སོ་སོར་ཐར་པའི་མདོའི་གཞུང་འགྲེལ།
དཔའ་བོ།
རྒྱ་གར་སྐད་དུ། པྲ་ཏི་མོཀྵཱ་སཱུ་ཏྲ་པ་དྭ་ཏི། བོད་སྐད་དུ། སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །འཁོར་གསུམ་དང་བས་ཕྱག་འཚལ་ཏེ། །ངེས་འབྱུང་ཚུལ་ཁྲིམས་སྙིང་པོའི་མདོ། །གཞུང་འགྲེལ་གཞུང་བཞིན་བཤད་པར་བྱ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། སྐྱེ་བོ་མང་པོ་ལ་ཕན་གདགས་པའི་ཕྱིར། འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བ་འཁོར་ལ་ཡང་དག་པར་བསྡུ་བར་གསོལ་ནས། འཕགས་པ་ཉེ་བ་འཁོར་གྱིས་ཡང་དག་པར་བསྡུས་སོ། །གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ནི་དུམ་བུ་བཞི་སྟེ། འདུལ་བ་
རྣམ་པར་འབྱེད་པ་དང༌། འདུལ་བ་གཞི་དང༌། འདུལ་བ་གཞུང་བླ་མ་དང༌། འདུལ་བ་ཕྲན་ཚེགས་སོ། །དེ་དག་གི་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ། །དེ་དག་ཡང་དག་པར་བསྡུས་པ་ཡང་མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་པ་དག་ཡན་ལག་ལ་སྒྲོ་འདོགས་པ་དང༌། སྐུར་བ་འདེབས་པའི་མཐའ་སྤང་བར་བྱ་བ་དང༌། ཉན་པ་པོ་བརྗོད་པ་ཉུང་དུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན་གདགས་པའི་ཕྱིར། སྡོམ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ་དང༌། སྡོམ་དང༌། བར་སྡོམ་དུའོ། །དེ་ལ་སྤྱི་སྡོམ་ནི་སྤྱིའི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །སྡོམ་མ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པར་བསྡུས་པའོ། བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །དེ་དག་ཀྱང་ལུང་གི་སྐབས་དང་སྦྱར་ཏེ། ཅི་རིགས་པར་གཟུང་བར་བྱའོ། །དེ་ལ་སོ་སོར་ཐར་པའི་མདོ་ཞེས་བྱ་བ་ནི། དོན་ལ་བསྟན་བཅོས་ཀྱི་མིང་དུ་བཏགས་པ་སྟེ། དེ་ལ་རྣམ་གྲངས་གཅིག་ཏུ་ན་དང་པོར་ཐར་པ་ཞེས་བྱ་བར་སྟོན་ཏེ། སོ་སོར་ཞེས་བྱ་བ་ནི་དང་པོ་སྟེ། དང་པོ་སྡོམ་པ་ཡང་དག་པར་ལེན་པའི་ཚེ་ན། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་བཟླས་
ནས། སྡོམ་པ་ཡང་དག་པར་བླང་བའི་ཚིག་བརྗོད་པ་གསུམ་པའི་ཐ་མ་ལ། སྡོམ་པ་ཐོབ་པ་ནི། ཐོག་མར་སྡོམ་པ་ཐོབ་པའི་གནས་སྐབས་ཡིན་པས་དང་པོ་ཞེས་བྱའོ། །ཐར་པ་ཞེས་བྱ་བ་ནི་གྲོལ་བ་སྟེ། དེ་ལྟར་སྡོམ་པ་དང་པོ་ཐོབ་པ་དེ་ཉིད་ཀྱི་ཚེ་ན་སྡོམ་པ་མ་ཡིན་པའི་མཚན་ཉིད་ལས་གྲོལ་ཏེ། སྡོམ་པའི་མཚན་ཉིད་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཐོབ་པ་ནི་ཐར་པ་ཞེས་བྱའོ། །དེ་ལྟར་དང་པོ་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་བྱུང་བའམ། དོན་དེར་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་དང་པོར་ཐར་པ་ཞེས་བྱ་བར་སྦྱར་རོ། །ཡང་རྣམ་གྲངས་གཞན་དུ་ན་སོ་སོར་ཐར་པ་ཞེས་བྱ་བ་སྟོན་ཏོ། སོ་སོར་ཞེས་བྱ་བ་ནི་རྒྱུད་ཐ་དད་པའོ། །ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟེ། གང་ཟག་རྒྱུད་ཐ་དད་པ་གང་ཞིག་གིས་སྡོམ་པ་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་རྗེས་སུ་སྒྲུབ་པར་བྱེད་པ་དེ་ཉིད་ངན་འགྲོ་དང་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་གྱི། གཞན་གྱིས་སྡོམ་པ་ཡང་དག་པར་བླངས་ཏེ། བསླབ་པའི་གཞི་རྗེས་སུ་བསྒྲུབས་པས་གཞན་རྣམ་པར་གྲོལ་བར་མི་འགྱུར་བས་སོ་སོར་ཐར་པ་ཞེས་བྱའོ། །དེ་ལྟར་སོ་སོར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་བྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་སོ་སོར་ཐར་པ་ཞེས་བྱའོ། །ཡང་རྣམ་གྲངས་གཞན་དུ་ན་ཐར་པའི་ཐབས་ཞེས་བྱ་བར་སྟོན་ཏོ། སོ་སོར་ཞེས་བྱ་བ་ནི་ཕྱིར་ཞེས་བྱ་སྟེ། །ཐབས་ཀྱི་དོན་ཏོ། །ཐར་པ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པའོ། །དེས་ན་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བ་ཐོབ་པའི་ཐབས་ཀྱི་ཕྱིར་གསུངས་པ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ངེས་པར་འབྱུང་བ་ཐོབ་བའི་ཐབས་སུ་གྱུར་པའི་ཕྱིར། སོ་སོར་ཐར་བའི་མདོ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་ཐར་པའི་ཐབས་ཞེས་བྱའོ། །དེ་ལྟར་ཐར་པའི་ཐབས་ཀྱི་དོན་དེ་ལས་བསྟན་བཅོས་འདི་བྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་ཐར་པའི་
ཐབས་ཞེས་བྱ་བའོ། །མདོ་ཞེས་བྱ་བ་ནི། དོན་ཙམ་ཞིག་སྟོན་པས་མདོ་ཞེས་བྱ་སྟེ། དེ་ལྟར་ན་བསྟན་བཅོས་འདི་ནི་དང་པོར་ཐར་པའི་མདོ་ཞེས་བྱ་བ་དང༌། སོ་སོར་ཐར་པའི་མདོ་ཞེས་བྱ་བ་དང༌། ཐར་པའི་ཐབས་ཀྱི་མདོ་ཞེས་བྱ་བ་དག་ཏུ་སྟོན་ཏོ། །དེ་ལ་སོ་སོར་ཐར་པའི་མདོ་འདིའི་བསྡུས་པའི་དོན་ནི། མཚན་ཉིད་རྣམ་པ་ལྔས་སྟོན་ཏེ། མཆོད་པ་དང༌། གླེང་བསླང་བ་དང༌། ཡང་དག་པར་བརྩམས་པ་དང༌། གཞུང་རྒྱས་པ་དང༌། བསྡུ་བའི་མཚན་ཉིད་ཀྱིས་སོ། །དེ་ལ་མཆོད་པའི་མཚན་ཉིད་ནི། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་ནི། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གིས་བསྟན་ཏོ། །ཡང་དག་པར་བརྩམ་པའི་མཚན་ཉིད་ནི། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །གཞུང་རྒྱས་པའི་མཚན་ཉིད་ནི། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང༌། ལྷག་མ་རྣམས་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས། དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་ཀྱིས་བསྟན་པའོ། །བསྡུ་བའི་མཚན་ཉིད་ནི། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་ལ་སོགས་པའི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་རེ་ཞིག་མཆོད་པའི་མཚན་ཉིད་བཤད་པར་བྱ་སྟེ། མཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམ་བ། གླེང་བསླང་བའི་དང་པོར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང༌། ཕྱག་འཚལ་བའི་སྒོ་ནས་མཆོད་པར་བྱ་བའོ། །དེ་ཡང་དམ་པ་རྣམས་ནི། ཡང་དག་པར་བརྩམ་པ་ཐམས་ཅད་ལ་རང་གི་སྟོན་པ་ལ་བསྟོད་པ་དང། ཕྱག་འཚལ་བའི་སྒོ་ནས་མཆོད་པ་སྔར་བྱེད་པས་དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པ་སོ་སོར་ཐར་པའི་མདོ་ཡང་དག་པར་སྡུད་པར་འདོད་པས་ཀྱང༌། འགྲོ་བ་མཐའ་དག་གི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང༌། ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱ་བའི་ཕྱིར།
དང་པོར། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སུ་གསུངས་སོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་ཚིགས་སུ་བཅད་པ་གཉིས་པོ་འདིའི་བརྗོད་པར་བྱ་བ་དང༌། དགོས་པ ་དང༌། འབྲེལ་ པ་དང༌། དགོས ་པའི་ཡང་ དགོས་པ ་བརྗོད་པར་བྱ་སྟེ། གཞན་དུ་ན་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བའི་ཚིགས་སུ་བཅད་པ་གཉིས་པོ་འདི་སོ་སོར་ཐར་པ་འདོན་པའི་དང་པོར་སྨོས་པ་དོན་དང་ལྡན་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་དག་བརྗོད་པར་བྱ་བ་ལ་སོགས་པ་དང་བྲལ་བ་ཁས་ལེན་པར་མི་བྱེད་པ་དེའི་ཕྱིར། ཉན་པའི་སྐྱེ་བོ་སྤྲོ་བར་བྱ་བའི་དོན་དུ་བརྗོད་པར་བྱ་བ་ལ་སོགས་པ་ངེས་པར་བརྗོད་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་པོ་འདི་ལས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་མ་ཚོགས་པ་མཆོག་བརྗོད་པའོ། ། དགོས་པ ་ནི་དེ་བསྟན་པ་སྟེ། དེ་ལ་ཡང་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྒྲུབ་པར་བྱེད་པས་ཚིགས་སུ་བཅད་པའི་ཐབས་འདིས་བརྗོད་པར་བྱ་བ་ཐབས་ལས་བྱུང་བ་སྟོན་པ་ནི་ དགོས་པ ་ཡིན་ནོ། །འབྲེལ་པ་ནི་ཚིགས་སུ་བཅད་ པ་ཕྱེད་དང་གཉིས་པོའི་ཐབས་དང༌། དགོས ་པའི་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་ དགོས་པ ་ནི་བསྟོད་པ་འདི་བརྩམས་ན། བསྟན་བཅོས་ཡོངས་སུ་རྫོགས་པར་བྱ་བ་ལ་བགེགས་དང་ལོག་འདྲེན་རྣམ་པར་ལྡོག་པ་འམ། དམ་པ་རྣམས་ཀྱི་ཆོ་གའི་རྗེས་སུ་འཇུག་པའོ། །ཚིགས་སུ་བཅད་པ་འོག་མ་ཕྱེད་ཀྱིས་ནི་སོ་སོར་ཐར་པ་བརྩམ་པར་དམ་བཅའ་སྟོན་ཏེ། དེ་ཡང་རྟོག་པ་སྔོན་དུ་གཏོང་བ་དག་གི་འཇུག་པའི་ཡན་ལག་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་དང༌། ཕྱག་འཚལ་བའི་སྒོ་ནས་མཆོད་པའོ། །དེ་ལ་བསྟོད་པའི་སྒོ་ནས་མཆོད་པ་ཡང་རྣམ་པ་གཉིས་ཏེ། འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སོ།།
དེ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི། ཚིགས་སུ་བཅད་པ་དང་པོ་གཅིག་གིས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། རྒྱུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་དང༌། ཐུགས་རྗེ་ཕུན་སུམ་ཚོགས་པ་དང༌། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའོ། །དེ་ལ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བས་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི། །ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བས་ནི་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་དང་པོས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཕུན་སུམ་ཚོགས་པ་རྣམ་པ་གཉིས་བསྟན་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །ཞེས་བྱ་བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འགྲོ་བའི་གཙོ་ཞེས་བྱ་བས་ནི། ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པ་སྨོས་པ་དེས་ནི་སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པར་བསྟན་ཏོ། །ཕྱག་འཚལ་བའི་སྒོ་ནས་མཆོད་པ་ནི། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བ་སྟེ། དེ་ནི་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་བྱ་བས་བསྟན་ཏོ། །དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་
བར་བྱ་སྟེ། དེ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་ཀྱིས་བསྟན་ཏོ། །དེས་ཀྱང་གང་གིས་བསྟན་པ་དང༌། ཅི་ཞིག་བསྟན་པ་དང༌། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་བྱ་བ་བསྟན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན། སྟོན་པ་སྟེ། དེ་ནི་ཐམས་ཅད་མཁྱེན་པའི་ཞེས་བྱ་བས་བསྟན་ཏོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་པ་སྟེ། དེ་ནི་བསླབ་གཞི་དཀོན་མཆོག་སྣོད། །ཅེས་བྱ་བས་བསྟན་ཏོ། །སུ་ལ་བསྟན་ཞེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི། སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་བ་སྟེ། དེ་ནི་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བས་བསྟན་ཏོ། །དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ། རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས།། ཞེས་བྱ་བ་གསུངས་ཏེ། སྙན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས། བསོད་ཉམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུ་ཕུན་སུམ་ཚོགས་པའི་འབྲས་བུ་སྤངས་པ་དང༌། ཡེ་ཤེས་བླ་ན་མེད་པས་བསྡུས་པའི་ཡོན་ཏན་དཔག་ཏུ་མེད་པའོ། །བ་དན་ཞེས་བྱ་བ་ནི་སྙན་པ་དེ་ཉིད་བ་དན་དང་འདྲ་བས་བ་དན་ཞེས་བྱ་སྟེ། ཡོན་ཏན་མངོན་པར་འཕགས་པ་ཀུན་ལ་གསལ་བ་དང༌། དེ་ལ་དམིགས་ནས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་མི་ནོར་བའི་ཕྱིར་རོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི། འཇིག་ཚོགས་ཀྱི་ཕུང་པོ་འཇིག་པ་ཙམ་ལ་བརྟེན་པས་བསྡུས་པའི་ཁམས་གསུམ་པོ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་དག་གོ །གྲགས་ཞེས་བྱ་བ་ནི། དེ་དག་ཏུ་སྙན་པའི་སྒྲས་ཁྱབ་པ་སྟེ། བཅོམ་ལྡན་འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། དང་པོར་ས་བླ་བ་ལ་གྲགས་སོ། །དེ་ནས་བར་སྡང་བ་ལ་
གྲགས་སོ། །དེ་ནས་རྒྱལ་ཆེན་བཞི་པའི་རིས་ལ་གྲགས་སོ་ཞེས་བྱ་བ་ནས། འོག་མིན་གྱི་བར་དུ་གྲགས་སོ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །གཟུགས་མེད་པར་ཇི་ལྟར་གྲགས་ཤེ་ན། གཟུགས་ཅན་གྱི་ཁམས་ན་གནས་པའི་ཚེ་གྲགས་པའི་བག་ཆགས་རྒྱུད་ལ་ཡོད་པས། རྒྱུ་ལ་འབྲས་བུས་བཏགས་ཏེ་གྲགས་པར་བརྗོད་དོ། །དེས་ནི་སྦྱིན་པ་ལ་སོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཡོན་ཏན་གཞན་ལ་སྟོན་པར་མཛད་པའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕན་འདོགས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བ་གསུངས་ཏེ། དམ་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཕྱིར་རོ། །ཆོས་སྒྲ་ཞེས་བྱ་བ་ནི། དམ་པ་དེས་གསུངས་པའི་ཆོས་ཏེ། འཕགས་པའི་བདེན་པ་བཞི་པོ་དག་དཔལ་གྱི་མགུར་ནས་གསུངས་པའི་སྒྲའོ། །སེང་གེའི་སྒྲ་ཞེས་བྱ་བ་ནི། དམ་པའི་ཆོས་ཀྱི་སྒྲ་དེ་ཉིད་སེང་གེའི་སྒྲ་དང་འདྲ་བའི་ཕྱིར། སེང་གེའི་སྒྲ་ཞེས་བྱ་བ་སྟེ། མུ་སྟེགས་ཅན་གླང་པོ་ཆེ་ལྟ་བུ་སྐྲག་པར་བྱེད་ཅིང༌། རིགས་ཀྱི་བུ་མི་སེང་གེའི་ཕྲུ་གུ་ལྟ་བུ་དག་སྡུད་པར་བྱེད་པའི་ཕྱིར་རོ། །བསྒྲགས་པ་ཞེས་བྱ་བ་ནི་བསྟན་པ་སྟེ། བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར་རོ། །དེས་ནི་སྟོན་པའི་མཛད་པ་ཕུན་སུམ་ཚོགས་པས་གཞན་ལ་ཆོས་སྟོན་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ། ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཤེས་རབ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། དང་པོར་དངོས་པོའི་ངོ་བོ་ཉིད་མ་ལུས་པ་དང༌། ཐུན་མོང་མ་ཡིན་པ་དང༌། ཚད་མེད་པ་དང༌། ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །དེས་ནི་ཐམས་ཅད་མཁྱེན་པ་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པ་བསྟན་པའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ།
ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དཀོན་མཆོག་ཅེས་བྱ་བ་ནི། བཤད་པ་དང་སྒྲུབ་པའི་ཆོས་དཀོན་མཆོག་སྟེ། རིན་པོ་ཆེ་དང་འདྲ་བར་དཀོན་པ་དང་རིན་ཆེ་བ་དང༌། དགའ་བར་བྱེད་པ་དང་ཕན་འདོགས་པ་དང༌། མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པའི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །མཛོད་ཅེས་བྱ་བ་ནི། རིན་པོ་ཆེའི་མཛོད་དང་འདྲ་བར་ཆོས་དཀོན་མཆོག །དེའི་མཛོད་འཕགས་པའི་དགེ་འདུན་ཏེ། ལུང་དང་རྟོགས་པའི་སྒོ་ནས་དེའི་སྣོད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བརྙེས་པ་ཞེས་བྱ་བ་ནི། སློབ་མ་ཉིད་དུ་བརྙེས་པ་སྟེ། སྟོན་པའི་ལམ་གྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །དེས་ནི་འཁོར་ཡོངས་སུ་སྨིན་པར་མཛད་པའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ། ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་ཏོ། །འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བ་གསུངས་ཏེ། ཞབས་ལ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཞབས་འཁོར་ལོའི་མཆན་དང་ལྡན་པ་ལའོ། །ཚངས་དབང་ཞེས་བྱ་བ་ལ། ཚངས་པ་ཞེས་བྱ་བ་ནི། བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་བསྒྲུབས་ཏེ། ཚངས་པའི་རྒྱལ་པོ་ཐོབ་པ་སྟོང་གི་འཇིག་རྟེན་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོའོ། །དབང་པོ་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཏེ། དེ་གཉིས་ས་བླ་བའི་གཙོ་བོ་དང༌། སྟོང་གི་ཁམས་ན་གཙོ་བོར་གྲགས་པ་འདིར་སྨོས་པར་ཟད་ཀྱི། གཞན་ཡང་དེ་བཞིན་དུ་གཟུང་བར་བྱའོ། །གཙུག་གི་ནོར་བུ་ཞེས་བྱ་བ་ནི་སྤྱི་བོས་ཏེ། ནོར་བུ་གདགས་པའི་གནས་ཡིན་པའི་ཕྱིར་རོ། །གཏུགས་ཞེས་བྱ་བ་ནི། དེས་བཏུད་དེ་ཕྱག་བྱས་པའོ། །དེས་ནི་འཇིག་རྟེན་ན་འབྲས་བུ་ཐོབ་པའི་མཆོག་དག་གིས་སྤྱི་བོས་གཏུགས་པའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི། འགྲོ་བའི་གཙོ་བོ་སངས་རྒྱས་
བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པས་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཞེས་བྱ་བ་ནི། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བས་བསྡུས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ །རྒྱ་མཚོ་ཞེས་བྱ་བ་ནི། སྡུག་བསྔལ་དེ་ཉིད་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་ཞེས་བྱ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །གཏིང་མེད་པ་ཞེས་བྱ་བ་ནི། གཞི་གཏིང་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་སྡུག་བསྔལ་མང་བ་ཉིད་བསྟན་ཏོ། །མཐའ་མེད་པ་ཞེས་བྱ་བ་ནི་ཕ་རོལ་གྱི་མཐའ་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་འཁོར་བའི་རྒྱུན་མི་འཆད་པར་བསྟན་ཏོ། །བརྒལ་བ་ཞེས་བྱ་བ་ནི་འདས་པ་སྟེ། ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ཟད་པའི་ཕྱིར་རོ། །དེས་ནི་ལས་དང་ཉོན་མོངས་པ་དང༌། སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་སྒོ་ནས། བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། འགྲོ་བའི་གཙོ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་ཞེས་བྱ་བ་ནི། འཇིག་རྟེན་དེ་རྟག་ཏུ་འཁོར་བའི་ཕྱིར་རོ། །གཙོ་བོ་ཞེས་བྱ་བ་ནི་ཟླ་མེད་པ་སྟེ། མཆོག་ཡིན་པའི་ཕྱིར་རོ། །དེ་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །འདིས་ནི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང༌། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཐུགས་སུ་ཆུད་པས། འགྲོ་བའི་གཙོ་བོར་གྱུར་པའི་སྒོ་ནས། བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི། འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པས་
མཆོད་པ་བསྟན་ཏོ། །དེའི་འོག་ཏུ་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བསྟན་པའི་ཕྱིར། སྤྱི་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་གསུངས་ཏེ། སྤྱི་བོ་ཞེས་བྱ་བ་ནི། ལུས་ཀྱིས་ཕྱག་འཚལ་བ་དངོས་སུ་བསྟན་ལ། ཕྱག་འཚལ་ཏེ་ཞེས་བྱ་བས་ནི། ལུས་དང༌། ངག་དང༌། ཡིད་གསུམ་ཆར་གྱིས་ཕྱག་འཚལ་བ་ཡང་བསྡུ་བར་བལྟའོ། །འདིས་ནི་ལུས་དང༌། ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བའི་སྒོ་ནས་སྟོན་པ་ལ་མཆོད་པ་བསྟན་ཏོ། །དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་བར་བྱ་བ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པ་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བ་གསུངས་ཏེ། །འདིས་ནི་གང་གིས་བསྟན་པ་དང༌། ཅི་ཞིག་བསྟན་པ་དང༌། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད། སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་བྱ་བ་སྟོན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན། སྟོན་པ་སྟེ། དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བས་བསྟན་ཏེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་པ་སྟེ། དེ་ནི་བསླབ་གཞི་དཀོན་མཆོག་སྣོད། །ཅེས་བྱ་བས་བསྟན་ཏེ། བསླབ་པ་ཞེས་བྱ་བ་ནི། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་མཚན་ཉིད་དོ། །གཞི་ཞེས་བྱ་བ་ནི་ཚིག་སྟེ། དེ་ལ་དོན་གནས་པའི་ཕྱིར་རོ། །དཀོན་མཆོག་ཅེས་བྱ་བ་ནི། བསླབ་པའི་གཞི་དེ་ཉིད་དེ། ཆེན་པོ་རྣམས་ཀྱི་རྐྱེན་ཡིན་པའི་ཕྱིར་དང༌། དཀོན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་གོ །དེ་ཡང་གང་ཞེ་ན། རྣམ་པར་འབྱེད་པ་དང༌། གཞི་དང༌། ཕྲན་ཚེགས་དང༌། གཞུང་བླ་མ་དག་གོ །སྣོད་ཅེས་བྱ་བ་ནི། དེ་དག་གི་སྣོད་དེ། སོ་སོར་ཐར་པའི་མདོ་ཉིད་དོ། །དེ་ནི་སྟོན་པ་ཐམས་ཅད་མཁྱེན་པས་གསུངས་པ་ན། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །ཅེས་བྱའོ། །སུ་ལ་བསྟན་ཞེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏེ། འཕགས་པ་ཞེས་བྱ་བ་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའོ། །ཚོགས་ཞེས་བྱ་བ་ནི་བཞི་ཡན་ཆད་དོ། །གང་གིས་ཅི་ཞིག་བསྟན་པ་དེ་
ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི། སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་བ་སྟེ། དེའི་དབུས་སུ་དབྱེ་བར་བྱ་ཞེས་བྱ་བས་བསྟན་ཏེ། དབུས་སུ་ཞེས་བྱ་བ་ནི་ནང་དུའོ། །དབྱེ་བར་བྱ་ཞེས་བྱ་བ་ནི་གདོན་པར་བྱའོ། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །མཆོད་པའི་མཚན་ཉིད་བཤད་ཟིན་ཏོ། །སུ་དག་གི་དབུས་སུ་ཞེ་ན། འཕགས་པའི་ཚོགས་ཀྱི་སྟེ། དཔེར་ན་རིན་པོ་ཆེའི་སྣོད་དབྱེ་བ་ཡང་རིན་པོ་ཆེ་རྟོག་ཤེས་པ་དག་གིས་ཚོགས་ཀྱི་དབུས་སུ་དབྱེ་བ་བཞིན་དུ་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་འདི་ཡང་བསླབ་པ་རིན་པོ་ཆེ་ལྟ་བུ་རྟོག་ཤེས་པའི་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱ་བའི་ཐ་ཚིག་གོ །མཆོད་པའི་མཚན་ཉིད་བཤད་ཟིན་ཏོ། །དེའི་འོག་ཏུ་གླེང་བསླང་བའི་མཚན་ཉིད་བཤད་པར་བྱ་སྟེ། གླེང་བསླང་བའི་མཚན་ཉིད་ཅེས་བྱ་བ་ནི། སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམ་པ་གླེང་བསླང་བའོ། །དེ་ཡང་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས། སོ་སོར་ཐར་ པ་བསྒྲུབ་པར་བྱའོ་ཞེས་གླེང་བསླང་དགོས ་པས་དེའི་ཕྱིར། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཅིག་གསུངས་སོ། །དེ་ལ་འདིར་ཡང་ཚིགས་སུ་བཅད་པ་བཅུ་གཅིག་པོ་དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ ་དང༌། འབྲེལ་ པ་དང༌། དགོས ་པའི་ དགོས་པ ་བརྗོད་པར་བྱ་བ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་དོ། ། དགོས་པ ་ནི་དེ་རྟོགས་པའོ། །འབྲེལ་པ་ནི། རྟོགས་པ་དེ་ཡང་གླེང་བསླང་བ་འདིས་བྱེད་པས། གླེང་བསླང་བའི་ཚིགས་སུ་བཅད་པའི་ཐབས་འདི་དང༌། དགོས་པ ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་ དགོས་པ ་ནི། སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས། སོ་སོར་ཐར་པ་སྒྲུབ་པར་བྱེད་པའོ། །དེ་ལ་ཚིགས་སུ་བཅད་པ་བཅུ་གཅིག་པོ་འདི་དག་གིས་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་དང༌།
ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་དང༌། སོ་སོར་ཐར་པ་བསྒྲུབ་པར་བྱ་བའོ། །དེ་ལ་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་ཡང་རྣམ་པ་གསུམ་སྟེ། ཚེ་འདིའི་འབྲས་བུ་དང༌། ཚེ་ཕྱི་མའི་འབྲས་བུ་དང༌། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའོ། །དེ་ལ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི། ཚེ་འདིའི་འབྲས་བུ་བསྟན་ཏོ། །མཚོ་བས་ཟབ་པའི་འཁོར་བ་ལས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཚེ་ཕྱི་མའི་འབྲས་བུ་བསྟན་ཏོ། །ང་ནི་མྱ་ངན་འདས་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པ་བསྟན་ཏོ། །ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་ཡང་རྣམ་པ་གསུམ་སྟེ། ཚོགས་ཀྱི་ལམ་དཀོན་པ་དང༌། ཚོགས་ཀྱི་ལམ་རྙེད་པ་དང༌། ཚོགས་ཀྱི་ལམ་རྙེད་ནས་ནན་ཏན་དུ་བྱ་བའོ། །དེ་ལ། སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། །ཚོགས་ཀྱི་ལམ་དཀོན་པ་བསྟན་ཏོ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཚོགས་ཀྱི་ལམ་རྙེད་པ་བསྟན་ཏོ། །མཁས་པས་བདག་ལ་ལེགས་འདོད་ཅིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི། །ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བ་བསྟན་ཏོ། །སོ་སོར་ཐར་པ་བསྒྲུབ་པར་བྱ་བ་ནི་རྣམ་པ་བཞི་སྟེ། བདག་གི་དབང་དུ་བྱས་པ་དང༌། གཞན་གྱི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པ་དང༌། བསྒྲུབ་པའི་མཚན་ཉིད་དོ། །དེ་ལ། དགེ་སློང་དབང་དུལ་ཀུན་དབང་པོ། །ཞེས་བྱ་བ་ནི། བདག་གི་དབང་དུ་བྱ་བ་བསྟན་ཏོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ཞེས་བྱ་བས་ནི་གཞན་གྱི་དབང་དུ་བྱ་བ་བསྟན་ཏོ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །ཞེས་བྱ་བས་ནི་ཆོས་ཀྱི་དབང་དུ་བྱ་བ་བསྟན་ཏོ། །སོ་སོར་ཐར་པ་རྟག་ཏུ་སྲུངས། །ཞེས་བྱ་བས་ནི་བསྒྲུབ་པའི་མཚན་ཉིད་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཚེ་འདིའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། སངས་རྒྱས་
འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། སངས་རྒྱས་འདུལ་བ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས་པའི་འདུལ་བའོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དོན་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་རམ། ཉོན་མོངས་པ་བག་ཆགས་དང་བཅས་པའི་གཉིད་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་དེ། འདུལ་བ་རྣམ་པར་འབྱེད་པ་དང༌། འདུལ་བ་གཞི་དང༌། འདུལ་བ་ཕྲན་ཚེགས་དང༌། འདུལ་བ་གཞུང་བླ་མ་སྟེ། སློབ་མ་རྣམས་དངོས་པོ་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་འདས་པར་འཁྲིད་པར་བྱེད་པའི་ཕྱིར་རམ། རྒྱུད་ལ་ཀུན་དུ་སྤྱོད་པའི་དྲི་མ་དང༌། རྣམ་པར་སྨིན་པའི་དྲི་མས་སྐྱོན་ཆགས་པར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་འདུལ་བར་བྱེད་པའི་ཕྱིར་རོ། །གང་ཆེན་མཚོ་ཞེས་བྱ་བ་ནི་རྒྱ་མཚོ་སྟེ། སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་དེ་ཉིད་རྒྱ་མཚོ་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་འདྲ་ཞེ་ན། གཏིང་མཐའ་མེད་པ་ཞེས་བྱ་བ་གསུངས་ཏེ། རྒྱ་མཚོ་ལ་གཞིའི་གཏིང་དཔག་ཏུ་མེད་པ་བཞིན་དུ། འདུལ་བ་ལ་ཡང་ཀུན་ནས་སློང་བའི་གཏིང་དཔག་ཏུ་མེད་པའི་ཕྱིར་དང༌། རྒྱ་མཚོ་ལ་ཕ་རོལ་གྱི་མཐའ་དཔག་ཏུ་མེད་པ་བཞིན་དུ། འདུལ་བ་ལ་ཡང་འབྲས་བུའི་མཐའ་དཔག་ཏུ་མེད་པའི་ཕྱིར་རོ། །འདུལ་བ་དེ་དག་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། སོ་སོར་ཐར་པ་འདི་ཡིན་ནོ། །ཞེས་བྱ་བར་སྦྱར་ཏེ། གནས་པའི་ཞེས་བྱ་བ་ནི། ལྟུང་བ་སྡེ་ལྔ་དང༌། གཞི་བཅུ་བདུན་ལ་སོགས་པའི་མཚན་ཉིད་རྣམ་པར་གཞག་པའོ། །དེའི་སྙིང་ཞེས་བྱ་བ་ནི་མཚན་ཉིད་རྣམ་པར་གཞག་པ་དེའི་རྒྱུར་གྱུར་པ་སྟེ། འཕེན་པ་དང༌། ས་བོན་དང༌། ཀུན་ནས་སློང་བ་གང་ཡིན་པའོ། །སྙིང་པོ་ཞེས་བྱ་བ་ནི། བསྟན་པ་རྣམ་པར་མི་གཡོ་བ་སྟེ། མཚན་ཉིད་གཞན་དུ་མི་འགྱུར་བའོ། །དེས་ནི་སངས་རྒྱས་ཀྱིས་གསུངས་པའི་འདུལ་བའི་རྒྱ་མཚོ་ལྟ་བུ་གཏིང་དང་མཐའ་མེད་པ་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་གཞག་
པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པའི་འདི་ཡིན་ནོ་ཞེས་བྱ་བའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །དམ་ཆོས་རྒྱལ་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ། ཐུགས་སུ་ཆུད་པ་དང་སྟོན་པར་མཛད་པའི་ཕྱིར་རོ། །དམ་ཆོས་རྒྱལ་པོ་དེའི་ཆོས་ཀུན། །ཞེས་བྱ་བ་ནི། མདོའི་སྡེ་ལ་སོགས་པ་བསྟན་པའི་ཆོས་ཐམས་ཅད་དོ། །ཆོས་དེ་དག་གི་འདྲེན་པའི་མཆོག་ཅེས་བྱ་བ་ནི། རྒྱལ་པོའི་བློན་པོ་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལ་བརྟེན་ཏེ་དེ་དག་འབྱུང་བའི་ཕྱིར་རོ། །ཡང་དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར། །འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །དགེ་སློང་ཚོང་ཚོགས་ཞེས་བྱ་བ་ནི། དགེ་སློང་མྱ་ངན་ལ་འདས་པའི་ནོར་བུ་རིན་པོ་ཆེ་འདོད་པ་ཚོང་པ་ལྟ་བུའི་ཚོགས་དོན་མཐུན་པ་དག་གོ །དེ་དག་གི་བསླབ་ཟོང་ཞེས་བྱ་བ་ནི། །མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་སྒྲུབ་པའི་ཟོང་ཚུལ་ཁྲིམས་ཀྱི་ནོར་རོ། །དེའི་ཚོང་ཁང་ཞེས་བྱ་བ་ནི། བསླབ་པའི་ཟོང་བཅེར་བའི་གནས་ཏེ། སོ་སོར་ཐར་པའི་ནང་དུ་བསླབ་པ་ཐམས་ཅད་འདུས་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི། བསླབ་པ་རིན་པོ་ཆེའི་གནས་ཡིན་པའི་ཕྱིར་དང༌། ཆེན་པོ་རྣམས་ལ་འོས་པ་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་ཆོས་ཀུན་གྱི་འདྲེན་པ་མཆོག་ཡིན་པ་དང༌། བསླབ་པའི་ཟོང་གི་ཚོང་ཁང་ཆེན་པོ་ཡིན་པའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱོ་ཡིན། །ཞེས་བྱ་བ་ལ། ཚུལ་ཁྲིམས་འཆལ་བ་ཞེས་བྱ་བ་ནི། བསླབ་པ་ཉམས་པ་ལྷག་མ་དང་བཅས་ཏེ། བདག་དང་གཞན་ལ་གནོད་པ་ཉིད་ཀྱིས་སྦྲུལ་ཆེན་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་འདྲ་བའི་ཕྱིར་རོ། །དེས་ཟིན་པ་ཞེས་བྱ་བ་ནི་ཉམས་པར་བྱས་པའོ། །དེས་ཟིན་པའི་གང་ཟག་
རྣམས་ཀྱི་གདུག་པ་ཞེས་བྱ་བ་ནི་ལྟུང་བ་སྟེ། སྦྲུལ་གྱི་དུག་དང་འདྲ་བའི་ཕྱིར་རོ། །རྣམ་སེལ་ཞེས་བྱ་བ་ནི་རྣམ་པར་གནོན་པ་སྟེ། ཀུན་དུ་སྤྱོད་པ་སེལ་བའི་ཕྱིར་རོ། །སྨན་ཞེས་བྱ་བ་ནི། གནོད་པ་སེལ་བ་སྟེ། འདིས་སྦྱོང་པར་སྟོན་པའི་ཕྱིར་རོ། །དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ། དེས་ནི་ལྟུང་བ་རྣམ་པར་སེལ་བའི་རྒྱུ་ཉིད་དུ་བསྟན་ཏོ། །ཡང་དེ་ཉིད་བྱེ་བྲག་ཏུ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ལང་ཚོ་ཞེས་བྱ་བ་ནི་གཞོན་པ་ཉིད་དོ། །རྣམ་འཁྲུལ་པའི་ཞེས་བྱ་བ་ནི། བག་མེད་པ་ལ་སོགས་པས་རྣམ་པར་རྨོངས་པའོ། །རྐང་གཉིས་ཞེས་བྱ་བ་ནི་མིའོ། །གཞོན་ནུ་ཞེས་བྱ་བ་ནི། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །ལྕགས་ཀྱོ་ཞེས་བྱ་བ་ནི། གླང་པོ་ཆེའི་ལྕགས་ཀྱོ་དང་འདྲ་བ་སྟེ། བསྙིལ་བ་དང་སྤྲོ་བ་ལ་སོགས་པའི་ཉེས་དམིགས་སྟོན་པས་ཀུན་དུ་སྐྲག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ནི་གདུལ་དཀའ་བ་རྣམས་ཡང་དག་པར་སྔོམ་པའི་རྒྱུ་ཉིད་དུ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་པོ་དེ་དག་གིས་ནི། །སོ་སོར་ཐར་པ་ལས་རྩོམ་པ་བྱས་ན། ཚེ་འདི་ལ་འབྲས་བུ་དེ་ལྟ་བུ་འཐོབ་པས་ཚེ་འདིའི་འབྲས་བུའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚེ་ཕྱི་མའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། མཚོ་བས་ཟབ་པའི་འཁོར་བ་ཞེས་བྱ་བ་ནི། རྒྱ་མཚོ་དུག་ཅན་པས་ཀྱང་ཆོས་ཟབ་ཅིང་གཏིང་སླེབ་པར་དཀའ་བའི་འཁོར་བ་འགྲོ་བ་ལྔའི་འཇིག་རྟེན་ནོ། །འཁོར་བ་དེ་ལས་སྒྲོལ་བའི་རྒལ་ཐབས་ཞེས་བྱ་བ་ནི། རྣམ་པར་གྲོལ་བར་འགྱུར་བའི་ལམ་ཏེ། ཟམ་པ་དང༌། གྲུ་དང༌། གཟིངས་དང༌། རྐྱལ་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་ན་ལམ་སྐྱེ་བའི་ཕྱིར་རོ། །དེས་ནི་འཁོར་བ་ལས་སྒྲོལ་ཞིང་ངེས་པར་ལེགས་པའི་ལམ་འཐོབ་པའི་ཐབས་ཡིན་
པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །བཟང་འགྲོ་ཞེས་བྱ་བ་ནི་བདེ་འགྲོ་མཐོ་རིས་ཏེ། ལྷ་དང་མིའི་འགྲོ་བའོ། །དེར་འགྲོ་བ་ཞེས་བྱ་བ་ནི། དེར་འཇུག་ཅིང་འཐོབ་པའོ། །ངེས་པ་ཞེས་བྱ་བ་ནི་བསྟན་པ་གཅིག་ཏུ་གྱུར་པ་སྟེ། གདོན་མི་ཟ་བའོ། །ཆུ་ལོན་ཟམ་པ་ཞེས་བྱ་བ་ནི། ཆུ་ཡང་འགོག་ལ་རྒྱུན་སའི་ཟམ་པར་གྱུར་པ་སྟེ། ངན་སོང་གི་ཆུ་བོ་ཡང་འགོག་ལ། མཐོ་རིས་སུ་འགྲོ་བའི་ཟམ་པ་ཡང་ཡིན་པའི་ཕྱིར་རོ། །དེ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ནི་ངན་འགྲོ་ལས་སྒྲོལ་ཞིང་མངོན་པར་མཐོ་པའི་ལམ་ཐོབ་པའི་ཐབས་ཡིན་པར་བསྟན་ཏོ། །འདི་ནི་ཉོན་མོངས་ཕམ་བྱེད་ལ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་ལ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཉོན་མོངས་ཞེས་བྱ་བ་ནི། འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་དག་གོ །ཕམ་བྱེད་ཅེས་བྱ་བ་ནི་སྤོང་བར་བྱེད་པའོ། །དེ་ཡང་གང་ཞེ་ན། ལམ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྒྱལ་པོ་ཞེས་བྱ་བ་ནི། ཉོན་མོངས་པ་ཕམ་པར་བྱེད་པའི་ལམ་དེ་ཉིད་རྒྱལ་པོ་དང་འདྲ་བས་རྒྱལ་པོ་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་ཕམ་པར་བྱེད་པའི་ཕྱིར་རོ། །འདྲེན་པ་མཆོག་ཅེས་བྱ་བ་ནི། རྒྱལ་པོའི་སྙིང་ཚོམས་ལྟ་བུ་སྟེ། འདིས་འཕགས་པའི་ལམ་འདྲེན་པར་བྱེད་པའི་ཕྱིར་རོ། །དེས་ནི་འཁོར་བའི་རྒྱུ་ཉོན་མོངས་པ་སྤོང་ཞིང༌། མྱ་ངན་ལས་འདས་པའི་རྒྱུ་འཕགས་པའི་ལམ་འདྲེན་པ་ཡིན་པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཐར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །གྲོང་ཞེས་བྱ་བ་ནི། ཐར་པ་དེ་ཉིད་གྲོང་ཁྱེར་དང་འདྲ་བས་གྲོང་ཞེས་བྱ་སྟེ། འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཇུག་པ་ཞེས་བྱ་བ་ནི་འགྲོ་བའོ། །ཐེ་མ་སྐས་གཞི་ཞེས་བྱ་བ་ནི། ཐེམ་སྐས་ཀྱི་རྟེན་མའོ། །སོ་སོར་ཐར་པ་འདི་ནི་དེ་དང་འདྲ་བ་གནས་པ་ཡིན་ཏེ། ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། དེས་ནི་མྱ་ངན་ལས་འདས་པའི་འབྲས་བུ་འཐོབ་པའི་རྒྱུ་འཕགས་པའི་ལམ་གྱི་གཞི་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་དེ་ལྟར་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི། །སོ་
སོ་ཐར་པ་ལ་རྩོལ་བ་བྱས་ན། ཚེ་ཕྱི་མ་ལ་འབྲས་བུ་འཐོབ་པས། ཚེ་ཕྱི་མའི་འབྲས་བུའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པས། །ནན་ཏན་དགེ་འདུན་ཚོགས་མདུན་བསྟོད། །ཅེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ང་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་དོ། །མྱ་ངན་འདས་གྱུར་ན། ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཁྱེད་ཀྱི་ཞེས་བྱ་བ་ནི། ཉན་ཐོས་ཀྱི་དགེ་སློང་རྣམས་ཀྱིའོ། །སྟོན་པ་ཞེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །རང་བྱུང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། གཞན་གྱི་ལུང་མེད་པར་བླ་ན་མེད་པའི་མཁྱེན་པ་བརྙེས་པའི་ཕྱིར་རོ། །ཉིད་ཀྱིས་ཞེས་བྱ་བ་ནི་རང་གི་ཞལ་ཉིད་ཀྱིས་སོ། །གུས་བཅས་པ་ཞེས་བྱ་བ་ནི་དགོངས་པ་གཏད་དེའོ། །ནན་ཏན་ཞེས་བྱ་བ་ནི་ལྷུར་བཞེས་ནས་སོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ༌།། ཚོགས་ཞེས་བྱ་བ་ནི་མང་པོ་འདུས་པའོ། །མདུན་ཞེས་བྱ་བ་ནི་མངོན་སུམ་དུའོ། །བསྟོད་ཅེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །དེ་ནི་སྟོན་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་ན། དགེ་སློང་དག་ད་ཕྱིན་ཆད་བདག་ཅག་ལ་སྟོན་པ་མེད་པར་འགྱུར་རོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། ང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སོ་སོར་ཐར་པ་འདི་ཁྱད་ལ་སྟོན་པ་བྱེད་པར་འགྱུར་རོ་ཞེས་བསྟོད་པ་མཛད་པས། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས། སོ་སོར་ཐར་པའི་ཆེ་བ་ཉེ་བར་བརྗོད་པ་བསྟན་ཏོ། །ཚོགས་ཀྱི་ལམ་དཀོན་པས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མ་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བའང་ཤིན་ཏུ་
དཀོན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚོགས་ཀྱི་ལམ་ཞེས་བྱ་བ་ནི། སྦྱོར་བའི་ལམ་དང༌། རྣམ་པར་དག་པའི་ལམ་འཐོབ་པའི་ཚོགས་དང་གཞིར་གྱུར་པའི་ལམ་རྣམ་པ་བཅུ་གསུམ་སྟེ། གཞན་གྱི་འབྱོར་པ་དང༌། བདག་གི་འབྱོར་པ་དང༌། དགེ་བའི་ཆོས་ལ་འདུན་པ་དང༌། ཚུལ་ཁྲིམས་ཀྱི་སྔོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་དང༌། དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་གང་ཡིན་པའོ། །དེ་ལ། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །ཞེས་བྱ་བ་ནི་གཞན་གྱི་འབྱོར་པ་དཀོན་པ་བསྟན་ཏེ། གཞན་གྱི་འབྱོར་བ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། སངས་རྒྱས་རྣམས་འབྱུང་བ་དང༌། དམ་པའི་ཆོས་སྟོན་པ་དང༌། ཆོས་བསྟན་པ་རྣམས་གནས་པ་དང༌། ཆོས་བསྟན་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང༌། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱའོ། །དེས་ནི་ཐ་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ཡང་འཇིག་རྟེན་དག་ན་རབ་ཏུ་དཀོན་ན། སངས་རྒྱས་རྣམས་འབྱུང་བ་ལྟ་སྨས་ཀྱང་ཅི་ དགོས། སངས་རྒྱས་རྣམས་འབྱུང་བ་དཀོན་ན། དམ་པའི་ཆོས་སྟོན་པ ་ལ་སོགས་ པ་ལྟ་ཡང་སྨོས་ཅི་དགོས ་ཞེས་བསྟན་ཏོ། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཞེས་བྱ་བ་ནི་བདག་གི་འབྱོར་བ་དཀོན་པར་བསྟན་ཏེ། བདག་གི་འབྱོར་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། མིར་གྱུར་པ་དང༌། ཡུལ་དབུས་སུ་སྐྱེས་པ་དང༌། དབང་པོ་ཚང་བ་དང༌། གནས་ལ་དད་པ་དང༌། ལས་ཀྱི་མཐའ་མ་ལོག་པའོ། །དེས་ནི་མིར་གྱུར་པ་ཉིད་ཀྱང་རྙེད་པར་ཤིན་ཏུ་དཀའ་ན། ཡུལ་དབུས་སུ་སྐྱེས་པ་ལ་སོགས་ པ་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བསྟན་ཏོ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་བྱ་བས་ནི་དགེ་བའི་ཆོས་ལ་འདུན་པ་དཀོན་པར་བསྟན་ཏེ། དགེ་བའི་ཆོས་ལ་འདུན་པ་གང་ཞེ་ན། དེ་བཞིན་གཤེགས་པ་འམ་དེའི་ཉན་ཐོས་དག་ལས་ཆོས་ཐོས་ཤིང༌། དད་པ་ཐོབ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ནན་ཏན་གྱིས་བསྒྲུབ་པར་
བྱའོ་ཞེས་དེ་ལྟར་ཡང་དག་པར་སློབ་པ་གང་ཡིན་པའོ། །དེས་ནི་ཆོས་ཐོས་ཤིང་དད་པ་ཐོབ་པ་ཡང་ཤིན་ཏུ་དཀོན་ན། རབ་ཏུ་བྱུང་ཞིང་ནན་ཏན་གྱིས་སྒྲུབ་པར་བྱེད་ པ་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བསྟན་ཏོ། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྔོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་དཀོན་པར་བསྟན་ཏོ། །ཚུལ་ཁྲིམས་ཀྱི་སྡོམ་པ་གང་ཞེ་ན། རྣམ་པ་དྲུག་སྟེ། རྣམ་པར་དབྱེ་བ་དང༌། བསྡུ་བ་དང༌། ཕུན་སུམ་ཚོགས་པ་དང༌། རྣམ་གྲངས་དང༌། རྣམ་པར་དག་པ་དང༌། ཕན་ཡོན་ནོ། །དེ་ལ་རྣམ་པར་དབྱེ་བ་ནི་རྣམ་པར་དྲུག་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །བསྡུ་བ་ནི་རྣམ་པ་གསུམ་དུ་བསྡུ་བ་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་དང༌། ངེས་པར་འབྱིན་པའི་ཚུལ་ཁྲིམས་དང༌། ཚུལ་ཁྲིམས་བསྒོམ་པའོ། །ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུས་ཕུན་སུམ་ཚོགས་པར་གྱུར་པ་སྟེ། དང་པོ་ཉིད་ནས་ལེགས་པར་བླངས་པ་དང༌། ཧ་ཅང་ཞུམ་པ་མ་ཡིན་པ་དང༌། ཧ་ཅང་ཐལ་ཆེས་པ་མ་ཡིན་པ་དང༌། བག་ཡོད་པ་དང་བརྩོན་འགྲུས་ཀྱིས་ཡོངས་སུ་ཟིན་པ་དང༌། ཡང་དག་པར་སྨོན་པ་དང༌། ཆོ་ག་མ་ཉམས་པས་ཡོངས་སུ་ཟིན་པ་དང༌། འཚོ་བ་མ་ཉམས་པས་ཡོངས་སུ་ཟིན་པ་དང༌། མཐའ་གཉིས་སུ་མ་ལྷུང་བ་དང༌། ངེས་པར་འབྱུང་བ་དང༌། ཡང་དག་པར་བླངས་པས་ཡོངས་སུ་མ་ཉམས་པའོ། །རྣམ་གྲངས་ནི་རྣམ་པ་དྲུག་སྟེ། ལ་ལར་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་པ་དང༌། ལ་ལར་རྒྱན་དང༌། ལ་ལར་བྱུག་པ་དང༌། ལ་ལར་སྤོས་དང༌། ལ་ལར་ལེགས་པར་སྤྱད་པ་དང༌། ལ་ལར་སྡོམ་པའི་སྒྲར་གསུངས་པའོ། །རྣམ་པར་དག་
པ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར། ལུས་ཀྱི་ལས་ལ་སོ་སོར་རྟོག་པར་བྱེད་པ་དང༌། དག་གི་ལས་ལ་ས་སར་རྟོག་པར་བྱེད་པ་དང༌། ཡིད་ཀྱི་ལས་ལ་སོ་སོར་རྟོག་པར་བྱེད་པའོ། །ཕན་ཡོན་ནི། ཚུལ་ཁྲིམས་ཀྱི་ཕན་ཡོན་རྣམ་པ་བཅུ་སྟེ། འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པར་འགྱུར་པ་དང༌། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ཕྱོགས་བཅུར་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང༌། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་པ་དང༌། གཉིད་ལོག་པ་ན་ལྷ་རྣམས་བསྲུང་བར་འགྱུར་བ་དང༌། གཞན་ལ་སྡིགས་པའི་བག་ཚ་བ་དང༌། འཇིགས་པ་དང༌། དབང་མེད་པར་མི་འགྱུར་བ་དང༌། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང༌། ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུངས་པ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང༌། གནོད་སྦྱིན་དང༌། མི་མ་ཡིན་པ་དང༌། གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང༌། ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང༌། གཞན་ལས་ཆོས་གོས་ལ་སོགས་པ་དག་ཆོས་ཀྱིས་ཚེགས་ཆུང་དུས་ཐོབ་པར་འགྱུར་བ་དང༌། གང་དུ་སྐྱེ་བར་འདོད་པ་ལ་སོགས་པ་སྨོན་ལམ་ཐམས་ཅད་ཡང་དག་པར་འགྱུར་བའོ། །དབང་པོ་སྔོམ་པ་གང་ཞེ་ན། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཉིད་ལ་བརྟེན་ནས། དྲན་པ་ཀུན་དུ་བསྲུང་བ་དང༌། དྲན་པ་ལ་རྟག་འགྲུས་བྱེད་པ་དང༌། དྲན་པས་ཡིད་ཀུན་དུ་བསྲུང་བ་དང༌། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་རྣམ་པར་ཤེས་པ་ན་ཡང་མཚན་མར་མི་འཛིན་ཅིང༌། མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་པའི་ཕྱིར་སྒྲུབ་པར་བྱེད་ཅིང༌། དབང་པོ་རྣམས་ཀྱང་སྲུང་བར་བྱེད་ལ། དབང་པོ་རྣམས་ཀྱིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པས།
དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཡིན་ནོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། དེ་ལྟར་དབང་པོ་བསྡམས་པ་དེ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་པ་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་གནས་པར་བྱ་བ་དང༌། འཚོ་བར་བྱ་བ་དང༌། བཀྲེས་པ་བསལ་བར་བྱ་བ་དང༌། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བ་དང༌། ཚོར་བ་རྙིང་རྣམས་སྤང་བར་བྱ་བ་དང༌། གསར་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང༌། བདག་འཚོ་ཞིང་སྟོབས་དང་བདེ་བ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་ཤིང་ཟས་ཟ་བ་ཡིན་ནོ། །ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཞེ་ན། དེ་ལྟར་ཟས་ཀྱི་ཚོད་རིག་པ་དེ་ཉིན་མོ་འཆག་པ་དང༌། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང༌། མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང༌། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། མཚན་མོའི་གུང་ཐུན་ལ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པ་ཕབ་ནས་རྐང་པའི་སྟེང་དུ་རྐང་པ་བཞག་སྟེ། སྣང་བའི་འདུ་ཤེས་དང༌། དྲན་པ་དང༌། ཤེས་བཞིན་དང་ལྡན་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང༌། མཚན་མོའི་ཐུན་ཐ་མ་ལ་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང༌། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །ཤེས་བཞིན་དུ་སྤྱོད་པ་ཉིད་གང་ཞེ་ན། དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གྱུར་པ་དེ་འགྲོ་བ་དང༌། ལྡོག་པ་ལ་ཤེས་བཞིན་དུ་སྦྱོར་བར་བྱེད་པ་དང༌། ཅུང་ཟད་བལྟས་པ་དང༌། རྣམ་པར་བལྟས་པ་དང༌། བསྐུམ་པ་དང༌། བརྐྱང་བ་དང༌། སྣམ་སྦྱར་དང༌། ཆོས་གོས་དང༌། ལྷུང་བཟེད་བཅང་བ་དང༌། ཟོས་པ་དང༌། འཐུངས་པ་
དང། འཆོས་པ་དང༌། མྱངས་པ་དང༌། སོང་བ་དང༌། སྡོད་པ་དང༌། འདུག་པ་དང༌། ཉལ་བ་དང༌། མི་ཉལ་བ་དང༌། སྨྲ་བ་དང༌། མི་སྨྲ་བ་དང༌། གཉིད་ཀྱིས་སྙོམ་བ་བསང་བ་ལ་ཡང༌། ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །དེས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་རབ་ཏུ་དཀོན་ན། དབང་པོ་སྡོམ་པ་ལ་སོགས་ པ་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བསྟན་ཏོ། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །ཞེས་བྱ་བས་ནི། དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང་དགེ་སྦྱོང་གི་རྒྱན་དཀོན་པར་བསྟན་ཏོ། །དགེ་བའི་བཤེས་གཉེན་གང་ཞེ་ན། རྒྱུ་རྣམ་པ་བརྒྱད་ཀྱིས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། ཚུལ་ཁྲིམས་ལ་གནས་པ་དང༌། མང་དུ་ཐོས་པ་དང༌། རྟོགས་པ་དང་ལྡན་པ་དང༌། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་དང༌། བཟོད་པ་དང་ལྡན་པ་དང༌། མི་འཇིགས་པ་དང་ལྡན་པ་དང༌། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནོ། །དམ་པའི་ཆོས་ཉན་ཅིང་སེམས་པ་གང་ཞེ་ན། དམ་པ་སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྟན་པའི་ཆོས་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དག་འཛིན་ཅིང༌། ཚིག་འབྲུ་དང་དོན་ཉན་པ་གཅིག་པུ་དབེན་པར་སོང་སྟེ། བསམ་གྱིས་མི་ཁྱབ་པའི་གནས་རྣམས་སྤངས་པས་ཇི་སྐད་ཐོས་པའི་ཆོས་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བགྲང་བའི་རྣམ་པས་ཆོས་རྣམས་ལ་འགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང༌། གཞལ་བའི་རྣམ་པའི་རིགས་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་པར་བྱེད་པ་ཡིན་ནོ། །བར་ཆད་མེད་པ་གང་ཞེ་ན། ནང་ལ་བརྟེན་པའི་བར་ཆད་དང༌། ཕྱི་རོལ་ལ་བརྟེན་པའི་བར་ཆད་མེད་པ་སྟེ། དེ་ལ་ནང་ལ་བརྟེན་པའི་བར་ཆད་ནི། སྔོན་བསོད་ནམས་མ་བྱས་པའི་ཕྱིར། འཚོ་བའི་ཡོ་བྱད་རྐྱེན་དུ་བབ་པ་དག་དུས་དུས་སུ་རྙེད་པར་མི་འགྱུར་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཤས་ཆེ་ཞིང་ཡུན་
རིང་བ་དང༌། སྔོན་ནད་མང་བར་འགྱུར་བའི་ལས་བྱས་པས་ནད་མང་བ་དང༌། ཚེ་འདི་ལ་མི་མཐུན་པར་སྤྱད་པས། དེའི་ལུས་ལ་རླུང་དང་མཁྲིས་པ་དང༌། བད་ཀན་འཁྲུག་ཅིང་གསུད་པ་ལ་སོགས་པར་འགྱུར་བ་དང༌། ཟས་ལག་དུ་བ་དང༌། དོན་མང་བ་དང༌། བྱ་བ་མང་བ་དང༌། ཚོགས་འདུ་བ་མང་བ་དང༌། ལས་ལ་དགའ་བ་དང༌། སྨྲ་བ་ལ་དགའ་བ་དང༌། གཉིད་ལ་དགའ་བ་དང༌། བྲེ་མོའི་གཏམ་ལ་དགའ་བ་དང༌། འདུ་འཛིན་ལ་དགའ་བ་དང༌། བདག་ཉིད་རབ་ཏུ་འཛིན་པ་དང༌། མི་བརྟན་པ་དང༌། བག་མེད་པ་དང༌། ཡུལ་ངན་པར་སྐྱེས་པ་དང༌། དེ་ལྟ་བུ་དག་དང་མཐུན་པ་དག་གོ །ཕྱི་རོལ་ལ་བརྟེན་པའི་བར་ཆད་ནི། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་ཅིང་དེ་ལ་རྗེས་སུ་མཐུན་པའི་གདམས་ངག་དང༌། རྗེས་སུ་བསྟན་པ་དུས་སུ་མི་འཐོབ་པ་དང༌། ཡུལ་ངན་པར་གནས་པས་ཉིན་མོ་མི་སྡུག་པ་མང་བ་དང། མཚན་མོ་སྐྱེ་བོ་མང་པོ་རྟག་ཏུ་སྒྲ་འབྱིན་ཅིང༌། ཅ་ཅོ་མང་ལ་ཀླག་ཅོར་ཆེ་བ་དང༌། རླུང་དང་ཉི་མའི་རེག་པ་གྲང་ཞིང་ཚ་བ་དང༌། མི་དང་མི་མ་ཡིན་པས་འཇིགས་པ་དང༌། དེ་ལྟ་བུ་དག་དང་མཐུན་པ་དག་གོ །གཞན་ཡང་བར་ཆད་རྣམ་པ་གསུམ་སྟེ། སྦྱོར་བའི་བར་ཆད་དང༌། རབ་ཏུ་དབེན་པའི་བར་ཆད་དང༌། ནང་དུ་ཡང་དག་འཇོག་གི་བར་ཆད་དག་མེད་པ་ནི་བར་ཆད་མེད་པ་ཡིན་ནོ། །གཏོང་བ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པར་བྱེད་པ་སྟེ། དེ་ཡང་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅིས་སྦྱིན་པར་བྱེད། ཇི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་སྦྱིན་པར་བྱེད་ཅིང༌། གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། སྦྱིན་པ་པོ་དང་སྦྱིན་བདག་གིས་སྦྱིན་པར་བྱེད་དོ། །སུ་ལ་སྦྱིན་པར་བྱེད་ཅེ་ན། བཞི་ལ་སྟེ། སྡུག་བསྔལ་བ་དང༌། ཕན་འདོགས་པ་དང༌། སྡུག་པ་དང༌། ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་སྦྱིན་པར་བྱེད་དོ། །ཅིས་སྦྱིན་
པར་བྱེད་ཅེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་ལྡན་པའི་སེམས་པ་གང་ཡིན་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བར་བྱ་བའི་ཕྱིར། རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་དེ་ཀུན་ནས་བསླང་བའི་ལུས་དང༌། ངག་གི་ལས་གང་ཡིན་པ་དེས་སྦྱིན་པར་བྱེད་དོ། །ཇི་ལྟར་སྦྱིན་པར་བྱེད་ཅེ་ན། མ་འོངས་པ་ལ་ལྟ་བ་དང༌། འབྲས་བུ་མཐོང་བའི་དང་དད་པས་སྦྱིན་པར་བྱེད་པ་དང་དད་པའི་སེམས་ཀྱིས་གུས་པར་སྦྱིན་པར་བྱེད་པ་དང༌། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པ་དང༌། གཞན་ལ་མཁོ་བའི་དུས་སུ་སྦྱིན་པར་བྱེད་པ་དང༌། ཆོས་དང་མཐུན་པ་དང་གཟུ་ལུམས་མ་ཡིན་པས་ལེགས་པར་བསྒྲུབས་ཏེ། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པ་དང༌། གཙང་བ་དང༌། བཟང་པོ་དང༌། དམ་པ་དང༌། རུང་བ་སྦྱིན་པར་བྱེད་པ་དང༌། སེར་སྣའི་དྲི་མ་དང༌། སོག་འཇོག་གི་དྲི་མ་བསལ་ཏེ། སྦྱིན་པར་བྱེད་པ་དང༌། སྦྱིན་པའི་སྔ་རོལ་དུ་ཡང་ཡིད་དགའ་ལ། སྦྱིན་པའི་ཚེ་ན་ཡང་རབ་ཏུ་དང་བ་བྱེད་ཅིང་བྱིན་ནས་ཀྱང་འགྱོད་པ་མེད་པར་འགྱུར་བ་དེ་ལྟར་སྦྱིན་པར་བྱེད་དོ། །ཅིའི་ཕྱིར་སྦྱིན་པར་བྱེད་ཅེ་ན། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་ཕྱིར་དང༌། ཕན་འདོགས་པ་རྣམས་ལ་བྱས་པ་གཟོ་བའི་ཕྱིར་དང༌། སྡུག་པ་རྣམས་ལ་བྱམས་པ་དང་གུས་པ་དང་གཅུགས་པའི་ཕྱིར་དང༌། ཁྱད་པར་རྣམས་ལ་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཁྱད་པར་འདོད་པའི་ཕྱིར་སྦྱིན་པར་བྱེད་དོ། །གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན་དེ་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར། རྣམ་པ་དེ་དག་གིས་ཁྱིམ་པའམ། རབ་ཏུ་བྱུང་བ་དག་ལ་སྦྱིན་པར་བྱེད་ན། སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཏེ་དེ་ནི་གཏོང་བ་སྤེལ་བ་ཞེས་བྱ་བའོ། །དགེ་སྦྱོང་གི་རྒྱན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུ་བདུན་ཏེ། དད་པ་དང་ལྡན་པ་དང༌། གཡོ་མེད་པ་དང༌། ནད་ཉུང་བ་དང༌། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་དང༌། ཤེས་རབ་རྣོ་བ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། སྦྱངས་
པའི་ཡོན་ཏན་དང་ལྡན་པ་དང༌། མཛེས་པ་དང༌། དྲོད་རིག་པ་དང༌། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང༌། མཁས་པའི་རྟགས་དང་ལྡན་པ་དང༌། བཟོད་པ་ཆེ་བ་དང༌། དེས་པ་དང༌། གྱ་ནོམ་པ་ཡིན་ནོ། །དེས་ནི་དགེ་བའི་བཤེས་གཉེན་ཡང་རྙེད་པར་ཤིན་ཏུ་དཀའ་ན། དམ་ཆོས་ཉན་ཅིང་སེམས་པ་ལ་སོགས་ པ་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་ པ་གཉིས་པོ་དེ་དག་གིས་ནི་ཚོགས་ཀྱི་ལམ་དཀོན་པས་དེ་འབྲས་བུ་དང་བཅས་པར་བྱ་དགོས ་པའི་སྒོ་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ།། ཚོགས་ཀྱི་ལམ་རྙེད་པས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །མི་དང་རབ་ཏུ་འབྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། ཞེས་བྱ་བ་ནི་གཞན་གྱི་འབྱོར་པ་རྙེད་པ་བསྟན་ཏོ། །མི་དང་ཞེས་བྱ་བས་ནི་བདག་གི་འབྱོར་པ་རྙེད་པ་བསྟན་ཏོ། །རབ་ཏུ་བྱུང་བ་དང་ཞེས་བྱ་བས་ནི་དགེ་བའི་ཆོས་ལ་འདུན་པ་རྙེད་པ་བསྟན་ཏོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་གྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་བསྟན་ཏོ། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་རྙེད་པ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་ པ་གཅིག་པོ་དེས་ནི་ཚོགས་ཀྱི་ལམ་རྙེད་པས་དེ་འབྲས་བུ་དང་བཅས་པར་བྱ་དགོས ་པའི་སྒོ་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །ཚོགས་ཀྱི་ལམ་རྙེད་པས་ནན་ཏན་དུ་བྱ་བའི་སྒོ་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་
བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། མཁས་པ་ཞེས་བྱ་བ་ནི་མཁས་པའི་རྟགས་དང་ལྡན་པ་སྟེ། ལུས་ཀྱིས་ལེགས་པར་བྱ་བ་བྱེད་པ་དང༌། ངག་གིས་ལེགས་པར་སྨྲ་བ་བརྗོད་པ་དང༌། ཡིད་ཀྱིས་ལེགས་པར་བསམ་པ་སེམས་པའོ། །བདག་ལ་ལེགས་འདོད་ཅིང་ཞེས་བྱ་བས་ནི། བདག་ཉིད་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་འབྲས་བཅས་བྱེད་འདོད་པས། །ཞེས་བྱ་བ་ནི། ཚོགས་ཀྱི་ལམ་དེ་དག་འབྲས་བུ་དང་བཅས་པར་བྱེད་འདོད་པ་སྟེ། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་ཐོབ་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །སྡོམ་བརྩོན་རྣམས་ཀྱིས་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་སོ་སོར་ཐར་པ་མཉན་པའི་ཕྱིར་ནི་འབད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཐོས་པ་དང༌། གཟུང་བ་དང༌། འཛིན་པ་དང༌། བསྒྲུབ་པ་ལ་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་དེས་ནི། ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བའི་སྒོ་ནས། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །བདག་གི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པ་བསྟན་པའི་ཕྱིར། དགེ་སློང་དབང་དུ་ལ་ཀུན་དབང་པོ། །ཞེས་བྱ་བ་གསུངས་ཏེ། དབང་དུ་ལ་ཞེས་བྱ་བ་ནི། མིག་ལ་སོགས་པ་དབང་པོ་ལྔ་པོ་དག་བསྲུང་བ་སྟེ། མིག་གིས་གཟུགས་མཐོང་ན་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ཅིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་འགྱུར་བ་ལ་སོགས་པའོ། །ཀུན་དབང་པོ་ཞེས་བྱ་བ་ནི་གནས་སྐབས་མཉམ་པ་ལ་འཇོག་པ་སྟེ། དབང་པོ་དང༌། དམིགས་པ་དང༌། ཡུལ་དང་དུས་དང༌། གང་ཟག་ལ་སོགས་པའི་གནས་སྐབས་ཐམས་ཅད་ལ་དབང་པོ་དུལ་བར་བྱེད་པའོ། །དེས་ནི་བདག་ཉིད་ཀྱི་བསམ་བ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པར་བྱེད་པ་ན། བདག་ཉིད་ལ་བརྟེན་ཏེ། ངོ་ཚ་ཤེས་པ་སྐྱེ་བའི་སྒོ་ནས་བདག་གི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །གཞན་གྱི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པར་བསྟན་པའི་ཕྱིར།
