ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ།
ཕྱོགས་ཀྱི་གླང་པོ།
རྒྱ་གར་སྐད་དུ། ཨབྷི་དྷརྨ་མརྨ་པྲ་དཱི་པ་ནཱ་མ་བྲྀཏྟི། བོད་སྐད་དུ། ཆོས་མངོན་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར། དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་རྩོམ་སྟེ། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །འདིའིའམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ། །ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ། །མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་བགེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ། དེའི་ཕྱིར་ཀུན་ལ་མུན་པ་གཏན་བཅོམ་པའོ། །རང་སངས་རྒྱས་དང་ཉོན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་བྱ་བ་ནི་གཞན་ལ་ཕན་པ་སྒྲུབ་པས་བསྟོད་པའོ། །འཁོར་བ་ནི་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་པའི་ཕྱིར་དང༌། རྒལ་བར་དཀའ་བ་ཡིན་པའི་ཕྱིར་འདམ་ལྟ་བུ་ཡིན་ཏེ། འགྲོ་བ་དེར་བྱིང་བ་དྲངས་སོ། །དོན་བཞིན་སྟོན་པ་ཞེས་བྱ་བ་ནི་འདིས་འདིའི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་སྟོན་ཏེ། དེ་ནི་སྟོན་པ་ན་ཡང་དག་པའི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་ཀྱི། རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་དུས་དང་པོར་བྱ་བ་བརྗོད་ནས་བསྟན་བཅོས་རབ་བཤད་བྱ་ཞེས་སྨྲས་ཏེ། བསྟན་བཅོས་གང་ཞེ་ན། ཆོས་མངོན་པ་མཛོད་ཅེས་བྱ་བའོ། །ཆོས་མངོན་པ་ཞེས་བྱ་བ་ནི་གང་ཞེ་ན། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་
འབྱེད་པའོ། །དྲི་མེད་ཅེས་བྱ་བ་ནི་ཟག་པ་མེད་པའོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པའོ། །དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔ་ནི་ཆོས་མངོན་པ་ཞེས་བརྗོད་པར་འགྱུར་རོ། །རེ་ཞིག་འདི་ནི་དོན་དམ་པའི་ཆོས་མངོན་པའོ། །བརྡར་བཏགས་པ་ཡང༌། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། །གང་དང་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཟག་པ་དང་བཅས་པ་དང༌། སྐྱེས་ནས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པའོ། །བསྟན་བཅོས་གང་ཞེས་བྱ་བ་ནི་ཤེས་རབ་དེ་ཐོབ་པར་བྱ་བའི་ཕྱིར་དེ་ཡང་དེའི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བརྗོད་དོ། །ངེས་པའི་ཚིག་ཏུ་ན་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། དེ་ལྟ་བས་ན་འདི་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས་པའམ། ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེ་ན། འདིར་དེ་དོན་དུ་ཡང་དག་ཆུང་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་བྱ་བ་ཆོས་མངོན་པའི་བསྟན་བཅོས་འདི་ནི་དེའི་མཛོད་ལྟ་བུ་ཡིན་ནོ། །ཡང་ན་དེ་ལས་འདི་ཕྱུང་བས་ཆོས་མངོན་པ་དེ་བསྟན་བཅོས་འདིའི་གནས་ལྟ་བུ་ཡིན་ནོ། །དེའི་ཕྱིར་ཆོས་མངོན་པ་དེ་ཉིད་འདིའི་མཛོད་ཡིན་ཏེ། དེ་ལྟ་བས་ན་བསྟན་བཅོས་འདི་ནི་ཆོས་མངོན་པའི་མཛོད་ཡིན་ནོ། །ཡང་ན་ཅིའི་ཕྱིར་ཆོས་མངོན་པ་བསྟན་པའམ་འདི་དང་པོ་ཉིད་དུ་སུས་བསྟན་ཞེ་ན། གསུངས་པ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །གང་གི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པར་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་འཁོར་བར་འཁྱམ་པར་བྱེད་པ་སྟེ། དེའི་ཕྱིར་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དེའི་དོན་དུ་སྟོན་པས་ནི་སངས་རྒྱས་ཀྱི་ཆོས་མངོན་པ་གསུངས་སོ་ལོ། །ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་ཆོས་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་རོ། །ཆོས་དེ་དག་ཀྱང་གང་ཞེ་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བ་སྨོས་ཏེ། འདི་ནི་ཆོས་
ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་སྨོས་སོ། །ལམ་གྱི་བདེན་པ་མ་གཏོགས་པ་འདུས་བྱས་ཀྱི་ཆོས་གཞན་རྣམས་ནི་ཟག་པ་དང་བཅས་པ་དག་གོ །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་དག་ལ། ཟས་རྣམས་ཀུན་དུ་རྒྱས་པར་འགྱུར། །ཞེས་བྱ་སྟེ། འདི་རྣམས་ལ་ཟག་པ་རྣམས་རྒྱས་པར་འགྱུར་ཏེ། འགོག་པ་དང་ལམ་གྱི་བདེན་པ་དག་ལ་དམིགས་པ་ཡིན་དུ་ཟིན་ཀྱང་རྒྱས་པར་ནི་མི་འགྱུར་རོ། །ཟག་པ་དང་བཅས་པ་རྣམས་བཤད་ཟིན་ཏོ། །ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རྣམ་པ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །གཉིས་གང་ཞེ་ན། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། དེ་ལྟར་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་པོ་དེ་དག་དང་ལམ་གྱི་བདེན་པ་ནི་ཐག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །འདུས་མ་བྱས་པ་བསྟན་པ། རྣམ་པ་གསུམ་པོ་གང་ཡིན་པ། །དེ་ལ་ནམ་མཁའ་མི་སྒྲིབ་པ། །ནམ་མཁའ་ནི་སྒྲིབ་པ་མེད་པའི་རང་བཞིན་ཏེ། །གང་ན་གཟུགས་ཀྱི་གོ་ཡོད་པའོ།། སོ་སོར་བརྟགས་པས་འགོག་པ་གང༌། །བྲལ་བའོ་སོ་སོ་སོ་སོ་ཡིན། །གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་དེ་ནི་སོ་སོར་བརྟགས་པས་འགོག་པའོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ། དགེ་བའི་བློ་ཡི་བྱེ་བྲག་གོ །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པས་འགོག་པའོ། །དེ་ཡང་འདི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སོ་སོ་སོར་ཏེ། ལྡན་པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །འགོག་པ་གཅིག་ཉིད་ཡིན་ན་ཉོན་མོངས་པའི་ཕྱོགས་གཅིག་སྤོངས་ན་དེ་མངོན་སུམ་དུ་བྱས་པར་འགྱུར་བས་ལྷག་མའི་གཉེན་པོ་བསྒོམ་པ་དོན་མེད་པར་འགྱུར་རོ་ཞེས་སོ་སོར་བརྟགས་པས་འགོག་པ་བཤད་ཟིན་ཏོ། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་སུ་གྱུར་པ་བྲལ་བ་ལས་
གཞན་པའི་འགོག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། འདི་སོ་སོར་བརྟགས་པས་ཐོབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་མ་ཚང་བ་ལས་ཐོབ་བའོ། །ཡང༌། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་གང་སྨྲས་པའི་ཡུལ་འདུས་བྱས་དེ་དག་གང་ཞེ་ན། འདུས་བྱས་ཆོས་རྣམས་དེ་དག་ཀྱང༌། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་དེ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་གི་ཕྱིར་འདུས་བྱས་རྣམས་སོ། །དེ་དག་ཉིད་དུས་གཏམ་གཞི་དང༌། །ངེས་པར་འབྱུང་བཅས་གཞི་དང་བཅས། །དེ་ལ་སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བའི་ཕྱིར་རམ། མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་དུས་རྣམས་སོ། །གཏམ་ནི་དག་གོ །དེའི་གཞི་ནི་མིང་སྟེ། དོན་དང་བཅས་པའི་གཞི་བཟུང་བས་ན་འདུས་བྱས་ནི་གཏམ་གྱི་གཞི་ཞེས་བྱའོ། །ངེས་པར་འབྱུང་བ་ཉིད་ནི་ངེས་པར་འབྱུང་བ་སྟེ། འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ། །དེ་འདི་དག་ལ་ཡོད་པས་ངེས་པར་འབྱུང་བཅས་དག་གོ །རྒྱུ་དང་བཅས་པའི་ཕྱིར་གཞི་དང་བཅས་པ་དག་གོ །ཡང་འདུས་བྱས་དེ་དག་ཉིད། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག །དེ་དག་ཉེ་བར་ལེན་པ་དག་ནི་ཉོན་མོངས་པ་རྣམས་ཏེ། དཔེར་ན་རྩྭ་དང་སྦུན་པའི་མེ་བཞིན་ནམ། དེ་དག་ལ་རག་ལུས་པའི་ཕྱིར་རྒྱལ་པོའི་མི་བཞིན་ནོ། །ཡང་ན་དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་བཞིན་ནོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ཉིད། འཐབ་བཅས་ཀྱང་ཞེས་བརྗོད་དོ། །འཐད་པ་ནི་ཉོན་མོངས་པ་རྣམས་ཏེ། བདག་དང་གཞན་ལ་གནོད་པའི་ཕྱིར་རོ། །དེ་དག་གིས་རྒྱས་པར་བྱས་པ་ཉིད་ཀྱི་ཕྱིར་འཐབ་བཅས་དག་སྟེ། ཟག་པ་དང་བཅས་པ་བཞིན་ནོ། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ལྷ་གནས་སྲིད་པའང་དེ་དག་ཡིན། །འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ལོ། །འདི་
ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་ངོ༌། །སྐད་ཅིག་རེ་རེར་འཇིག་པས་ན་འཇིག་རྟེན་ནོ། །འདི་ལ་ལྟ་བརྒྱས་པར་འགྱུར་བའི་སྒོ་ནས་གནས་པས་ན་ལྟ་བའི་གནས་སོ། །སྡུག་བསྔལ་ནི་ཀུན་འབྱུང་ལས་འབྱུང་བའི་ཕྱིར་སྲིད་པའོ། །དེ་ལྟར་ན་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་གྲངས་དོན་དང་མཐུན་པ་དག་གོ །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་གསུངས་ཏེ། དེ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །དབང་པོ་ལྔ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་པོ་རྣམས་དང༌། དོན་ལྔ་ནི་མིག་ལ་སོགས་པ་དབང་པོ་དེ་དག་ཉིད་ཀྱི་ཡུལ་གང་དག་ཡིན་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་དང༌། རྣམ་པར་རིག་བྱེད་མ་ཡིན་པ་སྟེ། དེ་སྙེད་ཅིག་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལ་གཟུགས་ལ་སོགས་པའི་དོན་གང་འདི་དག་སྨོས་པ། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་རྣམས། གཟུགས་དང་སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའི་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་དུ་གྱུར་པའི་གཟུགས་དང་བའི་བདག་ཉིད་ལྔ་པོ་གང་དག་ཡིན་པ་དེ་དག་ནི་རིམ་པ་བཞིན་དུ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ངག་ཡིན་པར་རིག་པར་བྱའོ། །དབང་པོ་ལྔ་བཤད་ཟིན་ཏོ། །དོན་ལྔ་བཤད་པར་བྱ་སྟེ། གཟུགས་རྣམ་གཉིས་དང༌། ཁ་དོག་དང་དབྱིབས་སོ། །ཡང་དེ་ཉིད། རྣམ་ཉི་ཤུ་ཞེས་བྱ་སྟེ། འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རིང་པོ་དང༌། ཐུང་ངུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། མཐོན་པོ་དང༌། དམའ་བ་དང༌། ཕྱ་ལེ་བ་དང༌། ཕྱ་ལེ་བ་མ་ཡིན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པའོ། །དེ་ལ་ཕྱ་ལེ་བ་ནི་དབྱིབས་མཉམ་བའོ། །ཕྱ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པའོ།། ཁུག་རྣ་ནི་ལྷོ་བུར་རོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང༌། མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དག་གོ །གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་པའོ། །བཟློག་པ་ནི་མུན་པའོ། །ལྷག་མ་ནི་བརྡ་ཕྲད་པར་སླ་བས་རྣམ་པར་མ་ཕྱེའོ། །སྒྲ་ནི་རྣམ་པ་བརྒྱད་
ཡོད་དེ། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དང་སེམས་ཅན་མ་ཡིན་པར་ཏེ་རྣམ་པ་བཞིའོ། །དེ་ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་འགྱུར་རོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ལག་པ་དང་ངག་གི་སྒྲའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རླུང་དང་ནགས་ཚལ་དང་ཆུ་བོའི་སྒྲའོ། །སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །གཞན་དུ་ཡང་སྒྲ་ཐམས་ཅད་གཉིས་གཉིས་སུ་བསྡུས་པའི་ཕྱིར་སྒྲ་ནི་རྣམ་པ་བཞི་རུ་བརྗོད་དོ། །སྒྲ་ནི་བཤད་ཟིན་ཏོ། །རོ་ནི་རྣམ་དྲུག །མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་བ་དང༌། ཚ་བ་དང༌། ཁ་བ་དང༌། བསྐ་བའི་བྱེ་བྲག་གིས་སོ། །དྲི་རྣམ་བཞི། དྲི་ཞིམ་པ་དང༌། དྲི་ང་བ་གཉིས་ལ། མཉམ་པ་དང༌། མི་མཉམ་པའི་ཕྱིར་རོ། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །འབྱུང་བ་བཞི་དག་དང༌། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། ལྕི་བ་ཉིད་དང༌། ཡང་བ་ཉིད་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པའོ། །དེ་ལ་འབྱུང་བ་རྣམས་ནི་འོག་ནས་བཤད་པར་བྱའོ། །འཇམ་པ་ཉིད་ནི་མཉན་པའོ། །རྩུབ་པ་ཉིད་ནི་ཧྲུད་ཧྲུད་པོའོ། །ལྕི་བ་ཉིད་ནི་གང་གིས་ན་དངོས་པོ་རྣམས་འཇལ་བར་བྱེད་པའོ། །བཟློག་པ་ནི་ཡང་བ་ཉིད་དོ། །གྲང་བ་ནི་དྲོ་བ་འདོད་པར་བྱེད་པའོ། །བཀྲེས་པ་ནི་ཟས་འདོད་པར་བྱེད་པའོ། །སྐོམ་པའི་བཏུད་པ་འདོད་པར་བྱེད་པའོ། །རྒྱུ་ལས་འབྲས་བུ་བཏགས་པའི་ཕྱིར་ཏེ། དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེ་རྗེས་འབྲེལ་གང༌། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །སེམས་གཡེངས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་སེམས་པའི་ཡང་ཡིན་པའོ། །སེམས་མེད་པའི་ཡང་ཞེས་བྱ་བ་ནི། །འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པའི་ཡང་ཡིན་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་མ་ཡེངས་པ་དང་སེམས་དང་བཅས་པའི་ཡང་ཡིན་ནོ་ཞེས་བྱ་བར་ཡང་མངོན་ནོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་དགེ་ལེགས་དང་དགེ་ལེགས་མ་
ཡིན་པའོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་རྒྱུན་ཏོ། །ཐོབ་པའི་རྒྱུན་ཡང་འདི་ལྟ་བུ་ཡོད་པས་བྱེ་བྲག་ཏུ་བྱ་བའི་ཕྱིར། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བྱ་བ་བརྗོད་དོ། །རྒྱུར་བྱས་པའི་དོན་ནི་རྒྱུའི་དོན་ཏེ། སྐྱེད་པ་ལ་སོགས་པའི་རྒྱུའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་རིག་བྱེད་མིན་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བའི་སྒྲ་ནི་དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ། གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རྣམ་པར་རིག་བྱེད་མ་ཡིན་པའོ། །བརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་གསུངས་པ་དེ་དག་གང་ཞེ་ན། འབྱུང་བ་དག་ནི་ས་ཁམས་དང༌། །ཆུ་ཁམས་མེ་ཁམས་རླུང་ཁམས་རྣམས། །དེ་དག་ནི་རང་གི་མཚན་ཉིད་འཛིན་པ་དང༌། རྒྱུར་བྱས་པའི་གཟུགས་དང་འཛིན་པའི་ཕྱིར་ཁམས་དག་གོ །འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རགས་པའི་ཕྱིར་ཆེན་པོ་ཉིད་དོ། །ཡང་ན་དེ་ལས་བྱུང་བའི་རང་བཞིན་ས་དང༌། ཆུ་དང༌། མེ་དང་རླུང་གི་ཕུང་པོ་དེ་དག་བྱ་བ་ལ་ཤས་ཆེ་བ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ། །ཡང་ཁམས་དེ་དག་གི་ལས་གང་ཡང་དག་པར་འགྲུབ། རང་བཞིན་དག་ནི་ཅི་ཞེ་ན། འཛིན་པ་ལ་སོགས་ལས་སུ་འགྲུབ། །ཅེས་བྱ་བ་སྨོས་ཏེ། འདི་དག་ནི་གོ་རིམས་བཞིན་དུ་འཛིན་པ་དང༌། སྡུད་པ་དང༌། སྨིན་པར་བྱེད་པ་དང༌། རྒྱས་པར་བྱེད་པའི་ལས་ཡང་དག་པར་སྒྲུབ་པོ། །རྒྱས་པར་བྱེད་པ་ཡང་འཕེལ་བ་དང༌། རྒྱས་པར་བྱེད་པའོ། །རང་བཞིན་ནི་གོ་རིམས་བཞིན་དུ། སྲ་གཤེར་དྲོ་ཉིད་གཡོ་རྣམས་ཏེ། །སྲ་བ་ནི་སའི་ཁམས་སོ། །གཤེར་བ་ནི་ཆུའི་ཁམས་སོ། །དྲོ་བ་ནི་མེའི་ཁམས་སོ། །གཡོ་བ་ནི་རླུང་གི་ཁམས་སོ། །འདིས་འབྱུང་བའི་ཡུལ་གཞན་དུ་སྐྱེད་པའི་ཕྱིར་གཡོ་བར་བྱེད་དེ། སྒྲོན་མ་གཡོ་བ་བཞིན་དུ་གཡོ་བ་ཡིན་ནོ། །ཡང་ས་ལ་སོགས་པ་དང་སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལས་ཞེས་བརྗོད། །འདི་ལྟར་ས་སྟོན་པ་ན་ཁ་དོག་དང་དབྱིབས་
སྟོན་པར་བྱེད་དོ། །ས་ལ་ཇི་ལྟ་བ་དེ་བཞིན་དུ། ཆུ་མེ་ཡང་ངོ༌། །འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ཉིད་ལ་བརྗོད་དོ། །རླུང་ཚོགས་ཁམས་ཉིད་ཡིན། །རླུང་གི་ཁམས་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་ན་རླུང་ཞེས་འདོགས་སོ། །དེ་དང་འདྲ་བའང་ཡིན། ཁ་དོག་དང་དབྱིབས་ཀྱང་ངོ༌། །ཇི་ལྟར་རླུང་ཚོགས་སྔོན་པོ་རླུང་ཚོགས་ཟླུམ་པོ་ཞེས་ཟེར་བ་བཞིན་ནོ། །འདི་ཡང་གཟུགས་སུ་རུང་བས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བར་བརྗོད་དོ། །གཟུགས་སུ་རུང་བ་ནི་གནོད་པའོ། །ཐོགས་པའོ་ཞེས་ཁ་ཅིག་གིའོ། །གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་བསྟན་པ་གང་དག་ཡིན་པ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །སྐྱེ་མཆེད་རྣམ་པར་གཞག་པ་ནི་སྐྱེ་མཆེད་བཅུ་སྟེ། མིག་གི་སྐྱེ་མཆེད་དང༌། གཟུགས་ཀྱི་སྐྱེ་མཆེད་ནས། ལུས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་ཀྱི་བར་ཡིན་ནོ། །ཁམས་རྣམ་པར་གཞག་པ་ནི་དེ་དག་ཉིད་བཅུ་སྟེ། མིག་གི་ཁམས་དང་གཟུགས་ཀྱི་ཁམས་ནས་ལུས་ཀྱི་དང་རེག་བྱའི་ཁམས་ཀྱི་བར་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བཤད་ཟིན་ཏོ། །དེ་ལ་ཚོར་བ་མྱོང་བ། མྱོང་བ་རྣམ་པ་གསུམ་ནི་ཚོར་བའི་ཕུང་པོ་སྟེ། བདེ་བ་དང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དེ་ཡང་དབྱེ་ན་ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་བར་རོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ། །གང་སྔོན་པོ་དང་སེར་པོ་དང༌། རིང་པོ་དང༌། ཐུང་ངུ་དང༌། ཕོ་དང༌། མོ་དང༌། མཛའ་བཤེས་དང༌། མཛའ་བཤེས་མ་ཡིན་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ལ་མཚན་མར་འཛིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་ཡང་དབྱེ་ན་འདུ་ཤེས་ཀྱི་ཚོགས་དྲུག་སྟེ་ཚོར་བ་བཞིན་ནོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། རྣམ་པར་ཤེས་པ་ལས་གཞན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའོ། །དེ་གསུམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དག་སྟེ། སྐྱེ་མཆེད་དང༌། ཁམས་
རྣམ་པར་གཞག་པ་ནི། རྣམ་རིག་བྱེད་མིན་དང༌། འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །དེ་ལྟར་རྫས་བདུན་པོ་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ཞེས་བྱའོ། །རྣམ་ཤེས་སོ་སོར་རྣམ་རིག་པ། ཡུལ་དང་ཡུལ་ལས་སོ་སོར་རྣམ་པར་རིག་ཅིང་དམིགས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རོ། །སྐྱེ་མཆེད་རྣམ་པར་གཞག་པ་ལ། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་རྣམ་པར་གཞག་པ་ནི། ཁམས་བདུན་དག་ཏུ་འོད་འདོད་པ་སྟེ། །བདུན་གང་ཞེ་ན། རྣམ་པར་ཤེས་པ་དྲུག་དང་ཡིད། །མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་ཁམས་ཀྱི་བར་རོ། །དེ་ལྟར་ན་ཕུང་པོ་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཅོ་བརྒྱད་བསྟན་པར་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དང་ཁམས་བཅུ་དག་གོ །ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། འདུས་མ་བྱས་དག་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང༌། རྣམ་པར་ཤེས་པའི་ཁམས་དྲུག་དང༌། ཡིད་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་རྣམ་པར་ཤེས་པའི་ཕུང་པོར་བཤད་པ་མ་ཡིན་ནམ། ཡང་དེ་དག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་དག་གང་ཞེ་ན། གཞན་ནི་གང་ཡང་མ་ཡིན་ཏེ། དེ་དག་ཉིད། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །རྣམ་པར་ཤེས་པ་གང་འགགས་མ་ཐག་པ་དེ་ཉིད་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་ཉིད་ཕར་འགྱུར་བ་དང༌། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ། །དེ་ལྟ་ན་འོ་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་དང༌། ཡིད་ཀྱི་རྣམ་ཤེས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་རོ། །དེ་ལྟ་འང་ཡིན་མོད་ཀྱི་འོན་ཀྱང༌། དྲུག་པའི་
རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །རྣམ་པར་ཤེས་པའི་ཁམས་ལྔ་པོ་དག་གི་རྟེན་ལྔ་ནི་མིག་གི་ཁམས་ལ་སོགས་པ་ཡིན་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་གཞན་མེད་དོ། །དེའི་ཕྱིར་རྟེན་རབ་ཏུ་བསྒྲུབ་པའི་ཆེད་དུ་ཡིད་ཀྱི་ཁམས་བསྟན་ཏོ། །དེ་ལྟར་ན་རྟེན་དང་བརྟེན་པ་དང་དམིགས་པ་དྲུག་ཚན་རྣམ་པར་གཞག་པས་ཁམས་བཅོ་བརྒྱད་དུ་འགྱུར་རོ། །དེ་ལ་ཕུང་པོ་དེ་དག་གིས་ནི་འདུས་བྱས་ཐམས་ཅད་བསྡུས་སོ། །ཉེ་བར་ལེན་པའི་ཕུང་པོ་དག་གིས་ནི་ཟག་པ་དང་བཅས་པ་ཐམས་ཅད་བསྡུས་སོ། །སྐྱེ་མཆེད་དང་ཁམས་དག་གིས་ནི་ཆོས་ཐམས་ཅད་བསྡུས་སོ། །མདོར་བསྡུ་ན། ཕུང་པོ་དང་ནི་སྐྱེ་མཆེད་དང༌། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས་པར་ཤེས་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་བསྡུས་པར་རིག་པར་བྱའོ།། བསྡུ་བ་དེ་དག་ནི་གང་དང་གང་ནས་འབྱུང་ཡང་རུང༌། རང་གི་ངོ་བོ་ཉིད་ཀྱིས་ཏེ། གཞན་གྱི་དངོས་པོས་ནི་མ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཆོས་ནི་གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་དང་མི་ལྡན་པ་དེ་ཉིད་ཀྱིས་བསྡུས་པར་ཡང་མི་རུང་ངོ༌། །མིག་དང༌། རྣ་བ་དང་སྣ་དག་གཉིས་གཉིས་ཡོད་པའི་ཕྱིར་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། མི་འགྱུར་ཏེ། གང་གི་ཕྱིར། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །དེ་ལ་རིགས་འདྲ་བ་ནི་གཉིས་ཀ་མིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་གཉིས་ཀའི་ཡུལ་གཟུགས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདྲ་བ་ནི་གཉིས་ཀ་མིག་གི་རྣམ་པར་ཤེས་པ་གཅིག་གི་རྟེན་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་མིག་གི་ཁམས་ནི་གཅིག་པ་ཉིད་དོ། །དེ་བཞིན་དུ་རྣ་བ་དང༌། སྣ་དག་ལ་ཡང་སྦྱོར་བར་བྱའོ། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ༌། །མིག་ལ་སོགས་པའི་ཁམས་གཅིག་པ་ཉིད་ཡིན་ཡང་རྟེན་མཛེས་པར་བྱ་པའི་ཕྱིར་གཉིས་བྱུང་ངོ༌། །ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དག་བཤད་ཟིན་ཏོ། །ཕུང་པོ་དང༌། ཁམས་དང་སྐྱེ་
མཆེད་ཀྱི་དོན་གང་ཡིན་པ་འདིར་བརྗོད་པར་བྱ་སྟེ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏོ།། རིགས་ཀྱང་འབྱུང་གནས་སོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པའི་སྒོ་ནས་བསྟན་པ་རྣམ་པ་གསུམ་རྩོམ་པར་མཛད་ཅེ་ན། སྨྲས་པ། གདུལ་བྱ་རྣམས་ཀྱི། རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །སེམས་ཅན་རྣམས་ཀྱི་རྨོངས་པ་ནི་རྣམ་པ་གསུམ་སྟེ། ཁ་ཅིག་སེམས་ལས་བྱུང་བ་རྣམས་ལ་རིལ་པོའི་བདག་ཏུ་འཛིན་པས་རྨོངས་སོ། །ཁ་ཅིག་ནི་གཟུགས་ཁོ་ན་ལའོ། །ཁ་ཅིག་ནི་གཟུགས་དང་སེམས་དག་ལའོ། །དབང་པོ་དག་ཀྱང་རྣམ་པ་གསུམ་སྟེ། དབང་པོ་རྣོན་པོ་དང༌། འབྲིང་དང༌། རྟུལ་པོའི་ཕྱིར་རོ། །འདོད་པ་ཡང་རྣམ་པ་གསུམ་སྟེ། བསྡུས་པ་དང༌། བར་མ་དང༌། རྒྱ་ཆེན་པོ་འདོད་པའི་ཕྱིར་ཏེ། དེ་དག་ལ་གོ་རིམས་བཞིན་དུ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་གསུམ་བསྟན་ཏེ་ཞེས་གྲག་གོ །ཡང་ཅིའི་ཕྱིར་ན་སེམས་ལས་བྱུང་བ་གཞན་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ལ་འདུ་ཤེས་དང་ཚོར་བ་དག་ནི་ལོགས་ཤིག་ཏུ་ཕུང་པོར་བྱས་ཤེ་ན། སྨྲས་པ། རྩོད་པའི་རྩ་བར་གྱུར་པ་དང༌། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། སེམས་བྱུང་རྣམས་ལས་ཚོར་བ་དང༌། །འདུ་ཤེས་ལོགས་ཤིག་ཕུང་པོར་གཞག །རྩོད་པའི་རྩ་བདག་ནི་གཉིས་ཏེ་འདོད་པ་ལ་ལྷག་པར་ཞེན་པ་དང༌། ལྟ་བ་ལ་ལྷག་པར་ཞེན་པའོ། །དེ་གཉིས་ཀྱི་རྒྱུའི་གཙོ་བོ་ནི་གོ་རིམས་བཞིན་དུ་ཚོར་བ་དང༌། འདུ་ཤེས་དག་སྟེ། ཚོར་བའི་རོ་མྱངས་པའི་དབང་གིས་ནི་འདོད་པ་རྣམས་ལ་མངོན་པར་ཞེན་ལ། འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ནི་ལྟ་བ་རྣམས་ལ་སྟེ། དེ་གཉིས་ནི་འཁོར་བའི་རྒྱུའི་གཙོ་བོ་ཡིན་ཏེ། ཚོར་བ་ལ་ཞེན་ཅིང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་འཁོར་རོ། །གང་ཡང་ཕུང་པོའི་གོ་རིམས་ཀྱི་རྒྱུ་སྟོན་པར་འགྱུར་བའི་གོ་རིམས་ཀྱི་རྒྱུ་དེའི་ཕྱིར་ཡང་འདི་གཉིས་ལོགས་ཤིག་ཏུ་ཕུང་པོར་བྱས་པར་རིག་པར་བྱའོ། །
འོ་ན་ཅིའི་ཕྱིར་སྐྱེ་མཆེད་དང་ཁམས་དག་ཏུ་ནི་འདུས་མ་བྱས་བཤད་ལ། ཕུང་བོ་དག་ཏུ་ནི་མ་ཡིན་ཞེ་ན། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །དེ་ནི་ཕུང་པོ་དག་གི་ནང་དུ་བརྗོད་པ་ན་དེ་ནི་གཟུགས་མ་ཡིན་ཞིང༌། རྣམ་པར་ཤེས་པའི་བར་དུ་ཡང་མ་ཡིན་པས་དོན་དུ་མི་རུང་བའི་ཕྱིར་རེ་ཞིག་དེ་དག་ཉིད་ཀྱི་ནང་དུ་བསྡུ་བར་ནི་མི་ནུས་སོ། །ཕུང་པོ་དྲུག་པར་བརྗོད་པར་ཡང་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དོན་དུ་མི་རུང་བའི་ཕྱིར་ཏེ། སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བཤད་ན་འདུས་མ་བྱས་ནི་གཟུགས་བཞིན་དུ་འདི་ལྟར་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་འདུས་མ་བྱས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་བ་འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་མ་ཡིན་ནོ། །རིམ་ནི་རགས་དང་ཀུན་ཉོན་མོངས། །གནོད་སོགས་དོན་ཁམས་ཇི་བཞིན་ནོ། །གཟུགས་ནི་ཐོགས་པ་དང་བཅས་ཕྱིར་རགས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནད་ན་ཡང་ཚོར་བའི་རྒྱུ་བ་རགས་པའི་ཕྱིར་ཏེ། འདི་ལྟར་ངའི་ལག་པ་ལ་ཚོར་རོ། །དེའི་རྐང་པ་ལ་ཚོར་རོ་ཞེས་ཐ་སྙད་འདོགས་སོ། །འདུ་ཤེས་ནི་གཉིས་པས་ཆེས་རགས་སོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་དེ། དེའི་ཕྱིར་གང་ཆེས་རགས་པ་དེ་སྔར་བཤད་དོ། །ཡང་ན་ཐོག་མ་མེད་པ་ཅན་འཁོར་བ་ན་ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་སྟེ། དེ་དག་ཀྱང་ཚོར་བའི་རོ་མྱང་བ་ལ་ཆགས་པའི་ཕྱིར་རོ། །དེ་ལ་ཆགས་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་སོ། །སེམས་ཀྱང་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པས་དེའི་ཕྱིར་ཀུན་ནས་ཉོན་མོངས་པའི་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ནི་སྣོད་དང༌། ཟས་དང༌། ཚོད་མ་དང༌། བྱན་པོ་དང༌། ཟ་བ་པོ་ལྟ་བུའོ། །ཡང་ན་ཁམས་ཀྱིས་ཏེ། འདོད་པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ། འདི་དག་ནི་རྣམ་
པར་ཤེས་པའི་གནས་པ་ཡིན་ལ་དེ་དག་ལ་རྣམ་པར་ཤེས་པ་གནས་སོ་ཞེས་ཕུང་པོའི་གོ་རིམས་ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་རྣམས་ནི་ལྔ་སྟེ་མི་ཉུང་མི་མང་ངོ༌། །རིམ་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་ཚོར་བ་དང༌། འདུ་ཤེས་དག་ནི་འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་ཕུང་པོར་བྱས་སོ། །གང་གི་ཕྱིར་འདི་དག་ནི་ཆེས་རགས་པའོ། །མིག་ལ་སོགས་པའི་ཁམས་དང་སྐྱེ་མཆེད་དྲུག་གི་གོ་རིམས་བརྗོད་པར་བྱ་སྟེ། དེའི་དབང་ཉིད་ཀྱིས་ན་དེའི་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་རིམ་པའོ། །དྲུག་པོ་དེ་དག་ལས་ཀྱང༌། ད་ལྟའི་དོན་ཕྱིར་དང་པེ་ལྔ། །མིག་ལ་སོགས་པ་ལྔའི་ཡུལ་ནི་ད་ལྟར་བ་ཡིན་པའི་ཕྱིར་སྔར་སྨོས་སོ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །དང་པོར་ཞེས་བྱ་བར་སྙེགས་སོ། །ལྔ་པོ་རྣམས་ལས་ཀྱང་བཞི་སྔར་སྨོས་པ་ནི་ཡུལ་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ། རེས་འགའ་ནི་འབྱུང་བ་དག་ཡིན་ལ། རེས་འགའ་ནི་འབྱུང་བ་ལས་གྱུར་བདག་ཡིན་ནོ། །རེས་འགའ་ནི་གཉིས་ཀ་ཡིན་ནོ། །གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ལྷག་མ་ནི་ཅི་རིགས་པར་ཆེས་རྒྱང་རིང་བ་དང༌། མྱུར་བར་འཇུག་པས་གཞན་པས་སྔར་སྨོས་ཏེ། མིག་དང་རྣ་བ་ནི་ཡུལ་རྒྱང་རིང་བའི་ཕྱིར་གཉིས་པས་དེ་དག་སྔར་སྨོས་སོ། །དེ་གཉིས་ལས་ཀྱང་མིག་ནི་ཆེས་རྒྱང་རིང་པོ་ལ་འཇུག་པ་དེའི་ཕྱིར་དེ་སྔར་སྨོས་སོ། །སྣ་དང་ལྕེ་ནི་རྒྱང་རིང་པོ་ལ་འཇུག་པ་མེད་མོད་ཀྱི་དེ་ཉིད་ལས་ཀྱང་སྣ་ནི་ཆེས་མྱུར་བར་འཇུག་པའི་ཕྱིར་སྔར་སྨོས་སོ། །ཡང་ན་ཇི་ལྟར་གནས་རིམ་བཞིན། །ཡང་ན་ལུས་འདི་ལ་མིག་གི་རྟེན་ནི་སྟེང་ན་གནས་སོ། །དེའི་འོག་ན་ནི་རྣ་བའིའོ། །དེའི་འོག་ན་ནི་སྣའིའོ། །དེ་ནས་ནི་ལྕེའིའོ། །ལུས་ཀྱི་ནི་ཕལ་ཆེར་དེའི་འོག་ནའོ། །ཡིད་ནི་དེ་དག་ལ་བརྟེན་པ་དང་ཡུལ་ན་མི་གནས་པའི་ཕྱིར་ཏེ། དེ་དག་གི་གོ་རིམས་ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་ཀྱི་ཕུང་པོ་བསྡུས་པའི་སྐྱེ་མ་ཆེད་བཅུ་པོ་དག་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་ལ། ཐམས་ཅད་ཀྱང་ཆོས་ཀྱི་རང་བཞིན་ཡིན་ན། གཅིག་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །
གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །བྱེ་བྲག་གི་དོན་ཇི་ལྟ་བུ་ཞེ་ན། ཅི་ནས་ཀྱང་ཡུལ་དང་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་པོ་འདི་དག་སོ་སོར་སྐྱེ་མཆེད་ཉིད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བ་ཡིན་མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་ནི་གང་མིག་ལ་སོགས་པར་ནི་མིང་མ་བཏགས་ལ། གཟུགས་ནི་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་རུང་བས་འདིའི་མིང་གཞན་མ་བརྗོད་དོ། །ཡང་གཟུགས་ཀྱི་སྐྱེ་མཆེད་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོགས་པ་དང་བཅས་པའི་ཕྱིར་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་ན་གཟུགས་སུ་རུང་བ་དང༌། བསྟན་དུ་རུང་བའི་ཕྱིར་ཏེ། འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བརྟག་ཏུ་རུང་བའི་ཕྱིར་རོ། །བྱེ་བྲག་གི་དོན་ཉིད་ཀྱིས་གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དུ་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །གཞན་ཡང་འདིར་ཚོར་བ་ལ་སོགས་པ་ཆོས་མང་པོ་རྣམས་བསྡུས་ཏེ། དེའི་ཕྱིར་ཆོས་ཀྱི་སྒྲ་སྤྱིར་རྗོད་པར་བྱེད་དོ། །ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་འདིར་བསྡུས་ཏེ་གཞན་དག་ཏུ་མ་ཡིན་ནོ། །མདོ་དག་ལས། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ཤེས་པར་བྱ་བ་གཞན་དག་ཀྱང་དམིགས་ན། ཅི་དེ་རྣམས་འདི་དག་ཉིད་ཀྱིས་བསྡུས་སམ། འོན་ཏེ་ཐ་དད་པ་ཞིག་ཡིན་ཞེ་ན། འདི་དག་ཉིད་ཀྱིས་བསྡུས་ཀྱི་ཐ་དད་པ་ནི་མེད་དེ། དེ་ལ་རེ་ཞིག །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །གང་དག་གི་ལྟར་ན་སངས་རྒྱས་ཀྱི་གསུང་ཚིག་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་དེ་དག་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །གང་དག་གི་ལྟར་ན་མིང་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །ཡང་ཆོས་ཀྱི་ཕུང་པོའི་ཚད་ནི་ཇི་ཙམ་ཞེ་ན། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། ཁ་ཅིག་ན་རེ་དེ་ནི་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་ཆོས་མངོན་པའི་ཚད་ཙམ་མོ་ཞེས་ཟེར་ཏེ། དེ་ནི་ཤློ་ཀ་དྲུག་སྟོང་ངོ༌། །ཡང་གཞན་དག་ན་རེ། ཕུང་པོ་ལ་སོགས་པ་གཏམ་རེ་ཡིན་ཞེས་ཟེར་ཏེ། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་
བར་འབྱུང་བ་ལ་སོགས་པའི་གཏམ་རྒྱུད་རེ་རེ་ནི་ཆོས་ཀྱི་ཕུང་པོའོ་ཞེས་ཟེར་རོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །འདི་སྐད་དུ་སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་དེ། དེ་དག་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ། །དེ་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཕུང་པོ་འདི་དག་ཉིད་དུ་བསྡུས་པ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །མདོ་གཞན་དག་ལས། ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་གཞན་གང་དག་གསུངས་པ་དེ་དག་ཀྱང་བསྟན་བཅོས་འདི་ལས་ཇི་སྐད་བཤད་པ་བཞིན་དེ་དག་གི་རང་རང་གི་མཚན་ཉིད་ལེགས་པར་དཔྱད་ནས་ཕུང་པོ་ལ་སོགས་པ་འདི་སྐད་བཤད་པ་འདི་དག་ཉིད་དུ་བསྡུ་བར་བྱ་སྟེ། དེ་ལ་རེ་ཞིག་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་ལས་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །ལྷག་མ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །ཟད་པར་གྱི་སྐྱེ་མཆེད་བཅུ་པོ་དག་ལས་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་ཏེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་ཀྱང་དེ་དང་འདྲའོ། །ཟད་པར་ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་དག་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་དག་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་བསྡུས་སོ། །སྐྱེ་མཆེད་གཉིས་ལས་འདུ་ཤེས་མེད་པའི་སེམས་ཅན་ནི་དྲི་དང་རོའི་སྐྱེ་མཆེད་མེད་པའི་ཕྱིར་སྐྱེ་མཆེད་བཅུ་པོ་
རྣམས་ཀྱིས་བསྡུས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །ཁམས་མང་པོ་པ་ལས་གང་དག་སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་དྲུག་བསྟན་པ་ལ། དེ་དག་ལས་གཉིས་ཀྱི་མཚན་ཉིད་མ་བཤད་ན་དེ་ཅི་ནམ་མཁའི་ཉིད་ནམ་མཁའི་ཁམས་ཡིན་པའམ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་ཡིན་པར་རིག་པར་བྱའམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒོ་དང༌། སྐར་ཁུང་དང༌། ཁ་དང་སྣ་ལ་སོགས་པའི་བུ་ག་ནམ་མཁའི་ཁམས་ཞེས་བྱ། བུ་ག་ཞེས་བྱ་བ་ཅི་ཞིག་ཡིན་པར་རིག་པར་བྱ་ཞེ་ན། སྣང་དག་མུན་པ་དག་ཡིན་ལོ། །བུ་ག་ནི་སྣང་བ་དང༌། མུན་པ་དག་ལས་གཞན་གཟུང་དུ་མེད་དོ། །དེ་ལྟ་བས་ན་ནམ་མཁའི་ཁམས་ནི་སྣང་བ་དང་མུན་པའི་རང་བཞིན་ཏེ། མཚན་མོ་དང་ཉིན་མོའི་རང་བཞིན་ཡིན་པར་རིག་པར་བྱའོ་ཞེས་གྲག་གོ །ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན། ཅིའི་ཕྱིར་ཟག་པ་མེད་པ་ལ་མི་བྱ་ཞེ་ན། འདི་ལྟར་ཁམས་དྲུག་པོ་འདི་དག་ནི། སྐྱེ་བའི་རྟེན་ཡིན་པར་འདོད་དེ། དེ་དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་གཞིར་གྱུར་པ་སྟེ། ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར། དེ་ལྟར་ན་དེ་དག་ལས་ཁམས་བཞི་ནི་རེག་བྱའི་ཁམས་ཀྱི་ནང་དུ་འདུས་སོ། །ལྔ་པ་ནི་གཟུགས་ཀྱི་ཁམས་ཀྱི་ནང་དུ་འདུས་སོ། །དྲུག་པ་ནི་རྣམ་པར་ཤེས་པའི་ཁམས་བདུན་པོ་དག་ཏུ་འདུས་སོ། །གང་དག་ཁམས་བཅོ་བརྒྱད་བསྟན་པ་དེ་དག་ལས་བསྟན་དུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་རྣམས་ནི་དུ་ཞེ་ན། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །དེ་ནི་འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་གོ་ཞེས་བསྟན་པར་ནུས་སོ། །ལྷག་མ་རྣམས་ནི་བསྟན་དུ་མེད་པའོ་ཞེས་བཤད་པར་འགྱུར་རོ། །ཐོགས་པ་དང་བཅས་པ་རྣམས་ནི་དུ། ཐོགས་པ་མེད་པ་རྣམས་ནི་དུ་ཞེ་ན། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་ཁམས་བཅུ་གང་དག་བཤད་
པ་དེ་དག་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་རྣམས་སོ། །ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་དབང་པོ་ལྔ་པོ་རྣམས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཁམས་རྣམས་ཏེ་བརྒྱད་པོ་དེ་དག་ནི་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་བསྟན་དུ་མེད་པའི་ཕྱིར་ལུང་མ་བསྟན་དག་གོ །གཞན་རྣམ་གསུམ། སེམས་ཀྱི་ཁམས་བདུན་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །གཞན་དག་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་དང༌། སོ་སོར་བརྟགས་པས་འགོག་པ་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་ངོ་བོ་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གཟུགས་དང་སྒྲའི་ཁམས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བ་དག་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་གོ །འདོད་པའི་ཁམས་སུ་གཏོགས་པ་དག་ནི་དུ་ཞེ་ན། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཏོགས་པ་ནི་མ་བྲལ་བ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་ཁམས་ན་བཅུ་བཞི་སྟེ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །དེ་ན་དྲི་དང་རོ་དག་མེད་དེ། གཉིས་ནི་ཁམས་ཀྱི་ཟས་ཡིན་པའི་ཕྱིར་ཡིན་ལ། དེ་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེར་སྐྱེ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པ་མེད་པའི་ཕྱིར་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་ཀྱང་མེད་དོ། །གཟུགས་མེད་རྟོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེས་ཏེ། དེའི་ཕྱིར་གཟུགས་ཀྱི་རང་བཞིན་གྱི་ཁམས་བཅུ་དང༌། དེ་དག་ལ་བརྟེན་པ་དང༌། དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ། །ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་
པའི་ཆོས་གང་དག་བཤད་པ། དེ་གསུམ་ཟག་བཅས་ཟག་པ་མེད། །གང་དག་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་དེ་དག་ནི་ཟག་པ་མེད་པ་ཡིན་ནོ། །ལྷག་མ་དག་ནི་ཟག་བཅས་སོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་རྣམས་ནི་དུ། རྟོག་པ་མེད་ལ་དཔྱོད་པ་ཙམ་དག་ནི་དུ། རྟོག་པ་ཡང་མེད་པ་རྣམས་ནི་དུ་ཞེ་ན། རྟོག་དང་དཔྱོད་དང་བཅས་པ་ནི། རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །འདི་དག་ནི་ཁམས་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ། ཐ་མ་གསུམ་ནི་རྣམ་གསུམ་མོ། །དེ་ལ་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། རྟོག་པ་དང་དཔྱོད་པ་དག་ལས་གཞན་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་དག་འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དག་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་ན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ཡིན་ནོ། །བསམ་གཏན་གཉིས་པ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར་གྱི་དང༌། ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང༌། བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དག་ཡིན་ནོ། །རྟོག་པ་ནི་རྟོག་པ་གཉིས་པ་ཡང་མེད་པའི་ཕྱིར་དང༌། དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ལྷག་མ་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དག་སྟེ། དེ་དག་ནི་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རྟག་ཏུ་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་དག་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་རྟོག་པ་དང་དཔྱོད་པ་དང་བཅས་པ་དག་ཡིན་ན། ཇི་ལྟར་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་ཞེ་ན། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་སྟེ། ངོ་བོ་ཉིད་དང་རེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་བས་ན་དེ་དག་ལ་ངོ་བོ་ཉིད་ཀྱིས་རྟོག་པ་ནི་ཡོད་ཀྱི་གཞན་དག་ནི་མ་ཡིན་ཏེ། དེ་བས་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་སྟེ། དཔེར་ན་རྟ་རྐང་པ་གཅིག་པ་ལ་རྐང་མེད་ཅེས་བྱ་བ་བཞིན་ནོ། །ཡང་
སེམས་ཀྱི་རང་བཞིན་ངོ་བོ་ཉིད་དང༌། རྗེས་སུ་དྲན་པའི་རྟོག་པ་དག །དེ་དག་ཡིད་ཀྱི་ཤེས་རབ་གཡེང༌། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པར་གཞག་པ་མ་ཡིན་པ་ནི་གཡེང་བ་ཞེས་བྱ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་བའོ། །ཡིད་ཀྱི་དྲན་པ་ཉིད་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པའི་དྲན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་ནོ། །དམིགས་པ་དང་བཅས་པ་རྣམས་ནི་དུ། དམིགས་པ་མེད་པ་རྣམས་ནི་དུ་ཞེ་ན། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །སེམས་ཀྱི་ཁམས་བདུན་པོ་དེ་དག་ནི་ཡུལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ་དག་གོ །ཆོས་ཀྱི་ཕྱེད་ཀྱང༌། གང་སེམས་ལས་བྱུང་བའི་རང་བཞིན་ཆོས་ཀྱི་ཁམས་དེ་ནི་དམིགས་པ་དང་བཅས་པའོ། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་པོ་དག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལྡན་པ་མ་ཡིན་པ་ནི་དམིགས་པ་མེད་པ་ཞེས་བྱ་བར་གྲུབ་པོ། །ཟིན་པ་རྣམས་ནི་དུ། མ་ཟིན་པ་རྣམས་ནི་དུ་ཞེ་ན། མ་ཟིན་དགུ། བརྒྱད་པོ་དེ་དག་རྣམས་དང་སྒྲ། །སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་དང༌། སྒྲའི་ཁམས་རྣམས་ནི་མ་ཟིན་པའོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཟིན་པ་དག་ཀྱང་ཡིན་མ་ཟིན་པ་དག་ཀྱང་ཡིན་ཏེ། དེ་ལ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ད་ལྟར་བྱུང་བ་རྣམས་ནི་ཟིན་པ་ཡིན་ནོ། །འདས་པ་དང་མ་འོངས་པ་རྣམས་ནི་མ་ཟིན་པ་ཡིན་ནོ། །གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཁམས་ད་ལྟར་བྱུང་བ་དབང་པོ་དང་ཐ་མི་དད་པ་རྣམས་ནི་ཟིན་པ་ཡིན་ནོ། །གཞན་དག་ནི་མ་ཟིན་པ་རྣམས་སོ། །ཟིན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་གྱི་དངོས་པོར་ཉེ་བར་བཟུང་བ་སྟེ། འཇིག་རྟེན་ན་སེམས་པ་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ། །འབྱུང་བའི་རང་བཞིན་དུ། འབྱུང་བ་ལས་གྱུར་པ་དུ་ཡིན་ཞེ་ན། རེག་བྱ་རྣམ་པ་གཉིས་ཡིན་ཏེ། འབྱུང་བ་དང༌། འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བ་དག་ནི་བཞིའོ། །འབྱུང་བ་ལས་གྱུར་པ་ནི་འཇམ་པ་ཉིད་ལ་སོགས་པ་འབྱུང་བ་དག་
ལས་བྱུང་བའི་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་ནི་འབྱུང་གྱུར་ཏེ། དབང་པོ་ལྔའི་ཁམས་དག་དང་ཡུལ་བཞིའོ། །ཆོས་ཁམས་ཕྱོགས་གཅིག་ཀྱང༌། འབྱུང་བ་ལས་གྱུར་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །ལྷག་མ་རྣམས་ནི་གཉིས་ཀ་མ་ཡིན་པའོ། །བསགས་པ་རྣམས་ནི་དུ། བསགས་པ་མ་ཡིན་པ་རྣམས་ནི་དུ་ཞེ་ན། གཟུགས་ཅན་བཅུ་ནི་བསགས་པའོ། །དབང་པོའི་ཁམས་ལྔ་དང་ཡུལ་ལྔ་དག་ནི་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་བསགས་པ་དག་གོ །ཁམས་བཅོ་བརྒྱད་པོ་འདི་དག་ལས་གཅོད་པར་བྱེད་པ་ནི་གང་གཅད་པར་བྱ་བ་ནི་གང༌། སྲེག་པར་བྱེད་པ་ནི་གང༌། བསྲེག་པར་བྱ་བ་ནི་གང༌། འཇལ་བར་བྱེད་པ་ནི་གང༌། གཞལ་བར་བྱ་བ་ནི་གང་ཞེ་ན། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་ཞེས་བྱ་བ་སྟེ། དགྲ་སྟ་དང༌། ཤིང་ཞེས་བྱ་བ་ལ་སོགས་བའོ། །གཅོད་པ་ཡང་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་རྣམ་པར་འབྱེད་པ་སྐྱེད་པའོ། །དབང་པོ་རྣམས་ནི་གཅད་པར་བྱ་བ་མ་ཡིན་ཏེ། གཉིས་སུ་བྱར་མེད་པའི་ཕྱིར་རོ། །གཅོད་པར་བྱེད་པ་ཡང་མ་ཡིན་ཏེ། ནོར་བུའི་འོད་བཞིན་དུ་དང་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་གཅོད་བྱེད་གཅད་པར་བྱ་བ་ཉིད་ཕྱི་རོལ་གྱི་ཁམས་བཞི་ཡིན་པ་ལྟར། དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །དེ་དག་ཉིད་བསྲེག་པར་བྱ་བ་ཡིན་ལ། དེ་དག་ཉིད་འཇལ་བར་བྱེད་པ་ཡིན་ནོ། །དབང་པོ་རྣམས་ནི་མ་ཡིན་ཏེ། དང་བའི་ཕྱིར་རོ། །སྒྲ་ཡང་མ་ཡིན་ཏེ། ཆད་པའི་ཕྱིར་རོ། །བསྲེག་དང་གཞལ་ལ་མི་མཐུན་སྨྲ། །ཁ་ཅིག་ན་རེ་ཁམས་བཞི་པོ་སྲེག་པར་བྱེད་པ་ཡང་ཡིན་ལ་གཞལ་བར་བྱ་བ་ཡང་ཡིན་ནོ་ཞེས་བརྗོད་དོ། །རྣམ་པར་སྨིན་པ་ལས་སྐྱེས་པའི་ཁམས་ནི་དུ། རྒྱས་པ་ལས་བྱུང་བ་རྣམས་ནི་དུ། རྒྱུ་མཐུན་པ་ལས་བྱུང་བ་རྣམས་ནི་དུ། རྫས་དང་ལྡན་པ་རྣམས་ནི་དུ། སྐད་ཅིག་མ་རྣམས་ནི་དུ་ཞེ་ན། སྨྲས་པ། རྣམ་པར་སྨིན་ལས་སྐྱེས་པ་དང༌། །རྒྱས་ལས་བྱུང་བ་ནང་གི་ལྔ། །མིག་ལ་སོགས་པ་ལྔ་པོ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ལ། རྒྱས་པ་ལས་བྱུང་བ་ཡང་ཡིན་ནོ། །རྒྱུ་མཐུན་
པར་བྱུང་བ་ལས་ནི་མེད་དེ། དེ་དག་ལས་མ་གཏོགས་པའི་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི། རྣམ་པར་སྨིན་པ་ལས་སྐྱེས་པའོ། །ཟས་དང་ལེགས་པར་བྱ་བ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་དག་གིས་རྒྱས་པར་བྱས་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དག་གོ །སྒྲ་ནི་རྒྱས་པ་ལས་བྱུང་བ་དང༌། རྒྱུ་མཐུན་པ་ལས་བྱུང་བ་ཡོད་ཀྱི། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རང་གི་འདོད་དགུར་འབྱུང་བའི་ཕྱིར། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་པ་བརྒྱད། སེམས་ཀྱི་ཁམས་བདུན་པོ་དག་དང་ཆོས་ཀྱི་ཁམས་ཏེ་སྐལ་པ་མཉམ་པ་དང༌། ཀུན་དུ་འགྲོ་བའི་རྒྱུས་བསྐྱེད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ །རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ །གཞན་རྣམ་གསུམ། ལྷག་མ་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱའི་ཁམས་དག་སྟེ། དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། རྒྱས་པ་ལས་བྱུང་བ་དང༌། རྒྱུ་མཐུན་པ་ལས་བྱུང་བ་དག་ཀྱང་ཡིན་ནོ། །རྫས་དང་ལྷན་ཅིག་འདུས་མ་བྱས་ནི་བརྟན་པའི་ཕྱིར་རྫས་སོ། །དེ་ཡང་ཆོས་ཀྱི་ཁམས་ལ་ཡོད་པས་ཆོས་ཀྱི་ཁམས་གཅིག་པུ་རྫས་དང་ལྡན་པ་ཡིན་ནོ། །ཐ་མ་གསུམ། སྐད་ཅིག་མ་སྟེ། ཐ་མ་དེ་དག་ཡིད་ཀྱི་ཁམས་ལ་སོགས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་མ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་སེམས་ནི་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ནོ། །ལྷག་མ་དེ་དག་དང་ལྷན་ཅིག་འབྱུང་བ་རྣམས་ནི་ཆོས་ཀྱི་ཁམས་སོ། །འདི་དཔྱད་པར་བྱ་སྟེ་གང་མིག་གི་ཁམས་དང་མི་ལྡན་པ་ལས་ལྡན་པ་ཐོབ་པ་དེ་མིག་གི་རྣམ་པར་ཤེས་པ་དང་ཡང་ཡིན་ནམ། གང་མིག་གི་རྣམ་པར་ཤེས་པ་དང་ཡིན་པ་དེ་མིག་གི་ཁམས་དང་ཡང་ཡིན་ནམ་ཞེ་ན། སྨྲས་པ། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང༌། ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །རེ་ཞིག་སོ་སོ་ནི་མིག་གི་ཁམས་དང་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་
དེ། འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་ཐོབ་པའོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ། མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པས་གཟུགས་ལྟ་ཞིང་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །ལྷན་ཅིག་ཏུ་ཡང་ནི་གཉིས་ཀ་དང་ལྡན་པ་འཐོབ་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ནའོ། །གཉིས་ཀ་དང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ནང་གི་ཁམས་དག་ནི་དུ། ཕྱིའི་དག་ནི་དུ་ཞེ་ན། ནང་གི་བཅུ་གཉིས་གཟུགས་ལ་སོགས་མ་གཏོགས་པ་རྣམ་པར་ཤེས་པ་དྲུག་དང་རྟེན་དྲུག་གོ །མིག་ལ་སོགས་པ་ནི་སེམས་ཀྱི་རྟེན་ཉིད་དུ་ཉེ་བ་ཉིད་ཀྱི་ཕྱིར་ནང་གིའོ། །སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་བདག་ཏུ་ཉེ་བར་འདོགས་པའོ།། གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་པོ་དག་ནི་ཕྱིའི་ཡིན་ནོ། །རྟེན་པ་དང་བཅས་པའི་ཁམས་རྣམས་ནི་དུ། དེ་དག་དང་མཚུངས་པ་རྣམས་ནི་དུ་ཞེ་ན། རེ་ཞིག་མཐའ་གཅིག་ཏུ། ཆོས་ཞེས་བྱ་བ་ནི་རྟེན་པ་དང་བཅས། རྟེན་དང་བརྟེན་པར་དམིགས་པ་གང་རང་གི་ལས་བྱེད་པ་དེ་ནི་རྟེན་པ་དང་བཅས་པའོ། །གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ། སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་གང་ཡིན་པ་དེ་དག་ནི་འགའ་ཡང་མེད་དེ། དེ་ལྟ་བས་ན་ཆོས་ཀྱི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པ་ཡིན་ནོ། །ལྷག་མ་ནི་དེ་དག་མཚུངས་པ་དག་ཀྱང་ཡིན། །ཀྱང་ཞེས་བྱ་བའི་སྒྲ་བརྟེན་པ་དང་བཅས་པ་དག་ཀྱང་ཡིན་པའོ། །དེ་དག་མཚུངས་པ་ཞེས་བྱ་བ་ནི་འདི་ཅི་ཞིག་ཅེ་ན། གང་ཞིག་རང་གི་ལས་མི་བྱེད། །གང་རང་གི་ལས་མི་བྱེད་པ་དེ་ནི་བརྟེན་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ། །དེ་ལ་མིག་ལ་སོགས་པ་དག་ནི་གང་གཅིག་གི་བརྟེན་པ་དང་བཅས་པ་དེ་ནི་ཐམས་ཅད་ཀྱི་ཡིན་ལ། གཟུགས་ལ་སོགས་པ་དག་ནི་གང་ཁོ་ནའི་དམིགས་པར་གྱུར་པ་དེ་ཁོ་ནའི་བརྟེན་པ་དང་བཅས་པ་དག་གོ །བརྟེན་པ་དང་བཅས་པ་ནི་དངོས་པོའི་བྱེད་པ་ལ་བརྟེན་པ་སྟེ། དེ་འདི་དག་ལ་ཡོད་པས་བརྟེན་པ་དང་
བཅས་པ་རྣམས་སམ། འབྲས་བུ་ལ་རེག་པའི་ཕྱིར་བརྟེན་པ་དང་བཅས་པ་དག་གོ །ཡང་གང་དག་བརྟེན་པ་དང་བཅས་པས་མ་ཡིན་པ་དེ་དག་ནི་རིགས་མཐུན་པར་འདྲ་བའི་ཕྱིར་དེ་དང་མཚུངས་པ་དག་གོ །མཐོང་བས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ། བསྒོམ་པས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞེ་ན། རེ་ཞིག་གཟུགས་ཅན་བཅུ་ནི་བསྒོམ་པས་སྤང་བྱ་ཡིན། ལྔ་ཡང་ཡིན་ཏེ། རྣམ་པར་ཤེས་པའི་ཁམས་ལྔ་པོ་དག་གོ །ཐ་མ་གསུམ་རྣམ་གསུམ། ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང༌། །དེ་དག་དང་ལྷན་ཅིག་འབྱུང་བ་དང། དེ་དག་གི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །ཟག་པ་དང་བཅས་པ་ལྷག་མ་དག་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཟག་པ་མེད་པ་ནི་སྤང་བྱ་མ་ཡིན་པའོ། །སོ་སོའི་སྐྱེ་བོ་ཉིད་དང༌། ངན་སོང་བའི་ལུས་དང༌། ངག་གི་ལས་དག་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། མདོར་བསྡུ་བ་ནི་འདི་ཡིན་ནོ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་ལ། གཟུགས་ཀྱང་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་ཏེ། དགེ་བའི་རྩ་བ་ཀུན་དུ་ཆད་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ། །ལུས་དང་ངག་གི་ལས་ནི་གཟུགས་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། བདེན་པ་དག་ལ་ལོག་པར་མི་རྟོག་པའི་ཕྱིར་རོ། །དྲུག་པ་མ་ཡིན་པ་ལས་སྐྱེས་པ་ནི་དབང་པོ་ལྔ་ལས་སྐྱེས་པ་གང་ཡིན་པ་སྟེ། དེ་ཡང་མཐོང་བས་སྤང་བར་བྱ་བ་ནི་མེད་དོ། །ལྟ་བ་ནི་དུ། ལྟ་བ་མ་ཡིན་པ་ནི་དུ་ཞེ་ན། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། ལྟ་བ་ཡིན་ཏེ། དེ་དག་གང་ཞེ་ན། སྨྲས་པ། རྣམ་པ་བརྒྱད། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་པོ་དག་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། སློབ་པའི་ལྟ་བ་དང༌། མི་སློབ་པའི་ལྟ་བ་དང༌། ཆོས་ཀྱི་ཁམས་རྣམ་པ་
བརྒྱད་པོ་འདི་དག་ནི་ལྟ་བ་ཡིན་ནོ། །ལྷག་མ་ནི་ལྟ་བ་མ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་པ་དང་བཅས་པའོ། །སློབ་པའི་ཟག་པ་མེད་པའི་ལྟ་བ་ནི་སློབ་པའིའོ། །མི་སློབ་པའི་ནི་མི་སློབ་པའིའོ། །ཡང་ཅིའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་ཞེ་ན། འདི་ལྟར། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོགས་མེད་ཕྱིར་ལྟ་བ་ཡིན། །རྟོག་པར་བྱེད་པ་ནི་ལྟ་བ་ཡིན་ཏེ། ངེས་པར་སེམས་པ་ལ་ཞུགས་པ་དག་ཡིན་ན། རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་ལྟ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ནམ། ཉོན་མོངས་པ་ཅན་མ་ཡིན་པ་གཞན་ཡང་ལྟ་བ་མ་ཡིན་ནོ། །འོ་ན་མིག་ཀྱང་རྟོག་པར་བྱེད་པ་ཉིད་མེད་ན་ཇི་ལྟར་ལྟ་བ་མ་ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ། གང་གི་ཕྱིར། མིག་གིས་གཟུགས་རྣམས་མཐོང༌། གལ་ཏེ་མིག་གིས་གཟུགས་རྣམས་མཐོང་བར་གྱུར་ན། རྣམ་པར་ཤེས་པ་གཞན་དང་ལྡན་པས་ཀྱང་མཐོང་བར་འགྱུར་རོ་ཞེ་ན། མིག་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་པ་ཉིད་དོ། །འོ་ན་ཅི་ཞེ་ན། རྟེན་བཅས་རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་རྣམ་པར་ཤེས་པ་དང་བཅས་པར་གྱུར་པ་དེའི་ཚེ་མཐོང་ངོ༌། །དེ་ལྟ་ན་འོ་ན་ནི་མིག་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། དེ་ལ་བརྟེན་པའི་རྣམ་ཤེས་མིན། །མཐོང་ངོ་ཞེས་ངེས་པར་བྱ་བའི་ནུས་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །གང་གི་ཕྱིར་རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་མི་མཐོང་ངོ་ཞེས་གྲག་གོ །གལ་ཏེ་རྣམ་པར་ཤེས་པས་མཐོང་བར་གྱུར་ན་དེ་ནི་ཐོགས་པ་མེད་པའི་ཕྱིར་རྩིག་པ་ལ་སོགས་པ་ལ་ཡང་ཐོགས་པ་མེད་པས་གཟུགས་བསྒྲིབས་པ་ཡང་མཐོང་བར་འགྱུར་རོ། །མཐོང་བ་ཡང་མ་ཡིན་ཏེ། དེ་བས་ན་རྣམ་པར་ཤེས་པས་མི་མཐོང་ངོ༌། །ཇི་ལྟར་ཡང་མིག་གིས་མཐོང་བ་དེ་བཞིན་དུ་རྣ་བས་ཐོས་སོ། །སྣས་ཚོར་རོ། །ལྕེས་
མྱོང་ངོ༌། །ལུས་ཀྱིས་རེག་གོ །ཡིད་ཀྱིས་རྣམ་པར་ཤེས་སོ། །ཅི་མིག་གཅིག་གིས་གཟུགས་རྣམས་མཐོང་ངམ། འོན་ཏེ་གཉིས་ཀས་ཤེ་ན། འདི་ལ་ངེས་པ་མེད་དེ། མིག་ནི་གཉིས་ཀ་དག་གིས་ཀྱང༌། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །མིག་ནི་གཉིས་ཀས་ཀྱང་མཐོང་སྟེ། གཉིས་ཕྱེ་ན་གསལ་བ་རབ་ཏུ་མཐོང་བར་འགྱུར་རོ། །རྟེན་རྣམ་པར་ཆད་པས་རྣམ་པར་ཆད་པ་མཐོང་བ་ཡང་མེད་དེ། རྣམ་པར་ཤེས་པ་ནི་ཡུལ་ན་མི་གནས་པའི་ཕྱིར་རོ། །ཅི་མིག་ལ་སོགས་པ་རྣམས་ཡུལ་དང་ཕྲད་པ་ཞིག་གམ། འོན་ཏེ་མ་ཕྲད་པ་ཞིག་ཡིན་ཞེ་ན། །མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད། འདི་ལྟར་གཟུགས་རྒྱང་རིང་པོ་ནས་མཐོང་ཞིང་མིག་དང་ཕྲད་པའི་མིག་སྨན་མི་མཐོང་ངོ༌། །སྒྲ་རྒྱང་རིང་པོ་ནས་ཐོས་སོ། །ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཕྲད་པ་ཉིད་དུ་མི་ནུས་སོ། །ལྷག་མ་སྣ་དང༌། ལྕེ་དང༌། ལུས་ཞེས་བྱ་བ། གསུམ་གཞན་དུ། ཡུལ་དང་ཕྲད་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཅི་མིག་ལ་སོགས་པ་དག་གིས་བདག་ཉིད་ཀྱི་ཚད་དང་མཉམ་པའི་དོན་ལ་འཛིན་ཏམ། འོན་ཏེ་མཉམ་པའམ་མི་མཉམ་པ་ཞིག་ལ་འཛིན་ཅེ་ན། རེ་ཞིག་གང་དག་ཡུལ་དང་ཕྲད་པར་བཤད་པ། སྣ་ལ་སོགས་པ་གསུམ་པོ་དེ་རྣམས་ཀྱིས་ནི། ཡུལ་ནི་མཉམ་པར་འཛིན་པར་འདོད། །དབང་པོའི་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་དང་ཕྲད་ནས་རྣམ་པར་ཤེས་པ་བསྐྱེད་དོ། །མིག་དང་རྣ་བ་དག་གིས་ནི་མ་ངེས་སོ། །ཡིད་ནི་ལུས་ཅན་མ་ཡིན་པས་ཚད་ཡོངས་སུ་མ་ཆད་པས་མི་དཔྱོད་དོ། །ད་ནི་གང་འདི་དག་རྣམ་པར་ཤེས་པའི་ཁམས་དྲུག་བཤད་པ་ཇི་ལྟར་དེ་དག་གི་ཡུལ་ད་ལྟར་བ་དང་དུས་གསུམ་ཡིན་པ་ལྟར་རྟེན་ཀྱང་དེ་ལྟ་བུ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ། ཐ་མའི་རྟེན་འདས། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་འགགས་མ་ཐག་པའི་ཡིད་དོ། །ལྔ་རྣམས་ནི། དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །དེ་ལ་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་རྟེན་ནི་མིག་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་ལུས་ཡིན་ལ། དེ་དག་གི་འདས་པའི་རྟེན་ཡིད་ཡིན་ནོ། །ཡང་རྣམ་པར་ཤེས་པ་ནི་གཉིས་ཀ་ལ་རག་ལུས་ཏེ་སྐྱེ་ན་ཅིའི་ཕྱིར་མིག་ལ་སོགས་པ་ཁོ་ན་ལ་བརྟེན་ཅེས་བྱ་བའི་གཟུགས་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། དེ་དག་
གྱུར་པས་འགྱུར་ཉིད་ཕྱིར། །བརྟེན་ནི་མིག་ལ་སོགས་པ་ཡིན། །མིག་ལ་སོགས་པ་རྣམས་གྱུར་པས་རྣམ་པར་ཤེས་པ་རྣམས་འགྱུར་བ་ཡིན་ཏེ། ཕན་པ་དང་གནོད་པ་དང༌། གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་རྣམས་གྱུར་པས་དེ་དག་འགྱུར་བ་མ་ཡིན་ཏེ། དེའི་ཕྱིར་དེ་ཁོ་ན་རྟེན་ཡིན་ནོ། །ཡང་དེ་དག་གིས་ནི་གཟུགས་ལ་སོགས་པ་རྣམ་པར་ཤེས་ན། ཅིའི་ཕྱིར་མིག་ལ་སོགས་པ་རྣམ་པར་ཤེས་པ་ཞེས་བྱ་ལ། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་མ་ཡིན་ཞེ་ན། གང་གི་ཕྱིར་དེ་དག་གི་རྟེན་ནི་མིག་ལ་སོགས་པ་ཡིན་པ། དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །མིག་ནི་རྣམ་པར་ཤེས་པ་གཞན་གྱི་རྟེན་དུ་འགྱུར་བར་མི་ནུས་ལ། གཟུགས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་ལ། མིག་གི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་ཏེ། ལུས་ཀྱི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལྟ་བས་ན་རྟེན་དུ་གྱུར་པའི་ཕྱིར་དང༌། ཐུན་མོང་མ་ཡིན་པའི་ཕྱིར་དེ་དག་ཁོ་ནས་རྣམ་པར་ཤེས་པ་བསྟན་གྱི་གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། དཔེར་ན་རྔ་བོ་ཆེའི་སྒྲ་དང༌། ནས་ཀྱི་མྱུ་གུ་བཞིན་ནོ། །ཡང་ལུས་གང་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལ་ལྟ་བ་ན། ཅི་ལུས་དང་མིག་དང་གཟུགས་དང་རྣམ་པར་ཤེས་པ་དེ་རྣམས་ས་གཅིག་པ་ཁོ་ན་ཞིག་ཡིན་ནམ། འོན་ཏེ་གཞན་གྱིས་པ་ཡང་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ལ་བྱེ་བྲག་ཡོད་དེ། དེ་ལ་ངེས་པ་འདི་ཡིན་ཏེ། ལུས་ལ་འོག་གི་མིག་མ་ཡིན། །ལས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་བར་ས་ལྔ་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང༌། བསམ་གཏན་དང་པོའི་ས་པ་དང་ས་གཉིས་པ་ཡིན་ནོ། །དེ་ལས་གང་སའི་ལུས་ཡིན་པའི་ས་དེ་བའམ། ས་གོང་མའི་ཡིན་གྱི་ས་འོག་མའི་མ་ཡིན་ནོ། །འདིའི་མིག་གི་ཡུལ་ནི་དེའི་ས་པ་འམ་ས་འོག་མའི་གཟུགས་ཡིན་གྱི། མིག་གི་གོང་མའི་གཟུགས་མ་ཡིན། ས་གོང་མའི་གཟུགས་ས་འོག་མའི་མིག་གིས་མཐོང་བར་ནི་ནམ་ཡང་མི་ནུས་སོ། །རྣམ་པར་ཤེས་པའང༌། ས་གོང་མའི་མ་ཡིན་ཏེ། གཟུགས་བཞིན་ནོ། །དེ་ཡི་
གཟུགས། ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ་དེའི་ཞེས་བྱ་བ་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་གོང་མ་དང་འོག་མ་དང་རང་གིས་པའི་གཟུགས་ཐམས་ཅད་དུ་ཡིན་ལ། ལུས་ཀྱིའང་གཟུགས་དང་རྣམ་པར་ཤེས་པ་ཐམས་ཅད་དུ་ཡིན་ནོ། །ཇི་ལྟར་མིག་འདི་རྒྱས་པར་བཤད་པ་ལྟར། རྣ་བའང་དེ་བཞིན། ལུས་ལ་གོང་མའི་རྣ་བ་མིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་སྒྲ་ནི་འདིའི། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །གསུམ་དག་ནི། ཐམས་ཅད་རང་གི་ས་པ་ཉིད། །སྣ་དང་ལྕེ་དང་ལུས་ཀྱི་ཁམས་རྣམས་ཀྱི་ནི་ལུས་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་རང་གིས་པ་ཁོ་ན་ཡིན་ནོ། །སྤྱིར་བསྟན་ནས་དམིགས་ཀྱིས་བསལ་བ་གསུངས་པ་ནི། ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས་པ་ལུས་དང་ལུས་ཀྱི་ཁམས་དང་རེག་བྱ་ནི་རྟག་ཏུ་རང་གི་ས་པ་ཁོ་ན་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཁ་ཅིག་གི་རང་གི་ས་པ་ཡིན་ཏེ་འདི་ལྟ་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱི་ལྟ་བུའོ། །ཁ་ཅིག་ནི་ས་འོག་མ་པ་ཡིན་ཏེ། འདི་ལྟ་སྟེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱི་ལྟ་བུའོ། །ཡིད་མ་ངེས་ཏེ། རེས་འགའ་ནི་ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཆོས་དག་དང་མཚུངས་པའི་ས་པའི་ཡིད་ཡིན་ལ། རེས་འགའ་ནི་ས་གོང་མ་དང་འོག་མ་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ས་ལྔ་པའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང༌། སྐྱེ་བའི་ཚེ་ཡིད་ལ་སོགས་པའི་ས་ཐམས་ཅད་པ་དག་ཡིན་ནོ། །འདི་དཔྱད་པར་བྱ་སྟེ། ཁམས་བཅོ་བརྒྱད་པོ་རྣམ་པར་ཤེས་པ་དྲུག་པོ་རྣམས་ལས་གང་གིས་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་མིག་ལ་སོགས་པ་ལ་བརྟེན་པའི་རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བའོ། །ལྷག་མ་ཁམས་བཅུ་གསུམ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཤེས་པར་བྱ་བའོ་ཞེས་བརྗོད་པར་འགྱུར་རོ། །ཁམས་བཅོ་བརྒྱད་པོ་དེ་དག་ལས་རྟག་པ་རྣམས་ནི་དུ། མི་རྟག་པ་རྣམས་ནི་དུ་ཞེ་ན། འདུས་མ་བྱས་ཆོས་རྟག་པའོ། །དེས་ན་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་ལ་ལྷག་མ་རྣམས་ནི་མི་རྟག་པ་ཡིན་ནོ། །དབང་པོ་རྣམས་ནི་དུ།
དབང་པོ་མ་ཡིན་པ་རྣམས་ནི་དུ་ཞེ་ན། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །དེ་ལ་ཆོས་ཞེས་བྱ་བའི་ཕྱེད་ནི་སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་དབང་པོའི་ཆ་སྟེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །ནང་གི་བཅུ་གཉིས་ནི་མིག་ལ་སོགས་པ་རང་གི་མིང་གིས་སྨོས་པ་ལྔ་དང༌། ཡིད་ཀྱི་དབང་པོ་ནི་སེམས་ཀྱི་ཁམས་བདུན་ནོ། །ཕོ་དང་མོའི་དབང་པོ་དག་ནི་ལུས་ཀྱི་ཕྱོགས་གཅིག་གོ །ལྷག་མ་ཁམས་ལྔ་པོ་དེ་དག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་དབང་པོ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པ་ཞེས་བྱ་སྟེ། མཛོད་ཀྱི་གནས་དང་པོའོ།། །།དབང་པོ་རྣམས་བཤད་པ་ལ། དབང་པོའི་དོན་ནི་དབང་ཕྱུག་དམ་པའོ། །འདི་དག་ལས་གང་ཞིག་གང་ལ་དབང་བྱེད་ཅེ་ན། ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད། རེ་ཞིག་མིག་དང་རྣ་བ་དག་རེ་རེ་ཞིང་དོན་བཞི་བཞི་ལ་དབང་བྱེད་པ་ནི་ལོང་བ་དང་འོན་པ་དག་ནི་མི་མཛེས་པའི་ངོ་བོ་ཡིན་པའི་ཕྱིར་ལུས་མཛེས་པར་བྱ་བ་དང་མཐོང་བ་དང་ཐོས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་ལུས་ཡོངས་སུ་སྲུང་བ་དང༌། མིག་དང་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་དག་བསྐྱེད་པ་དང༌། གཟུགས་ལ་ལྟ་བ་དང་སྒྲ་ཉན་པ་དག་གི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ། །སྣ་དང༌། ལྕེ་དང༌། ལུས་ནི་སྔ་མ་བཞིན་དུ་ལུས་མཛེས་པར་བྱ་བ་ལ་དབང་བྱེད་པ་དང༌། དེ་དག་གིས་ཁམ་གྱི་ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལུས་ཡོངས་སུ་སྲུང་བ་ལ་དབང་བྱེད་པ་དང༌། རང་ལ་བརྟེན་པའི་རྣམ་པར་ཤེས་པ་སྐྱེད་པ་དང༌། རང་གི་ལུས་ཉམས་སུ་མྱོང་བ་ལ་སྔར་བཞིན་དུ་དབང་བྱེད་པའོ། །བཞི་རྣམས་གཉིས་ལའོ། །རེ་ཞིག་ཕོ་དང་མོའི་དབང་པོ་དག་ནི་སེམས་ཅན་གྱི་བྱེ་བྲག་དང༌། ཁྱད་པར་དག་ལ་དབང་བྱེད་དེ། དེ་ལ་སེམས་ཅན་གྱི་བྱེ་བྲག་ནི་མོ་དང་ཕོ་ཞེས་བྱ་བའོ། །སེམས་ཅན་གྱི་ཁྱད་པར་ནི་ནུ་མ་ལ་སོགས་པའི་དབྱིབས་དང་ང་རོ་དང་སྤྱོད་པ་གཞན་པ་ཉིད་དོ། །གཞན་དག་ན་རེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བདག་ལ་དབང་བྱེད་དེ། དེ་དང་མི་ལྡན་པ་ལ་སྡོམ་པ་མ་ཡིན་པ་ལ་སོགས་པ་མེད་པའི་ཕྱིར་རོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་མཚམས་སྦྱོར་
བ་དང༌། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་དོ། །ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང༌། རང་གི་ངོ་བོ་དང་མཐུན་པར་བྱེད་པ་དག་ལ་དབང་བྱེད་དོ། །བདེ་བ་ལ་སོགས་པའི་དབང་པོ་ལྔ་གང་ཡིན་པ་དང༌། དད་པ་ལ་སོགས་པ་བརྒྱད་གང་ཡིན་པ། ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་དང༌། །གོ་རིམས་བཞིན་དུ་དབང་བྱེད་དེ། །བདེ་བ་ལ་སོགས་པ་ལྔ་པོ་དག་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། དེ་དག་ལ་འདོད་ཆགས་ལ་སོགས་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །དད་པ་ལ་སོགས་པ་རྣམས་ནི། རྣམ་པར་བྱང་བ་ལ་དབང་བྱེད་དེ། དེ་དག་ནི་རྣམ་པར་བྱང་བར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མིག་ལ་སོགས་པ་ལྔ་པོ་དག་ནི་རང་རང་གི་དོན་ལ་དམིགས་པར་བྱ་བ་ལ་དབང་བྱེད་དོ། །སྒྲ་ཐོས་པ་ཡང་མེད་པ་དེའི་ཕྱིར་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་ཡིད་ནི་དོན་ཐམས་ཅད་ལ་དམིགས་པ་ལ་དབང་བྱེད་དེ། །དེའི་ཕྱིར་དེ་དག་ནི་སོ་སོར་དབང་པོའོ། །མོ་ཉིད་ཕོ་ཉིད་ལ་དབང་ཕྱིར། །ལུས་ལས་མོ་དང་ཕོ་དབང་དག །རྣམ་པར་བཞག་སྟེ། དོན་ཐ་དད་པ་དག་ནི་མ་ཡིན་ནོ། །མོའི་ངོ་བོ་ནི་མོ་ཉིད་དོ། །ཕོའི་ངོ་བོ་ནི་ཕོ་ཉིད་དོ། །དེ་ལ་ཕོ་དང་མོ་དག་གི་ང་རོ་ལ་སོགས་པ་གཞན་པའོ། །རིས་གནས་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་སོགས་ལྔ་ཡང་དབང་པོར་འདོད། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་བ་དང༌། ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་ལ་དང༌། དད་པ་ལ་སོགས་པ་ལྔ་པོ་དག་ནི་རྣམ་པར་བྱང་བ་ལ་དབང་བྱེད་དེ། འདི་ལྟར་དེ་དག་ནི་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ལ་ལམ་ཡང་འདྲེན་པར་བྱེད་དོ། །མྱ་ངན་འདས་སོགས་གོང་ནས་གོང༌། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །དེ་ལ་ཀུན་ཤེས་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་ཐོབ་པར་བྱ་བ་ལ་དང༌། ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཐོབ་པར་བྱ་བ་ལ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ལ་དབང་བྱེད་དོ། །
སོགས་པའི་སྒྲ་ནི་རྣམ་གྲངས་གཞན་དུ་བསྟན་པར་བྱ་བའི་ཕྱིར་ཏེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་པའི་ཕྱིར་དབང་པོ་གསུམ་དག་གོ །དབང་བྱེད་པའི་ཕྱིར་དབང་པོ་ཉིད་ཡིན་ན་གོ །མ་རིག་པ་ལ་སོགས་པ་ཁ་བསྐང་དགོས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འདི་ནི་སེམས་ཀྱི་བརྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་རྣམས་ཀྱང་དེ་སྙེད་དུ། །འདོད་དེ། དེ་ལ་སེམས་ཀྱི་རྟེན་ནི་དབང་པོ་དྲུག་དག་ཡིན་ཏེ། སྐྱེ་མཆེད་དྲུག་པོ་ཡང་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ནོ། །མོ་དང་ཕོའི་དབང་པོ་དག་གིས་ནི་དེ་མོ་དང་ཕོར་བྱེ་བྲག་ཏུ་འབྱེད་དོ། །སྲོག་གི་དབང་པོས་ནི་གནས་པར་བྱེད་དོ། །ཚོར་བ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པ་ལ་སོགས་པ་ལྔས་ནི་རྣམ་པར་བྱང་བ་ལ་སོགས་པའི་ཚོགས་སོགས་པར་བྱེད་དོ། །གསུམ་གྱིས་ནི་རྣམ་པར་བྱང་བར་བྱེད་དེ། དེའི་ཕྱིར་མ་རིག་པ་ལ་སོགས་པ་ནི་དབང་པོ་ཉིད་དུ་མི་འདོད་དོ། །ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །འཇུག་པའི་རྟེན་ནི་དབང་པོ་དྲུག་ཡིན་ནོ། །སྐྱེ་བ་ནི་མོ་དང་པོའི་དབང་པོ་དག་ལས་ཏེ། དེ་ལས་སྐྱེ་བའི་ཕྱིར་རོ། །གནས་པ་ནི་སྲོག་གི་དབང་པོ་སྟེ། དེས་གནས་པར་བྱེད་པའི་ཕྱིར་རོ། །ཚོར་བ་རྣམས་ཀྱིས་ནི་ཉེ་བར་སྤྱོད་པར་བྱེད་དེ། དེའི་ཕྱིར་དེ་དག་ནི་དབང་པོ་བཅུ་བཞི་ཡིན་ནོ། །རྣམ་པ་དེ་ཉིད་ཀྱིས་གཞན་དག་ནི་ལྡོག་པ་ཡིན་ནོ། །གང་གི་ཕྱིར་ལྡོག་པའི་རྟེན་ནི་དད་པ་ལ་སོགས་པ་ཡིན་ནོ། །སྐྱེ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ། །གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་ཉེ་བར་སྤྱོད་པར་བྱེད་དོ། །དེའི་ཕྱིར་དབང་པོ་དག་ནི་དེ་སྙེད་ཅིག་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ཀྱང་དེ་ཡིན་ནོ། །དེ་ལ་དབང་པོ་གང་དག་གཞན་དུ་མ་བསྟན་པ་དེ་དག་བསྟན་ཏེ། ལུས་ཚོར་སིམ་པ་མ་ཡིན་གང༌། །སྡུག་བསྔལ་དབང་པོའོ། །སིམ་པ་མ་ཡིན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པའོ། །སིམ་པ་ནི་བདེ་བའོ། །ལུས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །སིམ་པ་ཞེས་བྱ་བ་ནི་ཕན་འདོགས་པ་སྟེ།
