྱུར་བའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་བས་རིགས་པའོ། །ཅིའི་ཕྱིར་བསྒྲུབ་པའི་མཚན་ཉིད། སེམས་ཕྱིན་ཅི་ལོག་པར་བསྒྲུབ་པའི་ཕྱིར་རོ། །དེ་ཁོ་ན་ཁོང་དུ་ཆུད་པའི་ཉེས་པས་མི་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཏུ་གྱུར་བའི་སེམས་དེ་ཕྱིན་ཅི་ལོག་མེད་པར་དེ་ཁོ་ན་ཁོང་དུ་ཆུད་པ་ལ་འཇོག་པས་བསྒྲུབ་པའོ། །ཅིའི་ཕྱིར་ངེས་པར་འབྱིན་པའི་མཚན་ཉིད། རྟག་པའི་གནས་སུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ངེས་པར་འབྱུང་བའི་གནས་རྟག་པར་གཞན་དུ་འགྲོ་བས་ངེས་པར་འབྱིན་པ་ཞེས་བྱའོ། །བདེན་པ་རྣམས་ལ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། ས་པར་ཞུགས་པ་དང༌། སྒྲིབ་པ་དང་བཅས་པ་དང༌། སྒྲིབ་པ་མེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ནི་བྱེ་བྲག་གོ །དེ་ལ་འཇིག་རྟེན་པ་རྣམས་ནི་ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། སྒྲིབ་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་སྟེ། དེ་བཞིན་ཉིད་མ་རྟོགས་པ་དང༌། ཉོན་མོངས་པའི་བག་ལ་ཉལ་ཡོད་པ་དང༌། མངོན་པར་བརྗོད་པའི་སྒོ་ནས་སྤྲོས་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །བཟློག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། ལེགས་པར་ཞུགས་པ་དང༌། སྒྲིབ་པ་མེད་པར་གྱུར་ན་རྣམ་པར་མི་རྟོག་པས་འཇིག་རྟེན་པ་རྣམས་ལས་ཁྱད་པར་དུ་གྱུར་ཏོ། །དེ་དག་རྣམ་པར་མི་རྟོག་པ་ན་ཇི་ལྟར་ཤེས་བྱ་ལ་ལེགས་པར་ཞུགས་པར་འགྱུར་ཞེ་ན། ཇི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པ་ལས་འཇུག་པ་ན་མི་རྟག་པའི་དོན་མཐོང་གི །མི་རྟག་པ་ཉིད་ཅེས་བྱ་བར་མཐོང་བ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་དོན་ལ་ཇི་ལྟ་བ་དེ་བཞིན་དུ། རྣམ་པ་ལྷག་མ་རྣམས་ལ་ཡང་ཇི་ལྟ་བར་སྦྱར་བར་རིག་པར་བྱའོ། །ཇི་ལྟར་འདི་དག་ལ་གནས་པ་ནི་མི་རྟག་པའི་དོན་མཐོང་ཞིང་མངོན་སུམ་དུ་མྱོང་གི །མི་རྟག་གོ་ཞེས་མངོན་པར་བརྗོད་པ་སྤྲོས་པའི་སྒོ་ནས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །བདེན་པ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ་ཀུན་ལས་བཏུས་པ་
གཉིས་པའོ། །ཆོས་རྣམ་པར་ངེས་པ་གང་ཆོས་ཞེས་བརྗོད་པ་ནི་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། རྟོག་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བའི་ཆོས་དང༌། གཏན་ལ་ཕབ་པར་བསྟན་པའོ། །ཆོས་ནི་གསུངས་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པའོ། །མདོ་གང་གང་སྨོས་པའི་ཚུལ་གྱིས་རྐྱང་པར་གསུངས་པ་སྟེ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་བཞེད་པའི་དོན་རྣམ་པར་ཕྱེ་ཏེ་མ་གསུངས་ཤེ་ན། སྨྲས་པ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པས་སྨོས་པའི་ཚུལ་གྱིས་ཆོས་སྟོན་ནས་རྣམ་པར་གཞག་སླ་བ་དང༌། བཤད་སླ་བ་དང༌། གཟུང་སླ་བ་དང༌། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། ཡང་དག་པའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲོངས་སུ་འགྲོའོ། །དེ་ལ་ཇི་ལྟར་རྣམ་པར་གཞག་པར་སླ་བ་ནི། སྟོན་པས་གོ་བར་བྱ་བའི་དོན་མང་དུ་རྣམ་པར་གཞག་པ་མདོར་བསྡུས་ཏེ། ཚེགས་ཆུད་དུས་རྣམ་པར་འཇོག་པའི་ཕྱིར་རོ། །བཤད་སླ་བ་ནི་ཉུང་ངུས་དོན་ཆེན་པོ་རྒྱས་པར་གོ་བར་བྱེད་པའི་ཕྱིར་རོ། །འདི་ལྟ་སྟེ། འཇོག་པ་དང༌། རྒྱུན་དུ་འཇོག་པ་ཞེས་བྱ་བ་ལ་སོགས་པའོ། །ཉན་པས་ཀྱང་གཞུང་སླ་བའོ། །ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཆོས་འདི་བསྒོམས་པས་ཤེས་པར་བྱ་བ་ཡིན་པར་གཏོགས་པས་གུས་པ་སྐྱེད་པས་ཆོས་དེ་ལ་གཅེས་སུ་བྱེད་པའི་སྒོ་ནས་དད་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་ཉིད་དེ་ལྟར་གཅེས་སུ་བྱ་བའི་སྦྱོར་བའི་ཤེས་རབ་རྣོ་བར་འགྱུར་བའི་ཕྱིར་རོ། །དཀོན་མཆོག་རྣམས་ལ་ཤེས་ནས་དད་པ་ཐོབ་པ་ནི། །བསྟན་པ་ལ་ལེགས་པར་གནས་པར་ཁོང་དུ་ཆུད་ནས་སྟོན་པ་ལ་སོགས་པ་ལ་དད་པ་སྐྱེ་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པར་ནི། དགོངས་པའི་དོན་རྩོལ་བ་ཆེན་པོས་སམ། རྟོགས་
པས་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པའི་ཕྱིར་རོ། །ཡང་དག་པའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་སེམས་མགུ་བར་བྱེད་དོ། །དོན་ཟབ་མོ་རྣམ་པར་འབྱེད་པས་དེའི་ཕྱིར་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། གང་དེ་འདི་ལ་ཀུན་ངེས་པར་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཐ་མ་ནི་གཉིས་ཀ་བསྡུས་ཏེ་ཕན་ཡོན་གཅིག་ཏུ་བལྟ་བར་བྱའོ། །དབྱངས་ཀྱིས་བསྙད་པ་གང༌། མདོ་དེ་ཉིད་དུ་དབུས་དང་མཐའ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་དྲང་བའི་དོན་གྱི་མདོ་རྟོག་པར་བྱེད་ན་དེ་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པ་གང༌། གང་དུ་ཉན་ཐོས་འདས་པའི་དུས་དང༌། སྐྱེ་བ་ལུང་སྟོན་པའོ། །ཡང་ངེས་པའི་དོན་གྱི་མདོ་ནི་ལུང་དུ་བསྟན་པའོ། །དེས་རྣམས་པར་ཕྱེ་ནས་དགོངས་པ་ལུང་དུ་སྟོན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གང་ཚིགས་སུ་སྦྱར་ནས་གསུངས་པ་སྟེ། དེ་ནི་རྐང་པ་གཉིས་པ་དང༌། རྐང་པ་གསུམ་པ་དང༌། རྐང་པ་བཞི་པ་དང༌། རྐང་པ་ལྔ་པ་དང༌། རྐང་པ་དྲུག་པའོ། །ཆེད་དུ་བརྗོད་པ་གང༌། གང་ཡི་རངས་ནས་བརྗོད་པའོ། །གང་གི་ཚངས་པ་ཆོས་དང༌། ཀུན་དུ་སྐྱོབ་པ་དང༌། བསམ་གཏན་དུ་བྱ་བ་འདི་དག་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་པའོ། །གླེང་གཞི་གང༌། འདི་ལྟ་སྟེ། གང་གི་ཆེད་དུ་གསུངས་པ་དང༌། ལྟུང་བ་དང་བཅས་པའི་བསླབ་པ་གསུངས་པའོ། །གླིང་གཞིའི་སྡེ་ནི་གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང༌། ལྟུང་བ་དང་བཅས་པའི་བསླབ་པ་གསུངས་པ་སྟེ། འདི་ལྟ་སྟེ་གཞི་འདི་དང༌། སྐབས་འདི་དང༌། རྒྱ་ཆེར་འབྱུང་བའོ། །རྟོག་པ་བརྗོད་པ་གང༌། དཔེ་དང་བཅས་པ་གསུངས་པའོ། །དེས་དོན་གསལ་བར་བྱེད་པའི་ཕྱིར་སྟེ། མངོན་པར་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུ་བྱུང་བ་གང༌། གང་སྔོན་གྱི་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་གང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་གང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་ཇི་ལྟ་བར་རྣམ་པར་འཐག་པ་དང༌། མཚུངས་པ་དང་བྲལ་བ་ཡང་ངོ༌། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་གནས་དང༌། རྒྱས་པ་དང༌། རྒྱ་ཆེ་བ་དང༌། དཀའ་བའི་རྣམ་པར་ཆོས་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ། སྒྲིབ་པ་ཐམས་ཅད་རྣམ་
པར་འཐག་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ། མཚུངས་ང་མེད་པའི་ཕྱིར་རོ། །དེ་རྣམས་ནི་ཤིན་ཏུ་རྒྱས་པ་ལ་སོགས་པའི་ཐེག་པ་ཆེན་པོའི་རྣམ་གྲངས་ཏེ། དེ་ནི་ཆེན་པོ་རྣམ་པར་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །རྣམ་པ་བདུན་ནི། དམིགས་པ་ཆེན་པོ་དང༌། བསྒྲུབ་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་དང༌། ཐབས་དང༌། ཐོབ་པ་དང༌། ལས་ཀྱི་ཁྱད་པར་གྱི་ཕྱིར་རོ། །དེ་ལ་དམིགས་པ་ཆེན་པོ་ནི། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་དཔག་ཏུ་མེད་པར་བསྟན་པའི་ཆོས་ལ་དམིགས་པའི་ཕྱིར་རོ། །བསྒྲུབ་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་ལམ་ནི། བདག་གཞན་གྱི་དོན་ཐམས་ཅད་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ནི་བསྐལ་བ་གྲངས་མེད་པ་ཆེན་པོ་གསུམ་དུ་དཀའ་བ་སྤྱོད་པ་བརྒྱ་སྟོང་ལ་སྦྱར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཕྱིར་རོ། །ཐོབ་པ་ཆེན་པོ་ནི་སྟོང་པ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དང་དཔག་ཏུ་མེད་ཅིང་གྲངས་མེད་པ་ཐོབ་པའི་ཕྱིར་རོ། །ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་བར་བྱ་དཀའ་བ་ལ་སོགས་པ་ཡང་དག་པར་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་གང༌། གང་དུ་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན་ལ་ཕབ་པ་བསྟན་པ་གང༌། གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅ་མི་ལོག་པར་བསྟན་པའོ། །ཆོས་ཀྱི་མཚན་ཉིད་མདོ་སྡེ་ལ་སོགས་པའི་ཆོས་བསྟན་པའོ། །སྟོན་པ་སངས་རྒྱས་ཀྱིས་མཛད་པ་མདོ་ལ་སོགས་པ་འདི་དག་ནི་སྡེ་སྣོད་གསུམ་དུ་འགྱུར་ཏེ། གང་དུ་མདོ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པའི་འདི་དག་ནི་ཉན་ཐོས་ཀྱི་མདོའི་སྡེ་སྣོད་དོ། །གླེང་གཞི་དང༌། རྟོག་པ་བརྗོད་པ་དང༌། དེ་ལྟ་བུ་བྱུང་བ་དང༌། སྐྱེས་པའི་རབས་འཁོར་བ་དང་བཅས་པ་འདི་ནི་འདུལ་བའི་སྡེ་སྣོད་དོ། །དེ་ལ་གླིང་གཞི་དེ་ནི་ལྟུང་བ་ལ་བསླབ་བྱ་བཅས་པ་གསུངས་པ་བསྡུས་པས་འདུལ་བའི་སྡེ་སྣོད་དོ། །རྟོག་པ་བརྗོད་པ་ལ་སོགས་པ་ནི་དེའི་འཁོར་དུ་རིག་པར་བྱའོ། །ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བའི་ཆོས་གང༌།
འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་དེ་རྣམས་བསྡུས་ཤེ་ན། དེ་དག་གི་ཁྱད་པར་གྱི་མཐུས་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཏན་ལ་ཕབ་པར་བསྟན་པ་འདི་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དོ། །ཉན་ཐོས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་རྣམ་པར་གཞག །ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་མདོའི་སྡེ་སྣོད་རྣམ་པར་གཞག་གོ །གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སྐྱེས་པ་མི་སྐྱེད་པ་གཅད་པར་བྱ་བའི་ཕྱིར་དུ་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་བསྟན་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །ཉེ་བའི་ཉོན་མོངས་པ་མཐའ་གཉིས་ལ་སྦྱོར་བའི་གཉེན་པོ་ནི་སོག་འཇོག་བྱས་པ་ལ་ཡོངས་སུ་ལོངས་སྤྱོད་པ་སྤང་བའི་ཕྱིར་དང༌། གོས་སྟོང་ཕྲག་བརྒྱ་རི་བ་ལ་སོགས་པ་རྗེས་སུ་གནང་བའི་ཕྱིར་རོ། །ཡང་མཐའ་གཉིས་ནི་འདོད་པ་བསོད་ནམས་ཀྱི་མཐའ་དང་བདག་དུ་བ་པའི་མཐའོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །དེར་ཉེ་བའི་ཉོན་མོངས་པ་གཞོལ་བའི་ཕྱིར་ཆོས་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཡང་བསླབ་པ་གསུམ་གོམས་པར་བྱ་བའི་ཕྱིར་མདོའི་སྡེ་སྣོད་རྣམ་པར་གཞག་གོ །འདི་ལྟར་དེ་མདོ་སྡེ་སྣོད་ལ་བརྟེན་ནས་གདུལ་བྱ་རྣམས་བསླབ་པ་གསུམ་བྱང་བར་བྱེད་དེ། དེ་དེ་དག་རྒྱས་པར་བརྗོད་པའི་ཕྱིར་རོ། །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །འདི་ལྟར་དེ་འདུལ་བ་ལ་བརྟེན་ནས་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པ་བསྒྲུབ་སྟེ། དེ་སོ་སོར་ཐར་པའི་སྡོམ་པས་བསླབ་པའི་ལམ་ཉེ་བར་བསྟན་པ་ལ་བརྟེན་ནས་ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་དང་དེ་ཡོངས་སུ་དག་པར་བྱེད་དེ། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཆོས་མངོན་པ་ལ་བརྟེན་ནས་ལྷག་པར་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་སྟེ། དེར་ཆོས་རབ་ཏུ་རྣམ་
པར་འབྱེད་པ་ལ་རྒྱ་ཆེར་ཉེ་བར་བསྟན་པའི་ཕྱིར་ཏེ། དེའི་ཕྱིར་སྡེ་སྣོད་གསུམ་དུ་རྣམ་པར་གཞག་གོ །ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོའི་སྡེ་སྣོད་རྣམ་པར་གཞག་གོ །མདོའི་སྡེ་སྣོད་ལ་བརྟེན་ནས་ཚིག་དང་དོན་ལ་བྱང་བར་བྱེད་དོ། །ཆོས་དང་དོན་མངོན་དུ་བྱ་བའི་གཞིའི་གནས་ཡིན་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་གཞག་གོ །འདི་དག་འདུལ་བ་ལ་བརྟེན་ནས་གཉི་ག་མངོན་སུམ་དུ་བྱེད་དེ། །འདུལ་བའི་སྡེ་སྣོད་ནི་བསླབ་པ་བསྒྲུབ་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་ཆོས་དང་དོན་མངོན་སུམ་དུ་བྱ་བའི་གནས་ཡིན་པས་གཞིའི་གནས་ཞེས་བརྗོད་དོ། །ཡང་དག་པའི་གཏམ་གྱིས་གཏན་ལ་ཕབ་པས་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་གཞག་གོ །ཆོས་མངོན་པ་ལ་བརྟེན་ནས་ཕན་ཚུན་ཡང་དག་པའི་གཏམ་གྱིས་གཏན་ལ་འབེབས་པར་བྱེད་པ་ན་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བདེ་བ་ལ་རིག་པར་གནས་པར་འགྱུར་ཏེ། དེར་ཆོས་རྣམ་པ་མང་པོ་རྣམས་ཀྱི་རང་གི་མཚན་ཉིད་ལ་སོགས་པའི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་དག་ཉིད་ཡིན་ནོ། །ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ་ཞེ་ན། གྲངས་བརྒྱ་ཕྲག་བཅུ་ནི་ཆོས་ཀྱི་ཕུང་པོ་སྟེ། གྲངས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་དེ་ལྟར་ཡིན་ན་གྲངས་སྟོང་ཞེས་དེ་སྐད་དུ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཕུང་པོ་རེ་རེ་ལའང་སྟོང་སྟོང་རྣམ་པར་གཞག་པའི་དགོས་པ་བསྟན་པའི་ཕྱིར་ཏེ། འདི་ལྟར་གཅིག་ལ་སོགས་པར་བསྐྱེད་ན་གྲངས་བཅུ་བ་འགྱུར་རོ། །བཅུར་བསྐྱེད་ན་གྲངས་བརྒྱར་འགྱུར་རོ། །གྲངས་སྟོང་ལ་སོགས་པའི་གཞི་ནི་གྲངས་བརྒྱ་ཕྲག་བཅུ་ཡིན་པར་བལྟ་བར་བྱའོ། །འདི་ལྟ་སྟེ་བརྒྱ་ཕྲག་བཅུ་ན་སྟོང་ངོ༌། །སྟོང་ཕྲག་བརྒྱ་ན་འབུམ་མོ། །འབུམ་ཕྲག་བརྒྱ་ན་བྱེ་བའོ། །དེ་བཞིན་དུ་གྲངས་གོང་མ་ཐམས་ཅད་ལ་ཡང༌། བརྒྱ་དང་བཅུ་པོ་འདི་ཉིད་ལས་གང་ཡང་རུང་བ་ཞིག་ན་གདོན་མི་ཟ་བར་བཞིར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྡུ་ན་གྲངས་བརྒྱ་ཕྲག་བཅུ་པོ་དག་ལ་ཆོས་ཀྱི་ཕུང་པོ་གཅིག་གི་རྣམ་པར་གཞག་གོ །བགྲང་བའི་ཚུལ་འདིས་ནི་འདིས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཚིག་ལེ་འུར་བྱས་པ་བྱེ་བ་ཕྲག་བརྒྱ་དང༌། འབུམ་ཕྲག་བཞི་བཅུར་འགྱུར་རོ། །
ཆོས་འདི་དག་རྣམས་ཀྱི་རྣམ་པར་ངེས་པ་གང་དང་སྤྱོད་ཡུལ་གང༌། སྡེ་སྣོད་གསུམ་གྱིས་རྣམ་བར་བསྡུས་པའི་ཆོས་འདི་དག་གང་གི་སྤྱོད་ཡུལ་ཞེ་ཡིན་ཞེ་ན། །སྨྲས་པ་དེ་རྣམས་ནི་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་དང༌། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལོ། །དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཞར་ལ་དམིགས་པ་དང་བཅས་པ་ལ་སོགས་པའི་མཚན་ཉིད་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཆོས་ལས་རྟེན་ལས་འདས་པ་དན་སོགས་པ་རྣམ་པར་གཞག་གོ །སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་དམིགས་པ་དང་བཅས་པ་དང༌། རྣམ་པ་དང་བཅས་པ་དང༌། གནས་དང་བཅས་པ་དང༌། མཚུངས་པར་ལྡན་པ་ཡང་བརྗོད་དོ། །ཆེས་དེ་རྣམས་ཀྱི་དམིགས་པ་གང་ཞེ་ན་མདོ་སྡེ་ལ་སོགས་པ་སྟེ། །མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོ་སྡེ་ལ་སོགས་པ་བཤད་པའོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གང་ཕུང་པོ་བྱུང་བའི་ཆོས་ལ་སོགས་པ་དང་ལྡན་པའི་ཆོས་རྣམས་སོ། །རྣམ་པ་ནི་གང་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་རྣམས་ལས་བརྩམས་ཏེ། བསྟན་པ་གང་ཡིན་པ་དེའི་རྣམ་པ་རྣམས་ཏེ་དེ་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སུ་རིག་པར་བྱའོ། །གནས་གང༌། གཞན་ལས་རྣམ་པར་རིག་པ་དང༌། དྲན་པ་དང༌། བག་ཆགས་སོ། །དེ་ལ་བཤད་པའི་དུས་ལ་གཞན་གྱི་རྣམ་པར་རིག་པ་ནི་གནས་ཏེ། དེ་ནི་གཞན་གྱི་སྒྲ་ལས་ཤེས་པ་འབྱུང་བའི་ཕྱིར་རོ། །དེའི་འོག་གི་དུས་ན་དྲན་པའི་གནས་ཏེ། ཇི་ལྟར་ཐོས་པ་བཞིན་དུ་རྗེས་སུ་དྲན་པས་གོམས་པར་བྱེད་པའི་ཕྱིར་རོ། །དེའི་འོག་ཏུ་བག་ཆགས་ནི་གནས་ཏེ་རྗེས་སུ་དྲན་པ་མེད་ཀྱང༌། གོམས་པའི་བག་ཆགས་ཀྱི་དབང་གིས་ཕྱིས་རྣམ་པར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པ་གང་གཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་རྣམ་པར་དམིགས་པ་ལ་ཡང་དག་པར་རྟོགས་པའོ། །སེམས་དང་སེམས་ལས་བྱུང་བའི་ཕན་ཚུན་གྲོགས་ཡིན་པའི་ཚུལ་གྱིས་མདོ་ལ་སོགས་པ་དང༌། མཚུངས་པར་ལྡན་པའི་རྣམ་པ་ཡང་དག་པར་རྟོགས་པའོ། །ཆོས་དམིགས་པའི་རབ་ཏུ་དབྱེ་བ་གང༌། ཁྱབ་པའི་དམིགས་པ་དང་སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་དང་ཉོན་མོངས་པ་རྣམ་བར་སྦྱོང་བའི་དམིགས་པའོ། །འདིར་ཆོས་ཀྱི་དམིགས་པའི་རབ་ཏུ་དབྱེ་བ་ཁྱབ་པ་ལ་སོགས་
པ་རྣམ་པ་བཞིའོ། །དེ་ལ་ཁྱབ་པའི་དམིགས་པ་གང༌། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང༌། དངོས་པོའི་མཐའ་དང༌། དགོས་ཡོངས་སུ་གྲུབ་པའོ། །འདིར་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་སོགས་པ་རྣམ་པ་བཞི་ནི་ཁྱབ་པའི་དམིགས་པའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་གང༌། མོས་པ་ཡིད་ལ་བྱེད་པས་གང་ཞི་གནས་དང་ལྷག་མཐོང་ལ་དམིགས་པའོ། །དེ་ལ་མོས་པ་ཡིད་ལ་བྱེད་པ་ནི། གང་གཅིག་ཏུ་འཇིག་རྟེན་པའི་ཡིད་ལ་བྱེད་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་གང༌། དེ་ཁོ་ན་ཡིད་ལ་བྱེད་པ་གང་ཞི་གནས་དང་ལྷག་མཐོང་ལ་དམིགས་པའོ། །དེ་ཁོ་ན་ཡིད་ལ་བྱེད་པ་ནི་འཇིག་རྟེན་ལས་འདས་པ་དང་དེའི་རྗེས་ལས་ཐོབ་པའོ། །དངོས་པོའི་མཐའ་གང༌། གང་ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་དང་ཇི་ལྟ་བ་བཞིན་དུ་ཡོད་པའོ། །ཇི་སྙེད་ཡོད་པ་ནི། དེ་ལ་ཆོས་རྣམས་ཀྱི་ཇི་སྙེད་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་དངོས་པོ་འདི་དག་ཀུན་དུ་ཐད་དོ། །ཉེས་གང་ཤེས་བྱ་རྣམ་པར་བཞག་པ་སྟེ་འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འཕགས་པ་བདེན་པ་བཞི་དང༌། རྣམ་པ་བཅུ་དྲུག་དང༌། དེ་བཞིན་ཉིད་དང༌། དེ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བ་དང༌། སྟོང་བ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི། རྣམ་པ་འདི་དག་ཏུ་ཤེས་པར་བྱ་བ་སྟེ། འདི་ལ་བདེན་པའི་སྒོ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ཇི་ལྟར་མཐུན་མཐུན་དུ་སྡུག་བསྔལ་བ་ཉིད་དུ་ཤེས་པར་བྱ་བ་ནས་ལམ་གྱི་བར་དུའོ། །རྣམ་པའི་སྒོ་ནས་བདེན་པར་རེ་རེ་ལའང་རྣམ་པ་བཞི་བཞིར་རིག་པར་བྱའོ། །བྱེ་བྲག་མེད་པར་ནི་ཐམས་ཅད་ཀྱང་དེ་བཞིན་ཉིད་རྣམ་པར་ཤེས་པར་བྱའོ། །ཆོས་ཀྱི་སྡོམ་གྱི་སྐབས་ཀྱིས་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་ཤེས་པར་བྱ་བ་ནས་མྱ་ངན་ལས་འདས་པ་ཞི་བ་ཉིད་ཀྱི་བར་དུའོ། །རྣམ་པར་ཐར་པའི་རྣམ་པའི་སྐབས་ཀྱིས་ནི་སྟོང་པ་ཉིད་ནས་མཚན་མ་མེད་པའི་བར་དུའོ། །དགོས་པ་ཡོངས་སུ་སྒྲུབ་པ་གང༌། གནས་གྱུར་པའོ། །གནས་གྱུར་བའི་དམིགས་པ་ནི་ཕྱིན་ཅི་མ་ལོག་པར་སྣང་བའི་ཕྱིར་རོ། །ཇི་ལྟ་བ་
བཞིན་དུ་ཡོད་པ་རྣམ་པ་བཅུ་དྲུག་བསྟན་པ་ལས། ཇི་ལྟ་བ་བཞིན་དུ་ཡོད་པ་རྣམ་པ་བཅུ་དྲུག་བསྟན་པ་དང༌། རྣམ་པར་ཐར་པ་རྣམ་པ་གསུམ་བསྟན་པ་དེ་དག་ནི་གཅིག་གིས་གཅིག་སྡུད་དོ། །དེའི་ཕྱིར་གསུངས་པ། རྣམ་པ་བཅུ་དྲུག་ལ་སྟོང་པ་ཉིད་ཀྱི་རྣམ་པ་དུ། གཉིས་སོ། །སྟོང་པའི་རྣམ་པ་གཉིས་ནི། སྟོང་པའི་རྣམ་པ་དང༌། བདག་པོའི་རྣམ་པའོ། །སྨོན་པ་མེད་པའི་རྣམ་པ་དུ། དྲུག་གོ །མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་པའི་རྣམ་པ་དང༌། རྒྱུ་དང༌། ཀུན་དུ་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་སྟེ། དེ་དག་གིས་ཁམས་གསུམ་པ་ལ་སྨོན་པ་མེད་པའི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པ་དུ། བརྒྱད་དོ། །ལྷག་མ་བརྒྱད་ནི་མཚན་མ་མེད་པའི་རྣམ་པ་སྟེ། འགོག་པ་དང་ལམ་ལ་མཚན་མར་བྱེད་མི་ནུས་པའི་ཕྱིར་རོ། །སྤྱོད་པ་རྣམ་པར་སྤྱོད་པའི་དམིགས་པ་གང༌། འདོད་ཆགས་ལ་སྤྱོད་པ་རྣམས་ཀྱིས་ནི་མི་སྡུག་པའོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱིས་ནི་བྱམས་པའོ། །གཏི་མུག་ལ་སྤྱོད་པ་རྣམས་ཀྱིས་ནི་རྐྱེན་འདི་ལས་བྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ང་རྒྱལ་ལ་སྤྱོད་པ་རྣམས་ཀྱིས་ནི་ཁམས་ཀྱི་རབ་ཏུ་དབྱེ་བའོ། །རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ཀྱིས་ནི་དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའོ། །ཅིའི་ཕྱིར་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་མི་སྡུག་པ་ལ་སོགས་པའི་སྤྱོད་པ་རྣམ་པར་སྦྱོང་བ་ལ་དམིགས་ཤེན། དེས་འདོད་ཆགས་ལ་སོགས་པ་ཤས་ཆེ་བ་ཉེ་བར་ཞི་བར་བྱེད་པའི་ཕྱིར་རོ། །མཁས་པའི་དམིགས་པ་གང༌། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟར་བལྟ་བར་བྱ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་བལྟ་བར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའི་བྱེ་བྲག་ཅི། ཆོས་རྣམས་ལ་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར། རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །མ་རིག་པ་ལ་སོགས་པའི་ཆོས་རྣམས་ནི་འདུ་བྱེད་ལ་སོགས་པའི་ཆོས་རྣམས་མངོན་དུ་འབྱིན་ཏེ། འདི་ལྟར་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཞིང་དབང་ཕྱུག་ལ་
སོགས་པའི་མི་མཐུན་པའི་རྒྱུ་ལ་སོགས་པ་ཡང་མ་ཡིན་པར་ཤེས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །རྒྱུ་དང་མཐུན་པར་འབྲས་བུ་འབྱུང་པ་ཡོངས་སུ་བཟུང་བའི་ཕྱིར་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་ཉིད་འབྱུང་སྟེ་འདི་ལྟ་སྟེ། ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་དགེ་བ་དང༌། ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མི་དགེ་བ་ཞེས་བྱ་བ་ལ་སོགས་པར་ཤེས་པ་གང་ཡིན་པ་འདི་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང༌། ས་འོག་མ་རྣམས་ཀྱིས་ནི་རགས་པ་ཉིད་དོ། །ས་གོང་མ་རྣམས་ཀྱིས་ནི་ཞི་བ་ཉིད་དོ། །དེ་བཞིན་ཉིད་དང་འཕགས་པའི་བདེན་པ་བཞིའོ། །འཇིག་རྟེན་པའི་ལམ་གྱི་སྐབས་སུ་ས་འོག་མ་དང་གོང་མ་རྣམས་ཀྱང་རགས་པ་དང་ཞི་བ་ཉིད་དེ། དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སུ་ནི་བསྡུ་ན་དེ་བཞིན་ཉིད་དོ། །སྤྲོས་ནས་འཕགས་པའི་བདེན་པ་བཞི་སྟེ་དེས་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ། །མདོ་སྡེ་ལ་སོགས་པའི་ཆོས་དཔྱད་པ་དང་འབྲེལ་པས་རིགས་པ་བཞི་བརྗོད་པར་བྱ་སྟེ། དེ་དག་གིས་དཔྱོད་པའི་ཕྱིར་རོ། །དེའི་ཕྱིར་བརྗོད་པ་ཆོས་ལ་བརྩོན་པ་ཆོས་ལ་རྣམ་པར་དཔྱོད་པ་ན་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད། བཞིས་དཔྱོད་དེ། ལྟོས་པའི་རིགས་པ་དང༌། བྱ་བ་བྱེད་པའི་རིགས་པ་དང༌། འཐད་པར་སྒྲུབ་པའི་རིགས་པ་དང༌། ཆོས་ཉིད་ཀྱི་རིགས་པའོ། །ལྟོས་པའི་རིགས་པ་གང༌། གང་འདུ་བྱེད་རྣམས་འབྱུང་བ་ན་རྐྱེན་ལ་ལྟོས་པའོ། །འདི་ལྟ་སྟེ་མྱུ་གུ་འབྱུང་བ་ན་ས་བོན་དང༌། དུས་དང༌། ཆུ་དང༌། ཞིང་རྣམ་པར་ལྟོས་པ་དང༌། རྣམ་པར་ཤེས་པ་ནི་དབང་པོ་དང༌། དོན་དང་ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱེད་པའི་རིགས་པ་གང༌། རང་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་སོ་སོ་རང་གི་བྱ་བ་བྱེད་པའོ། །འདི་ལྟ་སྟེ། མིག་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གནས་ཀྱི་དངོས་པོའོ། །གཟུགས་ལ་སོགས་པ་ནི་དམིགས་པའི་དངོས་པོའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སོ་སོར་རྣམ་པར་རིག་པར་བྱའོ། །གསེར་མགར་ལ་སོགས་པ་ལག་
བཟོ་རྣམས་ནི་གསེར་བུམ་ལ་སོགས་པ་བྱེད་ཅེས་བྱ་བ་ལ་སོགས་པའོ། །འཐད་པ་བསྒྲུབ་པའི་རིགས་པ་གང༌། གང་སྒྲུབ་པའི་དོན་ཚད་མ་དང་མི་འགལ་བར་བསྟན་པའོ། །འཐད་པ་བསྒྲུབ་པའི་རིགས་པ་ནི་བསྒྲུབ་པའི་དོན་ངོ་བོ་ཉིད་དང༌། ཁྱད་པར་གྱིས་བསྡུས་པ་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་བར་དམ་བཅའ་བ་ལ་སོགས་པ་བསྟན་པའོ། །ཆོས་ཉིད་ཀྱི་རིགས་པ་གང༌། གང་ཐོག་མ་མེད་པའི་དུས་ནས་རང་དང་སྤྱིའི་མཚན་ཉིད་དུ་གནས་པའི་ཆོས་རྣམས་ལ་ཆོས་ཉིད་དུ་གྲགས་པའོ། །འདི་ལྟ་སྟེ། མེས་འཚིག་ཆུས་ནི་འདྲུལ་ཞེས་བྱ་བ་ལ་སོགས་པར་གྲགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཇི་སྐད་དུ། འབྱོར་ལྡན་མིག་ནི་རྟག་པ་ནས་བདག་གི་བའི་བར་གྱིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན་འདིའི་རང་བཞིན་ནི་འདིའོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི་ཀུན་དུ་ཚོལ་བ་གང༌། ཀུན་དུ་ཚོལ་བ་བཞི་སྟེ། མིང་ཀུན་དུ་ཚོལ་བ་དང༌། དངོས་པོ་ཀུན་དུ་ཚོལ་བ་དང༌། ངོ་བོ་ཉིད་དུ་འདོགས་པ་ཀུན་དུ་ཚོལ་བ་དང༌། བྱེ་བྲག་ཏུ་འདོགས་པ་ཀུན་དུ་ཚོལ་བའོ། །མིང་ཀུན་དུ་ཚོལ་བ་གང༌། གང་གིས་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། གསལ་བྱེད་ཀྱི་ཚོགས་རྣམས་ཀྱི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོགས་པའོ། །མིང་གི་ཚོགས་ལ་སོགས་པའི་ཡོད་པ་ཡིན་པའི་ཕྱིར་འདི་དག་གི་རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་དཔྱོད་པའོ། །དངོས་པོ་ཀུན་དུ་ཚོལ་བ་གང༌། གང་དེ་བཞིན་དུ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་མཚན་ཉིད་ཡོངས་སུ་གྲུབ་པ་མེད་པར་རྟོགས་པའོ། །ཇི་ལྟར་མིང་གི་ཚོགས་ལ་སོགས་པ་བེ་བརྗོད་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོངས་སུ་གྲུབ་བ་མེད་པར་རྟོགས་པ་སྟེ་ཡོངས་སུ་རྟོགས་ཞེས་བྱ་བའི་ཐ་ཚིག་གོ །ངོ་བོ་ཉིད་དུ་འདོགས་པ་ཀུན་དུ་ཚོལ་བ་གང༌། གང་བརྗོད་པ་དང༌། བརྗོད་པར་བྱ་བའི་འབྲེལ་བ་ལ་ངོ་བོ་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །བརྗོད་པ་དང༌། བརྗོད་པར་བྱ་བའི་འབྲེལ་པ་ནི་ཕན་ཚུན་རྟོགས་པའི་རྒྱུ་ཉིད་དོ། །འདི་ལྟར་ཐ་སྙད་ལ་བྱང་བ་ནི་བརྗོད་བ་ཙམ་ཐོབ་པས་དེའི་བརྗོད་པར་བྱ་བ་ལ་དྲན་པའི་སྒོ་ནས་རྟོག་པ་འབྱུང་ངོ༌། །བརྗོད་པར་བྱ་བ་དམིགས་ན་ཡང་དེའི་བརྗོད་པ་ལ་རྟོག་པ་འབྱུང་བ་སྟེ། རྣམ་པ་དེ་ལྟ་བུར་འབྲེལ་པར་གྲགས་པ་ལ་མིག་ལ་སོགས་པའི་རང་གི་མཚན་
ཉིད་དུ་བཏགས་པ་ཙམ་དུ་དེ་བརྗོད་ལ། ཤའི་དུམ་བུ་ལ་སོགས་པ་ཐ་སྙད་ཀྱི་རྒྱུར་གྱུར་པ་གང་ཀུན་དུ་རྟོག་པ་དེ་ནི་ངོ་བོ་ཉིད་དུ་འདོགས་པ་ཀུན་དུ་ཚོལ་བ་ཞེས་བརྗོད་དོ། །ཁྱད་པར་དུ་འདོགས་པ་ཀུན་དུ་ཚོལ་བ་གང༌། གང་བརྗོད་པ་དང་བརྗོད་པར་བྱ་བའི་འབྲེལ་བ་ལ་ཁྱད་པར་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །གང་དེ་བཞི་དུ་བརྗོད་པ་དང་བརྗོད་པར་བྱ་བའི་འབྲེལ་པ་རྟག་པ་དང༌། མི་རྟག་པ་དང༌། བླ་ན་ཡོད་པ་དང་བླ་ན་མེད་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་པ་ཡོད་པ་དང༌། བསྟན་དུ་མེད་པར་ཁྱད་པར་གྱི་མཚན་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་པའོ། །ཆོས་ཀུན་དུ་ཚོལ་བ་ལ་བརྩོན་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་སྟེ། མིང་ཚོལ་བར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དངོས་པོ་ཚོལ་བར་རྟོག་པ་དང༌། ངོ་བོ་ཉིད་དུ་རྟོག་པ་ཚོལ་བར་རྟོག་པ་དང༌། ཁྱད་པར་དུ་འདོགས་པ་ཚོལ་བར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །མིང་ཚོལ་བར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང༌། མིང་མི་དམིགས་པར་ཤེས་པའོ། །དངོས་པོ་ཚོལ་བར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང༌། དེ་བཞིན་དུ་དངོས་པོའི་མཚན་ཉིད་མི་དམིགས་པར་ཤེས་པའོ། །ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང༌། ངོ་བོ་ཉིད་རྫས་སུ་མི་དམིགས་པར་ཤེས་པའོ། །ཁྱད་པར་དུ་འདོགས་པ་ཚོལ་བར་རྟོག་པ་ཡང་དག་པའི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང༌། བྱེ་བྲག་རྫས་སུ་མི་དམིགས་པར་ཤེས་པའོ། །ཡོངས་སུ་ཚོལ་བ་བཞི་པོ་དེ་རྣམས་ནི་མིང་ལ་སོགས་པ་ལ་མི་དམིགས་པར་ཤེས་པ་རྣམས་སོ། །ཆོས་ལ་ཏིང་ངེ་འཛིན་དུ་བརྩོན་པའི་རྣལ་འབྱོར་གྱིས་གང་དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། གཞི་དང༌། བསྐྱེད་པ་དང༌། མེ་ལོང་ལྟ་བུ་དང༌། སྣང་བ་དང༌། གནས་སོ། །གཞི་གང༌། ཚོགས་བསགས་པའི་བདེན་པ་ལས་བརྩམས་ཏེ། མང་དུ་ཐོས་པ་ཉིད་དོ། །དེ་ལ་གཞི་ནི་མང་དུ་ཐོས་པ་ཇི་ལྟར་དམིགས་པའི་ཚུལ་གྱིས་ཞི་གནས་དང༌། ལྷག་མཐོང་གི་གནས་སུ་གྱུར་པ་སྟེ། དེ་ནི་གཞི་ཞེས་བརྗོད་དོ། །བསྐྱེད་པ་གང༌། དེ་དམིགས་
པ་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེས་མད་དུ་ཐོས་པ་དེ་ལ་ཕྱིན་ཅི་མ་ལོག་པར་དོན་སེམས་ཀྱི་ཚུལ་གྱིས་སེམས་འཛིན་པའི་ཕྱིར་རོ། །མེ་ལོང་ལྟ་བུ་གང༌། དེ་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པའོ། །མང་དུ་ཐོས་པ་དེ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མ་དང་བཅས་པ་སྟེ། ཤེས་བྱའི་དངོས་པོ་དང་མཚུངས་པར་གཟུགས་བརྙན་ལྟ་བུའོ་ཞེས་བྱ་བའི་ཐ་ཚིག་གོ །འདིའི་མེ་ལོང་ལྟ་བུ་ཉིད་ནི་ཤེས་བྱའི་གཟུགས་བརྙན་ལ་ཡོངས་སུ་རྟོགས་པར་རིག་པར་བྱའོ། །སྣང་བ་གང་གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པའོ། །མངོན་སུམ་དུ་བྱུང་བའི་ཕྱིར་མ་ཐོབ་པའི་ལམ་གྱིས་བསྡུས་སོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། །བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་གཟུང༌། །དེ་ལྟར་ནང་གི་སེམས་གནས་ནས། གཟུང་བ་མེད་པར་རྟོགས་པར་བྱས། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རིག་པར་བྱ། །ཞེས་གསུངས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱིས་འདི་ལ་བརྩོན་པ་མི་དམིགས་པ་ལ་རེག་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་གྲངས་མེད་པ་ཚར་ཕྱིན་ནས་དེ་བཞིན་ཉིད་རྟོགས་པ་དང་མཐུན་པའི་ཐོབ་པ་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཏིང་ངེ་འཛིན་སྒྲུབ་སྟེ། དེ་དེ་ལྟར་མཉམ་པར་གཞག་པའི་སེམས་ཀྱིས་ཤེས་བྱའི་གཟུགས་བརྙན་གང་ཡིན་པ་དེ་ལ་བརྟེན་ནས་བསམ་གཏན་དུ་བྱེད་དོ། །མཉམ་པར་བཞག་པའི་སེམས་ལས་དེ་གཞན་མ་ཡིན་པར་མཐོང་བས་གཟུགས་བརྙན་དེ་ལ་ཡུལ་གྱི་འདུ་ཤེས་བཟློག་སྟེ། དེའི་རྣམ་པ་རང་གི་འདུ་ཤེས་ཙམ་དུ་འཛིན་ཏོ། །དེའི་ཚེ་རང་གི་སེམས་ཙམ་གནས་པའི་ཕྱིར། སེམས་ཅན་དུ་གནས་པར་གྱུར་ནས་བཟུང་བ་རྣམ་པ་ཐམས་ཅད་དུ་མེད་པར་རབ་ཏུ་ཤེས་སོ། །དེའི་འོག་ཏུ་བཟུང་བ་མེད་པར་འཛིན་པ་ཡང་ཡོངས་སུ་མ་གྲུབ་པོ་ཞེས་དེ་ཡང་མེད་པར་རབ་ཏུ་རྟོགས་སོ། །དེའི་འོག་ཏུ་སོ་སོ་རང་གི་དེ་གཉི་གའི་རང་བཞིན་དུ་དམིགས་པ་དང་བྲལ་ནས་དམིགས་པ་མེད་པར་ཁོང་དུ་ཆུད་དོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་
གཟུང༌། །དེ་ལྟར་ནང་གི་སེམས་གནས་ནས། །བཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རིག་པར་བྱ། །ཞེས་གསུངས་སོ། །གནས་གང་གནས་གྱུར་པའོ། །གནས་ངན་ལེན་དང་བྲལ་བའི་གནས་ཡོངས་སུ་དག་ཅེས་བྱ་བའི་ཐ་ཚིག་གོ །རྣལ་འབྱོར་གྱི་ས་འདི་ནི་རྒྱུ་དང༌། འབྲས་བུ་བསྟན་པར་རིག་པར་བྱའོ། །དེ་ལ་བཞི་ལ་སོགས་པ་བཞིས་ནི་རྒྱུ་བསྟན་ཏོ། །ཐ་མ་གཅིག་གིས་ནི་འབྲས་བུ་བསྟན་ཏོ། །ཇི་ལྟར་ན་ཆོས་ལ་མཁས་པ་ཡིན། ཇི་ལྟར་ན་དོན་ལ་མཁས་པ་ཡིན། ཇི་ལྟར་ན་ཡི་གེ་ལ་མཁས་པ་ཡིན། ཇི་ལྟར་ན་ངེས་པའི་ཚིག་ལ་མཁས་པ་ཡིན། ཇི་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་དགོངས་པ་ལ་མཁས་པ་ཡིན་ཞེས་བྱ་བའི་དྲི་བ་ལྔ་པོ་འདི་རྣམས་མདོ་སྡེའི་ཚིག་གི་རྗེས་སུ་འབྲངས་པས་རིག་པར་བྱའོ། །ཇི་སྐད་དུ་གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ། ཆོས་ལྔ་དང་ལྡན་པའི་དགེ་སློང་མྱུར་དུ་འཛིན་ཏོ། །མང་དུ་འཛིན་ཏོ། །ལེགས་པར་འཛིན་ཏོ། །གཟུང་བ་ཆུད་མི་གཟོན་ཏོ་ཞེས་མདོ་སྡེར་ཆོས་ལྔ་པོ་དེ་རྣམས་དང་མྱུར་དུ་འཛིན་པ་ལ་སོགས་པ་བཞི་དང་ཅི་རིགས་སུ་རིག་པར་བྱའོ། །ཇི་ལྟར་ན་ཆོས་ལ་མཁས་པ་ཡིན། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་རོ། །ཆོས་ལ་མཁས་པ་ནི་མྱུར་དུ་འཛིན་པ་སྟེ། མང་དུ་ཐོས་པ་ན་ཚིག་དང་ཡི་གེ་རྣམས་ཐ་མི་དད་པའི་ཕྱིར་རོ། །ཇི་ལྟར་ན་དོན་ལ་མཁས་པ་ཡིན། ཆོས་མངོན་པ་དང༌། འདུལ་བ་མངོན་པའི་མཚན་ཉིད་ཤེས་པའི་ཕྱིར་རོ། །དོན་ལ་མཁས་པ་ནི་མང་དུ་འཛིན་ཏེ། ཆོས་མངོན་པ་ལ་སོགས་པའི་མཚན་ཉིད་ཤེས་པའི་ཕྱིར་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་བཤད་པའི་གནས་སྐབས་ཀྱིས་གཞུང་ལ་སོགས་པ་ཤིན་ཏུ་འདུས་ཆེ་བའི་ཕྱིར་རོ། །ཇི་ལྟར་ན་ཡི་གེ་ལ་མཁས་པ་ཡིན། ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ངེས་པའི་ཚིག་ལ་མཁས་པ་ཡིན། བདག་གོ །བདག་ཅེས་ཡུལ་མིའི་དེས་པའི་ཚིག་ལ་མངོན་པར་མ་ཞེན་པར་རྗེས་སུ་ཐ་སྙད་འདོགས་པ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ལ་མཁས་པ་དང༌། ངེས་པའི་ཚིག་ལ་མཁས་པ་ནི་ལེགས་པར་འཛིན་པར་འགྱུར་ཏེ། གཞུང་དོན་དག་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར་རོ། །ཇི་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་དགོངས་བ་ལ་མཁས་པ་ཡིན། སྔོན་གྱི་མཐར་བཟུང་བ་དང༌། ཕྱི་མའི་མཐར་ངེས་པར་འབྱུང་བར་བྱ་བ་ཤེས་པ་
ཉིད་ཀྱི་ཕྱིར་རོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐར་དགོངས་པ་ལ་མཁས་པས་ནི། །གཟུང་བ་ཆུད་མི་གཟོན་པར་འགྱུར་ཏེ། བཟུང་བའི་ཆོས་སྔ་མ་རྣམས་ལ་བརྟེན་ནས། ཕྱི་མ་འབྱུང་བར་བྱ་བའི་དགོངས་པ་ཤེས་པའི་ཕྱིར་དང༌། ཁོང་དུ་ཆུད་པས་དེའི་སྙིང་པོ་ལེན་པའི་ཕྱིར་རོ། །ཇི་ལྟར་ན་ཆོས་ལ་གནས་པ་ཉིད་ཡིན། བསྒོམ་པ་ལ་མ་བརྟེན་པར་ཐོས་པ་དང༌། སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་ལ་སྦྱོར་པ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་བ་མ་ཡིན་གྱི། གཉི་ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན་ཆོས་ལ་མཁས་པ་ཡིན་ནོ། །བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་དེར་ནི། བཅོམ་ལྡན་འདས་ཀྱིས་ཐོས་པ་དང་བསམ་པ་དང༌། བསྒོམ་པ་ཐམས་ཅད་ཀྱིས་ཆོས་ལ་གནས་པ་ཡིན་གྱི་སྦྱོར་བ་གང་ཡང་རུང་བ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །འཛིན་པ་དང༌། ཁ་དོན་བྱེད་པ་དང༌། བཤད་པ་ལ་སོགས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བར་བལྟ་བར་བྱའོ། །དེ་ལ་ཀུན་ཆུབ་པར་བྱེད་པ་དང༌། ཁ་ཏོན་བྱེད་པ་དང༌། བཤད་པ་མང་བ་དང༌། རྟོག་པ་མང་བ་དང༌། དེ་འབའ་ཞིག་ནི་ཐོས་པ་དང་སེམས་པ་ལ་ཞུགས་པ་ཡིན་གྱི། བསྒོམ་པ་ལ་ཞུགས་པ་མ་ཡིན་ཏེ་རྣལ་འབྱོར་ལ་སོགས་པ་བོར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ལ་གནས་པ་མ་ཡིན་བར་གཞག་གོ །ཏིང་ངེ་འཛིན་ལ་སྦྱོར་བ་དང་ཆོག་པར་མི་འཛིན་པ་དག་གིས་བསྒོམས་པ་ལས་བྱུང་བར་བལྟ་བར་བྱའོ། །གང་ལ་ལ་ཞིག་ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་འབའ་ཞིག་ལ་ཞུགས་པ་དེ་ཡང་ཆོས་ལ་གནས་པ་མ་ཡིན་པ་རྣམ་པར་གཞག་གོ །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ལ་གནས་པའི་དགེ་སློང་ལ་བརྩམས་ཏེ། ཅི་ནས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་པ་ལ་བརྟེན་ནས་དེ་གཉི་ག་ལ་གནས་པས་ཆོས་ལ་གནས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དགེ་སློང་མདོ་དང༌། དབྱངས་ཀྱི་བསྙད་པ་དང༌། ལུང་དུ་བསྟན་པའི་ཆོས་ཀུན་ཆུབ་པར་བྱེད་པ་ཞེས་རྒྱ་ཆེར་གསུངས་ནས། དེའི་འོག་ཏུ་རྣལ་འབྱོར་མི་འདོར་རོ་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་མི་འདོར་རོ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་ལ་སྦྱོར་བ་དང༌། ཆོག་པར་མི་འཛིན་པ་དག་གིས་བསྒོམས་པ་ལས་བྱུང་བར་བསྟན་ཏོ། །སྦྱོར་བ་ནི་རྒྱུན་དུ་ཆུད་པ་དང༌། གུས་པར་སྦྱོར་བ་དང༌། མ་ལོག་པར་སྦྱོར་བར་བལྟ་བར་