སངས་རྒྱས་མི་འགྱུར་རབ་བྱུང་བ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཞེས་སྨོས་པ་ནི། སངས་རྒྱས་ལས་སམ། སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་ཞེས་བྱ་བར་སྦྱར་རོ། །མི་འགྱུར་ཞེས་བྱ་བ་ནི་ངེས་ཤིང་འཁྲུལ་པ་མེད་པ་སྟེ། བུ་ལོན་གྱིས་འཇིགས་པའམ་འཚོ་བ་མེད་པས་འཇིགས་པའམ། རྒྱལ་པོས་འཇིགས་པ་ལ་སོགས་པས་རབ་ཏུ་བྱུང་བ་མ་ཡིན་གྱི། ཚུལ་ཁྲིམས་དང་པོ་ཉིད་ནས་ཡང་དག་པར་བླངས་པའི་ཡོན་ཏན་དང་ལྡན་པའོ། །རབ་བྱུང་བ་ཞེས་བྱ་བ་ནི། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་ཏེ་མགོ་བྲེགས་པའོ། །དེས་ནི་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་པའི་ཕྱིར། དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པར་བྱེད་ན། ཕ་རོལ་ལ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ་བར་བྱ་བའི་སྒོ་ནས་གཞན་གྱི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །ཆོས་ཀྱི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པ་བསྟན་པར་བྱ་བའི་ཕྱིར། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། ངེས་པར་ཐར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། སྡུག་བསྔལ་གཏན་སྤངས་པའི་ཕྱིར་རོ། །འདོད་རྣམས་ཀྱིས་ཞེས་བྱ་བ་ནི་དོན་དུ་གཉེར་བ་རྣམས་ཀྱིས་སོ། །དེས་ནི་ཉམས་པར་གྱུར་ན། ཕྱིས་གསོ་བར་བྱེད་པའི་ཕྱིར། དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པ་ན། འགྱོད་པར་བྱེད་པའི་སྒོ་ནས་ཆོས་ཀྱི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །བསྒྲུབ་པའི་མཚན་ཉིད་ཀྱིས་སོ་སོར་ཐར་པ་བསྟན་པའི་ཕྱིར། སོ་སོར་ཐར་པ་རྟག་ཏུ་བསྲུངས། །ཞེས་བྱ་བ་གསུངས་ཏེ། རྟག་ཏུ་བསྲུངས་ཞེས་བྱ་བ་ནི། ཐོག་མ་ཉིད་ནས་ཉམས་པར་མི་འགྱུར་བར་གུས་པ་སྐྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ །དེས་ནི་ཉམས་པར་མི་འགྱུར་བའི་ཕྱིར། གུས་པ་སྐྱེས་ནས་དྲན་པ་ཉེ་བར་གནས་པའི་ཕྱིར། དགེ་སློང་ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྲུང་བའི་སྒོ་ནས། བསྲུང་བའི་མཚན་ཉིད་ཀྱི་སོ་སོར་ཐར་པ་བསྒྲུབ་པ་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཡང་དག་པར་བརྩམ་པའི་མཚན་ཉིད་བཤད་པར་བྱ་སྟེ། ཡང་དག་པར་བརྩམ་པའི་མཚན་ཉིད་ཅེས་བྱ་བ་ནི། སོ་
སོར་ཐར་པའི་གཞུང་རྒྱས་པ་ཡང་དག་པར་བརྩམ་པའོ། །དེ་ཡང་སོ་སོར་ཐར་པ་རྙེད་དཀའ་བ་དང༌། དཀོན་མཆོག་གསུམ་འབྱུང་བ་བདེ་བ་ལ་སོགས་པའི་སྒོ་ནས། ཡང་དག་པར་བརྩམ་ དགོས་པས་དེའི་ཕྱིར། བསྐལ་པ ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གསུངས་སོ། །འདིར་ཡང་ཚིགས་སུ་བཅད་པ་དྲུག་པོ། དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ ་དང༌། འབྲེལ་ པ་དང༌། དགོས ་པའི་ དགོས་པ ་བརྗོད་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི། སོ་སོར་ཐར་པ་ལ་གུས་པར་བྱ་བའོ། ། དགོས་པ ་ནི་གུས་པར་བྱེད་པའོ། །འབྲེལ་བ་ནི། གུས་པར་བྱེད་པ་དེ་ཡང་ཡང་དག་པ་བརྩམ་པ་འདིས་བྱེད་པས། ཡང་དག་པར་བརྩམ་པའི་ཚིགས་སུ་བཅད་པའི་ཐབས་འདི་དང༌། དགོས་པ ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་ དགོས་པ ་ནི། སོ་སོར་ཐར་པ་ལ་གུས་པར་གྱུར་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པར་འདོད་པས། སོ་སོར་ཐར་པའི་གཞུང་རྒྱས་པ་ཉན་པ་ལ་སོགས་པ་བྱེད་པའོ། །དེ་ལ་ཚིགས་སུ་བཅད་པ་དྲུག་པོ་འདི་དག་གི་བསྡུས་པའི་དོན་ནི་རྣམ་པ་བདུན་ཏེ། སོ་སོར་ཐར་པ་རྙེད་དཀའ་བ་དང༌། དཀོན་མཆོག་གསུམ་འབྱུང་བ་བདེ་བ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ་དང༌། སྡིག་པའི་གྲོགས་པོ་སྤང་བ་བདེ་བ་དང༌། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་དང༌། ཐོབ་པར་བྱ་བ་དང༌། དེ་བསྒྲུབ་པ་བདེ་བ་དང༌། སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའོ། །དེ་ལ། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི། སོ་སོར་ཐར་པ་རྙེད་དཀའ་བ་བསྟན་ཏོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དཀོན་མཆོག་གསུམ་འབྱུང་བ་བདེ་བ་བསྟན་ཏོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ་བསྟན་ཏོ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བས་ནི། སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་བསྟན་ཏོ། །ཚུལ་ཁྲིམས་ལྡན་པ་མཐོང་
བ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་བསྟན་ཏོ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཐོབ་པར་བྱ་བ་དང༌། དེ་བསྒྲུབ་པ་བདེ་བ་བསྟན་ཏོ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི། སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བར་བསྟན་ཏེ། ད་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །དེ་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་སོ་སོར་ཐར་པ་རྙེད་དཀའ་བའི་སྒོ་ནས། །སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པ་འང་ཤིན་ཏུ་རྙེད་པར་དཀའ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། བསྐལ་པ་ཞེས་བྱ་བ་ནི་དུས་ཀྱི་བྱེ་བྲག་བསྐལ་པ་ཆེན་པོ་སྟེ། བསྐལ་པར་བྱེད་པས་བསྐལ་པའོ། །བྱེ་བ་ཞེས་བྱ་བ་ནི་གྲངས་ཀྱི་བྱེ་བྲག་སྟེ། གནས་བརྒྱད་པའོ། །རྣམས་སུ་ཡང་ཞེས་བྱ་བ་ནི་བྱེ་བ་ཕྲག་བགྲངས་པ་དག་གིས་ཀྱང་བརྒྱ་ལ་རྙེད་པར་དཀའ་བས་མང་པོའི་ཚིག་ཏུ་བསྟན་ཏོ། །སོ་སོར་ཐར་པ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་བདག་ཉིད་དོ། །ཐོས་པ་ཞེས་བྱ་བ་ནི། རྣ་བའི་རྣམ་པར་ཤེས་པས་ཚིག་གི་བདག་ཉིད་ཐོས་པའོ། །གཟུང་ཞེས་བྱ་བ་ནི། དེའི་རྗེས་ལས་ཐོབ་པ་ཡིད་ཀྱི་རྣམ་པར་ཤེས་པས་ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཡོངས་སུ་དཔྱོད་པའོ། །འཛིན་པ་ཞེས་བྱ་བ་ནི་ཚིག་དང་དོན་གྱི་བདག་ཉིད་གཟུང་བ་དེ་མི་བརྗེད་པའོ། །རྙེད་དཀའ་སྟེ་ཞེས་བྱ་བ་ནི་དེ་གསུམ་ཆར་ཡང་རྙེད་པར་དཀའ་སྟེ། རྒྱ་མཚོ་ཆེན་པོར་གཉའ་ཤིང་གི་མིག་ཏུ་རུས་སྦལ་ཞར་བའི་མགྲིན་པ་ཆུད་པའི་ཚུལ་གྱིས་གཞན་གྱི་འབྱོར་པ་དང༌། བདག་གི་འབྱོར་པ་ལ་སོགས་པ་རྙེད་པར་དཀའ་བས། བསྐལ་བ་ཆེན་པོ་བྱེ་བ་ཕྲག་བགྲངས་པ་ལས་འདས་པས་ཀྱང་དེ་དག་རྙེད་པར་དཀའ་བའི་ཕྱིར་རོ། །བསྒྲུབ་པ་ཞེས་བྱ་བ་ནི་སོ་སོར་ཐར་པ་རྟོགས་པའི་དོན། ལུས་དང༌། ངག་དང༌། ཡིད་དག་གིས་ཡང་དག་པར་བསྒྲུབ་ཅིང་ནན་ཏན་དུ་བྱ་བའོ། །དེའང་སྔ་མ་གསུམ་པས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། ཡང་
དག་པར་བསྒྲུབ་པ་ནི་མངོན་པར་བརྩོན་བ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པ་བརྗོད་པར་བྱས། གུས་པར་ཉོན་ཅིག །ཐོས་ནས་ཀྱང་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་ཅིང་ནན་ཏན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་ལུང་དང་རྟོགས་པའི་སྒོ་ནས། སོ་སོར་ཐར་པ་རྙེད་པར་དཀའ་བས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏེ། ཐོས་པ་དང༌། གཟུང་བ་དང༌། འཛིན་པ་རྙེད་དཀའ་བ་ནི་ལུང་གི་སྒོ་ནས་རྙེད་དཀའ་བ་ཡིན་ལ། བསྒྲུབ་པའང་རྙེད་པར་ཤིན་ཏུ་དཀའ་བ་ནི། རྟོགས་པའི་སྒོ་ནས་རྙེད་དཀའ་བ་ཡིན་ནོ། །དཀོན་མཆོག་གསུམ་འབྱུང་བ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལ་སངས་རྒྱས་འབྱུང་བ་ཞེས་བྱ་བ་ནི། རྫོགས་པར་བྱང་ཆུབ་པའི་ཚེ་ན་འམ། ཕྱིས་འབྱུང་བའི་ཚུལ་གྱིས་བསྡམས་པའི་ཚེའོ། །དེ་བདེ་བ་ཞེས་བྱ་བ་ནི། རྣམ་པར་གྲོལ་བའི་བདེ་བ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང༌། འབྲས་བུ་བདེ་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་མེ་བདེའོ་ཞེས་བྱ་བ་དང་འདྲ་བར་སངས་རྒྱས་རྣམས་འབྱུང་བ་བདེ་བ་ཡིན་ནོ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་བྱ་བ་ནི། མདོ་སྡེ་ལ་སོགས་པ་གསུངས་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་བསྟན་པ་ཡང་བདེ་བའི་རྒྱུ་ཡིན་པ་དང༌། འབྲས་བུ་བདེ་བར་འགྱུར་བས་བདེ་བ་ཡིན་ནོ། །དགེ་འདུན་མཐུན་པ་བདེ་བ་སྟེ། །ཞེས་བྱ་བ་ནི་སྐྱེས་བུ་གང་ཟག་བརྒྱད་ཀྱིས་བདག་ཉིད་ཀྱི་དགེ་འདུན་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཚོ་བ་མཐུན་པས་རོ་གཅིག་ཅིང་བྱ་བ་གཅིག་ཏུ་གྱུར་པ་ཡང་བདེ་བའི་རྒྱུ་ཡིན་པ་དང༌། འབྲས་བུ་བདེ་བར་འགྱུར་བས་བདེ་བ་ཡིན་ནོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ནི། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་པོ་དག་རྗེས་སུ་བསྒྲུབ་པའི་དཀའ་ཐུབ་ཉོན་མོངས་པ་དང༌། ཉེས་པར་སྤྱོད་པ་གདུང་
བར་བྱེད་པ་ཡང་བདེ་བའི་རྒྱུ་ཡིན་བ་དང༌། འབྲས་བུ་བདེ་བར་འགྱུར་བས་བདེ་བ་ཡིན་ནོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི། དཀོན་མཆོག་གསུམ་འབྱུང་བ་དང༌། དེ་དག་གི་འབྲས་བུ་བདེ་བ་ཉིད་ཡིན་པས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་བའི་དབང་དུ་མཛད་ནས། འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་བྱ་བ་གསུངས་ཏེ། འཕགས་པ་རྣམས་ཞེས་བྱ་བ་ནི། དགྲ་བཅོམ་པ་ལ་སོགས་པ་དག་སྟེ། སྡིག་པ་དག་ལས་རིང་དུ་སོང་བའི་ཕྱིར་འཕགས་པ་ཞེས་བྱའོ། །མཐོང་བ་བདེ་ཞེས་བྱ་བ་ནི་དེ་དགེ་བའི་བཤེས་གཉེན་ཉིད་དུ་མཐོང་ན་བདེ་བའི་རྒྱུར་འགྱུར་བའོ། །དམ་པ་དག་དང་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་ནང་ན་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དག་སྟེ། གཞན་ལ་ཕན་འདོགས་ཤིང་ངེས་པའི་ཕྱིར་དམ་པ་ཞེས་བྱའོ། །འགྲོགས་པ་བདེ་ཞེས་བྱ་བ་ནི། ལྷན་ཅིག་མཚུངས་པར་གནས་ན་བདེ་བའི་རྒྱུར་འགྱུར་བའོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་འཕགས་པ་མཐོང་བ་དང༌། དམ་པ་དང་འགྲོགས་པ་ནི་ཚེ་འདི་དང་ཕྱི་མའི་བདེ་བ་ཕུན་སུམ་ཚོགས་པའི་སྔོན་དུ་འགྲོ་བ་ཡིན་བས་དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩོམ་པར་བྱའོ་ཞེས་བསྟན་ཏོ། །སྡིག་པའི་གྲོགས་པོ་སྤངས་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། བྱིས་པ་དག་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། བྱིས་པ་རྣམས་ཞེས་བྱ་བ་ནི། ཤེས་རབ་འཆལ་པ་ལོག་པར་སྒྲུབ་པ་རྣམས་ཏེ། བྱིས་པའི་རྟགས་དང་ལྡན་པའི་ཕྱིར་རོ། །མ་མཐོང་ན། རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི། སྡིག་པའི་གྲོགས་པོ་དང་མ་འགོགས་ན་རྣམ་པ་ཐམས་ཅད་དུ་བདེ་བར་འགྱུར་རོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་སྡིག་པའི་གྲོགས་པོ་སྤངས་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པའི་སྒོ་ནས།
སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ནི་རྣམ་པ་གཉིས་ཏེ། ཉེ་བར་བརྟགས་པ་དང༌། དོན་དམ་པའོ། །ཉེ་བར་བརྟགས་པ་ལ་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང༌། ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །དེ་ལ་ཞི་གནས་ཀྱི་ཡན་ལག་ལ་གནས་པ་ནི། ཚུལ་ཁྲིམས་ལྡན་པ་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་ལ་གནས་ན་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །དེ་མཐོང་བ་བདེ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ནི། གཞན་ལ་གནོད་པའི་བསམ་བ་ལས་ལོག་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷག་མཐོང་གི་ཡན་ལག་ལ་གནས་པ་ནི། མང་དུ་ཐོས་པ་ཞེས་བྱ་བས་བསྟན་ཏེ། མང་དུ་ཐོས་ན་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་མཐོང་བ་བདེ་བ་ནི། ཐོས་པ་དང་ལྡན་པ་ནི་ཐོས་པའི་སྟོབས་ཀྱིས་ལྟ་བ་དང༌། འགྱོད་པ་དང༌། ཐེ་ཚོམ་སེལ་བས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་དམ་པ་ནི། ཡང་སྲིད་རྣམ་པར་གྲོལ་བ་ཡི། དགྲ་བཅོམ་པ་ཞེས་བྱ་བས་བསྟན་ཏེ། ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་འཁོར་བར་ཡང་མི་སྐྱེ་བའི་ཆོས་ཉིད་ཀྱིས་རྣམ་པར་གྲོལ་བ་བསྟན་ཏོ། །དགྲ་བཅོམ་པ་ཞེས་བྱ་བས་ནི། ཉོན་མོངས་པའི་དགྲ་རྣམས་བཅོམ་པ་བསྟན་ཏེ། དགྲ་བཅོམ་པ་ཞེས་བྱ་བའི་སྒྲ་མཆོད་པར་འོས་པ་ལ་སོགས་པའི་དོན་གཞན་དུ་ཡང་འདྲེན་པས། དགྲ་བཅོམ་པའི་འབྲས་བུ་དང་ལྡན་པ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བ་སྨོས་སོ། །དེ་མཐོང་བ་བདེ་བ་ནི་དགྲ་བཅོམ་པ་འཐོབ་པ་ནི། དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པ་ཡིན་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི། དགེ་བའི་བཤེས་གཉེན་གྱི་ཁྱད་པར་བསྟན་ནས། བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །ཐོབ་པར་བྱ་བ་དང༌། དེ་བསྒྲུབ་པའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས།
འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་བ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ཐོབ་པར་བྱ་བ་ནི་རྣམ་པར་གྲོལ་བའོ། །དེ་བསྒྲུབ་པ་ནི་གང་ཟག་རྣལ་འབྱོར་པའོ། །དེ་ལ་ཐོབ་པར་བྱ་བ་བདེ་བ་ནི། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བས་བསྟན་ཏེ། དཔེར་ན་ཆུ་ཀླུང་འཇུག་ངོགས་ཀྱི་ཆུ་ཁ་བདེ་བ་ཆུ་བླངས་སླ་བ་བཞིན་དུ། རྣམ་པར་གྲོལ་བའི་ཆུ་ཀླུང་གི་འཇུག་ངོགས་ཀྱི་ལམ་འདོད་པའི་བསོད་ཉམས་ཀྱི་མཐའ་དང༌། བདག་ཉིད་ངལ་བའི་མཐའ་གཉིས་རྣམ་པར་སྤངས་པས་བདེ་བ་ཡང་རྣམ་པར་གྲོལ་བའི་ཆུ་བླང་སླ་སྟེ། དེས་ནི་ཐོབ་པར་བྱ་བ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དེ་སྒྲུབ་པ་བདེ་བ་ནི། ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་གསུམ་གྱིས་བསྟན་ཏོ། །ཆོས་ལ་གོམས་པ་ཞེས་བྱ་བ་ནི། དགེ་བའི་ཆོས་ལ་གོམས་པ་སྟེ། དེས་ནི་ཚོགས་ཀྱི་ལམ་དང༌། སྦྱོར་བའི་ལམ་སྒྲུབ་པར་བྱེད་པ་བསྟན་ཏོ། །དེ་བདེ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཐོབ་པར་གྱུར་པ་སྟེ། དེས་ནི་རྣམ་པར་དག་པའི་ལམ་སྒྲུབ་པར་བྱེད་པ་བསྟན་ཏོ། །དེ་བདེ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་རྣམ་པར་གྲོལ་བའི་བདེ་བ་ཉིད་འཐོབ་པའི་ཕྱིར་རོ། །ངའོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ནི་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་སྟེ། དེས་ནི་མི་སློབ་པའི་ལམ་སྒྲུབ་པར་བྱེད་པ་བསྟན་ཏོ། །དེ་བདེ་བ་ནི། རྣམ་པར་གྲོལ་བའི་བདེ་བ་ཉིད་མངོན་སུམ་དུ་བྱ་བའི་ཕྱིར་རོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་ཐོབ་པར་བྱ་བ་དང༌། དེ་སྒྲུབ་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པར་བྱེད་པའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམས་པར་བྱ་བའི་དབང་དུ་མཛད་ནས། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་བ་ཞི་བ་རྣམས་སུ་རྒས་གྱུར་དང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། ལང་ཚོ་ཡོལ་
པ་རྣམས་ཀྱི་གནས་པ་བདེ། །ཞེས་བྱ་བ་ཚིགས་སུ་བཅད་པ་གསུངས་ཏེ། སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི། གང་ཟག་རྣལ་འབྱོར་བ་སྟེ། དེ་ནི། ངེས་པར་བྱས་ཤིང་དབང་པོ་དུལ་བ་དག །ཅེས་བྱ་བ་དང༌། མང་དུ་ཐོས་པ་ཞེས་པས་བསྟན་ཏོ། །སྦྱངས་པའི་ཡོན་ཏན་དང་ལྡན་པའི་དགོན་པ་དང༌། ཤིང་དྲུང་པ་ལ་སོགས་པ་བཅུ་གཉིས་ཏེ། དེ་ནི། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང༌། །ཞེས་བྱ་བ་དང༌། ནགས་ཀྱི་ནང་དག་ཏུ་ལང་ཚོ་ཡོལ་བ་རྣམས་ཞེས་བྱ་བས་བསྟན་ཏོ། །དེ་ལ་ངེས་པར་བྱས་ཤིང་ཞེས་བྱ་བས་ནི། སྦྱངས་པའི་ཡོན་ཏན་རྣམ་པར་དག་པ་བསྟན་ཏེ། བསམ་བ་ངེས་པར་བླངས་ཤིང་མངོན་པར་བརྩོན་བར་བྱས་པའི་ཕྱིར་རོ། །དབང་པོ་ཐུལ་བ་དག་ཅེས་བྱ་བས་ནི་ཡོངས་སུ་དག་པ་བསྟན་ཏེ། དབང་པོ་སྡོམ་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག་དགོན་པ་ཞི་བ་རྣམས་སུ་རྒས་པར་གྱུར་པའི་གནས་པ་བདེ་བའོ་ཞེས་བྱ་བར་སྦྱར་ཏེ། དགོན་པ་ཞི་བ་རྣམས་སུ་ཞེས་བྱ་བས་ནི་སྐྱེ་བོ་མེད་པ་ཉིད་ཀྱི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒས་གྱུར་ཞེས་བྱ་བ་ནི་རབ་ཏུ་དབེན་པ་དང༌། སེམས་རྩེ་གཅིག་པ་ཉིད་ལ་ངེས་པར་སྦྱོང་བའི་རིམ་གྱིས་སོ། །མང་དུ་ཐོས་པ་ཞེས་བྱ་བས་ནི་སྡེ་སྣོད་གསུམ་གྱི་བསྟན་བཅོས་དག་ཐོས་པ་སྟེ། དེས་ནི་དགོན་པ་ཞི་བ་རྣམས་སུ་རྒས་པར་གྱུར་པ་དེ་འབྲས་བུ་དང་བཅས་པར་བསྟན་ཏེ། མང་དུ་ཐོས་པ་དགོན་པར་གནས་ནས་འབྲས་བུ་དང་བཅས་པར་འགྱུར་གྱི། གཞན་གྱིས་མི་འགྱུར་བའི་ཕྱིར་རོ། །ནགས་ཀྱི་ནང་དག་ཏུ་ཞེས་བྱ་བས་ནི་གནས་མལ་ཤིང་དྲུང་པ་བསྟན་ཏོ། །ལང་ཚོ་ཡོལ་བ་རྣམས་ཞེས་བྱ་བ་ནི། གཞོན་པ་ཉིད་ཟད་པར་བྱས་པ་རྣམས་སོ། །དེ་རྣམས་ཀྱི་གནས་པ་བདེ་ཞེས་བྱ་བ་ནི་གསོན་པ་བདེ་བ་སྟེ། ཚེ་འདི་དང་ཕྱི་མ་ལ་བདེ་བ་དང༌། བདག་དང་གཞན་ལ་བདེ་བ་དང༌། ཚངས་པ་སྤྱོད་པའི་མཐའ་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་དགོན་པ་དང་ནགས་ཀྱི་ནང་ཞེས་སྨོས་པ་ནི། མཚོན་བ་ཙམ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་ཐམས་ཅད་ཀྱང་བསྡུའོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་སྒྲུབ་པར་བྱེད་པ་གང་དག་གིས་མངོན་པར་བརྩོན་པར་བྱས་ནས། དབང་པོ་དག་ཐུལ་བ་ན་དགོན་
པ་ཞི་པ་གྲོང་ལས་ཐག་རིང་བའི་ཕྱོགས་དག་ཏུ་རྒས་པར་གྱུར་པ་རྣམས་དང༌། གང་དག་མང་དུ་ཐོས་པ་ནི་ནགས་ཀྱི་ནང་དག་ཏུ་ལང་ཚོ་ཡོལ་ཞིང༌། ཟད་པར་བྱས་ལ་དེ་རྣམས་ཀྱི་གནས་པ་ཞེས་བྱ་བ་གསོན་པ་ཉིད་ནི་བདེ་བའོ་ཞེས་སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའི་སྒོ་ནས། སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏེ། །ཡང་དག་པར་བརྩམ་པའི་མཚན་ཉིད་བཤད་ཟིན་ཏོ།། །།བམ་པོ་གཉིས་པ། །དེའི་འོག་ཏུ་གཞུང་རྒྱས་པའི་མཚན་ཉིད་བཤད་པར་བྱ་སྟེ། གཞུང་རྒྱས་པའི་མཚན་ཉིད་ཅེས་བྱ་བ་ནི། སོ་སོར་ཐར་པའི་གཞུང་རྒྱས་པའི་མཚན་ཉིད་བསྟན་པའོ། །དེ་ཡང་དུས་དང་པོར་བྱ་བ་དང༌། མདོ་གདོན་ པ་བསྟན་དགོས ་པས་དེའི་ཕྱིར། ཚེ་དང་ལྡན་བ་དག་སོ་ག་རྣམས་ཀྱི་འདས་པ་དང༌། ལྷག་མ་ཇི་ཙམ་བ་དེ་ཙམ་མོ་ཞེས་བྱ་བ་ནས། དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱིས་གཞུང་ཐམས་ཅད་གསུངས་སོ། །དེ་ལ་འདིར་ཡང་གཞུང་རྒྱས་པ་དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ ་དང༌། འབྲེལ་བ་དང༌། འབྲེལ་བ་དང༌། དགོས་པའི་ དགོས་པ ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་གཞུང་རྒྱས་པའི་མཚན་ཉིད་དག་གོ ། དགོས་པ ་ནི་དེ་དག་རྟོགས་པའོ། །འབྲེལ་པ་ནི་རྟོགས་པ་དེ་ཡང་གཞུང་རྒྱས་པ་འདིས་བྱེད་པས། གཞུང་རྒྱས་པའི་ཐབས་འདི་དང༌། དགོས་པ ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་ དགོས་པ ་ནི། སོ་སོར་ཐར་པའི་གཞུང་རྒྱས་པའི་མཚན་ཉིད་ཡོངས་སུ་ཤེས་པས། ཚུལ་ཁྲིམས་རྣམ་པར་དག་ན། འཕགས་པའི་ལམ་བསྒོམས་པས་མྱ་ངན་ལས་འདས་པ་འཐོབ་པའོ། །དེ་ལ་གཞུང་རྒྱས་པའི་མཚན་ཉིད་འདིའི་བསྡུས་པའི་དོན་ནི། རྣམ་པ་གཉིས་ཏེ། དུས་དང་པོར་བྱ་བ་དང༌། མདོ་གདོན་པའོ། །དེ་ལ་དུས་དང་པོར་བྱ་བ་ནི། མདོ་གདོན་པའི་སྔ་རོལ་དུ་བྱ་བ་སྟེ་ཆོ་གའོ། །དེ་ལ་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་དང༌། མི་འདུ་བ་དགག་པ་དང༌། མཆོད་ཅིང་ལུང་དབོག་པ་དང༌། ཡང་དག་པར་བསྒྲུབ་ཏུ་གཞུག་པ་
དང༌། དེའི་ཕན་ཡོན་དང༌། ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའོ། །མདོ་གདོན་པ་ནི་གསོལ་བ་བྱ་བ་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་པ་སྟེ་ལས་སོ། །དེའི་བསྡུས་པའི་དོན་ཀྱང་རྣམ་པ་དྲུག་སྟེ། གསོལ་བ་དང༌། གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིམ་གྱིས་གདོན་པའི་མཚན་ཉིད་བསྟན་པའོ། །དེ་ལ་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས། བག་ཡོད་པས་འཐོབ་བོ་ཞེས་བྱ་བའི་བར་གྱིས་ནི། སོ་སོར་ཐར་པ་མཉན་བ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་ཞེས་བྱ་བ་ནས། དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མི་འདུ་བ་དགག་པ་བསྟན་ཏོ། །ཤཱཀྱ་སེང་གེ་དེ་ལ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མཆོད་ཅིང་ལུང་དབོག་པ་བསྟན་ཏོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཆེ་བ་གང་དག་ངག་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དེའི་ཕན་ཡོན་བསྟན་ཏོ། །སུ་ལ་སྲབ་འདི་མེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི། ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་བྱ་བ་ལ་སོགས་པ་གསོལ་བ་འབའ་ཞིག་གི་ལས་ཀྱི་ས་ནི་གསོལ་བ་བསྟན་ཏོ། །ཚེ་དང་ལྡན་པ་དང་།བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་རྣམས་ཀྱིས་ནི་གླེང་གཞི་གདོན་པ་ལ་སོགས་པ་རིམ་པ་བཞིན་དུ་བསྟན་ཏོ། །དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང༌། ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་རྒན་
པ་དང༌། གཞོན་པ་དག་ལ་སྙན་པའི་ཚིག་གིས་བོད་པའོ། །རྣམས་ཀྱི་ཞེས་བྱ་བ་ནི། གསོ་སྦྱོང་གདོན་པའི་དུས་ཚིགས་མཚོན་པ་སྟེ། སོ་ག་དང༌། དབྱར་དང༌། སྟོན་དང༌། དགུན་དང༌། དགུན་སྨད་དང༌། དཔྱིད་ཀྱི་དུས་ཚིགས་དྲུག་པོ་གང་དག་གི་ཚེ། སོ་སོར་ཐར་པའི་མདོ་གདོན་པའི་དུས་ཚིགས་དེ་ཉིད་ཀྱི་མིང་སྨོས་པ་བྱ་བ་ཡིན་ནོ། །དེ་ལ་དུས་ཚིགས་དྲུག་པོ་རེ་རེ་ལ་བསྡུ་བ་ཟླ་བ་གཉིས་གཉིས་ཡོད་པས་མང་པོའི་ཚིག་ཏུ་བྱས་ཏེ། སོ་གའི་དུས་ཚིགས་ནི་དཔྱིད་ཟླ་ཐ་ཆུངས་ཉ་ནས། དབྱར་ཟླ་ར་བ་ཉའི་བར་དང༌། དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དབྱར་གྱི་དུས་ཚིགས་ནི་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དང༌། དབྱར་ཟླ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །སྟོན་གྱི་དུས་ཚིགས་ནི་སྟོན་ཟླ་ར་བ་ཉ་ནས། སྟོན་ཟླ་འབྲིང་པོ་ཉའི་བར་དང༌། སྟོན་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་གྱི་དུས་ཚིགས་ནི། སྟོན་ཟླ་ཐ་ཆུངས་ཉ་ནས། དགུན་ཟླ་ར་བ་ཉའི་བར་དང༌། དགུན་ཟླ་ར་བ་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་སྨད་ཀྱི་དུས་ཚིགས་ནི། དགུན་ཟླ་འབྲིང་པོ་ཉ་ནས། དགུན་ཟླ་ཐ་ཆུངས་ཉའི་བར་དང༌། དགུན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །དཔྱིད་ཀྱི་དུས་ཚིགས་ནི། དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་འབྲིང་པོ་ཉའི་བར་དང༌། དཔྱིད་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་སོ། །དེ་ལ་སོ་གའི་དུས་ཚིགས་ལ། སོ་སོར་ཐར་པ་འདོན་ན་ནི་སོ་ག་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དབྱར་དང༌། སྟོན་དང༌། དགུན་དང༌། དགུན་སྨན་དང༌། དཔྱིད་ཀྱི་དུས་ཚིགས་ལ་སོ་སོར་ཐར་པ་འདོན་ན་ཡང༌། དབྱར་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནི་ཟླ་བ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདས་པ་ཇི་ཙམ་པ་དེ་ཙམ་བརྗོད་པར་བྱ་བ་དང༌། ལྷག་མ་ཇི་ཙམ་པ་དེ་ཙམ་བརྗོད་པར་བྱའོ། །དེ་ལ་སོ་གའི་དུས་ཚིགས་ལ་ནི། །གསོ་སྦྱོང་གདོན་པའི་དུས་བཞི་ཡོད་དེ། དཔྱིད་ཟླ་ཐ་ཆུངས་གནམ་
སྟོང་དང༌། དབྱར་ཟླ་བ་ཉ་དང༌། དབྱར་ཟླ་ར་བ་གནམ་སྟོང་དང༌། དབྱར་ཟླ་འབྲིང་པོ་ཉའོ། །དེ་ལ་དཔྱིད་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི། །འདི་སྐད་ཅེས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང༌། གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ར་བ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ར་བ་གནམ་སྟོང་ལ་གདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དབྱར་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་གདོན་པའི་དུས་བཞི་ཡོད་དེ། དབྱར་ཟླ་འབྲིང་པོ་གནམ་སྟོང་དང༌། དབྱར་ཟླ་ཐ་ཆུངས་ཉ་དང༌། དབྱར་ཟླ་ཐ་ཆུངས་གནམ་སྟོང་དང༌། སྟོན་ཟླ་ར་བ་ཉའོ། །དེ་ལ་དབྱར་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི། །འདི་སྐད་ཅེས། ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེ་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་བ་དག་དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་ར་བ་ཉ་ལ་འདོན་ན་ནི། །འདི་སྐད་ཅེས། ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་སྟོན་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ར་བ་གནམ་སྟོང་དང༌། སྟོན་ཟླ་འབྲིང་པོ་ཉ་དང༌། སྟོན་ཟླ་འབྲིང་པོ་གནམ་སྟོང་དང༌། སྟོན་ཟླ་ཐ་ཆུངས་ཉའོ། །དེ་ལ་སྟོན་ཟླ་བ་གནས་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་
གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི། འདི་སྐད་ཅེས་ཚེ་དང་ལྡན་པ་དག །སྟོན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག །སྟོན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་ཚིགས་བཞི་ཡོད་དེ། སྟོན་ཟླ་ཐ་ཆུངས་གནམ་སྟོང་དང༌། དགུན་ཟླ་ར་བ་ཉ་དང༌། དགུན་ཟླ་ར་བ་གནམ་སྟོང་དང༌། དགུན་ཟླ་འབྲིང་པོ་ཉའོ། །དེ་ལ་སྟོན་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག། དགུན་རྣམས་ཀྱི་ཟླ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག །དགུན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་སྨད་ཀྱི་དུས་ཚིགས་ལ་ཡང་གསོ་སྦྱོང་གདོན་པའི་དུས་བཞི་ཡོད་དེ། དགུན་ཟླ་འབྲིང་པོ་གནམ་སྟོང་དང༌། དགུན་ཟླ་ཐ་ཆུངས་ཉ་དང༌། དགུན་ཟླ་ཐ་ཆུངས་གནམ་སྟོང་དང༌། དཔྱིད་ཟླ་ར་བ་ཉའོ། །དེ་ལ་དགུན་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།།
ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ར་བ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག །དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔྱིད་ཀྱི་དུས་ཚིགས་ལ་ཡང༌། གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དོ། དཔྱིད་ཟླ་ར་བ་གནམ་སྟོང་དང༌། དཔྱིད་ཟླ་འབྲིང་པོ་ཉ་དང༌། དཔྱིད་ཟླ་འབྲིང་པོ་གནམ་སྟོང་དང༌། དཔྱིད་ཟླ་ཐ་ཆུངས་ཉའོ། །དེ་ལ་དཔྱིད་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི། འདི་སྐད་ཅེས། ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་དག་ནི་གསོ་སྦྱོང་བཅུ་བཞི་བ་འམ་བཅོ་ལྔ་པ་དག་གི་སྐབས་སུ་ཟླ་བ་ཕྱེད་ཕྱེད་ཅིང༌། སོ་སོར་ཐར་པའི་མདོ་གདོན་པར་བརྗོད་པའི་སྐབས་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་ལ་སོགས་པ་ཉ་ཤིའི་དུས་དང་མི་སྦྱོར་བའི་སྐབས་སུ། སྔར་སྨོས་པའི་སྔ་གས་དེ་དག་གི་སྟེང་དུ་ཟླ་བ་དང་བོ་དང༌། གཉིས་པའི་ཡར་རམ། མར་གྱི་ངོའི་ཚེས་གྲངས་ཀྱང་འདས་པ་དང༌། ལྷག་མ་ཇི་ཙམ་བ་དེ་ཙམ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་དང་པོའི་མར་གྱི་ངོ་འི་ཚེས་གཅིག་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉེ་ཤུ་རྩ་དགུ་ནི་ལུས་སོ་ཞེས་བརྗོད་པར་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་བརྗོད་པར་བྱ་བ་ནི། འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བ་དང༌། ཚེའི་དུས་འདས་པ་སེམས་ལ་
གཞག་པར་བྱ་བ་དང༌། འཁོར་བར་སྐྱོ་བར་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ་བ་དང༌། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་དག་བརྩི་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས། ཟླ་བ་ངོ་རེ་ཞིང་སྨྱིག་མའི་ཐུང་མ་བཅྭ་ལྔ་སྐུད་པ་ལ་བརྒྱུས་པ་ཉིན་རེ་རེར་གྲངས་བགྲང་ཞིང༌། དགེ་སྐོས་ཀྱིས་གནས་བརྟན་ལ་བརྟགས་ལ། དགེ་འདུན་ལ་ཉི་མ་རེ་ཞིང་བརྗོད་པར་བྱའོ། །ཟླ་བ་ཤོལ་འདོར་བ་ནི། རྒྱལ་པོའི་རྗེས་སུ་འབྲང་བས་དོར་རོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང༌། སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་འདིས་ཀྱང་འཁོར་བས་སྐྱོ་བར་བྱ་ཞིང༌། དགེ་བ་ལ་བརྩོན་པར་བྱ་བ་སྟེ། དེ་ལ་འདིར་འཁོར་བས་སྐྱོ་བར་བྱ་ཞིང༌། དགེ་བ་ལ་བརྩོན་པར་བྱ་བའི་རྒྱུར་ཅིའི་ཕྱིར་རྒ་བ་དང༌། འཆི་བ་མངོན་པར་འོང་བ་དང༌། སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བ་སྨོས་ཤེ་ན། ཚངས་པར་སྤྱོད་པའི་རྒྱུའི་གཙོ་བོ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཚངས་པར་སྤྱོད་པ་ནི་རྣམ་པ་གཉིས་ཀྱིས་འགྲུབ་སྟེ། །ལུས་དང་གནས་ཀྱིས་སོ། །དེ་ལ་ལུས་ཀྱིས་ནི་ལུས་སྦྱོར་བཟོད་པ་དང༌། རྒྱུན་མ་ཆད་པས་ཚངས་པར་སྤྱོད་པ་འགྲུབ་སྟེ། དེ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར། རྒ་བ་དང་འཆི་བ་མངོན་པར་འོང་ཞིང་ཞེས་བྱ་བ་གསུངས་ཏེ། ལུས་སྦྱོར་མི་བཟོད་པ་དང༌། རྒྱུན་ཆད་པས་ཚངས་པར་སྤྱོད་པ་ཡོངས་སུ་ཉམས་པར་འགྱུར་བར་གོ་རིམས་བཞིན་ནོ། །སྲིད་པའི་ཡན་ལག་གཞན་དག་དང༌། མྱ་ངན་ལ་སོགས་པ་ཉེས་དམིགས་དག་ཅིའི་ཕྱིར་མ་སྨོས་པར་རྒ་ཤི་ཉི་ཚེ་སྨོས་ཤེ་ན། ལང་ཚོ་དང་གསོན་པས་ཚངས་པར་སྤྱོད་པ་འགྲུབ་ཅིང༌། རྒ་བ་དང་འཆི་བས་དེ་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར། རྒྱུའི་གཙོ་བོ་སྨོས་པས་གཞན་ཡང་ཞར་ལ་རིག་པར་བྱའོ། །གནས་ཀྱིས་ཇི་ལྟར་ཞེ་ན། གནས་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་སྐྱེ་བའི་གནས་སུ་གྱུར་པ་སངས་རྒྱས་ཀྱི་བསྟན་པ་སྟེ། དེ་ཡོངས་སུ་ཉམས་པ་བསྟན་པའི་ཕྱིར།
སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཞེས་བྱ་བ་གསུངས་ཏེ། སྟོན་པའི་བསྟན་པ་ཞིག་ན་ཚངས་པར་སྤྱོད་པ་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཕྱིན་ཅི་ལོག་པར་སྟོན་པའི་ཕྱིར་རོ། །དེའི་བསྟན་པ་ཞེས་བྱ་བ་ནི། །གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ཏེ། དེས་སློབ་མ་ལ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་འཇིག་པ་ཞེས་བྱ་བ་ནི་བསྒྲུབ་པ་ཡོངས་སུ་ཉམས་པས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་གསུངས་སོ། །བག་ཡོད་པས་ཞེས་སྨོས་པ་ནི། རྒྱུའི་དངོས་པོས་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་བག་ཡོད་པས་འཐོབ་བོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། དོན་ཇི་ལྟ་བ་བཞིན་དུ་གནས་པ་ཐུགས་སུ་ཆུད་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་འམ། མཆོད་པར་འོས་པའོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་བསྟན་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཤེས་བྱ་མ་ལུས་པ་རྫོགས་པར་ཐུགས་སུ་ཆུད་ཅིང་སངས་རྒྱས་པ་གང་ལ་ཡོད་པའོ། །དེ་རྣམས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་ཐུགས་སུ་ཆུད་པའོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་དུ་བརྟག་པའོ། །གང་དག་ཅེས་བྱ་བ་ནི། དགེ་བའི་ཆོས་ཞེས་བྱ་བ་དང་སྦྱོར་རོ། །དེ་ལྟ་བུ་དང་མཐུན་པ་ཞེས་བྱ་བ་ནི་བྱང་ཆུབ་དང་མཐུན་པའི། །དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་ཞེས་བྱ་བ་ནི་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི་བྱང་ཆུབ་སྐྱེད་པར་བྱེད་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་སྟེ། དེ་དག་བག་ཡོད་པ་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ།།
དེ་ལྟར་སྐབས་དེ་དག་ཉིད་ནི། སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་ན། ཚེའི་དུས་འདས་པ་དད་རྒ་ཤི་མངོན་པར་འོང་བ་དང༌། སྟོན་པའི་བསྟན་པ་འཇིག་པར་འགྱུར་བའི་ཉེས་དམིགས་ཡོད་པས་སོ་སོར་ཐར་པ་མཉེན་པ་ལ་རྣ་གཏོད་ཅིང༌། བག་ཡོད་པས་དགེ་བའི་ཆོས་ལ་བརྩོན་པར་བྱའོ་ཞེས་བྱ་བའི་སྒོ་ནས་སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་ཏོ། །མི་འདུ་བ་དགག་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་བས། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལེགས་པ་དྲུག་དང་ལྡན་པའོ། །ཉན་ཐོས་ཞེས་བྱ་བ་ནི། འབྲས་བུ་ཇི་ལྟར་འཐོབ་པ་སྒྲོགས་པར་བྱེད་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་དག་གི་ཚོགས་ཏེ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དོན་ཉུང་བ་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །བྱ་བ་ཉུང་བ་ཞེས་བྱ་བ་ནི། ལུས་དང་ངག་གཉིས་ཀྱིས་སོ། །དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དགག་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ་བྱ་བ་ཉུང་བ་ཡིན་བ་དེའི་ཕྱིར་དེ་དགེ་འདུན་ལ་གསོ་སྦྱོང་གི་དུས་སུ་འདུ་ཞིང་འདུན་པ་དང༌། ཡོངས་སུ་དག་པ་བརྗོད་པར་བྱ་བ་ལས་གཞན་པའི་ཐོག་མར་བྱ་བ་ཅི་ཡོད་དེ། ཅི་ཡང་མེད་ཀྱི་ཐམས་ཅད་འདུས་ཤིག་ཅེས་བྱ་བ་མེད་པར་དགག་པའི་སྒོ་ནས་མི་འདུ་བ་དགག་པ་བསྟན་ཏོ། །ཡང་ན་དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དྲི་བ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དེའི་ཕྱིར་དགེ་འདུན་ལ་གསོ་སྦྱོང་གི་དུས་སུ་འདུ་བའི་ཚེ། གང་བྱས་ན་མི་མཐུན་པ་ཉིད་ཀྱི་འདུ་བར་མི་འགྱུར་པའི་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དྲི་བའོ། །དེའི་ལན་གདབ་པའི་ཚིག་ཏུ་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ། འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། མ་ལྷགས་པ་རྣམས་ལ་ཞེས་བྱ་བ་ནི། མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་
པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་དག་ལས་གང་བྱེད་ཀྱང་རུང་སྟེ། དེའི་དུས་སུ་མཚམས་ཀྱི་ནང་ན་དགེ་སློང་གི་དགེ་འདུན་གྱི་ཁ་སྐོང་བར་འོས་པ་ཇི་སྙེད་འཁོད་པ་ཐམས་ཅད་གསོ་སྦྱོང་གི་གནས་སུ་འདུ་བར་བྱ་བ་ཡིན་པ་ལས་དེ་དག་གི་ནང་ནས་མི་འདུ་བར་གནང་བ། ན་བ་དང༌། དབང་མེད་པ་དང༌། སྲོག་གི་བར་ཆད་དང༌། ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་གང་དག་གསོ་སྦྱོང་གི་གནས་སུ་མ་ལྷགས་པ་རྣམས་སོ། །མི་འདུ་བར་གནང་བ་དེ་དག་ལས་མ་གཏོགས་པ་གཞན་ནི་མཚམས་ཀྱི་ཁོང་ན་འདུག་ན། གསོ་སྦྱོང་གི་གནས་སུ་མི་འདུར་མི་རུང་སྟེ། མི་འདུན་ཐམས་ཅད་དུ་རང་ལ་ཉེས་བྱས་དང༌། དགེ་འདུན་གྱི་ལས་མི་འཆགས་པར་འགྱུར་རོ། །འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག་ཅེས་བྱ་བ་ལས་འདུན་པ་དྲི་བ་ནི་ལས་ལ་མི་མཐུན་པ་དག་མི་བྱ་བའི་ཕྱིར་ཏེ། མི་མཐུན་པ་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང༌། ཕྱིར་ལྡོག་པར་བྱེད་པའོ། །དེ་ལ་འདུས་པར་བྱེད་པ་རྗེས་སུ་མ་ཞུགས་པ་ནི། དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཚོགས་ཀྱི་ཁ་སྐོང་བར་འོས་པར་ལུས་སམ། འདུན་པས་དགེ་འདུན་འདུས་པའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མི་མཐུན་པ་ཉིད་ཡིན་ནོ། །ཕྱིར་ལྡོག་པར་བྱེད་པའོ། །དགེ་སློང་ལས་དེའི་མཚམས་གྱི་ཁོངས་སུ་གཏོགས་པ་རང་བཞིན་དུ་གནས་པ། སྤྱོད་ལམ་ལས་མ་ཉམས་པ་དག་ཡང་དག་པར་བསྡམས་པ། འདུལ་བའི་བྱ་བ་མངོན་པར་ཤེས་པ། ཞེ་འགྲས་པ་མེད་པས་ལས་གཞན་ལ་བྱེད་པ་ཆོས་དང་མི་ལྡན་པའི་ཕྱིར་ཟློག་པར་བྱེད་ན། མི་མཐུན་པ་ཉིད་ཡིན་པའོ། །དེ་བས་ན་མི་མཐུན་པ་དེ་གཉིས་རབ་ཏུ་གསལ་བའི་ཕྱིར་ནི། མ་ལྷགས་པ་རྣམས་ལ་འདུན་པ་དྲི་བར་བྱའོ། །ཡོངས་སུ་དག་པ་དྲི་བ་ནི། མ་ལྷགས་པ་གང་དག་གིས་འདུན་པ་ཕུལ་བ་དེ་དག་སྣོད་དུ་འགྱུར་བར་བྱ་བའི་ཕྱིར་རོ། །དེ་ལ་ཆོ་ག་ནི། དགེ་སྐོས་ཀྱི་གསོ་སྦྱོང་གི་ཚེ། ཚུལ་ཤི་འབྲིམ་པས་དགེ་སློང་རྣམས་བགྲང་ཞིང༌། མ་ལྷགས་པ་དངོས་སུ་ཡོད་དམ། གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་འཕྲིགས་ན། གསོ་སྦྱོང་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས་དགེ་སློང་འདུན་པ་དང༌། ཡོངས་སུ་དག་པ་ལེན་པ་དགེ་
སློང་ཆོས་ལྔ་དང་ལྡན་བ་གཅིག་གམ། གཉིས་སམ། གསུམ་ཚིག་གིས་བསྐོ་བར་བྱ་ཞིང་དེས་བཙལ་པ་དང༌། བོད་པ་དང༌། མཐོན་པོར་འདུག་སྟེ། ཕྱོགས་སུ་བལྟ་བ་ལ་སོགས་པ་དག་གིས་བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ། མ་ལྷགས་པ་རྣམས་ལ། དེང་དགེ་འདུན་གསོ་སྦྱོང་མཛད་ན། ཚེ་དང་ལྡན་པ་དག་འདུན་པ་འབུལ་ལམ། བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི་བར་བྱའོ། །མ་ལྷགས་པ་རྣམས་ཀྱིས་དེ་ལ་འདུན་པ་དང༌། ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་སློང་འདུན་པ་ཡང་ཡོངས་སུ་དག་པ་འབུལ་བར་བྱེད་པའི་ཀུན་ཏུ་སྤྱད་པའི་ཆོས་འདི་ལྟ་སྟེ། དགེ་སློང་འདུན་པ་དང༌། ཡོངས་སུ་དག་པ་འབུལ་བར་བྱེད་པས། མཆིལ་ལྷམ་གཉིས་ཕུད་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་པ་ལ་ཕྱག་འཚལ་ནས། ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གིས་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པར་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་བཟླས་ཤིང༌། དེའི་རྫས་ལ་ལེན་པ་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འབུལ་བས་ནི་ལེགས་སོ་ཞེས་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་ལྔ་ཕྱེར་བླངས་ཤིང་དབུལ་དུ་ཡང་རུང་སྟེ། སྔགས་ཀྱི་བྱེ་བྲག་ནི། འདུན་པ་དང་ཡོངས་སུ་དག་པ་གང་འབུལ་བ་དེ་ཉི་ཚེའི་མིང་སྨོས་ཏེ། ལན་གསུམ་དུ་བཟླས་པར་བྱའོ། །དགེ་སློང་འདུན་པ་དང༌། ཡོངས་སུ་དག་པ་འབུལ་བར་བྱེད་པས། གལ་ཏེ་བརྗོད་མི་ནུས་ན། ལུས་སམ། ངག་གམ། ལུས་དང་ངག་
གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང༌། ཡོངས་སུ་དག་པ་འབུལ་བར་བྱེད་ན། འདུན་པ་དང་ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ་ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་མི་ནུས་ན། དགེ་འདུན་ཐམས་ཅད་དེར་དོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པའི་ཀུན་དུ་སྤྱད་བའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པས་འདུན་པ་དང་ཡོངས་སུ་དག་པ་བླངས་ནས། བརྒྱུག་བར་མི་བྱ། མགྱོགས་པར་མི་བྱ། མཆོང་བར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་བྱ། སྟེང་གི་ནམ་མཁའ་ལ་མཆོང་བར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དྲིས་ནས་ཀྱང་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་ལྟར་འདུན་པ་དང་ཡོངས་སུ་དག་པ་ལེན་པ་དེས་དེ་བླང་སྟེ། གསོ་སྦྱོང་གི་གནས་སུ་ཕྱིན་ནས། དགེ་སློང་ངམ་དགེ་འདུན་ལ་བརྗོད་པར་བྱའོ། །དེ་བརྗོད་པའི་ཆོ་ག་དང་སྔགས་ནི། སོ་སོར་ཐར་པའི་མདོ་འདོན་པས་སེང་གེའི་ཁྲི་ལ་མ་འདུག་པའི་མདུན་རོལ་དུ་དགེ་འདུན་ཐམས་ཅད་གསོ་སྦྱོང་གི་གནས་སུ་འདུག་པ་ན། གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་འདུན་པ་དང་ཡོངས་སུ་དག་པ་བརྗོད་ཅིག །བརྗོད་པར་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ། དེས་དགེ་སློང་ངམ། ཡང་ན་དགེ་འདུན་ལ་དེའི་འདུན་པ་དང༌། ཡོངས་སུ་དག་པ་ཅིག་ཅར་དབུལ་བར་བྱའོ། །དགེ་སློང་ལ་དབུལ་བ་ནི། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་
ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་དུ་བཟླས་པར་བྱའོ། །དགེ་འདུན་ལ་འབུལ་ན་ནི། དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །འདིའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་འདུན་གྱིས་ཀྱང་དེ་དང་དུ་བླང་བར་བྱ་སྟེ། དེས་ན་འདུན་པ་ཕུལ་བས་ནི། དགེ་འདུན་གྱི་ལས་མི་མཐུན་པར་མི་འགྱུར་ལ། ཡོངས་སུ་དག་པ་ཕུལ་བས་ནི་གང་ཟག་མ་ལྷགས་པ་བདག་ཉིད་སྣོད་དུ་འགྱུར་རོ། །ལེན་པ་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཤི་འམ། ཁྱིམ་པར་བབས་པ་ལ་སོགས་པར་གྱུར་ན། མ་བླངས་པ་ཉིད་ཡིན་པས་ཡང་བླང་བར་བྱའོ། །ཕྱིན་ན་མ་བརྗོད་ཀྱང་བླངས་པ་ཉིད་ཡིན་པས་ཡང་བླང་མི་ དགོས་སོ། །མི་འདུ་བ་དགག་པ ་བཤད་ཟིན་ཏོ། །མཆོད་ཅིང་ལུང་འབོགས་པའི་དབང་དུ་མཛད་ནས། ཤཱཀྱ་སེང་གེ་དེ་ལ་ནི། །སེན་མོ་བཅུ་ཡི་ཐལ་སྦྱར་ཏེ། སོ་སོར་ཐར་པ་གདོན་པར་བྱ། གདུལ་བའི་
ཕྱིར་ནི་ང་ལ་ཉོན། །ཞེས་བྱ་བ་གསུངས་ཏེ། ཤཱཀྱ་ཞེས་བྱ་བ་ནི་གདུང་རྒྱུད་དེ། དེས་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམ་པར་དག་པ་བསྟན་ཏོ། །སེང་གེ་ཞེས་བྱ་བ་ནི་ཡོན་ཏན་ཏེ། དེས་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་མཁྱེན་པ་རྣམ་པར་དག་པ་བསྟན་ཏེ། མི་བསྙེངས་པ་དག་གིས་མུ་སྟེགས་ཅན་གྱི་རི་དགས་སྐྲག་པར་མཛད་པའི་ཕྱིར་རོ། །སེན་མོ་བཅུ་ཞེས་བྱ་བས་ནི་སོར་མོ་བཅུ་མཚོན་པར་བྱེད་དོ། །ཐལ་སྦྱར་ཏེ་ཞེས་བྱ་བ་ནི། ལག་མཐིལ་གཉིས་ཀྱི་སོར་མོ་བཅུ་ཐལ་མོ་སྦྱར་ཏེའོ། །དེ་དག་གིས་མཆོད་པ་བསྟན་ཏོ། །ཐལ་མོ་སྦྱར་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་གདོན་པར་བྱ། །ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིམ་གྱིས་གདོན་པ་དག་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གདུལ་བའི་དོན་དུ་ང་ལ་ཉོན། །ཞེས་བྱ་བ་ནི། སློབ་མ་རྣམས་གདུལ་བའི་དོན་དུ་སྟེ། ཡང་དག་པར་སྡུད་པར་བྱེད་པའམ། སོ་སོར་ཐར་པ་གདོན་པ་ང་ལ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེ་དག་གིས་ནི་ལུང་དབོག་པ་བསྟན་ཏོ། །མཆོད་ཅིང་ལུང་དབོག་པ་བཤད་ཟིན་ཏོ། །ཡང་དག་པར་སྒྲུབ་ཏུ་གཞུག་པའི་དབང་དུ་མཛད་ནས། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཞིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཐོས་ནས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དེ་དག་གི་ལུང་ཕོག་པ་ཐོས་ནས་སོ། །དྲང་སྲོང་ཆེན་པོ་ཞེས་བྱ་བ་ནི། སྟོན་པ་བཅོམ་ལྡན་འདས་ཏེ། ཚུལ་ཁྲིམས་ཀྱི་ངང་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་གསུངས་པ་བཞིན་ཞེས་བྱ་བ་ནི། འདུལ་བ་དང་མི་འགལ་བ་དང༌། འཇིག་རྟེན་དང་མི་འགལ་བར་བྱའོ་ཞེས་གསུངས་པ་བཞིན་དུའོ། །བསྒྲུབ་བྱ་ཞིང་ཞེས་བྱ་བ་ནི་སྦྱོར་བ་དང༌། དངོས་དང༌། མཇུག་གི་སྒོ་ནས་ནན་ཏན་དུ་བྱ་བའོ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་སྡིག་པ་སྟེ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། །ཕྲ་རྣམས་ལ་
ཞེས་བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པས། ཕྲ་མོ་རྣམས་ལའོ། །བརྟུན་ཞིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ནི་སྲུང་བ་དག་ལ་སོགས་པ་དག་ལ་འབད་པ་དང༌། ལྷུར་བླང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཕྲ་མོ་རྣམས་ལ་ཡང་བརྟུན་ཞིང་བྱེད་པ་ཉིད་དུ་བྱ་ན། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་ པ་ཆེན་པོ་རྣམས་ལྟ་སྨོས་ཀྱང་ཅི་དགོས ་ཞེས་གསུངས་པར་ཤེས་པར་བྱའོ། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ལ་རྟག་ཏུ་འབད་པས་བདའ་བ་ཞེས་བྱ་བ་ནི། སེམས་རྟ་དམུ་རྒོད་དང་འདྲ་བ་འདི་ནི་ལམ་བདེ་བ་དང་འདྲ་བའི་དགེ་བའི་ཕྱོགས་ལ་གཞུག་པའི་དུས་ན། རྟག་ཏུ་བྲུངས་བཞིན་དུ་འཐེན་ཞིང་བརྩོན་འགྲུས་ཀྱི་ལྕག་གིས་བདའ་ཞིང་བསྐྱོད་དགོས་པའོ། །སེམས་ཉིད་རྟ་དམུ་རྒོད་དང་འདྲའོ། །ཁ་བླན་དཀའ་བ་ཞེས་བྱ་བ་ནི་ལམ་གོལ་བ་དང་འདྲ་བའི་མི་དགེ་བའི་ཕྱོགས་ལ་འཇུག་པའི་དུས་ན། རླང་བཞིན་དུ་འཕྱོ་ཞིང་ཆུ་ལོན་གྱི་འགུག་སྲབ་ཀྱིས་ཕྱིར་ཁ་བླ་ན་ཞིང་དགུག་དཀའ་བའོ། །མཐུན་པ་ཞེས་བྱ་བ་ནི་འཚམ་ཞིང༌། རྐྱེན་དུ་འབབ་པ་སྟེ། རྟ་དམུ་རྒོད་རྟག་ཏུ་ལྕག་གི་འབད་པས་བདའ་ཞིང་འགུག་སྲབ་ཀྱི་ཁ་ལྕགས་ཀྱིས་བླན་དཀའ་བ་ལ་ནི། གཟེར་བུ་རྣོན་པོ་བརྒྱ་པའི་སྲབ་ཀྱིས་འབྲབ་པ་འཚམ་ཞིང་རྐྱེན་དུ་འབབ་ལ། སེམས་དམུ་རྒོད་རྟག་ཏུ་བརྩོན་འགྲུས་ཀྱི་འབད་པས་བདའ་ཞིང༌། ཚུལ་ཁྲིམས་ཀྱི་ཆུ་ལོན་གྱིས་ཁ་བླན་དཀའ་བ་ལ་ནི། བསླབ་པའི་གཞི་གཟེར་བུ་གདུང་བ་རྣོན་པོ་བརྒྱ་པའི་སོ་སོར་ཐར་པ་བཅའ་བ་འདི་ཙམ་ཞིག་རྐྱེན་དུ་འབབ་པའོ། །གཟེར་རྣོན་བརྒྱ་པ་ཞེས་བྱ་བ་ནི། འགུག་སྲབ་ཀྱི་ཁ་ལྕགས་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་དང་འདྲ་བར་སོ་སོར་ཐར་པ་འདི་ཡང་བསླབ་པའི་གཞི་གདུང་བར་བྱེད་པ་མང་པོ་དང་ལྡན་པ་སྟེ། བརྒྱ་པ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་ཏེ། གྲངས་བརྒྱར་ངེས་པ་ནི་མ་ཡིན་ནོ། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ནི། སྲབ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ནི་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་བཞིན་བསྒྲུབ་པ་དང༌།
ཁ་ན་མ་ཐོ་བ་ཕྲ་མོ་རྣམས་ལ་ཡང་བརྟུན་ཞིང་འབད་པར་བྱ་བ་དང༌། སེམས་ཀྱི་རྟ་དམུ་རྒོད་ལ་སོ་སོར་ཐར་པའི་འགུག་སྲབ་ཀྱིས་འབྲབ་ དགོས་པའི་སྒོ་ནས། སོ་སོར་ཐར་པ ་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཡང་དག་པར་སྒྲུབ་ཏུ་གཞུག་པ་བཤད་ཟིན་ཏོ།། །། དེའི་ཕན་ཡོན་བསྟན་པའི་དབང་དུ་མཛད་ནས། ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཆེ་བ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་ཏེ། བསླབ་པ་འདོད་པའི་ཕྱིར་རོ། །ངག་ཙམ་གྱིས་ཞེས་བྱ་བ་ནི། ཆད་པ་ལ་སོགས་པ་རྣམ་པར་བསལ་བས་སོ། །ལྡོག་ཅིང་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་སོ། །མཚམས་ལས་ཞེས་བྱ་བ་ནི་བསླབ་པ་ལས་སོ། །མི་འདའ་བ་ཞེས་བྱ་བ་ནི་མི་འབྲལ་བའོ། །དེ་དག་མི་རྟ་བཟང་པོ་སྟེ། །ཞེས་བྱ་བ་ནི་མི་དེ་དག་ནི་རྟ་ཅང་ཤེས་དང་འདྲ་བའོ། །ཉོན་མོངས་གཡུལ་ལས་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་ནི། བདག་དང་གཞན་ལ་གནོད་པ་ཉིད་ཀྱིས་གཡུལ་དང་འདྲ་སྟེ་དེ་ལས་སོ། །དེས་རྒྱལ་འགྱུར་ཞེས་བྱ་བ་ནི་ཉོན་མོངས་པ་མཐར་བྱེད་ཅིང་མྱ་ངན་ལས་འདས་པའི་འབྲས་བུ་འཐོབ་པར་འགྱུར་བའོ། །དེ་དག་གིས་ནི་དེ་ལྟར་སོ་སོར་ཐར་པ་ཡང་དག་པར་བསྒྲུབས་ནས། ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར་བར་འགྱུར་བའི་སྒོ་ནས། ཡང་དག་པར་སྒྲུབ་པ་དེའི་ཕན་ཡོན་བསྟན་ཏེ། དེའི་ཕན་ཡོན་བཤད་ཟིན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། སུ་ལ་སྲབ་འདི་མེད་པ་དང༌། །ནམ་དུ་འོང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སུ་ལ་སྲ་བ་འདི་མེད་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་དག་ལ་མེད་པ་སྟེ། ཡང་དག་པར་མ་བླངས་པའི་ཕྱིར་རོ། །ནམ་དུ་འོང་འདོད་པར་མི་འགྱུར་བ། །ཞེས་བྱ་བ་ནི། འདོད་པ་ལ་ལོངས་སྤྱོད་པ་དག་ལན་འགའ་འདོད་པར་མི་འགྱུར་བ་སྟེ། ཚུལ་ཁྲིམས་ལ་མངོན་པར་མི་ཕྱོགས་པའི་
ཕྱིར་རོ། །དཀྲུགས་ཞེས་བྱ་བ་ནི་ཕམ་པར་བྱས་པའོ། །འཇོག་བྲལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་འདུལ་བས་ལྷག་པའི་སེམས་ཀྱི་ཞི་བ་ལ་འཇོག་པར་བྱེད་པས། འཇོག་པ་ནི་འདུལ་བ་ཉིད་དེ་དེ་དང་བྲལ་བའོ། །རྣམ་པར་འཁྱམ་པར་འགྱུར་ཞེས་བྱ་བ་ནི། ལན་མི་ཉུང་བར་ངན་སོང་ལ་སོགས་པའི་འཁོར་བའི་འཁོར་བར་འགྱུར་བའོ། །དེ་དག་གིས་བསླབ་པ་མེད་པ་དང༌། མི་འདོད་པ་ཡང་དག་པར་མི་སྒྲུབ་པ་དག་དུལ་བ་ཉིད་དང་བྲལ་བས་ཞི་བ་མི་འཐོབ་ཅིང་འཁོར་བར་འཁོར་བར་འགྱུར་བའི་སྒོ་ནས། ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བཤད་ཟིན་ཏོ། །དེ་དག་ནི་དུས་དང་པོར་བྱ་བ་སྟེ་ཆོ་གའོ། །ད་ནི་མདོ་གདོན་པའི་ལས་བཤད་པར་བྱ་སྟེ། དེ་ལ་གསོལ་བའི་དབང་དུ་མཛད་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་མདོ་གདོན་པའི་གསོལ་བ་སྟོན་ཏེ། གསོལ་བར་མ་བརྗོད་ན་མ་བསྐོས་པར་བྱེད་པ་ཉིད་ཡིན་པས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིར་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་གདོན་པའི་མདུན་རོལ་དུ་གསོལ་བ་འབའ་ཞིག་གི་ལས་འདི་བྱའོ། །འདོན་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་ནི་འདི་ལྟར་བྱ་སྟེ། མདོ་གདོན་པ་སེང་གེའི་ཁྲི་ལ་འདུག་ནས། སོ་སོར་ཐར་པའི་མདོ་བསྟོད་ར་དང་དུས་དང་པོར་བྱ་བའི་ཚིག་དག་ཇེ་བཏོན་ནས། དེའི་འོག་ཏུ་གསོལ་བ་འབའ་ཞིག་གི་ལས་འདི་བྱའོ། །དགེ་འདུན་བཙུན་པ་རྣམས་ཞེས་བྱ་བ་ནི་མཆོད་པའི་ཚིག་གིས་འབད་པ་སྟེ། བཙུན་པ་རྣམས་ཀྱི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ །གསན་དུ་གསོལ་ཞེས་བྱ་བ་ནི། གཞན་ལ་སེམས་པ་དག་ཉན་པ་དག་ཉན་པ་ལ་རྣ་གཏོད་ཅིང་གུས་པར་གྱིས་ཤིག་ཅེས་བྱ་བའི་
དོན་ཏོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་པ་སྟེ་ཞེས་བྱ་བ་ལ། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དག་གསོ་སྦྱོང་བར་བྱེད་པ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང༌། ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ལ་མཐུན་པའི་གསོ་སྦྱོང་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་ཚོགས་དང་ཆོ་གས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སྤོང་བའི་ཡན་ལག་བསྒོམ་པའོ། །དེ་ཡང་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམས་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ལས་སྔ་མ་རྣམས་ནི་བསྒོམ་པའི་རྣམ་པས་སྦྱང་བ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དེ། དེས་ནི་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ། ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ཏེ། ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བ་ནི། མཐུན་པའི་གསོ་སྦྱོང་དང༌། ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་ནི་མཐུན་པའི་གསོ་སྦྱོང་གཟུང་བར་བྱ་སྟེ། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་ངོ༌། །དེ་དག་ཐམས་ཅད་ལ་ཡང་གསོལ་བ་དང༌། གླེང་གཞི་རྣམ་པར་གཞག་པ་སྔར་བྱས་ཏེ། སོ་སོར་ཐར་པའི་མདོ་གདོན་ པ་གདོན་དགོས ་སོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་དེ་དག་ལས་འདིར་ནི་བཅུ་བཞི་པ་དང༌། བཅོ་ལྔ་པའི་སྐབས་ཡིན་པར་བསྟན་པའི་ཕྱིར། བཅུ་བཞི་པའམ་བཅོ་ལྔ་པ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་ཚིགས་དྲུག་ལ་ཟླ་བ་གཉིས་གཉིས་ཡོད་པ་དག་གི་ཉ་ཤི་གཉིས་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ན་ནི་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་ལྟོས་ན་ནི། གསོ་སྦྱོང་བཅུ་བཞི་པ་ཡིན་ཏེ། དུས་ཚིགས་དྲུག་པོ་དག་གི་ཟླ་བ་ཕྱེད་ཕྱེད་