བསམ་གཏན་གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །བསམ་གཏན་གསུམ་པ་ནི་སེམས་ཀྱི་ཚོར་བ་སིམ་པ་དེ་ཉིད་བདེ་བའི་དབང་པོའོ། །གཞན་ན་དེ་ཡིད་བདེ་བ་ཡིན། །བསམ་གཏན་གསུམ་པ་ལས་གཞན་པ་འདོད་པའི་ཁམས་དང་བསམ་གཏན་དང་པོ་དང་གཉིས་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོ་ཡིན་ནོ། །སེམས་ཀྱི་ཚིམ་པ་མ་ཡིན་པ། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །བར་མའོ། །སེམས་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་པ་ནི་བར་མ་ཞེས་བརྗོད་དེ་བཏང་སྙོམས་ཀྱི་དབང་པོའོ། །ཅི་ལུས་ཀྱིའམ་སེམས་ཀྱི་ཞེས་བྱ་ཞེ་ན། སྨྲས་པ། གཉིས་གའི་ཡིན་ནོ། །ཅིའི་ཕྱིར་འདི་བསྡུས་ནས་དབང་པོ་གཅིག་ཏུ་བྱས་ཤེ་ན། མི་རྟོག་ཕྱིར། སེམས་ཀྱི་བདེ་བ་དང་སྡུག་བསྔལ་བ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་སྐྱེའི་ལུས་ཀྱིས་ནི་མ་ཡིན་ནོ། །ཡུལ་གྱི་དབང་གིས་ནི་དགྲ་བཅོམ་པ་རྣམས་ལ་ཡང་སྐྱེ་བས་དེའི་ཕྱིར་དེ་དག་དབང་པོ་ཉིད་དུ་ཐ་དད་ཀྱི་ལུས་ཀྱི་དང་སེམས་ཀྱི་བཏང་སྙོམས་ནི་རྣམ་པར་མི་རྟོག་པ་ཁོ་ནར་རང་གི་ངང་གིས་སྐྱེ་བས་ལུས་ཀྱི་དང་སེམས་ཀྱི་ཞེས་བྱ་བ་དབང་པོ་གཅིག་ཏུ་བྱས་སོ། །མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ཡིད་དང་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་རྣམས་དང༌། དད་པ་ལ་སོགས་པ་ལྔ་དང༌། དབང་པོ་དགུ་པོ་དེ་དག་ནི་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་པའི་ལམ་དག་ལ་དབང་པོ་གསུམ་དུ་བརྗོད་དོ། །མཐོང་བའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ཞེས་བྱའོ། །སྒོམ་པའི་ལམ་ལ་ནི་ཀུན་ཤེས་པ་ཡིན་ཏེ། ཕྲ་རྒྱས་ལྷག་མ་སྤང་བའི་ཕྱིར་རོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ཏེ། དེའི་ངང་ཚུལ་ཉིད་ཀྱི་ཕྱིར་རོ། །དབང་པོ་དེ་དག་ལ་ཟག་པ་དང་བཅས་པ་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། གསུམ་ནི་དྲི་མ་མེད། ཀུན་ཤེས་བྱེད་པའི་དབང་པོ་ལ་སོགས་པ་གསུམ་བཤད་མ་ཐག་པ་དེ་ནི་ཟག་པ་མེད་པ་ཡིན་ཏེ། དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་པ་དང་བཅས། དབང་པོ་གཟུགས་ཅན་བདུན་དང༌། སྲོག་གི་དབང་པོ་དང༌། སྡུག་བསྔལ་དང་ཡིད་མི་བདེ་བའི་དབང་པོ་དག་ནི་གཅིག་ཏུ་ཟག་
པ་དང་བཅས་པ་ཡིན་ནོ། །དགུ་རྣམ་གཉིས། ཡིད་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དག་དང༌། དད་པ་ལ་སོགས་པ་ལྔ་དང༌། དབང་པོ་དགུ་པོ་དེ་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་གོ །རྣམ་པར་སྨིན་པ་ཡིན་པ་རྣམས་ནི་དུ། མ་ཡིན་པ་རྣམས་ནི་དུ་ཞེ་ན། རི་ཞིག་གཅིག་ཏུ། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །བཅུ་གཉིས་གང་ཞེ་ན། ཐ་མ་བརྒྱད་དང་ཡིད་མི་བདེ། མ་གཏོགས་པ་སྟེ། དད་པ་ལ་སོགས་པ་ཐ་མ་བརྒྱད་དང༌། ཡིད་མི་བདེ་བ་མ་གཏོགས་པ་སྲོག་གི་དབང་པོ་ལས་གཞན་བཅུ་གཉིས་ནི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པའོ། །དེ་ལ་མིག་ལ་སོགས་པ་བདུན་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པའོ། །ཡིད་དང་སྡུག་བསྔལ་བ་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བ་དང༌། ཉོན་མོངས་པ་ཅན་རྣམས་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་པ་དང༌། སྤྲུལ་པ་རྣམས་ནི་ཅི་རིགས་པར་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་པའོ། །དབང་པོ་རྣམས་ལ་རྣམ་པར་སྨིན་པ་དང་བཅས་པ་ནི་དུ། རྣམ་པར་སྨིན་པ་མེད་པ་རྣམས་ནི་དུ་ཞེ་ན། གང་འདི་ཡིད་མི་བདེ་བར་བཤད་མ་ཐག་པ། དེ་གཅིག་ནི། རྣམ་པར་སྨིན་བཅས། དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ། །ནི་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་དང༌། རིམ་པ་བཞིན་དུ་སྦྱར་བར་རིག་པར་བྱའོ། །བཅུ་རྣམ་གཉིས། རྣམ་པར་སྨིན་པ་དང་བཅས་པ་དག་ཀྱང་ཡིན། རྣམ་པར་སྨིན་པ་མེད་པ་དག་ཀྱང་ཡིན་ནོ། །བཅུ་གང་ཞེ་ན། ཡིད་དང་ཚོར་གཞན་དད་ལ་སོགས། །ཚོར་གཞན་ཞེས་སྨོས་པས་ནི་ཡིད་མི་བདེ་བ་ལས་གཞན་པའི་གཟུང་ངོ༌། །དེ་ལ་ཡིད་དང་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་མི་དགེ་བ་དང། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན་ནོ། །ཟག་པ་མེད་པ་རྣམས་དང་ལུང་དུ་མ་བསྟན་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་དག་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་དགེ་བ་དང་མི་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་
པ་མེད་པ་ཡིན་ནོ། །དད་པ་ལ་སོགས་པ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་དག་ཡིན་ནོ། །གཞན་ནི་རྣམ་པར་སྨིན་པ་མེད་པ་དག་ཡིན་ཞེས་བྱ་བར་གྲུབ་པོ། །དགེ་བ་ལ་སོགས་པའི་དྲི་བ་ལ། དགེ་བ་བརྒྱད། དད་པ་ལ་སོགས་པ་གཅིག་ཏུ་དགེ་བ་རྣམས་སོ། །ཡིད་མི་བདེ་བ། རྣམ་གཉིས། དགེ་བ་ཡང་ཡིན། མི་དགེ་བ་ཡང་ངོ༌། །ཡིད་དང་ཚོར་གཞན་ནི། རྣམ་གསུམ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དག་གོ །གཞན་ནི་རྣམ་པ་གཅིག །བརྒྱད་པོ་དག་ནི་ལུང་དུ་མ་བསྟན་པ་ཁོ་ནའོ། །ཁམས་ཀྱི་དྲི་བ་ལ། དྲི་མེད་མ་གཏོགས་འདོད་པར་གཏོགས། །གཅིག་ཏུ་ཟག་པ་མེད་པ་མ་གཏོགས་པའི་ལྷག་མ་ནི་སྲིད་པས་འདོད་པར་གཏོགས་པའོ། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས། དྲི་མ་མེད་པ་ཡང་མ་གཏོགས་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་དག །ཅེས་བྱ་བ་ནི་སྡུག་བསྔལ་དང༌། ཡིད་མི་བདེ་བ་དག་གོ །གཟུགས་ཅན་དང༌། བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཇི་སྐད་བཤད་པ་མ་གཏོགས་པའི་ལྷག་མ་ཅི་ཞེ་ན། ཡིད་དང༌། སྲོག་དང༌། བཏང་སྙོམས་ཀྱི་དབང་པོ་དག་དང༌། དད་པ་ལ་སོགས་པ་ལྔ་པོ་ཡང་ངོ༌། །སྤོང་བའི་དྲི་བ་ལ། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །ཚོར་བ་གསུམ་ནི་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་རྣམས་སོ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། །ཡིད་མི་བདེ་བ་ནི་མཐོང་བ་དང་བསྒོམ་པ་གཉིས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །དགུ་ནི་བསྒོམ་པས་སྤང་བར་བྱ་ཞེས་པའི་དབང་དུ་བྱས་ཏེ། མིག་ལ་སོགས་པ་དང་བརྒྱད་པ་སྲོག་དང་སྡུག་བསྔལ་གྱི་དབང་པོ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཁོ་ན་ཡིན་ནོ། །ལྔ་པོ་ནི་སྤང་བར་བྱ་བ་ཡིན་ཡང༌། དད་པ་ལ་སོགས་པ་ལྔ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་དག་མ་ཡིན་པ་ཡང་ངོ༌། །གསུམ་མིན་གཞན་གསུམ་ནི་སྤང་བྱ་མ་ཡིན་པ་ཉིད་དེ། ཟག་པ་མེད་པའི་ཕྱིར་རོ། །རྣམ་པའི་བྱེ་བྲག་བཤད་ཟིན་ནས་རྙེད་པ་བརྗོད་པར་བྱ་སྟེ། འདོད་པར་དང་པོ་རྣམ་སྨིན་གཉིས། །རྙེད་དེ། ལུས་ཀྱི་དབང་པོ་དང༌། སྲོག་གི་དབང་པོའོ། །དེ་དག་ཀྱང༌། རྫུས་ཏེ་
སྐྱེ་བས་མིན། རྫུས་ཏེ་སྐྱེ་བ་བཀག་པས་སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེས་བ་དག་གིས་རྙེད་བར་རིག་པར་བྱའོ། །ཡིད་དང་བཏང་སྙོམས་དག་ཀྱང་ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བདག་མ་ཡིན་ནོ། །ཡང་རྫུས་ཏེ་སྐྱེ་བ་དག་གིས་དུ་ཞིག་འཐོབ་ཅེ་ན། དེ་ཡིས་དྲུག་གམ། གལ་ཏེ་མཚན་མ་མེད་པ་ཞིག་ཡིན་ན་སྟེ། འདི་ལྟར་བསྐལ་པ་དང་པོ་པ་རྣམས་ལྟ་བུའོ། །དེ་དག་གིས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། སྲོག་གི་དབང་པོ་རྣམས་འཐོབ་བོ། །བདུན་ནམ་ནི། གལ་ཏེ་མཚན་གཅིག་པ་ཞིག་ཡིན་ན་སྟེ། འདི་ལྟར་ལྟ་ལ་སོགས་པ་དག་ནའོ། །བརྒྱད་ནི་གལ་ཏེ་མཚན་གཉིས་པ་ཞིག་ཡིན་ནའོ། །ཇི་ལྟར་ངན་སོང་དག་ནའོ། །རེ་ཞིག་འདོད་པའི་ཁམས་ན་ནི་དེ་ལྟ་བུ་ཡིན་ནོ། །གཟུགས་ན་དྲུག་གོ །འདོད་པའི་ཁམས་ན་མཚན་མ་མེད་པ་དག་གིས་རྙེད་པ་གང་དག་ཡིན་པ་ཉིད་དོ། །གོང་མར་གཅིག །གཟུགས་མེད་པའི་ཁམས་སུ་དང་པོ་ཉིད་དུ་སྲོག་གི་དབང་པོ་གཅིག་ཁོ་ན་རྣམ་པར་སྨིན་པ་ཐོབ་བོ། །རྙེད་པ་བཤད་ཟིན་ནས་གཏོང་བ་བརྗོད་པ། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ་གཟུགས་ན་བརྒྱད། །གཟུགས་ཀྱི་ཁམས་སུ་འཆི་བ་ན་གསུམ་པོ་དེ་དག་དང༌། མིག་ལ་སོགས་པ་ལྔ་དང་དབང་པོ་བརྒྱད་འགག་གོ །འདོད་པར་བཅུའམ་དགུའམ་བརྒྱད། །མཚན་གཉིས་པའི་ནི་བརྒྱད་པོ་དེ་དག་དང་ཕོ་དང་མོའི་དབང་པོ་དང་བཅུ་འགག་གོ །མཚན་གཅིག་པ་ཞིག་ཡིན་ན་དགུའོ། །མཚན་མེད་པ་ཞིག་ཡིན་ན་བརྒྱད་དོ། །རིམ་གྱིས་འཆི་བ་དག་ལ་བཞི། རིམ་གྱིས་འཆི་ན་ལུས་དང་སྲོག་དང་ཡིད་དང༌། བཏང་སྙོམས་ཀྱི་དབང་པོ་དག་འགག་གོ །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཚུལ་དེའོ། །དགེ་བའི་སེམས་ཀྱིས་ཀྱང༌། དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཐམས་ཅད་དུ་ཇི་སྐད་བཤད་པའི་དབང་པོ་རྣམས་དང་ལྷག་པར་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་དགེ་བའི་སེམས་ཀྱིས་འཆི་བ་ལ་རིག་བར་བྱའོ། །དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཞིག་དབང་པོ་དུ་དག་གིས་འཐོབ་ཅེ་ན། འབྲས་བུ་
ཐ་མ་གཉིས་དགུས་འཐོབ། །རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དག་ནི་དབང་པོ་དགུས་ཐོབ་བོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དད་པ་ལ་སོགས་པ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་པ་དང༌། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་དང་དགུས་འཐོབ་པོ། །ཟག་པ་མེད་པ་གཉིས་ཀྱང་བྲལ་བས་ཐོབ་པ་འདྲེན་པ་དང་གནས་པར་བྱེད་པ་ཉིད་ཀྱི་ཕྱིར་རིམ་པ་བཞིན་དུ་རིག་པར་བྱའོ། །དགྲ་བཅོམ་པ་ཉིད་ནི་དད་པ་ལ་སོགས་པ་དང༌། ཀུན་ཤེས་བྱེད་པའི་དབང་པོ་མ་གཏོགས་པ་དག་དང༌། ཡིད་ཀྱི་དབང་པོ་དང༌། བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང༌། དགུས་འཐོབ་བོ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །དེ་ལ་རེ་ཞིག་གལ་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་ཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་ནི་དད་པ་ལ་སོགས་པ་ལྔ་དང༌། བཏང་སྙོམས་དང༌། ཡིད་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་པོ། །འོན་ཏེ་འཇིག་རྟེན་ལས་འདས་པས་ནི་ཀུན་ཤེས་པའི་དབང་པོ་བརྒྱད་པ་ཡིན་ནོ། །ཅི་སྟེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་ནི་དེ་དགུས་འཐོབ་སྟེ། དེ་གང་དག་ཁོ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་ཁོ་ན་བཞིན་ནོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་ཐོབ་ལ། དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གིས་ཐོབ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་བཞིན་དུ་བདུན་དང་བརྒྱད་ཀྱིས་འཐོབ་བོ། །ཅི་སྟེ་འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་ནི་དེ་དགུས་འཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་བཞིན་ནོ། །ཡང་འདིར་རྟེན་གྱི་བྱེ་བྲག་ལས་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །འོ་ན་ཆོས་མངོན་པ་ལས་དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གིས་ཞེས་བཤད་པ་ཇི་ལྟར་དགུ་དག་གིས་ཤེ་ན། དེ་ནི་དགུ་ཁོ་ནས་འཐོབ་སྟེ། བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །གང་ཟག་འགའ་ཞིག་གིས་ཡོངས་སུ་ཉམས་ཤིང་ཡོངས་སུ་ཉམས་ནས་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་
དག་གིས་དགྲ་བཅོམ་པ་ཉིད་འཐོབ་པ་སྲིད་པ་ཡོད་པས་དེའི་ཕྱིར་བཅུ་གཅིག་དག་གིས་ཞེས་གསུངས་སོ། །དབང་པོ་གང་ཞིག་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དུ་དག་དང་ལྡན་པ་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། དེ་ལ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །དེ་ནི་གདོན་མི་ཟ་བར་གསུམ་ཁོ་ན་སྟེ། འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་གྱི་ལྷག་མ་རྣམས་དང་ནི་མ་ངེས་ཏེ། ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་དོ། །བདེ་ལུས་ལྡན་ལ་བཞི་དག་དང༌། །གང་བདེ་བ་དང་ལུས་དག་དང་ལྡན་པ་དེ་ནི་དབང་པོ་བཞི་སྟེ། དེ་གསུམ་དང་འདི་དག་གི་གཅིག་ལྷག་པས་སོ། །མིག་སོགས་ལྡན་པ་ལྔ་དང་ལྡན། །གང་ཞིག་མིག་གི་དབང་པོ་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་དང༌། སྲོག་དང༌། ཡིད་དང༌། ལུས་ཀྱི་དབང་པོ་དག་དང་དེ་དང་དབང་པོ་ལྔ་དང་ལྡན་ཏེ། རྣ་བ་དང༌། སྣ་དང༌། ལྕེའི་དབང་པོ་དག་དང་ལྡན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཡིད་བདེ་ལྡན་ཡང༌། གང་ཞིག་ཡིད་བདེ་བའི་དབང་པོ་དང་ལྡན་པ་དེ་ཡང་གདོན་མི་ཟ་བར་བཏང་སྙོམས་དང༌། སྲོག་དང༌། ཡིད་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། དབང་པོ་ལྔ་དང་ལྡན་ནོ། །སྡུག་བསྔལ་ལྡན། བདུན་དང༌། གང་ཞིག་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་ལུས་དང༌། སྲོག་དང༌། ཡིད་དག་དང༌། ཚོར་བའི་དབང་པོ་བཞི་དང་བདུན་དང་ལྡན་ནོ། །མོའི་དབང་སོགས་ལྡན། བརྒྱད་དང༌། གང་ཞིག་མོའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བདུན་པོ་དེ་དག་དང་མོའི་དང་བརྒྱད་དང་ལྡན་ནོ། །སོགས་ཞེས་བྱ་བའི་སྒྲས་ནི་ཕོའི་དབང་པོ་དང༌། ཡིད་མི་བདེ་བ་དང༌། དད་པ་ལ་སོགས་པ་གཟུང་སྟེ། དེ་དག་དང་ལྡན་པ་ནི་རེ་རེ་ཞིང་ཡང་བརྒྱད་དང་ལྡན་པ་ཡིན་ཏེ། བདུན་པོ་དེ་དག་དང༌། ཕོའི་དབང་པོ་དང་ལྡན་ནོ། །ཡིད་མི་བདེ་བའི་དབང་པོ་ཡང་དེ་དང་འདྲའོ། །དད་པ་ལ་སོགས་པ་དང་ལྡན་པ་ནི་ལྔ་པོ་དེ་དག་དང༌། བཏང་སྙོམས་དང༌། སྲོག་དང༌། ཡིད་དང་ལྡན་ནོ། །ཀུན་ཤེས་ལྡན་པ་ཡི། །དབང་པོ་ལྡན་ལ་བཅུ་གཅིག་ལྡན། །གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དང༌། སྲོག་དང༌། ཡིད་དང་དད་པ་ལ་སོགས་པ་དག་དང༌། ཀུན་ཤེས་པའི་དབང་པོ་དང༌། བཅུ་གཅིག་དང་ལྡན་ནོ། །དེ་བཞིན་དུ་ཀུན་
ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ཡང་བཅུ་པོ་དེ་དག་ཉིད་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་ནོ། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་ངག་དང་ལྡན་པ་ཡིན། །ཡིད་དང༌། སྲོག་དང༌། ལུས་ཀྱི་དབང་པོ་དག་དང༌། ཚོར་བའི་དབང་པོ་བཞི་དག་དང༌། དད་པ་ལ་སོགས་པ་དང། ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་ནོ། །གང་ཞིག་ནང་ན་ཉུང་བ་དང་ལྡན་པ་དེ་དབང་པོ་ཇི་སྙེད་ཅིག་དང་ལྡན་ཞེ་ན། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །དགེ་བའི་རྩ་བ་ཀུན་དུ་ཆད་པ་སྟེ། དེ་ནང་ན་ཉུང་བ་དག་དང་ལྡན་ན་ཚོར་བ་ལྔ་དག་དང༌། ལུས་དང༌། ཡིད་དང༌། སྲོག་དང༌། དབང་པོ་བརྒྱད་དང་ལྡན་ནོ། །ཇི་ལྟར་དགེ་བ་མེད་པ་ལྟར། །གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང༌། །སོ་སོའི་སྐྱེ་བོ་བཏང་སྙོམས་དང༌། །སྲོག་དང༌། ཡིད་དང༌། དད་པ་ལ་སོགས་པ་ལྔ་དང་ལྡན་ནོ། །ཡང་གང་ཞིག་ནང་ན་དབང་པོ་མང་པོ་དང་ལྡན་པ་དེ་ཇི་སྙེད་ཅིག་དང་ལྡན་ཞེ་ན། མང་པོར་ལྡན་ན་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །མཚན་གཉིས། ཟག་པ་མེད་པ་གསུམ་མ་གཏོགས་པ་མཚན་གཉིས་པ་ནི་བཅུ་དགུ་དང་ལྡན་ནོ། །གཞན་ཡང་གང་ཞིག་ཅེ་ན། འཕགས་པ་ཆགས་བཅས་ཏེ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། །སློབ་པ་འདོད་ཆགས་དང་མ་བྲལ་བ་མཚན་གཅིག་པ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་གཉིས་པོ་ལས་གང་ཡང་རུང་བ་གཅིག་དང་ལྡན་པ་མ་གཏོགས་པ་བཅུ་དགུ་དང་ལྡན་པའོ། །དབང་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བཤད་ཟིན་ནས། འདི་དཔྱད་པར་བྱ་སྟེ། ཀྱི་འདུས་བྱས་ཀྱི་ཆོས་འདི་དག་ཇི་ལྟར་མཚན་ཉིད་ཐ་དད་པ་དེ་བཞིན་དུ་ཐ་དད་པར་སྐྱེ་བ་ཞིག་ཡིན་ནམ། འོན་ཏེ་ཁ་ཅིག་ངེས་པར་ལྷན་ཅིག་སྐྱེ་བ་ཡང་ཡོད་ཅེ་ན། སྨྲས་པ། ཡོད་དེ། ཆོས་འདི་དག་ཐམས་ཅད་ནི་གཟུགས་དང༌། སེམས་དང་སེམས་ལས་བྱུང་བ་དག་དང༌། སེམས་དང་ལྡན་པ་མ་ཡིན་པ་དག་དང༌། འདུས་མ་བྱས་པ་དང་ལྔར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པ་ཉིད་དོ། །ཆོས་གཟུགས་ཅན་རྣམས་ཀྱི་ངེས་པ་ནི་འདི་ཡིན་ཏེ། འདོད་ན་དབང་པོ་མེད་པ་དང༌། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་
པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་འདོད་པའི་ཁམས་ན་སྒྲ་ཡང་མེད་དབང་པོ་ཡང་མེད་པ་ཞིག་ཡིན་ན་ནི་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། འབྱུང་བ་ཆེན་པོ་བཞི་དང༌། གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་སོ། །ལུས་དབང་ལྡན་ལ་རྫས་དགུའོ། །གང་རྫས་བརྒྱད་དང༌། ལུས་ཀྱི་དབང་པོ་ཡོད་པ་དེ་ནི་དེ་ཉིད་དང་དགུའོ། །དབང་པོ་གཞན་ལྡན་རྫས་བཅུའོ། །གང་ལ་མིག་ལ་སོགས་པ་གང་ཡང་རུང་བ་ཞིག་ཡོད་པ་དེ་ཁོ་ན་དང་བཅུ་པའོ། །དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ཡང་རྫས་དགུ་དང༌། བཅུ་དང༌། བཅུ་གཅིག་དང་ལྡན་ནོ། །རྫས་ཀྱི་སྒྲ་ཡང་འདིར་འགྱུར་བའི་རིགས་ཀྱི་དོན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་པ་སོ་སོར་འབྱུང་བ་བཞི་ལ་བརྟེན་པར་འདོད་དོ། །གཟུགས་ལ་སོགས་པ་རྫས་ཀྱི་སྒྲ་ནི་སྐྱེ་མཆེད་ཀྱི་དོན་ཅན་ནོ། །དེ་ལྟ་ན་ཡང་དབྱིབས་ལ་སོགས་པར་གྲུབ་བོ། །གཟུགས་ཅན་རྣམས་ཀྱི་ངེས་པར་ལྷན་ཅིག་འབྱུང་བ་བཤད་ཟིན་ནས་ལྷག་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཐོབ་པའམ། ཐོབ་པ་དང་ནི་སེམས་ཅན་དུ་སྟོན་པ་ཁོ་ན་དང་ལྷན་ཅིག་སྐྱེའི་གཞན་དང་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་འམ་ཞེས་བྱ་བའི་སྒྲ་སྨོས་སོ། །སེམས་ལས་བྱུང་བ་རྣམས་ཞེས་བརྗོད་པ་སེམས་ལས་བྱུང་བ་དེ་དག་གང་ཞེ་ན། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་སོགས་ཐ་དད་ཕྱིར། །འདི་ལྟ་སྟེ། ས་མང་པོ་དག་དང༌། དགེ་བའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པའི་ས་མང་པོ་པ་རྣམས་དང༌། མི་དགེ་བའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་སོ། །ཚོར་དང་སེམས་པ་འདུ་ཤེས་དང༌།། འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང༌། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །དེ་ལ་ཚོར་བ་ནི་བཤད་ཟིན་ཏོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ། །འདུ་ཤེས་ནི་བརྗོད་ཟིན་ཏོ། །འདུན་པ་ནི་བྱེད་འདོད་པའོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུན་པ་ལས་སྐྱེས་པའི་རེག་པའོ། །བློ་གྲོས་ནི་ཤེས་རབ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །མོས་པ་ནི་འདོད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །འདི་དག་ནི་ས་ཐམས་ཅད་ལ་འབྱུང་ངོ༌། །དད་དང་
བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང༌། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང༌། །དེ་ལ་དད་པ་ནི་སེམས་དང་བའོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པ་སྟེ། དེ་དག་ལ་གཅེས་སུ་འཛིན་པས་ཀུན་དུ་སྲུང་བ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་སེམས་ལྷུན་གྱིས་གྲུབ་པ་ཉིད་དོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འོག་ནས་འཆད་པར་འགྱུར་རོ། །རྩ་བ་གཉིས་ནི་ཆགས་པ་མེད་པ་དང༌། ཞེ་སྡང་མེད་པ་དག་གོ །གཏི་མུག་མེད་པ་ཡང་ཡོད་མོད་ཀྱི་དེ་ཡང་ཤེས་རབ་སྟེ། ས་མང་པོ་པར་བཤད་དོ། །རྣམ་པར་མི་འཚེ་བ་ནི་རྣམ་པར་ཐོ་མི་འཚམས་པའོ། །བརྩོན་འགྲུས་ནི་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །འདི་དག་ནི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བའོ། །རྨོངས་དང་བག་མེད་ལེ་ལོ་དང༌། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང༌། །དེ་ལ་རྨོངས་པ་ནི་མི་ཤེས་པ་དང་མི་གསལ་བའོ། །བག་མེད་པ་ནི་བག་ཡོད་བའི་མི་མཐུན་པའོ། །ལེ་ལོ་ནི་བརྩོན་འགྲུས་ཀྱི་མི་མཐུན་བའི་ཕྱོགས་སོ། །མ་དད་པ་ནི་དད་པའི་མི་མཐུན་པའོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ། འདི་དག་ནི་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་ལ་འབྱུང་ངོ༌། །མི་དགེ་ལ་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ། །དེ་དག་གི་མཚན་ཉིད་ནི་འོག་ནས་འཆད་དོ། །ཁྲོ་བ་དང༌། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང༌། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། འདི་དག་ནི་མ་རིག་པ་ཙམ་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། ཡིད་ཀྱི་ས་པ་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཆུང་ངུའི་ས་པར་བརྗོད་དོ། །འདི་དག་གི་རྒྱས་པར་བཤད་པ་ནི་ཕྱིས་འཆད་དོ། །སེམས་གང་ཞིག་ལ་སེམས་ལས་བྱུང་བ་དུ་ཞིག་གདོན་མི་ཟ་བར་འབྱུང་བ་བརྗོད་པར་བྱ་སྟེ། རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི་རྣམ་པ་ལྔ་སྟེ་དགེ་བ་ལ་སོགས་པའོ། །དེ་ལ། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ས་མང་པོ་པ་
བཅུ་དང༌། དགེ་བའི་མང་པོ་པ་བཅུ་དང༌། རྟོག་པ་དང༌། དཔྱོད་པ་དག་གོ །ལ་ལ་དག་ཏུ་འགྱོད་པ་བསྣན། །དེ་ལ་གང་དགེ་བ་མ་བྱས་པ་དང༌། མི་དགེ་བ་བྱས་ནས་གདུང་བ་གང་ཡིན་པ་སྟེ། དེ་ནི་མི་དགེ་བ་བྱས་པ་ལ་དམིགས་པའི་ཡིད་ལ་གཅགས་པ་དགེ་བ་ལ་འགྱོད་པའོ། །དེ་ནི་གང་ལ་ཡོད་པ་དེ་ལ་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ༌། །མི་དགེ་ལ་ནི་མ་འདྲེས་དང༌། །ལྟ་དང་ལྡན་པའང་ཉི་ཤུ་འབྱུང༌། །མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལམ་རིག་པ་འབའ་ཞིག་པ་སྟེ། དེ་ལ་ས་མང་པོ་པ་བཅུ་དང༌། ཉོན་མོངས་པའི་ས་མང་པོ་པ་དྲུག་དང༌། མི་དགེ་བའི་ས་མང་པོ་པ་གཉིས་དང༌། རྟོག་པ་དང༌། དཔྱོད་པའོ། །མི་དགེ་བའི་ལྟ་བ་དང་ལྡན་པ་ཡང་ཉི་ཤུ་འབྱུང་སྟེ། གང་ཁོ་ན་མ་འདྲེས་པ་ལའོ། །ལྟ་བ་ཡང་མི་དགེ་བ་འཇིག་ཚོགས་དང༌། མཐར་འཛིན་པ་མ་གཏོགས་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས་བསྣན་པ་མ་ཡིན་ནོ། །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །དེ་ལ་ཉོན་མོངས་པ་བཞི་ནི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཐེ་ཚོམ་མོ། །ཁྲོ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འགྱོད་པ་ནི་མི་དགེ་བ་སྟེ་དགེ་བ་ལས་བཟློག་པས་སོ། །འདི་དག་གང་ལ་ཡོད་པ་དེ་ནི་ཉི་ཤུ་རྩ་གཅིག་ཡིན་ཏེ། འདི་དག་ཁོ་ན་ལས་གང་ཡང་རུང་བ་ཅིག་ལྷག་པར་བྱས་ནས་སོ། །བསྒྲིབས་ལ་བཅོ་བརྒྱད། འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ནི་བསྒྲིབས་པ་སྟེ། དེ་ལ་སེམས་ལས་བྱུང་བ་བཅོ་བརྒྱད་འབྱུང་སྟེ། ས་མང་པོ་པ་བཅུ་དང༌། ཉོན་མོངས་པའི་ས་མང་པོ་པ་དྲུག་དང༌། རྟོག་པ་དང༌། དཔྱོད་པའོ། །ལུང་མ་བསྟན། གཞག་ལ་བཅུ་གཉིས་དག་ཏུ་འདོད། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ལ་ས་མང་པོ་པ་བཅུ་དང༌། རྟོག་པ་དང༌། དཔྱོད་པ་ཞེས་བྱ་བ་བཅུ་གཉིས་སོ། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེས་བསྣན་ཏོ། །གཉིད་ནི་ཇི་སྐད་བཤད་པ་ཐམས་ཅད་དང་མི་འགལ་ཏེ། དེའི་ཕྱིར་གང་ལ་ཡོད་པ་དེ་ལ་དེས་བསྣན་པར་རིག་པར་བྱའོ། །གང་དེ་ལྟར་འདོད་པའི་ཁམས་ལ་སེམས་བྱུང་ངེས་པར་བཤད་པ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །བསམ་གཏན་དང་པོ་ན་ནི་
ཇི་སྐད་བཤད་པ་དེ་ལས་འགྱོད་པ་དང༌། གཉིད་དང༌། གང་ཡང་ཅུང་ཟད་མི་དགེ་བ་གཡོབ་ལ་སོགས་པ་ཐམས་ཅད་དུ་མེད་དེ། གཞན་ཐམས་ཅད་ནི་དེ་དང་འདྲའོ། །བསམ་གཏན་དང་པོ་ན་མེད་པ་གང་དག་ཡིན་པ་དེ་དག་ཁོ་ན་དང༌། རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེའི་གང་ན་དཔྱོད་པ་ཡང་མེད་དེ་ལྷག་མ་ནི་དེ་དང་འདྲའོ། །ད་ནི་གཞུང་ལས་བྱུང་བ་ཁ་ཅིག་གི་ཐ་དད་དུ་བྱ་བ་འབྱུང་བ་བརྗོད་པར་བྱ་སྟེ། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། མ་གུས་ངོ་ཚ་མེད། ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ཉིད་ནི་བཀུར་པ་མེད་པ་ཉིད་དེ་ངོ་ཚ་མེད་པའོ། །ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་སྟེ། དེ་ལ་འཇིག་པར་མི་ལྟ་བ་ནི་ཁྲེལ་མེད་པའོ། །འདིར་འཇིགས་པ་ནི་མི་འདོད་པའི་འབྲས་བུ་སྟེ། འདི་ལས་འཇིགས་པར་འགྱུར་བའི་ཕྱིར་རོ། །བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡིན་པར་རིག་པར་བྱའོ། །དགའ་བ་དང་གུས་པ་ལ་ཐ་དང་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། དགའ་དང༌། དགའ་བ་ནི་རྣམ་པ་གཉིས་དང༌། །ཉོན་མོངས་པ་ཅན་ནི་སྲེད་པ་སྟེ། དཔེར་ན་བུ་དང་ཆུང་མ་ལ་སོགས་པ་ལྟ་བུའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དད་པ་སྟེ། དཔེར་ན་སྟོན་པ་དང་བླ་མ་དང་ཡོན་ཏན་ཅན་རྣམས་ལ་བྱ་བ་བཞིན་ནོ། །གུས་ཉིད་ངོ་ཚ་ཤེས། གུས་པ་ནི་ངོ་ཚ་ཤེས་པ་ཇི་སྐད་བཤད་པ་བཞིན་ནོ། །དེ་གཉིས་འདོད་དང་གཟུགས་དག་ན། །གཟུགས་མེད་པ་ཡི་ཁམས་ན་ནི། །གང་ཟག་ལ་དམིགས་པའི་དགའ་བ་དང་གུས་པ་དག་མེད་དོ། །རྣམ་པར་རྟོག་པ་དང༌། དཔྱོད་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །སེམས་ཀྱིའོ་ཞེས་འོག་ནས་འཆད་དེ། རྟོག་པ་ནི་སེམས་རྩིང་བའོ། །དཔྱོད་པ་ནི་སེམས་ཞིབ་པའོ། །ང་རྒྱལ་དང་རྒྱགས་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །ཕ་རོལ་པོ་ལས་གང་ཡང་རུང་བའི་ཁྱད་པར་ཞིག་ཡོངས་སུ་བཏགས་ནས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །རྒྱགས་པ་ནི་རང་གི་ཆོས་ཁོ་ན་ལ་ཆགས་པའི་སེམས་ཡོངས་སུ་གཏུགས་པ་
གང་ཡིན་པའོ། །སེམས་ལས་བྱུང་བ་རྣམས་སེམས་དང་བཅས་ཏེ་བཤད་ཟིན་ཏོ། །གསུང་རབ་ལས་འདི་དག་གི་ཐ་སྙད་དུ་འདོགས་པའི་ཕྱིར་དེ་དག་གི་མིང་འདི་དག་བརྗོད་དེ། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་འབྱེད་པས་ན་སེམས་སོ། །གོ་བས་ན་ཡིད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །སེམས་དང་སེམས་བྱུང་དང༌། རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པའང་དོན་གཅིག་སྟེ། །སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་དབང་པོ་ལ་བརྟེན་པའི་ཕྱིར་རྟེན་དང་བཅས་པ་དག་ཅེས་བྱའོ། །ཡུལ་ལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ་དག་གོ །དམིགས་པ་དེ་ཉིད་ལ་སེམས་རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རྣམ་པ་དང་བཅས་པ་དག་གོ །མཉམ་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་དག་གོ །རྣམ་པ་གང་དག་གིས་མཚུངས་པར་ལྡན་ཞེ་ན། གསུངས་པ། རྣམ་པ་ལྔ། མཚུངས་པ་རྣམ་པ་ལྔ་པོ་རྟེན་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པ་དག་གིས་མཚུངས་པར་ལྡན་ནོ། །རྫས་མཚུངས་པ་ཡང་ཇི་ལྟར་སེམས་གཅིག་ཁོ་ན་ཡིན་པ་དེ་ཁོ་ན་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་རེ་རེ་ཡིན་པའོ། །སེམས་དང་སེམས་ལས་བྱུང་བ་དག་བཤད་ཟིན་ཏོ། །མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། །འདུ་ཤེས་མེད་སྙོམས་འཇུག་དག་དང༌། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང༌། །འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་སེམས་དང་ལྡན་པ་མ་ཡིན་པ་དག་ཅེས་བྱའོ། །དེ་ལ་རེ་ཞིག །ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང༌། རྣམ་པར་ཉམས་པ་ལས་རྙེད་པ་དང༌། ཐོབ་ནས་ལྡན་པའོ། །བཟློག་པ་ནི་མ་ཐོབ་པའོ་ཞེས་བྱ་བར་གྲུབ་པོ། །འདི་དག་ཀྱང་གང་གི་ཡིན་ཞེ་ན། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱིའོ། །གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ཀྱི་ནི་མ་ཡིན་ཏེ། གཞན་དག་དང་ནི་འགའ་ཡང་ལྡན་པ་མེད་དོ། །རྒྱུད་དུ་མ་གཏོགས་པ་རྣམས་ཀྱི་ནི་ཡང་མ་ཡིན་ཏེ། སེམས་ཅན་དུ་མི་བགྲང་བདག་ནི་འགའ་ཡང་ལྡན་པ་མེད་དོ། །སླར་ཡང་ཐོབ་པ་དང་མ་
ཐོབ་པ་དག་ནི། འགོག་གཉིས་ཀྱི། སོ་སོར་བརྟགས་ཕ་མ་ཡིན་པས་འགོག་པ་ནི་སེམས་ཅན་ཐམས་ཅད་དང་ལྡན་ནོ། །སོ་སོར་བརྟགས་པ་དང་ནི་འགའ་ཞིག་གོ །ཐོབ་པ་དེ་ཡང་ནི། དུས་གསུམ་པ་ཡི་རྣམ་པ་གསུམ། །ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད། མ་འོངས་པ་དང༌། ད་ལྟར་བྱུང་བ་ཡང་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་གསུམ་མོ། །དགེ་ལ་སོགས་ཀྱི་དགེ་ལ་སོགས། །དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་རིམ་པ་བཞིན་དུ་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དེ་ཁོ་ན་ཡིན་ནོ། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ཐོབ་པ་ནི་རང་གི་ཁམས་པ་ཁོ་ནའོ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཟག་པ་མེད་པ་རྣམས་ཀྱི་ཐོབ་པ་ནི་རྣམ་པ་བཞི་སྟེ། སོ་སོར་བརྟགས་པས་འགོག་པའི་ནི་གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པའང་ཡིན་ལ། ཟག་པ་མེད་པའང་ཡིན་ཏེ། ལམ་གྱི་དབང་གིས་སོ། །ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་ཉིད་དོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ནི་ཁམས་གསུམ་པ་མ་ཡིན་ཏེ་སྐྱེ་བའི་དབང་གིས་སོ། །དེ་ནི་བསྡུས་ནས་རྣམ་པ་བཞིར་འགྱུར་རོ། །སློབ་པ་རྣམས་ཀྱི་ཐོབ་པ་ནི་ཐོབ་པའི་སློབ་པ་ཁོ་ན་ཡིན་ནོ། །མི་སློབ་པ་རྣམས་ཀྱི་ཐོབ་པ་ནི་མི་སློབ་པ་ཉིད་དོ། །སློབ་དང་མི་སློབ་མིན་གྱི་གསུམ། །དེ་དག་ཀྱང་ཟག་པ་དང་བཅས་པ་དང་འདུས་མ་བྱས་པའོ། །དེ་ལ་ཟག་པ་དང་བཅས་པ་རྣམས་ཀྱི་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་དང༌། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་སློབ་པས་ཐོབ་པ་ནི་སློབ་པའོ། །མི་སློབ་པས་ཐོབ་བ་ནི་མི་སློབ་པའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཐོབ་པ་ནི་དེའི་རིགས་དག་ཁོ་ནས་སོ། །སྤང་བྱ་མིན་པའི་རྣམ་གཉིས་འདོད། །ཟག་པ་མེད་པ་རྣམས་ལ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང༌། འཕགས་པ་མ་ཡིན་པས་ཐོབ་བ་སོ་སོར་བརྟགས་པས་
འགོག་པའི་ཐོབ་པ་ནི་བསྒོམ་པས་སྤང་བར་བྱ་བའོ། །དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པ་དང༌། ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་སྟེ། སྤང་བར་བྱ་བ་མ་ཡིན་པའོ། །དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་སྤྱིར་བསྟན་པ་གང་ཡིན་པ་དེའི་དམིགས་ཀྱིས་གསལ་བ་ནི་འདི་ཡིན་ཏེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཁོ་ནའོ། །མངོན་ཤེས་སྤྲུལ་པ་མ་གཏོགས་པ། །མངོན་པར་ཤེས་པ་དང་ལུང་དུ་མ་བསྟན་པ་གཉིས་དང་སྤྲུལ་པའི་སེམས་མ་གཏོགས་པའོ། །དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་སྔར་དང་ཕྱིས་དང་ལྷན་ཅིག་སྐྱེས་པ་ཡང་ཡོད་དོ། །ཅི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནའི་ཐོབ་པ་དང་ལྷན་ཅིག་སྐྱེས་པ་ཡིན་ནམ་ཞེ་ན། སྨྲས་པ་བསྒྲིབས་པའི་གཟུགས་ཀྱི་ཐོབ་པ་ནི་ལྷན་ཅིག་སྐྱེས་པ་ཁོ་ནའོ།། ཆེན་པོས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་སློང་བས་སྟོབས་ཆུང་བར་གྲུབ་པའི་ཕྱིར་རོ། །དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་བྱ་བའི་དམིགས་བསལ་ནི། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ལྷན་ཅིག་སྐྱེ་བ་དང༌། དུས་ཕྱིས་སྐྱེ་བ་ནི་ཡོད་དོ། །ཐོབ་པའི་རྣམ་པའི་བྱེ་བྲག་ནི་བཤད་ཟིན་ཏོ། །མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །མ་ཐོབ་པ་ཐམས་ཅད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། །ད་ལྟར་བྱུང་བ་མ་ཐོབ་པ་ནི་མེད་དེ། འདས་པ་དང༌། མ་འོངས་པ་དག་ནི་དུས་གསུམ་པ་ཡིན་ནོ། །འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌། །རྣམ་པ་གསུམ་ཞེས་བྱ་བར་སྦྱར་ཏེ། འདོད་པར་གཏོགས་པ་རྣམས་ཀྱི་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཡིན་ཏེ། རིགས་པའི་དབང་གིས་སོ། །གཟུགས་དང༌། གཟུགས་མེད་པར་གཏོགས་པ་རྣམས་དང༌། ཟག་པ་རྣམས་ཀྱི་ཡང་དེ་དང་འདྲའོ། །མ་ཐོབ་པ་ཟག་པ་མེད་པ་ནི་མེད་དེ། འདི་ལྟར། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །གང་གི་ཕྱིར་སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པ་ཡིན་པར་མི་འོས་སོ། །ཡང་མ་ཐོབ་པ་ནི་ཇི་
ལྟར་ཉམས་ཤེ་ན། ཆོས་གང་གི་མ་ཐོབ་པ་གང་ཡིན་པ་དེ་ནི། དེ་ཐོབ་པ་དང༌། ས་འཕོས་ནས་ནི་རྣམ་ཉམས་འགྱུར། །རེ་ཞིག་འདི་ལྟ་སྟེ། འཕགས་པའི་ལམ་གྱི་མ་རྙེད་པ་ནི་སོ་སོའི་སྐྱེ་བོ་ཉིད་དེ། དེ་ནི་རྙེད་པ་དང༌། ས་འཕོས་པ་ལས་རྣམ་པར་ཉམས་པར་འགྱུར་ཏེ། གཞན་དག་གི་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡང་སྐལ་བ་མཉམ་པ་འདི་ཅི་ཞེ་ན། སྐལ་མཉམ་སེམས་ཅན་འདྲ་བའོ། །སྐལ་བ་མཉམ་པ་ཉིད་ནི་སེམས་ཅན་རྣམས་ཀྱི་འདྲ་བ་ཡིན་ཏེ། དེ་ཡང་ཐ་དད་པ་མ་ཡིན་པ་དང༌། ཐ་དད་པ་སྟེ། དེ་དག་ཁོ་ནའི་ས་དང༌། ཁམས་དང༌། འགྲོ་བ་དང༌། སྐྱེ་གནས་ལ་སོགས་པའི་དབྱེ་བས་སོ། །ཡང་འདུ་ཤེས་མེད་བ་པ་ཞེས་བྱ་བ་འདི་ཅི་ཞེ་ན། འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ། །གང་གིས་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱ་བའི་རྫས་སོ། །དེ་ཡང་གཅིག་ཏུ་རྣམ་སྨིན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའིའོ། །གང་དག་ན་འདུ་ཤེས་མེད་པའི་སེམས་ཅན་རྣམས་འཁོད་པའི་སེམས་ཅན་དེ་དག་གང་ཞེ་ན། དེ་འབྲས་ཆེ། ལྷ་དེ་དག་ནི་འབྲས་བུ་ཆེ་བ་ཞེས་བྱ་བ་ཡིན་ཏེ། དེ་དག་གི་ཕྱོགས་གཅིག་ནི་འདུ་ཤེས་མེད་པ་པ་ཡིན་ཏེ། བསམ་གཏན་ཁྱད་པར་ཅན་བཞིན་ནོ། །འདུ་ཤེས་མེད་པ་པ་བཤད་ཟིན་ཏོ། །ཇི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་ལ་འདུ་ཤེས་མེད་པར་བཤད་པ། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འགོག་པ་ཞེས་བྱ་བ་ཙམ་སྟེ། དེ་བཞིན་ཞེས་བྱ་བའི་སྒྲས་འདྲེན་ཏོ། །སྙོམས་པར་འཇུག་པ་དེ་ནི། བསམ་གཏན་ཐ་མར། འདི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་ཡིན་ནོ། །དེ་ལ་ཡང་སྙོམས་པར་འཇུག་པ་ནི། འབྱུང་འདོད་པས། འདི་ལ་ངེས་པར་འབྱུང་འདོད་ཅིང་སྙོམས་པར་འཇུག་གོ །འདུ་ཤེས་མེད་པ་པ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་མ་བསྟན་པ་ཞེས་བྱ་བར་གྲུབ་བོ། །འདི་ནི་དགེ་བའོ། །དགེ་བ་ཡིན་ཡང༌། སྐྱེས་ནས་མྱོང་གྱུར་ཉིད། མཐོང་བའི་ཆོས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་མ་ཡིན་ལ། མ་ངེས་པ་ཡང་མ་ཡིན་ནོ། །དེ་ཡང་སོ་སོའི་སྐྱེ་བོ་ཁོ་ནའི་ཡིན་པར་འདོད་ཀྱི། འཕགས་
པའི་མ་ཡིན། འཕགས་པ་རྣམས་ནི་འདི་ལ་ལྟུང་བའི་གནས་ལྟ་བུར་གཟིགས་པས་སྙོམས་པར་མི་འཇུག་གོ །འདི་ནི་སེམས་མེད་པ་ཡིན་ཡང་མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དུས་གཅིག་ཐོབ། ད་ལྟར་གྱི་དུས་ཁོ་ན་ཐོབ་པོ། །སྐད་ཅིག་མ་གཉིས་པ་ལ་སོགས་པར་ནི་ཇི་སྲིད་དུ་ཐོབ་པ་འདས་པ་དང་ལྡན་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཇི་ལྟ་བར། འགོག་པ་ཞེས་པའང་དེ་བཞིན་ཉིད། །སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པའོ་ཞེས་བྱ་བ་ཙམ་དང་འབྲེལ་བར་བྱའོ། །ཁྱད་པར་དུ། འདི་གནས་དོན་དུ། ཞི་བར་གནས་པའི་འདུ་ཤེས་མངོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་གོ །ཡང་དེ་ནི་བསམ་གཏན་བཞི་བའི་ས་པ་ཡིན་གྱི། འདི་ནི་སྲིད་རྩེར་སྐྱེས། འདི་ནི་དགེ་བའོ། །དགེ་བ་ཁོ་ན་ཡིན་གྱི་ཉོན་མོངས་པ་ཅན་ཡང་མ་ཡིན་ལ་ལུང་དུ་མ་བསྟན་པ་ཡང་མ་ཡིན་ནོ། །དགེ་བ་ཡིན་ཡང༌། གཉིས་སུ་མྱོང་འགྱུར་དང༌། མ་ངེས། སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལས་མྱང་བར་འགྱུར་བའི་ཕྱིར་དུས་གཉིས་སུ་འགྱུར་བ་དང༌། རྣམ་པར་སྨིན་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ནོ། །དེ་ཡང་མཐའ་གཅིག་ཏུ་འཕགས་པའི། འཕགས་པའི་ཡང་འདི་ནི་འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་སྦྱོར་བས་འཐོབ། འདི་ནི་སྦྱོར་བས་ཐོབ་པར་བྱ་བ་ཁོ་ན་ཡིན་པས་འདས་པ་ཡང་མི་ཐོབ་ལ་མ་འོངས་པ་ཡང་མི་ཐོབ་སྟེ། དེ་ནི་སེམས་ཀྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །ཅི་བཅོམ་ལྡན་འདས་ཀྱི་ཡང་སྦྱོར་བ་ལས་བྱུང་བ་ཡིན་ན་མ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོན་ཀྱང༌། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་འདི་ཟད་པ་མཁྱེན་པ་དང༌། དུས་མཉམ་དུ་བརྙེས་སོ། །ནུབ་ཕྱོགས་པ་དག་ན་རེ་དེ་ནི་དང་པོ་ཁོ་ནར་བྱང་ཆུབ་སེམས་དཔའ་སློབ་པའི་གནས་སྐབས་ན་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ན་རེ། དང་པོར་མ་ཡིན། ཅིའི་ཕྱིར་ཞེ་ན། སྐད་ཅིག་མ། སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་རྗེས་སུ་ཐོབ་སྟེ། བདེན་པ་མངོན་པར་
རྟོགས་པ་ན་བཅུ་དྲུག་དང༌། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ན་ཉོན་མོངས་པའི་རྣམ་པ་དགུ་སྤོང་བར་བྱེད་པའི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་དགུ་སྐྱེ་བའི་ཕྱིར་བཅོ་བརྒྱད་དེ། དེའི་ཕྱིར་བར་སྐབས་འདིར་མི་འདྲ་བའི་སེམས་མི་སྲིད་པས་འགོག་པའི་སྙོམས་པར་འཇུག་པ་མི་རུང་ངོ༌། །སྙོམས་པར་འཇུག་པ་འདི་གཉིས་ཀྱི་རྣམ་པའི་བྱེ་བྲག་མང་པོ་ཞིག་ཡོད་མོད་ཀྱི། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །སྙོམས་པར་འཇུག་པ་འདི་གཉིས་ཀ་ཡང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་བསྐྱེད་དོ། །ཡང༌། འགོག་པ་དང་པོར་མིའི་ནང་དུ། འགོག་པའི་སྙོམས་པར་འཇུག་པ་ནི་དང་པོར་མི་དག་གི་ནང་དུ་སྐྱེད་དོ། །ཕྱིས་ནི་སྔར་ཡོངས་སུ་ཉམས་པ་དེ་དག་གིས་གཟུགས་ཀྱི་ཁམས་སུ་ཡང་སྐྱེད་དོ། །སྙོམས་པར་འཇུག་པ་དག་བཤད་ཟིན་ཏོ། །སྲོག་ནི་ཚེ་ཡིན། ཚེ་ཞེས་བྱ་བའི་ཆོས་དེ་གང་ཡིན་པ་དེ་ཡང་མི་ཤེས་པས། དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །གང་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེ་ཡིན་ནོ། །སྲོག་བཤད་ཟིན་ཏོ། །མཚན་ཉིད་དག་ནི་སྐྱེ་བ་དང༌། །རྒ་དང་གནས་དང་མི་རྟག་ཉིད། །བཞི་པོ་འདི་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ཏེ། གང་ལ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་སུ་མངོན་ནོ། །བཟློག་པ་ནི་འདུས་མ་བྱས་པའོ། །སྐྱེ་བ་ལ་སོགས་པ་དེ་དག་ཀྱང་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་ཡོད་པར་འགྱུར་རོ་ཞེ་ན། ཡོད་པ་དེ་ཁོ་ན་སྟེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང༌། རྒ་བའི་རྒ་བ་དང༌། གནས་པའི་གནས་པ་དང༌། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་དོ་ཞེས་བྱ་བ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཡོད་དོ། །རེ་རེ་ལ་ཡང་མཚན་ཉིད་བཞི་པ་དང༌། མཐར་ཐུག་པ་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། འདི་ལྟར། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཆོས་བདག་ཉིད་གཏོགས་པར་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་བརྒྱད་དང་ལྷན་ཅིག་ཏུ་དགུ་སྐྱེ་ལ། དེ་ལ་སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་དེ་ཁོ་ན་སྐྱེད་པར་བྱེད་དོ། །དེ་བཞིན་དུ་གནས་པ་ལ་སོགས་པས་གནས་པ་དང༌། སྐྱེད་
པ་དང་ཉམས་པར་བྱེད་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་མ་འོངས་པའི་སྐྱེ་བ་བསྐྱེད་པར་བྱ་བ་སྐྱེད་པ་ཡིན་ན། མ་འོངས་པ་ཐམས་ཅད་ཅིག་ཅར་ཅིའི་ཕྱིར་མི་སྐྱེད་ཅེ་ན། འདི་ལྟར་རྒྱུ་དང་རྐྱེན་དག་མེད་པར་ནི། སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་མིན། །རྒྱུ་དང་རྐྱེན་ཚོགས་པ་མེད་པར་ནི་སྐྱེ་བ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་དག་ནི་བཤད་ཟིན་ཏོ། །མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །སོགས་པ་སྨོས་པ་ནི་ཚིག་དང་ཡི་གེའི་ཚོགས་གཟུང་ངོ༌། །དེ་ལ་མིང་བྱེད་པས་ནི་མིང་སྟེ། དཔེར་ན་གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པའོ། །ཡི་གེ་ནི་ཡི་གེ་སྟེ། མིང་ལ་སོགས་པ་དེ་དག་གི་ཚོགས་ནི་མིང་ལ་སོགས་པའི་ཚོགས་དག་ཡིན་ཏེ། མང་བའི་དོན་གང་ཡིན་པའོ། །ཡང་ཅི་མིང་གི་ཚོགས་ལ་སོགས་པ་འདི་དག་ལྡན་པའམ། སེམས་ཅན་དུ་སྟོན་པའམ། སེམས་ཅན་མ་ཡིན་པར་སྟོན་པའམ། རྣམ་པར་སྨིན་པ་ལས་སྐྱེས་པའམ། རྒྱས་པ་ལས་བྱུང་བའམ། རྒྱུ་མཐུན་པ་ལས་བྱུང་བ་འམ། དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པ་གཅིག་ཅེས་བརྗོད་པར་བྱ་ཞེ་ན། སྨྲས་པ། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན།། རྒྱུ་མཐུན་ལུང་བསྟན་མིན། འདོད་པར་གཏོགས་པ་དང༌། གཟུགས་སུ་གཏོགས་པ་འདི་དག་ནི་སྟོན་པའོ། །གང་ཞིག་རྗོད་པར་བྱེད་པ་དེ་དག་དང་ལྡན་གྱི་བརྗོད་པར་བྱ་བ་གང་ཡིན་པ་དང་ནི་མ་ཡིན་ནོ། །རྒྱུ་མཐུན་པ་ལས་བྱུང་བ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ཇི་ལྟར་འདི་དག་སེམས་ཅན་དུ་སྟོན་པ་དང༌། རྒྱུ་མཐུན་པ་ལས་བྱུང་བ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཡིན་པ་དེ་བཞིན་དུ། སྐལ་མཉམ། དེ་ནི་རྒྱུ་མཐུན་པ་ལས་བྱུང་བ་འབའ་ཞིག་མ་ཡིན་གྱི། རྣམ་པར་སྨིན་པའང་ཡིན། ཁམས་གསུམ་པ་སྟེ། འདོད་པ་དང་གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་ཡིན་ན། །ཐོབ་རྣམ་གཉིས། རྒྱུ་མཐུན་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་དག་ཡིན་ནོ། །མཚན་ཉིད་རྣམས་ཀྱང༌། རྣམ་པ་གཉིས་ཏེ། ཐོབ་པ་བཞིན་ནོ། །སྙོམས་འཇུག་དང༌། མི་ལྡན་པ་དག་རྒྱུ་མཐུན་པ། །སེམས་མེད་པའི་སྙོམས་པར་འཇུག་
པ་གཉིས་དང་མི་ལྡན་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་ཁོ་ན་ཡིན་ནོ། འདི་དག་ནི་ལྷག་མ་བརྗོད་པར་བྱ་བ་བཤད་ཟིན་ཏོ། །རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་གང་བཤད་པ་དེ་དག་གིས་རྒྱུ་དང་རྐྱེན་རྣམས་གང་ཞེ་ན། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་དུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །དེ་ལ་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་ཆོས་འདུས་བྱས་ཀྱི་བྱེད་རྒྱུ་སྟེ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དཔེ་ཇི་ལྟ་བུ་ཞེ་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང༌། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །འབྱུང་བ་ཆེན་པོ་བཞི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱི་ཡིན་ལ། དེ་དག་ཀྱང་དེའིའོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའི་ཡིན་ལ་དེ་ཡང་དེ་དག་གི་ཡིན་ནོ། །སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་དེ་དག་ཀྱང་གང་ཞེ་ན། སེམས་ལས་བྱུང་དང་སྡོམ་གཉིས་དང༌། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འཇུག །སེམས་ལས་བྱུང་བ་ཐམས་ཅད་དང༌། བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པ་དང༌། དེ་དག་དང༌། སེམས་ཀྱི་སྐྱེ་བ་ལ་སོགས་པ་གང་ཡིན་པའི་ཆོས་དེ་དག་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ།། དེ་དག་ཇི་ལྟར་སེམས་ཀྱི་རྗེས་སུ་འཇུག་ཅེ་ན། མདོར་བསྡུ་ན། དུས་དང་ནི། འབྲས་སོགས་དགེ་ལ་སོགས་པས་སོ། །རེ་ཞིག་དུས་ལས་ནི། སེམས་དང་ལྷན་ཅིག་སྐྱེ་བ་དང༌། །གནས་པ་དང༌། འགག་པ་གཅིག་པ་ཉིད་དང༌། དུས་གཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ། །འབྲས་བུ་ལ་སོགས་པས་ནི། འབྲས་བུ་དང༌། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པ་གཅིག་པ་ཉིད་ཀྱིས་ཏེ། དགེ་བ་ལ་སོགས་པས་ནི་དགེ་བ་ལ་སོགས་པའི་སེམས་ལ་དགེ་བ་ལ་སོགས་པ་ཉིད་ཀྱིས་སོ། །ལྷན་ཅིག་འབྱུང་བའི་རྒྱུ་བཤད་ཟིན་ཏོ། །སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཆོས་འདྲ་བ་རྣམས་ནི་
ཆོས་འདྲ་བ་རྣམས་ཀྱི་སྐལ་པ་མཉམ་པའི་རྒྱུ་སྟེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་པོ་དག་ནི་དགེ་བ་རྣམས་ཀྱི་ཡིན་ནོ། དེ་བཞིན་དུ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་དག་གོ །ཅི་ཐམས་ཅད་ཡིན་ནམ་ཞེ་ན། མ་ཡིན་ཏེ། རང་རིས་ས་པའོ། །རིས་ནི་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རོ། །ས་ནི་དགུ་སྟེ། འདོད་པའི་ཁམས་དང༌། བསམ་གཏན་དང་གཟུགས་མེད་པ་བརྒྱད་དོ། །འདི་དག་ནི་རང་གི་རིས་དག་དང་རང་གི་ས་པ་ཡིན་ཏེ། རང་གི་རིས་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟེ། དེ་དག་ཀྱང་ཐམས་ཅད་མ་ཡིན་ནོ། །འོན་ཀྱང༌། སྔར་སྐྱེས་པ་རྣམས་སྔར་སྐྱེས་པ་རྣམས་ནི་ཕྱི་མ་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ན། །མ་འོངས་པ་ཁོ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ནི་རང་གི་ས་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཇི་ལྟར་ངེས་སམ་ཞེ་ན། དེ་ཟག་པ་དང་བཅས་པ་ནི་ངེས་སོ། །ས་དགུའི་ལམ་ནི་ཕན་ཚུན་དུ། སྐལ་པ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པ་གསུམ་དག་གི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་པ་མཉམ་པའི་རྒྱུ་ཡིན་ནོ། །འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ་ཁམས་དེ་དག་ཏུ་གཏོགས་པ་མ་ཡིན་ཏེ། དེ་ཡང༌། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཆུང་ངུའི་རྒྱུ་ནི་མ་ཡིན་ནོ། །ཅི་ལམ་ཁོ་ན་མཉམ་པ་དང་ཁྱད་པར་ཅན་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འཇིག་རྟེན་པ་དག་ཀྱང༌། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཐོས་དང་བསམས་བྱུང་ལ་སོགས་པ། །ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བ་སྦྱོར་བ་ལས་བྱུང་བའི་ཡོན་ཏན་དེ་དག་ཀྱང་མཉམ་པ་དང་ཁྱད་པར་ཅན་དག་ཁོ་ནའི་རྒྱུ་ཡིན་གྱི་དམན་པ་རྣམས་ཀྱི་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །གང་དག་ལ་རྟེན་མཚུངས་པ་ཐ་མི་དད་པར་ཡོད་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཕན་ཚུན་མཚུངས་པར་
ལྡན་པའི་རྒྱུ་ཡིན་ནོ། །ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་སར་ཀུན་འགྲོ་ལྔ། །ཀུན་དུ་འགྲོ་བའི་ཆོས་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པའི་ཆོས་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ནོ། །དེ་དག་ཀྱང་འོག་ཏུ་བཤད་པར་བྱའོ། །འདི་ནི་ཉོན་མོངས་བ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཡིན་པས་ན། སྐལ་བ་མ་ཉམ་པའི་རྒྱུ་ལོགས་ཤིག་ཏུ་རྣམ་པར་གཞག་སྟེ། རིས་གཞན་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བའི་རྒྱུ་བཤད་ཟིན་ཏོ། །རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ལུང་མ་བསྟན་པ་མ་ཡིན་ཏེ། སྟོབས་ཆུང་བའི་ཕྱིར་ས་བོན་རུལ་བ་བཞིན་ནོ། །ཟག་པ་མེད་པ་མ་ཡིན་ཏེ། སྲེད་པས་མངོན་པར་མ་བརླན་པའི་ཕྱིར་མངོན་པར་མ་བརླན་པའི་ས་བོན་དྲུང་པོ་བཞིན་ནོ། །རྒྱུ་རྣམས་བཤད་ཟིན་ཏོ། །དུས་ངེས་པ་མ་བཤད་པས་དེ་བརྗོད་པ། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །འདས་པ་དང་ད་ལྟར་བྱུང་བ་ཁོ་ནའོ། །གསུམ་པོ་དག་ནི་དུས་གསུམ་པ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་དང༌། རྣམ་པར་སྨིན་པའི་རྒྱུ་དག་ནི་དུས་གསུམ་པ་ཡིན་ནོ། །རྒྱུ་དེ་དག་གང་ཡིན་པའི་འབྲས་བུ་དེ་དག་གང་ཞེ་ན། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །དེ་ལྟ་ན་འོ་ན་ནི་འདུས་མ་བྱས་འབྲས་བུ་ཡིན་པའི་ཕྱིར་དེ་དག་གི་འབྲས་བུ་ཡིན་པའི་རྒྱུར་ཡང་འགྱུར་ལ། རྒྱུ་ཡིན་པའི་ཕྱིར་དེ་དག་གི་རྒྱུ་ཡིན་པའི་འབྲས་བུར་ཡང་འགྱུར་རོ། །འདུས་བྱས་ཁོ་ན་ལ་རྒྱུ་དང་འབྲས་བུ་ཡོད་ཀྱི། འདུས་མ་བྱས་ལ་དེ་དག་མེད། །རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང༌། འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་རོ། །ཡང་འབྲས་བུ་འདི་དག་ལས་འབྲས་བུ་གང་ཞིག་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །བདག་པོའི་འབྲས་བུ་དང་པོའི་ཡིན། །བྱེད་རྒྱུའི་ནི་བདག་པོའི་འབྲས་བུའོ། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །འདི་གཉིས་དང་འདྲ་བའི་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ཡིན་ནོ། །ཡང་རྣམ་པར་སྨིན་པའི་འབྲས་བུ་
འདི་ཅི་ཡིན། བདག་པོའི་འབྲས་བུའི་བར་དུ་ཡང་ཅི་ཞིག་ཡིན་ཞེ་ན། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང༌། །ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་མ་ཡིན་པའི་དོན་ལས་ལས་སྐྱེས་པ་མ་ཡིན་ནམ་ཞེ་ན། ཐུན་མོང་བའི་ཕྱིར་རོ།། ལུང་བསྟན་ཕྱིས་འབྱུང་བ་ནི་དགེ་བ་དང་མི་དགེ་བ་ལས་འབྱུང་བའོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རྒྱུ་དང་འདྲ་བའི་ཆོས་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །བྲལ་བ་བློ་ཡིས་ཟད་པའོ། །སོ་སོར་བརྟགས་པས་འགོག་པ་ནི་བྲལ་བའི་འབྲས་བུའོ། །གང་གི་སྟོབས་ཀྱིས་གང་སྐྱེ་བའི། །འབྲས་དེ་སྐྱེས་བུའི་བྱེད་ལས་སྐྱེས། །དཔེར་ན་ས་འོག་མའི་སྦྱོར་བའི་སེམས་ཀྱིས་ས་གོང་མའི་ཏིང་ངེ་འཛིན་དང༌། ཟག་པ་དང་བཅས་པའམ། ཟག་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །སྔར་བྱུང་བ་ལས་གཞན་པའི་འདུས་བྱས་ཀྱི་ཆོས་ནི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་འབྲས་བུ་ཡིན་ནོ། །ཡང་རྒྱུ་འདི་དག་ལས་གང་ཞིག་དུས་གང་དུ་འབྲས་བུ་འཛིན་ཏམ་འབྱིན་ཅེ་ན། ལྔ་པོ་ད་ལྟ་འབྲས་བུ་འཛིན། །ཡོངས་སུ་བཟུང་ཟིན་པའི་ཕྱིར་འདས་པ་རྣམས་ཀྱང་མ་ཡིན་ལ། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་རྣམས་ཀྱང་མ་ཡིན་ནོ། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ལྷན་ཅིག་འབྱུང་བ་དང༌། མཚུངས་པར་ལྡན་པའི་རྒྱུ་དག་ནི་ད་ལྟར་འབྲས་བུ་འབྱིན་པར་བྱེད་དོ། །ད་ལྟར་གྱི་དང་འདས་པ་དག །གཉིས་ཁོ་ན་སྐལ་པ་མ་ཉམ་པ་དང༌། ཀུན་དུ་འགྲོ་བའི་རྒྱུ་དག་གོ །ད་ལྟར་བདག་ཀྱང་མཇུག་ཐོགས་སུ་སྒྲུབ་པའི་ཕྱིར་ཏེ། དེ་ཡང་ཕྱིས་འདས་པ་དག་གོ །གཅིག་ནི་འདས་པས་འབྱིན་པར་འགྱུར། །འདི་ལྟར་ལྷན་ཅིག་གམ་དེ་མ་ཐག་ཏུ་རྣམ་པར་སྨིན་པའི་འབྲས་བུ་ནི་མེད་དོ། །དེ་ལ་ཆོས་གང་ཞིག་རྒྱུ་དུས་དག་གིས་སྐྱེད་པར་བྱེད་ཅེ་ན། སྨྲས་པ། མདོར་བསྡུ་ན། ཆོས་རྣམས་ནི་རྣམ་པ་བཞི་པོ་དག་ཡིན་ཏེ། ཆོས་ཉོན་མོངས་པ་ཅན་རྣམས་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང༌། ཟག་པ་མེད་པའི་དང་པོ་རྣམས་དང༌། དེ་དག་གི་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ལས་མ་གཏོགས་པའི་ལུང་དུ་མ་
བསྟན་པ་རྣམས་དང༌། ཟག་པ་མེད་པའི་སྐད་ཅིག་མ་དང་པོ་མ་གཏོགས་པའི་དགེ་བ་རྣམས་སོ། །དེ་དག་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །ཆོས་ཉོན་མོངས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སོ། །ཆོས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང༌། ཀུན་དུ་འགྲོ་བའི་རྒྱུ་དེ་དག་མ་གཏོགས་པ་ལྷག་མ་རྣམས་ལས་སོ། །ཟག་པ་མེད་པའི་དབང་པོ་རྣམས་ནི་དེ་དག་དང་སྐལ་བ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེའོ། །ཆོས་བསྟན་པ་དེ་དག་གང་ཡིན་སྙོམ་པ་ལ། སེམས་དང་སེམས་ལས་བྱུང་བ་ཡིན། །འོ་ན་གང་དག་སེམས་དང་ལྡན་པ་མ་ཡིན་པ་དང༌། གཟུགས་ཅན་གྱི་ཆོས་དེ་དག་ཇི་ལྟ་བུ་ཞེ་ན། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། །མཚུངས་པར་ལྡན་པའི་རྒྱུ་གཅིག་པུ་མ་གཏོགས་པ་ཆོས་ཉོན་མོངས་པ་ཅན་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་སྐྱེ་སྟེ། རྒྱུ་རྒྱ་ཆེར་བཤད་པ་རྫོགས་སོ།། །། རྐྱེན་རྣམས་གང་ཞེ་ན། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །གང་ནས་གསུངས་ཤེ་ན། མདོ་ལས་རྐྱེན་ཉིད་ནི་བཞི་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །བྱེད་རྒྱུའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་ནི་རྒྱུའི་རྐྱེན་ཡིན་ནོ། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དགྲ་བཅོམ་པའི་ཐ་མ་མ་གཏོགས་པ་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཅི་རིགས་པར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ནི་གཟུགས་ལ་སོགས་པའོ།། ཡིད་ཀྱི་རྣམ་པར་ཤེས་པའི་ནི་ཆོས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་བདག་པོའི་རྐྱེན་ཡིན་ནོ། །ཡང་རྐྱེན་འདི་དག་བྱ་བ་བྱེད་པས་ན་གནས་སྐབས་གང་གི་ཆོས་ལ་བྱེད་ཅེ་ན། རེ་ཞིག་རྒྱུའི་རྐྱེན་རྣམ་པ་ལྔར་བཤད་པ་དེ་ལས།
རྒྱུ་གཉིས་པོ་དག་འགག་པ་ལ། བྱ་བ་བྱེད་དོ། །འགག་པ་ཞེས་བྱ་བ་ནི་ད་ལྟར་ཡིན་ཏེ། འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །དེ་ལ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་བྱ་བ་བྱེད་དེ། དེ་གཉིས་ནི་ལྷན་ཅིག་འབྱུང་བའི་འབྲས་བུ་ལ་བྱ་བ་བྱེད་པའི་ཕྱིར་རོ། །གསུམ་པོ་ནི་སྐྱེ་བ་ལའོ་ཞེས་བྱ་བ་ནི་མ་འོངས་པ་སྟེ། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །དེ་ལ་ནི་སྐལ་བ་མཉམ་པ་དང༌། ཀུན་དུ་འགྲོ་བ་དང༌། རྣམ་པར་སྨིན་པའི་རྒྱུ་རྣམས་བྱ་བ་བྱེད་དེ། རྒྱུའི་རྐྱེན་ནི་དེ་ཙམ་ཞིག་ཡིན་ནོ། །དེ་ལས་གཞན་པ་ཡི། །རྐྱེན་དག་དེ་ལས་བཟློག་པ་ཡིན། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལ་བྱ་བ་བྱེད་དོ། །དམིགས་པའི་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པའི་ཕྱིར་འགག་པ་ལ་བྱ་བ་བྱེད་དོ། །བདག་པོའི་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་འདིའི་བྱ་བ་དེ་ནི་དེ་ཉིད་ཡིན་ནོ། །རྐྱེན་རྣམས་བྱེད་པ་དང་བཅས་པ་བཤད་ཟིན་ཏོ། །ཡང་ཆོས་གང་ཞིག་རྐྱེན་དུ་ཞིག་གིས་བསྐྱེད་ཅེ་ན། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཅི་རིགས་པར་རྐྱེན་བཞི་པོས་སྐྱེད་དོ། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །དམིགས་པའི་རྐྱེན་མ་གཏོགས་པ་སྙོམས་པར་འཇུག་པ་འདི་དག་ནི་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་དག་ཡིན་ནོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཆོས་གཞན་ལྡན་པ་མ་ཡིན་པ་རྣམས་དང༌། གཟུགས་ཅན་རྣམས་ནི་རྒྱུ་དང༌། བདག་པོའི་རྐྱེན་དག་ལས་སྐྱེའོ། །རྒྱུ་དང་རྐྱེན་དག་ཁོ་ན་ལས་ཆོས་ཐམས་ཅད་ཀྱང་སྐྱེའོ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །དབང་ཕྱུག་ལ་སོགས་པ་གཅིག་ཁོ་ན་རྒྱུ་ཡིན་ན་འགྲོ་བ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་བ་ཞིག་ན་དངོས་པོ་རྣམས་རིམ་གྱིས་འབྱུང་བར་ཡང་སྣང་ངོ༌། །དབང་ཕྱུག་དག་ཀྱང་ཐོག་མ་མེད་པས་ཀྱང་གཞན་ལ་མ་ལྟོས་པས་འབྱིན་པ་ཐོག་མ་མེད་པར་འགྱུར་བ་དང་འབྱིན་པ་ལ་དགོས་པ་མེད་པའི་ཕྱིར་དབང་ཕྱུག་ལ་སོགས་པ་ནི་རྒྱུ་མ་ཡིན་ནོ། །ཡང་གཞན་ནི་གཉིས་
པོ་དག་ལས་སྐྱེ་ཞེས་གང་བཤད་པ་དེ་ཇི་ལྟར་ན་འབྱུང་བ་རྣམས་འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ཞེ་ན། དེའི་རྒྱུ་འབྱུང་བ་རྣམ་པ་གཉིས། །འབྱུང་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །སྐལ་བ་མཉམ་པ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དག་གིས་སོ། །འབྱུང་ལས་གྱུར་པའི་རྣམ་པ་ལྔ། །འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་རྒྱུ་རྣམ་པ་ལྔ་ཡིན་ཏེ། སྐྱེད་པའི་རྒྱུ་ཡིན་ཏེ། དེ་ལས་སྐྱེ་བའི་ཕྱིར་རོ། །བརྟེན་པའི་རྒྱུ་ཡིན་ཏེ། སྐྱེས་པ་འབྱུང་བའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་རོ། །གནས་པའི་རྒྱུ་ཡིན་ཏེ། རྟེན་དུ་གྱུར་པའི་ཕྱིར་རོ། །རྟོན་པའི་རྒྱུན་ཡིན་ཏེ། རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཉེ་བར་འཕེལ་བའི་རྒྱུ་ཡིན་ཏེ། དེ་ནི་བྱེད་རྒྱུ་ཁོ་ན་རྣམ་པ་ལྔ་རུ་ཕྱེ་བའོ། །འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། །ལྷན་ཅིག་འབྱུང་བ་དང༌། སྐལ་བ་མཉམ་པ་དང༌། རྣམ་པར་སྨིན་པའི་རྒྱུ་དག་གིས་སོ། །དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ལུས་དང་ངག་གི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །སྐལ་པ་མཉམ་པའིའོ། །རྣམ་པར་སྨིན་པའི་རྒྱུ་ནི་ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་མིག་ལ་སོགས་པ་གང་ཡིན་པའོ། །འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །འབྱུང་བ་ལས་གྱུར་པའི་གཟུགས་འབྱུང་བ་རྣམས་ཀྱི་ནི་རྣམ་པར་སྨིན་པའི་རྒྱུ་ཁོ་ན་ཡིན་ཏེ། ལུས་དང་ངག་གི་ལས་གང་གིས་འབྱུང་བ་རྣམས་རྣམ་པར་སྨིན་པའོ། །སེམས་དང་སེམས་ལས་བྱུང་བ་རྣམས་བྱེ་བྲག་མེད་པར་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་བཤད་ཀྱི་སེམས་གང་གི་མཇུག་ཐོགས་སུ་གང་འབྱུང་བ་མ་བཤད་པས་དེ་བརྗོད་པ། མདོར་བསྡུ་ན་སེམས་བཅུ་གཉིས་པོ་འདི་ལྟ་སྟེ། འདོད་ཡིད་དགེ་དང་མི་དགེ་དང༌། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདོད་པའི་ཁམས་ན་སེམས་བཞི་སྟེ། །དགེ་བ་དང་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན། བཅུ་པོ་དེ་དག་ནི་ཟག་པ་དང་བཅས་པའི་སེམས་ཡིན་ནོ། །ཟག་མེད་གཉིས། སློབ་པ་དང་མི་སློབ་པ་སྟེ། དེ་ལྟར་ན་དེ་དག་ནི་
སེམས་བཅུ་གཉིས་ཡིན་ནོ། །དེ་ལ། འདོད་སེམས་དགེ་བ་ལས་སེམས་དགུ། །མཇུག་ཐོགས་སུ་ཞེས་འོག་ནས་འཆད་པར་འགྱུར་རོ། །འདི་ལྟ་སྟེ། རང་གི་ས་པ་བཞི་དང༌། གཟུགས་ན་སྤྱོད་པ་གཉིས་དང༌། སྙོམས་པར་འཇུག་པའི་ཚེ་དགེ་བ་དང༌། ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ། །གཟུགས་མེད་པ་ན་སྤྱོད་པ་ནི་བསྒྲིབས་པ་ཁོ་ནའོ། །སློབ་པ་དང་མི་སློབ་པ་ཞེས་སོ། །དེ་ནི་བརྒྱད་པོ་ཁོ་ན་ལས། འདོད་པ་ན་སྤྱོད་པའི་དགེ་བའི་སེམས་དེ་ཡང་ནི་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་ས་པ་བཞི་དང༌། གཟུགས་ན་སྤྱོད་པ་གཉིས་ལས་ཏེ། ལྡང་བའི་ཚེ་དགེ་བ་དང༌། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བའི་ཚེ་ས་འོག་མའི་དགེ་བ་ལ་བརྟེན་པའི་ཕྱིར་བསྒྲིབས་པ་དང༌། ལྡང་བའི་ཚེ་སློབ་པ་དང་མི་སློབ་པ་དག་ལས་སོ། །མི་དགེ་བ་ནི་བཅུ་དག་ལས། །སློབ་པ་དང་མི་སློབ་པ་མ་གཏོགས་པའོ། །དེ་ལས་བཞི་སྟེ། རང་གི་ས་པ་དག་ཁོ་ནའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་མི་དགེ་བའི་སེམས་ཀྱི་བཤད་པ། བསྒྲིབས་དེ་བཞིན། མི་དགེ་བ་ཇི་ལྟ་བ་བཞིན་ནོ། །མ་བསྒྲིབས་པ་ནི་ལྔ་དག་ལས། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་ལྔ་ལས་ཏེ། རང་གི་ས་པ་བཞི་དང༌། གཟུགས་ན་སྤྱོད་པའི་དགེ་བ་ལས་སྤྲུལ་པའི་སེམས་སོ། །དེ་ལས་མཇུག་ཐོགས་སེམས་བདུན་ནོ། །རང་གི་བཞི་དང༌། གཟུགས་ན་སྤྱོད་པ་གཉིས་ཏེ། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་དང༌། ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་དང༌། དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །གཟུགས་ན་དགེ་ལས་བཅུ་གཅིག་གོ །གཟུགས་མེད་པ་ན་སྤྱོད་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པའོ། །དེ་ནི་དགུ་ཡི་མཇུག་ཐོགས་སུ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང༌། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ། །བསྒྲིབས་པ་བརྒྱད་ལས། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང༌། སློབ་པ་དང༌། མི་སློབ་པ་གཉིས་མ་གཏོགས་སོ། །དེ་ལས་དྲུག་
བསྒྲིབས་པ་ལས་རང་གི་ས་པ་གསུམ་དང༌། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ། །མ་བསྒྲིབས་པ་ནི་གསུམ་ལས་སོ། །མ་བསྒྲིབས་པ་ནི་རང་གི་ས་པ་དག་ཁོ་ན་ལས་སོ། །དེ་ལས་དྲུག་སྟེ། རང་གི་ས་པ་གསུམ་དང༌། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང༌། གཟུགས་མེད་པ་ན་སྤྱོད་པ་ཡང་ངོ༌། །གཟུགས་ཀྱི་ཁམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཇི་སྐད་བཤད་པ་ལྟར། གཟུགས་མེད་པའང་དེའི་ཚུལ་ལོ། །དེ་ན་ཡོད་པའི་ཡང་རང་གི་ས་པ་གསུམ་ཁོ་ན་ལས་འབྱུང་ལ། དེ་ལས་ཀྱང་རང་གི་ས་པ་གསུམ་པོ་དང་ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་དྲུག་འབྱུང་ངོ༌། །དགེ་བ་ལས་སེམས་དགུ་དག་གོ །གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ལས་ནི་སེམས་དགུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་དགེ་བ་དང༌། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མ་གཏོགས་སོ། །དེ་དྲུག་གོ །རང་གི་ས་པ་གསུམ་དང༌། གཟུགས་ན་སྤྱོད་པའི་དགེ་བ་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །བསྒྲིབས་པ་ལ་བདུན། རང་གི་ས་པ་གསུམ་དང༌། གཟུགས་ན་སྤྱོད་པའི་དགེ་བ་དང༌། བསྒྲིབས་པ་དང༌། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་དེ་བཞིན། དེ་ཡང་བདུན་ཁོ་ན་ལས་འབྱུང་སྟེ། འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང༌། སློབ་པ་དང་མི་སློབ་པ་དག་མ་གཏོགས་སོ། །སློབ་པ་བཞི་ལས། ཁམས་གསུམ་པའི་དགེ་བ་དང་སློབ་པ་ལས་སོ། །དེ་ལས་ལྔ། བཞི་པོ་དེ་དག་ཉིད་དང༌། མི་སློབ་པའོ། །མི་སློབ་པ་ནི་ལྔ་ལས་སོ། །བཤད་མ་ཐག་པའི་ལྔ་པོ་དེ་ཉིད་ལས་སོ། །དེ་ལས་སེམས་ནི་བཞི་དག་གོ །ཁམས་གསུམ་པའི་དགེ་བ་དག་དང༌། མི་སློབ་པའོ། །སེམས་བཅུ་གཉིས་རྫོགས་སོ།། །།ཡང་བཅུ་གཉིས་དེ་དག་ཉི་ཤུར་ཡང༌། །བཤད་དེ། གསུམ་དུ་སྐྱེས་ནས་ཐོབ་པ་དང༌། །སྦྱོར་བྱུང་དགེ་རྣམ་གཉིས་ཕྱེ་ནས། །ཁམས་གསུམ་པོ་དག་ཏུ་སྐྱེས་ནས་ཐོབ་པ་དང༌། སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་རྣམ་པ་གཉིས་སུ་དབྱེའོ། །རྣམ་སྨིན་སྐྱེས་དང་སྦྱོར་ལམ་པ། །བཟོ་ཡི་གནས་
དང་སྤྲུལ་པ་དང༌། །འདོད་ན་ལུང་བསྟན་མིན་རྣམས་བཞི། །གཟུགས་ན་བཟོ་མ་གཏོགས་པའོ། །གཟུགས་ཀྱི་ཁམས་ན་བཟོའི་གནས་མ་གཏོགས་ཏེ། དེ་ན་བཟོ་མེད་པའི་ཕྱིར་རོ། །དེ་ལྟར་བཅུ་གཉིས་པོ་དེ་དག་ཉི་ཤུར་འགྱུར་རོ། །ཡང་སེམས་ཉི་ཤུ་པོ་འདི་དག་ལས་གང་གི་མཇུག་ཐོགས་སུ་གང་ཞིག་འབྱུང་བ་དེ་བརྗོད་དེ། འདོད་ན་སྦྱོར་བའི་སེམས་ལས་བཅུ། །མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ས་པ་བདུན་དང༌། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། སློབ་པ་དང་མི་སློབ་པའོ། །དེ་ཡང་བརྒྱད་ཀྱི་མཇུག་ཐོགས་སུ་རང་གི་དགེ་བ་དང༌། ཉོན་མོངས་པ་ཅན་དག་དང༌། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། ཉོན་མོངས་པ་ཅན་དག་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །སྐྱེས་ནས་ཐོག་པའི་མཇུག་ཐོགས་སུ་དགུ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ས་པ་བདུན་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ །དེ་ཡང་བཅུ་གཅིག་མཇུག་ཐོགས་སུ། །བཅུ་གཅིག་གི་མཇུག་ཐོགས་སུ་འབྱུང་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་དུ་རང་གི་ས་པ་བདུན་དང༌། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། །ཉོན་མོངས་པ་ཅན་དག་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །ཉོན་མོངས་ཅན་སེམས་གཉིས་ལས་བདུན། །སྔ་བཞིན་རང་གི་དག་ཁོ་ནའོ། །དེ་དག་བཅུ་བཞིའི་སེམས་མཇུག་ཐོགས། །རང་གི་ས་པ་བདུན་དང༌། སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་གཟུགས་ན་སྤྱོད་པ་བཞི་དང། སྦྱོར་བ་ལས་བྱུང་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །སྤྱོད་ལམ་རྣམ་སྨིན་སྐྱེས་ཕྱིས་བརྒྱད། །སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་རང་གི་ས་པ་དྲུག་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ །དེ་དག་བདུན་པོ་ཉིད་ལས་སོ། །སྔར་བཞིན་དུ་རང་གི་ས་པ་བདུན་ཁོ་ན་ལས་སོ། །བཟོའི་གནས་ལས་དྲུག །སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་རང་གི་རྣམས་ཁོ་ནའོ། །དེ་ཡང༌། བདུན་ལས། མངོན་པར་ཤེས་པའི་འབྲས་
བུ་མ་གཏོགས་པ་རང་གི་དག་ཁོ་ན་ལས་སོ། །སྤྲུལ་སེམས་ཕྱི་ནས་གཉིས། མངོན་པར་ཤེས་པའི་འབྲས་བུ་རང་ཉིད་དང༌། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའོ། །དེ་ཡང་གཉིས་ལས་བྱུང༌། དེ་ཁོ་ན་ལས་སོ། །འདོད་པ་ལས་སྐྱེས་པ། བརྒྱད་པོ་དག་གོ །གཟུགས་གཏོགས་བརྗོད། སྦྱོར་བ་ལས་བྱུང་ལས་བཅུ་གཉིས། །འདོད་པ་ན་སྤྱོད་པའི་དགེ་བ་དག་དང༌། མངོན་པར་ཤེས་པའི་འབྲས་བུ་དང༌། རང་གི་དྲུག་དང༌། གཟུགས་མེད་པའི་སྦྱོར་བ་ལས་བྱུང་བ་དང༌། སློབ་པ་དང༌། མི་སློབ་པའོ། །དེ་ཡང་སེམས་བཅུའི་མཇུག་ཐོགས་སུ། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་དང༌། སྤྱོད་ལམ་པ་དང༌། རྣམ་པར་སྨིན་པ་ལ་སྐྱེས་པ་དག་མ་གཏོགས་པ་རང་གི་བཞི་དང༌། གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། ཉོན་མོངས་པ་ཅན་དག་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །སྐྱེས་ནས་ཐོབ་པའི་མཇུག་ཐོགས་བརྒྱད། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང༌། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ལྔ་དང༌། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །དེ་ནི་ལྔ་ལས། མཇུག་ཐོགས་སུ་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་དག་ཁོ་ན་ལས་སོ། །བསྒྲིབས་ལས་དགུ། འདོད་པ་ན་སྤྱོད་པའི་དགེ་བ་དང༌། ཉོན་མོངས་པ་ཅན་དག་སྟེ། བཞི་དང༌། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ལྔའོ། །དེ་ཡང་སེམས་ནི་བཅུ་གཅིག་ལས། འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་དང༌། སྤྱོད་ལམ་པ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་དག་དང༌། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ལྔ་དང༌། སྦྱོར་བ་ལས་བྱུང་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་ལས། །བདུན་ནོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང༌། སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་གཞི་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །དེ་དག་ལྔ་ཉིད་ལས། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་