བྱའོ། །ཆོག་པར་མི་འཛིན་པ་ནི་རོ་མི་མྱང་བ་དང༌། གོང་དུ་ཞི་གནས་ལ་སྦྱོར་བར་བལྟ་བར་བྱའོ། །དེ་ནི་རྣམ་པ་གཉིས་ཏེ། རྒྱུན་དུ་ཆུད་པ་དང༌། གུས་པར་སྦྱོར་བས་བསྡུས་པ་ནི་རྣལ་འབྱོར་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏོ། །མ་ལོག་པར་སྦྱོར་བར་བསྡུས་པས་ནི། ཡིད་ལ་བྱེད་པ་མི་འདོར་བ་ཞེས་བསྟན་ཏོ། །ཆོག་པར་མི་འཛིན་པ་ནི་ནང་དུ་སེམས་ཞི་གནས་སུ་བྱེད་པ་མི་འདོར་བ་ཞེས་བྱ་བ་འདིས་བསྟན་ཏེ། དེའི་རོ་མི་མྱང་བ་དང༌། གོང་དུ་ཞི་གནས་ལ་སྦྱོར་བ་མི་འདོར་བར་རིག་པར་བྱའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྡེ་སྣོད་ཅེས་བརྗོད་དོ། །དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་དང༌། མཚན་ཉིད་བསྟན་པ་དང༌། གོ་རིམས་བསྟན་པ་དང༌། ངེས་པའི་ཚིག་བསྟན་པ་དང༌། བསྒོམ་པ་བསྟན་པ་དང༌། རབ་ཏུ་དབྱེ་བ་བསྟན་པ་དང༌། བསྡུས་པ་བསྟན་པ་དང༌། མི་མཐུན་པའི་ཕྱོགས་བསྟན་པ་དང༌། ཡོན་ཏན་གྱི་བསྔགས་པ་བསྟན་པ་དང༌། གཅིག་ལ་གཅིག་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་མདོ་སྡེ་གཞན་ལས་ཤིན་ཏུ་རྒྱས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཅེས་བྱ་ཞེ་ན་དེར་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་ནས། གཅིག་ལ་གཅིག་རྣམ་པར་ངེས་པར་བསྟན་པའི་ཕྱིར་རོ། །དེ་ལ་གྲངས་ནི་རྣམ་པ་གཉིས་ཏེ། བགྲང་བའི་གྲངས་དང༌། དེ་ཙམ་གྱི་གྲངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་པ་ནི་བགྲང་བའི་གྲངས་སོ། །བྱང་ཆུབ་སེམས་དཔའི་ལམ་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་རྣམ་པ་ཐམས་ཅད་དང་ལྡན་པ་གཉིས་གསུམ་གསུམ་གྱིས་བསྡུས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། མི་མང་མི་ཉུང་པ་ནི་དེ་ཙམ་གྱི་གྲངས་སོ། །མངོན་བར་མཐོ་བ་ནི་རྣམ་པ་གསུམ་སྟེ། ལོངས་སྤྱོད་ཆེན་པོ་ཉིད་དང༌། ལུས་ཆེན་པོ་ཉིད་དང༌། ཕྱོགས་ཆེན་པོ་ཉིད་དོ། །དེ་ལ་སྦྱིན་པ་ལས་ལོངས་སྤྱོད་ཆེན་པོ་འཐོབ་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ཉིད་དོ། །དེ་ལ་ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོའི་ལུས་ཕུན་སུམ་ཚོགས་བ་ཐོབ་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ལུས་ཉིད་དོ། །བཟོད་པས་སྐྱེ་བ་ཐམས་ཅད་སྔོན་དུ་འགྲོ་བར་འགྱུར་བ་ཐོབ་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ནི་ཕྱོགས་ཆེན་པོ་ཉིད་དོ། །ངེས་པར་ལེགས་པའི་ལམ་ཡང་རྣམ་པ་གསུམ་ཏེ། ཉོན་མོངས་པ་ཟིལ་གྱིས་མནན་
ནས་དགེ་བའི་ཕྱོགས་ལ་སྦྱོར་བའི་ཐབས་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང༌། སངས་རྒྱས་དང་ཆོས་ཡང་དག་པར་བསྒྲུབ་པའི་ཐབས་ཏེ་འདི་དག་ལས་གང་ཡང་རུང་བ་ཅིག་མེད་ན་བྱང་ཆུབ་སེམས་དཔའི་ངེས་པར་ལེགས་པ་མི་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་བརྟེན་ནས་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་མི་གནས་པའི་མྱ་ངན་ལས་འདས་པའི་ཐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་དེ། བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་གནས་པ་ལས་བཟློག་སྟེ། འཁོར་བ་ན་མངོན་པར་མཐོང་བ་ཡོངས་སུ་གཟུང་བར་བྱའོ། །འཁོར་བ་ན་གནས་པ་ལས་བཟློག་སྟེ་དེར་ཉོན་མོངས་པ་མེད་པར་བྱའོ། །དེའི་ཕྱིར་གསུམ་ན་མངོན་པར་མཐོ་བ་ཐོབ་པའི་གནས་སོ། །གསུམ་ནི་དེ་ནི་ཉོན་མོངས་པ་མེད་པའི་ཐབས་ཏེ། སྔ་མའི་ཚུལ་དུ་གོ་རིམས་བཞིན་དུ་རིག་པར་བྱའོ། ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ལ་བརྩོན་འགྲུས་ཀྱིས་ནི་གཉེན་པོ་བསྒོམ་མོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་སོ། །སེམས་ཅན་རྗེས་སུ་འཛིན་པ་དང༌། ཉོན་མོངས་པའི་གཉེན་པོའི་ཕྱིར་ཡང་རྣམ་གྲངས་གཞན་ཏེ། དེ་ལ་སྦྱིན་པས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡོ་བྱད་ཉེ་བར་བསྒྲུབ་པའི་ཕན་འདོགས་པ་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་ཕོངས་པ་དང༌། གནོད་པ་དང༌། རྣམ་པར་འཚོ་བ་མེད་པའི་ཚུལ་གྱིས་རྗེས་སུ་འཛིན་ཏོ། །གོ་རིམས་བཞིན་དུ་ལོངས་སྤྱོད་དང༌། ལུས་དང་སེམས་ལ་གནོད་པ་མི་བསྒྲུབ་པའི་ཕྱིར་རོ། །བཟོད་པས་ནི། ཕོངས་པ་དང་གནོད་པ་ལ་ཇི་མི་སྙམ་པས་རྗེས་སུ་འཛིན་ཏོ། །གཞན་དག་གི་ལོངས་སྤྱོད་ལ་སོགས་པ་ལ་འདོད་པ་ལ་གནོད་པ་ལ་ཇི་མི་སྙམ་པའི་ཕྱིར་ཏེ་དེ་གསུམ་གྱིས་རྗེས་སུ་འཛིན་ཏོ། །བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམ་པར་མནན་ཀྱང་དགེ་བའི་ཕྱོགས་ལ་སྦྱོར་རོ། །བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ། །འདི་གསུམ་ནི་ཉོན་མོངས་པའི་གཉེན་པོར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་མཚན་ཉིད་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་བྱང་ཆུབ་
སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བརྟེན་ནས། སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ལུས་དང༌། དག་དང་ཡིད་ཀྱི་ལས་ཏེ། དེ་ལྟར་བྱས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིང་རིགས་དང༌། སྨོན་ལམ་དང༌། བསམ་པ་དང༌། དངོས་པོ་དང༌། ངོ་བོ་ཉིད་ཀྱིས་བསྟན་པར་རིག་པར་བྱའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ཉིད་ནི་རིགས་སོ། །བྱང་ཆུབ་ཀྱི་སེམས་ནི་སྨོན་ལམ་མོ། །སྙིང་རྗེ་སྔོན་དུ་བཏང་བའི་སེམས་ནི་བསམ་པའོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་དངོས་པོའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང༌། གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་སྡོམ་པ་དང་བསྡམས་པ་ཐམས་ཅད་ཡང་དག་པར་ལེན་པ་དང༌། ཡོངས་སུ་བསྲུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང༌། གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་གནོད་པ་བྱེད་པ་ཐམས་ཅད་དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་ལ་ལྷག་པར་གནས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང༌། གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང༌། གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དབང་འབྱོར་པ་ལ་སེམས་ཀྱི་གནས་པ་ཐམས་ཅད་དང་ལྡན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང༌། གང་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་རྣམ་པ་ཐམས་ཅད་དབང་འབྱོར་བ་
ལ་རྣམ་པ་ཐམས་ཅད་དུ་ཆོས་རྣམ་པར་འབྱེད་པའོ། །ཡང་སྦྱིན་པ་ནི་མཁྱེན་པ་ཉིད་ལས་བརྩམས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་དང༌། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་པ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །སྦྱིན་པའི་ཚིག་བཞི་པོ་འདི་དག་ནི་གོ་རིམས་བཞིན་དུ་རྩོམ་པ་དང༌། བག་ཆགས་དང༌། སྐུ་དང༌། རྒྱུ་མཐུན་པར་ཡང་རིག་པར་བྱའོ། །དེ་ལ་རྩོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། བྱུང་བ་མ་བྱུང་བ་དར་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྦྱིན་པ་དེ་ཉིད་རྒྱུད་ལ་བག་ཆགས་ཡོངས་སུ་བསྒོས་ཏེ་དེ་ལས་ཕྱི་མ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པར་འགྱུར་བ་དེའི་ཚེ་ཆོས་ཀྱི་སྐུ་ཡོངས་སུ་བསྒྲུབ་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ། །དེའི་འོག་ཏུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུས་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱ་བ་བྱེད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །གོ་རིམས་བཞིན་འོག་མ་འོག་མ་ལ་བརྟེན་པའི་ཕྱིར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ནང་དང་ཕྱིའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོད་པར་གོམས་པས། ལུས་དང་སྲོག་ལ་མི་ལྟ་བའི་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཡང་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་འཛིན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུངས་པས་ནི། གཤེ་བ་ལ་ཡང་བདག་གིས་སླར་གཤེ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་བཟོད་པར་འགྱུར་རོ། །གྲང་བ་ལ་སོགས་པ་བཟོད་པ་ནི་དེའི་གཞི་ལས་སྦྱོར་བ་མི་ཉམས་པར་བརྩོན་འགྲུས་བརྩམས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པ་ནི་སྦྱོར་བའི་འབྲས་བུ་འཐོབ་པས་བསམ་གཏན་བསྒྲུབ་པའོ། །བསམ་གཏན་ཕུན་སུམ་ཚོགས་པ་སྟེ། སེམས་མཉམ་པར་གཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་པ་ཐོབ་བོ། །ཡང་གོང་མ་གོང་མ་གཞི་ཡིན་པའི་ཕྱིར་ཏེ། ཚུལ་ཁྲིམས་ནི་སྦྱིན་པའི་གཞི་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱང་བསམ་གཏན་གྱི་གཞི་ཡིན་པའི་བར་དུའོ། །འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་སྦྱིན་པས་ཕན་གདགས་པ་ལ་ཚུལ་ཁྲིམས་ཀྱིས་གནོད་པར་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་
བྱང་ཆུབ་སེམས་དཔའ་ལེན་བ་བོ་དེ་ལ་རྣམ་པར་འཚེ་བ་དང་བྲལ་བར་ཡོ་བྱད་ཀྱིས་བདེ་བར་འབྱོར་བས་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་སྦྱིན་པ་རྣམ་པར་དག་པར་རིག་པར་བྱའོ། །དེ་ལྟ་བཟོད་པ་དང་ལྡན་པ་ནི་གཞན་གནོད་པ་བྱེད་པ་དག་གིས་བསླབ་པའི་གཞི་མི་འདྲ་བར་ཚུལ་ཁྲིམས་རྣམ་པར་དག་པོ།། །བརྩོན་འགྲུས་བརྩམས་པའི་སྤྲོ་བའི་སྟོབས་ཀྱིས་སེམས་ཅན་གྱི་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་ལོག་པར་བསྒྲུབ་པའི་སྡུག་བསྔལ་བདེ་བླག་ཏུ་བཟོད་པས་བཟོད་པ་རྣམ་པར་དག་གོ །བསམ་གཏན་པ་ནི་བདེ་བ་དང་བཅས་པ་དང༌། ཡིད་བདེ་བ་དང་བཅས་པར་དགེ་བའི་ཆོས་ཐམས་ཅད་ལ་ཡང་སྦྱོར་བས་བརྩོན་འགྲུས་རྣམ་པར་དག་གོ །ཤེས་རབ་དང་ལྡན་པའི་ཆོས་རྣམ་པ་མང་པོའང་རྣམ་པར་བལྟས་ནས། ནང་རབ་ཏུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་པ་སྟེ། ཤེས་རབ་མེད་ལ་བསམ་གཏན་མེད་ཅེས་ཚིགས་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །ཡང་ཇི་ལྟར་རིགས་པའི་རིམ་གྱིས་གོ་རིམས་བཞིན་དུ་རིག་པར་བྱའོ། །སྦྱིན་པ་ནི་ཐམས་ཅད་ཀྱི་ནང་ན་རགས་ཏེ་དེའི་ཕྱིར་ཐོག་མར་རྣམ་པར་གཞག་གོ །དེའི་འོག་ཏུ་བཟོད་པ་ལ་སོགས་པས་ཚུལ་ཁྲིམས་རགས་སོ། །དེ་བཞིན་དུ་ཤེས་རབ་པས་བསམ་གཏན་རགས་པའི་བར་དུའོ། །ཤེས་རབ་ནི་ཐབས་ཀྱི་ནང་ན་ཕྲ་སྟེ། དེའི་ཕྱིར་ཐམས་ཅད་ཀྱི་ཐ་མར་བཞག་གོ །ངེས་པའི་ཚིག་ནི་ཅིའི་ཕྱིར་སྦྱིན་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། སྦྱིན་པ་ཆེན་པོ་དང༌། སྐྱོན་མེད་པ་དང༌། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་སྦྱིན་པ་ཆེན་པོ་ནི་ནང་དང་ཕྱིའི་དངོས་པོ་རྣམ་པ་ཐམས་ཅད་སྦྱིན་པ་དང༌། དུས་ཡུན་རིང་དུ་སྦྱིན་པའི་ཕྱིར་རོ། །སྐྱོན་མེད་པ་ནི་གནོད་པས་ཀུན་དུ་ཚོལ་བ་ལ་སོགས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་སྦྱིན་པ་མི་ཟད་པ་ལས་བརྩམས་ཏེ་བསྟན་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཚད་མེད་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱོང་བ་ཡང་ཚད་མེད་པ་སྟེ་ཚེ་དང་སྤོབས་པ་དང༌། བདེ་བ་དང༌། སྟོབས་དང༌། ཁ་དོག་ཉེ་བར་བསྒྲུབ་པའི་ཕྱིར། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པའོ། །ཉོན་མོངས་པའི་སྲེད་པ་བསལ་བའི་
ཕྱིར། བཏུང་བ་འདོད་པ་རྣམས་ལ་བཏུང་བ་སྦྱིན་པའོ། །བདེ་བ་དང་འབྱོར་བའི་དངོས་པོ་ཐམས་ཅད་བསྡུ་བའི་ཕྱིར་བཞོན་པ་འདོད་པ་རྣམས་ལ་བཞོན་པ་སྦྱིན་པའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང༌། མདོག་གསེར་གྱི་ཁ་དོག་ཡོངས་སུ་སྦྱང་པའི་ཕྱིར་གོས་འདོད་པ་རྣམས་ལ་གོས་སྦྱིན་པའི། །དེ་བཞིན་གཤེགས་པའི་ལྷའི་སྤྱན་ཡོངས་སུ་དག་པར་བྱ་བའི་ཕྱིར་མར་མེ་འདོད་པ་རྣམས་ལ་མར་མེ་སྦྱིན་པའོ། །དེ་བཞིན་གཤེགས་པའི་ལྷའི་སྙན་ཡོངས་སུ་དག་པར་བྱ་བའི་ཕྱིར། སིལ་སྙན་འདོད་པ་རྣམས་ལ་སིལ་སྙན་སྦྱིན་ནོ། །ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་གྱི་དྲིས་བྱུག་པའི་ཕྱིར། སྤོས་དང་བྱུག་པ་འདོད་པ་རྣམས་ལ་སྤོས་དང་བྱུག་པ་སྦྱིན་པའོ། །གཟུངས་དང་སྤོབས་པ་དང་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཐོབ་པར་བྱ་བའི་ཕྱིར་ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་སྦྱིན་པའོ། །ལུས་ཀྱི་དྲི་ཡིད་དུ་འོང་བ་ཐོབ་པར་བྱ་བའི་ཕྱིར། ཕྱེ་མ་འདོད་པ་རྣམས་ལ་ཕྱེ་མ་སྦྱིན་ནོ། །སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་བྲོ་བ་ཐམས་ཅད་འདོད་པ་ལ་རོ་བྲོ་བ་ཐམས་ཅད་སྦྱིན་ནོ། །སེམས་ཅན་ཐམས་ཅད་ཀྱི་གནས་དང༌། སྐྱབས་དང་མགོན་དང༌། དཔུང་གཉེན་བྱ་བའི་ཕྱིར། གནས་འདོད་པ་རྣམས་ལ་གནས་སྦྱིན་པའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་དང༌། ལྷ་དང་ཚངས་པའི་གནས་པ་དེ་བཞིན་གཤེགས་པའི་གཟིམས་ཆ་ཐོབ་པར་བྱ་བའི་ཕྱིར་མལ་ཆ་འདོད་པ་རྣམས་ལ་མལ་ཆ་སྦྱིན་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོའི་རྡོ་རྗེའི་གདན་ཐོབ་པར་བྱ་བའི་ཕྱིར། སྟན་འདོད་པ་རྣམས་ལ་སྟན་སྦྱིན་པའོ། །བྱང་ཆུབ་ཀྱི་ཡོ་བྱང་ཐམས་ཅད་ཡོངས་སུ་སྦྱོར་བའི་ཕྱིར་ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་སྦྱིན་པའོ། །མི་རྒ་མི་འཆི་བའི་བདུད་རྩིའི་བདེ་བ་ཡོངས་སུ་བསྐང་བའི་ཕྱིར། ན་བ་སྨན་འདོད་པ་ཐམས་ཅད་ལ་སྨན་སྦྱིན་པའོ། །རང་དབང་དང༌། རང་ཉམས་དང༌། རང་བྱུང་གི་ཡེ་ཤེས་ཡོངས་སུ་བསྐང་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་པོ་དང༌། བྲན་མོ་ཡོངས་སུ་གཏོང་བའི་སྦྱིན་པའོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །དྲི་མ་མེད་པ་ནི་མི་མཐུན་པའི་ཕྱོགས་སེར་སྣ་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །དམ་པ་རྣམ་པ་འདི་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པ་ཡིན་ཏེ། དམ་
པ་རྣམ་པ་གསུམ་ནི་འདྲིས་པ་དང་བཅས་པའི་ངོ་བོ་ཉིད་དམ་པ་དང༌། ཐབས་དམ་པ་དང༌། འབྲས་བུ་དམ་པའོ། །འདྲིས་པ་ནི་ཡུན་རིང་པོ་ནས་སྦྱིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ལ་སོགས་པ་སྐྱོན་མེད་པ་ནི་བདག་ཏུ་སྒྲོ་འདོགས་པ་ལ་སོགས་པ་རྣམ་པར་སྤང་བའི་ཕྱིར་ཏེ། ཅི་རིགས་སུ་བློ་གྲོས་མི་ཟད་པ་ལས་བལྟ་བར་བྱའོ། །ཡང་དམ་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དམ་པ་རྣམ་པ་བཅུ་གཉིས་པ་རྒྱ་ཆེ་བ་དམ་པ་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང༌། མཆོག་ཏུ་གྱུར་བའི་ཕྱིར་རོ། །ཡུན་རིང་བ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམ་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་རོ། །མི་ཟད་པའི་ཤེས་པ་དམ་པ་ནི། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པ་དམ་པ་ནི་བདག་དང་གཞན་པ་ཉིད་དུ་མོས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཚེགས་མེད་པ་དམ་པ་ནི། གཞན་གྱི་སྦྱིན་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་བཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པ་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པའོ། །མཐོང་བདམ་པ་ནི་ས་དང་པོ་ལའོ། །རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང་དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང༌། སངས་རྒྱས་འགྲུབ་པའི་ཕྱིར་རོ། །ཡང་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བ་དང༌། བགྲོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པ་དང༌། བགྲོད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཉིད་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་གཞན་དག་བདག་མཆོག་ཏུ་གནོད་པ་ལས་སྒྲོལ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་
ཕྱིན་པ་རྣམས་ཏེ། གཞན་དང་བདག་སྡུག་བསྔལ་གྱི་རྒྱ་མཚོ་ལས་བཟླ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འདི་ནི་རེ་ཞིག་ཐུན་མོང་ངེས་པའི་ཚིག་གོ །སོ་སོའི་ངེས་པའི་ཚིག་ནི་སྦྱིན་བདག་གི་དབུལ་བ་སེལ་བ་དང༌། ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང༌། འགྲོ་བ་བཟང་པོ་ཐོབ་པ་དང༌། བསིལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ་གོ་རིམས་བཞིན་དུ་དབང་པོ་རྣམས་སྡོམ་པར་བྱེད་པ་དང༌། བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པ་དང༌། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་མྱ་ངན་ལས་འདའ་བའི་བར་གྱི་གནས་ཡིན་པའི་ཕྱིར་རོ། །ཁྲོ་པའི་ཚ་བ་སེལ་བ་དང་རྨ་འབྱིན་པའི་སེམས་འོངས་པ་སེལ་བ་དང༌། ཞི་བ་བརྗོད་པའི་ཕྱིར་བཟོད་བའོ། །རྨ་འབྱིན་པའི་སེམས་ཞེས་བྱ་བ་ནི་གང་གིས་གནོད་པར་བྱེད་པ་རྣམས་ལ་ལན་དུ་གནོད་པར་བྱེད་པ་སྟེ། དེ་འོངས་པ་འདིས་བྲལ་བར་བྱེད་པ་ནི་སེལ་བར་རིག་པར་བྱའོ། །རྨ་འབྱིན་པ་འདི་དག་ལ་ཤར་གཉེར་བ་ཡོངས་སུ་རྨ་འབྱིན་པ་ཅན་ཏེ་དེ་དག་ལ་མི་འཇིགས་པ་སྒྲོགས་པ་ནི་བདེ་བ་བརྗོད་པར་རིག་པར་བྱའོ། །སེལ་བ་དང་འཕེལ་བར་སྤྱོད་པ་དང་ལྡན་པས་བརྩོན་འགྲུས་ཏེ། དེ་ལ་སེམས་པའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤོང་བ་གཉིས་མི་དགེ་བའི་ཆོས་དང་བྲལ་བར་བྱེད་པའོ། །འཕེལ་བའི་ཕྱིར་སྤྱོད་པ་ནི་ཡང་དག་པར་སྤང་བ་གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་བསྒྲུབ་པའོ། །འཛིན་པ་དང༌། སྡོམ་པ་དང༌། འདུལ་བ་དང༌། ཐོབ་པར་བྱེད་པས་བསམ་གཏན་སྟེ། དེ་ལ་འཛིན་པ་ནི་དམིགས་པ་ལ་སེམས་འཛིན་པའོ། །སྡོམ་པ་ནི་རྣམ་པར་གཡེང་བ་ལས་སེམས་ཡང་དག་པར་སྡོམ་པའོ། །འདུལ་བ་ནི་ཀུན་ནས་དཀྲིས་པ་རྣམས་རྣམ་པར་གནོན་པའོ། །ཐོབ་པར་བྱེད་པ་ནི་དབང་འབྱོར་བ་ཐོབ་པར་བྱེད་པར་རིག་པར་བྱའོ། །གཞན་གྱིས་སྨྲ་བ་ཤེས་པ་དང༌། སོ་སོ་རང་གིས་ཤེས་པ་དང༌། རྣམ་པར་ཤེས་པ་དང༌། རབ་ཏུ་ཞི་བ་ཐོབ་པའི་ཤེས་པ་དང༌། ཡོན་ཏན་མཆོག་ཏུ་འབྱིན་པ་ཤེས་པས་ཤེས་རབ་ཏུ་རིག་པར་བྱ་སྟེ། དེ་ལ་གཞན་གྱིས་སྨྲས་བ་ཤེས་པ་ནི། གཞན་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཤེས་རབ་བོ། །སོ་སོ་རང་གིས་ཤེས་པ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའོ། །ཞི་བ་
ཐོབ་པར་བྱེད་པའི་ཕྱིར་ཤེས་པ་ནི་བསྒོམ་པའི་ལམ་ལ་ཉོན་མོངས་པའི་གཉེན་པོར་གྱུར་བའོ། །ཡོན་ཏན་མཆོག་ཏུ་ཕྱིན་པར་བྱ་བའི་ཕྱིར་ཤེས་པ་ན་ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཤེས་རབ་ཏུ་རིག་པར་བྱའོ། །བསྒོམ་པ་རྣམ་པ་ལྔ་སྟེ། ཕུང་པོ་ལ་གནས་པ་དང༌། ཡིད་ལ་བྱེད་པ་ལ་གནས་པ་དང། བསམ་པ་ལ་གནས་པ་དང༌། ཐབས་ལ་གནས་པ་དང༌། དབང་འབྱོར་བ་ལ་གནས་པའོ། །དེ་ལ་ཕུང་པོ་ལ་གནས་པ་རྣམ་པ་བཞི་སྟེ། དེ་ལ་རྒྱུ་ལ་གནས་པ་ནི་གང་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི་གང་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི་གང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །སོ་སོར་བརྟགས་པའི་སྟོབས་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །ཡིད་ལ་བྱེད་པ་ལ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་བཞི་སྟེ། མོས་པ་ཡིད་ལ་བྱེད་པ་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་བསྒོམ་པའོ། །རོ་མྱོང་བའི་ཡིད་ལ་བྱེད་པ་ལ་བསྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ལ་ཕན་ཡོན་མ་མཐོང་བའི་ཚུལ་གྱིས་རོ་མྱོང་བར་བྱེད་པའོ། །རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་བསྒོམ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བའོ། །མངོན་པར་དགའ་བའི་ཡིད་ལ་བྱེད་པ་བསྒོམ་པ་ནི་བདག་དང་སེམས་ཅན་རྣམས་ཀྱི་བསྒོམ་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལ་མངོན་པར་དགའ་བའོ། །བསམ་བ་གནས་པ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པ་དྲུག་སྟེ། མི་ངོམས་པའི་བསམ་པ་དང༌། ཡངས་པའི་བསམ་པ་དང༌། དགའ་བའི་བསམ་པ་དང༌། ཕན་འདོགས་པའི་བསམ་པ་དང༌། མ་གོས་པའི་བསམ་པ་དང༌། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་མི་ངོམས་པའི་བསམ་པ་ནི། གང་བྱང་ཆུབ་སེམས་དཔའ་སྐད་ཅིག་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་དང༌། ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་གཅིག་ལ་གཅིག་སྦྱིན་པར་བྱེད་ཅེའོ། །དེ་བཞིན་དུ་སྐད་ཅིག་རེ་རེ་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་སྦྱིན་པར་བྱེད་
ཅིང་སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་ལ། རྣམ་གྲངས་འདིས་དེ་ལ་བྱིན་ཡང་མི་ངོམས་པ་ཉིད་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་མི་ངོམས་པའི་བསམ་པ་སྟེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་བསམ་པ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བར་དུ་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟ་བུར་སྦྱིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་རྒྱུན་མི་གཅོད་དོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་བསམ་པའོ། །དེ་ལྟར་སྦྱིན་པས་སེམས་ཅན་དེ་དག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་དགའ་བ་ཡིན་གྱི། སྦྱིན་པ་དེས་རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པས་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་མཐོང་གི་བདག་གིས་ནི་མ་ཡིན་ཏེ། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་སྤངས་པ་མངོན་པར་འདུ་བྱས་ཀྱང༌། ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པའི་ཕན་འདོགས་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་འབའ་ཞིག་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕུང་པོ་སྤངས་པའི་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་དགའ་བར་བྱེད་ཅིང་བདག་ལ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བོའི། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ལ། བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །ངེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པའི་བར་ལ་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པ་ནི། གང་བྱང་ཆུབ་སེམས་དཔའི་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཅིང༌། ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ། རྒྱུན་དུ་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་པར་གྱུར་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ན། སྤྱོད་ལམ་བཞི་བྱེད་ཀྱང་སྐད་ཅིག་གཅིག་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སྐད་ཅིག་གཅིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་ཞིང༌། རྣམ་གྲངས་འདིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་དང༌། ཤེས་རབ་ཀྱི་ཕུང་པོ་ཇི་སྙེད་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོས་བསྡུས་པ་དང༌། ཤེས་རབ་ཀྱི་ཕུང་པོ་དེ་བསྒོམ་ཡང་བྱང་ཆུབ་སེམས་དཔའི་མི་ངོམས་པ་ཉིད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ངོམས་པའི་བསམ་པ་ཡིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་སྟེ། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པ་འདི་ལྟ་བུའི་བར་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མི་ངོམས་པའི་བསམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་མི་ངོམས་པའི་བསམ་པའོ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་པར་མི་བྱེད་ཅིང་རྒྱུན་མི་གཅོད་པའི་བསམ་པ་རྣམ་པ་འདི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་བྱང་ཆུབ་སེམས་དཔའི་ཡངས་པའི་བསམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་དེས་སེམས་ཅན་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་རབ་ཏུ་དགའ་བ་ཡིན་གྱི། རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། རྣམ་པ་དེ་ལྟར་བུའི་བསམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ།།
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པས་གང་བདག་ལ་ཕན་འདོགས་པའི་སེམས་ཅན་དེ་ནི་བདག་ལ་ཤིན་ཏུ་ཕན་འདོགས་པར་བྱང་ཆུབ་སེམས་དཔས་མཐོང་གི་བདག་གིས་ནི་མ་ཡིན་ནོ། །དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུའི་བསམ་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་པའི་བར་ཏུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། བྱང་ཆུབ་སེམས་དཔའི་ནི་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་དཔའི་ནི་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བྱུང་བའི་བསོད་ནམས་ཡངས་པ་མངོན་པར་འདུ་བྱས་ཀྱང༌། དེ་ལ་ལན་དུ་ཕན་འདོགས་པའམ་རྣམ་པར་སྨིན་པ་འདོད་པ་མེད་དེ། རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པ་ལ་བྱང་ཆུབ་སེམས་དཔའི་གོས་པ་མེད་པའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྨིན་པ་དེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ལ་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་དང༌། ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །རྣམ་པ་འདི་ལྟ་བུའི་བསམ་པ་གང་ཡིན་པ་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པས། བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པའོ། །ཐབས་ལ་གནས་པའི་ཕ་རོལ་ཕྱིན་པ་གང་ཞེ་ན། རྣམ་པར་གསུམ་སྟེ། སོ་སོར་རྟོག་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་སྟེ། ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་རོ། །དབང་འབྱོར་བ་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་རྣམས་པ་གསུམ་སྟེ། ལུས་ལ་དབང་འབྱོར་པ་དང༌། སྤྱོད་པ་ལ་དབང་འབྱོར་བ་དང༌། བཤད་པ་ལ་དབང་འབྱོར་བའོ། ལུས་ལ་དབང་འབྱོར་བ་ནི། དེ་བཞིན་གཤེགས་པའི་སྐུ་གཉིས་སུ་བལྟ་བར་བྱ་སྟེ།
རང་བཞིན་དང༌། ལོངས་སྤྱོད་རྫོགས་པའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ནི། སྤྲུལ་པའི་སྐུར་བལྟ་བར་བྱའོ། །དེས་སེམས་ཅན་ཐམས་ཅད་ལ་འབྱོར་བ་དང༌། མཐུན་པར་རྣམ་པ་ཐམས་ཅད་ཀུན་དུ་ཆོས་སྟོན་ཏོ། །བཤད་པ་ལ་དབང་འབྱོར་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་དུ་བཤད་པ་ལ་ཐོགས་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་རྟེན་པ་བཅོམ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་དབྱེ་བར་བལྟའོ། །རྟོན་པ་བཅོ་བརྒྱད་ནི། ལུས་རྟོན་པ་དང༌། སེམས་རྟོན་པ་དང༌། དགེ་བ་རྟོན་པ་དང༌། བདེ་འགྲོ་ལ་རྟོན་པ་དང༌། བྱང་ཆུབ་རྟོན་པ་དང༌། སྙིང་རྗེ་རྟོན་པ་དང༌། སེམས་ཅན་ཡོངས་སུ་མི་གཏོང་བ་རྟོན་པ་དང༌། དམན་པའི་སེམས་ཡོངས་སུ་འདོར་བ་རྟོན་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་རྟོན་པ་དང༌། དགེ་བའི་ཕྱོགས་ལ་སྦྱོར་བ་རྟོན་པ་དང༌། དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་རྟོན་པ་དང༌། དགེ་བའི་རྩ་བ་མི་ཟད་པ་རྟོན་པ་དང༌། དགེ་བའི་རྩ་བ་ཡོངས་སུ་མི་སྐྱོ་བ་རྟོན་པ་དང༌། བསམ་པའི་དོན་ཐམས་ཅད་འབྱོར་བ་རྟོན་པ་དང༌། ཚོགས་སྡུད་པ་རྟོན་པ་དང༌། ས་ལ་འཇུག་པ་རྟོན་པ་དང༌། སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པ་རྟོན་པ་དང༌། སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་རྟོན་པ་དང༌། སྦྱིན་པ་ལ་སོགས་པ་རྣམ་པ་གསུམ་གསུམ་ཐ་དད་པས་གསུམ་གསུམ་གྱིས་གོ་རིམས་བཞིན་དུ་བསྡུས་པར་རིག་པར་བྱའོ། །དེ་ལ་སྦྱིན་པ་གསུམ་ནི་ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པའོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི། སྡོམ་པའི་ཚུལ་ཁྲིམས་དང་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །བཟོད་པ་རྣམ་པ་གསུམ་ནི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་རྣམ་པ་གསུམ་ནི་གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་རྣམ་པ་གསུམ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་བསམ་གཏན་དང༌། མངོན་པར་ཤེས་པ་མངོན་པར་བསྒྲུབ་པའི་བསམ་གཏན་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི། ཀུན་རྫོབ་ལ་དམིགས་པ་དང༌། དོན་དམ་པ་ལ་དམིགས་
པ་དང། སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི། ལུས་རྟོན་པ་སྟེ། བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་ཀྱིས་ནི་ལན་པའི་ལུས་ལ་ཕན་འདོགས་པའི་ཕྱིར་རོ། །མི་འཇིགས་པའི་སྦྱིན་པ་ནི་སེམས་རྟོན་པ་སྟེ། ཡིད་མི་བདེ་བའི་བྱེ་བྲག་དང་བྲལ་བར་བྱ་བར་སེམས་ཀྱི་དབུགས་འབྱིན་པ་ཉེ་བར་བསྒྲུབ་པའི་ཕྱིར་རོ། །གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དམན་པའི་སེམས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཏེ་དེ་ཡོངས་སུ་འདོར་བ་རྟོན་པ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པར་རིག་པར་བྱའོ། །དགེ་བའི་རྩ་བ་མི་ཟད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ལྷག་པར་བྱེད་པས་འཁོར་བ་ཇི་སྲིད་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མི་གཏོང་བ་སྟེ། དེ་རྟོན་པ་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སུ་རིག་པར་བྱའོ། །ཚོགས་སྡུད་པ་ནི་ཐོབ་པ་ལ་བརྟེན་ནས་གདུལ་བྱ་རྣམས་སེམས་མཉམ་པར་མ་བཞག་པ་སེམས་མཉམ་པར་གཞག་པར་བྱ་བ་དང་སེམས་མཉམ་པར་བཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་གདམས་པ་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པ་སྟེ། དེ་རྟོན་པ་ནི་སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ས་ལ་འཇུག་པ་ནི་ཆོས་ལ་མོས་པ་སྔོན་དུ་བཏང་བའི་བཤད་པ་གང་གིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས། ས་དང་པོ་རབ་ཏུ་དགའ་བ་ལ་འཇུག་པ་སྟེ། དེ་རྟོན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་དམིགས་པའོ། །ལྷག་མ་ནི་ལེགས་པར་སྦྱར་བའི་ཕྱིར་སྦྱར་བ་མ་བྱས་སོ། །ཡང་རབ་ཏུ་དབྱེ་བ་ནི་སྦྱིན་པ་རྣམ་པ་བདུན་ཏེ། རྩ་བའི་སྦྱིན་པ་ནི། རིགས་ཀྱི་གནས་སྐབས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིགས་ཙམ་ལ་བརྟེན་ནས་སྦྱིན་པའི་ཕྱིར་རོ། །བླངས་པའི་སྦྱིན་པ་ནི་སེམས་བསྐྱེད་པའི་གནས་སྐབས་པ་སྟེ། སྨོན་ལམ་ཡང་དག་པར་བརྟེན་ནས་སྦྱིན་པའི་ཕྱིར་རོ། །རྗེས་སུ་འཛིན་པའི་སྦྱིན་པ་ནི་བདག་དང་གཞན་གྱི་དོན་སྒྲུབ་པའི་གནས་སྐབས་སོ། །འཛིན་བ་ངན་པ་མེད་པའི་སྦྱིན་པ་ནི། དེ་ཁོ་ནའི་དོན་ལ་ཡོངས་སུ་རྟོག་པའི་གནས་སྐབས་ཏེ། སྦྱིན་བདག་ལ་སོགས་པར་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པའི་འཛིན་པ་ངན་པ་མེད་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་མེད་པའི་སྦྱིན་པ་ནི་མཐུའི་གནས་
སྐབས་པའི་སྟེ། ཕྱི་རོལ་གྱི་ཡོ་བྱད་ཡོངས་སུ་འཛིན་པ་མེད་པར་ཡང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱིས་ནམ་མཁའ་ལ་ལག་པ་བ་རྐྱང་ནས་ཇི་ལྟར་འདོད་པ་བཞིན་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པའི་ཕྱིར་རོ། །སོ་སོར་རིག་པའི་སྦྱིན་པ་ནི་ཡོངས་སུ་སྨིན་པའི་གནས་སྐབས་པའི་སྟེ། འདུལ་བ་ཇི་ལྟ་བ་བཞིན་དུ་མཐུན་པའི་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ཆེན་པོ་ནི་བྱང་ཆུབ་མཆོག་གི་གནས་སྐབས་པའི་སྟེ་བླ་ན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །བསྡུས་པ་ནི་སྦྱིན་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་བསྡུས་པའི་ཕྱིར་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་རིགས་བསྡུས་པ་འདི་ནི་དཔེ་ཙམ་མོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་རིགས་ཀྱི་རྟགས་ཀྱིས་བསྡུས་པར་ཤེས་པར་བྱའོ། །སེམས་བསྐྱེད་པས་བསྡུས་པ་ནི་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པས་བསྡུས་པར་རིག་པར་བྱའོ། །སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང༌། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཤོག་ཤིག་སྙམ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྡུས་པར་རིག་པར་བྱ་སྟེ། དེ་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །བདག་དང་གཞན་གྱི་དོན་བསྡུས་པ་ལ། གང་སྦྱིན་པས་ཕྱུག་པོ་ཡོངས་སུ་འཛིན་པ་འདི་ནི་བདག་གི་དོན་ཏེ། གང་གཞན་ལ་ཡོ་བྱད་ཉེ་བར་བསྒྲུབ་པས་རྗེས་སུ་འཛིན་པ་འདི་ནི་གཞན་གྱི་དོན་ཏོ། །ལྷག་མ་རྣམས་ཀྱིས་བསྡུས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དོན་དམ་པ་བསྡུས་པ་ཆོས་ཀྱི་དབྱིངས་ལས་བརྩམས་པ་ནི། དེ་བཞིན་ཉིད་སྦྱིན་པ་ལ་སོགས་པའི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣོད་དུ་གྱུར་བའི་ཕྱིར་རོ། །ཡེ་ཤེས་ཡོངས་སུ་འཛིན་པ་ལས་བརྩམས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ལས་བརྩམས་པ་ནི་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་མཚན་ཉིད་ལས་བརྩམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་
ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང༌། ཡང་དག་པའི་ཤེས་རབ་ཀྱི་ངོ་བོ་ཉིད་དོན་དམ་པ་ནི་སྦྱིན་པ་ལ་སོགས་པར་རིག་པར་བྱའོ། །དཔེ་བརྗོད་པ་འདིས་བསྡུས་པ་ལྷག་མ་རྣམས་ཀྱང་བརྟག་པར་བྱའོ། །མི་མཐུན་པའི་ཕྱོགས་ནི་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་དང༌། ཁྲོ་བ་དང། ལི་ལོ་དང༌། རྣམ་པར་གཡེང་བ་དང༌། འཆལ་པའི་ཤེས་རབ་སྟེ་སྦྱིན་པ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསྡུས་པའི་དགེ་བའི་ཆོས་ཇི་སྙེད་པ་དེ་དག་ནི་མི་མཐུན་པའི་ཕྱོགས་གང་ཡིན་པ་དང༌། ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་ཡང་དེ་དག་གི་མི་མཐུན་པའི་ཕྱོགས་སུ་རིག་པར་བྱའོ། །ཕན་ཡོན་ནི་འབྲས་བུ་རྣམ་པ་ལྔའི་རྗེས་སུ་འབྲངས་པས་དཔག་ཏུ་མེད་པར་རིག་པར་བྱའོ། །འདི་ལྟ་སྟེ། ཇི་ལྟར་འདི་དག་གི་རང་གི་མི་མཐུན་པའི་ཕྱོགས་སྤོང་བ་བྲལ་བའི་འབྲས་བུ་དང་མཐོང་བའི་ཆོས་ལ་བདག་དང་གཞན་རྗེས་སུ་འཛིན་པ། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། ཕྱི་མ་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་མཆོག་དམ་པ་འབྱུང་བའི་རྒྱུ་མཐུན་པའི་འབྲས་བུ་དང༌། བྱང་ཆུབ་ཆེན་པོ་དབང་གི་འབྲས་བུ་དང༌། ལོངས་སྤྱོད་ཆེན་པོ་དང༌། བདེ་འགྲོར་འགྲོ་བ་དང༌། འཁོན་མེད་པ་དང༌། དབྱེ་བ་མེད་པ་དང༌། བདེ་བ་དང་ཡིད་བདེ་བ་མང་བ་དང༌། སེམས་ལ་དབང་བ་དང༌། ལུས་ལ་གནོད་པ་མེད་པ་དང༌། དབང་ཆེ་བར་གྲགས་པ་ནི་གོ་རིམས་བཞིན་དུ་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པའི་འབྲས་བུར་རིག་པར་བྱའོ། །གཅིག་ལ་གཅིག་རྣམ་པར་ངེས་པ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་ལས་གྱུར་བ་དང༌། རབ་ཏུ་དབྱེ་བ་ལས་གྱུར་པ་དང༌། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ། །དེ་ལ་སྦྱོར་བ་ལས་གྱུར་པ་ནི་སྦྱིན་པ་ལ་སྦྱོར་བས་ཐམས་ཅད་འདུས་པར་དམིགས་ཏེ། འདི་ལྟ་སྟེ། ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་སྦྱོར་བའོ། །དེ་ལ་གང་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱམས་པའི་སེམས་དང་ལྡན་པའི་གང་གཞན་ལ་ཀུན་ནས་མནར་སེམས་དང། གནོད་པ་དང༌། རྣམ་པར་འཚེ་བ་སྡོམ་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཉེ་བར་བསྐོར་བ་དང༌། འཕོངས་པ་དང༌། སྐྱོ་བ་ལ་ཇི་མི་སྙམ་པ་སྟེ། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་གང་ཕྱིར་ཞིང་ཕྱིར་སེམས་སྤྲོ་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་