ལས་འདས་པའི་གསོ་སྦྱོང་དྲུག་པོ་དག་གོ །འདི་སྐད་བསྟན་ཏེ། དབྱར་ཟླ་གསུམ་དང༌། དགུན་ཟླ་གསུམ་གྱི་ནི་ར་བ་དང༌། ཐ་ཆུངས་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་ར་བ་དང་ཐ་ཆུངས་ཀྱི་གནམ་སྟོང་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་འབྲིང་པོའི་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅོ་བརྒྱད་ནི། གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་དག་བྱེད་ན་ནི། དེའི་ཚེ་དེང་དགེ་འདུན་གྱི་བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་འདུན་གྱི་གནོད་པ་བྱུང་བའི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་འདུན་གྱི་སྡུམ་པའི་གསོ་སྦྱོང་སྟེ་ཞེས་དམིགས་ཀྱིས་སྨོས་པར་བྱ་སྟེ། དེ་དག་ནི་གང་གི་ཚེ་བྱ་ དགོས་པའི་ཚེ་བྱ་བར་ཟད་ཀྱི། དུས་ངེས་པ ་ནི་མེད་དོ།། བཅུ་བཞི་པ་དང༌། བཅོ་ལྔ་པ་ནི་དུས་ངེས་པ་ཡིན་པས། དེ་ལས་སྔ་ཕྱིར་བྱར་མི་རུང་ངོ༌། །གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་ཞེས་བྱ་བ་ལ། དུས་ལ་བབ་ཅིང་ཞེས་བྱ་བ་ནི་ལས་བྱ་བའི་དུས་ལ་བབ་པ་སྟེ། འདིར་ནི་གསོ་སྦྱོང་གི་དུས་དང་སྦྱར་རོ། །བཟོད་ན་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་ཤིང་བྱ་བར་བཟོད་པ་སྟེ། འདིར་ཡང་གསོ་སྦྱོང་གི་ལས་དང་སྦྱར་རོ། །དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་ཞེས་བྱ་བ་ནི། ཅང་མི་སྨྲ་བས་སོ། །དེང་དགེ་འདུན་གསོ་སྦྱོང་མཛད་དེ་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་པ་ཡིན་པས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང་དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་གོ །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་གོ་བར་བྱ་སྟེ། ལས་བརྒྱ་རྩ་གཅིག་ནི་ལས་གསུམ་གྱིས་བསྡུ་སྟེ། གསོལ་བའི་ལས་དང༌། གསོལ་བ་དང༌། གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལས་སོ། །དེ་ལ་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་
གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུ་ཞེས་གསུངས་པ་ལས། འདི་ནི་གསོལ་བའི་ལས་ཉི་ཤུ་རྩ་བཞི་པོ་དག་གི་ནང་ནས་གཅིག་ཡིན་ནོ། །གསོལ་བ་བཤད་ཟིན་ཏོ། །ད་ནི་གླེང་གཞི་གདོན་པ་བཤད་པར་བྱ་སྟེ། དེ་ལ་གླེང་གཞི་རྣམ་པར་གཞག་པའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་དག་གསུངས་སོ། །གླེང་གཞི་རྣམ་པར་གཞག་པའི་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་བྱས་ནས། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་འདི་ལ་འཁོར་ཡོངས་སུ་དག་ཅིང༌། སྣོད་དུ་རུང་བར་བྱ་བའི་ཕྱིར་ལྟུང་བ་ཡོད་ན་མཐོལ་དུ་གཞུག་པ་དང༌། མེད་ན་ཅང་མི་སྨྲ་བར་བྱ་བ་དང༌། ཅང་མི་སྨྲ་ན་ཡོངས་སུ་དག་པར་རེག་པར་བྱ་བའི་ཆོ་གས་གླེང་གཞི་རྣམ་པར་གཞག་པའོ། །གླེང་གཞི་རྣམ་པར་གཞག་པ་འདིའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། གླེང་གཞི་རྣམ་པར་གཞག་པའི་ལུང་དཔོག་པ་དང༌། གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པ་དང༌། མ་དག་པའི་ཉེས་དམིགས་དང༌། དག་པའི་ཕན་ཡོན་དང༌། གདོན་པའི་མཇུག་བསྡུ་བ་དང༌། གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མ་ཐོལ་ཅིག །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག །ཅང་མི་སྨྲ་ན། བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བས་ནི། གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པ་བསྟན་ཏོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་ཏོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲག་པ་ན་ལྟུང་བ་ཡོད་ལ། དྲན་བཞིན་དུ་མི་མཐོལ་ན། དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བས་ནི་མ་དག་པའི་ཉེས་དམིགས་
བསྟན་ཏོ། །དེ་བས་ན་དགེ་སློང་ལྟུང་བ་ཡོད་པ་རྣམ་པར་དག་པར་འདོད་པས། ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བས་ནི་དག་པའི་ཕན་ཡོན་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ་ཞེས་བྱ་བ་ནི་འདོན་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་འདྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བས་ནི། གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་བསྟན་ཏོ། །དེ་ལ་རེ་ཞིག་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ནི་དེའི་གནས་དང༌། ཚོགས་པ་དང༌། ཆོ་གས་མཐུན་པའི་གསོ་སྦྱོང་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན། དེའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི་ཞེས་བྱ་བ་གསུངས་ཏེ། སེམས་དྲང་པོར་བསྒྲུབ་པ་དང༌། འགལ་བ་བཟློག་པ་ལ་སོགས་པ་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས། དེ་དག་གསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི་ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་གྱི་ཞེས་བྱ་བར་སྦྱར་རོ། །སོ་སོར་ཐར་པ་གདོན་པ་ནི། དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །དེ་མི་ནུས་པ་ཉིད་ཡིན་ན་གཉིས་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་གསུམ་པའི་ལས་ཡིན་ནོ། །དེས་ཀྱང་མ་ནུས་པ་ཉིད་ཡིན་ན་ཐམས་ཅད་ཀྱིས་རེས་ཀྱིས་གདོན་པར་བྱའོ། །རེས་བབ་པའི་ཚེ་དེས་གདོན་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །དེས་མ་བཏུབ་ན་དགེ་འདུན་གྱིས་དེ་ལ་བཅོལ་བར་བྱའོ། །གདོན་པ་དག་གིས་ནི་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ལེགས་པར་ཐོན་པ་ཉིད་ཡིན་ན་གདོན་གྱི་གཞན་དུ་ན་
མི་འཆགས་སོ། །འདོན་པ་ཡིས་རྡུགས་ན། ལྷག་མ་གཞན་གྱིས་གདོན་པར་བྱའོ། །དུམ་བུ་འཛིན་པ་ཡིན་ན་ཇི་སྙེད་ཀྱིས་གཞུང་སྲོང་བ་དེ་ཉིད་ཀྱིས་ཕག་ཏུ་བཅད་དེ་གདོན་པར་བྱའོ། །གདོན་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་ལ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་ལས་གླེང་གཞི་གདོན་པ་ནི། རྫོགས་པ་ཁོ་ནར་མི་གདོན་དུ་མི་རུང་ངོ༌། །གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པས་སྒྲུབ་ཏུ་རུང་ངོ༌། དེ་ཡང་གླེང་གཞི་བཏོན་ནས་ཕམ་པར་འགྱུར་བ་གདོན་ པ་བརྩམས་ནས། ཕམ་པར་འགྱུར་བའི་སྡེ་ཚན་རྫོགས་པར་གདོན་དགོས ་སོ། །ཕམ་པར་འགྱུར་བ་བཏོན་ནས་དགེ་འདུན་ལྷག་མ་གདོན་པ་བརྩམས་ནས། དགེ་འདུན་ལྷག་མའི་སྡེ་ཚན་ཡང་རྫོགས་པར་གདོན་ དགོས་སོ། །དགེ་འདུན་ལྷག་མ་བཏོན་ནས་མ་ངེས་པ ་གདོན་པར་བརྩམས་ན། མ་ངེས་པའི་སྡེ་ཚན་ཡང་རྫོགས་པར་གདོན་ དགོས་ཏེ། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། མ་ངེས་པ ་ཡན་ཆད་ཀྱི་སྡེ་ཚན་ནི་གདོན་ པ་མགོ་བརྩམས་ན། གང་བརྩམས་པའི་སྡེ་ཚན་དེ་ཉིད་རྫོགས་པར་བྱ་དགོས ་སོ། །སྤང་པའི་ལྟུང་བྱེད་མན་ཆད་ཀྱི་སྡེ་ཚན་ནི་གདོན་པར་མགོ་བརྩམས་ན། ལྷག་མ་སོ་སོར་ཐར་པའི་གཞུང་ཐམས་ཅད་རྫོགས་པར་གདོན་ དགོས་ཏེ། རིལ་གྱིས་གདོན་པ ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །མགོ་བརྩམས་པའི་སྡེ་ཚན་རྫོགས་པར་བྱ་ དགོས་པ ་དེ་དག་མ་རྫོགས་ན་མི་འཆགས་སོ། །འཇིགས་པ་དང་བཅས་པ་ཉིད་དུ་འདྲོན་པ་དོན་མཐུན་དང་ལྷན་ཅིག་ཏུ་འགྲོ་ལ། འདྲོན་པ་དོན་མཐུན་པ་དག་སྔོན་དུ་མི་བཏུབ་ན། འགྲོ་བཞིན་དུ་གདོན་པར་བྱ་སྟེ། འདིའི་ལས་ནི་འདུག་པ་ཉིད་ཀྱིས་བྱའོ་ཞེས་གསུངས་པའི་དམིགས་ཀྱིས་བསལ་བ་ཡིན་ནོ། །སྒྲ་མི་འདོད་ན་མདོར་བསྡུས་ཏེ་གདོན་ཏོ། །དེ་ཙམ་ཡང་མི་འདོད་ན་བྱིན་གྱིས་བརླབ་པར་བྱའོ། །ཆོས་མ་ཡིན་བས་གདོན་པ་མི་འཆགས་ཏེ། གདོན་པར་བྱ་བ་དང༌། དེའི་ཚེ་ཚད་དང༌། དུས་དང༌། གནོད་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི། འདིར་ཆོས་མ་ཡིན་པའོ། །གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་
མ་བཟུང་བ་ནི། །སོ་སོར་ཐར་པའི་མདོ་ལས་གཞན་པ་ཕྲན་ཚེགས་ལ་སོགས་པ་གདོན་པའོ། །དེའི་ཚད་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི། གླེང་བཞི་མི་འདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པས་མི་བྱེད་པའོ། །དེའི་དུས་ད་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི། གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་གདོན་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི། གང་ཟག་བསྙེན་པར་རྫོགས་པ་དང༌། མཚན་དང༌། ལྟ་བ་དང་ཚུལ་ཁྲིམས་མཐུན་པ་དག་ལས་གཞན་བས་འདོན་པའོ། །དགེ་སློང་གཅིག་བུ་གནས་ན་དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། བ་ལང་གི་ལྕི་བ་སར་པའི་བྱུག་པས་བྱུག་པར་བྱ། སེང་གེའི་ཁྲི་བཤམ་པར་བྱ། སྟན་བཤམ་པར་བྱ། མར་མེ་གཟུངས་པར་བྱའོ། །ཆོས་ཉན་དུ་གཞུག་པ་དག་བྱའོ། །དེའི་འོག་ཏུ་ཕྱོགས་ཆེས་མཐོན་པོར་འདུག་སྟེ། ཕྱོགས་བཞིར་བལྟ་བར་བྱའོ། །དེར་དགེ་སློང་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འོང་ན། འདི་སྐད་ཅེས་ཀྱེ་ཚེ་དང་ལྡན་པ་དག་མྱུར་བ་མྱུར་བར་ཤོག་ཤིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ་ཞེས་བྱ་བ་བརྗོད་པར་བྱ་ཞིང༌། དེ་དག་དང་ལྷན་ཅིག་འདུག་སྟེ་གསོ་སྦྱོང་བྱའོ།། གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་རང་གི་སྟན་ལ་འཇུག་སྟེ། འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་མཆི་ན། བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང༌། སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་
དུ་བཟླས། གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་བཞིན་དུ་བྱ་ཞིང༌། དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན། མདུན་དུ་ཙོག་པོར་འདུག་སྟེ། གཅིག་ལ་གཅིག་འདི་སྐད་ཅེས་བརྗོད་པར་བྱའོ། །བཙུན་པའམ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་མཆིས། བདག་ཡོངས་སུ་དག་པར་བཙུན་པའམ། ཚེ་དང་ལྡན་པས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། །དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱི་ཞིང༌། སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གསུམ་འཁོད་པ་དེར་ནི་རིམ་པ་བཞིན་དུ་བྱ་ཞིང༌། དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན། རྒན་རིམས་བཞིན་གྲལ་དུ་འཁོད་དེ། རིམ་གྱིས་བྱིན་གྱིས་བརླབ་པའི་སྔགས་སྔ་མ་ཉིད་བརྗོད་པར་བྱའོ། །གང་ན་དགེ་སློང་བཞི་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ། གསོ་སྦྱོང་བྱ་ཞིང་དེར་ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གང་ན་དགེ་སློང་ལྔའམ་ལྷག་པ་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བར་བྱས་ཏེ། གསོ་སྦྱོང་བྱ་ཞིང་དེར་ནི་ནད་པའི་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །ཁྱེད་ཅག་སུ་ལ་ལྷུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བ་ནི་བཤགས་པར་བྱ་བ་ཡོད་ན་ཡང༌། བཤགས་པར་བྱ། བསྡམ་པར་བྱ་བ་ཡོད་ན་ཡང་བསྡམ་པར་བྱ། བྱིན་གྱིས་བརླབ་པར་བྱ་བ་ཡོད་ན་ཡང་བྱིན་གྱིས་བརླབ་པར་བྱའོ། །འདི་ལ་གླེང་གཞི་རྣམ་པར་གཞག་པའི་ཚུལ་ཇི་ལྟ་བུ་ཞེ་ན། གསོ་སྦྱོང་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱ་སྟེ། ལྟུང་བ་ཤེས་པ་བཤགས་པའམ། བསྡམ་པའམ། བྱིན་གྱིས་བརླབས་
པས་ཕྱིར་བཅོས་ཏེ། ལས་ཀྱི་གནས་སུ་འདུག་པར་བྱའོ། །དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་གམ། སོ་སོར་བཤགས་པར་བྱ་བའམ། བཤགས་པར་བྱ་བའི་ཉེས་བྱས་ལས་གང་ཡང་རུང་བ་ཞིག་ཤེས་ན། དེ་མཆིལ་ལྷམ་གཉིས་ཕུད་ནས། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ། ལྟ་བ་དང༌། མཚན་མཐུན་པ། མཚམས་ཀྱི་ནང་ན་འདུག་པ། ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས། ལྟུང་བའི་སྡེ་ཚན་གྱི་མིང་དང་རིགས་གང་བྱུང་བའི་རིས་སྨོས་ཏེ། ཅིག་ཅར་མཐོལ་བ་དང༌། བཤགས་པར་བྱར་རུང་ངོ༌། །དེའི་སྔགས་ནི་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་རོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང་འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞེང༌། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་ཚེ་དགེ་སློང་ལྟུང་བ་ལ་དོགས་པ་དང༌། ཡིད་གཉིས་ཟ་བར་གྱུར་ན། དགེ་སློང་དེས་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དག་ལ་དྲིས་ཏེ་ལྟུང་བ་ལ་དོགས་པ་དང༌། ཡིད་གཉིས་བསལ་ནས་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་ཕྱིར་བཅོས་སོ། །བསྡམ་པར་བྱ་བའི་ཉེས་བྱས་གང་ཡང་རུང་བ་ཞིག་ཤེས་ན། རང་གི་སེམས་ཀྱིས་བསྡམ་པར་བྱའོ། །དགེ་འདུན་ལྷག་མ་དང༌། ཉེས་པ་སྦོམ་པོ་དང༌། སྤོང་བའི་ལྟུང་བྱེད་ཀྱི་ལྟུང་བ་གང་ཡང་རུང་བ་ཞིག་ཤེས་ན་
བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་སྔ་མ་བཞིན་དུ་མཆིལ་ལྷམ་གཉིས་ཕུད་ནས། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ། མཚམས་ཀྱི་ནང་ན་འདུག་པ། ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས། དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གི་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན། དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་དེ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་དྲན་ཏེ། བདག་དགེ་སློང་མིང་འདི་ཞས་བགྱི་བས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་པ་དེ་སླར་ཆོས་བཞིན་དུ་བགྱིའོ་ཞེས་ལན་གསུམ་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ།
བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་ལ་ཡིད་གཉིས་སུ་གྱུར་ན། བདག་གིས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་ཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པས། དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན། དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱས་ཏེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང༌། རིགས་འདི་ལྟ་བུ་འདི་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས། དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་ལང་ཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉི་ལ། དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང༌། བཅས་པར་གྱུར་ན། དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ། དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་ལ་ཡིད་གཉིས་སུ་གྱུར་ན། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས། དེང་ལྟུང་བ་དེ་ལ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་
ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ། ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང༌། བཅས་པར་འགྱུར་ན། དགེ་སློང་དེ་རྣམས་ཀྱིས་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུར་སྤོ་བར་བྱའོ། གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན། དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པ་དང་བཅས་པར་ཤེས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་ཕྱིར་བཅོས་ཏེ། ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱི་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། གལ་ཏེ་ཆོ་ག་དེ་མ་གྲུབ་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། འདི་ལྟར་བྱས་ཏེ་འདུག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལ་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་ལོང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ།། འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེ་རྣམས་ཀྱིས་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ། དགེ་སློང་མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་
པ་རྣམས་ལ་དྲིས་ཏེ། ལྟུང་བ་ཡིད་གཉིས་བསལ་ཏེ། ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུར་སྤྲོ་བར་བྱའོ། །གལ་ཏེ་གྲུབ་ན་ལེགས། ཅི་སྟེ་མ་གྲུག་ན། དགེ་སློང་དེ་རྣམས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ། དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། ངེས་དེར་ལྟུང་བ་ལ་དོགས་པ་དང༌། ཡིད་གཉིས་བསལ་ཏེ། ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་བ་བསལ་ཏེ། གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ལྟུང་བ་ལ་དོགས་པ་དང༌། ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ། ལྟུང་བ་དེ་ཆོས་བཞིན་ཏུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང༌། ཡིད་གཉིས་བསལ་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་པའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ། གསོ་
སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་སློང་གཉུག་མར་གནས་པར་གཅིག་པུ་མ་གཏོགས་པ། དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེ་དགེ་སློང་གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་དེ་བྱིན་གྱིས་བརླབས་ལ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། རྩོད་པའི་བར་བགྱིས་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ། དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་བ་དེ་ཉིད་ལ། དགེ་སློང་གློ་བུར་དུ་འོངས་པ་གཅིག་པུ་མ་གཏོགས་པ། དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་དེ་དགེ་སློང་གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་པ་ཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང༌། དགེ་འདུན་ཐམས་ཅད་ལྟུང་བ་དེ་ནི་གང་ཡིན། ལྟུང་བ་དེ་ལས་ཇི་ལྟར་ནི་ལྡང་བར་
འགྱུར་ཞེས་ངེས་པ་ཉིད་མ་ཡིན་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པར་གྱུར་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་དེ་ངེས་པ་ཉིད་མ་ལགས་པ་དེ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ། ངེས་པ་མ་ལགས་པ་བསལ་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅེས་བྱ་བ་ནི། བཤགས་པར་བྱ་བ་དང༌། བསྡམ་པར་བྱ་བ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ལྟུང་བ་མེད་ན་དེ་དག་ཕྱིར་བཅོས་པའི་ཕྱིར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་ན་འཁོར་རྣམ་པར་དག་པ་ཡིན་པས། བདག་གིས་ཁྱེད་ཅག་གསོ་སྦྱོང་གི་སྣོད་དུ་གྱུར་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གླེང་གཞི་རྣམ་པར་གཞག་པའི་ལུང་དཔོག་པ་ཇི་སྐད་བསྟན་པ་དེ་ལས། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བའི་ལུང་དཔོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི། འོག་ནས་འདི་ལ་ཚེ་དང་ལྡན་པ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་འབྱུང་བ་ཡིན་ནོ། །ལྟུང་བ་མེད་ན་ཅང་མ་སྨྲ་ཤིག་ཅེས་བྱ་བའི་ལུང་དཔོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི། འོག་ནས་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་ཞེས་འབྱུང་བ་ཡིན་ནོ། །ཅང་མི་སྨྲ་ན། བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་
བྱའོ་ཞེས་བྱ་བའི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི། འོག་ནས་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་ཞེས་བྱ་བ་ནི། གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དཔེ་སྟེ། དཔེར་ན་གསོ་སྦྱོང་གི་ཚེ་དགེ་སློང་དག་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་སོ་སོར་རྟོག་པར་བྱེད་ཅིང༌། ལྟུང་བ་ཤེས་ཤིང་མཐོང་ན་དགེ་སློང་གཅིག་གི་མདུན་དུ་སྐབས་དབྱེ་བར་གསོལ་ཏེ། ལྟུང་བ་མཐོལ་ནས་དག་པ་སྦྱིན་པའི་དགེ་སློང་དེས་ལྟུང་བ་མཐོང་ངམ་ཞེས་དྲིས་པ་ན་མཐོང་ངོ་ཞེས་ལན་གདབ་པ་དང༌། ཕྱིན་ཅད་སྡོམ་མམ་ཞེས་དྲིས་པ་ན་སྡོམ་མོ་ཞེས་ལན་བཏབ་པ་ལན་གསུམ་དྲིས་ནས། དགེ་སློང་གིས་ཀྱང་ལན་གདབ་པའོ། །དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དོན་ཉིད་ཡིན་ཏེ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པའི་འཁོར་འདིར་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། འོག་ནས་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཚིག་འདི་སྐད་ཅེས། དེ་ལ་བདག་གིས། ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་དེ་ཉིད་སོ་སོར་ཐར་པའི་གཞུང་ལས་ཇི་ལྟར་འབྱུང་བ་ཁོ་ན་བཞིན་གོ་རིམས་དང༌། ཚིག་མ་འཁྲུལ་བར་ལན་ཅིག་གདོན་པར་བྱ་བ་ཡིན་ཏེ། དེ་ལན་ཅིག་བཏོན་པ་ཉིད་ན་དྲིའོ་ཞེས་བྱ་བ་དང༌། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ཀྱིས་ལན་གསུམ་བསྒྲགས་པ་ཡིན་ནོ། །ཚིག་དེ་སྐབས་འདིར་གོང་དུས་པར་ཏེ། བསྒྲག་པར་བྱ་བ་ཡང་མ་ཡིན་ལ། སྔར་
གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཚིག་ཇི་སྐད་བསྟན་པ། དེ་སྐབས་འདིར་ལན་གསུམ་བསྒྲག་པར་བྱ་བ་ཡང་མ་ཡིན་ནོ། །དེའི་འོག་ཏུ་མ་དག་པའི་ཉེས་དམིགས་ཀྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཡང་དགེ་སློང་གང་ཞེས་བྱ་བ་ནི། བྱུང་བའི་དབང་གིས་བཅས་པ་མ་ཡིན་གྱི་གང་ཡང་རུང་བ་སྤྱིར་བསྟན་པའོ། །དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ཞེས་བྱ་བ་ནི། སོ་སོར་ཐར་པ་གདོན་པའི་ནང་དུ་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་ཚིག་འོག་ནས་འབྱུང་བ་ལན་ཅིག་བཏོན་པ་ན་སྟེ། དེ་ལན་ཅིག་བཏོན་པ་ན་དྲིའོ་ཞེས་བྱ་བ་དང༌། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་ཉིད། ལན་གཉིས་ལན་གསུམ་བསྒྲགས་པ་ཡིན་གྱི། གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཚིག་དེ་ལན་གསུམ་བསྒྲག་པར་ནི་མི་བྱའོ། །ལྟུང་བ་དེ་ལ་ཞེས་བྱ་བས་ནི་སྔར་ཆོས་བཞིན་དུ་ཕྱིར་མ་བཅོས་པའོ། །དྲན་བཞིན་དུ་མི་མཐོལ་ན་ཞེས་བྱ་བ་ནི་འདིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པས། མི་དྲན་པ་ལ་ལྟུང་བ་མེད་ཀྱི་དྲན་བཞིན་དུ་མི་མཐོལ་ན་ལྟུང་བར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་ཟ་བ་བྱིན་གྱིས་མི་རློབ་ན་ཡང་ལྟུང་བ་འདིར་འགྱུར་རོ། །དེ་ཤེས་བཞིན་དུ་བརྫུན་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་བརྫུན་ལ་རྣམ་པ་ལྔ་སྟེ། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མར་འགྱུར་བ་དང༌། ཉེས་པ་སྦོམ་པོར་འགྱུར་བ་དང༌། ལྟུང་བྱེད་དུ་འགྱུར་བ་དང༌། ཉེས་བྱས་སུ་འགྱུར་བའོ། །དེ་ལ་ཕམ་པར་འགྱུར་བའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ་མི་ཆོས་བླ་མར་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ། གཞི་མེད་པ་དང༌། བག་ཙམ་གྱིས་སྐུར་བ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བའི་བརྫུན་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ཚེ། དགེ་འདུན་འདུས་པ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང༌། ཆོས་ཆོས་མ་ཡིན་པར་སྟོན་པས་ཏེ། བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི་སྐབས་ཀྱི་ཉེས་པ་སྟོན་པའོ། །ལྟུང་བྱེད་དུ་འགྱུར་བའི་བརྫུན་ནི་སྔ་མ་གསུམ་དང༌། ཉེས་བྱས་སུ་འགྱུར་བའི་བརྫུན་དང་བཞི་ལས་གཞན་པའི་བརྫུན་དུ་སྨྲ་བ་དོན་ཤེས་
པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བ་སྟེ། བརྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་གི །དངོས་པོའི་དབང་གིས་ནི་མ་ཡིན་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བའི་བརྫུན་ནི་སྐབས་འདི་ཉིད་ཀྱིས་བསྟན་ཏེ། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན། ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི་ཡིད་ཀྱིས་ནི་མ་ཡིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཤེས་བཞིན་དུ་བརྫུན་སྨྲ་བ་དེ་ནི་མ་དག་པ་ཡིན་ན། མ་དག་པའི་ཉེས་དམིགས་གང་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བ་གསུངས་ཏེ། བརྫུན་དུ་སྨྲ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་བསྙེན་པར་མ་རྫོགས་པ་དང༌། ཉམས་པ་དང༌། མཚམས་མེད་པ་བྱས་པ་དང༌། སྡིག་པའི་ལྟ་བ་ཅན་དང༌། ས་གཞན་ལ་གནས་པ་དང༌། ཐ་དད་པར་གནས་པ་རྣམས་ཀྱིས་སྨྲ་ན་ཡང་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་བར་དུ་གཅོད་པ་ཡིན་ལ། དགེ་སློང་རང་བཞིན་དུ་གནས་པས་སྨྲ་ན་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀ་ལྷག་པར་སྤྱད་པ་ཡིན་པས་ལྷག་པར་ཡང་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་བར་དུ་གཅོད་པར་གསུངས་སོ། །སྐབས་འདིར་ནི་ཆོ་ག་ལས་འདས་ན། ལས་མི་འཆགས་སོ་ཞེས་གསུངས་ཏེ། ལས་ནི་གསོལ་བ་དང་བརྗོད་པ་དང༌། སོ་སོར་ཐར་པ་གདོན་པ་དང༌། དགག་དབྱེའི་ལས་ཏེ། ལས་བརྒྱ་རྩ་གཅིག་གིས་བསྡུས་པའོ། །ཆོ་ག་ནི་དགེ་འདུན་ཚང་བ་དང༌། ལས་བརྗོད་པ་དང༌། ལས་བྱེད་པ་ཉིད་ཀྱི་ཆོས་མ་ཡིན་པས་མི་བྱ་བ་དང༌། མི་མཐུན་པ་དག་མི་བྱ་བ་དང༌། ཚོགས་ཀྱིས་མི་བྱ་བ་ཡིན་པས་འདིར་སོ་སོར་ཐར་པ་གདོན་པ་ནི་གསོ་སྦྱོང་གི་ལས་ཡིན་ལ། དེ་ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་འཁྲུལ་པ་དང་བཅས་པ་དག་གིས་ལས་མི་བྱ་བ་ལ་སོགས་པ་ཡིན་ནོ། །
འདིར་ལྟུང་བ་ཡོད་པ་ནི་འཁྲུལ་པ་དང་བཅས་པ་ཡིན་ལ། དེ་དྲན་བཞིན་དུ་མི་མཐོལ་བ། ཤེས་བཞིན་དུ་བརྫུན་སྨྲ་བ་ཡང་རང་བཞིན་ལས་ཉམས་པ་ཡིན་པས་དེ་མ་བཤགས་སམ། བྱིན་གྱིས་མ་བརླབས་པ་དག་གིས་གསོ་སྦྱོང་གི་ལས་བྱས་ན། ལས་དེ་མི་འཆགས་པའི་ཉེས་དམིགས་གཞན་ཡང་ཡོད་དོ། །དེའི་འོག་ཏུ་དག་པའི་ཕན་ཡོན་གྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པ་ཞེས་བྱ་བ་ནི། ཤེས་བཞིན་དུ་བརྫུན་སྨྲ་བའི་ཉེས་པ་ཙམ་ཡང་རྣམ་པར་དག་པར་འདོད་པས་སོ། །ལྟུང་བ་ཡོད་པས་དྲན་ཞིང་མཐོང་བ་མཐོལ་བར་བྱའོ་ཞེས་བྱ་བ་ནི། བཤགས་པ་དང༌། བསྡམ་པ་དང༌། བྱིན་གྱིས་བརླབ་པ་གང་བྱ་བར་འོས་པ་དེ་བྱའོ། །དེ་ལྟར་མཐོལ་བ་དེ་ནི་དག་པ་ཡིན་ན། དག་པའི་ཕན་ཡོན་གང་ཡིན་ཞེ་ན། དེའི་ཕྱིར་མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། མཐོལ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་འཐོབ་ཅིང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་བའོ། །ཚུལ་ཁྲིམས་གྱི་ཕན་ཡོན་བཅུ་ནི། འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་འཐོབ་པར་འགྱུར་བ་ལ་སོགས་པ་སྔར་བསྟན་པ་དག་གོ །མངོན་པར་མཐོ་བ་ནི་མཐོ་རིས་སོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །སྐབས་འདིར་འཕྲལ་དུ་ཆོ་ག་ལས་མ་འདས་པས། ལས་འཆགས་པའི་ཕན་ཡོན་གཞན་ཡང་ཡོད་དོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བས་ནི་རྗེས་སུ་འགྲོ་བ་སྔར་བསྟན་པ་དེ་ཉིད་ལྡོག་པའི་སྒོ་ནས་བསྟན་ཏོ། །དེའི་འོག་ཏུ་གདོན་པའི་མཇུག་བསྡུ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ་ཞེས་བྱ་བ་ལ། གླེང་གཞི་ཞེས་བྱ་བ་ནི། མདོ་གདོན་པའི་འབྱུང་བའི་རྒྱུའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི། དམ་བཅས་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང་ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེའི་འོག་ཏུ་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ།
དེ་ལ་ཞེས་བྱ་བ་ནི། གླེང་གཞི་ཞེས་བཏོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་བྱ་བ་ནི། གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ །ཡོངས་སུ་དག་གམ་ཞེས་བྱ་བ་ནི། ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་སྙགས་སོ། །དྲིའོ་ཞེས་བྱ་བ་ནི་དྲི་བ་དང་པོའོ། །ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི། ལན་གསུམ་ཁོ་ན་དྲི་དགོས་པས། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཉུངས་ན་ཡང་ལ་ལས་མི་ཐོས་ལ། མངས་ན་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། བཤགས་པ་དང༌། བྱིན་གྱིས་བརླབ་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ། ཤ་སྟག་ཚོགས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །ཅང་མི་སྨྲ་བས་བརྡ་བྱས་པས་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་མཇུག་བསྡུ་བ་བསྟན་པའི་ཕྱིར། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ། བཤགས་པར་བྱ་བ་དང༌། བྱིན་གྱིས་བརླབ་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གླེང་གཞི་གདོན་པ་བཤད་ཟིན་ཏོ།། །།བམ་པོ་གསུམ་པ། ད་ནི་ཕམ་པར་འགྱུར་བ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་གསུངས་སོ། །སྡོམ་ལ་ཞེས་བྱ་བ་ནི། ཡང་དག་པར་སྡུད་པར་བྱེད་པས་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུ་བའི་ཚེ། མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་པ་དག་ཡན་ལག་ལ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་སྤང་བར་བྱ་བ་དང༌། ཉན་པ་པོས་བརྗོད་པ་ཉུང་དུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན་གདགས་པའི་ཕྱིར། སྡོམ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ་དང༌། སྡོམ་དང༌། བར་སྡོམ་དུའོ། །དེ་ལ་སྤྱི་སྡོམ་ནི། སྤྱིའི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དེ་དཔེར་ན་ལྟུང་བྱེད་ཀྱི་སྡེ་ཚན་བསྟན་པའི་སྐབས་
སུ། སྡོམ་གྱི་ཚིགས་བཅད་རིམ་གྱིས་འབྱུང་བ་ཐམས་ཅད་ཀྱི་མགོར། སྤྱི་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་སྡོམ་རྣམས་ཀྱི་སྤྱིའི་དོན་བསྡུས་པ་ལ་སོགས་པ་ལྟ་བུའོ། །སྡོམ་ནི་དངོས་གྱི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དཔེར་ན་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གི་དངོས་ཀྱི་དོན་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པས་བསྡུས་པ་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་གི་དངོས་ཀྱི་དོན་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པས་བསྡུས་པ་ལ་སོགས་པ་ལྟ་བུའོ། །བར་སྡོམ་ནི། ཡན་ལག་གི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དཔེར་ན་སྤང་བའི་ལྟུང་བྱེད་སུམ་ཅུ་པོ་དག་གི་དངོས་ཀྱི་དོན་སྡོམ་གྱི་ཚིགས་སུ་བཅད་པ་གཅིག་བསྡུས་པ་ལས། དེ་དག་སོ་སོའི་ལྟུང་བ་རྣམ་པར་གཞག་པའི་སྐབས་སྐབས་སུ་ཚིག་ཡན་ལག་དུ་མ་འཕྲོས་པ་དག་གི་དོན་པར་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པས་བསྡུས་པ་ལ་སོགས་པ་ལྟ་བུའོ། །དེ་བས་ན། སྐབས་འདིར་སྡོམ་ལ། ཞེས་བྱ་བ་སྨོས་པ་ནི། ཕམ་པར་འགྱུར་བའི་ཆོས་བཞིའི་དངོས་ཀྱི་དོན་བསྡུས་པ་ཡིན་ནོ། །མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་ལ། མི་བྱ་བ་ཞེས་བྱ་བའི་ཚིག་དབུས་ན་འདུག་པ་འདི་ལྟར་གོང་འོག་གཉིས་ཀར་སྦྱར་ཏེ། མི་ཚངས་པར་སྤྱད་པར་མི་བྱ་བ་དང༌། རྐུ་བར་མི་བྱ་བ་དང༌། མི་ལ་གསད་པར་མི་བྱ་བ་དང༌། མི་བྱ་བ་དེ་བརྫུན་དུ་སྨྲ་བར་མི་བྱ་བ་དང༌། ཆོས་བཞི་པོ་དེ་དག་ཕམ་པར་འགྱུར་བ་གདོན་པའི་སྐབས་འདིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི་ཕམ་པར་འགྱུར་བ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །ཕམ་པར་འགྱུར་བའི་ཆོས་ཞེས་བྱ་བ་ནི་གཞན་རྒྱལ་བར་བྱེད་དུ་འཇུག་པའི་ཉེས་པ་ནི་ཕམ་པའོ། །དེ་བྱེད་པར་འགྱུར་བའི་ཕྱིར་ཕམ་པར་འགྱུར་བ་
སྟེ་ལྟུང་བའོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །བཞི་པོ་འདི་དག་ནི་ཞེས་བྱ་བ་ཞི་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་དང༌། མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་དང༌། གསོད་པའི་ཕམ་པར་འགྱུར་བ་དང༌། སྨྲ་བའི་ཕམ་པར་འགྱུར་བའོ།། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོག་དོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ནི་ཡི་གེར་མི་འདྲི་བ་ཡིན་པས་ཐམས་ཅད་མངོན་སུམ་དུ་མ་གྱུར་པའི་ཕྱིར། གསོ་སྦྱོང་གདོན་པས་ཕམ་པར་འགྱུར་བ་གདོན་པ་འདི་ག་ལས་ཤེས་སྙམ་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གདོན་པའི་ཚེ། འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུས་པའི་གཞུང་འདི་ནི་མ་འོངས་པའི་སྐྱེ་བོ་དབང་པོ་རྟུལ་པོ་ཚིག་དང་དོན་གྱི་བདག་ཉིད་འཛིན་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྡུ་བར་གནང་བ་ཡིན་ཏེ། དེ་བས་ན་འདུལ་བའི་སྡེ་སྣོད་ཀྱི་ལས་གསང་བ་འདི་ནི་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ཐོས་པར་མི་བྱའོ། །དེ་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཉན་ཐོས་ཀྱི་འཁོར་བརྙེས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་སྐྱོན་མེད་ཅིང་ཆུ་བུར་མེད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་འདུན་རྣམས་ཀྱིས་སོ་སོར་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ། འདི་སྐད་ཅེས། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ཡིན། །ངག་གི་སྡོམ་པ་འང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་འང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་འགྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལ་མ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བཏོན་པར་གྱུར་པས། འདུལ་བ་ལ་ཉན་ཐོས་རྣམས་
ཀྱི་བསླབ་པའི་གཞི་བཅས་པ་མེད་དོ། །ལོ་བཅུ་གསུམ་པ་ལ་བབ་པ་ན། སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན། ཀ་ལན་ད་ཀའི་གྲོང་ན་བཞུགས་པའི་ཚེ་ཀ་ལན་ད་ཀའི་བུ་བཟང་བྱིན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་དུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པའི་སྤྱིལ་བུ་ན་འདུག་པ་རང་གི་མས་བསླུས་ནས། དེས་སྔོན་གྱི་ཆུང་མ་དང་ལྷན་ཅིག་མི་ཚངས་པར་སྤྱད་པ་འཁྲིག་པའི་ཆོས་བསྟེན་ཏེ། ཟག་པའི་གནས་ལྟ་བུའི་ཆོས་མང་པོ་རྣམས་ཀྱི་དང་པོ་ཀ་ལན་ད་ཀའི་བུ་བཟང་བྱིན་གྱིས་མི་ཚངས་པར་སྤྱད་པའི་རྐྱེན་གྱིས་བྱས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ནས། དེ་ཕྱིན་ཆད་གླེང་གཞི་རེ་རེའི་རྒྱུ་ལས་བསླབ་པའི་གཞི་རེ་རེ་བཅས་པའི་སྒོ་ནས། ལྟུང་བ་སྡེ་ལྔ་རྣམ་པར་གཞག་པ་མཛད་ནས། ད་དེ་དག་ཇི་ལྟར་བཅས་པ་བཞིན་དུ་བཤད་པར་བྱའོ། །དེ་ལ་གདོན་པར་གཏོགས་པ་བསླབ་པའི་གཞི་ཐམས་ཅད་ཀྱི་མཚན་ཉིད་ནི། གླེང་གཞི་དང༌། བསླབ་པ་བཅས་པ་དང༌། ལྟུང་བ་རྣམ་པར་གཞག་པས་རྒྱས་པར་སྟོན་ཏེ། དེ་ལ་གླེང་གཞི་ནི། ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་བ་བཅས་པ་ནི། འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བ་བཟློག་པའི་དབང་གིས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང༌། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དགག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་གཞག་པ་ནི། བསམ་པ་དང༌། སྦྱོར་བའི་སྒོ་ནས་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ཅི་རིགས་པར་རྣམ་པར་གཞག་པའོ། །དེ་ལ་རེ་ཞིག །མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། ཞེས་གསུངས་
པའི་རིམ་གྱིས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ་རིམས་བཞིན་དུ་ཇེ་བཤད་པར་བྱའོ། །དེ་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི་བཅས་པ་དང༌། རྗེས་སུ་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོད་བྱེད་དག་ན། ཀ་ལན་ད་ཀའི་གྲོང་ན་བཞུགས་པའི་ཚེ། ཀ་ལན་ད་ཀའི་བུ་བཟང་བྱིན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པའི་སྤྱིལ་བུ་ན་འདུག་པ་རང་གི་མས་བསླུས་ནས། དེས་སྔོན་གྱི་ཆུང་མ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། ས་བོན་གྱི་ཆོས་བཞག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སྤོང་བྱེད། གང་ཟག་ནི་བཟང་བྱིན། ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་མི་ཚངས་པར་སྤྱོད་པའོ། །རྗེས་སུ་བཅས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་པའི་ཚེ། དགེ་སློང་ཞིག་དགོན་པའི་སྤྱིལ་བུ་ན་འདུག་པས། སྤྲ་མོ་ཞིག་ཟས་ཀྱིས་བརྔོད་བརྔོད་ནས་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པའི་འཁྲིག་པའི་ཆོས་བསྟེན་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་
དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞིའི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པའི་འཁྲིག་པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་དགོན་པ་པ། །ཉོན་མོངས་པ་ནི་འདོད་ཆགས། །ཉེས་པ་ནི་དུད་འགྲོ་དང་མི་ཚངས་པར་སྤྱོད་པའོ། །དེ་ལ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ནི་འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གནོང་མི་བཀུར་པའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པར་གྱུར་པ། ཡངས་པར་གྱུར་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པར་ཡུན་རིང་དུ་གནས་པར་འགྱུར་བའོ་ཞེས་གསུངས་པའོ། །དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི། མདོར་བསྟན་པའི་ཚིག་ཡིན་ཏེ། རིགས་བཞི་པོ་རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་དག་དད་པས་ལེགས་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་བསྡུ་བ་ལས་བརྩམས་པ་ཡིན་ནོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། དེ་ལྟར་རབ་ཏུ་བྱུང་བ་རྣམས་ལ་འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་ཞིང༌། གཞི་
དང་བཅས། ངེས་པར་འབྱུང་བ་དང་བཅས། ཕ་རོལ་གནོན་པ་དང་བཅས། ཆོ་འཕྲུལ་དང་བཅས་པའི་ཆོས་བསྟན་པའི་རྗེས་སུ་འཇུག་པས་དགེ་འདུན་ལེགས་པར་འགྱུར་བར་རིག་པར་བྱའོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །དེ་ནི་རྣམ་པ་ལྔས་པ་བདེ་བར་གནས་པར་འགྱུར་ཏེ། ཆོས་དང་མི་མཐུན་པའི་གང་ཟག་རྣམས་བསྐྲད་པ་དང༌། འགྱོད་པ་སྐྱེས་པ་སེལ་བ་དང༌། ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པ་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང༌། ཉོན་མོངས་པའི་བག་ལ་ཉལ་སྤོང་པས་སོ། །དེ་ལ་ཆོས་དང་མི་མཐུན་པའི་གང་ཟག་རྣམ་པར་བསྐྲད་པ་ནི། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་འཆལ་བ་རྣམས་ལ་ནན་ཏུར་བྱ་བའི་ཕྱིར་རོ། །འགྱོད་པ་སྐྱེས་པ་སེལ་བ་ནི། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་དང་ལྡན་པ་རྣམས་འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། །ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པ་ནི། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བའི་ཚིག་གཉིས་ཀྱིས་བསྟན་ཏེ། མ་ཞུགས་པ་རྣམས་གཞུག་བར་བྱ་བའི་ཕྱིར་དང༌། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་ནི། ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཉོན་མོངས་པའི་བག་ལ་ཉལ་སྤོང་པ་ནི། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། སྨོན་ནས་ཚངས་པར་སྤྱོད་བ་ལ་གནས་པ་བཙལ་བར་བྱ་བའི་ཕྱིར་ཏེ། ཉོན་མོངས་པའི་བག་ལ་ཉལ་སྤོང་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལྟར་རྣམ་པ་དེ་ངག་གིས་དགེ་འདུན་བདེ་བར་གནས་པར་འགྱུར་ཏེ། དཀའ་ཐུབ་དྲག་པོས་གདུང་བ་རྗེས་
སུ་བསྲུང་བའི་ཕྱིར་དང༌། ཕན་ཚུན་གནོད་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། སེམས་ལ་འགྱོད་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། ཡོ་བྱད་ཀྱིས་ཕོངས་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། ལོག་པར་སྨོན་པ་རྗེས་སུ་བསྲུང་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ། ཡངས་པར་གྱུར་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ཞེས་བྱ་བ་ནི། བསྟན་པ་རྒྱུན་མི་ཆད་པར་འགྱུར་བ་སྟེ། ཐོབ་པ་རྣམས་བདེ་བར་གནས་པར་འགྱུར་བ་དང༌། མ་ཐོབ་པ་མ་ཞུགས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལ་ངའི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་མྱ་ངན་ལས་འདས་པའི་ཕྱིར་སྤྱོད་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི། རྒྱལ་རིགས་ལ་སོགས་པའི་རིགས་དང་རུས་རྣམས་ལ་ཕན་པའི་ཕྱིར་རོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དེ་དག་ཉིད་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ལས་བརྩམས་སོ། །ལྷ་དང་མི་རྣམས་ཀྱི་བར་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་མཐུ་ཡོད་པའི་ཕྱིར་ཡིན་གྱི། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བར་གྱུར་པ་ནི་མ་ཡིན་ནོ། །ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་ཡོད་པ་དང༌། ཇི་སྙེད་ཡོད་པ་ཉིད་ཀྱིས་སོ། །ཕན་ཡོན་བཅུ་པོ་དེ་དག་མདོར་བསྡུ་ན་རྣམ་པ་བཞི་སྟེ། དང་པོ་བསྡུ་བ་དང༌། ལེགས་པར་བསྡུ་བ་དང༌། བསྡུས་པ་རྣམས་བདེ་བར་གནས་པར་འགྱུར་བ་དང༌། མ་འོངས་པ་མ་བསྡུས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། ཕན་ཡོན་དང་པོ་དང༌། གཉིས་པ་དང༌། བར་མ་བདུན་དང། ཐ་མ་དང༌། གོ་རིམས་བཞིན་དུ་སྦྱར་རོ། །བསླབ་པ་བཅའ་བའི་ཕན་ཡོན་བཅུ་པོ་མདོ་དང་རྒྱས་པར་བཤད་པ་དེ་ནི། བསླབ་པའི་གཞི་འདི་དང་འོག་མ་དང་བཅས་པའི་གནས་སྐབས་ཐམས་ཅད་དུ་རེ་རེ་ལ་དེ་བཞིན་དུ་རྒྱས་པར་སྦྱར་བར་ཤེས་པར་བྱའོ། །ད་ནི་བསླབ་
པ་བཅས་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་ལས་དང་པོ་པ་ལ་ལྟུང་བ་མེད་པར་བསྟན་པ་སྟེ། ཕྱིན་ཆད་གཞན་གྱིས་སྤྱད་ན་ལྟུང་བར་འགྱུར་བའོ། །དེ་ལྟར་ཡང་ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་རྣམ་པ་བཞི་པོ་མིང་གེ་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། སློང་བའི་ཕྱིར་དགེ་སློང་དང༌། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་དག་མ་གཏོགས་པ་གསོལ་བ་དང༌། བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དག་གོ །གང་ཞེས་བྱ་བ་ནི་བཟང་བྱིན་དང༌། དགོན་པ་ལྟ་བུ་གཞན་གང་ཡང་རུང་བའོ། །དགེ་སློང་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི། དེ་ལས་གཞན་པ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ༌། །བསླབ་པ་མཚུངས་པར་གྱུར་པ་ཞེས་བྱ་བ་ནི། བྱ་བ་དང་མི་བྱ་བ་འདྲ་བ་ཉིད་ཀྱིས་ཏེ། བསླབ་པ་གང་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་པས་ཀྱང་བསླབ་པར་བྱ་ལ། དེ་བསྙེན་པར་རྫོགས་པས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པར་བྱའོ་ཞེས་དེ་ལ་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་གདོན་པ་ཉིད་ཀྱིས་མཉམ་བདག་ཡིན་པའོ། །བསྲབ་པ་མ་ཕུལ་ཞེས་བྱ་བ་ནི། བསླབ་པ་མ་ཕུལ་བས་བསྟེན་ན་ལྟུང་བར་འགྱུར་གྱི། བསླབ་པ་ཕུལ་བ་ལ་ནི་སྡོམ་པ་མེད་པས་དེས་བསྟེན་པ་ལ་ནི་ལྟུང་བ་རྣམ་པར་མི་གཞག་གོ །དེ་བས་ན་དགེ་སློང་གིས་བསླབ་པ་འབུལ་བའི་ཆོ་ག་གཞུང་ལས་ཇི་སྐད་འབྱུང་བ་རྣམས་གང་ཡང་རུང་བས་བསླབ་པ་ཕུལ་ནས། དེའི་འོག་ཏུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། ཡང་རབ་ཏུ་འབྱུང་བ་དང༌། བསྙེན་བར་རྫོགས་པར་དགེ་སློང་གི་དངོས་པོ་གསོལ་ན། དེའི་སྡོམ་པའི་ཞིང་ཉིད་ཡིན་པས་རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པར་བྱའོ། །གང་གིས་བསླབ་པ་ཉམས་པ་མ་ཕུལ་
བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། དེ་ནི་ཉམས་པ་ཡིན་པས་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱ་ཞིང༌། དགེ་སློང་རྣམས་ཀྱིས་ཀྱང་དེ་དང་ལྷན་ཅིག་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་གནས་པར་མི་བྱ་ལ། དེ་ནི་ཕྱིར་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ཡང་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ན་ཡང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །བསླབ་པ་ཉམས་པར་མ་བྱས་བར་ཞེས་བྱ་བ་ནི་བསླབ་པ་ཉམས་པར་མ་བྱས་པས་བསྟེན་ན་ལྟུང་བར་འགྱུར་གྱི། བསླབ་པ་ཉམས་པར་བྱས་པ་ལ་ནི་སྡོམ་པ་མེད་པས། དེས་བསྟེན་པ་ལ་ཡང་ལྟུང་བ་རྣམ་པར་མི་གཞག་གོ །དེ་བས་ན་དགེ་སློང་གིས་བསླབ་པ་ཉམས་པར་བྱས་པའི་ཆོ་ག་གཞུང་ལས་ཇི་སྐད་འབྱུང་བའི་རྣམ་པ་གང་ཡང་རུང་བས་བསླབ་པ་ཉམས་པར་བྱས་ནས། དེའི་འོག་ཏུ་མི་ཚངས་པར་སྤྱད་པ་འཁྲིག་པའི་ཆོས་བསྟན་ཏེ། ཡང་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ན། དེའི་སྡོམ་པའི་ཞིང་ཉིད་ཡིན་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ།། གང་གིས་བསླབ་པ་མ་ཉམས་པས་ཕུལ་བ་མ་བྱས་པར། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། དེ་ནི་ཉམས་པ་ཡིན་པས་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱ་ཞིང༌། དགེ་སློང་རྣམས་ཀྱིས་ཀྱང་དེ་དང་ལྷན་ཅིག་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་གནས་པར་མི་བྱ་ལ། དེ་ནི་ཕྱིས་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། ཡང་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ན། ཡང་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པར་མི་བྱའོ། །དེ་ལྟར་ན་བསླབ་པ་ཕུལ་བ་དང༌། བསླབ་པ་ཉམས་པར་བྱས་པ་གཉི་ག་ནི་སྡོམ་པ་མེད་པ་ཉིད་དུ་འདྲ་སྟེ། བསླབ་པ་ཕུལ་བས་ནི་བསླབ་པ་བཏང་པའི་སྒོ་ནས་སྡོམ་པ་མེད་པར་བྱས་ལ། བསླབ་པ་ཉམས་པར་བྱས་པས་ནི། བསླབ་པའི་ཡུལ་མཐུ་མེད་པར་བྱས་པའི་སྒོ་ནས་སྡོམ་པར་བྱས་པ་ཡིན་ནོ། །དེ་ལ་
བསླབ་པ་ཕུལ་བ་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་ཡང་བྱས་ལ། བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད་དོ། །དེ་ལ་མུ་དང་པོ་ནི། བསླབ་པ་འབུལ་བ་བསླབ་པ་ཉམས་པར་བྱ་བ་མེད་པར་བྱེད་པ་སྟེ། རྒྱུ་མ་བསྟེན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས། བསླབ་པ་ཕུལ་ལ། བསླབ་པ་ཉམས་པར་མ་བྱས་པ་ཞེས་མུ་དང་པོར་གཞག་པར་ཟད་ཀྱི། བསླབ་པ་ཕུལ་ན། བསླབ་པ་ཉམས་པར་མ་བྱས་སུ་ཟིན་གྱིས་ཀྱང༌། དེ་དགེ་སློང་གི་དངོས་པོ་ཉིད་མེད་དོ། །མུ་གཉིས་པ་བསླབ་པ་ཉམས་པར་བྱ་བ་དབུལ་བ་མེད་པར་བྱེད་པ་སྟེ། དེ་ནི་འབྲས་བུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཉམས་པར་བྱས་ལ། བསླབ་པ་མ་ཕུལ་པ་ཞེས་མུ་གཉིས་པར་གཞག་པར་མ་ཟད་ཀྱི། བསླབ་པ་ཉམས་པར་བྱས་ན། བསླབ་པ་མ་ཕུལ་དུ་ཟིན་གྱིས་ཀྱང༌། དེ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །མུ་གསུམ་པ་ནི་དགེ་སློང་གི་དངོས་པོ་མེད་པ་ཉིད་གང་ཡིན་པ་དེའི་རྒྱུ་ཡང་བསྟན་ལ། འབྲས་བུ་ཡང་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་པས། བསླབ་པ་ཉམས་པར་ཡང་བྱས་ལ། བསླབ་པ་ཕུལ་བ་ཞེས་མུ་གསུམ་པ་གཞག་སྟེ། དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །མུ་བཞི་པའི་དགེ་སློང་གི་དངོས་པོ་ཉིད་མེད་པར་འགྱུར་བའི་རྒྱུ་དེ་ཉིད་གང་ཡང་མ་བྱས་པས། དེ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པ་ཡིན་པས། བསླབ་པ་མ་ཕུལ་ཞིང༌། བསླབ་པ་ཉམས་པར་མ་བྱས་པ་ཞེས་མུ་བཞི་པར་རྣམ་པར་གཞག་གོ །མུ་བཞི་པོ་དེ་དག་ལས་དང་པོ་གསུམ་ལ་ནི་དགེ་སློང་གི་དངོས་པོ་ཉིད་མེད་ལ། མུ་བཞི་པ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པས། དེའི་ཕྱིར་འདིར་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་ཞེས་བྱ་བའི་མུ་བཞི་པ་ཉིད་སྨོས་སོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲོད་པ་སྟེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་དོན་དུ་བསོད་ནམས་བྱེད་པ་གང་ཡིན་པ། དེ་དང་འགལ་བ་ཐམས་ཅད་བསོད་
ནམས་མ་ཡིན་བ་སྟེ། དེ་མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ཡིན་ནོ། །འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་འཁྲིག་པ་ཡང་ཡིན་ཏེ། གཉིས་ཀྱིས་གཉིས་སྤྲོས་པ་ལས་མི་ཚངས་པར་སྤྱོད་པ་ཞེས་བྱ་བའི་ཆོས་དེ་འབྱུང་བའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་པ་སྟེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །འདིར་མི་ཚངས་པར་སྤྱོད་པའི་བྱེ་བྲག་འཁྲིག་པའི་སྒྲས་བསྟན་པ་འདིས་འཁྲིག་པ་བདུན་པོ་དག་བཀར་པ་ཡིན་ནོ། །བསྟེན་ན་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱས་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་སྤྲ་མོ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་རུང་སྟེའོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་མི་ལ་སོགས་པའི་བུད་མེད་དག་པས་ཐ་ཆད་དུ་འགྱུར་བའི་ཕྱིར། ཐ་ན་ཞེས་གསུངས་ཏེ། འདིར་གཙུག་ལག་ལས་སྤྲ་མོ་ཞེས་སྨོས་པ་ནི། མི་མཚན་ཅན་དང་བསྟེན་པ་ལས་རྗེས་སུ་བཅས་པར་ཟད་ཀྱི། སྒོ་གསུམ་ཡོད་པ་བཅུག་རེག་ཉམས་སུ་མྱོང་བར་བྱ་བའི་ཡུལ་ཕོ་འམ་མོ་འམ། མ་ནིང་གང་ཡང་རུང་བ་སྤྱིར་གཟུང་ངོ༌། །དགེ་སློང་ཞེས་བྱ་བ་ནི། །གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པའི་སྡོམ་པའོ། །དེ་ཞེས་བྱ་བ་ནི་ཉ་བར་བསྟེན་པ་དང༌། ཀུན་དུ་བསྟན་པའི་ཚིག་བླ་དགས་དེའོ། །ཕམ་པར་འགྱུར་བ་ཡིན་གྱི་ཞེས་བྱ་བ་ནི། དེ་མཐར་གྱུར་པ་དང༌། ལྟུང་བ་དང༌། དམན་པ་དང་མཇུག་ན་འདུག་པ་དང༌། ཐ་ཆད་པ་དང༌། ཡིད་དང་མི་མཐུན་པ་ཡིན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ། འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན། སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། །དགེ་སྦྱོང་དུ་མི་རུང་ཤཱཀྱའི་སྲས་སུ་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གུ་ཚུལ་ཞིག་པར་འགྱུར་ཞིང༌།
ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླད་དུ་མེད་པར་འགྱུར་བས། དེས་ན་ཕམ་པར་འགྱུར་བ་ཡིན་གྱི་ཞེས་གསུངས་ཏེ། ལྟུང་བས་ཉམས་པ་དང༌། ཕམ་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ །གནས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་དེ་དང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱ་བ་དང༌། དེ་གང་ཟག་བཅུ་གཉིས་ཀྱི་ལས་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ།། ཕྱོགས་འདིས་བསླབ་པའི་གཞི་ལྷག་མ་འོག་ནས་འབྱུང་བ་དག་གི་ཚིག་གི་དོན་བཤད་པ་ཡང་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །དེས་ན་བསླབ་པ་བྱིན་པ་ཡང་ཕམ་པར་འགྱུར་བ་ཡིན་མོད་ཀྱི། འཆབ་པའི་སེམས་མེད་པ་དང༌། ནན་ཏུར་གྱི་ལས་དྲག་པོས་བསླབ་པ་སྦྱིན་དུ་རུང་བར་ཤེས་པར་བྱའོ། །ཁ་ཅིག་ན་རེ། བསླབ་པ་བྱིན་པ་ལ་ཉེས་པ་སྦོམ་པོ་འབྱུང་ངོ་ཞེས་ཟེར་བ་དེ་ནི་རུང་སྟེ། ཕམ་པར་འགྱུར་བའི་མཚན་ཉིད་ཇི་སྐད་བསྟན་པ་དང་ལྡན་པའི་ཕྱིར་རོ། །འདིར་ལྟུང་བ་རྣམ་པ་གཞག་པའི་མཚན་ཉིད་གཞུང་ལས་བྱུང་བ་དག་ནི། ཡེ་གེ་མངས་ཀྱིས་དོགས་བས་མ་བྲིས་སོ། །འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། བཅུག་རེག་ཉམས་སུ་མྱོང་བར་བྱས་པས་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི། དགེ་སློང་གིས་རང་གིས་སྟེན་པར་བྱེད་པ་ཟག་བྱེད་མ་ཉམས་པ་བསྟེན་པར་བྱ་བ་རང་གི་དང༌། གཞན་གྱི་དང༌། མིའི་དང༌། འགྲོ་བ་གཞན་དུ་གཏོགས་པའི་དང༌། ཕོའི་དང༌། མོའི་དང༌། མ་ནིང་གི་དང༌། རོའི་ཟག་བྱེད་དམ། ཁའམ། བཤང་བའི་ལམ་ཅི་རིགས་པ་མ་ཉམས་པར་བཅུག་པ་དང༌། རང་གིས་བསྟེན་པར་བྱ་བ་མ་ཉམས་པ་དེ་དག་ཅིག་རིགས་པའི་སྟེན་པར་བྱེད་པ་མ་ཉམས་པ་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཕམ་པར་འགྱུར་རོ། །འདིའི་བྱེད་པ་པོ་ནི། མི་དང༌། འགྲོ་བ་གཞན་དང༌། དུད་འགྲོ་དང༌། ཕོ་དང༌། མོ་དང༌། མ་ནིང་དང་གསོན་པོ་དང༌། ཤི་བའི་ཟག་བྱེད་དང་ཁ་དང་བཤང་བའི་ལམ་མ་ཉམས་པར་མི་ཚངས་པར་སྤྱོད་པ། འཁྲིག་པའི་ཆོས་བསྟེན་དུ་རུང་བའོ། །འདི་ལ་ཡན་