རང་གི་དག་ཁོ་ན་ལས་སོ། །སྤྲུལ་སེམས་ལས་གཉིས། རང་གི་སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་ཁོ་ནའོ། །དེ་གཉིས་ལས། དེ་ཁོ་ན་ལས་སོ། །གཟུགས་སུ་གཏོགས་པ་བཤད་ནས། གཟུགས་མེད་པར་གཏོགས་པར་བརྗོད་དོ། གཟུགས་མེད་གཏོགས་པའི་མཇུག་ཐོགས་སུ། །སྦྱོར་བ་ལས་བྱུང་སེམས་བདུན་ནོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། རང་གི་བཞི་དང༌། སློབ་པ་དང་མི་སློབ་པའོ། །དེ་དྲུག་ལས་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་མ་གཏོགས་པ་རང་གི་གསུམ་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །སྐྱེས་ནས་ཐོབ་པའི། མཇུག་ཐོགས་སུ་ནི་སེམས་བདུན་ཏེ། །རང་གི་བཞི་དང༌། ས་འོག་མའི་ཉོན་མོངས་པ་ཅན་དག་གོ །དེ་ཡང་བཞི་ལས། རང་གི་དག་ཁོ་ན་ལས་སོ། །བསྒྲིབས་ལས་བརྒྱད། རང་གི་བཞི་དང༌། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། ཉོན་མོངས་པ་ཅན་དག་དང༌། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ །དེ་ཡང་བཅུ་ཡི་མཇུག་ཐོགས་སུ། །རང་གི་བཞི་དང༌། འདོད་པ་དང༌། གཟུགས་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་དང༌། སྤྱོད་ལམ་པ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་དག་ལས་སོ། །རྣམ་སྨིན་སྐྱེས་ལས་དྲུག །སྦྱོར་བ་ལས་བྱུང་བ་མ་གཏོགས་པ་རང་གི་གསུམ་དང༌། འོག་མའི་ཉོན་མོངས་པ་ཅན་གསུམ་མོ། །བཞི་ལས། དེ་ཡང་རང་གི་དག་ཁོ་ན་ལས་སོ། །སློབ་པའི་མཇུག་ཐོགས་དྲུག །ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་རྣམས་དང༌། འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་དང༌། སློབ་པ་དང་མི་སློབ་པའོ། །དེ་ཡང་བཞི་ལས། སྦྱོར་བ་ལས་བྱུང་བ་གསུམ་དང༌། སློབ་པ་ལས་སོ། །མི་སློབ་པ་ལས་ནི་ལྔ་སྟེ། སློབ་པའི་གཅིག་པུ་མ་གཏོགས་པ་སློབ་པའི་མཇུག་ཐོགས་སུ་ལྔ་པོ་ཇི་ལྟ་བ་བཞིན་ནོ།། དེ་ཡང་དེ་གཉིས་ལས། མི་སློབ་པ་ནི་ལྔ་ཁོ་ན་ལས་ཏེ། སྦྱོར་བ་ལས་བྱུང་བ་གསུམ་དང༌། སློབ་པ་དང་མི་སློབ་པ་དག་ལས་སོ། །ཅིའི་ཕྱིར་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་པའི་སེམས་དག་
འབྱུང་ལ། སྦྱོར་བ་ལས་བྱུང་བ་ནི་དེ་དག་ལས་མ་ཡིན་ཞེ་ན། མངོན་པར་འདུ་བྱེད་ཞུགས་པའི་ཕྱིར། །སྟོབས་ཆུང་ཕྱིར་དང་འབད་མེད་ཕྱིར། །སྦྱོར་བ་ལས་བྱུང་རྗེས་མཐུན་མིན། །དེའི་ཕྱིར་དེ་ཡི་མཇུག་ཐོགས་མིན། །དེ་ལ་གསུམ་སྟེ། འབྱུང་བའི་སེམས་ཀྱང་མངོན་པར་འདུ་བྱ་བ་མེད་པས་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་དངོས་པོའི་དོན་དུ་རབ་ཏུ་སྐྱེའོ། །དེ་ལྟ་ན་འོ་ན་ནི་ཉོན་མོངས་པ་ཅན་དག་ལས་ཀྱང་སྦྱོར་བ་ལས་བྱུང་བ་འབྱུང་བར་མི་འགྱུར་ཏེ། མི་མཐུན་པའི་ཕྱིར་རོ། །ཉོན་མོངས་ཅན་ལས་མི་མཐུན་ཀྱང༌། །ཉོན་མོངས་ཀུན་འབྱུང་ཡོངས་ཤེས་ཕྱིར།། སྦྱོར་བ་ལས་བྱུང་ཀུན་དུ་འབྱུང༌། །མངོན་པར་སྦྱོར་བ་ལ་རིགས་སོ། །དེ་ལ་ཡང༌། སློབ་དང་མི་སློབ་སྦྱོར་བྱུང་དང༌། །གཟུགས་གཏོགས་ལས་ནི་འདོད་སྤྱོད་པ། །དེ་ལས་དེ་ནི་འབད་མེད་མིན། །གཟུགས་མེད་སྤྱོད་པའི་ཉོན་མོངས་ལས། །གཟུགས་སྤྱོད་སྐྱེས་ནས་ཐོབ་མི་འགྱུར། །གཟུགས་སྤྱོད་ཉོན་མོངས་ཅན་ལས་ནི། །འདོད་གཏོགས་མི་གསལ་གསལ་ཕྱིར་རོ། །ཚིག་ལེའུར་བྱས་པ་འདི་དག་ཀྱང་འགྲེལ་པ་ཁོ་ན་བསྡུས་པ་ཡིན་པས་རྣམ་པར་ཕྱེའོ། །གང་དག་སེམས་བཅུ་གཉིས་བཤད་པ་དེ་དག་ལས། སེམས་གང་ལ་དུ་ཞིག་རྙེད་ཅེ་ན། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན་སེམས་དྲུག་རྙེད་དོ། ཐེ་ཚོམ་གྱིས་དགེ་བའི་རྩ་བའི་ཉིང་མཚམས་སྦྱོར་བ་དང༌། ཁམས་སུ་སླར་ལྡོག་པའི་ཕྱིར་རོ། །ཁམས་སུ་སླར་ལྡོག་པ་དང༌། དངོས་སུ་ཉམས་པ་ལས་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང༌། གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང༌། ཡོངས་སུ་ཉམས་ན་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་པ་ཅན་དང༌། སློབ་པའོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཡང་དྲུག་རྙེད་དེ། ཁམས་སུ་སླར་ལྡོག་པ་ལས་གཟུགས་ན་སྤྱོད་པ་གསུམ་དང༌། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། ཡོངས་སུ་ཉམས་པ་ལས་གཟུགས་མེད་པའི་ཉོན་མོངས་པ་ཅན་དང༌། སློབ་པའོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་གཉིས་རྙེད་དེ། ཡོངས་སུ་ཉམས་པ་ལས་ཉོན་མོངས་པ་ཅན་དེ་ཉིད་དང༌། སློབ་པའོ། །གཟུགས་སྐྱེས་དགེ་
ལ་གསུམ་དག་གོ །དགེ་བ་དེ་ཉིད་དང༌། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་གོ །སློབ་པ་ལ་བཞི། སློབ་པ་དེ་ཉིད་དང༌། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང༌། གཟུགས་མེད་པའི་དགེ་བའོ། །འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ནའོ། །ལྷག་ལ་དེ། སེམས་གང་ལ་རྙེད་པ་མ་བཤད་པ་དེ་ལ་ནི་དེ་ཉིད་རྙེད་པར་བལྟ་བར་བྱའོ། །བསྡུ་བའི་ཚིགས་སུ་བཅད་པ་ནི། སྐྱེ་དང་སྙོམས་པར་འཇུག་པ་དང། །འདོད་ཆགས་བྲལ་དང་ཡོངས་ཉམས་དང༌། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་བྱའོ། །དབང་པོ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གཉིས་པའོ།། །།ཁམས་གསུམ་གྱི་དབྱེ་བས་སེམས་ལ་སོགས་པ་རྣམས་ཀྱི་དབྱེ་བ་བཤད་ནས། དེ་ཉིད་མ་བཤད་པས་དེ་བརྗོད་པར་བྱ་སྟེ། དམྱལ་བ་ཡི་དགས་དུད་འགྲོ་དང༌། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན། འགྲོ་བ་བཞི་དང༌། ལྷའི་རིས་དྲུག་པོ་འདི་ལྟ་སྟེ། རྒྱལ་ཆེན་བཞི་པ་རྣམས་དང༌། སུམ་ཅུ་རྩ་གསུམ་པ་རྣམས་དང༌། འཐབ་བྲལ་བ་རྣམས་དང༌། དགའ་ལྡན་པ་རྣམས་དང༌། འཕྲུལ་དགའ་བ་རྣམས་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་ཏེ། འདི་རྣམས་ནི་འདོད་པའི་ཁམས་ཡིན་ནོ། །དམྱལ་བ་དང༌། གླིང་དབྱེ་བ་ལས་དེ་ཉི་ཤུ། །གནས་རྣམས་ཞེས་བྱ་བ་ཚིག་ལྷག་མའོ། །དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པ་དང༌། གླིང་བཞི་དང༌། ཡི་དགས་དང༌། དུད་འགྲོ་ཞེས་བྱ་བ་གནས་ཉི་ཤུ་པོ་འདི་དག་འདོད་པའི་ཁམས་སོ། །འདོད་པའི་ཁམས་འདིའི་གོང་མའི་གནས་དག་བཅུ་བདུན་ནི། གཟུགས་ཁམས་ཡིན། ཇི་ལྟར་ཡིན་ཞེ་ན། དེར་སོ་སོ་ཡི། བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པས་ནི་བརྒྱད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་ལ་བསམ་
གཏན་དང་པོ་ན་ནི་ཚངས་རིས་རྣམས་དང༌། ཚངས་པའི་མདུན་ན་འདོན་རྣམས་དང༌། ཚངས་ཆེན་རྣམས་སོ། །གཉིས་པ་ན་ནི་འོད་ཆུང་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་རྣམས་སོ། །གསུམ་པ་ན་ནི་དགེ་ཆུང་རྣམས་དང༌། ཚད་མེད་དགེ་རྣམས་དང༌། དགེ་རྒྱས་རྣམས་སོ། །བཞི་པ་ན་ནི་སྤྲིན་མེད་འོད་རྣམས་དང༌། བསོད་ནམས་སྐྱེས་རྣམས་དང༌། འབྲས་བུ་ཆེ་རྣམས་དང༌། མི་ཆེ་བ་རྣམས་དང༌། མི་གདུང་བ་རྣམས་དང༌། གྱ་ནོམ་སྣང་རྣམས་དང༌། ཤིན་ཏུ་མཐོང་རྣམས་དང༌། འོག་མིན་རྣམས་ཞེས་བྱ་བ་གནས་བཅུ་བདུན་པོ་འདི་དག་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུད་ནི་རྟེན་ཡིན། ཁམས་གསུམ་པོ་བཤད་པ་གང་ཡིན་པ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །གང་གིས་ན་དེ་དག་ཁམས་གསུམ་དག་ཏུ་ཞེས་བྱ་བ་ལ། ཅི་འགྲོ་བ་ལ་མ་གཏོགས་པའི་ཁམས་དག་ཅིག་ཡོད་དམ་ཞེ་ན། ཡོད་དེ། ཁམས་རྣམས་ནི་དགེ་བ་དང༌། ཉོན་མོངས་པ་ཅན་དང༌། སྣོད་དང༌། སྲིད་པ་བར་མ་པའི་རང་བཞིན་དག་ཀྱང་ཡིན་ནོ། །ཡང་འགྲོ་བ་ལྔ་པོ་དག་གང་ཡིན་པ་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །འགྲོ་བ་ལྔ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །དེ་ལྟ་མ་ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ། །སེམས་ཅན་ཞེས་བྱ་བ་ཉིད་ཡིན་ཡང་སྲིད་པ་བར་མའི་རང་བཞིན་ནི་མ་ཡིན་ནོ། །འགྲོ་བ་ལྔ་པའི་ཁམས་གསུམ་འདི་ཉིད་དུ། ལུས་དང་འདུ་ཤེས་ཐ་དད་དང༌། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིན་གསུམ་པོ་དག །རྣམ་ཤེས་གནས་པ་བདུན། རིམ་པ་བཞིན་དུ་རིག་པར་བྱའོ། །མདོ་ལས། སེམས་ཅན་དུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དོ། །འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ །
དེ་ཡང་འདོད་པ་ན་སྤྱོད་པ་རྣམས་དང༌། བསམ་གཏན་དང་པོ་པ་དང་པོར་བྱུང་བ་མ་གཏོགས་པ་རྣམས་སོ། །སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ །དེ་དག་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ནི་ཚངས་པ་འདིས་ཕྱུང་ངོ་སྙམ་དུ་ཤེས་པར་འགྱུར་ལ། ཚངས་པ་ཡང་འདི་དག་ནི་བདག་གིས་ཕྱུང་ངོ་སྙམ་དུའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ། །འདིར་ནི་མཐའ་སྨོས་པས་བསམ་གཏན་གཉིས་པ་མཐའ་དག་སྨོས་པར་རིག་པར་བྱའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདུ་ཤེས་གཅིག་པ་དག་ཅེས་བྱ་བ་ནི་བདེ་བར་འདུ་ཤེས་པ་དག་གོ །དེ་ལ་བསམ་གཏན་དང་པོ་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་འདུ་ཤེས་གཅིག་པ་དག་ཡིན་ནོ། །གཉིས་པ་ནི་དགེ་བས་འདུ་ཤེས་ཐ་དད་པ་དག་ཡིན་ནོ། །གསུམ་པ་ནི་རྣམ་པར་སྨིན་པ་ལས་བྱུང་བས་འདུ་ཤེས་གཅིག་པ་དག་ཡིན་ནོ། །གཟུགས་མེད་པ་གསུམ་པོ་ནི་མདོ་ལས་ཇི་སྐད་འབྱུང་བ་སྟེ། དེ་ལྟར་ན། དེ་དག་ནི་རྣམ་པ་གནས་པ་བདུན་ཡིན་ནོ། །ཅིའི་ཕྱིར་ལྷག་མ་རྣམ་པར་ཤེས་པ་མ་ཡིན་ཞེ་ན། འདི་ལྟར། ལྷག་མ། དེ་འཇོམས་བྱེད་ལྡན། ལྷག་མ་གང་ཞིག་ཅེ་ན། ངན་འགྲོ་རྣམས་དང༌། བསམ་གཏན་བཞི་པ་དང༌། སྲིད་པའི་རྩེ་མོའོ། །འདི་དག་ན་རྣམ་པར་ཤེས་པ་འཇོམས་པར་བྱེད་པ་དག་ཡོད་པའི་ཕྱིར་རོ། །དེ་ལ་ངན་སོང་ན་ནི་འཇོམས་པར་བྱེད་པ་སྡུག་བསྔལ་གྱི་ཚོར་བའོ། །བསམ་གཏན་བཞི་པ་ན་ནི་འདུ་ཤེས་མེད་པ་པའོ། །སྲིད་པའི་རྩེ་མོ་ན་ནི་འགོག་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཤེས་པ་གནས་པ་བདུན་པོ་ཇི་སྐད་བཤད་པ་དེ་དག་དང༌། སྲིད་རྩེ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །འདི་དག་ཏུ་སེམས་ཅན་རྣམས་རང་དགའ་བས་ཀུན་དུ་གནས་སོ། །མི་འདོད་བཞིན་གནས་ཕྱིར་གཞན་མིན། །ངན་སོང་དག་ཏུ་ནི་སེམས་ཅན་
རྣམས་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོས་ཀུན་དུ་གནས་སུ་འཇུག་གོ །མདོ་གཞན་ལས་ནི་རྣམ་པར་ཤེས་པ་གནས་པ་བདུན་ཞེས་གསུངས། གཞན་ལས་ནི། གནས་པ་དག་ནི་ཡང་བཞི་སྟེ། རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ་དང༌། ཚོར་བར་ཉེ་བར་འགྲོ་བ་དང༌། འདུ་ཤེས་སུ་ཉེ་བར་འགྲོ་བ་དང༌། འདུ་བྱེད་དུ་ཉེ་བར་འགྲོ་བའོ། །དེ་དག་གི་རང་བཞིན་ཅི་ཞེ་ན། ཟག་པ་དང་བཅས་པའི་ཕུང་པོ་བཞི། དེ་དག་ཀྱང༌། རང་གི་ས་པ་ཉིད། ས་གཞན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གནས་པ་ནི་རྟེན་པ་མ་ཡིན་ན་སྐལ་བ་མི་མཉམ་པའི་ས་པའི་ཕུང་པོ་དག་ནི་རྣམ་པར་ཤེས་པ་སྲིད་པའི་དབང་གིས་མི་རྟེན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་མི་བྱ་ཞེ་ན། དཔེར་ན་རྣམ་པར་ཤེས་པ་གནས་པ་བདུན་བཞིན་ནོ། །བདུན་ལ་རིགས་ཏེ། དེ་ལ་བྱེ་བྲག་མེད་པར་ནི་སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དག་ལས་མངོན་པར་དགའ་བ་དང་བཅས་པའི་རྣམ་པར་ཤེས་པ་འཇུག་ན་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ། །སོ་སོར་དབྱེ་ན་ནི་ཇི་ལྟར་གཟུགས་ལ་སོགས་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་པ་ལྟར། རྣམ་པར་ཤེས་པ་འབའ་ཞིག་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ཏུ། རྣམ་ཤེས་འབའ་ཞིག་གནས་པར་མ་བཤད་དོ། །ཡང་ཅི་རྣམ་པར་ཤེས་པ་གནས་པ་བདུན་གྱིས་བཞི་བསྡུས་སམ། འོན་ཏེ་བཞིས་བདུན་བསྡུས་ཤེ་ན། བདུན་གྱིས་བཞི་ཡང་མ་ཡིན་ལ། བཞིས་ཀྱང་བདུན་མ་ཡིན་ནོ། །བསྡུ་ན་མུ་བཞི་ཡིན་ནོ། །བདུན་གྱིས་བསྡུས་ལ་བཞིས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། མུ་དང་པོ་ནི་བདུན་དག་ཏུ་རྣམ་པར་ཤེས་པ་གང་ཡིན་པའོ། །གཉིས་པ་ནི་ངན་སོང་རྣམས་དང༌། བསམ་གཏན་བཞི་པ་རྣམས་དང༌། སྲིད་པའི་རྩེ་མོ་ན་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ། །གསུམ་པ་ནི་བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ། །བཞི་པ་ནི་ངན་སོང་དག་གི་རྣམ་པར་ཤེས་པའོ། །འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པའི་ཁམས་གསུམ་བཤད་པ་གང་ཡིན་པ། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་
དག་ཏུ། །རིག་པར་བྱ་སྟེ། སྒོ་ང་ལས་སྐྱེས་པའི་དང༌། མངལ་ལས་སྐྱེས་པའི་དང༌། དྲོད་གཤེར་ལས་སྐྱེས་པའི་དང༌། རྫུས་ཏེ་སྐྱེས་པའི་སྐྱེ་གནས་སོ། །འདིར་སེམས་ཅན་རྣམས་འཆོལ་བར་འགྱུར་ཞིང་སྐྱེ་བ་ཐུན་མོང་བའི་ཕྱིར་འདྲེ་བར་འགྱུར་བས་སྐྱེ་གནས་སོ། །ཡང་འགྲོ་བ་གང་ན་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། སྨྲས་པ། མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །མི་དང་དུད་འགྲོ་དག་རྣམ་པ་བཞི་ཅི་རིགས་པར་བརྗོད་པར་བྱའོ། །དམྱལ་བ་དང༌། སྲིད་པ་བར་མ་དང༌། ལྷ་ཐམས་ཅད་རྫུས་ཏེ་སྐྱེའོ། །ཡི་དགས་མངལ་ནས་སྐྱེ་བ་འང་ཡིན། །རྫུས་ཏེ་སྐྱེ་བ་དག་ཀྱང་ཡིན་ནོ། །སྲིད་པ་བར་མ་ཞེས་བྱ་བ་དེ་ཅི་ཞེ་ན། འདིར་གང་སྐྱེ་དང་འཆི་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །འགྲོ་བའི་བར་མ་ཡིན་པའི་ཕྱིར་སྲིད་པའི་བར་མའོ། །ཇི་ལྟར་ན་འདི་སྐྱེས་པ་ཡང་ཡིན་ལ། འབྱུང་བ་ཡང་མ་ཡིན་ཞེ་ན། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །སོན་པ་ནི་བྱུང་བ་ཡིན་ན་འདི་ཡང་བགྲོད་པར་བྱ་བའི་ཡུལ་དུ་སོན་པ་མ་ཡིན་ཏེ། དེ་ལྟ་བས་ན་བྱུང་བ་མ་ཡིན་ནོ། །འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་སྐྱེ་བའི་སྲིད་པ་འབྱུང་ངོ་ཞེས་ཁ་ཅིག་གིའོ། །དེ་ཡང༌། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་བ་མིན། །རྒྱུན་གྱིས་འཇུག་པའི་ཆོས་རྣམས་ནི་རྒྱུན་མི་ཆད་པར་ཡུལ་གཞན་དག་ཏུ་འབྱུང་བར་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །ཆད་ནས་འབྱུང་བ་ཡང་མཐོང་སྟེ། དཔེར་ན་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ལས་གཟུགས་བརྙན་ལྟ་བུའོ་ཞེས་ཟེར་རོ། །གཟུགས་བརྙན་མ་གྲུབ་ཕྱིར་བ་དང༌། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །གཟུགས་བརྙན་ཞེས་བྱ་བ་གཞན་ཁོ་ན་ཞིག་འབྱུང་ངོ་ཞེས་བྱ་བ་དེ་ནི་མ་གྲུབ་སྟེ། གྲུབ་ཏུ་ཟིན་ཡང་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ནོ། །འོ་ན་ཇི་ལྟར་མ་གྲུབ་ཅེ་ན། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཡུལ་དེ་ཉིད་ན་མེ་ལོང་གི་གཟུགས་ཀྱང་སྣང་གཟུགས་བརྙན་ཀྱང་སྣང༌། རྟེན་གྱི་འབྱུང་བ་ཐ་དད་པའི་
ཕྱིར་ཡུལ་གཅིག་ཏུ་གཟུགས་གཉིས་ལྷན་ཅིག་འབྱུང་བ་ནི་མེད་དེ། རེ་ཞིག་མ་གྲུབ་པའི་ཕྱིར་ཏེ། དེ་ལྟ་བུ་ཡིན་ནོ། །ཇི་ལྟར་མི་འདྲ་ཞེ་ན། རྒྱུན་མིན་ཕྱིར། ཇི་ལྟར་འཆི་བའི་སྲིད་པའི་སྐྱེ་བའི་སྲིད་པ་ལྟ་བུར་གཟུགས་བརྙན་ནི་གཟུགས་ཀྱི་རྒྱུན་དུ་གྱུར་པ་མ་ཡིན་ཏེ། མེ་ལོང་གི་རྒྱུད་དང་འབྲེལ་པའི་ཕྱིར་དང༌། ལྷན་ཅིག་འབྱུང་བའི་ཕྱིར་རོ། །རྒྱུན་ལ་རྒྱུན་མི་འཆད་པར་འབྱུང་བར་བརྗོད་པའི་ཕྱིར་དཔེ་མི་འདྲ་བ་ཡིན་ནོ། །གཟུགས་བརྙན་ནི་གཉིས་ལས་འབྱུང་ཕྱིར། གཟུགས་བརྙན་གྱི་གཟུགས་དང་མེ་ལོང་གཉིས་ལས་འབྱུང་བར་འགྱུར་ཏེ། སྐྱེ་བའི་སྲིད་པ་ཡང་འཆི་བའི་སྲིད་པ་དང་གཞན་ལ་ནི་མི་འབྱུང་བས་མི་འདྲའོ། །དེ་བས་ན་སྲིད་པ་བར་མ་ནི་ཡོད་དོ། །མགུར་ནས་གསུངས་ཕྱིར་ཡོད་དོ། །མདོ་ལས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང༌། དུད་འགྲོའི་སྲིད་པ་དང༌། ཡི་དགས་ཀྱི་སྲིད་པ་དང༌། ལྷའི་སྲིད་པ་དང། མི་ཡི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། སྲིད་པ་བར་མའོ་ཞེས་གསུངས་སོ། །དྲི་ཟ་གནས་གསུམ་མངོན་དུ་གྱུར་པས་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང༌། ཕ་མ་ལ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ། །སྲིད་པ་བར་མ་མ་གཏོགས་པ་དྲི་ཟ་གང་ཞིག་ཡིན། དེའི་ཕྱིར་བར་མའི་སྲིད་པ་ནི་ཡོད་དོ། །ལྔར་གསུངས་པ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་ཕྱིར་མི་འོང་བ་ལྔར་གསུངས་ལ། སྲིད་པ་བར་མ་མེད་ན་ཇི་ལྟ་བུར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་འབྱུང༌། འདི་ལས་ཀྱང་འགྲོ་བའི་མདོ་སྡེ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན། །ཞེས་བྱ་བའི་མདོ་ལས་དུས་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དུ་བཤད་དེ། དཔེར་ན་ལྕགས་ཀྱི་ཚ་ཚ་བཞིན་ནོ་ཞེས་བྱ་བ་དེའི་ཕྱིར་ཡང་ཡོད་དོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་སྲིད་པ་བར་མའི་ཤ་ཚུགས་ཇི་ལྟ་བུ་ཞིག་མངོན་པར་འགྲུབ་ཅེ་ན། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ལས་གང་གིས་འགྲོ་བ་འཕེན་པ་དེ་ཉིད་ཀྱིས་དེར་ཕྱིན་པར་བྱ་བའི་ཕྱིར་སྲིད་པ་བར་མ་ཡང་འཕེན་ཏེ།
དེའི་ཕྱིར་དེ་ནི་འགྲོ་བ་གང་དུ་འགྲོ་བ་དེར་དུས་སྔ་མའི་སྲིད་པ་འབྱུང་བར་འགྱུར་བ་དེའི་ཤ་ཚུགས་ལྟ་བུར་འགྱུར་རོ། །ཡང་སྲིད་པ་སྔ་མ་ཞེས་བྱ་བ་འདི་གང་ཡིན་ཞེ་ན། དེ་ནི་འཆི་བའི་སྔ་རོལ་ཏེ། སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །སྐྱེ་བའི་སྐད་ཅིག་ཕན་ཆད་ནས་འཆི་བའི་སྐད་ཅིག་མ་གཏོགས་པ་ནི་སྔ་མའི་སྲིད་པ་ཡིན་ནོ། །སྲིད་པ་བར་མ་དེ་ཡང༌། རིས་མཐུན་ལྷ་མིག་དག་པས་མཐོང༌། །སྲིད་པ་བར་མ་རིས་མཐུན་པ་དག་ཁོ་ནས་མཐོང་ངོ༌། །གང་དག་ལ་ལྷའི་མིག་རྣམ་པར་དག་པས་མངོན་པར་ཤེས་པ་ལས་བྱུང་བ་དེ་དག་གིས་ཀྱང་འདི་མཐོང་ངོ༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོའོ། །ལས་ཀྱི་རྫུ་འཕྲུལ་བྱེད་པས་ན་ལས་ཀྱི་རྫུ་འཕྲུལ་ལོ། །དེའི་ཤུགས་ནི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཏེ་མགྱོགས་པ་ཉིད་དོ། །དེ་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའོ། །དབང་པོ་ཀུན་ཚང༌། དབང་པོ་ལྔ་ཆར་ཚང་བའོ། །ཐོགས་མེད་ལྡན། འདི་ལ་གང་དུ་ཡང་ཐོགས་པ་མེད་པའོ། །མི་ཟློགས། སྲིད་པ་བར་མ་དོར་ནས་ལྷའི་སྲིད་པ་བར་མའམ། གཞན་དུ་འགྱུར་བ་ནི་མི་སྲིད་དོ། །ཁམ་གྱི་ཟས་ཀྱིས་གནས་པ་ཡིན་ཡང་རགས་པ་ནི་མི་ཟ་སྟེ། འོན་ཀྱང་དེ་ནི་དྲི་ཟའོ། །དེ་ནི་དྲི་ཟ་བ་ཞེས་བྱ་བའི་དོན་ཏོ། །ཡང་འགྲོ་བའི་ཡུལ་དུ་ཕྱིན་པར་བྱ་བའི་ཕྱིར་འབྱུང་བའི་སྲིད་པ་བར་མ་དེ་ནི། བློ་ན་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དེ་ནི་ལས་ཀྱི་མཐུ་ལས་བྱུང་བའི་མིག་གིས་རང་གི་སྐྱེ་བའི་ཡུལ་ཐག་རིང་པོ་ན་འདུག་ཀྱང་མཐོང་ངོ༌། །དེས་དེ་ན་ཕ་མ་ཉལ་པོ་བྱེད་པ་དེ་མཐོང་ནས་ཕོ་ཞིག་ཡིན་ན་ནི་མ་ལ་ཕོའི་འདོད་ཆགས་སྐྱེའོ།། བཟློག་པ་ལ་ནི་ཁོང་ཁྲོ་བ་སྟེ། །དེ་དེ་གཉིས་ཀྱིས་ཕྱིན་གྱི་ལོག་ཏུ་གྱུར་པས་ཡུལ་དེར་ཕྱིན་པ་དང༌། དགའ་བ་འདོད་ནས་གནས་སྐབས་དེར་བདག་ཉིད་མོས་སོ། །རེ་ཞིག་སྒོ་ང་ལ་སྐྱེ་བ་དང༌། མངལ་ལས་སྐྱེ་བའི་སྐྱེ་གནས་སུ་འཇུག་པ་ནི་དེ་ལྟ་བུའོ། །དྲི་དང་གནས་ལ་མངོན་འདོད་གཞན། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་ནི། ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གནས་གཙང་མའམ་མི་གཙང་བའི་དྲི་འདོད་པས་འགྲོའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་སྐྱེ་བ་ནི་གནས་འདོད་པས་སོ། །དེ་ལ་ལྷའི་སྲིད་པ་བར་མ་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། །མི་དང༌། དུད་འགྲོ་
དང། ཡི་དགས་རྣམས་ཀྱི་ནི་མི་ལ་སོགས་པ་བཞིན་ནོ། །དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །རྐང་པ་གྱེན་བསྟན་སྤྱི་ཚུགས་སུ། །དེ་དག་དམྱལ་བ་རྣམས་སུ་ལྷུང༌། །ཞེས་ཚིགས་སུ་བཅད་པ་དེ་མངོན་པར་བརྗོད་པའི་ཕྱིར་རོ། །མདོ་ལས་མངལ་དུ་འཇུག་པ་ནི་བཞི་གསུངས་ཏེ། དེ་ལ་གཅིག་ནི་ཤེས་བཞིན་དུ་འཇུག་གོ །གནས་པ་དང་འབྱུང་བ་ནི་ཤེས་བཞིན་དུ་མ་ཡིན་ནོ། །གཞན་ནི་གནས་པ་ཡང༌། ཡང་ཞེས་བྱ་བའི་སྒྲས་ནི་འཇུག་པ་ཡང་ངོ༌། །གཞན་ནི། འབྱུང་བའང༌། ཤེས་བཞིན་དུ་འཇུག་པ་དང་གནས་པ་ཡང་ངོ༌། །གཞན་ནི་ཐམས་ཅད་རྨོངས། ལ་ལ་ནི་ཤེས་བཞིན་མ་ཡིན་པར་བྱེད་དོ། །དེ་ཡང་ནི་སྒོ་ང་ལས་སྐྱེས་རྟག་ཏུའོ། །སེམས་ཅན་སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་རྨོངས་པར་བྱེད་དོ། །ཡང་འདིར་བསྟན་པ། མངལ་དུ་འཇུག་པ་གསུམ་དག་སྟེ།། འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །འཁོར་ལོས་སྒྱུར་བ་དང༌། རང་བྱུང་སངས་རྒྱས་དང༌། རྫོགས་པའི་སངས་རྒྱས་དག་སྟེ། འོག་ནས་གོ་རིམས་བཞིན་ཞེས་འཆད་པར་འགྱུར་རོ། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། །ལས་རྒྱ་ཆེན་པོ་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ནི་དང་པོ་ཡིན་ནོ། །ཡེ་ཤེས་རྒྱ་ཆེན་པོ་ཐོས་པ་མང་པོ་དང་རབ་ཏུ་འབྱེད་པ་བྱེད་པ་རྣམས་ནི་གཉིས་པ་ཡིན་ནོ། །བསོད་ནམས་ཀྱི་ལས་དང་ཡེ་ཤེས་རྒྱ་ཆེ་བ་རྣམས་ནི་གསུམ་པ་ཡིན་ནོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་མངལ་དུ་འཇུག་པ་ཡོད་ན་བདག་ཡོད་པར་འགྱུར་རོ་ཞེ་ན་བདག་མེད། བདག་ཇི་ལྟ་བུ་ཞིག་ཅེ་ན། གང་ཕུང་པོ་འདི་བདག་འདོར་ཞིང་ཕུང་པོ་གཞན་དུ་ཉིང་མཚམས་སྦྱོར་རོ་ཞེས་བྱ་བར་རྟོག་པའོ། །འོ་ན་བདག་ཇི་ལྟ་བུ་ཞིག་མི་དགག་ཅེ་ན། ཕུང་པོ་ཙམ་ཉིད་དོ། །གལ་ཏེ་ཕུང་པོ་ཙམ་ཁོ་ན་ལ་བདག་ཅེས་འདོགས་ན་དེ་ལ་དགག་པ་མེད་དོ། །དེ་ལྟར་ན་འོ་ན་ཕུང་པོ་བདག་ཉིད་འཇིག་རྟེན་གཞན་དུ་འཕོའོ་ཞེས་བྱ་བར་འགྱུར་རོ་ཞེ་ན། དེ་དག་ནི་མི་འཕོ་སྟེ། ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ནི། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཕུང་
པོ་རྣམས་ནི་སྐད་ཅིག་མ་སྟེ། དེ་དག་ལ་ནི་འཕོ་བའི་མཐུ་མེད་ཀྱི་ཉོན་མོངས་པ་རྣམས་དང་ལས་རྣམས་ཀྱིས་ཡོངས་སུ་བསྒོས་པའི་ཕུང་པོ་ཙམ་གྱི་སྲིད་པ་བར་མ་ཞེས་བྱ་བའི་རྒྱུན་གྱིས་མའི་མངལ་དུ་འགྲོ་སྟེ། དཔེར་ན་མར་མེ་བཞིན་ནོ། །དེ་ཡང༌། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །ཚེའི་ལས་ཐ་དད་པའི་ཕྱིར་ཕུང་པོའི་རྒྱུན་ཐམས་ཅད་ཀྱིས་འཕེན་པར་འདྲ་བ་ནི་མ་ཡིན་པས། དེའི་ཕྱིར་གང་ཞིག་ཇི་སྲིད་དུ་འཕངས་པ་དེ་སྲིད་ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་སྐྱེ་བར་འགྱུར་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་ནས་ནི་ཉོན་མོངས་པ་རྣམས་ཀུན་དུ་སྤྱོད་ཅིང་ལས་རྣམས་ཀྱང་ཉེ་བར་སོག་པར་འགྱུར་རོ། །དེ་དག་ལུས་ཞིག་ནས་ཡང་སྔ་མ་བཞིན་དུ་སྲིད་པ་བར་མའི་རྒྱུན་གྱིས་འཇིག་རྟེན་ཕ་རོལ་དུ་འགྲོ་སྟེ། དེ་ལྟར། སྲིད་པའི་འཁོར་ལོ་ཐོག་མ་མེད། །རྣམ་པ་དེས་ན་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་སྐྱེ་བ་དང༌། ཡང་དེ་ལས་བྱུང་བའི་ལས་དང་ཉོན་མོངས་པ་རྣམས་དང༌། ཡང་དེ་དག་ལས་སྐྱེ་བ་ཡིན་པས་ན་སྲིད་པའི་འཁོར་ལོ་ཐོག་མ་མེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་བསྟན་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །དེ་ལ་ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་ནས་རྒ་ཤིའི་བར་རོ། །ཆ་གསུམ་ནི་སྔོན་གྱི་དང༌། ཕྱི་མའི་མཐའ་དང༌། བར་མའི་སྐྱེ་བ་དག་གོ །དེ་ཡང༌། སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད། མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཐར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐར་རོ། །ལྷག་མ་བརྒྱད་ནི་བར་དུའོ། །དེ་དག་ཀྱང༌། ཡོངས་རྫོགས་ལྡན་ལ། འབྱུང་སྟེ། གང་ཞིག་གནས་སྐབས་འདི་ཐམས་ཅད་ལ་རེག་པ་གང་བར་མ་དོ་ཁོ་ནར་འཆི་བ་ཡང་མ་ཡིན་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ནོ། །དེ་ལ། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཚེ་སྔ་མ་ལ་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདི་ལ་མ་རིག་པ་ཞེས་བྱའོ། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །གནས་སྐབས་
ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་ཞེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ཡིན་ནོ། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །མཚམས་སྦྱོར་བའི་སེམས་ཕན་ཆད་ཇི་སྲིད་དུ་སྐྱེ་མཆེད་དྲུག་མ་དོད་ཀྱི་བར་སྐབས་དེ་ནི་མིང་དང་གཟུགས་ཞེས་བྱའོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །སྐྱེ་མཆེད་དྲུག་དོད་ནས་ཇི་སྲིད་དུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དང་གསུམ་མ་འདུས་པ་དེ་སྲིད་ཀྱི་གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །རེག་པ་ནི་དེ་སྲིད་དུ་འབྱུང་སྟེ། ཇི་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་བ་ཡོངས་སུ་གཅོད་པར་མི་ནུས་པའི་བར་རོ།། ཡོངས་སུ་གཅོད་ནུས་ནས་ནི། ཚོར་འཁྲིག་ཚུན་ཆད། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་དུ་མི་སྤྱོད་པའི་བར་རོ། །སྲིད་པ་ནི། ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །འདོད་པའི་ཡོན་ཏན་དང༌། འཁྲིག་པའི་འདོད་ཆགས་ཀུན་དུ་སྤྱོད་པའི་གནས་སྐབས་ཇི་སྲིད་དུ་ཡུལ་ཡོངས་སུ་ཚོལ་བ་ལ་མ་ཞུགས་པ་ནི་སྲེད་པའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །གནས་སྐབས་གང་དུ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་པ་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པའོ། །དེ་ལྟར་ཡོངས་སུ་རྒྱུག་པ་ན། དེ་སྲིད་འབྲས་བུ་འབྱུང་བ་ཡི། །ལས་བྱེད་དེ་ནི་སྲིད་པ་ཡིན། །དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པ་ན་ཡང་སྲིད་པའི་ལས་སོགས་པ་དེ་ནི་དེའི་སྲིད་པ་ཡིན་ནོ། །ལས་དེས་ཀྱང་འདི་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་ཏེ། ཉིང་མཚམས་སྦྱོར་བ། དེ་ནི། སྐྱེ་བ་ཡིན། འདིར་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་ནི་ཚེ་གཞན་དུ་སྐྱེ་བ་ཡིན་ནོ། །དེ་ཕན་ཆད། ཚོར་བའི་བར་ནི་རྒ་ཤི་ཡིན། །སྐྱེ་བ་ཕན་ཆད་ཚོར་བའི་གནས་སྐབས་ཀྱི་བར་ནི་རྒ་ཤི་ཡིན་ཏེ། དེ་ལ་ཡན་ལག་བཞི་པོ་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་
དང། རེག་པ་དང༌། ཚོར་བ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་ཏུ་རྒ་ཤི་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མང་པོ་ཡོད་ཀྱང༌། འདི་ནི་གནས་སྐབས་པར་འདོད་ལོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །མ་རིག་པ་ལ་སོགས་པ་གཙོ་བོ་ཡིན་པའི་གནས་སྐབས་སུ་ནི་མ་རིག་པ་ལ་སོགས་པ་དག་ཁོ་ནར་གསུངས་སོ། །སེམས་ཅན་དུ་སྟོན་པ་ཁོ་ནའི་རྟེན་ཅིང་འབྲེལ་པ་ཆ་གསུམ་གསུངས་པ་ཡང༌། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཇི་ལྟར་སྔོན་གྱི་མཐའ་ལས་བར་མ་འབྱུང་བ་དང༌། བར་མ་ལས་ཕྱི་མའི་མཐའ་ཞེས་བྱ་བ་རྨོངས་པ་འདི་རྣམ་པར་བཟློག་པའི་ཕྱིར་ཆ་གསུམ་པ་དང་སེམས་ཅན་དུ་སྟོན་པ་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་འདིར་ཉོན་མོངས་པ་དང༌། ལས་དང༌། གཞིའི་རང་བཞིན་ཏེ། དེ་ལ། ཉོན་མོངས་གསུམ་མོ། །མ་རིག་པ་དང༌། སྲེད་པ་དང༌། ལེན་པ་རྣམས་སོ། །ལས་གཉིས་སོ། །འདུ་བྱེད་དག་དང༌། སྲིད་པའོ། །གཞི་བདུན། ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་ནི་གཞིའི་རང་བཞིན་ཡིན་ཏེ། ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་རོ། །ཇི་ལྟར་གཞི་ཡིན་པ། དེ་བཞིན་འབྲས་བུ་ཡིན། ཡན་ལག་བདུན་པོ་ཉིད་འབྲས་བུའོ། །ལྷག་མ་ལྔ་ནི་རྒྱུའོ། །བར་མ་ཁོ་ན་རྒྱུ་དང་འབྲས་བུ་རྒྱས་པར་བཤད་དེ། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །བར་མ་ཁོ་ན་ལས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་གིས་རྒྱུ་དང་འབྲས་བུ་རྒྱས་པར་རྗེས་སུ་དཔག་པར་ནུས་བསམ་བཤད་དོ། །གལ་ཏེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཁོ་ན་ཡིན་ན། དེ་ལྟར་ན་གོ་མ་རིག་པའི་རྒྱུ་མ་བསྟན་པའི་ཕྱིར་འཁོར་བ་ཐོག་མ་ཅན་དུ་ཡང་འགྱུར་ལ། རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་མཐའ་དང་ལྡན་པར་འགྱུར་བའམ། ཡང་ན་ནི་གཞན་གྱིས་ཁ་བསྐང་དགོས་སོ། །དེ་ལ་ཡང་གཞན་ཞིག་ཡོད་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཁ་བསྐང་པར་བྱ་མི་དགོས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས། ཉོན་མོངས་པ་ལས་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞན། །དེ་ལས་གཞི་དང་
ཉོན་མོངས་སྐྱེ། །འདིར་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བསྟན་ཟིན་ཏོ། །ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲིད་པ་ལས་ལེན་པའོ། །ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་སྲིད་པ་དང༌། མ་རིག་པ་ལས་འདུ་བྱེད་རྣམས་སོ། །ལས་ལས་གཞི་སྟེ། འདུ་བྱེད་རྣམས་ལས་རྣམ་པར་ཤེས་པ་དང༌། སྲིད་པ་ལས་སྐྱེ་བའོ། །གཞི་ལས་གཞི་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་ནས། རེག་པ་ནས་ཚོར་བའི་བར་དང༌། སྐྱེ་བ་ལས་རྒ་ཤིའོ། །གཞི་ལས་ཉོན་མོངས་པ་སྟེ། ཚོར་བ་ལས་སྲིད་པའོ། །གང་གི་ཕྱིར་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་དེ་ལྟར་རྣམ་པར་གཞག་པ་དེའི་ཕྱིར་མ་རིག་པ་ཉོན་མོངས་པའི་རང་བཞིན་ཡང་གཞིའམ་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ལ། རྒ་ཤི་དང་ཚོར་བ་ལ་ཐུག་པའི་གཞི་ལས་ཀྱང་ཉོན་མོངས་པ་འབྱུང་པོ་ཞེས་བསྟན་པ་ཡིན་པས་ཡང་འདི་ལ་ཁ་བསྐང་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དག་ལ་ཁྱད་པར་ཅི་ཞེ་ན། རེ་ཞིག་བསྟན་བཅོས་ལས་ནི་ཁྱད་པར་ཅུང་ཟད་ཀྱང་མེད་དེ། གཉིས་ཀ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡིན་པར་གསུངས་སོ། །མདོའི་དགོངས་པ་ནི། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་གསུངས་ཏེ། རྒྱུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལས་འབྱུང་བའི་ཕྱིར་རོ། །འབྲས་བུར་གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་བར་བྱུང་བ་སྟེ། དེ་ལྟར་ན་ཡན་ལག་ཐམས་ཅད་ཀྱང་གཉིས་ཀར་གྲུབ་བོ། །ཡང་མ་རིག་པ་ཞེས་བྱ་བའི་དོན་གང་ཞེ་ན། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་བརྫུན་སོགས་བཞིན། །ཇི་ལྟར་མཛའ་བོ་ལས་བཟློག་ན། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་མི་མཛའ་བ་འགའ་ཞིག་ཡོད་ཀྱི། མཛའ་བོ་ལས་གཞན་པ་གང་ཡིན་པ་ཡང་མ་ཡིན་ལ། མཛའ་བོ་མེད་པ་ཡང་མ་ཡིན་པ་དང༌། བདེན་པ་ཞེས་བྱ་བ་ནི་མི་སླུ་བ་སྟེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དག་ནི་མི་བདེན་པ་ཡིན་པ་དང༌། ཆོས་མ་ཡིན་པ་དང༌། དོན་
མ་ཡིན་པ་དང༌། བྱ་བ་མ་ཡིན་པ་ལ་སོགས་པ་ཡང་ཆོས་ལ་སོགས་པའི་མི་མཐུན་པར་གྱུར་པ་དེ་བཞིན་དུ་མ་རིག་པ་ཡང་རིག་པའི་མི་མཐུན་པར་གྱུར་པ་ཆོས་གཞན་ཞིག་ཏུ་བལྟ་བར་བྱའོ། །འདི་ལ་གང་ཞེ་ན། ཀུན་སྦྱོར་སོགས་ཚིག་ཕྱིར། མདོ་དག་ལས། མ་རིག་པ་ནི་ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། ཕྲ་རྒྱས་ལ་སོགས་པ་ཉིད་དུ་གསུངས་ཏེ། མེད་པ་ཙམ་ནི་དེ་ལྟ་བུ་ཡིན་པར་འོས་པ་ཡང་མ་ཡིན་ནོ། །འོ་ན་ནི་དཔེར་ན་ཆུང་མ་ངན་མ་ལ་ཆུང་མ་མ་ཡིན་ཞེས་བྱ་བ་དང༌། བུ་ངན་པ་ལ་བུ་མ་ཡིན་ཞེས་བྱ་བ་ལྟར་མ་རིག་པ་ཡང་དེ་དང་འདྲའོ། །གལ་ཏེ། ཤེས་རབ་ངན་པོའི་མིན་ལྟ་ཕྱིར། །སྨད་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་ཡིན་ན་དེ་ལྟ་ན་ཡང་ལྟ་བའི་རང་བཞིན་ཡིན་པས་མ་རིག་པར་མི་རུང་ངོ༌། །འོ་ན་ནི་གང་ལྟ་བའི་རང་བཞིན་མ་ཡིན་པ་དེ་དེ་ཡིན་པར་འགྱུར་རོ། །དེ་ཡང་ཡིན་པར་མི་འོས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །གལ་ཏེ་མ་རིག་པ་ཤེས་རབ་ཡིན་པར་འགྱུར་ན། ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་ལྟ་བ་དེ་དང་མཚུངས་པར་ལྡན་པར་མི་འགྱུར་རོ། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཞེས་བྱ་བ་འདི་ལས་ཀྱང་འགྲུབ་སྟེ། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་འགྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས་གསུངས་ཏེ། ཤེས་རབ་དེ་ཉིད་ཤེས་རབ་དེའི་ཉེ་པར་ཉོན་མོངས་པ་ཅན་དུ་ཡང་མི་རིགས་སོ། །ཡང་མིང་དང་གཟུགས་ཞེས་བྱ་བའི་དོན་ཅི་ཞེ་ན། གཟུགས་ནི་རྒྱ་ཆེར་བཤད་པ་ཇི་ལྟ་བ་བཞིན་དུའོ། །མིང་ནི་གཟུགས་ཅན་མིན་ཕུང་པོ། །ཚོར་བ་ལ་སོགས་པ་བཞིའོ། །སྐྱེ་མཆེད་དྲུག་ནི་བཤད་ཟིན་ནས། །ད་ནི་རེག་པ་བརྗོད་པར་བྱ་སྟེ། རེག་དྲུག །མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །དེ་དག་ཀྱང༌། འདུས་ཏེ་བྱུང་བ་ཡིན། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་ལས་སྐྱེའོ། །དྲུག་པོ་དེ་དག་ལས། ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དགས་ཚིག་ཅེས་བྱ། །མིག་ལ་སོགས་པའི་
རེག་པ་རྣམས་ནི་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཕྱིར་ཐོགས་པའི་རེག་པ་རྣམས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱ་སྟེ། མིང་བླ་དགས་ལ་དམིགས་པའི་ཕྱིར་རོ། །ཡང་དེ་ཉིད་གསུམ་དུ་འགྱུར་ཏེ། རིག་དང་མ་རིག་དང་གཞན་རེག །དེ་དག་ཀྱང༌། དྲི་མེད་ཉོན་མོངས་ཅན་ལྷག་མ། །རིག་པའི་རེག་པ་ནི་ཟག་པ་མེད་པའི་རེག་པའོ། །མ་རིག་པའི་རེག་པ་ནི་ཉོན་མོངས་པ་ཅན་གྱི་རེག་པ་སྟེ། རིག་པ་དང་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ལྷག་མ་ནི་གཉིས་ཀ་དང་མཚུངས་པར་མི་ལྡན་པའི་ཕྱིར་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །དེ་ཡང་ནི་དགེ་བ་ཟག་པ་དང་བཅས་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཡང་མ་རིག་པའི་རེག་པའི་ཕྱོགས་གཅིག་སྨོས་པས། གནོད་སེམས་རྗེས་སུ་ཆགས་པའི་རེག །གནོད་སེམས་རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་ཐམས་ཅད་བསྡུ་ན། བདེ་བར་མྱོང་འགྱུར་ལ་སོགས་གསུམ། བདེ་བ་མྱོང་བར་འགྱུར་བའི་རེག་པ་དང༌། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་མྱོང་བར་འགྱུར་བ་སྟེ་རེག་པ་བཤད་ཟིན་ཏོ། །ཚོར་བ་བཤད་པར་བྱ་སྟེ། དེ་ལ་རེག་པ་རྣམ་པ་དྲུག་སྔར་བཤད་ཟིན་པ། དེ་ལས་བྱུང་བའི་ཚོར་བ་དྲུག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་བར་རོ། །དེ་དག་ལས། ལྔ་ནི་ལུས་ཀྱིའོ། །སེམས་ཀྱི་གཞན། ལུས་ཀྱི་ལྔ་སྟེ། དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་རོ། །སེམས་ཀྱི་ནི་དྲུག་པ་སྟེ། དེ་སེམས་ཙམ་ལ་བརྟེན་པའི་ཕྱིར་རོ། །དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཡང་སེམས་ལས་བྱུང་བའི་ཚོར་བ་དེ་ཉིད་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་རྣམ་པར་གཞག་པ་ལས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །དེ་ལ་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ་ཞེས་བྱ་བ་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་དག་ལས་བཅོ་ལྔ་ནི་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་
ཡིན་ཏེ། གཟུགས་ལ་སོགས་པ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །ཆོས་ལ་ཉེ་བར་རྒྱུ་བ་གསུམ་ནི་རྣམ་པ་གཉིས་ཀ་ཡིན་ནོ། །ཡིད་ཉེ་བར་རྒྱུ་བ་ཞེས་བྱ་བའི་དོན་ཅི་ཞེ་ན། ཡིད་ལ་བརྟེན་ནས་ཡིད་བདེ་བ་ལ་སོགས་པ་དེ་དག་ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་རོ་ཞེས་གྲག་གོ །གཞན་དག་ན་རེ། ཡུལ་དག་ལ་ཉེ་བར་རྒྱུ་བར་བྱེད་པའི་ཕྱིར་ཏེ། ཚོར་བའི་དབང་གིས་ཡིད་ཡུལ་དག་ལ་ཡང་དང་ཡང་དུ་རྣམ་པར་རྒྱུ་བའི་ཕྱིར་རོ། །ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་འདི་དག་ལས་དུ་ཞིག་འདོད་པའི་ཁམས་དང་ལྡན་པ་ཡིན། དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ཅི་ཞིག་ཡིན། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བར་དུ་བརྗོད་པར་བྱའོ་ཞེ་ན། འདོད་ན་ཐམས་ཅད་རང་དམིགས་ཅན། །འདོད་པའི་ཁམས་ན་ནི་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། དེ་དག་ཐམས་ཅད་ཀྱི་དམིགས་པ་ཡང་དེ་ཡིན་ནོ། །དེ་དག་ཉིད་ཀྱི། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །གཟུགས་ཀྱི་ཁམས་ནི་བཅུ་གཉིས་ཀྱི་དམིགས་པ་ཡིན་ནོ། །དྲི་དང་རོལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པའོ། །གོང་མ་གསུམ་གྱི། སྤྱོད་ཡུལ་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་ནི་ཆོས་ལ་ཉེ་བར་རྒྱུ་བ་གསུམ་གྱི་དམིགས་པ་ཡིན་ནོ། །འདོད་པ་དང་ལྡན་པ་བཤད་ཟིན་ཏོ། །བསམ་གཏན་ནི། གཉིས་ན་བཅུ་གཉིས། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་རྣམས་མ་གཏོགས་སོ། །བཅུ་གཉིས་པོ་དེ་དག་ཀྱང༌། འདོད་འགྲོ་རྣམས། འདོད་པའི་ཁམས་ནི་དེ་དག་གི་དམིགས་པའོ། །རང་ལ་དམིགས་བརྒྱད། གཟུགས་ཀྱི་ཁམས་དེ་ཉིད་ནི་དེ་དག་གི་རང་བཞིན་ཡིན་ཏེ། དེ་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བརྒྱད་ཀྱི་དམིགས་པ་ཡིན་ཏེ། དྲི་དང་རོལ་ཉེ་བར་རྒྱུ་བ་བཞི་མ་གཏོགས་སོ། །གཟུགས་མེད་པ་གཉིས་ཀྱིའོ། །ཆོས་ལ་ཉེ་བར་རྒྱུ་བ་ངག་གི་དམིགས་པ་ཡིན་ནོ། །བསམ་གཏན་གཉིས་ན་དྲུག །བསམ་གཏན་གསུམ་པ་དང༌། བཞི་པ་དག་ནན་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་ཁོ་ན་ཡོད་ཀྱི། གཞན་དག་ནི་མེད་དོ། །དེ་དག །དྲུག་གི་དམིགས་པ་ནི། འདོད་པའོ། །འདོད་པའི་ཁམས་ནི་དྲུག་ཅར་གྱི་ཡང་དམིགས་པ་
ཡིན་ནོ། །རང་ནི་བཞིའོ། །གཟུགས་ཀྱི་ཁམས་ནི་བཞིའི་དམིགས་པ་ཡིན་ཏེ། དེ་ན་དྲི་དང་རོ་མེད་པའི་ཕྱིར་རོ། །གོང་མ་གཅིག་གི་དམིགས་པ་ཡིན། །གཟུགས་མེད་པའི་ཁམས་ན་ནི་ཆོས་ལ་ཉེ་བར་རྒྱུ་བ་གཅིག་ཁོ་ན་དམིགས་པ་ཡིན་ནོ། །གཟུགས་དང་ལྡན་པ་དག་བཤད་ཟིན་ཏོ། །གཟུགས་མེད་ཉེ་བར་བསྡོགས་ན་བཞི། །གཟུགས་མེད་པའི་ཉེར་བསྔོགས་ནི། འདིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཡིན་ཏེ། དེ་ན་ནི་གཟུགས་དང༌། སྒྲ་དང༌། རེག་བྱ་དང༌། ཆོས་ལ་ཉེ་བར་རྒྱུ་བ་བཞིའོ། །དེ་དག་ཀྱང༌། གཟུགས་འགྲོ། དེ་དག་གི་དམིགས་པ་ནི་བསམ་གཏན་བཞི་པ་ཡིན་ཏེ། གང་དག་གི་ལྟར་ན་དེ་རྣམ་པར་འཆད་པ་ལ་དམིགས་པ་ཡོད་པ་ཡིན་ནོ། །གོང་མར་འགྲོ་བ་གཅིག །དེ་ན་གཟུགས་མེད་པ་ལ་དམིགས་པ་ནི་གཅིག་ཁོ་ན་སྟེ། ཆོས་ལ་ཉེ་བར་རྒྱུ་བའོ། །དངོས་གཞི་ན་གཅིག་གཟུགས་མེད་པའི་དངོས་གཞི་ན་ནི་ཆོས་ལ་ཉེ་བར་རྒྱུ་བ་གཅིག་ཁོ་ན་ཡོད་ཀྱི་གཞན་ནི་མེད་དོ། །དེ་ཡང༌། རང་ཡུལ་ཅན། གཟུགས་མེད་པའི་ཁམས་ཁོ་ན་ལ་དམིགས་པ་ཡིན་ནོ། །དེ་དག་ཀྱང༌། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །དེ་ལྟར་ན་ཚོར་བའི་ཡན་ལག་འདིའི་དབྱེ་བ་ནི་དུ་མ་ཡོད་པར་ཤེས་པར་བྱའོ། །ཡན་ལག་ལྷག་མ་རྣམས་ནི་མི་བརྗོད་དེ། འདི་ལྟར། བཤད་དང་འཆད་པར་འགྱུར་བ་གཞན། །འདིར་ཡན་ལག་ཁ་ཅིག་ནི་བཤད་ཟིན་ལ། ཁ་ཅིག་ནི་འོག་ནས་འཆད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང་ཉོན་མོངས་པ་དང་ལས་དང་གཞི་རྣམས་སོ་ཞེས་བསྟན་པ། འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །དཔེར་ན་ས་བོན་ལས་མྱུ་གུ་དང་སྡོང་བུ་དང་ལོ་མ་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་དང་ལས་དང་གཞི་རྣམས་སྐྱེ་བར་འགྱུར་རོ། །དཔེར་ན་ཀླུ་གནས་པའི་མཚོ་ནི་སྐམ་པར་མི་འགྱུར་བ་ལྟར། ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་ཡང་ངོ༌། །དཔེར་ན་ནགས་ཚལ་རྩ་བ་རྣམས་མ་ཕྱུང་བ་རྣམས་ནི་བཅང་ཅིང་བཅད་ཀྱང་སླར་སྐྱེ་བར་འགྱུར་བ་ལྟར། ཉོན་མོངས་པ་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་ཀྱང་ངོ༌། །
དཔེར་ན་ཤིང་ལྗོན་པ་རྣམས་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་སྐྱེད་པར་བྱེད་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་ནོ། །དཔེར་ན་ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་སྐྱེ་བར་ནུས་པ་བཞིན་དུ་ཉོན་མོངས་པའི་ཤུན་པ་དང་བཅས་པ་ལ་སྐྱེ་བ་གཞན་དུ་སྐྱེ་བར་ནུས་སོ། །དེ་ལྟར་རེ་ཞིག་ཉོན་མོངས་པ་ས་བོན་དང་འདྲ་བར་རིག་པར་བྱའོ། །ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཤུན་པ་ལྟ་བུའི་ཉོན་མོངས་པ་བཤད་ཟིན་ཏོ། །ད་ནི་ཤུན་པ་དང་བཅས་པའི་འབྲས་བུའི་ལས་བརྗོད་པར་བྱའོ། །དཔེར་ན་འབྲུ་དང་སྨན་དག་འབྲས་བུ་སྨིན་ན་མཐར་ཕྱིན་པ་དེ་བཞིན་དུ་ལས་ཀྱང་ངོ༌། །དཔེར་ན་མེ་ཏོག་འབྲས་བུ་བསྐྱེད་པར་བྱ་བ་ལ་ཉེ་བའི་རྒྱུ་ཡིན་པ་ལྟར་ལས་རྣམས་ཀྱང་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་དེ་བཞིན་དུ་རིག་པར་བྱའོ། །གཞི་ནི་བཟའ་བཏུང་གྲུབ་པ་བཞིན། །དཔེར་ན་བཟའ་བཏུང་དུ་གྲུབ་པ་ཡོངས་སུ་ལོངས་སྤྱོད་པར་བྱ་བ་འབའ་ཞིག་ཡིན་གྱིས་ཡང་བསྐྱེད་པར་བྱ་བ་མ་ཡིན་པ་ལྟར་རྣམ་པར་སྨིན་པ་ཞེས་བྱ་བའི་གཞི་ཡང་དེ་བཞིན་ནོ། །ཡང་ཕུང་པོ་སྐྱེ་བའི་རྒྱུན་དེ་སྲེད་པ་བཞི་ལས་མི་འདའོ། །སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཉོན་མོངས་པ་གང་གིས་ཤེ་ན། རང་གི་ས་པའི་ཉོན་མོངས་ཀུན། །ཉོན་མོངས་པ་རྣམས་ཁོ་ནས་ཡིན་གྱི་ཀུན་ནས་དཀྲིས་པ་ཚིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །གཞན་རྣམས་གསུམ་མོ། །སྲིད་པ་བར་མ་ལ་སོགས་པ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་སོ། །དེ་ལས་ཀྱང༌། གཟུགས་མེད་གསུམ། སྲིད་པ་བར་མ་མ་གཏོགས་སོ། །འདོད་པ་དང་གཟུགས་ཀྱི་ཁམས་ན་སྲིད་པ་བཞི་པོ་ཡང་ཡོད་ཅེས་བྱ་བར་སྣང་བར་འགྱུར་རོ། །སེམས་ཅན་གྱི་སྐྱེ་བ་ཇི་ལྟ་བ་བཞིན་དུ་བཤད་ཟིན་ནས། གནས་པ་བརྗོད་པ། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །དེ་དག་ཀྱང༌། ཁམ་གྱི་ཟས་ལ་སོགས་པ་སྟེ། །དེ་ལ། ཁམ་གྱི་ཟས་ནི་འདོད་པ་ན། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཡང་མེད་དོ། །དེ་ཡང༌།
སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་ནི་ཁམ་གྱི་ཟས་ཁོ་ན་ཡིན་ཏེ། ཁམ་དུ་བྱས་ནས་མིད་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །གཟུགས་ཀྱི་སྐྱེ་མཆེད་ནི་ཁམ་དུ་བྱས་ནས་མིད་པ་ཡིན། ཡང་ཁམ་གྱི་ཟས་མ་ཡིན་ཏེ། མིད་པའི་ཚེ་རང་གི་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་མི་འདོགས་པའི་ཕྱིར་རོ། །གང་གི་ཚེ་མཐོང་བ་ན་བདེ་བ་དང་ཡིད་བདེ་བར་བྱེད་པ་དེའི་ཚེ་ཡང་དེ་ལ་དམིགས་པ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་གྱི་གཟུགས་མ་ཡིན་ནོ། །གྲོལ་བ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བ་རྣམས་ལ་ཡང་ཕན་འདོགས་པ་མེད་པའི་ཕྱིར་རོ། །རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་གསུམ་དག་ན། །རེག་པ་དང༌། སེམས་པ་དང༌། རྣམ་པར་ཤེས་པ་ཟག་པ་དང་བཅས་པ་དག་ཁོ་ན་ཟས་ཏེ། ཁམས་གསུམ་ཆར་ན་ཡང་ཡོད་དོ། །ཅིའི་ཕྱིར་ཟག་པ་མེད་པ་རྣམས་མ་ཡིན་ཞེ་ན། འདི་ལྟར་སྲིད་པ་གསོ་བར་བྱེད་པའི་དོན་ནི་ཟས་ཀྱི་དོན་ཡིན་ན། དེ་དག་ནི་སྲིད་པ་ཟད་པར་བྱ་བའི་ཕྱིར་སྐྱེས་པ་དག་ཡིན་ནོ། །གཞན་ཡང་མདོ་ལས། སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང༌། འཚོ་བར་བྱེད་པ་དང༌། སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ་ཞེས་གསུངས་ན་ཟག་པ་མེད་པའི་སེམས་རྣམས་ནི་དེ་ལྟ་མ་ཡིན་པས་ཟས་མ་ཡིན་ནོ། །རེ་ཞིག་བྱུང་བ་ནི་སེམས་ཅན་སྐྱེས་པ་རྣམས་ལ་བྱ་བར་ཡང་ཤེས་ན། སྲིད་པ་ཚོལ་བ་རྣམས་གང་ཞེ་ན། ཡིད་ལས་བྱུང་དང་སྲིད་ཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་པའོ། །བཅོམ་ལྡན་འདས་ཀྱིས་སྲིད་པ་བར་མ་ནི་བརྗོད་པ་འདི་དག་གིས་གསུངས་སོ། །ཡིད་ལས་བྱུང་བ་ནི་ཡིད་ཙམ་ལས་སྐྱེས་པའི་ཕྱིར་རོ། །སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་པ་ཚོལ་བའོ། །དྲི་ཟ་བའི་ཕྱིར་ན་དྲི་ཟའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པའོ། །ཡང་ཅིའི་ཕྱིར་ཟས་བཞི་ཁོ་ན་ཡིན། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པ་རྣམས་གསོ་བར་བྱད་པ་དག་མ་ཡིན་
ནམ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་གཙོ་བོར་བཤད་དེ། འདི་ལ་གནས་དང་ནི། བརྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམས་བཞིན། །གནས་ནི་དབང་པོ་དང་བཅས་པའི་ལུས་སོ། །དེ་རྒྱས་པར་བྱེད་པ་ནི་ཁམ་གྱི་ཟས་སོ། །བརྟེན་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྒྱས་པར་བྱེད་པ་ནི་རེག་པ་སྟེ། རེ་ཞིག་འདི་གཉིས་ནི་འདིར་སྐྱེས་པའི་སྲིད་པ་གསོ་བར་བྱ་བ་ལ་གཙོ་བོ་ཡིན་ནོ། །ཡིད་ལ་སེམས་པས་ནི་ཡང་སྲིད་པ་འཕེན་བར་བྱེད་དོ། །འཕངས་ཟིན་པ་ལས་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་འགྲུབ་པས་འདི་གཉིས་ནི་མ་སྐྱེས་པའི་སྲིད་པ་སྐྱེད་པ་ལ་གཙོ་བོ་ཡིན་ཏེ། དེའི་ཕྱིར་བཞིར་གསུངས་སོ། །ད་ནི་རྣམ་པར་ཤེས་པ་གང་ལ་གནས་ཏེ་འཆི་འཕོ་བ་དང༌། སྐྱེ་བར་འགྱུར་བ་འདི་བརྗོད་པར་བྱ་སྟེ། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བྱ་བ་སྨོས་ཏེ། དགེ་བའི་རྩ་བ་ཡང་དག་པར་ཆད་པ་དང༌། དེའི་ཉིང་མཚམས་སྦྱོར་བ་དང༌། ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང༌། ཡོངས་སུ་ཉམས་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཆོས་དྲུག་པོ་འདི་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་པར་འདོད་དོ། །ཚོར་བ་ལས་ཀྱང༌། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །འཆི་འཕོ་བ་དང་སྐྱེ་བ་ནི་བཏང་སྙོམས་ལས་འབྱུང་ངོ༌། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང༌། རྩེ་གཅིག་སེམས་མེད་དེ་ལ་མེད། །སྐལ་བ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་སེམས་རྩེ་གཅིག་པ་ལ་འཆི་འཕོ་བའམ་སྐྱེ་བ་མེད་དོ། །སེམས་མེད་པ་ལ་ཡང་མེད་དེ། སེམས་མེད་པ་ལ་གནོད་པར་མི་ནུས་པའི་ཕྱིར་རོ། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ་དགྲ་བཅོམ་པ་ནི། མྱ་ངན་འདས་ལུང་བསྟན་མིན་གཉིས། །སྤྱོད་ལམ་པའམ། རྣམ་པར་སྨིན་པའི་སེམས་ལས་ཏེ། །སེམས་འཆད་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །ཡང་འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་
འགག་ཅེ་ན། ཅིག་ཅར་འཆི་ན་ནི་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་མོད་ལ་འགག་པར་འགྱུར་རོ། །གལ་ཏེ་རིམ་གྱིས་འཆི་འཕོ་ན་ནི་དེའི་ཚེ། འོག་མིན་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང༌། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །ངན་སོང་དུ་འགྲོ་བ་རྣམས་ཀྱི་ཡིད་ནི་རྐང་པ་དག་ནས་འཆི་འཕོའོ། །མིར་འགྲོ་བ་དག་ནི་ལྟེ་བ་ནས་སོ། །ལྷར་འགྲོ་བ་རྣམས་ནི་སྙིང་གར་རོ། །མི་སྐྱེ་བ་ནི་དགྲ་བཅོམ་པ་དག་སྟེ། དེ་དག་གི་ཡང་ཐུགས་ཀར་རོ། །ཁ་ཅིག་ནི་དབུ་ནས་ཞེས་སོ། །གནད་གཅོད་པའི་ཚོར་བས་ཉེན་དེ་པེའི་སྲོག་ཆགས་རྣམས་ནི་དེ་ལྟར་རིམ་གྱིས་འཆི་བར་འགྱུར་རོ། །གནད་གཅོད་པ་ནི་ཆུ་སོགས་ཀྱིས། །དེ་ལྟར་འཆི་བ་ན་ཆུ་དང་མེ་དང༌། རླུང་གི་ཁམས་རྣམས་བད་ཀན་དང༌། མཁྲིས་པ་དང༌། རླུང་གི་རང་བཞིན་དག་གི་ཚོར་བ་མི་ཟད་པ་དག་གིས་གནད་གཅོད་པར་འགྱུར་རོ། །སེམས་ཅན་གྱི་འཇིག་རྟེན་གྱི་ཚོགས་པ་གསུམ་དུ་རྣམ་པར་གཞག་སྟེ། དེ་ལ། འཕགས་དང་མཚམས་མེད་བྱེད་པ་དང༌། །ཡང་དག་ལོག་པ་ཉིད་དུ་ངེས། །གང་དག་ལ་ཟག་པ་མེད་པའི་ལམ་སྐྱེས་པ་དེ་དག་འཕགས་པ་རྣམས་ཏེ། དེ་དག་མྱ་ངན་ལས་འདས་པར་ངེས་པའི་ཕྱིར་ཡང་དག་པར་ངེས་པའི་ཚོགས་པ་ལའོ། །གང་མཚམས་མེད་པ་བྱེད་པ་དེ་དག་ངན་སོང་དུ་ངེས་པའི་ཕྱིར་ལོག་པར་ངེས་པའི་ཚོགས་པ་ལའོ། །གཞན་དག་ནི་མ་ངེས་པའི་ཚོགས་པ་ལའོ་ཞེས་བྱ་བར་གྲུབ་བོ། །སེམས་ཅན་གྱི་འཇིག་རྟེན་བཤད་ཟིན་ནས། སྣོད་ཀྱི་འཇིག་རྟེན་བཤད་པར་བྱ་སྟེ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །འོག་ནས་ནམ་མཁའ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་ཏེ། དེའི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་མོ། །རྒྱར་ནི་གྲངས་མེད་དོ། །དེའི་སྟེང་ན། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང༌། །སྟོང་ཕྲག་དག་ནི་ཉི་ཤུའོ། །རླུང་གི་དཀྱིལ་འཁོར་དེར་སེམས་ཅན་རྣམས་ཀྱི་ལས་དག་གིས་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲིའོ། །ཆུ་དེ་དག་
ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་དག་གིས་མངོན་པར་དཀྲུགས་པ་ན་སྟེང་མ་གསེར་དུ་འགྱུར་རོ། །ཆུའི་དཀྱིལ་འཁོར་དེའི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ན་གསེར་དུ་གྱུར། །ལྷག་མ་གང་ཞིག་ཅེ་ན། འབུམ་ཕྲག་གསུམ་དང་ཉི་ཁྲིའོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་རྔམས་བཤད་ཟིན་ཏོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འདི་གཉིས་ཀ་རྒྱར་མཉམ་མོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཁོ་ར་ཁོར་ཡུག་ཏུ་བརྩི་བ་ནི་སུམ་འགྱུར་རོ། །དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང༌། །རྟ་རྣ་དང་ནི་རྣམ་འདུད་དང༌། །མུ་ཁྱུད་འཛིན་རིའོ། །འདི་ལྟར་རི་ཆེན་པོ་བརྒྱད་ནི་གསེར་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ཏེ། རི་རབ་ནི་དབུས་ནའོ། །ལྷག་མ་རྣམས་ཀྱིས་ནི་རི་རབ་ལ་བསྐོར་ཏེ་གནས་སོ། །གང་ཕྱིར་རི་མུ་ཁྱུད་འཛིན། དེ་ནས་ནི་གླིང་རྣམས་ཡིན་ནོ། །དེའི་ཕྱི་རོལ་ན་ནི་གླིང་བཞིའོ། །དེ་དག་གི་ཡང༌། ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །དེས་ནི་གླིང་བཞི་ཁོར་ཡུག་ཏུ་བསྐོར་བའོ། །དེ་དག་ལས། བདུན་ནི་གསེར་ཡིན་དེ་ལྕགས་སོ། །གཉའ་ཤིང་འཛིན་ལ་སོགས་པའི་རི་བདུན་ནི་གསེར་གྱིའོ། །ཁོར་ཡུག་ནི་ལྕགས་སོ། །ལྷུན་པོ་རིན་ཆེན་བཞི་ཡི་རང་བཞིན་ཅན། །གསེར་དང༌། དངུལ་དང༌། བཻཌཱུཪྻ་དང༌། ཤེལ་གྱི་རང་བཞིན་ནོ། །རི་དེ་དག་ཀྱང༌། ཆུ་ཡི་ནང་དུ་བརྒྱད་ཁྲི་དག་ནུབ་བོ། །གསེར་གྱི་ས་གཞིའི་སྟེང་དུ་ཆུ་དཔག་ཚད་བརྒྱད་ཁྲི་ཡོད་པ་དེར་ནུབ་བོ། །ཆུའི་སྟེང་དུ་ཡང༌། དཔག་ཚད་དག་ནི་བརྒྱད་ཁྲིའོ། །དེ་ལྟར་ན་རི་རབ་ནི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི།། རི་རབ་ཆུའི་སྟེང་དུ་ཇི་ཙམ་འཕགས་པ་དེའི་ཕྱེད་ནི་གཉའ་ཤིང་འཛིན་ཡིན་ཏེ། དེ་བཞིན་དུ་ལྷག་མ་རྣམས་སོ། །དེ་དག་རྔམས་སུའང་འཕང་དང་མཉམ། །ད་དག་ཆུ་ལས་གྱེན་དུ་འཕགས་པ་རྔམས་སུ་ཡང་དེ་ཙམ་སྟེ། རྒྱ་ཆེར་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་བར་བདུན་རོལ་མཚོ་ཡིན། མུ་ཁྱུད་
འཛིན་ལ་ཐུག་པའི་རི་དེ་དག་གི་བར་བདུན་ནི་རོལ་མཚོ་བདུན་ཞེས་བྱའོ། །ཡང་དེ་དག་ལས། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །རྒྱར་རོ་དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །གཉའ་ཤིང་འཛིན་གྱི་འགྲམ་གཅིག་ནས་བརྩིས་ན་དཔག་ཚད་ཉིས་འབུམ་བཞི་ཁྲིའོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དབྲི། །དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ་ཞེས་བྱ་བའི་བར་དུ་རོལ་མཚོ་བདུན་ནོ། །དེ་དག་གི་སྲིད་དུ་ནི་ཧ་ཅང་འབྱམ་ཀླས་པའི་ཕྱིར་མ་བགྲངས་སོ། །ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་ལྷག་མ་དེ་ནི་ཕྱིའི་རྒྱ་མཚོ་ཆེན་པོའོ། །ཁ་ཆོན་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། ཉི་ཤུ་གཉིས་སོ། །དེ་རི་རབ་ཀྱི་ངོས་བཞིར་གླིང་བཞི་སྟེ། དེ་ལ་ནི། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་པོ་ཤིང་རྟའི་དབྱིབས། །དེའི་ངོས་གསུམ་ནི་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་ལ་དབྱིབས་ནི་ཤིང་རྟ་དང་འདྲའོ། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །དེའི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞིའོ། །ཤར་གྱི་ལུས་འཕགས་ཟླ་ཁམ་འདྲ། །ཤར་གྱི་ལུས་འཕགས་ཀྱི་གླིང་ནི་ཟླ་ཁམ་གྱི་དབྱིབས་སོ། །རྒྱར་ནི། ངོས་གསུམ་འདི་དང་འདྲ། །ཇི་ལྟར་འཛམ་བུའི་གླིང་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་བཞིན་ནོ། །གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ངོས་བཞི་པ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། སྟོང་ཕྲག་བྱེད་དང་བརྒྱད་ཡིན་ནོ། །དེ་དབུས་སྟོང་ཕྲག་ཕྱེད་དང་གསུམ་མོ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །ཡང་དེ་དག་གི་བར་བར་ན་གླིང་རྣམས་མངོན་པར་གྲུབ་པ་དེ་དག་ནི་གང༌། དུ་ཞིག་ནི་ཡོད་ཅེ་ན། དེ་ཡི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །དེ་ལ་ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་འཁོར་ཡིན་ནོ། །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ནི་བྱང་སྒྲ་མི་སྙན་གྱིའོ། །གཡོ་ལྡན་དང་ལམ་མཆོག་འགྲོ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱིའོ། །རྔ་ཡབ་དང་རྔ་ཡབ་གཞན་ནི་འཛམ་བུའི་གླིང་གིའོ། །
འདི་ནས་བྱང་དུ་རི་ནག་པོ་དགུ་འདས་གངས་རིའོ། །འཛམ་བུའི་གླིང་འདི་ནས་བྱང་ཕྱོགས་སུ་དི་ནག་པོ་གསུམ་ཡོད་དོ། །དེ་དག་འདས་ནས་གཞན་གསུམ་ཡོད་དོ། །ཡང་གསུམ་ཡོད་དོ། །དེའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི། སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །གངས་རི་དེའི་ཕ་རོལ་རི་སྤོས་ཀྱི་དད་ལྡང་བའི་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་པ། ཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་དོ། །ཡང་དམྱལ་བ་རྣམས་ཕྱོགས་ནི་གང་རོལ་ན་ཚད་ཇི་ཙམ་ཞེ་ན། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །འཛམ་བུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་ཉི་ཁྲི་རྔམས་དང་རྒྱར་ནི་དེ་ཙམ་མོ། །སྡུག་བསྔལ་ལ་བར་ཆད་མེད་པས་ན་མནར་མེད་པའོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །རབ་ཏུ་ཚ་བ་དང༌། ཚ་བ་དང༌། ངུ་འབོད་ཆེན་པོ་དང༌། ངུ་འབོད་དང༌། བསྡུས་འཇོམས་དང༌། ཐིག་ནག་དང༌། ཡང་སོས་དག་གོ །དེ་དག་ཀྱང༌། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །ལྷག་པ་བཅུ་དྲུག་གང་ཞེ་ན། །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་དང༌། །སྤུ་གྲིའི་ལམ་སོགས་ཆུ་བོ་བཞི། །དེ་དག་གི་སྒོ་རེ་རེ་ན་ལྷག་པ་བཞི་བཞི་ཡོད་དོ། །མེ་མ་མུར་པུས་མོ་ནུབ་ཙམ་གང་དུ་སེམས་ཅན་དེ་དག་གི་རྐང་པ་བཞག་ན་ནི་པགས་པ་དང་ཤ་ཁྲག་ཞིག་པར་འགྱུར་ལ། རྐང་པ་བཏེག་ན་ནི་དེ་དག་སླར་སྐྱེ་བ་དང༌། རོ་མྱགས་མི་གཙང་བའི་འདམ་རྫབ་གང་དུ་འབུ་མཆུ་རྣོན་ཞེས་བྱ་བ་ལུས་ཐམས་ཅད་དཀར་ཞིང་མགོ་གནག་པ་རུས་པའི་བར་དུ་འབིགས་པར་བྱེད་པ་དང༌། སྤུ་གྲི་ལམ་སོགས་ནི་སྤུ་གྲི་གཏམས་པའི་ལམ་ཆེན་པོ་དང༌། རལ་གྲི་ལོ་མའི་ནགས་ཚལ་དང༌། །ཁྱི་སྲེ་བོ་དང༌། ལྕགས་ཀྱི་ཤལ་མ་ལིའི་ནགས་ཚལ་དང༌། ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་སོ། །སྤུ་གྲིའི་ལམ་ལ་སོགས་པ་དེ་དག་ནི་མཚོན་ཆ་མངོན་པར་འདྲ་བའི་ཕྱིར་གཅིག་ཏུ་དྲིལ་ནས་གསུངས་སོ། །ལྷག་པ་བཞི་པ་ནི་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་སྟེ། གནོད་པ་ལྷག་པའི་གནས་ཡིན་པའི་ཕྱིར་བཞི་པོ་དེ་དག་ལྷག་པ་སྟེ། སྒོའི་དབྱེ་
བས་བཅུ་དྲུག་ཏུ་འགྱུར་རོ། །རེ་ཞིག་དེ་དག་ནི་ཚ་བའི་དམྱལ་བ་བརྒྱད་ཡིན་ནོ། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །འདི་ལྟ་སྟེ། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་དང༌། སོ་ཐམ་ཐམ་པ་དང༌། ཨ་ཆུ་དང༌། ཀྱི་ཧུད་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་ཆེར་གས་པའོ། །མིང་འདི་རྣམས་ནི་སེམས་ཅན་གྲང་བ་མི་བཟད་པས་ཉེན་པ་དེ་དག་གི་ལུས་དང་སྒྲ་འགྱུར་བ་དང་མཐུན་པ་དག་ཡིན་ནོ། །ཉི་མ་དང་ཟླ་བ་འདི་ནས་ཐག་ཇི་སྲིད་ཅེ་ན། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །རི་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པར་རྒྱུའོ། །ཚད་ཀྱང༌། དཔག་ཚད་ལྔ་བཅུ་གཅིག་དང་བཅས། །རིམ་པ་བཞིན་དུའོ། །གླིང་བཞི་པོ་དག་ཏུ་ཉི་མས་ཅིག་ཅར་བྱ་བ་བྱེད་དམ་ཞེ་ན། མ་ཡིན་ཏེ། འོན་ཀྱང༌། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །གང་གི་ཚེ་བྱང་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ཤར་ལུས་འཕགས་སུ་ཉི་མ་ནུབ་བོ། །འཛམ་བུའི་གླིང་དུ་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་ཉི་མ་ཤར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཉི་མ་འགྲོ་བའི་བྱེ་བྲག་ལས་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་དུ་འགྱུར་ཏེ། དེ་ལ་ཡང༌། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཆོས་དགུ་ནས་མཚན་རིང༌། །དབྱར་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ། །དགུན་ཟླ་ཐ་ཆུངས་ཀྱི་ཕྱོགས་གཉིས་པའི་ཚེས་དགུ་ནས་སོ། །ཉིན་མོ་བཟློག །གང་གི་ཚེ་ཉིན་མོ་རིང་བ་དེའི་ཚེ་མཚན་མོ་ཐུང་བར་འགྱུར་རོ། །ཇི་ཙམ་ཞིག་གིས་རིང་བར་འགྱུར་ཞེ་ན། ཉིན་མཚན་རིང་བ་ཐང་གཅིག་གོ །དེ་དག་ཀྱང་གོ་རིམས་བཞིན་དུ། ཉི་མ་ལྷོ་བྱང་འགྲོ་བའི་ཚེའོ། །དཀར་པོའི་ཕྱོགས་ཀྱི་དང་པོ་ཟླ་བའི་དཀྱིལ་འཁོར་མ་རངས་པར་སྣང་བ་དེ་ལ་རྒྱུ་ཅི་ཞེ་ན། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་བསྒྲིབས་པར་སྣང༌། །གང་གི་ཚེ་ཟླ་བའི་གཞལ་མེད་ཁང་ཉི་མའི་གཞལ་མེད་ཁང་དང་ཉེ་བར་རྒྱུ་བ་དེའི་ཚེ་ཉི་མའི་འོད་དེ་གཞལ་མེད་ཁང་ལ་འབབ་སྟེ། དེས་ན་དེའི་ཕ་རོལ་གྱི་ངོས་སུ་གྲིབ་མ་འབབ་པས་ཟླ་བའི་དཀྱིལ་འཁོར་མ་རངས་
པར་སྣང་ངོ་ལོ། །ཡང་ཉི་མ་དང་ཟླ་བ་དང་སྐར་མ་དག་གི་ལྷ་རྣམས་ལྷའི་རིས་གང་དུ་ཞེ་ན། རྒྱལ་པོ་ཆེན་པོ་རྣམས་སུའོ། །ཅི་དེ་དག་གི་གནས་འདི་ཙམ་ཁོ་ནའམ་ཞེ་ན། མ་ཡིན་ཏེ། འོན་ཀྱང་ལྷུན་པོའི་བང་རིམ་དག་ཀྱང་ངོ༌། །འདི་ལ་བང་རིམ་ནི་དུ་ཞིག། ཐག་སྲིད་ཅེ་ན། འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཐག་ནི་སྟོང་ཕྲག་བཅུ། །དཔག་ཚད་ཁྲིའི་ལྷག་ན་གཅིག་ཡོད་དེ། །བཞི་པོའི་བར་དུ་ཡང་དེ་དང་འདྲའོ། །དེ་དག་ཀྱང་དེ་ལས་གྲངས་བཞིན་དུ་སྟེ། སྟོང་ཕྲག་དག་ནི་བཅུ་དྲུག་དང༌། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དང་པོ་ནི་རི་རབ་ལས་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས་སོ། །གཉིས་པ་ནི་བརྒྱད་དོ། །གསུམ་པ་ནི་བཞིའོ། །བཞི་པ་ནི་གཉིས་སོ། །དེ་ལ་ལག་ན་གཞོང་ཐོགས་དང༌། །ཕྲེང་ཐོགས་དང་ནི་རྟག་མྱོས་དང༌། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །འདི་དག་ལ་གྲངས་བཞིན་དུ་གཞོང་ཐོགས་ལ་སོགས་པ་རྣམས་གནས་ཏེ། རི་ནི་བདུན་པོ་དག་ལ་ཡང༌། །གཉའ་ཤིང་འཛིན་ལ་སོགས་པར་ཡང་དེ་དག་གི་གྲོང་དང་གྲོང་རྡལ་དག་གོ །ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །ཡང་ལྷུན་པོའི་རྩེ་མོ་ཇི་ཙམ་ཞེ་ན། དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ངོས་རེ་རེ་ལ་བརྒྱད་ཁྲི་བརྒྱད་ཁྲིའོ། །ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། རི་རབ་ཀྱི་རྩེ་མོའི་མཚམས་ནི་གྲྭ་བཞི་སྟེ། དེ་དག་ལས་དཔག་ཚད་ལྔ་བརྒྱའི་ཚད་ཙམ་གྱིས་བརྩེགས་པ་བཞི་ལ་གྱེན་དུ་འཕགས་ཏེ། དེ་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་གནས་སོ། །རི་རབ་དེའི་སྟེང་གི་དབུས་ན། གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་བཞི་བཀྲ་མཉེན་པ་ཡོད། །ངོས་རེ་རེ་ཞིང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ་དེ་ནི་རྒྱལ་པོའི་ཕོ་བྲང་ངོ༌། །དེ་ནི་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །གྲོང་ཁྱེར་གྱི་དབུས་ན་རྣམ་པར་རྒྱལ་བྱེད་ཅེས་བྱ་བའི་ཁང་བཟངས་དོས་དང་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་
བཅུ་པ་ཞིག་ཡོད་དོ། །རེ་ཞིག་འདི་ནི་གྲོང་གི་མངོན་པར་དགའ་བ་ཡིན་ནོ། །ཕྱི་རོལ་ཤིང་རྟ་སྣ་ཚོགས་དང༌། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །ངོས་བཞིའི་ཚལ་བཞི་ནི་ལྷ་རྣམས་ཀྱིའོ། །དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ནས་གཞི་བཟང༌། སྐྱེད་མོས་ཚལ་དེ་དག་གི་ཕྱོགས་བཞིའི་དཔག་ཚད་ཉི་ཤུ་བཅད་པ་ན་ས་གཞི་བཟང་པོའོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ངོས་ཉིད་དུ། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ༌། །ཤིང་ས་བརྟོལ་ཡོངས་འདུ་ཞེས་བྱ་བ་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་གཅིག་ཡོད་དོ། །གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང༌། བྱ་བ་མ་ཡིན་པ་འགྲོ་བར་བྱེད་པ་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དོ། །རེ་ཞིག་དེ་ནི་ས་དང་འབྲེལ་པའི་ལྷ་རྣམས་ཀྱི་སྣོད་ཀྱི་གནས་པ་ཡིན་ནོ། །དེ་སྟེང་ལྷ་རྣམས་གཞལ་མེད་ཁང༌།། གང་དག་གི་སྣོད་མངོན་པ་ནི་མདོར་བསྡུ་ན། །འདོད་པ་སྤྱོད་པ་དྲུག་ཡིན་ནོ། །དྲུག་པོ་ཁོ་ན་འདོད་པ་དག་ལ་སྤྱོད་ཀྱི་ལྷག་མ་རྣམས་ནི་མ་ཡིན་ནོ། །དེ་དག་ཀྱང༌། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །དགོད་དང་ལྟ་བས་འཁྲིག་པ་ཡིན། །ས་དང་འབྲེལ་བར་གནས་པ་རྒྱལ་ཆེན་བཞི་དང༌། སུམ་ཅུ་རྩ་གསུམ་པ་རྣམས་ནི་མི་རྣམས་ཇི་ལྟ་བ་བཞིན་དུ་གཉིས་ཀྱིས་འཁྲིག་གོ །དེ་དག་ལ་ཡང་རླུང་བཏང་བས་ཡོངས་སུ་གདུང་བ་དང་འབྲལ་ལོ། །ལྷག་མ་རྣམས་ནི་འཁྱུད་པ་ལ་སོགས་པ་གྲངས་བཞིན་དུའོ། །ལྷའམ་ལྷ་མོ་གང་གི་པང་དུ་ལྷ་གཞོན་ནུའམ་ལྷའི་བུ་མོ་སྐྱེ་བར་འགྱུར་བ་དེ་ནི་གཉིས་ཀྱི་བུ་ཡང་ཡིན་ལ། ངུ་མོ་ཡང་ཡིན་ནོ། །བོང་ཚོད་ཇི་ཙམ་དུ་སྐྱེ་ཞེ་ན། བྱིས་པ་ལོ་ལྔ་ལོན་པ་ནས། ལོ་བཅུ་ལོན་པ་ལྟ་བུའི་བར་དེ་དག་ཏུ་སྐྱེ། ལྷའི་རིས་དེ་དག་ཏུ་གྲངས་བཞིན་དུའོ། །གཟུགས་ཅན་རྣམས། ཀུན་རྫོགས་གོས་དང་བཅས་པ་ཉིད། །དེ་ལ། འདོད་པའི་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །འདོད་པའི་ཁམས་སུ་རིག་པར་བྱ་སྟེ། དེ་ལ་འདོད་པའི་ཉེ་བར་གནས་པ་རྣམས་ནི་མི་དང་ལྷའི་རིས་བཞི་རྣམས་སོ། །འདོད་པ་རང་གིས་སྤྲུལ་པ་ནི་
འཕྲུལ་དགའ་བ་དག་གོ །འདོད་པ་གཞན་གྱིས་སྤྲུལ་པ་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །གཟུགས་ཀྱི་ཁམས་ན་ནི་བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལས་ས་དགུ་ཡིན། །ལྷ་དེ་དག་ནི་དབེན་པ་ལས་སྐྱེས་པའི་བདེ་བ་དང༌། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང༌། དགའ་བ་མེད་པའི་བདེ་བར་གནས་པ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བདེ་བ་སྐྱེ་བ་དག་གོ །ལྷའི་རིས་འདི་དག་གི་གནས་ནི། །གནས་ནས་གནས་འོག་ཇི་སྲིད་པར། །དེ་ནས་དེའི་གོང་དེ་སྲིད། །འདི་ལྟ་སྟེ། འདི་ནས་དཔག་ཚད་བཞི་ཁྲི་ན་རྒྱལ་པོ་ཆེན་པོ་བཞིའི་གནས་སོ། །ཇི་སྲིད་དེ་དག་གི་བར་དེ་སྲིད་དུ་དེ་ནས་སྟེང་དུ་ནི་སུམ་ཅུ་རྩ་གསུམ་མོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་ནས་འོག་ཏུ་འཛམ་བུའི་གླིང་ཇི་སྲིད་པར་གོང་མ་འཐབ་བྲལ་བ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ་ཞེས་རྒྱས་པར་དྲང་བར་བྱའོ། །ཡང་ཅི་གནས་འོག་མར་སྐྱེས་པ་རྣམས་གོད་མའི་གཞལ་མེད་ཁང་དུ་དོང་ནས་མཐོང་བར་འགྱུར་རམ་ཞེ་ན། རྫུ་འཕྲུལ་གཞན་རྟེན་མ་གཏོགས་པར། །དེ་དག་གོང་མ་མཐོང་བ་མེད། །རྫུ་འཕྲུལ་གྱིས་སམ། གཞན་ལ་བརྟེན་ནས་ཏེ་རྫུ་འཕྲུལ་དང་ལྡན་པའམ། །དེ་ན་གནས་པའི་ལྷས་ཁྲིད་པར་གྱུར་ན་སུམ་ཅུ་རྩ་གསུམ་པ་རྣམས་འཐབ་བྲལ་བའི་ནང་དུ་འགྲོ་བར་འགྱུར་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །ཡང་འཐབ་བྲལ་བ་ལ་སོགས་པའི་གཞལ་མེད་ཁང་བཞིའི་ཚད་ནི་རི་རབ་གྱི་རྩེ་མོ་ཇི་ཙམ་ཡོད་པ་དེ་ཙམ་མོ། །གཞན་དག་ན་རེ་གོང་མ་ཉིས་འགྱུར་རོ་ཞེས་ཟེར་རོ། །བསམ་གཏན་དང་པོ་ནི་གླིང་བཞི་པ་ཙམ་མོ། །བསམ་གཏན་གཉིས་པ་དག་གསུམ་པ་དང༌། བཞི་པ་ནི་སྟོང་ཆུང་ངུའི་དང༌། སྟོང་གཉིས་པ་དང༌། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡང་སྟོང་ཆུང་ངུ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་དེ་དག་གང་ཞེ་ན། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །འཛམ་བུའི་གླིང་ནས་ཚངས་པའི་འཇིག་རྟེན་གྱི་བར་སྟོང་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་ནི་
སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །འདི་ཐམས་ཅད་ཀྱང་མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། མཉམ་དུ་འབྱུང་བ་ཞེས་བྱ་བ་ནི་འོག་ཏུ་བཤད་པར་བྱའོ། །དེ་ལ་ཡང་དེ་ན་སེམས་ཅན་རྣམས་ཀྱི་ཡོང་སྣོད་བཞིན་དུ་ཚད་ཀྱི་བྱེ་བྲག་ཡོད་པས་བརྗོད་དེ། འཛམ་བུའི་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་སྐྱེད། །དེ་དག་ཀྱང་ཁྲུ་བརྒྱད་དང༌། བཅུ་དྲུག་དང༌། སུམ་ཅུ་རྩ་གཉིས་པ་དག་རིམ་པ་བཞིན་དུའོ། །འདོད་དང་ལྡན་པ་ལྷ་ཡི་ལུས། །བཞི་ཚ་ནས་ནི་རྒྱང་གྲག་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །རྒྱང་གྲག་བཞི་ཆ་གཅིག་ནི་དང་པོའི་ཡིན་ཏེ། ཕྱི་མ་རྣམས་ཀྱི་ནི་ཕྱེད་དང་གཉིས་ཀྱི་བར་རོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །བསམ་གཏན་དང་པོའི་ལུས་ནི་དཔག་ཚད་ཕྱེད་ཙམ་མོ། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །གནས་གསུམ་དག་ནས་འོད་ཆུང་རྣམས་ཀྱི་ནི་དཔག་ཚད་གཉིས་ཀྱི་བར་རོ། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་བསྐྱེད། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །དགེ་རྒྱས་པ་རྣམས་ཀྱི་ནི་དྲུག་ཅུ་རྩ་བཞི་ཡིན་པའི་བར་དུའོ། །སྤྲིན་མེད་རྣམས་ཀྱི་ནི་ཉིས་འགྱུར་དུ་བསྒྱུར་ཏེ། དེ་ནས་དཔག་ཚད་གསུམ་ཕྲི་ན་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་ཡན་ཆད་ཀྱང་ཉིས་འགྱུར་ཉིས་འགྱུར་རོ། །ལུས་དག་གི་བཤད་ནས་ཚེའི་བརྗོད་དོ། །སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །བ་ལང་སྤྱོད་པ་རྣམས་ཀྱི་ནི་ལོ་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་རྣམས་ཀྱི་ནི་ཉིས་བརྒྱ་ལྔ་བཅུའོ། །འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །བསྐལ་པ་དང་པོ་པ་རྣམས་ཀྱི་སྟོང་ལ་སོགས་པར་བགྲང་བར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ། །མི་རྣམས་ཀྱི་བཤད་ནས་ལྷ་རྣམས་ཀྱི་བརྗོད་པར་བྱ་སྟེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་
གཉིས་ཀ་ཉིས་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་ལས་བརྩམས་ཏེ། ཉིན་ཞག་ཀྱང་ཉིས་འགྱུར་ཡིན་ལ་ཚེ་ཡང་ཉིས་འགྱུར་རོ། །འདོད་པ་དང་ལྡན་པ་རྣམས་ཀྱི་ཚེའི་ཚད་བཤད་ཟིན་ཏོ། །གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་སྐལ་བ་ཡིས། །གང་དག་གི་ལུས་དཔག་ཚད་ཇི་སྙེད་པ་དེ་དག་གི་ཚེ་ཡང་བསྐལ་བ་དེ་སྙེད་དོ། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །གཟུགས་མེད་པ་རྣམས་ཀྱི་ནི་དང་པོ་བསྐལ་པ་ཉི་ཁྲི་ནས་སྲིད་པའི་རྩེ་མོ་ན་བརྒྱད་ཁྲིའི་བར་རོ། །ཡང་འདིར་བསྐལ་པ་ཆེན་པོ་གང་སྟེ། འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །བསམ་གཏན་དང་པོའི་ས་པ་རྣམས་ཀྱི་ནི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་བརྗོད་པར་བྱའོ། །བདེ་འགྲོའི་ཚེ་ཚད་བཤད་ཟིན་ཏོ། །ངན་འགྲོའི་བརྗོད་པ། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །འདོད་པ་ན་སྤྱོད་པའི་ལྷ་རིས་དྲུག་པོ་དེ་དག་གི་ཚེ་ཇི་ཙམ་བཤད་པ་དེ་དང་གོ་རིམས་བཞིན་དུ་ཡང་སོས་ལ་སོགས་པ་དྲུག་གི་ཉིན་ཞག་དང་མཉམ་པའོ། །དེས་ན་དེ་དག་རྣམས་ཀྱི་ཚེ།། འདོད་པའི་ལྷ་དང་འདྲ་བ་ཡིན། །རང་གི་ཉིན་ཞག་གི་ལོ་ལྔ་བརྒྱ་ཡང་སོས་ཀྱི་ནས་ཚ་བའི་ཚེ་ལོ་ཁྲི་དྲུག་སྟོང་ཡིན་པའི་བར་དུའོ། །རབ་ཏུ་ཚ་ཕྱེད། རབ་ཏུ་ཚ་བ་ན་ནི་ཚེའི་ཚད་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་ནི། བར་གྱི་བསྐལ་པའོ། །དུད་འགྲོ་རྣམས་ཀྱི་ནི་ངེས་པ་མེད་དེ། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཡི་དགས་རྣམས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱའོ། །མི་རྣམས་ཀྱི་ཟླ་བ་ནི་ཡི་དགས་ཀྱི་ཉིན་ཞག་གཅིག་སྟེ། དེས་ན་ཚེ་ལོ་ལྔ་བརྒྱའོ། །ཡང་གྲང་བའི་དམྱལ་བ་ལ། ཏིལ་སྤྱད་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་བསྒྱུར། །དེ་དག་གི་ཚེའི་ཚད་ནི་དཔེ་ཙམ་གྱིས་གསུངས་ཏེ། མ་ག་དྷཱའི་ཏིལ་གྱིས་སྦྱང་བ་ཁལ་བརྒྱད་ཅུ་པ་ནས་ལོ་བརྒྱ་འདས་ཞིང་ཏིལ་རེ་རེ་བོར་ན། དེ་ཟད་པ་དང་མཉམ་པ་ནི་ཆུ་བུར་