ཉིད་ལ་གང་སེམས་རྩེ་གཅིག་པ་ཉིད་དེ། དགེ་བ་ལས་ཕྱི་རོལ་ཏུ་མི་འཕྲོ་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་རྒྱུ་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་ལེགས་པར་གཟུང་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་མེད་པ་དེ་ནི་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་ཅི་རིགས་སུ་སྦྱར་བར་བ་སྟེ། མི་འཇིགས་པའི་སྦྱིན་པ་ནི་ཐམས་ཅད་དུ་ཡང་སྦྱིན་པ་ཡིན་པའི་ཕྱིར་རོ། །དེ་ལ་རབ་ཏུ་དབྱེ་བ་ལས་གྱུར་པ་ནི། ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། རྗེས་སུ་བྱེད་པས་རབ་ཏུ་དབྱེ་བ་དང༌། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང༌། སྐྱེད་པས་རབ་ཏུ་དབྱེ་བའོ། སྐྱེད་པས་རབ་ཏུ་དབྱེ་བའོ། །དེ་ལ་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ནི། རྣམ་པར་གཏོང་བ་དང༌། སྔོམ་པ་དང། ཇི་མི་སྙམ་པ་དང༌། བསོད་པར་སྤྲོ་བ་དང༌། སེམས་གནས་པ་དང་རབ་ཏུ་རྣམ་པར་འབྱེད་པ་སྟེ་གོ་རིམས་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་སྦྱོར་བ་ནི་དེ་ལས་གཞན་བའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །དེ་ལ་སྦྱིན་པ་ལ་སོགས་པའི་རྗེས་སུ་སྦྱོར་བ་ནི་འཛིན་དུ་བཅུག་པ་དང་བསྔགས་པ་བརྗོད་པ་དང་རབ་ཏུ་དགའ་བའོ། །དེ་ལ་སྦྱིན་པ་ལ་སོགས་པ་སྐྱེས་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་འཇོག་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །དེ་མ་ཡིན་པ་གཞན་ལྔ་ནི་མི་འཇིགས་པའི་སྦྱིན་པའོ། །ཐམས་ཅད་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྟེ། གཞན་གྱི་སེམས་ཀྱི་རྒྱུད་ལ་བསྐྱེད་པའི་ཕྱིར་རོ། །དེ་ལ་རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པ་ནི་གཅིག་ནས་རྟོགས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འང་དེ་ཡིན་ནམ་ཞེ་ན། ཚིག་འོག་མ་དང་སྦྱང་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྲིན་པ་གང་ཡིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྲིན་པ་འང་དེའོ། སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའང་ཡོང་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྲིན་བསམ་ཟིན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་པ་ལྟར་ཚིག་འོག་མ་རྣམ་དང་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཐམས་ཅད་
སྦྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ་འགྱུར་ཏེ། སྦྱིན་པ་ཡིན་པ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི་གང་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པའོ། །སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའང་ཡོད་དེ། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པའོ། །སྦྱིན་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན་པ་ཡང་ཡོད་དེ་བཤད་པ་མ་གཏོགས་པའི་ཆོས་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་བརྩམས་ཏེ། རེ་རེ་ལ་ཡང་མུ་གསུམ་དུ་སྦྱར་བར་བའོ། །སྦྱིན་པ་ལ་ཀུན་དུ་སྤོད་པ་གང་ཡིན་པ་དེ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའི་བསོད་ནམས་བསྐྱེད་དམ་ཞེ་ན། མུ་བཞིར་འགྱུར་ཏེ། མུ་དང་པོ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱོར་བའོ། །མུ་གཉིས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་བཅུག་ནས་བསྔགས་པ་བརྗོད་པ་དང་ཡིད་རབ་ཏུ་དགའ་བས་སོ། །མུ་གསུམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་སྦྱིན་པས་སོ། །མུ་བཞི་བ་ནི་འདི་དག་མ་གཏོགས་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་ཡང་བསྟན་ཅེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱ་ཆེ་བ་དང་ཟབ་པའི་ཕྱིར་རོ། །ཁྱད་པར་དུ་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་ཡང་བསྟན་པ་ནི་དེའི་འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་མཆོག་ཏུ་རྒྱ་ཆེ་བ་དང་ཟབ་པའི་ཕྱིར་འབྲས་བུ་དང་མཐུན་པའི་རྒྱུར་བལྟ་བར་བྱའོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ། སེམས་ཅན་ཁ་ཅིག་རྒྱ་ཆེ་བ་དང༌། ཟབ་པ་ལ་མི་མོས་ཤིང་སྐྲག་པར་འགྱུར། ཆོས་ཉིད་དང་བྲལ་བ་དང༌། དགེ་བའི་རྩ་བ་མ་བསྐྱེད་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་ལ་ཆོས་ཉིད་ནི་རིགས་སུ་བརྗོད་དེ། རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའི་རིགས་མེད་པའི་ཕྱིར་དང༌། རང་བཞིན་གྱིས་སེམས་དམན་པའི་ཕྱིར། ཟབ་མོ་ལ་སོགས་པ་བསྟན་པ་ལ་མི་མོས་ཤིང་མི་དགེ་བར་གྱུར་ཏོ། །དེའི་རིགས་ཡིན་དུ་ཟིན་ཀྱང་བྱང་ཆུབ་ཆེན་པོ་ལ་བརྩམས་ནས་སྨོན་ལམ་ལ་སོགས་པའི་དགེ་བའི་རྩ་བ་དང་པོ་མ་བསྐྱེད་པའི་ཕྱིར་རོ། །དེའི་དགེ་བའི་རྩ་བ་བསྐྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོ་སྤོང་བའི་སེམས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཁ་ཅིག་མི་མོས་ཤིང་ངེས་པར་མི་འགྱུར་བར་བཤད་
པ་ཡིན་ནོ། །ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལྟ་བ་ལ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །ངེས་པའི་དོན་གྱི་མདོ་སྡེ་མ་བརྩལ་ཏེ། བདག་ཉིད་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པའི་ཕྱིར། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་འགྱུར་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་པའི་ཚིག་ལས་མཚན་ཉིད་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ལ་སྐུར་བ་འདེབས་པའོ། །དེ་བཞིན་དུ་གཞན་ལ་ཡང་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ནི་ཐེག་པ་ཆེན་པོ་ཡང་ངེས་པར་མི་འབྱུང་བར་རིག་པར་བྱ་སྟེ། ཐེག་པ་ཆེན་པོ་ནི་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ། །འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་གསུང་བ། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ། ཚུལ་བཞིན་མ་ཡིན་པར་ཆོས་རྣམས་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་པོ་དག་གང༌། མཚན་མར་ལྟ་བ་དང༌། བརྟགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་དུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཡོངས་སུ་འཛིན་པའི་ལྟ་བ་དང། བསྒྱུར་བའི་ལྟ་བ་དང༌། ཁ་ན་མ་ཐོབ་བ་མེད་པར་ལྟ་བ་དང༌། ངེས་པར་འབྱུང་བར་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། རབ་ཏུ་འཁྲུག་པའི་ལྟ་བ་དང༌། ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། འཕེལ་བའི་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། བཀུར་སྟིའི་ལྟ་བ་དང་རྨོངས་པའི་ལྟ་བ་དང༌། རྩ་བའི་ལྟ་བ་དང༌། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། སྦྱོར་བ་སེལ་བའི་ལྟ་བ་དང༌། ངེས་པར་འབྱིན་པ་མ་ཡིན་པར་ལྟ་བ་དང༌། སྒྲིབ་པ་སོགས་པའི་ལྟ་བ་དང༌། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང༌། འབྲས་བུ་མེད་པའི་ལྟ་བ་དང༌། ཆད་པས་བཅད་པའི་ལྟ་བ་དང། སྐུར་པ་འདེབས་པའི་ལྟ་བ་དང༌། བསྙད་པ་མ་ཡིན་པའི་ལྟ་བ་དང༌། ལྟ་བ་ཆེན་པོ་དང༌། མངོན་པའི་ང་རྒྱལ་གྱི་ལྟ་བའོ། །དེ་ལ་ཐེག་པ་ཆེན་པོ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པའི་སྒྲ་དམིགས་ནས་དགོངས་པ་དེ་ལ་མི་མཁས་པ་དག་འདིའི་དོན་
ལ་སྒྲ་ཇི་བཞིན་དུ་མོས་ནས་འདི་ནི་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་མེད་པ་ལ་སོགས་པའི་མཚན་མར་མངོན་པར་ཞེན་པ་ནི་དེ་དག་གི་མཚན་མར་ལྟ་བ་ཡིན་ནོ། །དེ་དག་ཉིད་མེད་པ་ལ་སོགས་པའི་མཚན་མ་ལ་མངོན་པར་ཞེན་ནས་ཀུན་བརྟགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་ལ་སྐུར་བ་འདེབས་པའོ། །དེ་ལ་འདི་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ། གང་གཟུགས་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བརྗོད་པས་བརྟགས་པ་ཙམ་དུ་ཟད་ན། ཡང་དག་པ་མ་ཡིན་པ་ལུས་མེད་པའི་དོན་གང་ལ་བྱིན་པ་རྣམས་ཀྱིས་གཟུགས་ལ་སོགས་པ་མཚན་ཉིད་དུ་སྒྲོ་བཏགས་ནས་ཡོངས་སུ་རྟོག་པའོ། །དེ་ལ་འདི་ནི་གཞན་གྱི་དབང་གི་ངོ་བོ་ཡིན་ཏེ། གང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་དེ་ཉིད་དོ། །དེ་ལ་འདི་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། གང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་དེ་བཞིན་ཉིད་དོ། །དེ་ལ་སྐུར་པ་འདེབས་པའི་ལྟ་བ་དང་ནི་རྣམ་པ་གསུམ་དུ་འགྱུར་ཏེ། བཏགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་དུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་བ་འདེབས་པའི་ལྟ་བའོ། །དེ་ལྟར་དེ་དག་ལ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པ་ན། སྐུར་པ་འདེབས་པའི་ལྟ་བ་སྟེ་གཞན་པའི་ཕྱིར་རིགས་པ་འགའ་ཞིག་ཡོངས་སུ་འཛིན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་གང་དག་བརྗོད་དུ་མེད་པའི་ཆོས་ཉིད་སྟོན་པ་དེ་དག་ཀྱང་རང་གི་ལྟ་བ་དང་མཐུན་པར་ཡོངས་སུ་བསྒྱུར་བ་དེ་དག་གི་ལྟ་བ་གཉིས་སུ་འགྱུར་ཏེ། ཡོངས་སུ་འཛིན་པའི་ལྟ་བ་དང༌། བསྒྱུར་བའི་ལྟ་བའོ། །དེ་དག་ཀྱང་ལྟ་བ་འདི་འདྲ་བར་འགྱུར་ཏེ་ལྟ་བ་འདི་ལྟ་བུ་ལ་བརྟན་ནས། དགེ་བ་འམ་མི་དགེ་བ་ཡང་སྤྱད་ན། ཁ་ན་མ་ཐོ་བ་མེད་པ་དང༌། སྐྱོན་མེད་པར་འགྱུར་ཞིང་དེ་ཐམས་ཅད་དགེ་བར་འགྱུར་བ་དང༌། སྔོན་བསགས་པའི་སྒྲུབ་པ་ལས་དེ་འབྱུང་བར་འཛིན་པ་དེ་ལྟ་བུ་དེ་དག་གི་ལྟ་བ་གཉིས་ཏེ། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང༌། ངེས་པར་འབྱུང་བར་ལྟ་བའོ། །དེ་དག་ལྟ་བ་དེ་ལྟ་བུ་ལ་མངོན་པར་ཞེན་པས་ལྟ་བ་དེ་ལས་ཟློག་པ། ཕུང་པོ་ལ་སོགས་པའི་ཆོས་རྣམ་པར་འཇོག་པ། ཉན་ཐོས་ཀྱི་སྡེ་སྣོད་ཁྱད་དུ་གསོད་པ་དང༌། གང་དག་སྐུར་པ་འདེབས་པར་ལྟ་བ་དེ་དག་ལ་མི་མོས་པ། ཉན་ཐོས་ཀྱི་
ཐེག་པ་བདེ་དག་ལ་རབ་ཏུ་སྡང་བའི་ལྟ་བ་འདི་གཉིས་ཏེ། བརྙས་པའི་ལྟ་བ་དང༌། རབ་ཏུ་འཁྲུག་པའི་ལྟ་བའོ། །རང་གི་ལྟ་བའི་རྗེས་སུ་འབྲངས་ནས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དག་པ་ཡིན་ནོ་སྙམ་ནས། དེའི་མཚན་ཉིད་མ་ཡིན་པ་ལ་དེའི་མཚན་ཉིད་དུ་འདུ་ཤེས་པ་ནི་དེ་དག་གི་མཚན་ཉིད་ཕྱིན་ཅི་ལོག་ཏུ་རྣམ་པར་འཇོག་ཅིང་འདི་སྙམ་དུ་སེམས་ཏེ། གང་དག་ཆོས་ཉིད་འདི་ལྟ་བུ་ལ་འཇུག་པ་དང༌། འཇུད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་དོ་སྙམ་པ་དེ་ལྟ་བུའི་ལྟ་བ་གཉིས་ཏེ། ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། འཕེལ་བའི་ལྟ་བའོ། །གང་གི་ཚེ་དེ་དག་ལྟ་བ་དེ་ལས་བརྩམས་ཏེ། གཞན་དག་གིས་དྲིས་པ་དེའི་ཚེ་བདག་ནི་ཅི་ཡང་ཁས་ལེན་པར་མི་འདོད་ཀྱི། ཚིག་དོར་དང་ལྟག་ཆོད་ཀྱིས་གཞན་ལ་འདྲི་བའི་ལྟ་བ་གཉིས་ཏེ། ཁས་མི་ལེན་པའི་ལྟ་བ་དང༌། །ངན་གཡོའི་ལྟ་བའོ། །དེ་དག་ལ་ཡང་ལྟ་བ་འདི་ལྟ་བུའི་ང་རྒྱལ་ཅན་དུ་འགྱུར་ཏེ། གང་དག་དེ་ལྟར་སྒྲུབ་པ་དག་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་པ་དང༌། རིམ་གྲོར་བྱེད་པར་འཛིན་པ་དེ་དག་གི་ལྟ་བ་ནི་བཀུར་སྟིའི་ལྟ་བའོ། །ལྟ་བ་མ་ལོག་པའི་ཆོས་ཉིད་ལ་མཁས་པ་དེ་དག་གིས་ལྟ་བ་དེ་འབྱེད་པ་ན། ཤིན་ཏུ་འཐད་པ་དང༌། རབ་ཏུ་གྲགས་པའི་རིགས་པས་ཡིད་ལེགས་པར་བྱེད་པ་ན་ཡང་ལྟ་བ་ཇི་ཏར་ཡང་ཡོངས་སུ་མི་འདོར་ཏེ། དེ་ཉིད་བདེན་གྱི་གཞན་ནི་ལོག་པའོ་སྙམ་པ་དེ་དག་ནི་རྨོངས་པ་བསྟན་པའི་ལྟ་བའོ། །ཇི་ལྟ་བ་ཇི་སྐད་དུ་བསྟན་པའི་དེ་དག་གི་བག་ཆགས་གནས་ངན་ལེན་གང་ཡིན་པ་དེ་ནི་རྩ་བའི་ལྟ་བའོ། །ལྟ་བ་བཅུ་བདུན་པོ་དེ་དག་ཉིད་སྐྱོན་བརྗོད་པའི་སྒོ་ནས་ཡང་བཤད་པར་བྱ་བ་སྟེ། འདི་ལྟ་སྟེ། མཚན་མར་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བརྗོད་དེ། མེད་པ་ལ་སོགས་པའི་མཚན་མ་ལ་མངོན་པར་ཞེན་པ་ཉིད་དུ་གྱུར་ཀྱང་མཚན་མ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དོ་སྙམ་པའི་འདུ་ཤེས་ཅན་དུ་གྱུར་པའི་ཕྱིར་རོ། །བརྟགས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་དུ་རྟོག་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ནི་སྦྱོར་བ་སེལ་བའི་ལྟ་བ་སྟེ། ཐམས་ཅད་ལ་སྐུར་པ་འདེབས་པ་ནི་འབད་པ་མཐུ་མེད་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ། ཡོངས་
སུ་འཛིན་པའི་ལྟ་བ་དང༌། བསྒྱུར་བའི་ལྟ་བ་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་སྟེ། ཐབས་མ་ཡིན་པ་ལ་སྦྱོར་བ་དེ་ནི་འབྲས་བུ་མི་འཐོབ་པའི་ཕྱིར་རོ། །ཁ་ན་མ་ཐོབ་མེད་པར་ལྟ་བ་དང་ངེས་པར་འབྱུང་བར་ལྟ་བ་ནི་སྒྲིབ་པ་ལ་སོགས་པའི་ལྟ་བ་སྟེ། ལོག་པར་སྒྲུབ་པའི་ཕྱིར་སྒྲིབ་པ་ཟད་མི་སྲིད་པའི་ཕྱིར་རོ། །བརྙས་པའི་ལྟ་བ་དང༌། རབ་ཏུ་འཁྲུག་པའི་ལྟ་བ་ནི་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་སྟེ། དམ་པའི་ཆོས་དང༌། ཚངས་པ་མཚུངས་པར་སྤྱོད་པ་ལ་ལོག་པར་བསྒྲུབ་པའི་སྒོ་ནས་སྨྲས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། འཕེལ་བའི་ལྟ་བ་ནི་འབྲས་བུ་མེད་བའི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་རྣམ་པར་འཇོག་པ་འཛིན་པ་དང༌། འཛིན་དུ་བཅུག་པས་ཁྱད་པར་མི་འཐོབ་པའི་ཕྱིར་རོ། །ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་ནི་ཆད་པས་བཅད་པའི་ལྟ་བ་སྟེ། རིགས་པ་མ་ཡིན་པས་རྒོལ་ན་རྒྱལ་མི་སྲིད་པའི་ཕྱིར་རོ། །བཀུར་སྟིའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་སྟེ། དེ་མི་གསུང་པ་ལ་དེའི་སྒྲོ་འདོགས་པའི་ཕྱིར་རོ། །རྨོངས་པ་བརྟན་པའི་ལྟ་བ་ནི་བསྙད་པ་མ་ཡིན་པའི་ལྟ་བ་སྟེ་ལོག་པ་ལ་མངོན་པར་ཞེན་པ་དང༌། ཡང་དག་པའི་གཏམ་བྱ་བ་བཀག་པའི་ཕྱིར་ཏེ། དོན་མེད་པའི་ཕྱིར་རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་སྟེ། དེས་ཕྱི་མ་ལ་ལྟ་བར་གྱུར་པ་ཐམས་ཅད་ཤིན་ཏུ་བརྟས་པ་རྒྱས་པར་འགྱུར་པའི་ཕྱིར་རོ། །ལྟ་བ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ནི་མངོན་པའི་ང་རྒལ་གྱི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་མངོན་པའི་ང་རྒྱལ་གྱིས་བསླད་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་དེའི་འོག་ཏུ་དེ་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། །བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ་ཞེས་གསུངས་སོ། །ཤིན་ཏུ་རྒྱས་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་དེ་ལ་དགོངས་པ་གང༌། བདག་ཉིད་ཀྱིས་མི་འབྱུང་བ་དང༌། རང་གི་བདག་ཉིད་དུ་མེད་པ་དང༌། རང་གི་ངོ་བོ་ཉིད་ལ་མི་གནས་པ་དང། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ལ་རང་གི་ངོ་བོ་ཉིད་མེད་དོ་ཞེས་པ་ནི། །ངོ་བོ་ཉིད་མེད་པ་ནི་རང་གི་ངོ་བོ་ཉིད་མེད་པ་སྟེ། རྐྱེན་རྣམས་ལ་ལྟོས་ནས་འབྱུང་བ་བཀག་པ་ནི་མ་ཡིན་ནོ། །རང་གི་བདག་ཉིད་དུ་མེད་པ་ཞེས་པ་ནི། ངོ་བོ་ཉིད་གང་དུ་དེ་དག་སྔར་བྱུང་བ་དེའི་ངོ་བོ་ཉིད་
དེར་ཡང་དེ་དག་བསྐྱེད་མི་ནུས་པས་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པའོ། །བདེན་པ་མ་མཐོང་བ་རྣམས་ཀྱིས་ཆོས་ཀྱི་ངོ་བོ་ཉིད་དེ་མཚན་ཉིད་མངོན་པར་བརྗོད་པ་སྤྲོས་པའི་བག་ཆགས་ཀྱི་སྒོ་ནས་ཇི་ལྟར་བཟུང་བ་བཞིན་དུ་བྱིས་པས་བཟུང་བ་དང་མཐུན་པའི་ངོ་བོ་ཉིད་དེ་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པའོ། །ཡང་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཀུན་བརྟགས་པའི་ངོ་བོ་ཉིད་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ་ངོ་བོ་ཉིད་མེད་པའོ། །གཞན་གྱི་དབང་ནི་རྐྱེན་ལ་ལྟོས་པའི་ཕྱིར་བདག་ཉིད་ཀྱིས་འབྱུང་བ་མེད་པ་སྟེ། འདིས་ནི་རང་གི་བྱུང་བ་མེད་པས་ན་སྐྱེ་བའི་ངོ་བོ་ཉིད་མེད་པས་དེའི་ངོ་བོ་ཉིད་མེད་པའོ། །ཡོངས་སུ་གྲུབ་པ་ནི་རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་གཞན་གྱི་དབང་དུ། ཀུན་བརྟགས་པའི་མཚན་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དོན་དམ་པར་རང་གི་ངོ་བོ་ཉིད་རང་བཞིན་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་སྟེ་དོན་དམ་པར་ངོ་བོ་ཉིད་མེད་པས་རང་བཞིན་མེད་པའོ། །དེ་ལྟ་བྱས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་བལྟ་བར་བྱའི། རྣམ་པ་ཐམས་ཅད་དུ་མཚན་ཉིད་མེད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་པའི་དགོངས་པ་གང༌། ཇི་ལྟར་ངོ་བོ་ཉིད་མེད་པར་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་མ་འགགས་པ་དེ་ལྟར་གཟོད་མ་ནས་ཞི་བའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡང་གང་དག་གིས་ཤིན་ཏུ་རྒྱས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་དགོངས་པ་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ་དང༌། དུས་གཞན་ལ་དགོངས་པ་དང༌། དོན་གཞན་ལ་དགོངས་པ་དང༌། གང་ཟག་གི་བསམ་པ་ལ་དགོངས་པའོ། །ཡང་ཐེག་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་ནི་མདོར་བསྡུས་ན་བཞིར་འགྱུར་ཏེ། འདི་ལྟ་སྟེ། མཉམ་པ་ཉིད་ལ་དགོངས་པ་ནི། གང་གི་ཚེ་ང་ཉིད་ནི་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གང་གསུངས་པ་སྟེ། ཆོས་ཀྱི་སྐུ་ལ་བྱེ་བྲག་མེད་
པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི། གང་དག་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་ཞེས་བྱ་བ་དང༌། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་གང་གསུངས་པའོ། །དོན་གཞན་ལ་དགོངས་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་སྟེ། སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་གང་ལ་ལ་བསྔགས་པའི་དགེ་བའི་རྩ་བ་དེ་ཉིད་དུ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་ལ་ལ་སྨད་དོ། །དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ལ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྔགས་སོ། །ང་རྒྱལ་ལ་སྤྱོད་པ་ལ་ནི་སངས་རྒྱས་ཁ་ཅིག་གི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པའོ། །འགྱོད་པས་སྒྲིབ་པ་ནི། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ཀྱང་མཐོ་རིས་སུ་ཉེ་བར་འབྲོ་བར་འགྱུར་རོ་ཞེས་གསུངས་སོ། །མ་ངེས་པའི་རིགས་ལ་ནི་ཉན་ཐོས་ཉིད་ཀྱི་བསམ་པ་འདོར་བའི་ཕྱིར་རོ། །ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་སྟོན་ཅིང་ཐེག་པ་གཅིག་སྟེ། གཉིས་སུ་མེད་དོ་ཞེས་སྟོན་ཏོ། །གང་དག་གིས་ཤིན་ཏུ་རྒྱས་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོར་དགོངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ལྡེ་མ་པོར་དགོངས་པ་བཞི་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང༌། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང༌། བསྒྱུར་བ་ལ་ལྡེམ་པར་དགོངས་པའི། །ཐེག་པ་ཆེན་པོ་ལ་ལྡེམ་པོར་དགོངས་པ་ཐམས་ཅད་བཞི་པོ་དེ་རྣམས་སུ་འགྱུར་སྟེ། མདོར་བསྡུས་ན་གཞུག་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་ཐེག་པ་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་ཞུགས་པའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་སྐད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ཀུན་དུ་བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་ལ་བལྟ་བར་བྱ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང༌། མ་སྐྱེས་པ་ལ་སོགས་པར་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་
འདུལ་བར་བལྟ་བར་བྱ་སྟེ། དཔེར་ན་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་མཆོག་ཡང་དག་པར་བཤད་པ་ལྟ་བུའོ། །སྒྲིབ་པ་བརྒྱད་ནི། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ཞེས་རྒྱ་ཆེར་འབྱུང་བ་སྟེ། དེའི་དཔེར་བརྗོད་པ་ནི་ཅི་རིགས་སུ་དགོངས་པ་བཞིན་བསྟན་པར་བལྟའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། བརྗོད་པ་ཟབ་པ་ལ་བལྟ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ལ་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་འདི་ལ་ལྡེམ་བོར་དགོངས་པ་ནི་འདི་ཡིན་ཏེ། རྣམ་པར་མི་གཡེང་བ་ལ་ག་དག་སྙིང་པོར་བློ་འབྱུང་བ་དང༌། མཆོག་ཏུ་བློ་འབྱུང་བའོ། །རྣམ་པར་གཡེང་བ་ནི་སེམས་རྣམ་པར་འཕྱོ་བའོ། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཞེས་བྱ་བ་ནི་རྟག་པ་དང༌། བདེ་བ་དང༌། གཙང་བ་དང༌། བདག་ལས་བཟློག་སྟེ་མི་རྟག་པ་ལ་སོགས་པའི་ཕྱིར་ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་པ་ཡོངས་སུ་མི་ཉམས་པའི་ཕྱིར་རོ། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །ཞེས་བྱ་བ་ནི་ཡུན་རིང་པོར་དཀའ་བ་བྱེད་པའི་རྩོལ་བས་ཤིན་ཏུ་ཡོངས་སུ་ཉོན་མོངས་པར་གྱུར་པའོ། །ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཏིང་ངེ་འཛིན་དུ་མཁས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ། རྣམ་པ་ལྔ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་ཆོས་ཀྱི་དགའ་བ་ལ་དགའ་བ་ཐོབ་པ་དང༌། ཆོས་ཀྱི་སྣང་བ་རྣམ་པ་ཡོངས་སུ་མ་ཆད་པ་ཐམས་ཅད་དུ་ཚད་མེད་པ་ཡང་དག་པར་ཤེས་པ་དང༌། དེ་ལ་རྣམ་པར་དག་པའི་ཆི་དང་མཐུན་པ་རྣམ་པར་མི་རྟོག་པའི་མཚན་མ་རྣམས་ཀུན་ཏུ་འབྱུང་བ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཡོངས་སུ་སྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །ཕན་ཡོན་རྣམ་པ་ལྔ་པོ་དེ་རྣམས་ཀྱི་ཕན་ཡོན་ནི་ཞི་གནས་ཀྱི་ཕན་ཡོན་དང༌། ལྷག་མཐོང་གི་ཕན་ཡོན་དང༌། དེ་གཉི་གའི་ཕན་ཡོན་གྱི་དབང་དུ་བྱས་བར་རིག་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཕན་ཡོན་ནི་རྣམ་པ་གཉིས་ཏེ། སྐད་ཅིག་སྐད་ཅིག་ལ་ཁྱད་པར་དུ་འགྲོ་བའི་ཤིན་ཏུ་སྦྱངས་པ་རྒྱུན་མི་འཆད་པར་ལུས་ལ་ཁྱབ་པའི་ཕྱིར། །སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པར་བྱེད་པ་དང༌། བསྟན་པའི་ཆོས་ཐམས་ཅད་
ཁྱད་པར་མེད་པར་རོ་གཅིག་པར་མོས་པ་དེ་མཉམ་པར་འཇོག་པས་ཕུང་པོ་ལ་སོགས་པ་དོན་གྱི་རྣམ་པ་ཐ་དད་པའི་འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལ་ཆོས་ལ་དགའ་བ་ཐོབ་པའོ། །ལྷག་མཐོང་གི་ཕན་ཡོན་ཡང་གཉིས་ཏེ། འདི་ལྟར་རབ་ཏུ་རྣམ་པར་ཕྱེ་བའི་ཆོས་རྒྱུན་མི་འཆད་པར་མི་བརྗོད་པས། སོ་སོར་དྲན་པ་ཙམ་གྱི་སྒོ་ནས་མདོ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་རྣམ་པར་ཡོངས་སུ་མ་ཆད་པ་ཚད་མེད་པ་དང༌། གནས་གྱུར་པའི་སྔ་རྟགས་སུ་གྱུར་པ་རྣམ་པར་མི་རྟོག་པ་མངོན་པར་འདུ་མ་བྱས་པའི་མཚན་མ་རྣམས་ཀུན་དུ་འབྱུང་བའོ། །དེ་གཉི་གའི་ཕན་ཡོན་ནི་ཆོས་ཀྱི་སྐུ་ཤེས་བྱའི་སྒྲིབ་པ་སྤངས་པ་གནས་གྱུར་པས་བསྡུས་པ། ས་བཅུ་པ་ལ་ཡོངས་སུ་རྫོགས་པར་བྱ་བ་དང༌། དེ་བཞིན་གཤེགས་པའི་ས་ལ་ཡོངས་སུ་སྒྲུབ་པའི་ཕྱིར་གོང་མ་བས་ཀྱང་གོང་མའི་རྒྱུ་མཐུན་པའི་བག་ཆགས་བསྐྱེད་པའི་ཚུལ་གྱིས་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །དེ་དང་དེ་དག་གང་གིས་རྣམ་པར་བསྒོམས་པ་ན་འབྲས་བུ་རྣམ་པ་ལྔ་འགྲུབ་པར་འགྱུར་ཞེས་ཡང་དག་པར་བསྟན་ཏོ། །བསྒོམ་པ་རྣམ་པ་ལྔ་གང་ཞེ་ན། ཤིན་ཏུ་སྦྱངས་པའི་མཚན་མ་བསྒོམ་པ་དང༌། ཐ་མི་དད་པ་བསྒོམ་པ་དང༌། མཚན་མ་མེད་པ་བསྒོམ་པ་དང༌། སྤྱོད་པ་མེད་པ་བསྒོམ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་བསྒོམ་པའོ། །ཅིའི་ཕྱིར་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཉིད་དུ་འདྲ་བ་ལ། ཤིན་ཏུ་རྒྱས་པའི་ཆོས་ལ་བདུག་པ་དང་ཕྱེ་མ་ལ་སོགས་པས་མཆོད་པར་འོས་ཀྱི། ཉན་ཐོས་ཀྱི་ཆོས་ལ་དེ་ལྟ་མ་ཡིན་ཞེན། ཤིན་ཏུ་རྒྱས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །དོན་ཆེ་བས་བསོད་ནམས་བླ་ན་མེད་པའི་གནས་སུ་གྱུར་པའི་ཕྱིར་རོ། །ཆོས་རྣམ་པར་ངེས་པ་ཞེས་བྱ་བ་སྟེ་ཀུན་ནས་བཏུས་པ་གསུམ་པའོ།། །།ཐོབ་པ་རྣམ་ངེས་གང༌། དེ་གང་ཟག་རྣམས་གཞག་དང༌། མངོན་རྟོགས་རྣམ་གཞག་ཏུ་རིག་པར་བྱའོ། །ཐོབ་པ་རྣམ་པར་ངེས་པ་ནི། ཐོབ་པར་བྱེད་པའི་གང་ཟག་རྣམ་པར་གཞག་པ་དང༌། མངོན་པར་རྟོགས་པ་རྣམ་པར་གཞག་པར་བལྟ་བར་བྱའོ། །རེ་ཞིག་གང་ཟག་གི་འགྲོ་བའི་དབྱེ་བ་ནི། གང་ཟག་རྫས་སུ་མེད་ཀྱང་རྣམ་པ་བཞིས་གང་ཟག་རྣམ་པར་གཞག་སྟེ། སླ་བར་ཐ་སྙད་གདགས་པའི་ཕྱིར་དང༌། འཇིག་རྟེན་པའི་རྗེས་སུ་འཇུག་པའི་ཕྱིར་དང༌། འཇིག་རྟེན་པ་མི་
སྐྲག་པའི་ཕྱིར་དང༌། བདག་གོ་སླ་བར་ཐ་སྙད་གདགས་པ་ཇི་ལྟ་བུ་ཞེ་ན། གཟུགས་ལ་སོགས་པ་རྣམ་པ་མང་པོའི་མཚན་ཉིད་དང་མིང་བདག་ཉིད་གཅིག་ཏུ་བསྡུས་ཏེ། སེམས་ཅན་ཞེས་བརྟགས་ནས་སོང་ཞེས་བྱ་བ་ལ་སོགས་པ་ཚེགས་མེད་པ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །འཇིག་རྟེན་གྱི་རྗེས་སུ་འཇུག་པ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་ན་ཆོས་ཙམ་གྱི་མིང་རྣམས་ཀྱིས་ཐ་སྙད་ཐམས་ཅད་ལ་མ་གྲགས་ཀྱི་འོན་ཀྱང་ཕལ་ཆེར་སེམས་ཅན་གྱི་མིང་གིས་སོ། །འདི་ལྟར་འཇིག་རྟེན་པས་ཐ་སྙད་ཕལ་ཆེར་གདོན་མི་ཟ་བར་འཇིག་རྟེན་དང་མཐུན་པར་བྱའོ། །འཇིག་རྟེན་པ་མི་སྐྲག་པ་ཇི་ལྟ་བུ་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ་མི་མཁས་པ་གློ་བུར་དུ་ཐོག་མར་རྣམ་པ་ཐམས་ཅད་དུ་སེམས་ཅན་མེད་པར་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །བདག་ཇི་ལྟ་བུ་ཞེ་ན། གཞན་དག་ཉེས་པ་དང་ལྡན་པ་དང༌། ཡོན་ཏན་དང་ལྡན་པ་བརྗོད་པའི་ཕྱིར་ནི་གལ་ཏེ་གང་ཟག་རྣམ་པར་གཞག་པར་བྱའི། །གཞན་དུ་ན་སེམས་ཅན་གདགས་པ་མེད་པར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ཙམ་བསྟན་ན། ཆེ་གེ་མོ་ཞིག་གིས་སེམས་ཅན་གྱི་རྒྱུད་ལ་ཉེས་པ་འདི་རྣམས་སྤངས་སོ། །ཡོན་ཏན་འདི་རྣམས་སྐྱེས་སོ་ཞེས་ཤེས་པར་མི་ནུས་པའི་ཕྱིར་རོ། །གང་ཟག་རྣམ་གཞག་གང༌། སྤྱོད་པས་རབ་དབྱེ་དང༌། ངེས་འབྱུང་གི་རབ་དབྱེ་དང༌། ཉེར་བརྟེན་གྱི་རབ་དབྱེ་དང༌། སྦྱོར་བས་རབ་དབྱེ་དང༌། འབྲས་བུས་རབ་དབྱེ་དང༌། རྟོགས་པས་རབ་དབྱེས་ཀྱང་གང་ཟག་རྣམ་གཞག་ཏུ་རིག་པར་བྱའོ། །སྤྱོད་པའི་རབ་དབྱེ་ལ་སོགས་པ་འདི་རྣམས་རྣམ་པ་བདུན་དུ་རྣམ་པར་གཞག་གོ །སྤྱོད་པས་རབ་དབྱེ་གང༌། འདོད་ཆགས་སྤྱོད་པ་དང༌། ཞེ་སྡང་སྤྱོད་པ་དང༌། གཏི་མུག་སྤྱོད་པ་དང༌། ང་རྒྱལ་སྤྱོད་པ་དང༌། ཆ་མཉམ་ལ་སྤྱོད་པ་དང༌། ཉོན་མོངས་ཞེན་པའི་གང་ཟག་གོ །ངེས་འབྱུང་གི་རབ་དབྱེ་གང༌། ཉན་ཐོས་ཀྱི་ཐེག་པ་པ་དང༌། རྐྱེན་གཅིག་གིས་རྟོགས་པའི་ཐེག་པ་དང༌། ཐེག་པ་ཆེན་པོའི་གང་ཟག་གོ །ཉེར་བརྟན་གྱི་རབ་དབྱེ་གང༌། ཚོགས་མ་བསགས་པ་དང༌། ཚོགས་བསགས་པའང་ཡིན་ལ་མ་བསགས་པ་དང༌། ཚོགས་བསགས་པའི་གང་ཟག་གོ །སྦྱོར་བས་རབ་དབྱེ་གང༌། དད་པས་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གི་གང་ཟག་གོ །འབྲས་བུས་རབ་དབྱེ་གང༌། དད་པས་མོས་པ་དང༌། མཐོང་
པས་ཐོབ་པ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། ཤེས་རབ་ཀྱི་ཆ་ལ་རྣམ་གྲོལ་དང༌། གཉི་གའི་ཆ་ལ་རྣམ་པར་གྲོལ་བ་དང༌། རྒྱུན་ཞུགས་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། རྒྱུན་ཞུགས་དང༌། ལན་ཅིག་ཕྱིར་འོང་གི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དང༌། དགྲ་བཅོམ་པ་དང༌། མཆོག་ཏུ་ཐོགས་ན་སྲིད་པ་བདུན་པ་དང༌། རིགས་ནས་རིགས་སུ་དང༌། བར་ཆད་གཅིག་པ་དང༌། བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་ཞུགས་པ་དང༌། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དང༌། བདག་གསོད་པའི་ཆོས་ཅན་དང༌། རྗེས་སུ་སྲུང་བའི་ཆོས་ཅན་དང༌། གནས་ལས་མི་གཡོ་བ་དང༌། རྟག་ཏུ་རྟོགས་པའི་སྐལ་བར་གྱུར་པ་དང༌། མི་འཁྲུགས་པའི་ཆོས་ཀྱི་གང་ཟག་གོ །ཁམས་ཀྱི་རབ་ཏུ་དབྱེ་བ་གང༌། འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་དང༌། སློབ་པ་དང་མི་སློབ་པའོ། །འདོད་པ་ན་སྤྱོད་པ་ཇི་ལྟ་བར་གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའང་དེ་བཞིན་ནོ། །འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། འདོད་པ་ན་སྤྱོད་པའི་རྐྱེན་གཅིག་གིས་རྟོགས་པ་དང༌། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་གང་ཟག་གོ །རྟོགས་པས་རབ་དབྱེ་གང༌། མོས་པས་སྤྱོད་པ་ཅན་དང༌། ལྷག་པའི་བསམ་པས་སྤྱོད་པ་ཅན་དང༌། མཚན་མ་དང་བཅས་པས་སྤྱོད་པ་ཅན་དང༌། མཚན་མ་མེད་པར་སྤྱོད་པ་ཅན་དང༌། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའི་གང་ཟག་གོ །འདོད་ཆགས་ཀྱི་སྤྱོད་པ་གང༌། གང་ཆགས་པ་རྒྱས་པའོ། །རྣམ་རྟོག་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རྣམ་རྟོག་རྒྱས་པའོ། །ཆགས་པར་གྱུར་པས་དངོས་པོ་ངན་པ་ལ་ཡང་འདོད་ཆགས་ཆེར་འབྱུང་བ་དང༌། བྱུང་ནས་ཀྱང་རིང་དུ་རྗེས་སུ་འབྲེལ་བའི་
ཕྱིར་རོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་ཏེ། རང་གི་དངོས་པོ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཆ་མཉམ་སྤྱོད་པ་གང༌། ཉོན་མོངས་པའི་རང་བཞིན་གནས་པའོ། །ཉོན་མོངས་པའི་རང་བཞིན་གནས་པའོ། །ཉོན་མོངས་པ་ཤས་ཆུང་བ་རྣམ་པར་སྤངས་ནས་མཉམ་པའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་གོ །དངོས་པོ་ཇི་ལྟ་བ་དང་མཐུན་པར་ཉོན་མོངས་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཉོན་མོངས་ཞེན་པ་གང༌། གང་ཉོན་མོངས་པ་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པའོ། །ཉོན་མོངས་པའི་རང་བཞིན་དུ་གནས་པའི་མཚན་ཉིད་བསྟན་པ་དག་ལས་ཉོན་མོངས་པ་ཆེས་སྲབ་པ་ཡོད་པ་དེ་ནི། ཉོན་མོངས་པའི་རང་བཞིན་དུ་གནས་པ་བས་ཀྱང་སྲབ་པ་སྟེ། སྔོན་གཉེན་པོ་གོམས་པར་བྱས་པའི་དབང་གིས་དངོས་པོ་ཤས་ཆེ་བ་ལ་ཡང་རང་བཞིན་གྱིས་ཉོན་མོངས་པ་ཆུད་དུ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང༌། ཉན་ཐོས་ཀྱི་ཆོས་ཉིད་ངེས་པའམ་མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་རྟུལ་བ་དང། བདག་རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་པ་དང༌། ཡིད་འབྱུང་བ་དང༌། ཆགས་པ་དང་བྲལ་བ་དང༌། རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་དང༌། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ནི་རིགས་དང༌། དབང་པོ་དང༌། སྨོན་ལམ་དང༌། བསམ་པ་དང༌། དམིགས་པ་དང༌། སྒྲུབ་པ་དང༌། འབྲས་བུའི་རབ་ཏུ་དབྱེ་བ་རྣམས་ཀྱིས་བསྟན་པར་རིག་པར་བྱའོ། །འདིའི་དབང་པོ་རྟུལ་པོ་ཉིད་ནི་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་དབང་པོ་ལ་ལྟོས་པའོ། །གཞན་དུ་ན་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་དབང་པོ་རྣོན་པོ་ཡིན་ནོ་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །རྐྱེན་གཅིག་གིས་རྟོགས་པའི་གང་ཟག་གང༌། རྐྱེན་གཅིག་གིས་རྟོགས་པའི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་འབྲིང་དང༌། བདག་རྣམ་པར་དག་པར་བྱ་བའི་ཕྱིར་སྨོན་པ་དང༌། ཡིད་འབྱུང་བ་དང༌། ཆགས་པ་དང་བྲལ་བ་དང༌། རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསམ་པ་ཅན་དང༌། བདག་ཉིད་མངོན་པར་རྫོགས་པར་རྟོགས་པར་བྱ་བའི་བསམ་པ་ཅན་དང༌། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་དང༌། ངེས་འབྱེད་ཆ་མཐུན་
སྔོན་མ་བསྐྱེད་པའམ། སྔོན་འབྲས་བུ་མ་ཐོབ་པའམ། སྔོན་འབྲས་བུ་ཐོབ་པའམ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་སུམ་དུ་བྱས་ན་བསེ་རུའི་རྟོག་པ་ལྟར་འགྱུར་ཏེ། གཅིག་པུར་གནས་པའམ། རྐྱེན་གཅིག་གིས་རྒྱལ་བར་འགྱུར་ཏེ། མཐོང་བར་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་མ་བསྐྱེད་པ་དང༌། སྔོན་འབྲས་བུ་མ་ཐོབ་པ་ནི་བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུ་གནས་པའོ། །དེ་ལས་གཞན་པའི་རང་རྒྱལ་བ་ནི་ཚོགས་དང་སྤྱོད་པ་བལྟའོ། །ཐེག་པ་ཆེན་པོ་པའི་གང་ཟག་གང༌། བྱང་ཆུབ་སེམས་དཔའི་ཆོས་ཉིད་ངེས་པའམ་མ་ངེས་པ་ལ་གནས་པ་དང༌། རང་བཞིན་གྱིས་དབང་པོ་རྣོ་བ་དང༌། སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་བསམ་པ་ཅན་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ལ་ལུང་བསྟན་པ་ཡང་ཐོབ་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ལུང་བསྟན་ཡང་འཐོབ་ཅེས་བྱ་བ་ནི། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་བྱ་བའི་ཐ་ཚིག་གོ །ཚོགས་མ་བསགས་པ་གང༌། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང༌། དད་པ་ཆུང་བའི་གང་ཟག་སྟེ། དེར་ཡང་ཐར་པའི་ཆ་དང་མཐུན་པ་ཆུང་ཞིང་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་དང༌། མ་བསགས་པ་ཡིན་པ་གང༌། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང༌། དད་པར་མའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་འབྲིང་གི་ཚེ་རབས་ངེས་པའི་དུས་དང་ལྡན་པའོ། །ཚོགས་བསགས་པའི་གང་ཟག་གང༌། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས་མོས་པ་དང༌། དད་པ་ཆེན་པོའི་གང་ཟག་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་ཆེན་པོ་ཚེ་རབས་དེ་ཉིད་དུས་ཅན་དང་ལྡན་པའོ། །ཡང་ཚོགས་མ་བསགས་པ་ནི་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས། བདེན་པ་རྣམས་ལ་ཆོས་ངེས་པར་སེམས་
པའི་བཟོད་བ་ཆུང་དུ་དང་ལྡན་པ་སྟེ། དེ་ཡང་ངེས་འབྱེད་ཆ་མཐུན་ཆུང་དུ་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ལྡན་པའོ། །ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པའི་འདི་ཡིན་པ་གང༌། གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས། བདེན་བ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་འབྲིང་དང་ལྡན་པ་སྟེ། དེ་ཡང་ངེས་འབྱེད་ཆ་མཐུན་འབྲིང་པོ་ཚེ་རབས་ཀྱི་དུས་ངེས་པ་དང་ལྡན་པའོ། །ཚོགས་བསགས་པ་ནི་གང་བདེན་པའི་དབང་དུ་བྱས་པའི་ཆོས་ལ་དམིགས་ནས། བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་དང་ལྡན་པ་སྟེ། ཚོགས་མ་བསགས་པ་ལ་སོགས་པ་དེ་རྣམས་དང་ལྡན་པ་ནི་ཐར་པའི་ཆ་དང་མཐུན་པ་རྣམས་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆུང་དུ་དང་འབྲིང་དང་ཆེན་པོས་ངེས་པར་འབྱེད་པའི་ཕྱོགས་གང་བསྐྱེད་པའོ། །བདེན་པ་མངོན་པར་རྟོགས་པ་ཡང་མ་ངེས་པ་དང༌། ངེས་པ་དང༌། ཚེ་རབས་དེ་ཉིད་ཀྱི་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་བདེན་པའི་དབང་དུ་བྱས་པའི་ཆོས་ནི་མོས་པ་དང་དད་པའི་མཚན་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པ་རྣམས་ཏེ། དེ་ཉིད་ལ་ཆོས་ངེས་པར་སེམས་པའི་བཟོད་པའི་མཚན་ཉིད་ཀྱི་ངེས་པར་འབྱེད་པ་དང༌། མཐུན་པ་རྣམས་ནི་དད་པ་མཆོག་ཡིན་པ་དང༌། ཤེས་རབ་མཆོག་ཡིན་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དེ་ཡང་འཇིག་རྟེན་ཆོས་མཆོག་མ་གཏོགས་པར་ངེས་འབྱེད་ཆ་མཐུན་ཆེན་པོ་ཚེ་རབས་དེ་ཉིད་ཀྱི་དུས་ཅན་དང་ལྡན་པའོ། །འཇིག་རྟེན་ཆོས་མཆོག་ནི་རང་བཞིན་གྱིས་སྐད་ཅིག་མ་སྟེ་ཚེ་རབས་དེ་ཉིད་ཀྱི་དུས་ཅན་ཁོ་ནའོ། །རང་བཞིན་གྱིས་སྐད་ཅིག་མ་ཞེས་པ་ནི་རྒྱུན་མ་ཡིན་ཞེས་པའི་དོན་ཏེ། ཚེ་རབས་དེ་ཉིད་ཀྱི་དུས་ཅན་ཁོ་ན་ཡིན་ནོ། །ཐར་པ་ཆ་མཐུན་དང༌། ངེས་འབྱེད་ཆ་མཐུན་ཆུང་དུ་དང༌། འབྲིང་རྣམས་ལས་ཡོངས་སུ་ཉམས་པ་དེ་ནི་ཀུན་དུ་འབྱུང་བ་ཡོངས་སུ་ཉམས་པར་ཟད་ཀྱི། བག་ཆགས་སུ་ཉམས་པས་ཡོངས་སུ་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བྱེད་པའི་དགེ་བའི་རྩ་བ་སྔར་མ་བསྐྱེད་པ་ཡང་བསྐྱེད་མི་དགོས་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཆུང་ངུའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། ངན་འགྲོར་