ལག་བཞིན་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྟེན་དུ་རུང་བ་དང༌། མ་ཉམས་པ་དང༌། དང་པོའི་ཕྱོགས་སུ་ནོར་བུ་འདས་པ་དང༌། རེག་པ་ཉམས་སུ་མྱོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་སྟེ་དང་པོའོ།། །།མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་པའི་ཚེ། སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན། དགོན་པའི་སྤྱིལ་བུ་ན་འདུག་པའི་སྤྱིལ་བུ་རྒྱལ་པོའི་ཁབ་ཀྱི་བ་ལང་རྫི་ལ་སོགས་པས་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། ཤིང་ཐམས་ཅད་ཀྱང་ཁྱེར་ནས། དེས་རྫ་མ་སོ་བཏང་བའི་ཁང་པ་མེ་ཏོག་བན་དུ་ཛི་བ་ཀ་ལྟར་དམར་བ་ཞིག་བརྩིགས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ནས། དགེ་སློང་དག་གིས་སྟོན་པའི་བཀའ་ལུང་གིས་བཤིག་ཅིང་རྣམ་པར་དཀྲུགས་པ་དང༌། དེས་ལུས་འཕགས་མོའི་བུ། མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང༌། ཉམས་པ་བཅོས་པའི་ཕྱིར་བྲེལ་བའི་དོན་དུ་གཞག་པ་བྱས་ཤིང༌། སྦས་པ་ཤིན་དུས་བས་པ། བསྲུངས་ཤིང་ཤིན་དུ་བསྲུངས་པ། སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས། ཤིང་ཁ་ཅིག་མ་བྱིན་པར་བླངས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས། འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་བར་བྱ་སྟེ། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་བ་བརྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཅི་ཙམ་མ་བྱིན་བར་བླངས་པས་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང༌། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་
སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ནོར་ཅན། ཉོན་མོངས་པ་ནི་འདོད་པ། ཉེས་པ་ནི་མ་བྱིན་པར་ལེན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་དག་གི་ཞེས་བྱ་བ་ནི། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གིའོ། །དེ་ཡང་བདག་རྣམ་པར་གཅད་པའི་ཕྱིར་ཏེ། བདག་གི་ལ་སྦོམ་པོར་གསུངས་པའི་ཕྱིར་རོ། །གྲོང་ན་འདུག་པ་འམ་ཞེས་བྱ་བ་ནི། ར་བའི་ནང་ན་འདུག་པའོ། །དགོན་པ་ན་འདུག་པའམ་ཞེས་བྱ་བ་ནི། ར་བའི་ཕྱི་རོལ་ན་འདུག་པའོ། །མ་བྱིན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་འམ། བུད་མེད་དམ། མ་ནིང་གིས་ཀྱང་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི། མཐུ་འམ་འཇབ་བུས་རང་གིར་ལེན་ནའོ། །ཅི་ཙམ་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི། ཡུལ་དང་དུས་ལ་ལྟོས་པས་མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །རྒྱལ་པོ་འམ་ཞེས་བྱ་བ་ནི་བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོས་ཞེས་བྱ་བ་ནི། རྒྱལ་པོ་ལས་གཞན་པའི་བློན་པོ་དང༌། རྩིས་མཁན་དང༌། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ། གསང་མ་མཐུན་པས་འཚོ་བ་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གིས་སོ། །བཟུང་ནས་ཞེས་བྱ་བ་ནི་དགེ་སློང་དེའོ།། འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་ཞེས་བྱ་བ་ནི། བརྙས་པའི་ཚིག་གིས་བོད་པ་སྟེ། དེ་དག་དད་པ་ཡོད་ལ་དྲག་ཤུལ་ཆེན། འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །རྐུན་མའོ་ཞེས་བྱ་བ་ནི་འཇབ་བུས་རྐུ་བ་སྟེ། དེ་ནི་མདོར་བསྟན་པའི་ཚིག་ཡིན་ནོ། །བྱིས་པའོ་ཞེས་བྱ་བ་ནི་རང་གིས་མི་ཤེས་
པའམ། ཚེ་འདིའི་ཉེས་དམིགས་མ་མཐོང་བའི་ཕྱིར་རོ། །བླུན་པའོ་ཞེས་བྱ་བ་ནི་ལུང་ཕོག་པ་མི་ཤེས་པ་འམ། ཚེ་ཕྱི་མའི་ཉེས་དམིགས་མ་མཐོང་བའི་ཕྱིར་རོ། །རྐུ་བའོ་ཞེས་བྱ་བ་ནི་མཐུས་རྐུ་བ་སྟེ། རྐུ་བ་དེའི་གཉེར་གཞི་ནི་བྱིས་པའོ་ཞེས་བྱ་བ་དང༌། བླུན་པའོ་ཞེས་གཉིས་ཡིན་ཏེ། དེ་ལྟར་ན་རྐུ་བའོ་ཞེས་བྱ་བ་དང༌། གླེང་གཞི་དང་བཅས་པ་དེ་ནི་རྒྱས་པར་བཤད་པའི་ཚིག་ཡིན་ནོ་ཞེས་ཟེར་ཤིང་ཞེས་བྱ་བས་ནི་བརྗོད་ཅིང་ངོ༌། །གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པ་སྟེ། དེ་དག་དད་པ་མེད་ལ་དྲག་ཤུལ་ཆེན་འདི་ལྟར་བྱེད་དོ་ཞེས་སྦྱར་རོ། །འཆིང་ངམ་ཞེས་བྱ་བ་ནི། ཆིངས་མ་གསུམ་པོ་ལྕགས་ལས་བྱས་པ། དང་ཤིན་ལས་བྱས་པ་དང༌། རྩྭ་ལས་བྱས་པ་དག་གིས་སོ། །སྤྱུགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཡུལ་མེད་པར་བྱེད་ཀྱང་རུང་སྟེའོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པའི་སྡོམ་པའོ། །དེ་ཞེས་བྱ་བ་ནི་ཉ་བར་བསྟན་པ་དང༌། ཀུན་དུ་བསྟན་པའི་ཚིག་བླ་དགས་དེའོ། །ཡང་ཞེས་བྱ་བའི་སྒྲ་ནི་སྔ་མའི་རྗེས་སུ་བསྙག་བའི་ཕྱིར་ཏེ། སྔ་མ་འབའ་ཞིག་ཕམ་པར་འགྱུར་བར་མ་ཟད་ཀྱི་འདི་ཡང་ཕམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བ་ཉམས་པར་མ་བྱས་པར་ཞེས་བྱ་བའི་ཚིག་ཀྱང་སྔ་མ་བཞིན་དུ་སྦྱར་རོ། །འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། རྐུའམ་རྐུར་བཅུག་པ་དག་གིས་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི། དགེ་སློང་གིས་རྐུ་སེམས་ཀྱིས་མི་གཞན་གྱི་རྫས་དེར་འདུ་ཤེས་པས་ཀཱར་ཥཱ་པ་ཎ་བཞི་ཆ་གཅིག་ཡན་ཆད་གནས་ནས་སྤོས་ན་ཕམ་པར་འགྱུར་རོ། འདིའི་བྱེད་པ་པོ་ནི་རྐུས་སེམས་དང༌། མི་གཞན་གྱི་ནོར་ལ་དེར་འདུ་ཤེས་པས། རིན་ཐང་ཚང་བ་གནས་ནས་སྤོས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྐུ་སེམས་དང༌།
མ་བྱིན་པ་དང༌། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང༌། དེར་འདུ་ཤེས་པ་དང༌། རིན་ཐང་ཚང་བ་དང༌། གནས་ནས་སྤོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་སྟེ་གཉིས་པའོ།། །།གསོད་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན། ཆུ་ཀླུང་ཡུད་འོང་ལྡན་གྱི་འགྲམ་སྒྲོན་ཤིང་གི་ཚལ་གསེབ་ན་བཞུགས་པའི་ཚེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ལ། དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་ན། འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང༌། མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་པ་ན། དགེ་སློང་དག་མི་སྡུག་པ་བསྒོམ་པ་སྒོམ་པར་བྱེད་པའི་ཚེ། རྣག་གི་ལུས་འདིས་སྒྱིད་ལུག་པ་དང༌། མུས་བྱུང་བ་དང༌། ཐེ་ཚོམ་ཟ་བ་དང༌། སྨོད་པར་བྱེད་པ་ན། མཚོན་ཡང་འབྱིན་པར་བྱེད། དུག་ཀྱང་ཟ་བར་བྱེད། ཐག་པའི་འཆིང་བས་ཀྱང་བཅིང་བར་བྱེད། གཡང་སར་ཡང་མཆོང་བར་བྱེད་ཅིང༌། འདི་ལྟར་དགེ་སློང་གིས་ཀྱང་དགེ་སློང་ལ་རྩོལ་བར་བྱེད་པའི་སྐབས་ཏེ། དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མི་འམ། མིར་ཆགས་པ་ལ་བསམ་བཞིན་དུ། རང་གིས་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ་དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་ཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅིག་ཞིག་བྱ། ཀྱེ་མི་ཁྱོད་གསོན་བ་བས་ཤི་བླའོ་ཞེས་ཟེར་ཞིང༌། སེམས་ཀྱི་འདོད་པ་དང༌། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་
འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བསླབ་པ་བཅའ་བ་མཛད་དེ། ཡུལ་ནི་སྤོང་བྱེད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་མི་བཟོད་པ།། ཉེས་པ་ནི་གསོད་པའོ། །དེ་ལ་ཡང་དགེ་སློང་དག་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མི་འམ་ཞེས་བྱ་བ་ནི། གང་གིས་མའི་ལྟར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ། །མིར་ཆགས་པ་ལ་ཞེས་བྱ་བ་ནི། གང་གིས་མའི་ལྟོས་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་དང༌། སྲོག་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །རང་གིས་དར་ཏེ་ཞེས་བྱ་བ་ནི། ལག་པས་ལག་དར་ཏེའོ། །སྲོག་བཅད་དམ་ཞེས་བྱ་བ་ནི། སྲོག་བཅད་པར་གྱུར་ནའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི། རལ་གྲི་འམ། སྤུ་གྲི་འམ། ཆུ་གྲི་ལ་སོགས་པ་ཕུལ་བའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི། སྐྱེས་པ་འམ། བུད་མེད་དམ། མ་ནིང་ངོ༌། །དེ་འཆུར་བཅུག་གམ་ཞེས་བྱ་བ་ནི། འཆིར་གཞུག་པ་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་བ་དང༌། ཚུལ་ཁྲིམས་དང་ལྡན་པ་དང༌། ནད་པའོ། །དེ་དག་འཆི་བར་མི་འདོད་པ་ལ། ལྷུང་བཟེད་ལ་སོགས་པ་ཐོབ་ཏུ་རེ་བས་འཆིར་བཅུག་སྟེ། ཤི་ན་ཕམ་པར་འགྱུར་རོ། །དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི། འཆི་བར་མངོན་པར་མི་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བོད་པའི་ཚིག་བླ་དགས་སོ། །འཚེ་བ་ཞེས་བྱ་བ་ནི་གསོན་པའོ། །སྡིག་པ་ཞེས་བྱ་བ་ནི། སྡིག་པའི་འབྲས་བུ་འམ་སྡིག་པའི་རྒྱུའོ། །མི་གཙང་བ་ཞེས་བྱ་བ་ནི། ལུས་ཀྱི་གཞི་མི་གཙང་བ་སྟེ། མི་གཙང་བ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ངན་པ་ཞེས་བྱ་བ་ནི་སྨད་པའོ། །འདིས་ཅི་ཞིག་བྱ་ཞེས་བྱ་བ་ནི། འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་བྱ་ཐོང་ཤིག་ཅེས་བྱ་བའོ། །གསོན་པ་བས་ཤི་བླའོ་ཞེས་བྱ་བ་ནི། གསོན་པ་སྨད་ཅིང་
འཆི་བའི་བསྔགས་པ་བརྗོད་པའོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ༌། །རྒྱུ་གང་གིས་ཤེ་ན། དེའི་ཕྱིར་སེམས་ཀྱི་འདོད་པ་དང༌། སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་འདོད་པ་ཞེས་བྱ་བ་ནི། གསོད་སེམས་ཀྱིས་མི་དེ་འཆི་བར་མངོན་པར་འདོད་པའོ། །སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་ཞེས་བྱ་བ་ནི། དེའི་ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་ལ་སོགས་པ་འཚོ་བའི་ཡོ་བྱད་ཐོབ་ཏུ་རེ་བའི་རྣམ་པར་རྟོག་པ་དག་གིས་སོ། །རྣམ་གྲངས་དུ་མས་ཞེས་བྱ་བ་ནི་རྣམ་པ་མང་པོས་སོ།། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་ཞེས་ཡང་སྨོས་པ་ནི། འཆི་བ་ལ་མངོན་པར་མི་དགའ་བའི་མདུན་དུ་རྣམ་གྲངས་དུ་མས་འཆི་བའི་བསྔགས་པ་བརྗོད་དེ་བཟླས་པའི་ཕྱིར་བསྣན་པའོ། །དེ་ཡང་རྩོམ་པ་དེས་དུས་བྱས་ན་ཞེས་བྱ་བ་ནི། མི་དེ་ཡང་སྦྱོར་བའི་རྩོམ་པ་ཡང་དེ་ཉིད་ཀྱིས་ཤི་ཞིང༌། གཞན་གྱིས་མ་ཡིན་ནའོ། །དགེ་སློང་ཡང་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་ཡང་དགེ་སློང་གང་དགེ་སློང་རྣམས་དང་ལན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་ཞེས་བྱ་བའི་ཚིག་ཀྱང་སྔ་མ་བཞིན་དུ་སྦྱར་རོ། །འདིར་ལྟུང་བ་རྣམ་པར་གཞག་པ་ནི། གཞི་དང་གསོད་སེམས་དང༌། སྦྱོར་བ་དང༌། མཇུག་གི་རྣམ་པར་གཞག་སྟེ། དེ་ལ་གཞི་ནི་མི་འམ་མིར་ཆགས་པ་ཞེས་གསུངས་པས་བསྟན་ཏོ། །གསོད་སེམས་ནི་བསམས་བཞིན་དུ་ཞེས་གསུངས་པས་བསྟན་ཏོ། །སྦྱོར་བ་ནི་རྣམ་པ་གཉིས་ཏེ། ལུས་དང༌། ངག་གི་ལས་སོ། །དེ་ལ་ལུས་ཀྱི་སྦྱོར་བ་ནི། རང་གུ་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་གསུངས་པས་བསྟན་ཏོ། །ངག་གི་སྦྱོར་བ་ནི་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མོ་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང༌། སེམས་ཀྱི་ཀུན་དུ་རྟོག་པ་ངག་གིས་ཞེས་
གསུངས་པས་བསྟན་ཏོ། །མཇུག་ནི་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་ཞེས་གསུངས་པས་བསྟན་ཏོ། །འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། མིའི་སྲོག་བཅད་ན་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི། གསོད་སེམས་ཀྱིས་མིའི་འགྲོ་བར་གཏོགས་པ་གཞན་ལ་དེར་འདུ་ཤེས་པས་རྣམ་པ་གང་ཡང་རུང་བས་གསོད་དམ་གསོད་དུ་བཅུག་སྟེ། ཤིན་ཕམ་པར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གསོད་སེམས་དང༌། མིའི་འགྲོ་བ་གཞན་ལ་དེར་འདུ་ཤེས་པས་སྲོག་གཅོད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོད་སེམས་དང༌། མིའི་འགྲོ་བ་པ་དང༌། གཞན་དང༌། །དེར་འདུ་ཤེས་པ་དང༌། སྲོག་བཅད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གསོད་པའི་ཕམ་པར་འགྱུར་བ་སྟེ་གསུམ་པའོ།། །།སྨྲ་བའི་ཕམ་པར་འགྱུར་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན། སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་པའི་ཚེ། དེ་ན་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་བརྟེན་ཅིང་འཁོད་པ་དག །བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། བཅོམ་ལྡན་འདས་འོད་མ་ཅན་གྱི་གྲོང་ན་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེའི་ཚེ་ན། མུ་གེའི་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང༌། ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང༌། བྱ་བར་སེམས་པར་དཀའ་ན། སློང་མོ་པ་དག་ལྟ་སྨོས་ཀྱང་ཅི་ དགོས་པ ་བྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ། དགེ་སློང་དག་ད་ལྟ་བུ་གེ་བྱུང་གི་ཁྱེད་ཅག །སྨོས་འདྲི་ན་ཇི་ལྟ་བ་དང༌། ཕེབས་པར་སྨྲ་བ་ཇི་ལྟ་བ་དང༌། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་གྱི་གྲོང་དུ་དབྱར་གནས་པར་ཁས་ལོང་ཤིག །ང་ཡང་འོད་མ་ཅན་གྱི་གྲོང་འདི་ཉིད་དུ་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང༌། དབྱར་གནས་པར་ཁས་ལེན་ཏོ་ཞེས་བཀའ་སྩལ་ནས། ཉ་པ་ལས་རབ་ཏུ་བྱུང་
བའི་དགེ་སློང་ལྔ་བརྒྱ་པོ་དག་ཉ་བའི་གྲོང་གི་ཉེན་ཀོར་དུ་ལོ་མ་དང་འདབ་མའི་སྤྱིལ་བུ་དག་བྱས་ཏེ། དབྱར་གནས་པར་ཁས་བླངས་སོ། །དེ་དག་ཐོས་པ་ཉུང་བ་དང་ལྡན་པ་ཡིན་པས། ཉེ་དུ་འོངས་པ་དག་ལ་ཆོས་སྟོན་མི་ནུས་ནས། དེ་དག་གིས་ཉེ་དུ་དག་ལ། ཉེ་དུ་དག་ཁྱེད་ཅག་གང་དག་གི་གྲང་གི་ཚིགས་ན། དགེ་སློང་གི་དགེ་འདུན་འདི་ལྟར་དབྱར་གནས་པར་ཁས་བླངས་པར་གྱུར་པ། ཉེ་དུ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། དགེ་སློང་ནི་འདུ་ཤེས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དགེ་སྦྱོང་གི་འབྲས་བུ་ཐོབ་པ་དང༌། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང༌། དེ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གཅིག་ལ་མིའི་ཆོས་བླ་མའི་ཡོན་ཏན་ཡང་དག་པ་མ་ཡིན་པ་བསྒྲགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དང་གླེང་གཞི་འདི་དང༌། སྐབས་འདི་ལ། དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པ་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང༌། མ་དྲིས་ཀྱང་རུང༌། འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོ་བ་བརྫུན་དུ་སྨྲས་སོ་ཞེ་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་ཉ་བ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ། ཉོན་མོངས་པ་ནི་གྲགས་པ་འདོད་པ། ཉེས་པ་ནི་མིའི་
ཆོས་བླ་མ་ཡང་དག་པ་མ་ཡིན་པ་སྨྲས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱིས་ཏེ། བསམ་གཏན་དང༌། གཟུགས་མེད་པའི་ས་པའི་ཤེས་པ་ཟག་པ་དང་བཅས་པས་གཟུགས་མངོན་པར་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་མི་ཤེས་ཤིང་ངོ༌། །ཡོངས་སུ་མི་ཤེས་ལ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་འདས་པའི་ལམ་གྱིས་ཏེ། བསམ་གཏན་དང༌། གཟུགས་མེད་པའི་ས་པའི་ཤེས་པ་ཟག་པ་མེད་པས། གཟུགས་ཡོངས་སུ་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པའོ། །ཡང་ན་བར་ཆད་མེད་པ་དང༌། རྣམ་པར་འགྲོལ་བའི་ལམ་མངོན་པར་མི་ཤེས་པ་དང༌། ཡོངས་སུ་མི་ཤེས་པར་གོ་རིམས་བཞིན་ནོ། །ཡང་ན་ཤེས་བྱ་དེ་དག་ཇི་ལྟར་གནས་པ་དེ་ལྟར་རྗེས་སུ་འགྲོ་བའི་སྒོ་ནས་མི་ཤེས་པ་ནི་མངོན་པར་མི་ཤེས་པ་ཡིན་ལ། ལྡོག་པའི་སྒོ་ནས་མི་ཤེས་པ་ནི་ཡོངས་སུ་མི་ཤེས་པ་ཡིན་ནོ། །མིའི་ཆོས་བླ་མ་ཞེས་བྱ་བ་ལ། མིའི་ཆོས་ཞེས་བྱ་བ་ནི། མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་རྣམས་ཀྱིས་དེ་ཐོབ་ཀྱི། ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ན། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བའི་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དག་གོ །བླ་མ་ཞེས་བྱ་བ་ནི། དེ་དག་སྤངས་པ་གང་ཡིན་པའོ། །མིའི་ཆོས་བླ་མ་དེ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར། མཐའ་དང་འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང་རེག་པར་སྤྱོད་པ་ཞེས་བྱ་བ་དག་གསུངས་སོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། མཐར་ཐུག་པ་ཡིན་པའི་ཕྱིར་རོ། །
འཕགས་པ་དང་བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི། ཟག་པ་མེད་པ་ཐོབ་པ་སྟེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། སྡིག་པ་དག་ལས་རིང་དུ་གྱུར་པའི་ཕྱིར་རོ། །བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི། དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པ་བཞི་པོ་དག་སྟེ། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་སྟེ། རྗེས་སུ་མི་ཚོལ་བའི་ཤེས་རབ་ཆོས་ཤེས་པའོ། །མཐོང་བ་ཞེས་བྱ་བ་ནི། མཐོང་བ་བཞི་པོ་དག་སྟེ། སྡུག་བསྔལ་མཐོང་བ་དང༌། ཀུན་འབྱུང་མཐོང་བ་དང༌། འགོག་པ་མཐོང་བ་དང༌། ལམ་མཐོང་བ་སྟེ། རྗེས་སུ་ཚོལ་བའི་ཤེས་རབ་བཟོད་པ་མཐོང་བའོ། །རེག་པར་སྤྱོད་པ་ཞེས་བྱ་བ་ནི། བསམ་གཏན་བཞི་པོ་དག་ལ་བདེ་བར་གནས་ཏེ། སྙོམས་པར་འཇུག་པ་ལས་ཡིན་གྱི་སྐྱེ་བ་ལས་ནི་མ་ཡིན་ནོ། །མེད་ལ་ཞེས་བྱ་བ་ནི། དེའི་དངོས་པོ་མེད་པ་སྟེ། མངོན་སུམ་དུ་མ་གྱུར་པ་འམ། མི་སྲིད་པའོ། །མེད་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ལ་མེད་བཞིན་དུ་སྟེ། མ་ཐོབ་པའོ། །ཡང་ན་མེད་ལ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་ཡིན་ལ། མེད་བཞིན་དུ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་ཀྱིས་མེད་བཞིན་དུའོ། །འདི་ཤེས་སོ་ཞེས་བྱ་བ་ལ་ཅི་ཞིག་ཤེས་སོ་ཞེ་ན། ཤེས་བྱའི་དོན་ངོ་བོ་ཉིད་དེ་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ཤེས་སོ་ཞེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ། ཅི་ཞིག་མཐོང་ཞེ་ན། ལྷ་ལ་སོགས་པ་མཐོང་ཞེས་ཟེར་བ་དང༌། དེ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ཟེར་བ་དང༌། བདག་དེ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་བ་དང༌། དེ་རྣམས་བདག་ལ་བལྟར་འོང་ངོ་ཞེས་ཟེར་བ་དང༌། བདག་དེ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། དེ་རྣམས་བདག་དང་ལྷན་ཅིག་གཏམ་
འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དུ་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། བདག་གིས་འདུ་ཤེས་ཉི་ཤུ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དགེ་སྦྱོང་གི་འབྲས་བུ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང༌། གཉི་གའི་ཆ་ལས་རྣམས་པར་གྲོལ་བ་མ་ཐོབ་བཞིན་དུ་ཐོབ་བོ་ཞེས་ཟེར་བ་སྟེ། དེ་དག་ཀྱང་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་མཐོང་བ་དང་འདྲ་བའི་ཕྱིར་འདིར་མཐོང་བའི་སྒྲས་བསྡུས་སོ། །ཁས་འཆེས་པ་ལས་ཞེས་བྱ་བ་ནི་ཁས་བླངས་པའོ། །དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི། རྣམ་པར་ལྟ་བར་འདོད་ནས་སོ། །དུས་གཞན་ན་ཞེས་བྱ་བ་ནི་སྨྲས་པའི་དུས་ལས་དུས་གཞན་ན་སྟེ། འདི་དག་ནི་ལྟུང་བ་འབྱུང་བ་དང༌། ལྟུང་བ་ལས་ལྡང་བའི་ཡན་ལག་ནི་མ་ཡིན་ནོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི། གཞན་དག་གིས་གླེངས་ཀྱང་ངོ༌། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི། གཞན་དག་གིས་མ་གླེངས་པར་དེ་དག་ཉིད་འགྱོད་པ་དང༌། ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པ་སྐྱེས་ཀྱང་རུང་ངོ༌། །འདི་སྐད་ཅེས་ཚེ་དང་ལྡན་པ་དག །བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་བྱ་བ་དེ་དག་ནི་སྨྲས་པའི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། གསོབ་ཅེས་བྱ་བ་ནི་དོན་དེས་སྟོང་བ་སྟེ། བསྒྲུབ་པའི་དོན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་དེའི་ས་བོན་གྱིས་སྟོང་པ་སྟེ། གྲིབ་མ་ཙམ་དང་ཡང་བྲལ་བ་འམ། ཟང་ཟིང་སྙིང་པོ་མེད་པ་ཅུང་ཟད་འདོད་པའི་ཕྱིར་རོ། །བརྫུན་ཞེས་བྱ་བ་ནི་དེར་འདུ་ཤེས་པ་དང་བྲལ་བ་སྟེ། འདུ་ཤེས་པ་བདེན་པ་བསྒྱུར་བའི་ཕྱིར་རོ། །ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ། །མངོན་པར་ང་རྒྱལ་མ་
གཏོགས་ཏེ་ཞེས་བྱ་བ་ནི། གནང་བའི་གླེང་གཞིའི་དབང་གིས་མངོན་པའི་ང་རྒྱལ་བཞག་སྟེའོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ནི། དབེན་པར་གནས་པ་ལ་སོགས་པས་ཉོན་མོངས་པ་ཀུན་དུ་མི་འབྱུང་བའི་གྲིབ་མ་མཐོང་བ་ལས་ཡོན་ཏན་མ་ཐོབ་བཞིན་དུ་ཐོབ་པར་ངེས་པར་འཛིན་པའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི། མངོན་པའི་ང་རྒྱལ་ཅན་གྱིས་དོན་བརྫུན་པ་ཡང་དག་པའི་འདུ་ཤེས་ཀྱིས་བརྗོད་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི། གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་ཡང༌། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་ཞེས་བྱ་བ་དག་ཀྱང་སྔ་མ་བཞིན་དུ་སྦྱར་རོ། །འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འདུ་ཤེས་བསྒྱུར་ཏེ། བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་ན་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི་འདུ་ཤེས་བསྒྱུར་ཏེ། བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ཏེ། གཞན་གྱིས་དོན་གོ་ན་ཕམ་པར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འདུ་ཤེས་བསྒྱུར་བ་དང༌། མིའི་ཆོས་བླ་མ་བདག་ཉིད་ཀྱི་ཕྱིར། རང་གི་ཚིག་གིས་སྨྲས་ཏེ་གཞན་གྱིས་དོན་གོ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདུ་ཤེས་བསྒྱུར་བ་དང༌། མིའི་ཆོས་བླ་མ་དང༌། བདག་ཉིད་ཀྱི་ཕྱིར་དང༌། རང་གི་ཚིག་དང༌། གཞན་གྱིས་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྨྲ་བའི་ཕམ་པར་འགྱུར་བ་སྟེ་བཞི་བའོ།། །།ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི། གདོན་པའི་མཇུག་བསྡུས་པ་ཡིན་ནོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་བཞི་པོ་དག་ལས་སོ། །ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཞེས་བྱ་བ་ནི། དང་པོ་ཁྱིམ་པའི་གནས་སྐབས་ན་སྡོམ་པ་མེད་པ་ཇི་ལྟ་བར། ལྟུང་བ་བྱུང་བའི་གནས་སྐབས་ན་ཡང་
དེ་བཞིན་པ་སྟེ། འདི་ནི་སྡོམ་པ་ཉམ་ཆུང་བ་ལ་བྱའི་སྡོམ་པ་གཏན་མེད་པ་ནི་མ་ཡིན་ཏེ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ཀྱི་ལུང་ཉིད་ལས། བུ་ལོན་ནོར་བཞིན་ཁ་ཆེ་དག །བྱུང་བ་ལ་ནི་གཉིས་སུ་འདོད། །ཅེས་གསུངས་པས། སྡོམ་པ་ནི་སེམས་བསྐྱེད་པའི་བྱ་བ་ཡིན་ལ། བསླབ་པའི་གཞི་ནི་ལུས་དང་ངག་གིས་བསླབ་པའི་རྣམ་པར་རིག་བྱེད་གཟུགས་ཅན་ཡིན་ཏེ། དེ་ཡང་སེམས་ཀྱིས་ཕྱིར་བཅོས་ན། མཐའི་ལྟུང་བ་ལས་ལྡང་བའི་ཐབས་ཀྱང་ཡོད་པའི་ཕྱིར་རོ།། ཕམ་པར་གྱུར་པ་ཡིན་ཏེ་ཞེས་བྱ་བ་ནི། ལྟུང་བའི་སྡེ་ཚན་གྱི་མིང་བསྟན་པ་ཡིན་ཏེ། ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །དགེ་སློང་རྣམས་དང་དེ་དག་ལྷན་ཅིག་གནས་པ་དང༌། ལོངས་སྤྱོད་དུ་མི་དབང་གི །གནས་པར་མི་བྱའོ་ཞེས་བྱ་བ་ནི་མ་དག་པའི་ཉེས་དམིགས་བསྟན་པ་སྟེ། དེ་ཡང་བསླབ་པ་སྦྱིན་པས་ཕྱིར་བཅོས་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་གྱི། བསླབ་པ་སྦྱིན་པས་ཕྱིར་བཅོས་པའི་བྱ་བ་བྱས་ན་ནི་མ་ཡིན་ནོ། །ལྷན་ཅིག་གནས་པ་ཞེས་བྱ་བ་ནི་གནས་གཅིག་ནའོ། །ལོངས་སྤྱོད་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གིས་སོ། །མི་དབང་གི་ཞེས་བྱ་བ་ནི་དེའི་འོས་མ་ཡིན་པས་སོ། །གནས་པར་མི་བྱ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་ལྷན་ཅིག་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང་གསོལ་བ་དང༌། གཉིས་དང༌། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱ་བ་དང༌། དེ་གང་ཟག་བཅུ་གཉིས་སུ་བསྐོ་བར་མི་བྱ་བའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ཕམ་པར་འགྱུར་བ་གདོན་པ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཕམ་པར་འགྱུར་བ་
གདོན་པ་བཤད་ཟིན་ཏོ།། །།བམ་པོ་བཞི་པ། ད་ནི་གདོན་པ་གསུམ་པ་སྟེ། དགེ་འདུན་ལྷག་མ་གདོན་པའི་དབང་དུ་མཛད་ནས། སྡོམ་ལ། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་བྱ་བ་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་ དགོས་པ ་དང༌། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དགེ་འདུན་ལྷག་མ་ནི་བཅུ་གསུམ་སྟེ། ཁུ་བ་འབྱིན་པ་དང༌། ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། སྨྱན་བྱེད་པ་དང༌། ཁང་པ་དང༌། གཙུག་ལག་ཁང་དང༌། གཞི་མེད་པར་སྐུར་པ་འདེབས་པ་དང༌། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བའོ། །ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང༌། སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །དགེ་འདུན་ལྷག་མའི་ཆོས་ཞེས་བྱ་བ་ནི། ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང༌། དགེ་འདུན་དང་འབྲེལ་པ་དང༌། དགེ་འདུན་ལ་བརྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྟུང་བར་འགྱུར་གྱི་གང་ཟག་ལས་ནི་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ལྷག་མ་དང་བཅས་པ་ཡིན་པ་སྟེ། དེས་ན་དགེ་འདུན་ལྷག་མ་ཞེས་གསུངས་སོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །བཅུ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ནི། ཁུ་བ་འབྱིན་པ་ལ་སོགས་པ་གོང་དུ་བསྟན་པ་དག་གོ །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་འཆར་ཀ་ལུས་མ་བསྲུངས། དབང་པོ་རྣམས་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་གྲོང་དང་གྲོང་རྡལ་དག་ཏུ་བསོད་སྙོམས་ལ་ཞུགས་ཏེ། ཕྱིར་ལོག་ནས་དེའི་སེམས་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ནས། དེས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། ལག་པ་གཉིས་ཀྱིས་བཟུང་ནས་རྩོམ་པར་བྱེད་ཅིང༌། ཁུ་བ་འབྱིན་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། །བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་ན། རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད་གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་ཁུ་བ་འབྱིན་པའོ། །དེ་ལ་བསམས་བཞིན་དུ་ཞེས་བྱ་བ་ནི། རྣམ་པར་བརྟག་ནས་སོ། །ཁུ་བ་ཞེས་བྱ་བ་ནི་ཁུ་བ་རྣམ་པ་ལྔ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྐ་བ་དང༌། སླ་བའོ། །ཕྱུང་ན་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཕྱུང་བ་སྟེ། བདེ་བ་དང༌། རིག་སྔགས་པ་དང༌། ས་བོན་དང༌། སྨན་དང༌། བརྟག་པའི་ཕྱིར་བྱུང་ནའོ། །རྨི་ལམ་གྱི་མ་གཏོགས་ཏེ་ཞེས་བྱ་བ་ནི་གནང་བའི་གླེང་གཞིའི་དབང་གི་རྨི་ལམ་གྱི་གཞག་སྟེའོ། །དེ་ནི་ཐ་སྙད་དུ་བྱར་རུང་བ་མ་ཡིན་པས་དེ་ལ་ལྟུང་བ་རྣམ་པར་མི་གཞག་གོ །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང༌། དགེ་འདུན་དང་འབྲེལ་པ་དང༌། དགེ་འདུན་ལ་བརྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི། གང་ཟག་ལས་ནི་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ནི་ལྷག་མ་དང་བཅས་པ་སྟེ། དེས་ན་
དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་དེར་འདུན་པ་དང༌། རང་གི་ཡན་ལག་གི་རྣམ་པ་ལ་ཕྱི་ནང་གི་རེག་པ་སེམས་ཅན་དུ་བགྲང་བ་དེའི་རྣམ་པར་གནས་པས་བརྩལ་ཏེ། རང་གི་ཁུ་བ་དང་པོ་ཕྱུང་ན་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འབྱིན་པའི་བསམ་པ་དང༌། །རང་གིས་ཁུ་བ་ཕྱུང་བའོ། །འདི་ལ་ཡན་ལག་བཅུས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕྱུང་བ་དང༌། དེར་འདུན་པ་དང༌། རང་གི་ཁུ་བ་དང༌། དང་པོ་དང༌། རེག་པ་དང༌། ཕྱི་རོལ་གྱིས་དང༌། སེམས་ཅན་དུ་བགྲང་བ་དང༌། དེའི་རྣམ་པར་གནས་པས་དང༌། བརྩལ་པ་དང༌། ཡན་ལག་གི་རྣམ་པ་ལའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་སྟེ་དང་པོའོ།། །།ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་གཞི་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྟན་པར་བྱའོ་སྙམ་པས། དྲུག་སྡེ་ལས་གང་ཡང་རུང་བ་ཅིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ། སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ །མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཆུང་མ་དག་གི་ཀུན་དུ་སྤྱོད་པ་ནི་སྐྱེད་མོས་ཚལ་དུ་སོང་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང༌། གཙུག་ལག་ཁང་ལྟ་བ་དང༌། བཅོམ་ལྡན་འདས་དང༌། དགེ་སློང་གནས་བརྟན་རྣམས་ཀྱིས་ཞབས་ལ་ཕྱག་འཚལ་དུ་འགྲོ་བ་ཡིན་པས། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་
མང་པོ་དག་རྒྱལ་བྱེད་ཀྱི་ཚལ་དུ་འོངས་པ་རྣམས། ཚེ་དང་ལྡན་པ་འཆར་ཀས། བཅོམ་ལྡན་འདས་དང༌། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གཙུག་ལག་ཁང་དུ་རིམ་གྱིས་ཁྲིད་དེ། ཡོན་ཏན་བརྗོད་ཅིང་ཕྱག་འཚལ་དུ་བཅུག་ནས། རང་གི་གཙུག་ལག་ཁང་དུ་འོངས་པ་ན། དེས་དེ་དག་ལ་ཆོས་བསྟན་པར་བརྩམས་སོ། །ཇི་ལྟ་ཇི་ལྟར་ཆོས་བསྟན་པ་དེ་ལྟ་དེ་ལྟར་ཀུན་དུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་ཡན་ལག་དང་ཉིད་ལག་དག་ལ་ཉུག་པར་བརྩམས་སོ། །དེ་དག་ལས་གང་བདག་གིར་བྱེད་པ་དེ་དག་ནི་དེ་དང་ལྷན་ཅིག་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རྡེག་པར་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ་འཆགས་དང༌། དགར་དང༌། སྒོ་ཁང་དག་ན་བདག་ཅག་གི་ཡན་ལག་དང༌། ཉིད་ལག་ཁྱིམ་ཐབ་ཀྱིས་ཀྱང་མ་བྱུགས་པ་གང་དག་ཡིན་པ་དེ་དག་འཕགས་པ་འཆར་ཀས་བྱུགས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན། རྒྱལ་བྱེད་ཀྱི་ཚལ་གལ་བ་དེར་བལྟར་ཡང་མི་སྟེར་ན། འགྲོར་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དང་ལྷན་ཅིག་ལུས་རེག་པར་བྱེད་དམ། ལག་པ་ནས་གཟུང་ངམ། དཔུང་བ་ནས་གཟུང་ངམ། ལན་བུ་ནས་གཟུང་ངམ། ཡན་ལག་དང་ཉིད་ལག་གང་ཡང་རུང་བ་ནོམ་པ་དང༌། ཉུག་པ་བདག་གིར་བྱེད་ན་དགེ་
འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་ལུས་ཀྱིས་རེག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅིང་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་ལ། སེམས་དྲལ་ཅིང་མ་གྱུར་བ་ཡང་ཡོད། །གྱུར་ཅིང་མ་དྲལ་བ་ཡང་ཡོད། །མ་དྲལ་ཅིང་མ་གྱུར་པ་ཡང་ཡོད་དོ། །དེ་ལ་རེ་ཞིག་དྲལ་ཅིང་མ་གྱུར་པ་ནི། སེམས་ཆགས་པ་དང༌། ཀུན་དུ་ཆགས་པ་དང༌། ཀུན་ནས་དཀྲིས་པ་གང་ཡིན་པའོ། །གྱུར་ཅིང་མ་དྲལ་བ་ནི་སེམས་ལྟོས་པ་དང་ལྡན་ཞིང༌། སེམས་འབྲེལ་པ་གང་ཡིན་པའོ། །དྲལ་ཅིང་གྱུར་པ་ནི་སེམས་ཆགས་པ་དང༌། ཀུན་དུ་དཀྲིས་ཤིང་སེམས་ལྟོས་པ་དང་ལྡན་པ་དང༌། སེམས་འབྲེལ་བ་གང་ཡིན་པའོ། །མ་དྲལ་ཅིང་མ་གྱུར་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །དེ་ལ་དྲལ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ངོ་ཚ་ཤེས་པའི་ཆོས་དྲལ་བ་སྟེ། སེམས་ཆགས་པ་དང༌། ཀུན་དུ་ཆགས་པ་དང༌། ཀུན་ནས་དཀྲིས་པ་གང་ཡིན་པ་སྟེ། དེ་དག་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་གནས་སྐབས་སུ་ཤེས་པར་བྱའོ། །གྱུར་ཞེས་བྱ་བ་ནི་རྣམ་པར་གྱུར་པ་སྟེ། ཡུལ་དེ་དང་འབྲེལ་པར་འདོད་པར་གྱུར་ཅིང༌། ཡུལ་ལ་ལྟོས་པ་དང་ལྡན་པ་དང་འབྲེལ་པ་གང་ཡིན་པའོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ནི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌།། ལུས་རེག་པར་ཞེས་བྱ་བ་ནི་ལུས་གཞོལ་བའོ། །དེ་བྱེད་དམ་ཞེས་བྱ་བ་ནི་བྱེད་པར་གྱུར་ཏམ་མོ། །ལག་པ་ནས་གཟུང་ངམ་ཞེས་བྱ་བ་ནི། མཁྲིག་མ་མན་ཆད་ཀྱི་ལག་པ་ནས་སོ། །དཔུང་པ་ནས་གཟུང་ངམ་ཞེས་བྱ་བ་ནི་མཁྲིག་མ་ཡན་ཆད་ནས་སོ། །ལན་བུ་ནས་གཟུང་ངམ་ཞེས་བྱ་བ་ལ། ལན་བུ་ཞེས་བྱ་བ་ནི་སྐྲ་ངག་དང་དེ་དང་འབྲེལ་པའི་གོས་སོ། །ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ཞེས་བྱ་བ་ནི། ལག་པ་ནས་གཟུང་བ་དང་དཔུང་པ་ནས་གཟུང་བ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་གི་རྣམ་པ་གང་ཡིན་པ་སྟེ། ཡན་ལག་ཅེས་བྱ་
བ་ནི་ལུས་སོ། །ཉིང་ལག་ཅེས་བྱ་བ་ནི། རྐང་ལག་ལ་སོགས་པའོ། །ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་ཞེས་བྱ་བ་ནི་རོ་མྱོང་བར་བྱེད་ན་སྟེ། ནོམ་པ་ཞེས་བྱ་བ་ནི་ཅུང་ཞིག་རེག་པའོ། །ཉུག་པ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་ཀྱིས་རེག་པའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ལུས་ཀྱིས་རེག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི། བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་པ་བསྟེན་ནུས་པའི་ལུས་དང༌། སྐྲ་དང་དེ་དང་འབྲེལ་པའི་གོས་ལ་རེག་པའི་།བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་ཀུན་དུ་འདོད་ཆགས་དང་ལྡན་པས་རེག་པ་བདག་གིར་བྱེད་ན་དངོས་གཞིར་འགྱུར་རོ། །འདི་ལ་བྱེད་པ་པོ་ལུས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། མིའི་འགྲོ་བར་གཏོགས་པའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་དོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉིད་དང༌། བསྟེན་ནུས་པ་དང༌། བར་དུ་མཆོད་པ་དང༌། མ་ཉམས་པ་དང༌། རེག་པ་བདག་གིར་བྱས་པའོ། །དེ་དག་ལས་ཡན་ལག་མ་ཆད་ན་ཅི་རིགས་པར་ན་སྨད་དོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་སྟེ་གཉིས་པའོ།། །།འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའི་གླེང་གཞི་ནི། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་གླེང་གཞི་དང་འདྲའོ། །བྱེ་བྲག་ཏུ་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་ལ་ཆོས་བསྟན་པར་བརྩམས་ནས། དེ་ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་འཁྲིག་པ་དང་ལྡན་པས། སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲ་བར་བརྩམས་སོ། །དེ་དག་ལས་གང་དག་བདག་གིར་བྱེད་པ་དེ་དག་ནི།
དེ་དང་ལྷན་ཅིག་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ། འཆགས་དང༌། དགར་དང༌། སྒོ་ཁང་དག་ན་བདག་ཅག་གིས་དྭ་རྣམས་དང༌། རྒྱན་པོ་པ་རྣམས་དང༌། ནལ་གྱི་བུ་རྣམས་ལས་ཀྱང་ཚིག་གང་དག་སྔོན་མ་ཐོས་པ་དེ་དག་འཕགས་པ་འཆར་ཀ་ལས་ཐོས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན། རྒྱལ་བྱེད་ཀྱི་ཚལ་གལ་བ་དེར་བལྟར་ཡང་མི་སྟེར་ན། འགྲོར་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས། བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན། ཚོགས་པར་མི་དབྱུང་བ་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཉེས་པ་ནི་འཁྲིག་པ་སྨྲས་པའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅིང་གྱུར་པའི་སེམས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བུད་མེད་ལ་ཞེས་བྱ་བ་ནི། བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པའོ། །གནས་ངན་ལེན་ཞེས་བྱ་བ་ནི། གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཞེས་བྱ་ཞེ་ན། ངོ་བོ་ཉིད་དེ་ལས་དང༌། ཀུན་ནས་སློང་བ་ལས་
སོ། ངོ་བོ་ཉིད་ལས་གནས་ངན་ལེན་ཞེས་བྱ་བ་ནི་ཉེས་པ་དེ་ལེན་པ་ནི་ཉེས་པ་སྐྱེད་པ་སྟེ། སྐྱོན་ཆགས་པའོ། །ཀུན་ནས་སློང་བ་ལས་གནས་ངན་ལེན་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་ཀུན་ནས་སློང་བ་མིའི་ཆོས་བླ་མ་སྨྲ་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་བ། འཁྲིག་པ་དང་ལྡན་པ་སྨྲ་བ་སྟེ། དོན་འདིར་ནི་དགེ་འདུན་ལྷག་མ་ཀུན་ནས་སློང་བ་ཡིན་པར་དགོངས་སོ། །ཚིག་ཅེས་བྱ་བ་ནི་བརྗོད་པའོ། །སྡིག་པ་ཅན་ཞེས་བྱ་བ་ལ་སྡིག་པ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བའོ། །ཅན་ཞེས་བྱ་བ་ནི་སྡིག་པའི་ཆོས་དང་ལྡན་པའོ། །ཚོགས་པར་མི་དབྱུང་ཞེས་བྱ་བ་ནི། དབུས་མའི་མཚམས་ལས་འདས་པ་སྟེ། ཚུལ་དང་མི་མཐུན་པའོ། །འཁྲིག་པའི་ཚིག་དང་ལྡན་པ་དག་ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པ་སྟེ། གཉིས་ཀྱིས་གཉིས་སྤྲོད་པ་ལས་བྱུང་བའི་ཆོས་ཀྱི་མིང་དང་ལྡན་པའི་ཚིག་གོ །སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ། སྐྱེས་བུ་ཞེས་བྱ་བ་ནི་སྐྱེས་པའོ། །ན་ཆུང་ཞེས་བྱ་བ་ནི་བུད་མེད་དོ། །སྨྲས་ན་ཞེས་བྱ་བ་ནི་བུད་མེད་ཀྱིས་མ་སྨྲས་པ་ལ་སྨྲས་པ་དང༌། བུད་མེད་ཀྱིས་སྨྲས་པ་ལ་ཕྱིར་སྨྲས་པའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་གནས་ངན་ལེན་ནི་སྐྱོན་དང་སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་དང༌། དཔེ་ཚིག་གིས་བསྟན་པར་བྱ་སྟེ། དེ་ལ་སྐྱེ་ན་ནི་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཞེས་གསུངས་པས་བསྟན་ཏོ། །སྤྱིའི་མཚན་ཉིད་ནི་ཚོགས་པར་མི་དབྱུང་བ་ཞེས་གསུངས་པས་བསྟན་ཏོ། །རང་གི་མཚན་ཉིད་ནི་འཁྲིག་པ་དང་ལྡན་པ་དག་ཅེས་གསུངས་པས་བསྟན་ཏོ། །དཔེ་ནི་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་ཞེས་གསུངས་པས་བསྟན་ཏོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། འཁྲིག་པ་དང་ལྡན་པའི་ཚིག་སྨྲས་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་
ཆགས་པ་དང་ལྡན་པས་མི་ཚངས་པར་སྤྱོད་པ་འཁྲིག་པ་དང་ལྡན་པའི་ཚིག་སྨྲས་ན་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འཁྲིག་པ་དང་ལྡན་པ་སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། མིའི་འགྲོ་བ་པར་གཏོགས་པའི་བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉི་དང༌། ལེགས་པར་སྨྲས་པ་ཉིད་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། དོན་གོ་བ་དང༌། འཁྲིག་པ་དང་ལྡན་པའི་ཚིག་སྨྲས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་སྟེ་གསུམ་པའོ།། །།བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའི་གླེང་གཞི་ཡང་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་གླེང་གཞི་དང་འདྲའོ། །བྱེ་བྲག་ཏུ་ན་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་ལ་ཆོས་བསྟན་པར་བརྩམས་ནས། དེ་ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་མདུན་དུ་བདག་ཉིད་ཀྱིས་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར། འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ། འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་པར་བརྩམས་སོ། །དེ་དག་ལས་གང་དག་བདག་གིར་བྱེད་པ་དེ་དག་ནི། དེ་དང་ལྷན་ཅིག་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི། དེས་ན་ཕྱིར་བྱུང་སྟེ། འཆགས་དང༌། དག་ར་དང༌། སྒོ་ཁང་དག་ན། བདག་ཅག་གིས་རང་གི་ཁྱིམ་ཐབ་དག་ལས་ཀྱང༌། ཚིག་གང་དག་སྔོན་
མ་ཐོས་པ་དེ་དག་འཕགས་པ་འཆར་ཀ་ལས་ཐོས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དེ་དག་གིས་ཐོས་པར་གྱུར་ན། རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་བལྟར་ཡང་མི་སྟེར་ན། འགྲོར་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་པ་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས། བུད་མེད་ཀྱི་མདུན་དུ་བདག་ཉིད་ཀྱིས་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར། འདི་ལྟ་སྟེ། ད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པ། ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན། དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་བསྙེན་བཀུར་བསྔགས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅིང་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བུད་མེད་ཀྱི་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའོ། །མདུན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །བདག་ཉིད་ཀྱིས་ལུས་ཀྱིས་བསྙེན་བཀུར་གྱི་ཕྱིར་ཞེས་བྱ་བ་ནི། བདག་ཉིད་ཀྱིས་བསྙེན་བཀུར་གྱི་ཕྱིར་རོ། །འདི་ལྟ་སྟེ། ང་ལྟ་བུ་ཞེས་བྱ་བ་ནི་ཉེས་བར་བསྟན་པ་དང༌། ཀུན་དུ་བསྟན་པའི་ཚིག་བླ་དགས་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི། ཚུལ་
ཁྲིམས་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །དགེ་བའི་ཆོས་དང་ལྡན་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚངས་པར་སྤྱོད་པ་ལ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །འདི་ལྟར་འཁྲིག་པ་དང་ལྡན་པའི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པའོ། །ཆོས་འདིས་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་བསྟན་པ་འདིས་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །བསྙེན་བཀུར་བྱས་ན་ཞེས་བྱ་བས་ནི་བཀུར་སྟི་བྱས་ནའོ། །སྲུ་ཞེས་བྱ་བ་ནི། དགའ་བའི་ཚིག་བླ་དགས་ཀྱིས་བོད་པའོ། །འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བ་ལ། མཆོག་ཡིན་ནོ་ཞེས་བྱ་བ་ནི། གཙོ་བོ་ཡིན་ནོ། །བསྔགས་པ་བརྗོད་ན་ཞེས་བྱ་བ་ནི་བསྟོད་པ་བྱས་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། བདག་ཉིད་ལ་འཁྲིག་པའི་བསྙེན་བཀུར་བསྔགས་ན། དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས། ད་ལྟ་བུ་ལ་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། དེའི་མཆོག་ཡིན་ནོ་ཞེས་བསྔགས་ན་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། མིའི་འགྲོ་བར་གཏོགས་པའི་བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉིད་དང༌། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་
དང། དོན་གོ་བ་དང༌། བདག་གི་ཕྱིར་དང༌། རྒྱ་ལ་སོགས་པའི་དོན་གྱི་བསྙེན་བཀུར་བསྔགས་པའོ། །དེ་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་སྟེ་བཞི་པའོ།། །།སྨྱན་བྱེད་པའི་དགེ་འདུན་ལྷག་མིའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དྲུག་སྡེ་དག་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ནས། མུ་སྟེགས་ཅན་དག་ཤེས་ལྡན་དག །ཤཱ་ཀྱའི་བུའི་དགེ་སྦྱོང་འདི་དག་ནི། བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་དེ། །བྲམ་ཟེ་དང་ཁྱིམ་བདག་བསླབ་པའི་གཞི་ཡང་དག་པར་མ་བླངས་པ་གཞན་དག་ཀྱང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་དང༌། བུད་མེད་ལ་སྐྱེས་པའི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཤཱ་ཀྱའི་བུའི་དགེ་སྦྱོང་རྣམས་དང༌། བྲམ་ཟེ་དང་ཁྱིམ་བདག་བསླབ་པའི་གཞི་ཡང་དག་པར་མ་བླངས་པ་རྣམས་ལ་ནི་བྱེ་བྲག་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་དགེ་སྦྱོང་མགོ་རེག་འདི་དག་ལ་སུས་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ། དགེ་སློང་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ། དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ།
ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཆགས་ཉེས་པ་ནི་སྨྱན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བུད་མེད་ལ་སྐྱེས་པའི་ཚིག་གིས་དང་ཞེས་བྱ་བ་ནི། སྐྱེས་པའི་ཀུན་དུ་སྤྱོད་པའི་བསམ་པའི་ཚིག་གང་ཡིན་པ་དེ་བུད་མེད་ལ་བརྗོད་པའོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི། བུད་མེད་ཀྱི་ཀུན་དུ་སྤྱད་པའི་བསམ་པའི་ཚིག་གང་ཡིན་པ་དེ་སྐྱེས་པ་ལ་བརྗོད་པས་སོ། །ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་ཞེས་བྱ་བ་ནི་ཆུང་མ་བདུན་དང༌། མཛའ་ན་མོ་བཅུ་ཉིད་དུའོ། །ཆུང་མ་བདུན་གང་ཞེ་ན། ཆུ་ཚིགས་ཀྱིས་བྱིན་པ་དང༌། རིན་ཆས་ཉོས་པ་དང༌། བཙོན་ཕྲོགས་སུ་ཐོབ་པ་དང༌། དང་སམ་དུ་འདུས་པ་དང༌། གོས་ཟས་ཀྱིས་འཚོ་བ་དང༌། ཁ་དུམ་པ་དང༌། ཐང་འགའ་འཕྲད་པའོ། །མཛའ་ན་མོ་བཅུ་གང་ཞེ་ན། མས་བསྲུངས་པ་དང༌། ཕས་བསྲུངས་པ་དང༌། མིང་པོས་བསྲུངས་པ་དང༌། ནུ་མོས་བསྲུངས་པ་དང༌། སྒྱུག་མོས་བསྲུངས་པ་དང༌། གྱོས་པོས་བསྲུངས་པ་དང༌། ཉེ་དུས་བསྲུངས་པ་དང༌། རིགས་ཀྱིས་བསྲུངས་པ་དང༌། རུས་ཆགས་ཀྱིས་བསྲུངས་པ་དང༌། རྣམ་པར་འཁྲུག་པ་མེད་པའོ། །སྨྱན་ཞེས་བྱ་བ་ནི། སྤྲད་པར་བྱ་བ་ལས་ཕྲིན་ནོད་པ་དང༌། ཕར་སྐྱེལ་བ་དང༌། ཕྱིར་སྐྱེལ་བའི་རིམ་གྱིས་གཉིས་ཕྲད་པར་བྱེད་པའོ། །ཕྲད་ན་ཞེས་བྱ་བ་ནི། མཐར་གྱུར་པ་བཟུང་ནའོ། །ཐ་ན་ཞེས་བྱ་བ་ནི། མཐར་གྱུར་པ་བཟུང་ནའོ། །ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ་ཞེས་བྱ་བ་ནི། སྨད་འཚོང་མ་ཡོད་པ་ལ་རུང་སྟེ། ཚོགས་ཅན་མ་དང༌། འཇུད་མཐུན་མ་དང༌། །གཟུགས་འཚོང་མ་ལ་ཡང་རུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་སྨྱན་བྱེད་པའི་ལྟུང་བ་ནི་བདག་པོ་དང༌། གཞི་དང༌། དུས་ངེས་པ་ལས་རིག་པར་བྱ་སྟེ། དེ་ལ་བདག་པོ་ནི་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་གསུངས་པས་བསྟན་ཏོ། །གཞི་ནི་ཆུང་མ་ཉིད་དང་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཞེས་གསུངས་པས་བསྟན་ཏོ།།
དུས་ནི་ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ་ཞེས་གསུངས་པས་བསྟན་ཏོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། སྨྱན་བྱ་བའི་ཐབས་ཀྱིས་སྐྱེས་པ་དང་བུད་མེད་གཞན་དང༌། གཞན་སྔ་ན་མི་མཐུན་པ་མཐུན་པར་བསྒྲུབས་ཏེ། དེ་གཉིས་མི་ཚངས་པར་སྤྱོད་པའི་དོན་ལ་ཕྲད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྐྱེས་པ་དང་བུད་མེད་སྔ་ནི་མི་མཐུན་པ་སྤྲད་པའི་དོན་མཐུན་པར་བསྒྲུབ་པའི་ཕྱིར། སྤྲད་པར་བྱ་བ་སྐྱེས་པ་དང་བུད་མེད་གང་ཡང་རུང་པ་ལས་ཕྲིན་མནོས་པ་དང༌། ཕར་བསྐྱལ་བ་དང༌། ཕྱིར་བསྐྱལ་བ་དེ་གསུམ་རྗེས་སུ་སྒྲུབ་ཅིང༌། དེ་གཉིས་མི་ཚངས་པར་སྤྱོད་པའི་དངོས་པོ་ཕྲད་པར་གྱུར་ན། དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་སྐྱེས་པ་དང་བུད་མེད་མི་ཚངས་པར་སྤྱོད་པ་འཁྲིག་པ་བསྟེན་ནུས་པ་དང༌། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པའོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མི་ཡིན་པ་དང༌། གཞན་ཡིན་པ་དང༌། མི་མཐུན་པ་དང༌། ཕྲིན་མནོས་པ་དང༌། ཕྲིན་ཕར་བསྐྱལ་བ་དང༌། ཕྲིན་ཕྱིར་བསྐྱལ་བ་དང༌། གཉིས་ཀྱིས་གཉིས་ཕྲད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་སྟེ་ལྔ་པའོ།། །།ཁང་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་ཁང་པ་འདི་ལྟ་བུར་མང་བ་ཉིད་དུ་གྱུར་ཏེ། ཁ་ཅིག་ནི་ཁང་པ་འདི་ཧ་ཅང་རིངས་སོ་ཞེས་བོར་ནས་གཞན་བྱེད་དུ་འཇུད་དོ། །ཁ་ཅིག་ནི་ཁང་པ་འདི་ཧ་ཅང་ཐུང་ངོ༌། །འདི་ཧ་ཅང་ཡངས་སོ། །འདི་ཧ་ཅང་དོག་གོ །འདི་ཧ་ཅང་རྙིངས་སོ། །འདི་ཧ་ཅང་སྟོབས་ཆུང་ངོ༌། །འདི་ཧ་ཅང་བརྩིགས་ཉེས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུད་དོ། །དེ་དག་ཁང་པ་བྱེད་པ་དང༌། བྱེད་དུ་འཇུག་པས་བྱ་བ་དང༌། བྱེད་པ་མང་བར་གྱུར་ནས། ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌།
ཡིད་ལ་བྱེད་པ་གཏོང་ཞིང༌། ཡང་དང་ཡང་དུ་རྩྭ་དང་ཤིང་དང༌། མི་བླས་དང༌། ཤིང་རྟའི་ལས་སྦྱོར་བར་བྱེད་པས། བྲམ་ཟེ་དང་ཁྱིམ་བདག་རྣམས་གྱིས་ཁ་འཕྱ་བར་གྱུར་པ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། གསོ་དཀའ་བ་དང༌། དགང་དཀའ་བ་རྣམས་པར་སྨད་ཅིང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། ཕྲི་བ་དང༌། ཡོད་བྱད་བསྙུངས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། མཛེས་པ་དང༌། ཚོད་ཤེས་པ་ཉིད་ཀྱི་བསྔགས་པ་བརྗོད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཤིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་གི་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་དང༌། ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང༌། གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་གི་ཕྱིར་དེ་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ། ཚད་ལས་འདས་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཆགས་ཆེ་བ། ཉེས་པ་ནི་ཁང་པ་བརྩིག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་བས་སོ། །བདག་གིས་བསླངས་པ་ཞེས་བྱ་བ་ནི། འདུན་པ་ལས་བྱུང་བའི་སློང་མོས། ལ་ལ་ལས་ནི་ཤིང༌། ལ་ལ་ལས་
ནི་རྩྭ། ལ་ལ་ལས་ནི་མི་བླས། ལ་ལ་ལས་ནི་ཤིང་རྟའི་ལས་བླངས་པའོ། །བདག་པོ་མེད་པ་ཞེས་བྱ་བ་ནི། གང་བདག་པོ་སྐྱེས་པ་འམ། བུད་མེད་དམ། མ་ནིང་མེད་པའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བསྔོས་ཏེའོ། །ཁང་པ་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འཆག་པ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་ཤོང་བའོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ་གཞན་གྱིས་སོ། །དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཤིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ནོ་ཞེས་བྱ་བ་ནི། ས་ངན་པ་ལ་བཀའ་སྩལ་པའི་ཚད་ངེས་པར་བསྟན་པ་སྟེ། དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པ་སྟེ། དེའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོའོ། །དེ་བས་ན་བདེ་བར་གཤེགས་པའི་མཐོ་བཅུ་གཉིས། གང་དག་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅོ་བརྒྱད་དེ། ནང་སྲིད་དུ་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད་དོ། །བདེ་བར་གཤེགས་པའི་མཐོ་བདུན་གང་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་བཅུ་གཅིག་སྟེ། ནང་གི་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གོ །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ལ། གཞི་བལྟ་བའི་ཕྱིར་ཞེས་བྱ་བ་ནི། ས་གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་ཉིད་བལྟ་བའི་ཕྱིར་རོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་ཡིན་པ་དེས་སོ། །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི། དེས་ན་དགེ་སློང་གང་དག་ཡོད་པ་དག་ཡིན་གྱི། ཇི་ཙམ་གྱིས་གཞི་དེ་མིག་གིས་བལྟ་བར་འགྱུར་བའི་དགེ་སློང་དེ་ཙམ་བཀྲི་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གཞི་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་ཡིན་ན་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་དུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་ཡིན་ན། དགེ་སློང་དེས་གཙུག་ལག་ཁང་དུ་དགེ་འདུན་ལས་ཁང་པའི་གཞི་བསྟན་པ་གསོ་བའི་ཆོ་ག་དང༌། སྔགས་ལན་གསུམ་བཟླས་པས་ཁང་པའི་
གཞི་བསྟན་པ་གསོལ་བ་བྱའོ། །དེའི་འོག་ཏུ་དགེ་སློང་དེ་དག་གིས་ཀྱང་དགེ་སློང་དེ་ལ་དད་པས་སམ། ཡིད་ཆས་པས་འགྲོ་བར་མི་བྱ་བར་འདི་ལྟར་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱ་བ་འམ། དགེ་འདུན་གྱིས་བསྐོས་པའི་དགེ་སློང་གཏང་བར་བྱའོ། །དེ་དག་གིས་གཞི་དེ་མིག་གིས་བལྟ་བར་བྱའོ། །གལ་ཏེ་གཞི་དེ་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་ཡིན་ན་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་ཡིན་ན། དགེ་འདུན་ལ་བསྟན་པར་བྱའོ། །དེའི་འོག་ཏུ་དགེ་འདུན་གྱིས་ཀྱང་དགེ་སློང་གཅིག་གིས་གསོལ་བ་དང་གཉིས་ཀྱི་ལས་བྱས་ཏེ། དགེ་སློང་དེ་ལ་ཁང་པའི་གཞི་བསྟན་པ་སྦྱིན་པར་བྱའོ། །ཁྲིད་པའི་དགེ་སློང་གིས་ཀྱང་ཞེས་བྱ་བ་ནི། དེས་དགེ་སློང་གང་དག་ཁྲིད་པ་དག་གིས་ཀྱང་ངོ༌། །གཞི་རུང་བ་ཞེས་བྱ་བ་ནི། སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིལ་གྱི་གནས་སམ། གྲོག་མའི་གནས་མེད་པའོ། །རྩོད་པ་མེད་པ་ཞེས་བྱ་བ་ནི། རྒྱལ་པོའི་གཞི་འམ། མཆོད་རྟེན་གྱི་གཞི་འམ། ཁྱིམ་བདག་གི་གཞི་འམ། མུ་སྟེགས་ཅན་གྱི་གཞི་འམ། དགེ་སློང་མའི་དབྱར་ཁང་ངམ། ཤིང་ལྗོན་པ་གཅད་པར་བྱ་བ་མེད་པའོ། །བརྩམ་དུ་རུང་བར་ཞེས་བྱ་བ་ནི། དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ན། ཆུ་ཀླུང་ངམ། ཁྲོན་པ་འམ། ལམ་མམ། ངམ་གྲོག་མེད་པར་རོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་སོ་སོར་བརྟག་པར་བྱ་བའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བ་འམ། རྩོད་པ་དང་བཅས་པ་འམ། བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་པོ་མེད་པར་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མ་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ། ཚད་ལས་འདས་ན་ཞེས་བྱ་བ་ནི། ཇི་སྐད་སྨོས་པ་དེ་དག་ལས་འགལ་ཞིང༌། ཚད་ཇི་སྐད་བསྟན་པ་དེ་ལས་ལྷག་པར་རྩིག་ཏུ་འཇུག་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བས། གཞི་མ་