ཅན་གྱི་ཚེའོ། །དེའི་འོག་མ་གཞན་དག་གི་ནི་ཉི་ཤུར་བསྒྱུར་རོ། །དེ་ལྟར་ཚེ་དང་ལྡན་པའི་སེམས་ཅན་དེ་དག་ཚེ་ཡོངས་སུ་མ་རྫོགས་པར་བར་མ་དོར་འཆི་བ་ཡོད་དམ། འོན་ཏེ་མེད་ཅེ་ན། ཐམས་ཅད་ལ་ཡོད་དེ། སྒྲ་མི་སྙན་མ་གཏོགས་པར་འཆི། །སྒྲ་མི་སྙན་པ་ཁོ་ནའི་སེམས་ཅན་རྣམས་ཚེ་ངེས་པ་ཡིན་ཏེ། གཞན་དག་ནི་མ་ཡིན་ནོ། །དཔག་ཚད་དང་ལོ་ལ་སོགས་པའི་གྲངས་ཀྱིས་ལུས་དང་ཚེ་ལ་སོགས་པ་བཤད་ཟིན་ནས། ཡང་ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་མིང་ཡིན་པས་དེ་རབ་ཏུ་སྟོན་པའི་དོན་དུ་དང་པོའི་རིམ་བ་བརྩམ་མོ། །གཟུགས་མིན་དུས་མཐའ་རྡུལ་ཡིག་དག །སྐད་ཅིག །གཟུགས་ཀྱི་མཐའ་ནི་རྔུལ་ཕྲ་རབ་ཡིན་ནོ། །མིང་གི་ནི་ཡི་གེའོ། །དུས་ཀྱི་ནི་སྐད་ཅིག་གོ །དེ་ལ་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་རྡུལ་ཕྲན་ལ་སོགས་བདུན་འགྱུར་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ནས། ནས་བདུན་ལ་སོར་ཚིགས་ཀྱི་བར་རོ། །ངོས་སུ་བྱས་ནས་ནི། སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །འདོམ་གང་ངོ་ཞེས་བྱ་བའི་ཐི་ཆག་གོ །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་བྱ་བར་གསུངས་སོ། །དཔག་ཚད་ཀྱི་ཚད་བཤད་ཟིན་ཏོ། །ད་ནི་ལོའི་བརྗོད་པར་བྱ་སྟེ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་ཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་བསྒྱུར། །ཞག་མི་ཐུབ་པ་དང་བཅས་པའི། །ཟླ་བ་བཅུ་གཉིས་ལ་ལོག་གཅིག །ལོ་ལ་ཞག་གི་ཤོལ་དྲུག་འདོར་ཏེ། འདི་ལྟ་སྟེ། དགུན་དང་དབྱར་དང་དཔྱིད་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ལོའི་ཚད་བཤད་ཟིན་ཏོ། །བསྐལ་པ་རྣམ་པ་མང་བཤད་པ། །འདི་ལྟ་སྟེ། འཇིག་པའི་
བསྐལ་པ་དང༌། འཆགས་པའི་བསྐལ་པ་དང༌། བར་གྱི་བསྐལ་བ་དང༌། བསྐལ་པ་ཆེན་པོའོ། །དེ་ལ། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པའོ། །དམྱལ་བ་དག་ན་སེམས་ཅན་མི་སྲིད་པ་ནས་བཟུང་སྟེ། །སྣོད་ཟད་པའི་བར་འདི་ནི་འཇིག་པའི་བསྐལ་པའོ། །འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བ་སྲིད་པའི་བར་དུའོ། །དང་པོ་ནི་རླུང་ནས་བཟུང་སྟེ་དམྱལ་བ་དག་ན་སེམས་ཅན་སྲིད་པའི་བར་གྱི་དུས་འདི་ནི་འཆགས་པའི་བསྐལ་པའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །འཇིག་རྟེན་འཆགས་པ་ན་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ལ་བར་གྱི་བསྐལ་པ་བཅུ་དགུ་འདའ་བར་འགྱུར་རོ། །ཚེ་དཔག་ཏུ་མེད་པ་ནས་འགྲིབ་པ་ནས་ཚེ་ལོ་བཅུ་པའི་བར་དུ་འགྱུར་ཏེ། །འདི་ནི་དང་པོའི་བསྐལ་པ་བར་མའོ། །དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང༌། །ཚེ་ལོ་བཅུ་པ་དེ་དག་ལས་ཡར་སྐྱེ་བར་འགྱུར་བ་ན་རིམ་གྱིས་ཚེ་ལོ་བརྒྱད་ཁྲི་པར་འགྱུར་བ་ལ་ཡང་མར་འབྲི་བའི་ཚེ་ལོ་བཅུ་པར་འགྱུར་བ་འདི་ནི་བར་གྱི་བསྐལ་པ་གཉིས་པ་ཡིན་ཏེ། དེ་ལྟ་བུ་བཅོ་བརྒྱད་ཀྱི་བར་དང། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །བར་གྱི་བསྐལ་པ་གཅིག་ནི་ཉི་ཤུ་པའོ། །ཡང་ཡར་སྐྱེ་བ་དེ་དག་ཇི་ཙམ་དུ་ཡར་སྐྱེ་བར་འགྱུར་ཞེ་ན། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །དེ་ལས་ཡར་ནི་མི་སྐྱེའོ། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །དེ་ལྟར་བར་གྱི་བསྐལ་པའི་ཚུལ་འདིས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་སོ། །དུས་དེ་སྲིད་ཁོ་ནར། འཆགས་པ་དང་ནི་འཇིག་པ་དང༌། །ཞིག་ནས་འདུག་པ་དག་མཉམ་མོ། །བར་གྱི་བསྐལ་པ་ཉི་ཤུ་ཁོ་ནར་འཆགས་སོ། །ཉི་ཤུར་འཇིག་གོ །ཉི་ཤུར་ཞིག་ནས་འདུག་གོ །བར་གྱི་བསྐལ་པ་ཉི་ཤུ་ཕྲག་བཞི་པོ་དེ་དག་ནི་བརྒྱད་ཅུར་འགྱུར་ཏེ། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་གང་གསུངས་པའི་བསྐལ་པ་དེ་དག་གང་ཞེ་ན། བསྐལ་པ་ཆེན་པོར་བཤད་
པ་གང་ཡིན་པ། དེ་གྲངས་མེད་པ་གསུམ་ལ་སངས་རྒྱས་འབྱུང་ངོ༌། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་འཐོབ་ཀྱང་ཅི་སངས་རྒྱས་ཡར་སྐྱེ་བའི་ཚེ་འབྱུང་ངམ། འོན་ཏེ་མར་འབྲི་བའི་ཚེ་འབྱུང་ཞེ་ན། མར་ནི་འགྲིབ་པ་ཡི། བརྒྱ་ཡ་བར་ལ་དེ་དག་འབྱུང༌། །ཡར་སྐྱེ་བའི་ཚེ་སེམས་ཅན་རྣམས་སྐྱོ་བར་དཀའ་བའི་ཕྱིར་རོ། །བརྒྱ་བས་མར་འགྲིབ་པའི་ཚེ་ཡང་སྙིགས་མ་ལྔ་ཤིན་ཏུ་ལྷག་པས་སོ། །ཡང་རང་སངས་རྒྱས་རྣམས་དུས་གང་དུ་འབྱུང་ཞེ་ན། རང་སངས་རྒྱས་རྣམས་གཉིས་ཀ་ལ། །ཡང་ཡར་སྐྱེ་བ་དང་མར་འགྲིབ་པ་ནའོ། །དེ་ལ་ཡང༌། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྤྱོད་པ་རྣམས་དང༌། བསེ་རུ་ལྟ་བུ་རྣམས་སོ། །དེ་དག་གི་ཕྱི་མ་ནི་བསྐལ་བ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་དག་ལ་སྤྱད་པས་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའོ། །ཡང་འཁོར་ལོས་སྒྱུར་བ་རྣམས་ནམ་འབྱུང་ཞེ་ན། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་འབྱུང་སྟེ། འོག་ཏུ་ནི་མ་ཡིན་ནོ། །དེ་དག་ནི་རྒྱལ་སྲིད་འཁོར་ལོས་སྒྱུར་བའི་ངང་ཚུལ་ཅན་ཡིན་པས་འཁོར་ལོས་སྒྱུར་བ་རྣམས་སོ། །དེ་དག་ཀྱང་རྣམ་པ་བཞི་སྟེ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམ་བཞིན། །གང་ལ་ལྕགས་ཀྱི་འཁོར་ལོ་ཡོད་པ་དེ་ནི་གླིང་གཅིག་ལ་དབང་བྱེད་པ་ནས་གང་ལ་གསེར་གྱི་འཁོར་ལོ་ཡོད་པ་དེ་ནི་གླིང་བཞི་ལ་དབང་བྱེད་པའི་བར་རོ། །འཁོར་ལོས་སྒྱུར་བ་དེ་དག་ནི་འདི་ལྟར་འབྱུང་སྟེ། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །དེ་ལ་འགའ་ཞིག་ན་རེ་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་གཉིས་མི་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཐམས་ཅད་དུ་མི་འབྱུང་ཞེས་འཛེར་ཏོ། །ཡང་འཁོར་ལོས་སྒྱུར་བ་དག་ས་ལས་རྒྱལ་བར་བྱེད་པ་ན་ཇི་ལྟར་རྒྱལ་བར་བྱེད་ཅེ་ན། གོ་རིམས་བཞིན་དུ། ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ། གང་ལ་གསེར་གྱི་
འཁོར་ལོ་ཡོད་པ་དེ་ལ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་རང་རེས་པས་བསུ་བར་བྱེད་དོ། །གང་ལ་དངུལ་གྱི་འཁོར་ལོ་ཡོད་པ་དེ་ནི་བདག་ཉིད་དེ་དག་གི་ཐད་དུ་འགྲོ་སྟེ་ཕྱིས་འདུད་དོ། །གང་ལ་ཟངས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེར་སོང་ནས་གཡུལ་ཤམ་པར་བྱེད་དོ། །གང་ལ་ལྕགས་ཀྱི་འཁོར་ལོ་ཡོད་པ་དེ་ནི་དེ་དག་གི་ཐད་དུ་སོང་ནས་ཕན་ཚུན་མཚོན་བརྩམས་པས་སོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱང༌། །གནོད་པ་མེད། མཚོན་ཆས་རྒྱལ་ཡང་གསོད་དུ་མི་འཇུག་གོ །རྒྱལ་པོ་གཞན་དག་ལས་འདི་དག་སྐྱེས་བུ་ཆེན་པོའི་མཚན་དག་ནི་ཁྱད་པར་རོ། །དེ་ལ་ཡང༌། ཐུབ་མཚན་ཡུལ་ན་གནས་པ་དང༌། །གསལ་ལ་རྫོགས་པས་འཕགས་པ་ཡིན། །སངས་རྒྱས་རྣམས་ཀྱི་མཚན་ནི་ཤིན་ཏུ་ཡུལ་ན་གནས་པ་དང༌། ཤིན་ཏུ་གསལ་བ་དང༌། ཤིན་ཏུ་ཀུན་དུ་རྫོགས་པ་དག་ཡིན་པས་དེ་དག་གི་ཁྱད་པར་ནི་དེ་ཡིན་ནོ། །ཡང་ཅི་བསྐལ་པ་དང་པོའི་མི་རྣམས་ཀྱང་རྒྱལ་པོ་དང་བཅས་པར་གྱུར་ཏམ། འོན་ཀྱང༌། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་གསོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། །བསྐལ་པ་དང་པོའི་མི་རྣམས་ནི་མངལ་ནས་སྐྱེས་པ་མ་ཡིན། དགའ་བའི་ཟས་ཅན་དང༌། རང་གི་འོད་ཅན། བདག་གི་བ་མེད་པ་ཡོངས་སུ་གཟུང་བ་མེད་པར་གྱུར་ཏོ། །དེ་བཞིན་དུ་བྱུང་བ་དེ་དག་སའི་རོ་དང་ཞག་ལ་སོགས་པའི་རོ་ལ་བརྐམ་པར་གྱུར་པས་དེ་ཡང་ནུབ་ནས་སཱ་ལུ་ལ་སོགས་པ་ཡོངས་སུ་འཛིན་ཏེ། དེ་ལ་ཡང་བརྐུ་བ་ལ་སོགས་པ་ལ་རབ་ཏུ་འཇུག་པ་ན་དེ་བསྲུང་བའི་ཕྱིར་རྒྱལ་པོ་བསྟབས་ཏེ། རྒྱལ་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩོམ་པ་ནི་དེ་ཡིན་ནོ། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །དེ་ནས་དེ་ལྟར་ལས་ཀྱི་ལམ་རྣམས་འཕེལ་བ་དང༌། མི་རྣམས་ཀྱི་ཚེ་ཁད་ཀྱིས་ཐུང་ངུར་འགྱུར་ཏེ། ཚེ་ལོ་བཅུ་པར་འགྱུར་རོ། །བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །བར་གྱི་བསྐལ་པ་ནི་མཚོན་དང་ནད་དང་མུ་གེ་གསུམ་གྱིས་ཚར་ཕྱིན་ཏོ། །ཡང་མཚོན་གྱི་གནོད་
པ་དང༌། ནད་དང་མུ་གེ་དག་དུས་ཇི་སྲིད་གཅིག་འབྱུང་ཞེ་ན། །ཞག་རྣམས་དང་ནི་ཟླ་བ་དང༌། །ལོ་བདུན་དག་ཏུ་གོ་རིམས་བཞིན། །མཚོན་ཆའི་བསྐལ་པ་བརྡེག་པ་ནི་ཞག་བདུན་འབྱུང་ངོ༌། །ནད་ནི་ཟླ་བ་བདུན་དང་ཞག་བདུན་འབྱུང་ངོ༌། །མུ་གེ་ནི་ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་དུའོ། །ཡང་འཇིག་པ་དག་ནི་དུ་ཞེ་ན། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །འདིའི་སེམས་ཅན་རྣམས་བསམ་གཏན་གཅིག་ཏུ་འདུ་བས་ན་འཇིག་པ་ཡིན་ནོ། །ཉི་མ་བདུན་དུ་ནི་མེས་འཇིག་པ་ཡིན་ནོ། །བར་གྱི་ཆུས་ནི་ཆུས་འཇིག་པ་ཡིན་ནོ། རླུང་རབ་ཏུ་འཁྲུགས་པས་ནི་རླུང་གིས་རབ་ཏུ་འཇིག་པ་ཡིན་ཏོ། །དེ་དག་གིས་ནི་སྣོད་རྣམས་ཀྱི་ཆ་ཤས་ཕྲ་མོ་ཡང་མ་ལུས་པར་བྱེད་དོ། །ཡང་འཇིག་པ་གང་གི་རྩེ་མོ་གང་ཡིན་ཞེ་ན། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམས་བཞིན། །མེས་འཇིག་པའི་རྩེ་མོ་ནི་བསམ་གཏན་གཉིས་པ་ཡིན་ཏེ། མན་ཆད་སྲེག་པར་བྱེད་དོ། །ཆུས་འཇིག་པའི་རྩེ་མོ་ནི་གསུམ་པ་ཡིན་ཏེ། མན་ཆད་སྲུལ་བར་བྱེད་དོ། །རླུང་གིས་འཇིག་པའི་རྩེ་མོ་ནི་བཞི་པ་ཡིན་ཏེ། མན་ཆད་འཐོར་བར་བྱེད་དོ། །ཡང་ཅིའི་ཕྱིར་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དག་མེ་དང་ཆུ་དང་རླུང་དག་གིས་འཇིག་ཅེ་ན། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བསམ་གཏན་དང་པོ་ན་ནི་རྟོག་པ་དང་དཔྱོད་པ་དག་སྐྱོན་ཡིན་ཏེ། དེ་དག་ཀྱང་ཡིད་ཡོངས་སུ་གདུང་བར་བྱེད་པ་དག་ཡིན་པའི་ཕྱིར་མེ་ལྟ་བུ་དག་ཡིན་ནོ། །གཉིས་པ་ན་ནི་དགའ་བ་སྐྱོན་ཡིན་ཏེ། དེ་ཡང་ཤིན་ཏུ་སྦྱངས་པ་དང་ལྡན་པས་ལུས་མཉེན་པར་བྱེད་པ་ཡིན་པའི་ཕྱིར། ཆུ་ལྟ་བུ་ཡིན་ནོ། །བསམ་གཏན་གསུམ་པ་ན་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་སྟེ། དེ་དག་ཀྱང་རླུང་ཁོ་ན་ཡིན་པས་སྙོམས་པར་འཇུག་པའི་བསམ་གཏན་གང་ན་ནང་གི་སྐྱོན་ཇི་ལྟ་བར་སྐྱེ་བའི་བསམ་གཏན་དེ་ན་ཕྱི་རོལ་གྱི་ཡང་དེ་ལྟ་བུ་ཡིན་ནོ། །འདི་ཁོ་ནའི་ཕྱིར། བཞི་པ་ན་མེད་མི་གཡོའི་ཕྱིར། །བསམ་གཏན་བཞི་པ་ནི་ནང་གི་སྐྱོན་དང་བྲལ་བའི་ཕྱིར་མི་གཡོ་བ་ཞེས་གསུངས་ཏེ། དེའི་
ཕྱིར་འདིར་ཕྱིའི་སྐྱོན་ཡང་མི་འཇུག་གོ །འོ་ན་བསམ་གཏན་བཞི་པའི་སྣོད་རྟག་པར་འགྱུར་རོ་ཞེ་ན། མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །བསམ་གཏན་བཞི་པ་ན་ནི་སེམས་ཅན་སྐྱེ་བ་འམ་འཆི་འཕོ་བའང་རུང་སྟེ། དེ་ནི་གཞལ་མེད་ཁང་དང་བཅས་ཏེ་ཡིན་པས་དེ་ལ་རྟག་པ་མེད་དོ། །ཡང་འཇིག་པ་དེ་དག་གོ་རིམས་གང་གིས་འབྱུང་ཞེ་ན། རེ་ཞིག་བར་ཆད་མེད་པར་ནི། །མེ་ཡིས་བདུན་ནོ། །མེས་འཇིག་པ་བདུན་འབྱུང་ངོ༌། །དེའི་འོག་ཏུ་ནི་ཆུ་ཡིས་གཅིག །མེས་འཇིག་པ་བདུན་གྱི་མཇུག་ཐོགས་སུ་ཆུ་ཡིས་གཅིག་འབྱུང་ངོ༌། །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང༌། །མེ་ཡིས་བདུན་ནོ། །རིམ་པ་དེས་ན་ཆུས་འཇིག་པ་བདུན་ཐལ་ནས་ཡང་མེས་འཇིག་པ་བདུན་འབྱུང་ངོ༌། །དེ་ནས་ནི། མཇུག་ཏུ་རླུང་གིས་འཇིག་པ་ཡིན། །དེ་ནས་རླུང་གིས་འཇིག་པ་གཅིག་འབྱུང་ངོ༌། །དེ་ལྟར་འཇིག་པ་ནི་དེ་དག་གི་རིམ་པ་ཡིན་ནོ། །འཇིག་རྟེན་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གསུམ་པའོ།། །།ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པ་བཤད་པ་གང་ཡིན་པ་དེ་དག་སུས་བྱས་ཤེ་ན། སུས་ཀྱང་བློ་སྔོན་དུ་བཏང་ནས་བྱས་པ་ནི་མེད་དོ། །འོན་ཀྱང་སེམས་ཅན་རྣམས་ཀྱི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ལས་ལས་དེ་ཅི་ཞིག་ཅེ་ན། །དེ་ནི་སེམས་པ་དང་དེས་བྱས། །སེམས་པ་དང་བསམས་པའི་ལས་སོ་ཞེས་གསུངས་ལ། བསམས་པ་གང་ཡིན་པ་དེ་ནི་སེམས་པས་བྱས་པ་ཡིན་ནོ། །ལས་གཉིས་པོ་དེ་དག་ནི་གསུམ་ཡིན་ཏེ། ལུས་དང༌། ངག་དང༌། ཡིད་ཀྱི་ལས་སོ། །དེ་ལ་ཡང༌། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །སེམས་པས་བསྐྱེད་པ་གང་ཡིན་པ། །བསམས་པའི་ལས་ཞེས་གསུངས་པ་གང་ཡིན་པ་དེ་དག་ནི་ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་དག་རྣམ་རིག་རྣམ་རིག་མིན། །དེ་དག་ཀྱང་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །དེ་ལ། ལུས་རྣམ་རིག་བྱེད་དབྱིབས་སུ་
འདོད། །སེམས་ཀྱི་དབང་གིས་ལུས་དེ་ལྟར་གནས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །འགྲོ་བ་ཞེས་ཁ་ཅིག་གི་སྟེ། དེ་བརྗོད་པ། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིན། འདུས་བྱས་ཐམས་ཅད་ནི་སྐད་ཅིག་ལས་ཕན་ཆད་དུ་མེད་པའི་ཕྱིར་དེ་ནི་ཡུལ་གཞན་དུ་འཕོ་བ་ནི་མི་རིགས་ཏེ། དེ་ལྟ་བས་ན་འགྲོ་བ་མ་ཡིན་ནོ། །སྐད་ཅིག་མར་ཤེས་པར་བྱ་སྟེ། འདུས་བྱས་ནི་གདོན་མི་ཟ་བར་འཇིག་ཕྱིར་རོ། །དངོས་པོ་རྣམས་འཇིག་པ་ནི་རྒྱུ་མེད་པ་ལས་འབྱུང་བ་ཡིན་ནོ། །དེ་ཡང་གལ་ཏེ་སྐྱེས་པ་ཙམ་ལ་མ་ཡིན་ན་ཕྱིས་ཀྱང་མི་འབྱུང་བར་འགྱུར་རོ། །དེ་ཡང་མཐོང་སྟེ་གལ་ཏེ་འཇིག་པ་རྒྱུ་དང་ལྡན་པ་ཞིག་ཏུ་གྱུར་ན། བློ་རང་སྒྲ་དང་མེ་ལྕེ་དག་འཇིག་པ་མེད་པ་ལས་འབྱུང་བ་ཡང་མཐོང་བས་འདི་རྒྱུ་ལ་ལྟོས་པ་མ་ཡིན་ནོ། །ཡང་གང་ཞིག་གཟུགས་ལ་སོགས་པ་མེ་དང་འབྲེལ་པས་འཇིག་པར་འདོད་པ་དེ་དག་གི་ལན་ཡང་འདི་ཡིན་ཏེ། རྒྱུ་མེད་པ་ལས་འགའ་མི་འབྱུང༌། །གཞན་ཡང༌། རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །མེ་དང་འབྲེལ་པ་གང་ལས་ཚོས་བྱེད་ལས་སྐྱེ་བ་འབྱུང་བ་དེ་ཉིད་དེ་དང་འདྲ་བར་ཚོས་པ་དང༌། ཆེས་ཚོས་པ་དང༌། ཆེས་ཆེར་ཚོས་པ་བྱུང་ན་དེ་དག་འཇིག་པས་རྒྱུ་དེ་དག་གི་འཇིག་པ་པོར་འགྱུར་བའམ། ཡང་ན་བྱེ་བྲག་མེད་པར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དེའི་ཕྱིར་འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་དབྱིབས་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མདོ་སྡེ་པ་རྣམས་ན་རེ་དབྱིབས་ནི་རྫས་སུ་མེད་དེ། གལ་ཏེ་ཡོད་ན་ནི། གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་སྙམ་དུ་ཤེས་པར་འགྱུར་ལ། ལུས་ཀྱིས་རེག་ནའང་ཤེས་པར་འགྱུར་བས་གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དོ། །གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན། དེ་རྡུལ་ལ་མེད། རིང་པོ་ལ་སོགས་པའི་དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །དེ་ལྟ་བས་ན་མང་པོ་གནས་པ་ཁོ་ན་ལ་རིང་པོ་ལ་སོགས་པར་འདོགས་པར་ཟད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་
ན་རེ། དབྱིབས་ཀྱང་རྫས་ཁོ་ན་ཡིན་ལ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་དབྱིབས་ཀྱི་བདག་ཉིད་ཡིན་ནོ་ཞེས་ཟེར་རོ། །ངག་རྣམ་རིག་བྱེད་ནི་ངག་སྒྲ། །ངག་གི་རང་བཞིན་གྱི་སྒྲ་གང་ཡིན་པ་དེ་ཉིད་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཁོ་ན་ཡིན་ནོ། །མདོ་སྡེ་པ་རྣམས་ན་རེ། དེ་ཡང་རྫས་སུ་མེད་དེ། ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ཤེས་ཤེ་ན། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །བཅོམ་ལྡན་འདས་ཀྱིས་གཟུགས་ནི་རྣམ་པ་གསུམ་དུ་གསུངས་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དང༌། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའོ་ཞེས་སོ། །ཟག་པ་མེད་པའི་གཟུགས་ཀྱང་གསུངས་ཏེ། གཟུགས་གང་ལ་རྗེས་སུ་ཆགས་པ་འམ། ཁོང་ཁྲོ་བ་མི་སྐྱེ་བ་ཞེས་བྱ་བ་དཔག་ཏུ་མེད་པའོ། །རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ནི་བསྟན་དུ་ཡང་མེད་ལ། ཐོགས་པ་ཡང་མེད་པའི་གཟུགས་ཀྱང་མེད་ལ། ཟག་པ་མེད་པ་ཡང་མེད་དོ། །འཕེལ་བར་ཡང་གསུངས་ཏེ། རྫས་ལས་བྱུང་བའི་དངོས་པོ་འདི་དག་དང་ལྡན་པ་ནི་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ནི་ཡིད་གཞན་དང་ལྡན་པའི་བསོད་ནམས་ཀྱང་མངོན་པར་འཕེལ་བར་མི་རུང་ངོ༌། །རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་བདག་ཉིད་ཀྱིས་མ་བྱས་ལ་གཞན་བྱེད་དུ་བཅུག་པའི་ལས་ཀྱི་ལམ་དག་ཀྱང་འགྲུབ་པར་མི་འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མེད་ན་ལམ་ཡན་ལག་བརྒྱད་པར་མི་འགྱུར་ལ། སོ་སོར་ཐར་པའི་སྡོམ་པ་ཡང་མེད་པར་འགྱུར་ཏེ། ཡང་དག་པར་བླངས་པའི་འོག་ཏུ་གང་གིས་ན་ཡིད་གཞན་དང་ལྡན་པ་འདི་ཡང་དགེ་སློང་དུ་འགྱུར་བ་དེ་ནི་མེད་དོ། །དེ་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་ཡོད་པ་ཁོ་ནའོ། །ཡང་ཅི་རྣམ་པར་རིག་བྱེད་མ་
ཡིན་པ་ཡོད་པ་དེའི་ཚེ་ཡོད་པའི་འབྱུང་བ་ཆེན་པོ་དག་ཁོ་ན་རྒྱུར་བྱས་ནས་འབྱུང་ངམ་ཞེ་ན། མ་ཡིན་ཏེ། རྟག་ཏུ་བ་འདི་ལྟ་སྟེ། འདོད་རྟོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེས། །འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེའོ། །དེ་དག་ནི་འདིའི་བཞིའི་དོན་དུ་འགྱུར་ལ། ལུས་ཀྱི་འབྱུང་བ་ཆེན་པོ་ད་ལྟར་བྱུང་བ་རྣམས་ནི་རྟེན་དུ་འགྱུར་ཏེ། འཁོར་ལོ་ས་ལ་འདྲིལ་བ་ལག་པས་འཕུལ་བ་དང༌། སའི་ཕྱོགས་བཞིན་ནོ། །ཡང་གང་ན་ཡོད་པའི་ལུས་དང་ངག་གི་ལས་གང་ན་ཡོད་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་ཡིན་ཞེ་ན། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་བར་གྱི་ལུས་དང་ངག་གི་ལས་དེའི་ས་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ཡིན་ནོ། །ཟག་མེད་གང་དུ་སྐྱེས་པའི་ཡིན། །ས་གང་དུ་སྐྱེས་པ་དེ་སྐྱེད་པར་བྱེད་པ་དེའི་ས་པའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པར་རིག་པར་བྱ་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་ལས་དེ་ལས་ཀྱང༌། རྣམ་རིག་བྱེད་མིན་མ་ཟིན་དང༌། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །གཞན་ཡང་རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེས། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྒྱུ་མཐུན་པ་དང་ཟིན་པའི་འབྱུང་བ་ཁོ་ན་དག་རྒྱུར་བྱས་ནས་སྐྱེ་སྟེ། འདི་ནི་མཉམ་པར་གཞག་པ་མ་ཡིན་པའི་ས་པའི་རྣམ་པ་ཡིན་ནོ། །ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང༌། །རྒྱས་བྱུང་ཐ་དད་མིན་ལས་སྐྱེས། །ཏིང་ངེ་འཛིན་ལས་སྐྱེས་པ་རྒྱས་པ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་སྐྱེའོ། །ཐ་དད་པ་དག་ཀྱང་ཡིན་ཏེ། འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་སྲོག་གཅོད་པ་སྤང་བ་སྐྱེ། དེ་དག་ཁོ་ན་ལས་ཚིག་འཆལ་པ་སྤོང་བའི་བར་དུ་སྐྱེའོ། །ཡང་ལས་དེ་རྣམ་པ་གཉིས་དང༌། རྣམ་པ་གསུམ་དང༌། རྣམ་པ་ལྔར་བཤད་པ་དེ་ལ། རྣམ་རིག་མིན་ལུང་བསྟན་མིན་མེད། །དགེ་བ་དང་མི་དགེ་བ་ཡོད། ཅེས་གསུངས་པར་འགྱུར་རོ། །གཞན་ནི་རྣམ་གསུམ་རྣམ་པར་རིག་བྱེད་དང༌། སེམས་པ་ནི་རྣམ་པ་གསུམ་མོ། །མི་དགེ་ནི་འདོད་
ནའོ། །མི་དགེ་བ་ནི་འདོད་པའི་ཁམས་ཁོ་ན་ནི་ཡོད་ཀྱི་གཞན་ན་ནི་མ་ཡིན་ནོ། །དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་བཀག་པའི་ཕྱིར་ཐམས་ཅད་ན་ཡོད་དོ། །དེ་ལ། གཟུགས་ནའང་རྣམ་རིག་མིན། འང་གི་སྒྲས་ནི་འདོད་པ་ན་ཡང་ཡོད་དོ། །གཟུགས་མེད་པ་དག་ན་ནི་འབྱུང་བ་མེད་པའི་ཕྱིར་མེད་དོ། །རྣམ་རིག་དཔྱོད་དང་བཅས་དག་ན། །འདོད་པའི་ཁམས་དང༌། བསམ་གཏན་དང་པོ་ཁོ་ན་ན་ཡོད་ཀྱི་དེ་མན་ཆད་ན་མེད་དོ། །འདོད་པ་ན་ཡང་བསྒྲིབས་པ་མེད། ཅིའི་ཕྱིར་ཚངས་པའི་འཇིག་རྟེན་མན་ཆད་ན་རྣམ་པར་རིག་བྱེད་མེད་ལ། འདོད་པའི་ཁམས་ན་བསྒྲིབས་པ་མེད་ཅེ་ན། གང་ཕྱིར་ཀུན་སློང་མེད། རྟོག་པ་དང༌། དཔྱོད་པ་དང་བཅས་པའི་སེམས་ཀྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་དེ། བསྒོམ་པས་སྤང་བར་བྱ་བས་སྐྱེད་ཀྱི། བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཡང་འདོད་པའི་ཁམས་ན་མེད་དོ། །ཡང་ཅི་ཀུན་ནས་སློང་བའི་དབང་ཁོ་ན་ལས་ཆོས་རྣམས་ཀྱི་དགེ་བ་ལ་སོགས་པར་རིག་པར་བྱའམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འོན་ཀྱང་རྣམ་པ་བཞི་སྟེ། དོན་དམ་པ་དང༌། ངོ་བོ་ཉིད་དང༌། མཚུངས་པར་ལྡན་པ་དང། ཀུན་ནས་སློང་བས་སོ། །དེ་ལས་རེ་ཞིག་ཐར་པ་དམ་པའི་དོན་དུ་དགེ །མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དེ་བས་ན་མཆོག་ཏུ་བདེ་བའི་ཕྱིར་དོན་དམ་པར་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །རྩ་བ། ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །དགེ་བའི་རྩ་བ་གསུམ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ནི་ངོ་བོ་ཉིད་ཀྱིས་དགེ་བ་དག་སྟེ། གཞན་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བ་ལ་མི་ལྟོས་པའི་ཕྱིར་ཏེ། འཕྲོད་པའི་སྨན་བཞིན་ནོ། །དེ་དག་དང་ལྡན་མཚུངས་ལྡན་གྱིས། དགེ་བའི་རྩ་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དེ་དག་ཉིད་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པའི་དགེ་བ་དག་ཡིན་ཏེ། སྨན་དང་སྦྱར་བའི་བཏུང་བ་བཞིན་ནོ། །བྱ་བ་ལ་སོགས་ཀུན་སློང་བས། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་དེ་
དག་ཁོ་ནས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་སེམས་ཀྱིས་མ་ཟིན་པ་དག་ཀུན་ནས་སློང་བས་དགེ་བ་ཡིན་ཏེ། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །དགེ་བ་ཇི་སྐད་དུ་བཤད་པ་དེ་ལས། བཟློག་པ་མི་དགེ །འཁོར་བ་ནི་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བའི་ཕྱིར་དོན་དམ་པར་མི་དགེ་བ་ཡིན་ནོ། །མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ནི་ངོ་བོ་ཉིད་ཀྱིས་སོ། །དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་སོ། །དེ་དག་གིས་ཀུན་ནས་བསླང་པའི་ལུས་དང་ངག་གི་ལས་དང༌། སྐྱེ་བ་ལ་སོགས་པ་དང་ཐོབ་པ་རྣམས་ནི་ཀུན་ནས་བསླང་བ་ལས་ཏེ། ནད་དང་མི་འཕྲོད་པའི་སྨན་ལ་སོགས་པ་དཔེར་བྱའོ། །དེ་ལྟ་ན་འོ་ན་ནི་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པ་ཅུང་ཟད་ཀྱང་ལུང་དུ་མ་བསྟན་པའམ། དགེ་བར་མི་འགྱུར་རོ་ཞེ་ན། དོན་དམ་པར་དེ་སྐད་དུ་བཤད་ཀྱི་ཟག་པ་དང་བཅས་པ་གང་ཞིག་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་དེ་ནི་ལུང་དུ་མ་བསྟན་པ་ཞེས་བྱ་བ་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ནི་དགེ་བ་ཞེས་བྱའོ། །གལ་ཏེ་དོན་དམ་པར་ལུང་དུ་མ་བསྟན་པ་ཚོལ་བ་ན་ནི་དེ་ལ། དོན་དམ་པར་ལུང་མ་བསྟན་པ་བརྟག་པ་དག །འདུས་མ་བྱས་ནམ་མཁའ་དང༌། སོ་སོར་མ་བརྟགས་པས་འགོག་པ་ནི་རྣམ་གྲངས་མེད་པར་ལུང་དུ་མ་བསྟན་པ་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་སེམས་ནི་རྣམ་པར་རིག་བྱེད་ཀུན་ནས་སློང་བ་མ་ཡིན་ནོ་ཞེས་གང་བཤད་པ། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལོག་པར་ལྟ་བ་དེ་ལས་ནི་ལོག་པ་རྟོག་པ་དང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཤེ་ན། འདི་ནི་འགལ་བ་མེད་དེ། འདི་ལྟར། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་སློང་དང༌། དེའི་དུས་ཀྱི་ཀུན་ནས་སློང་བ་སྟེ། དེའི་དུས་ཁོ་ན་ན་དེ་ཡོད་པའི་ཕྱིར་རོ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །རྒྱུའི་
ཀུན་ནས་སློང་བ་ནི་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །དེའི་དུས་ཀྱི་ཀུན་ནས་སློང་བ་ནི་བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །དེ་ལ་ཡང༌། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། མཐོང་བས་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་དཔྱོད་པ་དང་རྟོག་པ་དག་གི་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི་སེམས་ཁ་ཕྱིར་བལྟས་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་མི་འགལ་ལོ། །ཡིད་ནི། བསྒོམ་པས་སྤང་བྱ་གཉིས་ཀ་ཡིན། །ཡིད་ཀྱི་རྣམ་པར་ཤེས་པ་བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཀ་ཡིན་ཏེ། རབ་ཏུ་འཇུག་པར་བྱེད་པ་ཡང་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་ཡིན་ནོ། །ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ། །ཡང་ཅི་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བར་རྗེས་སུ་འཇུག་པར་བྱེད་པ་ཡང་དེ་དང་འདྲ་འམ་ཞེ་ན། འདི་ནི་ངེས་པ་མེད་དེ། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལས་ཀྱང་རྗེས་སུ་འཇུག་པར་བྱེད་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་ཡང་འགྱུར་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་དང་འདྲའོ། །ཐུབ་པའི་འདྲ་བའམ་དེ་དགེ་བ། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལས་ཀྱང་རྗེས་སུ་འཇུག་པར་བྱེད་པ་འདྲ་བ་དང༌། ལུང་དུ་མ་བསྟན་པ་ལས་ཀྱང་རྗེས་སུ་འཇུག་པ་དགེ་བ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བའི་ཡིད་ནི་རབ་ཏུ་འཇུག་པར་བྱེད་པ་ཡང་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་ཡིན་ནོ་ཞེས་བཤད་པ། རྣམ་སྨིན་ལས་སྐྱེས་གཉིས་ཀ་ཡིན། །རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཉིད་ཀྱི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ། རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །ཞར་ལ་འོངས་པ་རྫོགས་སོ།། །།སྔར་བཤད་པ་དེ་ནི། རྣམ་རིག་མིན་
རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །དེ་ལ། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །དེ་ལ། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །དགེ་སློང་དང། དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། བསྙེན་གནས་པའི་སྡོམ་པ་སྟེ། སྡོམ་པ་འདི་ནི་མིང་དུ་རྣམ་པ་བརྒྱད་ཡིན་ནོ། །རྫས་སུ་རྣམ་པ་བཞི་ཡིན་ནོ། །དགེ་སློང་དང༌། དགེ་ཚུལ་དང༌། དགེ་བསྙེན་དང༌། བསྙེན་གནས་ཀྱི་སྡོམ་པའོ། ཇི་ལྟར་ཤེས་ཤེ་ན། མཚན་ལས་མིང་ནི་འཕོ་བའི་ཕྱིར། །མཚན་གྱུར་ན་དགེ་སློང་ནི་དགེ་སློང་མ་ཞེས་བྱ་ལ། དགེ་སློང་མ་ཡང་དགེ་སློང་ཞེས་བྱ་སྟེ། དེ་བཞིན་དུ་དགེ་བསྙེན་ནི་དགེ་བསྙེན་མ་ཞེས་བྱ་བའི་བར་དུའོ། །མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ་སྔོན་མེད་པའི་སྡོམ་པ་འཐོབ་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །སྡོམ་པ་འདི་སྐྱེ་བ་ན་ཡང༌། ཐ་དད། སྐྱེས་ཏེ་མ་འདྲེས་པ་ཉིད་དོ། །དགེ་བསྙེན་གྱིས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླངས་པས་སྔར་གྱི་རྣམས་ལས་སྡོམ་པ་གཞན་བསྣན་པས་ལྷག་པར་ནི་མི་བྱེད་དོ། །དེ་བཞིན་གཞན་ཡང་ངོ༌། །དེ་དག་འགལ་བ་མེད། སྡོམ་པ་ཕྱི་མ་ཡང་དག་པར་བླངས་པས་སྔོན་ཐོབ་པ་གཏོང་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དགེ་སློང་ཀྱི་སྡོམ་པ་ཡོངས་སུ་བཏང་བས་དགེ་བསྙེན་ཡང་མ་ཡིན་པ་ཁོ་ནར་འགྱུར་དུ་འོང་ངོ༌། །ཇི་ལྟར་ན་དགེ་བསྙེན་ཡིན་པ་ནས། དགེ་སློང་གི་བར་དུ་ཡིན་ཞེ་ན། སྤང་བྱ་ལྔ་བརྒྱད་ཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །སྤང་བར་བྱ་བ་ལྔ་པོ་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དགེ་བསྙེན་གྱི་སྡོམ་པ་དང༌། བརྒྱད་པོ་ལས་བསྙེན་གནས་ལ་གནས་པ་དང༌། གསེར་དངུལ་འཛིན་པ་ལས་སླར་ལྡོག་པ་བརྒྱད་པོ་ལ་བསྣན་ནས་བཅུ་པོ་ལས་དགེ་ཚུལ་ཡིན་ནོ། །འདིར་ཡང་གར་དང༌། གླུ་དང༌། རོལ་མོ་དང༌།
དྲི་དང༌། ཕྲེང་བ་དང༌། བྱུག་པ་གཉིས་སུ་བྱས་ན་ནི་བཅུར་འགྱུར་རོ། །སྤང་བར་བྱ་བ་ཐམས་ཅད་ལས་སླར་ལྡོག་པ་ཡང་དག་པར་བླངས་པས་ནི་དེ་དགེ་སློང་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་ཉིད་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང༌། །ལས་དང་སྡོམ་པ་ཞེས་བྱའོ། །ལས་མི་མཉམ་པ་ལས་ལོག་པ་ཡང་དག་པར་བླངས་པས་ན་ཚུལ་ཁྲིམས་སོ། །མཁས་པས་བསྔགས་པས་ན་ལེགས་སྤྱད་དོ། །བྱ་བའི་རང་བཞིན་ཡིན་པས་ན་ལས་སོ། །དེ་ལྟར་ན་རེ་ཞིག་བྱེ་བྲག་མེད་པར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བསྟན་ནོ། །ཡང༌། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་རོ། །དངོས་གཞིའི་ལས་ཀྱི་ལམ་ཞེས་བྱའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ། །མཇུག་ཡིན་གྱི་ལས་ཀྱི་ལམ་དངོས་གཞི་ནི་མ་ཡིན་ནོ། །ཡང་སྡོམ་པ་འདི་རྣམས་ལས་གང་ཞིག་གང་དང་ལྡན་ཞེ་ན། སོ་སོར་ཐར་དང་ལྡན་པ་བརྒྱད། །དགེ་སློང་དང་དགེ་སློང་མ་ལ་སོགས་པའོ། །བསམ་གཏན་སྐྱེས་དང་དེ་ལྡན་པ། །བསམ་གཏན་ལས་སམ་བསམ་གཏན་གྱིས་བསྐྱེད་པས་ན་བསམ་གཏན་སྐྱེས་ཏེ། གང་བསམ་གཏན་དང་ལྡན་པ་དེ་ནི་གདོན་མི་ཟ་པར་བསམ་གཏན་གྱི་སྡོམ་པ་དང་ལྡན་ནོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏོ། །ཟག་མེད་འཕགས་པའི་སེམས་ཅན་དང༌། །ཟག་པ་མེད་པའི་སྡོམ་པ་ནི་འཕགས་པའི་གང་ཟག་རྣམས་དང་ལྡན་ནོ། །སེམས་ཀྱི་རྗེས་སུ་འབྲང་བ་སྔར་བཤད་པ་དེ་ལས། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པའོ། །ཡང་སྨྲས་པ། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །དེ་དག་ཁོ་ན་བར་ཆད་མེད་པའི་ལམ་དགུ་དག་ཏུ་སྤོང་བའི་སྡོམ་པ་ཞེས་བརྗོད་དོ། །དེ་
གཉིས་ཀྱིས་འཆལ་བའི་ཚུལ་ཁྲིམས་དང༌། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་གསུངས་པ་དང༌། དེ་བཞིན་དུ་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་པ། ཡིད་དང་དབང་པོའི་སྡོམ་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞེ་ན། འདི་གཉིས་རྣམ་པར་རིག་བྱེད་མ་ཡིན་པའི་ཚུལ་ཁྲིམས་ཀྱི་རང་བཞིན་མ་ཡིན་ཏེ། འོན་ཀྱང༌། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཡིད་ཀྱི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ལ། དབང་པོའི་སྡོམ་པ་ཡང་ངོ༌། །ཡང་གང་ཞིག་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དང༌། དུས་ཇི་སྲིད་དུ་ལྡན་ཞེ་ན། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །རྣམ་རིག་མི་ལྡན། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་གང་དེ་ནི་ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་མི་གཏོང་བ་དེ་སྲིད་དུ་ད་ལྟར་གྱི་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང༌། མ་བཏང་བ་ཞེས་སྤྱར་བར་བྱའོ། །སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཇི་སྐད་བཤད་པ། སྡོམ་མིན་གནས་པའང་དེ་དང་འདྲ། །དེ་ཡང་རྟག་ཏུ་ད་ལྟར་བ་དང༌། སྐད་ཅིག་མ་གཅིག་ཕྱིན་ཆད་འདས་པ་ཡང་ལྡན་ནོ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང༌། །སྐད་ཅིག་མ་དང་པོའི་ལ་ཡང་ཚེ་རབས་གཞན་དག་ཏུ་གཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་འཐོབ་བོ། །འཕགས་ནི་དང་པོ་འདས་དང་མིན། །འཕགས་པ་ཡང་སྐད་ཅིག་མ་དང་པོ་ལ་མ་འོངས་པའི་གང་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ལ། འདས་པ་དང་མི་ལྡན་ཏེ། ལམ་དེ་སྔོན་མ་བསྐྱེད་པའི་ཕྱིར་རོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ལ་གནས་པ་དེ་དག་ནི་ཇི་སྲིད་མ་ལངས་པ་དེ་སྲིད་དུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་དག་བཤད་ཟིན་ཏོ། །བར་གནས་ལ་
ཡོད་ན་དང་པོ་བར་གྱི་དང༌། གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་དེ་ལ་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པ་མ་ཡིན་གྱི། གང་ལ་ཡོད་པ་དེ་ནི་སྐད་ཅིག་དང་པོ་ལ་ད་ལྟར་བ་དང་ལྡན་ནོ། །སྐད་ཅིག་དང་པོ་ནས། ཕྱིན་ཆད་དུས་ནི་གཉིས་དང་པོ། འདས་དང་ད་ལྟར་བ་དང་ཡང་ངོ༌། །སྡོམ་པ་དང་སྡོམ་པ་མ་ཡིན་པར་གནས་པ་དག་ཀྱང་གདོན་མི་ཟ་བར་རྟག་ཏུ་དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་ཁོ་ན་མ་ཡིན་ཏེ། འོན་ཀྱང་སྡོམ་མིན་གནས་པ་དགེ་བ་དང༌། སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མི་ལྡན་ཇི་སྲིད་དུ། །རིག་དང་ཉོན་མོངས་ཤུགས་ལྡན་པར། །སྡོམ་པ་མ་ཡིན་པ་ལ་གནས་པ་ནི་རབ་ཏུ་དང་བའི་ཤུགས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པ་ན་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ལ། སྡོམ་པ་ལ་གནས་པ་ནི་ཉོན་མོངས་པའི་ཤུགས་གང་གིས་གསོད་པ་དང་འཆིང་བ་ལ་སོགས་པའི་བྱ་བ་བྱེད་པ་ན་དེ་དག་ཇི་སྲིད་དུ་རྗེས་སུ་འབྲང་བ་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ངོ༌། །རྣམ་པར་རིག་བྱེད་མ་ཡིན་པའི་སྐབས་བཤད་ཟིན་ཏོ། །རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་ད་ལྟར་གྱི་དང་ལྡན་ནོ། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །མ་འོངས་པའི་རྣམ་པར་རིག་བྱེད་ནི་སུ་དང་ཡང་མི་ལྡན་ནོ། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདས་པ་དག་དང་ལྡན་པ་འང་མེད། །ཆོས་ཉམ་ཆུང་བའི་ཐོབ་པ་ཡང་ཉམ་ཆུང་བ་ཡིན་པས་རྗེས་སུ་འབྲེལ་པ་ཅན་མ་ཡིན་ནོ། །སྡོམ་པའི་རྣམ་གྲངས་སྔར་བཤད་ནས། །སྡོམ་པ་མ་ཡིན་པ་བརྗོད་དེ། །སྡོམ་པ་མིན་དང་ཉེས་སྤྱད་དང༌། །འཆལ་པའི་ཚུལ་ཁྲིམས་ལས་དེའི་ལམ། །སྡོམ་པ་མིན་པའི་རྣམ་གྲངས་ནི་སྡོམ་པའི་ལས་བཟློག་སྟེ་ཤེས་པར་བྱའོ། །རྣམ་པར་རིག་བྱེད་དང་ལྡན་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་པ་ཞེས་བྱ་བ་མུ་བཞི་སྟེ། དེ་ལ་རེ་ཞིག་
བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །འདི་ནི་རེ་ཞིག་མུ་དང་པོ་ཡིན་ནོ། །རྣམ་རིག་བཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །འཕགས་པའི་གང་ཟག་གང་ཞིག་ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་རྣམ་པར་རིག་བྱེད་མ་བྱུང་བའམ། རྣམ་པར་རིག་བྱེད་རྣམ་པར་ཉམས་ན་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་ནོ་ཞེས་བྱ་བ་མུ་གཉིས་པའོ། །གསུམ་པ་དང་བཞི་པ་ནི་གོ་སླའོ། །ཡང་སྡོམ་པ་འདི་དག་ཇི་ལྟར་འཐོབ་ཅེ་ན། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ། གང་གི་ཚེ་བསམ་གཏན་གྱིས་སེམས་ཟག་པ་དང་བཅས་པ་དངོས་གཞི་བའམ། ཉེར་བསྡོགས་པ་འཐོབ་པ་དེའི་ཚེ་བསམ་གཏན་གྱི་སྡོམ་པ་ཡང་འཐོབ་སྟེ། ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ། །ཟག་མེད་ནི་འཕགས་དེས། དེ་ལ་བསམ་གཏན་བཞི་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དག་ཟག་པ་མེད་པའི་ས་ཡིན་ཏེ། དེ་ཐོབ་པས་ཟག་པ་མེད་པའི་སྡོམ་པ་འཐོབ་བོ། །སོ་སོར་ཐར་ཅེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །གལ་ཏེ་འདི་ལ་གཞན་གྱིས་རྣམ་པར་རིག་པར་བྱེད་ལ་འདི་ཡང་གཞན་ལས་ཏེ་དེ་ཡང་དགེ་འདུན་ནམ་གང་ཟག་ལས་འཐོབ་པའོ། །སོགས་པའི་སྒྲས་རང་བྱུང་གིས་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་བསྙེན་པར་རྫོགས་པ་རྣམས་བསྡུའོ། །དེ་ལ་ཡང༌། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཏུའོ། །གཞན་ནི་ཇི་སྲིད་འཚོའི་བར་དུའོ། །ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲག །ཇི་སྲིད་འཚོའི་བར་དུ་སྡིག་པའི་ཁས་བླངས་པ་ལས་སྡོམ་པ་མ་ཡིན་པ་མི་སྐྱེ་ལ། ཉིན་ཞག་པ་ནི་མེད་དོ། །བསྙེན་གནས་ཉིན་ཞག་ཏུ་མནོད་ན་ཇི་ལྟར་དུ་མནོད་པར་བྱ་ཞེ་ན། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ནང་པར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་མནོད་པར་བྱ། །དམའ་བར་འདུག་སྨྲས་བཟླས་པ་ནི། །བསྙེན་གནས་ཀྱི་སྡོམ་པ་སྐྱེ་བའི་དོན་དུའོ། །
འབོགས་པ་པོའི་ཚིག་གི་རྗེས་སུ་བཟླས་པར་བྱའི་སྔ་མའམ། མཉམ་དུ་མ་ཡིན་ནོ། །དེ་ལྟར་ན་འདི་གཞན་ལས་མནོས་པ་ཡིན་ནོ། །མི་བརྒྱན་པ་ནི་རྒྱན་ནར་མ་མ་གཏོགས་སོ། །ནང་པར་མནོད་པར་བྱ་སྟེ། ཉིན་ཞག་པའི་སྡོམ་པ་ཡིན་པའི་ཕྱིར་རོ། །གང་གིས་ཆོས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས་སྔོན་ཡང་དག་པར་བླངས་པར་བྱས་པ་དེ་ནི་ཟན་ཟོས་ཀྱང་མནོད་པར་བྱའོ། །གཞན་ལས་མནོད་པར་བྱ་སྟེ། རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་རོ། །དེ་ལས་གཞན་དུ་མནོས་པས་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི། བསྙེན་གནས་ཀྱི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཡན་ལག་བརྒྱད་ནོད་ཅེ་ན། །ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཡང་བག་ཡོད་པའི་ཡན་ལག་དང། །བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མནོས་པས་ཅིར་འགྱུར་ཞེ་ན། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །མྱོས་པས་འགྱུར་བ་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །ཁྲི་སྟན་མཐོན་པོ་ལ་སོགས་པ་བསྟན་ན་དྲེགས་པར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་སུ་ཟབ་ཡོངས་སུ་སྤངས་པ་ལས་བསྙེན་གནས་ཀྱི་དྲན་པ་དང་སྐྱོ་བའི་དྲན་པ་ཉེ་བར་གནས་པར་འགྱུར་ཏེ། དེ་མེད་ན་གཉིས་ཀ་ཡང་མེད་དོ། །ཡང་ཅི་བསྙེན་གནས་འདི་དག་དགེ་བསྙེན་ཁོ་ན་ལ་ཡོད་དམ་གཞན་ལའང་བསྙེན་གནས་ཀྱི་སྡོམ་པ་ཡོད་མོད་ཀྱི། སྐྱབས་སུ་མ་སོང་བ་ལ་མེད། །དགེ་བསྙེན་མ་ཡིན་པ་ཡང་གང་ཞིག་ཉིན་ཞག་དེ་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་སྟེ། བསྙེན་གནས་ཀྱི་སྡོམ་པ་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ།། མདོ་ལས། སྐྱབས་སུ་འགྲོ་བ་ཙམ་གྱིས་དགེ་བསྙེན་དུ་བཤད་པ། ཅིས་པས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན། ཁ་ཆེ་པ་རྣམས་ན་རེ་སྡོམ་པ་མེད་པར་མི་འགྱུར་རོ་ཞེས་ཟེར་རོ། །འོ་ན་གང་མདོ་ལས་གསུངས་པ་ཇི་ལྟ་བུ་ཞེ་ན། འདི་ལ་འགལ་བ་མེད་དེ། འདི་
ལྟར། དགེ་བསྙེན་ཉིད་དུ་ཁས་བླངས་པ། །དེ་ཁོ་ན་ལས། སྡོམ་པ་སྐྱེ་བར་འགྱུར་བ། དགེ་བསྙེན་དུ་ཁས་བླངས་པ་ཁོ་ནས་འདིའི་དགེ་བསྙེན་གྱི་སྡོམ་པ་སྐྱེ་བར་འགྱུར་རོ། །སྡོམ་པ་ཐོབ་ཀྱང་བསླབ་པའི་གཞི་རྣམས་ཤེས་པར་བྱ་བའི་ཕྱིར། བསྟན་པ་དགེ་སློང་བཞིན། ཇི་ལྟར་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་ཐོབ་ཟིན་པ་ཤེས་པར་བྱ་བའི་ཕྱིར་ཁྱོད་ཀྱིས་འདི་དང་འདི་བསྡམ་མོ་ཞེས་བསླབ་པའི་གཞི་རྣམས་འཛིན་དུ་འཇུག་པ་ལྟར་དགེ་བསྙེན་ཡང་དེ་དང་འདྲ་བས་སྡོམ་པ་མེད་པའི་དགེ་བསྙེན་ནི་མེད་དོ། །གལ་ཏེ་ཐམས་ཅད་བསྡམས་པ་ཡིན་ན། སྣ་གཅིག་སྤྱོད་སོགས་ཇི་ལྟ་བུ། །གལ་ཏེ་དགེ་བསྙེན་ཐམས་ཅད་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་ཡིན་ནོ། བཅོམ་ལྡན་འདས་ཀྱིས་སྣ་གཅིག་སྤྱོད་པ་དང༌། ཕྱོགས་གཅིག་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཡིན། དེ་སྲུང་བ་ལས་གསུངས་ཞེས་གྲགས། །གང་ཞིག་བསླབ་པའི་གཞི་གང་སྲུང་བར་བྱེད་པ་དེ་ནི་དེ་སྤྱོད་པ་ཞེས་གསུངས་པར་ཟད་ཀྱི་ཐམས་ཅད་སྡོམ་པ་ལ་གནས་པར་ནི་འདྲའོ། །སྡོམ་པ་ཐམས་ཅད་ཀྱང༌། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་སེམས་ཀྱི་དབང་གིས་སོ། །གང་ཞིག་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ཅི་ལ་སྐྱབས་སུ་འགྲོ་ཞེ་ན། གང་ཞིག་གསུམ་ལ་སྐྱབས་སུ་འགྲོ་སྟེ། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་དག་ཀྱང་ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་ནོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་འཐོབ་པས་གང་ཟག་བརྒྱད་པོ་མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་
པའོ། །གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པའི་ཆོས་སོ་སོར་བརྟགས་པས་འགོག་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། བདག་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་རྣམས་དང་སྡུག་བསྔལ་ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ནའང་མཚན་ཉིད་ཐ་མི་དད་པའི་ཕྱིར་སངས་རྒྱས་དང་ཆོས་དང་དགེ་འདུན་ཐམས་ཅད་ལ་སྐྱབས་སུ་འགྲོའོ་ཞེས་གསུངས་པར་འགྱུར་རོ། །སྐྱབས་ཀྱི་དོན་ཀྱང་སྐྱོབ་པའི་དོན་ཡིན་ཏེ། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སྡོམ་པ་གཞན་དག་ལ་ནི་མི་ཚངས་པར་སྤྱོད་པ་སྤོང་བའི་གཞི་རྣམ་པར་གཞག་ལ། དགེ་བསྙེན་ལ་ནི་འདོད་པས་ལོག་པར་གཡེམ་པ་སྤོང་བ་བསླབ་པའི་གཞིར་རྣམ་པར་གཞག་ཅེ་ན། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང༌། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པ་ཡིན་ནོ། །ཁྱིམ་པ་དག་གིས་འདོད་པས་ལོག་པར་གཡེམ་པ་ལས་སྡོམ་པ་སླའི་འཕགས་པས་ཀྱང་འདོད་པ་ལ་ལོག་པར་གཡེམ་པ་མི་བྱེད་པའི་སྡོམ་པ་ཐོབ་བོ། །དེ་བས་ན་བསླབ་པའི་གཞི་འདི་ཉིད་རྣམ་པར་གཞག་གོ །གང་དག་དགེ་བསྙེན་ཡིན་བཞིན་དུ་ཡང་ཆུང་མ་ལེན་པར་བྱེད་ན། ཅི་དེ་དག་གིས་དེ་དག་ལས་ཀྱང༌། སྡོམ་པ་ཐོབ་པའམ། འོན་ཏེ་མིན་ཞེ་ན། ཉི་ཚེ་བའི་སྡོམ་པ་ཐོབ་པར་འགྱུར་དུ་འོང་བས་འཐོབ་བོ། །ཇི་ལྟར་སྡོམ་པ་ཉམས་པར་མི་འགྱུར་ཞེ་ན། འདི་ལྟར་སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །འཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། །འདི་དག་གི་སྡོམ་པ་ནི་ཇི་ལྟར་འདོད་པས་ལོག་པར་གཡེམ་པ་སྤོང་ངོ་ཞེས་ཁས་ལེན་པ་དེ་བཞིན་འཐོབ་བོ། །དེ་ལ་འདོད་ལོག་མེད་པས་སྡོམ་པ་ཉམས་པ་ཡང་མེད་དོ། །ཡང་ཅིའི་ཕྱིར་བརྫུན་དུ་སྨྲ་བ་སྤོང་བ་ཁོ་ན་བསླབ་པའི་གཞིར་གཞག་ལ་ཕྲ་མ་ལ་སོགས་པ་ལས་ནི་མ་ཡིན་ཞེ་ན། རྒྱུ་གསུམ་པོ་དེ་དག་ཉིད་ཀྱི་ཕྱིར་ཏེ། བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང༌། །སླ་ཕྱིར་མི་བྱེད་འཐོབ་ཕྱིར་རོ། །བསླབ་པ་ཐམས་ཅད་འདས་གྱུར་ན། །བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །བསླབ་
པ་ཐམས་ཅད་འདས་ན་དྲི་བར་བྱ་བ་ལ་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་བྱ་བ་འདི་ཉེ་བར་གནས་པར་འགྱུར་ཏེ། བརྫུན་དུ་སྨྲ་བར་ཐལ་བར་འགྱུར་བས་དེའི་ཇི་ལྟར་འདས་པར་བྱས་ཀྱང་བདག་ཉིད་འཆགས་པར་འགྱུར་སྙམ་ནས་བརྫུན་དུ་སྨྲ་བ་ལས་ལྡོག་པར་བཤད་དོ། །ཡང་ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་ལས་མྱོས་པར་འགྱུར་བ་འཐུངས་པ་ལས་གཞན་འདིའི་བསླབ་པའི་གཞི་རྣམ་པར་མ་བཞག་ཅེ་ན། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ཉིད་ལས། ཅིའི་ཕྱིར་ཞེ་ན། གཞན་བསྲུང་ཕྱིར་རོ། །མྱོས་པར་འགྱུར་བ་འཐུངས་ན་ཡན་ལག་གཞན་དང་གཞན་དག་ཀྱང་མི་བསྲུང་བར་འགྱུར་རོ། །ཅི་སྡོམ་པ་གསུམ་པོ་འདི་དག་གང་ལས་གཅིག་འཐོབ། དེ་ལས་ལྷག་མ་དག་ཀྱང་འཐོབ་པ་མ་ཞེ་ན་མ་ཡིན་ནོ། །འོན་ཀྱང༌། འདོད་གཏོགས་ཐམས་ཅད་གཉིས་ཀ་དང༌། །དེ་ལྟར་དག་ལས་འཐོབ་པར་འགྱུར། །འདོད་གཏོགས་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡིན་ནོ། །ཐམས་ཅད་ལས་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་དང་མཇུག་ལས་སོ། །གཉིས་ཀ་ལས་ཞེས་བྱ་བ་ནི་སེམས་ཅན་སེམས་ཅན་མ་ཡིན་པར་སྟོན་པ་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་དུས་ད་ལྟར་གྱི་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་ཁོ་ན་ལས་འཐོབ་ཀྱི་འདས་པ་དང་མ་འོངས་པ་དག་ལས་མ་ཡིན་ཏེ། དེ་དག་ནི་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ། །བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ནི་ལས་ཀྱི་ལམ་དངོས་ཁ་ན་ལས་འཐོབ་ཀྱི་སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁོ་ནམ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས། དུས་ཐམས་ཅད་ཀྱི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལས་འཐོབ་བོ།། ཡང་ཅི་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་སེམས་ཅན་ཐམས་ཅད་དང༌། ཡན་ལག་ཐམས་ཅད་དང༌། རྒྱུ་ཐམས་ཅད་ཀྱིས་འཐོབ་བམ། འོན་ཏེ་བྱེ་བྲག་ཅི་ཡོད་ཅེ་ན། རེ་ཞིག་ངེས་པར། སྡོམ་པ་སེམས་ཅན་ཐམས་ཅད་ལས་འཐོབ་ལ། ཡན་ལག་རྒྱུ་ལ་
དབྱེ་བ་ཡོད། །དེ་ལ་དགེ་སློང་གི་སྡོམ་པ་ནི་ཐམས་ཅད་ལས་འཐོབ་བོ། །དེ་ལས་གཞན་ནི་གཞི་ལས་སོ། །ལས་ཀྱི་ལམ་རྣམས་ནི་སྡོམ་པའི་ཡན་ལག་ལས་ཡིན་ནོ། །རྒྱུ་ལས་ཀྱང་རྣམ་གྲངས་ལ་ལས་ནི་ཐམས་ཅད་ཀྱིས་ཏེ། གལ་ཏེ་མ་ཆགས་པ་དང། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་རྒྱུ་ཡིན་ནའོ། །ལ་ལ་ལས་ནི་གཅིག་གིས་ཏེ། །སེམས་ཆུང་དུ་དང་འབྲིད་དང་ཆེན་པོ་དག་རྒྱུར་འདོད་པ་ཡིན་ནའོ། །སྡོམ་པ་མིན་པ་ཐམས་ཅད་དང༌། །ཡན་ལག་ཀུན་ལས་རྒྱུས་མིན་ནོ། །མ་ཚང་བའི་སྡོམ་པ་མ་ཡིན་པ་ཅན་ནི་མེད་དོ། །རྒྱུ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། སེམས་ཆུང་དུ་ལ་སོགས་པ་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་རོ། །གང་དག་ལས་འཐོབ་པ་བཤད་ནས་ཇི་ལྟར་འཐོབ་པ་དེ་བརྗོད་པར་བྱ་སྟེ། སྡོམ་པ་མིན་པ་བྱ་བའམ། །ཁས་ལེན་པ་ལས་འཐོབ་པར་འགྱུར། །དེའི་རིགས་སུ་སྐྱེས་པ་རྣམས་ཀྱིས་ནི་གསོད་པར་སྦྱོར་བ་བྱ་བ་ལས་སྡོམ་པ་མ་ཡིན་པ་འཐོབ་བོ། །གཞན་གྱི་རིགས་སུ་སྐྱེས་པ་རྣམས་ནི་ལས་དེ་ཁས་ལེན་པ་ལས་སོ། །ལྷག་མའི་རྣམ་རིག་མིན་ཞིང་དང༌། །ལེན་དུ་གུས་པར་བྱེད་པས་འཐོབ། །གང་ཀུན་དགའ་ར་བ་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཞིང་ཡང་ཡོད་དོ། །ཡང་ན་སངས་རྒྱས་ལ་ཕྱག་མ་འཚལ་གྱི་བར་དུ་ཟས་མི་བཟའོ་ཞེས་བྱ་བ་ལ་སོགས་པའི་ཡི་དམ་བཅས་པའམ། དགེ་བའམ་མི་དགེ་བ་གང་ལས་འདིའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གུས་པས་ལས་བྱེད་པ་ལས་སོ། །ཐོབ་པ་བཤད་ནས་གཏོང་བ་བརྗོད་པར་བྱ་སྟེ། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་འབྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང༌། །བསླབ་པའི་གཞི་རྣམས་ཀྱི་མི་བརྡ་ཕྲད་པའི་དྲུང་དུ་བསམ་པ་ཐག་པ་ནས་སླར་ཕུལ་པ་དང༌། རིས་མཐུན་བཏང་བ་དང༌། མཚན་གཉིས་ཅིག་ཅར་བྱུང་བ་དང༌། དགེ་བའི་རྩ་བ་ཀུན་དུ་ཆད་པ་ལས་སོ། །བསྙེན་གནས་ཀྱི་སྡོམ་པ་ནི་མཚན་མོ་
འདས་པ་ལས་ཀྱང་ངོ༌། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་ན་རེ་ལྟུང་བར་འགྱུར་བ་བཞི་ལས་གང་ཡང་རུང་བ་ཞིག་གིས་དགེ་སློང་དང་དགེ་སྦྱོང་གི་སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །གཞན་དག་དམ་ཆོས་ནུབ་པ་ལས། །འདི་ལྟར་དམ་པའི་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང༌། །ལས་ཀྱི་མཐའ་རྣམས་མེད་པར་འགྱུར་རོ། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཁ་ཆེ་བ་རྣམས་ན་རེ་རྩ་བའི་ལྟུང་བ་ལ་ཡང་དགེ་སློང་གི་སྡོམ་པ་གཏོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་ནི་མ་རིགས་པའི་ཕྱིར་རོ། །འོན་ཀྱང་འདི་ལ་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་གཉིས་ཀ་ཡང་ཡོད་དེ། དཔེར་ན་འགའ་ཞིག་ལ་ནོར་ཡང་བདོག་ལ་བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ་བཤགས་ན་ཚུལ་ཁྲིམས་དང་ལྡན་པ་ཁོ་ནར་འགྱུར་རོ། །ཡང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཇི་ལྟར་གཏོང་ཞེ་ན། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་གཏོང་བ་ནི་གོང་མའམ་འོག་ཏུ་སྐྱེ་བ་སྟེ་ས་འཕོས་པ་ལས་སམ། སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་སོ། །ཇི་ལྟར་གཟུགས་སུ་གཏོགས་པ་ལྟར། །དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །དགེ་བ་ཟག་པ་མེད་པ་ནི་འབྲས་བུ་ཐོབ་པ་ལས་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་དབང་པོ་རྟུལ་པོའི་ལམ་མོ། །ཡོངས་སུ་ཉམས་པ་ལས་ལམ་གོང་མའོ། །རེ་ཞིག་སྡོམ་པ་རྣམས་ནི་དེ་ལྟར་གཏོང་ངོ༌། །སྡོམ་མིན་སྡོམ་པ་ཐོབ་པ་དང༌། །ཤི་དང་མཚན་གཉིས་བྱུང་བ་དང༌། །སྡོམ་པ་ཐོབ་པ་ལས་ནི་གལ་ཏེ་སྡོམ་པ་ཡང་དག་པར་བླངས་པས་སམ། །བསམ་གཏན་གྱི་སྡོམ་པ་ཐོབ་པ་ནའོ། །ལུས་བོར་བའི་ཕྱིར་ཤི་བ་དང༌། རྟེན་ཉམས་པའི་ཕྱིར་མཚན་གཉིས་བྱུང་བ་ལས་སོ། །བར་མ་ཤུགས་བླངས་བྱ་བ་དང༌། །དོན་ཚེ་རྩ་བ་ཆད་པ་ལས། །
རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འཕངས་པ་དེ་ཆད་པ་དེ་ཡང་རྣམ་པར་ཆད་པར་འགྱུར་རོ། །གལ་ཏེ་ཡང་དག་པར་གཏོང་ན་བླངས་པ་གཏོང་བ་ལས་སོ། །ཇི་ལྟར་བླངས་པ་མི་བྱེད་ན་བྱ་བ་རྣམ་པར་ཆད་པ་ལས་སོ།། མཆོད་རྟེན་དང༌། ཀུན་དགའ་ར་བ་དང༌། གཙུག་ལག་ཁང་དང༌། མལ་ཆ་དང༌། སྟན་དང༌། གོས་དང༌། རྒྱན་ལ་སོགས་པའི་དངོས་པོའི་དོན་ཆད་པ་ལས་སོ། །ཚེ་ཆད་པ་ལས་ཀྱང་ངོ༌། །གང་གི་ཚེ་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པ་རྩོམ་པ་ན་ཡང་ངོ༌། །དེ་ལྟར་ན་བར་མའི་རྣམ་པར་རིག་བྱེད་མ་ཡིན་པ་གཏོང་བར་འགྱུར་རོ། །འདོད་གཏོགས་དགེ་བ་གཟུགས་མིན་ནི། །རྩ་ཆད་གོང་དུ་སྐྱེས་པ་ལས། །དགེ་བའི་རྩ་བ་ཀུན་དུ་ཆད་པའམ། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལས་སོ། །ཉོན་མོངས་པ་ཅན་གཟུགས་མིན་ནོ། །གཉིས་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཉེ་བའི་ཉོན་མོངས་པའི་རྣམ་པ་གང་གི་སྤོང་བའི་ལམ་གང་ཡིན་པ་དེས་འདི་འཁོར་དང་བཅས་པ་ཡོངས་སུ་སྤོང་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཡང་སྡོམ་པ་མ་ཡིན་པ་དང༌། སྡོམ་པ་ནི་སེམས་ཅན་གང་དག་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ལྷ་ལའང༌། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་ཡང་དག་པར་ལེན་པ་དང༌། ཏིང་ངེ་འཛིན་མེད་པའི་ཕྱིར་དང༌། སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་མེད་དོ། །ངན་སོང་རྣམས་ལ་ཡང་གང་དང་ལྡན་པ་དང༌། གང་མེད་པས་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ཏུ་འགྱུར་བ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་མེད་དོ། །ཟ་མ་ལ་སོགས་པ་དེ་དག་གི་ལུས་དེ་ལྟ་བུ་གང་ལ་སྡོམ་པ་མ་ཡིན་པ་མི་སྐྱེ་ལ། སྡོམ་པ་ཡང་ངོ༌། །དེ་ལ་ཡང༌། མི་རྣམས་ལ་གསུམ་མོ། །མི་རྣམས་ལ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཐམས་ཅད་ཡོད་དོ། །འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་
ལྷ་རྣམས་ཁོ་ན་ལ་ཡོད་དོ། །ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ན་འང༌། །འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་དོ། །བསམ་གཏན་ཁྱད་པར་ཅན་དང༌། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་མ་གཏོགས་སོ། །གཟུགས་མེད་པར་སྐྱེས་པ་རྣམས་ལ་ཡང་ལྡན་པ་ཁོ་ནའི་སྒོ་ནས་ཡོད་དོ། །འདི་མན་ཆད་ནི་མདོ་ལས་བསྟན་པའི་ལས་རྣམ་པར་བཤད་པ་བརྩམ་མོ། །ལས་ནི་དགེ་བ་ལ་སོགས་པ་བསམ་སྟེ། དེ་ལ། ལས་བདེ་མི་བདེ་དང་གཞན་ནི། །བདེ་བའི་ལས་ནི་དགེ་བ་སྟེ། །འབྲས་བུ་ཡིད་དུ་འོང་བ་དང༌། །མྱ་ངན་ལས་འདས་པ་ཐོབ་བར་བྱེད་པ་གང་ཡིན་པའོ། །མི་དགེ་བའི་ལས་ནི་མི་དགེ་བ་སྟེ་དེ་ལས་བཟློག་པའོ། །དེ་དག་ལས་གཞན་བདེ་བ་ཡང་མ་ཡིན་པ་ལ་མི་བདེ་བ་ཡང་མ་ཡིན་པ་ནི་ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ །བསོད་ནམས་བསོད་ནམས་མིན་མི་གཡོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །དེ་ལ། བསོད་ནམས་འདོད་ཁམས་དགེ་བའི་ལས། །མིག་ཡོ་གོང་མ་ལས་སྐྱེས་པའི། །དགེ་བའི་ཞེས་བྱ་བར་སྦྱར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་དགེ་བ་ནི་མི་གཡོ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །འདོད་པ་ན་སྤྱོད་པའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་སྟེ། །འགྲོ་བ་གཞན་གྱི་ལས་འགྲོ་བ་གཞན་དུ་རྣམ་པར་སྨིན་པར་འགྱུར་ལ། ལྷའི་རིས་གཞན་གྱི་ཡང་ལྷའི་རིས་གཞན་ལའོ། །བསོད་ནམས་མ་ཡིན་པའི་ལས་ནི་མི་དགེ་བའོ་ཞེས་འཇིག་རྟེན་ཉིད་དུ་གྲགས་སོ། །བསོད་ནམས་ལ་སོགས་པའི་ལམ་བསྟན་ཟིན་ཏོ། །བསམ་གཏན་གསུམ་པའི་བར་དགེ་བ་དང༌། བདེ་བ་མྱོང་འགྱུར། ས་འདི་ནི་ཚོར་བའི་ཡིན་ཏེ། འདི་ལྟ་སྟེ། འདོད་པའི་ཁམས་དང་བསམ་གཏན་གསུམ་མོ། །དེ་ཡན་ཆད། སྡུག་མིན་བདེ་མིན་མྱོང་འགྱུར་བ། །དགེ་བ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་གསུམ་པ་ཡན་ཆད་ཀྱི་ལས་དགེ་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བ་ཡིན་ནོ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ །འདོད་པའི་ཁམས་ཁོ་ནའི་མི་དགེ་བའི་ལས་ནི་སྡུག་
བསྔལ་གྱི་ཚོར་བ་མྱོང་བའོ། །འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །དེ་ལྟ་མ་ཡིན་ན་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་མེད་པའམ། ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་སྨིན་པར་མི་འགྱུར་རོ། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །འདོད་པའི་ཁམས་ལས་གཞན་ན་ནི་ལས་གསུམ་གྱི་རྣམ་པར་སྨིན་པ་དག་ཅིག་ཅར་དུ་ལྡན་པ་མེད་དེ། བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང༌། སེམས་ལས་བྱུང་བ་རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བ་ནི་མི་ལྡན་པའི་འདུ་བྱེད་རྣམས་ཏེ། དེའི་ཕྱིར་ཡང་འོག་ན་བར་མ་ཡོད་དོ། །ཇི་ལྟར་ན་ཚོར་བའི་རང་བཞིན་མ་ཡིན་པའི་ལས་བདེ་བ་མྱོང་བར་འགྱུར་ཞེས་བྱ་ཞེ་ན། འདི་ལ་འགལ་བ་མེད་དེ། གང་གི་ཕྱིར། ངོ་བོ་ཉིད་དང་མཚུངས་ལྡན་དང༌། །དམིགས་པ་དང་ནི་རྣམ་སྨིན་དང༌། །མངོན་སུམ་དུ་ནི་གྱུར་པ་ལས། །མྱོང་འགྱུར་རྣམ་པ་ལྔ་ཡིན་ནོ། །དེ་ལ་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ཚོང་བ་རྣམས་སོ། །མཚུངས་པར་ལྡན་པས་མྱོང་བར་འགྱུར་བ་ནི་རེག་པ་སྟེ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱའོ། །དམིགས་པ་མྱོང་བར་འགྱུར་བ་ནི་ཡུལ་རྣམས་ཏེ། ཇི་སྐད་དུ། མིག་གིས་གཟུགས་རྣམས་མཐོང་ནས་གཟུགས་སོ་སོར་ཡང་དག་པར་མྱོང་བ་ཞེས་བྱའོ། །རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ནི་ལས་ཡིན་ཏེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞེས་བྱའོ། །མངོན་སུམ་དུ་གྱུར་པ་མྱོང་བར་འགྱུར་བ་ནི་ཇི་སྐད་དུ། གང་གི་ཚེ་བདེ་བའི་ཚོར་བ་ཉམས་སུ་མྱོང་བའོ། །དེ་བས་ན་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་ལས་ཀྱང་བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ། །དེ་ཡང་ངེས་དང་མ་ངེས་པ། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །དེ་ནི་མ་ངེས་པ་དང་བཅས་པ་རྣམ་པ་བཞི་ཡིན་ནོ། །ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །མྱོང་པར་འགྱུར་བ་མ་ངེས་པ་ལ་རྣམ་པར་སྨིན་པ་ངེས་པ་དང་མ་ངེས་པ་རྣམ་པ་གཉིས་སུ་ཕྱེ་ནས་
སོ། །གཞན་དག་མུ་ནི་བཞི་ཞེས་ཟེར། །གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་ལ། རྣམ་པར་སྨིན་པ་ནི་མ་ངེས་པའི་ལས་གང་ཡིན་པའོ། །རྣམ་པར་སྨིན་པ་ངེས་ལ་གནས་སྐབས་དག་ཏུ་མ་ཡིན་པ་ཡང་ཡོད་དེ། དེ་ལས་བཟློག་པའོ། །གཉིས་ཀ་ཡང་ཡོད་པ་དང༌། གཉིས་ཀ་མེད་པ་ཞེས་བྱ་བ་བཤད་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །ལས་བཞི་པོ་དེ་དག་ལས། །གསུམ་གྱིས་རིས་ནི་འཕེན་པར་བྱེད། །མཐོང་བའི་ཆོས་ལ་མྱོང་བར་གྱུར་པའི་ལས་ཀྱིས་ནི་རིས་མཐུན་པ་འཕེན་པར་མི་བྱེད་པའི་ཕྱིར་རོ། །ཁམས་གང་ངམ་འགྲོ་བ་གང་ན་ལས་ཀྱི་འཕེན་པ་དུ་ཞིག་ཡོད་ཅེ་ན། ཐམས་ཅད་ན་ནི་འཕེན་པ་བཞི། །ཐམས་ཅད་དུ་ལས་བཞི་འཕེན་ཏེ། །དགེ་བའམ་མི་དགེ་བ་ཅི་རིགས་པར་རོ། །སྤྱིར་བསྟན་པ་འདིའི་དམིགས་ཀྱིས་བསལ་བ་ནི་འདི་ཡིན་ཏེ། དམྱལ་བ་ན་ནི་དགེ་བའི་གསུམ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མེད་དེ། དེ་ན་དགེ་བའི་རྣམ་པར་སྨིན་པའི་སྐབས་མེད་པའི་ཕྱིར་རོ། །གང་ལས་འདོད་ཆགས་བྲལ་བརྟན་པའི། །བྱིས་པ་དེར་སྐྱེས་མྱོང་མི་བྱེད། །སོ་སོའི་སྐྱེ་བོ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཞིག་ན། དེ་ནི་ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་མི་བྱེད་དོ། །འཕགས་པ་གཞན་དུའང་མྱོང་མི་བྱེད། །བརྟན་པ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེར་ལན་གྲངས་གཞན་དུ་མྱོང་བར་འགྱུར་བའི་ལས་ཀྱང་མི་བྱེད་དོ། །འདོད་རྩེའི་མི་བརྟན་པ་ཡང་མིན། །འདོད་པའི་ཁམས་སམ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་འཕགས་པ་ནི་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བྱེད་པ་ནི་རུང་བ་མ་ཡིན་ནོ། །དེ་ནི་དེའི་ཚེ་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡིན་ལ། འབྲས་བུ་ལས་ཡོངས་སུ་ཉམས་པ་ལ་ཡང་འཆི་བ་མེད་དོ། །ཅི་སྲིད་པ་བར་མ་ལ་ཡང་ལས་ཀྱིས་འཕེན་པ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །ཇི་ལྟར་བྱས་པས་ཤེ་ན། ནུར་
ནུར་པོ་དང༌། མེར་མེར་པོ་དང༌། ནར་ནར་པོ་དང༌། གོར་གོར་པོ་དང༌། རྐང་ལག་འགྱུས་པའི་གནས་སྐབས་ལྔ་དང༌། བྱིས་པ་དང༌། གཞོན་ནུ་དང༌། དར་ལ་བབ་པ་དང༌། དར་ལ་ཡོལ་བ་དང༌། རྒན་པོའི་གནས་སྐབས་ལྔ་དང༌། གནས་སྐབས་བཅུ་པོ་འདི་དག་ལ་ཉམས་སུ་མྱོང་བ་དང༌། སྲིད་པ་བར་མར་ཉམས་སུ་མྱོང་བར་ངེས་པ་དང་མ་ངེས་པ་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་པར་བྱེད་དོ། །དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིས་གཅིག་ཁོ་ན་ཡིན། །དེ་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་ཏེ། སྲིད་པ་བར་མ་གང་ཡིན་པ་དང༌། དེའི་རྒྱུ་ལས་བྱུང་བ་གནས་སྐབས་བཅུ་པོ་གང་དག་ཡིན་པ་དེ་ནི་ལས་གཅིག་གིས་འཕངས་པ་ཡིན་ནོ། །དེའི་ཕྱིར་མཐོང་བའི་ཆོས་ཀྱི་མྱོང་བ་ཁོ་ན་ཡིན་ནོ། །ཡང་ངེས་པའི་ལས་ཅི་འདྲ་བར་རིག་པར་བྱ་ཞེ་ན། ཉོན་མོངས་རབ་དང་དྲག་པོ་དང༌། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང༌། །ཕ་མ་གསོད་གང་དེ་ངེས་སོ། །ཉོན་མོངས་པ་དྲག་པོས་བྱས་པའི་ལས་གང་ཡིན་པ་དང༌། རབ་ཏུ་དང་བ་དྲག་པོས་བྱས་པ་དང༌། གང་རྒྱུན་དུ་བྱེད་པ་དང༌། ཡོན་ཏན་གྱི་ཞིང་ལ་བྱེད་པ་དེ་ནི་ངེས་པ་ཡིན་པར་རིག་པར་བྱ་སྟེ། ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་དང༌། འབྲས་བུ་དང་སྙོམས་པར་འཇུག་པ་ཁྱད་པར་ཅན་ཐོབ་པའི་གང་ཟག་གོ །དེ་ལ་ཉོན་མོངས་པ་དང་རབ་ཏུ་དང་བ་དྲག་པོ་དང༌། རྒྱུན་དུ་བྱེད་པ་མེད་པར་ཡང་དགེ་བའམ་མི་དགེ་བ་དང༌། ཕ་མ་གསོད་པ་ཡང་ངེས་པར་འགྱུར་རོ། །མཐོང་བའི་ཆོས་ལ་མྱོང་བའི་ལས་ཅི་འདྲ་བ་ཞེ་ན། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞིང་གི་ཁྱད་པར་ལས་འགྱུར་རོ། །བསམ་པའི་ཁྱད་པར་ལས་ཀྱང་ངོ༌། །ཡང༌། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །ཡང་དགེ་བའམ་མི་དགེ་བའི་ལས་ས་གང་ཡིན་པ་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །ལས་ཇི་ལྟ་བུ་ཞིག་ཅེ་ན། རྣམ་སྨིན་ངེས་པ་གང་ཡིན་པའོ། །དེའི་ངེས་པ་འདི་ཡིན་ཏེ། གནས་སྐབས་ངེས་པའི་ཡང་མ་ཡིན་ལ་མ་ངེས་པའི་ཡང་མ་
ཡིན་ནོ། །གང་ངེས་པར་མྱོང་པའི་ཞིང་དེ་ཁོ་ན་ཅི་མཐོང་བའི་ཆོས་ལ་མྱོང་བ་ཡིན་ཞེ་ན། ཡིན་ཏེ། དེ་དང་གང་ཟག་ཁྱད་པར་ཅན་གཞན་ཡང་འདི་ལྟ་སྟེ། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མོང་བར་འགྱུར། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པ་ནི་སྙོམས་པར་འཇུག་པ་མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སེམས་མཆོག་ཏུ་ཞི་བ་འཐོབ་པོ། །ཉོན་མོངས་པ་མེད་པ་ལས་ལངས་པའི་རྒྱུ་ནི་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་པ་མེད་པ་དང་ལྡན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་པ་དང༌། ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོམ་པ་དང༌། རྗེས་སུ་འབྲེལ་པ་ཡིན་ནོ། །བྱམས་པ་ལས་ལངས་པ་ཡང་དེ་དང་འདྲའོ། །མཐོང་བའི་ལམ་ལས་ལངས་པའི་རྒྱུད་ནི་མཐོང་བས་སྤང་བར་བྱ་བ་མ་ལུས་པ་སྤངས་བའི་ཕྱིར་གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་བ་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་ལས་ལངས་པའི་རྒྱུད་ནི་བསྒོམ་པས་སྤང་པར་བྱ་བ་མ་ལུས་པར་སྤངས་པས་སོ། །རྣམ་པར་སྨིན་པའི་གཙོ་བོ་ནི་ཚོར་བ་ཡིན་པས་དེའི་ཕྱིར་འདི་དཔྱད་པར་བྱ་སྟེ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །རྣམ་པར་རྟོག་པ་མེད་པའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དེ། དགེ་བའི་ལས་རྣམ་པར་རྟོག་པ་མེད་པ་དེའི་རྣམ་པར་སྨིན་པ་ནི་སེམས་ཀྱི་ཚོར་བ་ཁོ་ན་ཡིན་ནོ། །མི་དགེ་བའི་ནི་ལུས་ཀྱི་ཡི། །སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ནི་ཡིད་མི་བདེ་བ་ཡིན་ཏེ། དེ་ཡང་རྣམ་པར་སྨིན་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་སྨིན་པ་ནི་ལུས་ཀྱི་ཡིན་ནོ། །འོ་ན་སེམས་ཅན་རྣམས་ཀྱི་སེམས་གཡེང་པར་གྱུར་པ་གང་ཡིན་པ་དེ་ནི་སེམས་གང་ལ་ཞེ་ན། རྣམ་པར་རྟོག་པའི་ཕྱིར་ལྔ་དག་ལས་མ་ཡིན་ཏེ། གཡེངས་པའི་སེམས་ནི་ཡིད་སེམས་ལ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །གང་ཞིག་གསང་སྔགས་ཀྱི་སྦྱོར་བ་ལ་སོགས་པས་ཕ་རོལ་པོའི་སེམས་གཡེང་པར་བྱེད་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་ཕྱི་མ་ལ་
སེམས་གཡེང་བར་འགྱུར་རོ། །སྐྲག་གནོད་མ་ཉམས་མྱ་ངན་གྱིས། །མི་མ་ཡིན་པ་ལ་སོགས་པའི་འཇིགས་པས་སམ། ཁམས་མི་མཉམ་པས་སམ། ཉེ་དུ་ཤི་བ་ལ་སོགས་པའི་མྱ་ངན་གྱིས་སེམས་གཡེང་བར་འགྱུར་རོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་བ་གཡེང་བར་འགྱུར་བ་སེམས་གཡེངས་པ་ཡང་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ན་གོ །ཇི་ལྟར་སེམས་ཀྱི་ཚོར་བ་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་ཞེ་ན། སེམས་དེ་ཉིད་རྣམ་པར་སྨིན་པ་ཡིན་ནོ་ཞེས་མི་ཟེར་རོ། །དེ་ལྟ་མོད་ཀྱི་འབྱུང་བ་ཆེན་པོ་རྣམས་འཁྲུགས་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་ཡིན་ལ། དེ་ལས་སྐྱེས་པས་དེའི་ཕྱིར་རྣམ་པར་སྨིན་པ་ཡིན་ནོ། །སེམས་གཡེངས་པ་དེ་ཡང༌། སྒྲ་མི་སྙན་མིན་འདོད་ལྡན་རྣམས། །སྒྲ་མི་སྙན་པ་མིན་པ་འདོད་པ་དང་ལྡན་པ་རྣམས་ནི་ལྷ་དག་གི་ནང་དུ་ཡང་ལྷ་སྨྱོན་པ་ཡོད་ན་མི་དང་ངན་སོང་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་གསུམ་སྟེ། ཡོན་པོ་དང༌། སྐྱོན་དང༌། སྙིགས་མ་དག་ཀྱང་གསུངས་ཏེ། དེ་ལ། ཡོན་སྐྱོན་སྙིགས་མར་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །ལུས་ངག་ཡིད་ཀྱི་ལས་གཡོ་ལས་སྐྱེས་པ་ནི་ལུས་ལ་སོགས་པ་ཡོན་པོར་བཤད་དེ། གྱ་གྱུའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་ཞེ་སྡང་ལས་སྐྱེས་པ་སྐྱོན་དུ་བཤད་དེ། སྡང་བའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་འདོད་ཆགས་ལས་སྐྱེས་པ་ནི་སྙིགས་མར་བཤད་དེ། ཆགས་པའི་རྒྱུ་ལས་ཁྱུང་བ་ཡིན་པའི་ཕྱིར་རོ། །དཀར་གནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །དེ་ལ། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། །མི་དགེ་བ་ནི་གཅིག་ཏུ་གནག་པ་ཡིན་ལ། ཡིད་དུ་མི་འོང་བའི་ཕྱིར་རྣམ་པར་སྨིན་པ་ཡང་ཡིན་ནོ། །གཟུགས་སུ་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་མ་འདྲེས་པའི་ཕྱིར་གཅིག་ཏུ་དཀར་བ་ཡིན་ལ། ཡིད་དུ་འོང་བའི་ཕྱིར་རྣམ་པར་སྨིན་པ་དཀར་བ་ཡིན་ནོ། །འདོད་པར་གཏོགས་པའི་དགེ་བ་ནི། །མི་དགེ་བ་
དང་འདྲེས་པའི་ཕྱིར་དཀར་གནག་ཡིན་ལ། རྣམ་པར་སྨིན་པ་འདྲེས་པའི་ཕྱིར་རྣམ་པར་སྨིན་པ་ཡང་དཀར་གནག་ཡིན་ནོ། །འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ནོ། །ཟག་པ་མེད་པའི་ལས་ནི་ལས་གསུམ་པོ་དེ་དག་ཟད་པར་བྱེད་པ་ཡིན་ནོ། །དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་གནག་པའོ། །རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པའི་ཕྱིར་མི་དཀར་བའོ། །འཇུག་པ་དང་འགལ་བས་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །ཟག་པ་མེད་པའི་ལས་ཐམས་ཅད་ལས་གསུམ་པོ་འདི་ཐམས་ཅད་ཟད་པར་བྱེད་པ་ཡང་མ་ཡིན་ཏེ། འོན་ཀྱང༌། ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་ཀྱི་གང༌། །སེམས་པ་རྣམ་པ་བཅུ་གཉིས་ཏེ། །ནག་པོ་ཟད་པར་བྱེད་པའི་ལས། །མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ། རྣམ་པ་བཅུ་གཉིས་པོ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ནོ། །དགུ་པའི་སེམས་པ་གང་ཡིན་པ། །དེ་ནི་དཀར་ནག་ཟད་བྱེད་ཡིན། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་དགུ་པོའི་སེམས་པ་གང་ཡིན་པ་དེ་ནི་དཀར་གནག་གི་ལས་དང༌། ནག་པོ་དཀར་བ་མ་ཡིན་པའི་རྣམ་པ་དགུ་པོ་སྤོང་བར་བྱེད་དོ། །དཀར་པོ་བསམ་གཏན་ཆགས་བྲལ་བའི། །བར་ཆད་མེད་ལམ་སྐྱེས་ཐ་མས། །བསམ་གཏན་དང་བསམ་གཏན་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་པའི་ལམ་ཐ་མ་དགུ་པ་དེའི་སེམས་པ་འདི་ནི་དཀར་པོའི་ལས་སྤོང་བར་བྱེད་པའོ། །གཞན་ནི་དམྱལ་བ་མྱང་འགྱུར་དང༌། །འདོད་གཞན་མྱོང་འགྱུར་གཉིས་སུ་རིག །དམྱལ་བ་མྱོང་བར་འགྱུར་བ་དང༌། །དམྱལ་བ་ལས་གཞན་འདོད་པའི་ཁམས་སུ་མྱོང་བར་འགྱུར་བ་རིམ་པ་བཞིན་དུ་ནག་པོ་དང་དཀར་གནག་ཡིན་ནོ། །གཞན་ནི་མཐོང་བས་སྤང་བྱ་གནག །དགེ་བ་དང་མ་འདྲེས་པའི་ཕྱིར་རོ། །འདོད་པ་ལས་སྐྱེས་གཞན་དཀར་གནག །འདོད་པའི་ཁམས་ལ་དཀར་གནག་ནི་བསྒོམ་པས་སྤང་བ་ཡིན་ནོ། །