འགྲོ་བར་མི་འགྱུར་རོ། །ཞེའོ། །ཡང་ཐར་པའི་ཆ་དང་མཐུན་པ་བཞི་སྟེ། སྐབས་སུ་གཏོགས་པ་དང༌། མོས་པ་ལས་གྱུར་པ་དང༌། ལྷག་པར་འདོད་པ་ལས་གྱུར་བ་དང༌། ཐོབ་པ་ལས་གྱུར་པའོ། །དགེ་བའི་ཆོས་ལ་འདུན་པ་ནས་ཉེ་བར་བཟུང་སྟེ། ཐར་པའི་དོན་དུ་བྱ་བ་ཇི་སྙེད་པ་དེ་ནི་སྐབས་སུ་གཏོགས་པའོ། །དེ་དང་རབ་ཏུ་ལྡན་པའི་བསྟན་པ་ལ་མོས་པ་དང་ལྡན་པ་གང་ཡིན་པ་དེ་ནི་མོས་པ་ལས་གྱུར་པའོ། །དགའ་བ་དང༌། དད་པ་དང་ལྡན་པར་ཐར་པ་ལ་དམིགས་པའི་ཡིད་ལ་བྱེད་པ་མང་བ་གང་ཡིན་པ་དེ་ནི་ལྷག་པར་འདོད་པ་ལས་གྱུར་པའོ། །དེ་ཉིད་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྐྱེད་པར་ངེས་པ་གང་ཡིན་པ་དེ་ནི་ཐོབ་པ་ལས་གྱུར་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་དྲུག་སྟེ། རྗེས་སུ་མཐུན་པ་དང༌། ཁྱད་པར་བ་དང༌། རབ་ཏུ་རྟོགས་པ་དང༌། གཞན་དུ་ཡོངས་སུ་བསྒྱུར་བ་པ་དང༌། སྐྱེ་བ་གཅིག་པ་དང༌། སྟན་གཅིག་པའོ། །དེ་ལ་གང་བདེན་པ་ལ་དམིགས་པའི་རྣམ་པར་དགེ་བའི་རྩ་བ་དང་པོ་ཉིད་ཆུང་དུ་འབྱུང་བ་ནི་རྗེས་སུ་མཐུན་པའོ། །གང་འབྲིང་དུ་གྱུར་པ་དེ་ནི་ཁྱད་པར་བ་སྟེ། དེ་བས་ཆེས་མཆོག་ཏུ་གྱུར་པའོ། །གང་ཚེ་དེ་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པ་དེ་རབ་ཏུ་རྟོགས་པའོ། །དེ་ཡང་གང་མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་སེམས་དཔར་འགྱུར་བར་ཡོངས་སུ་བསྒྱུར་བ་དང༌། གང་ཡང་རང་སངས་རྒྱས་རྣམས་ཚེ་གཞན་ལ་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་ཡོངས་སུ་བསྒྱུར་བ་དེ་ནི་གཞན་དུ་ཡོངས་སུ་བསྒྱུར་བའོ། །གང་ཚེ་དེ་ཉིད་ལ་རབ་ཏུ་རྟོགས་པར་གྱུར་པ་དེ་ནི་ཚེ་གཅིག་པའོ། །གང་སྟན་དེ་ཉིད་ལ་རབ་ཏུ་རྟོགས་པར་གྱུར་པ་དེ་ནི་སྟན་གཅིག་པའོ། །དད་པས་རྗེས་འབྲང་གི་གང་ཟག་གང༌། གང་ཚོགས་བསགས་པ་དབང་པོ་རྟུལ་པོ་ཕ་རོལ་གྱིས་བསྟན་པའི་རྗེས་སུ་སུ་འབྲང་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །ཆོས་ཀྱི་རྗེས་འབྲང་གང༌། གང་ཚོགས་བསགས་པ་དབང་པོ་རྣོན་པོ། བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྦྱོར་བའོ། །དད་པས་མོས་པ་གང༌། དད་པའི་རྗེས་འབྲང་གི་གང་ཟག་གང་འབྲས་བུའི་དུས་ནའོ། །མཐོང་བས་ཐོབ་པ་གང༌། ཆོས་ཀྱི་རྗེས་འབྲང་
གི་གང་ཟག་གང་འབྲས་བུའི་དུས་ནའོ། །ལུས་ཀྱིས་མངོན་སུམ་དུ་བྱེད་པ་གང༌། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ །ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་ཕྱིར་མི་འོང་བར་བརྗོད་དེ། རྣམ་པར་ཐར་པ་ཐོབ་པ་རྣམས་ལུས་ཀྱིས་མངོན་སུམ་དུ་རྫོགས་པར་བྱས་ནས་གནས་པའི་ཕྱིར་རོ། རྣམ་ཐར་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པ་སྟེ། ཕྱིས་འཆད་པར་འགྱུར་རོ། །ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་གང༌། གང་ཟག་པ་ཟད་པ་དེ་རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པ་མ་ཡིན་པའི་གང་ཟག་གོ །ཤེས་རབ་ཀྱིས་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་སྒྲིབ་པ་ཅན་མ་ལུས་པར་སྤངས་པའི་ཕྱིར་རོ། །གཉི་གའི་ཆ་ལས་རྣམ་གྲོལ་གང༌། གང་ཟག་པ་ཟད་པ་རྣམ་པར་ཐར་པ་བརྒྱད་ལའང་བསམ་གཏན་པའི་གང་ཟག་གོ །གཉི་གའི་ཆ་ལ་རྣམ་པར་གྲོལ་བ་ནི། ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་ལས་གང་རྣམ་པར་གྲོལ་བའོ། །རྒྱུན་དུ་ཞུགས་ཀྱི་འབྲས་བུ་གང༌། །གང་ངེས་འབྱེད་ཆ་མཐུན་རྣམས་དང༌། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་རྣམས་ལ་གནས་པའི་གང་ཟག་གོ །ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བརྩམས་ཏེ་དང་པོའི་འབྲས་བུ་མ་ཐོབ་ཀྱི་བར་དུའོ། །རྒྱུན་ཞུགས་གང༌། གང་མཐོང་བའི་ལམ་གྱི་སྐད་ཅིག་བཅུ་དྲུག་རྣམས་ལ་གནས་པའི་གང་ཟག་གོ །མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་སྟེ། ཆོས་མངོན་པར་རྟོགས་པ་ཡང་དེ་ཡིན་ནོ། །མཐོང་པའི་ལམ་གྱི་ཐ་མ་ལ་དང་པོའི་འབྲས་བུ་མ་ཐོབ་པ་སུ་ཞེ་ན། འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་རྒྱུན་ཞུགས་སུ་འགྱུར་རོ། །གང་རིམ་པ་བཞིན་དུ་ཕྱོགས་ལས་འདོད་ཆགས་དང་བྲལ་བ་ཡང་འདོད་པ་ལས་འདོད་ཆགས་དང་མ་བྲལ་ཞིང་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་འཇུག་པར་བརྗོད་པ་ཡིན་ནོ། །ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ལན་ཅིག་ཕྱིར་འོང་དུ་འགྱུར་རོ། །གང་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་བསྒོམ་པའི་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དྲུག་པོ་སྤངས་ནས། ཕལ་ཆེན་ལས་འདོད་ཆགས་དང་བྲལ་བར་གྱུར་ཏེ། ཕྱིས་ཡང་དག་པ་ཉིད་ལ་ངེས་པར་འཇུག་པ་
དེ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་ལན་ཅིག་ཕྱིར་འོང་བ་ཉིད་དུ་འགྱུར་བའོ། །འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ནི། ཡང་དག་པ་ཉིད་དུ་ངེས་པར་གྱུར་བ་ལ་ཞུགས་ནས་ཕྱིར་མི་འོང་དུ་འགྱུར་རོ། །གང་རྣམ་པ་དགུ་ཆར་སྤངས་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་ཏེ་ངེས་པར་གྱུར་པ་ལ་འཇུག་པ་དེ་ནི་ཕྱིར་མི་འོང་བ་ཉིད་དུ་འགྱུར་རོ། །གང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་རྒྱུན་དུ་ཞུགས་པར་འགྱུར་ན། ཅིའི་ཕྱིར་ཀུན་སྦྱོར་གསུམ་སྤངས་ནས་རྒྱུན་དུ་ཞུགས་པ་ཞེས་བཤད་ཅེ་ན། གཙོ་བོར་བསྡུ་བའི་ཕྱིར་རོ། །ཐར་པ་ཐོབ་པའི་གག་ས་སུ་གྱུར་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། ཅིའི་ཕྱིར་གཙོ་བོ་ཞེ་ན། མི་འགྲོ་བའི་རྒྱུ་ཡིན་པ་དང༌། ཕྱིན་ཀྱང་ལོག་པར་ངེས་འབྱུང་གི་རྒྱུ་ཡིན་པ་དང༌། ཡང་དག་པས་ངེས་འབྱུང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་འཇིག་ཚོགས་སུ་ལྟ་བས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་མངོན་པར་ཞེན་ནས། གནས་ལ་དགའ་བས་སྡུག་བསྔལ་ལས་མི་འཕག་གོ །ཇི་སྟེ་འཕགས་ཀྱང་ཐར་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་གྱི་ལམ་ངན་པ་ལ་མངོན་པར་ཞེན་པ་དང༌། ལམ་བཟང་པོ་ལ་ཐེ་ཚོམ་ཟ་བའི་ཕྱིར་ལོག་པར་མི་འབྱུང་གི། ཡང་དག་པར་ངེས་པར་མི་འགྱུར་རོ། །ཡང་ཤེས་བྱ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པ་དང༌། འཇིག་ཚོགས་སུ་ལྟ་བས་ཤེས་བྱ་ལ་ལོག་པར་རྟོགས་ཏེ། སྡུག་བསྔལ་ཙམ་ལ་བདག་དང་བདག་གི་བའི་མཚན་ཉིད་དུ་སྒྲོ་འདོགས་པའི་ཕྱིར་རོ། །ལྟ་བ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལྟ་བ་ལ་ལོག་པར་རྟོགས་ཏེ་དེ་དག་པར་ཡིད་ཆེས་པའི་ཕྱིར་རོ། །གཉེན་པོ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་གཉེན་པོ་ལ་ལོག་པར་རྟོགས་ཏེ་དཀོན་མཆོག་གསུམ་ལ་ངེས་པར་མི་བྱེད་པའི་ཕྱིར་རོ། །ལེན་ཅིག་ཕྱིར་འོང་བའི་འབྲས་བུལ་འཇུག་པ་གང༌། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་སྤངས་པའི་ལམ་གྱི་གང་ཟག་གོ །མཐོང་བའི་ལམ་གྱི་ས་གང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་འབྲིང་པོའི་བར་དུ་སྤངས་པའི་ལམ་ལ་རྣམ་པར་
གནས་པའོ། །ལན་ཅིག་ཕྱིར་འོང་གི་གང་ཟག་གང༌། བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤོང་བའི་ལམ་གྱི་གང་ཟག་གོ །ཉོན་མོངས་པའི་རྣམ་པ་འབྲིང་པོའི་ཆུང་དུ་སྤོང་བའི་ལམ་ཡོངས་སུ་རྫོགས་པ་ལ་རྣམ་པར་གནས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་གང༌། གང་བསྒོམ་པའི་ལམ་ལ་འདོད་པན་སྤྱོད་པའི་ཉོན་མོངས་པ་རྣམ་པ་བདུན་པ་དང༌། བརྒྱད་པ་སྤོང་བའི་ལམ་གྱི་གང་ཟག་གོ །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་གོང་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང༌། འབྲིང་པོ་སྤོང་བའི་ལམ་ལ་རྣམ་པར་གནས་པའོ། །ཕྱིར་མི་འོང་བའི་གང་ཟག་གང༌། གང་བསྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤོང་བའི་ལམ་གྱི་གང་ཟག་གོ །དགུ་པ་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་དུ་སྤོང་བའི་ལམ་ལ་ཡོངས་སུ་རྫོགས་པ་ལ་རྣམ་པར་གནས་པའོ། །གང་འདོད་པ་ན་སྤྱོད་པའི་བསྒོམ་པས་སླང་བར་བྱ་བ་ཐམས་ཅད་སྤངས་པའི་ཕྱིར་མི་འོང་བར་འགྱུར་ན། ཅིའི་ཕྱིར་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་སྤངས་བས་ཕྱིར་མི་འོང་ཞེས་བཤད་ཅེ་ན། གཙོ་བོས་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེ་ན། འགྲོ་བ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར་རོ། །འགྲོ་བ་དང་ཁམས་ཐ་མའི་རྒྱུ་ཉིད་ཀྱིས་གཙོ་བོ་ཡིན་པའི་ཕྱིར་ཏེ། འགྲོ་བ་ཐ་མ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་འགྲོ་བ་རྣམས་སོ། །ཁམས་ཐ་མ་ནི་འདོད་པའི་ཁམས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་རྣམས་ཀྱིས་ནི་འགྲོ་བ་ཐ་མ་ལས་མི་འདའ་བས་དེའི་རྒྱུ་ཉིད་དོ། །འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་ཐམས་ཐ་མ་ལས་མི་འདའ་བས་དེའི་རྒྱུ་ཉིད་དོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་འཇུག་པའི་གང་ཟག་གང༌། གང་སྲིད་པའི་རྩེའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་ཀྱི་བར་སྤོང་བའི་ལམ་གྱི་གང་ཟག་གོ །དགྲ་བཅོམ་པ་ཉིད་ཀྱི་གང་ཟག་གང༌། གང་སྲིད་རྩེའི་ཉོན་མོངས་པ་རྣམ་པ་དགུ་པ་སྤོང་བའི་ལམ་གྱི་གང་ཟག་གོ །གང་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པར་འགྱུར་ན། ཅིའི་ཕྱིར་གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་བཤད་ཅེ་ན། གཙོ་
བོས་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེ་ན། གོང་མ་ཉེ་བར་ལེན་པའི་རྒྱུ་དང༌། གོང་མ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །གོང་མ་ཉེ་བར་ལེན་པ་དང་ཡོངས་སུ་མི་གཏོང་བའི་རྒྱུ་ཉིད་ཀྱིས་གཙོ་བོ་ཞེས་པའི་དོན་ཏོ། །དེ་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་གཉིས་ཀྱིས་ནི་འདོད་པའི་ཁམས་ནས་གོང་མ་ཉེ་བར་ལེན་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་ཀྱིས་ནི་གོང་མ་ཡོངས་སུ་མི་གཏོང་སྟེ། སྲེད་པ་དང༌། ང་རྒྱལ་དང༌། ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་དེ་ཉིད་དུ་དེར་ཀུན་ནས་ཉོན་མོངས་པའི་ཕྱིར་རོ། །མཆོག་ཏུ་ཐོགས་ན་སྲིད་པ་བདུན་པ་གང༌། རྒྱུན་ཞུགས་ཀྱི་གང་ཟག་ཉིད་ལྷ་དང་མིའི་རྣམས་སུ་ལན་བདུན་འདྲེས་པར་སྲིད་པ་འཁོར་བར་བྱས་ནས་གང་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །རིགས་ནས་རིགས་སུ་གང༌། ལྷ་འམ་མི་རྣམས་སུ་རིགས་ནས་རིགས་སུ་སོང་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །དེ་རྒྱུན་དུ་ཞུགས་པ་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་ལྷ་འམ་མི་རྣམས་ཀྱི་ནང་དུ་ངེས་པར་སྲིད་པ་གཉིས་འཁོར་བར་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །བར་ཆད་གཅིག་པ་གང༌། ལན་ཅིག་ཕྱིར་འོང་བ་ལྷ་རྣམས་སུ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །དེ་ནི་ལན་ཅིག་ཕྱིར་འོང་བ་ཉིད་དོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པ་ལྷ་ཉིད་ཀྱི་ནང་དུ་སྲིད་པ་གཅིག་འཁོར་བར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །བར་ཆད་གཅིག་པ་ནི་བར་སྐབས་ཏེ། སྐྱེ་བའི་སྐབས་ཡོད་པ་དེའི་དེ་ནི་བར་ཆད་གཅིག་པའོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང༌། དེ་རྣམ་པ་གསུམ་སྟེ། སྐྱེ་བའི་ཀུན་སྦྱོར་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པ་སྟེ། བར་དོའི་སྲིད་པ་མངོན་པར་འགྲུབ་པ་ན་གང་ལ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང༌། ཉོན་མོངས་པའི་རྣམ་པ་གང་གིས་སྐྱེ་བའི་ཡུལ་དུ་སོང་ནས་ཉིང་མཚམས་སྦྱར་ཏེ། དེ་ཟད་ནས་བག་ལ་ཉལ་ཙམ་གྱི་ས་ཤི་བའི་འོག་ཏུ་ཕུང་པོ་མངོན་པར་འགྲུབ་པ་དེའི་ལྷག་མ་ལུས་པས་བར་མ་དོའི་སྲིད་པ་མངོན་པར་འགྲུབ་སྟེ། མངོན་པར་གོམས་པར་བྱས་པའི་ལམ་མངོན་དུ་གྱུར་ནས། བག་ལ་ཉལ་ལྷག་མ་སྤངས་ཏེ། དེ་ཉིད་དུ་ཡོངས་སུ་མྱ་
ངན་ལས་འདའ་བ་དང༌། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་གང་གསུངས་པར་རིག་པར་བྱའོ། །བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ན་སྐྱེ་བའི་སྲིད་པར་འགྲོ་བར་མི་སེམས་པ་ཉིད་ནི་ལམ་གང་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་བསམས་ནས་སྐྱེ་བའི་སྲིད་པ་ལ་མངོན་པར་གནས་པ་སྟེ། སྐྱེ་བའི་སྲིད་པ་ནི་མ་ཐོབ་པ་ན། གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །དེ་ཡང་སྐྱེ་བའི་ཡུལ་ལ་མི་འཕགས་པ་དང༌། འཕགས་པ་ཙམ་དང༌། རིང་དུ་སོང་བའི་གནས་སྐབས་ཀྱིས་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སྐྱེས་བུ་དམ་པ་འགྲོ་བའི་མདོའི་ཚུལ་གྱིས་སོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གཉིས་ཀྱི་ཀུན་སྦྱོར་མ་སྤངས་པ་གཟུགས་ཁམས་སུ་སྐྱེས་པ་ཙམ་ཉིད་ཀྱི་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང༌། གང་སྐྱེས་ནས་མངོན་པར་འདུ་བྱེད་མེད་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །མངོན་པར་འདུ་བྱེད་པ་མེད་པ་ནི། སྔོན་ཤིན་ཏུ་གོམས་པར་བྱས་ནས་འཛུག་པའི་ཕྱིར་ཏེ། བསྒྲིམ་མི་དགོས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་བཟློག་པ་ནི་མངོན་པར་འདུ་བྱེད་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བའོ། །མངོན་པར་འདུ་བྱེད་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང༌། གང་སྐྱེས་ནས་མངོན་པར་འདུ་བྱེད་པས་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །གོང་དུ་ཞུགས་པ་གང༌། གང་གཟུགས་ཀྱི་ཁམས་ཀྱི་ས་དང་སར་སྐྱེ་ཞིང་འོག་མིན་གྱི་བར་ཞུགས་ནས། དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །དེ་ལ་ཡང་འོག་མིན་གྱི་ནང་དུ་འགྲོ་བ་ནི་རོ་མྱོང་བ་མང་བས་བསམ་གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་སྐྱེས་ཤིང་རོ་མྱང་བར་བྱེད་པའི་ཕྱིར་ཚངས་རིས་ནས་བཟུང་སྟེ། རྒྱུན་མི་འཆད་པར་གནས་གཞན་ཐམས་ཅད་དུ་ལེན་རེ་རེ་སྐྱེས་ནས་འོག་མིན་གྱི་བར་དུ་ཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའོ། །གཞན་ནི་ཡང་སྲིད་རྩེའི་བར་དུ་སོང་ནས་ལམ་མངོན་དུ་བྱས་ཏེ། སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །འདིར་སྲིད་པའི་རྩེ་མོར་འགྲོ་བ་ནི་བསམ་གཏན་བཞི་པ་ལ་སྤེལ་མར་མ་བསྒོམས་པས་གནས་གཙང་མ་འབའ་ཞིག་བཀོལ་ཏེ་དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་དུ་སོང་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ། །སྤེ་ལ་མར་
བསྒོམ་པ་ནི། བསམ་གཏན་བཞི་པ་ཆུང་ངུར་ཡོངས་སུ་བསྒོམས་པ་དང༌། འབྲིང་དུ་ཡོངས་སུ་བསྒོམས་པ་དང༌། ཆེར་ཡོངས་སུ་བསྒོམས་པ་དང༌། ཤིན་ཏུ་ཆེས་ཆེར་བསྒོམས་པས་གནས་གཙང་མ་རྣམས་སུ་སྐྱེའོ། །ཆུང་དུ་ལ་སོགས་པ་རྣམ་པ་ལྔ་བསྒོམས་པས་གོ་རིམས་བཞིན་དུ་གནས་གཙང་མ་རྣམས་སུ་སྐྱེ་བར་རིག་པར་བྱའོ། །དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གང༌། དབང་པོ་རྟུལ་པོ་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། གསོད་ཀྱང་རུང༌། མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ནོ། །དེ་ལ་གསོད་ཀྱང་རུང༌། མི་གསོད་ཀྱང་རུང་ཞེས་བྱ་བ་ནི་བདག་གིས་བདག་གི་སྲོག་གཅོད་པའམ། སྲོག་མི་གཅོད་ཅེས་བྱ་བའི་ཐ་ཚིག་གོ །མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པ་ཞེས་པ་ནི། འཇིག་རྟེན་པའི་བསམ་གཏན་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ །བདག་གསོད་པའི་ཆོས་ཅན་གང༌། དབང་པོ་རྟུལ་པོ་ཉིད་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང་མི་གསོད་ན་གང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ་བསད་ན་སྐལ་བ་ཅན་མ་ཡིན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་གང༌། གང་དབང་པོ་རྟུལ་པོ་ཉིད་མྱོས་ན་མཐོང་བའི་ཆོས་ལ་དབང་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་ཡིན་ལ། མ་མྱོས་ན་སྐལ་བ་ཅན་མ་ཡིན་པའོ། །གནས་ལས་མི་གཡོ་བ་གང༌། དབང་པོ་རྟུལ་པོ་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་ལ། དབང་པོ་རྣམས་སྐྱེད་པའི་སྐལ་བ་ཅན་མ་ཡིན་པའི་གང་ཟག་གོ །དབང་པོ་རྣམས་སྦྱོང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཐོབ་པར་བྱེད་པ་སྟེ་རྣོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་མི་འཁྲུགས་པའི་ཆོས་ཅན་ལ་དབང་པོ་རྣམས་ཡོངས་སུ་མྱོང་བའི་སྐལ་བ་ཅན་ཞེས་མ་བཤད་དེ་རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར་རོ། །རབ་ཏུ་རྟོགས་པའི་སྐལ་བར་གྱུར་པ་གང༌། གང་དབང་པོ་རྟུལ་པོ་མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་ལ། དབང་པོ་རྣམ་པར་བསྐྱེད་པའི་སྐལ་བ་ཅན་གྱི་གང་ཟག་གོ །མི་འཁྲུགས་པའི་ཆོས་ཅན་གང༌། རང་བཞིན་
གྱི་དབང་པོ་རྣོ་བ་སྟེ། མྱོས་ཀྱང་རུང༌། མ་མྱོས་ཀྱང་རུང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པར་གྱུར་པའི་སྐལ་བ་ཅན་མ་ཡིན་པའོ། །འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་གང༌། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ལ། འཕགས་པའི་ཆོས་རྣམས་མ་ཐོབ་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་སློབ་པ་གང༌། འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ་འཕགས་པའི་ཆོས་རྣམས་ཐོབ་པ། གང་ཀུན་དུ་སྦྱོར་བ་ལྷག་མ་དང་བཅས་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་མི་སློབ་པ་གང༌། གང་འདོད་པའི་ཁམས་སུ་སྐྱེས་པར་འགྱུར་ཏེ་འཕགས་པའི་ཆོས་རྣམས་ཐོབ་ལ། གང་ཀུན་དུ་སྦྱོར་བ་ལྷག་མ་མེད་པའི་གང་ཟག་གོ །འདོད་པ་ན་སྤྱོད་པའི་གང་ཟག་གསུམ་ཇི་ལྟ་བ་བཞིན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གསུམ་ལའང་དེ་བཞིན་དུ་བལྟ་བར་བྱའོ། །འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང༌། གང་གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་པ། བསམ་གཏན་གྱི་བདེ་བས་གནས་ཤིང༌། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སུ་སྐྱེ་བའི་གང་ཟག་གོ །ཅིའི་ཕྱིར་གཟུགས་མེད་པ་སྤྱོད་པ་ན་བྱང་ཆུབ་སེམས་དཔའ་མེད་ཅེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཐུའི་ཁྱད་པར་ཐོབ་པ་རྣམས་དེར་མི་སྐྱེའོ། །གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ཞེས་བྱ་བ་ནི་དེ་གཟུགས་མེད་པར་མི་སྐྱེ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་ཚིག་གོ །བསམ་གཏན་གྱི་བདེ་བའི་གནས་པ་ནི་ཡོངས་སུ་མ་ཉམས་པ་ཉིད་དེ། བསམ་གཏན་རྣམས་ལས་དེ་ཉིད་བསམ་གཏན་རྣམ་པར་བསྒྱུར་བ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཁམས་སུ་སྐྱེ་བའི་བྱང་ཆུབ་སེམས་དཔའ་ཞེས་པར་རིག་པར་བྱའོ། །འདོད་པ་ན་སྤྱོད་པའི་རྐྱེན་གཅིག་གིས་རྟོགས་པ་གང༌། གང་སངས་རྒྱས་འབྱུང་བ་མེད་པར་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། རྐྱེན་གཅིག་གིས་རྟོགས་པ་མངོན་དུ་བྱེད་པའི་གང་ཟག་གོ །དེ་བཞིན་གཤེགས་པ་བསམ་གྱི་མི་ཁྱབ་པ་གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་མྱ་ངན་ལས་འདས་པའི་བར་དུའོ། །བྱང་ཆུབ་སེམས་པའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་
ཅད་ཅེས་བྱ་བ་ནི་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་བདུད་ལས་རྒྱལ་བའི་བར་དུའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ནས་གཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུའོ། །མོས་པས་རྟོགས་པ་ཅན་གང༌། མོས་པ་རྟོགས་པའི་ས་རྣམས་སུ་བཟོད་པ་ཆུང་དུ་དང༌། འབྲིང་དང༌། ཆེན་པོ་དང་ལྡན་པའི་གང་ཟག་གང་ཡིན་པའི་བྱང་ཆུབ་སེམས་དཔའོ། །དེ་ཉིད་རིགས་ལ་གནས་པ་ཐོག་མར་བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་ནས་བཟུང་ནས་རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་དུ་སྟེ། སོ་སོ་རང་གི་འཇིག་རྟེན་ལས་འདས་པའི་རྟོགས་པ་མེད་པའི་ཕྱིར་མོས་པའི་རྟོགས་པ་ཅན་ཞེས་བརྗོད་དོ། །ལྷག་པའི་བསམ་པས་རྟོགས་པ་ཅན་གང༌། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པའི་གང་ཟག་གོ །ས་བཅུ་རྣམས་སུ་འཇིག་རྟེན་ལས་འདས་པ་ཐོབ་པ་བསམ་པ་དག་པའི་ཕྱིར་རོ། །མཚན་མ་དང་བཅས་པས་རྟོགས་པ་ཅན་གང༌། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཅན་དང༌། ཤིན་ཏུ་སྤྱང་ས་དཀའ་བ་དང༌། མངོན་དུ་གྱུར་པའི་སའི་གང་ཟག་གོ །ས་དྲུག་པོ་དག་ལ་མི་འདོད་བཞིན་དུ་མཚན་མ་དང་འདྲེ་བའི་ཕྱིར་རོ། །མཚན་མ་མེད་པར་རྟོགས་པ་ཅན་གྱི་གང་ཟག་གང༌། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བའི་སའི་གང་ཟག་གོ །ས་བདུན་པ་ལ་བསྒྲིབས་ན་ཇི་སྲིད་འདོད་པར་མཚན་མ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་རྟོགས་པ་ཅན་གང༌། གང་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་གྱི་སའི་གང་ཟག་གོ །ས་ལྷག་མ་རྣམས་སུ་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །རྒྱུན་ཞུགས་ཀྱི་གང་ཟག་ཅེས་གང་གསུངས་པ་ལ་རྒྱུན་ཞུགས་ནི། སྔར་བཞིན་པ་དང༌། ལན་ཅིག་ལ་ངེས་པར་འབྱིན་པའོ། །སྔར་བཞིན་པ་ནི་ཇི་སྐད་བསྟན་པའོ། །ལན་ཅིག་ལ་ངེས་པར་འབྱིན་བ་ནི། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པའི་བསམ་གཏན་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ལན་ཅིག་ལ་སྤོང་བ་སྟེ། དེ་ནི་འབྲས་བུ་གཉིས་ལ་གནས་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། དགྲ་བཅོམ་པའི་
འབྲས་བུའོ། །རྣམ་པས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཆེན་པོའི་ཆེན་པོ་ཅིག་ཅར་སྤོང་བ་དང༌། དེ་བཞིན་དུ་རབ་ཆུང་ངུའི་བར་དུ་སྟེ་མཐོང་བས་སྤང་བར་བྱ་བ་བཞིན་ནོ། །འཇིག་རྟེན་པའི་ལམ་བཞིན་དུ་སའི་རྣམ་པའི་བྱེ་བྲག་གིས་སོ་སོ་བའི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཁུངས་ནི་སོར་མོའི་རྩེ་མོའི་མདོ་ལས་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནས་རྒྱང་རིང་པོ་དང༌། ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐ་མས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་བཟླུམ་མོ། །གཅིག་ཏུ་བསྡམ་མོ། །ཕུང་པོ་གཅིག་ཏུ་བྱེད་དོ། །ཆ་གཅིག་ཏུ་བྱེད་ཅིང་ཕུང་པོ་གཅིག་གི་བར་དུ་བྱས་ནས། འདི་ལྟར་ཡང་དག་པར་སློབ་ཏེ། འདི་ཐམས་ཅད་ནི་མི་རྟག་པ། འདི་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ནི་འབྲས་བུ་དང་པོ་དང༌། ཐ་མ་གཉིས་བོ་ན་ལ་བཏགས་ཏེ། དེ་གཉིས་ནི་ཁམས་གསུམ་པའི་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རིམ་བཞིན་ནོ། །བར་མ་དག་ལ་ནི་མི་གདགས་ཏེ། དེ་དག་ནི་བདེན་པ་མཐོང་བའི་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ཉིད་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཅིག་ཅར་ངེས་པར་འབྱིན་པའི་དབང་དུ་བྱས་ནས། རྣམ་པར་འབྱེད་པའི་མདོ་ལས་རྒྱུན་དུ་ཞུགས་པའི་འོག་ཏུ་དགྲ་བཅོམ་པ་རྣམ་པར་གཞག་པར་རིག་པར་བྱའོ། །གང་ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བ་ན་ཀུན་ཤེས་པ་རྟོགས་སོ། །ཐམས་ཅད་མ་ལུས་པར་འདོད་ཆགས་དང་བྲལ་བ་མ་ཡིན་པས། དེ་གལ་ཏེ་མཐོང་བའི་ཆོས་ལ་ཀུན་དུ་ཐོབ་པར་མི་བྱེད་ན། གལ་ཏེ་མི་རྟོགས་ན་ཡང་དེ་སྨོན་པའི་སྟོབས་ཅན་ཡིན་ཏེ། སྨོན་པའི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ་མྱུར་དུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་རོ། །སངས་རྒྱས་འབྱུང་བ་མེད་པ་ན་རྐྱེན་གཅིག་གིས་རྟོགས་པའི་རྒྱལ་བར་འགྱུར་རོ། །མངོན་རྟོགས་རྣམ་གཞག་གང༌། མངོན་རྟོགས་རྣམས་ནི་བཅུ་སྟེ། ཆོས་མངོན་རྟོགས་དང༌། དོན་མངོན་རྟོགས་དང༌། དེ་ཁོ་ན་མངོན་རྟོགས་དང༌། རྗེས་ལ་མངོན་རྟོགས་དང༌། དཀོན་མཆོག་མངོན་རྟོགས་དང༌། ཀུན་མི་འབྱུང་བ་སྤྱོད་པའི་མངོན་རྟོགས་
དང༌། མ་ཐར་ཐུག་མངོན་རྟོགས་དང༌། ཉན་ཐོས་ཀྱི་མངོན་རྟོགས་དང༌། རྐྱེན་གཅིག་གིས་རྟོགས་པའི་མངོན་རྟོགས་དང༌། བྱང་ཆུབ་སེམས་དཔའི་མངོན་རྟོགས་སོ། །ཆོས་མངོན་རྟོགས་གང༌། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་མོས་པ་དང༌། དད་པ་ཆེན་པོ་ཐོབ་པའོ། །དད་པའི་རྗེས་སུ་འབྲང་བ་ཡང་དེ་ཉིད་དོ། །ཆོས་མངོན་པར་རྟོགས་པ་ཇི་ལྟ་བུ་ཞེ་ན། གཞན་གྱི་སྒྲའི་དབང་དུ་བྱས་ཏེ། གང་བདེན་པའི་དབང་དུ་བྱས་པའི་མདོ་སྡེ་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན། དད་པ་དང་ཐར་པའི་ཆ་དང་མཐུན་པ་ཐ་མས་བསྡུས་པས་མོས་པ་དང༌། དད་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་དེ་མོས་པ་དང་དད་པ་ཆེན་པོ་ཐོབ་པས་བདེན་པ་དེ་དག་ལ་ཆོས་མངོན་པར་རྟོགས་པར་འགྱུར་ཞེས་བརྗོད་དོ། །དོན་མངོན་རྟོགས་གང༌། ངེས་འབྱེད་ཆ་མཐུན་པའི་གནས་སྐབས་ན་བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ཁོ་ན་ལ། བདེན་པ་རྣམས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་སྟེ། བཟོད་པ་དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པའི་ཆེན་པོའི་ཆུང་དུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོར་བསྒོམ་པ་རྣམ་པ་གསུམ་མོ། །ངེས་འབྱེད་ཆ་མཐུན་གྱི་གནས་སྐབས་དེར་ཆོས་རྣམས་ལ་ཞེས་པ་ནི་ཇི་སྐད་དུ་གསུངས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། སྡུག་བསྔལ་ལ་སོགས་པ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐ་མས་བསྡུས་པའི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆེན་པོ་ཐོབ་པ་རྙེད་ཅེས་པའི་ཐ་ཚིག་གོ །བཟོད་པ་དེ་ཡང་ཆོས་ལ་ངེས་པར་སེམས་པ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པ་གསུམ་གྱིས་ཕྱེ་བ་སྟེ། ཆེན་པོའི་ཆུང་དུ་དང༌། ཆེན་པོའི་འབྲིང་དང༌། ཆེན་པོའི་ཆེན་པོས་སོ། །དེ་ལ་ཆེན་པོའི་ཆུང་ངུས་ནི་ཚེ་དེའི་དྲོ་བར་གྱུར་པ་རྣམས་སོ། །ཆེན་པོའི་འབྲིང་པོས་ནི་རྩེ་མོ་དང་བཟོད་པ་རྣམས་སོ། །ཆེན་པོའི་ཆེན་པོས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སུའོ། །དེ་ཁོ་ན་མངོན་རྟོགས་གང༌། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་ཐོབ་པའོ། །མཐོང་བའི་ལམ་ནི་ཡང་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་རྣམས་ཐོབ་པ་སྟེ་དེས་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་དག་ནི་བསྒོམ་པའི་ལམ་ལ་མངོན་དུ་བྱེད་དོ། །དེ་ཁོ་ན་མངོན་པར་རྟོགས་པ་ནི་མཐོང་བའི་ལམ་སྟེ། དེ་ནི་བདེན་པ་རྣམ་
པར་འཇོག་པ་མཐོང་བར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དབང་གིས་དེའི་ས་བོན་གསོས་པའི་ཕྱིར་ཡིན་གྱི། མངོན་དུ་བྱེད་པ་ནི་མ་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དག་རྒྱུན་མི་འཆད་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་དེ་རྣམས་ནི་བསྒོམ་པའི་ལམ་ལ་མངོན་དུ་འགྱུར་རོ། །རྗེས་ལ་མངོན་རྟོགས་གང༌། བསྒོམ་པའི་ལམ་ཐམས་ཅད་དོ། །མཐོང་བའི་ལམ་གྱི་གོང་དུ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཐམས་ཅད་དོ། །དཀོན་མཆོག་མངོན་རྟོགས་དང༌། སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པའོ། །ཀྱེ་མའོ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ་ཞེས་དེ་ལྟར་ཤེས་ཏེ་ངེས་ནས་སངས་རྒྱས་ལ་སོགས་པ་ལ་འཕགས་པ་ཉན་ཐོས་དད་པའོ། །ཀུན་མི་འབྱུང་བ་སྤྱོད་པའི་མངོན་རྟོགས་དང༌། གང་གིས་བྱ་བའི་སྡོམ་པ་ཐོབ་པའི་འཕགས་པ་སློབ་པའི་བསྡུས་པའི་སློབ་པ་བདག་གི་སེམས་ཅན་དམྱལ་བ་ཟད་དོ། །དུད་འགྲོ་ཟད་དོ། །ཡི་དགས་ཟད་དོ། །ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཟད་དོ། །བདག་ཀྱང་ངན་སོང་བའི་ལས་བྱས་ནས་ངན་སོང་རྣམས་སུ་རྣམ་སྨིན་མངོན་པར་འགྲུབ་པའི་སྐལ་བ་ཅན་མ་ཡིན་ནོ་སྙམ་མོ། །མི་བྱ་བའི་སྡོམ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་དེ་ཐོབ་པས། དེའི་མི་མཐུན་པའི་ཕྱོགས་དམྱལ་བ་ལ་སོགས་པ་ཀུན་དུ་མི་འབྱུང་སྟེ། བདག་གི་སེམས་ཅན་དམྱལ་བ་ཟད་དོ་ཞེས་པ་ལ་སོགས་པ་རེ་རེ་ལྟར་ངེས་པར་འབྱུང་བ་དེ་ནི་ཀུན་མི་འབྱུང་བ་སྤྱོད་པའི་མངོན་རྟོགས་སོ། །མཐར་ཐུག་མངོན་རྟོགས་གང༌། ཇི་ལྟར་ལམ་བདེན་ལས་མཐར་ཕྱིན་པའི་ལམ་བསྟན་པ་ལྟ་བུའོ། །ཇི་ལྟར་གནས་ངན་ལེན་ཐམས་ཅད་རྒྱུན་བཅང་བ་དང་བྲལ་བའི་ཐོབ་པ་རྣམས་ཐོབ་པ་ཞེས་པ་ལ་སོགས་པའི་མདོའོ། །ཉན་ཐོས་ཀྱི་མངོན་རྟོགས་གང༌། མངོན་རྟོགས་བདུན་པོ་དག་ཉིད་མདོར་བསྡུས་ཏེ་ཉན་ཐོས་ཀྱི་མངོན་རྟོགས་སུ་བརྗོད་དོ། །ཕ་རོལ་གྱི་སྒྲ་ལ་བརྟེན་ནས་ཉན་ཐོས་ཀྱིས་ཐོབ་པའི་ཕྱིར་རོ། །རྐྱེན་གཅིག་གིས་རྟོགས་པའི་མངོན་རྟོགས་གང༌། མངོན་རྟོགས་བདུན་པོ་དེ་དག་ཉིད་གཞན་གྱི་སྒྲ་ལ་མ་བརྟེན་
པར་ཐོབ་པས་རྐྱེན་གཅིག་གིས་རྟོགས་པའི་མངོན་རྟོགས་སུ་བརྗོད་དོ། །བྱང་ཆུབ་སེམས་དཔའི་མངོན་རྟོགས་གང༌། མངོན་རྟོགས་བདུན་པོ་དེ་དག་ཉིད་ལ། བྱང་ཆུབ་སེམས་དཔའི་ཡང་དག་པར་འབྱུང་བའི་རྟོགས་པའི་བཟོད་པ་སྟེ། མངོན་དུ་བྱེད་པ་ནི་མ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་འདུལ་བའི་ཐབས་ལ་མཁས་པར་བྱ་བའི་ཕྱིར་སེམས་ཅན་ལ་ལྟོས་པས་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་རོ། །ཡང་ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་མངོན་རྟོགས་སུ་བཤད་དོ། །ཉན་ཐོས་ཀྱི་མངོན་རྟོགས་ལས་བྱང་ཆུབ་སེམས་དཔའི་མངོན་རྟོགས་ཁྱད་ཅི། དམིགས་པའི་ཁྱད་པར་དང༌། ཉེར་རྟོན་གྱི་ཁྱད་པར་དང༌། རབ་ཏུ་རྟོགས་པའི་ཁྱད་པར་དང༌། ཁས་ལེན་གྱི་ཁྱད་པར་དང༌། ངེས་འབྱུང་གི་ཁྱད་པར་དང༌། ཡོངས་འཛིན་གྱི་ཁྱད་པར་དང༌། གནས་དང་གཡོག་འཁོར་གྱི་ཁྱད་པར་དང༌། མངོན་པར་སྐྱེ་བའི་ཁྱད་པར་དང༌། སྐྱེ་བའི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་རོ། །དེ་ལ་དམིགས་པའི་ཁྱད་པར་ནི། ཤིན་ཏུ་རྒྱས་པ་ལ་དམིགས་པའི་ཕྱིར་རོ། །ཉེ་བར་རྟོན་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བསྐལ་པ་ཆེན་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། གང་ཟག་དང་ཆོས་ལ་བདག་མེད་པའི་དབང་དུ་བྱ་བའི་ཆོས་ལ་སྦྱོར་བའི་འཕེན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་དེ་གཉི་གར་རབ་ཏུ་རྟོགས་པའི་ཕྱིར་རོ། །ཁས་ལེན་པའི་ཁྱད་པར་ཅི་ལྟ་བུ་ཞེ་ན། བདག་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ས་བཅུ་དག་གི་ངེས་པར་འབྱུང་བའི་ཕྱིར་རོ། །ཡོངས་སུ་འཛིན་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡོངས་སུ་འཛིན་པའི་ཕྱིར་རོ། །གནས་དང་འཁོར་གཡོག་གི་ཁྱད་པར་ཇི་ལྟ་བུ་ཞེན། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། འདུལ་བའི་སྐྱེ་བོ་ཉེ་བར་སྡུད་པའི་ཕྱིར་རོ། །མངོན་པར་སྐྱེ་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཕ་བཞིན་དུ་རང་གི་རིགས་ཡང་དག་པར་འཛིན་པའི་གཙོ་བོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འཁོར་གྱི་དཀྱིལ་
འཁོར་རྣམས་སུ་སྐྱེ་བའི་ཕྱིར་རོ། །འབྲས་བུའི་ཁྱད་པར་ནི་གནས་འགྱུར་བའི་ཁྱད་པར་དང༌། ཡོན་ཏན་མང་པོའི་ཁྱད་པར་དང༌། རྣམ་པ་ལྔའི་ཁྱད་པར་དང༌། སྐུ་གསུམ་གྱི་ཁྱད་པར་དང༌། མྱ་ངན་ལས་འདས་པའི་ཁྱད་པར་དང༌། འདྲེས་ཤིང་ཉེར་འདྲེས་ཀྱི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་དང༌། སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་དང༌། འདྲེས་པ་དང་ཉེར་འདྲེས་ཀྱི་ལས་བྱེད་པའི་ཁྱད་པར་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པའི་སྟོན་པའི་ཐབས་ཀྱི་ཁྱད་པར་དང༌། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་གྱིས་ཀྱང་རིག་པར་བྱའོ། །དེ་ལ་གནས་གྱུར་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཅན་གྱི་གནས་ངན་ལེན་གྱི་རྣམ་པ་ཐམས་ཅད་སྤངས་པའི་ཕྱིར། ཡོན་ཏན་བླ་ན་མེད་པ་ཐམས་ཅད་ཀྱི་གནས་ཉིད་དུ་གྱུར་པས་གནས་གྱུར་པའི་ཕྱིར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ཅི་ལྟ་བུ་ཞེ་ན། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་བསྒྲུབ་པའི་ཕྱིར་རོ། །རྣམ་པ་ལྔའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྣམ་པར་དག་པ་ལ་སོགས་པའི་ཁྱད་པར་ཏེ། དེ་ལ་རྣམ་པར་དག་པའི་ཁྱད་པར་ནི། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་པའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་རོ། །ལུས་ཀྱི་ཁྱད་པར་ནི། ཆོས་ཀྱི་སྐུ་ཡོངས་སུ་བསྒྲུབ་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་ཁྱད་པར་ནི། རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་སྣ་ཚོགས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ། །ལས་ཀྱི་ཁྱད་པར་ནི། ཅི་རིགས་པར་སྤྲུལ་པ་རྣམས་ཀྱིས་ཀུན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའི་ཕྱིར་རོ། །སྐུ་གསུམ་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། རང་བཞིན་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་ཡོངས་སུ་འགྲུབ་པ་འཐོབ་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་ཅན་ཐམས་ཅད་ལ་ཕན་པ་ཀུན་རྒྱུན་མི་གཅོད་པའི་ཕྱིར་རོ། །འདྲེས་ཤིང་ཉེར་འདྲེས་ཀྱི་ཡེ་ཤེས་ཀྱི་ནུས་པ་ཐོབ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རོ་གཅིག་པ་ཉིད་དང༌། དེ་ལ་བརྟེན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་ཤེས་པ་
ཉིད་རྣམས་ལ་སངས་རྒྱས་ཐམས་ཅད་སེམས་སོ་སོར་མཐུ་དང་ལྡན་པའི་ཕྱིར་རོ། །སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤོང་བའི་ཕྱིར་རོ། །འདྲེས་ཤིང་ཉེར་འདྲེས་ཀྱི་ལས་བྱེད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། སེམས་ཅན་རེ་རེ་འདུལ་བའི་ཕྱིར་ཡང་སངས་རྒྱས་ཐམས་ཅད་ཀྱི་དབང་གིས་བྱེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པར་སྟོན་པའི་ཐབས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཅི་རིགས་པར་ཕྱེ་མའི་མཐའི་བར་དུ་ཡང་དང་ཡང་སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས། འདུལ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང༌། རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཉེ་བར་འཚེ་བ་ལ་སོགས་པ་ལ་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །དེ་ལ་ཉེ་བར་འཚེ་བ་ལ་ཡོངས་སུ་སྐྱོབ་པ་ནི། གྲོང་ཁྱེར་དུ་འཇུག་པ་ལ་སོགས་པ་རྣམས་ཀྱིས་འོང་བ་ལ་སོགས་པའི་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཐོབ་པས་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིར་རོ། །ངན་སོང་ལས་ཡོངས་སུ་སྐྱོབ་པ་ནི། མཐོང་བའི་ལམ་བསྐྱེད་པས་ངན་འགྲོ་ལས་ཤིན་ཏུ་བཟློག་པའི་ཕྱིར་རོ། །འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པ་ནི་དགྲ་བཅོམ་པ་ཉེད་མངོན་དུ་བྱེད་པས་ཁམས་གསུམ་པ་ལ་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཐེག་པ་ལས་ཡོངས་སུ་སྐྱོབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམན་པ་ལས་འདུན་པ་བཟློག་པའི་ཕྱིར་རོ། །ཚད་མེད་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་འདི་རྣམས་མངོན་རྟོགས་གང་གིས་བསྡུས་ཤེ་ན། རྗེས་ལ་མངོན་རྟོགས་གང༌། མཐར་ཐུག་མངོན་རྟོགས་ཀྱིས་བསྡུས་པར་རིག་པར་བྱའོ། །ཡོན་ཏན་ཁྱད་པར་ཅན་རྣམས་ནི། འཕགས་པ་ཉན་ཐོས་རྣམས་ཀྱིས་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་མངོན་པར་བསྒྲུབ་སྟེ། དེའི་ཕྱིར་འདི་དག་རྗེས་ལ་མངོན་པར་རྟོགས་པ་དང༌། མཐར་ཐུག་མངོན་པར་རྟོགས་པར་རིག་པར་བྱའོ། །དེ་རྣམས་ཀྱང་གང༌། ཚད་མེད་རྣམས་དང༌། རྣམ་ཐར་རྣམས་དང༌། ཟིལ་གྱིས་ནོན་གྱི་སྐྱེ་མཆེད་རྣམས་དང༌། མ་ལུས་པའི་སྐྱེ་མཆེད་རྣམས་དང༌། ཉོན་མོངས་མེད་པ་དང༌། སྨོན་ནས་
ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། མངོན་ཤེས་རྣམས་དང༌། མཚན་དང་དཔེ་བྱད་བཟང་པོ་རྣམས་དང༌། ཡོངས་སུ་དག་པ་རྣམས་དང༌། སྟོབས་རྣམས་དང༌། མི་འཇིགས་པ་རྣམས་དང་དྲན་པ་ཉེ་བར་གནས་དང༌། བསྲུང་མེད་རྣམས་དང༌། བསྙེལ་བ་མེད་པའི་ཆོས་ཉིད་དང༌། བག་ཆགས་ལེགས་པར་བཅོམ་པ་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་ཐུན་མོང་མ་ཡིན་པ་བཅོ་བརྒྱད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། མདོ་སྡེ་ལས་ཇི་ལྟར་འབྱུང་བ་རྣམས་སོ། །བྱམས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཇི་སྐད་བསྟན་པ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོར་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་དག་ཀྱང་མདོར་བསྡུ་ན། རྣམ་པ་ལྔས་ཅི་རིགས་སུ་མཚན་ཉིད་བཤད་པར་བལྟ་བར་བྱ་སྟེ། གནས་དང༌། དམིགས་པ་དང༌། རྣམ་པ་དང༌། རང་བཞིན་དང༌། གྲོགས་ཀྱིས་སོ། །དེ་ལ་དེ་རྣམས་ནི་བྱམས་པ་ལ་སོགས་པའི་མཚན་ཉིད་དོ། །བྱམས་པ་གང། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་ལ་ཕན་པ་དང༌། ཕྲད་པའི་བསམ་པའི་གནས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །དེ་ལ་བྱམས་པའི་གནས་ནི་བསམ་གཏན་ནོ། །དམིགས་པ་ནི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའོ། །རང་བཞིན་ནི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཕྱིར་རོ། །ཡོན་ཏན་ཐམས་ཅད་ཀྱི་གྲོགས་ནི། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །སྙིང་རྗེ་ལ་སོགས་པ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །སྙིང་རྗེ་གང༌། སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བའི་བསམ་པའི་གནས་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །བྱམས་པ་ཇི་ལྟ་བར་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཞེས་པའི་ཡོན་ཏན་ཀུན་རིག་པར་བྱའོ། །དགའ་བ་གང༌། སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བའི་གནས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཞེས་བྱ་བ་སྔ་མ་བཞིན་ནོ། །བཏང་སྙོམས་གང༌། བསམ་གཏན་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་ཕན་པའི་བསམ་པའི་གནས་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་
ནོ། །ཕན་པའི་གནས་ཡང་དག་པར་འབྱོར་བ་ཞེས་པ་ནི། སེམས་ཅན་བདེ་བར་གྱུར་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་སོགས་པ་བཏང་སྙོམས་སུ་བྱེད་ཅིང༌། ཀྱེ་མ་ཉོན་མོངས་པ་རྣམ་པར་གྲོལ་བར་གྱུར་ཅིག་སྙོམ་པ་ནི་བཏང་སྙོམས་ཀྱི་རྣམ་པར་རིག་པར་བྱ་སྟེ། དེ་ཡང་ཕན་པའི་བསམ་པའི་གནས་ཞེས་བརྗོད་དོ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ། །འདི་ལྟ་སྟེ། སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་བསམ་གཏན་ལ་བརྟེན་ཏེ། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བའམ། བཞག་པས་ཀྱང་རུང་སྟེ། སྣང་བའི་གཟུགས་རྣམས་ལ་ལྟ་བའི་གནས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །ཇི་སྲིད་དུ་མྱ་ངན་ལས་འདས་པའི་སྒྲིབ་པ་ལས་རྣམ་རྣམས་སོ། །ཇི་སྲིད་དུ་མྱ་ངན་ལས་འདས་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་དང་པོའོ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ་ཇི་ལྟར་ན་གཟུགས་ཅན་ཞེས་བརྗོད་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས། བདག་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མི་འཇིག་པའི་ཕྱིར་རམ། གཟུགས་ཀྱི་འདུ་ཤེས་འཇོག་པའི་ཕྱིར་རོ། །ལྟ་བ་པོ་ལ་གཟུགས་ཀྱི་འདུ་ཤེས་མངོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་གཟུགས་རྣམས་ལ་ལྟ་བ་ཞེས་བརྗོད་ཅེ་ན། ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་ལ་སོགས་པའི་གཟུགས་རྣམས་སུ་མོས་ནས་ལྟ་བའི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་ཐར་པ་ཞེས་བརྗོད་ཅེ་ན། འདིས་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ལ་ཇི་ལྟ་བུ། ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བ་དང༌། གཟུགས་མེད་ཀྱི་འདུ་ཤེས་བཞག་པས་ཀྱང་རུང་སྟེ། སྣང་བའི་གཟུགས་རྣམས་ལ་བལྟ་བའི་གནས་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ནང་གཟུགས་མེད་པའི་འདུ་ཤེས་པ་ཞེས་བརྗོད་པ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་རམ། གཟུགས་མེད་པའི་འདུ་ཤེས་འཇོག་པའི་ཕྱིར་ཏེ། ལྟ་བ་པོ་ལ་མིང་དུ་འདུ་ཤེས་པ་མངོན་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ལྷག་མ་ནི་སྔ་མ་བཞིན་ནོ། །སྡུག་པའི་རྣམ་ཐར་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཇི་ལྟ་བུ། འདི་ལྟ་སྟེ།
ཇི་སྲིད་སྡུག་པ་དང༌། མི་སྡུག་པ་ལ་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རང་གི་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་དང༌། ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་ནས། དེའི་གནས་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ཇི་སྲིད་སྡུག་པ་དང་མི་སྡུག་པར་སྤྲུལ་བའི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །དེ་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་ཞེས་པ་རྒྱ་ཆེར་གང་གསུངས་པ་ནི། སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་དང༌། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་ལ་བརྟེན་ནས། ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པར་འགྱུར་རོ། འདི་ལྟར་སྡུག་པའི་གཟུགས་ཀྱི་འདུ་ཤེས་ལ་ལྟོས་ནས། དེ་ལས་གཞན་པ་རྣམས་ལ་མི་སྡུག་གོ་ཞེས་བྱ་བར་འགྱུར་རོ། །མི་སྡུག་པ་ལ་ལྟོས་ནས་སྡུག་ཅེས་བྱ་བར་འགྱུར་གྱི། མ་ལྟོས་པར་ནི་མ་ཡིན་ཏེ། རིགས་གཅིག་པ་རྣམས་ཉིད་མཐོང་ན་སྡུག་པ་དང་མི་སྡུག་པ་ཉིད་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་སྡུག་པ་རྣམས་ལ་ཡང་མི་སྡུག་པ་ཉིད་རྗེས་སུ་འབྲེལ་ཏེ་མི་སྡུག་པ་རྣམས་ལ་ཡང་སྡུག་པ་ཉིད་རྗེས་སུ་འབྲེལ་ཏོ། །སྡུག་པར་གྲགས་པ་ལ་ཡང་དཔགས་པ་ཙམ་དུ་ཟད་དེ། སྐྲ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ། སྡུག་པ་ཉིད་དུ་རོ་གཅིག་པའི་རྣམ་པའི་འདུ་ཤེས་ཀྱིས་མོས་པར་བྱེད་དོ། །དེ་ལྟར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་མོས་པ་ལ་དབང་འབྱོར་བ་ཐོབ་པ་དེ་སྡུག་པ་དང་མི་སྡུག་པར་སྤྲུལ་པ་ལ་སྒྲིབ་པ་སྤོང་བ་སྟེ། དེར་ནི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་སྤོང་ངོ༌། །སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པ་གང་ཞེ་ན། སྡུག་པའི་གཟུགས་སྤྲུལ་པ་ལ་ནི་ཆགས་པའོ། །མི་སྡུག་པའི་གཟུགས་སྤྲུལ་པ་ལ་ནི་མི་མཐུན་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་གང༌། ཐར་པའི་རྗེས་མཐུན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་གྱི་ལྟ་བར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར་ཀྱང་དེ་བཞིན་
དུ་བལྟ་བར་བྱ་སྟེ། འདི་ལྟར་ཇི་སྲིད་ཞི་བའི་རྣམ་ཐར་ལ་གནས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་དེ་རྣམས་ནི་འཕགས་པ་ཉན་ཐོས་ཀྱི་ཟག་པ་མེད་པའི་རྗས་སུ་མཐུན་པའི་དག་པ་གང་ཡིན་པ་དེ་དག་རྣམ་པར་ཐར་པ་ཞེས་བྱ་བ་ཐོབ་སྟེ། དེའི་རོ་མྱོང་བ་ལས་རྣམ་པར་ཐར་པར་བྱེད་པའི་ཕྱིར་རོ། །ཞི་བའི་རྣམ་པར་ཐར་པ་ནི། གཟུགས་རྣམས་ལས་ཤིན་ཏུ་འདས་ནས་གཟུགས་མེད་པ་གང་ཡིན་པ་དག་སྟེ་དེ་དག་ལ་མི་ཆགས་པ་ལས་ཡོངས་སུ་དག་པའོ། །དེའི་སྒྲིབ་པ་ནི་གཟུགས་མེད་པའི་རོ་མྱོང་བའོ། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་གང༌། འདི་ལྟ་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལ་བརྟེན་ཏེ་ཞི་བའི་རྣམ་ཐར་ལ་གནས་པ་ལས་ཡང་དག་པར་འདས་ནས་ཐར་པ་དང་མཐུན་པར་གནས་པ་ཡང་དག་པར་འབྱོར་བའི་གང་སེམས་དང་སེམས་བྱུང་གི་ཆོས་རྣམས་འགོག་པའོ། །འདུ་ཤེས་དང་ཚོར་བ་འགོག་པའི་གནས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མེད་པའི་ཕྱིར་དམིགས་པ་དང་རྣམ་པ་དང་གྲོགས་ནི་མེད་དོ། །དེའི་རང་བཞིན་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། །དེ་ཡང་ཐར་པ་དང་མཐུན་པའི་གནས་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་གྱུར་པའི་གནས་ཐོབ་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་འབྱུང་བའི་གནས་སྐབས་ན་མཆོག་ཏུ་ཞི་བ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །འཕགས་པ་རྣམས་ལ་ནི་འདི་དག་གིས་གནས་པའི་ཕྱིར། འདི་དག་ནི་འཕགས་པ་གནས་པའི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །དེ་ལ་འཕགས་པ་དག་ནི་གནས་པ་གཉིས་ཀྱིས་ལན་མང་དུ་གནས་ཏེ། གསུམ་པ་དང་བརྒྱད་པས་དེ་མཆོག་ཏུ་གནས་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ལུས་ཀྱི་མངོན་སུམ་དུ་བྱེད་དེ་རྫོགས་པར་བྱས་ནས་གནས་སོ་ཞེས་གསུངས་ཏེ་གཞན་རྣམས་ལ་ནི་མ་ཡིན་ནོ། །གཟུགས་ཅན་དང་གཟུགས་མེད་པའི་རྣམ་པར་ཐར་བ་ལ་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་དུ་ན་དེ་གཉིས་ཀྱི་གནས་གྱུར་པ་རྫོགས་པར་མངོན་དུ་བྱེད་པའི་ཕྱིར་རོ། །ཟིལ་གནོན་གྱི་སྐྱེ་མཆེད་བཞི་
ནི། རྣམ་ཐར་གཉིས་ཀྱིས་རིག་པར་བྱའོ། །བཞི་ནི་གཅིག་གིས་རིག་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དེ་དག་ལ་ནང་གཟུགས་སུ་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་ཆུང་དུ་ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནད་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ་ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི་གཟུགས་ལ་བལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ༌། །ནང་གི་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་ཆུང་དུ་ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་དང༌། ངན་པ་དང༌། བཟང་པོ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ་ཞེས་བྱ་བ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་འདི་གཉིས་ནི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་འབྱུང་ངོ༌། །དེ་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་ནི་རྣམ་པར་ཐར་པ་གཉིས་ཀྱིས་རིག་པར་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོང་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོང་
སྔོན་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སར་པོ། ཁ་དོག་སེར་པོ། །སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིར་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། །དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་བནྡུ་ཛི་བ་ཀའི་མེ་ཏོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་མདོག་གམ། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་དཀར་པོ། ཁ་དོག་དཀར་པོ། །དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་
རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་མནན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བྱ་བ་འདི་ནི། བཞི་ནི་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་རྣམ་པར་ཐར་པ་དེ་ལས་བྱུང་ངོ༌། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་དམིགས་པ་ཆུང་ངུ་ལ་སོགས་པ་ལ་མོས་པར་བྱེད་དོ། །ཟིལ་གྱིས་གནོན་པ་རྣམས་ཀྱིས་ནི་དབང་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏེ། དེའི་ནང་དུ་འདུས་པར་བྱེད་པ་དང༌། དི་ལྟར་འདོད་བཞིན་དུ་བྱེད་པའི་ཕྱིར་རོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་གཏོགས་པའི་གཟུགས་ནི་ཆུང་ངུ་དང༌། ཆེན་པོ་ཞེས་བྱའོ། །དེ་ལ་གཟུགས་ཆུང་ངུ་རྣམས་ནི་སེམས་ཅན་དུ་གཏོགས་པ་སྟེ་ཆུང་བའི་ཕྱིར་རོ། །ཆེན་པོ་རྣམས་ནི་སེམས་ཅན་མ་ཡིན་པར་གཏོགས་ཏེ་ཁང་པ་དང་གཞལ་མེད་ཁང་དང༌། རི་ལ་སོགས་པ་ཆེ་བའི་ཕྱིར་རོ། །མི་དང་ལྷའི་རྣམས་ནི་ངན་པ་དང་བཟང་པོ་རྣམས་སོ། །ཁ་དོག་མཛེས་པ་དང༌། ཁ་དོག་མི་སྡུག་པ་ནི། ཁ་དོག་སྡུག་པ་དང༌། ཁ་དོག་མི་སྡུག་པས་བསྡུས་པ་རྣམས་སོ། །མི་དང་ལྷ་རྣམས་ནི་ངན་པ་དང་བཟང་པོ་རྣམས་ཏེ་གོ་རིམས་བཞིན་ནོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ། །ཤེས་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །དེ་ལྟ་བུར་འདུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་ཏམ། ཟིལ་གྱིས་མ་མནན་ཀྱང་རུང་སྟེ། དེ་ལས་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་ཅན་གྱི་ཕྱིར་རོ། །སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོ་བ་ཉིད་ཀྱི་ཕྱིར་རོ། །སྔོན་པོར་སྟོན་པ་ཞེས་བྱ་བ་ནི་སྦྱར་བ་ལས་གྱུར་པའི་སྔོ་བ་ཉིད་ཀྱི་ཕྱིར་རོ། །འོད་སྔོན་བོ་འབྱུང་བ་རྣམས་ཞེས་བྱ་བ་ནི་དེ་གཉིས་ལས་འོད་འབྱུང་བས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །དཔེ་གཉིས་པོ་དེ་རེ་རེ་ལ་ཡང་ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་ལས་བྱུང་བའི་ཁ་དོག་བརྗོད་པའི་ཕྱིར་
ཏེ། འདི་ལྟ་སྟེ། སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉི་ག་ལ་མཚུངས་པར་བསྟན་པའི་ཐ་ཚིག་གོ །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་ཉིད་ཀྱི་དབང་དུ་བྱས་པ་སྟེ། དེ་ལྷན་ཅིག་སྐྱེས་པའི་སྔོན་པོ་ཡིན་པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱ་པ་སྟེ། དེ་ལ་སྦྱར་བ་ལས་གྱུར་པའི་སྔོ་བ་ཉིད་ཡོད་པའི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི། མེ་ཏོག་དང་རས་གཉི་གའི་དབང་དུ་བྱས་པ་དེ་གཉི་ག་ཡང་འོད་གསལ་བ་ཉིད་ཡོད་པའི་ཕྱིར་རོ། དེ་ལྟར་བྱས་པ་དཔེར་ན་ཟར་མའི་མེ་ཏོག་དང༌། ཡུལ་བཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་བསྟན་པའི་དཔེ་ཡང་འཐད་པར་འགྱུར་རོ། །དེ་བཞིན་དུ་སེར་བོ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ལྷག་མ་ནི་རྣམ་ཐར་ལས་འབྱུང་བ་ཇི་བཞིན་ནོ། །ལྷག་མ་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་པ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་ཞེས་བྱ་བ་ཇི་སྐད་དུ་བསྟན་པའི་རྗེས་སུ་འབྲངས་ནས་བལྟ་བར་བྱའོ། །དེ་ལྟར་ཟིལ་གནོན་གྱི་སྐྱེ་མཆེད་རྣམས་ཀྱི་དམིགས་པ་ཟིལ་གྱིས་མནན་ནས་མ་ལུས་པའི་སྐྱེ་མཆེད་རྣམས་ཀྱིས་མཐའ་ཡས་པར་བྱེད་པའི་གནས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང༌། དེ་དག་དང་མཚུངས་པར་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་ནི་མ་ལུས་པའི་སྐྱེ་མཆེད་ཅེས་བ་ཤད་དོ། །མ་ལུས་པ་ནི་ཁྱབ་པའི་ཕྱིར་ཏེ་ཀུན་ཏུ་མཐའ་ཡས་ཤིང་རྒྱ་ཆེ་ཞེས་བྱ་བའི་དོན་ཏོ། །མ་ལུས་པའི་སྐྱེ་མཆེད་དེ་དག་ནི་བཅུ་ཡིན་ཏེ། ཟད་པར་ས་དང༌། ཟད་པར་ཆུ་དང༌། ཟད་པར་མེད་དང༌། ཟད་པར་རླུང་དང༌། ཟད་པར་སྔོན་པོ་དང༌། ཟད་པར་སེར་པོ་དང༌། ཟད་པར་དམར་པོ་དང༌། ཟད་པར་དཀར་པོ་དང༌། ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །ཅིའི་ཕྱིར་མ་ལུས་པའི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་མ་ལུས་པར་གདགས་ཤེ་ན། གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་མ་ལུས་པའི་སྐྱེ་མཆེད་རྣམས་ལ་སོགས་པ་མ་བཞག་ན་ནི། དེས་ན་གནས་འབྱུང་བ་ཆེན་པོ་རྣམས་མེད་པར་རྒྱུར་བྱས་པའི་གཟུགས་སྔོན་པོ་ལ་སོགས་པ་དེས་ཁྱབ་པར་བྱེད་མི་ནུས་ཏེ། དེས་ན་
གནས་དང་བཅས་པའི་གཟུགས་ལ་ཁྱབ་པར་འབྱོར་བ་ཉིད་ཀྱི་ཕྱིར། དེ་ངག་ནི་མ་ལུས་པར་རྣམ་པར་གཞག་པར་རིག་པར་བྱའོ། །ལྷག་མ་ནི་རྣམ་ཐར་བཞིན་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མ་ལུས་པ་ལ་སོགས་པའོ། །མ་ལུས་པའི་སྐྱེ་མཆེད་རྣམས་ཀྱི་ནི་རྣམ་ཐར་རྣམས་འགྲུབ་བར་བྱེད་དོ། །དེ་ལ་རྣམ་པར་ཐར་པ་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་རྩོམ་མོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་སྦྱོར་རོ། །མ་ལུས་པའི་སྐྱེ་མཆེད་རྣམས་ཀྱིས་ནི་རྣམ་པར་ཐར་པ་རྣམས་ཡོངས་སུ་བསྒྲུབ་པར་རིག་པར་བྱའོ། །ཉོན་མོངས་མེད་པ་གང༌། བསམ་གཏན་ལ་བརྟེན་ཏེ་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་དང༌། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །ཉོན་མོངས་པ་མེད་པར་གནས་པ་ནི་སེམས་ཅན་གང་དག་གི་མིག་ལམ་དུ་སྣང་བར་འདོད་པ་དེ་དག་བདག་ལ་ཉོན་མོངས་པ་ཀུན་དུ་མི་འབྱུང་བར་བྱའོ་ཞེས་བྱ་བའི་བར་དུ་བྱས་ནས་འདུག་བཞིན་དུ་བསམས་ནས་ཤེས་པའི་དབང་གིས་མ་འོངས་པ་ནི་འབྱུང་བར་བལྟ་སྟེ། དེ་ལྟར་དེའི་དྲུང་དུ་འགྲོ་ཡང་རུང་ཅི་ནས་དེར་དེ་དག་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། སོར་སྣ་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་འཐབ་རྩོད་མི་སྐྱེད་དོ། །དེའི་ཕྱིར་ཉོན་མོངས་པ་མེད་པ་ནི་བསམ་གཏན་ལ་བརྟེན་ནས། གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བས་གནས་པ་ཡང་དག་པར་འབྱོར་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ་དེ་སྐད་ཅེས་བྱའོ། །སྨོན་ནས་ཤེས་པ་གང་བསམ་གཏན་ལ་བརྟེན་ཏེ་འདི་ཤེས་པར་བྱའོ་ཞེས་བསམས་ནས་ཡང་དག་པར་འབྱོར་པ་ཞེས་པ་སྔ་མ་བཞིན་ནོ། །བསམས་ནས་ཤེས་པ་ནི་དེ་ཐོབ་པ་གལ་ཏེ་དུས་གསུམ་པ་ལ་སོགས་པ་ཤེས་བྱའི་རྣམ་པ་དེ་ཉིད་ཤེས་པར་གྱུར་པ་འདོད་པར་གྱུར་ན། དེ་དང་དེར་ཤེས་པར་བྱའོ་ཞེས་བསམས་ནས་བསམ་གཏན་ལ་སྙོམས་པར་འཇུག་ཅིང༌། དེ་ལས་ལངས་ནས་དེའི་སྨོན་པ་འགྲུལ་པར་འགྱུར་ཏེ། ཤེས་བྱ་དེ་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོ་ཡང་དག་པར་རིག་པ་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །ཆོས་སོ་སོ་ཡང་
དག་པར་རིག་པ་གང༌། བསམ་གཏན་ལ་བརྟེན་ནས་རྣམ་གྲངས་སུ་གཏོགས་པ་རྣམས་ལ་ཐོགས་པ་མེད་པར་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །འདི་ལྟ་སྟེ། མ་རིག་པ་ལ་སོགས་པ་བརྩམས་ནས་མི་ཤེས་པ་དང་མི་མཐོང་བ་དང༌། མངོན་པར་མི་རྟོགས་པར་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆར་འབྱུང་བའོ། །དོན་སོ་སོ་ཡང་དག་པར་རིག་པ་གང༌། མཚན་ཉིད་དང་དགོངས་པ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང༌། དེ་ན་གཞན་ལ་དགོངས་པ་ལ་སོགས་པ་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །དེས་ཚིག་སོ་སོ་ཡང་དག་པར་རིག་པ་གང༌། མིའི་སྐད་དང་ཆོས་ཀྱི་ངེས་ཚིག་ལ་ཐོགས་པ་མེད་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ཡུལ་མིའི་སྐད་ཅེས་པ་ནི། ཡུལ་སོ་སོ་བས་ཇི་ལྟར་ཕན་ཚུན་རང་དང་སྤྱི་ལ་མིང་གཞན་གྱི་ཐ་སྙད་འདོགས་པའོ། །ཆོས་ཀྱི་ངེས་པའི་ཚིག་ལ་ཞེས་བྱ་བ་ནི། འདི་ལྟ་སྟེ། འཇིག་པ་དང་རབ་ཏུ་འཇིག་པས་དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་དང༌། གཟུགས་སུ་རུང་བས་གཟུགས་ཤེས་པ་ལ་སོགས་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང༌། ཆོས་རབ་ཏུ་དབྱེ་བ་ལ་ཐོགས་པ་མེད་པས་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །འདི་ནི་རྫས་སུ་ཡོད་པའོ། །འདི་ནི་བརྟགས་པའི་ཡོད་པའོ། །ཀུན་རྫོབ་ཏུ་ཡོད་དོ། །དོན་དམ་པར་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཆོས་རབ་ཏུ་འབྱེད་པའོ། །མངོན་ཤེས་རྣམས་ནི་དྲུག་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་དང༌། ལྷའི་རྣ་བའི་མངོན་ཤེས་དང༌། སེམས་ཀྱི་རྣམ་གྲངས་ཀྱི་མངོན་ཤེས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང༌། འཆི་བ་དང་སྐྱེ་བའི་མངོན་ཤེས་དང༌། ཟག་པ་ཟད་པའི་མངོན་ཤེས་སོ། །རྫུ་འཕྲུལ་གྱི་མངོན་ཤེས་གང༌། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆས་རྣམས་སོ། །རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཞེས་པ་ནི། འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་མང་པོར་
འགྱུར་ཞེས་པ་ལ་སོགས་པའོ། །ལྷའི་རྣ་བའི་མངོན་ཤེས་གང༌། བསམ་གཏན་ལ་བརྟེན་ནས་སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །སྒྲ་སྣ་ཚོགས་ཉན་པ་ཡང་དག་པར་འབྱོར་བའི་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའོ། །སེམས་ཀྱི་རྣམ་གྲངས་ཀྱི་མངོན་ཤེས་གང༌། བསམ་གཏམ་ལ་བརྟེན་ནས་སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །འདོད་ཆགས་དང་བཅས་པ་ལ་སོགས་པ་སེམས་ཀྱི་རྒྱུ་བ་ཡང་དག་པ་ཅི་ལྟ་བ་བཞིན་དུ་འདུ་ཤེས་པ་ཡང་དག་པར་འབྱོར་བའི་སེམས་ཞེས་བྱ་བའི་ཐ་ཚིག་གོ །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་གང༌། བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐའི་སྤྱོད་པ་རྗེས་སུ་དྲན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བརྩམས་ཏེ། མིང་དང་རིགས་དང༌། རུས་ལ་སོགས་པའི་རྣམ་པའི་ལོ་རྒྱུས་ཞེས་བྱ་བའི་ཐ་ཚིག་གོ །འཆི་བ་དང་སྐྱེ་བའི་མངོན་ཤེས་གང༌། བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འཆི་བ་དང༌། སྐྱེ་བ་མཐོང་བ་ཡང་དག་པར་འབྱོར་བའི་ཞེས་སྔ་མ་བཞིན་ནོ། །ལྷའི་མིག་གིས་སེམས་ཅན་འཆི་འཕོ་དང་སྐྱེ་བ། ཁ་དོག་བཟང་པོ་དང་ངན་པ་དང༌། བདེ་འགྲོ་དང་ངན་འགྲོ་དང༌། ཕྱི་མའི་མཐའ་ལ་བརྩམས་ཏེ། འཆི་འཕོ་དང་སྐྱེ་བ་མཐོང་བ་ངག་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །ཟག་པ་ཟད་པའི་མངོན་ཤེས་གང༌། བསམ་གཏན་ལ་བརྟེན་ནས་ཟག་པ་ཟད་པ་ཤེས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །ཐབས་གང་གིས་གང་ཟག་པ་རྣམས་ཡོངས་སུ་ཟད་པ་གང་ཡིན་པ་དེ་ཤེས་པ་འགྲུབ་པའི་ཐ་ཚིག་གོ །མཚན་དང་དཔེ་བྱད་བཟང་པོ་རྣམས་གང༌། བསམ་གཏན་ལ་བརྟེན་ནས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཀུན་དུ་སྟོན་པར་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་དང༌། དེ་ལས་བྱུང་བའི་ཆོས་རྣམ་སྨིན་རྣམས་སོ། །གང་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱེད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པའི་གཟུགས་ཀྱི་སྐུ་གདུལ་བྱ་
རྣམས་ལ་ཀུན་དུ་སྟོན་ཅིང༌། དེ་དག་གིས་དེ་དག་ནི་དེའི་རང་བཞིན་དུ་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སྟོན་ནུས་པ་རྣམས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལས་གཞན་པ་འཁོར་གྱི་དཀྱིལ་འཁོར་དག་ཏུ་སྐྱེས་པ་རྣམས་དེ་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་དུ་རིག་པར་བྱའོ། །ཡོངས་སུ་དག་པ་བཞི་པོ་གང༌། གནས་ཡོངས་དག་དང༌། དམིགས་པ་ཡོངས་དག་དང༌། ཐུགས་ཡོངས་དག་དང༌། མཁྱེན་པ་ཡོངས་དག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་རྣམ་པར་ཐམས་ཅད་ཡོངས་སུ་དག་པ་ནི་བཞི་སྟེ། དེ་ལ་གནས་ཡོངས་དག་གང༌། བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་བཞིན་དུ་གནས་ལེན་པ་དང༌། བཞུགས་པ་དང༌། ཡོངས་སུ་གཏོང་བ་དང༌། ཀུན་དུ་སྟོན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །གང་དུ་བཞེད་པ་དེར་སྐྱེ་བ་འཛིན་པ་དང༌། དེར་སྐྱེས་ནས་ཀྱང་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཇི་སྲིད་བཞེད་པར་བཞུགས་པ་དང༌། གང་གི་ཚེ་བཞེད་པ་དེའི་དུས་ན་ཚེའི་འདུ་བྱེད་འདོར་ཏེ་གོ་རིམས་བཞིན་ནོ། །དམིགས་པ་ཡོངས་དག་གང༌། ཇི་ལྟར་བཞེད་བཞིན་དུ་དམིགས་པ་སྤྲུལ་པ་དང༌། བསྒྱུར་བ་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །སྔོན་མ་བྱུང་བའི་གཟུགས་ལ་སོགས་པ་སྤྲུལ་པ་དང༌། སྔོན་བྱུང་བའི་གཟུགས་ལ་སོགས་པ་ལ་གསེར་ལ་སོགས་པར་བསྒྱུར་བ་དང༌། རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཐུགས་ཡོངས་དག་གང༌། ཇི་ལྟར་བཞེད་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བསྒྱུར་བ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །སྐད་ཅིག་རེ་རེ་ལ་ཇི་ལྟར་བཞེད་བཞིན་དུ་ཏིང་ངེ་འཛིན་གཞན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །མཁྱེན་པ་ཡོངས་དག་གང༌། བསམ་གཏན་ལ་བརྟེན་ནས་ཇི་ལྟར་བཞེད་བཞིན་དུ་གཟུངས་ཀྱི་སྒོ་ཀུན་དུ་འཛིན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ཡི་གེ་བཞི་བཅུ་རྩ་གཉིས་ལས་ཡི་གེ་གང་ཡང་རུང་བ་ཡིད་ལ་བྱེད་པ་དེས། ཐོག་མ་ཁོ་ནར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བརྗོད་ནུས་པ་ཐོབ་པ་ཞེས་བྱ་བའི་ཐ་
ཚིག་གོ །སྟོབས་བཅུ་ནི། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་དང༌། ལས་དག་གི་ཅན་མཁྱེན་པའི་སྟོབས་དང༌། བསམ་གཏན་དང༌། རྣམ་ཐར་དང༌། ཏིང་ངེ་འཛིན་དང་སྙོམས་འཇུག་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་གང༌། བསམ་གཏན་ལ་བརྟེན་ནས་གནས་དང་གནས་མིན་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང་དེ་དག་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གི་ཆོས་རྣམས་སོ། །རྒྱུ་དང་རྒྱུ་མ་ཡིན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཆགས་པ་མེད་པ་ཐོགས་པ་མེད་པ་མངོན་སུམ་དུ་གྱུར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །ལས་བདག་གི་ཅན་མཁྱེན་པའི་སྟོབས་གང༌། ལས་བདག་གི་ཅན་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །རྣམ་པ་ཐམས་ཅད་དུ་ལས་བདག་གི་ཅན་མཁྱེན་པ་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་མངོན་དུ་གྱུར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་བཞིན་དུ་གཞན་དུ་ཡང་སྦྱར་བར་བྱའོ། །བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་མཁྱེན་པའི་སྟོབས་གང༌། བསམ་གཏན་དང་རྣམ་ཐར་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་གང༌། དབང་པོ་མཆོག་དང་མཆོག་མིན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་གང༌། མོས་པ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་གང༌། ཁམས་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་གང༌། ཐམས་ཅད་དུ་འགྲོ་བའི་ལམ་གྱི་རྣམ་པ་
ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་གང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །འཆི་བ་དང་སྐྱེ་བ་མཁྱེན་པའི་སྟོབས་གང༌། འཆི་བ་དང་སྐྱེ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ཟག་པ་ཟད་པའི་མཁྱེན་པའི་སྟོབས་གང༌། ཟག་པ་ཟད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །མི་འཇིགས་པ་བཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པ་མཁྱེན་ཕལ་མི་འཇིགས་པ་དང༌། བར་དུ་གཅོད་པའི་ཆོས་སྟོན་པ་ལ་མི་འཇིགས་པ་དང༌། ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་འཇིགས་པ་གང༌། བསམ་གཏན་ལ་བརྟེན་ནས་རང་གི་དོན་ལ་བརྩམས་ཏེ་ཤེས་བྱ་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པར་ཞལ་གྱིས་བཞེས་ཤིང་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་དང་དེ་དག་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་གི་ཆོས་རྣམས་སོ། །ང་མངོན་པར་རྫོགས་པར་འཚང་རྒྱས་སོ་ཞེས་བྱ་བའི་ཐ་ཚིག་འདི་ལ་ཆོས་འདི་དག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་དང༌། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ང་ལ་རྒོལ་བའམ་དྲན་པར་བྱེད་པའི་མཚན་མ་མི་མཐོང་སྟེ། མཚན་མ་དེ་དག་མི་མཐོང་བས་བདེ་བ་ཐོབ། མི་འཇིགས་པ་ཐོབ། བག་ཚ་བ་མེད་པ་ཐོབ་ནས་གནས་སོ། །ཁྱུ་མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་འཆེའོ། །ཚངས་པའི་འཁོར་ལོ་བསྐོར་རོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ །ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་པ་གང༌། རང་གི་དོན་ལ་བརྩམས་ཏེ། ཟག་པའི་རྣམ་པ་ཐམས་ཅད་ཟད་པར་ཞལ་གྱིས་འཆེས་ཤིང་གནས་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ང་ཟག་པ་ཟད་དོ་ཞེས་བྱ་བ་ལ། ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་ཞེས་བྱང་ཀུན་སྔར་བཞིན་ནོ། །བར་དུ་གཅོད་པ་ལ་མི་འཇིགས་པ་གང༌། གཞན་གྱི་དོན་ལ་བརྩམས་ཏེ། བར་དུ་གཅོད་པའི་ཆོས་རྣ་པ་ཐམས་ཅད་སྟོན་པར་ཞལ་ཞིས་འཆེས་ཤིང་གནས་པ་ཡང་དག་
པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་གང་དག་བསྙད་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་རྒྱ་ཆེར་རོ། །ངས་པར་འབྱིན་པའི་ལམ་ལ་མཁས་པ་གང༌། བསམ་གཏན་ལ་བརྟེན་ནས་གཞན་གྱི་དོན་ལས་བརྩམས་ཏེ། ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེ་ཞིང་གནས་པ་ཡང་དག་པར་འབྱོར་བའི་ཞེས་པ་སྔ་མ་བཞིན་ནོ། །ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར་འཕགས་པ་ངེས་པར་འབྱིན་པ་ངེས་པར་འབྱུང་བའི་ལམ་གང་བཤད་པ་དེ་ཡང་དག་པར་ངེས་པར་འབྱུང་བ་མ་ཡིན་ནོ་ཞེའམ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་དང༌། སྡུག་བསྔལ་གྱི་མཐའ་མ་མེད་པར་མི་འགྱུར་རོ་ཞེས་འདི་ལ་དགེ་སྦྱོང་ངམ། བྲམ་ཟེ་སུས་ཀྱང་ང་ལ་ཞེས་བྱ་བ་ནས། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཞེས་བྱ་བའི་བར་དུ་རྒྱ་ཆེར་རེ་རེ་ལ་ཡང་བརྗོད་པར་བྱའོ། །མི་འཇིགས་པ་བཞི་པོ་འདི་དག་ནི་རང་གི་དོན་དང་གཞན་གྱི་དོན་ལས་བརྩམས་པར་རིག་པར་བྱ་སྟེ། དེ་ལ་རང་གི་དོན་ནི་རྣམ་པ་གཉིས་ཏེ། ཡེ་ཤེས་ཀྱི་ཁྱད་པར་དང༌། སྤངས་པའི་ཁྱད་པར་གྱི་ཕྱིར་རོ། །གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཆོས་ཡོངས་སུ་སྤོང་བ་དང༌། གཉེན་པོའི་ཆོས་ལ་བརྟེན་པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི། ཡེ་ཤེས་ཀྱི་བདག་ཉིད་རང་གི་དོན་ལ་བརྩམས་ནས་རྣམ་པ་ཐམས་ཅད་དུ་ངས་རབ་ཏུ་དབྱེ་བའི་མཐའ་དང་བཅས་པར་ཤེས་བྱ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཞལ་གྱིས་འཆེས་པ་དེ་ལ་ཡང་དག་པར་རྒོལ་པ་མེད་པར་འཇིག་རྟེན་ཐམས་ཅད་དུ་འཇོག་པ་ཡང་དག་པའི་ཏིང་ངེ་འཛིན་དང༌། ཤེས་རབ་དང་དེ་དག་དང་མཚུངས་པར་ལྡན་པའི་ཞེས་བྱ་སྔ་མ་བཞིན་ནོ། །མི་འཇིགས་པ་ལྷག་མ་རྣམས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །ཟག་པའི་རྣམ་པ་ཐམས་ཅད་ཅེས་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་སུ་བལྟ་བར་བྱའོ། །བར་དུ་གཅོད་པའི་ཆོས་རྣམས་པ་ཐམས་ཅད་ཅེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཀུན་ནས་ཉོན་མོངས་པ་ཐམས་ཅད་དུ་བལྟ་བར་བྱའོ། །ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སྦྱོར་བའི་ལམ་ནས་བཟུང་སྟེ་མཐར་ཕྱིན་པའི་ལམ་གྱི་བར་དུ་བལྟ་བར་བྱའོ། །དྲན་པ་ཉེ་བར་གནས་གསུམ་གང་ཚོགས་ཡོངས་སུ་སྡུད་དེ། ཀུན་ནས་ཉོན་མོངས་
པའི་རྣམ་པ་ཐམས་ཅད་ཀུན་དུ་མི་འབྱུང་བ་རྟོགས་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་གསུམ་ནི། འདི་ལ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་ཆེན་པོ་དང་ལྡན་པ་དོན་བཞེད་པ། ཕན་པ་བཞེད་པ། ཐུགས་བརྩེ་བ་ཅན་ཉན་ཐོས་རྣམས་ལ་དགེ་སྦྱོང་དག་འདི་ནི་ཕན་པར་འགྱུར་བའོ། །འདི་ནི་བདེ་བར་འགྱུར་བའོ། །འདི་ནི་ཕན་པ་དང་བདེ་བར་འགྱུར་བའོ་ཞེས་ཆོས་སྟོན་པ་དེ་ལ་ཉན་ཐོས་དེ་དག་གུས་པར་ཉན་པ་དང༌། རྣ་པ་གཏོད་པ་དང༌། ཀུན་ཤེས་པའི་སེམས་ཉེ་བར་འཇོག་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དེ་ལ་དེ་བཞིན་གཤེགས་པ་དགྱེ་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་དགའ་བར་ཡང་ཡ་བོར་མི་འགྱུར་གྱི་བཏང་སྙོམས་ཅན་དུ་དེ་བཞིན་གཤེགས་པ་དེ་ལ་གནས་ཏེ་དྲན་པ་དང༌། ཤེས་བཞིན་དང་ལྡན་པ་འདི་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་སྟེ། གང་འཕགས་པ་སྟེན་པ་བསྟེན་ནས་ཀྱང་འཁོར་ལ་རྗེས་སུ་བསྟན་པར་འོས་པའོ། །གཞན་ཡང་སྟོན་པ་འདི་ནི་ཕན་པ་དང་བདེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ཆོས་སྟོན་པ་དེ་ལ་ཉན་ཐོས་དེ་དག་གུས་པར་མི་ཉན་པ་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་བར་དེ་ལ། དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར། ཐུགས་མི་མཉེས་པར་མི་འགྱུར་གྱི་བཏང་སྙོམས་ཅན་དུ་དེ་ལ་ཞེས་བྱ་བར་རྒྱ་ཆེར་སྦྱར་ཏེ་འདི་ནི་གཉིས་པའོ། །གསུམ་པའི་བྱེ་བྲག་ནི་འདི་ཡིན་ཏེ། དེ་ལ་ཉན་ཐོས་ཁ་ཅིག་གུས་པར་ཉན་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་བར་དུ་བྱེད་པ་དང༌། ཁ་ཅིག་གུས་པར་མི་ཉན་པ་ནས། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མི་སྒྲུབ་པའི་པར་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་པ་ནས། ཐུགས་མི་མཉེས་པར་མི་འགྱུར་བའི་བར་དུའོ། །དྲན་པ་ཉེ་བར་གཞག་པ་གསུམ་པོ་འདི་དག་ནི། སྟོ་པ་ཚོགས་ཡོངས་སུ་སྡུད་བ་ལ་གོ་རིམས་བཞིན་དུ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། དེ་གཉི་གའི་ཀུན་ནས་ཉོན་མོངས་པ་དང༌། བག་ཆགས་ཀྱི་རྣམ་པ་ཐམས་ཅད་ཀུན་དུ་མི་འབྱུང་བ་དང་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །བསྲུང་མེད་གསུམ་གང༌། ཚོགས་ཡོངས་སུ་སྲུང་བ་ཉིད་ལ་ཇི་ལྟར་བཞེད་པ་བཞིན་གདམས་པ་དང༌། རྗེས་སུ་བསྟན་པར་སྦྱོར་བ་ཡང་དག་པར་འབྱོར་བའི་ཞེས་
པ་སྔ་མ་བཞིན་ནོ། །བསྲུང་བ་མེད་པ་གསུམ་ནི། མདོ་གཞན་ལས་ཇི་ལྟར་དེ་བཞིན་གཤེགས་པ་སྐུའི་ཕྲིན་ལས་ཀྱིས་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་སྟེ། བདག་ལ་གཞན་གྱི་ཤེས་སུ་འོང་ངོ་ཞེས་དཔྱས་པར་དགོངས་པ་མེད་པ་དང༌། དེ་བཞིན་དུ་གསུངས་དང་ཐུགས་ཀྱི་ཕྲིན་ལས་ལ་ཡང་རིག་པར་བྱའོ། །དེ་དག་གི་ཐ་སྙད་གདགས་སུ་མེད་པས། དོགས་པ་མི་མངའ་བའི་ཕྱིར། སྟོན་པ་ཉིད་ཀྱིས་འདུལ་བའི་སྐྱེ་བོ་བསྡུ་བ་ལས་བརྩམས་ཏེ། ཇི་ལྟར་བཞེད་པ་དེ་བཞིན་དུ་ཚར་བཅད་དེ་སྦ་བཀོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ལ་སྦྱོར་བ་ཡང་དག་པར་འབྱོར་པ་གསུམ་དུ་འགྱུར་བར་རིག་པར་བྱའོ། །བསྙེལ་བ་མེད་པའི་ཆོས་ཉིད་གང༌། ཇི་ལྟ་བ་བཞིན་དུ་མཛད་པ་དང༌། གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་ཡང་དག་པར་འབྱོར་བའི་ཞེས་བ་སྔ་མ་བཞིན་ནོ། །འདུལ་བའི་བྱ་བ་ཐམས་ཅད་ལ་བརྩམས་ཏེ་ཇི་ལྟ་བ་བཞིན་དུ་མཛད་པ་ལ་སོགས་པ་དང༌། དེ་སྐད་གསུངས་པའི་རྣམ་པ་ཐམས་ཅད་མངོན་པར་བརྗོད་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །བག་ཆགས་ལེགས་པར་བཅོམ་པ་གང༌། ཐམས་ཅད་མཁྱེན་པ་ཉིད་དུ་གྱུར་ནས་ཐམས་ཅད་མཁྱེན་པ་མ་ཡིན་པའི་གཡོ་བ་ཀུན་དུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ཐམས་ཅད་མཁྱེན་པར་གྱུར་ནས་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ལྷག་མ་ཡོད་པར་སྟོན་པའི་སྐུ་དང༌། གསུང་གི་གཡོ་བ་ཀུན་དུ་མི་འབྱུང་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །ཐུགས་རྗེ་ཆེན་པོ་གང༌། རྒྱུན་མི་འཆད་པ་སྡུག་བསྔལ་ལ་དམིགས་པའི་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཞེས་པ་སྔ་མ་བཞིན་ནོ། །ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལ་དམིགས་ནས་ཐུགས་རྗེ་ལ་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །སངས་རྒྱས་ཀྱི་ཆོས་ཐུན་མོང་མ་ཡིན་པ་དེ་རྣམས་ཀྱང་གང༌། སྐུ་དང༌། གསུང་དང༌། ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་ཡང་དག་པར་འབྱོར་པ་དང༌། དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་བ་དང༌། ཐུན་མོང་མ་
ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་བ་དང༌། ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཞེ་ན་སྔ་མ་བཞིན་ནོ། །མདོ་སྡེ་ལས་ཇི་སྐད་གསུངས་པའི་རྗེས་སུ་འབྲངས་ཏེ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང། ཅ་ཅོ་མེད་པ་དང༌། བསྙེལ་བ་མེད་པ་དང༌། སེམས་མཉམ་པར་མ་བཞག་པ་མེད་པ་དང༌། ཐ་དད་པའི་འདུ་ཤེས་མེད་པ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང༌། འདུན་པ་ཉམས་པ་མེད་པ་དང༌། བརྩོན་འགྲུས་ཉམས་པ་མེད་པ་དང༌། དྲན་པ་ཉམས་པ་མེད་པ་དང༌། ཏིང་ངེ་འཛིན་ཉམས་པ་མེད་པ་དང༌། ཤེས་རབ་ཉམས་པ་མེད་པ་དང༌། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང༌། དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང༌། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང༌། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སོ། །དེ་དག་གི་རྣམ་པར་བཞག་པ་ནི་འདི་ལྟ་སྟེ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན། རེས་འགའ་གླང་པོ་ཆེ་གཏུམ་པོ་དང་ལྷན་ཅིག་འགྲོ་བ་དང༌། གླང་པོ་ཆེ་གཏུམ་པོ་དང་ཇི་ལྟ་བ་བཞིན་དུ། རྟ་གཏུམ་པོ་དང༌། བརྡུངས་ཞུས་པ་དང༌། ཁྱི་ཟ་བ་དང༌། ཚང་ཚིང་ཚེར་མས་འཛིངས་པ་དང༌། སྤྲུལ་རྐང་པ་གཉི་གས་བརྫིས་པ་དང༌། གང་དུ་བུད་མེད་མི་རིགས་མས་བསྐྱེད་པས་བོས་པའི་ཁྱིམ་དེ་ལྟ་བུར་འཇུག་པ་དང༌། དགོན་པར་ལམ་ནོར་ནས་ལམ་ལོག་པར་འགྲོ་བ་དང༌། ཆོམ་རྐུན་རྣམས་དང༌། རྐུན་པོ་དང༌། སེང་གེ་དང༌། སྟག་དང༌། སྤྱང་ཀི་དང་ལྷན་ཅིག་འགྲོ་བ་དང༌། དེ་ལྟ་བུ་དང་མཐུན་པ་ལ་སོགས་པ་དགྲ་བཅོམ་པའི་འཁྲུལ་པ་སྟེ། དེ་བཞིན་གཤེགས་པ་ལ་ཐམས་ཅད་དུ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པ་ནགས་ཁྲོད་ཆེན་པོར་རྒྱུ་བ་ན་ལམ་ནོར་ཏེ། གྲོང་སྟོང་དུ་ཕྱིན་ནས་སྒྲ་འབྱིན་པ་དང༌། སྒྲ་སྒྲོགས་པ་དང༌། ཀུ་ཅོ་ཆེར་འདོན་པ་དང༌། བག་ཆགས་
ཀྱི་ཉེས་པ་ལ་བརྟེན་ནས། ཉོན་མོངས་པ་ཅན་གྱི་གང་མོ་རྟ་གད་སོ་སྣང་བར་རྒོད་པ་དང༌། འཕྱ་བ་ཉེ་བར་སྟོན་པ་དང༌། དེ་ལྟ་བུ་དང་མཐུན་པའི་དགྲ་བཅོམ་པའི་ཅ་ཅོ་དེ་དག་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་པ་ཉིད་དེ། ཉོན་མོངས་པ་མེད་པར་ཡུན་རིང་པོ་ནས་མཛད་པ་དང༌། གསུངས་པ་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་ན་མཉམ་པར་གཞག་པར་འགྱུར་གྱི། ལངས་ནས་མཉམ་པར་གཞག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་སེམས་མཉམ་པར་མ་བཞག་པ་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་ཤིན་ཏུ་མི་མཐུན་པའི་འདུ་ཤེས་སུ་འགྱུར་ཞིང༌། ཕུང་པོ་མེད་པ་མྱ་ངན་ལས་འདས་པ་ཞི་བའི་དུ་ཤེས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་མྱ་ངན་ལས་འདས་པ་ནི་ཐ་དད་པའི་འདུ་ཤེས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་རོ། །དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་དང་མཐུན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་མ་དག་པ་ལས་བརྩམས་ཏེ་འདུན་པ་ལས་ཀྱང་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པའོ། །བརྩོན་འགྲུས་དང༌། དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཀྱང་ཡོངས་སུ་ཉམས་སོ། །དེ་བཞིན་གཤེགས་པ་ལ་ནི་ཡོངས་སུ་ཉམས་པ་འདི་དྲུག་མེད་དོ། །གཞན་ཡང་དགྲ་བཅོམ་པ་ནི་རེས་འགའ་ལུས་ཀྱི་ལས་དགེ་བ་ལ་འཇུག །རེས་འགའ་ལུང་དུ་མ་བསྟན་པ་ལ་འཇུག་གོ ། ལུས་ཀྱི་ལས་ལ་ཇི་ལྟ་བ་བཞིན་དུ་ངག་གི་ལས་དང་ཡིད་ཀྱི་ལས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཕྲིན་ལས་གསུམ་པ་ནི། །ཡེ་ཤེས་སྔོན་དུ་འགྲོ་བ་དང༌། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ལུང་དུ་མ་བསྟན་པའི་ལས་མེད་དོ། །དེ་ལས་ཡེ་ཤེས་ཀྱིས་ཀུན་ནས་བསླང་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བའོ། །ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །གཞན་ཡང་དགྲ་བཅོམ་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར་མི་འགྱུར་ཏེ། དེས་ན་དེའི་ཡེ་ཤེས་མཐོང་བའི་ཆགས་པར་འགྱུར་རོ། །ཐམས་ཅད་རྟོགས་པར་ཡང་མི་འགྱུར་ཏེ། དེས་
ན་དེའི་ཡ་ཤེས་མཐོང་བ་ཐོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་ཏེ། དེ་ལྟ་བས་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བའོ། །དེ་ལ་འདི་དག་ལས་དང་པོ་དྲུག་ནི། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པར་ཡོངས་སུ་དག་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་འཁྲུལ་པ་མེད་ཅེས་བྱ་བ་ནི། སྐུའི་ཕྲིན་ལས་ཡོངས་སུ་དག་པ་ལས་བརྩམས་པའོ། །ཅ་ཅོ་མེད་ཅེས་བྱ་བ་འདི་ནི་གསུང་གི་ཕྲིན་ལས་ཡོངས་སུ་དག་པ་ལས་བརྩམས་པའོ། །བསྙེལ་བ་མེད་པ་དང་ཐ་དད་པའི་འདུ་ཤེས་མེད་པ་དང༌། སེམས་མཉམ་པར་མ་བཞག་པ་མེད་པ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་འདི་བཞི་ནི་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པའི་དབང་དུ་བྱས་པར་རིག་པར་བྱའོ། །འདུན་པ་ཉམས་པ་མེད་ཅེས་བྱ་བ་ནི། རྣམ་པར་གྲོལ་བ་ཉམས་པ་མེད་པ་ཞེས་བྱ་བའི་བར་དུ་དྲུག་ནི། དེ་བཞིན་གཤེགས་པའི་དབང་པོ་གནས་དང་བཅས་པ་དང༌། འབྲས་བུ་དང་བཅས་པ་རྣམས་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པར་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་གནས་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་པའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པར་རིག་པར་བྱའོ། །ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་འདི་གསུམ་ནི་ཐུན་མོང་མ་ཡིན་པའི་ཕྲིན་ལས་མཛད་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །འདས་པའི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་དུས་ལ་ཞེས་བྱ་བ་འདི་གསུམ་ནི་ཡེ་ཤེས་ལ་གནས་པ་ཐུན་མོང་མ་ཡིན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ལ་སོགས་པའོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་གང༌། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དང༌། ཁྱད་པར་གྱི་མཚན་ཉིད་རབ་ཏུ་དབྱེ་བའི་མཐུར་ཐུག་པ་མཁྱེན་པར་གྲུབ་ཅེས་བྱ་བའི་ཐ་ཚིག་གོ །ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་
སྒྲུབ། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་གྲུབ་བོ། །ཚད་མེད་པ་རྣམས་ཇི་ལྟར་མངོན་པར་ཤེས་པ་ལྔ་འམ་དེ་བཞིན་ནོ། །ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་འམ་དེ་བཞིན་གཤེགས་པའང་རུང་སྟེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས། མངོན་པར་གྲུབ་པའོ། །དེ་ཡང་ཅིའི་ཕྱིར་བསམ་གཏན་ལ་བརྟེན་ནས། ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་དག་ནི་མངོན་པར་གྲུབ་པའི་གནས་དང༌། མངོན་པར་གྲུབ་པ་པོ་གང་ཟག་དང༌། མངོན་བར་སྒྲུབ་པའི་ཐབས་ཀྱིས་ཡོངས་སུ་བསྟན་ཏོ། །མངོན་པར་སྒྲུབ་པའི་ཐབས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པ་སྟེ། ཇི་ལྟར་བསྟན་པ་བཞིན་དུ་སེམས་མཉམ་པར་བཞག་པས་ཡང་དང་ཡང་དུ་དེ་ལ་འཇོག་ཅེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ། ཚད་མེད་པ་མངོན་པར་བསྒྲུབ་པར་འདོད་པ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ་དང༌། འདྲེན་ཟླ་མེད་ཅེས་བྱ་བ་ལ་སོགས་པ་བསྟན་པ་བསམ་གཏན་ལ་བརྟེན་ནས་བསམ་པ་ཡིད་ལ་བྱེད་པས་མང་དུ་བྱེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་བསྒྲུབ་པར་འདོད་པ་དང༌། གཅིག་ཏུ་གྱུར་ནས་མང་པོར་གྱུར་ཅེས་བྱ་བ་ལ་སོགས་པ་རྣམ་པར་གཞག་པ་ཡིད་ལ་བྱེད་པས་མང་དུ་བྱེད་དོ་ཞེས་བྱ་བ་སྦྱར་བར་བྱའོ། །ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བ་ལ་ཉེ་བར་གནས་པ་དང༌། གནས་པ་ལས་གྱུར་པའོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་གང༌། དེ་དག་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་ཀུན་རྫོབ་ཤེས་པའི་རང་བཞིན་དུ་བལྟ་བར་བྱའོ། །ཡང་གནས་པ་ལས་གྱུར་པ་གང༌། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་ནི། གང་དག་གི་འཕགས་པ་ཅི་རིགས་སུ་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པའི་ལས་བྱེད་དོ། །གནས་པ་ལས་གྱུར་པ་ནི་མཆོག་ཏུ་ཞི་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་དམིགས་པ་མེད་པའི་ཚད་མེད་པ་ལ་སོགས་པ་གང་དག་གི་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །ཚད་མེད་པ་རྣམས་ཀྱིས་ལས་ཅི་མཛད། མི་མཐུན་པའི་ཕྱོགས་སྤྱོད་ངོ༌། །ཐུགས་བརྩེ་བར་གནས་
པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལས་མི་སྐྱོའོ། །དེ་ལ་ཚད་མེད་པ་རྣམས་ཀྱིས་ནི་མི་མཐུན་པའི་ཕྱོགས་སྤོང་ངོ་ཞེས་བྱ་བ་ནི་གནོད་སེམས་དང༌། རྣམ་པར་འཚོ་བ་དང༌། མི་དགའ་བ་དང༌། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། གོ་རིམས་བཞིན་ནོ། །ཚད་མེད་པ་བཞི་པོ་འདི་དག་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། འདི་དག་གིས་སེམས་ཅན་གྱི་དོན་གྱི་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གིས་གནས་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་གནས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ་ལ་མི་སྐྱེ་ཏེ། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་བདག་ལ་མི་ལྟ་བའི་ཕྱིར་རོ། །རྣམ་ཐར་རྣམས་ཀྱིས་ལས་ཅི་མཛད། སྤྲུལ་པའི་ལས་མངོན་པར་སྒྲུབ་པའོ། སྡུག་པར་སྤྲུལ་བ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །ཞི་བའི་རྣམ་ཐར་རྣམས་ལ་མི་ཆགས་སོ། །མོས་པའི་ཕྱིར་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་གནས་སོ། །རྣམ་པར་ཐར་པ་རྣམས་ལས་གཉིས་ནི་སྤྲུལ་པའི་ལས་མངོན་པར་སྒྲུབ་པོ། །གསུམ་པས་ནི། དགེ་བ་སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གཟུགས་མེད་པའི་རྣམ་པར་ཐར་པ་བཞིས་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐབས་ནི་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་ཏེ་དེ་དེ་ལྟར་མོས་པའི་དོན་ནི་རྣམ་པར་ཐར་པའི་དོན་དུ་རིག་པར་བྱའོ། །ཟིལ་གནོན་གྱི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད་དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར། རྣམ་ཐར་གསུམ་པོ་དག་དམིགས་པ་ལས་དབང་བསྒྱུར་བར་མཛད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ལས་ཀྱང་སྔ་མ་བཞིན་དུ་དེ་ལྟར་བསྟན་པའི་ཚུལ་དུ་སྦྱར་བར་བྱའོ། །མ་ལུས་པའི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད། མཐའ་ཡས་པར་མཛད་པའི་ཕྱིར། རྣམ་ཐར་གྱི་དམིགས་པས་ཡོངས་སུ་སྒྲུབ་པར་མཛད་དོ། །ཉོན་མོངས་པ་མེད་པས་ལས་ཅི་མཛད། བཟུང་བའི་ཚིག་ཏུ་འགྱུར་རོ། །གཞན་གྱི་སེམས་རྗེས་སུ་སྲུང་བ་གཅེས་སུ་བྱེད་པ་ཇི་ལྟར་མཐུན་པ་བཞིན་དུ་སྨྲ་བའི་ཕྱིར་རོ། །སྨོན་ནས་ཤེས་པས་ལས་ཅི་མཛད་བྱུང་བ་དང་འབྱུང་བར་འགྱུར་བ་དང༌། ད་ལྟར་གྱི་ལུང་སྟོན་པ་དང༌། འཇིག་རྟེན་མང་པོས་བཀུར་བར་
འགྱུར་རོ། །ཐམས་ཅད་ཤེས་སོ་ཞེས་གུས་པར་བྱས་པའི་ཕྱིར། འཇིག་རྟེན་མང་པོས་བཀུར་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ལས་ཅི་མཛད། བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་མཛད་དོ། །རྣམ་པ་སྣ་ཚོགས་མང་པོས་ཐེ་ཚོམ་གཅོད་པའི་ཕྱིར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་ལས་ཅི་མཛད། ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་འདུན་པར་མཛད་དོ། །སེམས་ཀུན་རྗོད་པས་ཀྱང་འདུན་པར་མཛད་དོ། །སེམས་ཅན་གྱི་སྤྱོད་པ་དང༌། འོང་བ་དང༌། འགྲོ་བ་མཁྱེན་ནས་སེམས་ཅན་རྣམས་ངེས་པར་འབྱུང་བ་ལ་ཇི་ལྟར་ཚིག་གསུང་ངོ། །རྫུ་འཕྲུལ་དང་ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ཀྱིས་ནི་གོ་རིམས་བཞིན་དུ་ལུས་ཀྱི་ལས་ལ་སོགས་པ་བསྟན་པ་ལ་འདུན་བར་མཛད། ལྷའི་རྣ་བའི་མངོན་པར་ཤེས་པས་ནི་སྒྲའི་རྣམ་པ་ཐམས་ཅད་རྟོགས་ནས་ངག་གི་ལས་ཀྱི་འདུན་པར་མཛད་པར་རིག་པར་བྱའོ། །མཚན་དང་དཔེ་བྱང་བཟང་པོ་རྣམས་ཀྱིས་ལས་ཅི་མཛད། མཐོང་མ་ཐག་ཏུ་སྐྱེས་བུ་ཆེན་པོ་ཉིད་དུ་ཡིད་ཆེས་སྐྱེའོ། །གཞན་གྱི་སེམས་མངོན་པར་དང་བར་འགྱུར་རོ། །ཡོངས་སུ་དག་པར་ལས་ཅི་མཛད། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་ཏོ། །བཞེད་ན་བསྐལ་པ་ལས་ལྷག་པར་བཞུགས་སོ། །ཚེའི་འདུ་བྱེད་ཀྱང་འདོར་རོ། །ཆོས་ལ་དབང་བསྒྱུར་རོ། །ཏིང་ངེ་འཛིན་ལ་དབང་བསྒྱུར་རོ། །དམ་པའི་ཆོས་ཀྱང་ཡང་དག་པར་འཛིན་ཏོ། །གནས་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་གནས་ངན་ལེན་པ་དང༌། བཞུགས་པ་དང༌། ཡོངས་སུ་གཏོང་བའི་དབང་དུ་མཛད་ནས་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་གསུམ་དུ་རིག་པར་བྱའོ། །དམིགས་པ་ཡོངས་སུ་དག་པ་ནི་ཆོས་ལ་དབང་བསྒྱུར་རོ། །སེམས་ཡོངས་སུ་དག་པས་ནི་ཏིང་ངེ་འཛིན་ལ་དབང་བསྒྱུར་རོ། །ཡེ་ཤེས་ཡོངས་སུ་དག་པས་ནི་དམ་པའི་ཆོས་ཡང་དག་པར་འཛིན་ཏོ། །སྟོབས་ཀྱིས་ལས་ཅི་མཛད། རྒྱུར་མེད་པ་དང༌། མི་མཐུན་པའི་རྒྱུར་སྨྲ་བ་དང༌། མ་བྱས་པ་དང༌། ཕྲད་པར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོང་བའི་ལམ་སྟོན་ཏོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང༌། བཤད་པའི་སྣོད་དང༌། བསམ་པ་དང༌། བག་ལ་ཉལ་བ་དང༌། དམིགས་པ་
དང། ཚོགས་དང༌། འོས་སུ་འགྱུར་བ་དང༌། ངེས་པར་ཡང་དག་པར་རྗེས་སུ་རྟོགས་ནས་ཇི་ལྟ་བར་འོས་པར་ལེགས་པའི་ལམ་སྟོན་ཏོ། །བདུད་ཐམས་ཅད་ཀྱང་ཆར་གཅོད་དོ། །ཐམས་ཅད་དུ་དྲི་བ་དྲིས་པ་ཡང་ལུང་སྟོན་པ། སྟོབས་རྣམས་ཀྱི་ནང་ནས་སྟོ་བས་གཉིས་ནི་མངོན་པར་མཐོ་བའི་ལམ་སྟོན་ཏོ། །ལྷག་མ་རྣམས་ཀྱིས་ནི་ངེས་པར་ལེགས་པའི་ལམ་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཛད་པ་ནི་འདི་དག་གོ །དེ་ལ་བཅོམ་ལྡན་འདས་ཀྱིས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི། །མངོན་པར་མཐོ་བའི་རྒྱུ་མེད་པ་ལས་བྱུང་བ་དང་རང་བཞིན་དང་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་ངོ་ཞེས་རྒྱུ་མེད་པ་དང༌། མི་མཐུན་པའི་རྒྱུར་སྨྲ་པ་དེ་སྤོང་ངོ༌། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་ནི་བདག་གིས་མ་བྱས་ཀྱང་ལས་འོང་ངོ་ཞེས་མ་བྱས་པ་དང་ཕྲད་པར་སྨྲ་བ་དེ་སྤོངས་ཏེ། འདི་ལྟར་ཡང་དག་པར་མ་ནོར་བ་བདེ་འགྲོའི་ལམ་སྟོན་ཏོ། །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་ནི། སེམས་ཀྱི་རྒྱུ་པ་སེམས་ཀྱི་སྤྱོད་པ་རྣམས་ཏེ། སེམས་ཀྱི་རྒྱུ་པ་རྣམས་རྟོགས་སོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ནི་བཤད་པའི་སྣོད་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་སྨིན་པ་རྗེས་སུ་རྟོགས་སོ། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི་བསམ་པ་སྟེ། ངན་པ་དང༌། བཟང་པོ་ལ་མོས་པ་རྗེས་སུ་རྟོགས་སོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་ནི། བག་ལ་ཉལ་སེལ་ནུས་པའི་ཉོན་མོངས་པ་རྗེས་སུ་རྟོགས་སོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་ནི། དམིགས་པ་ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་བསྟན་པའི་ཆོས་ཀྱིས་བསྡུས་པ་རྗེས་སུ་རྟོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་ནི། ཚེ་རབས་སྔ་མ་དག་ལ་ཚོགས་ཡང་དག་པར་བསྒྲུབ་པ་འཕགས་པའི་ལམ་གྱི་རྒྱུ་རྗེས་སུ་རྟོགས་སོ། །འཆི་འཕོ་དང༌། སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་ནི། ཕྱི་མ་ལ་འོས་སུ་འགྱུར་བ་རྗེས་སུ་རྟོགས་སོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་ནི། འཇིག་རྟེན་ཐམས་ཅད་ངེས་པར་འབྱུང་བ་རྗེས་སུ་རྟོགས་ཏེ། གང་ལས་ཇི་ལྟ་བ་བཞིན་དུ་ཐར་པའི་ལམ་སྟོན་ཏོ། །སྟོབས་ཉིད་ནི་འདི་དག་གི་ཕུང་
པོ་དང། ཉོན་མོངས་པ་དང༌། ལྷའི་བུ་དང༌། འཆི་བདག་གི་བདུད་ཚར་གཅོད་པའི་ཁྱད་པར་གྱི་ཕྱིར་རོ། །ཁྱད་པར་ནི་ཤེས་བྱའི་སྒྲིབ་པ་སྤངས་ནས་བར་ཆད་མི་བྱེད་པ་དང༌། གནས་དང་གནས་མ་ཡིན་པ་ནས་ཟག་པ་ཟད་པའི་བར་ཐམས་ཅད་དུ་དྲི་བ་དྲིས་ན། འདྲི་བ་ལུང་སྟོན་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ཀྱིས་ལས་ཅི་མཛད། འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པ་ཡིན་པར་རྣམ་པར་འཇོག་གོ །རྒོལ་པ་བཞིན་མུ་སྟེགས་ཅན་རྣམས་ཀྱང་ཚར་གཅོང་དོ། །འཁོར་གྱི་ནང་དུ་བདག་སྟོན་པ་ཡང་དག་པར་བདག་དང༌། གཞན་ལ་ཕན་པར་ཞུགས་པ་ཉིད་དུ་རྣམ་པར་འཇོག་གོ །མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ལམ་གྱི་བར་རྒོལ་པའི་མུ་སྟེགས་ཅན་རྣམས་ཆོས་དང་མཐུན་པར་ཚར་གཅོད་དོ། །དྲན་པ་ཉེར་གནས་རྣམས་ཀྱིས་ལས་ཅི་མཛད། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཚོགས་ཡོངས་སུ་སྡུད་དོ། །གུས་པར་ཉན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། ཀུན་ནས་ཉོན་མོངས་ལ་ཅན་མ་ཡིན་པས་ཚོགས་ཡོངས་སུ་སྡུད་དོ། །བསྲུང་མེད་རྣམས་ཀྱིས་ལས་ཅི་མཛད། རྒྱུན་མི་འཆད་པར་ཚོགས་ལ་ཚོགས་གསུང་ངོ༌། །ཡང་དག་པར་རྗེས་སུ་སྟོན་ཏོ། །རང་གི་ཉེས་པ་བརྗོད་དུ་དོགས་ནས་བསྲུང་བ་མེད་པའི་ཕྱིར་རྒྱུན་མི་འཆད་པར་ཚོགས་ལ་ཡོངས་སུ་འདོམས་སོ། །བསྙེལ་བ་མེད་པའི་ཆོས་ཉིད་ཀྱིས་ལས་ཅི་མཛད། སངས་རྒྱས་ཀྱི་མཛད་པ་མི་འདོར་རོ། །སེམས་ཅན་གྱི་དོན་བྱ་བ་ཉེ་བར་གནས་པ་ལ་སྐད་ཅིག་ཙམ་ཡང་བག་མེད་པས་འདུལ་བར་མི་མཛད་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་འདོར། །བག་ཆགས་ལེགས་པར་བཅོམ་པས་ལས་ཅི་མཛད། ཉོན་མོངས་མེད་པས་ཉོན་མོངས་པའི་ཚུལ་གྱི་སྦྱོར་བ་མི་སྟོན་ཏོ། །ཇི་ལྟར་དགེ་སློང་དགྲ་བཅོམ་པ་འཁྲུལ་པ་ལ་སོགས་པ་སྟོན་པ་ལྟ་བུ་མ་ཡིན་ཏེ་ཉོན་མོངས་པ་མེད་པས་ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། །ཐུགས་རྗེ་ཆེན་པོས་ལས་ཅི་མཛད། ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་པ་ལ་རྣམ་པར་གཟིགས་སོ། །སུ་འཕེལ་བར་གྱུར་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ་སོར་རྟོག་པའི་ཕྱིར། ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་རྣམ་པར་གཟིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ལས་ཅི་མཛད། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང༌། འཐོབ་པ་དང༌། གཤེགས་པ་དང༌། བཞུགས་
པས་ཀྱང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པར་འབྱོར་བ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད། མཚན་ཉིད་བསྟན་པའི་སྐབས་བཞིན་དུ་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལས་ཅི་མཛད། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་ངོ༌། །ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ །དེས་སེམས་ཅན་མ་སྨིན་པ་རྣམས་ནི་ཡོངས་སུ་མིན་པ་དང༌། ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་འགྱུར་རོ། །ཐམས་ཅད་ཡེ་ཤེས་ཐོགས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ། །ཐེ་ཚོམ་བཅད་པའི་ཕྱིར་དེ་དང་དེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་སྡུད་པའི་རིགས་ཀྱིས་ཡང་དག་པར་སྡུད་པས། ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ །ཆོས་ཀྱི་ཚུལ་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཡོངས་སུ་མ་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །མངོན་པར་རྟོགས་པ་འདི་དག་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ལམ་ཐོབ་ན། ལམ་སྔ་མ་དམན་པ་ནི་འདོར་རོ། །བསྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ། །ཁྱད་པར་དུ་འཕགས་པའི་ལམ་ཐོབ་ན། ལམ་དམན་པ་འདོར་བ་ནི་འདི་ལྟ་སྟེ། འབྲས་བུས་བསྡུས་པའི་ལམ་ཐོབ་པར་གྱུར་ན་འཇུག་པའི་ལམ་དམན་པ་འདོར་ཞེས་བརྗོད་དོ། །ཡང་མཆོག་ཏུ་གྱུར་པ་མངོན་དུ་བྱེད་པའི་ཕྱིར་རོ། །བསྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ་ཞེས་པ་ནི། འབྲས་བུ་ཐོབ་པའི་དུས་ཏེ། དེའི་མི་མཐུན་པའི་ཕྱོགས་ཀྱི་གནས་ངན་ལེན་མ་ལུས་པར་སྤངས་པའི་ཕྱིར་རོ། །གནས་གྱུར་པའི་ཁྱད་པར་ཐོབ་པའོ། །ཕུང་པོ་ལྷག་མ་མེད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ། ཉན་ཐོས་ཀྱི་ལམ་ཐམས་ཅད་རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོར་བས་རྣམ་པར་སྤོང་སྟེ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་མི་ཟད་པ་དང༌། ཡོན་ཏན་མི་ཟད་པ་ཞེས་བརྗོད་དོ། །རྒྱུན་ཡང་དག་པར་སྤོང་པའི་རྣམ་པར་འདོར་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི། གཏན་དུ་ཀུན་དུ་མི་སྤྱོད་པས་རྣམ་པར་འདོར་ཞེས་བྱ་བའི་ཐ་ཚིག་གོ །བྱང་ཆུབ་སེམས་དཔའ་ནི་དེ་ལྟར་རྣམ་པར་སྤོང་བ་མ་ཡིན་ཏེ། དེའི་ལམ་ནི་ཐོབ་པར་བྱེད་པ་ནི།
སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་བསམ་པ་སྔོན་དུ་གཏོང་བའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་མི་ཟད་པ་དང་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། འདི་ལྟར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟང་པ་བསྟན་པ་རྣམས་ཡིན་ནོ། །ལུང་དུ་མ་བསྟན་པའི་དངོས་པོ་གང་དག་རྣམ་པར་གཞག་པ་ཅིའི་ཕྱིར། ཚུལ་བཞིན་མ་ཡིན་པ་ཡོངས་སུ་འདྲི་བའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འདྲི། རྒྱུ་དང་འབྲས་བུ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སོགས་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །འདྲི་བ་དེ་དག་གི་འདྲི་བ་དོན་དང་ལྡན་པ་ཇི་ལྟ་བུ་ཡིན་ཞེན། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་ལས་བརྩམས་ནས་གང་འདྲི་བ་སྟེ། འདི་ལྟར་དེ་རྒྱུ་དང་འབྲས་བུ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སོགས་པའི་ནང་དུ་རྟོགས་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའི་ངེས་པ་ལ་ཞུགས་ནི་རྒྱུན་དུ་ཞུགས་པར་མི་འགྱུར། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །མི་གནས་པའི་ལམ་ཐོབ་པས་རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བར་མི་འགྱུར། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར། བསམ་གཏན་རྣམས་ཀྱི་གནས་ཤིང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་བསྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་བསྒོམ་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ཏེ། དེའི་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ལན་ཅིག་ལ་སྤོང་ངོ༌། །ལན་ཅིག་ལ་དགྲ་བཅོམ་པ་དང༌། དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་སྔགས་དང་སྨན་གྱིས་གཟུང་བའི་དུག་ལྟ་བུ་དང༌། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར། ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་ཤེས་བྱ་ལ་མཁས་པ་དང༌། ཐབས་ལ་མཁས་པ་དང༌། ཡང་དག་པ་མ་ཡིན་པ་རྣམ་པར་རྟོགས་པ་ལ་མཁས་པ་དང༌། རྣམ་པར་མི་རྟོགས་པ་ལ་མཁས་པར་བྱའོ། །དུས་དུས་སུ་དབང་པོ་རྣམས་སྦྱར་བར་བྱའོ། །ཞེས་བྱ་གང་དེ་
ཡང་རྣམ་པ་དྲུག་ཏུ་བལྟ་སྟེ། འཁྲུལ་པ་དང༌། འཁྲུལ་པའི་གནས་དང༌། འཁྲུལ་བ་དང་མ་ཁྲུལ་བ་ཡང་མ་ཡིན་པ་དང༌། མ་འཁྲུལ་པ་དང༌། འཁྲུལ་པའི་རྒྱུ་མཐུན་པའོ། །དེ་ལ་འཁྲུལ་པ་ནི་བཟུང་བ་དང་འཛིན་པར་མངོན་པར་ཞེན་པའོ། །འཁྲུལ་བའི་གནས་ནི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བྱེད་ཀྱི། རྒྱུ་ཙམ་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པའི་བདག་ཉིད་དུ་གྱུར་པ་གང་ལ་བྱིས་པ་རྣམས་གང་མངོན་པར་ཞེན་པ་འཇུག་པའོ། །མ་འཁྲུལ་པའི་གནས་ནི་དེ་བཞིན་ཉིད་དེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡང་ཡིན་ལ་མ་འཁྲུལ་པ་ཡིན་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་མཐུན་པ་ཐོབ་པ་ལས་བྱུང་བ་ལ་སོགས་པའི་དགེ་བའི་ཆོས་རྣམས་ཏེ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མཐུན་པའི་ཕྱིར་རོ། །མ་འཁྲུལ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མ་འཁྲུལ་པའི་རྒྱུ་མཐུན་པ་ནི། འཕགས་པའི་ལམ་གྱི་རྗེས་ལ་ཐོབ་པའི་དགེ་བའི་ཆོས་རྣམས་སོ། །ཐབས་ལ་མཁས་པ་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང༌། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་དང༌། མངོན་པར་ཤེས་པ་མྱུར་བ་ལ་མཁས་པ་དང༌། ལམ་རྒྱུན་མི་འཆད་བ་ལ་མཁས་པའོ། །ཐབས་ལ་མཁས་པ་ནི་རྣམ་པ་བཞི་སྟེ། དེ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་ནི། བསྡུ་བའི་དངོས་པོ་བཞི་སྟེ། དེ་དག་གིས་བསྡུས་ནས་དགེ་བ་རྣམས་ལ་འཛུད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །མངོན་པར་ཤེས་པ་མྱུར་བ་ལ་མཁས་པ་ནི། ཉིད་མཚན་ལེན་དྲུག་ཏུ་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་གསོལ་བ་གདབ་བ་དང༌། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྟེ། འཕགས་པ་བྱམས་པས་ཞུས་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ལམ་རྒྱུན་མི་འཆད་པ་ལ་མཁས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པར་
བྱིན་ཞིང༌། རྒྱུན་མི་འཆད་པར་གཏན་དུ་འཇིག་རྟེན་གྱི་ཁམས་ཀུན་དུ་འདུལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་པ་གང༌། རྩ་བའི་རྣམ་རྟོག་དང༌། མཚན་མའི་རྣམ་རྟོག་དང༌། མཚན་མར་སྣང་བའི་རྣམ་རྟོག་དང༌། མཚན་མར་འགྱུར་པའི་རྣམ་རྟོག་དང༌། མཚན་མར་སྣང་བར་འགྱུར་བའི་རྣམ་རྟོག་དང༌། གཞན་གྱིས་བསྟན་པའི་རྣམ་རྟོག་དང༌། ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་དང༌། ཚུལ་བཞིན་གྱི་རྣམ་རྟོག་དང༌། མངོན་པར་ཞེན་པའི་རྣམ་རྟོག་དང༌། རྣམ་པར་གཡེང་བའི་རྣམ་རྟོག་གོ །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་རྣམ་པ་བཅུ་སྟེ། །དེ་ལ་རྩ་བའི་རྣམ་པར་རྟོག་པ་ནི། ཀུན་དུ་ལེན་པའི་རྣམ་པར་ཤེས་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །མཚན་མའི་རྣམ་པར་རྟོག་པ་ནི་ལུས་དང་གནས་དང༌། ལོངས་སྤྱོད་ཀྱི་རྣམ་པར་རིག་པར་བྱ་སྟེ་གཟུང་བ་མཚན་མར་གྱུར་པའི་ཕྱིར་རོ། །དེ་དག་ནི་དབང་པོ་གཟུགས་ཅན་དང༌། སྣོད་ཀྱི་འཇིག་རྟེན་དང༌། གཟུགས་ལ་སོགས་པ་ཡུལ་གྱི་མཚན་ཉིད་དང་གོ་རིམ་བཞིན་དུ་བལྟ་བར་བྱའོ། །མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་དང༌། ཡིད་དེ། གཟུང་བའི་མཚན་མ་ཇི་སྐད་བསྟན་པའི་རྣམ་པར་འགྱུར་བའི་ཕྱིར་རོ། །མཚན་མར་གྱུར་པའི་རྣམ་པར་རྟོག་པ་ནི། ཇི་སྐད་བསྟན་པའི་ལུས་ལ་སོགས་པའི་མཚན་རྣམས་གཞན་དུ་སྐྱེད་པའོ། །མཚན་མར་སྣང་བར་འགྱུར་བའི་རྣམ་པར་རྟོག་པ་ནི། མིག་ཀྱི་རྣམ་པ་ཤེས་པ་ལ་སོགས་པའི་མཚན་མར་སྣང་བ་ཇི་སྐད་བསྟན་པ་དག་བདེ་བ་ལ་སོགས་པའི་གནས་སྐབས་གཞན་དུ་སྐྱེ་བའོ། །གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི། བསྟན་པས་བསྡུས་པའི་མིང་དང༌། ཚིག་དང༌། ཡི་གེ་ཚོགས་ཀྱི་མཚན་ཉིད་དོ། །དེ་ཡང་རྣམ་པ་གཉིས་ཏེ། ཉེས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དང༌། ལེགས་པར་བཤད་པའི་ཆོས་ཀྱི་ཚུལ་གྱི་བདག་ཉིད་དོ། །དེའི་ཕྱིར་དེའི་དབང་དུ་བྱེད་པའི་ཡིད་ལ་བྱེད་པས་བསྡུས་པ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དང༌། ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང༌། གོ་རིམས་བཞིན་དུ་རིག་པར་བྱའོ། །མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི། ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ལས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་སུ་བསྡུས་པའི་རྣམ་པར་
རྟོག་པ་གང་ཡིན་པའོ། །རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ནི། ཚུལ་བཞིན་གྱི་རྣམ་པར་རྟོག་པ་ལས་དངོས་པོ་མེད་པ་ལ་སོགས་པར་འཛིན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ཡང༌། དངོས་པོ་མེད་པའི་རྣམ་རྟོག་དང༌། དངོས་པོའི་རྣམ་རྟོག་དང༌། སྒྲོ་འདོགས་པའི་རྣམ་རྟོག་དང༌། སྐུར་པ་འདེབས་པའི་རྣམ་རྟོག་དང༌། གཅིག་པ་ཉིད་དུ་རྣམ་རྟོག་དང༌། ཐ་དད་པ་ཉིད་དུ་རྣམ་རྟོག་དང༌། ངོ་བོ་ཉིད་དུ་རྣམ་རྟོག་དང༌། ཁྱད་པར་དུ་རྣམ་རྟོག་དང༌། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་རྟོག་དང༌། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་འདི་བཅུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐོག་མར་བསྟན་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཇི་སྐད་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེས་སུ་མི་མཐོང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང༌། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང༌། སྤྱོད་ཅེས་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང༌། མི་སྤྱོང་ཅེས་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། །གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་བར་དུ་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞི་ན། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །སྟོང་པ་ཉིད་ལས་གཟུགས་གཞན་པའང་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། བྱང་ཆུབ་ཅེས་བྱ་བ་དང༌། གཟུགས་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་སྟེ། ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རྣམ་པར་བྱང་བ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་ཡང་དག་
པར་རྗེས་སུ་མི་མཐོང་བ་ནས། རྣམ་པར་བྱང་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། མི་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་གློ་བུར་གྱི་མིང་གིས་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ། །བྱང་ཆུབ་སེམས་དཔའ་ནི་མིང་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མ་མཐོང་བར་མངོན་བར་ཞེན་པ་མེད་དོ། །དེ་ལ་དངོས་པོ་མེད་པའི་རྣམ་པར་རྟོག་པ་གཉེན་པོར་བྱང་ཆུབ་སེམས་དཔའ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡོད་པའི་སྒྲ་ནི་དངོས་པོའི་དོན་ཡོད་པའི་ཕྱིར། དངོས་པོར་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་བ་ན། མི་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་གསུངས་ཏེ། གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིར་རོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་ཏེ། ཡང་དག་པར་མ་ཡིན་པ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་བཀག་པའི་ཕྱིར་རོ། །སྐུར་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ཀྱིས་མ་ཡིན་ཞེས་བྱ་བ་གསུངས་ཏེ། མིང་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དེ་དང་བྲལ་བ་ཉིད་དུ་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་གཟུགས་སྟོང་བ་ཉིད་གང་ཡིན་དེ་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྟོང་པ་ཉིད་གང་ཡིན་པར་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ངོ་བོ་ཉིད་གཞན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་བ་ཡང་མ་ཡིན་ནོ། །གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པས། དེ་ལས་མ་གཏོགས་པར་དེ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་མོ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་མ་གཏོགས་པར་བརྗོད་པའི་
ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོར་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ཞེས་བྱ་བ་ནས་རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་བར་དུ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་བཀག་པའི་ཕྱིར་རོ། །མིང་ཇི་ལྟ་བ་བཞིན་དུ་དོན་རྣམ་པར་རྟོག་པའི་གཉེན་པོར་མི་བཅོས་མ་ལ་ཆོས་སོ་སོར་བརྟགས་པས་གློ་བུར་དུ་མིང་གི་རྗེས་སུ་ཐ་སྙད་འདོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔའ་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་གསུངས་ཏེ། དོན་ཇི་ལྟ་བ་བཞིན་དུ་མིང་དུ་མི་མཐོང་ན་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་གང༌། ཆོག་པར་མི་འཛིན་པའི་རྣམ་པར་མི་རྟོག་པ་ཉིད་དང༌། ཕྱིན་ཅི་མ་ལོག་པའི་རྣམ་པར་མི་རྟོག་པ་ཉིད་དང༌། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་དེ་སོ་སོའི་སྐྱེ་བོ་རྣམས་དང༌། ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། གོ་རིམས་བཞིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ནི། གང་མི་རྟག་པ་ཉིད་ལ་སོགས་པ་ཆོས་ཉིད་འགའ་ཞིག་ལ་བརྩམས་ནས་སེམས་པ་མཐར་ཁྲིད་དེ། འདི་ནི་དེ་བཞིན་ནོ་ཞེས་ངེས་པར་བྱེད་ཅིང་ཡོངས་སུ་ཚིམ་པ་ཐོབ་པར་འགྱུར་ཏེ། དེ་དག་གིས་ནི་ཆོག་པར་འཛིན་པའི་རྣམ་པར་རྟོག་པ་ཉིད་ཅེས་བྱ་སྟེ། དེ་ལ་མི་རྟོག་པ་ཞེས་བྱ་བའི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་འཆད་པའི་ཕྱིར། ཉན་ཐོས་རྣམས་ནི་ཕུང་པོ་རྣམས་ལ་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་གི་གཉེན་པོར་ཇི་ལྟ་བ་བཞིན་དུ་གཟུགས་ལ་སོགས་པ་ལ་ཆོས་ཙམ་དུ་ཡོངས་སུ་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཤེས་པ་བདག་མེད་པར་རྟོགས་ཏེ། དེའི་ཕྱིར་དེ་དག་གི་དེ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གཟུགས་ལ་སོགས་པ་ལ་ཆོས་ཙམ་དེ་ཡང་སྤོང་བར་རིག་ནས། ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་བཤིག་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ཐམས་ཅད་དུ་འགྲོ་བར་རྟོགས་ཏེ། དེའི་ཕྱིར་དེ་དག་ནི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བརྗོད་དོ། །སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ནི་ཡིད་ལ་