དག་པ་དང༌། མ་བསྟན་པར་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་ན་མཐར་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་དགེ་སློང་ལྟུང་བ་འབྱིན་པ་པོས། ཁང་པའི་ས་གཞི་མིའི་འགྲོ་བ་སུ་ཡང་རུང་པ། ཐ་ན་ཆོས་འདི་པ་རབ་ཏུ་བྱུང་བ་ལས་ཀྱང་བཙལ་བ་དང་ཁང་པའི་ཡོ་བྱད་ཤིང་དང༌། རྩྭ་དང༌། མི་བླས་དང༌། ཤིང་རྟ་དང༌། སོ་ཕག་དང༌། གླ་རྔན་ལ་སོགས་པ་ཡང་གཞན་ལས་བཙལ་བས། ས་གཞི་མ་དག་པ་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་དང༌། དགེ་འདུན་ལ་མ་བསྟན་པར་བདག་ཉིད་གཅིག་པུ་འམ། དགེ་སློང་གཞན་ཅིག་གམ། ཁྱིམ་པ་ཅིག་ཀྱང་རུང་བའི་དོན་དུ། ཁང་པའི་རང་གི་རྒྱའི་སྲིད་དུ་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད། ཞེང་དུ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པ་བདག་ཉིད་ཀྱིས་བྱེད་དམ། གཞན་གྱིས་བདག་བྱེད་དུ་བཅུག་གམ། བདག་གིས་གཞན་བྱེད་དུ་བཅུག་སྟེ། ཟིན་ན་མཐར་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ས་གཞི་དང་ཡོ་བྱད་མ་བརྟགས་པའི་ཁང་པ་བརྩིག་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ས་གཞི་དང༌། ཡོ་བྱད་གཞན་ལས་བཙལ་བ་དང༌། གཞི་མ་དག་ཅིང་མ་བསྟན་པ་དང༌། གཅིག་གི་དོན་དང༌། ཚད་ལས་ལྷག་པ་དང༌། ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁང་པའི་དགེ་འདུན་ལྷག་མ་སྟེ་དྲུག་པའོ།། །།གཙུག་ལག་ཁང་གི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་སྟེ། དྲུག་སྡེ་དག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་ན་གནས་ཤིང༌། འཕྱས་འདོགས་པ་དགེ་སློང་རྣམས་ཀྱིས་སྨད་པ་དང༌། ཚེ་དང་ལྡན་པ་འདུན་པ་ང་རྒྱལ་བསྐྱེད་ནས། དེས་ཀཽ་ཤཱམྦཱི་ན། བྲམ་ཟེ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ་ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། སེར་སྣ་ཅན་མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་འཛིན་པ་ཞིག་འདུག་པ་དེ། དད་པ་བསྐྱེད་ནས།
རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་པ་དང༌། དེས་གཙུག་ལག་ཁང་བརྩིག་པར་ཁས་བླངས་ཏེ། ཀཱཪྵཱ་པ་ཎ་དག་སྦྱར་བ་དང༌། ཚེ་དང་ལྡན་པ་འདུན་པས་ཀྱང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་ས་གཞི་བླངས་ནས། གར་དགའ་བར་བརྩིག་ཏུ་གནང་བ་དང༌། འདུན་པས་ཀཽ་ཤཱམ་བཱི་དང༌། གདངས་ཅན་གྱི་ཀུན་དགའ་ར་བའི་བར་ན། གནས་ཀྱི་ཤིང་ལྗོན་པ་ཅིག་ཡོད་པ་དེའི་དྲུང་ན། བྲམ་ཟེའི་འཁོར་ཤིང་ཏུ་མང་པོ་དང་ལྡན་པ་ཞིག །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུད་པ་དེའི་ཚེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་དྲུག་སྡེ་དག །བསོད་སྙོམས་ལ་འཇུག་པ་དང་འབྱུང་བ་ན། ཡང་ནས་ཡང་དུ་ཅོ་འདྲི་བ་ལ་སྙིང་ན་བས། དྲུག་སྡེ་དག་གིས་མཚན་མོ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་གི་གནས་ཀྱི་ཤིང་ལྗོན་པ་དེ་རྩ་བ་ནས་བཅད་དེ་བོར་ནས། རྗེས་ཤུལ་ཡང་མི་མངོན་པར་བྱས་ཏེ། དེར་གཙུག་ལག་ཁང་བརྩིག་པར་བརྩམས་པ་དང༌། དེ་དག་ཤཱཀྱའི་བུའི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གནས་ཀྱི་ཤིང་ལྗོན་པ་ཡང་བཅད་པར་གྱུར་ཏོ་ཞེས་འཕྱ་བར་བྱེད་ཁ་ཟེར་བར་བྱེད་དོ། །ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས། ཀཽ་ཤཱམྦཱི་ན་གནས་པའི་སྐྱེ་བོའི་ཚོགས་དང༌། ཡུལ་ཐ་དད་པ་ན་གནས་པ་དེར་ལྷགས་པ་དག་གིས་ཀྱང་ཐོས་ནས། དེ་དག་ཀྱང་ལམ་པོ་ཆེ་དང༌། ལམ་སྲད་དང༌། བཞི་མདོ་དག་ན་འཕྱ་བར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅིང༌། གང་དག་མ་དད་པ་དེ་དག་གིས་ནི་བསོད་སྙོམས་ལ་ཞུགས་པ་དག་ལ་ཡང་བསོད་སྙོམས་སྦྱིན་པར་མི་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ། དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན། གཞི་བལྟ་བའི་ཕྱིར་
དགེ་སློང་དེས་དག་སློང་དག་བཀྲི་བར་བྱའོ། ཁྲིད་པའི་དགེ་སློང་གིས་ཀྱང་གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ། དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལག་ཞི་མི་སྟོན་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི་གང་ཟག་ནི་དྲུག་སྟེ། ཉོན་མོངས་པ་ནི་བརྙས་པ་མི་བཟོད་པ། ཉེས་པ་ནི་གཙུག་ལག་ཁང་ཆེན་པོ་བརྩིག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་ཆོས་འདི་པས་སོ། །བདག་པོ་ཡོད་པ་ཞེས་བྱ་བ་ནི། གང་ལ་བདག་པོ་སྐྱེས་པ་འམ། བུད་མེད་དམ་མ་ནིང་ཡོད་པའོ། །དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཕྱིར་རོ། །གཙུག་ལག་ཁང་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འཆག་པ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་ཤོང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་གཉིས་པོ་སྦྱིན་པར་བྱ་བ་དང༌། ཚད་ཀྱིས་ཏེ། དེ་ལ་འདིར་སྦྱིན་པར་བྱ་བས་ཆེན་པོར་དགོངས་པ་ཡིན་གྱི་ཚད་ཀྱིས་ནི་མ་ཡིན་ནོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་དཀྲི་བར་བྱའོ་ཞེས་བྱ་བ་ལ། གཞི་བལྟ་བའི་ཕྱིར་ཞེས་བྱ་བ་ནི། ས་གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་ཉིད་བལྟ་བའི་ཕྱིར་རོ། །དགེ་སློང་དེས་ཞེས་བྱ་བ་ནི། ཆོས་འདི་པས་སོ། །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་ཡོད་པ་དག་ཡིན་གྱི། ཇི་ཙམ་གྱི་གཞི་དེ་མིག་གིས་བལྟས་པར་གྱུར་པའི་དགེ་སློང་དེ་ཙམ་བཀྲི་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་གཞི་དེ་མི་རུང་བ་དག་རྩོད་པ་དང་བཅས་བ་དང༌། བརྩམ་དུ་མི་རུང་བ་ཡིན་ན་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་ཡིན་ན། དགེ་སློང་དེས་གཙུག་ལྷག་ཁང་དུ་དགེ་འདུན་ལས་གཙུག་ལག་ཁང་གི་གཞི་བསྟན་པ་གསོལ་བའི་ཆོག་དང་སྔགས་ལན་གསུམ་བཟླས་པས།
གཙུག་ལག་ཁང་གི་གཞི་བསྟན་པ་གསོལ་བར་བྱའོ། །དེའི་འོག་ཏུ་དགེ་སློང་དག་གིས་ཀྱང་དགེ་སློང་དེ་ལ་དད་པས་ཡིད་ཆེས་པས་འགྲོ་བར་མི་བྱ་བས། འདི་ལྟར་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱ་བའམ། དགེ་འདུན་གྱིས་ཀྱང་དགེ་སློང་བསྐོས་པ་དགེ་སློང་དག་ལ་གཏད་པར་བྱའོ།། དེ་དག་གིས་གཞི་དེ་མིག་གིས་བལྟ་བར་བྱ་ཞིང༌། གལ་ཏེ་གཞི་དེ་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་ཡིན་ན་བསྟན་པར་མི་བྱའོ། །དེའི་འོག་ཏུ་དགེ་འདུན་གྱིས་ཀྱང་དགེ་སློང་གཅིག་གིས་གསོལ་བ་དང་གཉིས་ཀྱི་ལས་བྱས་ཏེ། དགེ་སློང་དེ་ལ་གཙུག་ལག་ཁང་གི་གཞི་བསྟན་པ་སྦྱིན་པར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་ཞེས་བྱ་བ་ནི། དེར་དགེ་སློང་གང་དག་ཁྲིད་པ་དག་གིས་ཀྱང་ངོ༌། །གཞི་ཞེས་བྱ་བ་ནི་གཙུག་ལག་ཁང་གི་དབང་དུ་བྱས་པའི་གཞི་གང་ཡིན་པའོ། །རུང་བ་ཞེས་བྱ་བ་ནི་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིལ་གྱི་གནས་སམ། གྲོག་མའི་གནས་མེད་པའོ། །རྩོད་པ་མེད་པ་ཞེས་བྱ་བ་ནི། རྒྱལ་པོའི་གཞི་འམ། མཆོད་རྟེན་གྱི་གཞི་འམ། མུ་སྟེགས་ཅན་གྱི་གཞི་འམ། དགེ་སློང་མའི་དབྱར་ཁང་ངམ། ཤིང་ལྗོན་པ་གཅད་པར་བྱ་བ་མེད་པའོ། །བརྩམ་དུ་རུང་བ་ཞེས་བྱ་བ་ནི་དེའི་ཉེན་ཀོར་འདོམ་གང་ཁོར་ཁོར་ཡུག་ན། ཆུ་ཀླུང་ངམ། ཁྲོན་པའམ། ལམ་མམ། ངམ་གྲོག་མེད་པར་རོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་སོ་སོར་བརྟག་པར་བྱའོ། །དགེ་སློང་གིས་གཞི་མི་རུང་བ་འམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར། གཙུག་ལྷག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་རྣམས་ལ་གཞི་མི་སྟོན་ན་ཞེས་བྱ་བ་ནི་ཇི་སྐད་སྨོས་པ་དེ་དག་ལས་འདས་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་གཞན་ཐམས་ཅད་ནི་ཁང་པའི་སྐབས་དང་འདྲའོ། །བྱེ་བྲག་ཏུ་ནས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་ཞེས་བྱ་བ་ནི། ཡན་ལག་ངེས་པ་མེད་དེ། བཙལ་ཀྱང་རུང་མ་བཙལ་ཀྱང་རུང་བ་དང༌། གཅིག་གི་དོན་དུ་ཞེས་བྱ་བ་ཚོགས་ཀྱི་
དོན་དུ་ཞེས་བྱ་བར་བསྒྱུར་ཏེ། ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང༌། མ་བྱུང་བ་ཡང་རུང་སྟེ། གང་ཟག་བཞི་ཡན་ཆད་ཀྱི་དོན་དང་ཚད་དེས་པ་མེད་དོ། །དེས་ན་འདིར་འགྱུར་ཏེ། དགེ་སློང་གིས་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་ཀྱང་རུང་མ་བཙལ་ཀྱང་རུང་བས་གཞི་མ་དག་པ་དང༌། མ་བསྟན་པར་ཚོགས་ཀྱི་དོན་དུ། གཙུག་ལྷག་ཁང་ཚད་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ངེས་པ་མེད་པ་བྱེད་དམ། བྱེད་དུ་བཅུག་སྟེ། ཟིན་ན་མཐར་དགེ་འདུན་ལྷག་མར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ས་གཞི་དང་ཡོ་བྱད་མ་བརྟགས་པའི་གཙུག་ལྷག་ཁང་བརྩིག་པའོ། །འདི་ལ་ཡན་ལག་ལྔ་ས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ས་གཞི་དང་ཡོ་བྱད་གཞན་ལས་བཙལ་ཀྱང་རུང་མ་བཙལ་ཀྱང་རུང་བ་དང༌། གཞི་མ་དག་པ་དང༌། མ་བསྟན་པ་དང༌། ཚོགས་ཀྱི་དོན་དང༌། ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཙུག་ལྷག་ཁང་གི་དགེ་འདུན་ལྷག་མ་སྟེ་བདུན་པའོ།། །།གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ང་ཀའི་གནས་ན་བཞུགས་པའི་ཚེ། གྲོང་ཁྱེར་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེ་ཞེས་བྱ་བ། ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གྱད་རྣམས་ལ་ཅོད་པ་ན་མེད་པའི་རྒྱལ་སྲིད་བྱེད་དུ་འཇུག་པ་ཞིག་འདུག་པ་དེ་ལ། བུ་གྱད་བུ་ནོར་ཞེས་བྱ་བ་སྲིད་པ་ཐ་མ་པ་ཞིག་ཡོད་པ་དེ། རིག་པའི་གནས་ཐམས་ཅད་ཀྱི་ཕ་རོལ་དུ་སོན་ཅིང༌། སེམས་ཅན་ལ་སྙིང་རྗེ་སྐྱེས་ནས་དགེ་བ་གང་ཡིན་པ་ཞེས་ཚོལ་བས། ངེས་པར་འབྱུང་བའི་མངོན་པར་དགའ་བ་བཙལ་བར་བརྩམས་པ་ན། མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་དག་ལ་མཐར་གྱིས་ཆོས་ཀྱི་ཚུལ་དང༌། སློབ་མ་ལ་གདམས་པ་དང༌། ཚངས་པར་སྤྱོད་པའི་འབྲས་བུ་དང༌། ཕན་ཡོན་གང་ཡིན་ཞེས་དྲིས་ན། དེ་དག་ལམ་གོལ་བར་ཞུགས་པ་འམ། ལམ་ངན་པ་ལེགས་པར་མི་བསྒྲུབ་པ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་
བྱ་བ་ཡིན་པར་རིག་ནས། སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་པོར་ནས། རང་གི་གནས་སུ་སོང་སྟེ། སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན། འདི་སྙམ་དུ། མ་ལ་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མིར་བཅས་པའི་ནང་ན། གང་ན་གང་གིས་བདག་འཁོར་བ་དགོན་པ་འདི་ནས་རབ་ཏུ་ཐར་བར་བྱེད་པའི་དགེ་སྦྱོང་ངམ་བྲམ་ཟེ་སྨན་དང་སྔགས་དང༌། རིག་སྔགས་ཚིག་གཅིག་གམ་གཉིས་སམ་གསུམ་མམ། བཞི་ཙམ་འཆང་བ་སུ་ཡོད་སྙམ་དུ་སེམས་པ། བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཐུལ་ཅིག་ཅེས་བཀའ་སྩལ་བ་དང༌། ཚེ་དང་ལྡན་པ་རྟ་ཐུལ་བསོད་སྙོམས་ལ་ཞུགས་པའི་སྤྱོད་ལམ་གྱིས་བཏུལ་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང༌། བསྙེན་པར་རྫོགས་པར་བྱས་པས་རིམ་གྱིས་དེ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར། རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་གྱད་བུ་ནོར་ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱད་ནས། དེ་དགེ་འདུན་གྱི་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བར་བསྐོས་སོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར། དགེ་འདུན་གྱི་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བ་བྱེད་པའི་ཚེ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས། ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་ཁོན་ཡོད་པས། དེ་གཉིས་ཀྱིས་རང་གི་སྲིང་མོ་དགེ་སློང་མ་མཛའ་མོ་བསླུས་ཏེ། དེ་ཚེ་དང་ལྡན་པ་གྱད་བུ་ནོར་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་ཏོ་ཞེས་སྐུར་པ་འདེབས་སུ་བཅུག་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཤིག །དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ་བར་བྱའོ། །དགེ་སློང་དག་གིས་དེ་བཞིན་བྱས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་
ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་བས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གཞི་མེད་པར་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དགེ་སློང་མཛའ་པོ་དང་ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་སྟེ། ཞེ་སྡང་མ་སྤངས་པའི་ཕྱིར་རོ། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི། ཡིད་མ་དགའ་བར་གྱུར་ན་སྟེ། ཞེ་སྡང་གིས་ཀུན་ནས་དཀྲིས་པའི་འཁྲུག་པ་མ་བསལ་བའི་ཕྱིར་རོ།། འདིར་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཞེས་བྱ་བའི་ཚིག་གཉིས་ནི། གླེང་གཞིའི་དབང་གིས་གསུངས་པར་ཟད་ཀྱི། དེ་གཉིས་འདིར་ཡན་ལག་ནི་མ་ཡིན་ནོ། །ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི། ཅི་ནས་ཀྱང་འདི་དགེ་སྦྱོང་གི་ཚུལ་དང་དབྲལ་ལོ་སྙམ་པ་སྟེ། ཅི་ནས་ཀྱང་ཞེས་བྱ་བའི་སྒྲ་ནི་སྲིད་པའོ། །འདི་ཞེས་བྱ་བའི་སྒྲ་ནི་ངེས་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ལ་ཚངས་པ་ཞེས་བྱ་བ་ནི། དཀའ་ཐུབ་སྟེ་ཚུལ་ཁྲིམས་སོ། །སྤྱོད་པ་ཞེས་བྱ་བ་ནི། དེའི་དོན་དུ་འཁྲིག་པའི་ཆོས་སྤངས་པ་རྣམས་ཀྱི་སྤྱོད་པའོ། །དེ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི། དེ་ལས་ཉམས་པར་བྱ་བའི་བསམ་པ་སྟེ། དེ་དང་དབྲལ་བར་འདོད་པ་ཉིད་ཀྱིས་ལྟུང་བ་འབྱུང་གི །གང་ཡང་རུང་བས་ནི་མ་ཡིན་ཏེ། འདིས་དེ་སྐད་བསྟན་པ་ཡིན་ནོ། །དགེ་སློང་དག་པ་ཞེས་བྱ་བ་ནི་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདིར་
དགེ་སློང་སྨོས་པས་དགེ་སློང་མ་ཡང་གཟུང་བར་བྱ་སྟེ། འདིར་དགེ་སློང་ཡང་རུང་དགེ་སློང་མ་ཡང་རུང་ཕམ་པར་གྱུར་པ་བྱུང་ཡང་རུང་མ་བྱུང་ཡང་རུང་བའི་ཡུལ་ལ་ལྟུང་བ་འདི་རྣམ་པར་གཞག་པའི་ཕྱིར་རོ། །དག་པ་ཞེས་བྱ་བ་ནི། གང་གིས་སྐུར་པར་གྱུར་པའི་ངོ་བོ་དེ་མེད་པའི་ཕྱིར་དག་པ་ཡིན་ཏེ། དེ་ཡང་བྱུང་བའི་མཐའི་དབང་གིས་སྨོས་པར་ཟད་ཀྱི། ཡན་ལག་ནི་མ་ཡིན་ཏེ། འདིར་མ་དག་པ་ལ་སྐུར་ན་ཡང་ལྟུང་བར་འགྱུར་ཏེ། བརྫུན་དུ་སྨྲ་བ་གཙོ་བོ་ཡིན་པའི་ཕྱིར་རོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི། གཞི་དེའི་ལྟུང་བ་མེད་པ་ལ་སྟེ། དེ་ཡང་བྱུང་བའི་མཐའི་དབང་གིས་སྨོས་པར་ཟད་ཀྱི། ཡན་ལག་ནི་མ་ཡིན་ཏེ། ལྟུང་བ་ཡོད་པ་ལ་ཡང་རུང་མེད་པ་ལ་ཡང་རུང་ཞེས་བྱ་བར་བསྡུའོ། །གཞི་མེད་པར་ཞེས་བྱ་བ་ནི། གཞི་གསུམ་པོ་མཐོང་བའི་གཞི་དང༌། ཐོས་པའི་གཞི་དང༌། དོགས་པའི་གཞི་མེད་པར་ཏེ། བརྫུན་གྱི་ཚིག་གིས་ཞེས་བྱ་བའི་ཐ་ཚིག་གོ །གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་ཞེས་བྱ་བ་ནི། ཆོས་བཞི་པོ་གང་ཡང་རུང་བ་སྟེ། དེ་ནི་ཆོས་མ་ཡིན་པ་ཆོས་ཀི་སྒྲར་གསུངས་པ་ཡིན་ནོ། །དགེ་སློང་མའི་ཡུལ་ལ་ཡང་ཆོས་བརྒྱད་པོ་གང་ཡང་རུང་བས་ཞེས་བྱ་བར་སྦྱར་རོ། །སྐུར་པ་ལས་ཞེས་བྱ་བ་ནི། སྐུར་པ་བཏབ་པ་ལ་སྟེ། དེ་ཉིད་དང་མིའི་འགྲོ་བ་པ་ཁྱིམ་པའམ། རབ་ཏུ་བྱུང་བ་སྐྱེས་པ་དང་བུད་མེད་དང༌། མ་ནིང་ལ་སོགས་པ་གང་ཡང་རུང་བ་ལ། མངོན་སུམ་མམ་བརྒྱུད་པ་ལ་སོགས་པའི་ཐབས་གང་ཡང་རུང་བས་བརྡ་སྤྲད་ཅིང་གོ་བར་བྱས་པ་ལས་ལྟུང་བ་འདི་རྣམ་པར་གཞག་གོ །དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དེ་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི། དེ་རང་ཉིད་འགྱོད་པ་དང༌། ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པར་གྱུར་ནས་སོ། །རུང་ཞེས་བྱ་བའི་སྒྲ་གཉི་གར་སྨོས་པ་ནི། གང་ཡང་རུང་བ་བཟུང་བ་སྟེ། ཡན་ལག་ནི་མ་ཡིན་ནོ། །རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འཐབ་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པ་དག་སྟེ། འདིར་ནི་ལྟུང་བའི་ཕྱིར་རྩོད་པ་བཟུང་ངོ༌། །གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི། གཞི་གསུམ་པོ་དག་མེད་པ་ཡིན་
ནའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་སྐུར་པ་འདེབས་པར་འདོད་པས་སོ། །ཞེ་སྡང་གིས་སྨྲས་སོ་ཞེ་ན་ཞེས་བྱ་བ་ནི་སྐུར་པ་བཏབ་པར་གྱུར་ཏོ་ཞེས་ཟེར་ན་སྟེ། དེ་དག་ཀྱང་བྱུང་བའི་མཐའི་དབང་གིས་སྨོས་པར་ཟད་ཀྱི་ཡན་ལག་ནི་མ་ཡིན་ནོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཉམས་པར་འདུན་པས་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གཞི་མེད་པར་བརྫུན་དུ་སྨྲ་བས་དགེ་སློང་དང༌། དགེ་སློང་མ་མ་ཉམས་པ་དང༌། ཉམས་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་མིའི་འགྲོ་བ་པ་གང་ཡང་རུང་བ་ལ། ཐབས་གང་ཡང་རུང་བས་གོ་བར་བྱས་ན། དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་ལྟུང་བ་འབྱིན་པར་བྱེད་པས་ཕ་རོལ་པོ་ཉམས་པར་བྱ་བ་བསྐྱེད་པའི་བསམ་པས་མཐོང་བ་དང༌། ཐོས་པ་དང་དོགས་པ་དང༌། གཞི་གང་ཡང་རུང་བར་བརྫུན་པའི་ཚིག་གིས། དགེ་སློང་ཡང་རུང༌། དགེ་སློང་མ་ཡང་རུང༌། ཕམ་པར་འགྱུར་བ་བྱུང་ཡང་རུང༌། མ་བྱུང་ཡང་རུང་བ་ལ་ཕམ་པར་འགྱུར་བའི་ཆོས་བཞི་འམ་བརྒྱད་གང་ཡང་རུང་བས་སྐུར་པ་དེ་ཉིད་དང༌། མིའི་འགྲོ་བ་པ་ཁྱིམ་པ་འམ། རབ་ཏུ་བྱུང་བ་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་ལ་སོགས་པ་གང་ཡང་རུང་བ་ལ་མངོན་སུམ་མམ། བརྒྱུད་པ་ལ་སོགས་པ་ཐབས་གང་ཡང་རུང་བས་བརྡ་སྤྲད་ཅིང་གོ་བར་བྱས་ན་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཉམས་པར་འདུན་པས་གཞི་མེད་པར་དགེ་སློང་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཉམས་པར་འདུན་པ་དང༌། གཞི་མེད་པར་སྐུར་པ་དང༌། བསྙེན་པར་རྫོགས་པ་དང༌། ཕམ་པར་འགྱུར་བའི་ཆོས་དང༌། དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཞི་མེད་པར་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་སྟེ་བརྒྱད་པའོ།། །།གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོང་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། རྫིང་བུ་རྡོ་རྩིག་
ཅན་ཞེས་བྱ་བའི་འགྲམ་ན། ཉིན་མོ་གནས་པར་བྱེད་དོ། །དེའི་ཚེ་དགེ་སློང་མ་ཨུཏྤ་ལའི་མདོག །ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཕྱག་འཚལ་དུ་འོངས་པ་དང༌། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱང་ཕྱག་དར་ཁྲོད་ཀྱི་གོས་ཤིག་འཁྲུར་རྫིང་བུ་དེའི་འགྲམ་དུ་འོངས་སོ། །དེའི་ཚེ་ན་རི་དྭགས་ཀྱི་ཁྱུ་དག་ཅིག་རྫིང་བུ་རྡོ་རྩིག་ཅན་དུ་ལྷགས་ནས་ཆུ་འཐུངས་ནས་འདོང་བའི་ཚེ། རི་དྭགས་ཞིག་རི་དགས་མོ་ཞིག་གི་རྒྱབ་ཏུ་རྒལ་ཏེ། མི་ཚངས་བར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པར་བརྩམས་པ་དང༌། མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་སྨྲས་པ། གྱད་བུ་ནོར་འདི་དགེ་སློང་མ་ཨུཏྤལའི་མདོག་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་གྱི། འདོང་ལ། དགེ་འདུན་རྣམས་ལ་བརྗོད་པར་བྱའོ་ཞེས་བག་ཙམ་གྱི་ཆགས་བླངས་ཏེ། སྐུར་པ་བཏབ་པའི་སྐབས་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས། བག་ཙམ་ལས་བསམས་བ་ཙམ་གྱིས་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་དེ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་ཞེས་
བྱ་བ་ནི་སྔ་མ་བཞིན་ནོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་མ་ཡིན་པ་དང་མཐུན་པ་ནི་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ །ཕམ་པར་འགྱུར་བའི་ཞེས་བྱ་བ་ནི་བཞི་པོ་གང་ཡང་རུང་བའོ། །ཆོས་ཀྱིས་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པས་སོ། །དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་ཞེས་བྱ་བ་དག་ཀྱང་སྔ་མ་བཞིན་ནོ། །བག་ཙམ་ལས་བསམས་པའི་ཆས་འགའ་ཞིག་བླངས་པར་གྱུར་ལ་ཞེས་བྱ་བ་ལ། བག་ཙམ་ལས་བསམས་པ་ཙམ་གྱིས་ཞེས་བྱ་བ་ནི། རི་དྭགས་དང་རི་དྭགས་མོ་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་འོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་པའོ། །བླངས་པར་གྱུར་ལ་ཞེས་བྱ་བ་ནི་གཟུང་བར་གྱུར་ལའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ་ཞེས་བྱ་བ་དག་ཀྱང་སྔ་མ་བཞིན་ནོ། །དེ་ལ་འདིའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་གཞན་ཐམས་ཅད་ནི་གཞི་མེད་པར་སྐུར་པ་འདེབས་པའི་སྐབས་དང་འདྲའོ། །བྱེ་བྲག་ཏུ་ན་སྔར་བརྫུན་དུ་སྨྲ་བས་ཞེས་སྨོས་པ་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། འདིར་ནི་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་བརྫུན་དུ་སྨྲས་ན་དངོས་གཞིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྗོད་པར་བྱ་བ་གཞན་ཞེས་བྱ་བ་འདིས་གང་ཟག་འདིས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པར་བྱས་སོ་ཞེས་བྱ་བའི་བརྗོད་པར་བྱ་བ་དོན་གསལ་བ་དེ་ལ་གཞན་པའི་བརྗོད་པར་བྱ་བ་དོན་མི་གསལ་བའོ། །དེ་ལ་གནས་པའི་ཚིག་ཅེས་བྱ་བ་ནི་བརྗོད་པར་བྱ་བ་དོན་མི་གསལ་བ་དེ་ལ་གནས་པའི་ཚིག་སྟེ། ཚིག་དེས་དགེ་སློང་དེ་ཉམས་པ་དང་མ་ཉམས་པ་གང་ཡང་རུང་བ་ལ་བརྫུན་གྱིས་ཕམ་པར་འགྱུར་བའི་སྐུར་པ་འདེབས་པ། མིའི་འགྲོ་བ་པ་གང་ཡང་རུང་བ་ལ་ཐབས་གང་ཡང་རུང་བས་གོ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེས་ནི་འདི་ལྟར་འགྱུར་ཏེ། ཉམས་པར་འདུན་པས་བརྗོད་པ་གཞན་ལ་གནས་པའི་ཚིག་བརྫུན་པས། དགེ་སློང་དང་དགེ་སློང་མ་
ཉམས་པ་དང༌། ཉམས་པ་ལ་ཕམ་པར་འགྱུར་པའི་ཆོས་ཀྱིས་སྐུར་པ་མིའི་འགྲོ་བ་གང་ཡང་རུང་བ་ལ། ཐབས་གང་ཡང་རུང་བས་གོ་བར་བྱས་ན། དགེ་འདུན་ལྷག་མར་འགྱུར་རོ། །འདིའི་བྱེད་པ་པོ་ཉམས་པར་འདུན་པས་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་བརྫུན་པས། དགེ་སློང་ལ་ཕམ་པའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཉམས་པར་འདུན་པ་དང༌། བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་བརྫུན་པས་སྐུར་པ་དང༌། བསྙེན་པར་རྫོགས་པ་དང༌། ཕམ་པར་འགྱུར་བའི་ཆོས་དང༌། དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་དགུ་པའོ།། །།དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་པའི་ཚེ། མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་བསོད་སྙོམས་རྙེད་དཀའ་བ་བྱུང་ངོ༌། །དེ་ན་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དེ་དག་ནི། ཤིང་འཛམ་བུའི་འབྲས་བུ་དང༌། སྐྱུ་རུ་ར་དང༌། བིལ་བ་དང༌། ཀ་པིད་ཏའི་འབྲས་བུ་དང༌། ཤིང་གཞན་གྱི་འབྲས་བུ་དང༌། སཱ་ལུའི་འབྲུ་དང༌། ལྷ་ཡུལ་གྱི་བདུད་རྩི་དང༌། ཡུལ་གང་དག་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ནས། བཅའ་བ་དང་བཟའ་བ་གཙང་བ་བསོད་པ་དག་བླངས་ནས། བདག་ཉིད་ཡོངས་སུ་ལོངས་སྤྱོད་བར་བྱེད། དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ། །དེ་ནས་དགེ་སློང་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་གལ་ཏེ་རྫུ་འཕྲུལ་ཐོབ་པར་འགྱུར་ན། དེ་ལྟ་དེ་ལྟ་བུ་བྱ་ཞིང༌། བཅོམ་ལྡན་འདས་ཀྱི་འཁོར་དབྱེ་བར་བྱ་ན། དེའི་ཕྱིར་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་པ་སུ་ཡོད་སྙམ་མོ། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་དང༌། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གན་དུ་སོང་སྟེ། རྫུ་འཕྲུལ་གྱི་ལམ་བསྟན་པར་གསོལ་བ་དང༌། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་བྱུང་བར་ཐུགས་སུ་ཆུད་ནས། གང་གིས་ཀྱང་མ་བསྟན་ཏོ། །དེ་ནས་ལྷས་བྱིན་ཚེ་དང་ལྡན་པ་
འོད་སྲུངས་སྟོབས་བཅུའི་གན་དུ་སོང་སྟེ། རྫུ་འཕྲུལ་གྱི་ལམ་བསྟན་པར་གསོལ་བ་དང༌། དེས་ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བ་ལ་རྣམ་པར་མ་བལྟས་པར་རྫུ་འཕྲུལ་གྱི་ལམ་བསྟན་ཏོ། །དེ་ནས་ལྷས་བྱིན་གྱིས་བསམ་གཏན་དང་པོ་ལ་བརྟེན་ནས། འཇིག་རྟེན་པའི་ལམ་གྱི་རྫུ་འཕྲུལ་མངོན་པར་བསྒྲུབས་ཏེ་ཐོབ་ནས། དེས་གླང་པོ་མཐུ་དང་ལྡན་པ་ཕྲུ་གུ་རིགས་བཙུན་པ་ཞིག་ཏུ་བདག་ཉིད་བསྒྱུར་ནས། རྒྱལ་བུ་གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་ཞུགས་ཤིང་ཕྱིར་བྱུང་ནས། ཡང་སྐྱེས་ཕྲན་གཞོན་ནུ་གསེར་གྱི་འོག་པག་ཅན་ཞིག་ཏུ་བདག་ཉིད་བསྒྱུར་ནས། གཞོན་ནུ་མ་སྐྱེས་དགྲའི་པང་པ་ན་འགྲེ་བར་བྱེད། ལྡོག་པར་བྱེད་ཅིང༌། གཞོན་ནུ་མ་སྐྱེས་དགྲ་ཡང་དེ་ལ་འཁྱུད་པར་བྱེད། ཁ་སྦྱོར་བར་བྱེད། ཀུན་དུ་འཁྱུད་པར་བྱེད་ཅིང༌། དེའི་ཁར་མཆིལ་མ་ཡང་ལྡུགས་པར་བྱེད་དོ། །གཞོན་ནུ་མ་སྐྱེས་དགྲས་ཀྱང་དེ་ལྷས་བྱིན་ཡིན་པར་ཤེས་ནས། ཀྱེ་མ་འཕགས་པ་ལྷས་བྱིན་ནི། སྟོན་པ་བས་ཀྱང་ཆེས་རྫུ་འཕྲུལ་ཆེ་བ་ཡིན་ནོ་སྙམ་པའི་སྡིག་པ་ཅན་གྱི་ལྟ་བརྒྱ་ཆེན་པོ་ཐོབ་པར་གྱུར་ཅིང༌། དེ་ལ་དད་པར་གྱུར་ནས། དད་པའི་ཆེད་དུ་བྱ་བ་བྱེད་པར་གྱུར་ཏེ། ནང་པར་དང་དགོངས་ཀར་ཤིང་རྟ་ལྔ་བརྒྱ་ཙམ་གྱི་འཁོར་དང་ལྷན་ཅིག་བྱུང་ཞིང་དེ་ལ་བསྙེན་བཀུར་བྱེད་དོ། །དེ་ལ་ཟས་གཡོས་སུ་བྱས་ཤིང་སྣོད་དུ་བཙོས་པ་སྣ་ལྔ་བརྒྱ་ཙམ་གྱི་ཚོམ་བུ་ཚོམ་བུ་དག་ཀྱང་འབུལ་བར་བྱེད་དོ། །ལྷས་བྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དུ་བཀད་པར་བྱེད་དོ། །དེ་ནས་དགེ་སློང་རབ་དུ་མང་པོ་དག་གིས་དེ་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་སྨད་པ་མཛད་དོ། །དེ་ནས་ལྷས་བྱིན་རྙེད་པ་དང་བཀུར་སྟིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པ་ལ། སྡིག་པ་ཅན་གྱི་འདོད་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། འདི་ལྟར་བཅོམ་ལྡན་འདས་ནི། རྒན་པ་རྒས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་ལ་འདོམས་པས་ངལ་བར་འགྱུར་པས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བཏང་བར་གྱུར་ན། བདག་གིས་ཀྱང་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བྱ་ཞིང༌། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་
བརྩོན་པས་ཐུགས་ལས་ཆུང་ངུར་གནས་པར་འགྱུར་སྙམ་མོ། །དེས་སེམས་དེ་ལྟ་བུ་བསྐྱེད་མ་ཐག་ཏུ་དེའི་རྫུ་འཕྲུལ་ཡོངས་སུ་ཉམས་པར་གྱུར་ཅིང༌། ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་སྙམ་དུ་མི་ཤེས་པར་གྱུར་ཏོ། །དེ་ནས་ཚངས་པ་ནོག་ཅན་གྱིས་དེ་ཚོར་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སྦྲན་པ་དང༌། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། །བཅོམ་ལྡན་འདས་ལ་གསོལ་ཏོ། །དེའི་སྐབས་སུ་ལྷས་བྱིན་གྱི་གྲོགས་དགེ་སློང་བཞི་པོ། །ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀ་ཏི་མོར་ཀ་ཏི་ཥྲྱ་དང༌། རྒྱ་མཚོས་བྱིན་དང༌། ལྷན་ཅིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། དགེ་འདུན་གྱི་དབྱེན་བྱ་བར་བརྩམས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་ལྷ་སྦྱིན་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་དེ་ལྟར་བསྒོ་ཡང་དེ་གཞི་དེ་ཉིད་ལ་ནན་ཏན་གྱིས་མཆོག་ཏུ་བཟུང་ཞིང༌། མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ། །དེའི་གྲོགས་བྱེད་པ་དགེ་སློང་བཞི་པོ་དག་ཀྱང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དེ་དག་དང་གཞན་ཡང་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ལ་ཡང་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་དེ་ལྟར་བསྒོ་ཡང༌། དེ་དག་གཞི་དེ་ཉིད་ལ། ནན་ཏན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷས་བྱིན་གྱིས་ནི། ངའི་ཉན་ཐོས་ཀྱི་དགེ་འདུན་དབྱེ་བ་དང༌། འཁོར་ལོ་ཡང་འབྱེད་པར་ནུས་ཏེ། འདི་ལྟར་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པ་དག་ཡོད་པའི་ཕྱིར་རོ། །ལྷས་
བྱིན་གྱིས་དེ་ཐོས་ནས། རྗེས་སུ་ཕྱོགས་པའི་དགེ་སློང་བཞི་པོ་དག་ལ་སྦྲན་ཏེ། རྒྱ་ཆེར་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བརྩམས་ཏེ། དགེ་འདུན་གྱི་དབྱེན་ནི་རྒྱུ་གཉིས་ཀྱིས་འགྱུར་ཏེ། ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བར་དབྱེན་བྱེད་པ་དང༌། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པར་དབྱེན་བྱེད་པའོ། །དེ་ནས་ལྷས་སྦྱིན་གྱིས་གསོལ་བ་བྱས་ཏེ། ཚུལ་ཤིང་བྲིམས་ནས་དེའི་གྲོགས་བྱེད་པའི་དགེ་སློང་བཞི་པོ་དག་གིས་ཀྱང་ཆོས་མ་ཡིན་པའི་ཚུལ་ཤིང་བླངས་ཏེ། འཁོར་ལོ་དབྱེའོ། །ཆོས་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་འཁོར་ལོ་བྱེ་བ་ནི་ཉི་མ་དེ་ཉིད་ཀྱི་སྐྱ་རེངས་མ་ཤར་བར་སླར་མཐུན་པར་འགྱུར་བ་ཡིན་གྱི། སྐྱ་རེངས་འཆར་བ་ལས་འདའ་བ་ནི་མི་སྲིད་པས། དེས་རྒྱ་ཆེར་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བ་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ལྷས་བྱིན་ལ་སྨད་ནས་རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི། འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར། རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་བཟུང་སྟེ་འདུག་ནས། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང༌། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར།
ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ལྷས་བྱིན། ཉོན་མོངས་པ་ནི་རྙེད་པ་དང་བཀུར་སྟི་འདོད་པ། ཉེས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ལྷ་སྦྱིན་ནམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པ་ཞེས་བྱ་བ་ནི། རྟགས་དང༌། ལས་དང༌། ཚུལ་ཁྲིམས་དང༌། ལྟ་བ་དང༌། སྤྱོད་པ་དང༌། འཚོ་བས་རོ་གཅིག་པ་དང༌། བྱ་བ་གཅིག་པ་སྟེ། ལམ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི། དབྱེན་བྱ་བའི་ཕྱིར་ཏེ། གཉིས་སུ་བྱ་བའི་ཕྱིར་རོ། །གཞན་ཡང་སྟོན་པ་གཞན་དུ་ཚོལ་བ་དང༌། ལམ་གཞན་དུ་ཚོལ་བ་སྟེ། སྟོན་པ་གཞན་དུ་ཚོལ་བ་ནི། བཅོམ་ལྡན་འདས་ལས་ལྷ་སྦྱིན་གྱི་ཕྱོགས་སུ་སྟོན་པ་ཚོལ་བའོ། །ལམ་གཞན་དུ་ཚོལ་བ་ནི། འཕགས་པའི་ལམ་བརྒྱད་ལས། ལྷ་སྦྱིན་གྱི་བརྟུལ་ཞུགས་ཀྱི་གནས་ལྔ་པོ། ཤ་མི་བཟའ་བ་དང༌། འོ་མ་མི་བཏུང་བ་དང༌། ལན་ཚྭ་མི་ཟ་བ་དང༌། གོས་དྲས་པ་མི་གྱོན་པ་དང༌། གྲོང་དུ་གནས་པར་བྱ་བ་ཡང་དག་པར་ལེན་པའོ། །བརྟུལ་བར་བྱེད་ཅིང་ཞེས་བྱ་བ་ནི་རྩོལ་བར་བྱེད་ཅིང་ངོ༌། །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། འདུག་ན་ཞེས་བྱ་བ་ནི། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀོ་ཏི་མོར་ཀ་ཏེ་ཥྲྱ་དང༌། རྒྱ་མཚོས་བྱིན་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ནའོ། །དབྱེན་བྱེད་པར་འགྱུར་བ་ཞེས་བྱ་བ་ནི། རྒྱུ་གཉིས་ཀྱིས་དབྱེན་བྱེད་དེ། འགྲོགས་པ་དང༌། ལོངས་སྤྱོད་ཀྱིས་སོ། །ཇི་ལྟར་འགྲོགས་པས་ཤེ་ན། ཀོ་ཀ་ལི་ཀ་ལ་སོགས་པ་དང་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཤེ་ན། མི་སྐྱེས་དགྲ་ལས་ཟས་གཡོས་བྱས་པ། སྣོད་ལྔ་བརྒྱས་དགེ་སློང་ཁ་འདྲེན་ཅིང་ལོངས་སྤྱོད་པས་སོ། །རྩོད་པ་ཞེས་བྱ་བ་ནི་འཁྲུག་སློང་གི་རྒྱུ་སྟེ། འདིར་ནི་འཐབ་པའི་ཕྱིར་རྩོད་པ་གཟུང་ངོ༌། །ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་དེ་ལ་དམིགས་ནས་སོ། །རབ་ཏུ་བཟུང་སྟེ་འདུག་ན་ཞེས་བྱ་བ་ནི། དམ་དུ་
བཟུང་སྟེ་འདུག་ནའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི། ལྷ་སྦྱིན་ནམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱ་བའོ། །ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅེས་བྱ་བ་ནི། རྩོལ་བར་མ་བྱེད་ཅིག་ཅེས་པ་སྟེ། ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས། དབྱེན་བྱེད་པ་དང༌། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་དབྱེན་བྱེད་པ་ཐོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག་ཅེས་བྱ་བ་ནི། འགྲོགས་པ་དང༌། ལོངས་སྤྱོད་པས་དབྱེན་བྱེད་པར་འགྱུར་བའི་རྩོད་པ་དེ་ལ་དམིགས་ནས། དམ་དུ་བཟུང་སྟེ་མ་འདུག་ཤིག་ཅེས་པའོ། །ཚེ་དང་ལྡན་པ་དགེ་འདུན་མཐུན་པར་གྱིས་ཤིག་ཅེས་བྱ་བ་ནི་ཚུལ་ཁྲིམས་མཐུན་པ་དང༌། ལྟ་བ་མཐུན་པ་དང༌། འཚོ་བ་མཐུན་པ་དང༌། སྤྱོད་པ་མཐུན་པར་གྱིས་ཤིག་ཅེས་པའོ། །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོད་གཅིག་འདོན་པ་གཅིག་ཅིང་ཞེས་བྱ་བ་ལ། མཐུན་ཞེས་བྱ་བ་ནི་བྱ་བ་གཅིག་པ་སྟེ། ལམ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །མི་ཕྱེད་ཅེས་བྱ་བ་ནི་འདྲེས་པ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དང༌། ཕན་ཚུན་འདུན་པ་འབུལ་བས་བར་དུ་ཆོད་པ་མེད་པའོ། །ཀུན་དུ་དགའ་ཞེས་བྱ་བ་ནི། ཕན་ཚུན་ཡོན་ཏན་བརྗོད་པ་དང༌། དགེ་བའི་ཕྱོགས་ལ་འཕེལ་བས་ཀུན་དུ་དགའ་བའོ། །མི་རྩོད་པ་ཞེས་བྱ་བ་ནི་རྩོད་པ་མ་བྱུང་བ་སྟེ། ཕན་ཚུན་ལྟ་བ་དང༌། འདོད་པས་ལོག་པར་སྨྲས་པ་སྤངས་ཏེའོ། །མཆོག་གཅིག་ཅེས་བྱ་བ་ནི། འབྲས་བུ་གཅིག་པ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་མཆོག་གཅིག་དང་ལྡན་པའི་ཕྱིར་རོ། །ཡང་ན་དམིགས་པ་གཅིག་པ་སྟེ། མཉམ་པར་གཞག་པའི་སེམས་ནི་མཉམ་པར་འཇོག་ལ། མཉམ་པར་གཞག་པ་ནི་སོ་སོར་བསྲུང་བའི་ཕྱིར་རོ། །འདོན་པ་གཅིག་ཅིང་ཞེས་བྱ་བ་ནི། གསོ་སྦྱོང་མཐུན་པ་སྟེ། ཕན་ཚུན་བརྗོད་དུ་རུང་བ་དེ་སོ་སོར་ཐར་པ་འདོན་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་ཞེས་བྱ་བ་ནི། གཞན་གྱིས་ཁ་དྲང་དུ་མི་རུང་བ་དེ་མ་མཐུན་པའི་དཔེ་སྟེ། དགག་དབྱེ་ལ་སོགས་པ་ལས་མཐུན་པའི་ཕྱིར་རོ། །
སྟོན་པའི་བསྟན་པ་གསལ་བར་བྱེད་ན་ཞེས་བྱ་བ་ལ། སྟོན་པ་ནི་བཅོམ་ལྡན་འདས་སོ། །བསྟན་པ་ནི་སྡེ་སྣོད་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བར་བྱེད་པའོ། །གསལ་བར་བྱེད་ན་ཞེས་བྱ་བ་ནི། ལུང་ནོད་པ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པ་ལ་སོགས་པས་རབ་ཏུ་སྟོན་པར་བྱེད་ནའོ། །བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་སྟེ། བདེ་བ་ནི་ཚེ་འདི་ལ་བདེ་བར་གནས་པ་བསམ་གཏན་བཞི་པོ་རྣམས་སོ། །དེ་དག་ལ་རེག་པ་ནི་འཕགས་པའི་རིགས་བཞི་ལ་བརྟེན་པའི་རིམ་གྱིས་བསམ་གཏན་བཞི་པོ་དག་ལ་བརྟེན་ནས། འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་ཤིང༌། དགེ་སྦྱོང་གི་འབྲས་བུ་བཞི་པོ་ལ་རེག་པའོ། །ཡང་ན་ལུས་དང་མཐུན་པ་ནི་བདེ་བ་ཡིན་ལ། བདེ་བ་དང་མཐུན་པ་ནི་རེག་པ་ཡིན་ནོ། །གནས་པར་འགྱུར་གྱིས་ཞེས་བྱ་བ་ནི་འཐོབ་པར་འགྱུར་ཞེས་བྱ་བའོ། །ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི། འབྱེད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འབྱེད་པའི་གཞི་སྟེ། དེ་ཐོང་ཤིག་ཅེས་བསྒོ་བར་བྱ་བ་ནི་བཞམས་ཏེ་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི། གལ་ཏེ་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི། ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི། གཞི་དེ་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་ནི་མི་གཏོང་ན། རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གྱིས་ལན་གསུམ་དུ་ཡང་དག་པར་བསྒོ་པར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི། གསོལ་བ་གཅིག་དང་ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བར་བྱ་བ་ནི་ཀུན་དུ་དྲི་བའམ། དགེ་བ་ལ་གཞུག་པར་བྱ་བའོ། །ཡང་དག་པར་བསྟན་པར་བྱ་བ་ནི།
དབྱེན་ལས་བཟློག་པར་བྱ་བ་འམ། མི་དགེ་བ་ལས་བཟློག་པར་བྱ་བའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ལས་བརྗོད་པ་གསུམ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་རྟུལ་བར་བྱེད་པ་ཉིད་མི་གཏོང་ན། དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྟོན་པ་བཞུགས་པའི་ཚེ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་ཚོགས་ལས། དགེ་འདུན་བཞི་ཡན་ཆད་ལོགས་ཤིག་ཏུ་བཀར་ཏེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐ་དད་པར་བྱེད་པ་ལ་དགེ་འདུན་གྱི་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ནི། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན། དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྟོན་པ་བཞུགས་བཞིན་དུ་དབྱེན་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལངས་པ་དང༌། དགེ་འདུན་གྱི་དབྱེན་ལ་རྟུལ་བར་བྱེད་པ་ཉིད་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་སྟེ་བཅུ་པའོ།། །།བམ་པོ་ལྔ་པ།
དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་དང་གཅིག་གོ །ཁྱད་པར་དུ་ན་དེ་ལྟ་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གླེང་གཞི་དང༌། བསླབ་པ་བཅའ་བ་དང༌། ལྟུང་བ་རྣམ་པར་གཞག་པའི་མཇུག་ཐོགས་སུ། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་གཉིས་པ་བཅའ་བར་བཞེད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་གི་དགེ་འདུན་གྱི་བྱ་བ་ཅུང་ཞིག་ཡོད་ཀྱིས། རེ་ཞིག་སྟན་ལས་མ་ལྡང་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས། བཅོམ་ལྡན་འདས་ཀྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀ་ཏི་མོ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན་རྣམས་ལ། ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང༌། དབྱེན་བྱེད་པར་འགྱུར་པའི་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ། མང་པོ་དག་ཡོད་ཅིང༌། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང༌། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག །དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་
ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་སྨྲ་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས། འདི་སྐད་ཅེས་ཚེ་དང་ལྡན་པ་དག །ཁྱེད་ཅག་དེ་སྐད་ཅེས་ཚེ་དང་ལྡན་པ་ཁྱེད་ཅག་དགེ་ཡང་རུང༌། སྡིག་ཀྱང་རུང༌། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག །དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ་འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས། རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག །ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར། ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་དུ་དགའ། མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང༌། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་ཚེ་དང་ལྡན་པ་དག །དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་ཉིད་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་
བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀ་ཏི་མོ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན། ཉོན་མོངས་པ་ནི་དབྱེན་བྱེད་པར་འདོད་པ། ཉེས་པ་ནི་དེའི་རྗེས་སུ་ཕྱོགས་པའོ། །དེ་ལ་དགེ་སློང་དེའི་ཞེས་བྱ་བ་ནི། ལྷས་བྱིན་གྱིའོ། །གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ནི། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀ་ཏི་མོ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན་དག་གོ །མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི། ལྟ་བ་དེ་དག་དང༌། འདོད་པ་དེ་དག་དང༌། བསམ་པ་དེ་དག་དང་ལྡན་པའོ། །གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང་ཞེས་བྱ་བ་ནི་གྲངས་སུ་རུང་བ་སྟེ། གཉིས་ལས་ལྷག་པ་ནི་མང་པོའོ། །གལ་ཏེ་དེ་དག་ཅེས་བྱ་བ་ནི། རྗེས་སུ་ཕྱོགས་པ་དེ་དག་གོ །དགེ་སློང་རྣམས་ལ་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ལའོ། །འདི་སླད་ཅེས་ཞེས་བྱ་བ་ནི། རྗེས་སུ་ཕྱོགས་པའི་ཚིག་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་ཞེས་བྱ་བ་ནི། དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ཅིག་ཅེས་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི། སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་ཅེས་པའོ། །དགེ་སློང་འདི་ལ་ཞེས་བྱ་བ་ནི་ལྷས་བྱིན་ལའོ། །ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི། ཅུང་ཟད་མ་སྨྲ་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བའོ་ཞེས་བྱ་བ་ལ། ཆོས་སྨྲ་བ་ཞེས་བྱ་བ་ནི་རིགས་པ་སྨྲ་བའོ། །འདུལ་བ་སྨྲ་བ་ཞེས་བྱ་བ་ནི་ལུང་གི་རྗེས་སུ་འབྲང་བའོ། །གཞན་ཡང་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདུལ་བ་ནི་ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བའོ། །གཞན་ཡང་ཆོས་སྨྲ་བ་ནི་དོན་དང་ལྡན་པར་སྨྲ་བའོ། །འདུལ་བ་ནི་འཇམ་
ཞིང་མཛའ་བ་ལྟར་རོ། །དེ་ཡང་རྗེས་སུ་ཕྱོགས་པ་རྣམས་ཀྱིས་བསྔགས་པར་ཟད་ཀྱི། ལྷས་བྱིན་ཉིད་དེ་དང་ལྡན་པ་ནི་མ་ཡིན་ནོ། །དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་རབ་ཏུ་བླངས་ནས་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པའོ་ཞེས་བྱ་བ་ནི། །ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་སྟེ། ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་དེ་ལ་དམིགས་ནས་སོ། །རབ་ཏུ་བཟུང་སྟེ་ཞེས་བྱ་བ་ནི། དམ་དུ་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི། དོན་རྟོགས་པ་ཡིན་གྱི་དོན་མ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་སྨྲ་ན་ཞེས་བྱ་བ་ནི། དགེ་སློང་ལྷ་སྦྱིན་འདི་གཞི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་སྟེ། འདོད་ཅིང་ཞེས་བྱ་བ་ནི། ཡིད་དང་མཐུན་པའི་སྒོ་ནས་སོ། །བཟོད་པ་ཞེས་བྱ་བ་ནི། རིགས་པས་རྟོགས་པའི་སྒོ་ནས་ཏེ། རེ་ཞིག་དེ་དག་ནི་རྗེས་སུ་ཕྱོགས་པའི་ཚིག་ཡིན་ནོ། །དགེ་སློང་དེ་དག་ལ་ཞེས་བབ་ནི། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀ་ཏི་མ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང༌། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ལ་སོགས་པར་བཞམས་ཏེ་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་དེ་སྐད་ཅེས་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི། གལ་ཏེ་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟར་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི་ཉེས་པ་སྒོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གཞི་དེ་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན་རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་
ངོ། གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་བའོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི། གསོལ་བ་གཅིག་དང་ལས་བརྗོད་པ་གསུམ་དུ་བྱ་བའོ། །ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ནི་སྔ་མ་བཞིན་ནོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ།། སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྤོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་བརྗོད་པ་གསུམ་པ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ཏོ། །དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྟོན་པ་བཞུགས་པའི་ཚེ། གང་ཟག་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་ཚོགས་ལས་དགེ་སློང་བཞི་ཡན་ཆད་ལོགས་ཤིག་ཏུ་བཀར་ཏེ། ཆོས་དང་ཟང་ཟིང་གིས་ལོངས་སྤྱོད་ཐ་དད་པར་བྱེད་པ་དེའི་རྗེས་སུ་ཕྱོགས་ཤིང་གྲོགས་ཉིད་དུ་རྗེས་སུ་སྒྲུབ་པར་བྱེད་པ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན། བརྗོད་པ་གསུམ་པའི་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྟོན་པ་བཞུགས་བཞིན་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌།
དགེ་འདུན་དུ་ལངས་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྣད་དོ། །དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཅིག་པའོ།། །།ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། རེ་ལྡེ་རི་ལ་དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉི་དང༌། དགེ་སློང་དམར་སེར་ཅན་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་འཁོད་དེ། དེ་དག་དགེ་སྦྱོང་གི་ལས་མ་ཡིན་པ་དག་བྱེད་ཅིང༌། བྱེད་དུ་འཇུག་པའི་སྤྱོད་ཚུལ་དང༌། སྤྱོད་པ་དང༌། ལོག་པར་སྒྲུབ་པ་དེས། རེ་ལྡེ་རི་ལ་དགེ་སློང་མ་འོངས་པ་དག་ཀྱང་མི་འོང་ལ། འོངས་པ་དག་ཀྱང་མངོན་པར་མི་དགའ་ཞིང༌། རེ་ལྡེ་རིའི་གནས་སྤོང་བར་བྱེད་དོ། །རེ་ལྡེ་རི་ལ་གནས་པའི་བྲམ་ཟེ་དང༌། ཁྱིམ་བདག་དག་ཀྱང་ཡིད་མི་དགའ་ཞིང་ཞེ་བཅིལ་བར་གྱུར་ནས། དགེ་སློང་གཉུག་མར་གནས་པ་དག་ལ་ཡང་བསོད་སྙོམས་འབུལ་བ་དང༌། བྱ་བར་སེམས་པ་དཀའ་ན་གློ་བུར་དུ་ལྷགས་ པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས ་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན། ཚེ་དང་ལྡན་པ་ཀུན་དགའ་བོ། ཡུལ་ཀ་ཤི་ཀ་དག་ཏུ་ལྗོངས་རྒྱུ་ཞིང་འགྲོ་བ་ནི་རེ་སྡེ་རིར་ཕྱིན་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་ན། ཇི་ལྟར་ལྟུང་བཟེད་བཀྲུས་པ་ཁོ་ནས་བསོད་སྙོམས་ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ། ཕྱིར་གཏོང་བ་ཡང་མ་ཐོབ་པར་ཕྱིར་བྱུང་ངོ༌། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། སྔོན་ནི་རེ་ལྡེ་རེ་འདི་འབྱོར་བ་དང༌། རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། སྐྱེ་བོ་དང༌། མི་མང་པོས་གང་བར་གྱུར་ལ། འདི་སློང་མོ་པས་ཀྱང་བསོད་སྙོམས་རྙེད་སླ་བར་གྱུར་ན། ད་དེ་ལྟ་མ་ཡིན་པ་ལས་ན་འདིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་བྱིས་པ། བླུན་པ་མི་གསལ་བ། མི་མཁས་པ་འགའ་ཞིག་གིས་ཉོན་མོངས་པའི་དབང་དུ་གྱུར་པས། སྤྱོད་ཡུལ་ལམ་
སྤྱོད་ཡུལ་གྱི་སྤྱོད་ལམ་མམ། རིགས་ཀྱི་བུད་མེད་དམ། རིགས་ཀྱི་གཞོན་ནུ་མ་དག་ལ་ཀུན་དུ་སྨྲས་བ་འམ། ནོམ་པའམ། ཉུག་པ་བྱས་པར་མ་གྱུར་ཏམ་སྙམ་ནས། རེ་ལྡེ་རི་པའི་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ཀྱི་དཔོང་སའི་གནས་ན། བྲམ་ཟེ་དང་ཁྱིམ་བདག་ལྔ་བརྒྱ་ཙམ་བྱ་བ་ཞིག་གི་ཕྱིར་འདུས་ཏེ་མཐུན་པར་གྱུར་པ་ལ་དྲིས་ན། དེ་རྣམས་དབང་པོ་ཕྱིར་བླན་ཏེ་འཁོད་དོ། །དེའི་ཚེ་ན་དགེ་བསྙེན་ཆུ་རྒྱུན་ཅན་འཁོར་དེ་ཉིད་དུ་འདུག་ཅིང་མཐུན་པར་གྱུར་པས། ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་གཉིས་ནས་བཟུང་སྟེ། མཐའ་གཅིག་ཏུ་ཁྲིད་ནས། ཇི་ལྟར་གྱུར་བ་དེ་བརྗོད་དེ། དོན་འདི་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཅིག་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་རང་གི་སྡུམ་པར་བསོད་སྙོམས་གསོལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་དེ་ལ་ཆོས་བསྟན་ནས། མཉན་ཡོད་དུ་སོང་སྟེ། ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་པོ་ཁྱེད་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང༌། ལྷན་ཅིག་རེ་ལྡེ་རི་ལ་སོད་ལ། ལམ་གྱི་བར་དུ་འདུག་སྟེ། དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉིས་བསྐྲད་པའི་གླེང་བ་པོ་དགེ་སློང་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱས་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བར་བྱ་ཞིང༌། དེས་གླེངས་ལ། ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་གསོལ་བ་དང༌། བཞིའི་ལས་ཀྱིས་དེ་གཉིས་སྐྲོད་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དེ་ལྟར་བྱ་བར་བརྩམས་པ་དང༌། རེ་ལྡེ་རི་ལ་གནས་པའི་དགེ་སློང་དམར་སེར་ཅན་དག་གིས་གཅམ་ཚོར་ནས། བདག་ཅག་ཀྱང་དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉིས་ཀུན་དུ་སྤྱོད་པ་མཐུན་པས་བསྐྲད་པར་འགྱུར་རོ་སྙམ་ནས། སྒོ་གཅིག་ཏུ་བྱུང་སྟེ། མཉན་ཡོད་དུ་བྲོས་ནས་དགེ་འདུན་གྱི་ནང་དུ་ལྟུང་བ་བཤགས་ཏེ་ཚུལ་བཞིན་དུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉིས་ལ་བསྐྲད་པའི་ལས་བྱས་ནས། མཉན་ཡོད་དུ་དོང་བ་དང༌། འགྲོ་མགྱོགས་དང༌། བན་སོ་གཉིས་ཀྱང་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་བལྟས་ན། དགེ་སློང་དམར་སེར་ཅན་དག་མ་བསྐྲད་པར་ཚུལ་བཞིན་དུ་འཁོད་པ་
མཐོང་ནས། དེ་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་དག་གིས་བདག་ཅག་བསྐྲད་པའི་ལས་བྱས་པ་དེ་དག་ལ། འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ་ཞེ་སྡང་གིས་འགྲོ་བ་གཏི་མུག་གིས་འགྲོ་བ་འཇིགས་པས་འགྲོ་བ་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས། དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉིས་ལ་དེ་སྐད་མ་ཟེར་ཅིག་ཅེས་བཟློག་པའི་ཕྱིར། དང་པོ་བཞམས་ཏེ་བསྒོ་བར་བྱའོ། །འོན་ཀྱང་གཞི་དེ་མི་གཏོང་ན། དེའི་འོག་ཏུ་གསོ་བ་དང༌། བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་དང་པོར་བཞམས་ཏེ་བསྒོ་ཞིང༌། དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང༌། དེ་གཉིས་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང༌། མངོན་པར་ཞེན་ནས། འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། མཁྱེན་བཞིན་དུ་རྨེད་པས་འགྲོ་མགྱོགས་དང༌། ནབ་སོ་གཉིས་ལ་རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ། གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང༌། དེ་དག་གིས་ཁྱིམ་སུན་ཕྱུང་བ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་
ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཅག་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱོད་ཉིད་ཀྱིས་ཁྱིམ་དག་སུན་འཕུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་པ་ཀུན་དུ་སྤྱོད་པ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དགའ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ་དང༌། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོ་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེ་གཞི་དེ་གཏང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འགྲོ་མགྱོགས་དང༌། ནབ་སོ་གཉིས། ཉོན་མོངས་པ་ནི་རང་སྐྱོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པས་