མདོ་ལས་ཐུབ་པའི་ནི་གསུམ་སྟེ་ཞེས་གསུངས་པ་དེ་ལ། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པའི་གསུམ་སྟེ་གོ་རིམས་བཞིན། །མི་སློབ་པའི་ལུས་དང་ངག་གི་ལས་ནི་ཐུབ་པའི་ལུས་དང་ངག་གི་ལས་ཡིན་ནོ། །མི་སློབ་པའི་ཡིད་ཁོ་ན་ཡིད་ཀྱི་ཐུབ་པ་ཡིན་ཏེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐུབ་པའི་ཡང་སྤོང་བའི་དོན་གྱིས་ཡིན་ཏེ། དེའི་ཕྱིར་ཡིད་ཉིད་སྤོང་བ་ལ་ཐུབ་པ་ཞེས་བྱའོ། །གཙང་བྱེད་གསུམ་གསུངས་པ་དེ་ལ། ལེགས་སྤྱད་གསུམ་པོ་ཐམས་ཅད་ནི། །གཙང་བྱེད་རྣམ་པ་གསུམ་ཡིན་ནོ། །ལུས་ཀྱི་ལེགས་པར་སྤྱད་པ་ཐམས་ཅད་ནི་ལུས་གཙང་བྱེད་ཡིན་ནོ། །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་གཙང་བ་ཡིན་ཏེ། ལུས་རེ་ཞིག་དང་གཏན་དུ་ཉེས་པར་སྤྱད་པའི་ཉོན་མོངས་པའི་དྲི་མ་སྤོང་བའི་ཕྱིར་རོ། །ཉེས་པར་སྤྱད་པ་གསུམ་གསུངས་པ་དེ་ལ། ལུས་ཀྱི་ལ་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ཡིན་ནོ། །བརྣབ་སེམས་ལ་སོགས་ལས་མིན་ཡང༌། །ཡིད་ཀྱི་ཉེས་སྤྱད་རྣམ་གསུམ་མོ། །ལས་ཀྱི་རང་བཞིན་མ་ཡིན་ཡང༌། །ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་ཡོད་དེ། བརྣབ་སེམས་དང༌། གནོད་སེམས་དང་ལོག་པར་ལྟ་བའོ། །བཟློག་པ་ལེགས་པར་སྤྱད་པ་ཡིན། ཉེས་པར་སྤྱད་པ་ལས་བཟློག་པ་ནི་ལེགས་པར་སྤྱད་པར་རིག་པར་བྱའོ། །ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་བཤད་པ་གང་དག་ཡིན་པ། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །དགེ་བ་རྣམས་ནི་ལེགས་པར་སྤྱད་པ་དག་ལས་སོ། །མི་དགེ་བ་རྣམས་ནི་ཉེས་པར་སྤྱད་པ་དག་ལས་སོ། །འདིར་ཉེས་པར་སྤྱད་པ་ཅི་ཞིག་དང༌། ལེགས་པར་སྤྱད་པ་ཅི་ཞིག་མ་བསྡུས་ཤེ་ན། རེ་ཞིག་མི་དགེ་བ་རྣམས་ལས་ལུས་ཀྱི་ཉེས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང༌། མཇུག་དང༌། ཉོན་མོངས་པ་ཅན་རྡེག་པ་ལ་སོགས་པ་དང༌། ཡིད་ཀྱི་ཉེས་པར་སྤྱད་པའི་ཕྱོགས་སེམས་པ་མ་བསྡུས་སོ། །དགེ་
བ་ལ་ལུས་ཀྱི་ལེགས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང༌། མཇུག་དང༌། མྱོས་པར་འགྱུར་བ་ལ་སོགས་པ་སྤོང་བ་དང༌། སྦྱིན་པ་དང༌། མཆོད་སྦྱིན་ལ་སོགས་པ་དང༌། ངག་གི་ཉེས་པར་སྤྱད་པ་ཡང་སྙན་པར་སྨྲ་བ་ལ་སོགས་པ་དང༌། ཡིད་ཀྱི་ལེགས་པར་སྤྱད་པའི་སེམས་པ་མ་བསྡུས་སོ། །ལས་ཀྱི་ལམ་དེ་རྣམས་ལས། མི་དགེ་དྲུག་ནི་རྣམ་རིག་མིན། །འདོད་པས་ལོག་པར་གཡེམས་པ་ལས་གཞན་དྲུག་པོ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །གཞན་བྱེད་དུ་བཅུག་པ་ནའོ། །གཅིག་རྣམས་གཉིས་སོ། །འདོད་པས་ལོག་པར་གཡེམས་པ་ནི་རྟག་ཏུ་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་ཏེ། རང་ཉིད་ཀྱི་དེ་མཐར་ཐུག་པར་བྱས་པའི་ཕྱིར་རོ། །དེ་དག་ཀྱང་བྱེད་ན། ལས་ཀྱི་ལམ་དྲུག་པོ་འདི་དག་ཀྱང་བདག་ཉིད་བྱེད་པ་ན་རྣམ་པ་གཉིས་ཏེ། རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །དགེ་བ་བདུན་རྣམ་གཉིས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་རོ། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པ་ནི་སེམས་ཙལ་ལ་རག་ལུས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའོ།། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན། གལ་ཏེ་ཀུན་ནས་དཀྲིས་པ་དྲག་པོའམ། རབ་ཏུ་དང་བ་ལྷུར་ལེན་པ་ཆེན་པོས་སྦྱོར་བ་རྩོམ་ན་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བཟློག་པ་མཇུག་ཡིན་ནོ། །དེ་དག་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནི་ཡིན་ནོ། །རྣམ་པར་རིག་བྱེད་དུ་ནི་འགྱུར་བའམ། ཡང་ན་མ་ཡིན་ཏེ། གལ་ཏེ་ལས་ཀྱི་ལམ་བྱས་ནས་ཡང་དེའི་རྗེས་སུ་མཐུན་པའི་ཆོས་སྤྱོད་ན་ནི་རྣམ་པར་རིག་བྱེད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །མདོ་ལས། སྲོག་གཅོད་པ་ནི་ཆགས་པ་ལས་སྐྱེས་པ་དང༌། ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པའོ་ཞེས་བྱ་བ་ནས་ལོག་པར་ལྟ་བའི་བར་དུ་གསུངས་པ་དེ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་ལ་སྲོག་གཅོད་པ་ལས་སྐྱེས་པའི་སྦྱོར་བ་ནི་འདི་ལྟ་སྟེ། དེའི་ལས་ཀྱི་ཡན་ལག་གི་ཕྱིར་
རམ། ནོར་གྱི་ཕྱིར་རམ་རྩེ་མོ་ལ་སོགས་པའི་ཕྱིར་སྦྱོར་ནའོ། །ཞེ་སྡང་ལས་སྐྱེས་པ་ནི་འདི་ལྟ་སྟེ། ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་གསོད་པར་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ་མཆོད་སྦྱིན་བྱེད་པ་ལ་སོགས་པའི་དོན་དུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་སྐྱེས་པའི་སྦྱོར་བ་ནི་གང་ཞིག་གང་དོན་དུ་གཉེར་བ་དེས་དེ་འཕྲོག་པའམ། གཞན་གྱི་རྙེད་པའམ། བཀུར་སྟིའམ་གྲགས་པའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ན་ལས་ངེས་པར་འབྱུང་བའི་ཕྱིར་རོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། རྒྱལ་པོས་ཆོས་འདོན་པ་པོ་ཚད་མར་བྱས་ནས་སམ། མི་བགྲུངས་པ་ཆད་པས་བཅད་པའི་ཕྱིར་ཆོས་ཀྱི་བློས་འཕྲོག་པའོ། །འདོད་པས་ལོག་པར་གཡེམ་བ་ཆགས་པ་ལས་སྐྱེས་བའི་སྦྱོར་བ་ནི་གཞན་གྱི་ཆུང་མ་ལ་སོགས་པ་ལ་ཆགས་པས་སམ། རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་རོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། པར་སིག་པ་རྣམས་མ་ལ་སོགས་པ་ལ་བགྲོད་པའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་དང་ཞེ་སྡང་ལས་སྐྱེས་པ་སྔ་མ་བཞིན་ནོ། །གཏི་མུག་ལས་སྐྱེས་པ་རྣམས་ནི་ཕལ་ཆེར་ལོག་པར་ལྟ་བས་རབ་ཏུ་བཅུག་པའོ། །དེ་ཡི་མཇུག་ཐོགས་ལས་བྱུང་ཕྱིར། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །ཆགས་པའི་མཇུག་ཐོགས་སུ་བྱུང་བ་ནི་ཆགས་པ་ལས་སྐྱེས་པ་རྣམས་སོ། །མི་དགེ་བ་རྣམས་བཤད་ཟིན་ཏོ། །དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་དང༌། དེ་ཡང་གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་དགེ་བ་ཐམས་ཅད་རྩ་བ་གསུམ་ལས་སྐྱེས་པ་ཡིན་ནོ། །དེ་མི་དགེ་བའི་ལས་ཀྱི་ལམ་གྱི་སྦྱོར་བ་སྤོང་བ་ནི་དགེ་བའི་ལས་ཀྱི་ལམ་གྱི་སྦྱོར་བ་ཡིན་ནོ། །དངོས་སྤོང་བ་ནི་དངོས་ཡིན་ནོ། །མཇུག་སྤོང་བ་ནི་མཇུག་ཡིན་ནོ། །སྡོམ་པ་ལེན་པ་ན་ཡང་སྦྱོར་བ་དང་དངོས་དང་མཇུག་རྣམས་སྦྱར་བར་བྱའོ། །སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །ཞེས་བྱ་
བ་བཤད་ནས། གང་གིས་གང་ལ་མཐར་ཐུག་པ་དེ་བརྗོད་པར་བྱ་སྟེ། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ཡོངས་སུ་འདོར་བ་དང་རྩུབ་པའི་སེམས་མངོན་དུ་འགྱུར་བའི་ཕྱིར་རོ། །ལོག་གཡེམས་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ཆེར་རྨོངས་པར་འགྱུར་བས་དེ་མཐར་ཕྱིན་པར་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྐྱལ་པ་རྣམས་ནི་སྲིད་པ་བཞིན་དུ་གསུམ་གྱིས་མཐར་ཕྱིན་ཏོ། །གང་ལས་ཀྱི་ལམ་ཆ་བཞིར་བཤད་པ་དེ་དག་ནི་གསུམ་དང༌། གསུམ་དང༌། གཅིག་དང༌། གསུམ་སྟེ་གོ་རིམས་བཞིན་དུ། གཞི་ནི་སེམས་ཅན་ལོངས་སྤྱོད་དང༌། །མིང་དང་གཟུགས་དང་མིང་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་ནོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ། །ལོག་པར་ལྟ་བའི་གཞི་ནི་མིང་དང་གཟུགས་སོ། །བརྫུན་དུ་སྨྲ་བ་ལ་སོགས་པའི་གཞི་ནི་མིང་གི་ཚོགས་ཡིན་ནོ། །གང་ཞིག་གིས་ཕ་རོལ་པོ་འཆི་བར་ངེས་པར་བྱས་ནས་དེ་དང་མགོ་མཉམ་དུའམ་སྔར་ཤི་བར་གྱུར་པ་དེ་ལ་ལས་ཀྱི་ལམ་དངོས་ཡོད་དམ། །འོན་ཏེ་མེད་ཅེ་ན། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ལུས་གང་གིས་དེ་ལ་སྦྱོར་བ་བྱས་པ་དེ་ནི་ཆད་ལ་ལུས་གཞན་ཁོ་ན་ཞིག་བྱུང་སྟེ། དེ་ནི་སྦྱོར་བ་པོ་མ་ཡིན་པའི་ཕྱིར་ལས་ཀྱི་ལམ་དང་ལྡན་པར་རིགས་པ་མ་ཡིན་ནོ། །གང་དམག་གིས་གདབ་པ་དང༌། ལིངས་འདེབས་པ་དང༌། མ་འཁྲིགས་པར་གདབ་བ་དག་ཏུ་ཕ་རོལ་པོ་གསད་པར་བྱ་བའི་ཕྱིར་མང་པོ་ཚོགས་པས་བཏབ་ལ། གཅིག་གཅིག་གིས་སྲོག་གཅོད་ན་དེ་དང་སུ་ཞིག་ལྡན་པར་འགྱུར་ཞེ་ན། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །དོན་གཅིག་པའི་ཕྱིར་ཐམས་ཅད་བྱེད་པ་པོ་ཇི་ལྟ་བ་བཞིན་དུ་ལྡན་པར་འགྱུར་ཏེ། དེ་དག་ནི་དོན་གྱིས་ན། ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །ཡང་སྲོག་གཅོད་པའི་མཚན་ཉིད་ནས་ལོག་པར་ལྟ་བའི་བར་གྱི་མཚན་ཉིད་ཅི་ཞེ་ན། །སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བར་ནི་གཞན་བསད་པའོ། །
གལ་ཏེ་འདི་བསད་དོ་སྙམ་དུ་བསམས་ནས་གསོད་པར་བྱེད་ལ། གཞན་དང་མ་ནོར་བར་དེ་ཉིད་གསོད་པར་བྱེད་ན་དེ་ཙམ་གྱིས་སྲོག་གཅོད་པ་ཡིན་ནོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །གལ་ཏེ་གཞན་གྱི་བདག་གིར་བྱས་པ་ལ་མཐུ་དང་འཇབ་བུས་བདག་གིར་བྱེད་ཅིང༌། གང་མཐུ་དང་འཇབ་བུས་བདག་གིར་བྱ་བར་བསམས་པ་དེ་ལས་གཞན་དུ་འདུ་ཤེས་ཀྱང་མ་འཁྲུལ་ན་དེ་ཙམ་གྱིས་མ་བྱིན་པར་ལེན་པ་ཡིན་ནོ། །བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ་བགྲོད་པར་བྱ་བ་མ་ཡིན་པ་གཞན་གྱིས་ཡོངས་སུ་བཟུང་བའམ། མའམ་བུ་མོ་ལ་སོགས་པའོ། །ཡན་ལག་མ་ཡིན་པར་འགྲོ་བ་སྐྱེ་གནས་མ་ཡིན་པར་རོ། །ཡུལ་མ་ཡིན་པར་འགྲོ་བ་སྣང་བའམ་མཆོད་རྟེན་ལ་སོགས་པའོ། །དུས་མ་ཡིན་པར་འགྲོ་བ་སྦྲུམ་མ་འམ་བྱིས་པ་གསོ་བ་དང༌། ངེས་པ་དང་བཅས་པའི་གན་དུ་འགྲོ་བ་ལ་སོགས་པའོ། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །དོན་སྨྲ་བ་གང་ཡིན་པ་དེ་ལས་འདུ་ཤེས་གཞན་དུ་བསྒྱུར་ལ། དེས་གང་གི་དབང་དུ་བྱས་ནས་སྨྲས་པའི་ཚིག་དེའི་དོན་ཡང་གོ་ན་ཚིག་དེའི་བརྫུན་དུ་སྨྲ་བ་ཡིན་ནོ། །མདོ་ལས་ཐ་དད་བཅུ་དྲུག་གསུངས་པ་དེ་ནི་མ་མཐོང་བ་ལ་མཐོང་ཞེས་སྨྲ་བ་ནས་མི་ཤེས་པར་ཤེས་སོ་ཞེས་པའི་བར་ལ་སོགས་པའོ། །མཐོང་བ་དང༌། ཐོས་པ་དང༌། རྟོགས་པ་དང༌། རྣམ་པར་ཤེས་པ་དག་གི་མཚན་ཉིད་ཅི་ཞེ་ན། མིག་རྣ་ཡིད་ཀྱི་རྣམ་ཤེས་དང༌། གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང༌། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་དེ་ནི་མཐོང་བ་དང༌། རྣ་བའི་རྣམ་པར་ཤེས་པས་མྱོང་བ་དེ་ནི་ཐོས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པས་མྱོང་བ་དེ་ནི་རྣམ་པར་ཤེས་པ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པས་མྱོང་བ་ནི་རྟོགས་པ་ཞེས་བཤད་དོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཕ་རོལ་དབྱེ་ཞིང་མི་མཛའ་བར་བྱ་བའི་ཕྱིར་སེམས་ཉོན་མོངས་པ་ཅན་གྱི་ཚིག་ནི་ཕྲ་མ་སྟེ། དོན་
མངོན་པར་གོ་བ་དང༌། མ་ནོར་བ་ཞེས་བྱ་བར་སྦྱར་རོ། །ཚིག་རྩུབ་པོ་ནི་མི་སྙན་པ། སེམས་ཉན་མོངས་པ་ཅན་གྱི་ཚིག་ཅེས་པ་དང་ཡང་སྦྱར་ཏེ། སེམས་ཉོན་མོངས་པ་ཅན་གྱི་ཚིག་མི་སྙན་པ་ཕ་རོལ་པོ་ལ་སྨྲས་ཤིང་དོན་མངོན་པར་གོ་ལ། གང་ལ་སྨྲ་བར་འདོད་པ་དེ་ཉིད་ལ་སྨྲས་པ་གང་ཡིན་པ་དེ་ནི་ཚིག་རྩུབ་པོ་ཡིན་ནོ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཉོན་མོངས་པ་ཅན་གྱི་ཚིག་ཐམས་ཅད་ནི་ཚིག་ཀྱལ་པ་ཡིན་ནོ། །གཞན་ནི་དེ་ལས་གཞན་ཉོན་མོངས། །གཞན་དག་ན་རེ་ངག་གི་ལས་བརྫུན་གྱི་ཚིག་སྨྲ་བ་ལ་སོགས་པ་དེ་དག་ལས་གཞན་པ་ཉོན་མོངས་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཚིག་ཀྱལ་པ་ཡིན་ནོ་ཞེས་ཟེར་རོ། །ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན། དཔེར་ན་དགེ་སློང་ལོག་པས་འཚོ་བ་ཁ་གསག་བྱེད་པ་དང༌། ཆགས་པས་ཁ་ཅིག་གླུ་ལེན་པ་དང༌། ཟློས་གར་མཁན་རྣམས་ཟློས་གར་གྱི་ཚེ་གཞན་དག་མགུ་བར་བྱ་བའི་ཕྱིར་འཁྱལ་པ་དང༌། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་དག་འདོན་པ་དང༌། དེ་བཞིན་དུ་བརྫུན་དུ་སྨྲ་བ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ངག་གི་ལས་གང་ཡིན་པ་དེ་ཡང་ཚིག་ཀྱལ་པ་ཡིན་ནོ། །བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཕ་རོལ་པོ་དག་གི་གང་ཡིན་པ་བདག་གི་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་ནས་གཞན་གྱི་ནོར་དག་ལ་མཐུའམ་འཇབ་བུ་ཡང་རུང་ལོག་པ་མི་རིགས་པས་བདག་གིར་བྱེད་པར་འདོད་པ་གང་ཡིན་པ་དེ་ནི་བརྣབ་སེམས་སོ། །གནོད་སེམས་སེམས་ཅན་ལ་སྡང་བ། །ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པའོ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ལས་དགེ་བ་དང་མི་དགེ་བ་མེད་དོ་ཞེས་ལྟ་བ་དེ་ནི་ལོག་པར་ལྟ་བའོ། །ལས་ཀྱི་ལམ་བཅུར་བཤད་པའི་ལས་ཀྱི་ལམ་ཞེས་བྱ་བའི་དོན་ནི་ཅི་ཡིན་ཞེ་ན། འདི་ལ། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །བརྣབ་སེམས་ལ་སོགས་པ་འཇུག་པའི་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་མོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལས་ཀྱི་ལམ་ཡང་ཡིན་པ་ལས་ཀྱི་ལམ་མོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་དགེ་བའི་ཆོས་རྣམས་ཀུན་དུ་སྤྱོད་པ་དང་འགལ་བ་ཡིན་
ལ། མེད་པར་ལྟ་བས་རྩ་བ་གཅོད། །དགེ་བའི་རྩ་བ་གཅོད་པ་ནི་ལོག་པར་ལྟ་བ་ཆེན་པོ་ཡོངས་སུ་རྫོགས་པས་སོ། །དགེ་བའི་རྩ་བ་གང་ཞིག་གཅོད་ཅེ་ན། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །འདོད་པ་ན་སྤྱོད་པ་རྣམས་ཀྱི་གཅོད་དེ། གཟུགས་དང་གཟུགས་མེད་པ་དག་དང་མི་ལྡན་པའི་ཕྱིར་རོ། །སྐྱེས་ནས་འཐོབ་པ་དག་ཁོ་ན་ཀུན་དུ་འཆད་པར་འགྱུར་ཏེ། སྦྱོར་བ་ལས་བྱུང་བ་དག་ནི་སྔར་ཡོངས་སུ་ཉམས་ཟིན་པའི་ཕྱིར་རོ། །ཅི་ལ་དམིགས་པའི་ལོག་པར་ལྟ་བས་ཀུན་དུ་གཅོད་པར་བྱེད་ཅེ་ན། རྒྱུ་དང་འབྲས་ལ་སྐུར་བ་འདེབས་པས། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་རྒྱུ་ལ་སྐུར་པ་འདེབས་པ་གང་དག་ཡིན་པ་དང༌། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་འབྲས་བུ་ལ་སྐུར་པ་འདེབས་པ་གང་དག་ཡིན་པའོ། །དེ་ལ་ཡང་ཟག་པ་དང་བཅས་པ་ཁོ་ནས་ཞེས་ཁ་ཅིག་ཟེར་རོ། །འདི་སྐད་དུ་བརྗོད་དེ། ཀུན་གྱིས། གཏན་ནས་ཅིག་ཅར་གཅོད་པ་ནི་མ་ཡིན་ནོ། །རིམ་གྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་དུ་ཆེན་པོའི་ཆེན་པོས་ཆུང་ངུའི་ཆུང་ངུ་གཅོད་པར་བྱེད་པའི་བར་དུ་ལོག་པར་ལྟ་བ་དགུས་དགེ་བའི་རྩ་བ་རྣམ་པ་དགུ་གཅོད་པར་བྱེད་དོ། །གང་དུ་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་ཅེ་ན། མིའི་ནང་དུ། ངན་སོང་དག་ན་ནི་མ་ཡིན་ཏེ། ཤེས་རབ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དག་མི་བརྟན་པའི་ཕྱིར་རོ། །ལྷ་དག་གི་ནང་ན་ཡང་མེད་དེ། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །གླིང་གསུམ་དག་ན་ཡོད་ཀྱི་བྱང་གི་སྒྲ་མི་སྙན་ན་མེད་དེ། སྡིག་པའི་བསམ་པ་མེད་པའི་ཕྱིར་རོ། །དེ་དག་ཀྱང༌། སྐྱེས་པ་བུད་མེད་ཀྱིས་གཅོད་དོ། །དེ་དག་ལས་ཀྱང༌། ལྟ་སྤྱད་སྡིག་པའི་བསམ་པ་བསྟན་པ་དང༌། མཁྱུད་པ་ཅན་ཡིན་པའི་ཕྱིར་རོ།། དགེ་བའི་རྩ་བ་ཀུན་དུ་ཆད་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ནི་མི་ལྡན་པའོ། །གང་གི་ཚེ་དགེ་བའི་རྩ་བ་རྣམས་ཀྱི་ཐོབ་པ་ཆད་དེ་ཡང་མི་སྐྱེ་ལ་མི་ལྡན་པ་དེ་སྐྱེས་ན་དགེ་བའི་རྩ་བ་རྣམས་ཀུན་དུ་ཆད་པ་ཞེས་བྱའོ། །ཀུན་དུ་ཆད་པ་དེ་དག་ཀྱང༌། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས།
ནམ་ཞིག་ལ་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་སྐྱེས་པའམ། ཡོད་པར་ལྟ་བ་དེའི་ཚེ་ཡང་དེའི་ཐོབ་པ་ཀུན་དུ་སྐྱེས་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བར་འགྱུར་རོ། །ཡང་དེ་དག་གི་ཉིང་མཚམས་སྦྱོར་བ་ནི། མཚམས་མེད་བྱེད་པའི་འདི་ལ་མིན། །གཞན་གྱི་འདི་ཉིད་ལ་འགྱུར་གྱི་མཚམས་མེད་པ་བྱེད་པ་ནི་དམྱལ་བར་སྐྱེ་བའམ་འཆི་འཕོ་བར་ཉིང་མཚམས་སྦྱོར་རོ། །འདི་ནི་ལས་ཀྱི་ལམ་གྱི་སྐབས་ཡིན་པས་དེ་ལ་ལས་ཀྱི་ལམ་དུ་ཞིག་དང་སེམས་པ་ལྷན་ཅིག་ཅིག་ཅར་དུ་འབྱུང་བར་འགྱུར་བ་བརྗོད་པར་བྱ་སྟེ། མི་དགེ་བརྒྱད་ཀྱི་བར་དག་དང༌། །སེམས་པ་ཅིག་ཅར་ལྷན་ཅིག་འབྱུང༌། །རེ་ཞིག་སེམས་པ་གཅིག་དང་ལྷན་ཅིག་འབྱུང་བ་ནི་བརྣབ་སེམས་ལ་སོགས་པ་མངོན་དུ་གྱུར་པའི་ཕྱིར་སེམས་པ་ཉོན་མོངས་པ་མ་ཡིན་པ་དེའི་སྦྱོར་བས་གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཞིག་མཐར་ཕྱིན་པར་བྱེད་ནའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སུ་གྱུར་པས་སྲོག་གཅོད་ནའོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སུ་གྱུར་པས་གཞན་གྱི་སྲོག་ཆགས་གསད་པས་འཕྲོག་ནའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་དབྱེན་བྱ་བའི་བསམ་པ་དང་ལྡན་པས་བརྫུན་གྱི་ཚིག་གམ་ཚིག་རྩུབ་པོ་སྨྲ་ན་སྟེ། དེ་ལ་ཡིད་ཀྱི་གཅིག་ཡིན་ངག་གི་གསུམ་ཡིན་ནོ། །ཡང་ན་བརྣབ་སེམས་ལ་སོགས་པར་གྱུར་པ་དེའི་སྦྱོར་བས་གཞན་གསུམ་མཐར་ཕྱིན་པར་བྱེད་ན་སྟེ། ལྔ་དང་དྲུག་དང་བདུན་དང་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་དྲུག་ལ་སྦྱོར་བ་བྱས་ནས། འདོད་པས་ལོག་པར་གཡེམ་པ་བདག་ཉིད་ཀྱིས་བྱེད་ལ་མཉམ་དུ་མཐར་ཕྱིན་པར་གྱུར་ནའོ། །རེ་ཞིག་མི་དགེ་བ་དང་ནི་དེ་ལྟ་བུ་ཡིན་ནོ། །དགེ་བ་བཅུ་ཡི་བར་དག་དང༌། །གཅིག་དང་བརྒྱད་དང་ལྔ་དང་མིན། །དེ་ལ་གཉིས་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དང་ངོ༌། །གསུམ་དང་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནའོ། །བཞི་དང་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་ནའོ། །དྲུག་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པས་དེ་ཡང་དག་པར་
ལེན་ནའོ། །བདུན་དང་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་དེ་ཁོ་ན་ཡང་དག་པར་ལེན་ནའོ། །དགུ་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པས་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ནའོ། །བཅུ་དང་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པས་དེ་ཁོ་ན་ཡང་དག་པར་ལེན་ནའོ། །འགྲོ་བ་གང་ན་དགེ་བའམ་མི་དགེ་བའི་ལས་ཀྱི་ལམ་དུ་ཞིག་མངོན་སུམ་དུ་གྱུར་པའམ་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་ན་ནི་ཀྱལ་པ་དང༌། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །སྨྲེ་སྔགས་འདོན་པའི་ཕྱིར་ཚིག་ཀྱལ་པ་ཡིན་ནོ། །ཕན་ཚུན་བརྒྱད་བཀག་བྱེད་པའི་ཕྱིར་ཚིག་རྩུབ་པོ་ཡིན་ནོ། །གཅིག་ལ་གཅིག་སེམས་ཀྱི་རྒྱུད་རྩུབ་པོས་ཞེ་སྡང་བའི་ཕྱིར་གནོད་སེམས་ཡིན་ནོ། །བརྣབ་སེམས་ལོག་ལྟ་ལྡན་པས་སོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་དང༌། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་སུམ་དུ་གྱུར་པ་ནི་མེད་དོ། །ལས་ཀྱི་ལམ་གཞན་དག་ནི་གཉིས་ཀ་ཡང་མེད་དོ། །སྒྲ་མི་སྙན་ན་གསུམ་ཡོད་དེ། ཡིད་ཀྱི་གསུམ་ནི་ལྡན་པའི་སྒོ་ནས་སྦྱར་གྱི་ང་ཡིར་འཛིན་པ་དང༌། ཀུན་ནས་བརྣར་སེམས་པའི་དངོས་པོ་མེད་པ་དང༌། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་བདུན་པ་དངོས་སུ་ཡང༌། །དེ་ན་ཚིག་ཀྱལ་པ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། གཞན་དག་རྣམ་པ་གཉིས་ཀ་ཡང་མེད་དོ། །འདོད་པ་གཞན་ན་མི་དགེ་བཅུ། །དམྱལ་བ་དང༌། བྱང་གི་སྒྲ་མི་སྙན་དག་ལས་གཞན་པའི་འདོད་པའི་ཁམས་ན་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམ་པ་གཉིས་ཀ་ཡོད་དོ། །མི་དགེ་བ་རྣམས་བཤད་ཟིན་ཏོ། །དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །ཁམས་གསུམ་ཐམས་ཅད་ལ་ཡིད་ཀྱི་གསུམ་རྣམ་པ་གཉིས་ཀ་ཡང་ཡོད་དོ། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད། །གཟུགས་མེད་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་དག་ནི་ལུས་དང་ངག་གི་དགེ་བའི་ལས་ཀྱི་ལམ་བདུན་ལྡན་པའི་སྒོ་ཁོ་ན་ནས་ཡོད་དོ། །གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཟག་པ་མེད་པའི་སྡོམ་པ་འདས་
པ་དང་མ་འོངས་པ་དང་ལྡན་པའི་ཕྱིར་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །ལྷག་བྱས་ན། མངོན་དུ་གྱུར་པའི་སྒོ་ནས་ཀྱང༌། །དམྱལ་བཅས་སྒྲ་མི་སྙན་མ་གཏོགས། །ལྷག་མར་བྱས་པའི་ཁམས་སམ་འགྲོ་བ་གཞན་གང་ཡིན་པ་དེ་ལ་དམྱལ་བ་དང་བྱང་གི་སྒྲ་མི་སྙན་པ་དག་མ་གཏོགས་པ་དགེ་བ་བདུན་པོ་དག་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དོ། །དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །རེ་ཞིག་མི་དགེ་བ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བར་སྐྱེ་བའོ། །མི་རྣམས་སུ་སྲོག་གཅོད་པའི་རྒྱུ་མཐུན་པའི་འབྲས་བུ་ནི་ཚེ་ཐུང་བའོ། །མ་བྱིན་པར་ལེན་པ་ནི་ལོངས་སྤྱོད་ཀྱིས་ཕོངས་པའོ། །འདོད་པས་ལོག་པར་གཡེམ་པས་ནི་དགྲ་དང་བཅས་པའི་ཆུང་མ་ཅན་དུའོ། །བརྫུན་དུ་སྨྲ་བ་ནི་སྐུར་པ་མང་བའོ། །ཕྲ་མས་ནི་མཛའ་བོ་དབྱེའོ། །ཚིག་རྩུབ་པོ་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་སོ། །ཚིག་ཀྱལ་པས་ནི་ཚིག་གཟུང་བར་མི་འོས་པའོ། །བརྣབ་སེམས་ཀྱིས་ནི་འདོད་ཆགས་ཆེ་བར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་ཆེ་བར་རོ། །ལོག་པར་ལྟ་བས་ནི་གཏི་མུག་ཆེ་བར་འགྱུར་རོ། །སྲོག་གཅོད་པའི་བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་རྣམས་གཟི་མཐུ་ཆུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་སེར་བ་དང་ཆར་པ་མང་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་རྡུལ་གྱིས་འཁྲིགས་པའོ། །བརྫུན་དུ་སྨྲ་བས་ནི་དྲིང་བར་རོ། །ཕྲ་མས་ནི་མཐོ་དམན་ཅན་དུའོ། །ཚིག་རྩུབ་པོས་ནི་ཚ་སྒོ་ཅན་དང༌། དགོན་དུང་ཅན་དུའོ། །ཚིག་ཀྱལ་པས་ནི་དུས་ལོག་པ་ཅན་དུའོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ་མོར་རོ། །གནོད་སེམས་ཀྱིས་ནི་འབྲས་བུ་ཁ་བར་རོ། །ལོག་པར་ལྟ་བས་ནི་འབྲས་བུ་ཆུང་ངུའམ་མེད་པར་འགྱུར་རོ། །འདི་ཡང༌། སྡུག་བསྔལ་ཕྱིར་དང་བསང་ཕྱིར་དང༌། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །སྲོག་གཅོད་པར་བྱེད་པས་ནི་གསད་པར་བྱ་བ་སྡུག་བསྔལ་བསྐྱེད་པ་དང༌། སྲོག་དང་བྲལ་བས་བསད་པ་དང༌། གཟི་བྱིན་མེད་པར་བྱས་པ་ཡིན་ཏེ། དེའི་དེ་
ལ་དམྱལ་བར་སྐྱེ་བ་ལ་སོགས་པའི་འབྲས་བུ་རྣམ་པ་གསུམ་གསུངས་སོ། །མ་བྱིན་པར་ལེན་པ་ལ་སོགས་པ་དང༌། དགེ་བ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ལོག་པའི་ལུས་ངག་གི་ལས་ཀྱི་མཐའ་དག་གིས་ལོག་པར་འཚོ་བ་གང་གསུངས་པ་དེ་ནི་གཞན་མེད་ཀྱི་དེ་ཉིད་ཡིན་ཏེ། ལུས་དང་ངག་ལ་ཆགས་ལས་སྐྱེས། །ལོག་འཚོ། ལུས་ངག་གི་ལས་ཀྱི་མཐའ་ནི་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་ཡིན་ཏེ། དེ་ནི་དེ་དག་ལས། སྦྱང་དཀའི་ཕྱིར་ལོགས་ཤིག་བསྟན་ཏོ། །ཆགས་པའི་ཆོས་ནི་འཕྲོག་པར་བྱེད་པ་ཡིན་པས་དེས་ཀུན་ནས་བསླང་བའི་ལས་སེམས་བསྲུང་བར་སླ་བ་མ་ཡིན་ཏེ། དེའི་ཕྱིར་འཚོ་བ་སྦྱང་དཀའ་བས་བསྒྲིབ་པར་བྱ་བའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །གལ་ཏེ། ཡོ་བྱད་ལ། ཆགས་བསླང་གང་ཞིག་འཚོ་བས་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་དང་ངག་གི་ལས་ཁོ་ན་ལོག་པའི་འཚོ་བ་ཡིན་ལ། གཞན་ནི་མ་ཡིན་ཏེ་ཞེས་འདོད་པ་དེ་ནི། མདོ་དང་འགལ་ཕྱིར་མིན། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གླང་པོ་ཆེ་འཐབ་པ་ལ་ལྟ་བ་ལ་སོགས་པ་ཡང་ལོག་པའི་འཚོ་བར་གཞག་སྟེ། ལོག་པའི་ཡུལ་ལ་ཡོངས་སུ་ ལོངས་སྤྱོད་པའི་ཕྱིར་རོ། །འདི་ནི་རྫོགས་སོ། །གོང་དུ་འབྲས་བུ་ལྔ་བཤད་པ ་གང་དག་ཡིན་པ་དེ་དག་ལས་ལས་གང་ཞིག་འབྲས་བུ་དུ་ཞིག་གི་འབྲས་བུ་དང་བཅས་པ་ཡིན་ཞེ་ན། དྲིར་བཅས་སྤོང་བའི་ལམ་དག་གི །ལས་ནི་ལྔ་ཡིས་འབྲས་བུར་བཅས། །ལས་དེ་ནི་འབྲས་བུ་ལྔས་འབྲས་བུ་དང་བཅས་པ་ཡིན་ནོ། །དྲི་མེད་བཞི་ཡིས། བར་ཆད་མེད་པའི་ལམ་ཟག་པ་མེད་པའི་ལས་ནི་རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་པ་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ནོ། །ཟག་བཅས་གཞན། དགེ་དང་མི་དགེ་གང་ཡིན་པའང༌། །སྤོང་བའི་ལམ་ལས་གཞན་པའི་ལས་དགེ་བ་ཟག་པ་དང་བཅས་པ་གང་ཡིན་པ་དང༌། མི་དགེ་བ་གང་ཡིན་པ་དེ་ཡང་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་མེད་པ་ལྷག་མ་དང༌། །ལུང་བསྟན་མིན་གང་
གསུམ་གྱིས་སོ། །སྤོང་བའི་ལམ་ལས་གཞན་པའི་ལམ་ཟག་པ་མེད་པ་དང་ལུང་དུ་མ་བསྟན་པའི་ལས་གང་ཡིན་པ་ནི་འབྲས་བུ་གསུམ་གྱིས་ཏེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །མི་དགེ་བ་ནི་གཉིས་ཏེ། །སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །ལུང་དུ་མ་བསྟན་པའི་གསུམ་སྟེ། རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་པའོ། །མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །ལས་མི་དགེ་བའི་འབྲས་བུ་ཆོས་དགེ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གོ །མི་དགེ་བ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །ལུང་དུ་མ་བསྟན་པ་ནི་བཞི་སྟེ། བྲལ་བ་མ་གཏོགས་སོ། །ལུང་བསྟན་མིན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ལུང་དུ་མ་བསྟན་པའི་འབྲས་བུ་ཆོས་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུའོ། །མི་དགེ་བ་གསུམ་ཏེ། བྲལ་བ་དང༌། རྣམ་པར་སྨིན་པ་མ་གཏོགས་པའོ། །ལུང་དུ་མ་བསྟན་པའི་ཆོས་གསུམ་ནི་དེ་དག་ཁོ་ན་ཡིན་ནོ། །འདས་པའི་ཐམས་ཅད་བཞི་ཡིན་ནོ། །འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པའི་ཆོས་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །བར་མ་ཡི་ནི་མ་འོངས་པ་འང༌། །ད་ལྟར་བྱུང་བའི་འབྲས་བུ་ཆོས་མ་འོངས་པ་འང་བཞི་སྟེ། དེ་དག་ཉིད་དོ། །བར་མ་གཉིས་སོ། །ད་ལྟར་བྱུང་བའི་ཆོས་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ །མ་སྐྱེས་པའི་འབྲས་བུ་མ་འོངས་གསུམ་ཡིན་ནོ། །རྒྱུ་མཐུན་པ་དང༌། བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །རང་གི་ས་པ་བཞི་ཡིན་ནོ། །བྲལ་བའི་འབྲས་བུ་མ་གཏོགས་སོ། །གཞན་གྱི་ས་པ་གསུམ་དང་གཉིས། །གལ་ཏེ་གཞན་གྱི་ས་པའི་ཆོས་
ཟག་པ་མེད་པ་ཞིག་ཡིན་ན་ནི་འབྲས་བུ་གསུམ་སྟེ། རྣམ་པར་སྨིན་པ་དང༌། བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །གལ་ཏེ་ཟག་པ་དང་བཅས་པ་ཞིག་ཡིན་ན་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ །སློབ་པའི་སློབ་ལ་སོགས་པ་གསུམ། །སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །མི་སློབ་པ་ཡང་དེ་དང་འདྲའོ། །སློབ་པའི་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་མ་གཏོགས་སོ། །མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ་སོགས། །གཅིག་དང་གསུམ་དང་གཉིས་ཡིན་ནོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །མི་སློབ་པ་ནི་གསུམ་སྟེ། །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །སློབ་པའི་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གོ །དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་སྤོང་བའི་ཆོས་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གོ །མི་སློབ་པ་ཡང་དེ་དང་འདྲའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་འབྲས་བུ་ལྔ་ཆར་ཡིན་ནོ། །མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བའི་ཆོས་ནི་གསུམ་སྟེ། རྣམ་པར་སྨིན་པ་དང༌། བྲལ་བའི་འབྲས་བུ་མ་གཏོགས་སོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་
བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གོ །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་པའོ། །སྤང་བར་བྱ་བ་མ་ཡིན་པ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་དག་མ་གཏོགས་སོ། །སྤང་བྱ་མིན་པའི་དེ་དག་གཅིག ། གཉིས་དང་བཞི་སྟེ་གོ་རིམས་བཞིན། །སྤང་བར་བྱ་བ་མ་ཡིན་པའི་མཐོང་བས་སྤང་བར་བྱ་བ་ནི་གཅིག་སྟེ། བདག་པོས་འབྲས་བུའོ། བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུའོ། །སྤང་བར་བྱ་བ་མ་ཡིན་པ་ནི་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་པའོ། །ཡང་རིགས་པ་མ་ཡིན་པས་བསྐྱེད་པ་ལ་སོགས་པའི་ལས་གསུམ་གསུངས་པ་དེ་བརྗོད་པར་བྱ་སྟེ། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། །ཁ་ཅིག་ཆོ་ག་ཉམས་པའང་ཞེའོ། །ཉོན་མོངས་པ་ཅན་མ་ཡིན་པ་ཡང་རིགས་པ་མ་ཡིན་པ་བྱེད་པའི་ཕྱིར་ཆོ་ག་ཉམས་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པའོ། །བཟློག་པ་ནི་རིགས་པས་བསྐྱེད་པའོ། །དེ་གཉིས་མ་ཡིན་པ་ནི་རིགས་པ་ཡང་མ་ཡིན་ལ་རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའོ། །ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མ་ཡང་འཕེན། དེ་བཞིན་དུ་ལས་དུ་མས་ཀྱང་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མ་ཁོ་ན་ཞིག་འཕེན་ཅེ་ན། འདི་ནི་གྲུབ་པའི་མཐའ་ཡིན་ཏེ། གཅིག་གིས་སྐྱེ་བ་གཅིག་འཕེན་ན། །ལས་གཅིག་ཁོ་ནས་སྐྱེ་བ་གཅིག་ཁོ་ན་འཕེན་ཏོ། །ལས་གཅིག་གིས་འཕངས་པའི་ལས་ནི། ཡོངས་རྫོགས་བྱེད་པ་དུ་མ་ཡིན་པར་འདོད་དེ། དཔེར་ན་རི་མོ་མཁན་གྱི་རི་མོ་གཅིག་གིས་གཟུགས་ཀྱིས་བཅད་ནས་མང་པོས་ཡོངས་སུ་རྫོགས་པར་བྱེད་པ་དང་འདྲའོ། །ལས་འབའ་ཞིག་སྐྱེ་བ་འཕེན་པར་བྱེད་པ་ཡང་མ་ཡིན་ཏེ། འོན་ཀྱང་རྣམ་པར་སྨིན་པ་དང་བཅས་པ་གཞན་ཡང་ངོ༌། རྣམ་པ་ཐམས་ཅད་དུ། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་འཐོབ་པའང་མིན། །རྣམ་པར་སྨིན་པ་དང་བཅས་པའི་སེམས་མེད་པའི་སྙོམས་པར་འཇུག་པ་དག་གིས་ཀྱང་རིས་མཐུན་པ་འཕེན་པར་བྱེད་དེ། ལས་
དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །ཐོབ་པ་རྣམས་ཀྱིས་ཀྱང་མ་ཡིན་ཏེ། ལས་དང་འབྲས་བུ་མི་གཅིག་པའི་ཕྱིར་རོ། །སྒྲིབ་པ་གསུམ་གསུངས་པ་དེ་དག་གི་རང་བཞིན་ཅི་ཞེ་ན། མཚམས་མེད་པ་ཡི་ལས་རྣམས་དང༌། །ཉོན་མོངས་ཤས་ཆེ་ངན་འགྲོ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །མཚམས་མེད་པ་ལྔ་ནི་ལས་ཀྱི་སྒྲིབ་པ་ཡིན་ནོ། །ཉོན་མོངས་པ་ཤས་ཆེ་བ་རྒྱུན་དུ་འབྱུང་བ་ནི་ཉོན་མོངས་པའི་སྒྲིབ་པའོ། །ངན་སོང་རྣམ་པ་གསུམ་དང་མི་དང་ལྷའི་ཕྱོགས་གཅིག་ན་རྣམ་པར་སྨིན་པའི་སྒྲིབ་པའོ། །ཡང་སྒྲིབ་པ་འདི་དག་པས་གང་ཞིག་འགྲོ་བ་གང་དག་ན་ཡོད་པར་རིག་པར་བྱ་ཞེ་ན། རེ་ཞིག་གཅིག་ཏུ། མཚམས་མེད་གླིང་གསུམ་དག་ན་ཡོད། །སྒྲ་མི་སྙན་མ་གཏོགས་པའོ། །དེ་དག་ན་ཡང་སྐྱེས་པ་དང་བུད་མེད་རྣམས་ཁོ་ན་ལ་སྟེ། ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །དེ་དག་གི་ཕ་མ་ཕན་ཆུང་བ་སྟེ། ལུས་མ་ཚང་བའི་བདག་པོར་གྱུར་པའི་ཕྱིར་རོ། །དེ་དག་ཀྱང་ཕ་མ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོས་ཉེ་བར་མི་གནས་པས་སོ། །ལས་ཀྱི་སྒྲིབ་པ་བཤད་ཟིན་ཏོ། །ལྷག་མ་འགྲོ་བ་ལྔ་དག་ན། །ཉོན་མོངས་པའི་དང༌། རྣམ་པར་སྨིན་པའི་སྒྲིབ་པ་ནི་ལྷག་མ་དག་གོ །མི་དག་གི་ནང་ན་ནི་སྒྲ་མི་སྙན་པ་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །ལྷ་དག་གི་ནང་ན་ནི་འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །མཚམས་མེད་པ་རྣམས་ཀྱི་ནང་ནས་གསུམ་ནི་སྲོག་གཅོད་པའོ། །གཅིག་ནི་བརྫུན་དུ་སྨྲ་བའི་རང་བཞིན་ཡིན་ནོ། །གཅིག་ནི་སྲོག་གཅོད་པའི་སྦྱོར་བའོ། །དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་བརྫུན།། དེ་དང་འབྱེད་པོ་ཡང་དག་ལྡན། །དགེ་འདུན་གྱི་དབྱེན་ཞེས་བྱ་བ་ནི་མི་འཕྲོད་པ་སྟེ། ལྡན་པ་མ་ཡིན་པའི་ཆོས་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། ཇི་ལྟར་མཚམས་མེད་པར་འགྱུར། གང་གིས་དེ་འབྱེད་པར་བྱེད་པའི་བརྫུན་དུ་སྨྲ་བ་དེ་ནི་མཚམས་མེད་པ་པའི་རང་བཞིན་ཡིན་ནོ།
དེ་དང་ཡང་འབྱེད་པ་པོ་ཡང་དག་པར་ལྡན་ནོ། །བསྐལ་པར་མནར་མེད་པར་སྨིན་འགྱུར། །གཞན་དག་གིས་ནི་བར་གྱི་བསྐལ་པར་ནི་མ་ངེས་སོ། །ཡང་གང་ཞིག་གིས་མཚམས་མེད་པ་མང་པོ་བྱས་པ་ཡིན་ལ། དེ་དག་བར་ཆད་མེད་པ་ཁོ་ནར་སྨིན་པར་གྱུར་ན་དེ་ལ་དེ་དག་ཅི་ཞིག་ཏུ་འགྱུར་ཞེ་ན། ལྷག་པས་གནོད་པ་ལྷག་པར་འགྱུར། །དེ་མཚམས་མེད་པ་མང་པོས་མནར་མེད་པ་དེར་གང་གིས་ན་གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་འགྱུར་གྱི་ཚོར་བ་མྱོང་བར་འགྱུར་བའི་ལུས་ཆེན་པོ་གཞོན་ཤ་ཅན་གྱི་ལུས་ཐོབ་ཅིང༌། གནོད་པ་ཡང་རབ་ཏུ་མང་བ་དང་ཤིན་ཏུ་མི་བཟད་པར་འགྱུར་རོ། །དགེ་འདུན་འབྱེད་པར་བྱེད་པ་དེ་སུ་ཞིག་ཡིན་ཞེ་ན། དགེ་སློང་ལྟ་སྤྱད་ཚུལ་ལྡན་པས། །འབྱེད་དོ། །དགེ་སློང་གིས་འབྱེད་ཀྱིས་ཁྱིམ་པ་དང༌། དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ། །དེ་ཡང་ལྟ་བ་སྤྱད་པ་ཁོ་ནས་འབྱེད་ཀྱི་སྲེད་པ་སྤྱད་པས་ནི་མ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པས་འབྱེད་དེ། དེའི་ཚིག་གཟུང་བར་འོས་པའི་ཕྱིར་རོ། །ཉམས་པས་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ལས། གཞན་དུའོ། །སྟོན་པ་མངོན་སུམ་དུ་བཞུགས་པ་ཉིད་དུ་དབྱེ་བར་མི་ནུས་པའི་ཕྱིར་རོ།། སུ་དག་གཅིག་འབྱེད་ཅེ་ན། བྱིས་པ་རྣམས། སོ་སོའི་སྐྱེ་བོ་རྣམས་ཁོ་ན་ཡིན་གྱི་འཕགས་པ་རྣམས་ནི་མ་ཡིན་ཏེ། ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་ཡང༌། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །གང་གི་ཚེ་དེ་དག་གིས་དེ་བཞིན་གཤེགས་པ་ལས་གཞན་པའི་སྟོན་པ་དང༌། དེས་བསྟན་པའི་ལམ་ལས་གཞན་པའི་ལམ་ལ་བཟོད་ན་དེ་ཙམ་གྱིས་དགེ་འདུན་བྱེ་བ་ཞེས་བརྗོད་དོ། །བྱེ་ནས་ཀྱང་དེ་ཉིད་ཀྱི་ནུབ་གཅིག་ཏུ་དེ་ནི་མི་གནས་སོ། །དགེ་འདུན་བྱེ་ན་གདོན་མི་ཟ་བར་ནམ་མ་ལངས་པ་ཉིད་དུ་དགེ་འདུན་འདུམ་པར་འགྱུར་རོ། །དགེ་འདུན་གྱི་དབྱེན་དུ་བཤད་པ་གང་ཡིན་པ། དེ་ནི་འཁོར་ལོའི་དབྱེན་དུ་འདོད། །དེའི་ཚེ་ལ་མ་འཇུག་པའི་གེགས་སུ་གྱུར་པའི་ཕྱིར་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ཡང་ཕྱེ་བ་ཡིན་ནོ། །ཡང་འཁོར་ལོའི་དབྱེན་གང་དུའམ་ཇི་ཙམ་གྱིས་ཤེ་ན། འཛམ་བུའི་གླིང་
ནའོ་དགུ་སོགས་ཀྱིས། །བརྒྱད་ནི་གདོན་མི་ཟ་བར་ཕྱོགས་གཉིས་ན་གནས་པ་དང༌། དགུ་པ་ནི་དབྱེན་བྱེད་པ་པོ་ཡིན་ཏེ། ལྷག་མི་ནི་ངེས་པ་མེད་དོ། །གཞན་ནི་ལས་ཀྱི་དབྱེན་ལས་འགྱུར་ཏེ། གལ་ཏེ་མཚམས་གཅིག་གི་ནང་དུ་མི་མཐུན་པས་ལས་དག་བྱེད་ནའོ། །དེ་ཡང་ནི། ལས་ཀྱི་དབྱེན་ནི་གླིང་གསུམ་ནའོ། །སྒྲ་མི་སྙན་མ་གཏོགས་སོ། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །འཁོར་ལོའི་དབྱེན་དུས་དྲུག་ཏུ་མི་འབྱུང་ངོ༌། །འདི་ལྟ་སྟེ། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ༌། །དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོ་མ་ལོན་པ་དང༌། ཐ་མ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ཚེ་དང༌། ཆུ་བུར་གྱི་སྔོན་རོལ་དུ་སྟེ། ཇི་སྲིད་དུ་ཚུལ་ཁྲིམས་ཀྱི་སྐྱོན་དང༌། ལྟ་བའི་སྐྱོན་མ་བྱུང་གི་བར་དང། ཟུང་གཅིག་གི་སྔོན་རོལ་ཏེ། ཇི་སྲིད་དུ་ཉན་ཐོས་ཀྱི་མཆོག་ཟུང་གཅིག་མ་བྱུང་གི་བར་ཏེ། དེས་ཕྱིར་སྡུམ་པར་བྱེད་པའི་ཕྱིར་རོ། །ཐུབ་པ་ནོངས་པ་ནི་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ན་མི་འབྱུང་སྟེ། འགྲེན་ཟླ་མེད་པའི་ཕྱིར་རོ། །མཚམས་མ་བཅད་ན་ཡང་མཚམས་གཅིག་གི་ནང་དུ་ཕྱོགས་གཉིས་སུ་གནས་པས་བྱེ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕ་མ་བསད་པ་ལ་སོགས་པ་མཚམས་མེད་པ་ཡིན་ལ། གཞན་ནི་མ་ཡིན་ཞེ་ན། ཕན་འདོགས་པ་དང་ཡོན་ཏན་ཞིང༌། །སྤངས་དང་མེད་པར་བྱས་ཕྱིར་རོ། །རེ་ཞིག་ཕ་མ་བསད་པ་ནི་ཕན་འདོགས་པ་མེད་པར་བྱས་པའི་ཕྱིར་དང༌། ཡོན་ཏན་གྱི་ཞིང་མིན་པའི་ཕྱིར་དགྲ་བཅོམ་པ་བསད་པ་ལ་སོགས་པ་ཡང་མཚམས་མེད་པ་ཡིན་ནོ། །གལ་ཏེ་ཕའམ་མ་མཚན་གྱུར་པ་ཡང་ལུས་གཅིག་པ་དེ་ལས་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །དེ་ལ་ཡང་མཚམས་མེད་པར་འགྱུར་རོ། །གང་གི་ཚེ་བུད་མེད་གཞན་ལས་ནུར་ནུར་པོ་ཟགས་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ན་དེའི་ཚེ་གང་ཞིག་བསད་པ་ན་མཚམས་མེད་པར་འགྱུར་བ་དེའི་མ་གང་ཡིན་ཞེ་ན། གང་གི་ཟླ་མཚན་ལས་བྱུང་ངམ། །གང་གི་ཟླ་མཚན་ལས་བྱུང་བ་ནི་དེའི་མ་ཡིན་ནོ།།
ཅི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བས་གདོན་མི་ཟ་བར་མཚམས་མེད་པར་འགྱུར་རམ་ཞེ་ན། བགྲོངས་པར་སེམས་པ་ལ་ནི་འགྱུར་གྱི། སངས་རྒྱས་བརྡེག་པར་སེམས་ལ་མིན། །གལ་ཏེ་བརྡེག་པའི་བསམ་པས་འབྱིན་པར་བྱེད་ན་མཚམས་མེད་པར་མི་འགྱུར་རོ། །གལ་ཏེ་དགྲ་མཆོམས་པའི་ཚེ་བསྣུན་ལ་བསྣུན་པའི་འོག་ཏུ་དགྲ་བཅོམ་པར་འགྱུར་ན། བསྣུན་འོག་དགྲ་བཅོམ་པ་ལ་མིན། །དེས་ནི་དགྲ་བཅོམ་པ་ལ་སྦྱོང་བ་མ་བྱས་པའི་ཕྱིར་རོ། །ཅི་མཚམས་མེད་པའི་སྦྱོར་བ་བྱས་ཏེ། དེ་ཡང་མ་བཟློག་པར་འདོད་ཆགས་དང་བྲལ་བའམ་འབྲས་བུ་ཐོབ་པར་འགྱུར་རམ་ཞེ་ན། མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །གཞན་གྱི་ལས་ཀྱི་ལམ་གྱི་སྦྱོར་བ་བྱས་ནས་འཕགས་པའི་ལམ་བསྐྱེད་བ་ལ་དགག་པ་མེད་དོ། །མཚམས་མེད་པ་འདི་དག་གི་ནང་ནས་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་གང་ཡིན་ཞེ་ན། དགེ་འདུན་དབྱེ་ཕྱིར་བརྫུན་སྨྲ་བ། །ཁ་ན་མ་ཐོ་རབ་ཆེར་འདོད། །དེའི་ནི་རྣམ་པར་སྨིན་པ་བསྐལ་པ་གཅིག་ཏུ་མནར་མེད་པར་སྐྱེ་བ་ཡིན་ལ། ལྷག་མ་རྣམས་ལ་ནི་མ་ངེས་སོ། །ལེགས་པར་སྤྱད་པ་གང་ཞིག་འབྲས་བུ་ཆེ་ཞེ་ན། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །དེའི་རྣམ་པར་སྨིན་པ་ནི་བསྐལ་པ་བརྒྱད་ཁྲིའི་བར་དུ་ཞི་བ་ཡིན་ནོ། །ཅི་མཚམས་མེད་པ་རྣམས་ཁོ་ནས་དམྱལ་བ་དག་ཏུ་གདོན་མི་ཟ་བར་སྐྱེའམ་ཞེ་ན། མཚམས་མེད་པ་དང་ཆ་འདྲ་བས་ཀྱང་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །དེ་དག་གང་ཡིན་ཞེ་ན། སྨྲས་པ། མ་དགྲ་བཅོམ་མ་སུན་བྱས་དང། །བྱང་ཆུབ་སེམས་དཔའ་ངེས་གནས་དང༌། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །གལ་ཏེ་མི་ཚངས་པར་སྤྱད་པས་མ་དགྲ་བཅོམ་མ་སུན་པར་བྱེད་པ་དང༌། ངེས་པར་གཏོགས་པའི་བྱང་ཆུབ་སེམས་དཔའ་གསོད་པ་དང༌། སློབ་པ་གསོད་པ་དང༌། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པ་དང༌། མཆོད་རྟེན་འཇིག་པར་བྱེད་པ་དང་ལྔ་པོ་འདི་དག་ནི་མཚམས་མེད་པ་ལྔ་དང་ཆ་འདྲ་བ་ཡིན་ནོ། །རྣམ་པར་སྨིན་པ་དང་བཅས་པའི་ལས་གཞན་ཡང་དུས་གསུམ་པོ་དག་ཏུ་
ཤིན་ཏུ་གེགས་བྱེད་དེ། གསུམ་པོ་གང་དག་ཏུ་ཞེ་ན། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །རྩེ་མོ་ལས་བཟོད་པ་འཐོབ་པ་ལ་ནི་དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ཕྱིར་ངན་སོང་བའི་ལས་རྣམས་གེགས་བྱ་བའི་ཕྱིར་ཉེ་བར་གནས་སོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་ལ་ནི་འདོད་པ་ན་སྤྱོད་པའི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་ཡིན་པའི་ལས་རྣམས་གེགས་བྱ་བའི་ཕྱིར་ཉེ་བར་གནས་སོ། །དགྲ་བཅོམ་པ་འཐོབ་པ་ལ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་དག་གོ །བྱང་ཆུབ་སེམས་དཔའ་བསད་པ་ཞེས་བཤད་པ་གང་ཡིན་པ། གང་ནས་བྱང་ཆུབ་སེམས་དཔའ་ཡིན། །གང་ནས་བཟུང་སྟེ་ངེས་པར་གཏོགས་པའི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པར་བྱ། གང་ནས་མཚན་གྱི་ལས་བྱེད་པ། །གང་ཕན་ཆད་ནས་མཚན་རྣམ་པར་སྨིན་པར་འགྱུར་བའི་ལས་རྣམས་བྱེད་པར་རྩོམ་པའོ། །དེ་ནི་དུས་དེ་ཕན་ཆད་རྟག་ཏུ། བདེ་འགྲོར་རིགས་མཐོང་སྐྱེ་དབང་ཚང༌། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག་པ་ཡིན་ནོ། །དེའི་འགྲོ་བ་རབ་ཏུ་བསྔགས་པ་ནི་ལྷ་དང་མི་ཡིན་ནོ། །རིགས་མཐོ་བར་སྐྱེ་བ་ནི་རྒྱལ་རིགས་དང༌། བྲམ་ཟེ་ལ་སོགས་པའི་རིས་སུ་སྐྱེ་བའོ། །དབང་པོ་ཚང་བ་ནི་དབང་པོ་མ་ཚང་བ་མེད་པའོ། །ཕོ་ཁོ་ན་ཡིན་གྱི་མོ་ལ་སོགས་པ་མ་ཡིན་ནོ། །སྐྱེ་བ་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །བྱང་ཆུབ་ལས་མི་ལྡོག་པར་ཡང་འགྱུར་རོ། །མཚན་མ་རྣམ་པར་སྨིན་པ་ཅན་གྱི་ལས་སུ་བཤད་པ་གང་ཡིན་པ་དེ་ནི་གླིང་གང་ཞིག་ཏུ་ཞེ་ན། དེ་ནི་འཛམ་གླིང་ཕོར་གྱུར་ཏེ། །མངོན་སུམ་སངས་རྒྱས་ལ་སེམས་པ། །བསམ་པ་ལས་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་བྱེད། །འཛམ་བུའི་གླིང་ཁོ་ནར་འཕེན་གྱི་དེ་དག་བློ་རྣོ་བའི་ཕྱིར་རོ། །ཕོ་ཁོ་ནས་ཡིན་གྱིས་མོས་ནི་མ་ཡིན་ནོ། །སྟོན་པ་མངོན་སུམ་དུ་གྱུར་པ་དང་སངས་རྒྱས་ལ་དམིགས་པའི་སེམས་ཁོ་ནས་བསྐལ་པ་བརྒྱ་ལུས་པའི་ཚེ་འཕེན་གྱི་བསྐལ་པ་མང་པོ་ལུས་པའི་ཚེ་ནི་མ་ཡིན་ནོ། །ལས་དེ་ཡང་བསམས་པ་ལས་བྱུང་བའོ། །མཚན་དེ་དག་ཀྱང༌། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། །བསོད་ནམས་ཀྱི་ཚད་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཉེ་བ་མ་གཏོགས་པ་
སེམས་ཅན་གྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ཇི་སྙེད་པ་ཙམ་མོ། །ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ཤེ་ན། བསྐལ་པ་གྲངས་མེད་པ་དང་པོ་ལ་བདུན་ཁྲི་ལྔ་སྟོང་ལ། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་ལ། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལའོ། །བསྐལ་པ་གྲངས་མེད་པ་གང་གི་ཐ་མར་སངས་རྒྱས་གང་ཞིག་བྱུང་བར་གྱུར་ཅེ་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང༌། །རིན་ཆེན་གཙུག་ཏོར་ཅན་གྱི་ཚེ་ནི་གྲངས་མེད་པ་དང་པོ་རྫོགས་སོ། །མང་མེ་མཛད་ཀྱི་ཚེ་གཉིས་པའོ། །རྣམ་པར་གཟིགས་ཀྱི་ཚེ་གསུམ་པའོ། །དེ་དག་ཐམས་ཅད་ཀྱི། དང་པོ་ཤཱཀྱ་ཐུབ་པ་ཡིན། དེ་ལ་བཅོམ་ལྡན་འདས་ཀྱིས་བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་ཤོག་ཤིག་ཅེས་དང་པོར་སྨོན་ལམ་བཏབ་བོ། །ཡང་བྱང་ཆུབ་སེམས་དཔའ་གནས་སྐབས་གང་དུ་ཕ་རོལ་ཏུ་ཕྱིན་པ་གང་རྫོགས་པར་བྱེད་ཅེ་ན། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །གང་གིས་ཀུན་ལ་མིག་གི་བར་དང་རྐང་པའི་བར་ཐམས་ཅད་མངོན་པར་མཐོ་བའི་ཁྱད་པར་ཅན་ལ་མི་རེ་བར་སྙིང་རྗེས་སྦྱིན་པར་བྱེད་ན་དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུག་བཟོད་དང་ཚུལ་ཁྲིམས་ཀྱི། །གང་གི་ཚེ་འདོད་ཆགས་དང་མ་བྲལ་བ་བཞིན་དུ་ཡན་ལག་བཅད་ཀྱང་ཅུང་ཟད་ཀྱང་མི་འཁྲུག་པ་དེའི་ཚེ་འདིའི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་ཡིན་ནོ། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་རྐང་པ་གཅིག་གིས་འགྲེང་སྟེ། ཞག་བདུན་གྱི་བར་དུ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ལ་བསྐལ་པ་དགུ་ཡང་བསྡུམས་སོ། །དེ་མ་ཐག་པའི་ཏིང་ངེ་འཛིན་བློའི། །བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་སོ། །མདོ་ལས་བསོད་ནམས་བྱ་བའི་གཞི་གསུམ་གསུངས་པ་དེ་ནི་ཇི་
ལྟར་བསོད་ནམས་བྱ་བའི་གཞི་གསུམ་ཡིན་ཞེ་ན། གསུམ་པོ་བསོད་ནམས་བྱ་བ་དང༌། །དེ་བཞིན་དཔེར་ན་ལས་ལམ་བཞིན། །དེ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ལ་ལུས་དང་ངག་གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་ནི་བསོད་ནམས་ཡང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བའི་ལུས་དང་ངག་གི་ལས་ཁོ་ན་ཡིན་པས་གསུམ་ཆར་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ལ་བྱམས་པ་ནི་བསོད་ནམས་ཀྱང་ཡིན་ལ་བསོད་ནམས་བྱ་བའི་གཞི་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་ཚུལ་ཁྲིམས་ནི་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་མཚུངས་པར་ལྡན་པ་གཞན་དག་ནི་བསོད་ནམས་ཁོ་ན་ཡིན་ནོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཞེ་ན། གང་གིས་སྦྱིན་བྱེད་དེ་སྦྱིན་པ། མཆོད་དང་ཕན་འདོགས་འདོད་པ་ཡིས། །གང་གིས་གཞན་དག་ལ་མཆོད་པ་དང་ཕན་གདགས་པར་འདོད་པ་དག་གིས་སྦྱིན་པ་སྦྱིན་པར་བྱེད་པ་དེ་སྦྱིན་པའོ། །གང་གིས་སྦྱིན་པར་བྱེད་པ་དེ་ཡང་གང་ཞིག་ཅེ་ན། ལུས་དང་ངག་ལ་སློང་དང་བཅས། །སློང་བ་ཡང་གང་ཞིག་ཅེ་ན། ཚོགས་པ་གང་གིས་དེ་སློང་བར་བྱེད་པའོ། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །སྦྱིན་པ་གང་ཡིན་པ་དེ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཡིན་ནོ། །སྦྱིན་པ་ན་ཡང༌། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །དེ་ལ་གང་འདོད་ཆགས་དང་མ་བྲལ་བས་མཆོད་རྟེན་ལ་སྦྱིན་པ་དེ་ནི་བདག་ཁོ་ནའི་དོན་དུའོ། །གང་འདོད་ཆགས་དང་བྲལ་བས་ཕ་རོལ་ལ་སྦྱིན་པ་མཐོང་བའི་ཆོས་ལ་མྱོང་བ་མ་གཏོགས་པ་དེ་ནི་གཞན་ཁོ་ནའི་དོན་དུའོ། །འདོད་ཆགས་དང་མ་བྲལ་བས་ཕ་རོལ་ལ་སྦྱིན་པ་གང་ཡིན་པ་དེ་ནི་གཉིས་ཀའི་དོན་གྱི་ཕྱིར་རོ། །འཕགས་པ་འདོད་ཆགས་དང་བྲལ་བས་གང་མཆོད་རྟེན་ལ་འབུལ་བ་དེ་ནི་གཉིས་ཀའི་དོན་དུ་མ་ཡིན་ནོ། །དེ་ནི་བཀུར་སྟི་དང་བྱས་པ་གཟོ་བ་འགའ་ཞིག་གིས་
འབུལ་བར་ཟད་དོ། །སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཞེས་སྤྱིར་བསྟན་པ། དེ་ཡིས་ཁྱད་པར་སྦྱིན་བདག་དང༌། །དངོས་དང་ཞིང་གི་ཁྱད་པར་ལས། །དེ་ལ་རེ་ཞིག །སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། །དད་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྦྱིན་བདག་ནི་ཁྱད་པར་དུ་འཕགས་པའོ། །དེའི་སྦྱིན་པ་དེ་ནི་སྦྱིན་བདག་གི་ཁྱད་པར་ལས་འབྲས་བུ་འབྱིན་པ་ལ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་བདག་དེ་ལྟ་བུ་དེ་ནི། །གུས་ལ་སོགས་པས་སྦྱིན་པར་བྱེད། །གུས་པ་དང༌། རང་གི་ལག་དང༌། དུས་སུ་དང༌། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་དེ། དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང༌། །དུས་དང་བར་ཆད་མེད་པར་རྙེད། །དེའི་ཕྱིར་སྦྱིན་བདག་དེའི་སྦྱིན་པ་དེ་ནི་བྱིན་པས་གོ་རིམས་བཞིན་དུ་ཁྱད་པར་དེ་བཞིན་འབྱུང་ངོ༌། །ཡང་ཇི་ལྟར་དངོས་པོ་ཁྱད་པར་དུ་འཕགས་ཤེ་ན། ཁ་དོག་ལ་སོགས་ཕུན་ཚོགས་དངོས། །ཁྱད་པར་དུ་འཕགས་པ་ཞེས་བྱ་བར་སྦྱར་རོ། །དངོས་པོ་དེ་ལྟ་བུ་བྱིན་པས་རིམ་པ་བཞིན་དུ། དེ་ལས་གཟུགས་བཟང་གྲགས་ལྡན་པ། །དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རེག་ན་བདེ་ལུས་འགྱུར། །ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་གཟུགས་བཟང་བ་དང༌། དྲི་ཕུན་སུམ་ཚོགས་པ་བྱིན་པས་གྲགས་པ་ཕུན་སུམ་ཚོགས་པ་དང༌། རོ་ཕུན་སུམ་ཚོགས་པ་བྱིན་པས་དགའ་བ་དང༌། རེག་བྱ་ཕུན་སུམ་ཚོགས་པ་བྱིན་པས་ལུས་ཤིན་ཏུ་གཞོན་ཤ་ཅན་དང༌། འདིའི་ལུས་དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ། །ཡང་ཇི་ལྟར་ན་ཞིང་ཁྱད་པར་དུ་འཕགས་ཤེ་ན། འགྲོ་དང་སྡུག་བསྔལ་ཕན་འདོགས་དང༌། །ཡོན་ཏན་རྣམས་ཀྱིས་ཞིང་ཁྱད་འཕགས། །རེ་ཞིག་འགྲོ་བ་ནི་ཇི་ལྟར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བརྒྱ་འགྱུར་དུའོ། །ཚུལ་ཁྲིམས་འཆལ་བར་གྱུར་པའི་མི་ལ་སྦྱིན་པ་བྱིན་ན་སྟོང་འགྱུར་དུའོ། །སྡུག་བསྔལ་གྱིས་ཁྱད་པར་དུ་འཕགས་ཏེ། ཇི་ལྟར་ནད་པ་ལ་བྱིན་ན་རྣམ་པར་སྨིན་པ་ཚད་མེད་པར་གསུངས་པ་ལྟ་བུའོ། །ཕན་འདོགས་པའི་ཁྱད་པར་ལས་ནི་འདི་ལྟ་སྟེ་ཕ་མའོ། །ཡོན་
ཏན་གྱི་ཁྱད་པར་ལས་ནི་ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན། མཆོག་ནི་གྲོལ་བས་གྲོལ་བ་ལའང༌། །འདོད་ཆགས་དང་བྲལ་བས་འདོད་ཆགས་དང་བྲལ་བ་ལ་བྱིན་པ་གང་ཡིན་པའོ། །བྱང་ཆུབ་སེམས་དཔའ་ཡིས། གང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་སྦྱིན་པ་དེ་ཡང་མཆོག་ཡིན་ནོ། །དེ་མ་གཏོགས་པ་བཅོམ་ལྡན་འདས་ཀྱིས་སྦྱིན་པ་བརྒྱད་གསུངས་པ་དེ་དག་གི་ནང་ན་ནི། བརྒྱད་པ། མཆོག་ཡིན་ནོ་ཞེས་སྦྱར་རོ། །བརྒྱད་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང༌། འཇིགས་པས་སྦྱིན་པ་དང༌། བདག་ལ་བྱིན་པས་སྦྱིན་པ་དང༌། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང༌། སྔོན་བདག་གི་ཕ་དང་མེས་པོ་དག་གིས་བྱིན་པས་སྦྱིན་པ་དང༌། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང༌། གྲགས་པའི་དོན་དུ་སྦྱིན་པ་དང༌། སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་གི་དོན་དུ་སྦྱིན་པ་བྱིན་པའོ། །དེ་དག་ལས་ཐ་མ་ནི་མཆོག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ལ་བྱིན་པའི་རྣམ་པར་སྨིན་པ་གཞལ་དུ་མེད་པར་གསུངས་མོད་ཀྱི། གཞན་ཡང༌། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ལྔ་པོ་འདི་དག་ལ་ནི་སོ་སོའི་སྐྱེ་བོར་གྱུར་པ་ཡིན་ཡང་འབྲས་བུའི་སྒོ་ནས་ཡོན་གནས་གཞལ་དུ་མེད་པ་ཡིན་ནོ། །ལས་རྣམས་ཀྱི་ལྕི་བ་དང་ཡང་བ་ཉིད་ཤེས་པར་འདོད་པས་རྒྱུ་དྲུག་ཤེས་པར་བྱ་སྟེ། འདི་ལྟ་སྟེ། མཇུག་དང་ཞིང་དང་གཞི་དང་ནི།། སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །མཇུག་ཅེས་བྱ་བ་ནི་བྱས་པའི་རྗེས་ལ་ཡང་བྱེད་པ་གང་ཡིན་པའོ། །ཞིང་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་དག་བྱེད་པའོ། །གཞི་ནི་ལས་ཀྱི་ལམ་མོ། །སྦྱོར་བ་ནི་
དེའི་དོན་དུ་ལུས་དང་ངག་གི་ལས་སོ། །སེམས་པ་ནི་ངག་གི་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པའོ། །བསམ་པ་ནི་དེ་དག་ལས་དེ་དང་འདི་དག་ཅིག་ནི་བྱའོ། །དེ་དང་འདི་ལྟ་བུ་ཞིག་ནི་ཕྱིས་བྱའོ་སྙམ་དུ་སེམས་པའོ། །ལས་བྱས་པ་དང༌། བསགས་པ་ནི་ཇི་ལྟ་བུ་ཞེ་ན། བསམས་བཞིན་པ་དང་རྫོགས་པ་དང༌། །མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཆེད་དུ་བསམས་ནས་བྱས་པ་ཡིན་གྱི་བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་པ་བབ་ཅོལ་དུ་བྱས་པ་ཡང་མ་ཡིན་ནོ། །རྫོགས་པ་ནི་ཁ་ཅིག་ནི་ཉེས་པར་སྤྱད་པ་གཅིག་གིས་ངན་སོང་དུ་འགྲོ་བ། ཁ་ཅིག་ནི་གསུམ་གྱི་བར་གྱིས་འགྲོ་བའོ། །དེ་གང་ཞིག་གིས་ཇི་ཙམ་གྱིས་འགྲོ་བ་དེ་རྫོགས་ན་བསགས་པ་ཡིན་ནོ། །མི་འགྱོད་པ་དང་གཉེན་པོ་མེད་པ་ནི་ཡིད་ལ་བཅགས་པ་མེད་པ་དང༌། གཉེན་པོ་མེད་པ་ཡིན་ནོ། །འཁོར་ལས་ནི་མི་དགེ་བ་ལ་འཁོར་བ་ཡང་མི་དགེ་བ་ཡིན་ནོ། །རྣམ་པར་སྨིན་པ་ལས་ནི་རྣམ་པར་སྨིན་པ་འབྱིན་པར་ངེས་པ་ཡིན་ནོ། །དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལས་གཞན་དུ་བྱས་པའི་ལས་ནི་མ་བསགས་པ་ཡིན་ནོ། །འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་སྦྱིན་པ་བྱིན་པ་ནི་བདག་གི་དོན་དུའོ་ཞེས་བཤད་པ་དེ་ལ་ལོངས་སྤྱོད་པ་དང་ལེན་པ་པོ་མེད་ན་བསོད་ནམས་ཇི་ལྟར་འབྱུང་ཞེ་ན། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། །བསོད་ནམས་ལེན་མེད་བྱམས་སོགས་བཞིན། །ཇི་ལྟར་བྱམས་པ་ལ་སོགས་པ་ལ་ལེན་པར་བྱེད་པའམ་གཞན་ལ་ཕན་འདོགས་པ་མེད་ཀྱང་རང་གི་སེམས་ཀྱི་མཐུས་བསོད་ནམས་སུ་གྱུར་པ་དེ་བཞིན་དུ། ཡོན་ཏན་དང་ལྡན་པ་འདས་ཀྱང་དེ་ལ་དད་པར་བྱས་པས་རང་གི་སེམས་ལ་བསོད་ནམས་སུ་འགྱུར་རོ། །གལ་ཏེ་ཞིང་བཟང་པོ་ལ་སྦྱིན་པར་བྱ་བའི་འབྲས་བུ་ས་བོན་ཡིད་དུ་འོང་བ་ཅན་ཡིན་ན། འོ་ན་ནི་ཞིང་ངན་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་ཞེ་ན། རྒྱུན་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང༌། །ཞིང་
ངན་པ་ལ་ཡང་ས་བོན་ལས་འབྲས་བུ་མི་འཁྲུལ་བ་མཐོང་སྟེ། རྒྱུན་གྱི་ས་བོན་ལས་ནི་རྒྱུན་གྱི་འབྲས་བུ་མངར་བ་སྐྱེ་བ་དེ་བཞིན་དུ་ཞིང་ངན་པ་ལ་ཡང་གཞན་ལ་ཕན་པའི་ལྷག་པའི་བསམ་པ་ལ་ཞུགས་པའི་སྦྱིན་པའི་ས་བོན་གྱི་འབྲས་བུ་ཡང་ཡིད་དུ་འོང་བ་ཁོ་ན་འགྲུབ་ཀྱི་ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །སྦྱིན་པ་ལས་བྱུང་བ་བཤད་ནས། ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །རྣམ་པར་རིག་བྱེད་གང་སྤོང་བར་བྱེད་པ་དང༌། རྣམ་པར་རིག་བྱེད་མ་ཡིན་པས་སྤོང་བ་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཁོ་ན་སྤོང་བ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་སངས་རྒྱས་ཀྱིས་ནི་བཅད་པ་ཡང༌། རང་བཞིན་གྱི་འཆལ་བའི་ཚུལ་ཁྲིམས་མ་ཡིན་པ་ཡང་བཅོམ་ལྡན་འདས་ཀྱིས་བཅད་པ་དུས་མ་ཡིན་པའི་ཟས་ལ་སོགས་པ་གང་དག་ཡིན་པ་དེ་དག་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ནོ། །ཚུལ་ཁྲིམས་མདོར་བཤད་ཟིན་ཏོ། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །ཚུལ་ཁྲིམས་དེའི་རྒྱུས་འཕེན་མ་བྱུང༌། །དེའི་གཉེན་པོ་དང་བཞི་ལ་བརྟེན། །འཆལ་བའི་ཚུལ་ཁྲིམས་ཀྱིས་ཇི་སྐད་བཤད་པའི་ཕན་མ་བྱུང་བའོ། །འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུས་ཕན་མ་བྱུང་བ་ནི་ཆགས་པ་ལ་སོགས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཕན་མ་བྱུང་བས་སོ། །འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་བརྟེན་པ་ནི་དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་རོ། །ཞི་པ་ལ་བརྟེན་པ་ནི་མྱ་ངན་ལས་འདས་པར་ཡོངས་སུ་བསྔོ་བའི་ཕྱིར་རོ། །ཚུལ་ཁྲིམས་རྫོགས་སོ།། །།མཉམ་པར་གཞག་པའི་དགེ་བ་ནི། །བསྒོམ་པའོ། །མཉམ་པར་གཞག་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རང་བཞིན་དང་ལྷན་ཅིག་འབྱུང་བའོ། །འདི་ཅིའི་ཕྱིར་བསྒོམ་པ་ཞེས་བྱ་ཞེ་ན། སེམས་ལ་བསྒོ་ཕྱིར་རོ། །མཉམ་པར་གཞག་པའི་དགེ་བ་དེ་ནི་རྒྱུད་ཡོན་ཏན་
རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་སེམས་ལ་ཤིན་ཏུ་བསྒོ་བར་བྱེད་པ་ཡིན་ནོ། །རེ་ཞིག་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ་ཞེས་བཤད་ན་ཚུལ་ཁྲིམས་དང་བསྒོམ་པས་ཅིར་འགྱུར་ཞེ་ན། མཐོ་རིས་དོན་དུ་ཚུལ་ཁྲིམས་དང༌། །འབྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་འགྱུར་མོད་ཀྱི། ཚུལ་ཁྲིམས་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱིས་ཀྱང་འབྲལ་བར་འགྱུར་མོད་ཀྱི་བསྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་འབྱུང་བར་གསུངས་པ་གང་ཞེ་ན། བསྐལ་པར་མཐོ་རིས་དགའ་གནས་ཕྱིར། །བཞི་ཡིས་ཚངས་པའི་བསོད་ནམས་ཡིན། །བསོད་ནམས་ཇི་ཙམ་གྱིས་ན་བསྐལ་པར་མཐོ་རིས་སུ་དགའ་བར་གནས་པར་འགྱུར་བ་འདི་ནི་ཚངས་པའི་བསོད་ནམས་ཡིན་ནོ། །ཟང་ཟིང་གི་སྦྱིན་པ་བཤད་ཟིན་ཏོ། །ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཆོས་ཀྱི་སྦྱིན་པ་ནི་མདོ་ལ་སོགས་པ་ཉོན་མོངས་པ་ཅན་མ་ཡིན་པ་ཇི་ལྟ་བ་བཞིན་སྟོན་པའོ། །བསོད་ནམས་བྱ་བའི་གཞི་རྣམ་པ་གསུམ་བཤད་ནས། ཡང། བསོད་ནམས་མྱ་ངན་འདས་པ་དང༌། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་གང་ཡིན་པའོ། །ཐར་པའི་ཆ་དང་མཐུན་པ་ནི་གང་སྐྱེས་ནས་ངེས་པར་མྱ་ངན་ལས་འདའ་བའི་ཆོས་སུ་འགྱུར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་འོག་ནས་བཤད་པར་བྱའོ། །འཇིག་རྟེན་ན་ཡིག་འབྲུ་དང༌། རྒྱ་དང༌། བགྲང་བ་དང༌། སྙན་དངག་དང༌། གྲངས་ཞེས་བྱ་བ་གང་ཡིན་པ་འདི་དག་གི་རང་བཞི་ནི་ཅི་ཞེ་ན། རིགས་པས་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་རྒྱ་དང་བགྲངས་བཅས་པའི། །སྙན་དང་གྲངས་ཏེ་གོ་རིམས་བཞིན། །རིགས་པས་བཅུག་པ་ཞེས་བྱ་བ་ནི་ཐབས་ཀྱི་བྱེ་བྲག་གིས་བཅུག་པའོ། །ལས་རྣམ་གསུམ་ཞེས་བྱ་བ་ནི། ལུས་དང༌། ངག་
དང། ཡིད་ཀྱི་ལས་སོ། །དེ་ལ་རེ་ཞིག་ཡིག་འབྲུ་དང༌། རྒྱ་ནི་ལུས་ཀྱི་ལས་རིགས་པས་རབ་ཏུ་བཅུག་པ་ཀུན་ནས་སློང་བ་དང་བཅས་པ་ཡིན་ནོ། །བགྲང་བ་དང་སྙན་ངག་ནི་ངག་གི་ལས་ཏེ། དེ་ལྟ་ན་དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །གྲངས་ནི་ཡིད་ཀྱི་ལས་ཏེ། ཡིད་ཀྱིས་ཆོས་རྣམས་སྡོམ་པར་བྱེད་པ་གང་ཡིན་པའོ། །ད་ནི་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བརྗོད་པར་བྱ་སྟེ། བསྒྲིབས་ངན་ཁ་ན་མ་ཐོ་བཅས། །ཉོན་མོངས་ཅན་ཆོས། ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་རྣམ་གྲངས་དག་གོ །དྲི་མེད་དགེ་གྱ་ནོམ། གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་ཟག་པ་མེད་པའི་རྣམ་གྲངས་ཡིན་ནོ། །ངན་པ་དང་གྱ་ནོམ་པ་ལས་གཞན་པའི་བར་མ་ཞེས་བྱ་བར་གྲུབ་བོ། །འདུས་བྱས་དགེ་བསྟན་བྱ། བསྟེན་པར་བྱ་བ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དགེ་བ་རྣམས་ཀྱི་རྣམ་གྲངས་ཡིན་ནོ། །ལྷག་མ་རྣམས་ནི་བསྟན་པར་བྱ་བ་མ་ཡིན་པར་འགྲུབ་བོ། །ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་གྱི། ཐར་པ་བླ་ན་མེད་པ་ཡིན། །མྱ་ངན་ལས་འདས་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་མེད་ཀྱི་དེ་ནི་དགེ་བ་དང་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ལས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བཞི་པའོ།། །།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་གྱི། ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་མི་ནུས་པས་དེའི་ཕྱིར། སྲིད་པའི་རྩ་བ་ཕྲ་རྒྱས་སུ་རིག་པར་བྱའོ། །དེ་ཡང་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང༌། །ང་རྒྱལ་མ་རིག་ལྟ་བ་དང༌། །ཐེ་ཚོམ་ཡིན་ཏེ། དེ་བཞིན་ཞེས་སྨོས་པ་ནི་འདོད་ཆགས་ཀྱི་དབང་གིས་གཞན་དག་དམིགས་པ་ལ། རྒྱས་པར་འགྱུར་བ་ཉིད་ཤེས་པར་བྱ་བའི་དོན་དུའོ། །དེ་དྲུག་ཀྱང༌། འདོད་ཆགས་དབྱེ་བས་བདུན་དུ་བཤད། །གང་གི་ཕྱིར། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །གཟུགས་དང་གཟུགས་མེད་པའི་ཁམས་ནས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་
འདོད་ཆགས་སོ། །འདོད་པར་གཏོགས་པའི་ནི་འདོད་པའི་འདོད་ཆགས་སོ། །ཡང་ཅིའི་ཕྱིར་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཞེས་བྱ་ཞེ་ན། ཁ་ནི་ནང་དུ་བལྟས་ཕྱིར་དེ། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །དེ་དག་ནི་ཕལ་ཆེར་སྙོམས་པར་འཇུག་པ་ལ་འདོད་ཆགས་པ་ཡིན་ལ། དེ་ཡང་ཁ་ནང་དུ་བལྟས་པ་ཡིན་ཏེ། དེ་ལྟ་བས་ན་གཅིག་ཏུ་བྱས་སོ། །ཁམས་དེ་གཉིས་ལ་ཐར་པ་ཡིན་ནོ་སྙམ་པའི་འདུ་ཤེས་བཟློག་པའི་ཕྱིར་སྲིད་པའི་འདོད་ཆགས་ཞེས་ཀྱང་གསུངས་སོ། །ཡང་ཕྲ་རྒྱས་དྲུག་པོ་དེ་དག་བཅུར་ཡང་འཆད་དེ། ཇི་ལྟར་བྱས་ནས་ཤེ་ན། ལྟ་བ་ལྔ་སྟེ་འཇིག་ཚོགས་དང༌། །ལོག་དང་མཐར་འཛིན་ལྟ་བ་དང༌། །ལྟ་བ་དང་ནི་ཚུལ་ཁྲིམས་དང༌། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཕྲ་རྒྱས་དྲུག་ལས་ལྟ་བ་རྣམ་པ་ལྔར་བྱས་ནས་བཅུར་འགྱུར་རོ། །ཡང་འདི་དག་བཅུ་པོ་ལས་དགུ་བཅུ་རྩ་བརྒྱད་དུ་འཆད་དེ། འདི་ལྟ་སྟེ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཕྲ་རྒྱས་བཅུར་བཤད་པ་གང་དག་ཡིན་པ་དེ་དག་འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་བཅུར་ཡོད་དོ། །དེ་དག་ཉིད་ལས་ཀུན་འབྱུང་བ་མཐོང་བས་སྤོང་བར་བྱ་བ་བདུན་དང༌། འགོག་པ་མཐོང་བས་སྤོང་བར་བྱ་བ་བདུན་ཏེ། འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དད་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་མ་གཏོགས་སོ། །དེ་ལྟར་ན་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་སུམ་ཅུ་རྩ་གཉིས་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ན་ཉི་ཤུ་རྩ་བརྒྱད། གཟུགས་མེད་པའི་ཁམས་ན་ཉི་ཤུ་རྩ་བརྒྱད་ཡིན་ནོ། །འདོད་པའི་ཁམས་ན་མཐོང་བས་སྤོང་བར་བྱ་བ་སོ་གཉིས་ཡིན་ལ། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །འདི་ལྟ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། མ་རིག་པ་དང༌། ང་རྒྱལ་ཏོ། དེ་དག་ནི་འདོད་པ་ན་སྤྱོད་པའི་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །ཁོང་ཁྲོ་མ་
གཏོགས་དེ་དག་ཉིད། །གཟུགས་ཁམས། ཁོང་ཁྲོ་བ་རྣམ་པ་ལྔ་བོར་ནས་གཟུགས་སུ་གཏོགས་པའི་ཕྲ་རྒྱས་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་མེད་དེ་དང་འདྲ། སུམ་ཅུ་རྩ་གཅིག་ཁོ་ནའོ། །དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །དེ་ལྟར་ན་དེ་དག་རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འདོད་དོ། །དེ་བས་ན། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །བསྒོམ་པས་སྤང་བར་བྱ་བ་དག་ནི་མ་ཡིན་ནོ། །ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱིས། །བཟོད་པས་གཞོམ་པར་བྱ་བ་ཞེས་བྱ་བར་སྦྱར་ཏེ། ས་ལྷག་མ་དག་གི་ཆོས་དང་རྗེས་སུ་མཐུན་པའི་བཟོད་པས་སྤང་བར་བྱ་བ་རྣམས་ནི་ཅི་རིགས་པར་འཕགས་པ་རྣམས་ཀྱིས་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་བསྒོམ་པས་སྤང་བར་བྱ་བ་དག་གོ །བཟོད་པས་གཞོམ་མིན་བསྒོམ་ཁོ་ནས། །ས་གང་དག་ཕྲ་རྒྱས་གང་དག་ཤེས་པས་གཞོམ་པར་བྱ་བ་ཡོད་པས་དེ་དག་ནི་གཉིས་ཀའི་ཡང་རྟག་ཏུ་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ལྟ་བ་ལྔ་མིང་གི་སྒོ་ནས་བསྟན་གྱི་རང་གི་ངོ་བོའི་སྒོ་ནས་མ་བསྟན་པས་དེའི་ཕྱིར་དེའི་ངོ་བོ་བརྗོད་པར་བྱ་སྟེ། བདག་དང་བདག་གི་རྟག་ཆད་དང༌། །མེད་དང་དམན་ལ་མཆོག་ལྟ་དང༌། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །བདག་དང་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །བདག་ཏུ་མངོན་པར་འདོད་པའི་དངོས་པོ་དེ་ཉིད་ལ་རྟག་པར་ལྟ་བའམ་ཆད་པར་ལྟ་བ་ནི་མཐར་འཛིན་པའི་ལྟ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་ན་མེད་དོ་ཞེས་བྱ་བའི་ལྟ་བ་ནི་ལོག་པར་ལྟ་བའོ། །དམན་པ་ཟག་པ་དང་བཅས་པ་ལ་མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང༌། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གཉིས་ཀ་ལ་ཡང་ལ་སོགས་པའི་སྒྲ་མི་མངོན་པར་བྱས་སོ། །གལ་ཏེ་རྒྱུ་མ་ཡིན་པ་རྒྱུར་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཀུན་འབྱུང་མཐོང་བས་སྤོང་བར་བྱ་བ་མ་ཡིན་ཞེ་ན། གང་ལས་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་དེ་ནི་དེ་ལ་རྟག་པ་དང་གཅིག་
བུ་དང་བདག་བྱེད་པ་པོར་མངོན་པར་ཞེན་ནས་ལྟ་སྟེ། དེ་ལྟ་བས་ན་འདི་ལྟར། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། དེ་ནི། རྟག་བདག་ཕྱིན་ཅི་ལོག་པ་ཡིས། །རབ་ཏུ་འཇུག་པས་དེའི་ཕྱིར་དེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །དེ་ལ་རྟག་པ་དང་བདག་ཏུ་འཛིན་པ་དེ་གཉིས་ནི་སྡུག་བསྔལ་མཐོང་བ་ཁོ་ནས་སྤོང་བར་འགྱུར་ཏེ། དེ་ལྟ་བས་ན་དེ་བྱས་པ་རྒྱུར་མངོན་པར་ཞེན་པ་ཡང་དེ་ཉིད་ཀྱིས་སྤོང་བར་འགྱུར་རོ། །རྟག་བདག་ཕྱིན་ཅི་ལོག་པ་ཡིས། །ཞེས་གང་བཤད་པ་ཕྱིན་ཅི་ལོག་དེ་གཉིས་ཁོ་ནར་ཟད་དམ་ཞེ་ན། མ་ཡིན་ཏེ། འོན་ཀྱང་ཕྱིན་ཅི་ལོག་ནི་བཞི་སྟེ། དེ་ནི། ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན། མཐར་འཛིན་པར་ལྟ་བ་ལས་རྟག་པར་ལྟ་བ་ནི་རྟག་པར་ཕྱིན་ཅི་ལོག་གོ །ལྟ་བ་མཆོག་ཏུ་འཛིན་པ་ལས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་གོ །འཇིག་ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ལྟ་བར་ཕྱིན་ཅི་ལོག་གོ །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་མ་ལོག་མ་ཡིན་ཞེ་ན། འདི་ལྟར་རྒྱུ་གསུམ་གྱིས་ཕྱིན་ཅི་ལོག་རྣམ་པར་གཞག་པ་འདི་ལྟ་སྟེ། ཕྱིན་ཅི་ལོག་ཕྱིར་དང༌། ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །ཆད་པར་ལྟ་བ་དང༌། ལོག་པར་ལྟ་བ་ནི་སྒྲོ་འདོགས་པ་དག་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་གཅིག་ཏུ་ཕྱིན་ཅི་ལོག་མ་ཡིན་ནོ། །ཉོན་མོངས་པ་གཞན་དག་ནི་ངེས་པར་རྟོག་པར་བྱེད་པ་མ་ཡིན་པས་ཕྱིན་ཅི་ལོག་མ་ཡིན་ནོ། །མདོ་ལས་འདུ་ཤེས་དང༌། སེམས་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་གསུངས་པ་དེ་ལ་ལྟ་བ་ཁོ་ན་ཕྱིན་ཅི་ལོག་ཡིན་ལ། སེམས་དང་འདུ་ཤེས་དེའི་དབང་གིས། །ལྟ་བ་ཕྱིན་ཅི་ལོག་གི་དབང་གིས་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཏུ་བཤད་དོ། །ཡང་ལྟ་བའི་ཕྲ་རྒྱས་ཁོ་ན་ལ་དབྱེ་བ་ཡོད་ཀྱི་གཞན་ལ་མེད་དམ་ཞེ་ན། ཡོད་པ་འདི་ལྟ་སྟེ། ང་རྒྱལ་བདུན། ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །དེ་ལ་ཆུང་ངུ་ལས་བདག་ཁྱད་པར་དུ་འཕགས་པའམ་མཉམ་པ་དང་མཉམ་མོ་སྙམ་དུ་སེམས་ཁེངས་པ་ནི་ང་རྒྱལ་ལོ། །མཉམ་པ་བས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །ཁྱད་པར་
དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བས་ངའོ་སྙམ་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །རྟོགས་པའི་ཁྱད་པར་མ་ཐོབ་པ་ལ་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ། །ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ནི་ཡོན་ཏན་དང་ལྡན་ནོ་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ། །བསྟན་བཅོས་ལས་ང་རྒྱལ་གྱི་རྣམ་པ་དགུ་གང་དག་བཤད་པ་དེ་དག་ནི། རྣམ་དགུ་གསུམ་པོ། །དེ་ལ་དང་པོ་གསུམ་ནི་བདག་མཆོག་དང་མཉམ་པ་དང༌། དམན་པ་ཡིན་ནོ་ཞེས་བྱ་བ་ལྟ་བ་ལ་བརྟེན་པ་གསུམ་ནི་ལྷག་པའི་ང་རྒྱལ་དང༌། ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དག་གོ །གཉིས་པའི་གསུམ་ནི་བདག་བས་མཆོག་དང༌། མཉམ་པ་དང༌། དམན་པ་ཡོད་དོ་ཞེས་བྱ་བ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ང་རྒྱལ་དང༌། ལྷག་པའི་ང་རྒྱལ་རྣམས་སོ། །གསུམ་པའི་གསུམ་ནི་བདག་པས་མཆོག་དང༌། མཉམ་པ་དང༌། དམན་པ་མེད་དོ་ཞེས་བྱ་བ་ནི་ང་རྒྱལ་དང༌། ལྷག་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དག་གོ །ཡང་ང་རྒྱལ་བདུན་པོ་འདི་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། མཐོང་དང་བསྒོམ་པས་ཟད་བྱ་བ། །ཅི་འཕགས་པ་རྣམས་ལ་བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་གང་ཡིན་པ་དེ་ཀུན་དུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ། འདི་ལྟར་བསྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གིས་ཆེད་དུ་བསམས་ཏེ། སྲོག་གཅོད་པར་བྱེད་པ་ནས་བརྫུན་དུ་སྨྲ་བར་བྱེད་པའི་བར་དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་འཇིག་སྲེད། འཇིག་པའི་སྲེད་པ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་རྣམས་ཀྱང་ཡོད་དོ་ཞེས་བཤད་པ་ལ་ངའོ་སྙམ་པའི་ང་རྒྱལ་ཡང་ཡོད་མོད་ཀྱི། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང༌། །སོགས་པ་སྨོས་པས་ནི་འཇིག་པའི་སྲེད་པའི་བར་དུ་གཟུང་ངོ༌། །ཅིའི་ཕྱིར་དེ་དག་
མ་སྤངས་ཀྱང་མི་འབྱུང་ཞེ་ན། ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །ང་རྒྱལ་གྱི་རྣམ་པ་རྣམས་དང༌། ངའོ་སྙམ་པའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་རོ། །དེ་བས་ན་འཇུག་པ་ཆད་པའི་ཕྱིར་ཡང་ལྡང་བར་མི་ནུས་སོ། །གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །འཇིག་པའི་སྲེད་པ་ཆད་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་སྲེད་པའི་ཕྱོགས་ནི་རྟག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །མི་དགེའི་འགྱོད་པའང་མ་ཡིན་ནོ། །འགྱོད་པ་ནི་མི་དགེ་བ་ཡང་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ན་འཕགས་པ་ལ་དེ་མི་འབྱུང་སྟེ། ཐེ་ཚོམ་གྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ། །ཡང་ཕྲ་རྒྱས་དེ་དག་ལས། དུ་ཀུན་དུ་འགྲོ་བ་དང༌། ཀུན་དུ་འགྲོ་བ་མ་ཡིན་པ་ནི་དུ་ཞེ་ན། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང༌།། གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་དུ་འགྲོ། །དེ་ལྟར་ན་ལྟ་བ་བདུན་དང༌། ཐེ་ཚོམ་གཉིས་དང༌། མ་རིག་པ་གཉིས་དང༌། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ཡིན་ནོ།། དེ་དག་ལས་དགུ་གོང་དུ་དམིགས། ལྟ་བ་གཉིས་པོ་མ་གཏོགས་སོ། །འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་མ་གཏོགས་པ་ཕྲ་རྒྱས་གཞན་དགུ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ཡིན་ནོ། །ཕྲ་རྒྱས་ཀུན་དུ་འགྲོ་བ་མ་ཡིན་ཏེ། འོན་ཀྱང༌། དེ་དག་དང་ནི་ལྷན་ཅིག་དང༌། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཐོབ་པ་རྣམས་ནི་འབྲས་བུ་དུ་མའི་ཕྱིར་འདི་དག་ཏུ་མ་གཏོགས་སོ། །ཕྲ་རྒྱས་འདི་དག་ལས་ཟག་པ་དང་བཅས་པ་ལ་དམིགས་པ་དང༌། ཟག་པ་མེད་པ་ལ་དམིགས་པ་ནི་དུ་ཞེ་ན། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང༌། །ལྡན་དང་འབའ་ཞིག་མ་རིག་དང༌། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བར་གྲུབ་བོ། །དེ་ལ་ཡང༌། རང་གི་ས་པའི་འགོག་པ་དང༌། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་
ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །འགོག་པ་ལ་དམིགས་པ་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་ནི་རང་གི་ས་པའི་འགོག་པ་ཁོ་ན་ཡིན་ནོ། །ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་རྣམས་ཀྱི་དམིགས་པ་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ། གང་ཡང་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡང་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ས་བརྒྱད་པོ་རྣམས་ཀྱི་དམིགས་པ་ཡང་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ། ལམ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདོད་ཆགས་ལ་སོགས་པ་འདི་དག་ཟག་པ་མེད་པ་ལ་དམིགས་པ་མ་ཡིན་ཞེ་ན། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །འདོད་ཆགས་ནི་སྤང་བར་བྱ་བ་ཡིན་ན་གལ་ཏེ་ཟག་པ་མེད་པ་ལ་དམིགས་པ་ཡིན་ན་གོ་སྤང་བར་བྱ་བ་མ་ཡིན་པར་འགྱུར་ཏེ། དགེ་བའི་ཆོས་ལ་འདུན་པ་བཞིན་ནོ། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །གནོད་པར་བྱེད་པའི་དངོས་པོ་ལ་ནི་ཁོང་ཁྲོ་བ་སྐྱེ་ན། འགོག་པ་དང་ལམ་དག་ནི་དེ་ལྟ་བུ་མ་ཡིན་ནོ། །ཞི་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །འགོག་པ་དང་ལམ་དག་ནི་ཞི་བ་ཡིན་པའི་ཕྱིར་དེ་དག་གིས་ཁེངས་པར་འགྱུར་བར་ཡང་འོས་པ་མ་ཡིན་ལ། ཡང་དག་པའི་དོན་དུ་དག་པ་ཡིན་པའི་ཕྱིར་དེ་གཉིས་ལ་དག་པར་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་མ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ན་དེ་གཉིས་ནི་མཆོག་ཀྱང་ཡིན་ཏེ། དེ་ལྟ་བས་ན་དེ་དག་གི་དམིགས་པ་ཟག་པ་མེད་པ་ཡིན་པར་རིགས་པ་མ་ཡིན་ནོ། །ཕྲ་རྒྱས་དེ་དག་ལས་དུ་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར། དུ་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་ཞེ་ན། ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །གང་དག་ཀུན་དུ་འགྲོ་བ་དེ་དག་ནི་དམིགས་པའི་སྒོ་ནས་རང་གི་ས་པའི་རྣམ་པ་ལྔ་པོ་རྣམས་ལ་ཡང་རྒྱས་པར་འགྱུར་རོ། །ཀུན་དུ་འགྲོ་བ་མ་ཡིན་
པ་རྣམས་ནི་རང་གི་སར་རང་གི་རིས་ཁོ་ན་ལ་སྟེ། གཞན་དུ་ནི་མ་ཡིན་ནོ། །ཟག་པ་མེད་པ་ལ་དམིགས་པ་ཡོད་དུ་ཟིན་ཀྱང༌། ཟག་མེད་གོང་མའི་ཡུལ་ཅན་མིན། །ཟག་པ་མེད་པ་ལ་དམིགས་པ་དང༌། ས་གོང་མ་ལ་དམིགས་པ་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་དམིགས་པའི་དངོས་པོ་ནི། བདག་གིར་མ་བྱས་གཉེན་པོའི་ཕྱིར། །དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང༌། སྲེད་པ་དག་གིས་བདག་གིར་བྱས་པ་དེ་ལ་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་ནུས་ཀྱི་ཟག་པ་མེད་པར་ཡང་དེ་ལྟ་མ་ཡིན་ལ། ས་གོང་མ་ཡང་དེ་ལྟ་མ་ཡིན་ནོ། །མྱ་ངན་ལས་འདས་པ་དང་ལམ་ནི་དེ་དག་ལ་དམིགས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཡིན་ལ། ས་གོང་མ་ཡང་ས་འོག་མ་རྣམས་ཀྱི་གཉེན་པོ་ཡིན་པས་དེའི་ཕྱིར་ཡང་དེ་དག་ཏུ་གནས་མི་ཐོད་དོ། །ཇི་ལྟར་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་ནི་བཤད་ཟིན་ཏོ། །གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེང་མཚུངས་ལྡན་ཁོ་ནས། །ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པས་རྒྱས་པར་འགྱུར་རོ། །དེ་དག་ལས་དུ་ནི་མི་དགེ་བ་ཡིན། དུ་ནི་ལུང་དུ་མ་བསྟན་པ་ཡིན་ཞེ་ན། གོང་མ་ཐམས་ཅད་ལུང་མ་བསྟན། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །འདོད་ན་འཇིག་ཚོགས་ལྟ་བ་དང༌། །མཐར་འཛིན་ལྷན་ཅིག་མ་རིག་པ། །འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ལྷག་མ་རྣམས་འདིར་མི་དགེ་བའོ། །ལྷག་མ་རྣམས་ནི་འདོད་པའི་ཁམས་ནི་མི་དགེ་བ་དག་ཡིན་ནོ། །དུ་ནི་མི་དགེ་བའི་རྩ་བ་དག་ཡིན། དུ་ནི་མ་ཡིན་ཞེ་ན། འདོད་ན་འདོད་ཆགས་ཁོང་ཁྲོ་དང༌། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །འདོད་པའི་ཁམས་ན་འཇིག་ཚོགས་དང༌། །མཐར་འཛིན་པའི་ལྟ་བ་དང་མཚུངས་པར་ལྡན་པའི་རྨོངས་པ་མ་གཏོགས་པ་རྨོངས་པ་དང༌། དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་དང༌། ཞེ་སྡང་ནི་མི་དགེ་བའི་རྩ་བ་གསུམ་མོ། །ལུང་མ་བསྟན་པའི་རྩ་བ་གསུམ། །དེ་ནི་སྲེད་དང་
མ་རིག་བློ། །སྲེད་པ་དང༌། མ་རིག་པ་དང༌། ཤེས་རབ་ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་རུང་སྟེ། གང་ཅུང་ཟད་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་རྩ་བའོ། །རྣམ་གཉིས་མཐར་འཇུག་ཕྱིར་དེ་ལས། །གཞན་མིན། ཐེ་ཚོམ་ནི་རྣམ་པ་གཉིས་ཉིད་དུ་འཇུག་པའི་ཕྱིར་རྩ་བར་འོས་པ་མ་ཡིན་ཏེ། གཡོ་བ་མེད་པའི་ཕྱིར་རོ། །ང་རྒྱལ་ནི་ཁེངས་པའི་མཚན་ཉིད་ཀྱིས་མཐོན་པོར་འཇུག་པའི་ཕྱིར་རྩ་བ་མ་ཡིན་ཏེ། ཆོས་མི་མཐུན་པའི་ཕྱིར་རོ། །འཇིག་རྟེན་ན་རྩ་བ་རྣམས་ནི་བརྟན་པ་དང༌། འོག་ནས་གནས་པ་དག་ཡིན་པར་མཐོང་བའི་ཕྱིར་རོ། །བཞི་ཞེས་ཉི་འོག་པ། །དེ་དག་སྲེད་ལྟ་ང་རྒྱལ་རྨོངས། །ལུང་དུ་མ་བསྟན་པའི་སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་ནི་ལུང་དུ་མ་བསྟན་པའི་རྩ་བ་དག་གོ །ཅིའི་ཕྱིར་ཞེ་ན། བསམ་གཏན་པ་གསུམ་མ་རིག་ལས། །འདི་ལྟར་བསམ་གཏན་པ་ནི་གསུམ་སྟེ། སྲེད་པ་དང༌། ལྟ་བ་དང༌། ང་རྒྱལ་ཤས་ཆེ་བའི་བསམ་གཏན་དག་ཡིན་ལ། དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ། །མདོ་ལས། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གང་གསུངས་པ་དེ་དག་ལུང་དུ་མ་བསྟན་པ་ནི་མ་ཡིན་ཏེ། གཞག་པར་བྱ་བའི་དྲི་བ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཅི་དེ་ཁོ་ན་ལུང་དུ་མ་བསྟན་པ་ཡིན་ནམ་མ་ཡིན་ཏེ། འོན་ཀྱང་རྣམ་པ་བཞི་འདི་ལྟ་སྟེ། མགོ་གཅིག་པ་དང་རྣམ་ཕྱེ་དང༌། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེས་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཅི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་ན་འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལུང་བསྟེན་པར་བྱའོ། །ཅི་སེམས་ཅན་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་ན། ཉོན་མོངས་པ་ཅན་རྣམས་ནི་སྐྱེ་བར་འགྱུར་གྱི་ཉོན་མོངས་པ་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །ཅི་མི་འདི་ཁྱད་པར་དུ་འཕགས་པ་ཡིན་ནམ་དམན་པ་ཡིན་ཞེས་འདྲི་ན་ལྷའམ་ངན་སོང་གང་ལ་ལྟོས་ཏེ་འདི་ཞེས་དྲིས་ནས་ལུང་བསྟན་པར་བྱའོ། །ཅི་ཕུང་པོ་རྣམས་ལས་སེམས་ཅན་གཞན་ནམ་གཞན་མ་ཡིན་ཞེས་འདྲི་ན། སེམས་ཅན་གྱི་རྫས་མེད་པའི་ཕྱིར་གཞག་པར་བྱའོ། །གང་
ཟག་གང་གི་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དེས་ན་དེ་དང་ལྡན་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །འདས་པ་ནི་གང་དང་ལྡན་པ་ཞེས་བྱ་བ་ནས། ད་ལྟར་བ་ནི་གང་དང་ལྡན་པ་ཞེས་བྱ་བའི་བར་འདི་དག་གང་ཞེ་ན། སྨྲས་པ། འདས་དང་ཉེར་གནས་འདོད་ཆགས་དང༌།། ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །དངོས་པོ་གང་ལ་འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་རྣམས་སྐྱེས་པ་མ་སྤངས་པ་དེ་དག་གིས་དངོས་པོ་དེ་དང་ལྡན་ཏེ། དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལ་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ། །ཡིད་ཀྱི་དེ་དག་མ་འོངས་པས། ཀུན་དང༌། གང་ལ་དེ་སྐྱེས་བ་མ་སྤངས་ཞེས་བྱ་བར་སྦྱར་ཏེ། ཡིད་ཀྱི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་མ་འོངས་པ་དེ་དག་ཉིད་ཀྱིས་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །གཞན་གྱིས་རང་དུས་པ། འདོད་ཆགས་དང༌། ཁོང་ཁྲོ་བ་གཞན་དག་གིས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་མ་འོངས་པའི་དངོས་པོ་ཁོ་ན་དང་ལྡན་ནོ། །སྐྱེ་བའི་ཆོས་རྣམས་ཀྱིས་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཉིད། མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང༌།། མི་སྐྱེ་བའི་ཆོས་རྣམས་ཀྱིས་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ལྟ་བ་དང༌། ཐེ་ཚོམ་དང་མ་རིག་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་དང་ལྡན་ཏེ། ཉོན་མོངས་པ་སྤྱི་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཅི་འདས་པ་དང་མ་འོངས་པའི་དངོས་པོ་རྫས་སུ་ཡོད་དམ། འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་རོ། །འོན་ཏེ་མེད་ན་ཇི་ལྟར་དེ་དང་ངམ། དེས་ལྡན་པའམ། བྲལ་བ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་མི་འཆའི། དུས་རྣམས་ཀུན་དུ་ཡོད་པར་ནི་གསལ་བར་དམ་འཆའོ། །ཅིའི་ཕྱིར་ཞེ་ན། གསུངས་ཕྱིར། བཅོམ་ལྡན་འདས་ཀྱིས་གལ་ཏེ་འདས་པའི་གཟུགས་ཞིག་ཡོད་པར་མ་གྱུར་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་
གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་དོ་ཞེས་རྒྱས་པར་གསུང་སོ། །གཉིས་ཕྱིར། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་པ་གང་ཞེ་ན། མིག་དང་གཟུགས་རྣམས་ནས་ཡིད་དང་ཆོས་ཀྱི་བར་ཡིན་ནོ། །ཡུལ་ཡོད་ཕྱིར། འདས་པ་དང་མ་འོངས་པ་མེད་ན་དེ་ལ་དམིགས་པའི་རྣམ་པར་ཤེས་པ་ནི་ཡུལ་མེད་པར་འགྱུར་གྱི་ཡུལ་དང་མི་ལྡན་ནོ། །འབྲས་ཕྱིར། གལ་ཏེ་འདས་པ་ཞིག་མེད་ན་ཚེ་ཕྱི་མ་ལ་འདས་པའི་ལས་ཀྱི་འབྲས་བུ་མེད་པར་འགྱུར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་པ་ཡོད་དོ། །ཡང་འདི་ལྟར། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད། གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ནོ། །གཞན་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་དུ་ཞིག་ཅེ་ན། སྨྲས་པ། དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང༌། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །དངོས་པོ་གཞན་དུ་འགྱུར་བ་ནི་བཙུན་པ་ཆོས་སྐྱོ་བ་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱེད་པ་ནི་དབྱིབས་གཞན་དུ་འགྱུར་བ་བཞིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་ནི་བཙུན་པ་དབྱངས་སྒྲོགས་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་འདས་པའི་མཚན་ཉིད་དང་ལྡན་ལ་གཉིས་དང་ནི་མི་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་ངོ༌། །གནས་སྐབས་གཞན་དུ་འགྱུར་བ་ནི་བཙུན་པ་དབྱིག་བཤེས་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་འདས་པ་ལ་སོགས་པའི་གནས་སྐབས་སུ་ཕྱིན་ནས་གཞན་དང་གཞན་ཞེས་སྟོན་ཏོ། །གཞན་དང་གཞན་དུ་འགྱུར་བ་ནི་བཙུན་པ་སངས་རྒྱས་ལྷ་ཡིན་ཏེ། ཆོས་དུས་རྣམས་སུ་འཇུག་པ་ན་སྔ་མ་དང་ཕྱི་མ་ལ་ལྟོས་ནས་གཞན་ཞེས་བརྗོད་དོ། །དེ་དག་ལས། གསུམ་པ་བཟང་སྟེ། གནས་སྐབས་གཞན་དུ་འགྱུར་བ་གང་ཡིན་པའོ། །དེའི་ནི། བྱ་བ་ཡིས། དུས་རྣམས་རྣམ་གཞག །གང་གི་ཚེ་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་
འོངས་པ་ཡིན་ལ། གང་གི་ཚེ་བྱ་བ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བ་ཡིན་ཞིང༌། གང་གིས་བྱས་ནས་འགགས་པ་དེའི་ཚེ་འདས་པ་ཡིན་ནོ། །དེའི་ཡང་ཆོས་དེའི་བདག་ཉིད་དེ་ཁོ་ནར་ཡོད་ལ་རྟག་ཏུ་བྱ་བ་བྱེད་པ་ལ་གེགས་སུ་བྱེད། གང་གིས་ན་རེས་འགའ་ནི་བྱ་བ་བྱེད་ལ་རེས་འགའ་ནི་མ་ཡིན། བྱ་བ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཞེས་བྱ་བ་གང་ཡིན་པ། དེ་ཡང་ཇི་ལྟར། ཅི་བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་དམ། གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་སྐྱོན་དེར་ཡང་འགྱུར་བ་ཞིག་ཡིན་ན་དེ་ནི་གཞན་མ་ཡིན། དེའི་ཕྱིར་སྐྱོན་དེར་མི་འགྱུར་རོ། དེ་ལྟ་ན་འོ་ན་ནི། དེ་ཉིད་དུས་སུ་མི་རུང༌། གང་གི་ཚེ་ཆོས་ཡོད་པ་དེའི་ཚེ་ཁོ་ནར་བྱ་བ་ཡང་ཡོད་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ད་ལྟར་རྫས་སུ་ཡོད་པ་དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་ཡོད་ན། དེ་བཞིན་དུ། ཡོད་ན་ཅི་ཕྱིར་མ་སྐྱེས་ཞིག །ཆོས་དེའི་རང་གི་ངོ་བོ་ཁོ་ནར་ཡོད་ན་ཇི་ལྟར་ན་མ་སྐྱེས་པ་ཞེས་བྱ་བའམ་ཞིག་པ་ཞེས་བྱ་བ་འདི་འགྲུབ་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ་འདས་པ་དང་མ་འོངས་པའི་རྫས་སུ་ཡོད་པ་ཁོ་ནའོ། །གང་ཞིག་བྲང་བར་མི་ནུས་པ་དེ་ལ་ནི་བདག་ལ་ཕན་པར་འདོད་པས་འདི་ལྟར་རིག་པར་བྱ་སྟེ། ཆོས་ཉིད་དག་ནི་ཟབ་པ་ཡིན། །དེ་གདོན་མི་ཟ་བར་རྟོགས་པས་བསྒྲུབས་པ་མ་ཡིན་ནོ། །དངོས་པོ་གང་ཞིག་སྤངས་ན་དངོས་པོ་དེ་དང་བྲལ་བ་ཡིན་པ་འདི་དཔྱད་པར་བྱ་སྟེ། སྤངས་ལ་དངོས་པོ་དེ་དང་བྲལ་བ་ཡང་མ་ཡིན་ནོ། །འདི་ལྟ་སྟེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །སྡུག་བསྔལ་ཤེས་པ་ནི་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་སྤངས་པ་ཡིན་ནོ། །དེ་སྤངས་ཀྱང་དེ་ལ་དམིགས་པ་ཀུན་དུ་འགྲོ་བ་ཀུན་འབྱུང་མཐོང་པས་སྤང་བར་བྱ་བ་རྣམས་ཀྱིས་ལྡན་ནོ། །བསྒོམ་པས་སྤང་བར་བྱ་བའི་རིས་ལ་ཡང་རྣམ་པ་དགུ་ལས་དང་པོའི་རྣམ་པ་སྤངས་ནས་དེ་སྤངས་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་ལྷག་མ་རྣམས་ཀྱིས་ལྡན་པར་རིག་པར་བྱའོ། །དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བའི་ཚིག་འདི་རེ་རེ་ནས་བཤད་ན་
ནི་བརྗོད་པར་བྱ་བ་མང་པོར་འགྱུར་ཏེ། དེ་ལྟ་བས་ན་མདོར་བསྡུ་ན་ཆོས་ནི་བཅུ་དྲུག་ཏུ་རྣམ་པར་གཞག་པ་དང༌། སེམས་བཅུ་དྲུག་ཏུ་རྣམ་པར་བཞག་ནས་ཡུལ་ཅན་གྱི་ངེས་པ་རབ་ཏུ་བསྟན་པར་བྱ་སྟེ། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །རེ་ཞིག་སྡུག་བསྔལ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་སེམས་ལྔའི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་དང༌། གཟུགས་ན་སྤྱོད་པ་སྟེ། བསྒོམ་པས་སྤང་བར་བྱ་བ་ཁོ་ན་དང༌། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །གཟུགས་ལ་མས་ལས་སྐྱེས་རང་གི་དང༌། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང༌། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་ན་སྤྱོད་པ་ན་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་ས་པ་གསུམ་སྟེ། དེ་དག་ཉིད་དང༌། ཁམས་འོག་མ་པ་གསུམ་སྟེ། དེ་དག་ཉིད་དང༌། ཁམས་གོང་མ་པ་གཅིག་སྟེ། བསྒོམ་པས་སྤང་བར་བྱ་བ་ཁོ་ན་དང༌། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་གཟུགས་མེད་པ་ན་སྤྱོད་པ་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པ་རྣམ་པ་གསུམ་གསུམ་སྟེ། དེ་དག་ཉིད་དང༌། ཟག་པ་མེད་པའི་དམིགས་པ་ཡིན་ནོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །འགོག་པ་དང༌། ལམ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རང་གི་སེམས་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཆོས་དེ་དག་ནི་དེས་གླགས་པའི་དམིགས་པ་ཡིན་ནོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང༌། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཆོས་ཟག་པ་མེད་པ་རྣམས་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་གྱི་རྣམ་པ་གསུམ་སྟེ། འགོག་པ་དང༌། ལམ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། ཟག་པ་མེད་པའི་དམིགས་
པ་ཡིན་ནོ། །དེ་ལྟར་སེམས་བཅུ་དྲུག་པོ་དེ་དག་གིས་དམིགས་པ་ཆོས་བཅུ་དྲུག་རྣམ་པར་གཞག་པར་རིག་ནས། གང་ལ་ཇི་ཙམ་དུ་ཕྲ་རྒྱས་དག་རྒྱས་པར་འགྱུར་བ་དེ་དག་མངོན་པར་རིག་པར་བྱའོ། །དེ་ལ་ཡང༌། ཉོན་མོངས་ཕྲ་རྒྱས་བཅས་རྣམས་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །སེམས་ཉོན་མོངས་པ་ཅན་ནི་དེ་དང་མཚུངས་པར་ལྡན་པ་དང༌། དེ་ལ་དམིགས་པ་མ་སྤངས་པའི་ཕྲ་རྒྱས་རྒྱས་པར་འགྱུར་བ་རྣམས་དང༌། དེ་དང་མཚུངས་པར་ལྡན་པ་སྤངས་པ་རྒྱས་པར་མི་འགྱུར་བ་རྣམས་ཀྱི་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། དེ་དང་ལྷན་ཅིག་པའི་ཕྱིར་རོ།། སེམས་ཉོན་མོངས་པ་ཅན་མ་ཡིན་པ་ནི་དེ་ལ་དམིགས་པ་མ་སྤངས་པ་རྒྱས་པར་འགྱུར་བ་དག་ཁོ་ནས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །ཕྲ་རྒྱས་བཅུ་པོའི་འཇུག་པའི་རིམ་པ་བསྟན་པར་བྱ་སྟེ། རེ་ཞིག་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པ་ལས་བདེན་པ་རྣམས་ལ་ཀུན་དུ་རྨོངས་པར་འགྱུར་ཏེ། དེའི་ཕྱིར། རྨོངས་ལ་ཐེ་ཚོམ། རྨོངས་པར་གྱུར་པ་ཕྱོགས་གཉིས་ཐོས་ནས་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དེ་ནས་ནི། ལོག་ལྟ། རབ་ཏུ་འཇུག་སྟེ། སྡུག་བསྔལ་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་འཇིག་ཚོགས་ལྟ། སྡུག་བསྔལ་ལས་ཕུང་པོ་བསལ་ནས་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ནས་མཐར་འཛིན། བདག་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །དེ་ནས་ནི། ཚུལ་ཁྲིམས་མཆོག་འཛིན། གང་ཁོ་ན་ལ་མཐར་འཛིན་པ་དེས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེ་ནས་ལྟ། མཆོག་ཏུ་འཛིན་ཞེས་སྦྱར་ཏེ། གང་གིས་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེས་ནི། རང་གི་ལྟ་ལ་ང་རྒྱལ་ཆགས། །དེ་ལ་ཆགས་པའི་ཕྱིར་དང༌། དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །གཞན་ལ་ཞེ་སྡང༌། རང་གི་ལྟ་བ་ལ་ལྷག་པར་ཞེན་པར་གྱུར་པས་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་ལ་ཞེ་སྡང་འཇུག་གོ །གཞན་དག་ནི་རང་གི་ལྟ་ལ་བླངས་ནས་བོར་བ་གཞན་ལ་ཞེ་སྡང་བར་འདོད་དོ། །དེ་ལྟར་རིམ། དེ་དག་གི་འཇུག་པའི་རིམ་པ་ནི་དེ་ཡིན་ནོ། །ཉོན་མོངས་སྐྱེ་ན་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་
ལས། །རྒྱུ་དང༌། ཡུལ་དང༌། སྦྱོར་བའི་སྟོབས་ཀྱིས། ཉོན་མོངས། སྐྱེ་སྟེ་གང༌། རྒྱུ་ནི་ཚང་བ་ཡིན། རེས་འགའ་ནི་ཡུལ་གྱི་སྟོབས་ཁོ་ནས་སྐྱེ་སྟེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ལྟ་བུའོ། །ཡང་ཕྲ་རྒྱས་དེ་དག་ཉིད་ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེ་བར་ལེན་པའི་དབྱེ་བས་གསུངས་སོ། །དེ་ལ་རེ་ཞིག །འདོད་ན་གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག །མ་རིག་པ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀུན་ནས་དཀྲིས་པ་དང་བཅས་པ་འདོད་པའི་ཟག་པ་ཡིན་ནོ། །གཟུགས་དང་གཟུགས་ནི་མེད་པ་ན། །ཕྲ་རྒྱས་ཁོ་ན་སྲིད་པའི་ཟག །མ་རིག་པ་མ་གཏོགས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཟག་པ་རྣམས་ནི་སྲིད་པའི་ཟག་པ་ཡིན་ནོ། །ཅིའི་ཕྱིར་གཅིག་ཏུ་བྱས་ཤེ་ན། དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་གཞག་ས་པའི་ཕྱིར་གཅིག་བྱས། །འདི་དག་རྒྱུ་གསུམ་གྱི་ཕྱིར་གཅིག་ཏུ་བྱས་སོ། །ཁམས་གསུམ་གྱི་མ་རིག་པ་ནི་མ་རིག་པའི་ཟག་པ་ཞེས་བྱ་བར་གྲུབ་བོ། །ཟག་པ་དེ་དག་གི་ཡང༌། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་བསྟན། །ཟག་པ་དེ་དག་ཇི་སྐད་དུ་བཤད་པ་ལྟར། ཆུ་བོ་སྦྱོར་བའང་དེ་བཞིན་དུ། །ལྷ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། །འདོད་པའི་ཟག་པ་ཉིད་དུ་འདོད་པའི་ཆུ་བོ་དང༌། འདོད་པའི་སྦྱོར་བའོ། །དེ་བཞིན་དུ་སྲིད་པའི་ཟག་པ་ནི་སྲིད་པའི་ཆུ་བོ་དང༌། སྲིད་པའི་སྦྱོར་བ་ཡིན་ནོ། །ལྟ་བ་རྣམས་ནི་མ་གཏོགས་ཏེ། དེ་དག་ནི་ཆུ་བོ་དང༌། སྦྱོར་བ་རྣམས་ལས་ལོགས་ཤིག་ཏུ་བཞག་སྟེ། གསལ་བའི་ཕྱིར་རོ། །ཟག་པར་མ་ཡིན་གྲོགས་མིང་རྣམས། །འཇོག་པའི་རྗེས་སུ་མི་མཐུན་ལོ། །ཟག་པ་རྣམས་ཀྱི་ངེས་པའི་ཚིག་ནི་འཇོག་པར་བྱེད་པས་ན་ཞེས་འོག་ནས་འཆད་ན། ལྟ་བ་འབའ་ཞིག་ནི་གསལ་བའི་ཕྱིར་འཇོག་པའི་རྗེས་སུ་མཐུན་པ་མ་ཡིན་པས་བསྲེས་ནས་གཞག་གོ །ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྟ་རྣམས་གཉིས། །ཕྱེ་བའི་ཕྱིར་རོ། །འདོད་པའི་སྦྱོར་བ་ཉིད་མ་རིག་པ་དང་བཅས་པ་ནི་འདོད་པའི་ཉེ་བར་ལེན་པའོ། །སྲིད་པའི་སྦྱོར་བ་
ཉིད་མ་རིག་པ་དང་བཅས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ལྟ་བའི་སྦྱོར་བ་དག་ལས་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱུང་སྟེ། ལྟ་བའི་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །ཅིའི་ཕྱིར་མ་རིག་པ་བསྲེས་ཏེ་ཉེ་བར་ལེན་པར་བཤད་ཅེ་ན། སྲིད་པ་འཛིན་པའི་ཕྱིར་ཉེ་བར་ལེན་པ་དག་ཡིན་ན། མ་རིག་པ་འཛིན་པར་བྱེད་པ་མིན་ཕྱིར་བསྲེས། མ་རིག་པ་ནི་མི་ཤེས་པའི་མཚན་ཉིད་ཀྱིས་མི་གསལ་བའི་ཕྱིར་འཛིན་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བསྲེས་སོ། །ཡང་དེ་དག་གི་ནང་ནས་ཕྲ་རྒྱས་ཀྱི་དོན་ཅི་ཡིན། ཉེ་བར་ལེན་པའི་བར་གྱི་དོན་ཅི་ཡིན་ཞེ་ན། གང་ཕྱིར་དེ་དག་ཕྲ་བ་དང༌། །རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང༌། །རྗེས་སུ་འབྲེལ་པ་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །དེ་ལ་ཕྲ་བ་ནི་རྟོགས་པར་དཀའ་བས་རྒྱུ་བ་ཕྲ་བའི་ཕྱིར་རོ། །རྗེས་འབྲེལ་པ་ནི་ཐོབ་པ་དང་རྗེས་སུ་འབྲེལ་པས་སོ། །རྒྱས་པར་འགྱུར་བ་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་སོ། །རྗེས་སུ་འབྲང་བ་ནི་སྦྱོར་བ་མེད་པ་སྟེ། བཟློག་བཞིན་དུ་ཡང་ཡང་དུ་མངོན་དུ་འགྱུར་བའི་ཕྱིར་རོ། །དེ་དག་འཇོག་བྱེད་ཟག་བྱེད་དང༌། །འཁྱེར་བར་བྱེད་དང་འབྱར་བྱེད་དང༌། །ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །འཁོར་བར་འཇོག་པར་བྱེད་པ་དང༌། །སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་འཛག་པས་ན་ཟག་པ་དག་ཡིན་ནོ། །འཁྱེར་བར་བྱེད་པས་ན་ཆུ་བོ་དག་ཡིན་ནོ། །འབྱར་བར་བྱེད་པས་ན་སྦྱོར་བ་དག་གོ །ཉེ་བར་འཛིན་པར་བྱེད་པས་ན་ཉེ་བར་ལེན་པ་རྣམས་སོ། །དེ་དག་ཀུན་དུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། །ཕྲ་རྒྱས་དེ་དག་ཉིད་ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། ཕྲ་རྒྱས་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པའི་དབྱེ་བ་ཡང་རྣམ་པ་ལྔར་ཕྱེ་ནས་བཤད་དོ། །དེ་ལ་ཀུན་དུ་སྦྱོར་བ་ནི་དགུ་སྟེ། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང༌། ཕྲག་དོག་དང༌། སེར་སྣའི་ཀུན་དུ་སྦྱོར་བ་རྣམས་སོ། །ཡང་ཅིའི་ཕྱིར་ལྟ་བ་
གསུམ་ནི་ལོགས་ཤིག་ཏུ་ལྟ་བའི་ཀུན་དུ་སྦྱོར་བར་བཤད་ལ། གཉིས་ནི་ལོགས་ཤིག་ཏུ་མཆོག་ཏུ་འཛིན་པའི་ཀུན་དུ་སྦྱོར་བར་བཤད་ཅེ་ན། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། །ལྟ་གཉིས་ཀུན་དུ་སྦྱོར་གཞན་ནོ། །ལྟ་བ་གསུམ་ཡང་རྫས་བཅོ་བརྒྱད་ཡིན་ལ། མཆོག་ཏུ་འཛིན་པའི་ལྟ་བ་གཉིས་ཀྱང་རྫས་བཅོ་བརྒྱད་ཁོ་ན་ཡིན་ཏེ། དེའི་ཕྱིར་རྫས་མཉམ་པས་འདི་གཉིས་ཀུན་དུ་སྦྱོར་བ་གཞན་དུ་བྱས་སོ། །འདི་གཉིས་ནི་མཆོག་ཏུ་འཛིན་པའི་རང་བཞིན་ཡིན་ལ། ལྷག་མ་རྣམས་ནི་མ་ཡིན་པས་མཆོག་ཏུ་འཛིན་པར་འདྲ་བའི་ཕྱིར་ཡང་འདི་དག་གཉིས་ལོགས་ཤིག་ཏུ་བཤད་དེ། གཟུང་བ་དང་འཛིན་པ་ཐ་དད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཀུན་དུ་སྦྱོར་བ་དག་ཕྲག་དོག་དང༌། སེར་སྣ་ནི་ལོགས་ཤིག་ཏུ་ཀུན་དུ་སྦྱོར་བ་གཉིས་སུ་བཤད་ལ། ཀུན་ནས་དཀྲིས་པ་གཞན་ནི་མ་ཡིན་ཞེ་ན། གང་ཕྱིར་གཉིས་ཀའང་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །གང་ལ་གཅིག་ཏུ་མི་དགེ་བ་དང༌། རང་དབང་ཅན་འདི་གཉིས་ག་ཡིན་པ་དེ་ལྟ་བུའི་ཀུན་ནས་དཀྲིས་པ་གཞན་ནི་མེད་དོ། །ཡང་བཅོམ་ལྡན་འདས་ཀྱིས་ཀུན་དུ་སྦྱོར་བ། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གསུངས་ཏེ། ཅིའི་ཕྱིར་རྣམ་པ་ལྔ་ཁོ་ན་ཡིན་ཞེ་ན། འདི་ལྟར། གཉིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །འདོད་པ་ལ་འདུན་པ་དང༌། གནོད་སེམས་དག་གིས་ནི་འདོད་པའི་ཁམས་ལས་མི་འདའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་གིས་ནི་འདས་ཀྱང་ཕྱིར་ཟློག་པར་བྱེད་དོ། །འདིར་ཡང་གསུངས་པ། སྒོ་དང་རྩ་བས་བསྡུས་ཕྱིར་གསུམ། །ཁོ་ནར་གསུངས་སོ། །སྔར་མཐོང་བས་སྤང་བར་བྱ་བ་སྤངས་ན་ཡང་སྒོ་དང་རྩ་བ་བསྡུས་པས་ཉོན་མོངས་པ་རྣམས་ནི་རྣམ་པ་གསུམ་དུ་གསུངས་ཏེ། རྣམ་པ་གཅིག་པ་དང༌། རྣམ་པ་གཉིས་པ་དང༌། རྣམ་པ་བཞི་པ་དག་གོ །དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་སོ། །གཞན་ཡང་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་ལ། ལྟ་བ་མཆོག་ཏུ་འཛིན་པའི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པས་རབ་ཏུ་བཅུག །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་
རབ་ཏུ་བཅུག་སྟེ། དེའི་ཕྱིར་རྩ་བ་བསྡུས་སོ་ཞེའོ། །གཞན་དག་ན་རེ། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་རྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་ཡིན། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །འཇིག་ཚོགས་ལ་ལྟ་བས་ནི་ཐར་པ་ལ་སྐྲག་པར་འགྱུར་བས་འགྲོ་མི་འདོད་པར་འགྱུར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ནི་ལམ་གཞན་ལ་ཡང་དག་པར་བསྟན་པའི་ཕྱིར་ལམ་ནོར་བར་འགྱུར་རོ། །ཐེ་ཚོམ་གྱིས་ནི་ལམ་ལ་སོམ་ཉི་ཟ་བར་འགྱུར་ཏེ། དེའི་ཕྱིར་འདི་གསུམ་ཁོ་ན་སྤང་བར་བསྟན་ཏོ། །ཇི་ལྟར་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་བཤད་པ་དེ་བཞིན་དུ་ཡང༌། གོང་མིའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིད་རྒོད་ང་རྒྱལ་རྨོངས། །འདི་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་རོ། །ཀུན་དུ་སྦྱོར་བ་བཤད་ཟིན་ཏོ། །འཆིང་བ་ནི་གསུམ་སྟེ། འདོད་ཆགས་དང། ཞེ་སྡང་དང༌། གཏི་མུག་རྣམས་སོ། །འདི་ཡང༌། ཚོར་བའི་དབང་གིས་འཆིང་བ་གསུམ། །འདི་ལྟ་སྟེ། བདེ་བའི་ཚོར་བ་ལ་ནི་འདོད་ཆགས་དམིགས་པ་དང༌། མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །སྡུག་བསྔལ་བ་ལས་ནི་ཞེ་སྡང་ངོ༌། །བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ལ་གཏི་མུག་སྟེ། འདོད་ཆགས་དང༌། ཞེ་སྡང་ནི་དེ་ལྟ་མ་ཡིན་ནོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ། །ཕྲ་རྒྱས་རྣམས་ནི་སྔར་བཤད་པ་ཁོ་ནར་ཟད་དོ། །ཉེ་བའི་ཉོན་མོངས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་གང་དག་ཉོན་མོངས་པ་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །གང་དེ་འང་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །དེ་དག་ཀྱང་གཞི་ཕྲན་ཚེགས་ལས་འདོན་པ་གང་ཡིན་པའོ། །འདིར་ནི་ཀུན་ནས་དཀྲིས་པ་དང་ཉོན་མོངས་པའི་དྲི་མས་བསྡུས་པ་ཁོ་ན་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག །ངོ་ཚ་མེད་དང་ཁྲེལ་མེད་དང༌། །ཕྲག་དོག་སེར་སྣ་རྒོད་པ་དང༌། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་
རྣམ་པ་བརྒྱད། །ཡང་ཁ་ཅིག་གིས་བརྒྱད་པོ་དེ་དང༌། ཁྲོ་དང་འཆབ་པའོ། །དེ་དག་གིས་བཅུ་སྟེ། དེ་ལ་ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །སེར་སྣ་ནི་ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་སྦྱིན་པ་དང༌། འགལ་བ་ཅན་སེམས་ཀྱི་ཀུན་དུ་འཛིན་པའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བའོ། །གཉིད་ནི་ལུས་ཡང་དག་པར་འཛིན་མི་ནུས་པ་སེམས་མངོན་པར་སྡུད་པའོ། །དེ་དང་འགྱོད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་ནོ། །ཁྲོ་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་མཁྱུད་པའོ། །ཉེ་བའི་ཉོན་མོངས་པ་ཁ་ཅིག་སྔར་བཤད་པས་འདིར་རྣམ་པར་མ་ཕྱེའོ། །ཀུན་ནས་དཀྲིས་པ་དེ་རྣམས་ལས། འདོད་ཆགས་ཀྱིས། ངོ་ཚ་མེད་རྒོད་སེར་སྣ་བསླང༌། །གསུམ་པོ་འདི་དག་ནི་འདོད་ཆགས་ཀྱི་རྒྱུ་མཐུན་པ་ཡིན་ནོ། །འཆབ་པ་རྩོད་དོ། །ཁ་ཅིག་ན་རེ་སྲེད་པའི་རྒྱུ་མཐུན་པའོ་ཞེའོ། །གཞན་ན་རེ་མ་རིག་པའི་རྒྱུ་མཐུན་པའོ་ཞེའོ། །གཞན་དག་ན་རེ་དེ་གཉིས་ཀ་ཡིན་ཏེ་ཤེས་པ་དང་མི་ཤེས་པ་རྣམས་ཀྱི་ཡིན་ནོ་ཞེས་སོ། །མ་རིག་ལས། །རྨུགས་དང་གཉིད་དང་ཁྲེལ་མེད་དོ། །གསུམ་པོ་འདི་ནི་མ་རིག་པའི་རྒྱུ་མཐུན་པའོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང༌། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང༌། །ཁོང་ཁྲོ་བ་ཀུན་ནས་བསླང་བ་དག་ཡིན་ཏེ། དེ་ལྟར་ན་ཉེ་བའི་ཉོན་མོངས་པ་བཅུ་པོ་དེ་དག་ནི་ཉོན་མོངས་པའི་རྒྱུ་མཐུན་པ་དག་ཡིན་ནོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང༌། །དེ་བཞིན་འཚིག་དང་ཁོན་འཛིན་དང༌། །རྣམ་འཚེ་སྒྱུ་ནི་གཞན་འདྲིད་པའོ། །གཡོ་ནི་སེམས་གྱ་གྱུ་བའོ། །རྒྱགས་པ་ནི་སྔར་བཤད་ཟིན་ཏོ། །འཚིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ལ་དམ་དུ་འཛིན་པའོ། །ཁོན་དུ་འཛིན་པ་ནི་ཀུན་ནས་མནར་སེམས་ཀྱི་དངོས་པོ་ལ་ལན་མང་དུ་བྱེད་པའོ། །རྣམ་པར་འཚེ་བ་ནི་རྣམ་པར་ཐོ་འཚམས་པའོ། །ཉོན་མོངས་པའི་དྲི་མ་དྲུག་པོ་དེ་དག་ལས། སྒྱུ་དང་རྒྱགས་པ་ནི། །འདོད་ཆགས་ལས་སྐྱེས་ཁོན་འཛིན་དང༌། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས། །གཡོ་
ནི་ལྟ་བས་ཀུན་ནས་བསླང༌། །རྒྱུ་མཐུན་བཤད་ནས་ཅི་ཞིག་གིས་སྤང་བར་བྱ་བ་བཤད་པར་བྱ་སྟེ། དེ་ལས་ངོ་ཚ་མེད་པ་དང༌། །ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །ཆོས་ལྔ་པོ་འདི་དག་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །ཕྲག་དོག་དང༌། སེར་སྣ་དང༌། འགྱོད་པ་དང༌། ཁྲོ་བ་དང༌། འཆབ་པ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །རང་དབང༌། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་ཉེ་བའི་ཉོན་མོངས་པ་ལྔ་པོ་རང་དབང་ཅན་དག་ཀྱང་ངོ༌། །དེ་བཞིན་དྲི་མ་རྣམས། ཉོན་མོངས་པའི་དྲི་མ་དྲུག་ཀྱང་དེ་དང་འདྲའོ། །ཉེ་བའི་ཉོན་མོངས་པ་ཇི་སྐད་བཤད་པ་དེ་དག་ནི། འདོད་ན་མི་དགེ་གསུམ་རྣམ་གཉིས། །རྨུགས་པ་དང༌། རྒོད་པ་དང༌། གཉིས་ནི་མི་དགེ་དང༌། ལུང་དུ་མ་བསྟན་པ་དག་ཡིན་ནོ། །དེ་ཡན་ཆད་ནི་ལུང་མ་བསྟན། འདོད་པའི་ཁམས་ཡན་ཆད་ན་ཅི་རིགས་པར་རྣམ་པ་གཅིག་གོ །དེ་དག་ལས་དུ་ཞིག་གང་ན་ཡོད་ཅེ་ན། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་འདི་ཉིད་ནི། འདོད་པའི་ཁམས་དང་བསམ་གཏན་དང་པོ་ནའོ། །ཚངས་པའི་འཇིག་རྟེན་ན་སྒྱུ་ཇི་ལྟར་ཡོད་ཅེ་ན་ཚངས་པས་འདྲིད་ཕྱིར་རོ། །ཚངས་པ་ཆེན་པོ་ནི་དེ་ན་བདག་ཉིད་ལོག་བར་ཀུན་དུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདྲིད་པར་ཞུགས་སོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གསུམ་པོ་འདི་དག་ནི་ཁམས་གསུམ་པ་དག་ཡིན་ནོ། །གཞན་དག་འདོད་ཁམས་ལས་སྐྱེས་པ། །ཉེ་བའི་ཉོན་མོངས་པ་བཅུ་གཅིག་ནི་འདོད་པ་ན་སྤྱོད་པ་ཁོ་ན་ཡིན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །དེ་དག་ལས་ཀྱང༌། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །མཐོང་བས་སྤང་བར་བྱ་བ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་དག་ཡིན་ཏེ། གཉིད་ང་རྒྱལ་བསྒོམ་པས་སྤང་བར་བྱ་བ་དག་དང་བཅས་པ་ཡང་ངོ། །ཉེ་བའི་ཉོན་མོངས་རང་དབང་ཡང༌། །ཉེ་བའི་ཉོན་མོངས་པ་རང་དབང་ཅན་གང་དག་ཡིན་པ་དེ་དག་ནི་ཡིད་ཀྱི་ས་པ་ཁོ་ན་ཡིན་པར་བལྟ་བར་བྱའོ། །གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དག་ནི་རྣམ་པར་ཤེས་པ་དྲུག་གི་ས་པ་དག་གོ །ཡང་དེ་
དག་ལས་བདེ་བ་ལ་སོགས་པའི་དབང་པོ་དང་མཚུངས་པར་ལྡན་པ་བརྗོད་པར་བྱ་སྟེ། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །ཞེ་སྡང་བཟློག་པའོ། །ཞེ་སྡང་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །མ་རིག་པ་དག་ཐམས་ཅད་དང༌། །དབང་པོ་ལྔ་ཆར་དང་མཚུངས་པར་ལྡན་ནོ། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང༌། །ལོག་པར་ལྟ་བ་ནི་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་ཏོ། །བསོད་ནམས་དང་སྡིག་པའི་ལས་ཅན་དག་དང་གོ་རིམས་བཞིན་ནོ། །ཡིད་མི་བདེ་དང་ཐེ་ཚོམ་མོ། །གཞན་ཡིད་བདེ་དང༌། ལྟ་བ་བཞི་དང༌། ང་རྒྱལ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །འདི་དག །འདོད་ལས་སྐྱེས་པར་བསྟན་ནས་གཞན་བཤད་པར་བྱ་སྟེ། བཏང་སྙོམས་དང་ཀུན། ཉོན་མོངས་པ་རྣམས་ནི་རྒྱུན་ཆད་པའི་དུས་ན་གདོན་མི་ཟ་བར་བཏང་སྙོམས་ཀུན་དུ་གནས་པའི་ཕྱིར་རོ། །ཡང་ས་གོང་མ་རྣམས་ཇི་ལྟ་བུ་ཞེ་ན། སྨྲས་པ། ས་གོང་མ། ས་ཇི་བཞིན་དུ་རང་རང་དང༌། ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ན་དབང་པོ་ཇི་སྙེད་པ་རང་རང་གི་དབང་པོ་དང་ལྡན་ནོ། །འགྱོད་དང་ཕྲག་དོག་ཁྲོ་བ་དང༌། །རྣམ་འཚེ་ཁོན་དུ་འཛིན་པ་དང༌། །འཚིག་པ་ཡིད་མི་བདེ་བ་དང༌། །མཚུངས་པར་ལྡན་པ་ཞེས་བྱ་བར་སྦྱར་ཏེ། སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་དང༌། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །སེར་སྣ་དག་ནི་བཟློག་པ་ཡིན། །ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །གཡོ་དང་སྒྱུ་དང་འཆབ་དང་གཉིད། གཉིས་ཀ་དང་ལྡན། ཡིད་བདེ་བ་དང༌། ཡིད་མི་བདེ་བ་དག་དང་མཚུངས་པར་ལྡན་པ་རྣམས་སོ། །བདེ་བ་དག་དང༌། རྒྱགས་པ། བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །མན་ཆད་ན་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་ནོ། །ཡན་ཆད་ན་ནི་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། འདི་ལྟར་བཏང་སྙོམས་ཀུན་དུ་འགྲོ། །ཐམས་ཅད་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། དེ་ནི་མ་རིག་པ་བཞིན་དུ་གང་ལ་ཡང་དགག་པ་མེད་དོ། །བཞི་པོ་གཞན་ནི་ལྔ་དག་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། ཀུན་ནས་དཀྲིས་
པ་བཞི་པོ་འདི་དག་ནི་དབང་པོ་ལྔ་ཆར་དང་མཚུངས་པར་ལྡན་ནོ། །མདོ་ལས། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང༌། སྒྲིབ་པ་ལྔ་པོ་གསུངས་པ་གང་དག་ཡིན་པ་དེ་ལ་རྨུགས་པ་དང༌། རྒོད་པ་དང། ཐེ་ཚོམ་ཁམས་གསུམ་པ་ཡིན་ཡང་གཅིག་ཏུ་མི་དགེ་བ་ཡིན་པའི་ཕྱིར་རོ། །འདོད་ན་སྒྲིབ་རྣམས། འདོད་པའི་ཁོ་ནར་སྒྲིབ་པའི་མིང་འཐོབ་བོ། །དེ་ལ་ཡང༌། མི་མཐུན་དང༌། ཟད་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་རྨུགས་གཉིད་དག་དང༌། རྒོད་པ་དང་འགྱོད་པ་དག་གཅིག་ཡིན་ཏེ། མི་མཐུན་པ་དང༌། ཟས་དང༌། བྱ་བ་གཅིག་ཡིན་པའི་ཕྱིར་རོ། །གཉིད་དང་རྨུགས་པ་དག་གི་མི་མཐུན་པ་གཅིག་སྟེ། སྣང་བའི་འདུ་ཤེས་སོ། །ཟས་གཅིག་པ་ནི་ཆོས་ལྔ་སྟེ། རྨྱ་བ་དང༌། མི་དགའ་བ་དང༌། བྱ་རྨྱང་དང༌། ཁ་ཟས་ཀྱི་དྲོད་མི་ཟིན་པ་དང༌། སེམས་ཞུམ་པ་ཉིད་དོ། །འདི་དག་གི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀས་ཀྱང་སེམས་ཞུམ་པར་བྱེད་དོ། །རྒོད་པ་དང་འགྱོད་པ་དག་གི་ཡང་མི་མཐུན་པ་གཅིག་སྟེ། ཞི་གནས་སོ། །ཟས་གཅིག་པ་ནི་ཆོས་བཞི་སྟེ། ཉེ་དུའི་རྣམ་པར་རྟོག་པ་དང༌། ཡུལ་གྱི་རྣམ་པར་རྟོག་པ་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་རྒོད་པ་དང་རྩེས་པ་དང༌། །དགའ་བ་དང༌། དགའ་མགུར་ཡོངས་སུ་སྤྱོད་པ་རྣམས་རྗེས་སུ་དྲན་པ་ཡིན་ནོ། །འདི་གཉིས་ཀྱི་བྱ་བ་ཡང་གཅིག་སྟེ། འདི་གཉིས་ཀས་ཀྱང་སེམས་རྣམ་པར་མ་ཞི་བར་བྱེད་དོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཡིན་ན། ཅིའི་ཕྱིར་ལྔ་ཁོ་ནར་བཤད་ཅེ་ན། ཕུང་པོ་གནོད་བྱེད་དང༌། ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །འདོད་པ་ལ་འདུན་པ་དང༌། གནོད་སེམས་དག་གིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དང༌། རྨུགས་པ་དང༌། གཉིད་དག་གིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་དང༌། རྒོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་པའོ། །ཏིང་ངེ་འཛིན་དང་ཤེས་རབ་དག་མེད་ན་བདེན་པ་དག་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། དེའི་ཕྱིར་སྔར་བཤད་ཟིན་ཏོ། །འདི་དཔྱད་པར་བྱ་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་དང༌། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་
དང་བཅས་པ་ལ་དམིགས་པ་རྣམས་གང་གི་ཚེ་དམིགས་པ་ཡོངས་སུ་ཤེས་པ་དེའི་ཚེ་སྤོང་བར་མི་འགྱུར་ལ། གང་གི་ཚེ་སྤོང་བར་འགྱུར་བ་དེའི་ཚེ་ནི་དམིགས་པ་ཡོངས་སུ་མི་ཤེས་ན་ཇི་ལྟར་དེ་དག་སྤོང་ཞེ་ན། ཉོན་མོངས་པ་རྣམས་ནི་དམིགས་པ་ཡོངས་སུ་ཤེས་པས་ཟད་པར་ངེས་པ་མ་ཡིན་ནོ། །འོན་ཀྱང༌། དམིགས་པ་ཡོངས་སུ་ཤེས་པ་དང༌། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །དེ་ལ་དམིགས་པ་ཡོངས་སུ་ཤེས་པས་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རང་གི་ས་ལ་དམིགས་པ་རྣམས་དང༌། ཟག་པ་མེད་པ་ལ་དམིགས་པའོ། །དེ་ལ་དམིགས་པ་རྣམས་ཡང་དག་པར་ཟད་པས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་རྣམས་སོ། །དེ་ལ་དམིགས་པ་ནི་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བ་དག་ཡིན་པས་དེ་སྤང་ན་དེ་དག་ཀྱང་སྤངས་པ་ཡིན་ནོ། །དམིགས་པ་སྤངས་པས་ནི་འགོག་པ་དང་ལམ་མ་ཐོབ་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་རོ། །ཟག་པ་མེད་པ་ལ་དམིགས་པ་དེ་དག་ནི་དེ་དག་གིས་དམིགས་པ་ཡིན་པས་དེ་དག་སྤངས་ན་དེ་དག་ཀྱང་སྤངས་པར་འགྱུར་རོ། །དེ་ལྟར་རེ་ཞིག་མཐོང་བས་སྤང་བར་བྱ་བ་རྣམས་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ནི། གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཉོན་མོངས་པའི་རྣམ་པ་གང་གི་གཉེན་པོ་ལམ་གང་ཡིན་པ་དེ་སྐྱེས་པས་སྤོང་བར་བྱེད་དོ། །དེ་ཡང་ནི་ཆེན་པོའི་ཆེན་པོའི་ནི་ཆུང་ངུའི་ཆུང་ངུས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་རོ། །གཉེན་པོ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། གཉེན་པོ་རྣམ་ལ་ཞི་སྤོང་བ་དང༌། །གཞི་དང་སྲིད་ཉིད་རྣམ་པར་ནི། །སུན་འབྱིན་ཞེས་བྱ། །སྤོང་བའི་གཉེན་པོ་བར་ཆད་མེད་པའི་ལམ་མོ། །གཞིའི་གཉེན་པོ་ནི་དེ་ཡན་ཆད་ཀྱི་གཉེན་པོ་གང་ཡིན་པའོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་མན་ཆད་ཀྱི་གཉེན་པོ་གང་ཡིན་པའོ། །སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ། །ཉོན་མོངས་པ་སྤོང་བ་ན་གང་ལས་སྤང་བར་བྱ་ཞེ་ན། དམིགས་པ་ལས། ཉོན་མོངས་པ་ནི་སྤང་བྱར་འདོད། །མཚུངས་པར་ལྡན་པ་ལས་ཉོན་མོངས་པ་རྣམ་པར་དབྱེ་བར་མི་ནུས་ལ། དམིགས་
པ་ལས་ནི་ནུས་སོ། །ཐག་བསྲིང་བའི་ངོ་བོ་ཞེས་བྱ་བར་སྔར་བཤད་པ་དེ་བསྟན་པར་བྱ་སྟེ། མཚན་ཉིད་དང་ནི་མི་མཐུན་ཕྱོགས། །ཡུལ་རྣམས་ཆད་དང་དུས་ཀྱིས་ཏེ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །མཚན་ཉིད་ཀྱིས་རིང་བ་ནི་དཔེར་ན་འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་སྐྱེས་པ་ཡིན་ཡང་མཚན་ཉིད་མི་མཐུན་པས་རིང་བ་ལྟ་བུའོ། །གཉེན་པོས་རིང་བ་ནི་དཔེར་ན་འཆལ་བའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ལྟ་བུའོ། །ཡུལ་གྱིས་རིང་བ་ནི་བསྐལ་པའི་ཡུལ་རྣམས་ཡུལ་རྣམ་པར་ཆད་པས་སོ། །དུས་ཀྱིས་རིང་བ་ནི་དཔེར་ན་འདས་པ་དང་མ་འོངས་པ་ལྟ་བུའོ། །ཅི་ལམ་ཁྱད་པར་དུ་འགྲོ་བའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་སྤངས་པ་ཡང་དང་ཡང་དུ་ཁྱད་པར་དུ་འགྱུར་རམ་ཞེ་ན། དེ་ནི་མེད་དེ། ཉོན་མོངས་པ་ཐམས་ཅད་ནི། ལན་ཅིག་ཏུ་ཟད། གང་གིས་སྤོང་བའི་ལམ་གང་ཡིན་པ་དེ་ཁོ་ནས་ཟད་པ་ཡིན་ནོ། །དེ་དག་གི །བྲལ་བའི་ཐོབ་པ་ཡང་དང་ཡང་དུས་དུ་ཞིག་ཏུ་ཞེ་ན། སྨྲས་པ། དྲུག་ཏུ་སྟེ། གཉེན་པོ་སྐྱེ་དང་འབྲས་ཐོབ་དང༌། །དབང་པོ་རྣམ་པར་འཕེལ་རྣམས་སུ། །གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་མོ། །འབྲས་བུ་དག་ནི་དགེ་སྦྱོང་གི་འབྲས་བུ་དག་གོ །དབང་པོ་རྣམ་པར་འཕེལ་བ་ནི་དབང་པོ་འཕོ་བའོ། །དུས་དེ་དག་ཏུ་ཉོན་མོངས་པ་བྲལ་བ་ཐོབ་བོ། །བྲལ་བ་དེ་ཡང་ནི་གནས་སྐབས་དེ་དང་དེ་དག་ཏུ་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་འཐོབ་བོ། །དེ་དག་ཀྱང༌། ཡོངས་སུ་ཤེས་དགུ། དེ་ལ་རེ་ཞིག་འདོད་པ་ན། དང་པོ་རྣམ་གཉིས་ཟད་ལ་གཅིག །འདོད་པའི་ཁམས་ན་དང་པོའི་རྣམ་པ་གཉིས་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྤངས་པ་ནི་ཡོངས་སུ་ཤེས་པར་བྱ་བ་གཅིག་གོ །གཉིས་ཟད་པ་ནི་དེ་གཉིས་སོ། །འདོད་པའི་ཁམས་ཁོ་ན་ན་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་རྣམ་པ་སྤངས་པ་ནི་ཡོངས་སུ་ཤེས་པ་གཉིས་སོ། །ཇི་ལྟར་འདོད་པ་ན་སྤྱོད་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གོང་མ་དེ་གསུམ་ཉིད། །དེ་ལྟར་ན་ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་སྤངས་པ་ནི་ཡོངས་སུ་ཤེས་པ་དྲུག་ཡིན་ནོ། །ཡོངས་སུ་ཤེས་པ་གཞན་གསུམ་སྟེ། །ཐ་མའི་ཆ་དང་མཐུན་གཟུགས་དང༌། །ཟག་པ་ཀུན་ཟད། འདོད་པའི་ཟག་པ་སྤོང་བའི་ཡོངས་སུ་ཤེས་པ་དང༌། གཟུགས་ཀྱི་ཟག་པ་སྤོང་བའི་ཡོངས་སུ་ཤེས་པ་དང་
ཟག་པ་ཐམས་ཅད་སྤོང་བའི་ཡོངས་སུ་ཤེས་པ་འདི་དག་བསྒོམ་པས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་གསུམ་སྟེ། སྔར་གྱི་དྲུག་དང་དགུར་འགྱུར་རོ། །དེ་དག་ལས་ཀྱང༌། དྲུག་བཟོད་འབྲས། སྔ་མ་དག་གོ །ལྷག་མ་དག་ནི་ཤེས་པ་ཡིན། །ཕྱི་མ་གསུམ་མོ། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །བསམ་གཏན་རྣམས་ཀྱི་ལྔ་འམ་བརྒྱད། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་བསམ་གཏན་གྱི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པའི་རང་བཞིན་ནོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་བརྒྱད་དེ། དེ་ནི་འདོད་ཆགས་དང་བྲལ་བས་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ཡང་བྲལ་བའི་ཐོབ་པ་ཟག་པ་མེད་པ་རྙེད་པའི་ཕྱིར། མཐོང་བའི་ལམ་གྱི་འབྲས་བུར་འདོད་དོ། །ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཁོ་ན་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་བལྟ་བར་བྱའོ། །གཟུགས་མེད་པ་རྣམས་ཀྱི་ནི། ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང༌། །གཅིག་ཁོ་ན་སྟེ། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའང་འབྲས་བུའོ། །ཐམས་ཅད་འཕགས་པའི་ལམ་གྱི་ཡིན། །འཇིག་རྟེན་པའི། འབྲས་བུ་ནི་ཐ་མའི་ཆ་དང་མཐུན་པ་དང༌། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དག་གོ །གཉིས་རྗེས་ཀྱི་འང༌། རྗེས་སུ་ཤེས་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་གཉིས་ཏེ། ཐ་མ་དག་གོ །ཆོས་ཤེས་པའི་ནི་གསུམ་ཡིན་ནོ། །ཐ་མ་དག་ཁོ་ནའོ། །དེའི་ཕྱོགས་མཐུན་གྱི་དྲུག་དང་ལྔ། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་འབྲས་བུ་ནི་ཡོངས་སུ་ཤེས་པ་དྲུག་སྟེ། ཆོས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་ཁོ་ནའོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ནི་ལྔ་སྟེ། རྗེས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་སྤངས་པ་རེ་རེ་ཡོངས་སུ་ཤེས་པར་རྣམ་པར་མི་གཞག་ཅེ་ན། འདི་ལྟར་རེ་ཞིག་བཟོད་པའི་འབྲས་བུ་བྲལ་བ་ནི། བྲལ་བའི་ཐོབ་པ་ཟག་མེད་
དང། །སྲིད་རྩེ་ཉམས་པར་བྱེད་པ་དང༌། །རྒྱུ་གཉིས་ཀུན་དུ་བཅོམ་པའི་ཕྱིར། །ཡོངས་ཤེས། སུ་རྣམ་པར་གཞག་གོ །རེ་ཞིག་སོ་སོའི་སྐྱེ་བོ་ལ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པ་དང༌། སྲིད་པའི་རྩེ་མོ་ཉམས་པར་བྱེད་པ་མེད་དོ། །འཕགས་པ་ལ་ཡང༌། ཇི་སྲིད་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་གནས་པ་དེ་སྲིད་དུ་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡོད་ལ། སྲིད་པའི་རྩེ་མོ་ཉམས་པར་བྱས་པ་མེད་དོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་གཉིས་ཀ་ཡོད་དོ། །རྒྱུ་གཉིས་ཀུན་དུ་བཅོམ་པ་ནི་མ་ཡིན་ཏེ། ཆོས་དང་རྗེས་སུ་ཤེས་པ་གཞན་ལ་གསུམ་པོ་ཐམས་ཅད་ཡོད་པས་དེའི་ཕྱིར་གནས་སྐབས་དེ་དང་དེ་དག་ཏུ་སྤངས་པའི་ཡོངས་སུ་ཤེས་པའི་མིང་འཐོབ་པོ། །ཤེས་པའི་འབྲས་བུ་ནི་སྤངས་པ་སྟེ། རྒྱུ་གསུམ་པོ་དེ་དང་བཞི་པ། ཁམས་ལས་འདས་པ་ལས། གང་གི་ཚེ་ཁམས་ལས་ཡང་དག་པར་འདས་པ་དེའི་ཚེ་ཡོངས་སུ་ཤེས་པའི་མིང་འཐོབ་པོ། །གང་ཞིག་ཡོངས་སུ་ཤེས་པ་དུ་མ་དང་ལྡན་ཞེ་ན། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །རེ་ཞིག་སོ་སོའི་སྐྱེ་བོ་ནི་མི་ལྡན་པ་ཁོ་ནའོ། །འཕགས་པ་ཡང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པའི་བར་རོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གཅིག་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གཉིས་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གསུམ་དང་ལྡན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་བཞི་དང་ལྡན་ནོ། །ལམ་ལ་ཆོས་ཤེས་པ་ནི་ལྔ་དང་ལྡན་ནོ། །བསྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ༌། །དྲུག་གིས་ནི་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཐོབ་པའམ། དེ་ལས་ཡོངས་སུ་ཉམས་པའོ། །སྔོན་ནམ་ཕྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་གཅིག་གིས་སོ། །དགྲ་བཅོམ་པ་ཉིད་ཐོབ་ན་ཡང་གཅིག་ཁོ་ན་དང་ངོ༌། །གཟུགས་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་དེ་ཡང་གཅིག་གོ །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པ་ན་གཉིས་དང་ངོ༌། །གཟུགས་མེད་པ་ན་སྤྱོད་བའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་པ་ཡང་གཉིས་ཁོ་ན་དང་ངོ༌། །ཡང་ཅིའི་ཕྱིར་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་གི་ཡོངས་སུ་ཤེས་པ་གཅིག་ཁོ་ནར་རྣམ་པར་གཞག་ཅེ་ན། འདི་ལྟར། ཁམས་ལས་འདོད་ཆགས་བྲལ་བ་དང༌། །
འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཡོངས་སུ་ཤེས་པ་རྣམས་སྡོམ་ཞིང་གཅིག་ཏུ་རྣམ་པར་འཇོག་པ་ནི་རྒྱུ་གཉིས་ཀྱིས་ཡིན་ལ། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་ལ་འདི་གཉིས་ཀ་ཡོད་པས་དེའི་ཕྱིར་ཡོངས་སུ་ཤེས་པ་ནི་གཅིག་ཅེས་བྱའོ། །ཡང་གང་ཞིག་གིས་ཡོངས་སུ་ཤེས་པ་དུ་ཞིག་གིས་གཏོང་ངམ་འཐོབ་ཅེ་ན། ལ་ལ་གཅིག་གཉིས་ལྔ་དང་དྲུག །གཏོང་སྟེ་འཐོབ་པ་ལྔ་ཡིན་ནོ། །དགྲ་བཅོམ་པ་ཉིད་དམ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་ནི་གཅིག་གཏོང་ངོ༌། །ཕྱིར་མི་འོང་བའི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཡོངས་སུ་ཤེས་པ་གཉིས་གཏོང་ངོ༌། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལམ་ལ་རྗེས་སུ་ཤེས་པ་ནི་ལྔ་གཏོང་ངོ༌། །མཐར་གྱིས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པས་ནི་ཡོངས་སུ་ཤེས་པ་དྲུག་གཏོང་ངོ༌། །དེ་བཞིན་དུ་ཐོབ་པ་ཡང་ལ་ལ་ནི་ཡོངས་སུ་ཤེས་པ་ཁོ་ན་གཅིག་ཐོབ་སྟེ། གང་ལ་ལ་ཞིག་གིས་སྔོན་མེད་པ་ཐོབ་པའོ། །ལ་ལ་ནི་གཉིས་ཏེ། གང་ཞིག་གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་འབའ་ཞིག་ལས་ཡོངས་སུ་ཉམས་པའོ། །ཁ་ཅིག་གིས་ནི་དྲུག་སྟེ། གང་ཞིག་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པའོ། །ལྔ་ཐོབ་པ་ནི་འགའ་ཡང་མེད་པ་ཉིད་དོ། །ཕྲ་རྒྱས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་ལྔ་པའོ།། །།ཇི་སྐད་དུ་སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་པོ་ཞེས་བཤད་པ་དེ་ཡང༌། དབེན་པ་མཐོང་བ་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །དེ་ལ་ཡང༌། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ།། མཐོང་བ་ཞེས་བྱ་ཟག་པ་མེད། །བསྒོམ་པའི་ལམ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །མཐོང་བའི་ལམ་ནི་འཇིག་རྟེན་ལས་འདས་པ་ཁོ་ནའོ། །བདེན་པ་མཐོང་བ་ལས་ཞེས་བརྗོད་དེ། དེ་དག་ཀྱང༌། བདེན་པ་དག་ནི་བཞིར་བཤད་དོ། །གང་དུ་བཤད་ཅེ་ན། ཆོས་ཟག་པ་དང་བཅས་པ་དང༌། །ཟག་པ་མེད་པ་བསྟན་པར་རོ། །དེར་གང་བཤད་པའི་རིམ་པ་ཅི་དེ་ཁོ་ན་ཡིན་ན་མ་ཞེ་ན། མ་ཡིན་ཏེ་འོན་ཀྱང༌། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་གི་རིམ་པ་ནི་འདི་ཡིན་ཏེ། རང་གི་ངོ་བོ་ནི་སྔར་ཇི་སྐད་བཤད་པ་ཁོ་ན་བཞིན་ནོ། །འདི་ཡང༌། དེ་དག་ཇི་ལྟར་མངོན་
རྟོགས་ཀྱིས། །བདེན་པ་གང་ཞིག་སྔར་མངོན་པར་རྟོགས་པ་དེ་སྔར་བསྟན་ཏོ། །གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དེའི་ཚེ་ཇི་ལྟར་ན་འདུ་བྱེད་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཞེས་བརྗོད་ཅེ་ན། ཡིད་འོང་ཡིད་དུ་མི་འོང་དང༌། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །དེ་ལ་ཡིད་དུ་འོང་བ་དག་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །ཡིད་དུ་མི་འོང་བ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་སོ། །དེ་དག་ལས་གཞན་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །བཅོམ་ལྡན་འདས་ཀྱིས་བདེན་པ་བཞིར་གསུངས་པ་ལས། བདེན་པ་གཉིས་ཀྱང་སྟེ། ཀུན་རྫོབ་དང༌། དོན་དམ་པའི་བདེན་པ་སྟེ། དེ་དག་གི་མཚན་ཉིད་ཅི་ཞེ་ན། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །གང་ལ་བློས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་དེ། དཔེར་ན་ཆུ་ལྟ་བུའོ། །དེ་ལས་གཞན་ནི་དོན་དམ་པར་ཡོད་དེ། གང་ལ་བཅོམ་པའམ་བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་ཉིད་ནི་དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང༌། བློས་རོ་ལ་སོགས་པའི་ཆོས་བསལ་ཡང་རུང༌། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དོ། །བདེན་པ་དག་བཤད་ནས་ཇི་ལྟར་ན་དེ་དག་མཐོང་བར་འགྱུར་བ་དང་པོ་འཇུག་པ་ལས་བརྩམས་ཏེ་བརྗོད་པར་བྱའོ། །ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བདེན་པ་རྣམས་མ་ཐོང་བར་འདོད་པས་དང་པོ་ཁོ་ནར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །དེའི་འོག་ཏུ་བདེན་པ་མཐོང་བ་དང་མཐུན་པའི་ཆོས་ཐོས་པ་འཛིན་པའམ་དོན་ཉན་པར་བྱེད་དོ། །ཐོས་པས་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་དོ། །བསམས་ནས་ཏིང་ངེ་འཛིན་བསྒོམ་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་དག་ཀྱང༌། ཐེས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཐོས་པ་ལས་བྱུང་པའི་ཤེས་རབ་ནི་མིང་ལ་དམིགས་པ་ཡིན་ལ། བསམས་པ་ལས་བྱུང་བ་ནི་མིང་དང་དོན་ལ་དམིགས་པ་ཡིན་ཏེ། རེས་འགའ་ནི་ཡི་གེས་དོན་འདྲེན་
པར་བྱེད་དོ། །རེས་འགའ་ནི་དོན་གྱིས་ཡི་གེ་འདྲེན་པར་བྱེད་དོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་དོན་ལ་དམིགས་པ་ཁོ་ན་ཡིན་ཏེ། དེ་ནི་ཡི་གེ་ལ་མི་ལྟོས་པར་དོན་ལ་འཇུག་གོ །དེ་ལྟར་བསྒོམ་པ་ལ་རབ་ཏུ་བརྩོན་པ་དེ་ཇི་ལྟར་ན་བསྒོམ་པ་རྫོགས་པར་འགྱུར་ཞེ་ན། བསྲིངས་གཉིས་ལྡན། གལ་ཏེ་འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པའི་ཕྱིར་ལུས་དང༌། སེམས་དག་གིས་བསྲིངས་པ་ཡིན་ན་རྫོགས་པར་འགྱུར་རོ། །འོ་ན་བསྲིངས་པ་དེ་ཉིད་སུ་ལ་སླ་ཞེ་ན། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་ལ་སླའི། ཆོག་མི་ཤེས་པ་དང༌། འདོད་ཆེན་ཅན་ལ་མ་ཡིན་ནོ། །ཆོག་མི་ཤེས་པ་ནི་གང་ཞིག་ཡིན། །འདོད་ཆེན་ཅན་ནི་གང་ཞིག་ཡིན་ཞེ་ན། རྙེད་པ་ལ་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཆོས་གོས་ལ་སོགས་པ་རྙེད་པ་ལ་ཡང་དང་ཡང་དུ་འདོད་པ་ནི་ཆོག་མི་ཤེས་པ་ཡིན་ལ། མ་རྙེད་པ་དག་ལ་དེ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ། །བཟློག་པ་དེ་ཡི་གཉེན་པོ་དག །ཆོག་ཤེས་པ་དང་འདོད་པ་ཆུང་བ་དག་གོ །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །དེའི་གཉེན་པོ་ཞེས་བྱ་བར་སྦྱར་ཏེ། ཆོག་མི་ཤེས་པ་དང༌། འདོད་ཆེན་ཅན་ནི་འདོད་པ་ན་སྤྱོད་པ་ཁོ་ན་འདོད་ཆེན་ཆུང་བ་དང༌། ཆོག་ཤེས་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞེ་ན། མ་ཆགས་པ་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་མ་ཆགས་པའི་རང་བཞིན་དག་ཡིན་ནོ། །འཕགས་རིགས། མ་ཆགས་པ་ཞེས་བྱ་བར་སྦྱར་ཏེ། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞིའོ། །དེ་དག་ལས། གསུམ་ནི་ཆོག་ཤེས་བདག་ཉིད་དོ། །དང་པོ་གསུམ་པོ་ཆོས་གོས་དང༌། །བསོད་སྙོམས་དང༌། མལ་སྟན་གྱིས་ཆོག་ཤེས་པའོ། །འཕགས་པའི་རིགས་བཞི་པ་ནི་སྤོང་བ་དང་བསྒོམ་པ་དག་ལ་དགའ་བ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཞེ་ན། གསུམ་གྱིས་ཚུལ་བསྟན་ཐ་མ་ལས། །རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་པ་དག་ལ་གཉིས་བཅས་ཏེ། གསུམ་གྱིས་ནི་ཚུལ་དང༌། བཞི་པས་ནི་ལས་སོ། །བཅས་པ་དེ་ཡང༌། སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །སྲེད་པ་སྐྱེ་བ་བཞི་སྟེ། ཆོས་གོས་ལ་སོགས་པ་གསུམ་དང༌། སྲེད་པ་མེད་པ་ལ་བཞི་པའོ། །དེ་དག་གི་གཉེན་པོར་འཕགས་པའི་རིགས་བཞི་བསྟན་ཏེ། བདག་གིར་བདག་
འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་བཞིའི་ཕྱིར། །བདག་གིར་འཛིན་པའི་དངོས་པོ་ནི་ཆོས་གོས་ལ་སོགས་པའོ། །བདག་ཏུ་འཛིན་པའི་དངོས་པོ་ནི་ལུས་སོ། །དེ་དག་ལ་འདོད་པ་ནི་སྲེད་པའོ། །དེ་ལ་བདག་གིར་འཛིན་པའི་དངོས་པོ་ལ་འདོད་པ་དེའི་དུས་སུ་ཞི་བར་བྱེད་པ་གསུམ་མོ། །གཉིས་ཀ་ལ་འདོད་པ་གཏན་དུ་ཞི་བར་བྱེད་བ་ནི་བཞི་པའོ། །དེ་ལྟར་སྣོད་དུ་གྱུར་པ་དེ་ཇི་ལྟར་ན་བསྒོམ་པ་དེ་ལ་འཇུག་པ་ཡིན་ཞེ་ན། དེ་ལ་འཇུག་པ་མི་སྡུག་དང༌། །དབུགས་རྔུབ་འབྱུང་བ་དྲན་པ་ཡིན། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །གང་ཞིག་འདོད་ཆགས་ཉེ་བ་དང་ཤིན་ཏུ་སྤྱད་པ་དེ་ནི་མི་སྡུག་པས་འཇུག་གོ །གང་ཞིག་རྣམ་པར་རྟོག་པ་སྤྱད་པ་དེ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པས་འཇུག་གོ །དེ་ལ་འདོད་ཆགས་ནི་རྣམ་པ་བཞི་སྟེ། ཁ་དོག་གི་འདོད་ཆགས་དང༌། དབྱིབས་ཀྱི་འདོད་ཆགས་དང༌། རེག་པའི་འདོད་ཆགས་དང༌། བསྙེན་བཀུར་གྱི་འདོད་ཆགས་སོ། །དེ་དག་ལ་བྱེ་བྲག་མེད་པར་ཤིས་པ་ནི། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །རུས་པའི་ཀེང་རུས་ལ་ནི་ཆགས་པའི་བཞི་རྣམ་པ་བཞི་པོ་འདི་དག་ཐམས་ཅད་མེད་དོ། །དེ་ཡང་མི་སྡུག་པ་བསྒོམ་པའི་རྣལ་འབྱོར་སྤྱོད་པ་དེ་ནི་རྣམ་པ་གསུམ་དུ་བརྗོད་དེ། ལས་དང་པོ་པ་དང༌། ཡོངས་སུ་སྦྱང་བ་བྱས་པ་དང༌། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ། རུས་པ་རྒྱ་མཚོའི་བར་དུ་ནི།། སྤྲོ་ཞིང་སྡུད་པས་ལས་དང་པོ། །མི་སྡུག་པ་བསྒོམ་པར་འདོད་པས་ནི་རང་གི་ཡན་ལག་ལ་སེམས་གཏོད་དེ། དེ་དེར་ཤ་མྱགས་ཤིང་ཟགས་པར་མོས་པ་ན་རིམ་གྱིས་རུས་པ་རྣམ་པར་སྦྱོང་བར་བྱེད་པས་ཐམས་ཅད་རུས་པའི་ཀེང་རུས་སུ་ལྟ་ཞིང་དེ་བཞིན་དུ་ཡང་གཉིས་པ་ལ་མོས་པ་བྱེད་པ་ནས། གཙུག་ལག་ཁང་དང༌། ཀུན་དགའ་ར་བ་དང༌། གྲོང་དང༌། ཞིང་གི་བར་ནས་རིམ་གྱིས་རྒྱ་མཚོའི་མཐའ་ཀླས་པའི་བར་གྱི་ས་གཞི་རུས་པའི་ཀེང་རུས་ཀྱིས་གང་བར་མོས་པར་བྱེད་དོ། །ཡང་མོས་པ་འཕེལ་བར་བྱ་བའི་དོན་དུ་ཡང་སྡུད་ན་སེམས་བསྡུ་བའི་ཕྱིར་ཀེང་རུས་གཅིག་བུ་ཁོ་ན་ལ་མོས་པའི་བར་དུ་སྡུད་དེ། འདི་ཙམ་གྱིས་ན་ལས་དང་པོ་པའི་རྣལ་འབྱོར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཀེང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །དེ་ཡང་སེམས་བསྡུས་པ་ཁྱད་པར་དུ་བྱེད་པའི་ཕྱིར་རུས་པའི་ཀེང་རུས་དེ་ལས་རྐང་པའི་རུས་པ་རྣམས་བོར་ནས་ལྷག་མ་ཡིད་ལ་བྱེད་ཅིང༌། དེ་བཞིན་དུ་རིམ་གྱིས་ཐོད་པའི་ཕྱེད་ཀྱི་བར་པོར་ནས་ཡིད་ལ་བྱེད་པ་འདི་ནི་
ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །དེ་ཐོད་པའི་ཕྱེད་ཀྱང་བར་ནས་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པ་འདི་ནི་ཡིད་ལ་བྱེད་པ་རྫོགས་པའོ། །ཡང་མི་སྡུག་པ་འདིའི་རང་བཞིན་ཅི་ཞིག་ཡིན། ས་ནི་དུ་པ་ཞིག་ཡིན། དམིགས་པ་ནི་ཅི་ཞིག་ཡིན། གང་དུ་ནི་སྐྱེད་པར་བྱེད་ཅེ་ན། གོ་རིམས་བཞིན་དུ། མི་སྡུག་མ་ཆགས་ས་བཅུ་དང༌། །དམིགས་པ་འདོད་སྣང་མི་སྐྱེད་དོ། །མི་སྡུག་པ་འདིའི་རང་བཞིན་ནི་མ་ཆགས་པའོ། །ས་ནི་བཅུ་པ་སྟེ། བསམ་གཏན་བཞི་ཡི་ཉེར་བསྡོགས་དང༌། །བསམ་གཏན་ཁྱད་པར་ཅན་དང་བཅས་པ་དང༌། འདོད་པའི་ཁམས་ན་ཡོད་དོ། །དམིགས་པ་ནི་འདོད་པ་ན་སྤྱོད་པའི་ཁ་དོག་དང་དབྱིབས་སོ། །མི་ཁོ་ན་ལས་སྐྱེ་བའི་གཞན་དུ་ནི་མ་ཡིན་ནོ། །མི་སྡུག་པའི་རྣམ་པ་ཞེས་བྱ་བ་ནི་མིང་ཁོ་ནས་གྲུབ་པོ། །མི་སྡུག་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །ཤེས་རབས་ལྔ་སྤྱོད་ཡུལ་རླུང༌། །འདོད་རྟེན་དབུགས་རྔུབ་པ་ནི་དབུགས་རྔུབ་པ་སྟེ་རླུང་འཇུག་པ་གང་ཡིན་པའོ། །དབུགས་འབྱུང་བ་ནི་དབུགས་འབྱུང་བ་གང་ཡིན་པའོ། །དེ་གཉིས་དྲན་པ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་སྟེ། དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །དྲན་བ་ཞེས་སྨོས་པ་ནི་དེའི་སྟོབས་བསྐྱེད་པས་འཇུག་པའི་ཕྱིར་རོ། །ས་ལྔ་ནི་ཉེར་བསྡོགས་པ་གསུམ་དང༌། བསམ་གཏན་ཁྱད་པར་ཅན་དང༌། །འདོད་པའི་ཁམས་ན་ཡོད་དེ། བཏང་སྙོམས་དང༌། མཚུངས་པར་ལྡན་པའི་ཕྱིར་རོ། །དེའི་དམིགས་པ་ནི་རླུང་ཡིན་ནོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ཏེ། ལྟ་དང་མི་དག་གི་ནང་དུ་བསྐྱེད་དོ། །ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི་བྱི་བའི་མ་ཡིན་ནོ། །ལུད་མེད་པའི་ཕྱིར་དང༌། བདག་ཉིད་ཀྱིས་ཆོས་ཐབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ། །དེ་ཡང༌། བགྲང་ལ་སོགས་པ་རྣམ་པ་དྲུག །དབུགས་རྔུབ་དབུགས་འབྱུང་དྲན་པ་འདི། །བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་སྒྱུར་བ་དང༌། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །དེ་ལ་བགྲང་བ་ནི་དབུགས་རྔུབ་པ་དང༌། དབུགས་འབྱུང་བ་གང་ལ་སེམས་གཏང་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་ཙམ་གྱིས་གཅིག་དང་གཉིས་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པ་དང་རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང༌།
ཉུང་ངུར་ནི་མ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེངས་ན་ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་པར་བྱའོ། །རྗེས་སུ་འགྲོ་བ་ནི་འདི་དག་ཐག་ཇི་སྲིད་ཅིག་ཏུ་འབྱུང་ངམ་འཇུག་ཅེས་དབུགས་འབྱུང་བའི་འགྲོས་ཀྱི་རྗེས་སུ་འགྲོ་བའོ། །འཇིག་པ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐོ་བོང་གི་བར་དུ་གནས་པར་ལྟ་ཞིང༌། ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ་གནོད་པར་བྱེད་པ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོགས་པ་ནི་འདི་དག་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་ཆེན་པོ་དག་དང་འབྱུང་བ་དག་ལས་མངོན་པར་གྲུབ་པ་རྒྱུར་བྱས་པའི་གཟུགས་དང༌། དེ་དག་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ལ་ཉེ་བར་རྟོག་པར་བྱེད་པའོ། །སྒྱུར་བ་ནི་ཕྱི་རོལ་དུ་དམིགས་པའི་བློ་བསྒྱུར་ཏེ། ཆོས་ཀྱི་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྤྱད་པར་བྱའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པར་འཇུག་པའོ། །དེ་ལ་ཡང༌། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །ལུས་གང་གི་ས་པ་ཡིན་པ་དེའི་ས་པ་དག་ཡིན་པར་རིག་པར་བྱའོ། །སེམས་ཅན་ཞེས་བྱ་མ་ཟིན་པའོ། །དབང་པོ་དང་ཐ་དད་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང༌། ལུས་རྒྱས་པས་འགྲིབ་པར་འགྱུར་བའི་ཕྱིར་དང༌། ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྒྱས་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ནོ། །འོག་མ་ཡི། ཡིད་ཀྱིས་དེ་གཉིས་མི་རྟོགས་སོ། །དེ་གཉིས་ནི་རང་གི་ས་པ་དང་ས་གོང་མའི་སེམས་ཀྱིས་རྟོགས་ཀྱི། འོག་མ་སྤྱོད་ལམ་པ་དང༌། སྤྲུལ་པའི་སེམས་ཀྱིས་མི་རྟོགས་སོ། །འཇུག་པའི་སྒོ་གཉིས་བཤད་ཟིན་ཏོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐོབ་ནས། ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར། །ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཇི་ལྟར་བྱ་ཞེ་ན། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད། དག་ཏུ་ཡོངས་སུ་བརྟགས་པ་སྟེ། །དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་རྣམས་ནི་མི་རྟག་པ་ཉིད་དང༌། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཉིད་དག་གོ །ལུས་ཀྱི་ངོ་བོ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དོ། །གསུམ་ལས་གཞན་བདག་
ནི་ཆོས་སོ། །ཡང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་ཅི་ཞེ་ན། དྲན་པ་ཉེ་བར་གཞག་པ་ནི་རྣམ་པ་གསུམ་སྟེ། རང་བཞིན་དང༌། འབྲེལ་པ་དང༌། དམིགས་པའི་དྲན་པ་ཉེ་བར་གཞག་པའོ། །ཤེས་རབ་ཐོས་སོགས་ལས་བྱུང་བའོ། །གཞན་ནི་འབྲེལ་དང་དམིགས་པ་ལས། །རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་སྟེ། གཞན་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་འབྲེལ་པའི་དྲན་པ་ཉེ་བར་གཞག་པའོ། །དེ་དག་གི་དམིགས་པ་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའོ། །རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །ཅིའི་ཕྱིར་དེ་ལྟར་སྐྱེ་ཞེ་ན། སྔར་རགས་པ་མཐོང་བའི་ཕྱིར་རོ། །ཕྱིན་ཅི་ལོག་གི་གཉེན་པོར་བཞི། །གཙང་བ་དང་བདེ་བ་དང༌། རྟག་པ་དང༌། བདག་ཏུ་ཕྱིན་ཅི་ལོག་པ་རྣམ་པ་བཞིའི་གཉེན་པོར་དྲན་པ་ཉེ་བར་གཞག་པ་བཞི་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལྟར་ལུས་ལ་སོགས་པ་ལ་དྲན་པ་ཉེ་བར་གཞག་པ་རྣམས་གོམས་པར་བྱས་ནས། དེ་ནི་ཆོས་དྲན་ཉེར་གཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང༌། །སྡུག་བསྔལ་སྟོང་བདག་མེད་པར་ལྟའོ། །དྲན་པ་ཉེ་བར་གཞག་པ་འདྲེས་པ་ལ་དམིགས་པ་ལ་གནས་ཏེ། ལུས་ལ་སོགས་པ་དེ་དག་ཐམས་ཅད་སྤྱིར་བསྡུས་ཏེ་རྣམ་པ་བཞིར་ལྟའོ། །དེ་ལས་དྲོ་བར་གྱུར་པ་འབྱུང༌། །དྲན་པ་ཉེ་བར་གཞག་པ་དེ་ལྟར་གོམས་པ་ལས་རིམ་གྱིས་དགེ་བའི་རྩ་བ་དྲོ་བར་གྱུར་པ་ཞེས་བྱ་བ་སྐྱེའོ། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །དྲོ་བར་གྱུར་པ་དེ་ནི་རྒྱུན་ཆགས་པ་ཡིན་པའི་ཕྱིར་བདེན་པ་བཞི་ལ་དམིགས་པ་ཡིན་ནོ། །རྣམ་པ་བཅུ་དྲུག་སྡུག་བསྔལ་ལ་སོགས་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་དང་ལྡན་པའི་ཕྱིར་རོ། །དྲོ་བ་ལས། རྩེ་མོ། །དྲོ་བ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་མངོན་པར་འཕེལ་བ་ལ་རྩེ་མོ་དག་སྐྱེ་སྟེ། དེ་ཡང་དེ་དང་འདྲ། ཇི་ལྟར་དྲོ་བར་གྱུར་པ་རྣམས་བདེན་པ་བཞི་ལ་དམིགས་པ་དང༌། རྣམ་པ་བཅུ་དྲུག་ཡིན་པ་བཞིན་ཏེ། ཆོས་མཆོག་ཏུ་གྱུར་པའི་ཕྱིར་ན་མིང་གཞན་དུ་བཏགས་སོ། །གཉིས་ཀ་ཆོས་ཀྱིས་རྣམ་པ་གཏོད། །དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། འདི་གཉིས་ཀ་ཆོས་དྲན་པ་ཉེ་བར་གཞག་པས་ཉེ་བར་གཏོད་པར་བྱེད་བ་ནི། དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་དག་འགོད་པའོ། །གཞན་དག་གིས་ཀྱང་འཕེལ་བར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱིས་ཀྱང་དེ་དག་འཕེལ་བར་བྱེད་དོ། །རྣམ་པར་འཕེལ་བར་
བྱེད་པ་ན་སྔོན་ཐོབ་པ་རྣམས་མངོན་སུམ་དུ་མི་བྱེད་དེ། དགའ་བ་ཆེན་པོ་མེད་པའི་ཕྱིར་རོ། །ཆུང་ངུ་དང་འབྲིང་དང༌། ཆེན་པོའི་རིམ་གྱིས་འཕེལ་བ་དག་ལས། དེ་ལས་བཟོད་པ་ཡང་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ། །དེ་ཡང་རྣམ་པ་གསུམ་སྟེ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །དེ་ལ་རྣམ་པ་གཉིས་དེ་བཞིན། །རྩེ་མོ་རྣམས་ཇི་སྐད་བཤད་པ་ལྟར་བཟོད་པ་ཆུང་ངུ་དང༌། འབྲིང་དག་ཀྱང་དེ་དང་འདྲ་སྟེ། དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་པའི་ཕྱིར་རོ། །རྣམ་པར་འཕེལ་བ་ལ་ནི་ཁང་པར་འདི་ཡོད་དོ། །བཟོད་པ་ནི། ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད།། ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ནས་འཕེལ་བར་བྱེད་ཀྱི། གཞན་གྱི་ས་ནི་མ་ཡིན་ནོ། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པའི་ངེས་པ་མ་སྨོས་པའི་ཕྱིར་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་པོ། །གང་གི་ཚེ་གཟུགས་དང༌། གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ལ། གང་གི་ཚེ་སྐད་ཅིག་མ་གཅིག་ཁོ་ན་གང་ཡིན་པ་དེའི་ཚེ་ནི་ཆེན་པོ་ཡིན་ནོ། །དེ་ནི་སྐད་ཅིག་གཅིག །དེ་ནི་སྐད་ཅིག་མ་གཅིག་ཡིན་གྱི་རྒྱུན་ཆགས་པ་ནི་མ་ཡིན་ནོ། །དེ་བཞིན་ཆོས་མཆོག །དེ་དག་ཀྱང་བཟོད་པ་ཆེན་པོའི་ཇི་ལྟ་བ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་དང༌། སྐད་ཅིག་མ་གཅིག་པ་དག་ཡིན་ནོ། །དྲོ་བར་གྱུར་པ་ལ་སོགས་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཀྱི་བདག་ཉིད་ཅེས་བྱའོ། །ཐམས་ཅད་ཕུང་པོ་ལྔ། འཁོར་དང་བཅས་པ་སྨོས་པའི་ཕྱིར་རོ། །ཐོབ་པ་མ་གཏོགས། ཐོབ་པ་རྣམས་ནི་དྲོ་བར་གྱུར་པ་ལ་སོགས་པས་མ་བསྡུས་ཏེ། འཕགས་པ་ལ་དེ་མངོན་དུ་གྱུར་པས་དྲོ་བར་གྱུར་པས་སོགས་པ་ཡང་མངོན་སུམ་དུ་འགྱུར་དུ་འོང་བས་སོ། །དེ་ལྟར་ནི། དེས་འབྱེད་ཆ་མཐུན་རྣམ་པ་བཞི། །བསྒོམས་བྱུང་ཐོས་པ་དང༌། བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །མི་ལྕོགས་