བྱེད་པ་མེད་པས་མ་ཡིན། ཡང་དག་པར་འདས་པས་མ་ཡིན། རྣམ་པར་ཞི་བས་མ་ཡིན། ངོ་བོ་ཉིད་ཀྱིས་མ་ཡིན། དམིགས་པ་ལ་མངོན་པར་འདུ་བྱེད་པས་མ་ཡིན་པར་བལྟ་བར་བྱ་སྟེ། གལ་ཏེ་ཡིད་ལ་བྱེད་པ་པ་མེད་པས་དེ་སྐད་བྱས་ན། དེས་ན་གཉིད་ཀྱིས་ལོག་པ་དང༌། ར་རོ་བ་ལ་སོགས་པ་ལ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེ་དག་ལ་ཆོས་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ། །ཇི་སྟེ་ཡང་དག་པར་འདས་པས་དེ་སྐད་ཅེས་བྱ་ན་ནི། དེ་བས་ན་བསམ་གཏན་གཉིས་པ་ལས་སོགས་པ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མེད་པ་ཉིད་དུ་འགྱུར་ཏེ། རྟོག་པ་དང་དཔྱོད་པའི་རྣམ་པར་རྟོག་པ་རྣམས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དེའི་ཕྱིར་ན་རྣམ་པར་རྟོག་པའི་ལུས་ནི། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་ཞེས་བྱ་བ་འདི་དང་འགལ་ལོ། །ཇི་སྟེ་རྣམ་པར་ཞི་བས་དེ་སྐད་དུ་བྱ་བ་ནི། དེས་ན་འདུ་ཤེས་དང་ཚོར་བ་འགོག་པ་སྙོམས་པར་འཇུག་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེས་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པར་ཞི་བའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་མེད་པར་འགྱུར་རོ། །ཇི་སྟེ་ངོ་བོ་ཉིད་ཀྱིས་དེ་སྐད་ཅེས་བྱ་ན་ནི། དེས་ན་གཟུགས་རྣམ་པར་མི་རྟོག་པར་འགྱུར་ཏེ། དེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་དམིགས་པ་ལ་མངོན་པར་འདུ་བྱེད་པས་དེ་སྐད་བྱ་ན་ནི། དེས་ན་རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་མི་རྟོག་པར་འགྱུར་ཏེ། འདི་ནི་རྣམ་པ་མི་རྟོག་པའོ་ཞེས་མངོན་པར་འདུ་བྱེད་པ་འདི་ནི། མཚན་མ་ལ་རྣམ་པར་རྟོག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་དེ་དག་གི་རྣམ་པར་མི་རྟོག་པ་ཉིད་དུ་མི་བལྟ་བར་བྱ་སྟེ། །འོན་ཀྱང་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་བལྟ་བར་བྱའོ། །ཇི་ལྟར་ཞེ་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་རྗེས་སུ་མཐུན་པ་དེ་ཉིད་ཀྱི་གདམས་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་མཚན་མ་ནི་རང་བཞིན་གྱིས་ཡོངས་སུ་མ་གྲུབ་པར་རྣམ་པར་རྟོག་སྟེ། རྣམ་པར་རྟོག་པ་དེ་ལ་གོམས་པའི་སྟོབས་བསྐྱེད་པས་སོ་སོ་རང་གི་མངོན་པར་འདུ་བྱེད་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་སྤྲོས་པ་མེད་པའི་དབྱིངས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་སེམས་མཉམ་པར་འཇོག་སྟེ། དེ་ནི་དེའི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་ཅེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་ན་ཇི་ལྟར་དབང་པོ་རྣམས་སྦྱོར་ཅེ་ན། དབང་པོ་རྣོན་
པོ་ཆུང་ངུ་ལ་བརྟེན་ཏེ་རྣོན་པོའི་འབྲིང་མངོན་པར་བསྒྲུབ་བོ། །དབང་པོ་རྣོན་པོའི་འབྲིང་ལ་བརྟེན་ཏེ་རྣོན་པོའི་ཆེན་པོ་མངོན་པར་བསྒྲུབ་བོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོན་པོའོ་ཞེས་སྔར་བཤད་ན། དེ་ཇི་ལྟར་དུས་སུ་དབང་པོ་རྣམས་སྦྱར་བར་བྱ་ཞེས་བརྗོད་ཅེ་ན། རང་གི་རིགས་ཀྱི་རྟུལ་པོ་ལ་སོགས་པའི་རྣམ་པ་གོང་ནས་གོང་དུ་མངོན་པར་བསྒྲུབ་པས་དེ་སྤྱང་བར་རིག་པར་བྱའོ། །གཞན་དུ་ན་དབང་པོ་རྣོན་པོའི་རིགས་རྣམས་ཀྱིས་དབང་པོ་རྣམས་དབང་པོ་གཅིག་ཏུ་གྱུར་ན་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོར་གྱུར་པའི་ཁྱད་པར་མི་དམིགས་པར་འགྱུར་ན། དེ་ཡང་དམིགས་པས་དེའི་ཕྱིར་ཇི་སྐད་བཤད་པ་དེ་གྲུབ་བོ། །ཐོབ་པ་རྣམས་དེས་ཞེས་བྱ་བ་སྟེ་ཀུན་ནས་བཏུས་པ་བཞི་པའོ།། །།ཡང་དག་པའི་གཏན་གྱི་རྣམ་ངེས་གང༌། རྣམ་པར་བདུན་ཏེ། དོན་རྣམ་དེས་དང༌། རྣམ་བཤད་རྣམ་དེས་དང༌། རབ་ཏུ་ཕྱེ་ནས་ཀུན་དུ་བསྟན་པ་རྣམས་ངེས་དང༌། ཡང་དག་པར་དྲི་བ་རྣམ་དེས་དང༌། བསྡུ་བ་རྣམ་ངེས་དང༌། སྨྲ་བ་རྣམ་ངེས་དང༌། ལྡེམ་པོར་དགོངས་བ་རྣམ་ངེས་དང༌། དོན་རྣམ་ངེས་གང༌། དོན་དྲུག་ལ་བརྩམས་ནས་གང་རྣམས་ངེས་སོ། །དོན་དྲུག་གང༌། ངོ་བོ་ཉིད་ཀྱི་དོན་དང༌། རྒྱུའི་དོན་དང༌། འབྲས་བུའི་དོན་དང༌། ལས་ཀྱི་དོན་དང༌། སྤྱོར་བའི་དོན་དང༌། འཇུག་པའི་དོན་ནོ། །ངོ་བོ་ཉིད་ཀྱི་དོན་ནི། ངོ་བོ་ཉིད་གསུམ་སྟེ། ཀུན་བརྟགས་པ་དང༌། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པའོ། །རྒྱུའི་དོན་ནི་སྐྱེ་བ་དང༌། འབྱུང་བ་དང༌། འགྲུབ་པའི་རྒྱུའོ། །དེ་ལ་སྐྱེ་བའི་རྒྱུ་ནི་རྐྱེན་རྣམ་པ་བཞི་སྟེ། རྒྱུ་དང་དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་རྣམས་སོ། །དེ་ལས་འདུས་བྱས་ཐམས་ཅད་འགྲུབ་པའི་ཕྱིར་རོ། །འབྱུང་བའི་རྒྱུ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། ཀུན་འབྱུང་བར་འགྱུར་བ་དང༌། འགོག་པར་འགྱུར་རོ་ཞེས་བྱ་བའི་བར་འདིས་མཐར་གྱིས་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་འབྱུང་བའི་ཕྱིར་རོ། །འགྲུབ་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ་དང༌། མི་དམིགས་པར་བསྙད་པས་བསྡུས་པ་སྟེ། དེས་བསྒྲུབ་པ་མ་གྲགས་པའི་དོན་སྒྲུབ་པའི་ཕྱིར་རོ། །འབྲས་བུའི་དོན་ནི། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བྲལ་བའི་
འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་འདི་ལྟ་སྟེ། ཀུན་དུ་ལེན་བའི་རྣམ་པར་ཤེས་པའོ། །རྒྱུ་མཐུན་པའི་འབྲས་བུ་འདི་ལྟ་སྟེ། སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བ་དགེ་བ་ལ་སོགས་པའི་ཆོས་ཕྱི་མ་རྣམས་སོ། བདག་པོའི་འབྲས་བུ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་གྱི་ཆོས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདི་ལྟ་སྟེ། །ལོ་ཐོག་ལ་སོགས་པའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་གྱིས་བག་ལ་ཉལ་ལེགས་པར་བཅོམ་པའོ། །ལས་ཀྱི་དོན་གང༌། དམིགས་པའི་ལས་གང༌། བྱེད་པའི་ལས་དང༌། འབད་པའི་ལས་དང༌། བསྒྱུར་བའི་ལས་དང༌། ཐོབ་པའི་ལས་སོ། །དེ་ལ་ལས་དེ་རྣམས་ཀྱི་དོན་ནི། འདི་ལྟར་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྔར་བསྟན་པ་བཞིན་བལྟ་བར་བྱའོ། །སྦྱོར་བ་ནི་ལྔ་སྟེ་མང་པོ་ལས་གྱུར་བ་དང༌། རྗེས་སུ་འཆིང་བ་ལས་གྱུར་བ་དང༌། འབྲེལ་བ་ལས་གྱུར་པ་དང༌། གནས་སྐབས་ལས་གྱུར་པ་དང༌། གྱུར་པ་ལས་གྱུར་པའི་སྦྱོར་བའོ། །མང་པོ་ལས་གྱུར་བའི་སྦྱོར་བ་ནི་འདི་ལྟ་སྟེ། ཁང་པའི་ཤིང་དང་ཕ་གུ་ལ་སོགས་པའོ། །རྗེས་སུ་འཆིང་བ་ལས་གྱུར་བའི་སྦྱོར་བ་ནི་འདི་ལྟ་སྟེ། བག་ལ་ཉལ་ལ་སོགས་པའི་རྒྱུ་སྟེ། འདི་ལྟར་དེ་ཡོད་ན་ཀུན་དུ་མི་སྤྱོད་ཀྱང་ཉོན་མོངས་པ་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་དོ། །འབྲེལ་བ་ལས་གྱུར་བའི་སྦྱོར་བ་ནི་འདི་ལྟ་སྟེ། རང་གི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་དུ་འབྲེལ་བའོ། །གནས་སྐབས་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། ཕན་འདོགས་པ་ལ་སོགས་པའི་སེམས་རྒྱུད་ཀྱི་གནས་སྐབས་ཏེ། འདི་ལྟར་དེའི་འཕྲལ་དུ་བ་དེ་བ་དང་ལྡན་པ་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་བརྗོད་དོ། །གྱུར་པ་ལས་གྱུར་བའི་སྦྱོར་བ་ནི་འདི་ལྟ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ལ་སོགས་པ་མངོན་དུ་གྱུར་བ་སྟེ། འདི་ལྟ་དེ་ཡོད་ན་འདོད་ཆགས་ལ་སོགས་པ་དང༌། དད་པ་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་དོ། །འཇུག་པའི་དོན་ནི་འཇུག་པ་པ་ལྔ་སྟེ། མཚན་ཉིད་ཀྱི་འཇུག་པ་དང༌། ཕྱིན་ཅི་ལོག་གི་འཇུག་པ་དང༌། ཕྱི་ཅི་མ་ལོག་པའི་འཇུག་པ་དང༌། རབ་ཏུ་དབྱེ་བའི་འཇུག་པའོ། །འཇུག་པའི་དོན་རྣམ་པ་ལྔ་ནི། དེ་རྣམས་ཀྱི་འཇུག་པའི་དོན་དུ་བརྗོད་དོ། །དེ་ལ་མཚན་ཉིད་འཇུག་པ་ནི། སྐྱེ་བ་ལ་སོགས་པ་འདུས་
བྱས་ཀྱི་མཚན་ཉིད་གསུམ་སྟེ། དེ་དག་གི་རྣམ་པར་འབྱུང་བའི་ཕྱིར་རོ། །རྟེན་ལ་འཇུག་པ་ནི་རྟེན་ལ་གནས་པར་བྱ་བ་ལ་གནས་པ་སྟེ། འདི་ལྟར་ས་ལ་སེམས་ཅན་རྣམས་སོ། །ཕྱིན་ཅི་ལོག་གི་འཇུག་པ་ནི། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་འཇུག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་འཇུག་པ་ནི་འཕགས་པའི་ལམ་སྟེ། དེ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་འཇུག་པ་ནི། ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་ཡིན་ཏེ། འདི་ལྟ་འདུ་བྱེད་ཐམས་ཅད་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། ནང་དང་ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་རོ། །རྣམ་བཤད་རྣམ་བཤད་རྣམ་དེས་གང༌། གང་གིས་མདོའི་སྡེ་རྣམས་རྣམ་བཤད་བྱེད་པ་སྟེ། དོན་རྒྱ་ཆེར་སྟོན་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་གང༌། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དང༌། ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང༌། ཡོངས་སུ་ཤེས་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་རབ་ཏུ་ཤེས་པའོ། །དེ་རྣམས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་སོགས་པ་དོན་དྲུག་པོ་དག་མདོ་སྡེ་སོ་སོར་རྣམ་པར་བཤད་པ་རྣམ་པར་ངེས་པ་ཇི་ལྟར་མཐུན་མཐུན་དུའོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་མི་རྟག་པ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་ནི་ཚུལ་ཁྲིམས་དང༌། དབང་པོའི་སྒོ་སྔོམ་པ་ལ་སོགས་པའོ། །ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། །དེ་རབ་ཏུ་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །ཡང་རྣམ་བཤད་ཀྱི་སྒོ་བཅུ་བཞི་སྟེ། སྒོ་བཅུ་བཞི་ནི་རྣམ་བཤད་བསྡུ་བའི་སྒོ་དང༌། དངོས་པོ་བསྡུ་བའི་སྒོ་དང༌། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་དང༌། གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་སྒོ་དང༌། སྤོང་བའི་སྒོ་དང༌། ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་དང༌། ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་དང༌། གང་ཟག་རྣམ་གཞག་གི་སྒོ་དང༌། རབ་ཏུ་དབྱེ་བ་རྣམ་བཞག་གི་སྒོ་དང༌། ཚུལ་གྱི་སྒོ་དང༌། ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་དང༌། སྟོབས་དང་སྟོབས་མ་ཡིན་པའི་སྒོ་དང༌། བཟླས་ཏེ་བརྗོད་པའི་སྒོ་དང༌། མངོན་པར་སྒྲུབ་པའི་སྒོའོ། །དེ་ལ་རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་
མདོ་སྡེ་གང་དུ་འཐད་པ་དང་བཅས་པས་དགོས་པའི་དོན་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང་དགོངས་པ་དང༌། བརྒལ་བ་དང༌། ལན་བརྗོད་པའོ། །དངོས་པོ་བསྡུ་པའི་སྒོ་ནི་མདོ་སྡེ་གང་དུ་བསླབ་བ་དང༌། འཕགས་པའི་བདེན་པ་དང༌། དངོས་པོ་ལ་སོགས་པ་སྟོན་པ་སྟེ། འདི་ལྟ་སྟེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བའི་ཚིག་སུ་བཅད་པ་བསླབ་པ་གསུམ་གྱི་དབང་དུ་བྱས་པ་ལ་སོགས་པའོ། །ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི། གང་དུ་ཚིག་གཅིག་གིས་བསྟན་པ་ལ་ལྷགས་རྣམས་ཀྱིས་བཤད་དོ་ཞེས་རབ་ཏུ་སྟོན་པ་སྟེ། དཔེར་ན་དལ་བ་ཕུན་སུམ་ཚོགས་པ་བཅུ་གཉིས་བསྟན་པ་ལས་བདག་ཕུན་སུམ་ཚོགས་པ་དང༌། གཞན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཚིག་འདི་གཉིས་གོ་རིམས་བཞིན་དུ་ཚིག་འོག་མ་ལྔ་ལྔས་བཤད་བལྟ་བུ་སྟེ། འདི་ལྟ་སྟེ། མི་ཉིད་དང༌། འཕགས་པའི་ཡུལ་གྱི་དབུས་སུ་སྐྱེས་པ་དང༌། དབང་པོ་རྣམས་མ་ཚང་བ་མེད་པ་དང༌། ལས་ཀྱི་མཐའ་སྨིན་པར་མ་གྱུར་བ་དང༌། གནས་སུ་གྱུར་བ་ལ་དད་པ་དང༌། སངས་རྒྱས་རྣམས་འབྱུང་བ་དང༌། དམ་པའི་ཆོས་སྟོན་པ་དང༌། བསྟན་པའི་ཆོས་རྣམས་གནས་པ་དང༌། གནས་པའི་ཆོས་ཀྱི་རྗེས་སུ་འཇུག་པ་དང༌། གཞན་གྱི་ཕྱིར་སྙིང་བརྩེ་བའོ། །གོང་ནས་གོང་དུ་མངོན་ཕར་བསྒྲུབ་པའི་སྒོ་ནི། གང་དུ་འོག་མ་གོང་མར་མངོན་པར་བསྒྲུབ་པའི་གནས་ཡིན་པའི་ཕྱིར་རོ། །ཆོས་དེ་དག་ནི་དེ་ལྟར་བསྟན་ཏོ་ཞེས་བསྟན་པའོ། །དཔེར་ན་དབང་པོ་ལྔ་པོ་རྣམས་ཏེ། འདི་ལྟར་དད་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་ན་སེམས་མཉམ་པར་འཇོག་གོ །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱའོ། །སྤོང་བའི་སྒོ་ནེ་འདི་ལ་བརྩམས་ནས་འདི་སྤོང་བར་སྟོང་པ་སྟེ། འདི་ལྟ་སྟེ། སྟེའུ་ལྟ་བུའི་མདོ་ལས་ཟག་པ་ཟད་པ་ལས་བརྩམས་ནས་འདི་ལས་ཕྱི་རོལ་བ་དང༌། ཆོས་འདི་ལ་ཐོས་པ་དང༌། སེམས་པ་ཙམ་གྱིས་ཚོགས་པར་འཛིན་པ་དང༌། བསྒོམ་པས་ཡོངས་སུ་ཡི་ཆད་པ་དང༌། ཚོགས་ཡོངས་སུ་མ་རྫོགས་པའི་དགེ་སློང་དག་ང་ནི་ཤེས་བཞིན་མཐོང་བཞིན་དུ་ཟག་པ་རྣམས་ཟད་པར་སྨྲའོ་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གི་དུ་མ་བུ་དང་པོས་ནི་གང་ཟག་
སྤངས་པའོ། །བསྒོམ་པར་སྦྱོར་བ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྤངས་སོ། །སྟེའུའི་དཔེས་ནི་གསུམ་པ་སྤངས་སོ། །གྲུའི་དཔེས་ནི་བཞི་པ་སྤངས་སོ། །ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་ནི་གང་དུ་དོན་གཞན་ཡང་རབ་ཏུ་གྲུབ་པའི་ཡི་གེ་རྣམས་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། དཔེར་ན་མི་གང་མི་དད་བྱས་མི་གཟོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྟ་བུའོ། །ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་ནི། གང་དུ་རབ་ཏུ་ཆུད་ཟ་བ་དང༌། རབ་ཏུ་ཆུད་མི་ཟ་བ་དང༌། དེ་གཉི་གའི་ཐབས་དང༌། དེ་གཉི་གའི་རབ་ཏུ་དབྱེ་བ་སྟོན་པ་སྟེ། དཔེར་ན་ལེགས་པར་སྐྱེས་པའི་མདོ་ལས་རབ་ཏུ་ཆུད་ཟ་བ་ནི་ཕྱི་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི་ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །རབ་ཏུ་ཆུད་མི་ཟ་བ་ནི་དེ་གཉི་ག་ལ་ལྷག་པར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་མི་ཟ་བའི་ཐབས་ནི་དེ་རབ་ཏུ་མི་འབྱུང་བ་དང༌། རབ་ཏུ་བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་བྱེད་པའོ། །དེ་ལས་བཟློག་པ་ནི་ཆུད་མི་ཟ་བར་བྱ་བའི་ཐབས་སུ་བལྟ་བར་བྱའོ། །དེ་ལ་ཀྱེ་མ་རིགས་ཀྱི་བུ་ལེགས་པར་སྐྱེད་པས་འདི་ནི་གཉིས་ཀྱིས་མཛེས་ཏེ། སྐྲ་དང་ཁ་སྤུ་བྲེགས་པ་ནས་རབ་ཏུ་བྱུང་བའི་བར་དང༌། གང་ཟག་པ་ཟད་པ་ནས་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འདིས་ཆུད་མི་ཟ་བ་དང༌། དེའི་ཐབས་ཉེ་བར་བསྟན་ནས་དེ་ལས་བཟློག་པའི་མཚན་ཉིད་དུ་ཆུད་ཟ་བ་དང༌། དེའི་ཐབས་བསྟན་པར་འགྱུར་རོ། །ཆུད་མི་ཟ་བར་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་རབ་ཏུ་བསྟན་པ། །དགེ་སློང་འདི་ནི་མཛེས་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་བྱ་བའོ། །དེ་ལྟར་རབ་ཏུ་བྱུང་བ་དང༌། ཟག་པ་ཟད་པ་ཡོངས་སུ་བསྟན་ཏོ། །ཟག་པ་ཟད་པ་དེ་ཡང༌། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ། །ཉེར་ལེན་མེད་པས་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་འཛིན་པ་ཡིན། །ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི་ལམ་ལ་འདོད་ཆགས་དང་བྲལ་ནས། འཇིག་རྟེན་ལས་འདས་པའི་ལམ་གྱི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྤངས་པ་དང༌། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ཡང་སྤངས་པ་དང༌། ནང་གི་རྫས་སྤངས་པར་ཡོངས་སུ་བསྟན་ཏོ། །རྒྱུ་དང་འབྲས་བུ་ཟད་པའི་སྐབས་ཡིན་པས་ཀྱང་འདིར་བསྟན་པར་བལྟ་བར་བྱའོ། །འདི་ལས་བཟློག་པ་ནི་རབ་ཏུ་ཆུད་ཟ་བའི་དབྱེ་བ་བསྟན་པར་བལྟ་བར་
བྱའོ། །གང་ཟག་རྣམ་པར་གཞག་པའི་སྒོ་ནི། །གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུངས་སོ་ཞེས་བྱ་བར་སྟོན་པ་སྟེ། །དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོ་ལས་འབྱུང་བའི་ལྟ་སྟེ། །དེ་ནི་གང་ཟག་གཉིས་དང༌། གསུམ་དང༌། བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུངས་པ་སྟེ། །སོ་སོའི་སྐྱེ་བོ་དང༌། བདེན་པ་མཐོང་བའོ། །སོ་སོའི་སྐྱེ་བོ་གསུམ་དུ་རབ་ཏུ་ཕྱེ་ནས་བལྟ་བར་བྱ་སྟེ། དཀར་པོ་མ་ཡིན་པ་དང༌། ཅུང་ཟད་དཀར་བ་དང༌། ཆེར་དཀར་བའོ། །བདེན་པ་མཐོང་བ་ནི་བཞིར་རབ་ཏུ་དབྱེ་བ་སྟེ། འབྲས་བུ་ལ་གནས་པ་བཞིའོ། །གསུམ་ནི་སློབ་པའོ། །རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་སྒོ་ནི། གང་དུ་མུ་བཞི་ལ་སོགས་པའི་དྲི་བ་རྣམས་ཀྱི་དོན་དེ་བརྗོད་པ་སྟེ། །དཔེར་ན་མི་རྟག་པའི་མདོ་ལས། གང་གི་འདི་ལེགས་པར་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་ངམ། །གང་གིས་གཟུགས་ཐམས་ཅད་མཐོང་བ་དེས་འདི་ཐམས་ཅད་ལེགས་པར་མཐོང་ངམ་ཞེས་བྱ་བར་མུ་བཞིའོ། །མུ་དང་པོ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང༌། གཙང་བ་དང༌། བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་སྟེ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་གཉིས་པ་ནི་གཟུགས་ལ་རྟག་པ་དང༌། གཙང་བ་དང༌། བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལྕོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་གསུམ་པ་ནི་གཟུགས་ལ་རྟག་པ་དང༌། གཙང་བ་དང་བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་མ་བཏགས་པར་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་ཡང་དག་པར་རྗེས་སུ་བལྟ་བའོ། །མུ་བཞི་པ་ནི་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ལ་རྟག་པ་དང༌། གཙང་བ་དང༌། བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང༌། སྤང་བར་བྱ་བ་མ་ཡིན་པར་ཡང་དག་པར་རྗེས་སུ་བལྟ་བའོ། །གཟུགས་ལ་མུ་བཞི་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱ་ཆེར་བལྟ་བར་བྱའོ། །གང་བྱ་བ་བྱས་པ་ཐམས་ཅད་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ཡིན་ནམ། གང་འདི་ལས་སྲིད་པ་གཞན་མི་ཤེས་པ་དེ་ཐམས་ཅད་བྱ་བ་བྱས་པ་ཡིན་ནམ་ཞེས་བྱ་བའི་བར་དུའོ། །སྨྲས་པ། མུ་བཞི་སྟེ། མུ་དང་པོ་ནི་ཇི་སྲིད་འཚོའི་བར་དུ་ལེགས་པར་སྤྱད་པ་སྤྱོད་པའི་སོ་སོའི་སྐྱེ་བོའོ། །གཉིས་པ་ནི་ཆད་པར་ལྟ་བ་ལ་སོགས་པའོ། །གསུམ་པ་ནི་མི་སློབ་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་
གཏོགས་སོ་ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒོ་ནི་གང་དུ་ཚུལ་དྲུག་གིས་དོན་བརྗོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང༌། འཐོབ་པའི་ཚུལ་དང་བཤད་པའི་ཚུལ་དང༌། མཐའ་གཉིས་སྤངས་པའི་ཚུལ་དང༌། བསམ་གྱིས་མི་ཁྱབ་པའི་ཚུལ་དང༌། དགོངས་པའི་ཚུལ་གྱིས་སོ། །ཚུལ་དྲུག་པོ་འདི་དག་ལས་ཚུལ་གོང་མ་གསུམ་ནི་ཚུལ་འོག་མ་གསུམ་གྱིས་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། །དཔེར་ན་རོ་མྱོང་བའི་མདོ་ལས་དགེ་སློང་དག་གཟུགས་ལ་རོ་མྱང་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་སྐུར་བ་འདེབས་པའི་མཐའ་དང༌། སྒྲོ་འདོགས་པའི་མཐའ་སྤངས་ནས་དེ་ཁ་ནའི་དོན་གྱི་ཚུལ་སྟོན་ཏོ། །རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཡོད་དོ་ཞེས་བྱ་བ་འདིས་ནི་སྐུར་བ་འདེབས་པའི་མཐའ་སྤངས་སོ། །གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ཏེ། ཕུང་པོ་ཙམ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱད་བར་ཟད་ཀྱི་བདག་ནི་མེད་དོ་ཞེས་རབ་ཏུ་བསྟན་ཏོ། །དགེ་སློང་དག་ཇི་ཙམ་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ནང་དུ་ཤེས་སོ་ཞེས་བྱ་བ་འདིས་ནི། མཐོང་བའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངས་སུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་མཐོང་བར་སྟོན་པའོ། །མདོ་འདི་ཐམས་ཅད་ནི་བཤད་པའི་ཚུལ་ལོ། །དེ་ཡང་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དང༌། ཡོངས་སུ་ཤེས་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་འདི་བཤད་དོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་གཟུགས་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རོ་མྱང་བ་ལ་སོགས་པ་སྟེ། །རྣམ་པར་དེས་གཟུགས་ལ་སོགས་པའི་དངོས་པོ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་དེ་ནི་ཉེ་ལེན་པའི་ཕུང་པོ་ལྔ་པོ་དེ་དག་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས། །ལྷ་དང་མིར་བཅས་པ་ཞེས་བྱ་བའི་བར་ལས་འགྲོ་བས་ན་རྣམ་པར་རབ་ཏུ་གྲོལ་ཞེས་པའི་བར་དུའོ། །དེ་རབ་ཏུ་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་སངས་རྒྱས་པ་ནང་དུ་ཤེས་སོ་ཞེས་བྱ་བའོ། །ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་ནི། གང་དུ་དེ་ཁོ་ནའི་མཚན་ཉིད་ལས་བརྩམས་ནས་ཡོངས་སུ་ཤེས་པའི་མཚན་ཉིད་དང༌། སྤོང་བའི་མཚན་ཉིད་དང༌། མངོན་སུམ་དུ་བྱེད་པའི་མཚན་ཉིད་དང༌། བསྒོམ་པའི་མཚན་ཉིད་དང༌། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འདི་དག་གི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་དང༌། གནས་དང་གནས་པ་འབྲེལ་བའི་མཚན་ཉིད་དང༌། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང༌། རྗེས་སུ་མཐུན་པའི་མཚན་ཉིད་དང༌། ཡོངས་སུ་མ་ཤེས་པ་ལ་སོགས་པ་དང༌། ཡོངས་སུ་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང་ཕན་ཡོན་གྱི་མཚན་ཉིད་ཀྱིས་དོན་སྟོན་པ་སྟེ། །དཔེར་ན་རོ་མྱང་བའི་མདོ་དེ་ཉིད་ལས་འབྱུང་བ་དེ་ལ་དེ་ཁོ་ནའི་མཚན་ཉིད་ཉེ་བར་ལེན་པའི་ཕུང་པོ་ལྔས་བསྡུས་པ་སྡུག་བསྔལ་གྱི་བདེན་པའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རོ་མྱང་བ་ལ་སོགས་པས་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །སྤོང་བའི་མཚན་ཉིད་དང༌། མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི། །འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་སྤོང་བ་དང༌། གནས་སུ་གྱུར་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །བསྒོམ་པའི་མཚན་ཉིད་ནི་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་པའོ། །རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ནི། དེ་ཁོ་ནའི་མཚན་ཉིད་རྣམ་པ་ལྔར་དབྱེ་བ་སྟེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་སྟེ་ཡོངས་སུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་དབྱེ་བ་སྟེ། རོ་མྱང་བ་ལ་རོ་མྱང་བ་དང༌། ཉེས་དམིགས་ལ་ཉེས་དམིགས་དང༌། ངེས་པར་འབྱུང་བའི་བར་ལ་ངེས་པར་འབྱུང་བའི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྤོང་བའི་མཚན་ཉིད་དང༌། མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་དབྱེ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང༌། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས། ལྷ་དང་མིར་བཅས་པའི་སྐྱེ་དགུའི་བར་ལས་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པའི་ཕྱིར་རོ། །དེ་བས་ན་དེ་བྱེ་བྲག་ཏུ་བྱེད་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱ་བ་གསུངས་ཏེ། །འདི་ལྟར་མདོ་གཞན་ལས་ངེས་པར་འབྱུང་བ་གང་ཞེ་ན་གང་འདིར་འདུན་པ་དང༌། འདོད་ཆགས་འདུལ་བ་དང༌། འདུན་པ་དང༌། འདོད་ཆགས་སྤོང་བ་དང༌། འདུན་པ་དང་འདོད་ཆགས་ལས་ཡང་
དག་པར་འདས་པའོ་ཞེས་གསུངས་སོ། །དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དང་བྲལ་ན། །སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར། །བྲལ་བ་དང་རྣམ་པར་རབ་ཏུ་གྲོལ་ཞེས་བྱ་བའི་གསུངས་སོ། །བསྒོམ་པའི་མཚན་ཉིད་རྣམ་པར་གཉིས་སུ་དབྱེ་སྟེ། །མཐོང་བའི་ལམ་དང༌། བསྒོམ་པའི་ལམ་མོ། དེ་ལ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཞེས་བྱ་བས་ནི་མཐོང་བའི་ལམ་སྟོན་ཏོ། །ལན་མང་དུ་གནས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་བསྒོམ་པའི་ལམ་སྟོན་ཏོ། །གནས་དང་གནས་པ་འབྲེལ་བའི་མཚན་ཉིད་ནི། །དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འོག་མ་གོང་མའི་གནས་ཡིན་པར་སྟོན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ནི། དེ་ལྟར་གསུམ་དུ་སྦྱར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ། །རྗེས་སུ་མཐུན་པའི་མཚན་ཉིད་ལ་གཟུགས་ལ་སོགས་པ་འདི་དག་ཇི་ལྟར་གནས་པ་བཞིན་དུ་ཉེས་དམིགས་ལ་སོགས་པར་རྣམ་པར་དཔྱོད་པའོ། །ཡོངས་སུ་མི་ཤེས་པ་ལས་ཉེས་དམིགས་ཀྱི་མཚན་ཉིད་ནི་མི་གྲོལ་བ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་བར་དུའོ། །དེ་ལས་བཟློག་པ་ནི་ཕན་ཡོན་གྱི་མཚན་ཉིད་དུ་རིག་པར་བྱའོ། །སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི། །གང་དུ་ཚིག་གཅིག་མ་བརྗོད་ན་དོན་འདི་གོ་བར་མི་འགྱུར་བས་ཚིག་སོ་སོ་ཐམས་ཅད་ཀྱི་ནུས་པ་སྟོན་པ་སྟེ། །དཔེར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་འདི་ཡོང་བས་འདི་འབྱུང༌། །འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཏེ། །འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམ་པར་ཤེས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཚིག་འདི་དག་གིས་སོ་སོའི་ནུས་པ་ནི། །ཇི་ལྟར་གོང་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་བཤད་པ་བཞིན་དུ་རིག་པར་བྱའོ། །བཟླས་ཏེ་བརྗོད་པའི་སྒོ་ནི་གང་དུ་མདོའི་ཚིག་གཅིག་བཟུང་ནས་རྒྱ་ཆེར་དོན་ཡང་དག་པར་སྟོན་པ་སྟེ། །དཔེར་ན་ཆོས་དྲུག་དང་ལྡན་པའི་དགེ་སློང་ནི་ཁའི་དབུགས་ཀྱིས་རིའི་རྒྱལ་པོ་གངས་རི་ཡང་འཐོར་ན། མ་རིག་པ་བག་ཆགས་དང་བཅས་པའི་རྩོད་པ་ལྟ་སྨོས་ཀྱང་ཅི་དགོས། དྲུག་གང་ཞེ་ན་དགེ་སློང་དག་འདི་ལ་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་པ་ནས་ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །མདོ་འདི་ལས་བསྐྱེད་པ་དང༌། གནས་པ་དང༌། ལྡང་བར་བྱེད་པ་དང༌། འཕེལ་བ་དང༌། འབྲི་
བ་དང༌། ཐབས་ཞེས་གསུངས་སོ། །ཇི་ལྟར་ན་དགེ་སློང་སེམས་བསྐྱེད་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་འདོད་པ་ལས་དབེན་པ་ནས། བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ནས་གནས་ཏེ། དེ་ལྟར་ན་དགེ་སློང་སེམས་བསྐྱེད་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་སེམས་གནས་པ་ལ། མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་དུ་བརྟེན་པའི་རྒྱུའི་བར་གྱིས་གང་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་དེ་གནས་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་གནས་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་ཀུན་དུ་རྟེན་རྒྱུས་གནས་པའི་ཆ་དང་མཐུན་པའི་བསམ་གཏན་ཏེ། ཁྱད་པར་དུ་གྱུར་པའི་ཆ་དང་མཐུན་པར་བྱེད་དེ། དེ་ལྟར་ན་དགེ་སློང་ལྡང་བར་བྱེད་པ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་པར་སྤོང་བ་གཉིས་རྒྱ་ཆེར་བྱས་ཏེ། དེ་ལྟར་ན་དགེ་སློང་འཕེལ་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ཡང་དག་པར་སྤོང་བ་གཉིས་རྒྱས་པར་བྱས་ཏེ། དེ་ལྟར་ན་དགེ་སློང་འབྲི་བ་ལ་མཁས་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཐབས་ལ་མཁས་པ་ཡིན་ཞེ་ན། འདི་ལ་དགེ་སློང་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་མོ་ཞེས་བྱ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་རྒྱ་ཆེར་སྦྱར་ཏེ། དེ་ལྟར་ན་དགེ་སློང་ཐབས་ལ་མཁས་པ་ཡིན་ནོ་ཞེས་འབྱུང་ངོ༌། །མངོན་པར་སྒྲུབ་པའི་སྒོ་ནི། །གང་དུ་ཚིག་ར་རེ་ལ་ཡང་མུ་བཞི་སོགས་པར་སྟོན་པ་སྟེ། །བཞི་པ་ལ་སོགས་པ་དེ་དག་གི་ཚིག་རེ་རེ་ལ་ཡང༌། གཞན་བཞི་པ་ལ་སོགས་པས་ཐུག་པ་མེད་པར་མངོན་པར་སྒྲུབ་པར་རིག་པར་བྱ་སྟེ། །དཔེར་ན་སངས་རྒྱས་རྩོམ་པའི་མདོ་ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་རྣམས་ཏེ། སྟོང་པ་ཉིད་བསྒོམ་པ་དང༌། སེམས་ཅན་ཐམས་ཅད་ཞེ་འགྲས་པ་མེད་པའི་སེམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་
ཕན་པ་ཉེ་བར་བསྒྲུབ་པ་དང༌། ཟང་ཟིང་མེད་པའི་སེམས་ཀྱིས་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་པའོ་ཞེས་བྱ་བ་འདི་འདི་ནི་བདག་གི་དོན་དང་གཞན་གྱི་དོན་ལས་བརྩམས་ཏེ་བྱང་ཆུབ་ཡོངས་སུ་སྦྱོང་བའི་ཕྱིར། མི་མཐུན་པའི་ཕྱོགས་བཞིའི་གཉེན་པོར་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་བཞི་ནི་སྙོམས་པར་འཇུག་པའི་རོ་མྱང་བ་དང༌། གནོད་སེམས་དང༌། ང་རྒྱལ་དང༌། རྙེད་པ་དང༌། བཀུར་སྟི་ལ་སྲེད་པའོ། །རྣམ་གྲངས་གཞན་དུ་ན་ཆོས་དང་པོས་ནི་ཉོན་མོངས་པ་སྤོང་བའི་གཉེན་པོ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་གསུམ་གྱི་ཐེག་པ་དམན་པ་ཡོངས་སུ་སྤོང་བ་བསྟན་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཉེ་བར་འཛིན་པ་དང༌། ཞུགས་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། མ་ཞུགས་པ་འཇུག་པར་བྱེད་པས་སོ། །རྣམ་གྲངས་གཞན་དུ་གཅིག་གིས་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྟན་ཏོ། །གསུམ་གྱིས་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྟན་ཏེ། ཉེ་བར་ལེན་པ་དང༌། ཡོངས་སུ་སྨིན་པར་བྱེད་པ་དང༌། འཇུག་པ་རྣམས་རེ་རེས་བསོད་ནམས་ཀྱི་ཁྱད་པར་སྐྱེད་པའི་ཕྱིར་རོ། །ཡང་རྒྱུ་གཉིས་ཀྱིས་རིག་པར་བྱ་སྟེ། བསམ་བས་ནི་བྱམས་པའི་སེམས་སུའོ། །སྒྲུབ་པས་ནི་ཐོབ་པ་དང་ལུང་དུ་ཉེ་བར་སྟོན་པར་རིག་པར་བྱའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་བསྒོམ་སྟེ། ནང་དུ་སེམས་རྣམ་པར་མི་རྟོག་པ་དང༌། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་སྐྱེད་པ་དང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོག་པར་བྱེད་པ་དང༌། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པ་སྟེ། འདི་དག་གིས་ནི་གང་ལ་བརྟེན་ནས་འཇིག་རྟེན་བསྒོམ་པ་སྟེ་ཡོངས་སུ་བརྟེན་ཏོ། །གང་ལ་བརྟེན་ནས་ཤེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་བསྒོམ་ཞེ་ན། སོ་སོའི་སྐྱེ་བོའི་ལམ་གྱིས་ཐོས་པ་དང༌། བསམ་པའི་སྟོབས་བསྐྱེད་པ་དང༌། སློབ་པའི་ལམ་དང༌། མི་སློབ་པའི་ལམ་གྱིས་སོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན། བྱམས་པ་བསྒོམ་པ་དང༌། སྒྲུབ་པ་ལ་རྣམ་པར་མི་འཁྲུག་པ་དང༌། མཚན་མ་ལ་རྣམ་པར་མི་རྟོག་པ་དང༌། སྐྱོ་བ་བཟོད་པའོ། །འདིར་ཡང་གང་ལ་
བརྟེན་ནས་ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེས་ཤེ་ན། ཚེ་རབས་སྔ་མའི་བྱམས་པ་བསྒོམས་པ་བསྒོམ་པ་ལས་སོ། །ཇི་ལྟར་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཞེ་ན། །ལོག་པར་བསྒྲུབ་པ་ལ་གནས་པ་རྣམས་ལ་སེམས་རྣམ་པར་མི་འཁྲུགས་པ་དང༌། གནོད་པར་བྱེད་པ་རྣམས་ལ་གནོད་པར་བྱེད་བའི་མཚན་མར་མི་རྟོག་པ་དང༌། གཞན་ལ་ཕན་པའི་དོན་དུ་རྩོལ་བ་ལ་ཡོངས་སུ་མི་སྐྱོ་བའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་བསྒྲུབ་པ་ཡིན་ཏེ། གང་ཡོངས་སུ་འཇལ་བ་དང༌། ཡང་དག་པའི་གདམས་པ་ལ་འཇུག་པ་དང༌། །དེས་ཤིང་འགྲོགས་ན་བདེ་བ་དང༌། མཆོད་པ་དང་རྙེད་པ་དང་བཀུར་སྟི་དང༌། བསྙེན་བཀུར་བྱས་པ་ཉེ་བར་བསྒྲུབ་པའོ། །འདིར་ཡང་གང་ལ་བརྟེན་ནས་ཇི་ལྟར་བསྒྲུབ་པ་དེ་ཡོངས་སུ་བསྟན་ཏོ། །གང་ལ་བརྟེན་ནས་ཤེ་ན། ང་རྒྱལ་བཅག་པ་ལའོ། །ཇི་ལྟར་ཉེ་བར་བསྒྲུབ་ཅེ་ན། ཇི་སྐད་བསྟན་པ་རྣམས་ལ་གསུམ་གྱིས་དམན་པ་དང༌། འབྲིང་པོ་དང༌། ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་རིམས་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །བར་དུ་གཅོད་པས་ལེགས་པར་རབ་ཏུ་རྟོག་པ་དང༌། རྨོངས་པ་དང༌། བྱིང་བ་སེལ་བ་ལ་མཁས་པ་དང༌། ཡིད་བདེ་བ་ཉེ་བར་སྒྲུབ་པ་དང༌། མགོན་མེད་པའི་ཆོས་ལ་དགའ་བའོ། །འདིར་ཡང་གང་ལ་བརྟེན་ནས། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་པ་དེ་ཡོངས་སུ་བསྟན་ཏོ།། གང་ལ་བརྟེན་ནས་ཤེ་ན། རྙེད་པ་དང༌། བཀུར་སྟིས་བར་དུ་གཅོད་པར་བྱེད་པ་ཉིད་དུ་ལེགས་པར་རྟོགས་པ་ལའོ། །ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། རྨོངས་པ་མེད་པ་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་པ་དང༌། བག་མེད་པ་ལ་ཆགས་པ་དང༌། བདག་དམན་པར་འཛིན་པས་ཞུམ་པ་རྣམས་ལས་ཡང་དག་པར་འཛིན་དུ་འཇུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང༌། རང་བཞིན་གྱིས་ཆོས་ལ་དགའ་བས་སོ། །དེ་ལྟར་བཞི་པ་གཞན་ནི་བཞི་པ་དང་པོའི་ཚིག་རབ་ཏུ་དབྱེ་བ་ལ་མངོན་པར་བསྒྲུབ་པར་རིག་པར་བྱའོ། །རབ་ཏུ་
ཕྱེ་ནས་ཀུན་དུ་བསྟན་པ་རྣམ་ངེས་གང༌། །ཇི་སྐད་དུ་བསྟན་པའི་ཆོས་རྣམས་ལ་ཅི་རིགས་སུ་སྦྱར་ཏེ། །གཅིག་ནས་རྟོག་པ་དང༌། ཚིག་གོང་མ་དང་སྦྱོང་བ་དང༌། །ཚིག་འོག་མ་དང་སྦྱོར་བ་དང༌། མུ་གཉིས་པ་དང༌། མུ་གསུམ་པ་དང༌། མུ་བཞི་པ་དང༌། དེ་དེ་བཞིན་ནོ་ཞེས་བྱ་བ་དང་སྤོང་བའོ། །རབ་ཏུ་ཕྱེ་ནས་ཀུན་དུ་བསྟན་པ་རྣམ་པར་ངེས་པ་ནི། ཇི་སྐད་དུ་བསྟན་པའི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་གཅིག་ནས་རྟོག་པ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །དེ་ལ་གཅིག་ནས་རྟོག་པ་ཞེས་བྱ་བའི་དྲི་བ་ནི་གང་གིས་ཆོས་གཅིག་ཆོས་ལྷག་མ་གཞན་རྣམས་དང་ལྷན་ཅིག་ཏུ་རེ་རེ་ནས་དྲིས་ནས་དེ་བོར་ཏེ། དེས་གཉིས་པ་ཡང་གཞན་རྣམས་དང་ལྷན་ཅིག་ཏུ་འདྲི་བའོ། །དེ་བཞིན་དུ་རེ་རེ་ནས་ཐམས་ཅད་དྲི་བ་སྟེ། དཔེར་ན་གང་མིག་གི་སྐྱེ་མཆེད་དང་ལྡན་པ་སྟེ། གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་ནི་ཚིག་གོང་མ་དང་སྦྱོར་བའོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ། །དེ་བཞིན་དུ་ཡིད་ཀྱི་སྐྱེ་མཆེད་དང་ཡང་ལྡན་ཞེས་བྱ་བའི་བར་དུ་འདི་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ཚིག་གོང་མ་དང་སྦྱོར་བའོ། །གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་པ་གང་ཡིན་པ་སྟེ། མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ། གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ན་ཞེས་བྱ་བ་འདི་ནི་ཚིག་འོག་མ་དང་སྦྱར་རོ། །གང་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པ་དེ་ནི་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ཡང་ཚིག་འོག་མ་དང་སྦྱར་བའོ། །དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་ཅི་རིགས་སུ་སྦྱར་བར་བྱའོ། །གང་རྣ་བའི་སྐྱེ་མཆེད་དང་ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་བྱ་བ་འདི་ལ་མུ་བཞིའོ། །དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་རེ་རེ་ནས་བརྩམས་པའི་ཚུལ་གྱིས་སྐྱེ་མཆེད་ཐམས་ཅད་ཕན་ཚུན་དུ་སྦྱར་བར་བྱའོ། །ཚིག་འོག་མ་དང་སྦྱར་བ་གཉིས་པ་ནི། ཆོས་འགའ་ཞིག་ལ་བརྩམས་ནས་ཕན་ཚུན་འདྲི་ན། ཆོས་གོང་མ་ལ་བརྟེན་ནས་གང་ལུང་སྟོན་པ་སྟེ། དཔེར་ན་ཤེས་པ་གང་
ཡིན་པ་ཤེས་བྱ་དེ་འམ་ཞེས་བྱ་བ་གང་ཡིན་པ་ཤེས་པའང་ཞེས་བྱ་བ་དེ་ཚིག་གོང་མ་དང་སྦྱོར་བ་སྟེ། ཤེས་པ་གང་ཡིན་པ་ཤེས་བྱ་འང་དེ་ཡིན་ནོ། །ཤེས་བྱ་ཡིད་ལ་ཤེས་པ་མ་ཡིན་པའང་ཡོད་དེ། དེ་ལས་གཞན་པའི་ཆོས་རྣམས་སོ། །ཚིག་འོག་མ་དང་སྦྱོར་བ་ནི་དེ་བཞིན་དུ་གཉིས་གཉིས་དྲིས་པ་ལ་གང་ཕྱི་མ་ལ་བརྟེན་ནས་གང་དུ་ལུང་སྟོན་པ་སྟེ། དཔེར་ན་གཟུང་བ་གང་ཡིན་པ་འཛིན་པའང་དེ་འམ། འཛིན་པ་གང་ཡིན་པ་གཟུང་བའང་དེ་འམ་ཞེས་བྱ་བ་ནི་ཚིག་འོག་མ་དང་སྦྱོར་བ་སྟེ། །འཛིན་པ་གང་ཡིན་པ་གཟུང་བའང་དེའོ། །གཟུང་བ་ཡིན་པ་ལ་འཛིན་པ་མ་ཡིན་པའང་ཡོད་དེ། །གཟུགས་ལ་སོགས་པ་ཡུལ་ལྔ་པོ་དེ་དང་མཚུངས་པར་ལྡན་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ་ནི་གང་དུ་མུ་གཉིས་སྟོན་པ་སྟེ། །དེ་བས་གཞན་པ་མེད་པའི་ཕྱིར་རོ། །དཔེར་ན་ཕུང་པོ་རྣམ་པར་གཞག་པ་དང༌། ཁམས་རྣམ་པར་གཞག་པ་ལ་བརྟེན་ནས་བརྗོད་པ་སྟེ། ཕུང་པོའི་གྲངས་གང་ཡིན་པ་དེ་ཁམས་ཀྱང་དེ་འམ། །ཁམས་ཀྱི་གྲངས་གང་ཡིན་པ་ཕུང་པོའི་གྲངས་ཀྱང་དེ་འམ་ཞེས་བྱ་བ་ནི་མུ་གཉིས་ཏེ། །ཕུང་པོའི་གྲངས་ཡིན་ལ་ཁམས་ཀྱི་གྲང་མ་ཡིན་པའང་ཡོད་དེ། །གཟུགས་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོའོ། །འདི་ལྟར་གཟུགས་ཀྱི་ཕུང་པོའི་མཚན་ཉིད་མཐའ་དག་གམ། རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་མཐའ་དག་ཁམས་གཅིག་ཏུ་གྱུར་པ་མེད་དོ། །ཁམས་ཀྱི་གྲངས་ཡིན་ལ། ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་ཁམས་སོ། །མུ་གསུམ་པ་ནི་གང་དུ་མུ་གསུམ་ཁོ་ན་སྟོན་པ་སྟེ། དཔེར་ན་ཕུང་པོའི་གྲང་གང་ཡིན་པ་སྐྱེ་མཆེད་ཀྱི་གྲངས་ཀྱང་དེ་འམ་ཞེས་བྱ་བ་ནི་མུ་གསུམ་པ་སྟེ། ཕུང་པོའི་གྲངས་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་མ་ཡིན་པ་ཡང་ཡོད་དེ། གཟུགས་ཀྱི་ཕུང་པོའི། །སྐྱེ་མཆེད་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པའང་ཡོད་དེ། ཆོས་ཀྱི་སྐྱེ་མཆེད་དོ། །ཕུང་པོའི་གྲངས་ཀྱང་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་ཀྱང་ཡིན་པའང་ཡོད་དེ། །རྣམ་པར་ཤེས་པའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དོ། །དེ་གཉི་ག་མ་ཡིན་པའི་གྲངས་ནི་ཕུང་པོ་དང་སྐྱེ་མཆེད་ལ་མེད་དོ། །མུ་བཞི་པ་ནི་གང་དུ་མི་བཞི་སྟོན་པ་སྟེ། །མིག་གི་དབང་པོ་དང་ལྡན་པ་དེའམ། །རྣ་བའི་དབང་པོ་དང་ལྡན་པ་མིག་གི་དབང་པོ་དང་ལྡན་པ་