འགྲོའོ་ཞེས་བྱ་བ་ལ་སོགས་པས་བརྫུན་དུ་སྨྲ་བ། ཉེས་པ་ནི་ཁྱིམ་སུན་འབྱིན་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི། འགྲོ་མགྱོགས་དང་ནབ་སོ་དག་གམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གྲངས་དུ་ཡང་རུང་བ་སྟེ། གཉིས་ལས་ལྷག་པའི་རབ་ཏུ་མང་པོ་དག་གོ །གྲོང་ངམ་གྲོང་རྡལ་ཞིག་ན་ཞེས་བྱ་བ་ན། རེ་ལྡེ་རི་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ནའོ། །ཉེ་བར་རྟེན་ཅིང་ངས་པར་གྱུར་ལ་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་པ་དག་གིས་སོ། །དེ་དག་ཀྱང་ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ལ། ཁྱིམ་ཞེས་བྱ་བ་ནི་བྲམ་ཟེ་འམ་ཁྱིམ་བདག་གི་ཁྱིམ་དག་གོ །སུན་འབྱིན་པ་ཞེས་བྱ་བ་ནི་དེ་དག་རྒྱུ་གཉིས་ཀྱིས་ཁྱིམ་སུན་འབྱིན་པར་བྱེད་དེ། འགྲོགས་པ་དང༌། ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཤེ་ན། བུད་མེད་དང་ལྷན་ཅིག་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད་པ་སྟེ། དེ་ལྟར་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཤེ་ན། ཟས་ཀྱིས་དང༌། སྐོམ་གྱིས་དང༌། གོས་ཀྱིས་དང༌། མེ་ཏོག་གིས་དང༌། འབྲས་བུ་དང༌། སོ་ཤིང་གིས་ཏེ། དེ་ལྟར་ལོངས་སྤྱོད་པས་སོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་གྱུར་ཅིང་ངོ༌། །དེ་དག་གི་ཁྱིམ་དག་ཅེས་བྱ་བ་ནི། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་གོ །སུན་བྱུང་བར་མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སམ་ཞེས་བྱ་བ་ནི། རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་སམ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་དག་གིས་སོ། །དེ་དག་སྡིག་པ་ཀུན་དུ་སྤྱོད་པར་ཞེས་བྱ་བ་ནི། གནས་ངན་ལེན་ཀུན་དུ་སྤྱོད་པར་རོ། །མཐོང་ངམ་ཐོས་སམ་རབ་ཏུ་ཤེས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་དེ་དག་ལ་ཞེས་བྱ་བ་ནི། འགྲོ་མགྱོགས་དང༌། ནབ་སོ་གཉིས་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་
ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་ཅག་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་གླེངས་ནས་ལྟུང་བ་མཐོང་བའི་འོག་ཏུ་བསྐྲད་པའི་ལས་བྱ་བའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན། དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི། ཉོན་མོངས་པའི་དབང་གིས་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པས་འགྲོའོ་ཞེས་བྱ་བ་ལ་སོགས་པས་བརྫུན་དུ་སྨྲ་བ་དེ་སྐད་ཟེར་ནའོ། །དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་འགྲོ་མགྱོགས་དང༌། ནབ་སོ་གཉིས་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་འདི་སྐད་ཅེས། དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དགེ་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག་ཅེས་བྱ་བ་ལ་སོགས་པ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱ་བའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི། ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི། ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན། རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་དང་གཞིའི་ལས་ཀྱིས་
བསྒོ་བར་བྱ་བ་སྟེ། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི། གསོལ་བ་གཅིག་དང༌། ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བ་དང༌། ཡང་དག་པར་བསྟན་པ་ནི་སྔ་མ་བཞིན་ནོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །གསོལ་བ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལས་བརྗོད་པ་གསུམ་པ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་ཡང་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམས་པས། དེ་དེ་ལ་དེ་ལྟར་ཞུགས་པས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི། ཁྱིམ་སུན་པར་བྱེད་པའི་དགེ་སློང་ལ། གླེང་བ་པོས་མཐོང་ངོ་ཞེས་ཟེར་བ་ལ། བསྐྲད་པའི་ལས་བྱས་ནས། ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་རང་སྐོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པའི་དབང་གིས། དགེ་འདུན་དེ་དག་བསྐྲད་པའི་ལས་གང་ཡིན་པ་དེ་ལ་འདུན་པས་འགྲོ་བ་ལ་སོགས་པས། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལ། དགེ་སློང་ཁ་ཅིག་ནི་སྐྲོད་བར་བྱེད་ཁ་ཅིག་ནི་སྐྲོད་པར་མི་བྱེད་པ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི།
ཁྱིམ་སུན་འབྱིན་པ་དང༌། བསྐྲད་པའི་ལས་བྱས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ་ཁྱིམ་སུན་འབྱིན་པ་དང༌། གླེང་བ་དང༌། བསྐྲད་པ་དང༌། རང་སྐྲོད་པའི་དགེ་འདུན་ལ་ལོག་པའི་བསམ་པས། དེ་དེ་ལ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཉིས་པའོ།། །།བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་འི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཚོར་བཞིན་དུ་ཕྱིར་མི་བྱེད་ནས། དེ་ལ་དགེ་སློང་དོན་འདོད་པ། ཕན་པ་འདོད་པ། བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང་བདེ་བ་འདོད་པ་རྣམས་ཀྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་ལྟུང་བ་བྱུང་བ་དེ། ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བར་བྱེད། དྲན་པར་བྱེད་པ་ན། དེས་སྨྲས་པ། སུ་ལ་ལྟུང་བ་བྱུང་བ་དེ་ཕྱིར་བྱེད་གྲང༌། སུ་འགྱོད་པ་དེ་ལ་ལྟུང་བ་བྱུང་གྲང༌། ཁྱེད་ཅག་ནི་རིགས་སྣ་ཚོགས་དང༌། རུས་སྣ་ཚོགས་དང༌། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ཏེ། ཁྱེད་དང་ཁོ་བོ་མི་འདྲས། ཁོ་བོ་ལ་ཅི་ཡང་མ་ཟེར་ཅིག་ཅེས་ཟེར་བ་ན། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ཅེས་འཕྱ་བར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་ལ་དེ་སྐད་མ་ཟེར་ཅིག་ཅེས་བཟློག་པའི་ཕྱིར་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འོན་ཀྱང་གཞི་དེ་མི་གཏོང་ན་དེའི་འོག་ཏུ་གསོལ་
བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་འདུན་པ་ལ་དང་པོར་བཞམས་ཏེ་བསྒོ་ཞིང༌། དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང༌། དེ་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང༌། མངོན་པར་ཞེན་ནས་འདི་ཉིད་བདེན་གྱིས་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། མཁྱེན་བཞིན་དུ་རྨེད་པས། འདུན་པ་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདི་ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང༌། སྡིག་ཀྱང་རུང༌། བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང༌། ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བདག་ལ་སྨྲས་པས་ཆོག་གིས། ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ། ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག་དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་དན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དག་མཐུན་པར་སྨྲོས་ཤིག །
འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལ་སློང་བ་ཉིད་དེ། དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་གླེང་བར་མི་འདོད་པ། ཉེས་པས་ནི་བཀའ་བློ་མི་བདེ་བའོ། །དེ་ལ་འདི་ན་དགེ་སློང་འགའ་ཞིག་ཅེས་བྱ་བ་ནི་འདུན་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་ལ་ཞེས་བྱ་བ་ལ། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི། ཚིག་གི་ལམ་རྗེས་སུ་མཐུན་པ། རྗེས་སུ་མཉམ་པར་བྱ་བ། ཚུལ་དང་མཐུན་པ་དྲང་པོར་འཇུག་པ། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དག་ཀུན་དུ་འགོག་པ་དང་མི་འཛིན་པ་དང༌། མི་བྱ་བ་དང༌། མི་བྱེད་པ་དང༌། མི་མཐུན་པར་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི། འདུན་པ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ། །གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་བཞི་པོ་དག་ཏུ་གཏོགས་པ་སྟེ། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མར་འགྱུར་པའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྦང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་
ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པར་གཏོགས་པ་རྣམས་ཀྱི་སྟེ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བའི་མདོ་འམ། ཡང་ན་མདོ་ཡང་ད་པར་སྦྱོར་བའོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འགྲོ་བ་སྟེ། མདོ་སྡེ་དང་མ་མོ་དང་མཐུན་པའོ། །འདུལ་བ་དན་མཐུན་པར་བྱ་བ་ནི་འདུལ་བའི་རྗེས་སུ་འགྲོ་བ་སྟེ། འདུལ་བ་ཉིད་དང་མཐུན་པར་རོ། །སྨྲས་པ་ན་ཞེས་བྱ་བ་ནི་བཟློག་པ་ན་སྟེ། ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བ་ནའོ། །ཚེ་དང་ལྡན་པ་དག་དགེ་ཡང་རུང༌། སྡིག་ཀྱང་རུང༌། བདག་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི། དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ལ། སྡིག་པ་ལས་བཟློག་པར་ཡང་མ་བྱེད་ཅིག་ཅེས་བའོ། །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང༌། ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི། དགེ་བ་ལ་སྦྱོར་བར་ཡང་མི་བྱེད་ལ། སྡིག་པ་ལས་བཟློག་པར་ཡང་མི་བྱེད་དོ་ཞེས་བའོ། །ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བདག་ལ་སྨྲས་པས་ཆོག་གིས་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི། རྒྱ་ཆེར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རྗོད་པར་བྱེད་པའོ། །བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་ན་ཞེས་བྱ་བ་ནི། བདག་ཉིད་གླེང་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་ནའོ། །དེ་དག་ནི་རེ་ཞིག་ལྟུང་བ་འབྱིན་པ་ལ་དགེ་སློང་རྣམས་ཀྱིས་གླེང་བ་དང༌། དྲན་པ་བྱས་པ་ན་བཀའ་བློ་མི་བདེ་བའི་རང་བཞིན་སྟོན་པ་ཡིན་ནོ། །དེ་ལ་གླེང་བ་ནི་ཕྱོགས་གཅིག་ཏུ་གྱུར་པ་གླེང་བ་ཡིན་ནོ། །དྲན་པར་བྱ་བ་ནི། ཡོངས་སུ་རྫོགས་པར་དྲན་པ་སྟེ། དེའི་རིམ་པ་ནི་གླེང་བར་བྱ་བ་དེ་ལ་གླེང་བ་པོའི་དགེ་སློང་བསྐོས་ཏེ། དེས་ཀྱང་དུས་སུ་སྐབས་འབྱེད་དུ་བཅུག་ནས། དྲན་པ་དང་ཤེས་བཞིན་ཉེ་བར་གཞག་སྟེ། དབེན་བའི་མཐར་གཞི་དང་བཅས་པས་གླེང་ཞིང༌། ཡུལ་དང་དུས་ལ་སོས་པས་ཀྱང་དྲན་པར་བྱའོ། །དེ་ལྟར་བྱས་པ་
ན་སྐབས་འབྱེད་པར་མི་བྱེད་ན། དེ་ལ་བརྗོད་པ་དང་ཅས་པ་ཉིད་དང༌། མི་གདམས་པ་ཉིད་དང༌། གཏམ་འདྲེ་བར་མི་བྱ་བ་དག །གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དན། ཕུར་པ་དང་བཅས་པ་ཉིད་དག་ཀྱང་བྱའོ། །དེ་དག་བྱས་ཀྱང་བཀའ་བློ་མི་བདེ་བའི་རང་བཞིན་མི་གཏོང་ན། དེ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བར་བྱའོ། །དེའི་ཕྱིར་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་དེ་ལ་ཞེས་བྱ་བ་ནི་འདུན་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད། དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དན་འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲོས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱ་བའོ། །བརྗོད་པར་བྱ་བ་ཉིད་དུ་བྱེད་པའི་ཕན་ཡོན་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ལ་གཅིག་བརྗོད་པར་བྱ་བ་ཞིག་ཏུ་བྱེད་ན་ཞེས་བྱ་བ་ནི། གཅིག་ལ་གཅིག་གླེང་བ་ཉིད་དུ་བྱེད་པའོ། །གཅིག་ལ་གཅིག་འདོམས་ཤིན་རྗེས་སུ་སྟོན་པར་བྱེད་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་སློབ་པའོ། །གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་ཅེས་བྱ་བ་ནི། གཅིག་གིས་གཅིག་གི་ལྟུང་བ་སྦྱོང་བའོ། །དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཞེས་བྱ་བ་ནི་སྟོན་བ་དེའི་འོ། །འཁོར་འདི་ཞེས་བྱ་བ་ནི་དགེ་འདུན་ནོ། །འཕེལ་བར་གྱུར་གྱིས་ཞེས་བྱ་བ་ནི་སྔོན་ཅད་དོ། །ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱ་བའོ། །བརྗོད་པར་བྱ་བ་མ་ཡིན་པར་
བྱེད་བའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་བྱ་བའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བཟློག་པ་ནའོ། །གལ་ཏེ་གཞི་དེ་ཞེས་བྱ་བ་ནི་དཀའ་བློ་མི་བདེ་བ་ཉིད་དོ། །གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི། ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན། རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང༌། བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བ་སྟེ། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི། གསོལ་བ་གཅིག་བྱས་པའི་འོག་ཏུ་ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བ་དང༌། ཡང་དག་པར་བསྟན་པ་ནི་སྔ་མ་བཞིན་ནོ། །ལམ་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟར་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་རྫོགས་པར་བྱས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ལས་བརྗོད་པ་གསུམ་པ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གི་ལྷག་པའི་
ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ན། བདག་ཉིད་ཀྱིས་དེ་ལ་དགེ་སློང་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བཀའ་བློ་མི་བདེ་བའི་དགེ་སློང་ལ་དགེ་སློང་རྣམས་ཀྱིས་གླེང་བ་དང༌། དྲན་པར་བྱས་པ་ན་བདག་ཉིད་ལ་ཕྱོགས་བཅུ་ན་གནས་པ། དེ་བཞིན་གཤེགས་པའི་དགེ་སློང་གུ་དགེ་འདུན་ཐམས་ཅད་ཀྱིས་ལྷག་པའི་ཚུལ་ཁྲིམས་སུ་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱིས་གླེང་བར་མི་བྱའོ་ཞེས་ཟེར་བ་ལ། དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན། དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། བཀའ་བློ་མི་བདེ་བ་དང༌། གླེང་བ་ལ་སོགས་པའི་ལས་བྱས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བཀའ་བློ་མི་བདེ་བ་དང༌། གླེང་བ་དང༌། དྲན་པར་བྱས་པ་དང༌། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་སྟེ་བཅུ་གསུམ་པའོ།། །།ད་འདི་ཆད་ནི་དགེ་འདུན་ལྷག་མ་གདོན་པའི་མཇུག་བསྡུ་བ་དང༌། དེ་དག་གི་རྣམ་པར་གཞག་པ་དང༌། ཕྱིར་བཅོས་པ་དང༌། རྣམ་པར་གཞག་པ་བསྒྲག་པར་བྱ་བ་རྣམས་སྟོན་ཏོ། །དེ་ལ་དགེ་འདུན་ལྷག་མ་གདོན་པའི་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བས་བསྟན་ཏེ། ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་བོད་པའོ། །བདག་གིས་ཞེས་བྱ་བ་ནི་འདོན་པས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་བའི་ཕྱིར་རོ། །བཅུ་གསུམ་པོ་དག་ཅེས་བྱ་བ་ནི། གྲངས་སྔར་སྨོས་པ་རྣམས་ཀྱི་བྱུངས་གདབ་པའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་པོར་བར་བྱ་བའི་ཕྱིར་རོ། །དེ་དག་གི་རྣམས་པར་གཞག་པ་ནི། དེ་དག་ལས་དགུ་ནི་ལྟུང་བ་དང་
པོ་ཉིད་ཀྱིས་སོ། །བཞི་ནི་ལན་གསུམ་གྱིས་སོ་ཞེས་བྱ་བ་བསྟན་ཏེ། དེ་དག་ལས་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་བཏོན་པ་དེ་དག་ལས་སོ། །དགུ་ནི་ཞེས་བྱ་བ་ནི། ཁུ་བ་འབྱིན་པ་དང༌། ལུས་ཀྱིས་རེག་པ་དང༌། འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། སྨྱན་བྱེད་པ་དང༌། ཁང་པ་དང༌། གཙུག་ལག་ཁང་དང༌། གཞི་མེད་པར་སྐུར་པ་འདེབས་པ་དང༌། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་རྣམས་སོ། །ལྟུང་བ་དང་པོ་དག་ཉིད་ཀྱིས་སོ་ཞེས་བྱ་བ་ནི། དང་པོ་སྦྱོར་བ་རྩོམ་པ་དང༌། ཉེས་པ་སྦོམ་པོ་དང༌། དངོས་གཞིའི་རིམ་གྱིས་དང་པོས་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ། འདི་དག་ལ་དགེ་འདུན་གྱིས་དང་པོར་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པ་ལས་དངོས་གཞིར་གཞག་པ་ཡིད་པའི་ཕྱིར་རོ། །བཞི་ནི་ཞེས་བྱ་བ་དགེ་འདུན་འབྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་རྣམས་སོ། །ལན་གསུམ་གྱི་བར་གྱིས་སོ་ཞེས་བྱ་བ་ནི། ལས་བརྗོད་པ་ལན་གསུམ་གྱི་བར་གྱིས་དངོས་གཞིར་འགྱུར་བ་སྟེ། དང་པོ་སྦྱོར་བ་རྩོམ་པ་དང༌། དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པ་ན། གསོལ་བ་བྱས་པའི་འོག་ཏུ་ལས་བརྗོད་པ་ལན་གསུམ་གྱི་བར་གྱིས་མི་གཏོང་ན། ལས་བརྗོད་པ་གསུམ་པ་རྫོགས་པའི་མཐར་དངོས་གཞིར་འགྱུར་ལ་འབྱུང་བ་དང་བཅས་པ་སྟེ། འདི་དག་ནི་བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་ཞེས་བྱའོ། །འདི་ལ་འདིར་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་ཐ་མ་བཞི་པོ་རྣམས་ཀྱི་སྤྱིའི་ཐུན་མོང་གི་མཚན་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་དགེ་འདུན་ལྷག་མ་བྷི་པོ་འདི་དག་ལ། དང་པོ་རྩོམ་པ་སྦྱོར་བ་ན་སྦྱོར་བ་
ཞེས་བྱ་བའི་ཉེས་བྱས་གཅིག་འབྱུང་ངོ༌། །དེའི་འོག་ཏུ་དག་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བས་བཟློག་པའི་ཆོ་ག་བྱའོ། །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་བཟློག་པའི་ཆོ་ག་དང་ལས་བྱ་སྟེ། དེ་ལ་རིམ་པ་ནི། དགེ་འདུན་ལྷག་མ་བཞི་པོ་འདི་དག་ལ་དང་པོ་རྩོམ་པ་སྦྱོར་བ་ན། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་གཅིག་བྱུང་བ་དེ་ལ། དགེ་འདུན་གྱིས་དང་པོར་བཞམས་ཏེ་བསྒོ་བར་བྱ་བ་དང༌། དེའི་འོག་ཏུ་གསོལ་བ་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་དང་པོར་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་དག་གིས་བཟློག་པའི་ཚུལ་གྱིས་བཟློག་པའི་ཆོ་ག་དང༌། ལས་བྱེད་པ་ན་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང༌། ལས་བརྗོད་པ་དང་པོ་དང༌། ལས་བརྗོད་པ་གཉིས་པོ་དག་ལ་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི། ཉེས་པ་སྦོམ་པོ་རེ་རེར་འགྱུར་བར་རྗེས་སུ་མཐུན་ཏེ་འདྲའོ། །ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་ན་ནི་དགེ་འདུན་ལྷག་མའི་དངོས་གཞུར་འགྱུར། དེ་ལྟར་ན་དང་པོར་སྦྱོར་བ་ན་ཉེས་བྱས་སོ། །དེའི་འོག་ཏུ་བཞམས་ཏེ་བསྒོ་བ་མི་གཏོང་ན་དེའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་བྱེད་པ་ན། གསོལ་བ་བྱས་པ་མི་གཏོང་ན། གསོལ་བ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་དང་པོར་བྱས་པ་ན་མི་གཏོང་ན། ལས་བརྗོད་པ་དང་པོ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱས་པ་ན་མི་གཏོང་ན། ལས་བརྗོད་པ་གཉིས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་ཏུ་འགྱུར་རོ། །དེ་ལྟར་ན་དགེ་འདུན་ལྷག་མ་འདི་བཞི་ལ་དང་པོ་རྩོམ་པར་སྦྱོར་བ་ན་ཉེས་བྱས་བྱེད་པ་ཡིན། བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང༌། ལས་བརྗོད་པ་དང་པོ་དང་གཉིས་པ་ནི་ཉེས་པ་སྦོམ་པོ་རེ་རེར་བྱེད་པ་ཡིན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པ་ནི། དགེ་འདུན་ལྷག་མའི་དངོས་གཞི་བྱེད་པ་ཡིན་ནོ། །དེ་དག་གི་ཚིག་སྐད་ཅིག་པ་རྣམས་ནི་གཅིག་ཉིད་དེ། ཚིག་གང་ལ་སྐད་ཅིག་མ་གཅིག་ལ་ལྟུང་བ་འབྱུང་བར་
འགྱུར་བའི་སྐད་ཅིག་མ་དེའི་ཁོངས་སུ་ཚིག་མཐའ་དག་འདུས་སོ། །དེས་ན་དེ་དག་གི་ཚིག་ཤིན་ཏུ་རྒྱུན་རིང་དུ་ཟིན་ན་ཡང་ཚིག་གཅིག་ཏུ་ཟད་དེ། ལྟུང་བ་ཡང་གཅིག་ཁོ་ན་འབྱུང་བ་ཡིན་གྱི། ཆ་ཤས་རེ་རེ་ལ་ཡང་མ་ཡིན་ནོ། །མཇུག་སྡུད་པ་ནི་ཐ་དད་པ་མ་ཡིན་ཏེ། ལས་བརྗོད་པ་ཐ་མའི་ནང་དུ་འདུས་སོ། །ཕྱིར་བཅོས་པ་ནི། དགེ་སློང་གིས་དེ་དག་ལ་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ། དེས་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་བྱས་ནས། དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་བས་དབྱུང་བར་བྱ་བ་ལ་ཐོགས་ཏེ། ཆོས་དང་མཐུན་པར་བྱས་ལ་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན། གང་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ་དག་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བས་བསྟན་ཏེ། འདིས་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་པའི་ཆོ་ག་དང་ལས་སྤྱིར་བསྟན་ཏོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པས་སོ། །དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དེ་དག་ལས་དངོས་གཞིའི་ལྟུང་བ་གང་ཡང་རུང་བཞི་བྱས་པའོ། །ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་ཞེས་བྱ་བ་ནི། བདག་ལ་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་བྱུང་བར་ཤེས་བཞིན་དུ་བཅབ་པའི་སེམས་ཀྱིས་འཆབ་ཅིང༌། གཞན་ལ་མཐོལ་བར་མི་བྱེད་པའོ། །དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པའི་དུས་དེ་སྲིད་དུ། དགེ་སློང་དེས་བདག་ཉིད་མི་འདོད་ཅིང་མ་དད་བཞིན་དུ་ཡང་སྤོ་བའི་ལས་བྱ་ དགོས་པ ་སྟ། སྤོ་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་བཅབ་པ་སྦྱང་བའི་ཆད་པའི་ལས་ཀྱི་མིང་སྟེ། དགེ་སློང་རང་བཞིན་དུ་གནས་པ་ཡོངས་སུ་དག་པའི་ས་ནས། ཡོངས་སུ་མ་དག་པའི་ས་གཞན་དུ་སྤོ་བའོ། །དགེ་སློང་གིས་མི་འདོད་
བཞིན་དུ་སྤོ་བ་བྱས་པས་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཇི་སྲིད་དུ། ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་དེས་བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆེད་དུ་མཚམས་གཅིག་གི་དགེ་འདུན་ལ་མགུ་བར་བྱ་བ་སྤྱད་པར་བྱ་སྟེ། མགུ་བར་སྤྱད་པ་ཞེས་བྱ་བ་ནི། བསྙེན་བཀུར་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས། དགེ་འདུན་ཐམས་ཅད་ཐུགས་མཉེས་པར་བྱ་བའི་བསྙེན་བཀུར་གྱི་ལས་ཀྱི་མིང་ངོ༌། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ་ཞེས་བྱ་བ་ནི། དེ་ལྟར་དགེ་སློང་གིས་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་ནས་དེའི་འོག་ཏུ་དགེ་འདུན་གྱིས་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་བྱ་བ་འབའ་ཞིག་ལ་ཐོགས་ཤིང་རག་ལས་པ་སྟེ། དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་ལས་བསླང་བའི་ལས་ཀྱི་མིང་ངོ༌། །ཆོས་དང་མཐུན་པར་བྱས་ལ་ཞེས་བྱ་བ་ནི་དེས་བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་བསླབ་པའི་ལས་ཀྱི་མིང་ངོ༌། །ཆོས་དང་མཐུན་པར་བྱས་ལ་ཞེས་བྱ་བ་ནི་དེས་བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་དོན་དུ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་བྱ་བ་ལ་སོགས་པ་ཆོས་དང་མཐུན་པའི་ལས་བྱས་པའོ། །དགེ་སློང་གི་དགེ་འདུན་གྱིས་སེམས་མགུ་བར་བྱས་ན་ཞེས་བྱ་བ་ནི། དེས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། མཆིལ་ལྷམ་གཉིས་ཕུད་དེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས། ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ། བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆོ་ག་གསོལ་བའི་སྔགས་ལན་གསུམ་བརྗོད་པས་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ནའོ། །གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་མཚམས་གང་ན་དགེ་སློང་ཉི་ཤུ་ཡན་ཆད་ཀྱི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་
ཆོ་ག་དང་ལས་བྱའོ། །དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱིས་དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆོ་ག་དང་ལས་ཀྱི་མིང་ངོ༌། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་ཆོ་ག་ལས་འདས་ན་ལས་མི་འཆག་སོ་ཞེས་བྱ་བ་ནི་གཞུང་བསྟན་པ་ཡིན་ཏེ། འདིར་དགེ་འདུན་ལྷག་མ་ལས་དབྱུང་བའི་ཆོ་ག་ནི། བཅབས་ན་སྤོ་བ་བྱེད་དུ་གཞུག་པ་དང༌། ཞག་དྲུག་མགུ་བར་བྱ་བ་སྤྱད་པ་དང༌། དགེ་འདུན་ལ་དབྱུང་བར་བྱ་བ་གསོལ་བ་དང༌། དགེ་སློང་ཉི་ཤུ་མན་ཆད་ཀྱི་ཚོགས་ཀྱིས་ཆོས་བཞིན་དུ་བྱ་བའོ། །ལས་ནི་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་བས་དེ་དབྱུང་བའི་ལས་བྱ་བའོ། །དེ་དག་ནི་རེ་ཞིག་དགེ་འདུན་ལ་ཕྱིར་བཅོས་པ་ཕྱོགས་ཙམ་བསྟན་པ་ཡིན་ནོ། །རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ། ཅི་འདི་ལ་ཁྱེད་ཡོངས་སུ་དགག་མ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལམ་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བས་བསྟན་ཏེ། དེ་ལ་ཞེས་བྱ་བས་ནི་དགེ་འདུན་ལྷག་མ་བཏོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་པ་ནི་ཁྱེད་ཅག་གོ །ཡོངས་སུ་དག་གམ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ། །ཤེས་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་སྙེགས་སོ། །དྲིའོ་ཞེས་བྱ་བ་ནི་དྲི་བ་དང་པོའོ། །ལན་གཉིས་ལམ་གསུམ་དུ་དྲིའོ་ཞེས་བྱ་བ་ནི། ལན་གསུམ་ཁོ་ན་དྲི་བར་བྱ་དགོས་པས། ལན་གཉིས་ལམ་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཉུངས་ན་ཡང་ལ་ལས་མི་ཐོས་ལ། མངས་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས། དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་འཚོགས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །ཆང་མི་སྒ་བས་བརྡ་བྱས་པས། དགེ་འདུན་ལྷག་མ་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་
མཇུག་བསྡུ་བ་བསྟན་པའི་ཕྱིར། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་ཏེ། བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་ལྷག་མ་གདོན་པ་བཤད་ཟིན་ཏོ།། །།ད་ནི་གདོན་པ་བཞི་པ་སྟེ། མ་ངེས་པ་གདོན་པ་བཤད་པར་བྱ་སྟེ། འདི་ཕྱིར། སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་དོགས་པ་དང༌། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །མ་ངེས་པ་ནི་རྣམ་པ་གཉིས་ཏེ། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱིས་ཆོས་གསུམ་ལས་གང་ཡིན་པ་མ་ངེས་པ་དང༌། དགེ་འདུན་ལྷག་མ་དང་ལྟུང་བྱེད་ཀྱོ་ཆོས་གཉིས་ལས་གང་ཡིན་མ་ངེས་པའོ། །དེ་གཉིས་ཀ་ཡང་སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་གསུངས་པ་འདིའི་ཁོངས་སུ་འདུས་ཏེ། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པ་ལས་ནི། མ་ངེས་པ་དང་པོར་འགྱུར་ལ། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པ་ལས་མི་མ་ངེས་པ་གཉིས་པར་འགྱུར་རོ། །འདི་གཉིས་ནི་གླེང་གཞིའི་དབང་གིས། དགེ་སློང་གིས་མ་ངེས་པའི་ཆོས་འདི་ལྟ་བུར་འགྱུར་བའི་གནས་སུ་འདུག་པར་མི་བྱའོ་ཞེས་བཅའ་བར་མཛད་པར་ཟད་ཀྱི། ལྟུང་བ་རྣམ་པར་གཞག་པ་ལ་ནི་ཡང་ན་ཕམ་པར་འགྱུར། ཡང་ན་དགེ་འདུན་ལྷག་མར་འགྱུར། ཡང་ན་ལྟུང་བྱེད་དུ་འགྱུར་བར་ཅི་རིགས་པར་སྦྱར་ཏེ། ལྟུང་བ་སྟེ་ལྔར་གཞག་པ་ལ་ནི་མ་གཏོགས་སོ། །ཚེ་དང་ལྡན་པ་དག་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་མ་ངེས་པ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །མ་ངེས་པའི་ཆོས་ཞེས་བྱ་བ་ནི། གང་ཡིན་གཏོལ་མེད་པས་མ་ངེས་པའོ། །འདི་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །གཉིས་པོ་འདི་དག་ནི་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱོ་ཆོས་གསུམ་ལས་གང་ཡིན་པ་མ་ངེས་པ་དང༌། དགེ་འདུན་ལྷག་མ་དང་ལྟུང་བྱེད་
ཀྱི་ཆོས་གཉིས་ལས་གང་ཡིན་པ་མ་ངེས་པའོ། །ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། འདུལ་བའི་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་མ་ངེས་བའི་ཆོས་དང་པོའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང༌། ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ནས། ཁྱིམ་བདག་གི་ཆུང་མ་སྦེད་མས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ། ཆོ་མཉན་པའི་ཕྱིར་འདུག་ཅིང་དེས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་པ། རི་དགས་འཛིན་གྱི་མས་ས་གས་མཐོང་ནས། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་ནས་རྣམ་གྲངས་དུ་མས་སྨད་དོ། །བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་བ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གསུམ་པོ་ཕམ་པར་འགྱུར་བ་འམ། དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང༌། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲ་བར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ།
དེ་ནི་མ་ངེས་པའི་ཆོས་སོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་མ་ངེས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི། བུད་མེད་དང་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི། གང་ན་བུད་མེད་དང་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི། ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོ་བསྐྱབས་པ་ནའོ། །འདོད་པ་བྱར་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་རུང་བར་ཐར་ཉེ་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཙོས་འཇོག་པར་བྱེད་ཅིང་ངོ༌། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་འཆར་ཀ་ལའོ། །དགེ་བསྙེན་མ་ཞེས་བྱ་བ་ནི། རི་དགས་འཛིན་གྱི་མས་གའོ། །ཡིད་ཆེས་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པ་དང༌། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང༌། སངས་རྒྱས་ལ་གཅིག་ཏུ་གྱུར། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང༌། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད། ཆོས་དང་དགེ་འདུན་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། བདེན་པ་མཐོང་བ་དང༌། འབྲས་བུ་ཐོབ་པ་དང༌། མངོན་པར་རྟོགས་པ་དང་ལྡན་པ་དང༌། གང་གིས་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་ཚིག་སྨྲ་བར་མི་ནུས་པའོ། །ཚིག་དང་ལྡན་པས་ཞེས་བྱ་བ་ནི། དེ་ལྟ་བུའི་ཚིག་གི་བྱ་བ་དང་ལྡན་པས་སོ། །ཆོས་གསུམ་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །ཕམ་པར་འགྱུར་བའམ། དགེ་འདུན་
ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་དག་ལས་གང་ཡང་རུང་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བའོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་བའོ། །སྨྲས་པར་གྱུར་ལ་ཞེས་བྱ་བ་ནི། བརྟལ་བར་གྱུར་ལའོ། །དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་དྲང་པོར་ཁས་བླངས་ནའོ། །ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་ཞེས་བྱ་བ་ནི་དེ་དང་གང་ཁས་བླངས་པ་འཆགས་སུ་གཞུག་པའོ། །དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང༌། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང༌། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས་འདི་ལྟར་ངེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱེད་པ་འམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་བཏུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བའམ། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང༌། བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི། འཆགས་སུ་གཞུག་པའོ། །དེ་ནི་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ནི་རྣམ་པར་མ་བཞག་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས། ཕམ་པར་འགྱུར་བའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན། ཕམ་པར་འགྱུར་བའི་དངོས་གཞིར་
འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་དགེ་འདུན་ལྷག་མའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས། ལྟུང་བྱེད་ཀྱི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་དུ་རུང་བ་དང༌། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། གཅིག་པུ་དབེན་པ་ན་སྐྱབས་ཡོད་པར་འདོད་པ་བྱར་རུང་བར་འདུག་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་ཅི་རིགས་པར་འགྱུར་ཏེ། དངོས་པོ་དང༌། ཕྱོགས་དང༌། བསམ་པ་དང༌། ཆེ་བཞི་དང༌། ཁས་བླངས་པའོ།། དེ་ལ་དངོས་པོ་ནི་དགེ་སློང་བུད་མེད་དང་ལྷན་ཅིག་ཅེས་བྱ་བའོ། །ཕྱོགས་ནི་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་ཞེས་བྱ་བའོ། །བསམ་པ་ནི་འདོད་པར་བྱར་རུང་བར་སྟན་ལ་འདུག་ཅིང་ཞེས་བྱ་བའོ། །ཆེ་བཞི་ནི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ་ཞེས་བྱ་བའོ། །ཁས་བླངས་པ་ནི་དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མ་ངེས་པ་དང་པོའོ།། །།མ་ངེས་པ་གཉིས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་པའི་ཚེ། དགེ་སློང་ཤི་རི་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་
སྙོམས་ལ་ཞུགས་ནས་མཐར་གྱིས་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་ནས། ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས་དགེ་སློང་ཤི་རི་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་ཅིང༌། དེས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་པ། དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་ཤི་རི་ཀ་ལ་རྨས་ནས་རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱང་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌། གལ་ཏེ་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ནས། ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང༌། དགེ་སློང་དེས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་ཤི་རི་ཀ །ཉོན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་མ་ངེས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤི་རི་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་སྐྱེས་
པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི། ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་མི་རུང་བར་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པ་བྱར་མི་རུང་བར་ཐག་རིང་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་མ་ཡིན་པར་རྐུ་བ་ཚོས་འཇོག་པར་བྱེད་ཅིང་ངོ༌། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཤི་རི་ཀ་ལའོ། །དགེ་བསྙེན་མ་ཞེས་བྱ་བ་ནི་ལེགས་སྐྱེས་སོ། །ཡིད་ཆེས་པ་ཞེས་བྱ་བ་ནི། སངས་རྒྱས་ལ་མངོན་པར་དད་པ་དང༌། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང༌། སངས་རྒྱས་ལ་གཅིག་ཏུ་གྱུར། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང༌། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། ཆོས་དང་དགེ་འདུན་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། བདེན་བ་མཐོང་བ་དང༌། འབྲས་བུ་ཐོབ་པ་དང༌། མངོན་པར་རྟོགས་པ་དང་ལྡན་པ་དང༌། ངག་གིས་རང་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་ནུས་པའོ། །ཚིག་དང་ལྡན་པ་ཞེས་བྱ་བ་ནི། དེ་ལྟ་བུའི་ཚིག་གི་བྱ་བ་དང་ལྡན་པས་སོ། །ཆོས་གཉིས་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །དགེ་འདུན་ལྷག་མ་འམ་ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ཆོས་བཅུ་གསུམ་པོ་དག་ལས་གང་ཡང་རུང་བའོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་བའོ། །སྨྲས་པར་གྱུར་ལ་ཞེས་བྱ་བ་ནི་བརྟལ་བར་གྱུར་པ་ལའོ། །དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་དྲང་པོར་བླངས་ནའོ། །ཆོས་གཉིས་པོ་དགེ་འདུན་ལྷག་མའམ་ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་ཞེས་བྱ་བ་ནི་དེ་དག་ཁས་བླངས་པས་འཆགས་སུ་
གཞུག་པའོ། །དགེ་སློང་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི། འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ན་ལྟུང་བ་ལ་མི་མཁས་པ་དང༌། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང༌། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས་འདི་ལྟར་དེས། དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་ཀྱི་ཡུལ་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱ་བའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་བཏུང་བའམ། ས་རྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བའམ། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང༌། བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི། དེ་ཡང་རྣམ་པར་མ་བཞག་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་དང༌། དེའི་བྱེ་བྲག་དང༌། བྱེད་པ་པོ་དང༌། ཡན་ལག་གཞན་ཐམས་ཅད་ནི་མ་ངེས་པའི་ཆོས་དང་པོའི་སྐབས་སུ་བསྟན་པ་ཁོ་ན་བཞིན་ནོ། །ཁྱད་པར་དུ་ན་འདིར་དགེ་སློང་ནི་ཤི་རི་ཀ །བུད་མེད་ནི་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས། དགེ་བསྙེན་མ་ནི་ལེགས་སྐྱེས། བསམ་པ་ནི་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པ། ལྟུང་བ་ནི་ཕམ་པར་འགྱུར་བ་མ་གཏོགས་པ་དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱི་ཆོས་གཉིས་གང་ཡིན་མ་ངེས་པའོ། །མ་ངེས་པ་གཉིས་པའོ།། །།ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི། མ་ངེས་པ་བཏོན་པའི་མཇུག་བསྡུ་བ་སྟེ། མ་ངེས་པའི་ཆོས་གཉིས་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པ་གཉིས་སོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི། དམ་བཅའ་བའི་མཇུག་བསྡུ་བའི་ཕྱིར་ཉན་པ་པོ་རྣམས་སྨྲ་བར་བྱ་བའི་ཕྱིར་སྨོས་སོ། །ཡང་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་
དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི། མ་ངེས་པ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི། མ་ངེས་པའི་ཆོས་གཉིས་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །མ་ངེས་པ་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་དྲུག་པ། ད་ནི་གདོན་པ་ལྔ་པ་སྟེ། རིལ་གྱིས་གདོན་པ་ཞེས་བྱ་བ་བཤད་པར་བྱ་སྟེ། དེ་ནི་སྤང་པའི་ལྟུང་བྱེད་དང༌། ལྟུང་བྱེད་འབའ་ཞིག་དང༌། སོ་སོར་བཤགས་པར་བྱ་བ་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་སྡེ་ཚན་གཅིག་ཏུ་བསྡུས་ཏེ། སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པའོ། །དེ་ལ་དང་པོར་སྤང་བའི་ལྟུང་བྱེད་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། འཆད་དང་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་བྱ་བ་ལ་སོགས་པ་བཅུ་ཕྲག་གསུམ་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་ དགོས་པ ་དང༌། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །བཅུ་པ་དང་པོ་འདིས་ནི། སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། འཆང་བ་དང༌། འབྲལ་བ་དང༌། འཇོག་པ་དང༌། འཁྲུར་འཇུག་པ་དང༌། ལེན་པ་དང༌། སློང་བ་དང༌། སློང་བར་རིགས་པ་དང༌། སྤགས་པ་སློངས་པ་དང༌། སོ་སོ་ནས་སློང་བ་དང༌། བསྐུར་བའོ། །བཅུ་པ་གཉིས་པས་ཀྱང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་སྟོན་ལ། བཅུ་པ་གསུམ་པས་ཀྱང་བཅུ་སྟོན་ཏེ། སྤྱིར་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུའོ། །ཚེ་དང་ལྡན་པ་དག་སྤང་བའི་འདུ་བྱེད་ཀྱི་ཆོས་སུམ་ཅུ་པོ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི། སྤང་བའི་ལྟུང་བྱེད་གདོན་པའི་ལུས་དབོག་པ་བསྟན་ཏོ། །སྤང་བའི་ལྟུང་བྱེད་ཀྱི་ཆོས་ཞེས་བྱ་བ་ནི། དགེ་སློང་གི་ཡོ་བྱད་སྤང་བར་འགྱུར་ན་དེ་སེམས་ཀྱིས་སྤངས་ཤིང༌། ཞག་གཅིག་ཡན་ཆད་བདག་ཉིད་དང་བྲལ་བར་བྱས་ནས་ལྟུང་བ་
བཤགས་པར་བྱ་དགོས་པས་སྤང་བའི་ལྟུང་བྱེད་དོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །སུམ་བཅུ་པོའི་འདི་དག་ནི་ཞེས་བྱ་བ་ནི་བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་ལས་འབྱུང་བ་དག་གོ །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །འཆང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉམ་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ཆོས་གོས་མངས་ཆེས་པའི་ཡན་ལག་གིས་ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གིས་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས་དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ཟང་ཟིང་ལ་འདུ་བ། ཉེས་པ་ནི་བྱ་བ་ཤོར་བའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་ཞེས་བྱ་བ་ནི། དགེ་སློང་གིས་ཆོས་གོས་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་བས་སོ། །སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་ཞེས་བྱ་བ་ནི། དགེ་འདུན་དབྱར་སྔ་མའམ། ཕྱི་མར་གནས་པར་ཁས་བླངས་ནས། དགག་དབྱེ་བྱས་པའི་འོག་ཏུ། དགེ་སློང་ཐམས་ཅད་ཀྱི་དབྱར་གྱི་རྙེད་པ་དང༌། ཕན་ཡོན་གྱི་གཏན་པ་བཅའ་བའི་ཆོས་གོས་གཏན་པ་ལྟ་བུ་བྱིན་གྱིས་བརླབས་པའོ། །ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་དབྱུང་བའི་དུས་ནི་རྣམ་པ་གཉིས་ཏེ། དབྱར་སྔ་མར་གནས་པར་ཁས་བླངས་པས་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་
བའི་དུས་དཔྱིད་ཟླ་ར་བ་ཉ་ལའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པས་སྟོན་ཟླ་ཐ་ཆུངས་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི། དབྱུང་བའི་དུས་དཔྱིད་ཟླ་འབྲིང་པོ་ཉའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི་མཚན་མོ་བཅུའི་མཐར་རོ། །གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ལས་ལྷག་པའོ། །རུང་བར་མ་བྱས་པ་ཞེས་བྱ་བ་ནི། བརྟག་པར་མ་བྱས་པའོ། །བཅང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་བའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གོས་རང་གི་འཁོར་གསུམ་ཁེབས་པའི་མཐའི་ཚད་དང་ལྡན་པ་ཡོད་ལ་བྱིན་གྱིས་མ་བརླབས་པར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ཡིན་ན། ཞག་བཅུ་གཅིག་བའི་སྐྱ་རེངས་དང་པོ་ཤར་ན་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རང་གི་གོས་དང་བྱིན་གྱིས་མ་བརླབས་པའོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་དང༌། གོས་དང༌། འཁོར་གསུམ་ཁེབས་པའི་མཐའ་ཚད་དང༌། ཡོད་པ་དང༌། བྱིན་གྱིས་མ་བརླབས་པ་དང༌། ཞག་བཅུར་རྗེས་སུ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཆང་བའི་སྤང་བ་སྟེ་དང་པོའོ།། །།འབྲལ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ཆོས་གོས་མངས་ཆེས་པའི་རྐྱེན་གྱིས་ཆོས་གོས་ཀྱི་གཏུར་བུའི་བམ་པོ་གཞན་ལ་འདོམས་ཤིང༌། བདག་ཉིད་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོད་ཞིང་ལུས་མ་སྦས་པ་དང༌། སྤེད་དུ་མ་བཅུག་པར་གྱུར་ལ། དགེ་སློང་གཞན་དག་ཀྱང་དེའི་སྦ་བརྟུལ་དང་བྱི་དོར་གྱི་ལས་ཀྱིས་ལུང་ནོད་པ་དང༌། ཀླག་པ་དང༌།
ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང༌། མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུ་བ། ཉེས་པ་ནི་རང་གི་ལུས་མ་སྦས་པ་དང༌། གཞན་གྱི་བྱ་བ་ཤོར་བའོ། །དེ་ལ་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ནུབ་གཅིག་ཀྱང་ཞེས་བྱ་བ་ནི་ནུབ་གཅིག་གི་མཐར་ཡང་ངོ༌། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་ཞེས་བྱ་བ་ནི། སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་ལས་གང་ཡང་རུང་བ་དང་ངོ༌། །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི། གཞན་དུ་སྐྱ་རེངས་འཆར་བར་བྱེད་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། གནང་བ་མ་ཐོབ་པས་ཆོས་གོས་བྱིན་གྱིས་བརླབས་པ་དང༌། གནས་ཉེན་ཀོར་དང་བཅས་པ་ནས་ཞག་གཅིག་བྲལ་ན། འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བྱིན་གྱིས་བརླབས་པ་དང༌། གནང་བ་མ་ཐོབ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིར་འགྱུར་ཏེ། གནང་བ་མ་ཐོབ་པ་དང༌། བྱིན་གྱིས་བརླབས་པ་དང༌། གོས་རུང་བ་དང༌། གནས་ཉེན་ཀོར་དང་བཅས་པ་དང༌། ཞག་གཅིག་
བྲལ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འབྲལ་བའི་སྤང་བ་སྟེ་གཉིས་པའོ།། །།འཇོག་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རྣམས་གོས་ཧ་ཅང་མང་བ་ཉིད་ཀྱི་རྐྱེན་གྱིས་གོས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྟུག་པོ་དང༌། སྲབ་མོ་དག་རྙེད་ན་དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་འདི་དང་འདྲ་བ་རྙེད་པར་གྱུར་པ་དེའི་ཚེ་ཆོས་གོས་བྱེད་དུ་གཞུག་གོ་སྙམ་དུ་རེ་བས་དེ་འཇོག་པར་བྱེད་ན། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས་དུས་མ་ཡིན་པའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་དེས་གོས་དེ་བླང་པར་བྱ། བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནས་གོས་སུ་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་ལ་ཁ་མ་ལངས་པ་ཁ་སྐོང་བའི་གོས་ལ་རེ་བ་ཡོད་ན་དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ཟང་ཟིང་ལ་གདུ་བ། ཉེས་པ་ནི་གོས་ཀྱི་ཁ་སོགས་འཇོག་པའོ། །དེ་ལ་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དུས་མ་ཡིན་པའི་གོས་ཤིག་ཅེས་བྱ་བ་ལ། དགེ་སློང་གི་གོས་ཀྱི་དུས་ནི་གང་ཡིན་དུས་མ་ཡིན་པ་ནི་གང་ཡིན་ཞེ་ན། སྲ་བརྐྱང་བཏིང་བའི་གནས་ན་ནི། སྟོན་ཟལ་འབྲིང་པོ་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་དེ་དག་ནི་གོས་ཀྱི་དུས་ཡིན་ལ། དེ་ཕན་ཆད་དུ་ནི་དུས་མ་ཡིན་ནོ། །སྲ་བརྐྱང་མ་བཏིང་བའི་གནས་ན་ནི་ཐམས་ཅད་དུས་མ་ཡིན་ནོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་གོས་དེ་བླང་བར་བྱ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །གལ་ཏེ་ལངས་ན་ཞེས་བྱ་བ་ནི་གལ་ཏེ་ཆོག་ནའོ། །ཆོས་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི་མི་བརྐྱང་
བ་ཁོ་ནར་བྱིན་གྱིས་བརླབ་ཏུ་རུང་བར་བྱས་ཏེའོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་མི་ཆོ་ག་ནའོ། །ཁ་མ་ལངས་པ་ཁ་སྐོང་བའི་ཞེས་བྱ་བ་ནི་སྣམ་སྦྱར་རམ། བླ་གོས་སམ། མཐང་གོས་ཁ་མ་ལངས་པ་ཁ་སྐོང་བའི་འོ། །གོས་ལ་རེ་བ་ཡོད་ན་ཞེས་བྱ་བ་ནི་དགེ་སློང་ལ། མས་བདག་ལ་གོས་སྦྱིན་པའི་རེ་བའམ། ཕ་འམ། ཕུ་ནུ་འམ། སྲིང་མོ་འམ། སློབ་དཔོན་ནམ། མཁན་པོས་བདག་ལ་གོས་སྦྱིན་པའི་རེ་བའམ། ལོ་ལྔའི་དུས་སྟོན་གྱི་ཚེ་འམ། ལོ་དྲུག་གི་དུས་སྟོན་གྱི་ཚེའམ། གཙུག་ཕུད་འབྲེག་པའི་དུས་སྟོན་གྱི་ཚེའམ། གནས་ཁང་གི་དུས་སྟོན་གྱི་ཚེའམ། དུས་སྟོན་ཆེན་པོའི་ཚེ་རྙེད་དུ་རེ་བ་ཡོད་ནའོ། །དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ་ཞེས་བྱ་བ་ནི་ཟླ་བ་གཅིག་གི་མཐའ་ཚུན་ཆད་དུའོ། །དེ་ལས་འདས་པར་འཇོག་ན་ཞེས་བྱ་བ་ནི། དེ་ལས་ཐལ་བར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པའི་གོས་ཆུང་བ་ཁྲུ་གང་ཡན་ཆད་པ་ཞག་སུམ་ཅུ་འདས་པར་འཇོག་ན། འཇོག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པ་དང༌། གོས་དང༌། ཚད་ཁྲུ་གང་ཡན་ཆད་པ་དང༌། ཞག་སུམ་ཅུ་འདས་པའོ། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཇོག་པའི་སྤང་བ་སྟེ་གསུམ་པའོ།། །།འཁྲུར་འཇུག་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན། ཚེ་དང་ལྡན་པ་འཆར་ཀས་སྔོན་གྱི་ཆུང་མ་དགེ་སློང་མ་སྦེད་མ་རང་གི་གནས་སུ་འོངས་པ་ལ། ཆོས་བསྟན་པར་བརྩམས་
ནས། སྔོན་གྱི་བགད་པ་དང༌། དགའ་བར་བྱས་པ་དང༌། རྩེས་པ་དང༌། དགའ་མགུར་སྤྱད་པ་དྲན་ཏེ། ཀུན་དུ་ཆགས་པར་གྱུར་ནས་བརྩལ་བར་བརྩམས་པ་དང༌། སྦེད་མ་བྲོས་པའི་ཕྱི་བཞིན་བསྙགས་པ་དེའི་ཚེ་དེ་ལ་བརླའི་རེག་པས་ཁུ་བ་བྱུང་ནས། ཤམ་ཐབས་མ་རུང་བར་གྱུར་པ། སྦེད་མས་བླངས་ཏེ་བཀྲུ་བར་བརྩམས་པའི་ཚེ་སྦེད་མ་དེ་ཀུན་ཏུ་ཆགས་པར་གྱུར་ནས། ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་པ་ལས། བུ་གཞོན་ནུ་ཞེས་བྱ་བ་ཆགས་པར་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་རྣམས་ཀྱི་ཉེས་དམིགས་གང་ཡིན་པ་དེ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུད་དམ། འཚེད་དུ་འཇུག་གམ་འཆག་ཏུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་བའོ། །ཉེ་དུ་མ་ཡིན་པ་ལ་ཞེས་པ་ནི་ཕྱི་མོ་དང་མེས་པོ་དང༌། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང་ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །རྙིང་པ་ཞེས་བྱ་བ་ནི་དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ། །འཁྲུར་འཇུག་གམ་ཞེས་བྱ་བ་ནི། ཐ་ན་ཆུར་སྙུག་པར་བྱེད་དུ་འཇུག་ནའོ། །འཚེད་དུ་འཇུག་གམ་ཞེས་བྱ་བ་ནི་ཐ་ན་ཚོན་དུ་སྙུག་པར་བྱེད་དུ་འཇུག་ནའོ། །འཆག་ཏུ་འཇུག་ན་ཞེས་བྱ་བ་ནི་ཐ་ན་ཐལ་མོས་བརྡེབས་པ་བྱེད་དུ་འཇུག་ནའོ། །སྤང་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །
དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ། ཆོས་གོས་དང༌། གདིང་བ་དག་ལས་འགའ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བསྒོ་བས། འཁྲུར་བཅུག་གམ་འཚེད་དུ་བཅུག་གམ། འཆག་ཏུ་བཅུག་པ་དག་བྱས་པ་ཉིད་ན་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གོས་དང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བྱིན་གྱིས་བརླབས་པ་དང༌། རང་གི་དང༌། རྙིང་པོ་དང༌། འཁྲུར་གཞུག་པར་འོས་པ་དང༌། གོས་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། བསྒོ་བ་དང༌། བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཁྲུར་འཇུག་པའི་སྤང་བ་སྟེ་བཞི་པའོ།། །། ལེན་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ཀྱིས་དགོན་པར་གནས་པ་མ་བཀག་པ་དེའི་ཚེ་ན་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང༌། ནགས་མུན་པ་ཅན་དུ་འགོག་པ་ལ་སྙོམས་པར་འཇུག་པ་ལ། ཆོམ་རྐུན་པ་གཡོན་ཅན་ལྔ་བརྒྱ་ཙམ་གྱིས་རས་ཡུག་ཆེན་པོ་ལ་འོས་པ་གཅིག་དང༌། བསོད་སྙོམས་ཀྱི་ཕུད་གཅིག་ཕུལ་བ་དགེ་སློང་མ་ཨུཏྤ་ལའི་མདོག་གིས། རྒྱལ་བྱེད་ཀྱི་ཚལ་དུ་བསོད་སྙོམས་ཀྱི་ཕུད་ནི་དགེ་སློང་རྣམས་ལ་ཕུལ། རས་ཡུག་ཆེན་པོ་ནི་ཉེ་དགའ་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བས་ཨུཏྤ་ལའི་མདོག་གི་ཆོས་གོས་ངན་ཅིང༌། སྣམ་སྦྱར་ཀྱང་རྙིངས་པར་གྱུར་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཀུན་དགའ་བོ་ལ་ཇི་ལྟར་གྱུར་པ་རྨས་པ་དང༌། ཀུན་དགའ་བོས་གསོལ་བ། བཙུན་པ་སྲིང་མོ་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལགས་ཏེ། འདིས་སངས་རྒྱས་སམ་ཆོས་སམ། དགེ་འདུན་ནམ། དགེ་སློང་ཡིད་དུ་འཐད་པ་དག་ལ་མ་ཕུལ་བའམ། ཡོངས་སུ་མི་གཏོང་
བ་ཅི་ཡང་མ་མཆིས་པས་འདིས་དེང་རས་ཡུག་ཆེན་པོ་རྙེད་ནས་དེ་ཡང་ཉེ་དགའ་ལ་སྩལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་ཨུཏྤ་ལའི་མདོག་ལ་གཙུག་ལག་ཁང་ཆེན་པོ་ནས། ཆོས་གོས་ལྔ་སྩལ་བར་གཏད་དེ། དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལྷག་པ་ལེན་པར་དགོངས་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་པའོ། །དེ་ལ་དགེ་སློང་གང་ཞེས་བྱ་བ་ནི་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་གོས་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། གོས་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ལེན་ན་ཞེས་བྱ་བ་ནི་བདག་གིར་བྱེད་ནའོ། །བརྗེས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི། བརྗེས་པ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པས་གོས་དག་གི་རྣམ་པར་རིག་བྱེད་ཀྱིས་ལེན་ན་ལག་ཏུ་འོངས་པ་ལས། ལྟ་བའི་ཉེན་འཁོར་དུ་གྱུར་པ་ན་ལེན་པའི་སྤོང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཡང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། གོས་དང་རུང་བ་དང༌། ངག་གི་རྣམ་པར་རིག་བྱེད་དང༌། ལེན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལེན་པའི་སྤང་བས་ཏེ་ལྔ་པའོ།། །།སློང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན།
རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ། རང་གི་ཆུང་མས་རས་ཟུང་བཟང་པོ་ཅིག་བྱིན་ནས། ཁྱིམ་བདག་དེ་དད་པ་དང་ལྡན་ཞིང་དགེ་བའི་བསམ་པ་ཅན་ཡིན་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང༌། ཉེ་དགས་ཆོས་བསྟན་ནས། དང་ན་དུས་ཀྱི་ཕྱིར། ནན་གྱིས་དེའི་བླ་གོས་བླངས་ནས། དོར་ཐུང་གྱོན་ཏེ་ཕྱིར་བསྟན་ནས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས། གོས་སློང་བ་དགག་པར་དགོངས་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་གོས་བླང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གན་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་སོང་སྟེའོ། །གོས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། རས་བལ་གྱི་གོས་དང༌། དུ་གུ་ལའི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །སློང་ན་ཞེས་བྱ་བ་ནི་སློང་མོ་བྱེད་ནའོ། །དུས་མ་གཏོགས་ཏེ་
ཞེས་བྱ་བ་ནི་དུས་གཞག་སྟེའོ། །སྤོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆོམ་རྐུན་པ་དག་གམ་གཡོན་ཅན་དག་གིས་ཕྲོགས་པར་གྱུར་པའོ། །གོས་བརླག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་བརླག་པར་གྱུར་པའམ། འཁྱམས་པར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་མེས་ཚིག་པར་གྱུར་པའོ། །གོས་རླུང་གིས་ཁྱེར་རམ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་གི་གོས་དག་རླུང་གིས་ཁྱེར་བར་གྱུར་པའོ། །གོས་ཆུས་ཁྱེར་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆུས་ཁྱེར་བར་གྱུར་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང་ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་བ་སློང་བར་མི་རིགས་པས་མིའི་འགྲོ་བར་གཏོགས་པ། ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ། རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ཉིད་ཐོབ་ན། སློང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ན་མིའི་འགྲོ་བར་གཏོགས་པ་གྱུར་པ། སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་འཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པར་སློང་བར་མི་རིགས་པ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། གོས་རུང་བ་དང་ཚད་དང་ལྡན་པ་ལས་མི་ཆུང་བ་དང༌། རིན་ཐང་དང་ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སློང་
བའི་སྤང་བ་སྟེ་དྲུག་པའོ།། །།སློང་བར་རིག་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་ལ་བློ་སྐྱེས་པ། འདི་དག་ཐམས་ཅད། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམས། ཕྱིན་ཆད་གང་ནས་ཀྱང་བཅའ་བའི་རིན་ཙམ་ཡང་བསླང་བར་མི་ནུས་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་ཆོམ་རྐུན་པ་དག་གིས་བཅོམ་པ་ལ་བརྟེན་ནས་བསླབ་པའི་གཞི་བག་ཡངས་སུ་མཛད་པ་ཡོད་པས་བདག་གིས་དེ་དག་སྔོན་དུ་བཏང་སྟེ། རྙེད་པ་བསྒྲུབ་པར་བྱའོ་སྙམ་ནས། དེས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དགེ་ཁྲིད་དེ། དབུལ་པོ་དང༌། ཕྱུག་པོའི་སྲང་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དང༌། བཙུན་མོ་རྒྱལ་རིགས་དབྱར་ཚུལ་མ་དང༌། བཙུན་མོ་ཕྲེང་ལྡན་མ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང༌། བཙུན་མོ་འཁོར་གྱི་ཞལ་ཏ་བ་དྲང་སྲོང་བྱིན་དང༌། རྙིང་པ་གཉིས་པ་དང༌། དགེ་བསྙེན་རི་དགས་འཛིན་གྱི་མ་ས་ག་དང༌། དགེ་བསྙེན་མ་ཁྱིམ་བདག་གི་ཆུང་མ་ལེགས་སྐྱེས་ཀྱི་ཁྱིམ་དག་ནས་གོས་མང་པོ་བསླངས་ཏེ། དྲུག་སྡེ་འཁོར་དང་བཅས་པ་དག་གིས་བསྣམས་ནས། གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་ལ། རྙང་རྙིང་ཉུང་ཤས་ཞིག་བྱིན་ཏེ་བཏང་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གོས་སློང་བར་རིགས་པས་ཀྱང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་ལས་ལྷག་པ་ལེན་པ་དགག་པར་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་གོས་བསླང་བར་བྱའོ། །གལ་ཏེ་དེ་ན་བྲམ་ཟེའམ་ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་
པར་འདོད་ན་དགེ་སློང་དེས་དེ་ལས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པར་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་དང་དྲུག་སྡེ་རྣམས། ཉོན་མོངས་པ་ནི་མ་བརྟགས་པར་སྤྱོད་པ་དང་འདོད་ཞེ་ན། ཉེས་པ་ནི་ལེན་པའི་དྲོད་མི་ཤེས་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆོམ་རྐུན་པ་དག་གམ། གཡོན་ཅན་དག་གིས་ཕྲོགས་པར་གྱུར་པའོ། །གོས་བརླག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་བརླག་པར་གྱུར་པའམ་འཁྱམས་པར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་མེས་ཚིག་པར་གྱུར་པའོ། །གོས་རླུང་གིས་ཁྱེར་རམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་རླུང་གིས་ཁྱེར་བར་གྱུར་པའོ། །གོས་ཆུས་ཁྱེར་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆུས་ཁྱེར་ནའོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་དོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། ཕྱི་མོ་དང་མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གན་དུ་སོང་ལ་ཞེས་བྱ་བ་ནི། དྲུང་དུ་སོང་ལའོ། །གསོ་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང་ཟར་མའི་གོས་དང༌། རས་བལ་གྱི་གོས་དང༌། དུ་གུ་ལའི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉེ་འོག་གི་གོས་ལས་གང་ཡང་རུང་བའོ། བསླང་བར་བྱའོ་ཞེས་བྱ་བ་ནི་སློང་མོ་བྱ་བའོ། །གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་ལ་ཞེས་བྱ་བ་ནི་འབུལ་བའོ། །འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ། །དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ་ཞེས་བྱ་བ་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་
སྨད་གཡོགས་དང་བཅས་པ་དང༌། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ། །དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི། སར་པ་ལས་སྣམ་སྦྱར་ཉི་རིམ་དང༌། རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་པའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི། རས་ཡུག་ཆེན་ཁྲུ་བཅུ་གཉིས་དང༌། རས་ཡུག་ཕྲན་ཁྲུ་བདུན་པ་དང་དོ་པའོ། །དེ་ལས་ལྷག་པར་ལེན་ན་ཞེས་བྱ་བ་ནི། དེ་ལས་གོང་མའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤང་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བ་སློང་བར་རིགས་པས་མིའི་འགྲོ་བར་གཏོགས་པ། ཁྱིམ་པར་གྱུར་པ། སྲོག་དང་ལྡན་པ། ཉེ་དུ་མ་ཡིན་པ་ལས། སྟོད་གཡོགས་སྨད་གཡོགས་དང་བཅས་པ། རུང་བ་ཚད་ལས་མི་ཆུང་བ་ཕྲུགས་གཅིག་ལས་ལྷག་པར་ལེན་ན། སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ཡང་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་གྱུར་པ་སློང་བར་རིགས་པ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ། སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པ། རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་དང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཕྲུགས་གཅིག་གི་མཐར་ཐུག་པ་ལས་ལྷག་པ་དང༌། ལེན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སློང་པར་རིགས་པའི་སྤང་བ་སྟེ་བདུན་པའོ།། །སྤགས་པ་སློང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཟའ་བྲན་གཉིས་ཤིག་འདོད་པ་ལ་ལོག་པར་སྤྱོད་པས། བུ་མོ་མངག་གཞུག་མ་ཞིག་ཡོད་པ་རྟག་ཏུ་བརྡེགས་ནས། ཉེ་དགས་དེ་ཚོར་ནས་ཁྱིམ་བདག་གཞའ་བྲན་གཉིས་ཅི་ནས་ཀྱང་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་གྱུར་པ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་བའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས། དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །དེ་ཕྱིན་ཆད་དེ་གཉིས་བུ་མོ་དེ་ལ་ཡང་མི་རྡེག་ཅིང་ཉེ་དགའ་ལ་ཡང་རས་ཡུག་ཆེན་པོ་གཅིག་དབུལ་པར་གླེངས་པ་བུ་མོ་དེ་ཐོས་ནས་ཉེ་དགའ་ལ་སྦྲན་པ་དང༌། ཉེ་དགའ་དེར་འོངས་ཏེ་རས་ཡུག་ཆེན་པ་བདས་ནས་ཕུལ་པ་དང་དེས་མ་མགུ་སྟེ། ཚོང་འདུས་ནས་རས་ཡུག་ཆེན་བཟང་པོ་ཉོས་ཏེ་དབུལ་དུ་བཅུག་པའི་རིན་དུས་སུ་མ་འཁོར་ནས། བུ་ལོན་པས་ཁྱིམ་བདག་བཟུང་སྟེ། ཉི་མ་ལ་བཏགས་ནས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྤགས་པ་སློང་བ་དགག་པར་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་དག་སྤགས་ནས། བདག་གིས་གོས་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང༌། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས། ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་བསྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་
བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྤགས་པ་སློང་པའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་རམ་དངུལ་ལོ། །སྤགས་ནས་ཞེས་བྱ་བ་ནི་སྟ་གོན་བྱས་ནས་སོ། །བདག་གིས་གོས་ཀྱི་རིན་འདི་དག་གིས་ཞེས་བྱ་བ་ནི་གསེར་རམ་དངུལ་ལ་སོགས་པ་གང་དག་སྤགས་པ་དག་གིས་སོ། །གོས་འདི་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སློང་འདི་དང་འདི་ཞེས་བྱ་བ་འོངས་དང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་ཞེས་བྱ་བ་ནི་ལོངས་སྤྱོད་པར་བཟོད་པའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་སྟེའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི། རབ་དང་མཆོག་འདོད་པའི་ཕྱིར་རོ། །ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་ཞེས་བྱ་བ་ནི་དྲུང་དུ་སོང་ནས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་པའི། གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་ཞེས་བྱ་བ་ནི་གཅིག་ཉོས་ཏེའོ། །བདག་ལ་གོས་རུང་བ་དུས་སུ་ལེགས་པར་བསྐོན་ཅིག་ཅེས་སྨྲས་ཏེ་ཞེས་བྱ་བ་ནི་སྤགས་པ་སློད་པའི་ཚིག་དེ་སྐད་ཅེས་སྨྲས་ཏེའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་
པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་སྤགས་པ་སློང་བའི་སྤོང་བ་འདི་ནི། སྔར་སློང་བའི་སྤང་པ་བཤད་པའི་རབ་ཏུ་དབྱེ་བར་གྱུར་པ་ཡིན་པས་མཚན་ཉིད་གཞན་ཐམས་ཅད་ནི་སྔར་སློང་བ་སྤང་བའི་སྐབས་སུ་བསྟན་པ་ཁོ་ན་བཞིན་ནོ། །བྱེ་བྲག་ཏུ་ན་སྦྱིན་བདག་གང་ཡང་རུང་བས་སྤགས་ཀྱང་རུང་མ་སྤགས་ཀྱང་རུང་བ་དགེ་སློང་གིས་མི་ཤེས་པ་སློང་བ་ནི་སློང་བའི་སྤང་བ་སྔར་བསྟན་པའི་ཡུལ་ཡིན་ལ། སྦྱིན་བདག་སྤུངས་ཆུང་དུས་སྤྱི་ལ་སྤགས་པ་དགེ་སློང་ལ་མ་ཕུལ་བ་དགེ་སློང་དེས་ཤེས་པ་སློང་བ་ནི་སྦགས་པ་སློང་བའི་སྤང་བའི་འདིའི་ཡུལ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང་ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པས་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སྤགས་པ་མ་ཕུལ་བར་ཤེས་པ་རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ཉིད་ཐོབ་ན། སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ཡང་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ། སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་བ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ། སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སྤགས་པ་མ་ཕུལ་བར་ཤེས་པ་དང༌། རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་སྤགས་པ་མ་ཕུལ་བར་ཤེས་པར་པ་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྤགས་པ་སློང་བའི་སྤང་བ་སྟེ་བརྒྱད་པའོ།། །།སོ་སོ་ནས་སྤགས་པ་སློང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་
བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཟའ་བྲན་གཉིས་ཤིག་འདོད་པ་ལ་ལོག་པར་སྤྱོད་པ། བུ་མོ་མངག་གཞུག་མ་ཞིག་ཡོད་པ་རྟག་ཏུ་བརྡེགས་ནས། ཉེ་དགས་དེ་ཚོར་ནས་ཁྱིམ་བདག་གཟའ་བྲན་གཉིས་ཅི་ནས་སྐྱང་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་བའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས། དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །དེ་ཕྱིན་ཆད་དེ་གཉིས་བུ་མོ་དེ་ལ་ཡང་མི་རྡེག་ཅིང༌། ཉེ་དགའ་ལ་ཡང་སོ་སོ་ནས་རས་ཡུག་ཆེན་རེ་རེ་དབུལ་བར་གླེངས་པ་བུ་མོ་དེས་ཐོས་ནས། ཉེ་དགའ་ལ་སྦྲན་པ་དང༌། ཉེ་དགའ་དེར་འོངས་ཏེ། སོ་སོ་ནས་རས་ཡུག་ཆེན་རེ་རེ་དབུལ་བར་བྱས་པ་བདས་པ་ཕུལ་བ་དང༌། དེས་མ་མགུ་སྟེ་ཚོང་འདུས་ནས་སོ་སོ་ནས་རས་ཡུག་ཆེན་བཟང་པོ་རེ་རེ་ཉོས་ཏེ་འབུལ་དུ་བཅུག་པའི་རིན་དུས་སུ་མ་འཁོར་ནས། བུ་ལོན་པས་ཁྱིམ་བདག་དེ་བཟུང་སྟེ། ཉི་མ་ལ་བཏགས་ནས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སོ་སོ་ནས་སྤགས་པ་སློང་བ་དགག་པར་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དག་སྤགས་ནས། བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང་བདག་ཅག་གཉིས་ཀྱིས་སོ་སོ་ནས། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང༌། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གི་ཕྱིར་
གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས། ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ། བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་བསྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སོ་སོ་ནས་སྤགས་པ་སློང་བའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་དང་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པས་ཞེས་བྱ་བ་ནི། ཕྱི་མོ་དང་མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ། །སོ་སོ་བདག་ཅེས་བྱ་བ་ནི་ཐ་དད་པ་དག་གོ །སྤགས་ནས་ཞེས་བྱ་བ་ནི་སྟ་གོན་བྱས་ནས་སོ། །བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཞེས་བྱ་བ་ནི་གསེར་རམ་དངུལ་ལ་སོགས་པ་སོ་སོ་བ་གང་དག་སྤགས་པ་དག་གིས་སོ། །གོས་འདི་དང་འདི་ལྟ་བུ་ཞེས་བྱ་བ་ནི་བདུན་པ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །སོ་སོ་བ་དག་ཅེས་བྱ་བ་ནི་ཐ་དད་པའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སློང་མིང་འདི་ཞེས་བགྱི་བ་འོངས་དང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་ཞེས་བྱ་བ་ནི་ལོངས་སྤྱད་པར་བཟོད་པའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་སྟེའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་རབ་དང་མཆོག་འདོད་པའི་ཕྱིར་རོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་ཞེས་བྱ་བ་ནི་དྲུང་དུ་
སོང་ནས་སོ། །འདི་སྐད་ཅེས་ཚེ་དང་ལྡན་བདག་གིས་བདག་གིས་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་ཞེས་བྱ་བ་ནི། ཐ་དད་པ་དག་ཉོས་དེའོ། །གཉི་ག་འདུས་ཏེ་ཞེས་བྱ་བ་ནི་གཉི་ག་ཚོགས་ཏེའོ། །བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་བསྐོན་ཅིག་ཅེས་སྨྲས་ཏེ་ཞེས་བྱ་བ་ནི། སོ་སོ་ནས་སྤགས་པ་སློང་བའི་ཚིག་དེ་སྐད་ཅེས་སྨྲས་ཏེའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་སོ་སོ་ནས་སྤགས་པ་སློང་པའི་སྤང་བའི་འདི་ནི་སྔར་སྤགས་པ་སློང་བའི་སྤང་བ་བཤད་པའི་རྣམ་པ་ཡིན་པས། མཚན་ཉིད་གཞན་ཐམས་ཅད་ནི་སྔར་སྤགས་པ་སློང་བའི་སྐབས་སུ་བསྟན་པ་ཁོ་ན་བཞིན་ནོ། །བྱེ་བྲག་ཏུ་ན་སྦྱིན་བར་བྱེད་པའི་སྤུངས་ཀྱི་བྱེ་བྲག་ལས་ལྟུང་བ་ཐ་དད་པར་རྣམ་པར་གཞག་པར་བྱ་སྟེ། སྔར་སྤགས་པ་སློང་བའི་སྤང་བ་ནི་སྦྱིན་པར་བྱེད་པ་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་གས་སྤྱི་ལ་གོས་ཀྱི་རིན་ཅིག་སྤགས་པ་སྦུངས་ཆུང་ངུའི་བྱེ་བྲག་ལས་རྣམ་པར་གཞག་གོ །འདིར་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ནི་སྦྱིན་པར་བྱེད་པ་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་གས་སོ་སོ་ནས་གོས་ཀྱི་རིན་སྤགས་པ་སྤུངས་ཆེན་པོའི་བྱེ་བྲག་ལས་རྣམ་པར་གཞག་སྟེ། དེ་ལྟར་ན་སློང་བའི་སྤང་བ་དག །སྤགས་པ་སློང་བའི་སྤང་བ་དང༌། སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ལ་བྱེ་བྲག་འདི་ཡོད་དེ་སྦྱིན་བདག་གང་ཡང་རུང་བས་སྤགས་ཀྱང་རུང༌། མ་སྤགས་ཀྱང་རུང་བ་དེ་དགེ་སློང་གིས་མི་ཤེས་པ་སློང་བ་ནི་སློང་བའི་ཡུལ་ཡིན་ལ། སྦྱིན་བདག་སྤུངས་ཆུང་ངུས་སྤྱི་ལ་སྤགས་པ་དགེ་སློང་ལ་མ་ཕུལ་བ་དགེ་སློང་དེས་ཤེས་པ་སློང་བ་ནི་སྤགས་པ་སློང་བའི་སྤང་བའི་ཡུལ་ཡིན་ལ། སྦྱིན་བདག་སྦུངས་ཆེན་པོས་སོ་སོ་ནས་སྤགས་པ་དགེ་སློང་ལ་མ་ཕུལ་བ་དགེ་སློང་དེས་ཤེས་པ་སློང་བ་ནི་སོ་སོ་ནས་སྤགས་པ་སླང་བའི་སྤང་བའི་ཡུལ་ཡིན་ནོ། །དེ་ལ་འདིར་ནི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་
བར་མི་རིགས་པས་སྦྱིན་པར་བྱེད་པ་སྦུངས་ཆེ་བ་མིའི་འགྲོ་བར་གཏོགས་པ། ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་དག་རིན་ཐང་དང༌། ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་དག་བསླངས་པ་དེ་དག་ཉིད་ཐོབ་ན། སོ་སོ་ནས་སྤགས་པ་སློང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྦྱིན་པར་བྱེད་པ་སྦུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། བརླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པ་དང༌། སྦྱིན་བདག་སྦུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ། སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ། སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་དང༌། རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བ་སྟེ་དགུ་བའོ།། །།བསྐུལ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་དཀའི་གནས་ན་བཞུགས་སོ། །ཉེ་དགའ་ལ་བློ་སྐྱེས་པ། འདི་དག་ཐམས་ཅད་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམ་པ་བྱས་པས་ཕྱིན་ཆད་རས་ཡུག་ཕྲན་སྒྲེ་བོ་ཡང་སུ་ལ་ཡང་བསླང་བར་མི་ནུས་ཀྱིས། འདི་ན་བདག་དང་ལྷན་ཅིག་ཡི་གེ་གྲྭ་ན་ཡིག་འབྲུའི་ཡི་གེ་དག་སློབ་སློབ་པ་བྲམ་ཟེ་དབྱར་ཚུལ་ཡོད་ཀྱིས་དེའི་གན་དུ་སོང་སྟེ་བལྟས་ན། དེ་ལས་ཅུང་ཟད་ཐོབ་པོ་སྙམ་ནས་དེའི་ཁྱིམ་དུ་སོང་བ་དང༌། བྲམ་ཟེ་དབྱར་ཚུལ་གྱིས་ཉེ་དགའ་དབྱར་གནས་པ་ལ་ཀཱཪྵཱ་པ་ཎ་དྲུག་ཅུ་དབུལ་བར་ཁས་བླངས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པར་ཆས་ནས་ཉེ་དགའ་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་སོང་བ་དང༌། བྲམ་ཟེ་
དབྱར་ཚུལ་གྱིས་ཉེ་དགའ་གང་དང་གང་དུ་གནས་པར། ཀཱཪྵཱ་པ་ཎ་དྲུག་ཅུ་བསྐུར་བར་བྱས་ནས། ཉེ་དགའ་ཡང་བཅོམ་ལྡན་འདས་ཀོས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པའི་ཞམ་འབྲིང་དུ་སོང་སྟེ། དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་གཞུགས་སོ། །དེའི་ཚེ་ན་བྲམ་ཟེ་དབྱར་ཚུལ་གྱིས། མཉན་ཡོད་པའི་ཚོང་པ་རྒྱལ་པོའི་ཁབ་ཏུ་ཚོང་ལ་འོངས་པའི་ཕྱིར། མཉན་ཡོད་དུ་འགྲོ་བ་ཞིག་ལ། ཀཱཪྵཱ་པ་ཎ་དྲུག་ཅུ་བསྐུར་ཏེ། ཉེ་དགའ་ལ་ཕུལ་ཅིག་ཅེས་བསྒོའོ། །དེ་ནས་ཚོང་པ་དེས་དེ་ཁྱེར་ཏེ། མཉན་ཡོད་དུ་ཉེ་དགའ་ལ་ཕུལ་ནས། ཉེ་དགས་དེ་སྲང་ནས་གཙུག་ལག་ཁང་དུ་ཁྱེར་བའི་ཁྱེའུ་དག་བརྙས་ཏེ། མཐར་གྱིས་སྤོས་འཚོང་གི་ཁྱེའུ་དད་པ་ཅན་ཞིག་གི་ཁྱིམ་དུ་གཏམས་ཏེ་བཞག་གོ །ཕྱི་དེ་ནང་པར་ཉེ་དགའ་དེ་ལེན་དུ་འོངས་ནས་ཚོང་པ་རྣམས་ཀྱིས་ཀྱང་བདག་ཅག་ལས་གང་ནང་པར་སྔར་མི་འདུ་བར་ཉི་མ་ཤར་ན་འོང་བ་དེ་ཀཱཪྵཱ་པ་ཎ་དྲུག་ཅུས་བཅད་པའི་ཁྲིམས་སུ་བྱ་བ་བཅས་ཏེ། དེ་ནས་ཉེ་དགས་སྤོས་འཚོང་གི་ཁྱེའུ་དེ་ལ་གཏམས་པའི་ཀཱཪྵཱ་པ་ཎ་དྲུག་ཅུ་བདས་ཏེ། སྤོས་འཚོང་གི་ཁྱེའུ་དེ། ཉེ་དགའ་ལ་དེ་འབུལ་བའི་ཚེ། ཉེ་དགས་རྒྱ་ལྟ་བ་ལ་སོགས་པའི་ཐ་སྙད་ཀྱིས་བརྒྱངས་པ་ན་ཉི་མ་ཤར་བར་གྱུར་ནས། སྤོས་འཚོང་གི་ཁྱེའུ་དེ་ཚོགས་ཀྱི་ནང་དུ་འདུ་འཕྱིས་པས། ཀཱཪྵཱ་པ་ཎ་དྲུག་ཅུས་བཅད་ནས་དེ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་ནོར་དད་དང་མི་མཛེས་པ་དགག་པར་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གི་ཕྱིར་རྒྱལ་པོ་འམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མའམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱི་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ།
བྲམ་ཟེའམ། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མའམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་རྣམས་ཀྱིས་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱིས་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི། དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་བའོ་ཞེས་ཀུན་དགའ་ར་བའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང༌། ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང༌། དེ་ལ་གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེ་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས། དགེ་སློང་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལས་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། དེའི་གན་དུ་བཞུད་ཅིག་དང་དེས་ཁྱེད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ་དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས།
གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏོ་གོས་བསྒྲུབ་པའི་ཕྱིར་བཙལ་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གི་རང་གི་ནོར་ཆུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ནོར་དང༌། ཉེས་པ་ནི་མི་མཛེས་པའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །རྒྱལ་པོའམ་ཞེས་བྱ་བ་ནི། འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོའམ་ཞེས་བྱ་བ་ནི་རྒྱལ་པོ་ལས་གཞན་པ་བློན་པོ་དང༌། རྩིས་མཁན་དང༌། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གོ །བྲམ་ཟེའམ་ཞེས་བྱ་བ་ནི། བྲམ་ཟེའམ་གཙང་སྦྲ་ཅན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི། ཁྱིམ་བདག་ཕྱུག་པོའི། །གྲོང་རྡལ་གྱི་མིའམ་ཞེས་བྱ་བ་ནི་གྲོང་ཁྱེར་མིའོ། །ཡུལ་མི་འམ་ཞེས་བྱ་བ་ནི་ཡུལ་གྱི་མིའོ། །ནོར་ཅན་ནམ་ཞེས་བྱ་བ་ནི་བྱེ་བས་བྱུག་པའོ། །ཚོང་དཔོན་ནམ་ཞེས་བྱ་བ་ནི། ཅོད་པ་ནི་བཅིངས་པའོ། །དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ལན་གཉིས་ལན་གསུམ་འདོན་པ་དོན་མཐུན་བདས་པར་གྱུར་བས་སོ།།
ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གི་ལག་ཏུ་འོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི། གསེར་རམ་དངུལ་དག་བསྐུར་བར་གྱུར་ལ་ཞེས་བྱ་བ་ནི་བསྲིང་བར་གྱུར་པ་ལའོ། །དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས། དགེ་སློང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོ་འམ། བྲམ་ཟེའམ། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མའམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཚེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་ཞེས་བྱ་བ་ནི་ཕོ་ཉ་དགེ་སློང་དག་ལ་སྦྱིན་བདག་གིས་གོས་ཀྱི་རིན་བསྐུར་བ་དག་ཕུལ་ནས་ཕྲིན་དེ་སྐད་ཅེས་སྨྲས་ནའོ། །དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཆེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་གི་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དག་དངོས་པོ་མི་རུང་བར་རུང་བར་མ་བྱས་པ་དག་མི་ལེན་པ་དང༌། གོས་རུང་བ་དུས་སུ་རྙེད་པ་ལེན་དུ་རུང་བའི་ཚུལ་གོ་བར་བྱས་ཏེ་གོས་ཀྱི་རིན་དག་ནི་གསེར་དང་དངུལ་ལ་སོགས་པ་མི་རུང་བ་རུང་བར་མ་བྱས་པ་དག་གོ །གོས་རུང་བ་ནི་སྤྱད་བཟོད་བ་དག་གོ །དུས་སུ་རྙེད་པ་ནི་གོས་བགེད་པའི་དུས་སུ། སློང་བར་རིགས་པའི་དུས་དང༌། བསྟབས་པའི་དུས་སུ་རྙེད་པའོ། །ལེན་ཏོ་ཞེས་བྱ་བ་ནི་བདག་གིར་བྱེད་དོ་ཞེས་བྱ་བ་སྟེ། དེ་སྐད་ཅེས་བརྗོད་བར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་པ་རྣམས་གྱི་ཞལ་ཏེ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན་ཞེས་བྱ་བ་ནི་ཕོ་ཉ་དག་སློང་རྣམས་ཀྱི་རུང་བར་བྱེད་པ་སུ་ཡོད་ཅེས་བརྟག་པ་སྟེ། ཞལ་ཏ་བགྱིད་པ་ཞེས་བྱ་བ་དག་ལ་ཞལ་ཏ་ཉམས་སུ་ལེན་པ་ཞེས་བྱ་བ་ནི་བསྣན་པའི་ཚིག་སྟེ། གཞི་གཅིག་ཏུ་བསྡུའོ། །དགེ་སློང་གིས་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ།
འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་དགེ་སློང་རྣམས་ཀྱི་རུང་བར་བྱེད་པ་བསྟན་པ་སྟེ། དགེ་སློང་གོས་འདོད་པ་ཞེས་བྱ་བ་ནི། གལ་ཏེ་གོས་དོན་དུ་གཉེར་བས་སོ། །ཀུན་དགའ་ར་བ་པ་ཞེས་བྱ་བ་དང༌། དགེ་བསྙེན་ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་གཞི་ཐ་དད་དེ། གཉི་ག་ཡང་ཞལ་ཏ་བྱེད་པ་དང༌། ཞལ་ཏ་ཉམས་སུ་ལེན་པ་ཡིན་པར་སྦྱར་རོ། །དེ་ལ་ཀུན་དགའ་ར་བ་པ་ཞེས་བྱ་བ་ནི། རུང་བ་བྱེད་པ་སྟེ། ལྷ་འབངས་དང་རྩེ་རྒོད་ལ་སོགས་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་བླངས་པ་སྟེ། དགེ་སློང་གི་འཁོར་དུ་གཏོགས་པའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས། ཞལ་ཏ་བྱེད་པ་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ། འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་དང་དེ་ལ་གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཕོ་ཉས་གོས་ཀྱི་རི་ན་དག་ཞལ་ཏ་བྱེད་པ་ལ་གཏད་ཅིང༌། དེ་དག་གོས་རུང་བར་སྒྱུར་ལ་དགེ་སློང་དེ་ལ་དུས་སུ་ཕུལ་ཅིག་ཅེས་གཏམས་ཤིང་རྗེས་སུ་བསྟན་པའི་ཚིག་ཡིན་ནོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ། ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས་དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་བ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། དེའི་གན་དུ་བཞུད་ཅིག་དང༌། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཡིད་གཅུགས་པའི་ཚིག་གིས་སྔར་མངོན་སུམ་གཏུགས་པའི་དོན་གྱི་ཕྱིར་རྗེས་སུ་གོ་བར་བྱ་བའི་ཚིག་ཡིན་ནོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་
ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་བྱ་བའི་ཚུལ་བསྟན་ པ་སྟེ། ལན་ཅིག་གིས་གྲུབ་ན་གཉིས་བྱ་མི་དགོས ། གཉིས་པས་གྲུབ་ན་གསུམ་བྱ་མི་ དགོས། གཉིས་པས་མ་གྲུབ་ན་གསུམ་པ ་ཡང་བྱ་སྟེ། རེ་ཞིག་དེ་དག་ནི་དུས་དང་པོར་བྱ་བ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བྱེད་པ་ལ་ཡང་བཏང་བ་ལས་བྱུང་བ་དང༌། ཡོངས་སུ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་འཕེལ་བར་འགྱུར་ལ། དགེ་སློང་ལ་ཡང་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་ཉེས་པ་མེད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་སྤྱད་པའི་ཆོ་ག་ཡིན་ནོ། །ཕྱོགས་སུ་ཞེས་བྱ་བ་ནི་ཕྱོགས་བཞི་པོ་དག་སྟེ། ཕྱོགས་བཞི་པོ་དག་གང་ཞེ་ན། འབོད་གནས་དང༌། ཁྱིམ་གནས་དང༌། ལས་ཀྱི་མཐའ་དང༌། ལས་ཀྱི་གནས་དག་གོ །དེ་ལ་འབོད་གནས་ནི། རྫ་མཁན་གྱི་གནས་དང་འདྲེག་མཁན་གྱི་གནས་སོ། །ཁྱིམ་གནས་ནི་ཁྱིམ་གྱི་གནས་སམ་ཆུའི་གནས་སོ། །ལས་ཀྱི་མཐའ་ནི་བུ་རམ་ཤིང་གི་ལས་ཀྱི་མཐའ་དང༌། འབྲས་སཱ་ལུའི་ལས་ཀྱི་མཐའ་དང༌། ལན་ཚྭའི་ལས་ཀྱི་མཐའ་དག་གོ །ལས་ཀྱི་གནས་ནི་ཚོང་ཁང་དང༌། ཚོང་རྡལ་ལོ། །ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི་བསྐུལ་བའི་སྒོ་དྲུག་པོ་དག་གིས་ཏེ། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན་ཁྱོད་འོངས་སམ་ཞེས་ཟེར་བལ་དེའི་ཕྱིར་རོ་ཟེར་བ་དང༌། འོངས་པ་ལེགས་སོ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། སྟན་འདི་ལ་འདུག་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང༌། བཅའ་བ་དང་བཟའ་བ་ཟོ་ཤིག་ཅེས་ཟེར་བ་ལ་དེའི་
ཕྱིར་རོ་ཞེས་ཟེར་བ་དང༌། བཏུང་བ་འཐུང་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བའོ། །བསྐུལ་བའི་སྒོ་དྲུག་པོ་དག་ཧ་ཅང་མྱུར་བ་དང༌། ཐོགས་པ་མེད་པར་བརྗོད་ཅིང་དེ་ལ་གཞན་གྱི་ཚིག་གི་སྐབས་མེད་པར་བྱེད་ན་བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་མ་རྫོགས་པ་ཡིན་པར་རིག་པར་བྱའོ། །བསྐུལ་བའི་སྒོ་དྲུག་པོ་དེ་དག་ཧ་ཅང་མི་མྱུར་བ་དང༌། ཐོགས་པ་དང་བཅས་པར་བརྗོད་ཅིང་དེ་ལ་གཞན་གྱི་ཚིག་གི་སྐབས་ཡོད་པར་བྱེད་ན། བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དགེ་སློང་ལ་འདུལ་བ་དང་འགལ་བའི་ཁ་ན་མཐོ་བའི་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་ཡང་མེད་ལ། སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བདག་ལ་ཡང་བཏང་བ་ལས་བྱུང་བ་དང༌། ཡོངས་སུ་ལོངས་སྤྱད་པ་ལ་བྱུང་བའི་བསོད་ནམས་བྱ་བའི་གཞི་འཕེལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་བསྒྲུབ་པའི་ཕྱིར་བརྩལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་པ་འདིའི་བྱེད་པ་པོ་ཡིན་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་དེའི་འོག་རོལ་དུའོ། །གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ་ཞེས་བྱ་བ་ནི་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་འཛེམ་པ་སྤངས་ནས་སོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །ད་ནི་དུས་དང་པོར་བྱ་བ་དང༌། ལྟུང་བ་མེད་པར་བྱ་བའི་ཆོ་ག་སྡར་བསྟན་པ་དེ་དག་ལ་ཚུལ་བཞིན་དུ་གནས་པའི་དགེ་སློང་བསླབ་པའི་གཞི་འདིའི་ལྟུང་བ་མ་བྱུང་བས་སྦྱིན་བདག་དང༌། ཕོ་ཉ་དང༌། དགེ་སློང་རང་ཉིད་ཀྱི་འདོད་པ་བཞིན་མ་གྲུབ་པར་ཞལ་ཏ་བྱེད་པས། འཇིག་རྟེན་འདི་དང་ཕ་རོལ་གྱི་དོན་ལ་མ་གཟེམས་པར་སྤྱི་མཐུན་གྱི་རྫས་དང༌། བསོད་ནམས་བར་དུ་བརྣོགས་པ་ལ་དགེ་སློང་གིས་ཆོས་བཞིན་དུ་བསྒྲུབ་པའི་ཆོ་ག་བསྟན་པར་བྱ་སྟེ།
གལ་ཏེ་མ་གྲུབ་ན། གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་བདག་ཉིད་སྦྱིན་བདག་གི་དྲུང་དུ་བརྡ་སྤྲད་དུ་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས། དགེ་སློང་ཆེ་གེ་མོའི་ཕྱིར་གོས་གྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གིས་ནོར་ཆུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ་ཞེས་བྱ་བ་ནི་ཡང་ན་ལྷན་ཅིག་གནས་པའམ། ཉེ་གནས་ལས་དེ་སྐད་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་སྐབས་དེ་ལ་ཐབས་དེ་ལྟར་བྱ་བ་དེ་ནི་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམས་པར་གཞག་པ་ནི། དགེ་སློང་གིས་སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པས་གོས་ཀྱི་རིན་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པ་ཕོ་ཉ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་ལས་བསྐུར་བ་སྤངས་ནས། ཕོ་ཉས་དགེ་སློང་གི་ཞལ་ཏ་བྱེད་པ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་དྲིས་ཤིང༌། དགེ་སློང་གིས་བསྟན་པ་ལ་ཕོ་ཉས་བསྒོ་ཞིང་སྨྲས་ཏེ། དགེ་སློང་ལ་ཡང་བརྗོད་པའི་ཞལ་ཏ་བྱེད་པ་དེ་ལ་བསྐུལ་པ་ལན་གསུམ་དང་བསྡད་པ་ལན་གསུམ་ལས་ལྷག་གམ་སྦྱིན་བདག་གི་སེམས་བསྡུ་བར་རྗེས་སུ་བསྐུར་པར་ཁས་མ་བླངས་པ་ལས་གོས་བླངས་ན་བསྒྲུབ་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་བ་པོ་ནི་སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་དང༌། ཁྱིམ་པ་ཉིད་ཡིན་པ་དང༌། བསྐུལ་བ་དང༌། བསྡད་པ་ལྷག་པ་དང༌། སྦྱིན་བར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་པའོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་དང༌། ཁྱིམ་པ་ཉིད་ཡིན་པ་དང༌། གོས་ཀྱི་རིན་རུང་བ་མ་ཡིན་པ་སྤངས་པ་དང༌། བསྐུལ་བ་དང་བསྡད་པ་ལྷག་པ་དང༌། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པར་ཁས་མ་བླངས་པ་དང༌། གོས་བླངས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རེགས་པར་ན་
སྨད་དོ། །བསྐུར་བའི་སྤང་བ་སྟེ་བཅུ་པའོ།། །།སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་བྱ་བ་ནི་བཅུ་པ་གཉིས་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ དགོས་པ ་དང་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །བཅུ་པ་གཉིས་པ་འདིས་ཀྱང་སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། སྲིན་བལ་དང༌། བལ་ནག་པོ་འབའ་ཞིག་དང༌། ཆ་གཉིས་བསྲེ་བ་དང༌། ལོ་དྲུག་ཏུ་བཅང་བ་དང༌། མཐོ་གང་དང༌། བལ་ཐོགས་པ་དང༌། བལ་རྨེལ་དུ་འཇུག་པ་དང༌། གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པའོ། །དེ་དག་ཀྱང་སྟེན་དང༌། དེའི་རྒྱུ་དང༌། ཉོ་ཚོང་བྱེད་པ་ལ་ཤིན་ཏུ་ཆགས་པའི་ཉོན་མོངས་པའི་གཞིའི་དབང་དུ་བྱས་ནས་གླེང་གཞི་ལྔ་དང༌། གསུམ་དང༌། གཉིས་རིམ་བཞིན་དུ་སྤྱར་བར་བྱའོ། །དེ་ལ་སྲིན་བལ་གྱི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་སྟེ། སྲིན་བལ་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང་ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞིག་གནས་ཀྱང་གཏོང་བར་བྱེད། སྲིན་བལ་འདོད་པ་དང༌། སྲིན་བལ་གྱི་དོན་ཉིད་དུ་འོངས་བ་དག །བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དག་ཡང་དུ་རིག་པར་བྱེད་ནས། གཞན་མུ་སྟེགས་ཅན་དག །ཤེས་ལྡན་དག །ཤཱ་ཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་བར་བྱེད་པ་དག་སྟེ། སྲོག་གཅོད་པ་ལ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་སྟེ། དེས་ན་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་སྟེ། དེ་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་པས་སྲིན་བལ་ལས་འབྱུང་བའི་སྲིན་བུ་སྲོག་ཆགས་མང་པོའི་ཆོགས་བསྒྲུབ་ཅིང་སྲོག་གཅོད་པར་བྱེད་དེ། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།
ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྲིན་བལ་གྱི་སྟན་སར་པ་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །སྲིན་བལ་གྱི་ཞེས་བྱ་བ་ནི། དར་གྱི་སྲིན་བུ་ལས་བྱུང་བའི་སྲིན་བལ་གྱིའོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང༌། བླིངས་པའོ། །དོན་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་བ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སྲིན་བལ་སར་པའི་ཆུན་པོ་དང༌། འདའ་བ་དང༌། ཕུང་པོ་ལས་སྟན་ནང་ཚངས་ཅན་ནམ། བླིངས་པ་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་པ་དང༌། དང་པོ་བཀྲམ་པ་ཉིད་ཀྱི་ཚེ་སྲིན་བལ་གྱི་སྤང་བའི་ལྟུང་བྱེད་གྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྲིན་བལ་སར་པའི་སྟན་ནང་ཚངས་ཅན་དང༌། བླིངས་པ་ཚད་དང་ལྡན་པ་དང༌། དེ་བས་ལྷག་པ་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྲིན་བལ་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྲིན་བལ་གྱི་སྤང་བ་སྟེ་བཅུ་གཅིག་པའོ།། །།བལ་ནག་པོ་འབའ་ཞིག་གི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་སྟེ། བལ་ནག་པོ་འབའ་ཞིག་ནི་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང༌། བྱེད་
པ་མང་བར་གྱུར་ཅིང༌། ལུང་མནོད་པ་དང༌། ཀླག་པ་དང་ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གིས་མེས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། བལ་ནག་པོ་འབའ་ཞིག་འདོད་པ་དང༌། བལ་ནག་པོ་འབའ་ཞིག་གི་དོན་དུ་འོངས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དང་ཡང་རུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྔོ་བས་གནག་པ་དང༌། འདམ་ཁ་དང༌། ཁམ་པའོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང༌། བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པང་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་བྱེད་དམ། གཞན་བྱེད་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་བལ་ནག་པོ་འབའ་ཞིག་གི་སྤང་བའི་དང༌། སྔར་སྲིན་བལ་གྱི་སྤང་བའི་རྣམ་པ་བསྟན་པའི་གནས་སྐབས་ཐམས་ཅད་འདྲ་སྟེ། ཁྱད་པར་དུ་ན་སྔར་སྲིན་བལ་ཞེས་བྱ་བ་དེའི་གནས་སུ། །འདིར་བལ་ནག་པོ་འབའ་ཞིག་ཅེས་བྱ་བའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་བལ་ནག་པོ་འབའ་ཞིག་ཅེས་བྱ་བ་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ལུག་བལ་ནག་པོ་སར་པ་འབའ་ཞིག་གི་ཆུན་པོ་དང༌། འདའ་བ་དང༌། ཕུང་པོ་ལས་
སྟན་བླིངས་པར་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་ན་དང་པོ་བཀྲམ་པ་ཉིད་ཀྱི་ཚེ་ན། བལ་ནག་པོ་འབའ་ཞིག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ལུག་བལ་ནག་པོ་སར་པ་འབའ་ཞིག་གི་སྟན་བླིངས་པ་ཚད་དང་ལྡན་པ་དང༌། དེ་བས་ལྷག་པ་བྱེད་པ་ཉིད་དོ། །འདི་ལ་ཡང་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་ནག་པོ་འབའ་ཞིག་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དངོས་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བལ་ནག་པོ་འབའ་ཞིག་གི་སྤང་བ་སྟེ་བཅུ་གཉིས་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། །བམ་པོ་བདུན་པ། །ཆ་གཉིས་བསྲེ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་གིས་སྟན་སར་པ་མི་བྱའོ་ཞེས་བཀའ་སྩལ་པས། དེ་དག་བལ་དཀར་པོ་དང་འཁོབ་བལ་ཅུང་ཞིག་བཅུག་ནས། ལུག་བལ་ནག་པོ་འབའ་ཞིག་གིས་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུད་དེ། དེས་དེ་དག་ཀྱང་བྱ་བ་མང་པོ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། དེ་འདོད་པ་དང་དེའི་དོན་ཉིད་དུ་འོངས་བ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ། ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་སྟན་སར་པ་བྱེད་ན་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་བ་དཀར་པོ་ལས། བཞི་པ་
འཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་བལ་དཀར་པོ་དང་འཁོབ་བལ་ཅུང་ཞིག་བཅུག་ནས་ལུག་བལ་ནག་པོ་འབའ་ཞིག་གིས་སྟན་སར་པ་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང༌། བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ་ཞེས་བྱ་བ་ལ་ཆ་གཉིས་ཞེས་བྱ་བ་ནི་རངས་པ་གཅིག་ལ་བཞི་ཆ་བཞིར་གཤགས་པའི་བཞི་ཆ་གཉིས་ཏེ་ཕྱེད་དོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་ལས་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྡོམ་བས་གནག་པ་དང༌། འདམ་ཁ་དང༌། ཁམ་པ་སྟེ་དེ་ལས་སོ། །གཞུག་པར་བྱ་ཞེས་བྱ་བ་ནི་བསྲེ་བར་བྱ་བའོ། །གསུམ་པ་ནི་དཀར་པོ་ལས་ཞེས་བྱ་བ་ལ། གསུམ་པ་ཞེས་བྱ་བ་ནི་རངས་པ་གཅིག་ལ་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་གསུམ་པ་སྟེ། བཞི་ཆ་གཅིག་གོ །དཀར་པོ་ཞེས་བྱ་བ་ནི་གློའི་བལ་དང༌། རྒྱབ་ཀྱི་བལ་དང༌། གཉའ་བའི་བལ་ཏེ་དེ་ལས་སོ། །བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ་ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི། རངས་པ་གཅིག་ལ་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་བཞི་པ་སྟེ་བཞི་ཆ་གཅིག་གོ །འཁོབ་བལ་ཞེས་བྱ་བ་ནི། རྐང་པའི་བལ་དང༌། མགོའི་བལ་དང༌། ལྟོ་བའི་བལ་ཏེ་དེ་ལས་སོ། །གཞུག་པར་བྱའོ་ཞེས་བྱ་བ་ནི་བསྲེ་བར་བྱ་བའོ། །དེ་ལྟར་ན་སྟན་རངས་པ་གཅིག་གི་རྒྱུའི་ཕྱེ་ནི་ལུག་བལ་ནག་པོ། བཞི་ཆ་ནི་དཀར་པོ། བཞི་ཆ་ནི་འཁོབ་བལ་ལས་སྤྱིར་བསྲེས་ཏེ་བླིང་བར་བྱའི། སྟན་ཕྱེད་ནག་པོ། །བཞི་ཆ་དཀར་པོ།
བཞི་ཆ་འཁོབ་བལ་གྱི་ཁ་དོག་ལས་ཁྲ་བོར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས་བཞི་བ་འཁོབ་བལ་མ་བཅུག་པར་ཞེས་བྱ་བ་ནི་མ་བསྲེས་པར་རོ། །སྟན་སར་བ་བྱེད་ན་ཞེས་བྱ་བ་ནི་སྟན་བླིངས་པ་གསར་པས་སར་པ་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆ་གཉིས་བསྲེ་བའི་སྤང་བ་འདི་དང༌། སྔར་སྲིན་བལ་གྱི་སྤང་བ་དང༌། བླ་ནག་པོ་འབའ་ཞིག་གི་སྤང་བའི་རྣམ་པ་བསྟན་པའི་གནས་སྐབས་ངང་འདྲ་སྟེ། ཁྱད་པར་དུ་ནི་སྔར་སྲིན་བལ་ཞེས་བྱ་བ་དང༌། བལ་ནག་པོ་འབའ་ཞིག་ཅེས་བྱ་བ་དེའི་གནས་སུ་འདིར་ཆ་གཉིས་བསྲེས་ཞེས་བྱ་བའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་བལ་ནག་པོ་དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ་ཞེས་བྱ་བ་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སྟན་སར་པ་བྱེད་ན་ཕྱེད་ནི་ལུག་བལ་ནག་པོ། བཞི་ཆ་གཅིག་ནི་དཀར་པོ། བཞི་ཆ་གཅིག་ནི་འཁོབ་བལ་གཞུག་པར་གསུངས་པའི་སྲང་ཚད་ལས་ལུག་བལ་ནག་པོ་དག་ཕྱེད་ལས་ལྷག་པ་ཉིད་ལས་སྟན་བླིངས་པ་གསར་པས་སར་པ་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་ན། དང་པོ་བཀྲམ་པ་ཉིད་ཀྱི་ཚེ་ན་ཆ་གཉིས་བསྲེ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཡུལ་གང་ན་ལུག་བལ་ནག་པོ་དཀོན་ཞིང་རིན་ཆེ་བ་ལུག་བལ་ནག་པོ་སར་པ་ཕྱེད་པས་ལྷག་པ་ཉིད་ཀྱིས་སྟན་ཚད་དང་ལྡན་པ་དང༌། དེ་ལས་ལྷག་པ་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་ནག་པོ་དག་ཕྱེད་པས་ལྷག་པ་ཉིད་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཆ་གཉིས་བསྲེ་བའི་སྤང་བ་སྟེ་བཅུ་གསུམ་པའོ།། །།ལོ་དྲུག་ཏུ་བཅང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་
ཚེ་ན་དགེ་སློང་རྣམས་ལ་སྟན་མང་བ་ཉིད་འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། དེ་དག་སྟན་འདི་ནི་ཧ་ཅང་རིངས་སོ། །འདི་ནི་ཧ་ཅང་ཐུངས་སོ། །འདི་ནི་ཧ་ཅང་དོག་གོ །འདི་ནི་ཧ་ཅང་ཀྱང་ཡངས་སོ། །འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང༌། ཤ་ཟད་པ་དང༌། བཅོས་པ་དཀའ་བ་ཉིད་ཡིན་ནོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་པས་དགེ་སློང་དེ་དག་སྟན་བྱས་ཤིང་འདོར་བ་ན་བྱ་བ་མ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་སྟན་རྙིང་པ་དེ་སྤངས་ཀྱང་རུང༌། མ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྟན་ལོ་དྲུག་མ་ལོན་པར་སྟན་སར་པ་གཞན་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་ལ། གཞན་བྱེད་དུ་འཇུད་ནའོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་མ་དད་བཞིན་དུའོ། །ལོ་དྲུག་ཏུ་བཅང་བར་བྱའོ་ཞེས་བྱ་བ་ནི་ལོ་དྲུག་ཚུན་ཆད་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་ཞེས་བྱ་བ་ནི་དེ་ཚུན་ཆད་དུའོ། །སྟན་རྙིང་པ་དེ་ཞེས་བྱ་བ་ནི་སྟན་གང་ཡོད་པ་དེའོ། །སྤངས་ཀྱང་རུང་མ་སྤངས་ཀྱང་རུང་ཞེས་བྱ་བ་ནི་ཡོད་ཀྱང་རུང་
མེད་ཀྱང་རུང་སྟེའོ། །སྟན་སར་པ་གཞན་བྱེད་ན་ཞེས་བྱ་བ་ནི་གཉིས་པའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལོ་དྲུག་ཚུན་ཆད་དུ་སྟན་བྱ་བའི་ཕྱིར། དགེ་འདུན་ལ་གནང་བ་མ་ཐོབ་པས་སྟན་སྔ་མ་གཞན་ཡོད་པའམ་རང་དགར་བཏང་བས། ལོ་དྲུག་མ་ལོན་པར་སྟན་བླིངས་བའི་ཕྱི་མ་གཞན་བྱེད་ན་ཟིན་པའི་མཐར་ལོ་དྲུག་གི་བཅང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གནང་བ་མ་ཐོབ་པས་ལོ་དྲུག་ཚུན་ཆད་དུ། སྟན་བླིངས་པ་ཚད་དང་ལྡན་པ་དེ་བས་ལྷག་པ་བྱེད་པ་ཉིད་དོ། །འདི་ལ་ཡན་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གནང་བ་མ་ཐོབ་པ་དང་ལོ་དྲུག་མ་ལོན་པ་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལོ་དྲུག་བཅང་བའི་སྤང་བ་སྟེ་བཅུ་བཞི་པའོ།། །།མཐོ་གང་གི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་ཞེས་གྲག་གོ་ཞེས་སྒྲ་གྲགས་སོ། །བྱང་ཕྱོགས་པའི་ཚོང་པ་དག་གིས་ཀྱང་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ་གང་དག་དེ་ལ་མཆོད་པ་བྱེད་པ་དེ་དག་གིས་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང༌། ཕན་ཡོན་ཆེ་བ་དང༌། གསལ་བ་ཆེ་བ་དང༌། རྒྱ་ཆེན་པོར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཟོང་དག་ཐོགས་ཏེ་མཉན་ཡོད་དུ་འདོང་ཞིང༌། དེར་བདག་ཅག་གིས་ཁེ་སྤོགས་ཀྱང་བསྒྲུབ་པར་བྱ། བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱའོ་སྙམ་དུ་རིག་ནས། ཚོང་པ་ལྔ་བརྒྱ་བྱར་ཕྱོགས་ནས་མཉན་ཡོད་དུ་ལྷགས་པ་རྣམས་ཀྱིས། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་སྐད་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གནས་
བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཆོས་མ་ཉན་བ་དང༌། དེ་དག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་མཚན་མོ་སྐྱིལ་ཀྲུང་གིས་འདའ་བར་བྱེད་པ་དག་གིས་གདིང་བ་དབུས་རྡོལ་བ་དག་མཐོང་ནས། དགེ་སློང་རྣམས་ལ་རས་ཡུག་ཆེན་ལྔ་བརྒྱ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་གདིང་བ་རྙིང་པ་དེ་དག་ཁང་པ་ཆེན་པོའི་གཙུག་ལག་ཁང་ཆེན་པོ་བླ་གབ་མེད་པ་ཞིག་ཏུ་རྡུལ་གྱི་ཕྱེ་མ་དག་དང་འདྲེས་པར་ས་ལ་བཀྲམ་སྟེ་གཞག་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས། པགས་པ་དང༌། ཤ་དང་ཁྲག་དག་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ། དགེ་སློང་དག་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་བར་བྱེད་དོ་སྙམ་དུ་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་གདིང་པ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་གདིང་བ་སར་པ་ལ་རྙིང་པས་མ་གླན་པར་རྙིང་པ་བོར་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་པའོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི། བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུད་ནའོ། །སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སར་བར་བྱ་བའི་ཕྱིར་རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བ་གླན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གདིང་
བ་བདེ་བར་གཤེགས་པའི་མཐོ་གང་འཁོར་བ་གཞན་ཡོད་ནའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་དོ་ཡོད་དོ། །འཁོར་བ་ཞེས་བྱ་བ་ནི་ཀུན་ནས་མཐོ་རི་ཡོད་པས་སོ། །གླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱ་བའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་ཞེས་བྱ་བ་ནི་མ་སྦྱར་རོ། །གདིང་བ་སར་ པ་སྤྱོད་ན་ཞེས་བྱ་བ་ནི་གདིང་བའི་དགོས ་པར་སྤྱོད་ནའོ། །སྤང་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གདིང་པ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་སར་པ་སྤྱོད་ན་སྤྱད་པར་བརྩམས་པའི་ཚེ་ཉིད་ན་མཐོ་གང་གིས་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གདིང་བ་སར་པས་སར་པ་བྱས་པ་དང༌། གདིང་བ་རྙིང་པ་ཉིད་མོད་པ་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གདིང་བ་གསར་པས་སར་པ་དང༌། བྱས་པ་དང༌། གདིང་བ་རྙིང་པ་ཡོད་པ་དང༌། བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དང༌། སྤྱོད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མཐོ་གང་གིས་སྤང་བ་སྟེ་བཅོ་ལྔ་པའོ།། །།བལ་ཐོགས་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་གི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ། འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་བར་བྱེད་ཅིང་སྐྱེ་བོ་མང་པོ་དགའ་བ་དང༌། ཡིད་དུ་འོང་བར་ཡང་འགྱུར་རོ། །འུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང༌། གང་ནས་ཀྱང་མི་འོང་བས་རྙིང་པ་ཐོབ་པ་དང༌། སྐྱེ་བོ་མང་པོ་དགའ་བ་དང༌། ཡིད་དུ་འོང་བར་ག་ལ་འགྱུར་གྱི། འུ་བུ་ཅག་ཀྱང་འགྲོན་པ་དོན་མཐུན་
པ་དག་དང་འགྲོགས་ཏེ། བལ་ཡུལ་དུ་འདོང་ངོ་ཞེས་དེ་དག་ལས་འཆར་ཀ་གཞི་སྲུངས་སུ་བཞག་སྟེ། ལྔ་བལ་ཡུལ་དུ་འདོང་ངོ༌། །བལ་ཡུལ་ནི་རྔ་མོའི་རྒྱབ་འདྲ་བ་ཡིན་པས་དེ་དག་ཉི་མ་གང་ཁོ་ན་ལ་བལ་ཡུལ་དུ་ཕྱིན་པའི་ཉི་མ་དེ་ལ་མངོན་པར་མི་དགའ་བར་གྱུར་ནས། དེ་དག་ཚོང་པ་བལ་ཡུལ་ནས་ཡུལ་དབུས་སུ་འདོང་པ་དག་དང་འགྲོགས་ཏེ། ཡུལ་དབུས་སུ་ཕྱིར་འཕགས་སོ། །བལ་ཡུལ་ན་བལ་དང་ལྡོན་གྲོས་གཉིས་མོད་པས། ཚོང་པ་དེ་དག་གིས་བལ་གྱིས་ཤིང་རྟ་བཀང་སྟེ་ཆས་པའི་ལམ་ཀར་ཤིང་རྟའི་སྲོག་ཤིང་ཆག་ནས་བཅོས་ཤིང༌། སྒྲ་དབྱུང་ངུ་ཆོམ་རྐུན་པོ་དག་གིས་འཇིགས་ནས་པོར་ཏེ་དོང་བ་ན། དྲུག་སྡེ་མི་ལྔ་ལས་གཅིག་གིས་ལྔ་ཆར་གྱི་ཡོ་བྱད་ཁུར་ཏེ། བཞིས་བལ་ཁུར་པོ་ཆེ་རེ་རེ་དྲགས་ཁུར་ནས་རི་བྲགས་ཤིག་ན་མར་དོང་བ་ན། དེ་ན་ཆོམ་རྐུན་པ་གཅད་པའི་ཕྱིར་ཡང་རྒོད་ཀྱི་མི་མང་པོ་འཁོད་པ་དག་གིས་མཐོང་ནས། གླང་པོ་ཆེ་དང་བཅས་པའི་དམག་གམ་རྔ་མོའམ། གླང་ངམ། ཁུར་ཐོགས་པ་དག་ཅིག་ཡིན་པར་མཐོང་ནས། དེ་དག་ཐམས་ཅད་སྐྲག་སྟེ་ནགས་ཁྲོད་དུ་བྱེར་རོ། །དེ་ནས་དེ་དག་ལམ་གོལ་བ་ནས་ཤོ་གམ་འདྲལ་ལ་བསྒུགས་པ་དག་ཐོ་འཚམས་ཏེ། རྒྱལ་བྱེད་ཀྱི་ཚལ་གྱི་སྒེའུ་ཆུང་ནས་ནང་དུ་ཞུགས་ཏེ། བལ་གྱི་ཁུར་དེ་དག་བཤིག་པ་དང་རི་རབ་ཀྱི་རྣམ་པ་འདྲ་བའི་ཕུང་པོ་ཆེན་པོ་འདྲ་བར་རྣམ་པར་གནས་ཤིང༌། དེ་ཉིད་ཀྱིས་ངོ་ཚ་བར་མི་བྱེད་པར་ཁེངས་པར་བྱེད་པ་ལ། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་རྣམས་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ། འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བསྐུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེ་ན་དང་ངོ་ཚ་མེད་པ། ཉེས་པ་ནི་རྒྱང་གྲགས།
ཀྱི་མཐར་བལ་ཁུར་བའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལམ་དུ་ཞུགས་པས་ཞེས་བྱ་བ་ནི། དགོན་པའི་ལམ་དུ་ཞུགས་པས་སོ། །ལུག་བལ་དག་ཅེས་བྱ་བ་ནི་ལུག་གི་བལ་དག་གོ །རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་བླང་བར་བྱའོ་ཞེས་བྱ་བ་ནི་མནོད་པར་བྱ་བའོ། །བླངས་པ་ཁྱེར་བ་མེད་ན་ཞེས་བྱ་བ་ནི་རུང་བར་བྱེད་པ་མེད་ནའོ། །དཔག་ཚད་གསུམ་གྱི་མཐའི་བར་དུ་ཞེས་བྱ་བ་ནི་དཔག་ཚད་གསུམ་གྱི་མཐར་ཕྱིན་པར་ཐུག་པའི་བར་ཚུན་ཆད་དུའོ། །བདག་ཉིད་ཀྱིས་བསྐུར་བར་བྱའོ་ཞེས་བྱ་བ་ནི་བདག་རང་གིས་བསྐུར་བར་བྱ་བའོ། །དེ་དག་ལས་འདས་པར་ཁྱེར་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་ཁྱེར་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ཅིང་བླངས་ནས་ཁྱེར་བ་མེད་ན། དཔག་ཚད་ལས་རྒྱང་གྲགས་གཅིག་གི་མཐའ་ལས་འདས་པར་ཁྱེར་ན། བལ་ཐོགས་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུག་བལ་རུང་བ་དང༌། རྒྱང་གྲགས་ཀྱི་མཐར་ཁྱེར་བ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་དང༌། རུང་བ་དང༌། ཞྭ་རྒྱུ་ལ་སོགས་པའི་ཚད་ལས་ལྷག་པ་དང༌། རང་གིས་ཁྱེར་བ་དང༌། རྒྱང་གྲགས་ཀྱི་མཐར་ཕྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བལ་ཐོགས་པའི་སྤང་བ་སྟེ་བཅུ་དྲུག་པའོ།། །།བལ་རྨེལ་དུ་འཇུག་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་བལ་དེ་དག་ཆ་དྲུག་ཏུ་བགོས་ནས་འཆར་ཀས་རང་གི་སྐལ་བའི་བལ་དེ་དག་སྐྱེ་དགུའི་བདག་མོ་ཆེན་མོ། གཽ་ཏ་མི་ལ་རྨེལ་དུ་བཅོལ་ནས། དེ་སློབ་མ་གཉིས་ལེན་དུ་བཏང་སྟེ། དབྱར་ཁང་དུ་བཤིག་ནས་ཕུང་པོ་ཆེན་པོར་རྣམ་པར་གནས་པར་གྱུར་པ། སྐྱེ་དགུའི་བདག་མོ་