མེད་པ་དང༌། ཁྱད་པར་བསམ་གཏན་ས་པའོ། །འདིའི་ས་ནི་མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་ཡིན་ཏེ། དེ་དག་གིས་བསྡུས་པའི་ཕྱིར་རོ། །གཉིས་ནི་འོག་ན་འང་ཡོད་པའམ། །བཙུན་པ་དབྱངས་སྒྲོགས་ཀྱི་ལྟར་ན། དང་པོ་གཉིས་ནི་ས་བདུན་པ་ཡིན་ཏེ། འདོད་པ་ན་སྤྱོད་པ་ཡང་ཡོད་དོ། །དེ་དག་ཐམས་ཅད་ཀྱང༌། འདོད་རྟེན་མི་ཁོ་ན་ལས་སྐྱེད་པར་བྱེད་པའོ། །གསུམ་ནི་སྐྱེས་པ་དང་བུད་མེད་ཀྱིས་གཉིས་ཀའི་རྟེན་ཅན་དག་འཐོབ་པོ། །ཆོས་མཆོག་བུད་མེད་ཀྱིས། གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། །ཆོས་ཀྱི་མཆོག་ནི་བུད་མེད་ཀྱིས་གཉིས་ཀའི་རྟེན་ཅན་འཐོབ་ལ། སྐྱེས་པས་ནི་སྐྱེས་པའི་རྟེན་འབའ་ཞིག་འཐོབ་སྟེ། བུད་མེད་ཉིད་མེད་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཇི་ལྟར་གཏོང་ཞེ་ན། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ༌། །འཕགས་པ་ནི་ས་གང་ཐོབ་པར་གྱུར་པའི་ས་དེ་དག་འདོར་བ་ན། དེ་དག་ཀྱང་གཏོང་ངོ༌། །ས་འདོར་བ་ནི་ས་འཕོས་པ་ལས་སོ། །འཕགས་མིན་འཆི་འཕོ་བས་སོ། །སོ་སོའི་སྐྱེ་བོ་ནི་འཆི་བ་ཁོ་ནས་གཏོང་ངོ༌། །དང་པོ་གཉིས་ཡོངས་ཉམས་པས་ཀྱང༌། །འཆི་བས་ཀྱང་གཏོང་སྟེ། སོ་སོའི་སྐྱེ་བོ་ཁོ་ནའོ། །དངོས་གཞིའི་དེ་ཉིད་ལ་བདེན་མཐོང༌། །གང་ཞིག་བསམ་གཏན་དངོས་གཞིའི་ས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སྐྱེད་པར་བྱེད་པ་དེས་ནི་ཚེ་དེ་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བར་འགྱུར་ཏེ། ཡིད་འབྱུང་ཤས་ཆེ་བའི་ཕྱིར་རོ། །རྣམ་པར་ཉམས་ན་སྔོན་མེད་འཐོབ། །གང་གི་ཚེ་རྣམ་པར་ཉམས་པ་དག་ཀྱང་སུ་ཐོབ་པ་དེའི་ཚེ་སྔོན་མེད་པ་དག་ཁོ་ན་འཐོབ་ཀྱི་སྔོན་བཏང་བ་དག་ནི་མ་ཡིན་ནོ། །རྣམ་པར་ཉམས་པ་དང༌། ཡོངས་སུ་ཉམས་པ་འདི་དག་གི་རང་བཞིན་ཅི་ཞེ་ན། ཉམས་པ་གཉིས་ནི་མི་ལྡན་པ། ཉམས་པ་དེ་གཉིས་ཀ་ཡང་མི་ལྡན་པའི་རང་བཞིན་ཡིན་ནོ། །རྩེ་མོ་ཐོབ་པ་རྩ་མི་འཆད། །རྩེ་མོ་ཐོབ་བ་ནི་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་ཀུན་དུ་མི་འཆད་དོ། །བཟོད་ཐོབ་ངན་སོང་མི་འགྲོའོ། །བཟོད་པ་ལས་ནི་རྣམ་པར་ཉམས་ཀྱང་ངན་སོང་དུ་མི་འགྲོ་སྟེ། དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་བསྲིངས་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་ཀྱང་རིགས་གསུམ་ཡིན་ཏེ། །དེ་ལ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་
འགྱུར། དྲོ་བར་གྱུར་པ་དང༌། རྩེ་མོ་སྐྱེས་པ་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་ཡང་སངས་རྒྱས་སུ་འགྱུར་བ་ནི་སྲིད་དོ། །གཞན་གསུམ་ཡང༌། གསུམ་ཡང་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་ལས་གཞན་དུ་འགྱུར་རོ། །རང་སངས་རྒྱས་ཀྱི་རིགས་རྣམས་ནི་བཟློག་པར་མི་ནུས་ཏེ། འདི་ལྟར། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །སངས་རྒྱས་དང༌། རང་སངས་རྒྱས་དག་ནི་བསམ་གཏན་བཞི་པ་ཁོ་ན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་སྐྱེད་པར་བྱེད་དོ། །གཞན་དག་ན་རེ་མི་སྡུག་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུའོ་ཞེའོ། །ཅི་ཚེ་དང་པོ་ཁོ་ན་ལ་སྦྱོར་བ་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེད་པར་བྱེད་དམ་ཞེ་ན། དེ་ལྟ་བུ་ནི་མེད་ཀྱི་ངེས་པར། དེ་ཡི་སྔོན་དུ་ཐར་ཆ་མཐུན། །སྐྱེད་པར་བྱེད་དོ། །ཐམས་ཅད་ལས་ཤིན་ཏུ། མྱུར་བར་སྲིད་པ་གསུམ་གྱི་མཐར། །ས་བོན་འདེབས་པ་དང༌། འབྲུ་སྐྱེ་བ་དང། འབྲས་བུ་ཆགས་པ་བཞིན་དུ་ཚེ་གཅིག་ལ་ནི་ཐར་པའི་ཆ་དང་མཐུན་པ་དང༌། གཉིས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། གསུམ་པ་ལ་ནི་འཕགས་པའི་ལམ་སྐྱེད་པར་བྱེད་དོ། །ཐར་པའི་ཆ་དང་མཐུན་པ་དེ་ཡང༌། ཐོས་བསམས་ལས་བྱུང༌། ཡིན་པར་བརྗོད་དེ། བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ནོ།། ལས་གསུམ་མོ། །གཙོ་བོར་ནི་ཡིད་ཀྱི་ལས་སོ། །དེའི་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་ཕྱིར་ལུས་དང་ངག་གི་ལས་ཀྱང་ཐར་པའི་ཆ་དང་མཐུན་པ་ཡིན་ནོ། །དེ་ཡང་འདི། མི་ཡི་ནང་ནས་འཕེན་པར་བྱེད། །མི་ཁོ་ནའི་ནང་དུ་སྟེ། གཞན་དུ་མ་ཡིན་ཏེ། ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པ་ཞར་ལས་འོངས་པ་བཤད་ནས། གནས་སྐབས་ཀྱི་འབད་པར་བྱ་སྟེ། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འཇིག་རྟེན་པའི་ཆོས་མཆོག་གི་མཇུག་ཐོགས་སུ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེའོ། །དམིགས་པ་གང་ལ་ཞེ་ན། འདོད་སྡུག་བསྔལ་ལ། དེའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལོ། །དེ་ནས་ནི། དེ་ཉིད་ལ་ཆོས་ཤེས། འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཁོ་ན་ལ་ཆོས་ཤེས་པ་སྐྱེའོ། །དེ་བཞིན་སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྤྱི་ལ་དམིགས་པ་སྐྱེའོ། །
དེ་ནས་ནི་རྗེས་སུ་ཤེས་པའོ། །ཇི་ལྟར་སྡུག་བསྔལ་གྱི་བདེན་པ་ལ་བཟོད་པ་དང་ཤེས་པ་བཞི་པོ་དེ་དག་སྐྱེ་བ་ལྟར། བདེན་པ་གསུམ་ལའང་དེ་བཞིན་ནོ། །ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དག་ལ་འདོད་པའི་ཁམས་དང་གོང་མར་ཆོས་དང་ཆོས་སུ་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་སོ། །དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ །རིམ་པ་དེས་ན་བདེན་པ་མངོན་པར་རྟོགས་པ་འདི་ནི་སེམས་བཅུ་དྲུག་ཡིན་ནོ། །དེ་ནི་རྣམ་གསུམ་སྟེ། མཐོང་དམིགས་བྱ་བ་ཞེས་བྱའོ། །མཐོང་བའི་མངོན་པར་རྟོགས་པ་ནི་ཤེས་རབ་ཀྱིས་བདེན་པ་རྣམས་སོ། །དམིགས་པའི་མངོན་པར་རྟོགས་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་ངོ༌། །བྱ་བའི་མངོན་པར་རྟོགས་པ་ནི་ལྡན་པ་མ་ཡིན་པའི་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་པས་ཀྱང་ངོ༌། །སྡུག་བསྔལ་མཐོང་ན་དེའི་མངོན་པར་རྟོགས་པ་ནི་གསུམ་མོ། །ཀུན་འབྱུང་བ་ལ་སོགས་པའི་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤོང་བ་དང༌། མངོན་སུམ་དུ་བྱེད་བ་དང༌། བསྒོམ་པའི་ཕྱིར་རོ། །མངོན་པར་རྟོགས་པ་སེམས་བཅུ་དྲུག་པར་བཤད་པ་གང་ཡིན་པ། དེ་ནི་ཆོས་མཆོག་དང་ས་གཅིག །ཆོས་ཀྱི་མཆོག་ས་གང་ཡིན་པ་སེམས་བཅུ་དྲུག་པོ་འདི་དག་ཀྱང་དེའི་ས་པ་དག་གོ །ཅིའི་ཕྱིར་གདོན་མི་ཟ་བར་བཟོད་པ་དག་དང་ཤེས་པ་དག་ཡིན་ཞེ་ན། བཟོད་དང་ཤེས་པ་གོ་རིམས་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །བཟོད་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་རྣམ་པར་གཅོད་པ་ལ་བར་ཆད་བྱ་བར་མི་ནུས་པའི་ཕྱིར་བར་ཆད་མེད་པའི་ལམ་དག་ཡིན་ནོ། །ཤེས་པ་རྣམས་ནི་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་དག་ཡིན་ནོ། །ཅི་སེམས་བཅུ་དྲུག་པོ་ཐམས་ཅད་བདེན་པ་མཐོང་བའི་ལམ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འོན་ཀྱང་དེ་ལས་སྐད་ཅིག་བཅོ་ལྔ་ནི། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །སེམས་བཅུ་དྲུག་པ་ལ་ནི་སྔོན་མ་མཐོང་བ་བལྟ་བར་བྱ་བ་མེད་ཀྱི། ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་བསྒོམ་པའི་ལམ་ཁོ་ནའོ། །མཐོང་བའི་ལམ་དང་བསྒོམ་པའི་ལམ་ཇི་ལྟར་སྐྱེ་བ་བཤད་ཟིན་ཏོ། །ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་རྣམ་པར་གཞག་པ་དེ་བཞིན་དུ་བརྗོད་པར་བྱ་སྟེ། མཐོང་བའི་ལམ་གྱི་རང་བཞིན་གྱི་སྐད་ཅིག་མ་བཅོ་ལྔར་བཤད་པ་གང་དག་ཡིན་པ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་ག །ཡིན་པར་
རིག་པར་བྱ་བ་སྟེ། དབང་པོ་རྟུལ་པོ་ནི་དད་པའི་རྗེས་སུ་འབྲང་བའོ། །དབང་པོ་རྣོན་པོ་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་དག་ཀྱང༌། བསྒོམ་པས་སྤང་བྱ་མ་སྤངས་ནས། །འབྲས་བུ་དང་པོ་ལ་ཞུགས་པ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཁོ་ན་འཆིང་བ་མཐའ་དག་དང་ལྡན་པ་ཞིག་ཡིན་ན་དེ་གཉིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །རྣམ་ལྔའི་བར་བཅོམ། འཇིག་རྟེན་པའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་ནའོ། །གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །གང་གི་ཚེ་དེ་གཉིས་ཀྱི་དེ་ཡན་ཆད་རྣམ་པ་དྲུག་གམ་བདུན་ནམ་བརྒྱད་གཅིག་སྔོན་སྤངས་པ་དེའི་ཚེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དག་ཏུ་བརྗོད་དེ། འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གལ་ཏེ་འདོད་པའི་ཁམས་སམ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དག་ཡིན་ནོ། །གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །སེམས་བཅུ་དྲུག་པ་སྐྱེས་ན་འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་དེ་ལ་གནས་པ་ཡིན་ནོ། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །དེའི་ཚེ་དབང་པོ་རྟུལ་པོ་ནི་དད་པས་མོས་པའོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པའོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཞེས་བྱ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། གང་གི་ཕྱིར། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པ་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །འབྲས་བུ་ཐོབ་ན་འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་ཐོབ་སྟེ། དེ་ལྟ་བས་ན་འབྲས་བུ་ལ་གནས་བ་ཇི་སྲིད་དུ་ཁྱད་པར་དུ་བྱ་བའི་ཕྱིར་མི་བརྩོན་པ་དེ་སྲིད་དུ་ཞུགས་ཕ་ཞེས་མི་བྱའོ། །རེ་ཞིག་ཕལ་ཆེར་ལས་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ངེས་པར་འཇུག་པའི་གང་ཟག་རྣམ་པར་གཞག་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །མཐར་གྱིས་འཇུག་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རེ་ཞིག་འདི་ལྟར་རྣམ་པར་གཞག་པར་བྱའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་བསྟན་བ་དེ་བཞིན་དུ། ས་དང་ས་ན་ཉེས་རྣམ་དགུ། །སྲིད་པའི་རྩེ་མོའི་བར་དུའོ། །ཉེས་པ་རྣམས་ཇི་ལྟར། དེ་བཞིན་
དུ་ནི་ཡོན་ཏན་རྣམས། །ས་དང་ས་ན་དེའི་གཉེན་པོ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ཡོན་ཏན་ཡང་རྣམ་པ་དགུ་དགུ་ཁོ་ན་ཡོད་དོ། །ཇི་ལྟར་བྱས་ནས་ཤེ་ན། ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །འདི་ལྟ་སྟེ། ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་སྟེ། དེ་བཞིན་དུ་འབྲིང་དང༌། ཆེན་པོ་དག་གི་དབྱེ་བ་ཡང་གསུམ་གསུམ་མོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་ཆེན་པོའི་ཆེན་པོས་ནི་ཆུང་ངུའི་ཆུང་ངུའི་བར་རོ། །དེ་ལྟར་ཉོན་མོངས་པ་རྣམ་པ་དགུ་པོ་དེ་དག་ཐམས་ཅད་དུ། འབྲས་གནས་བསྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །གང་ཞིག་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཚེ་བདུན་གྱི་བར་དུ་སྐྱེ་བ་ན་ལན་བདུན་པའོ། །རེ་ལྟར་ཐོགས་ན་ལན་བདུན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་པའོ། །དེ་ནི་དེ་ལས་གཞན་པར་སྐྱེ་བའི་སྲིད་པ་བདུན་དང༌། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། དེ་བཞིན་དུ་ལྷ་རྣམས་ཀྱི་ནང་དུ་ཡང་སྟེ། བདུན་ཚན་དུ་འདྲ་བའི་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་གསུངས་སོ། །རེ་ཞིག་བསྒོམ་པས་སྤང་བར་བྱ་བ་མ་ཟད་པ་ནི་དེ་ལྟ་བུ་ཡིན་ནོ། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྒྱུན་དུ་ཞུགས་པ་དེ་ཉིད་ཉོན་མོངས་པའི་རྣམ་པ་གསུམ་མམ་བཞི་སྤངས་པའི་ཕྱིར་དང༌། ཚེ་གཅིག་གམ་གཉིས་སུ་ལུས་པའི་ཕྱིར་རིགས་ནས་རིགས་སུ་སྐྱེ་པ་ཞེས་བྱའོ། །རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །འབྲས་བུ་ལ་གནས་པ་གང་གིས་རྣམ་པ་གཅིག་ནས་ལྔའི་བར་དུ་སྤངས་པ་ཡིན་ན་དེ་ནི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ནོ། །རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ་དང༌། དེ་ནི་འབྲས་བུ་གཉིས་བ་ཐོབ་པ་ཡིན་ཏེ། ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་ཅིག་ཕྱིར་འོང་བའི་ཕྱིར་རོ། །འབྲས་བུ་ལ་གནས་པ་དེ་ཉིད། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་པ་བར་ཆད་གཅིག་པ་དང༌། གསུམ་པ་ལ་ནི་ཞུགས་པའང་ཡིན། །རྣམ་པ་བདུན་ནམ་བརྒྱད་པ་སྤངས་པའི་ཕྱིར་དང༌། ཚེ་གཅིག་ལུས་པའི་ཕྱིར་བར་ཆད་གཅིག་པ་ཞེས་བྱའོ། །དེ་དགུ་ཟད་པས་ཕྱིར་མི་འོང༌། །འདོད་པའི་འདོད་ཆགས་དང་བྲལ་བ་འདོད་པའི་ཁམས་སུ་ཕྱིར་མི་འོང་བའི་ཕྱིར་
ཕྱིར་མི་འོང་བ་ཞེས་བྱའོ། །དེ་ནི་བར་སྐྱེས་འདུ་བྱེད་དང༌། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས། བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་ནི་གང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་ལས་མི་འཆི་བར་ཕུང་པོ་ལྷག་མ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། མངོན་པར་བརྩོན་པ་དང༌། ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་སྦྱོར་བ་མ་བཏང་ཞིང་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང༌། ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཏེ། མངོན་པར་བརྩོན་པ་མེད་པར་ལམ་ངང་གིས་འབྱུང་བའི་ཕྱིར་རོ། །གོང་དུ་འཕོ་བ་ནི་གང་དུ་སྐྱེས་པ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བའོ། །དེ་ནི། བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་ལ་གང་གིས་བསམ་གཏན་སྤེལ་བ་དེ་ནི་འོག་མིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ། །གང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པ་དེ་ཡང་འཕར་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམས་སྤེལ་ནས། བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་པ་ལས་ཡོངས་སུ་ཉམས་པ་ལས་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས་སྔོན་གྱི་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་པ་དག་གི་ནང་དུ་སྐྱེས་པ་གང་ཡིན་པ་སྟེ། དེ་ནི་བར་དུ་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་དེ་ནས་གནས་གཙང་མ་རྣམས་སུ་སྐྱེལ་བར་ནས་གནས་གཞན་འགའ་ཙམ་ཡང་རྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །དེ་ལས། གཞན་སྲིད་རྩེ་མོར་འགྲོ། །གོང་དུ་འཕོ་པ་བསམ་གཏན་མ་སྤེལ་བ་ནི་སྲིད་པའི་རྩེ་མོར་མཐར་ཐུག་པ་ཡིན་ནོ། །དེ་ནི་སྙོམས་པར་འཇུག་པ་རྣམས་རོ་མྱང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེ་ལ། གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་
མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པ་གཟུགས་མེད་པར་འགྲོ་བའི་ཕྱིར་མི་འོང་བ་རྣམ་པ་བཞི་ཡིན་ནོ། །གཞན་ནི་འདི་ལ་མྱ་ངན་འདའ། །མྱ་ངན་ལས་འདའ་བའོ། །གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །བར་མ་དོ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་དང༌། གོང་དུ་འཕོ་བ་གསུམ་རྣམ་པ་གསུམ་དུ་བྱས་པ་འདི་ལྟ་སྟེ་རེ་ཞིག་བར་མ་དོར་མྱ་ངན་ལས་འདའ་བ་རྣམས་ནི་དཔེ་གསུམ་གྱིས་མྱུར་བ་དང༌། མྱུར་བ་མ་ཡིན་པ་དང༌། ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་དང༌། མངོན་པར་འདུ་བྱེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གིས་སོ། །དེ་དག་ནི་ཁྱད་པར་རྣམས། ལས་དབང་ཉོན་མོངས་བྱེ་བྲག་ལས། །གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་ནི་ལས་དང༌། ཉོན་མོངས་པ་དང༌། དབང་པོའི་བྱེ་བྲག་ལས་ཏེ། རེ་ཞིག་གསུམ་པོ་ནི་མངོན་པར་འགྲུབ་པ་དང༌། སྐྱེས་པ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་དང༌། ཉོན་མོངས་པ་ཀུན་དུ་སྤྱོད་པ་ཆུང་བ་དང༌། འབྲིང་དང༌། ཆེན་པོའི་ཕྱིར་དང༌། དབང་པོ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུའི་ཕྱིར་རོ། །དགུ་པོ་དེ་དག་སོ་སོར་ཁྱད་པར་དེ་ཉིད་ཀྱི་ཕྱིར་ཅི་རིགས་པར་གསུམ་ཚན་དང་པོ་གཉིས་ནི་གོང་མ་བཞིན་དུ་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་སོ། །གསུམ་ཚན་ཐམ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་བྱེ་བྲག་ལས་ཀྱང་ངོ༌། །འོ་ན་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པ་ཇི་ལྟ་བུ་ཞེ་ན། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །དགུ་པོ་དེ་དག་ཁོ་ན་ལ་གོང་དུ་འགྲོ་བ་མ་ཕྱེ་བས་བདུན་དུ་འགྱུར་རོ། །ཅིའི་ཕྱིར་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ལ་སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་དེ། །འདི་དག་ནི་ལས་དགེ་བ་ཁོ་ན་ལ་འཇུག་གི་མི་དགེ་བ་ལ་ནི་མི་འཇུག་གོ །འདི་དག་
ཏུ་སོན་པ་རྣམས་ལ་ཡང༌། ཕྱིར་མི་འོང་བ་མེད་པ་དེའི་ཕྱིར་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ནོ། །ཅིའི་ཕྱིར་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན། མེད་དེ། འདི་ལྟར། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་མི་འགྲོ་སྟེ། དེ་ཉིད་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་སྟེན། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་དང༌། ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་དབང་པོ་རྣམས་ཀྱང་མི་འཕོ་ལ། ཇི་ལྟར་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །ཞེས་གང་བཤད་པ་དེ་ཡང་དང་པོ་ཉིད་དུ་བསམ་གཏན་གང་སྤེལ་བར་བྱེད་ཅེ་ན། དང་པོར་བཞི་པ་སྤེལ་བར་བྱེད། །ཏིང་ངེ་འཛིན་དེ་ནི་ཐམས་ཅད་པས་ལས་སུ་རུང་བ་སྟེ། དེ་དག་གི་ཕུན་སུམ་ཚོགས་པ་ལ་སིམ་པའི་ཕྱིར་རོ། །དེའི་ཡང༌། སྐད་ཅིག་མ་ནི་བསྲེས་པས་འགྲུབ། །གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་དང༌། ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཡང་ཟག་པ་མེད་པ་མངོན་སུམ་དུ་བྱེད་ལ། དེ་ལྟར་ཟག་པ་དང་བཅས་པའི་སྐད་ཅིག་མ་དང༌། ཟག་པ་མེད་པ་དག་ཏུ་བསྲེས་པས་སྤེལ་མ་འགྲུབ་པ་ཡིན་ནོ། །རྒྱུན་ཆགས་དང་ལྡན་པ་ལ་ཇི་སྲིད་དུ་སྐད་ཅིག་གཉིས་སྦྱོར་བ་དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་དང་གཞན་དག་ཀྱང་སྤེལ་བར་བྱེད་དོ། །ཅིའི་ཕྱིར་བསམ་གཏན་སྤེལ་བར་བྱེད་ཅེ་ན། སྐྱེ་དང་གནས་པར་བྱ་ཕྱིར་དང༌། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། །ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཡང་ཕྱིར་ཏེ། དེ་བཞིན་དུ་དགྲ་བཅོམ་པ་རྣམས་སྐྱེ་བ་མ་ཡིན་པས་གནས་གཙང་མར་སྐྱེ་བ་སྤངས་ནས་སོ། །ཡང་ཅིའི་ཕྱིར་གནས་གཙང་མར་སྐྱེ་བ་ལྔ་ཁོ་ན་ཡིན་ཞེ་ན། བསམ་གཏན་བཞི་པ་སྤེལ་མང་བསྒོམ་པར་བཤད་པ་གང་ཡིན་པ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །སྤེལ་མར་བསྒོམ་པ་དེ་ནི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཤིན་ཏུ་ཆེ་
བ་དང༌། ཤིན་ཏུ་ཆེས་ཆེ་བའི་བྱེ་བྲག་གིས་རྣམ་པ་ལྔ་ཡིན་ཏེ། ཕྱི་མ་རེ་རེ་ལ་གསུམ་གསུམ་དུ་སྤེལ་བར་བྱས་ནས་སོ། །བར་མ་ཟག་པ་དང་བཅས་པ་ལས་སྐྱེའོ། །འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱི་མངོན་སུམ་བྱེད་པར་འདོད། །ཕྱིར་མི་འོང་བ་གང་ལ་ལ་འགོག་པ་ཐོབ་པ་དེ་ནི་སེམས་མེད་པར་མྱ་ངན་ལས་འདས་པ་དང་འདྲ་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱའོ། །སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཕྱིར་མི་འོང་བ་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། ཡང་ཕྱིར་མི་འོང་བ་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་དུ་བརྒྱད་ཀྱི་བར་སྤངས་པས་དགྲ་བཅོམ་པ་ཉིད་བཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་ལམ་ཡང༌། །དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །བར་ཆད་མེད་པའི་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པར་བཤད་པ་གང་ཡིན་པ། དེ་ཟད་ཐོབ་དང་ཟག་པ་ཤེས། །དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཟད་པ་ཤེས་པ་ཡིན་ནོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པ་ཤེས་པ་སྐྱེས་ན་མི་སློབ་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ། །འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པའི་ཕྱིར་མི་སློབ་པའོ། །བསྒོམ་པའི་ལམ་འཇིག་རྟེན་ལས་འདས་པ་དང་རྣམ་པ་གཉིས་སུ་བཤད་པ་ལ་སློབ་པ་འདི་གང་གིས་གང་ལ་འདོད་ཆགས་དང་བྲལ་བ་ཐོབ་ཅེ་ན། འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་འཇིག་རྟེན་པས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་དང༌། རང་གི་ས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །གཉེན་པོ་མ་ཡིན་པ་ཡང་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་བྱེད་པ་མ་ཡིན་ལ། གང་གི་གཉེན་པོ་གང་ཡིན་པ་དེ་ལ་ནི་ཉོན་མོངས་པ་དེ་རྒྱས་པར་མི་འགྱུར་བའི་ཕྱིར་རོ། །གཞན་ལས་རྣམ་པ་གཉིས་སྲིད་པའི་རྩེ་མོ་ལས་གཞན་པའི་ས་ལ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་ཀྱང་འདོད་ཆགས་དང་བྲལ་ལོ། །དེ་ལ་ཡང༌། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །འཕགས་པ་
འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་གྱུར་པ་ལ་བྲལ་བའི་ཐོབ་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སྐྱེའོ། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང༌། །བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །གལ་ཏེ་འཕགས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཐོབ་པ་ལ་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མི་སྐྱེན་དེ་ལྟ་ན་འཕགས་པའི་ལམ་གྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་ལ་བརྟེན་ཏེ་དབང་པོ་རྣམས་འཕོ་བར་བྱེད་པ་གང་ཡིན་པ་དེ་ལམ་སྔ་མ་ཟད་པར་བཏང་བའི་ཕྱིར་དང༌། འབྲས་བུའི་ལམ་འབའ་ཞིག་ཐོབ་པའི་ཕྱིར་ས་གོང་མ་པའི་ཉོན་མོངས་པ་བྲལ་བ་དང་མི་ལྡན་པར་ཡང་འགྱུར་ལ། དེ་བཏང་ན་ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང༌། གོང་དུ་སྐྱེས་པ་བཞི་མི་ལྡན། འཇིག་རྟེན་པའི་འབྲལ་བའི་ཐོབ་པ་མེད་དུ་ཟིན་ཀྱང་དེ་དག་དང་ལྡན་པར་མི་འགྱུར་ཏེ། དཔེར་ན་སྲིད་པའི་རྩེ་མོའི་རྣམ་པ་ཕྱེད་ལས་རྣམ་པར་གྲོལ་བ་ལ་དེའི་བྲལ་བའི་ཐོབ་པ་འཇིག་རྟེན་པ་ཡང་མེད་ལ། དབང་པོ་འཕོ་བས་འཇིག་རྟེན་ལས་འདས་པ་ལ་ཡང་བཏང་བཞིན་དུ་ཡང་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་བ་དང༌། ཡང་དཔེར་ན་སོ་སོའི་སྐྱེ་བོ་ལ་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་བཏང་བས་ཡང་དེ་དག་དང་ལྡན་པར་མི་འགྱུར་བ་བཞིན་པས་འདི་ནི་ཤེས་པར་བྱེད་པ་མ་ཡིན་ནོ། །ས་གང་ཞིག་གིས་གང་ལས་འདོད་ཆགས་དང་བྲལ་བར་འགྱུར་ཞེ་ན། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །སྲིད་པའི་རྩེ་མོའི་བར་ལས་སོ། །ཡང་གང་ཞིག་ཉེར་བསྡོགས་ལ་བརྟེན་ཏེ་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་ཐོབ་ན། ཅི་འདིའི་རྣམ་པར་གྲོལ་བའི་ལམ་ཐམས་ཅད་བར་ཆད་མེད་པའི་ལམ་བཞིན་དུ་ཉེར་བསྡོགས་ལས་སྐྱེའམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །འདོད་པའི་ཁམས་དང། བསམ་གཏན་གཉིས་ཀྱི་འདོད་ཆགས་དང་བྲལ་བ་ལ་རྣམ་པར་གྲོལ་བའི་ལམ་ཐ་མ་ཉེར་བསྡོགས་སམ་བསམ་གཏན་དངོས་གཞི་ལས་སྐྱེའོ། །གོང་མའི་ཉེར་བསྡོགས་ལས་མིན། ས་གསུམ་ལས་རྒྱལ་བ་ཡན་ཆད་ནི་བཏང་སྙོམས་གྱི་དབང་པོ་ཐུན་མོང་ཡིན་པའི་ཕྱིར་དངོས་གཞི་ཁོ་ན་ལས་སྐྱེའི་ཉེར་བསྡོགས་ལས་
ནི་མ་ཡིན་ནོ། །ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་བཤད་ཀྱི། གཞན་དག་ནི་མ་བཤད་པས་དེའི་ཕྱིར་འཕགས། བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་བསམ་གཏན་དང༌། །བསམ་གཏན་ཁྱད་པར་ཅན་དང། གཟུགས་མེད་པ་གསུམ་དང་བརྒྱད་ཀྱིས་ནི་རང་གི་ས་དང་གོང་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འོག་མ་ལས་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་རྣམས་ནི་བདེན་པ་ལ་དམིགས་པའི་ཕྱིར་བདེན་པའི་རྣམ་པར་ཞུགས་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འཇིག་རྟེན་པ་ཡི་རྣམ་གྲོལ་དང༌། །བར་ཆད་མེད་ལམ་གོ་རིམས་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །རྣམ་པར་གྲོལ་བའི་ལམ་རྣམས་ནི་ཅི་རིགས་པར་ས་གོང་མ་ལ་ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པར་ལྟའོ། །བར་ཆད་མེད་པའི་ལམ་རྣམས་ནི་ཞི་བ་ལ་སོགས་པའི་རྣམ་པ་ལས་བཟློག་པ་ས་འོག་མ་ལ་རག་ལས་པ་དང༌། ཐ་བ་ངན་པ་དང༌། རྩིག་པ་སྟུག་པོ་ལྟ་བུར་ལྟའོ། །ཞར་ལ་འོངས་པ་རྫོགས་སོ།། །།ཡང་ཟད་པ་ཤེས་པའི་མཇུག་ཐོགས་སུ་ཅི་ཞིག་སྐྱེ་ཞེ་ན། གལ་ཏེ་མི་གཡོའི་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཞིག་ཡིན་ན། དེ་ལ་ཟད་པ་ཤེས་པའི་དེ་མ་ཐག་ཏུ་མི་སྐྱེ་བའི་ཤེས་པ་སྐྱེའོ། །གལ་ཏེ་མིན། ཟད་པ་ཤེས་སམ་མི་སློབ་ལྟ། །གལ་ཏེ་མི་གཡོ་བའི་ཆོས་ཅན་མ་ཡིན་ན་ནི་ཟད་པ་ཤེས་པ་ལས་ཟད་པ་ཤེས་པ་ཁོ་ནའམ། མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་མི་སྐྱེ་བ་ཤེས་པ་ནི་མ་ཡིན་ནོ། །ཅི་མི་གཡོ་བའི་ཆོས་ཅན་ལ་དེ་མི་སྐྱེ་བ་ཁོ་ན་ཡིན་ནམ་ཞེ་ན། དེ་ནི་དགྲ་བཅོམ་ཐམས་ཅད་ལ། །མི་གཡོ་བའི་ཆོས་ཅན་ལ་ཡང་རེས་འགའ་མི་སྐྱེ་བ་ཤེས་པ་ལས་མི་སྐྱེ་བ་ཤེས་པ་ཁོ་ན་སྐྱེ་ལ། རེས་འགའ་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །གང་དག་འབྲས་བུ་བཞིར་བཤད་པ་དེ་དག་གང་གི་འབྲས་བུ་ཡིན་ཞེ་ན། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གི་ཚུལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་ཡིན་ནོ། །དེས་ཉོན་མོངས་པ་ཞི་བར་བྱེད་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་
རོ། །དགེ་སྦྱོང་གི་ཚུལ་དེའི་འབྲས་བུ་འདི་དག་ཁོ་ན་མ་ཡིན་གྱི་དེ་ཅི་ཞེ་ན། འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །མཐོང་བས་སྤང་བར་བྱ་བ་སྤོང་བར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང༌། བསྒོམ་པས་སྤང་བར་བྱ་བ་སྤོང་བ་རེ་རེ་ཞིང་ཡང་ཉོན་མོངས་པ་རྣམ་པ་དགུ་དགུ་སྤོང་བར་བྱེད་པའི་དེ་སྙེད་ཁོ་ནའི་རྣམ་པར་གྲོལ་བའི་ལམ་དག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་པ་དག་ཡིན་ནོ། །ཉོན་མོངས་པ་དེ་དག་གི་སྤངས་པ་ནི་འབྲས་བུ་འདུས་མ་བྱས་པ་དག་ཡིན་ནོ། །འོ་ན་སྔར་གྱི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་བཤད་པ་ཇི་ལྟར་ཞེ་ན། དེ་དག་ལ་ནི་འགལ་བ་མེད་དེ། གང་གི་ཕྱིར། འབྲས་བུ་བཞི་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འདི་ལྟ་སྟེ། འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཤེས་པ་བརྒྱད་མཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། །ལམ་སྔ་མ་བཏང་བ་དང་སྔོན་མེད་པའི་ལམ་ཐོབ་པ་ནི་ཞུགས་པ་དང་འབྲས་བུའི་ལམ་བཏང་བ་དང་ཐོབ་པའི་ཕྱིར་རོ། །སྤངས་པ་བསྡོམས་པ་དང༌། ཐམས་ཅད་ཀྱི་བྲལ་བ་གཅིག་གི་ཐོབ་པ་རྙེད་པའི་ཕྱིར་རོ། །ཤེས་པ་བརྒྱད་ཅིག་ཅར་དུ་ཐོབ་པ་ནི་ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞིའོ། །རྣམ་པ་བཅུ་དྲུག་ཐོབ་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གོ ། རྒྱུ་ལྔ་པོ་དེ་དག་ཡིན་ཏེ། གང་དག་གི་འབྲས་བུ་བཞིར་རྣམ་པར་གཞག་པ་གསུངས་པའོ། །གལ་ཏེ་ཟག་པ་མེད་པའི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་རུང་ཞེ་ན། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །དེ་ལ་མཐོང་བའི་ལམ་གྱིས་འབྲས་བུ་སྤངས་པ་ཡང་དེར་བསྲེ་བར་བྱ་སྟེ། ཐམས་ཅད་ཀྱི་ཐོབ་པ་དེའི་འབྲས་བུ་བསྡུས་པ་གཅིག་རྙེད་པའི་ཕྱིར་རོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་བསྲབས་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པའི་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་གསུངས་སོ། །ཟག་པ་མེད་པའི་བྲལ་བ་ཐོབ་པས་ཀྱང༌། སྤངས་པ་དེ་འཛིན་པར་ཡང་བྱེད་དེ། དེའི་སྟོབས་ཀྱིས་ཡོངས་སུ་ཉམས་པ་མི་འཆི་བའི་ཕྱིར་
རོ། །འདིའི་ཕྱིར་ཡང་འདི་དགེ་སྦྱོང་གི་འབྲས་བུ་ཉིད་དུ་རིགས་སོ། །དགེ་སྦྱོང་གི་ཚུལ་དུ་བཤད་པ་གང་ཡིན་པ། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །བཅོམ་ལྡན་འདས་ནི་ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཚངས་པ་ཡིན་ཏེ། འཁོར་ལོ་འདི་ནི་དེའི་ཡིན་པས་ན་ཚངས་པའི་སྟེ། དེས་བསྐོར་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་རྒྱུ་བས་ན་འཁོར་ལོའོ། །དེ་དང་ཆོས་མཐུན་པའི་ཕྱིར་མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །འདིའི་ཆོས་མཐུན་པ་ཇི་ལྟ་བུ་ཞེ་ན། མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར། །མྱུར་དུ་འགྲོ་བའི་ཕྱིར་དང༌། འདོར་བ་དང་འཇུག་པའི་ཕྱིར་དང༌། མ་རྒྱལ་བ་ལས་རྒྱལ་བར་བྱེད་པའི་ཕྱིར་དང༌། རྒྱལ་བ་རྣལ་དུ་འགོད་པའི་ཕྱིར་དང༌། འཕར་བ་དང་འབབ་པའི་ཕྱིར་ཏེ། མྱུར་བར་འགྲོ་བ་ལ་སོགས་པ་ནི་དེ་ལྟ་བུ་ཡིན་ནོ། །རྩིབས་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱ་སྟེ། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང། རྩོལ་བ་དང༌། དྲན་པ་ནི་རྩིབས་ལྟ་བུ་ཡིན་ནོ། །ཡང་དག་པའི་དག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་ཡིན་ནོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ། །ཡང་ཁམས་གང་དུ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཅེ་ན། འདོད་པར་གསུམ་ཐོབ། གསུམ་པོ་ནི་འདོད་པའི་ཁམས་ཁོ་ནར་འཐོབ་པོ། །ཐ་མ་ནི་གསུམ་དུའོ། །དགྲ་བཅོམ་པ་ཉིད་ནི་ཁམས་གསུམ་དུ་འཐོབ་བོ། །རེ་ཞིག་འབྲས་བུ་གཉིས་ནི་འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་གོང་མར་མི་ཐོབ་པར་ཡང་རིགས་པ་ན་གསུམ་པ་གོ་ཅིའི་ཕྱིར་མི་འཐོབ་ཅེ་ན། གོང་ན་མཐོང་ལམ་མེད། འདོད་པའི་ཁམས་ལས་གོང་ན་ནི་མཐོང་བའི་ལམ་མེད་ལ། དེ་མེད་པར་ཡང་འདོད་ཆགས་དང་བྲལ་བའི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་མེད་པས་ཞེས་བྱ་བ་འདི་རེ་ཞིག་རིགས་པ་ཡིན་ནོ། །མི་སྐྱོ་ལུད་ལས་འདིར་རྩོམ་ཞིང༌། དེར་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང༌། ཀུན་དུ་མི་སྐྱོ་བའི་ཕྱིར་རོ། །ཕྱིར་མི་འོང་བ་ལྔ་ནི་འདི་རྩོམ་པ་ནི་ལམ་རྩོམ་པ་སྟེ་དེར་མཐར་ཕྱིན་པར་འགྱུར་རོ། །དེ་བས་ན་དེ་ལ་ཕྱིར་མི་འོང་བའི་འབྲས་བུ་མེད་དེ། །འདི་སྐད་དུ། གལ་ཏེ་མི་གཡོའི་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས་ཞེས་བཤད་དེ། །ཅི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན། སྨྲས་
པ། ཡོད་དེ། དགྲ་བཅོམ་དྲུག་འདོད། །ཡོངས་སུ་ཉམས་པའི་ཆོས་ཅན་དང༌། །འཆི་བར་སེམས་པའི་ཆོས་ཅན་དང༌། །རྗེས་སུ་བསྲུང་བའི་ཆོས་ཅན་དང༌། །གནས་པ་ལས་མི་བསྐྱོད་པ་དང༌། །རྟོགས་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས། ལྔ་ནི་དད་པའི་མོས་ལས་སྐྱེས། །མི་གཡོ་བའི་ཆོས་ཅན་མ་གཏོགས་པའོ། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །ལྔ་པོ་དེ་དག་གི་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བས་ཕངས་པ་ཡིན་པར་རིག་པར་བྱ་སྟེ། རྟག་ཏུ་རྗེས་སུ་སྲུང་བའི་ཕྱིར་རོ། །མི་གཡོའི་ཆོས་ཅན་མི་གཡོ་བ། །ཡོངས་སུ་ཉམས་པའི་སྒོ་ནས་གཡོ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ཉིད་ཀྱི་ཕྱིར་དེ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ་སྟེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང༌། །མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཡིན་པར་རིག་པར་བྱ་སྟེ། ཅི་དགྲ་བཅོམ་པ་འདི་དག་དང་པོ་ཁོ་ན་ནས་དེ་དག་གི་རིགས་ཅན་ཞིག་ཡིན་ནམ། འོན་ཏེ་ཕྱིས་ཡིན་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཁ་ཅིག་ནི་དང་པོ་ཉིད་ནས་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ། ཁ་ཅིག་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དུ་གྱུར་པ་ལས་དབང་པོ་རྣམས་སྦྱངས་པས་འཆི་བར་སེམས་པའི་ཆོས་ཅན་དུ་གྱུར་པ་ཡིན་ཏེ། མི་གཡོ་བའི་ཆོས་ཅན་གྱི་བར་དུ་ཡང་དེ་དང་འདྲའོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་གྱི་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ནི་མ་ཡིན་པ་གང་ཡིན་པའོ། །འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་གྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །རྗེས་སུ་སྲུང་བའི་ཆོས་ཅན་ནི་རྗེས་སུ་སྲུང་བའི་སྐལ་བ་ཅན་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་རྗེས་སུ་མ་བསྲུངས་ཀྱང་གནས་པར་འགྱུར་བའི་སྐལ་བ་ཅན་ཡིན་ཞིང་ཉམས་པར་མི་འགྱུར་བ་དང༌། མངོན་པར་བརྩོན་པ་མེད་ན་འཕེལ་བར་ཡང་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །རྟོགས་པའི་སྐལ་བ་ཅན་ནི་མི་གཡོ་བ་རྟོགས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །མི་གཡོ་བའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །འདི་དག་གང་ཞིག་གང་ལས་ཡོངས་སུ་ཉམས་ཤེ་ན། བཞི་ནི་རིགས་ལས་ལྔ་འབྲས་
ལས། །ཉམས་འགྱུར། འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་ནི་རིགས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་ནི་འབྲས་བུ་ལས་སོ། །དེ་དག་ཀྱང༌། དང་པོ་ལས་མ་ཡིན། གང་གི་རིགས་དང་པོ་གང་ཡིན་པ་དང༌། གང་གི་འབྲས་བུ་དང་པོ་གང་ཡིན་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཅི་དགྲ་བཅོམ་པ་དེ་དག་ཁོ་ན་རིགས་དྲུག་དང་ལྡན་ནམ། འོན་ཏེ་གཞན་དག་ཀྱང་ཞེ་ན། སློབ་དང་འཕགས་མིན་རིགས་དྲུག་ལྡན། །སློབ་པ་དང༌། སོ་སོའི་སྐྱེ་བོ་རྣམས་ཀྱང་རིགས་དྲུག་དང་ལྡན་ནོ། །གཞན་ཡང༌། མཐོང་བ་ལ་ནི་འཕོ་བ་མེད། །མཐོང་བའི་ལམ་ལས་གཞན་པ་ལ་དབང་པོ་འཕོ་བ་ཡོད་དོ། །དེ་ཡང༌། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཤེས་བྱ། །གལ་ཏེ་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་ན་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། །གལ་ཏེ་ཡོན་ཏན་ཐོབ་པར་བྱ་བ་མ་ཐོབ་ན་མ་ཐོབ་པ་ལས་ཡོངས་སུ་ཉམས་པའོ། །གལ་ཏེ་ཡོན་ཏན་ཐོབ་པ་མངོན་སུམ་དུ་མི་བྱེད་ན་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པའོ། །ཡོངས་སུ་ཉམས་པ་འདི་རྣམས་ལས་ནི། སྟོན་ལ་ཐ་མ་མི་གཡོ་ལ། །བར་མ་འང་གཞན་ལ་རྣམ་གསུམ་མོ། །བཅོམ་ལྡན་འདས་ལ་ནི་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ཁོ་ན་མངའི་གཞན་ནི་མི་མངའོ། །མི་གཡོ་བའི་ཆོས་ཅན་ལ་ནི་དེ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དོ། །གང་ཟག་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་དོ། །ཡང་གང་ཞིག་དགྲ་བཅོམ་པའི་འབྲས་བུ་ལས་ཡོངས་སུ་ཉམས་ན། ཅི་དེ་ཡང་སྐྱེ་འམ་ཞེ་ན། དེ་ལྟ་བུ་ནི་མེད་དེ། འདི་ལྟར། འབྲས་ལས་ཉམས་པ་འཆི་བ་མེད། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་འགའ་ཡང་འཆི་བ་མེད་དེ། འབྲས་བུ་གང་ཞིག་ལས་ཡོངས་སུ་ཉམས་པ་ནི་འབྲས་བུ་དེ་ལ་གནས་པས། བྱ་བ་མ་ཡིན་དེ་མི་བྱེད། །ཡོངས་སུ་ཉམས་ཀྱང་འབྲས་བུ་དེ་དང་འགལ་བའི་བྱ་བ་མི་བྱེད་དོ། །ཡང་དབང་པོ་རྣམས་འཕོ་བ་ལ་བར་ཆད་མེད་པ་དང། རྣམ་པར་གྲོལ་བའི་ལམ་དུ་དག་སྐྱེ་ཞེ་ན། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་ཤིན་ཏུ་བསྟེན་ཕྱིར་རོ། །རྟོགས་པའི་སྐལ་བ་ཅན་ཞིག་མི་གཡོ་བའི་རིགས་ཅན་རྟོགས་པར་བྱེད་པ་ན་བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུ་སྐྱེ་སྟེ། དགྲ་བཅོམ་པ་ཉིད་ཐོབ་པ་བཞིན་ནོ། །དེ་ལ་དབང་
པོ་རྟུལ་པོའི་རིགས་དེ་ཤིན་ཏུ་གོམས་པར་བྱས་པའི་ཡིན་པས་འབད་པ་ཆུང་ངུས་བཟློག་པར་མི་ནུས་ཏེ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར་རོ། །མཐོང་བས་ཐོབ་ལ་རེ་རེའོ། །མཐོང་བས་ཐོབ་པ་རྟོགས་པར་བྱེད་ན་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རེ་རེ་སྐྱེའོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དེ་དག་ནི། ཟག་མེད། འཕགས་པ་རྣམས་ཀྱི་དབང་པོ་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ། །དབང་པོ་རྣམས་གང་དུ་འཕེལ་ཞེ་ན། མའི་ནང་དུ་འཕེལ། མི་རྣམས་ཀྱི་ནང་དུ་དབང་པོ་འཕོའོ། །ཡང་གང་ཞིག་ས་གང་ལ་བརྟེན་ན་དབང་པོ་རྣམས་འཕོ་བར་བྱེད་ཅེ་ན། མི་སློབ་ས་དགུ་ལ་བརྟེན་ཏེ། །མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པ་གསུམ་ལའོ། །སློབ་པ་དྲུག་ལ། གཟུགས་མེད་པ་གསུམ་མ་གཏོགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །དབང་པོ་རྣམས་འཕོ་བ་ན་དབང་པོ་རྟུལ་པོའི་ལམ་གྱི་འབྲས་བུ་ཁྱད་པར་ཅན་བཏང་སྟེ། དབང་པོ་རྣོན་པོའི་ལམ་གྱི་རིགས་ཀྱི་འབྲས་བུ་ཐོབ་པར་འགྱུར་ན། ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པས་བསྡུས་པ་ནི་མེད་དོ་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །དགྲ་བཅོམ་པ་འདི་དག་ཐམས་ཅད་ལ་དབང་པོའི་བྱེ་བྲག་གིས་དགུ་ཁོ་ན་ཡིན་ཏེ། ཇི་ལྟར་བྱས་ནས་ཤེ་ན། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དེ་དགུ་དབང་པོ་རྣམ་དགུ་ཅན། །དེ་ལ་ཉན་ཐོས་བ་དུན་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་དང༌། མི་གཡོ་བའི་ཆོས་ཅན་རྣམ་པ་གཉིས་ཏེ། སྦྱངས་པ་ལས་གྱུར་པ་དང༌། དང་པོ་ནས་དེའི་རིགས་ཅན་ཡིན་ནོ། །མི་གཡོ་བའི་བྱེ་བྲག་ཁོ་ན་རང་སངས་རྒྱས་དང༌། སངས་རྒྱས་སོ། །དེ་ལྟ་ན་དེ་དག་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམས་དབང་པོ་དགུའི་བྱེ་བྲག་གིས་གང་ཟག་དགུ་ཡིན་ནོ། །སློབ་པ་དང་མི་སློབ་པ་བསྡུས་པའི་ཕྱིར་ཡང་འཕགས་པའི་གང་ཟག་རྣམས་ནི་ཐམས་ཅད་དུ་བདུན་ཡིན་ཏེ། དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དད་པས་མོས་པ་དང་མཐོང་བས་ཐོབ་པ་དང༌། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ཟག་བདུན་པོ། །དེ་དག་ཀྱང༌། སྦྱོར་བ་དང༌། དབང་པོ་སྙོམས་འཇུག་རྣམ་གྲོལ་དང༌། །གཉིས་ཀ་བྱས་པའོ། །སྦྱོར་
བ་ལས་ནི་དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དག་སྟེ། དང་པོ་ཉིད་ནས་གཞན་གྱི་དྲིང་འཇོག་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དག་གིས་དོན་རྣམས་ལ་སྦྱོར་བའི་ཕྱིར་རོ། །དབང་པོ་ལས་ནི་དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དག་སྟེ། དབང་པོ་རྟུལ་པོ་དང་རྣོན་པོ་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱིས་མངོན་དུ་བྱེད་པ་སྟེ། །འགོག་པའི་སྙོམས་པར་འཇུག་པ་མངོན་དུ་བྱེད་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ། །སྙོམས་པར་འཇུག་པ་རྣམ་པར་གྲོལ་བ་ལས་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །མིང་གི་སྒོ་ནས་ནི་གང་ཟག་དེ་བདུན་ཡིན་ནོ། །དེ་དག་དྲུག །རྫས་སུ་ནི་དེ་དག་དྲུག་ཡིན་ནོ། །འདི་ལྟར་ལམ་གསུམ་ལ་གཉིས་གཉིས། །མཐོང་བ་དང་སྒོམ་པའི་ལམ་གྱི་སྔར་བཤད་པ་བཞིའོ། །མི་སློབ་པའི་ལམ་ལ་ནི་དུས་དང་སྦྱོར་བ་དང༌། དུས་དང་མི་སྦྱོར་བས་རྣམ་པར་གྲོལ་བའོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གང་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་གང་ཞེ་ན། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དེ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཉོན་མོངས་པ་དང༌། རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཇི་ཙམ་གྱིས་སློབ་པ་དང་མི་སློབ་པ་ཡོངས་སུ་རྫོགས་ཤེ་ན། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱི། །སློབ་པ་ཡོངས་རྫོགས་ཤེས་བྱའོ། །སྙོམས་པར་འཇུག་པ་ལས་ནི་འགོག་པ་ལ་སྙོམས་པར་ཞུགས་པ་ཐོབ་པ་གང་ཡིན་པའོ། །དབང་པོ་ལས་ནི་མཐོང་བས་ཐོབ་པའོ། །འབྲས་བུ་ལས་ནི་ཕྱིར་མི་འོང་བའོ། །དེ་ལྟར་ན་སློབ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །དབང་པོ་དང་སྙོམས་པར་འཇུག་པ་དག་ལས་སོ། །ལམ་དེ་ཡང་རྣམ་པ་མང་པོ་ཞིག་ཡིན་ཏེ། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་གྲོལ་དང༌། །བར་ཆད་མེད་དང་སྦྱོར་ཞེས་བྱ། །སྦྱོར་བའི་ལམ་ནི་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་སྤོང་བའོ། །རྣམ་པར་གྲོལ་བའི་ལམ་ནི་དེས་སྤོང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །ཁྱད་
པར་ཅན་གྱི་ལམ་ནི་དེ་ལས་གཞན་པའི་ལམ་མོ། །ཡང་ལམ་ཉིད་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པ་ཞེས་གསུངས་སོ། །སྒྲུབ་པ་བཞི་ཞེས་གསུངས་པ་དེ་ལ། བསམ་གཏན་དག་གི་ལམ་རྣམས་སླ། །ཡན་ལག་གིས་ཡོངས་སུ་ཟིན་པ་དང༌། ཞི་གནས་དང་ལྷག་མཐོང་མཉམ་པ་དག་གིས་འབད་མི་དགོས་པར་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །ས་གཞན་དག་གི་དཀའ་བ་ཡིན། །མི་ལྕོགས་པ་མེད་པ་ལ་སོགས་པ་རྣམས་ལ་བསྒྲུབ་པར་དཀའ་བ་ནི་དེ་ལས་བཟློག་པའོ། །སྒྲུབ་པ་དེ་ཡང་རྣམ་པ་གཉིས་ཏེ། བློ་རྟུལ་མངོན་ཤེས་བུལ་བ་སྟེ། །ཅིག་ཤོས་ཀྱིས་ནི་མངོན་ཤེས་མྱུར། །དབང་པོ་རྟུལ་པོ་ནི་སྒྲུབ་པར་སླ་བའམ་དཀའ་ཡང་རུང་སྟེ། མངོན་པར་ཤེས་པ་བུལ་བ་ཡིན་ནོ། །དབང་པོ་རྣོན་པོ་ནི་མངོན་པར་ཤེས་པ་མྱུར་བ་ཡིན་ནོ། །དེ་ལྟར་ན་སྒྲུབ་པའི་གཞི་ཡིན་ནོ། །ཡང་ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་དུ་གསུངས་ཏེ། དེ་ལ་ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ། ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་གང་ཟག་གི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དེ་དང་མཐུན་ཉིད་ཕྱིར། སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། བྱང་ཆུབ་དང་མཐུན་པའི་ཕྱིར། མིང་གི་སྒོ་ནས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་ཞེས་བྱའོ། །རྫས་སུ་བཅུ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་ནི་རྫས་བཅུ་པོ་འདི་ལྟ་སྟེ། དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དེ་ལྟར་དེ་དག་ནི་རྫས་བཅུའོ། །ཇི་ལྟར་བྱས་ནས་ཤེ་ན། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་རབ་ཏུ་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤེས་རབ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་གྱི་རང་བཞིན་དག་ཡིན་ནོ། །དེའི་ཕྱིར་རེ་ཞིག་དབང་པོ་དང་སྟོབས་ནི་མིང་གིས་སྨོས་ལ། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་རྫས་ལྔ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཁོ་ན་ཡིན་ནོ། །ཡང་དག་པར་རབ་ཏུ་སྤོང་བ་རྣམས་དང༌། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་
དག་པའི་རྩོལ་བ་ནི་བརྩོན་འགྲུས་ཁོ་ན་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་དྲན་པ་ནི་དྲན་པ་ཁོ་ན་ཡིན་ནོ། །ཅི་ཞིག་ལུས་ཤེ་ན། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་རྣམས་ནི་ཚུལ་ཁྲིམས་ཀྱི་ཡན་ལག་སྟེ། དེ་ལྟར་ན་བཅུ་ཡིན་ནོ། །འདི་སྐད་དུ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་དག་ཡིན་ནོ་ཞེས་གང་བཤད་པ་དེས་ནི། གཙོ་བོ་སྨོས་པས། ཡིན་པར་རིག་པར་བྱའི། དེ་དག་ནི། སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །གཙོ་བོ་སྨོས་པས་དེ་སྐད་བཤད་ཀྱི། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཀྱང་ཡིན་ནོ། །གནས་སྐབས་གང་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གང་ཞིག་རབ་ཏུ་འབྱེད་ཅེ་ན། སྡེ་ཚན་བདུན་ནི་གོ་རིམས་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ལས་དང་པོ་པའི་གནས་སྐབས་སུ་ནི་ལུས་ལ་སོགས་པ་ཉེ་བར་བརྟག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཁྱད་པར་ཐོབ་པས་བརྩོན་འགྲུས་ཡང་དག་པར་སྤེལ་བའི་ཕྱིར་དྲོ་བར་འགྱུར་བ་དག་ལ་ནི་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་རྩེ་མོ་དག་ལ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཡང་ཡོངས་སུ་ཉམས་པར་མི་འགྱུར་བའི་སྒོ་ནས་དབང་ཐོབ་པའི་ཕྱིར་བརྗོད་བཟོད་པ་དག་ལ་ནི་དབང་པོ་རྣམས་སོ། །ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བའི་ཕྱིར་ཆོས་མཆོག་དག་ལ་ནི་སྟོབས་རྣམས་སོ། །བྱང་ཆུབ་དང་ཉེ་བའི་ཕྱིར་བསྒོམ་པའི་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འགྲོ་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བའི་ལམ་ལ་ནི་ལམ་གྱི་ཡན་ལག་རྣམས་ཏེ། དེ་ནི་མྱུར་བར་འགྲོ་བ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དུ་ཞིག་ནི་ཟག་པ་དང་བཅས་པ་ཡིན། དུ་ཞིག་ནི་ཟག་པ་མེད་པ་ཡིན་ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད། དེ་གཉིས་ནི་བསྒོམ་པ་དང་མཐོང་བའི་ལམ་ལ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །
གཞན་རྣམས་གཉིས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་གཞན་དག་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དག་ཡིན་ནོ། །ས་གང་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དུ་ཞིག་ཡོད་ཅེ་ན། བསམ་གཏན་དང་པོ་ན་ཐམས་ཅད། །མི་ལྕོགས་མེད་ན་དགའ་མ་གཏོགས། །ཉེར་བསྡོགས་རྣམས་ནི་སྟོབས་ཀྱིས་དྲངས་དགོས་པའི་ཕྱིར་དང༌། ས་འོག་མའི་དགོས་པ་དང་བཅས་པའི་ཕྱིར་དགའ་བ་མེད་དོ། །གཉིས་པ་ན་ནི་རྟོག་མ་གཏོགས། །གཉིས་པ་ན་ཡང་དག་པའི་རྟོག་པ་མེད་དེ། དེ་ན་རྟོག་པ་མེད་པའི་ཕྱིར་རོ། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་གསུམ་པ་དང་བཞི་པ་དག་ན་ནི་དགའ་བ་དང་རྟོག་པ་དག་མ་གཏོགས་པའོ། །བསམ་གཏན་བར་ནའང༌། དེ་གཉིས་ཉིད་མ་གཏོགས་པ་སུམ་ཅུ་རྩ་ལྔ་ཁོ་ནའོ། །གཟུགས་མེད་པ། གསུམ་ནའང༌། དེ་དང་ཚུལ་ཡན་ལག །མ་གཏོགས་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་གསུམ་ན་ནི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་དང༌། དགའ་བ་དང། རྟོག་པ་དག་མ་གཏོགས་པའོ། །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །འདོད་པའི་ཁམས་སྲིད་པའི་རྩེ་མོ་ལ་བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་གྱི་ཡན་ལག་མ་གཏོགས་ཏེ། དེ་དག་ལ་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་གནས་པ་གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་པར་རིག་པར་བྱ་ཞེ་ན། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང༌། །དེ་ཡི་དགེ་འདུན་དག་ལ་ཡང༌། །སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པའི་བདེན་པ་རྣམས་མངོན་པར་རྟོགས་ན་ཆོས་ལ་ཤེས་ནས་དད་པ་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཐོབ་བོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན་སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་སྟེ། གང་ཞིག་དེ་གཉིས་ལ་དད་པ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་དང༌། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང༌། མི་སློབ་པ་རྣམས་ལའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་དག་ཀྱང་ཐོབ་པར་སྟོན་ཏོ། །འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེ་ན། ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །དེ་དག་ནི་དད་པའི་གཞིའི་བྱེ་བྲག་ལས་མིང་གི་སྒོ་ནས་ཤེས་ནས་དད་པ་བཞི་ཞེས་བྱའོ། །རྫས་སུ་གཉིས་
ཏེ་དད་པ་དང༌། ཚུལ་ཁྲིམས་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཤེས་ནས་དད་པ་རྣམས་ནི་དད་པའི་རང་བཞིན་དག་གོ །འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ནི་ཚུལ་ཁྲིམས་ཁོ་ནའོ། །ཤེས་ནས་དད་པ་རྣམས་གཅིག་ཏུ། །དྲི་མ་མེད་པ་ཡིན། ཟག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །མདོ་ལས། སློབ་པ་རྣམས་ནི་ལམ་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་རྣམས་ནི་བཅུ་དང་ལྡན་ནོ་ཞེས་གསུངས་པ། ཅིའི་ཕྱིར་སློབ་པ་ལ་ཡང་དག་པའི་རྣམ་པར་གྲོལ་བ་དང༌། ཡང་དག་པའི་ཤེས་པ་མ་བཤད་ཅེ་ན། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད། སློབ་པ་ནི་ཉོན་མོངས་པའི་འཆིང་བའི་ཕྱོགས་གཅིག་གིས་བཅིངས་པ་ཡིན་པས་འདི་ལ་རྣམ་པར་གྲོལ་བ་ཞེས་མ་གསུངས་སོ། །རྣམ་པར་གྲོལ་བ་མེད་པའི་ཕྱིར་རྣམ་པར་གྲོལ་བའི་ཤེས་པ་ཡང་མེད་དོ། །དེ་རྣམ་གཉིས། འདུས་བྱས་དང་འདུས་མ་བྱས་པའོ། །དེ་ལ། ཉོན་མོངས་བཅོམ་པ་འདུས་མ་བྱས། མོས་པ་འདུས་བྱས། །ཉོན་མོངས་པ་སྤངས་པ་ནི་རྣམ་གྲོལ་འདུས་མ་བྱས་པ་ཡིན་ནོ། །མི་སློབ་པའི་མོས་པ་ནི་འདུས་བྱས་སོ། །ཡན་ལག་ནི། དེ་ཡིན། འདུས་བྱས་པའི་མོས་པ་དེ་ཉིད་མི་སློབ་པའི་ཡན་ལག་ཏུ་བཤད་དེ། ཡན་ལག་རྣམས་འདུས་བྱས་པའི་ཕྱིར་རོ། །དེ་ཉིད་རྣམ་གྲོལ་གཉིས། སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའོ། །བྱང་ཆུབ་ཇི་སྐད་བཤད་ཤེས་པ། །སྔར་བྱང་ཆུབ་བཤད་པ་གང་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་ཉིད་འདིར་ཡང་དག་པའི་ཤེས་པའོ། །སེམས་ཇི་ལྟར་རྣམ་པར་གྲོལ་ཞེ་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །མི་སློབ་པའི་སེམས་མ་འོངས་པ་སྒྲིབ་པ་རྣམས་ལས་གྲོལ་ལོ། །གནས་སྐབས་གང་བའི་ལམ་གྱིས་དེའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ད་ལྟར་གྱི་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་གྲོལ་བ་འདུས་མ་བྱས་བཤད་པ་གང་ཡིན་པ་དང༌། ཁམས་གསུམ་པོ་སྤངས་པའི་ཁམས་དང༌། འདོད་ཆགས་དང་བྲལ་བའི་ཁམས་དང༌། འགོག་པའི་ཁམས་ཞེས་འབྱུང་བ་གང་ཡིན་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། འདུས་མ་བྱས་ཉིད་ཁམས་ཞེས་བྱ། །རྣམ་པར་གྲོལ་བ་འདུས་མ་བྱས་པ་དེ་ཉིད་ཁམས་གསུམ་ཡིན་ནོ། །དེ་ལ་ཡང༌། འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །འདོད་ཆགས་སྤངས་པ་ནི་འདོད་ཆགས་དང་བྲལ་
བའི་ཁམས་ཡིན་ནོ། །སྤངས་པའི་ཁམས་ནི་གཞན་དག་གོ །འདོད་ཆགས་ལས་གཞན་ཉོན་མོངས་པ་སྤངས་པ་ནི་སྤངས་པའི་ཁམས་ཡིན་ནོ། །འགོག་པའི་ཁམས་ཞེས་བྱ་བ་གཞི། །ཡང་དག་པར་ཟད་པ་ཞེས་བྱ་བ་ཁོ་ནར་སྦྱར་ཏེ། ཉོན་མོངས་པ་ལ་མ་གཏོགས་པའི་གཞི་སྤོང་བ་ནི་འགོག་པའི་ཁམས་ཡིན་ནོ། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་དེས་འདོད་ཆགས་དང་བྲལ་བར་ཡང་འགྱུར་རམ་ཞེ་ན། མུ་བཞིའོ། །ཇི་ལྟར་བྱས་པས་ཤེ་ན། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང༌། སྡུག་བསྔལ་དང་ཀུན་འབྱུང་གི་བཟོད་པ་དང་ཤེས་པ་རྣམས་ཁོ་ནས་ཡིད་འབྱུང་ངོ༌། །གང་གིས་སྤོང་འགྱུར་བ། ཀུན་གྱི་འདོད་ཆགས་བྲལ་བར་འགྱུར། །སྡུག་བསྔལ་ལ་སོགས་པ་ལ་བཟོད་པ་དང་ཤེས་པ་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་བ་ཐམས་ཅད་ཀྱིས་ཀྱང་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལྟ་ན་ནི་མུ་བཞི་སྲིད། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང། ཤེས་པ་རྣམས་ཀྱིས་ཉོན་མོངས་པ་མི་སྤོང་ན་ཡིད་འབྱུང་བ་ཁོ་ན་ཡིན་ནོ། །འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཉོན་མོངས་པ་དག་སྤོང་ན་འདོད་ཆགས་དང་བྲལ་བ་ཁོ་ན་ཡིན་ནོ། །སྔ་མ་རྣམས་ཀྱིས་ཉོན་མོངས་པ་དག་སྤོང་ན་གཉིས་ཀ་ཡིན་ནོ། །ཕྱི་མ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་གཉིས་ཀ་མ་ཡིན་ནོ། །དེ་ལ་འཇིག་རྟེན་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ་ཞིག་བདེན་པ་རྣམས་ལ་ལྟ་ན་ཆོས་ཤེས་པའི་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ངོ༌། །ཤེས་པ་རྣམས་ཀྱིས་སྦྱོར་བ་དང༌། །རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་རྣམས་ཀྱང་མི་སྤོང་ངོ༌། །ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དྲུག་པའོ།། །།བཟོད་པ་རྣམས་དང༌། ཞེས་པ་རྣམས་དང༌། ཡང་དག་པའི་ལྟ་བ་རྣམས་དང༌། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ན། ཅི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ། ཡང་དག་པའི་ཤེས་པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེ་ན། དྲི་མེད་བཟོད་རྣམས་ཤེས་པ་མིན། །དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །དེ་དག་ཡང་དག་པར་རྟོག་པ་དང༌། ཡོངས་སུ་ཚོལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་ལྟ་བ་དག་ཡིན་ནོ། །ཇི་ལྟར་བཟོད་པ་རྣམས་ལྟ་བ་ཡིན་གྱི་ཤེས་པ་རྣམས་མ་ཡིན་པ་དེ་བཞིན་དུ། ཟད་དང་མི་སྐྱེའི་བློ་ལྟ་མིན། །ཡང་
དག་པར་རྟོག་པ་མེད་པ་དང༌། ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་འཕགས་བློ་གཉིས་ཀ །བཟོད་པ་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་ནི་ལྟ་བ་དང་ཤེས་པ་ཡང་ཡིན་ནོ། །གཞན་ཤེས། འཇིག་རྟེན་གྱི་ཤེས་རབ་བོ། །དྲུག་ནི་ལྟ་བའང་ཡིན། ལྟ་བ་ལྔ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་འཇིག་རྟེན་པའི་ཤེས་རབ་རྣམ་པ་དེ་དྲུག་ལྟ་བ་ཡིན་གྱི་གཞན་ནི་ལྟ་བ་མ་ཡིན་ནོ། །འདི་དག་དང་གཞན་དག་ཀྱང་ཤེས་པ་ནི་ཡིན་ནོ། །ཇི་སྙེད་ཅིག་གིས་ཤེས་པ་ཐམས་ཅད་བསྡུས་ཤེ་ན། ཤེས་པ་བཅུ་བསྡུས་སོ། །མདོར་བསྡུ་ན། ཤེས་པ་ཟག་བཅས་ཟག་པ་མེད། །དེ་གཉིས་ལས་ཀྱང༌། དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་པ་དང་བཅས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཤེས་པ་ཡིན་ནོ། །ཟག་མེད་རྣམ་གཉིས་ཆོས་དང་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཤེས་པ་གཉིས་པོ་དེ་དག་ནི་གསུམ་ཡིན་ནོ། །དེ་ལ་ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ། །ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དོ། །ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་སྡུག་བསྔལ་སོགས། ཆོས་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང༌། དེའི་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྣམས་ཡིན་ནོ། །རྗེས་ཤེས་པའི། སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། །རྗེས་སུ་ཤེས་པའི་དམིགས་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་སྡུག་བསྔལ་ལ་སོགས་པའོ། །དེ་དག་ཉིད་བདེན་བྱེ་བྲག་གིས། །བཞི་སྟེ། སྡུག་བསྔལ་ལ་སོགས་པའི་ཤེས་པ་རྣམས་ཡིན་ཏེ། དེ་ལ་དམིགས་པའི་ཕྱིར་རོ། །རྣམ་བཞི་དེ་དག་ནི། མི་སྐྱེ་བ་དང་ཟད་པ་ཤེས། །དེ་དག་ཆོས་དང་རྗེས་སུ་ཤེས་པ་བཞི་སྟེ། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་གཉིས་དང་པོ་སྐྱེས་པ་ནི། །སྡུག་བསྔལ་རྒྱུ་རྗེས་ཤེས་པ་ཡིན། །སྡུག་བསྔལ་དང༌། ཀུན་འབྱུང་གི་རྣམ་པ་རྣམས་ཀྱིས་སྲིད་པའི་རྩེ་མོའི་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །བཞི་ལས་ཕ་རོལ་སེམས་རིག་པ། །ཕ་རོལ་གྱི་སེམས་རིག་པ་ནི་ཆོས་དང་རྗེས་སུ་ཤེས་པ་དང༌། ལམ་དང༌། ཀུན་རྫོབ་ཤེས་པ་རྣམས་སུ་བལྟ་བར་བྱའོ། །དེའི་ངེས་པ་ནི་འདི་ཡིན་ཏེ། དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ །ས་འདས་པ་མི་རིག་པ་ནི་བསམ་གཏན་འོག་མའི་ས་པས་བསམ་གཏན་གོང་མའི་ས་པའོ། །དབང་པོ་
འདས་པ་མི་ཤེས་པ་ནི་དད་པས་མོས་པ་དང༌། དུས་ཀྱི་རྣམ་པར་གྲོལ་བའི་ལམ་གྱིས་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མོ། །གང་ཟག་འདས་པ་མི་ཤེས་པ་ནི་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ལམ་འོག་མས་གོང་མའོ། །ཞིག་པ་དང་མ་སྐྱེས་པ་མི་ཤེས་པ་ནི་འདས་པ་དང་མ་འོངས་པའོ། །གཞན་ཡང༌། ཆོས་རྗེ་བློ་ཕྱོགས་ཕན་ཚུན་མིན། །ཕ་རོལ་གྱི་སེམས་ཤེས་པས་ཆོས་ཤེས་པའི་ཕྱོགས་དང་མཐུན་པས་ཀྱང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་མི་ཤེས་སོ། །དེ་བཞིན་དུ་གཞན་གྱི་གཞན་ཡང་ངོ༌། །མ་ཐོབ་པའི་ལམ་ལ་ཕ་རོལ་གྱི་སེམས་ཤེས་པ་མེད་དོ། །དེའི་དམིགས་པ་ནི་ཡོད་དེ། དེ་ལ་ཕ་རོལ་གྱི་སེམས་ཤེས་པས་མཐོང་བའི་ལམ་ཤེས་པར་འདོད་པས་སྦྱོར་བ་བྱས་པ། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཕ་རོལ་གྱི་སེམས་ཤེས་པས་སྐད་ཅིག་མ་གཉིས་ཤེས་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པའོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ལ་དམིགས་པ་ནི་སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་ཀྱིས་ནི་དང་པོ་གཉིས་དང༌། བརྒྱད་པ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་དང༌། གསུམ་ཤེས་ཏེ་སྦྱོར་བ་ཆུང་བའི་ཕྱིར། གཞན་དག་ན་རེ་དང་པོ་དང་གཉིས་པ་དང་བཅོ་ལྔ་པ་རྣམས་ཤེས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་མེད་པར་མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད་མཁྱེན་ཏོ། །ཡང་ཟད་པ་ཤེས་པ་དང་མི་ཤེས་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་པ་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །སྡུག་བསྔལ་ལ་སོགས་པ་རྣམས་ལ་ཡོངས་སུ་ཤེས། སྤངས་མངོན་སུམ་དུ་བྱས། བསྒོམས་པ་ཉིད་ཀྱི་ངེས་པ་ནི་ཟད་པ་ཤེས་པའོ། །དེ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་མེད་པ་ནས་བསྒོམ་པར་བྱ་བ་མེད་དོ་ཞེས་བྱ་བའི་བར་གྱིས་ངེས་པ་ནི་མི་སྐྱེ་བའི་ཤེས་པའོ། །དེ་ལྟར་དེ་དག་ནི་ཤེས་པ་བཅུ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་
པའོ། །ཅིའི་ཕྱིར་དེ་དག་གསུམ་ཡོད་ལ་བཅུར་རྣམ་པར་གཞག་ཅེ་ན། རང་བཞིན་དང་ནི་གཉེན་པོ་དང༌། །རྣམ་པ་རྣམ་པ་སྤྱོད་ཡུལ་དང༌། །སྦྱོར་དང་བྱ་བ་བྱས་ཉིད་དང༌། །རྒྱུ་བྱས་པ་ལས་བཅུ་ཡིན་ནོ། །རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་སྟེ། །དོན་དམ་པ་ནི་མི་ཤེས་པའི་ཕྱིར་རོ། །གཉེན་པོ་ལས་ནི་ཆོས་དང་རྗེས་སུ་ཤེས་པ་དག་སྟེ། འདོད་པའི་ཁམས་དང༌། ཁམས་གོང་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་བ་ཤེས་པ་དག་སྟེ། རྫས་ལ་དམིགས་པ་ཐ་མི་དད་པའི་ཕྱིར་རོ། །རྣམ་པ་དང་དམིགས་པ་ལས་ནི་འགོག་པ་དང་ལམ་ཤེས་པ་དག་སྟེ། རྣམ་པ་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །སྦྱོར་བ་ལས་ནི་ཕ་རོལ་གྱི་སེམས་ཤེས་པ་སྟེ། སེམས་ཤེས་པར་བྱ་བའི་དོན་དུ་སྦྱོར་བ་བྱས་པ་ལས་གྲུབ་པའི་ཕྱིར་སེམས་ལས་བྱུང་བ་ཡང་ཤེས་སོ། །བྱ་བ་བྱས་པ་ལས་ནི་ཟད་པ་ཤེས་པ་ལྟ། བྱ་བ་བྱས་པའི་རྒྱུད་ལ་དངོས་པོ་ཉིད་དུ་སྐྱེ་བའི་ཕྱིར་རོ། །རྒྱུ་རྒྱས་པ་ལས་ནི་མི་སྐྱེ་བ་ཤེས་པ་སྟེ། ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ཐམས་ཅད་ཀྱི་གཉེན་པོ་ཐམས་ཅད་ཡིན་པའི་ཕྱིར་ཆོས་ཤེས་པ་འདོད་པའི་ཁམས་ཀྱི་གཉེན་པོ་ཞེས་བཤད་པར་ཟད་ཀྱི། བསྒོམ་པའི་ལམ་ལ་འགོག་པའི་ལམ། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འགོག་པ་དང་ལམ་ལ་ཆོས་ཤེས་པའི་བསྒོམ་པའི་ལམ་གྱིས་བསྡུས་པ་དག་ནི་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཤེས་པ་བཅུ་པོ་དེ་དག་ལས། །ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག །དེ་དག་ནི་འོག་ནས་བཤད་པར་བྱའོ། །ཀུན་རྫོབ་ནི། དེ་བཞིན་གཞན་དུ་འོང༌། རྣམ་པ་བཅུ་དྲུག་དང་ལྡན་པ་ཡང་ཡིན་ལ། གཞན་གྱི་རྣམ་པ་ཅན་ཡང་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པའི་ཕྱིར་རོ། །རང་རང་གི་བདེན་པའི་རྣམ་པས་བཞི་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་རྣམས་ནི་རང་རང་གི་བདེན་པའི་རྣམ་པ་དག་ཏུ་འཇུག་པ་རེ་རེ་ཞིང་རྣམ་པ་བཞི་བཞི་ཡིན་ནོ། །ཕ་རོལ་ཡིད་ཤེས་དྲི་མེད་ཀྱང༌། །དེ་བཞིན་རྣམ་པ་བཞི་དང་ལྡན་པ་ཡིན་ཏེ། ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་མ་དང་བཅས་ནི། ཤེས་བྱའི་རང་གི་མཚན་ཉིད་རྣམ། །ཟག་པ་དང་བཅས་པ་ནི་ཤེས་བྱ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་གང་ཡིན་པ་དེ་
ནི་རྣམ་པ་འཛིན་པའོ། །གཉིས་ཀ་ཡང༌། རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །གང་གི་ཚེ་སེམས་འཛིན་པ་དེའི་ཚེ་སེམས་ལས་བྱུང་བ་རྣམས་མི་འཛིན་ལ། གང་གི་ཚེ་ཚོར་བ་འཛིན་པ་དེའི་ཚེ་འདུ་ཤེས་མི་འཛིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ཟད་པ་དང༌། མི་སྐྱེ་བའི་ཤེས་པ་དག་སྟེ། དེ་གཉིས་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་གཏོགས་པ་རྣམ་པ་བཅུ་བཞི་ཡིན་ནོ། །དོན་དམ་པ་བདག་ཡིན་ཀྱང་ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ། །ཅི་ཟག་པ་མེད་པ་ལ་རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་དམ། འོན་ཏེ་མེད་ཅེ་ན། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །རྣམ་པ་བཅུ་དྲུག་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མེད་དོ། །གཞན་ཡོད་ཅེས་པ་བསྟན་བཅོས་ལ། །གཞན་ཉི་འོག་པ་རྣམས་ན་རེ་ཡོད་ཅེས་ཟེར་རོ། །བསྟན་བཅོས་ལས་འདི་སྐད་དུ། མི་ལྡན་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པ་ན་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཅེས་བྱ་བར་ཤེས་པར་འགྱུར་བར་ཞེས་བྱ་བ་སྦྱོར་བར་བྱེད་པས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་རོ། །ཡང་ཅི་རྣམ་པ་བཅུ་དྲུག་པོ་འདི་མིང་དུ་འམ་རྫས་སུ་ཡོད་ཅེ་ན། རྫས་སུ་རྣམ་པ་བཅུ་དྲུག་གོ །དེ་ལ་རྐྱེན་ལ་རག་ལུས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་གིར་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་སྟོང་པའོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱི་བདག་མེད་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱི་རྒྱུའོ། །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ། །འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །མངོན་པར་འགྲུབ་པའི་དོན་གྱིས་རྐྱེན་ནོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །འཚེ་བ་མེད་པའི་ཕྱིར་གྱ་ནོམ་པའོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ངེས་པར་འབྱུང་བའོ། །བགྲོད་པར་བྱ་བའི་དོན་གྱིས་ན་ལམ་མོ། །རིགས་པ་དང་ལྡན་པའི་ཕྱིར་རིགས་པའོ། །ཡང་དག་པར་བསྒྲུབ་པའི་དོན་གྱིས་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པའོ། །རྣམ་པ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། རྣམ་པ་ཤེས་རབ། ཡང་ཅི་ཤེས་རབ་ཁོ་ནས་འཛིན་པར་བྱེད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། དང་བཅས་པའི། དམིགས་པ་དང་བཅས་པར་འཛིན་པར་བྱེད། ཤེས་རབ་དང༌།
གཞན་ཡང་དམིགས་པ་དང་བཅས་པའི་ཆོས་རྣམས་ཀྱིས་འཛིན་པར་བྱེད་དོ། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །གང་ཅི་ཡོད་ཀྱང་རུང་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །ཤེས་པ་བཅུ་པོ་རྣམས་ཀྱི་དགེ་བ་ལ་སོགས་པའི་དབྱེ་བ་བརྗོད་དེ། དང་པོ་རྣམ་གསུམ། དགེ་བ་དང་མི་དགེ་བ་དང། ལུང་མ་བསྟན་ནོ། །གཞན་རྣམས་དགེ །ཤེས་པ་དགུ་པོ་ནི་དགེ་བ་ཁོ་ན་ཡིན་ནོ། །དངོས་པོ་ས་རྣམས་ཐམས་ཅད་ན་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་རོ། །དྲུག་ན་ཆོས་ཤེས་བྱ། །བསམ་གཏན་བཞི་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་ནའོ། །དགུ་ན། རྗེས་ཤེས་བྱ་བ། དྲུག་ལ་གཟུགས་མེད་པ་གསུམ་བསྣན་ནས་སོ། །དེ་བཞིན་དྲུག །སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པ་རྣམས་ཀྱང་ས་དགུ་པོ་དེ་དག་ཉིད་ནའོ། །གཞན་ཡིད་ཤེས་པ་བསམ་གཏན་བཞི། །ཕ་རོལ་གྱི་སེམས་ཤེས་པ་ནི་བསམ་གཏན་བཞི་ནའོ། །དེ་ནི་འདོད་དང་གཟུགས་རྟེན་ཅན། །འདོད་པ་དང་གཟུགས་ཀྱི་ཁམས་སུ་དེ་མངོན་སུམ་དུ་བྱེད་དོ། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཁམས་གསུམ་པ་ཡིན་རྟེན་ཅན་གཞན། །ཕ་རོལ་གྱི་སེམས་དང༌། ཆོས་ཤེས་པ་མ་གཏོགས་པ་ཁམས་གསུམ་དུ་མངོན་སུམ་དུ་བྱེད་དོ། །ས་དང་རྟེན་བཤད་ཟིན་ཏོ། །དྲན་པ་ཉེ་བར་གཞག་པའི་བསྡུས་པ་བརྗོད་པར་བྱ་སྟེ། འགོག་བློ་དྲན་པ་ཉེར་གཞག་པ། །གཅིག་སྟེ། འགོག་པ་ཤེས་པ་གཅིག་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །ཕ་རོལ་སེམས་བློ་ནི། གསུམ་མོ། །ཕ་རོལ་གྱི་སེམས་ཤེས་པ་ནི་གསུམ་སྟེ། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །ལྷག་མ་བཞི་ཡིན་ནོ། །འགོག་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དག་ལས་གཞན་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཆར་རོ། །ཤེས་པ་གང་གི་དམིགས་པ་ཤེས་པ་དུ་ཡིན་ཞེ་ན། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །རྗེས་སུ་ཤེས་པ་མ་གཏོགས་པའོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །གོ་རིམས་བཞིན་དུ་ཀུན་རྫོབ་དང༌། །ཆོས་ཤེས་པ་ལས་གཞན་པའོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །ཀུན་རྫོབ་དང༌། གཞན་གྱི་སེམས་ཤེས་པ་དག་གོ །བཞི་ཡི་བཅུ་ཡིན། ཀུན་རྫོབ་དང༌། གཞན་གྱི་སེམས་ཤེས་པ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པ་རྣམས་ཀྱི་དམིགས་པ་བཅུ་ཀའོ། །གཅིག་གི་མིན། འགོག་པ་ཤེས་པའི་དམིགས་པ་
ནི་ཤེས་པ་མ་ཡིན་པ་ཉིད་དོ། །ཆོས་བཅུ་དག་ནི་སྦྱར་བར་བྱ། །བཅུ་གང་ཞེ་ན། ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །ཆོས་འདུས་མ་བྱས་རྣམས་ལ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་རྣམས་མཚུངས་པར་ལྡན་པ་དང༌། ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་བྱའོ། །འདུས་མ་བྱས་རྣམས་ལ་དགེ་བ་དང༌། ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བྱའོ། །ཆོས་བཅུ་པོ་འདི་དག་ཇི་ལྟར་སྦྱར་བར་བྱ་ཞེ་ན། ཤེས་པ་གང་གི་དམིགས་པ་དུ་ཞིག་ཡིན་ཞེས་སྦྱར་བར་བྱ་ཞེ་ན། དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ། །ཆོས་ཤེས་པའི་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་བཞི་དང༌། འདུས་མ་བྱས་དགེ་བ་ཡིན་ནོ། །རྗེས་སུ་ཤེས་པ་ནི་བདུན་ཏེ། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་དྲུག་དང༌། འདུས་མ་བྱས་དགེ་བ་ཡིན་ནོ། །སྡུག་བསྔལ་དང༌། ཀུན་འབྱུང་ཤེས་པ་དག་གི་ནི་དྲུག་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སོ། །འགོག་པ་ཤེས་པ་ནི་གཅིག་སྟེ། འདུས་མ་བྱས་དགེ་བ་ཁོ་ནའོ། །ལམ་ཤེས་པ་ནི་གཉིས་ཏེ། ཟག་པ་མེད་པ་དག་གོ །གཞན་གྱི་སེམས་ཤེས་པ་ནི་གསུམ་སྟེ། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། ཟག་པ་མེད་པར་མཚུངས་པར་ལྡན་པ་རྣམས་སོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་སྟེ། འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་སོ། །ཤེས་པ་གཅིག་གིས་ཐམས་ཅད་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། མེད་དོ། །འོན་ཀྱང༌། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཀུན་རྫོབ་ཤེས་པས་ནི་རང་གི་ཚོགས་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བདག་མེད་པ་ཉིད་དུ་ཤེས་པར་འགྱུར་རོ། །དེ་ནི་རྫོགས་སོ། །གང་ཞིག་ཤེས་པ་དུ་དང་ལྡན་པ་ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཕ་རོལ་གྱི་སེམས་ཤེས་པ་དང་ཡང་ངོ༌། །འཕགས་པ་ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་བཅས་ཤེས་པ་གཅིག་དང་ལྡན། །འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན་སྡུག་བསྔལ་ལ་ཆོས་