དེའམ་ཞེས་བྱ་བ་མུ་བཞི་པ་སྟེ། མུ་དང་པོ་ནི་མིག་སྐྱེས་ཤིང་མ་ཉམས་པ་ལ་འོན་པའོ། །མུ་གཉིས་པ་ནི་རྣ་བ་སྐྱེས་ཤིང་མ་ཉམས་པ་ལ་ལོང་བའོ། །མུ་གསུམ་པ་ནི་མིག་དང་རྣ་བ་སྐྱེས་པ་ལ་མ་ཉམས་པའོ། །མུ་བཞི་བའི་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ནི་གང་དུ་དྲིས་པ་ལུང་བསྟན་པ་ལ་དེ་དེ་བཞིན་ནོ་ཞེས་བརྗོད་པ་སྟེ། དེ་དེ་བཞིན་ནོ་ཞེས་ཁས་ལེན་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་གང་དག་མི་རྟག་པ་དེ་ཐམས་ཅད་འདུ་བྱེད་ཡིན་ནམ། འདུ་བྱེད་གང་ཡིན་པ་དེ་ཐམས་ཅད་མི་རྟག་པའམ་ཞེས་དྲིས་པ་ལ་དེ་བཞིན་ནོ་ཞེས་བསྟན་པར་བྱའོ། །སྤང་བ་ནི་གང་དུ་མ་ཡིན་ཞེས་སྤངས་པ་སྟེ། དཔེར་ན་ཕུང་པོ་ལ་མ་གཏོགས་པའི་འདུ་བྱེད་རྣམས་བདེན་པ་གང་དག་གིས་བསྡུས་ཞེས་ཟེར་བ་ལ། ཕུང་པོ་ལས་མ་གཏོགས་པའི་འདུ་བྱེད་དག་མེད་དོ་ཞེས་སྤོང་བའོ། །ཡང་དག་པར་དྲི་བ་རྣམ་ངེས་གང༌། རྣམ་པ་བརྒྱད་དེ། ཅི་ཞེས་བརྗོད་པ་ཡང་དག་པར་དྲི་བ་རྣམ་ངེས་དང༌། འདི་ལྟ་སྟེ། སུ་ཞིག་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །ཅི་མི་དམིགས་ཤེ་ན་གཟུང་བའི་མཚན་ཉིད་དང༌། འཛིན་པའི་མཚན་ཉིད་དོ། །གང་གིས་ནི་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །ཅིའི་ཕྱིར་མི་དམིགས་ཤེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །གང་ལས་མི་དམིགས་ཤེ་ན། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ལས་སོ། །གང་གིས་མི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱིའོ། གང་དུ་མི་དམིགས་ཤེ་ན། མོས་པ་སྤྱད་པའི་ས་ནས་ས་བཅུའི་བར་དུའོ། །རྣམ་པ་དུ་ཞིག་གིས་མི་དམིགས་ཤེ་ན། རྣམ་པ་བཅུ་གཅིག་སྟེ། སྐྱེས་ནས་འགག་པ་དང༌། མ་སྐྱེས་པ་དང༌། མངོན་དུ་གྱུར་པ་དང༌། རྒྱུའི་སྟོབས་ལས་བྱུང་བ་དང༌། མཛའ་བོའི་སྟོབས་ལས་བྱུང་བ་དང༌། ཆོས་ཐམས་ཅད་མི་དམིགས་པ་དང༌། སྟོང་བ་ཉིད་མི་དམིགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་དང༌། ངའོ་སྙམ་པའི་ང་རྒྱལ་མེད་པ་དང༌། ཚོགས་མ་བསགས་པ་དང༌། ཚོགས་
བསགས་པའོ། །མི་དམིགས་པ་འདི་དག་ནི་གང་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། ནང་དང༌། ཕྱིའི་དང༌། རགས་པ་དང༌། ཕྲ་བ་དང༌། ངན་པ་དང༌། བཟང་པོ་དང༌། རྒྱང་རིང་བ་དང༌། ཐག་ཉེ་བ་ཞེས་བྱ་བ་འདི་དག་གི་གོ་རིམས་ཀྱི་ཚུལ་གྱིས་བལྟ་བར་བྱའོ། །ཅི་བརྗོད་པ་ལ་ཇི་ལྟ་བར་གང་བརྗོད་པ་ལའང་དེ་བཞིན་ནོ་ཞེས་བྱ་བ་ནི། གང་ཞིག་མི་དམིགས་པ་དང༌། གང་དང་གང་གིས་དང༌། གང་གི་ཕྱིར་དང༌། གང་ལས་དང་གང་གི་དང༌། གང་དུ་མི་དམིགས་པ་དང༌། ཇི་སྙེད་ཅིག་མི་དམིགས་པའོ། །ཡང་རྣམ་ངེས་ཀྱི་ལམ་བཞི་སྟེ། སུན་འབྱིན་པར་བྱེད་པ་ལ་སོགས་པའོ། །སུན་འབྱིན་པར་བྱེད་པ་དང༌། སྒྲུབ་པར་བྱེད་པ་དང༌། གཅོད་པར་བྱེད་པ་དང༌། ཁོང་དུ་ཆུད་པར་བྱེད་པའོ། །དེ་ལ་སུན་འབྱིན་པར་བྱེད་པ་ནི། གཞན་གྱི་ཕྱོགས་ཉེས་པར་སྨྲས་པའང་འདི་ལེགས་པ་མ་ཡིན་ནོ་ཞེས་རྣམ་པར་འབྱེད་པའོ། །སྒྲུབ་པར་བྱེད་པ་ནི་རང་གི་ཕྱོགས་ལེགས་པར་སྨྲས་པ་ལ་འདི་ནི་ལེགས་པའོ་ཞེས་རྗོད་པར་བྱེད་པའོ། །གཅོད་པར་བྱེད་པ་ནི་གཞན་དག་གིས་ཐེ་ཚོམ་སྐྱེས་པའམ་མ་སྐྱེས་པ་ལ་རྣམ་པར་ངེས་པར་འབྱིན་པར་བྱེད་པའོ། །ཁོང་དུ་ཆུད་པར་བྱེད་པ་ནི། དོན་དེ་དང་དེ་དག་ལ་རྨོངས་པ་རྣམས་ལ་དོན་དེ་སྟོན་པར་བྱེད་པའོ། །བསྡུ་བ་རྣམ་ངེས་གང༌། གནས་བཅུའི་རྣམ་ངེས་བསྡུས་པར་འགྱུར་ཏེ། གནས་བཅུ་གང་བྱ་བ་བསྒྲུབ་པ་རྣམ་ངེས་དང༌། འཇུག་པའི་རྣམ་ངེས་དང༌། མོས་པ་རྣམ་ངེས་དང༌། རིག་པ་རྣམ་ངེས་དང༌། ཡང་དག་པའི་གཏམ་རྣམ་ངེས་དང༌། རབ་ཏུ་རྟོགས་པས་རྣམ་ངེས་དང༌། རྣམ་པར་དག་པས་རྣམ་ངེས་དང༌། མངོན་པར་བསྒྲུབ་པས་རྣམ་ངེས་དང༌། ཚིག་རབ་ཏུ་དབྱེ་བས་རྣམ་ངེས་དང༌། ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་རྣམ་ངེས་སོ། །དེ་ལ་བྱ་བ་བསྒྲུབ་པ་རྣམ་ངེས་གང་ཞེ་ན། འཇིག་རྟེན་ཕན་ཚུན་དུ་འཚོ་བའི་ཐབས་ལ་སོགས་པའི་དགོས་པ་བསྒྲུབ་པའོ། །འཇུག་པ་རྣམ་ངེས་གང་ཞེ་ན། ཐེག་པ་གསུམ་པོ་དག་ལས་ཤེས་པ་གང་ལ་འཇུག་པར་བྱ་ཞིང་གཞུག་པར་བྱ་ཞེས་རྣམ་པར་དཔྱད་པའོ། །མོས་པ་རྣམ་པར་ངེས་པ་གང་ཞེ་ན། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟར་ཐོབ་པ་བཞིན་དུ་ཡིད་ཆེས་པའོ། །རིག་པ་རྣམ་པར་
ངེས་པ་གང་ཞེ་ན། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྔ་ཕྱིའི་དགོངས་པ་ཡོངས་སུ་འཇལ་བའོ། །ཡང་དག་པའི་གཏམ་གྱི་རྣམ་ངེས་གང་ཞེ་ན། ཇི་ལྟར་ཐོས་པ་དང་བསམ་པ་རྣམས་དྲི་བ་དང༌། ཕྱིར་འདྲི་བར་བྱ་བའི་ཚུལ་གྱིས་ཕན་ཚུན་ཆོས་ལ་རྫོགས་པར་ལོངས་སྤྱོད་པའོ། །རབ་ཏུ་རྟོགས་པས་རྣམ་ངེས་གང་ཞེ་ན། མཐོང་བའི་ལམ་སྟེ་དེས་བདེན་པར་རབ་ཏུ་རྟོགས་པའི་ཕྱིར་རོ། །རྣམ་པར་དག་པས་རྣམ་པར་ངེས་པ་གང་ཞེ་ན། བསྒོམ་པའི་ལམ་སྟེ། དེ་ཉོན་མོངས་པ་མ་ལུས་པར་སྤོང་བའི་ཕྱིར་རོ། །མངོན་པར་བསྒྲུབ་པས་རྣམ་པར་ངེས་པ་ནི་ཁྱད་པར་ཅན་གྱི་ལམ་སྟེ་དེས་ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར་རོ། །ཚིག་རབ་ཏུ་དབྱེ་བས་རྣམ་ངེས་གང་ཞེ་ན། གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་སོགས་པའི་རྣམ་པ་མངོན་པར་བསྒྲུབ་པའི་སྒོ་ནས་ཆོས་སྟོན་པ་མཐའ་ཡས་སོ། །ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་རྣམ་ངེས་གང་ཞེ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། སྔོན་གྱི་རྩོལ་བ་མེད་པར་ཡང་དོན་ཐམས་ཅད་ལ་རྩོལ་བ་མེད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་མཐོང་པ་མེད་པའི་ཡེ་ཤེས་མཐོང་བ་ལ་འཇུག་པའི་ཕྱིར་རོ། །སྨྲ་བ་རྣམ་ངེས་དང༌། སྨྲ་བ་དང༌། སྨྲ་བའི་ཞལ་ཅེ་བ་དང༌། སྨྲ་བའི་གཞི་དང༌། སྨྲ་བའི་རྒྱན་དང༌། སྨྲ་བ་ལ་ཆད་པས་བཅད་པ་དང༌། སྨྲ་བ་ལས་བྱུང་བ་དང༌། སྨྲ་བ་ལས་གཅེས་སྤྲས་བྱེད་པའི་ཆོས་རྣམས་སོ། །སྨྲ་བའི་ཞལ་ཅེ་བ་ལ་སོགས་པ་ལ་མཁས་པ་ནི། སྨྲ་བ་རྣམ་པར་ངེས་པར་བརྗོད་དོ། །དེ་ལ་སྨྲ་བ་གང༌། སྨྲ་བ་དང༌། རྨད་ཁྱེར་བ་སྨྲ་བ་དང། རྩོད་པ་སྨྲ་བ་དང༌། ཚིག་ངན་པ་སྨྲ་བ་དང༌། མཐུན་པར་སྨྲ་བ་དང༌། གདམས་པར་སྨྲའོ། །དེ་ལ་སྨྲ་བ་ནི་ཚིག་བརྗོད་པ་ཐམས་ཅད་དོ། །རྨད་ཁྱེར་བ་སྨྲ་བ་ནི་འཇིག་རྟེན་ན་གྲགས་པའོ། །འཇིག་རྟེན་ན་རྣམ་པར་སྨྲ་བ་ནི་རྨད་ཁྱེར་བར་སྨྲ་བའོ། །རྩོད་པས་སྨྲ་བ་ནི་ཕན་ཚུན་མི་མཐུན་པར་གནས་པའོ། །གང་ཞིག་འགལ་བ་དག་ལ་རྩོད་པ་ནི་རྩོད་པ་སྨྲ་བའོ། །ཚིག་ངན་སྨྲ་བ་ནི་ཕན་ཚུན་ཚིག་བརླང་པོས་ཉེ་བར་གནས་པའོ། །གང་དག་ངན་པ་སྨྲ་བའོ། །མཐུན་པར་སྨྲ་བ་ནི་ཡེ་ཤེས་མཐོང་བ་རྣམ་པར་དག་པ་དང་རྗེས་སུ་མཐུན་པའི་ཡང་དག་པའི་གཏམ་རྣམ་ངེས་སོ། །རྗེས་སུ་མཐུན་
པར་སྨྲ་བ་ནི། རྗེས་སུ་མཐུན་པའི་ཡང་དག་པའི་གཏམ་གྱིས་གཏན་ལ་འབེབས་པའོ། །གདམས་པ་སྨྲ་བ་ནི། སེམས་མཉམ་པར་མ་གཞག་པར་མཉམ་པར་གཞག་པར་བྱ་བ་དང༌། སེམས་མཉམ་པར་གཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་བསྟན་པའོ། །དབང་དུ་བྱ་བའི་ཕྱིར་གདམས་ངག་བརྗོད་པ་ནི་གདམས་པར་སྨྲ་བའོ། །སྨྲ་བའི་ཞལ་ཅེ་བ་ནི་རྒྱལ་པོ་བཞུགས་པ་དང༌། བསྐོས་པ་འདུ་བའི་ས་དང༌། འདུས་པ་དང༌། ཚད་མར་རུང་བའི་ཟླ་གྲོགས་རྣམས་དང༌། དགེ་སྤྱོད་དང༌། བྲམ་ཟེ་ཆོས་དང་དོན་ལ་མཁས་པ་རྣམས་སོ། །འདི་ལྟ་སྟེ། རྒྱལ་པོའི་ཕོ་བྲང་གང་ན་རྒྱལ་པོ་ཉིད་བཞུགས་པའོ། །བསྐོས་པ་འདུ་བའི་ས་ནི། གང་དུ་རྒྱལ་པོས་བསྐོས་པ་རྣམས་འདུས་པའོ། །འདུས་པ་ནི་ཚོང་པ་འདུས་པ་ལ་སོགས་པའོ། །ཚད་མར་རུང་བའི་ཟླ་གྲོགས་ནི་གང་དག་གི་ཚིག་རྒོལ་བ་དང༌། ཕྱིར་རྒོལ་བ་གཉི་གས་མི་གཅག་པའོ། །དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་པ་ནི། གང་དག་བསྟན་བཅོས་དེ་དང་དེ་དག་གི་ཚིག་དང་དོན་ལ་བློ་བྱང་བའོ། །སྨྲ་བའི་བཞི་བསྒྲུབ་པ་དང་སྒྲུབ་པའོ། །སྨྲ་བའི་གཞི་ནི་གང་སྨྲ་བའི་གནས་སུ་བྱེད་པ་སྟེ། འདི་ལྟ་སྟེ། བསྒྲུབ་པ་དང༌། སྒྲུབ་པའོ། །བསྒྲུབ་པ་ནི་ངོ་བོ་ཉིད་དང་ཁྱད་པར་རོ། །སྒྲུབ་པ་ནི་དམ་བཅའ་དང༌། གཏན་ཚིགས་དང༌། དཔེ་དང༌། ཉེ་བར་སྦྱོར་བ་དང༌། མཇུག་སྡུད་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་ངོ༌། །དེ་ལ་ངོ་བོ་ཉིད་སྒྲུབ་པ་ནི། བདག་གི་ངོ་བོ་ཉིད་དང༌། ཆོས་ཀྱི་ངོ་བོ་ཉིད་དང༌། ཡོད་དོ་ཞེའམ། མེད་དོ་ཞེས་པའོ། །ཁྱད་པར་ནི་བདག་གི་ཁྱད་པར་དང༌། ཆོས་ཀྱི་ཁྱད་པར་རོ། །ཐམས་ཅད་དུ་སོང་བའམ། ཐམས་ཅད་དུ་སོང་བ་མ་ཡིན་པའམ། རྟག་པའམ། མི་རྟག་པའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ། །དམ་བཅའ་བ་ནི་བདག་འདོད་པ་སྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པའོ། །གལ་ཏེ་སྒྲུབ་པ་མ་སྨོས་ན་བདག་གི་ཕྱོགས་གྲུབ་ཟིན་པ་ཡང་གཞན་དག་ལ་བསྟན་པས་དམ་བཅའ་བར་འགྱུར་རོ། །གལ་ཏེ་བདག་འདོད་པའི་དོན་མ་སྨོས་ན་ནི། གཞན་གྱི་ཕྱོགས་སྒྲུབ་པའི་ཚིག་ཀྱང་དམ་བཅའ་བར་འགྱུར་རོ། །གལ་ཏེ་གཞན་མ་སྨོས་ན་ནི་གཅིག་པུ་ཡང་ཚིག་དེ་དག་དམ་བཅའ་བར་འགྱུར་རོ། །གལ་ཏེ་གོ་བ་མ་སྨོས་ན་ནི་ལུས་ཀྱི་དོན་དེ་
བརྡ་སྤྲོད་པ་ཡང་དམ་བཅའ་བར་འགྱུར་རོ། །གལ་ཏེ་སྟོན་པ་མ་སྨོས་ན་ནི་ཉན་པ་རྣམས་ཀྱིས་དོན་དེ་མ་ཤེས་པ་ཡང་དམ་བཅའ་བར་འགྱུར་རོ། །ཇི་ལྟར་བསྟན་པ་བཞིན་དུ་རྣམ་པར་གཞག་པ་ལ་ཉེས་པ་འདི་དག་ཐམས་ཅད་མེད་པར་འགྱུར་ཏེ། དེ་ལྟ་བས་ན་འདི་རྣམ་པར་གཞག་པར་རིག་པར་བྱའོ། །གཏན་ཚིགས་ནི་སྒྲུབ་པ་པོ་དེ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང༌། མི་དམིགས་པ་བསྙད་པའོ། །ཡིད་ཆེས་པར་བྱེད་པའི་རྒྱུའི་དོན་ནི་འདིར་གཏན་ཚིགས་ཀྱི་དོན་ཞེས་བྱ་བར་སྟོན་ཏེ། འདི་ལྟར་མངོན་སུམ་དུ་དམིགས་པ་དང༌། མ་དམིགས་པ་ཞེས་བསྟན་པ་འདིས་བསྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ལ་ཡིད་ཆེས་པ་བསྐྱེད་པ་སྟེ། དེས་ན་བསྙད་པའི་རྒྱུར་གྱུར་པའི་ཕྱིར་གཏན་ཚིགས་ཞེས་བརྗོད་དོ། །མངོན་སུམ་དུ་དམིགས་པ་དང་མི་དམིགས་པ་ནི། ངོ་བོ་ཉིད་དང་ཚུལ་གྱིས་དབང་དུ་བྱ་བར་རིག་པར་བྱའོ། །དཔེ་ནི་མཐའ་མཐོང་བ་དང་མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྙད་པའོ། །གྲགས་པའི་ཆས་མ་གྲགས་པའི་ཆ་རྟོགས་པར་བྱ་བའི་ཕྱིར་བསྙད་ཅེས་བྱ་བའི་ཐ་ཚིག་གོ །ཉེ་བར་སྦྱོར་བ་ནི་ལྷག་མ་དེ་དང་འདྲ་བ་ཡང་དེའི་ཆོས་སྦྱར་བའི་ཕྱིར་ཚུལ་གྱིས་མཐུན་པར་བསྙད་པའོ། །ཇི་ལྟར་བསྒྲུབ་པའི་དོན་ཡན་ལག་གསུམ་གྱིས་བསྒྲུབ་པ་དེ་བཞིན་དུ། ལྷག་མ་དེ་དང་འདྲ་བ་བསྒྲུབ་པ་རྣམས་ལ་ཡང་གྲུབ་པའི་དོན་གྱི་ཆོས་སྦྱར་བའི་ཕྱིར། ཚུལ་གྱིས་མཐུན་པར་བསྙད་པར་ཅི་རིགས་པས་འདྲ་བར་སྟོན་པ་ནི་ཉེ་བར་སྦྱོར་བའོ། །མཇུག་སྡུད་ནི་མཐར་ཕྱིན་པར་བསྙད་པའོ། །གང་གི་ཕྱིར་དེ་ལྟར་རིགས་ལེགས་པར་འཐད་པ་དེའི་ཕྱིར་འདི་ནི་དེ་བཞིན་ནོ་ཞེས་བྱ་བ་འདི་ནི་མཇུག་སྡུད་དུ་རིག་པར་བྱའོ། །དམ་བཅའ་བ་ལ་སོགས་པ་འདི་དག་ནི་དཔེ་བརྗོད་པ་ཙམ་འདི་རབ་ཏུ་བསྟན་པར་བྱ་སྟེ། དཔེར་ན་རྩོད་པའི་ཕྱིར་རྒོལ་བ་དང་བཅས་པ་དེ་ལ་བདག་མེད་པར་སྨྲ་བས་བདག་མེད་དོ་ཞེས་བྱ་བའི་ཚིག་གིས་ནི་དམ་བཅའ་བའོ། །ཕུང་པོ་ལ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའོ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། བདག་དེ་ལ་འདོགས་ན་ཕུང་པོ་ལ་མཚན་ཉིད་དུའམ། ཕུང་པོ་རྣམས་ལའམ། ཕུང་པོ་རྣམས་ལས་གཞན་པའམ། ཕུང་པོ་མེད་པ་ཞིག་ཏུ་གདགས་གྲང་ན། དེ་ལ་གལ་ཏེ་ཕུང་པོའི་མཚན་ཉིད་ཅེས་བྱ་བར་ནི་ཕུང་པོ་དེ་དག་རང་
དབང་མེད་པར་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། འཇིག་པའི་ཆོས་ཅན་ཏེ། བདག་གི་མཚན་ཉིད་དུ་མི་འཐད་པས་ཉེས་པར་འགྱུར་རོ། །ཇི་སྟེ་ཕུང་པོ་རྣམས་ལ་འདོགས་ན་ནི། དེས་ན་ཕུང་པོ་མི་རྟག་པ་ལ་བརྟེན་ནས་བདག་མི་རྟག་པར་གྱུར་པའི་ཕྱིར་ཉེས་པར་འགྱུར་རོ། །ཇི་སྟེ་ཕུང་པོ་དག་ལས་གཞན་དུ། འདོགས་ན་ནི། དེས་ན་བདག་ལུས་མེད་ཅིང་མི་འདོགས་པའི་ཕྱིར་ཉེས་པར་འགྱུར་རོ། །གལ་ཏེ་ཕུང་པོ་མེད་པར་འདོགས་ན་ནི། རང་བཞིན་གྱིས་གྲོལ་བ་མ་འདྲེས་པ་ཡིན་པས་ཐར་པར་བྱ་བའི་འབད་པ་དོན་མེད་པའི་ཉེས་པར་འགྱུར་རོ། །ད་ལྟར་ན་འདས་པ་འདོགས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །འདས་པ་དེ་ཡོད་པའི་མཚན་ཉིད་ཁོ་ནར་འདོགས་པ་ན་ད་ལྟར་གྱི་མཚན་ཉིད་དུ་འམ། ད་ལྟར་བྱུང་བ་ལའམ། ད་ལྟར་བྱུང་བ་ལས་གཞན་དུའམ། ད་ལྟར་བྱུང་བ་ལ་མི་ལྟོས་པ་ཞིག་ཏུ་གདགས་གྲང་ན། དེ་གལ་ཏེ་ད་ལྟར་གྱི་མཚན་ཉིད་དུ་འདོགས་ན་ནི། དེས་ན་ད་ལྟར་གྱི་བྱུང་བ་མ་འགགས་པ་ཡིན་པས་དེའི་མཚན་ཉིད་འདས་པ་ཡང་བྱུང་བ་མ་འགགས་པའི་བདག་ཉིད་ཀྱི་ཉེས་པར་འགྱུར་རོ། །ཇི་ལྟར་ད་ལྟར་ལ་འདོགས་ན་དེས་ན་མ་འགགས་པ་ནི་འགག་པའི་བདག་ཉིད་དང་འབྲེལ་བར་མི་རུང་བས་ཉེས་པར་འགྱུར་རོ། །ཇི་སྟེ་ད་ལྟར་ལས་གཞན་དུ་འདོགས་ན་ནི། དེས་ན་ད་ལྟར་བོར་ན་དངོས་པོ་དེ་ཅི་ཡང་མི་དམིགས་ཏེ། དེ་ལ་དེ་འདོགས་པ་ཉེས་པར་འགྱུར་རོ། །ཇི་སྟེ་དེ་ད་ལྟར་ལ་མི་ལྟོས་ན་ནི་དེས་ན་འདུས་མ་བྱས་ཀྱང་འདས་པར་འགྱུར་བས་ཉེས་པར་འགྱུར་རོ། །འདས་པ་དེ་ནི་མཚན་ཉིད་ཉམས་པའི་ཕྱིར་མཚན་ཉིད་ཀྱིས་ཉེས་པར་འགྱུར་རོ། །དེའི་ཕྱིར་ད་ལྟར་ལ་འདོགས་པ་ལ་ཉེས་པ་ཞི་འགྲུབ་པ་འདིས་བདག་མེད་པ་མ་གྲུབ་བ་ཡང་ཕུང་པོ་ལ་འདོགས་པ་ལ་ཉེས་པ་རྣམ་པ་བཞི་དམིགས་པའི་ཕྱིར་མེད་པར་རབ་ཏུ་གྱུར་བོ། །དེ་ལྟར་བདག་ཏུ་ཕྱིན་ཅི་ལོག་པ་བཀག་ནས་རིགས་པ་འདིས་རྟག་པ་ལ་སོགས་པ་ཡང་མེད་དོ་ཞེས་འདྲ་བར་སྟོན་པ་ནི་ཉེ་བར་སྦྱར་བའོ། །གང་གི་ཕྱིར་དེ་དེ་ལྟར་མ་ཡིན་པ་དེའི་ཕྱིར་ཕུང་པོ་ལྔ་ནི་མི་རྟག་པ་ནས་བདག་མེད་དོ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །མངོན་སུམ་ནི་རང་གི་དོན་ཡོད་ཅིང་སྣང་ལ་མ་ནོར་བའོ། །དེ་ལ་རང་གི་དོན་ནི་འདི་ལྟ་སྟེ། མིག་གི་གཟུགས་སོ། །ཡོད་པ་སྨོས་པ་ནི། བུམ་པ་ལ་སོགས་པའི་རྫས་འཇིག་རྟེན་ན་མངོན་སུམ་དུ་གྲགས་པ་རྣམས་མངོན་སུམ་མ་ཡིན་པར་བསལ་བའི་ཕྱིར་ཏེ་བཏགས་
པ་ཙམ་གྱི་ཕྱིར་རོ། །སྣང་བ་སྨོས་པ་ནི་བསྒྲིབས་པ་ལ་སོགས་པ་མི་དམིགས་པའི་རྒྱུ་རྣམས་ཀྱིས་མི་སྣང་བར་འགྱུར་བའི་ཡུལ་བསལ་བའི་ཕྱིར་རོ། །མ་ནོར་བ་སྨོས་པ་ནི་མགལ་མེ་བསྐོར་བ་དང༌། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་བསལ་བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་ལ་ཡིད་ཆེས་པའོ། །མངོན་སུམ་ལས་གཞན་པ་གང་ཡིན་པ་ནི་ལྷག་མ་མངོན་སུམ་མ་ཡིན་པ་སྟེ། ངེས་པ་དེ་དང་ལྷན་ཅིག་གནས་པར་མངོན་པར་མཐོང་བ་པོ་ལ་སྔར་རབ་ཏུ་གྲུབ་པའོ། །མངོན་སུམ་དུ་དེ་ལ་དེ་ལྟ་བས་ན་དེ་ལས་གཞན་པ་ལྷག་མ་ལ་འདིར་ནི་འདི་དེ་དང་ལྷན་ཅིག་གནས་པ་ཡིན་ནོ་ཞེས་ཡིད་ཆེས་པ་ལས་བྱུང་བ་དེ་མངོན་སུམ་མངོན་དུ་སོང་བའི་རྗེས་སུ་དཔག་པ་སྟེ། དཔེར་ན་དུ་བ་མཐོང་བ་ལ་མེ་ལྟ་བུའོ། །ཡིད་ཆེས་པའི་ལུང་ནི་དེ་གཉི་ག་དང་མི་འགལ་བར་སྟོན་པའོ། །ཉེ་བར་བསྟན་པ་གང་ལ་མངོན་སུམ་དང་རྗེས་སུ་དཔག་པ་སྟེ། རྣམ་པར་ཐམས་ཅད་དུ་འགལ་བ་མེད་ཅིང་འཁྲུལ་བ་མེད་པ་སྟེ། ཡིད་ཆེས་པར་བྱེད་པའི་ལུང་དེ་ནི་ཡིད་ཆེས་པར་བྱེད་པའི་ཕྱིར་རོ། །སྨྲ་བའི་རྒྱན་ནི། གང་དང་ལྡན་ན་སྨྲ་བར་བྱེད་པའི་རྩོད་པའི་ཚིག་ཤིན་ཏུ་མཛེས་པའོ། །དཔེས་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་དང༌། ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་གང༌། མི་འཇིགས་པ་དང༌། བསྟན་པ་དང༌། མཐུན་པར་བྱེད་པ་དང༌། སྨྲ་བ་ཆད་པས་བཅད་པ་ནི། དེ་ལ་བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ནི། རང་གི་གྲུབ་པའི་མཐའ་དང༌། གཞན་གྱི་གྲུབ་པའི་མཐའ་ལས་བརྩམས་ཏེ། ཚིག་དང་དོན་སྔ་ཕྱི་རྒྱུན་ཆགས་པར་རྣམ་པར་སྟོན་པར་ལྕོགས་པའོ། །ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་ནི་སྒྲ་སྨྲ་བ་འོག་ནས་འབྱུང་བའི་གཏམ་གྱིས་ཉེས་པ་ལས་བཟློག་སྟེ་ཅལ་ཅོལ་ལ་སོགས་མེད་པའི་ཕྱིར་རོ། །མི་འཇིགས་པ་ནི་དཔེར་བརྗོད་དུ་མ་ལ་མངོན་པར་ཞེན་པ་ཅན་མཁས་པ་འདུས་པར་ཡང་སྨྲ་ཞིང་བག་ཚ་བ་མེད་ལ་ཞུམ་པ་མེད་པའོ། །བརྟན་པ་ནི་ཕྱིར་རྒོལ་བའི་ཚིག་མཇུག་ཏུ་ཕྱིན་པར་བསྡད་ནས་ཡིད་དལ་དུ་སྨྲ་བའོ། །མཐུན་པར་བྱེད་པ་ནི་རང་བཞིན་གྱིས་བཟང་བས་གཟུ་བོ་དང་ཕྱིར་རྒོལ་བའི་སེམས་དང་མཐུན་པའོ། །སྨྲ་བ་ཆད་པས་གཅད་པ་ནི། གཏམ་རྗེས་གཅད་པ་དང༌། གཏམ་ལ་འཕྲོ་ལུས་པ་དང༌། གཏམ་གྱི་ཉེས་པའོ། །དེ་རྣམས་ནི་སྨྲ་བ་ཆད་པས་གཅོད་པ་རྣམ་པ་གསུམ་མོ། །དེ་རྣམས་ཀྱི་སྨྲ་བ་ཆད་པས་གཅད་པར་བྱའོ། །དེ་ལ་གཏམ་རྗེས་
གཅད་པ་ནི། རང་གི་སྨྲ་བའི་སྐྱོན་ཁས་བླངས་པ་དང༌། གཞན་གྱི་སྨྲ་བའི་ཡོན་ཏན་ཁས་བླངས་པའོ། །བདག་གིས་མ་ལེགས་སོ་ཞེས་ཁྱོད་ཀྱིས་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རང་དང་གཞན་གྱི་སྨྲ་བའི་སྐྱོན་དང་ཡོན་ཏན་ཁས་བླངས་པའོ། །གཏམ་འཕྲོ་ལུས་པ་ནི་འདི་ལྟ་སྟེ། གཞན་ནས་གཞན་དུ་བརྒྱུད་པའམ། གཏམ་གཞན་སྨྲ་བ་སྟེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །གཞན་ནས་གཞན་དུ་འཕྲོས་པ་ནི། ཕྱི་རོལ་གྱི་གཏམ་གྱི་ཚུལ་ཏེ་ཇི་ལྟར་མདོ་ལས་གཞན་ནས་གཞན་དུ་བརྒྱུད་པ་ལ་སོགས་པས་གཡེང་བར་བྱེད་པའི་ཐ་ཚིག་གོ །མདོ་ལས་ཚེ་དང་ལྡན་པ་ཙྪནྡི་ཀ་མུ་སྟེགས་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །རྩོད་པ་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་ཏེ་མི་ཤེས་པ་དང་མི་རྩོད་དོ་ཞེས་གང་གསུངས་སོ། །གཏམ་གྱིས་ཉེས་པ་ནི། ཅལ་ཅོལ་དང༌། འཁྲུགས་པ་དང༌། བརྡ་ཕྲད་དུ་མི་རུང་བ་དང༌། རན་པ་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། དུས་ཚིགས་མ་ཡིན་པར་སྨྲ་བ་གང༌། མི་བརྟེན་པ་དང༌། མི་གསལ་བ་དང། ཚིག་རྒྱུན་ཆགས་པ་མ་ཡིན་པའོ། །དེ་ལ་ཅལ་ཅོལ་ནི་གང་སྐབས་བོར་ཏེ་གཏམ་སྣ་ཚོགས་རྒྱས་པར་བྱེད་པའོ། །འཁྲུགས་པ་ནི་གང༌། ཁྲོས་པས་གཡེངས་པ་དང༌། དགའ་བས་གཡེངས་པའོ། །བརྡ་ཕྲད་དུ་མི་རུང་བ་ནི། གང་ཆོས་དང་དོན་འཁོར་དང་ཕྱིར་རྒོལ་བ་རྣམས་ཀྱིས་མ་ཟིན་པའོ། །རན་པ་མ་ཡིན་པ་ནི། གང་ལྷག་པ་དང་ཟློས་པ་དང་ཉུང་བའོ། །དོན་དང་ལྡན་པ་མ་ཡིན་པ་ནི། དེ་རྣམ་པ་བཅུར་བལྟ་བར་བྱ་སྟེ། དོན་མེད་པ་དང༌། དོན་དང་བྲལ་བ་དང༌། རིགས་དང་བྲལ་བ་དང༌། བསྒྲུབ་པར་མཚུངས་པ་དང༌། ལྟག་ཆོད་དང་ལྡན་པ་སྟེ་དོན་མི་དམིགས་པའི་ཕྱིར་རོ། །དོན་དང་མི་འབྲེལ་བའི་ཕྱིར་རོ། །མ་ངེས་པའི་ཕྱིར་རོ། །སྒྲུབ་པ་ཡང་བསྒྲུབ་དགོས་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་དང༌། ཚོགས་པར་བྱུང་བ་མ་ཡིན་པ་དང༌། སྨྲ་བ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །དུས་ཚིགས་མ་ཡིན་པར་སྨྲ་བ་ནི། གང་སྔར་སྨྲས་པ་སྟེ་ཕྱིས་སྨྲ་བ་དང༌། ཕྱིས་སྨྲ་བ་དེ་སྡར་སྨྲ་བའོ། །མི་བརྟན་པ་ནི། གང་དམ་བཅས་ནས་སྨོད་པ་དང༌། སྨད་ནས་དམ་བཅའ་བ་དང༌། མྱུར་ཆེས་པས་ཧ་ཅང་རྟབ་རྟབ་པོར་གྱུར་ཏེ་མི་གསལ་བའོ། །ཚིག་མི་གསལ་བ་ནི་གང་སྒྲའི་མཚན་ཉིད་འགལ་བ་དང༌། ཕྱི་མ་བཟླས་པར་ལན་སྨྲ་བ་དང༌། ལེགས་པར་སྦྱར་བ་ལ་བརྩམས་ཏེ་ཐ་མལ་བས་མཐར་བྱུང་བ་དང༌། ཐ་མལ་བས་བརྩམས་ཏེ་ལེགས་པར་
སྦྱར་བས་མཐར་ཕྱུང་བའོ། །ཚིག་རྒྱུན་ཆགས་པ་མ་ཡིན་པ་ནི། གང་བར་སྐབས་སུ་ཚིག་དང་སྤོབས་པ་ཐོགས་པ་དང༌། རྒྱུན་ཆད་པའོ། །སྨྲ་བ་ལས་བྱུང་བ་ནི། གང་གིས་སྨྲ་བ་ལས་བྱུང་བ་སྟེ། སྨྲ་བའི་ཡོན་ཏན་དང་ཉེས་པ་བརྟགས་ནས་མི་ཕྱེད་པས་འབྱུང་བ་ནི་ཆད་པའི་གནས་སུ་མི་འགྱུར་བའི་ཕྱིར་རོ། །བྱེད་པས་འབྱུང་བ་ནི། མི་གཞོལ་བའི་ཕྱིར་རོ། །དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་དང༌། འཁོར་ཡོན་ཏན་མེད་པ་དང༌། བདག་ཀྱང་མི་མཁས་པར་རིག་ནས་སྨྲ་བར་མི་བྱ་བ་དང༌། ཕྱིར་རྒོལ་བ་སྣོད་དུ་གྱུར་པ་ཞིག་གམ། འཁོར་ཡོན་ཏན་དང་ལྡན་ནམ། བདག་ཀྱང་མཁས་པར་རིག་ནས་སྨྲ་བར་བྱེད་དོ། །དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་ནི། མི་དགེ་བའི་གནས་ནས་བླངས་ཏེ་དགེ་བའི་གནས་སུ་གཞག་པར་མི་ནུས་པའོ། །འཁོར་ཡོན་ཏན་མེད་པ་ནི་ཚོགས་པ་རུང་བ་མ་ཡིན་པ་དང༌། མངོན་པར་ཞེན་པ་ཅན་དང་ཕྱོགས་སུ་ལྷུང་བ་ལ་སོགས་པའོ། །བདག་ཀྱང་མི་མཁས་པ་ནི། སྨྲ་བ་ནས་སྨྲ་བའི་རྒྱན་གྱི་བར་ལ་མ་བྱང་བའོ། །དེ་ལས་བཟློག་བ་ནི་འཁོར་སྣོད་དུ་གྱུར་པ་ལ་སོགས་པར་རིག་པར་བྱའོ། །སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་ནི། གང་དག་སྨྲ་བ་རྣམས་ལ་ནི་གདོན་མི་ཟ་བར་དགོས་པ་སྟེ། འདི་ལྟ་སྟེ། བདག་དང་གཞན་གྱི་གཞུང་ལུགས་ལ་མཁས་པ་སྟེ། བདག་དང་གཞན་གྱི་གཞུང་ལུགས་ལ་མཁས་པ་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་སོ། །དེས་ཐམས་ཅད་དུ་སྨྲ་བར་བྱེད་དོ། །དེས་གཏམ་གྱི་གཞི་ཐམས་ཅད་སྨྲ་བར་བྱེད་དོ། །མི་འཇིགས་པ་ནི་གང་གིས་འཁོར་ཐམས་ཅད་སྨྲ་བར་བྱེད་དོ། །སྤོབས་པ་ནི་གང་གིས་ཐམས་ཅད་དུ་ལན་གདབ་པ་ཤེས་པའོ། །གང་གི་འཁོར་ཐམས་ཅད་ལན་འདེབས་པའོ། །ཡང་བདག་ལེགས་པར་འདོད་པར་སྨྲ་བའི་ཚུལ་ཤེས་པར་བྱའི་བཅད་ཅིང་སྨྲ་བར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་བརྩོན་པ་ནན་ཏན་སྙིང་པོར་བྱེད་པ། སེམས་ཅན་ཡོངས་སུ་སྡུད་བ་དང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཞན་དག་དང་རྩོད་པར་སྨྲ་བར་མི་བྱའོ། །བཅུ་གཉིས་གང༌། དམ་པའི་ཆོས་དོན་གྱི་མཆོག་དང་ལྡན་པའི་བཤད་པ་ཀུན་ཤེས་པ་དཀོན་པ་དང༌། ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན་པ་དང༌།
ཚོགས་པས་མཁས་པ་དང༌། རྟོག་པ་དང་ལྡན་པ་རྣམས་དཀོན་པ་དང༌། སྤོང་བའི་སྨྲ་བ་དང༌། ཕྱོགས་ངན་པ་ཡོངས་སུ་འཛིན་ཅིང་མངོན་པར་ཞེན་པའི་ཉེས་པ་དང༌། ངན་གཡོ་སྨྲ་བའི་ཉེས་པ་དང༌། དུས་མ་ཡིན་པར་གཏམ་ལ་སྦྱོར་བའི་ཉེས་པ་དང༌། གཏམ་ཁྱད་དུ་གསོད་པའི་ཉེས་པ་དང༌། ཚིག་བརླང་པོའི་ཉེས་པ་དང༌། ཡིད་འཁྲུགས་པའི་ཉེས་པ་དང༌། གང་ཉེས་པ་དྲུག་རྣམས་པར་སྤངས་ཏེ་སྨྲ་བ་དཀོན་པ་དང༌། འཁྲུག་པ་མེད་པར་སྨྲ་བ་དཀོན་པ་དང༌། གཞན་གྱི་སེམས་སྲུང་ཞིང་སྨྲ་བ་དཀོན་པ་དང༌། རིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་པ་དང༌། རྒྱལ་བའམ་ཕམ་པའི་སེམས་མེད་པར་སྨྲ་བ་དཀོན་པ་དང༌། རྒྱལ་བའམ་ཕམ་པ་ཀུན་ནས་ཉོན་མོངས་པ་མེད་པར་སྨྲ་བ་དཀོན་པ་དང༌། ཀུན་ནས་ཉོན་མོངས་པར་གྱུར་ན་རེག་པར་གནས་པ་དཀོན་པ་དང༌། རེག་པར་མི་གནས་ན་དགེ་བའི་ཆོས་རྣམས་ལ་རྒྱུན་དུ་བསྒོམ་པ་དཀོན་པ་དང༌། དགེ་བའི་ཆོས་རྒྱུན་དུ་མ་བསྒོམས་ན་སེམས་མཉམ་པར་མ་བཞག་པ་ལ་མཉམ་པར་གཞག་པ་དང༌། སེམས་མཉམ་པར་བཞག་པ་ལ་རྣམ་པར་གྲོལ་བ་དཀོན་ནོ། །དགེ་བའི་ཕྱོགས་ལ་རྩོམ་ཞེས་གསུངས་ནས་ནན་ཏན་སྙིང་པོར་བྱེད་པ་ཞེས་བཀའ་སྩལ་བ་ནི་བསམ་པ་རྣམ་པར་དག་པར་བསྟན་པའི་ཕྱིར་ཏེ། རྙེད་པ་དང༌། བཀུར་སྟི་ལ་སོགས་པའི་རྒྱུར་ཐོས་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་བརྩོན་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་སྡུད་པ་ནི། ཉན་ཐོས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། གཞན་ལ་ཕན་པ་བསྒྲུབ་པ་ལྷུར་ལེན་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་ཞུགས་པ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་འདི་ནི་ཚིག་འདི་དག་གིས་མཚམས་སྦྱར་བར་རིག་པར་བྱའོ། །མི་རྩོད་པར་སྨྲ་བར་བྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོའི་ཆོས་ནི་རང་བཞིན་གྱིས་ཟབ་པའི་ཕྱིར། ཀུན་ཤེས་པ་དཀོན་ན་རྩོད་པས་ལྟ་སྨོས་ཀྱང་ཅི་དགོས། གང་དང་ལྷན་ཅིག་ཏུ་རྩོད་པར་སྨྲ་བར་བྱ་བའི་ཕྱིར། སྨྲ་བ་དེ་དག་ཀུན་ཤེས་པར་བྱ་བའི་བསམ་པས་ཕྱིར་སྨྲ་བ་མ་ཡིན་གྱི། འོན་ཀྱང་སྐྱོན་གདགས་པའི་བསམ་པས་སོ། །གཟུ་བོ་གང་དག་གི་མདུན་དུ་དེ་སྨྲ་བར་བྱ་བའི་ཚོགས་པ་དེ་དག་ཀྱང་རུང་བ་མ་ཡིན་ཞིང་བྱང་བ་མ་ཡིན་པའམ་མངོན་པར་ཞེན་པ་ཅན་དག་གོ །
སྨྲ་བར་བྱ་བ་ཐམས་ཅད་ཀྱང་ཕལ་ཆེར་ཉེས་པ་དྲུག་དང་ལྡན་པ་ཡིན་ཏེ། འདི་ལྟར་སྨྲ་བར་བྱེད་པ་ནི་རེས་འགའ་བྱུང་རྒྱལ་དུ་ཕྱོགས་ངན་པ་ཡོངས་སུ་བཟུང་ནས་མངོན་པར་ཞེན་པ་དང༌། ཚིག་དོར་དང་ལྟག་ཆོད་ཆད་པའི་གནས་རྣམས་ལ་ཡང་སྦྱོར་བ་དང༌། ཚིག་མཛུག་ཏུ་ཕྱིན་ཕྱིན་མི་སྡོང་པར་དུས་མ་ཡིན་པར་སྨྲ་བར་རྩོམ་པ་དང༌། ཕྱིར་རྒོལ་བས་ལེགས་པར་སྨྲས་ཀྱང་གཏམ་ཁྱད་དུ་གསོད་དེ་སྨོད་ཅེས་བྱ་བའི་ཐ་ཚིག་གོ །ཚིག་བརླང་པོ་ཡང་སྨྲ་སྟེ། དེས་ཕྱིར་རྒོལ་བ་ལ་སོགས་པའི་སེམས་འཁྲུགས་པར་བྱེད་པ་དང༌། བདག་ཀྱང་དེ་དག་ལ་སེམས་འཁྲུགས་པ་ཞེས་བྱ་བའི་ཉེས་པ་འདི་དག་དྲུག་དང་ལྡན་པ་ཡིན་ནོ། །ཉེ་བར་ཞི་བས་ནི་སྨྲ་བ་དཀོན་ནོ། །ཉེ་བར་མ་ཞི་བ་ལ་ནི་གང་དག་གིས་གཞན་དང་པ་ཐོབ་པར་འགྱུར་བ་དང༌། རྣམ་པར་གྲོལ་བའི་གནས་དང་ལྡན་པས་རང་གི་སེམས་མཉམ་པར་འཇོག་པར་འགྱུར་བ་གཞན་གྱི་སེམས་བསྲུང་བ་དང༌། རང་གི་སེམས་བསྲུང་བ་གཉི་ག་དཀོན་ནོ། །སྨྲ་བ་ཕལ་ཆེར་ནི་ཇི་ལྟར་ན་བདག་རྒྱལ་བར་འགྱུར་ཞིང་ཕ་རོལ་ཕམ་པར་འགྱུར་སྙམ་པའི་སེམས་ཀུན་དུ་འབྱུང་ངོ༌། །དེ་ཡོད་ན་ཡོངས་སུ་གདུང་བའི་སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །དེ་ཡོད་ན་བདེ་བ་ལ་གནས་པར་མི་འགྱུར་རོ། །དེའི་ཕྱིར་རྒྱུན་མི་ཆད་པར་དགེ་བའི་ཕྱོགས་ལ་སྦྱོར་མི་ནུས་སོ། །དེའི་ཕྱིར་ཁྱད་པར་ཐོབ་པར་བྱ་བ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པར་འགྱུར་རོ། །ལྡེམ་པོར་དགོངས་པའི་རྣམ་ངེས་གང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། གསལ་བྱེད་ཀྱི་ཚོགས་རྣམས་ཀྱི་དོན་གཞན་དུ་བརྗོད་པ་དོན་གཞན་དུ་ཡོངས་སུ་བསྒྱུར་ཏེ། ཇི་སྐད་དུ། མ་དང་ཕ་ནི་གསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །མི་དེ་དག་པར་འགྱུར་ཞེས་གསུངས། །གང་འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་སྡིག་ཏོར་རྩི་བ་དེ་བརྗོད་པའི་ཡི་གེ་རྣམས་རྣམ་པར་དག་པར་ཡོངས་སུ་བསྒྱུར་བའོ། །འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་དེ་ནི་སྐྱེ་བོ་བླ་མ་བསད་པ་དང༌། སྐྱེ་བོ་ཆེན་པོ་བསད་པའོ། །སྐྱེ་བོ་བླ་མ་དེ་ལ་ཡང་རྣམ་པ་གཉིས་ཏེ། སོ་སོར་ངེས་པ་དང་འཇིག་རྟེན་དང་ཐུན་མོང་བའོ། །འཇིག་རྟེན་དང་ཐུན་མོང་བ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་སྐྱོང་བར་བྱེད་པ་དང་སྦྱིན་གནས་སོ། །དེ་ལ་སོ་སོར་ངེས་པའི་བླ་མ་ནི་ཕ་དང་མའོ། །སྐྱོང་བར་བྱེད་པ་ནི་རྒྱལ་པོའོ། །སྦྱིན་
གནས་ནི་བྲམ་ཟེ་གཙང་སྦྲ་ཅན་རྣམས་ཏེ། དེ་དག་ནི་ཤིན་ཏུ་དག་པར་གྲགས་པའི་ཕྱིར་རོ། །དེ་དག་ཐམས་ཅད་བསད་པ་དེ་ནི་སྐྱེ་བོ་བླ་མ་བསད་བ་ཞེས་བྱའོ། །སྐྱེ་བོ་ཆེན་པོ་བསད་པ་ནི། ཡུལ་འཁོར་འཁོར་དང་བཅས་བཅོམ་ནས། །ཞེས་བྱའོ། །འཁོར་ནི་བ་ལང་དང་རྟ་དང་རྔ་མོ་དང་མ་ཧེ་ལ་སོགས་པར་རིག་པར་བྱའོ། །ཇི་ལྟར་ཡི་གེ་འདི་དག་ཡང་དག་པར་ཡོངས་སུ་བསྒྱུར་ཞེ་ན། མ་ལ་སོགས་པ་གསད་པའི་ཚིག་ནི་སྲེད་པ་ལ་སོགས་པ་སྤོང་པར་ཡོངས་སུ་བསྒྱུར་བའི་ཕྱིར་ཏེ་གོ་རིམས་བཞིན་དུ་སྲེད་པ་དང་ལས་ཀྱི་སྲེད་པ་དང༌། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང༌། ལྟ་བ་དང་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་དང༌། སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པའི་དབང་དུ་བྱས་ནས་མ་ལ་སོགས་པར་བལྟ་བར་བྱ་སྟེ་དེ་དང་འདྲ་བའི་ཕྱིར་རོ། །དེ་ལ་སྲེད་པ་ནི་མངོན་པར་བསྒྲུབ་པའི་རྒྱུའོ། །ལས་ཀྱི་སྲེད་པ་ནི་སྐྱེ་བའི་རྒྱུ་སྟེ། དེ་ནི་སྒོམ་པའི་བག་ཆགས་སྐྱེད་པའི་ཚུལ་གྱིས་ཕ་ལྟ་བུར་བལྟ་བར་བྱའོ། །རྒྱུ་འདི་གཉིས་ལས་ལས་ཀྱི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་འབྱུང་ངོ༌། །དེ་དེ་ལྟར་བྱུང་ན་ཐར་པ་འདོད་དུ་ཟིན་ཀྱང་མཆོག་དང་དག་པར་ཡིད་ཆེས་པར་བྱེད་པའི་མཆོག་ཏུ་འཛིན་པ་གཉིས་ཐར་པ་ཐོབ་པ་ལ་གེགས་བྱེད་དོ། །འདི་གཉིས་གཙང་སྦྲ་ཅན་དང་འདྲ་བ་ནི་འདི་ལྟ་བུར་རིག་པར་བྱ་སྟེ། འདི་ལྟར་མཆོག་དང་དག་པར་མངོན་པར་ཞེན་པའོ། །རྣམ་པར་ཤེས་པ་དེའི་གནས་དང༌། དམིགས་པའི་དངོས་པོ་སྐྱེ་མཆེད་དྲུག་ཡུལ་དང་བཅས་པར་རིག་པར་བྱའོ། །ཡང་གསུངས་པ། ཡིད་མི་ཆེས་དང་བྱས་མི་གཟོ། །མི་གང་ཁྱིམ་འབིགས་བྱེད་པ་དང༌། །གོ་སྐབས་བཅོམ་དང་སྐྱུགས་ཟ་བ། དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཚིགས་སུ་བཅད་པ་འདི་ནི་དོན་ངན་པ་བརྗོད་པའི་ཡི་གེ་རྣམས་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་རོ། །འཇིག་རྟེན་ན་ངན་པ་རྣམ་པ་བཞི་སྟེ། ཡིད་ཀྱི་ལས་ངན་པ་དང༌། ལུས་ཀྱི་ལས་ངན་པ་དང༌། ངག་གི་ལས་ངན་པ་དང༌། ལོངས་སྤྱོད་ངན་པའོ། །ཡིད་ཀྱི་ལས་ངན་བ་ཡང་རྣམ་པ་གཉིས་ཏེ། དགེ་བ་ལ་འཇུག་པ་དང་མི་མཐུན་པས་ཡིད་མི་ཆེས་པ་སྟེ། འཇིག་རྟེན་ཕ་རོལ་ལ་སོགས་པ་ཡོད་པར་ཡིད་མི་ཆེས་པས་སྦྱིན་པ་ལ་སོགས་པ་ལ་མི་སྦྱོར་བའི་ཕྱིར་རོ། །མི་དགེ་བ་ལ་འཇུག་པ་དང༌། མཐུན་པར་བྱས་པ་མི་གཟོ་བ་སྟེ། སྔོན་ཕན་བཏགས་པ་ལ་མི་ལྟ་བར་མ་གསོད་པ་ལ་སོགས་པ་ཉེས་པར་སྤྱོད་
པ་ལ་ཡང་མི་འཇིགས་པའི་ཕྱིར་རོ། །ལུས་ཀྱི་ལས་ངན་པ་ནི། ཁྱིམ་འབིགས་པའི་རྐུན་པོ་སྟེ་འཚོ་བ་ཤིན་ཏུ་སྨད་པའི་ཕྱིར་རོ། །དག་གི་ལས་ངན་པ་ནི། བརྫུན་དུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པ་སྟེ་དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་ལ་སོགས་པའི་ནང་དུ་འཇུག་ཏུ་མི་རུང་བའི་ཕྱིར་རོ། །ལོངས་སྤྱོད་ངན་པ་ནི་ཁྱི་དང་བྱ་རོག་དང་ཡི་དགས་ལ་སོགས་པ་སྟེ། སྐྱུགས་པ་ཟ་བའི་ཕྱིར་རོ། །ཇི་ལྟར་ཡི་གེ་འདི་དག་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་ཞེ་ན། ཡིད་མི་ཆེས་པ་ལ་སོགས་པའི་ཚིག་རྣམས་ནི་དགྲ་བཅོམ་པར་ཡོངས་སུ་བསྒྱུར་པའི་ཕྱིར་རོ། །དེ་ལ་ཡིད་མི་ཆེས་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་པ་དང་ལྡན་པས་རང་གིས་ཡིད་ཆེས་པའི་ཕྱིར་རོ། །བྱས་པ་མིག་ཟོ་བ་ནི་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཤེས་པའི་ཕྱིར་རོ། །ཁྱིམ་འབིགས་བྱེད་པ་ནི། ཡང་སྲིད་པར་མཚམས་སྦྱོར་བའི་རྒྱུ་ཉོན་མོངས་པ་སྤངས་བའི་ཕྱིར་རོ། །གོ་སྐབས་བཅོམ་ཞེས་བྱ་བ་ནི། ཕྱི་མ་ལ་འགྲོ་བ་ཐམས་ཅད་དུ་སྡུག་བསྔལ་མངོན་པར་མི་འགྲུབ་པའི་ཕྱིར་རོ། །སྐྱུགས་པ་ཟ་བ་ནི་མཐོང་བའི་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཛིན་ཀྱང༌། ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་པའི་ཕྱིར་རོ། །གང་གསུངས་པ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཚིགས་སུ་བཅད་པ་འདིའི་དོན་ནི་སྔ་མ་བཞིན་དུ་བཤད་པར་བལྟ་བར་བྱའོ། །འདིའི་ལུས་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་བརྟེན་ནས། མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་བྱང་ཆུབ་ཆེན་པོ་ལ་རེག་པའོ། །གཞན་དུ་ཡང་གསུངས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང༌། སེར་སྣའི་ཆོས་ཉིད་ཡོངས་སུ་འཕེལ་བར་བྱེད་པ་དང༌། །སྦྱིན་བས་ཡོངས་སུ་སྐྱོ་བ་དང༌། སློང་བ་ལ་ཚིག་པ་ཟ་བ་དང༌། རེས་འགའ་ཅི་ཡང་སྦྱིན་པར་མི་བྱེད་པ་དང༌། སྦྱིན་པ་ལས་རིང་དུ་གྱུར་པའོ། །སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་ནི། བག་ཆགས་དང་བཅས་པའི་སེར་སྣའི་བག་ལ་ཉལ་སྤངས་པས་དེའི་དེ་བཞིན་ཉིད་གནས་གྱུར་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སྦྱིན་པས་ཡོངས་སུ་སྐྱོ་བ་ནི། དུས་ཡུན་རིང་པོར་སྦྱིན་པའི་རྒྱུ་མཆོག་ཏུ་བྱ་
དཀའ་བས་ངལ་བར་བྱ་བར་ཁས་བླངས་པའི་ཕྱིར་རོ། །སློང་བ་ལ་ཚིག་པ་ཟ་བ་ནི། རང་གི་ལེན་པར་འདོད་པས་སློང་བ་དང་མི་མཐུན་པའི་ཕྱིར་རོ། །རེས་འགའ་ཅི་ཡང་མི་བྱེད་པ་ནི། དངོས་པོ་ཐམས་ཅད་རྟག་ཏུ་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ལས་རིང་དུ་གྱུར་པ་ནི། ཉེ་བ་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །གཞན་དུ་ཡང་གསུངས་པ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན། ཚངས་པར་སྤྱོད་པ་ཡིན་ཞིང་ཚངས་པར་སྤྱོད་པ་མཆོག་དང་ལྡན་པ་སྟེ། འཁྲིགས་པ་ལས་གཞན་དུ་འཁྲིགས་པ་ལས་ངེས་པར་འབྱུང་བ་མི་ཚོལ་བ་དང༌། འཁྲིག་པ་སྤང་བ་ལ་གཡེལ་བ་དང༌། འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་དང༌། འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་དང༌། ཡང་ཡང་གཉིས་གཉིས་སྙོམས་པར་འཇུག་པའོ། །ཚངས་པར་སྤྱོད་པ་མཆོག་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་པའི་ཐ་ཚིག་གོ །འཁྲིག་བ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་བ་ནི། དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སྤོང་བའི་ཕྱིར་རོ། །དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ནི་དེ་བཞིན་ཉིད་རབ་ཏུ་རྟོགས་པར་རིག་པར་བྱའོ། །འཁྲིག་པ་སྤང་བ་ལ་གཡེལ་བ་ནི། མི་ཚངས་པར་སྤྱོད་པ་སྤོང་བའི་ཐབས་ལ་རྟོགས་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི། འདོད་པ་ལ་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ། །འཁྲིག་པའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི། དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་རྩོམ་པའི་ཕྱིར་རོ། །ཡང་ཡང་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པ་ནི། ཞི་གནས་དང་ལྷག་མཐོང་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལ་སྙོམས་པར་འཇུག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱ་བ་གཉིས་འབྲས་བུ་དང་རྒྱུའི་བྱེ་བྲག་གིས་བདེན་པ་བཞིའི་བདག་ཉིད་དུ་གྱུར་བའི་དོན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་བར་འཇུག་པའི་ཕྱིར་རོ། །བསྟན་བཅོས་འདི་ཅིའི་ཕྱིར་མངོན་པ་ཆོས་ཀུན་ནས་བཏུས་པ་ཞེས་བརྗོད་དོ། །རྟོགས་ནས་བསྡུས་པའི་ཕྱིར་རོ། །ཀུན་ནས་བཏུས་པའི་ཕྱིར་རོ། །ཡང་དག་པར་མཐོང་བའི་གནས་ཡིན་པའི་ཕྱིར་རོ། །བསྟན་བཅོས་འདི་ཅིའི་ཕྱིར་ཆོས་མངོན་པ་ཀུན་ནས་བཏུས་པ་ཞེས་བྱ་བར་མིང་བཏགས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་
རྟོགས་ནས་བསྡུས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ཁོ་ན་ཉིད་མངོན་པར་རྟོགས་པར་ཁོང་དུ་ཆུད་ནས་མདོར་བསྡུས་ཞེས་བྱ་བའི་ཐ་ཚིག་གོ །ཀུན་ནས་བཏུས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་མངོན་པའི་མདོ་ལས་ཏ་བསམ་པའི་གནས་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པར་མཐོང་བའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་སངས་རྒྱས་ཉིད་ཀྱི་བར་དུ་ཐོབ་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པའི་གཏམ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ། ཀུན་ནས་བཏུས་པ་ལྔ་པའོ། །ཆོས་མངོན་པ་ཀུན་ནས་བཏུས་པའི་རྣམ་པར་བཤད་པ་ཞེས་བྱ་བ་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྩ་འགྲེལ་འདི་གཉིས་སྔོན་གྱི་ཆོས་སྐྱོང་བའི་མིའི་དབང་ཕྱུག་རྣམས་ཀྱི་བཀའ་དྲིན་ལས། ལོ་པཎ་ཆེས་ཆེར་མཁས་པ་རྣམས་ཀྱིས་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་མོད་ཀྱི། འོན་ཀྱང་རྒྱ་གར་གྱི་དཔེ་ལ་འགྲེལ་བའི་ནང་ན་རྩ་བའི་ཚིག་ཡོངས་སུ་རྫོགས་པར་ཡོད་པ་དང༌། སྐབས་ལ་ལར་འགྲེལ་པ་ཆད་པ་དང༌། དེ་ལྟར་དྲིས་ལན་དང་མཚམས་སྦྱོར་གྱི་ཚིག་ཆད་པ་དང་འགྲེལ་པའི་ཚིག་གོང་འོག་ཧ་ཅང་བ་སྣུར་ཅེས་པར་བསྒྱུར་པ་དང༌། འགྲེལ་པའི་ཚིག་ཇི་ལྟ་བ་མ་ཡིན་པར་དོན་ཙམ་བསྡུས་ཏེ་བསྒྱུར་བ་དང༌། མདོར་བསྟན་དང༌། རྒྱས་བཤད་མི་མཚུངས་པར་བསྒྱུར་བ་དང༌། རང་བཟོར་བསྡུས་པའི་ཚིགས་བཅད་བྱས་པ་ལ་སོགས་པའི་སྐྱོན་འགའ་ཞིག་མཐོང་སྟེ། སླར་ཡང་རྒྱ་གར་གྱི་དཔེ་དང་མཐུན་པར་མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པར་གླིང་དུ་ཅུང་ཟད་དག་པར་བཅོས་པའོ། །རྣམ་དཔྱོད་བློ་ཡི་བག་ཆགས་མི་ཆུང་ཞིང༌། ཚེ་འདིར་ནན་ཏན་སྙིང་པོར་བྱས་པ་ཡིས། །གསུང་རབ་འགྲེལ་བཤད་ཀུན་ལ་བློ་བྱང་ཞིང༌། །ལུང་སྟོན་སྒྲ་ཡི་གཙུག་ལག་རབ་ཤེས་ནས། །ཆོས་མངོན་མ་མོའི་སྡེ་སྣོད་ཡང་བསྒྱུར་ལས། །སྐྱེས་པའི་དགེ་བས་རྒྱལ་མཚོའི་གོས་སྟེང་འདིར། །ཉི་མ་ལྟར་གསལ་གྲགས་པའི་རྒྱལ་མཚན་མཆོག །བློ་གསལ་དཔལ་ལྡན་བློ་ཡི་དབང་པོ་རྣམས། །བཟང་པོར་བྱས་ནས་ཐུབ་དབང་ཉི་མ་ཡི། །གོ་འཕང་མཆོག་ལ་སྐྱེ་དགུ་གནས་པར་ཤོག །།