ཤེས་པའི་བཟོད་པ་ལ་ཀུན་རྫོབ་ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །གཉིས་པ་ལ་གསུམ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་ནི་ཀུན་རྫོབ་ཤེས་པ་དང༌། ཆོས་ཤེས་པ་དང༌། སྡུག་བསྔལ་ཤེས་པ་སྟེ་གསུམ་དང་ངོ༌། །ཡན་ཆད་ནི། བཞི་ལ་རེ་རེ་འཕེལ་དང་ལྡན། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་ནི་རྗེས་སུ་ཤེས་པ་འཕེལ་ལ། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་ཆོས་ཤེས་པ་རྣམས་ལ་ནི་དེ་དག་ཁོ་ན་འཕེལ་ལོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་གཞན་གྱི་སེམས་ཤེས་པ་ལྷག་པར་ལྡན་པར་རིག་པར་བྱའོ། །ཡང་གནས་སྐབས་གང་དུ་ཤེས་པ་དུ་ཞིག་འཐོབ་ཅེ་ན། མཐོང་བའི་ལམ་ལ་བཟོད་པ་དང༌། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ། མཐོང་བའི་ལམ་ལ་བཟོད་པའམ་ཤེས་པ་གང་དང་གང་སྐྱེས་པ་དང་འདྲ་བ་མ་འོངས་པ་དེའི་རྣམ་པ་བཞི་ཁོ་ན་འཐོབ་པར་འགྱུར་རོ། །དེ་ཉིད་ལ། རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང༌། །མཐོང་བའི་ལམ་དེ་ཉིད་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་ལ་རྗེས་སུ་ཤེས་པ་གསུམ་ལ་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །ཆོས་ཤེས་པ་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་གཏོགས་པའི་ཕྱིར་རོ། །དེའི་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བའོ། །དེ་རེས་འགའ་མངོན་སུམ་དུ་བྱེད་དམ་ཞེ་ན། ནམ་ཡང་མི་བྱེད། དེ་མཐའ་གཅིག་ཏུ། དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །ས་དུ་པའི་ཀུན་རྫོབ་ཤེས་པ་དེ་འཐོབ་ཅེ་ན། མཐོང་བའི་ལམ་གྱིས་ནི། རང་དང་འོག་ས། མཐོང་བའི་ལམ་ས་གང་ཡིན་པའི་ས་དེ་བ་དང༌། འོག་མའི་ཀུན་རྫོབ་ཤེས་པ་འཐོབ་སྟེ། གལ་ཏེ་མི་ལྕོགས་པ་མེད་པའི་ས་པ་ཞིག་ཡིན་ན་ནི་དེ་ཉིད་ཀྱི་ས་པ་དང༌། འདོད་པ་ན་སྤྱོད་པ་འཐོབ་བོ། །གཞན་ལ་ཡང་དེ་བཞིན་ནོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་དུ་དག་གཅིག་ཡིན་ཞེ་ན། འགོག་པའི་མཐའ། འགོག་པ་མངོན་པར་རྟོགས་པ་ལས་ཆོས་དྲན་པ་ཉེ་བར་གཞག་པའོ། །ལྷག་མ་དྲན་པ་ཉེ་བར་གཞག་པ་བཞི་ཆར་རོ། །དེ་ཡང་འདི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ནི། རང་བདེན་རྣམ་ཅན་འབད་ལས་བྱུང༌། །བདེན་པ་གང་ཞིག་མངོན་པར་རྟོགས་པས་ཐོབ་པ་དེ་ནི་བདེན་པའི་རྣམ་པ་ཅན་ཁོ་ནའོ། །མཐོང་ལམ་གྱིས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་
ཚིག་གོ །ཆགས་བཅས་བཅུ་དྲུག་པ་ལ་དྲུག །འདོད་ཆགས་དང་མ་བྲལ་བ་ལ་ནི་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་ཤེས་པ་གཉིས་པ་ད་ལྟར་བྱུང་བ་ཡིན་ཏེ། ལམ་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པའོ། །མ་འོངས་པ་དྲུག་འཐོབ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། སྡུག་བསྔལ་དང། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཤེས་པ་རྣམས་སོ། །འདོད་ལ་ཆགས་དང་བྲལ་བ་བདུན། །བདུན་པ་ནི་ཕ་རོལ་གྱི་སེམས་ཤེས་པའོ། །དེ་ཡི་གོང་མ་ཆགས་བཅས་ཀྱིས། །བསྒོམ་པའི་ལམ་ལ་བདུན་ཐོབ་བོ། །སྐད་ཅིག་མ་བཅུ་དྲུག་གི་གོང་མ་ཇི་སྲིད་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་སྲིད་དུ་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་ཐམས་ཅད་ལ་ཤེས་པ་བདུན་འཐོབ་སྟེ། དྲུག་པོ་དང༌། ཀུན་རྫོབ་ཀྱི་ཤེས་པ་བདུན་པ་ཡིན་ནོ། །ས་བདུན་ལས་རྒྱལ་མངོན་ཤེས་དང༌། མི་གཡོ་འཐོབ་དང་སྤེལ་བསྒོམ་པའི། །བར་ཆད་མེད་པའི་ལམ་དག་དང༌། །གོང་མའི་གྲོལ་བའི་ལམ་བརྒྱད་ལའང༌། །ས་བདུན་ནི་བསམ་གཏན་བཞི་དང༌། གཟུགས་མེད་པ་གསུམ་མོ། །དེ་དག་ལས་འདོད་ཆགས་དང་བྲལ་བ་དང༌། མངོན་པར་ཤེས་པ་ལྔ་དང༌། མི་གཡོ་བ་རྟོགས་པར་བྱེད་པ་དང༌། བསམ་གཏན་སྤེལ་མར་བསྒོམ་པ་སློབ་པ་བར་ཆད་མེད་པའི་ལམ་ཇི་སྙེད་པ་དེ་ཐམས་ཅད་ལ་ཤེས་པ་བདུན་འཐོབ་སྟེ། དེ་དག་ཉིད་དོ། །མི་གཡོ་བ་རྟོགས་པར་བྱེད་པ་ལ་ནི་ཀུན་རྫོབ་ཤེས་པ་ནི་མི་འཐོབ་སྟེ། དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་ནོ། །སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལ་ཡང་ཤེས་པ་བདུན་པོ་ཁོ་ན་འཐོབ་སྟེ། གཞན་གྱི་སེམས་ཤེས་པ་ནི་བདུན་པ་ཡིན་ལ་ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ། སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་འཐོབ་བམ། །སློབ་པ་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་འདོད་ཆགས་དང་བཅས་པ་ནི་དྲུག་འཐོབ་བོ། །འདོད་ཆགས་དང་བྲལ་བ་ལ་ཕ་རོལ་གྱི་སེམས་ཤེས་པ་ནི་བདུན་པ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་དྲུག །སློབ་པ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་དྲུག་འཐོབ་བོ། །དེ་བཞིན་སྲིད་རྩེའི་ལམ་རྒྱ་ལ་ལའང༌། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་ལ་ཡང་དེ་བཞིན་དྲུག་འཐོབ་བོ། །ཟད་པ་ཤེས་པ་ལ་དགུའོ། །
མི་སྐྱེ་བ་ཤེས་པ་ལས་གཞན་པ་རྣམས་སོ། །མི་གཡོ་བས་ནི་བཅུ་འཐོབ་བོ། །མི་གཡོ་བའི་ཆོས་ཅན་གང་ཡིན་པ་དེས་ནི་བཅུ་ཆར་འཐོབ་བོ། །དེར་འཕོ་གྲོལ་བའི་ཐ་མ་ལའང༌། །གང་ཞིག་མི་གཡོ་བ་ཉིད་དུ་འཕོ་བ་དེའི་རྣམ་པར་གྲོལ་བའི་ལས་ཐ་མ་ལ་ཡང་བཅུ་འཐོབ་བོ། །བཤད་པའི་ལྷག་མ་ལ་བརྒྱད་འཐོབ། །ལྷག་མ་ཡང་གང་ཞིག་ཅེ་ན། འདོད་པའི་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ་དང༌། ས་བདུན་པ་ལས་འདོད་ཆགས་དང་བྲལ་བ་དང༌། མངོན་པར་ཤེས་པ་དང་སྤེལ་མར་བསྒོམ་པ་དག་གི་རྣམ་པར་གྲོལ་བའི་ལམ་རྣམས་དང༌། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་དང༌། འདོད་ཆགས་དང་བྲལ་བའི་སྦྱོར་བ་དང༌། ཁྱད་པར་ཅན་གྱི་ལམ་ཐམས་ཅད་དེ། དེ་དག་ཐམས་ཅད་ལ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་མ་འོངས་པ་འཐོབ་བོ། །ཡང་ལམ་གང་ལས་དུ་བའི་ཤེས་པ་འཐོབ་ཅེ་ན། རེ་ཞིག་ཀུན་རྫོབ་ཤེས་པ་ནི་ལམ་ས་གང་བ་ཡིན་པ་དང༌། དང་པོ་ཉིད་དུ་ས་གང་ཐོབ་པས་དེ་པའི་མ་འོངས་པ་འཐོབ་བོ། །ཟག་པ་མེད་པ་ནི་ལམ་ས་གང་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། འོ་ན་ཇི་ལྟ་བུ་ཞེ་ན། གང་ལས་ཆགས་བྲལ་བྱ་ཕྱིར་གང༌། །ཐོབ་པ་དེར་ཡང་འོག་མའང་འཐོབ། །ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་ཡང་སྦྱོར་བའི་ལམ་ལ་སོགས་པ་རྣམ་པ་གཉིས་ཡིན་ལ། འདོད་ཆགས་དང་བྲལ་བས་ས་གང་ཞིག་འཐོབ་པ་དེའི་ས་པ་དང་ས་འོག་མའི་ཟག་པ་མེད་པའི་ཤེས་པ་རྣམས་ཐོབ་པར་འགྱུར་རོ། །ཟད་པ་ཤེས་ལ་ཟག་བཅས་ཀྱང༌། །ཟད་པ་ཤེས་པ་ལ་ནི་ཟག་པ་དང་བཅས་པའི་ཡོན་ཏན་མི་སྡུག་པ་དང༌། དབུགས་འབྱུང་བ་དང༌། རྔུབ་པ་དྲན་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་བ་ལ་སོགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་འཐོབ་བམ་ཞེ་ན། གང་སྔོན་མེད་པ་དེ་སྙེད་ཀྱི། །ས་ཀུན་སྔོན་སྙེད་མི་འཐོབ་བོ། །གང་རྣམ་པར་ཉམས་པ་ལས་གང་རྙེད་པ་དེ་ཡང་མི་འཐོབ་སྟེ། འཐོབ་པ་བཏང་བའི་ཕྱིར་རོ། །ཅི་ཐོབ་པ་རྙེད་པ་ཁོ་ན་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །ཐོབ་པ་ནི་རྣམ་པ་བཞི་སྟེ། དེ་ལ། རྙེད་དང་བསྟེན་ཞེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །གཉེན་པོ་དང་ནི་ཐག་བསྲིང་བའི། །ཐོབ་པ་ཟག་དང་བཅས་པ་ཡིན། རྙེད་པ་དང་
བསྟེན་པས་ཐོབ་པ་དག་ནི་དགེ་བ་དང་འདུས་བྱས་རྣམས་ཀྱི་ཡིན་ཏེ། མ་འོངས་པ་རྣམས་ཀྱི་གཅིག་གོ །ད་ལྟར་བྱུང་བ་རྣམས་ཀྱི་གཉིས་ཀའོ། །གཉེན་པོ་དང་ཐག་བསྲིང་བའི་ཐོབ་པ་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡིན་ནོ། །གང་ཟག་ཐམས་ཅད་ཀྱི་ཟད་པ་ཤེས་པའི་ཡོན་ཏན་ཐོབ་པའི་ཕྱིར་བཤད་ཀྱི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་སྟེ། འདི་རྣམས་བཅོམ་ལྡན་འདས་ཀྱི་ཟད་པ་མཁྱེན་པ་ཁོ་ནས་བརྙེས་པར་འགྱུར་རོ། །དེ་ལ་གནས་དང་གནས་མིན་ཤེས་པ་བཅུ། །ལས་འབྲས་ལ་བརྒྱད། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བརྒྱད་དེ། འགོག་པ་དང༌། ལམ་ཤེས་པ་དག་མ་གཏོགས་སོ། །བསམ་གཏན་སོགས། དབང་པོ་མོས་དང་ཁམས་དང་ལ་ནི། དགུའོ། །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ནི་ཤེས་པ་དགུ་སྟེ། འགོག་པ་ཤེས་པ་མ་གཏོགས་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ལམ་དག་ལ་བཅུའམ། འམ་གྱི་སྒྲ་ལས་དགུ་ཞེས་པ་ཡང་ངོ༌། །གལ་ཏེ་ལམ་དེ་འབྲས་བུ་དང་བཅས་པར་གཟུང་ན་ནི་ཤེས་པ་བཅུའོ། །གལ་ཏེ་མ་ཡིན་ན་ནི་དགུ་སྟེ། དེ་དག་ཁོ་ནའོ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དག་ནི་ཀུན་རྫོབ་ཤེས་པའོ། །ཟད་པ་དྲུག་གམ་བཅུ་ཡིན་ནོ། །ཟག་པ་ཟད་པའམ་མཁྱེན་པའི་སྟོབས་ནི་ཤེས་པ་དྲུག་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་རྣམས་ཏེ། གལ་ཏེ་ཟག་པ་ཟད་པ་འགོག་པ་ཤེས་པ་ཁོ་ན་ཞིག་ཡིན་ནམ། འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་ཤེས་པའི་རྒྱུད་ལ་ཡོད་པ་ཡིན་ན་ནི་དེས་ན་ཤེས་པ་བཅུ་ཡིན་ནོ། །རང་བཞིན་བཤད་ནས་ས་བརྗོད་པ། །སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན། སྔོན་གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་
གཏན་བཞིའི་ས་པའོ། །ལྷག་མ་ནི། ས་རྣམས་ཀུན་ན། དེ་དག་ཀྱང་འདོད་པའི་ཁམས་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་དང༌། གཟུགས་མེད་པ་དག་སྟེ་བཅུ་གཅིག་གོ །ཤེས་པ་རྣམ་པ་བཅུ་པོ་དེ་ཉིད་གཞན་གྱི་སྟོབས་ཞེས་མི་བྱའོ། སངས་རྒྱས་ཁོ་ནའི་སྟོབས་ཞེས་བྱ་སྟེ། ཅིའི་ཕྱིར། འདི་སྟོབས་གང་ཕྱིར་ཐོགས་མི་མངའ། །གང་གི་ཕྱིར་འདིའི་མཁྱེན་པ་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་ན་མཁྱེན་པ་ཐོགས་པ་མི་མངའ་བའི་ཕྱིར་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཐའ་ཡས་པ་ཡིན་ནོ། །སྐུ་ལ་སྲེད་མེད་བུ་ཡི་སྟོབས། །གཞན་དག་ཚིགས་ན། གཞན་དག་ན་རེ་ཚིགས་དང་ཚིགས་ན་སྲེད་མེད་ཀྱི་བུའི་སྟོབས་མངའོ་ཞེས་ཟེར་རོ། །སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚད་ཇི་ཙམ་ཞེ་ན། གླང་ཆེན་སོགས། །བདུན་ཅུས་ལྷག་པའི་སྟོབས་ཡིན་ནོ། །གླང་པོ་ཆེ་ཕལ་པ་དང༌། སྟོབས་ཀྱི་གླང་པོ་ཆེ་དང༌། ཚན་པོ་ཆེ་དང༌། རབ་གནོན་དང༌། ཡན་ལག་མཆོག་དང༌། སྟོབས་མཆོག་དང༌། སྲེད་མེད་ཀྱི་བུ་རྣམས་གོང་མས་གོང་དུ་བཅུ་འགྱུར་དུ་བསྐྱེད་དེ་བརྗོད་པར་བྱའོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །ལུས་ཀྱི་སྟོབས་དེ་ནི་ཐམས་ཅད་ཀྱང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ནར་རིག་པར་བྱའོ། །སྟོབས་རྣམས་བཤད་ཟིན་ཏོ། །མི་འཇིགས་པ་ནི་རྣམ་པ་བཞི། །མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ། །དེ་དག་ཀྱང༌། ཇི་ལྟར་སྟོབས་ནི་དང་པོ་དང༌། །བཅུ་པ་གཉིས་པ་བདུན་པ་བཞིན། །སྟོབས་དང་པོ་ཇི་ལྟ་བར། ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཀྱེ་མ་ང་ཟག་པ་ཟད་པར་གྱུར་བ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་དག་བར་དུ་གཅོད་པར་འགྱུར་བའི་ཆོས་གསུངས་པ་ལ་ཞེས་མི་འཇིགས་པ་ཡང་དེ་དང་འདྲའོ། །ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཇི་ལྟ་བར་ངས་གང་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲའོ། །དྲན་པ་ཉེ་བར་གཞག་པ་ནི་འཁོར་གྱི་བྱེ་བྲག་ལས་གསུམ་ཡིན་ཏེ། མདོ་ཇི་ལྟ་བར་དེ་ཡང༌། དྲན་དང་ཤེས་བཞིན་བདག་ཉིད་གསུམ། དྲན་པ་ཉེ་
བར་གཞག་པ་གསུམ་པོ་འདི་དག་ནི་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་ཡིན་ནོ། །ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཤེས་པའི་བདག་ཉིད་དོ། །ཅིའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་ཞེ་ན། ཚོགས་དང་རྣམ་པ་སྤྱོད་ཡུལ་དང༌། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་གྲུབ་པའི་ཕྱིར་རོ། །རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོག་པའི་ཕྱིར་རོ། །དམིགས་པ་ནི་ཁམས་གསུམ་ལ་དམིགས་པའི་ཕྱིར་རོ། །མཉམ་པ་ཉིད་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་འཇུག་པའི་ཕྱིར་རོ། །ཆས་ཆེ་བ་ཉིད་ནི་དེ་ལས་ཆེ་བ་མེད་པའི་ཕྱིར་རོ། །སྙིང་རྗེ་དང། ཐུགས་རྗེ་ཆེན་པོ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། ཐ་དད་བྱ་བ་རྣམ་པ་བརྒྱད། །ངོ་བོ་ཉིད་ལས་ནི་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་ངོ་བོའི་ཕྱིར་རོ། །རྣམ་པ་ལས་ནི་སྡུག་བསྔལ་གཅིག་དང༌། གསུམ་གྱི་རྣམ་པ་ཅན་གྱིས་སོ། །དམིགས་པ་ལས་ནི་ཁམས་གཅིག་དང༌། །གསུམ་གྱི་སེམས་ཅན་ལ་དམིགས་པས་སོ། །ས་ལས་ནི་བསམ་གཏན་བཞི་དང༌། བསམ་གཏན་བཞི་པའི་ས་པས་སོ། །རྒྱུད་ལས་ནི་ཉན་ཐོས་ལ་སོགས་པ་དང༌། སངས་རྒྱས་ཀྱི་རྒྱུད་ལ་སྐྱེས་པས་སོ། །ཐོབ་པ་ལས་ནི་འདོད་པའི་ཁམས་དང༌། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བས་ཐོབ་པའི་ཕྱིར་རོ། །ཡོངས་སུ་མི་སྐྱོབ་པ་དང་ཡོངས་སུ་སྐྱོབ་པ་དང༌། མི་འདྲ་བ་དང༌། འདྲ་བར་ཐུགས་རྗེ་ཆེན་པོ་མཛད་པའི་ཕྱིར་རོ། །ཅི་སངས་རྒྱས་ཐམས་ཅད་ཀྱིས་མཉམ་པ་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚོད་ཀྱིས་མིན། །སངས་རྒྱས་ཐམས་ཅད་ནི་རྒྱུ་གསུམ་པོ་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་དང༌། ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང༌། འཇིག་རྟེན་གྱི་དོན་སྤྱོད་པས་མཉམ་པ་ཉིད་ཡིན་ནོ། །སྐུ་ཚེ་དང༌། རིགས་དང༌། གདུང་དང༌། སྐུ་བོང་ཚོད་དུ་མཛད་པ་ལ་ནི་བྱེ་བྲག་ཡོད་དོ། །རེ་ཞིག་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱའོ། །ཆོས་གཞན་སློབ་དང་ཐུན་མོང་ཡིན། །ཁ་ཅིག་སོ་སོའི་སྐྱེ་བོ་དང༌། །དེ་དག་ཀྱང་གང་ཞེ་ན། ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་ཡང་དག་རིག་མངོན་སོགས། །དེ་ལ། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །དེ་ཡི་རང་བཞིན་འདི་ཡིན་ཏེ། །བསམ་
གཏན་མཐའ་ན། བསམ་གཏན་བཞི་པའི་ས་པ་ཡིན་ཏེ། ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །མི་གཡོའི་ཆོས། དགྲ་བཅོམ་པ་གཞན་གྱི་ནི་མ་ཡིན་ནོ། །མིས་བསྐྱེད། གླིང་གསུམ་དུ་བསྐྱེད་དོ། །ཉོན་མོངས་འདོད་གཏོགས་པ། མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ཅན། །དེའི་དམིགས་པ་ནི་ཉོན་མོངས་པ་འདོད་པ་ན་སྤྱོད་པ་མ་འོངས་པ་གཞི་དང་བཅས་པ་རྣམས་ཡིན་ཏེ། ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་ཞུགས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ཇི་སྐད་དུ་བཤད་པ། སྨོན་ནས་ཤེས་པའང་དེ་བཞིན་ནོ། །དེ་ཡང་ཀུན་རྫོབ་ཤེས་པ་དང༌། །བསམ་གཏན་གྱི་མཐའ་ན་ཡོད་པ་དང༌། མི་གཡོ་བའི་ཆོས་ཅན་ཡིན་པ་དང༌། མིའི་རྟེན་ཅན་ཡིན་ནོ། །དེའི་དམིགས་པ་ཐམས་ཅད་དོ། །སྨོན་ནས་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དང་ལྡན་ནོ། །དེ་བཞིན་ཆོས་དོན་ངེས་ཚིག་དང༌། །སྤོབས་པ་སོ་སོ་ཡང་དག་རིག །དེ་བཞིན་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་མི་གཡོ་བའི་ཆོས་ཅན་དང༌། མིའི་རྟེན་ཅན་བཞིན་ནོ། །འདི་དག་ནི་དམིགས་པ་དང༌། ས་དང༌། རང་གི་ངོ་བོའི་བྱེ་བྲག་ནི་ཐ་དད་པར་བརྗོད་དོ། །གསུམ་ནི་གོ་རིམས་བཞིན་མིང་དང༌། དོན་དང་ངག་ལ་ཐོགས་མེད་ཤེས། །མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང༌། དོན་དང༌། ངག་ལ་ཐོགས་པ་མེད་པར་ཤེས་པ་ནི་ཆོས་དང༌། དོན་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བཞི་པ་རིག་པ་ཐགས་ཐོགས་མེད། །མངོན་སྤྱོད་ལམ་ལ་དབང་ཉིད་ལ། །ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དང༌། ཏིང་ངེ་འཛིན་ལ་དབང་བར་བསལ་བར་བྱ་བ་ལ་ཐོགས་པ་མེད་པར་ཤེས་པ་ཡིན་ནོ། །དེ་ཡི་དམིགས་པ་ངག་དང་ལམ། །དེའི་དམིགས་པ་ནི་ངག་ཀྱང་ཡིན་ལ་ལམ་ཡང་ཡིན་ནོ། །ཤེས་པ་དགུའོ། །དེའི་རང་བཞིན་ནི་འགོག་པ་ཤེས་པ་མ་གཏོགས་པ་དགུའོ། །ས་ཐམས་ཅད་འདོད་པ་ནས་སྲིད་པའི་རྩེ་མོའི་བར་ས་ཐམས་ཅད་པ་ཡིན་ནོ། །ཡང་དག་དོན་རིག་བཅུའམ་དྲུག །གལ་ཏེ་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུའོ། །འོན་ཏེ་མྱ་ངན་ལས་འདས་པ་ཡིན་ན་དྲུག་སྟེ། ཆོས་དང་རྗེས་སུ་ཤེས་པ་དང༌། འགོག་པ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཀུན་རྫོབ་ཤེས་པ་རྣམས་སོ། །དེ་ནི་ཀུན་ན། དོན་སོ་སོ་ཡང་དག་པར་རིག་པ་ནི་ཐམས་ཅད་པའོ། །གཞན་ཀུན་རྫོབ། ཆོས་
དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དག་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ནོ། །ཆོས་རིག་འདོད་དང་བསམ་གཏན་ན། །འདོད་པ་དང་བསམ་གཏན་བཞི་ནའོ། །ངག་ནི་འདོད་དང་དང་པོ་ན། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་འདོད་པའི་ཁམས་དང༌། བསམ་གཏན་དང་པོའི་ས་པའོ། །མ་ཚང་བར་ནི་དེ་ཐོབ་མེད། །གང་ལ་གཅིག་ཡོད་པ་དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་ཆར་གདོན་མི་ཟ་བར་ཡོད་དོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་བསྟན་པ་གང་ཡིན་པ། དྲུག་པོ་དེ་དག་བར་མཐའ་བས། །བསམ་གཏན་བཞི་པའི་སྟོབས་ཀྱིས་འདི་དག་འཐོབ་བོ། །དེ་ནི་རྣམ་དྲུག་ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་གསུམ་དང༌། རབ་ཀྱི་མཐའ་དེ་ཉིད་དང༌། དྲུག་གི་བདག་ཉིད་དོ། །རབ་ཀྱི་མཐའ་ཞེས་བྱ་བ་ནི་ཅི་ཞེ་ན། བསམ་གཏན་མཐའ། བསམ་གཏན་བཞི་པའོ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །འདོད་པ་ན་སྤྱོད་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་ནས། རིམ་གྱིས་བསམ་གཏན་བཞི་པའི་བར་དང༌། དེ་བཞིན་དུ་གོང་མ་ལ་ཡང་སྟེ། དེ་ལྟར་ན་ས་ཐམས་ཅད་ཀྱིས་མཐུན་པར་བྱས་པ་ཡིན་ནོ། །དེ་ལྟར་བསྒོམ་པ་ཆུང་ངུ་ལས་འབྲིང་དང༌། འབྲིང་ལས་ཆེན་པོ་ལ་སྙོམས་པར་འཇུག་སྟེ། འཕེལ་བའི་རབ་ཡིན་ནོ། །ཡོན་ཏན་དྲུག་པོ་དེ་ཡང༌། སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མ་ཡིན་ནོ། །རེ་ཞིག་དེ་དག་ཉན་ཐོས་དང་ཐུན་མོང་བའོ། །མངོན་པར་ཤེས་པ་ལ་སོགས་པ་སོ་སོའི་སྐྱེ་བོ་དང་ཡང་ངོ༌། །མངོན་པར་ཤེས་པ་གང་ཞེ་ན། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང༌། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་དེ་དག་ལས་ལྔ་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བའོ། །དེ་དག་ཐམས་ཅད་ནི། རྣམ་གྲོལ་བློ། །རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ཀྱི་རྣམ་གྲངས་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་མ་གཏོགས་པའོ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་ལྔ་སྟེ། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པ་དང༌། ལམ་དང༌། ཀུན་རྫོབ་དང༌། ཕ་རོལ་གྱི་སེམས་ཤེས་
པ་རྣམས་སོ། །ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །འདི་ནི་ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཇི་ལྟ་བ་བཞིན་ནོ། །ལྔ་ནི་བསམ་གཏན་བཞི་དག་ན། །མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞིའི་ས་པའོ། །ལྔ་པོ་དེ་དག་ནི། རང་དང་འོག་སའི་ཡུལ་ཅན་ཡིན། །གོང་མའི་ནི་མ་ཡིན་ནོ། །འདི་དག་ཇི་ལྟར་འཐོབ་ཅེ་ན། མ་འདྲིས་པ་རྣམས་ནི་སྦྱོར་བས། ཐོབ་བྱ་འདྲིས་པ་ཆགས་བྲལ་བས། །མངོན་པར་ཤེས་པ་ནི་ཚེ་རབས་གཞན་ན་གོམས་པ་རྣམས་ནི་འདོད་ཆགས་དང་བྲལ་བས་འཐོབ་བོ། །གསུམ་པ་དྲན་པ་ཉེར་གཞག་གསུམ། །ཚོར་བ་དང༌། སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་གསུམ་མོ། །དང་པོ་རྫུ་འཕྲུལ་རྣ་བ་མིག །རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། །མིག་གི་མངོན་པར་ཤེས་པ་ནི་ལུས་དྲན་པ་ཉེ་བར་གཞག་པའིའོ། །ལྷག་མ་དག་ནི་དམིགས་ཀྱིས་མ་ཕྱེ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཆར་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། །མིག་དང་རྣ་བའི་མངོན་པར་ཤེས་པ་དག་ནི་དེ་དག་དང་མཚུངས་པར་ལྡན་པའི་ཤེས་རབ་དག་ཡིན་ནོ། །དེ་དག་ནི་གཙོ་བོ་འམ་ཕལ་ཆེ་བ་བསྟན་པ་ཡིན་ནོ། །མངོན་པར་ཤེས་པ་འདི་རྣམས་ལས། །གསུམ་ནི་རིག་པ། སྔོན་གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་ཤེས་པ་དང༌། ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ནི་མི་སློབ་པའི་རིག་པ་གསུམ་མོ། །ཅིའི་ཕྱིར་དེ་དག་ཁོ་ན་ཡིན་གྱི་གཞན་མ་ཡིན་ཞེ་ན། སྔོན་མཐའ་སོགས། མ་རིག་པ་ནི་བཟློག་ཕྱིར་རོ། །འདི་དག་ནི་སྔོན་དང༌། ཕྱི་མའི་མཐའ་དང༌། བར་ལ་ཀུན་དུ་རྨོངས་པ་ཟློག་པར་བྱེད་དོ། །དེ་དག་ལས་ཀྱང་དོན་དམ་པར། མི་སློབ་པ་ཐ་མ། ཟག་པ་ཟད་པའི་མངོན་པར་ཤེས་པ་ཉིད་ནི་མི་སློབ་པ་སྟེ། གཉིས་ནི་དེའི། རྒྱུད་ལ་སྐྱེས་ཕྱིར་དེའི་ཞེས་བྱ། །མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ཞེས་བརྗོད་དོ། །མངོན་པར་ཤེས་པ་དེ་དག་སློབ་པ་ཡིན་པར་མི་འདོད་དམ་ཞེ་ན། སློབ་ལ་འདོད་དེ་མི་རིག་དང༌། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །རྒྱུད་ལ་མ་རིག་པ་དང་བཅས་པ་ལ་རིག་པ་གཞག་ཏུ་མི་རུང་སྟེ། ཡང་དེ་ཟིལ་གྱིས་གནོན་པའི་ཕྱིར་རོ། །མངོན་པར་ཤེས་པ་དེ་དག་ལས། །དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན། རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌། རྗེས་སུ་བསྟན་
པའི་ཆོ་འཕྲུལ་རྣམས་ཡིན་ནོ། །འདི་དག་གི་ནང་ན། བསྟན་པ་མཆོག །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་མཆོག་སྟེ། མི་འཕྲུལ་ཕྱིར་དང་ཕན་པ་དང༌། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །རྫུ་འཕྲུལ་ཅི་ཞེ་ན། རྫུ་འཕྲུལ་ཏིང་འཛིན། དེས་ཅི་ཞིག་ཡང་དག་པར་འབྱོར་བར་འགྱུར་ཞེ་ན། དེ་ལས་ནི། སྤྲུལ་དང་འགྲོ་བ། དེ་ལ་འགྲོ་བ་ནི་གསུམ་སྟེ། སྟོན་པ་ལ། ཡིད་མགྱོགས་འགྲོ་བ། ཡུལ་ཐག་རིང་པོར་ཡང་ཐུགས་བསྐྱེད་པའི་དུས་སུ་བྱོན་པའི་ཕྱིར་རོ། །གཞན་དག་ལ། ཕྱིན་བྱེད་མོས་པ་ལས་བྱུང་ཡང༌། །ཉན་ཐོས་དང༌། རང་སངས་རྒྱས་རྣམས་ནི་ལུས་ཕྱིན་བྱེད་ཀྱི་འགྲོ་བ་ཡང་ཡོད་དེ། བྱ་བ་བཞིན་དུ་རིམ་གྱིས་ལུས་ཕྱིན་པར་བྱེད་པའི་ཕྱིར་རོ། །མོས་པ་ལས་བྱུང་བ་ཡང་ཡོད་དེ། ཐག་རིང་པོ་ལ་ཉེ་བར་མོས་ནས་མྱུར་དུ་འགྲོ་བའི་ཕྱིར་རོ། །འགྲོ་བ་འདི་དག་ནི་སངས་རྒྱས་ལ་མ་བཤད་ཀྱང་འགྲུབ་བོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ། དེ་ལ། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །བདག་དང་གཞན་གྱི་ལུས་དང་འབྲེལ་བའི་གཟུགས་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཀྱི་རང་བཞིན་ནོ། །གཟུགས་གཏོགས་གཉིས། དེ་ན་དྲི་དང་རོ་མེད་པའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཏེ། འདོད་པའི་ཁམས་ཇི་ལྟ་བར་འདི་ནི་སྤྲུལ་པ་རྣམ་པ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲ་བས་མདོར་བསྡུ་ན་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །དེ་ཡང་སྤྲུལ་པ་ནི་སྤྲུལ་སེམས་དག་གིས། དེ་དག་ཀྱང་ནི་བཅུ་བཞིའོ། །བསམ་གཏན་འབྲས་གཉིས་ལྔ་ཡི་བར། །རིམ་བཞིན། བསམ་གཏན་དང་པོའི་འབྲས་བུ་ནི་གཉིས་ཏེ། འདོད་པའི་ཁམས་དང༌། བསམ་གཏན་དང་པོའི་ས་པ་དག་སྟེ། དེ་བཞིན་དུ་བསམ་གཏན་བཞི་པའི་བར་དག་ཀྱང་བཞི་དང་ལྔར་སྦྱར་བར་བྱའོ། །བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་ནི་རང་གི་ས་དང་ས་འོག་མ་པ་ཡིན་པར་རིག་པར་བྱའོ། །གོང་མ་ལས་སྐྱེས་མིན། ས་གོང་མའི་སྤྲུལ་པའི་སེམས་ནི་བསམ་གཏན་འོག་མའི་འབྲས་བུར་མེད། དེ་རྙེད་བསམ་གཏན་བཞིན། ཡང་ཅི་སྤྲུལ་པའི་སེམས་ཁོ་ན་ལས་ལྡང་བར་འགྱུར་རམ་ཞེ་ན། དེ་ལྟ་བུ་ནི་མེད་དེ། དེ་ནི། ངག་དང་རང་ས་ལས། སྐྱེ་བར་འགྱུར་ཏེ། སྤྲུལ་པའི་སེམས་ནི་བསམ་གཏན་དག་པ་པའི་མཇུག་ཐོགས་སུ་སྐྱེ་བའམ། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་སྐྱེའོ། །དེ་ལས་གཉིས།
བསམ་གཏན་དག་པ་པ་དང་སྤྲུལ་པའི་སེམས་དག་སྐྱེའོ། །སྤྲུལ་པའི་སེམས་ཐམས་ཅད་ཀྱང༌། རང་གི་ས་པས་སྤྲུལ་བར་བྱེད། །ས་གཞན་པ་ཡིས་ནི་མ་ཡིན་ནོ། །སྨྲར་འཇུག་པ་ནི་འོག་མས་ཀྱང༌། །ཀྱང་གི་སྒྲས་ནི་རང་གི་ས་པས་ཡང་ངོ༌། །འདོད་པའི་ཁམས་དང༌། བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ །ས་གོང་མ་པ་ནི་བསམ་གཏན་དང་པོའི་ས་པས་སོ། །སྤྲུལ་པ་མང་པོ་རྣམས་སྨྲ་བ་ནི། སྟོན་མིན་སྤྲུལ་པ་པོ་དང་བཅས། །སངས་རྒྱས་ལས་གཞན་པ་ནི་སྤྲུལ་པ་པོ་དང་བཅས་ཏེ་སྨྲའོ། །གང་གི་ཚེ་སྨྲ་བའི་སེམས་པ་དེའི་ཚེ་སྤྲུལ་པའི་སེམས་མེད་པས་སྤྲུལ་པ་རྣམས་ཀྱང་མེད་དེ། ཇི་ལྟར་དེ་སྨྲ་འཇུག་ཅེ་ན། །བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །གནས་པར་འདོད་པས་སྤྲུལ་པ་བྱིན་གྱིས་བརླབས་ནས་ཡིད་གཞན་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པས་ངག་འཇུག་པར་བྱེད་དོ། །ཅི་གསོན་པོ་ཁོ་ན་ལ་བྱིན་གྱི་རླབ་ཡོད་དམ་ཞེ་ན། ཤི་བ་ལ་ཡང་བྱིན་རླབས་ཡོད། །མི་བརྟེན་ལ་མེད། ཤ་དང་ཁྲག་ལ་སོགས་པ་བྱིན་གྱིས་བརླབས་པ་མེད་པའི་ཕྱིར་རོ། །གཞན་དག་མིན། གཞན་དག་ན་རེ་ཤི་བ་ལ་བྱིན་གྱིས་བརླབས་པ་མེད་དོ་ཞེས་ཟེར་རོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་པར་བྱེད་དམ་ཞེ་ན། དང་པོར་དུ་མས་གཅིག་ཡིན་ཏེ། །དང་པོ་ཉིད་དུ་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་དོ། །བྱང་བར་གྱུར་ནས་བཟློག་པའོ། །མངོན་པར་ཤེས་པ་བྱང་ནས་ནི་སེམས་གཅིག་གིས་སྤྲུལ་པ་པོ་ཇི་སྙེད་འདོད་པ་དུ་མས་སྤྲུལ་པར་བྱེད་དོ། །ཡང་ཅི་སྤྲུལ་པའི་སེམས་ཐམས་ཅད་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ལྷ་དང་ཤ་ཟ་ལ་སོགས་པའི་སྐྱེ་བས་ཐོབ་པའི་སྤྲུལ་པའི་སེམས་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཡིན་ནོ། །ཅི་བསྒོམས་པ་ལས་བྱུང་བ་དང་སྐྱེ་བས་ཐོབ་པའི་རྫུ་འཕྲུལ་རྣམ་པ་འདི་གཉིས་ཁོ་ནར་ཟད་དམ་ཞེ་ན། རྫུ་འཕྲུལ་རྣམ་པ་གཉིས་པོ་དེ་དག་དང༌། གསང་སྔགས་སྨན་དག་དང༌། །ལས་ལས་སྐྱེས་དང་རྣམ་པ་ལྔ། །རྫུ་འཕྲུལ་བཤད་ཟིན་ཏོ། །ལྷ་ཡི་མིག་དང་རྣ་བ་ཡིན། །བསམ་གཏན་ས་པའི་གཟུགས་དང་བ། །བསམ་གཏན་ལ་སྙོམས་པར་ཞུགས་པས་སྒྲ་དང་སྣང་བ་ལ་གཏོང་པ་བསམ་གཏན་གྱིས་པའི་རྒྱུར་བྱས་
པའི་གཟུགས་དང་བདག་མངོན་པར་འགྲུབ་བོ། །ཡང་དེ་དག་ནི། རྟག་ཏུ་སྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ལྷའི་མིག་དང་རྣ་བ་ནི་དེ་དང་མཚུངས་པ་མེད་དོ། །ཞར་བ་དང་འོན་པ་མེད་པའི་ཕྱིར་མ་ཚང་བ་ཡང་མ་ཡིན་ནོ། །དེ་གཉིས་ཀྱི་ཡུལ་ནི་གཟུགས་དང་སྒྲ་ཐག་རིང་བ་དང༌། ཕྲ་བ་དང། བསྒྲིབས་པ་དག་ཀྱང་ཡིན་ནོ། །དེ་ལ་ཡང༌། དགྲ་བཅོམ་པ་སེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཉན་ཐོས་ཀྱི་ལྷའི་མིག་གིས་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་མཐོང་ངོ༌། །རང་སངས་རྒྱས་ཀྱིས་སྟོང་གསུམ་མོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་གཟིགས་སོ། །ཅི་རྫུ་འཕྲུལ་འབའ་ཞིག་སྐྱེ་བས་ཐོབ་པ་ཡིན་ནམ། འོན་ཏེ་གཞན་ཡང་ཡིན་ཞེ་ན། །གཞན་ཡང་སྐྱེ་བས་ཐོབ། ལྷའི་རྣ་བ་ལ་སོགས་པ་སྐྱེ་བས་ཐོབ་པ་ཡང་ཡོད་མོད་ཀྱི། མངོན་པར་ཤེས་པའི་མིང་མི་ཐོབ་པ། དེས་ནི། སྲིད་པ་བར་མ་མི་མཐོང་ངོ༌། །དེ་ནི་མངོན་པར་ཤེས་པ་ཁོ་ནས་མཐོང་བའི་ཕྱིར་རོ། །སེམས་ཤེས་དེ་ནི་རྣམ་གསུམ། ཕ་རོལ་གྱི་སེམས་ཤེས་པ་སྐྱེ་བས་ཐོབ་པ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་རྣམ་པ་གསུམ་མོ། །གང་རྟོག་དང་རིག་སྔགས་ཀྱིས་བྱས་པའང༌། །གང་ཡང་མཚན་མ་རྣམས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་དང། གང་ཡང་རིག་སྔགས་ཀྱིས་བྱས་པ་དེ་ཡང་རྣམ་པ་གསུམ་མོ། །གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་སྐྱེ་བས་ཐོབ་པ་དག་ནི། དམྱལ་བ་བས་ནི་དང་པོ་ཤེས། །སྡུག་བསྔལ་གྱི་ཚོར་བས་མཉེན་པའི་བར་དུའོ། །འགྲོ་བ་གཞན་ན་གནས་པས་ནི་རྟག་ཏུ་ཤེས་སོ། །མི་ལ་སྐྱེ་བས་ཐོབ་པ་མེད། །མི་རྣམས་ལ་ནི་རྫུ་འཕྲུལ་ལ་སོགས་པ་སྐྱེ་བས་ཐོབ་པ་མེད་དོ། །ཡེ་ཤེས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བདུན་པའོ།། །།ཤེས་པའི་གནས་སྐབས་ཀྱི་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་བཤད་ནས། རང་བཞིན་གཞན་རྣམས་བརྗོད་པ། དེ་ལྟ་བས་ན་ཡོན་ཏན་ཐམས་ཅད་གྱི་རྟེན་ཡིན་པའི་ཕྱིར་དང་པོ་ཁོ་ནར་བསམ་གཏན་ལས་བརྩམས་ཏེ། བསམ་གཏན་དག་ནི་རྣམ་པ་གཉིས། །མདོར་བསྡུ་ན་སྐྱེ་བ་དང༌། སྙོམས་པར་འཇུག་པའི་བྱེ་བྲག་གིས་སོ། །དེ་དག་ཀྱང༌། བཞི་བསམ་གཏན་དང་པོ་ནས་བཞི་པའི་བར་རོ། །དེ་ལ། དེར་སྐྱེ་བ་དག་རབ་ཏུ་བཤད། །དེར་སོ་སོའི་
བསམ་གཏན་ཞེས་བྱ་བ་ལ་སོགས་པའོ། །སྙོམས་པར་ཞུགས་པའི་བསམ་གཏན་བརྗོད་པར་བྱ་སྟེ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །ཡང་དགེ་བ་རྩེ་གཅིག་པའི་བསམ་གཏན་དང་པོ་ཇི་ལྟ་བུ། བཞི་པའི་བར་ནི་ཇི་ལྟ་བུ་ཞེ་ན། དཔྱོད་དང་དགའ་དང་བདེ་དང་ལྡན། །བསམ་གཏན་དང་པོ་ནི་དཔྱོད་པ་དང༌། དགའ་བ་དང་བདེ་བ་དང་ལྡན་པ་ཡིན་ནོ། །ལྷན་ཅིག་སྤྱོད་པའི་ཕྱིར་རྟོག་པ་དང་ཡང་ལྡན་ནོ། །བསམ་གཏན་ལྷག་མ་གསུམ་ན་ནི།། ཡན་ལག་ལྔ་ལྔ་སྤངས་པ་ཡིན། །གཉིས་པ་ནི་དགའ་བ་དང༌། བདེ་བ་དང་ལྡན་པའོ། །གསུམ་པ་ནི་དཔྱོད་པ་དང་དགའ་བ་སྤངས་པའོ། །བཞི་པ་ནི་དཔྱོད་པ་དང༌། དཀའ་བ་དང་བདེ་བ་སྤངས་པ་ཡིན་ནོ། །བསམ་གཏན་རྣམས་ཇི་ལྟ་བར། དེ་བཞིན་གཟུགས་མེད་ཕུང་པོ་བཞི། །རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །འོག་མའི་ས་ལས་དབེན་ལས་སྐྱེས། །བསམ་གཏན་བཞི་པ་ལས་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་བར་རང་རང་གི་འོག་མ་ལས་དབེན་པ་ལས་སྐྱེས་པ་རྣམས་སོ། །གཟུགས་མེད་པ་དེ་དག་ཀྱང༌། ཉེར་བསྡོགས་གསུམ་དང་བཅས་པར་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ནི་བསམ་གཏན་བཞི་པ་ལ་དམིགས་པའི་ཕྱིར་གཟུགས་ཀྱི་འདུ་ཤེས་བཤིག་པ་ཞེས་བྱ་བའི་མིང་མི་འཐོབ་པོ། །གཟུགས་མེད་པ་ན་གཟུགས་མེད་དོ། །དེ་ནི་ཇི་ལྟར་ན་དེ་ནས་འཆི་འཕོ་བ་རྣམས་ཀྱི་གཟུགས་བསྐལ་པ་མི་ཉུང་བ་ཞིག་ཏུ་རྒྱུན་ཆད་པ་ལས་ཡང་སྐྱེ་བར་འགྱུར་ཞེ་ན། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །གཟུགས་ནི་དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་སྐྱེ་བར་འགྱུར་རོ། །ཅི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ནམ་མཁའ་ལ་སོགས་པ་ཁོ་ན་ལ་དམིགས་པ་ཡིན་པས་དེ་སྐད་ཅེས་བྱའམ་ཞེ་ན། མ་ཡིན་ཏེ། འོན་ཀྱང༌། རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར། གྲངས་བཞིན་དུ་ནམ་མཁའ་མཐའ་ཡས་སོ། །རྣམ་པར་ཤེས་པ་མཐའ་ཡས་སོ། །ཅི་ཡང་མེད་ཅེས་ཡིད་ལ་བྱེད་ཅིང་སྦྱོར་བའི་ཕྱིར་དེ་དག་གི་མིང་དེ་
སྐད་ཅེས་བྱའོ། །དམན་ཕྱིར་འདུ་ཤེས་མེད། འདུ་ཤེས་མེད་པའང་མ་ཡིན་ནོ། །འདུ་ཤེས་ཆུང་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱའོ། །དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད། བསམ་གཏན་བཞི་དང༌། གཟུགས་མེད་པ་བཞིའོ། །དེ་དག་ལས། བདུན་རྣམ་པ་གསུམ་སྲིད་པའི་རྩེ་མོ་ལས་གཞན་པ་བདུན་ནི་རྣམ་པ་གསུམ་ཡིན་ཏེ། རོ་མྱང་ལྡན་དང་དག་པ་དང༌། །ཟག་མེད། རོ་མྱོང་བ་དང་མཚུངས་པར་ལྡན་པ་དང༌། དག་པ་བ་དང༌། ཟག་པ་མེད་པ་རྣམས་སོ། །བརྒྱད་པ་རྣམ་པ་གཉིས། ཟག་པ་མེད་པ་མ་གཏོགས་སོ། །དེ་ལ། རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །རོ་མྱང་བ་ནི་སྲེད་པ་ཡིན་ནོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ། འཇིག་རྟེན་པའི་དགེ་བ་སྙོམས་པར་འཇུག་པའི་རྫས་ནི་དག་པ་པ་ཞེས་བྱ་སྟེ། མ་ཆགས་པ་ལ་སོགས་པ་ཆོས་དཀར་པོ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་དེས་ཅི་ཞིག་རོ་མྱོང་བར་བྱེད་ཅེ་ན། དེ་ནི་ངེས་མྱང་བྱ། སྙོམས་པར་འཇུག་པའི་རྫས་དག་པ་པ་འདས་མ་ཐག་པ་དེ་ནི་དེས་རོ་མྱོང་བར་བྱེད་དོ། །ཟག་མེད་འཇིག་རྟེན་འདས་པ་པོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པའི་རྫས་གང་ཡིན་པ་དེ་ནི་ཟག་པ་མེད་པ་ཡིན་ནོ། །སྙོམས་པར་འཇུག་པའི་རྫས་དེ་དག་ལས་བསམ་གཏན་རྣམས་ཁོ་ན་ཡན་ལག་དང་ལྡན་པ་ཡིན་གྱི་གཟུགས་མེད་པ་ནི་མ་ཡིན་ནོ། །དེ་ལ། དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །དེ་དག་ནི་བསམ་གཏན་དང་པོའི་ཡན་ལག་ལྔ་ཡིན་ནོ། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །རབ་ཏུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་ཉིད་དོ། །གཉིས་པ་ནི་ཡན་ལག་བཞི་དང་ལྡན་ནོ། །གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །གསུམ་པ་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། ཏིང་ངེ་འཛིན་དེ་ཡན་ལག་ལྔ་དང་ལྡན་ནོ། །མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །བཞི་པ་ནི་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། །དྲན་པ་ཡོངས་སུ་དག་པ་དང༌། །ཏིང་ངེ་འཛིན་ཏེ་ཡན་ལག་བཞི་དང་ལྡན་ནོ། །དེ་དག་ནི། བཞི་པོ་ལ་མིང་གི་སྒོ་ནས་ཡན་
ལག་བཅོ་བརྒྱད་ཡིན་ནོ། །རྫས་སུ་བཅུ་གཅིག །དེ་ལ་བསམ་གཏན་དང་པོ་བའི་ལྔ་དང༌། གཉིས་པ་ན་ནི་རབ་ཏུ་དང་བ་ལྷག་གོ །གསུམ་པ་ན་ནི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་རྣམས་སོ། །བཞི་པ་ན་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཕྱིར་ཚོར་བའོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། འདི་ལྟར་དེའི་བདེ་བ་ནི་ཚོར་བ་ཡིན་ལ། བསམ་གཏན་དང་པོ་ན། ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །བསམ་གཏན་དང་པོ་དང་གཉིས་པ་དག་ན། ཤིན་ཏུ་སྦྱངས་པ་ལ་བདེ་བར་གསུངས་པའི་ཕྱིར་རོ། །ནང་རབ་ཏུ་དང་བ་གང་ཞེ་ན། རབ་ཏུ་དང་བ་དད་པ་ཡིན། །དེ་ནི་བསམ་གཏན་གཉིས་པ་ཐོབ་པའི་ཕྱིར་མཉམ་པར་གཞག་པའི་ས་ལས་ངེས་པར་འབྱུང་བར་ཡིད་ཆེས་པར་བྱས་ཏེ། དེ་ནི་འདིར་ནང་རབ་ཏུ་དང་བ་ཞེས་བྱའོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ་ཞེས་གང་བཤད་པ་འདི་ལྟར་ཁོང་དུ་ཆུད། གཞན་ཇི་ལྟར་འགྱུར། དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་ཁོ་ན་ཡིན་ལ། ཡིད་བདེ་བ་ནི་བསམ་གཏན་གསུམ་ཆར་གྱི་བདེ་བ་ཡིན་ནོ། བསམ་གཏན་དག་གི་བདེ་བ་ནི་ཡིད་བདེ་བ་ཡིན་པར་མི་རུང་བ་ཉིད་ཀྱིས། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །བཅོམ་ལྡན་འདས་ཀྱིས་རྣམ་པར་འགྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཀའ་སྩལ་ནས་འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པར་འགག་པར་འགྱུར་རོ། །ཞེས་བཀའ་སྩལ་ལ། བསམ་གཏན་བཞི་པ་ན་ནི་བདེ་བའི་དབང་པོ་འགག་པར་བ་གྱུར་རོ་ཞེས་བཀའ་སྩལ་ཏོ། །ཡང་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་ཅེས་ཀྱང་གསུངས་པས་དེའི་ཕྱིར་བསམ་གཏན་གསུམ་པ་ན་ཡིད་བདེ་བའི་དབང་པོ་མེད་དོ། །དེ་ལྟ་བས་ན་དགའ་བ་ཁོ་ན་ཡིད་བདེ་བ་ཡིན་གྱི་བདེ་བ་ནི་མ་ཡིན་ནོ། །ཅི་ཉོན་མོངས་པ་ཅན་གྱི་བསམ་གཏན་དག་ན་ཡང་ཇི་སྐད་དུ་བཤད་པའི་ཡན་ལག་དེ་དག་ཡོད་དམ་ཞེ་ན། མེད་དོ།། དེ་དག་ན་ཅི་ཞིག་མེད་ཅེ་ན། ཉོན་མོངས་ཅན་ལ་དགའ་བདེ་དང༌། །རབ་དང་ཤེས་བཞིན་དྲན་པ་དང༌། །བཏང་སྙོམས་དྲན་པ་དག་པ་མེད། །བསམ་གཏན་དང་པོ་ན་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་མེད་དེ། ཉོན་མོངས་པ་ལས་དབེན་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ན་ནི་རབ་ཏུ་དང་བ་མེད་དེ།
ཉོན་མོངས་པས་རྙོགས་པའི་ཕྱིར་རོ། །གསུམ་པ་ན་ནི་དྲན་པ་དང་ཤེས་བཞིན་མེད་དེ། ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་དུ་རྨོངས་པར་བྱེད་དོ། །བཞི་པ་ལ་ནི་བཏང་སྙོམས་དང༌། །དྲན་པ་ཡོངས་སུ་དག་པ་མེད་དེ། ཉོན་མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཁ་ཅིག་ན་རེ་དང་པོ་དང་གཉིས་པ་དག་ན་ནི་ཤིན་ཏུ་སྦྱངས་པ་མེད་ལ། གསུམ་པ་དང་བཞི་པ་དག་ན་ནི་བཏང་སྙོམས་མེད་དེ། དེ་གཉིས་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་པ་དག་ཡིན་ནོ་ཞེས་བཀའ་སྩལ་ཏོ། །སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །སྐྱོན་དེ་དག་ཀྱང་གང་ཞེ་ན། རྟོག་དང་དཔྱོད་དང་དབུགས་དག་དང༌། བདེ་བ་ལ་སོགས་བཞི་ཡིན་ནོ། །བསམ་གཏན་བཞི་པ་ལ་སྐྱོན་བརྒྱད་པོ་དེ་དག་ཀྱང་མེད་པས་དེའི་ཕྱིར་དེ་ནི་མི་གཡོ་བ་ཞེས་བཤད་དོ། །ཅི་སྙོམས་པར་འཇུག་པའི་བསམ་གཏན་དག་ན་ཡོད་པའི་ཚོར་བ་གང་དག་ཡིན་པ་དེ་དག་ཉིད་སྐྱེ་བའི་བསམ་གཏན་དག་ན་ཡང་ཡོད་དམ་ཞེ་ན། མ་ཡིན་ཏེ། འོན་ཀྱང༌། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང༌། །བཏང་སྙོམས་ཡིད་བདེ་བདེ་བ་དང༌། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །འདི་ནི་བསམ་གཏན་རྣམས་ཀྱི་རྣམ་པར་ཤེས་པ་གསུམ་མམ་བཞིའི་ཚོགས་ཅི་རིགས་པ་དང་ཡིད་ཀྱིས་པའི་ཚོར་བ་དག་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་གསུམ་རྟོག་པ་དད་དཔྱོད་པ་རྣམས་མེད་ཀྱང༌། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་གཏོགས། །བསམ་གཏན་གཉིས་པ་ལ་སོགས་པ་དག་ན་ནི་བསམ་གཏན་དང་པོའི་ས་པའི་མིག་དང༌། རྣ་བ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མངོན་སུམ་དུ་བྱེད་དོ། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཉོན་མོངས་པ་ཅན་ནི་མ་ཡིན་ཏེ། །འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དམན་པའི་ཕྱིར་དགེ་བ་ཡང་མ་ཡིན་ནོ། །ཡང་དག་པ་ལ་སོགས་པའི་བསམ་གཏན་དང༌། གཟུགས་མེད་པ་རྣམས་ཇི་ལྟར་འཐོབ་ཅེ་ན། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་འཐོབ། །ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ། ས་འོག་མར་སྐྱེ་བ་ལས་ལས་དག་པ་འཐོབ་པོ། །ཟག་མེད་འདོད་ཆགས་
བྲལ་བ་ཡིས། །དེ་དང་མི་ལྡན་པ་ལས་འཐོབ། །ཅེས་བྱ་བར་སྦྱར་རོ། །ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །གལ་ཏེ་དེ་ལས་འདོད་ཆགས་དང་བྲལ་བ་ཁོ་ན་ལས་ཡོངས་སུ་ཉམས་པ་ལས་འཐོབ་པོ། གལ་ཏེ་ས་འོག་མར་སྐྱེ་བ་ལས་འཐོབ་པོ། །སྙོམས་པར་འཇུག་པའི་རྫས་གང་ཞིག་ལས་ཅི་ཞིག་སྐྱེ་ཞེ་ན། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ་སྐྱེའོ། །དགེ་བ་སྨོས་པས་ནི་དག་པ་པ་དང་ཟག་པ་མེད་པ་གཟུང་སྟེ། ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྫས་ཀྱི་མཇུག་ཐོགས་སུ་རང་གི་ས་པའི་དག་པ་དང༌། ཟག་པ་མེད་པ་དང༌། ས་གོང་མ་དང་འོག་མའི་ས་པ་གཉིས་གཉིས་སྐྱེའོ། །ཇི་ལྟར་ཟག་པ་མེད་པའི་མཇུག་ཐོགས་སུ་བཤད་པ་ལྟར། དག་པ་ལས་དེ་བཞིན། རང་གི་ས་པའི་ཉོན་མོངས་ཀྱང༌། །དག་པ་པའི་མཇུག་ཐོགས་སུ་ལྷག་པར་རང་གི་ས་པའི་ཉོན་མོངས་པ་ཅན་སྐྱེའོ། །ལྷག་མ་ནི་ཟག་པ་མེད་པ་ལས་ཇི་ལྟ་བ་བཞིན་ནོ། །ཉོན་མོངས་ཅན་ལས་རང་དག་དང༌། །ཉོན་མོངས། ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་རང་གི་ས་པའི་དག་པ་པ་དང༌། ཉོན་མོངས་པ་ཅན་དག་སྐྱེའོ། །འོག་མའི་དག་གཅིག་ཀྱང༌། ཉོན་མོངས་པས་གཟིར་བའི་ས་འོག་མ་པའི་དག་པ་ལ་ཡང་དགའ་བར་འགྱུར་རོ། །སྙོམས་པར་ཞུགས་པའི་དུས་ལ་ལྟོས་ནས་དག་པ་པ་དང༌། ཉོན་མོངས་པ་ཅན་ལས་རང་གི་ས་པའི་ཉོན་མོངས་པ་ཅན་ཁོ་ན་སྐྱེའོ། །འཆི་འཕོའི་དག་ལས་ཉོན་མོངས་ཀུན། །འཆི་འཕོ་བའི་ཚེ་སྐྱེ་བས་ཐོབ་པའི་དག་པ་པའི་མཇུག་ཐོགས་སུ་ས་ཐམས་ཅད་པའི་ཉོན་མོངས་པ་ཅན་སྐྱེའོ། །ཉོན་མོངས་ཅན་ལས་གོང་མ་མིན། །འཆི་འཕོ་བའི་ཚེ་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་གཟུགས་མེད་པའི་མཇུག་ཐོགས་སུ་རང་གི་ས་པ་དང་ས་འོག་མའི་ཉོན་མོངས་པ་ཅན་སྐྱེའི་ས་གོང་མ་པ་ནི་མ་ཡིན་ནོ། །དག་པ་པ་ཐམས་ཅད་ལས་ཟག་པ་མེད་པའི་སྙོམས་པར་འཇུག་པའི་རྫས་སྐྱེ་བ་ཡང་མ་ཡིན་ནོ། །འདི་ལྟར། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི། དེ་ཡང༌། དེ་ནི་གོ་རིམས་བཞིན། ཉོན་མོངས་སྐྱེ་དང་རང་ས་དང༌། གོང་དང་ཟག་མེད་རྗེས་མཐུན་པའོ། །ཉམས་པའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གནས་པའི་ཆ་དང་མཐུན་པ་ནི་
རང་གི་ས་དང་རྗེས་སུ་མཐུན་པའོ། །ཁྱད་པར་གྱི་ཆ་དང་མཐུན་པ་ནི་ས་གོང་མ་དང་རྗེས་སུ་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་ཟག་པ་མེད་པའི་རྗེས་སུ་མཐུན་པ་སྟེ། ཟག་པ་མེད་པ་ནི་དེ་ལས་སྐྱེའོ། །ཡང་བཞི་པོ་དེ་དག་ལས་གང་གི་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཉམས་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་གཉིས་སྐྱེ་སྟེ། ཉམས་པ་དང༌། གནས་པའི་ཆ་དང་མཐུན་པ་དག་གོ །གནས་པའི་ཆ་དང་མཐུན་པ་ནི་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མི་གཏོགས་སོ། །ཁྱད་པར་གྱི་ཆ་དང་མཐུན་པའི་ནི་གསུམ་སྟེ། ཉམས་པའི་ཆ་དང་མཐུན་པ་མ་གཏོགས་སོ། །ངེས་པར་འབྱེད་པའི་ནི་གཅིག་སྟེ། དེ་གཅིག་པུ་སྐྱེའོ། །ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཇི་ལྟ་བར་སྐྱེད་ཅེ་ན། ས་བརྒྱད་རྣམ་གཉིས་འབྲེལ་བ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ས་བརྒྱད་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་གོ །རྣམ་གཉིས་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །འབྲེལ་བ་དང༌། ཞེས་པ་ནི་གོ་རིམས་བཞིན་དུའོ། །གཅིག་རྒལ་ནི་རེ་རེ་རྒལ་ནས་སོ། །སོང་ཞིང་ཞེས་བྱ་བ་ནི་ལུགས་དང་མཐུན་པར་འགྱུར་རོ། །འོངས་ནས་ཞེས་བྱ་བ་ནི་ལུགས་དང་མི་མཐུན་པར་འགྱུར་རོ། །ཟག་པ་དང་བཅས་པའི་ས་བརྒྱད་དང༌། ཟག་པ་མེད་པའི་ས་བདུན་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་སྒོ་ནས་བྱང་བར་བྱས་ནས་ཕྱིས་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པ་གསུམ་པ་ལ་སྙོམས་པར་འཇུག་ཅིང༌། དེ་ནས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་བཞིན་དུ་ལུགས་དང་མི་མཐུན་པ་ཡང་བྱང་བར་བྱས་ནས་ཟག་པ་མེད་པ་རྣམས་ཀྱང་རེ་རེ་རྒལ་ཞིང་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཟག་པ་དང་བཅས་པ་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང༌།
དེ་བཞིན་དུ་ལུགས་དང་མི་མཐུན་པར་ཡང་སྙོམས་པར་འཇུག་པ་དེའི་ཚེ་རིགས་མི་མཐུན་པའི་རྫས་གསུམ་པར་འགྲོ་བའི་ཕྱིར་མངོན་པར་གྲུབ་པ་ཡིན་ནོ། །རྟེན་གང་གིས་བསམ་གཏན་དང་གཟུགས་མེད་པ་དུ་ཞིག་མངོན་སུམ་དུ་བྱེད་ཅེ་ན། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན། སྲིད་པའི་རྩེ་མོ་ནི་སྲིད་པའི་རྩེ་མོར་ཡང་མངོན་སུམ་དུ་བྱེད་ལ། འོག་མ་འདོད་པའི་ཁམས་ཀྱི་བར་དུ་ཡང་ངོ༌། །དེ་བཞིན་དུ་གཞན་ཡང་ངོ༌། །ཅིའི་ཕྱིར་གོང་དུ་སྐྱེས་པ་སྙོམས་པར་འཇུག་པ་འོག་མ་མངོན་དུ་མི་བྱེད་ཅེ་ན། འདི་ལྟར་དེ་ལ། འོག་དགོས་མེད། སྤྱིར་བསྟན་པར་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། སྲིད་རྩེར་འཕགས་པའི་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །སྲིད་པའི་རྩེ་མོར་སྐྱེས་པ་ནི་ཟག་པ་མེད་པའི་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་ཟག་པ་ཟད་པར་འགྱུར་རོ། །བསམ་གཏན་དང༌། གཟུགས་མེད་པའི་དམིགས་པ་ཅི་ཞེ་ན། སྲེད་བཅས་རང་གི་སྲིད་ལ་དམིགས། །ཟག་པ་དང་བཅས་པ་རང་གི་ས་པ་ལ་དམིགས་སོ། །བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །དགེ་བའི་བསམ་གཏན་དག་པ་པ་དང་ཟག་པ་མེད་པའི་དམིགས་པ་ནི་ཐམས་ཅད་ཡིན་ནོ། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་དམིགས་པ་ནི་ས་འོག་མའི་ཟག་པ་དང་བཅས་པ་མ་ཡིན་ཏེ། རང་གི་ས་དང་གོང་མ་ལ་དམིགས་པའི་ཕྱིར་རོ། །བསམ་གཏན་དང༌། གཟུགས་མེད་པ་རྣམ་པ་གསུམ་པོ་འདི་དག་ལས། །ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ༌། །དག་པ་པས་ཀྱང་མི་སྤོང་ན་ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཉེར་བསྡོགས་དག་པས་ཀྱང༌། གཟུགས་དང་གཟུགས་མེད་པའི་ཉེར་བསྡོགས་དག་པ་པས་ཀྱང་ཉོན་མོངས་པ་རྣམས་སྤང་སྟེ། ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཉེར་བསྡོགས་དུ་ཞིག་ཡོད་ཅེ་ན། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། །རེ་རེ་ལ་གང་གིས་དེ་ལ་འཇུག་པ་རེ་རེ་ཡོད་དོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ། དེ་དག་ལ་ཚོར་བ་དང༌། ཡང་དེ་དང་འདྲ་བར་ཡོད་དམ་
ཞེ་ན། མ་ཡིན་ཏེ། དག་པ་བདེ་མིན་སྡུག་བསྔལ་མིན། །དེ་དག་ནི་དག་པ་པ་ཡིན་ལ་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་དག་ཀྱང་ཡིན་ཏེ། འབད་དེ་དྲང་བར་བྱ་བ་ཡིན་པའི་ཕྱིར་རོ། །དང་པོ་འཕགས་པའང༌། ཉེར་བསྡོགས་ཀྱི་དང་པོ་མི་ལྕོགས་པ་མེད་པ་སྟེ། དེ་ནི་དག་པ་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་མ་ཡིན་ནོ། ཁ་ཅིག་གསུམ། རོ་མྱང་བ་དང་མཚུངས་པར་ལྡན་པ་ཡང་ཞེས་ཟེར་རོ། ཅི་འདི་དོན་གཅིག་གམ་ཐ་དད་ཅེ་ན། ཐ་དད་དེ། ཉེར་བསྡོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། རྟོག་མེད་བསམ་གཏན་ཁྱད་པར་ཅན། །བསམ་གཏན་དང་པོ་ཁོ་ན་རྟོག་པ་དང་མཚུངས་པར་མི་ལྡན་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་ཏེ། བསམ་གཏན་གྱི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །རྣམ་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན། །བསམ་གཏན་ཁྱད་པར་ཅན་དེ་བསྒོམས་ན་ཚངས་པ་ཆེན་པོར་འགྱུར་རོ། །ཡང་ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུས་ནས་མདོ་ལས་གསུམ་དུ་གསུངས་ཏེ། དེ་ལ་རེ་ཞིག་བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཏོ་ཞེས་ཤེས་པར་བྱས་ཟིན་ཏོ། །དེ། མན་ཆད་རྟོག་དཔྱོད་བཅས་པ་ཡིས། །ཏིང་འཛིན་བསམ་གཏན་ཁྱད་པར་ཅན། །དེ་མན་ཆད་ནི་བསམ་གཏན་དང་པོ་དང་མི་ལྕོགས་པ་མེད་པའོ། །ཡན་ཆད་གཉིས་ཀ་མེད། བསམ་གཏན་ཁྱད་པར་ཅན་ཡན་ཆད་རྟོག་པ་དང་དཔྱོད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ཏིང་ངེ་འཛིན་གསུམ་གསུངས་ཏེ། དེ་ལ། མཚན་མེད་ཞི་བའི་རྣམ་པ་ཅན། །འགོག་པའི་བདེན་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པ་གཉིས་དང་མཚུངས་པར་ལྡན་ནོ། །སྨོན་པ་མེད་པ་ནི། དེ་ལས་གཞན་བདེན་རྣམ་པ་དང༌། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་རྣམ་པ་བཅུ་དང་ལྡན་པར་འཇུག་གོ །ཏིང་ངེ་འཛིན་གསུམ་པོ་འདི་དག་ནི་རྣམ་པ་གཉིས་ཏེ། དག་དང་དྲི་མ་མེད། དག་པ་པ་དང༌། དྲི་མ་མེད་པ་དག་གོ །དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །གསུམ་པོ་དེ་དག་ལས། ཟག་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཡིན་ནོ། །ཡང༌། སྟོང་ཉིད་སྟོང་ཉིད་ཅེས་
ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ་ཞེས་པའོ། །དེ་དག་ལས། གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པའི་ལ་དམིགས་པ་ཡིན། །སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་པ་ཉིད་ཀྱི་རྣམ་པས་དམིགས་སོ། །སྨོན་པ་མེད་པ་སྨོན་པ་མེད་པ་ཡང་མི་སློབ་པའི་སྨོན་པ་མེད་པ་ལ་མི་རྟག་པའི་རྣམ་པས་དམིགས་སོ། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་མཚན་མ་མེད་པ་སོ་སོར་མ་བརྟགས་པས་འགོག་པ་ལ་ཞི་བའི་རྣམ་པས་དམིགས་སོ། །ཏིང་ངེ་འཛིན་འདི་དག་ནི་གཅིག་ཏུ། ཟག་བཅས། འཕགས་པའི་ལམ་ལ་སྡང་བའི་ཕྱིར་རོ། །གང་དུ་སྐྱེད་པར་བྱེད་ཅེ་ན། མི་ནང༌། ལྷ་དག་གི་ནང་དུ་ནི་མ་ཡིན་ནོ། །སུ་ལ་སྐྱེ་ཞེ་ན། མི་གཡོ་ལ། དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ། །ས་དུ་པ་ཞིག་ཡིན་ཞེ་ན། ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །འདོད་པའི་ཁམས་དང༌། མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་དང༌། གཟུགས་མེད་པ་རྣམས་དང༌། བཅུ་གཅིག་ན་ཡོད་དོ། །ཡང་ཏིང་ངེ་འཛིན་བསྒོམ་པ་རྣམ་པ་བཞི་གསུངས་ཏེ། དེ་ལ། དགེ་བའི་བསམ་གཏན་དང་པོ་ནི། །བདེ་འགྱུར་ཏིང་འཛིན་བསྒོམ་པ་ཡིན། །བདེ་བའི་བསམ་གཏན་དང་པོ་དག་པ་པའམ། ཟག་པ་མེད་པ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །མིང་གི་མངོན་ཤེས་མཐོང་འགྱུར་འདོད། །ལྷའི་མིག་གི་མངོན་པར་ཤེས་པ་ནི་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། །སྦྱོར་བའི་ཡོན་ཏན་ཁམས་གསུམ་པ་དང༌། ཟག་པ་མེད་པ་ཐམས་ཅད་ནི་ཤེས་རབ་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི།། གང་ཡིན་དེ་ཟག་ཟད་འགྱུར་བསྒོམ། །བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ནོ། །ཏིང་ངེ་འཛིན་རྣམས་བཤད་ནས། དེ་ལ་བརྟེན་པའི་ཡོན་ཏན་རྣམས་བསྟན་པར་བྱ་སྟེ། ཚད་མེད་པ་ནི་བཞི་ཡིན་ནོ། །བྱམས་
པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་ཁོ་ན་ཞེ་ན། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། འདོད་པའི་འདོད་ཆགས་རྣམས་ཀྱི་གྲངས་བཞིན་ནོ། །དེ་ལ། ཞེ་སྡང་མེད་བྱམས་སྙིང་རྗེ་ཡང༌། །ཞེ་སྡང་མེད་པའི་རང་བཞིན་ནོ། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས། མ་ཆགས་པའི་རང་བཞིན་ནོ། །འདི་དག་གི་རྣམ་པ་ནི། ཀྱེ་མ་བདེར་གྱུར་སྡུག་བསྔལ་དང༌། །དགར་གྱུར་སེམས་ཅན་རྣམས་མཉམ་པ། ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་པ་ཡིད་ལ་བྱེད་པ་ནས་སེམས་ཅན་རྣམས་མཉམ་མོ་སྙམ་དུ་ཡིད་ལ་བྱེད་ཅིང་སྙོམས་པར་འཇུག་པའི་བར་རོ། །འདི་དག་གི་རྣམ་པ་བཤད་ཟིན་ཏོ། །སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །དེ་ལ་དམིགས་པའི་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་ས་དུ་པ་ཞིག་ཡིན་ཞེ་ན། དགའ་བ་བསམ་གཏན་གཉིས་ན་ཡོད། །དང་པོ་དང་གཉིས་པ་ན་སྟེ། ཡིད་བདེ་བ་ཡིན་པའི་ཕྱིར་རོ། །གཞན་ནི་དྲུག་ན། གཞན་གསུམ་ནི་མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་རྣམས་དང་དྲུག་ན་ཡོད་དོ། །ཁ་ཅིག་ལྔ། མི་ལྕོགས་པ་མེད་པ་མ་གཏོགས་པ་ཞེའོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་གང་བཤད་པ། ཅི་ཚད་མེད་པ་རྣམས་ཀྱིས་ཀྱང་སྤོང་ངམ་ཞེ་ན། དེ་ཡིས་མི་སྤོང༌། དེ་དག་གི་སྦྱོར་བས་གནོད་སེམས་ལ་སོགས་པ་རྣམ་པར་གནོན་པའི་ཕྱིར་གཉེན་པོར་བཤད་དོ། །ཚད་མེད་པ་བཞི་པོ་འདི་དག་ནི། མི་དག་གི །ནང་དུ་སྐྱེད་དོ། །གཞན་དུ་ནི་མ་ཡིན་ནོ། །ཅི་ཚད་མེད་པ་གཅིག་དང་ལྡན་པ་དེ་གདོན་མི་ཟ་བར་ཐམས་ཅད་དང་ལྡན་ནམ་ཞེ་ན། ངེས་པ་མེད་དེ། འོན་ཀྱང༌། ངེས་གསུམ་ལྡན། བསམ་གཏན་གསུམ་པ་དང༌། བཞི་པར་སྐྱེས་པ་དགའ་བ་དང་མི་ལྡན་ནོ། །གསུམ་པོ་དང་ནི་རྟག་ཏུ་ལྡན་ནོ། །རྣམ་པར་ཐར་བརྒྱད། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་
སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་ནི་གསུམ་པའོ། །གཟུགས་མེད་པ་བཞི་དང༌། བརྒྱད་པ་འདུ་ཤེས་དང༌། ཚོར་བ་འགོག་པའོ། །དེ་རྣམས་ལས། དང་པོ་གཉིས། མི་སྡུག །དང་པོ་གཉིས་ནི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་མི་སྡུག་པའི་རང་བཞིན་དག་ཡིན་ནོ། །དེ་དག །བསམ་གཏན་གཉིས་ན་ཡོད། དང་པོ་དང་གཉིས་པ་ནའོ། །གསུམ་པ་མཐའ་ན་དེ་མ་ཆགས། །བསམ་གཏན་བཞི་པ་ན་མ་ཆགས་པའི་རང་བཞིན་ཡིན་ནོ། །དེ་དག་འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་བདག་ཉིད་དོ། །གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །གཟུགས་མེད་པ་བཞིའི་ནི་མཉམ་པར་གཞག་པ་དགེ་བ་ཁོ་ན་རྣམ་པར་ཐར་པ་ཞེས་བྱའོ། །འགོག་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཐར་པ་བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་ནི་སྔར་བཤད་ཟིན་ཏོ། །དེ་ལ་ནི། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །སྲིད་པའི་རྩེ་མོའི་འདུ་ཤེས་ནི་ཕྲ་བ་སྟེ། དེ་བས་ཀྱང་ཆོས་ཕྲ་བར་བྱས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །སྙོམས་པར་འཇུག་པ་རྣམས་ནི། །རང་གི་ས་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང༌། །སྲིད་པའི་རྩེ་མོའི་སེམས་པའམ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་པའི་སེམས་ཟག་པ་མེད་པས་དེ་ལས་ལྡང་ངོ༌། །རྣམ་པར་ཐར་པ་འདི་དག་ལས། །དང་པོ་འདོད་གཏོགས་སྣང་ཡུལ་ཅན། །འདི་དག་གི་དམིགས་པ་ནི་ཅི་རིགས་པར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་མི་འོང་བ་དང་ཡིད་དུ་འོང་བ་ཡིན་ནོ། །གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་སའི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །གཟུགས་མེད་པའི་རྣམ་པར་ཐར་པ་རྣམས་ཀྱི་དམིགས་པ་ནི་རང་གིས་པ་དང་གོང་མའི་སྡུག་བསྔལ་དང༌། དེའི་རྒྱུ་དང༌། འགོག་པ་དང༌། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་ལ་སོགས་པ་རྣམས་ལ་ལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པ་འདི་ནི་དང་པོའོ།།
དེ་བཞིན་དུ་ཆེན་པོ་རྣམས་ཀྱང་ཤེས་པར་བྱའོ། །དེ་ཁོ་ན་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པ་སྟེ། དེ་ལྟར་ན་བཞི་པོ་དེ་དག་དང༌། །ནང་ན་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ན་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་ལ་ལྟ་བ་སྟེ། དེ་ལྟར་ན་བརྒྱད་ཡིན་ནོ། །དེ་དག་ལས། གཉིས་ནི་རྣམ་ཐར་དང་པོ་བཞིན། །དང་པོ་དང་གཉིས་པའོ། །གཉིས་ནི་གཉིས་པ་བཞིན་ནོ། །གསུམ་པ་དང་བཞི་པ་ནི་རྣམ་པར་ཐར་པ་གཉིས་པ་བཞིན་ནོ། །གཞན། སྡུག་པའི་རྣམ་པར་ཐར་པ་བཞིན། །སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བར་གཞན་བཞི་ཡང་དེ་དག་འདྲ་སྟེ། ཁྱད་པར་ནི་དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་པ། འདི་དག་གིས་དམིགས་པ་ཟིལ་གྱིས་གནོན་ཏོ། །ཇི་ལྟར་འདོད་པ་བཞིན་དུ་མོས་པའི་ཕྱིར་དང༌། ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །ཟད་པར་བཅུའོ། །བར་ཆད་མེད་པར་ཟད་པར་རྒྱས་པར་བྱེད་པའི་ཕྱིར། ཟད་པར་གྱི་སྐྱེ་མཆེད་ནི་བཅུ་སྟེ། ཟད་པར་ས་དང་ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ཟད་པར་ནམ་མཁའ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་རྣམས་ལས། བརྒྱད་མ་ཆགས། དང་པོ་བརྒྱད་ནི། མ་ཆགས་པའི་རང་བཞིན་དག་ཡིན་ནོ། །བསམ་གཏན་མཐའ་ན། བཞི་པ་ནའོ། །སྤྱོད་ཡུལ་ནི། འདོད་པ། འདི་དག་གི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་དོ། །གཉིས་ནི་གཟུགས་མེད་དག །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་པའི་རང་བཞིན་དག་ཡིན་ནོ། །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སོ་སོའི་སྐྱེ་བོ་དང་འཕགས་པའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་ཡོད་པ་དག་པ་པ་ཡིན་ནོ། །འདི་དག་ལས། འགོག་པ་བཤད་ཟིན། འགོག་པའི་རྣམ་པར་ཐར་པ་འདི་ནི་སྔར་བཤད་ཟིན་ཏོ། །ལྷག་མ་ནི། འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། །འགོག་པ་ལས་གཞན་པའི་རྣམ་པར་ཐར་པ་ལ་སོགས་པའི་འདོད་ཆགས་དང་བྲལ་བས་འཐོབ་པ་ཡང་ཡིན་ལ། སྦྱོར་བ་ལས་བྱུང་བདག་ཀྱང་ཡིན་ཏེ། འདྲིས་
པ་དང་མ་འདྲིས་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །གཟུགས་མེད་པའི་རྣམ་པར་ཐར་པ་དང༌། གཟུགས་མེད་པའི་ཟད་པར་དག་ནི་ཁམས་གསུམ་པའི་རྟེན་ཅན་དག་གོ །ལྷག་མ་མིའི་རྟེན་ཅན་ཁོ་ནའོ། །ཇི་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་གཟུགས་མེད་པ་དང༌། བསམ་གཏན་གྱི་ཁྱད་པར་སྐྱེ་ཞེ་ན། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །རྒྱུའི་སྟོབས་ཀྱིས་ནི་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལ་སོགས་པ་ལས་སོ། །ལས་ཀྱི་སྟོབས་ཀྱིས་ནི་ས་གོང་མ་པའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང༌། གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་རྒྱུ་དང༌། ལས་ཀྱི་སྟོབས་དེ་དག་དང༌། ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། འཇིག་པའི་ཚེ་ལྟ་བུའོ། །དམ་པའི་ཆོས་འདི་ཇི་སྲིད་ཅིག་ཏུ་གནས་ཤེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ལུང་ནི་མདོ་སྡེ་ལ་སོགས་པ་གསུམ་མོ། །རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ལུང་ནི་འཛིན་པར་བྱེད་པ། སྨྲ་བར་བྱེད་པ་དག་གོ །རྟོགས་པར་བྱེད་པ་ནི་སྒྲུབ་པར་བྱེད་པའོ། །དེ་བས་ན་འདི་དག་གནས་པའི་བར་དུ་དམ་པའི་ཆོས་ཀྱང་གནས་སོ། །མངོན་པ་འདི་ཉིད་སྟོན་པས་བཤད་དམ་ཞེ་ན། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །སངས་རྒྱས་དང་དེའི་སྲས་རྣམས་ཀྱང་ངོ༌། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡིས། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཚོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་
འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བརྒྱད་པ་རྫོགས་སོ།། །།ཡང་ཅི་འདི་ལས་གཞན་ལ་ཐར་པ་ཡོད་དམ་ཞེ་ན། མེད་དོ། །ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པའི་ཕྱིར་ཏེ། ཕུང་པོའི་རྒྱུད་ཁོ་ན་ལ་བདག་ཏུ་འདོགས་པར་ནི་ངེས་པར་མི་འཛིན་ཏོ། །འོན་ན་ཅི་ཞེ་ན། རྫས་གཞན་ཁོ་ན་ལ་བདག་ཏུ་ཡོངས་སུ་རྟོགས་པར་བྱེད་ལ། ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུད་ཁོ་ན་ལ་འཇུག་གི་མངོན་པར་བརྗོད་པར་བྱ་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འོ་ན་ནི་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ། ཐམས་ཅད་ཤེས་པར་འགྱུར་བའི་སེམས་སམ་སེམས་ལས་བྱུང་བ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་མེད་དེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་ཟག་གིས་ནི་ཤེས་པར་འགྱུར་རོ། །སྨྲས་པ། རྒྱུན་གྱིས་སྤྱོད་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་སྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་བྱའི། །ཅིག་ཅར་ཐམས་ཅད་མཁྱེན་ཕྱིར་མིན། །ཁོ་བོ་ཅག་ནི་ཐམས་ཅད་ལ་ཅིག་ཅར་མཁྱེན་པ་མངོན་སུམ་དུ་གྱུར་པའི་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་པར་ནི་མི་སྨྲའི། འོ་ན་ཇི་ལྟར་ཞེ་ན། མཐུ་ཡོད་པའི་ཕྱིར་དེ་སངས་རྒྱས་ཞེས་བྱ་བའི་རྒྱུད་གང་ཡིན་པ་དེ་ལ་གང་དུ་བཞེད་པ་གཏད་པ་ཙམ་གྱིས་ཕྱིན་ཅི་མ་ལོག་པར་མཁྱེན་པ་སྐྱེ་བ་གང་ཡིན་པ་དེའི་མཐུ་ཡོད་དོ། །འོ་ན་ཕུང་པོ་ལྔ་ཁོ་ན་ལ་ཡོད་ལ་བདག་མེད་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མེད་པ་ཁོ་ནའོ་ཞེས་མ་གསུངས་ཤེ་ན། འདྲི་བ་པོའི་བསམ་པ་ལ་ལྟོས་པའི་ཕྱིར་ཏེ། དེས་སྲོག་ཅེས་བྱ་པའི་ཕུང་པོའི་རྒྱུན་གང་ཡིན་པ་དེ་ཡང་མེད་པར་གོ་བར་གྱུར་ན། ལོག་པར་ལྟ་བར་ལྟུང་བར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་པའི་ཕྱིར་རོ། །འདིར་གསུམ་པ། ལྟ་བའི་མཆེ་བས་སྨྲས་པ་དང༌། །ལས་རྣམས་འཇིག་པ་ལ་ལྟོས་ནས། །སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་ནི་སྟོན་པར་
མཛད། །བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །ཀུན་རྫོབ་རྟོགས་པར་མ་གྱུར་ནས། །དགེ་བའི་ཕྲུ་གུ་ཉམས་བྱེད་འགྱུར། །ཡང་གསུངས་པ། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །བཏགས་པ་དང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཕུང་པོའི་རྒྱུན་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །དེ་ལ་སྲོག་ཅེས་བྱ་སྟེ་དེ། །སྲོག་མེད་བསྟན་པས་མེད་པར་འགྱུར། །སྲོག་ཅེས་བྱ་བ་ཕུང་པོ་ལ། །བཏགས་ཙམ་ཞེས་ཀྱང་མ་གསུངས་སོ། །དེའི་ཚེ་སྐྱེ་བོ་དེ་འདྲ་སྟེ། །སྟོང་ཉིད་རྟོགས་པའི་སྐལ་ལྡན་མིན། །འདི་ལྟར་གནས་པས་བདག་ཡོད་དམ། །མེད་ཅེས་དྲིས་པ་འདྲི་བ་ཡི། །བསམ་པ་ལ་ལྟོས་མ་གསུངས་ཏེ། །ཡོད་ན་ཅི་ཕྱིར་ཡོད་མི་གསུངས། །འཇིག་རྟེན་རྟག་ཅེས་བྱ་བ་ཡང་འདྲི་བ་པོའི་བསམ་པ་ལ་ལྟོས་ནས་ལུང་མ་བསྟན་ཏེ། རེ་ཞིག་གལ་ཏེ་འཇིག་རྟེན་བདག་ཉིད་ཡིན་པར་འདོད་ན་ནི། དེ་མེད་པའི་ཕྱིར་ལུང་མ་བསྟན་བཞི་ཆར་མི་རིགས་སོ། །འོན་ཏེ་འཇིག་རྟེན་འཁོར་བ་ཐམས་ཅད་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། འཇིག་རྟེན་རྟག་ན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །མི་རྟག་ན་ནི་ཐམས་ཅད་ཆད་པར་འགྱུར་རོ། །གཉིས་ཀ་ཡིན་ན་ནི་ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། ཁ་ཅིག་ནི་མི་འགྱུར་རོ། །གཉིས་ཀ་མ་ཡིན་ན་ནི་ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན་ལ། ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡང་མ་ཡིན་པ་ཁོ་ནར་འགྱུར་རོ། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདའ་བ་ནི། ལམ་ལ་རག་ལུས་པའི་ཕྱིར་རྣམ་པ་བཞི་ཆར་ཡང་ངེས་པར་ལུང་མི་སྟོན་ཏེ། གཅེར་བུ་པའི་ཉན་ཐོས་ཀྱི་བྱེའུ་བཟུང་བ་བཞིན་ནོ། དེ་བཞིན་དུ་གཞན་རྣམས་ཀྱང་ངོ༌། །གལ་ཏེ་རྣམ་པར་ཤེས་པ་ལས་རྣམ་པར་ཤེས་པ་སྐྱེའོ། །བདག་ལས་མ་ཡིན་ན། ཅིའི་ཕྱིར་རྟག་ཏུ་དེ་དང་འདྲ་བ་ཁོ་ན་སྐྱེ་བར་མི་འགྱུར་ཞིང༌། མྱུ་གུ་དང༌། སྡོང་པོ་དང༌། འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེ་ན། གནས་པ་གཞན་དུ་འགྱུར་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། རྒྱུན་གདོན་མི་ཟ་བར་གཞན་དུ་འགྱུར་བ་འདི་ནི། འདུས་བྱས་ཀྱི་རང་བཞིན་ནོ། །དེ་ལྟ་མ་ཡིན་
ན། བསམ་གཏན་རྫོགས་པས་མཉམ་པར་གཞག་པ་རྣམས་ལས་ལུས་དང་སེམས་འདྲ་བ་སྐྱེ་ན་སྐད་ཅིག་མ་དང་པོ་དང་ཁྱད་པར་མེད་པའི་ཕྱིར། ཕྱིས་ཀྱང་བདག་ལྡང་བར་མི་འགྱུར་རོ། །གང་ལས་གང་ཞིག་སྐྱེ་བར་འགྱུར་བ་དེ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་སེམས་རྣམས་ཀྱི་རིམ་པ་ཡང་ངེས་པ་ཁོ་ན་ཡིན་ནོ། །དེ་མ་ཐག་པའི་རྒྱུ་ཤེས་པ་ལ་ནི་སངས་རྒྱས་རྣམས་མངའ་བདག་ཡིན་ཏེ། འདི་སྐད་དུ་རྨ་བྱའི་མདོངས་ནི་གཅིག་ལ་ཡང༌། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །དེ་ཤེས་ཀུན་མཁྱེན་སྟོབས་ཡིན་ནོ། །ཞེས་བཤད་ནས་གཟུགས་ཅན་མ་ཡིན་པའི་སེམས་ཀྱི་བྱེ་བྲག་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཅིའི་ཕྱིར་དེ་དང་འདྲ་བ་ཁོ་ནར་སྐྱེ་བར་མི་འགྱུར་ཞིང༌། མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་དུ་རིམ་པ་ངེས་པར་སྐྱེ་བར་མི་འགྱུར་ཞེས་བྱ་བ་འདི་ནི་མུ་སྟེགས་ཅན་གང་ལ་ལ་སེམས་ནི་བདག་ལས་སྐྱེའོ་སྙམ་དུ་སེམས་པ་དེ་ཁོ་ན་ལ་གསལ་བར་ཀླན་ཀར་འགྱུར་རོ། །བདག་མེད་ན་ཇི་ལྟར་ལས་ཞིག་ཟིན་པ་ལས། ཚེ་ཕྱི་མ་ལ་འབྲས་བུ་འབྱུང༌། །བདག་ཡོད་ན་ཡང་ཇི་ལྟར་ན་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང༌། ཁོ་བོ་ཅག་ཀྱང་ལས་ཞིག་ཟིན་པ་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བར་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། དེའི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་འབྱུང་བ་ཞེས་བྱ་བ་དེ་ནི་ཞིག་པ་ལས་བྱུང་བ་ཡང་མ་ཡིན་ལ་མཇུག་ཐོགས་ཁོ་ནར་འབྱུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། མྱུ་གུ་དང༌། སྡོང་བུ་དང༌། འདབ་མ་ལ་སོགས་པ་མེ་ཏོག་ལ་ཐུག་པ་རིམ་པ་རྫོགས་པ་ལས་གཞན་ན། །ཡང་རྒྱུད་ནི་ཅི་ཡིན། ཡོངས་སུ་འགྱུར་བ་ནི་ཅི་ཡིན། ཁྱད་པར་ནི་ཅི་ཡིན་ཞེ་ན། ལས་སྔོན་དུ་འགྲོ་བའི་ཕྱིར་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་དོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བའོ། །དེ་མཇུག་ཐོགས་སུ་འབྲས་བུ་སྐྱེད་ནུས་པ་གང་ཡིན་པ་དེ་ནི་ཡོངས་སུ་འགྱུར་བ་ལས། ཁྱད་པར་དུ་འཕགས་པའི་ཕྱིར་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ། དཔེར་ན་ཡང་སྲིད་པའི་ཉེ་བར་ལེན་པ་དང་བཅས་པའི་སེམས་ལྟ་བུའོ། །ལས་རྣམ་པ་སྣ་ཚོགས་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཡང་ལས་གང་
ལྕི་བའམ། ཉེ་བ་དང༌། གོམས་པ་གང་ཡིན་པ་དེས་བྱས་པའི་ནུས་བ་གསལ་བར་བྱེད་ཀྱི། གཞན་གྱིས་ནི་མ་ཡིན་ཏེ། ཇི་སྐད་དུ། ལས་ནི་འཁོར་བར་ལྕི་གང་དང༌། །ཉེ་བ་གང་དང་གོམས་པ་གང༌། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །དེ་ལ་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ། རྣམ་པར་སྨིན་པའི་འབྲས་བུ་བསྐྱེད་པའི་ནུས་པ་ནི་རྣམ་པར་སྨིན་པ་བསྐྱེད་ནས་ལྡོག་གོ །སྐལ་པ་མཉམ་པའི་རྒྱུས་བསྐྱེད་པ་རྒྱུ་མཐུན་པའི་འབྲས་བུ་བསྐྱེད་པའི་ནུས་པ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་གཉེན་པོ་སྐྱེས་ནས་ལྡོག་གོ །ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་རྒྱུན་གཏན་དུ་ལོག་པ་ན་ཏེ། གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ནའོ། །མཐུ་རྣམ་པ་སྣ་ཚོགས་པའི་ཐ་དད་པའི་ལས་རྣམས་ཀྱིས་བསྒོས་པའི་རྒྱུད་རྣམས་གནས་སྐབས་འདིར་ཕྱིན་ན་འབྲས་བུ་འདི་ལྟ་བུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཁོ་ནའི་ཡུལ་ཡིན་ནོ། །ཡང་གསུངས་པ། ལས་དང་དེས་བསྒོས་དེས་མཇུག་རྙེད།། དེ་ལས་འབྲས་བུ་སངས་རྒྱས་ལས། །གཞན་གྱི་རྣམ་པ་ཐམས་ཅད་ནི། །ངེས་པར་རབ་ཏུ་མི་ཤེས་སོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་གསུང་རབ་རིགས་པའི་ལམ། །ལེགས་པར་གསུངས་པས་དག་པ་ཆོས་ཉིད་འདི་མཐོང་ནས། །མུ་སྟེགས་ལོང་བ་ལྟ་ངན་སྣ་ཚོགས་གཡོ་རྣམས་ཀྱི། །གཞུང་ལུགས་སྤངས་ཏེ་ལོང་བ་མ་ཡིན་རྣམས་འགྲོའོ། །དེ་བཞིན་གཤེགས་པ་ཉི་མའི་གསུང་འོད་ཀྱི། །སྣང་ལྡན་མྱ་ངན་འདས་གྲོང་ལམ་གཅིག་པ། །བདག་མེད་འཕགས་པ་སྟོང་གིས་བགྲོད་པ་འདི། །ཕྱེ་ཡང་དམན་པའི་མིག་གིས་མི་མཐོང་ངོ༌། །དེ་ལྟར་འདི་ནི་ཕྱོགས་ཙམ་ཞིག །རང་གི་མཐུ་ཡིས་རྣམ་འཕེལ་བའི། །དུག་ལ་རྨ་ཡི་ཕྱོགས་བཞིན་དུ། །ཤིན་དུ་མཁས་པ་རྣམས་ལ་བསྟན། །གང་ཟག་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་དགུ་པའོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།གཞུང་གི་ཚད་ནི་ཤོ་ལོ་ཀ་བཞི་སྟོང་ངོ༌། །བློ་གྲོས་ཕུན་སུམ་ཚོགས་པ་སངས་རྒྱས་གཉིས་པ་ལྟར་གྱུར་དབྱིག་གཉེན་དེས་མཛད་ཆོས་མངོན་མཛོད། །ཚིག་ལེ་འུར་བྱས་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ཞེས་བྱ་འཇམ་དབྱངས་ཕྱོགས་ཀྱི་གླང་པོས་སྦྱར། དེ་ཉིད་འཛམ་གླིང་ཉི་མ་ཤཱཀྱའི་མཚན་ཅན་ཆོས་རྗེ་དེ་སྲས་ཐུ་བོར་གྱུར་པ་ཡི། །པཎ་ཆེན་རྣལ་འབྱོར་ཟླ་བ་ལྟར་གྲགས་མཁས་མཆོག་གང་ཡིན་དེ་དང་འཇམ་དཔལ་གཞོན་ནུས་བསྒྱུར།། །།