ཆེན་མོ་གཽ་ཏ་མིའི་འཁོར་དང་བཅས་པས། ཡུན་རིང་མོ་ཞིག་ཏུ་རྨེལ་བས། དེ་དག་གི་ལག་པ་གཉིས་འདི་ལྟ་སྟེ། དཔེར་ན་བཅོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ། ཤིན་ཏུ་དམར་བར་གྱུར་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་དག །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་དག་རྨེལ་དུ་འཇུད་དམ་ཞེས་བཀས་སྨྲས་ནས། སྔ་མ་བཞིན་དུ། དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུག་གམ། འཚེད་དུ་འཇུད་དམ། རྨེལ་དུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པ་འདོད་པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ། ལུག་བལ་དག་རྨེལ་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མ་དང་མེས་པོ་དང༌། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །འཁྲུར་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཆུར་སྙུག་བར་བྱེད་དུ་འཇུད་ནའོ། །རྨེལ་དུ་འཇུད་ན་ཞེས་བྱ་བ་ནི། ཐ་ན་འདའ་བར་བྱེད་དུ་འཇུད་ནའོ། །འཚེད་དུ་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཚོན་དུ་སྙུག་པར་བྱེད་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བལ་རྨེལ་དུ་འཇུད་པའི་སྤང་བ་འདི་ནི། སྔར་འཁྲུར་འཇུག་པའི་སྤང་བ་བརྟན་པ་དང༌། མཚན་ཉིད་ཐམས་ཅད་འདྲ་སྟེ། བྱེ་བྲག་ཏུ་སྔར་གོས་རྙེད་པ་ཞེས་སྨོས་པའི་གནས་སུ་འདིར་ལུག་གི་བལ་དག་གོ །སྔར་འཆག་པ་ཞེས་སྨོས་པའི་གནས་སུ་འདིར་རྨེལ་བ་ཞེས་བརྗོད་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ལུག་བལ་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བསྒོ་བས་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། རྨེལ་དུ་བཅུག་པ་དག་བྱས་པ་ཉིད་ན་བལ་རྨེལ་དུ་འཇུད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུག་བལ་དང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་
གཙོ་ཆེར་བྱེད་པ་པོ་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་དང༌། རུང་བ་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། བསྒོ་བ་དང༌། བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བལ་རྨེལ་དུ་འཇུག་པའི་སྤང་བ་སྟེ་བཅུ་བདུན་པའོ།། །།གསེར་དངུལ་ལ་རེག་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྦེ་དག །རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་ཁྲིའུ་ཆུང་དུ་དག་ཏུ་འཇོག་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་མ་ལོག་མ་སྤངས་པ་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ཕུང་པོ་གཅིག་ཏུ་བྱེད་ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་ཁྲིའུ་ཆུང་དུ་དག་ཏུ་འཇོག་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་ཀྱང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུད་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང༌། ཁྲིའུ་དང༌། ཁྲིའུ་ཆུང་ངུར་འཇོག་པར་བྱེད་ན། ཤེས་ལྡན་དག་ཤཱཀྱའི་བུ་དགེ་སྦྱོང་རྣམས་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བྱ་བ་འདི་ལ་བྱེ་བྲག་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་གི་ལག་གིས་གསེར་དང་དངུལ་ལེན་ཏམ། ལེན་དུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་རང་གི་ལག་གིས་གསེར་དང་དངུལ་ལེན་པ་དང་
ལེན་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གི་ལག་གིས་ཞེས་བྱ་བ་ནི་རང་གི་ལག་པས་སོ། །གསེར་དངུལ་ཞེས་བྱ་བ་ནི་གསེར་དང་དབྱིག་གོ །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། །དགེ་སློང་གིས་རིན་པོ་ཆེ་ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུ་ཪྻ་དང༌། ཤང་ཀ་ཤི་ལ་དང༌། བྱི་རུ་དང༌། དངུལ་དང༌། གསེར་དང༌། རྡོའི་སྙིང་པོ་དང། སྤུག་དང༌། དམར་པོ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་རུང་བར་མ་བྱས་པ་ཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་བདག་གིར་བྱས་པ་དང༌། རང་གི་རིན་པོ་ཆེ་རུང་བར་མ་བྱས་པ་ལ་རྣམ་པ་གང་ཡང་རུང་བས་རེག་ཏུ་བཅུག་ན། གསེར་དངུལ་ལ་རེག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་ནི་རིན་པོ་ཆེ་ནོར་བུ་ལ་སོགས་པ་རུང་བར་མ་བྱས་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རིན་པོ་ཆེ་དང༌། ཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་དང༌། བདག་གིར་བྱས་པ་དང༌། རུང་བར་མ་བྱས་པ་དང༌། རེག་གམ་རེག་ཏུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གསེར་དང་དངུལ་ལ་རེག་པའི་སྤང་བ་སྟེ་བཅོ་བརྒྱ་དཔའོ།། །།མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་མན་གོན་ཚམ་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དོ། །ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ནས། གཞན་མུ་སྟེགས་ཅན་དག་སྔ་མ་བཞིན་དུ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་
ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གར་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དག་གོ །མངོན་མཚན་ཅན་གྱི་སྤྱོད་པ་ཞེས་བྱ་བ་ནི། ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ཎ་དང་རིན་པོ་ཆེ་ལ་སོགས་པ་མངོན་མཚན་ཅན་གྱི་སྤྱོད་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱེད་ན་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བར་བྱེད་པ་དང༌། རབ་ཏུ་སྦྱོར་བར་བྱེད་པ་དང༌། བུན་འགྱེད་པར་བྱེད་པ་དང༌། སྐྱེད་འགྱེད་པར་བྱེད་པ་དང༌། བྱས་པའི་ཕྱིར་བྱས་པ་དང༌། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་པ་ལྷག་པར་སྤྱོད་པར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་སྤང་བ་སྔ་མ་དང༌། འདི་དང་འོག་མ་གསུམ་གྱིས་ཡུལ་ལ་བྱེ་བྲག་ནི་འདི་ཡིན་པར་རིག་པར་བྱ་སྟེ། སྔ་མ་ནི་རིན་པོ་ཆེ་ལ་སོགས་པ་ལ་རེག་པས་སོ། །འདི་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ཎ་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སོ། །འོག་མ་ནི་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དེ་ལྟར་བྱེ་བྲག་བསྟན་ནས་དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རྙེད་པ་འདོད་པས་ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་ལ་པ་ཎ་དང་རིན་པོ་ཆེས་སྤྱོད་པ་ལས་སྐྱེད་ཕྱིན་ན། སྐྱེད་དེ་ལས་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྙེད་པ་འདོད་པ་དང༌། ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། པ་ཎ་དང་རིན་པོ་ཆེས་སྤྱོད་པ་དང༌། སྐྱེད་ཕྱིན་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙེད་པ་འདོད་པ་དང་ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། པ་ཎ་དང་རིན་པོ་ཆེས་སྤྱོད་པ་དང༌། སྐྱེད་ཕྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མངོན་མཚན་
ཅན་གྱི་སྤྱོད་པའི་སྤང་བ་སྟེ་བཅུ་དགུ་པའོ།། །།ཉོ་ཚོང་བྱེད་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་ཉེ་ཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་པས་གཞན་མུ་སྟེགས་ཅན་དག་སྔ་མ་བཞིན་དུ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཉོ་ཚོང་རྣམ་པས་ན་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པ་བྱེད་འདོད་པ། ཉེས་བ་ནི་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེ་དག་གམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཉོ་ཚོང་ཞེས་བྱ་བ་ནི་གང་ཡང་རུང་བ་རྙེད་པ་འདོད་ཅིང་ཉོ་ཚོང་བྱེད་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱེད་ན་ཞེས་བྱ་བ་ནི་ལེན་པར་བྱེད་པ་དང༌། གཏོང་པར་བྱེད་པ་དང༌། ཉོ་བར་བྱེད་པ་དང༌། འཚོང་བར་བྱེད་པ་དག་ལྷག་པར་སྤྱོད་པར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཉོ་ཚོང་བྱེད་པའི་སྤང་བ་འདི་ནི་སྔར་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ་བསྟན་པའི་བྱེ་བྲག་ཡིན་ཏེ། མཚན་ཉིད་གཞན་ཐམས་ཅད་ནི་འདྲའོ། །བྱེ་བྲག་ཏུ་ན་སྤང་བ་སྔ་མ་གཉིས་དང༌། འདི་དང་གསུམ་གྱི་ཡུལ་ལ་ཁྱད་པར་ནི་འདི་ཡོད་དེ། གསེར་དངུལ་ལ་རེག་པའི་སྤང་བ་ནི། རིན་པོ་ཆེ་ལ་སོགས་པ་ལ་རེག་པ་ལས་སོ། །མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ་ནི། ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ཎ་དང༌། རིན་པོ་ཆེ་ལ་སོགས་པ་ལས་སོ། །ཉོ་ཚོང་བྱེད་པའི་སྤང་བ་ནི། གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རྙེད་པ་འདོད་པས། ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་ལ་ཉོ་ཚོང་
ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ན་སྐྱེད་དེ་ལས་ཉོ་ཚོང་བྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྙེད་པ་འདོད་པ་དང༌། ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། ཉོ་ཚོང་གིས་སྤྱད་པ་དང༌། སྐྱེད་ཕྱིན་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་རོ། །རྙེད་པ་འདོད་པ་དང༌། ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། ཉོ་ཚོང་གིས་སྤྱད་པ་དང༌། སྐྱེད་ཕྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཉོ་ཚོང་བྱེད་པའི་སྤང་བ་སྟེ་ཉི་ཤུ་པའོ།། །།སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོགས་སྟོན་ཟླ་ཐ་ཆུངས་དང༌། །དགོན་པ་པ་དང་རས་ཆེན་དང༌། །བསྔོས་པ་དང་ནི་གསོག་འཇོག་གོ །ཞེས་བྱ་བ་ནི་བཅུ་པ་གསུམ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ དགོས་པ ་དང༌། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །བཅུ་པ་གསུམ་པ་འདིས་ཀྱང་སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ལྷུང་བཟེད་འཆང་བ་དང༌། ལྷུང་བཟེད་ཚོལ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐག་པ་སྐྱེད་པ་དང༌། འཕྲོགས་པ་དང༌། བརྟད་པ་ལས་བྱུང་བ་དང༌། ཞག་བདུན་གྱིས་འབྲལ་བ་དང༌། དབྱར་གྱི་རས་ཆེན་དང༌། བསྔོས་པ་ལས་བསྒྱུར་བ་དང༌། གསོག་འཇོག་གོ །དེ་ལ་ལྷུང་བཟེད་འཆང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་ལྷུང་བཟེད་རྙེད་དོ་ཅོག་སོགས་པར་བྱེད་ཅིང༌། བདག་ཉིད་ཀྱང་སྤྱོད་པར་མི་བྱེད་དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ལྷུང་བཟེད་རྙེད་དོ་ཅོག་སྩོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་གྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་ལྟུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་
ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱས་པ་ལས་ལྷག་པའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི། ཉིན་མཚན་བཅུའི་མཐའི་བར་དུའོ། །བཅང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྷུང་བཟེད་འཆང་བ་སྤང་བ་འདིའི་མཚན་ཉིད་ནི། སྔར་གོས་འཆང་བའི་སྤང་བའི་མཚན་ཉིད་བསྟན་པ་དང་ཐམས་ཅད་འདྲ་སྟེ། བྱེ་བྲག་ཏུ་ན་སྔར་གོས་ཞེས་སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཞེས་བྱ་བའི་མིང་གཞུག་པར་བྱ་བ་དང༌། སྔར་འཁོར་གསུམ་ཁེབས་པའི་མཚན་ཉིད་དང་ལྡན་པ་ཞེས་སྨོས་པའི་གནས་སུ། འདིར་བྱིན་གྱིས་བརླབ་ཏུ་རུང་བ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་མཐའི་ཚད་དང་ལྡན་པ་ཞེས་བརྗོད་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རང་གིས་ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ། ཆུང་ངུའམ། འབྲིང་ངམ། ཆེན་པོའི་མཐའི་ཚད་དང་ལྡན་པ་ཡོད་ལ། བྱིན་གྱིས་མ་བརླབས་པར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ཡིན་པ། ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན། ལྷུང་བཟེད་བཅང་བའི་སྤང་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ན། རང་གི་ལྷུང་བཟེད་བྱིན་གྱིས་མ་བརླབས་པའོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་དང༌། ལྷུང་བཟེད་དང༌། བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱིས་མཐའི་ཚད་དང༌། ཡོད་པ་དང༌། བྱིན་གྱིས་མ་བརླབས་པ་དང༌། ཞག་བཅུར་རྗེས་སུ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལྷུང་བཟེད་བཅང་བའི་སྤང་བ་སྟེ་ཉི་ཤུ་གཅིག་པའོ།། །།ལྷུང་བཟེད་ཚོལ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་
བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེས་ལྷུང་བཟེད་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ནས། དགེ་སློང་བསོད་སྙོམས་པ་ཞིག་ལ་ཕྱིན་པ་དང༌། དེས་མ་འདོད་པ་ཉེ་དགས་ཐོས་ནས་དེས་དེ་བསླང་བར་བརྩམས་པ་དང༌། སྤོས་འཚོང་གི་ཁྱེའུ་དེས་རིན་མེད་པར་མ་བྱིན་ནས། ཉེ་དགས་ཁྱིམ་བདག་གཅིག་རིན་འཇལ་དུ་བཅུག་སྟེ། ལྷུང་བཟེད་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས། དགེ་སློང་རྣམས་ལ་ངོམས་སྤྱོམས་དང༌། རློམ་པར་བྱེད་པ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ། སྤྱད་བཟོད་པ་ཡོད་བཞིན་དུ། བཟང་པོ་འདོད་པའི་ཕྱིར། ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ། དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལྷུང་བཟེད་ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི། ལྷུང་བཟེད་ལྷན་པ་ལྔར་མ་ཚང་བའོ། །སྤྱད་བཟོད་པ་ཡོད་བཞིན་དུ་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བཟོད་པ་ཡོད་བཞིན་ནོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་མཆོག་
འདོད་པའི་ཕྱིར་རོ། །ལྷུང་བཟེད་སར་པ་ཞེས་བྱ་བ་ནི། སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པ་སྟེ། དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །གཞན་ཞས་བྱ་བ་ནི་གཉིས་པའོ། །ཚོལ་ཞིང་ཞེས་བྱ་བ་ནི་ཚོལ་བར་བྱེད་ཅིང་ངོ༌། །ལྷུང་བཟེད་གྲུབ་ན་ཞས་བྱ་བ་ནི། ལྷུང་བཟེད་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི་མན་ཆད་ནི་ལྷུང་བཟེད་འབྲེལ་པ་མེད་པ་བྲིམ་པ་དང༌། སྤྱད་པ་ལ་སོགས་པའི་ཆོ་ག་སྟོན་ཏོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ལྷུང་བཟེད་དེ་ཞེས་བྱ་བ་ནི་ལྷུང་བཟེད་འབྲེལ་བ་མེད་པ་དེའོ། །དགེ་སློང་གི་འཁོར་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་ལའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མེ་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ་ཞེས་བྱ་བ་ལ་དེའི་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་ཞིང༌། དེས་ཀྱང་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་དུ་དགེ་འདུན་ལ་ཞག་གཅིག་གི་མདུན་རོལ་ནས་བསྒོ་ཞིང༌། དགེ་འདུན་ཚོགས་པའི་དུས་སུ་བྲིམས་ཏེ། དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ། དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གིས་ཀྱང་དེ་སྣོད་བཟང་པོར་གཞུག་པར་བྱ་བ་དང༌། དེས་འབྲས་ཆན་སྐམ་པོ་བླང་བ་དང༌། དེ་དཀྱིལ་འཁོར་གྱི་སྟེང་དུ་གཞག་པ་དང༌། དེ་བྱི་དོར་སྔར་བྱ་བ་དང༌། དེ་ངོས་ཁུང་བཟང་པོར་གཞུག་པ་དང༌། དེ་བསྲེག་པ་ལ་སོགས་པའི་བྱི་དོར་གཅེས་པར་བྱ་བ་དང༌། དེ་སྣོད་བཟང་པོར་གཞུག་པ་དང༌། དེ་བདག་
གིས་བསྐུར་བ་དང༌། ཕྲག་པ་གཡས་པས་བསྐུར་བ་དང༌། དེ་ཇི་སྲིད་འཚོའི་བར་དུ་བཅང་བ་ལ་སོགས་པ། གཞུང་ལས་ཇི་སྐད་གསུངས་པ་བཞིན་དུ་བྱའོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་དེའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དེ་ལ་ལྷུང་བཟེད་ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་ཡོངས་སུ་སྤྱད་བཟོད་པ་དེ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར། ལྷུང་བཟེད་སར་པ་གཞན་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས། ངག་གི་རྣམ་པར་རིག་བྱེད་ཀྱིས་སློང་སྟེ་ཡོངས་སུ་བཙལ་ཏེ། གྲུབ་ན་ལྷུང་བཟེད་ཚོལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་པ་དང༌། བཟང་པོ་འདོད་པའི་ཕྱིར། ལྷུང་བཟེད་སར་པ་གཞན་ཚོལ་བའོ། །འདིའི་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལྷུང་བཟེད་ཡོད་པ་ཉིད་དང༌། བཟང་པོ་འདོད་པ་དང༌། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ཚོལ་བ་དང༌། ངག་གི་རྣམ་པ་རིག་བྱེད་ཀྱིས་བསླངས་པས་ཚོལ་བ་དང༌། ལྷུང་བཟེད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལྷུང་བཟེད་ཚོལ་བའི་སྤང་བ་སྟེ་ཉི་ཤུ་གཉིས་པའོ།། །།འཐག་ཏུ་འཇུད་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགས་བསམ་པ་དང༌། འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བསླབ་པའི་གཞི་དག་གིས་བསྡམས་པས་ཕྱིན་ཆད་རས་ཡུག་ཕྲན་ཙམ་པོ་གཅིག་གི་རིན་ཡང་གང་ལས་ཀྱང་བླང་བར་མི་ནུས་ཀྱི་སོང་སྟེ་བལྟས་ནས། གལ་ཏེ་ལ་ལ་ལས་བསླང་བར་ནུས་སོ་སྙམ་ནས། དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། ཡུགས་ས་མོ་ལྔ་བརྒྱ་དོག་བ་འཁལ་ཞིང་འདུག་པ་དག་ལས་དོག་པ་ཤས་ཤས་ཀྱིས་བསླངས་ནས་བུ་མོ་བདེ་གནས་མ་ཞིག་དང་ལག་བརྗེས་ཏེ། དོག་པ་ཕྲ་མོ་བླངས་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཡིད་བརྟེན་པའི་
མི་ཆེ་བ་ཞེས་བྱ་བ་དང་བསྡོངས་ཏེ། འཐག་པའི་སྣ་བོ་སྤྱི་ཆེར་ནན་ཁུགས་ཀྱིས་འཐག་ཏུ་བཅུག་ནས། དེ་སྨོད་པར་བྱེད། ཕྱག་གཏོང་བར་བྱད། ཁ་ཟེར་བ་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་རང་གིས་བླངས་པའི་དོག་པས་ཐ་ག་ལ་ཉེ་དུ་མ་ཡིན་པ་ལ་གོས་འཐར་ཏུ་འཇུད་ན། གོས་གྲུབ་ན་སྦང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གིས་བསླངས་པའི་དོག་པས་ཞེས་བྱ་བ་ནི། འདུན་བས་ལ་ལ་ལས་སྲང་གཅིག །ལ་ལ་ལས་སྲང་ཕྱེད། ལ་ལ་ལས་ཞོ་གཉིས། ལ་ལ་ལས་ཞོ་གཅིག་བསླངས་པའི་དོག་པས་སོ། །ཐ་ག་པ་ཞེས་བྱ་བ་ནི་ཐགས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་བཅུག་ན་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རིན་མེད་པར་ངག་གིས་བསྒོ་བས་སམ། ཕོ་ཉ་ལ་སོགས་པ་གཞན་གྱིས་ཀྱང་གོས་འཐག་ཏུ་བཅུག་ན། འཐག་ཏུ་འཇུད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཐག་པ་ཁྱོམ་པ་ཉེ་དུ་མ་ཡིན་པ་དང༌། རིན་མེད་པར་བསྒོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་འཇུག་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་དང༌། རིན་མེད་པ་དང༌། ངག་གུ་རྣམ་པར་རིག་བྱེད་དམ་གཞན་གྱིས་བསྒོ་བ་དང༌། གོས་རུང་བ་ཚད་དང་ལྡན་པ་འཐག་ཏུ་བཅུག་པ་དང༌། གོས་གྲུབ་པའོ། །
དེ་དག་ལས་ཡང་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཐག་ཏུ་བཅུག་པའི་སྤང་བ་སྟེ་ཉི་ཤུ་གསུམ་པའོ།། །།འཐག་པ་སྐྱེད་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། མཉན་ཡོད་ན་ཁྱིམ་བདག་བཟའ་བྲན་གཉིས་ཤིག་འདོད་པ་ལ་ལོག་པར་སྤྱོད་པས། བུ་མོ་མངག་གཞུག་མ་ཞིག་ཡོད་པ་རྟག་ཏུ་བརྡེགས་ནས། ཉེ་དགས་དེ་ཚོར་ནས། ཁྱིམ་བདག་བཟའ་བྲན་གཉིས་ཇི་ནས་ཀྱང་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་བའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས། དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །དེ་ཕྱིན་ཆད་དེ་གཉིས་བུ་མོ་དེ་ལ་ཡང་མི་རྡེག །ཉེ་དགའ་ལ་ཡང་དོག་བ་འཇམ་པོ་དག་ཅིག་ཐ་ག་པ། ཆེ་གེ་མོ་ཞིག་ལ་རས་ལུག་ཆེན་འཐག་ཏུ་བཅུག་སྟེ། སྐོན་པར་གླེངས་པ། བུ་མོ་དེས་ཐོས་ནས། ཉེ་དགའ་ལ་སྦྲན་པ་དང༌། ཉེ་དགའ་སྔ་དྲོ་བསོད་སྙོམས་ལ་རྒྱུ་བ་ན། བཙུན་མོ་བྲེང་ལྡན་མའི་ཁྱིམ་ནས། ཧྭགས་ཀྱི་ལ་དུ་དག་ཐོབ་པ་ཁྱེར་ཏེ། ཐ་ག་པ་དེའི་གན་དུ་སོང་ནས་སྨྲས་པ། བཞིན་བཟངས་ལ་དུ་འདི་དག་ཟོལ། ཁོ་བོའི་རས་ཡུག་ཆེན་འདི་ཞེན་ཆེ་བ་དང་ཁྲུན་རིང་བ་དང༌། ཐར་གྱིས་ཞག་པ་དང༌། ཐ་ག་རས་བཟང་བར་ལེགས་པར་གྱིས་ཤིག་ཅེས། འཐག་བསྐྱེད་དུ་བཅུག་ནས། ཁྱིམ་བདག་བཟའ་བྲན་གཉིས་ཀྱི་དོག་པ་ཡང་ཁྲུན་པ་སྐྱེད། ཐག་པས་ཀྱང་ཁྱིམ་བདག་བཟའ་བྲན་གཉིས་ལས་གླ་མ་ཐོབ་ནས། ཉེ་དགའ་ལ་བདས་པ་དང༌། ཉེ་དགས་ཐ་ག་པ་དེ་ཉི་ཚན་ལ་བཏགས་ཏེ་བཏང་ནས་དེ་སྨོད་བར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར། རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་
མ་ཡིན་པའི་གན་དུ་སོང་སྟེ། འདི་སྐད་ཅེས་ཆེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞིང་ཆེ་བ་དང༌། ཁྲུན་རིང་བ་དང༌། ཐར་གྱིས་ཞག་པ་དང་ཐག་རན་བཟང་བར་ལེགས་པར་གྱིས་ཤིག ། ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བ་འམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་གོས་འཐག་པ་བསྐྱེད་པའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཐ་ག་པ་ཞེས་བྱ་བ་ནི་ཐགས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་བཅུག་པ་ལས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་ལའོ། སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཞེས་བྱ་བ་ནི། བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་ནས་སོ། །ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་སོང་སྟེའོ། །འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གིས་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་པའི་ཕྱིར་རོ། །ཞེང་ཆེ་བ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །ཁྲུན་རིང་བ་ཞེས་བྱ་བ་ནི་ཆུ་རིང་བའོ། །ཐར་གྱིས་ཞག་པ་ཞེས་བྱ་
བ་ནི། འཇུར་མདུད་མེད་པའོ། །ཐགས་རན་བཟང་བ་ཞེས་བྱ་བ་ནི། བྱེར་ཟུག་སྙོམས་པ་དང༌། ཤས་བཟང་བ་དང༌། སང་སེང་མེད་པར་རོ། །ལེགས་པར་གྱིས་ཤིག་ཅེས་བྱ་བ་ནི་ལག་བྱད་བཟང་པོར་རོ། །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ་ཞེས་བྱ་བ་ནི་འོག་མ་ལྟ་བུ་དག་སྦྱིན་ནོ་ཞེས་དམ་བཅས་པའོ། །བཟའ་བའམ་ཞེས་བྱ་བ་ནི་བཟའ་བ་ལྔ་པོ་དག་གོ །བཅའ་བ་ཙམ་མམ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དག་གོ །བཟའ་རྒྱུ་ཞེས་བྱ་བ་ནི་བཟའ་བའི་རྒྱུའོ། །ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགས་སོ། །གོས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ། །གླ་རྔན་འདི་ལྟ་སྟེ། བཟའ་བ་འམ། བཅའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་ཞེས་བྱ་བ་ནི། བཙུན་མོ་ཕྲེང་ལྡན་མའི་ཁྱིམ་ནས་ཐོབ་པའི་ཧྭགས་ཀྱི་ལ་དུ་ལ་སོགས་པ་ལྟ་བུའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། སྦྱིན་བདག་དང༌། ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་དགེ་སློང་གི་ཕྱིར་གོས་བཏགས་པར་བསམ་པའི་འཐག་པ་བསྐྱེད་ནས། གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པ་དང༌། ཐ་ག་པ་ལ་གླ་རྔན་མ་སྦྱིན་པར་གོས་གྲུབ་ན། འཐག་པ་སྐྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་དེའི་ཕྱིར་བཏགས་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དང༌། ཁོ་ལག་ཆེ་བ་ཉིད་དམ། འབྲས་བཟང་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱར་བ་དང༌། སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི། བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྦྱིན་བདག་དང་ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་ཉིད་དང༌། དགེ་སློང་དེའི་ཕྱིར་གོས་འཐག་ཏུ་བཅུག་པ་དང༌། དགེ་སློང་གིས་འཐག་པ་སྐྱེད་པ་དང༌། གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པ་དང༌། ཐ་ག་པ་ལ་གླ་རྔན་མ་བྱིན་པ་དང༌། གོས་གྲུབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཐག་པ་སྐྱེད་པའི་སྤང་བ་སྟེ་ཉི་ཤུ་བཞི་པའོ།། །།འཕྲོག་པའི་སྤང་བའི་གླེང་གཞི་ནི། སངས་རྒྱས་
བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་ལྷན་ཅིག་གནས་པ་དགེ་སློང་ཆོས་ཞེས་བྱ་བ། ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ། དགའ་བོ་གནས་ངན་ལེན་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། ཀུན་དགའ་བོ་སོང་ལ། དགེ་སློང་རྣམས་ལ། དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་བཤེགས་ཀྱིས། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས། ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས། དགེ་སློང་རྣམས་ལ་དེ་སྐད་ཅེས་བསྒོ་བ་དགའ་བོས་ཐོས་ནས་ཉེ་དགའ་ལ་སྨྲས་པ། གལ་ཏེ་བདག་ཅག་འདི་ཉིད་དུ་འདུག་ན་ནི། སྒོ་འཕར་བརྒྱ་དག་འདས་ཏེ། ཇི་ནས་ཀྱང་ལྟོ་དགང་བ་བསྒྲུབ་པར་བྱ་ དགོས་སོ། །ཇི་སྟེ་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་དུ་འདོང་ན་ནི། སངས་རྒྱས་གཤེགས་པ ་ལ་ཕན་ཡོན་བཅོ་བརྒྱད་ཡོད་པར་གསུངས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འགྲོ་བར་འགྱུར་བས། བདག་ཅག་གིས་རེ་ཞིག་ཆུ་ཡང་རྙོག་ པ་ཅན་དག་འཐུང་དགོས ་པར་འགྱུར་ལ། ཤིང་ལྗོན་པའི་དྲུང་དུ་ཡང་གོ་ཐོབ་པར་མི་འགྱུར་གྱི། བདག་ཅག་དགེ་སློང་རབ་ཏུ་ཤེས་པ་འགའ་ཞིག་ཁྲིད་དེ་སྣ་ལ་དོང་ན། རྙེད་པ་འགྲུབ་བར་འགྱུར་ན་སུ་བཀྲི། ཉེ་དགས་སྨྲས་པ། ཁྱོད་ཀྱི་ལྷན་ཅིག་གནས་པ་དགེ་སློང་ཆོས་དེ་ཟང་ཟིང་གིས་བྲིད་དེ་ཁྲིད་ཅིག །དེ་ནས་དགའ་བོས་དགེ་སློང་ཆོས་རང་གི་དྲུང་དུ། ཆོས་གོས་སྣམ་སྦྱར་འདྲུབ་པར་ཞུ་བར་འོངས་པའི་ཚེ་སྨྲས་ པ། ཁྱོད་ལ་ངས་ཆོས་གོས་སྣམ་སྦྱར་ཅིག་སྦྱིན་གྱིས། ཁྱོད་རང་གིས་དྲུབ་མི་དགོས ་སོ། །དེ་ནས་ཆོས་ཀྱིས་དགའ་བོས་བྱིན་པའི་
སྣམ་སྦྱར་གོན་ཏེ། རང་གི་རས་ཡུག་ཆེན་དགེ་འདུན་ལ་ཕུལ་ནས། སྣམ་སྦྱར་རྙིང་པ་ལྔ་བསོད་སྙོམས་པ་ཅིག་ལ་བྱིན་ནོ། །དེ་ནས་དགའ་བོས་ཆོས་ལ་ཁྱོད་རང་ངའི་ཕྱི་བཞིན་འདོང་ངོ་ཞེས་སྨྲས་པ་དང༌། ཆོས་མ་བཏུབ་ནས། དགའ་བོས་ཆོས་གོས་སྣམ་སྦྱར་བྱིན་པ་དེ་ཕྱིར་ཕྲོགས་སོ། །དེ་ནས་དགེ་སློང་ཆོས་གོས་སྣམ་སྦྱར་མེད་པར་བཅོམ་ལྡན་འདས་ཀྱི་ཞམ་འབྲིང་དུ་ལྗོངས་རྒྱུར་སོང་བ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཚེ་དན་ལྡན་པ་ཀུན་དགའ་བོ་ལ་སྨྲས་སོ། ཚེ་དང་ལྡན་པ་ཀུན་དགའ་བོས། དེའི་ལོ་རྒྱུས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་འཕྲོག་གམ་འཕྲོག་ཏུ་གཞུག་ཅིང༌། དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན། དགེ་སློང་དེས་ལྷག་མ་ཡོད་པའི་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་བྱིན་ཕྲོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་ཞེས་བྱ་བ་ནི། ཤཱཀྱ་འི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །གོས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏ་མ་བའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་ཕྱིར་བྱིན་མི་དགོས་པར་རོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་བ་མ་རངས་པར་རོ། །འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །འཕྲོག་ཏུ་འཇུག་ཅིང་ཞེས་བྱ་བ་ནི་གཞན་ནོ། །དེ་ལ་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་ཟེར་ན་ཞེས་བྱ་བ་ནི་དབྲོག་པའི་བསམ་པས་ཚིག་དེ་སྐད་ཟེར་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ། །ལྷག་མ་ཡོད་པ་ཞེས་བྱ་བ་ནི་དེའི་ལྷག་མ་གང་ཡིན་པའོ། །ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གཏང་བར་བྱ་ཞིང་ངོ༌། །བཏང་ན་ཞེས་བྱ་བ་ནི་ལུས་དང་
བྲལ་བར་བྱས་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དབྲལ་བར་བྱ་བ་དགེ་སློང་ཉིད་ལས་དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་པའི་གོས་ལ་སོགས་པ་ཡོད་བྱད་གང་ཡང་རུང་བ་དེའི་འམ་དེས་བསྐོས་པའི་ལུས་དང༌། ངག་བསྡུས་པའམ། ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་ཤིང༌། ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་དབྲོག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དབྲལ་བར་བྱ་བ་དགེ་སློང་ཉིད་དང༌། དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་པ་གོས་ལ་སོགས་པ་དང༌། དེའིའམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ། ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབུལ་བར་བྱ་བ་དགེ་སློང་ཉིད་དང༌། དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་པ་གོས་ལ་སོགས་པ་ཡོ་བྱད་གང་ཡང་རུང་བ་དང༌། དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པ་འམ། ཐ་དད་པ་གང་ཡང་རུང་བ་དང༌། དབྲོག་པའི་དོན་དུ་ཞུགས་པ་དང༌། ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པའོ། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཕྲོག་པའི་སྤང་བ་སྟེ་ཉི་ཤུ་ལྔ་པའོ།། །།བམ་པོ་བརྒྱད་པ། བརྟད་པ་ལས་བྱུང་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་ཤིག་ན་ཁྱིམ་བདག་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་འདུག་པ་དེས། དགོན་པར་དགེ་འདུན་གྱི་གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང༌། སྐར་ཁུང་དྲ་བ་ཅན་དང༌། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང༌། ཁྲིའུ་དང༌། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེ་ན་དགེ་སློང་དྲུག་ཅུ་གནས་པ་དེ་དག་ལ། ཁྱིམ་བདག་དེས་ཆོས་གོས་དང་བསོད་སྙོམས་ལ་སོགས་པས་མཁོ་བ་སྟོབས་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་
ན་ཁྱིམ་བདག་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས། དེའི་བུས་ཡོ་བྱད་མ་སྦྱར་བར་གྱུར་ནས། དགེ་སློང་དྲུག་ཅུ་པོ་དག་ནི་གཞན་དུ་དོང་ངོ༌། །རྒན་ཞུགས་གཉིས་ཤིག་དེ་ན་འཁོད་པའི་ཚེ། བྱང་ཕྱོགས་ནས་ཚོང་བ་དོན་མཐུན་པ་དག་དེར་ལྷགས་ནས་དགེ་སློང་དྲུག་ཅུ་དབྱར་ཟླ་བ་གསུམ་གནས་པར་ཁས་ལེན་པའི་བསོད་སྙོམས་དང༌། བརྒྱད་སྟོན་དང་བཅུ་བཞི་སྟོན་དང༌། ན་བའི་རྐྱེན་དང༌། སྨན་གྱི་ཡོ་བྱད་དང༌། རྙེད་པ་དང༌། ཆོས་གོས་ཀྱི་ཟོང་དག་ཕུལ་ཏེ། དགེ་སློང་བཟང་པོ་དག་བསོལ་དབྱར་འདིར་གནས་པར་ཁས་ལོང་ཤིག་དང༌། བདག་ཅག་ཀྱང་དབྱར་གནས་འདིར་མཆིས་ཏེ། དགེ་སློང་བརྒྱ་ལ་མཁོ་བ་བསྟབ་བར་བགྱིའོ་རྒན་ཞུགས་གཉིས་ལ་སྨྲས་ཏེ་དོང་ངོ༌། །དེ་ནས་རྒན་ཞུགས་གཅིག་གིས་རྙེད་པ་སྦས་ཏེ། གཅིག་གིས་མཉན་ཡོད་ནས། དྲུག་སྡེ་དག་སྦྲན་པ་དང༌། དྲུག་སྡེ་དག་གིས་རྒན་ཞུགས་གཉིས་ལས་ལས་ཕྱུང་སྟེ། དགེ་སློང་ལྟོ་འདུན་ཅན་ཞིག་བསྐོས་ནས། ཉི་མ་རེ་རེ་ཞིང་བཅའ་བ་རྣམ་པ་བཅོ་བརྒྱད་དང༌། ཚོད་མ་སྣུམ་བག་ཅན་མང་པོ་སྣ་ཚོགས་དང༌། ལེགས་པར་སྦྱར་བའི་བཏུང་བ་ཤ་སྟག་བྲིམ་པས། དབྱར་ཟླ་བ་གསུམ་གྱི་བསོད་སྙོམས་ཐམས་ཅད་ཟོས་ཏེ། གོས་ཀྱི་རྙེད་པ་ཡང་བགོས་ནས། མཉན་ཡོད་དུ་དོང་ནས་དབྱར་ཕྱི་མར་གནས་པར་ཁས་བླངས་ཏེ་འཁོད་དོ། །དབྱར་སྔ་མ་འདས་པ་དང༌། བྱང་ཕྱོགས་པའི་ཚོང་བ་དོན་མཐུན་པ་དག་དེར་ལྷགས་ཏེ་བལྟས་ན་དྲུག་སྡེ་དག་གིས་དེ་ལྟར་བྱས་པ་མཐོང་ནས། དེ་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་བདག་ཅག་གི་དད་པའི་མྱུ་གུ་སྐྱེས་མ་ཐག་ཏུ་བཅོམ་མོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ། འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རྙེད་པ་ལ་གདུ་བ། ཉེས་པ་ནི་
དབྱར་གྱི་ནང་དུ་འགོད་པར་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ཞེས་བྱ་བ་ནི། ཞག་བཅུ་ན་དགག་དབྱེ་འབྱུང་བ་ཚུན་ཆད་དུའོ། །བརྟད་པ་ལས་བྱུང་བའི་གོས་ཤིག་ཅེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་གོས་ལྔ་པོ་དག་སྟེ། ལྔ་གང་ཞེ་ན། ནད་པ་ལ་སྦྱིན་བ་དང༌། ནད་པའི་ཕྱིར་སྦྱིན་པ་དང༌། འཆི་བ་ལ་སྦྱིན་བ་དང༌། ཤི་བའི་ཕྱིར་སྦྱིན་བ་དང༌། འགྲོ་བར་ཆས་པ་ལ་སྦྱིན་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། རྒྱལ་པོ་དང༌། ཆོམ་རྐུན་དང༌། རིགས་རྒྱུད་དང༌། ཆུ་ལ་སོགས་པས་ཁྱེར་དུ་དོགས་པ་དང༌། མཆོད་གནས་བགོ་སྐལ་ལ་གཏོགས་པ་འཆིར་དོགས་པ་ལ་སོགས་པ་དག་ཀྱང་ཡོངས་སུ་བསྡུའོ། །རྙེད་ལ་ཞེས་བྱ་བ་ནི་གཞན་གྱིས་སོ། །འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །གོས་དེ་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བླང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་སྦ་བར་བྱ་བའོ། །དགེ་སློང་གི་གོས་སྦྱིན་པའི་དུས་ནི་གང་ཡིན། དུས་མ་ཡིན་པ་ནི་གང་ཡིན་ཞེ་ན། སྲ་བརྐྱང་མ་བཏིང་བའི་གནས་ན་ནི། སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་ནི་གོས་སྦྱིན་པའི་དུས་མ་ཡིན་ལ་ལྷག་མ་ནི་དུས་ཡིན་ནོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕན་ཆད་ནས། དཔྱིད་ཟླ་འབྲིང་པོའི་ཉ་ཚུན་ཆད་ནི་དུས་ཡིན་ལ། ལྷག་མ་ནི་དུས་མ་ཡིན་ནོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི། དེ་ལ་ཐལ་བར་འཆང་ནའོ། །སྦང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་དམ། དེ་བ་གོས་སམ། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་མ་བགོས་ན་བརྟད་བ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དབྱར་གྱི་རྙེད་པ་དང༌། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང༌། དབྱར་གྱི་ནང་
ལོགས་སུ་བགོས་པ་དང༌། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོ་དེའི་ཕྱི་དེ་ཉིན་པར་མ་བགོས་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཟིའི་ལྟུང་བར་འགྱུར་ཏེ། དབྱར་གྱི་རྙེད་པ་དང༌། རུང་བ་ཉིད་དང༌། བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་མ་གཏོགས་པ། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང༌། དེ་དབྱར་གྱི་ནང་ལོགས་སུ་བགོས་པ་དང༌། དེ་སྦེད་པ་མ་བསྐོས་པ་རྣམས་ཀྱིས་དགག་དབྱེའི་ཉིན་མོའི་ཕྱིར་ཉིན་པར་མ་བགོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བརྟད་པ་ལས་བྱུང་བའི་སྤང་བ་སྟེ་ཉི་ཤུ་དྲུག་པའོ།། །།ཞག་བདུན་ན་འབྲལ་བའི་སྦང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཆལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ནས་ཧ་ཅང་ཐག་མི་རིང་བ་ན། རི་བྲགས་ཤིག་ཡོད་པ་དེ་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་འདུག་སྟེ། དེ་ཡང་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས། དེས་དགེ་འདུན་ལ་བསྔོས་ཏེ། གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། སྐར་ཁུང་དང༌། སྐར་ཁུང་དྲ་བ་ཅན་དང༌། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པར་བྱེད་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཁྲི་དང༌། ཁྲིའུ་དང༌། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་བྱེད་དུ་བཅུག་སྟེ། དེར་དགེ་སློང་དྲུག་ཅུས་དབྱར་གནས་ཏེ་དོང་ནས་ཇི་ཙམ་ན་དུས་གཞན་ཞིག་ན་དགེ་སློང་གཞན་དྲུག་ཅུ་ལྗོངས་རྒྱུ་ཞིང་འགྲོ་བ་ན། དེར་ལྷགས་ནས། ཁྱིམ་བདག་དེས་ཡོ་བྱད་སྣ་ཚོགས་བསྟབས་ཏེ། དེར་དབྱར་གནས་པར་ཁས་བླངས་སོ། །ཁྱིམ་བདག་དེ་དང༌། རི་བྲགས་དེ་དང༌། རི་བྲགས་དེའི་ཉེན་འཁོར་ན་ཡང་གཙུག་ལག་ཁང་གཞན་མེད་པས་དེ་དག་སྦྱིན་པ་བྱ་བར་སེམས་པ་ཡང་ཡིན་པ་དེ་ཐམས་ཅད་གཙུག་ལག་ཁང་དེ་ཉིད་དུ་སྦྱིན་ཞིང་བྱེད་པས། དེར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ལ་རྙེད་པ་མང་པོ་བྱུང་ངོ༌། །སྟོན་ཟླ་ཐ་ཆུངས་གྱི་གཡོན་ཅན་དག་གིས་དེ་ཐོས་ནས་དགེ་འདུན་ཚེས་བཅུ་བཞི་ལ་མཚན་མོ་ཆོས་སྒྲོགས་པའི་ཚེ་ནང་དུ་བརྟུལ་ནས། དགེ་སློང་དག་བཅོམ་ནས་གོས་ཕྲོགས་ཏེ་དོང་བ་དང༌། དགེ་སློང་དེ་དག་ཀྱང་མཚན་མོ་སྒྲེན་མོར་མཉན་ཡོད་དུ་
དོང་ནས། དགེ་སློང་རྣམས་ཀྱིས་དེ་དག་ལས་ཆོས་གོས་ཀྱི་བགོ་བཤའ་བྱས་པའི་སྐབས་དེ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལ་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དེར་ཉལ་བར་མི་བྱའོ། །སྐྱ་རེངས་འཆར་བར་མི་བྱའོ། །གཙུག་ལག་ཁང་ཉིད་དུ་སྐྱ་རེངས་འཆར་བར་བྱའོ། །དགེ་སློང་དགོན་པ་པས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱིར་རོལ་ཏུ་འབྲལ་བར་བྱའོ་ཞེས་རྗེས་སུ་གནང་བ་དང༌། དགེ་སློང་དྲུག་སྡེ་དག་བསམས་བཞིན་དུ། ཞག་བདུན་འབྲལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན། ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ དགོས་པ ་དེ་ལྟ་བུའི་རྐྱེན་ཅིག་བྱུང་ན། དགེ་སློང་དགོན་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རང་ཉམས་བྱེད་པ། ཉེས་པ་ནི་དགོན་པར་ཆོས་གོས་ཁྱིམ་གཞན་དུ་གཞག་པ་དང༌། ཞག་བདུན་དུ་འབྲལ་བར་བྱེད་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་གོས་འདི་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་ཆོས་འདི་གཉིས་ཡན་ཆད་ནི་རབ་ཏུ་མང་པོ་དག་ཡིན་ནོ། །གནས་མལ་ཞེས་བྱ་བ་ནི་གཙུག་ལག་ཁང་ངོ༌། །དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང༌། རྡུལ་ཕྲ་མོ་དང༌། ཆུ་རྡུལ་དང༌། ལྕགས་རྡུལ་དང༌། རི་བོང་རྡུལ་དང༌། ལུག་རྡུལ་དང༌། གླང་རྡུལ་དང༌། ཉི་ཟེར་གྱི་རྡུལ་དང༌། སྲོ་མ་དང༌། ཤིག་དང༌། ནས་དང༌། སོར་དན། ཁྲུ་རྣམས་སྔ་མ་དྲུག་ལ་ཕྱི་མ་
གཅིག་ཏུ་བསྒྲེས་ཏེ། ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུ་གང་ངོ༌། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་ཏེ། དེ་ཕན་ཆད་དགོན་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང༌། སྟག་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ནི། ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱིས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུའོ། །དབྱར་ཕྱི་མར་གྱུར་ལ་ཞེས་བྱ་བའི་ནི་དབྱར་ཕྱི་མར་གནས་པར་ཁས་བླངས་པར་གྱུར་ལ་ཏེ། དེ་ནི་གླེང་གཞིའི་དབང་གིས་གསུངས་པར་ཟད་ཀྱི། ལྟུང་བ་བསྟན་པ་ནི་ཡན་ལག་མ་ཡིན་ནོ། །དགེ་སློང་དགོན་པ་པས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི། སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་ལས་གན་འདོད་པའོ། །ཁྱིམ་གཞན་དུ་ཞེས་བྱ་བ་ནི་གང་ལམ་པོ་ཆེ་དང༌། སྲང་དང༌། བཞི་མདོ་དང༌། སུམ་མདོ་དག་ཡོད་པར་རོ། །གཞག་པར་བྱའོ་ཞེས་བྱ་བ་ནི་གདམས་པར་བྱ་བའོ། །དགེ་སློང་དགོན་པ་པས་མཚམས་ཀྱི་ཕྱི་རོལ་དུ་ དགོས་པ ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་དགེ་འདུན་གྱི་འམ། མཆོད་རྟེན་གྱིའམ། གང་ཟག་གི་བྱ་བའི་ཕྱིར། མཚམས་ཀྱི་ཕྱི་རོལ་དུ་འགྲོ་ དགོས་པ ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ནའོ། །དགེ་སློང་དགོན་པ་པ་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཞག་དྲུག་གི་མཐའ་ཚུན་ཆད་དུ་ཞེས་བྱ་བ་ནི་ཉིན་མཚན་དྲུག་གི་མཐའ་ཚུན་ཆད་དུ་སྟེ་ཞག་བདུན་པའི་སྐྱ་རེངས་མ་ཤར་ཚུན་ཆད་དུའོ། །ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རིལ་དུ་འབྲལ་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་གཞག་པ་གང་ཡིན་པ་དེ་དང་ངོ༌། །དེ་ལས་འདས་པར་བྲལ་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་སྐྱ་རེངས་འཆར་བར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགོན་པ་པས་ཆོས་གོས་གསུམ་ལས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པ་ལས་དོན་གྱི་དབང་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ཞག་བདུན་པའི་སྐྱ་
རེངས་ཤར་ན། ཞག་བདུན་ན་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་དགོན་པ་བའི་ཆོ་གོས་དང༌། མཚམས་གཞན་དང་ཞག་བདུན་པའི་སྐྱ་རེངས་ཤར་བའོ། འདི་ལ་ཡན་ལག་ལྔ་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་དང༌། གྲོང་གཞན་དུ་གཞག་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་སོང་བ་དང༌། བར་ཆད་ཀྱི་དབང་མ་གཏོགས་པ་དང༌། ཞག་བདུན་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཞག་བདུན་ན་འབྲལ་བའི་སྤང་བ་སྟེ་ཉི་ཤུ་བདུན་བའོ།། །།དབྱར་གྱི་རས་ཆེན་གྱི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་དགའ་རབ་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ན་དགེ་སློང་གང་དག་དབྱར་གནས་པ་སྔ་མར་ཁས་ལེན་པ་དེ་དག་ནི་རང་གི་དུས་ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང༌། བདག་གིས་ཅིའི་ཕྱིར་མི་བཅང་ཞེས་འཆང་བར་བྱེད་དོ། །དབྱར་ཕྱི་མར་གནས་པ་ཁས་ལེན་པ་དེ་དག་ཀྱང་རང་གི་དུས་ཡིན་ནོ་ཞེས་ཚོལ་བར་བྱེད་ཅིང༌། བདག་གིས་ཅིའི་ཕྱིར་མི་བཅང་ཞེས་འཆང་བར་བྱེད་དེ། དེ་དག་ཧ་ཅང་མྱུར་བར་ཚོལ་བ་དང༌། ཧ་ཅང་ཡུན་རིང་དུ་བཅང་བར་བྱེད་པས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཏེ། ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་སོག་རྣམས་ཀྱི་ཟླ་བ་གཅིག་ལུས་ན། དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ། དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་
མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་དབྱར་གྱི་གོས་རས་ཆེན་ཧ་ཅང་སྔར་ཚོལ་བ་དང༌། ཧ་ཅང་ཡུན་རིང་དུ་འཆར་བར་བྱེད་པའོ། །དེ་ལ་གེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་ཞེས་བྱ་བ་ནི་ཟླ་བ་གཅིག་ན་དབྱར་ཉེ་བར་བསྒྲུབ་པ་འབྱུང་བར་འགྱུར་ནའོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི་ཆས་འབབ་པའི་གོས་སོ། །བཙལ་བར་བྱའོ་ཞེས་བྱ་བ་ནི་གཞན་ལས་སོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ་ཞེས་བྱ་བ་ནི་དེའི་མདུན་རོལ་དུའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་བདག་ཉིད་དབྱར་གནས་པ་སྔ་མའམ་ཕྱི་མ་གན་དུ་ཁས་བླངས་པའི་དེའི་མདུན་རོལ་གྱི་ཟླ་བ་གཅིག་པས་སྔ་རོལ་དུ། དབྱར་གྱི་གོས་རས་ཆེན་རུང་བ་ཚོལ་ལམ། དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ལས་འདས་པར་དབྱར་གྱི་གོས་རས་ཆེན་འཆང་ན། དབྱར་གྱི་རས་ཆེན་གྱི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དབྱར་ནས་པར་ཁས་བླངས་པའི་ཟླ་བ་གཅིག་གི་སྔོན་རོལ་དུ་ཚོལ་བ་དང༌། དགག་དབྱེ་བྱས་པའི་འོག་ཏུ་བཟླ་བ་ཕྱེད་འདས་པར་འཆང་བ་དང༌། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །འདི་ལ་ཚོ་བ་དན་འཆང་བའི་དུས་གཉི་ག་ལ་ཡན་ལག་གསུམ་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱར་གནས་པར་ཁས་ལེན་པའི་ཟླ་བ་གཅིག་གི་སྔོན་རོལ་གྱི་དུས་དང༌། དེ་བཙལ་བ་གྲུབ་བ་དང༌། དབྱར་གི་གོས་རས་ཆེན་རུང་བ་ཉིད་དོ། །དགག་དབྱེ་བྱས་པའི་འོག་རོལ་གྱི་ཟླ་བ་ཕྱེད་ཀྱི་དུས་དང༌། དེ་ལ་འདས་པར་འཆང་བ་དང༌། དབྱར་གྱི་གོས་རས་ཆེན་རུང་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དབྱར་གྱི་གོས་རས་ཆེན་གྱི་སྦང་བ་སྟེ་ཉི་ཤུ་བརྒྱད་པའོ།། །།བསྔོས་པ་ལས་བསྒྱུར་པའི་སྤང་བི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་
ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བསོད་སྙོམས་པ་ཞིག་གིས་ཁྱིམ་བདག་ཅིག་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་བཞག་སྟེ། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་ངག་གི་བསྔགས་པ་བརྗོད་པ་དང༌། ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲང་ཞིང་རས་ཟུང་ཅིག་ཡོན་དབུལ་བར་བསྔོས་ཏེ། ཉེ་དགས་ཐོས་ནས་དེས་རང་ལ་སྒྱུར་དུ་བཅུག་སྟེ། དེའི་འོག་ཏུ་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་ཆོས་སྟོན་གསོལ་ནས། རས་ཟུང་དེ་རྒན་པའི་མཐའ་ལོགས་སུ་རྗེས་སུ་ཡི་རང་བར་མཛོད་ཅིག་ཅེས། རྗེས་སུ་ཡི་རང་བར་བྱེད་དུ་བཅུག་ནས། ཉེ་དགའ་ལ་བྱིན་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ་།ཉོན་མོངས་པ་ནི་བརྣབ་སེམས། ཉེས་པ་ནི་གཞན་གྱིས་གཞན་ལ་བསྔོས་པའི་གོས་གང་ཟག་ལ་སྒྱུར་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ལའོ། །བསྔོས་པའི་ཞེས་བྱ་བ་ནི་གང་ཟག་པའིའོ། །རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང༌། ཟས་ཀྱི་རྙེད་པ་སྟེ། །དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་དེ་ཤེས་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །གང་ཟག་བདག་ལ་སྒྱུར་དུ་འཇུད་ན་ཞས་བྱ་བ་ནི་བདག་ཉིད་ལ་དབུལ་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ཡོན་བདག་གཞན་གྱིས་གང་ཟག་དགེ་སློང་གཞན་ནམ། དགེ་འདུན་ལ་བསྔོས་པའི་གོས་རྙེད་པ་ཤིན་
ཏུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ན། བསྔོས་པ་ལས་བསྒྱུར་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གཞན་གྱིས་གཞན་ལ་བསྔོས་པའི་གོས་ཀྱི་རྙེད་པ་དང༌། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཡོན་བདག་གཞན་གང་ཡང་རུང་བ་དང༌། གང་ཟག་དགེ་སློང་གཞན་ནམ། དགེ་འདུན་ལ་བསྔོས་པ་དང༌། གོས་ཀྱི་རྙེད་པ་དང༌། ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་བ་དང་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྔོས་པ་ལས་བསྒྱུར་བའི་སྤང་བ་སྟེ་ཉི་ཤུ་དགུ་པའོ།། །། གསོག་འཇོག་གི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་གཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པའི་ཉེ་གནས་དགེ་སློང་དག་སྨན་གང་དག་དེ་ནས་ལག་ཉར་བླངས་པ་དང༌། དེ་ལས་བྱིན་ལེན་བྱས་པ་དང༌། ཟས་ཀྱི་ཕྱེ་དང་འདྲེས་པ་དང༌། ཕན་ཚུན་འདྲེས་པ་དག་གི་རྒྱུད་ཀྱི་མྱགས་པ་གང་དག་རྣམ་པར་དབྱེར་མི་མངོན། དེ་དག་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟ་བར་བྱེད་ཅིང༌། དེ་དག་ལ་བཟའ་བར་རྣམ་པར་དབྱེ་བར་ཡང་མི་མཐོང་ནས་དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ། ཕན་བ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ། ཞུན་མར་དང༌། འབྲུ་མར་དང། སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་ད་དག་ལས་དགེ་སློང་ན་བས་འདོད་ན། རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ། གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱོད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་དང་ཉེ་གནས་དགེ་སློང་དག །ཉོན་མོངས་པ་ནི་ལྟོ་འདུན་ཆེ་བ། ཉེས་པ་ནི་གསོག་འཇོག་བྱེད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་
ཞེས་བྱ་བ་ནི་ཆོས་འདི་པའོ། །ན་བ་རྣམས་ལ་ཞེས་བྱ་བ་ནི་ནད་པ་རྣམས་ལའོ། །ཕན་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའོ། །སོ་སོར་བསྟེན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རུང་བའོ། །སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པའོ། །འབྲུ་མར་ཞེས་བྱ་བ་ནི་འབྲུ་མར་ཉིད་དོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་རྩིའོ། །བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་མོ། །དེ་དག་ལས་ཞེས་བྱ་བ་ནི་བཀའ་སྩལ་པ་དེ་དག་ལས་སོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེའོ། །ན་བ་ཞེས་བྱ་བ་ནི་ནད་པས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །རང་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ཞག་བདུན་པར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་ཉིན་མཚན་བདུན་པར་རོ། །གསོག་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་བྱ་བ་ནི་རང་གིས་བླངས་ཏེ་བཟའ་བར་བྱ་བའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞེས་བྱ་བ་ནི་ཞག་བདུན་པ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་ཤར་ན། གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་དང༌། དེ་དག་སྐྱ་རེངས་བརྒྱད་ཤར་ཏེ་གསོག་འཇོག་ཏུ་གྱུར་པ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྨན་ཞག་བདུན་པར་བྱིན་གྱིས་བརླབ་པ་ཉིད་དང༌། རང་ཉིད་བཟའ་བའི་ཕྱིར་དང༌། འཆང་བ་དང༌། སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གསོག་འཇོག་གི་སྤང་བ་སྟེ་སུམ་ཅུའོ།། །།ཚེ་དང་ལྡན་པ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་གདོན་པའི་མཇུག་བསྡུ་བ་སྟེ། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་བཅུ་ཕུང་གསུམ་པོ་དག་གོ །བདག་གིས་བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱིས་མཇུག་
བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྡང་བའི་ལྟུང་བྱེད་གདོན་པ་བཤད་ཟིན་ཏོ།། །།ད་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང༌། །མ་བསྐོས་པ་དང་ཡང་དང་ཡང༌། །ཆུ་དང་ཁྱིམ་དང་བསམས་བཞིན་དང༌། །འགྲོན་མང་རྐུན་མ་མཆོད་སྟོན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྱི་སྡོམ་ལ་ཞེས་བྱ་བ་ནི། ལྟུང་བྱེད་དགུ་བཅུ་ལ། བཅུ་པ་ཕྲག་དགུ་འོག་ནས་འབྱུང་བ་རྣམས་ཀྱི་སྤྱིའི་དོན་ཚིགས་སུ་བཅད་པ་གཅིག་གིས་བསྡུས་པ་ཡིན་ནོ། །དེ་ལ་ཤེས་བཞིན་དང་ནི་ཞེས་བྱ་བ་ནི་འོག་ནས་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་དོར་བྱེད་དང་ཁྱད་དུ་གསོད། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ས་བོན་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་བརྩིག་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མ་བསྐོས་པ་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཡང་དང་ཡང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། ཡང་དང་ཡང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང༌། །འདུས་དང་དུས་མིན་གསོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་འབྱུང་བའི་སྤྱིའི་སྡོམ་ཡིན་ནོ། །ཆུ་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། གཞག་གཉིས་བཤམས་དཀྲུག་འགྲོ་བ་དང༌། །བརྡེག་དང་གཟས་དང་གནས་ངན་ལེན། །ཅེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ཁྱིམ་
དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། བདེ་དང་མེ་དང་འདུན་པ་དང༌། བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །བསམས་བཞིན་དང་ཞེས་བྱ་བ་ནི། འོག་ནས་སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྡངས་བྱེད་དང༌། །སྦེད་དང་གདེང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །འགྲོན་མང་རྐུན་མ་ཞེས་བྱ་བ་ནི་འོག་ནས། སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་འགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །མཆོད་སྟོན་ནོ་ཞེས་བྱ་བ་ནི། །འོག་ནས་སྡོམ་ལ། ཟས་བཅས་སྐྱ་རེངས་དག་དོད་དང༌། ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལ་དང་གདིང་དང་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་འབྱུང་བའི་སྤྱི་སྡོམ་ཡིན་ནོ། །ད་ནི་སྤྱི་སྡོམ་གྱིས་བསྡུས་པའི་སྡོམ་གྱི་བཅུ་པ་ཕྲག་དགུ་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་ དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་དང་པོའི་སྡོམ་འདིས་ལྟུང་བྱེད་ཀྱི་ཆོས་བཅུ་སྟོན་ཏེ། བརྫུན་དུ་སྨྲ་བ་དང༌། སྐྱོན་ནས་སྨྲ་བ་དང༌། ཕྲ་མ་བྱེད་པ་དང༌། སྐྱོ་སྡོགས་བྱེད་པ་དང༌། སྟོན་པ་དང༌། འདོན་པ་དང་གནས་ངན་ལེན་བརྗོད་པ་དང༌། མིའི་ཆོས་བླ་མ་བརྗོད་པ་དང༌། སྐུར་པ་འདེབས་པ་དང༌། ཁྱད་དུ་གསོང་པའོ། །ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ལྟུང་བྱེད་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །ལྟུང་བྱེད་ཀྱི་ཆོས་ཞེས་བྱ་བ་ནི་སྤང་པའི་ལྟུང་བྱེད་དག་ལྟར་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་ལྟ་བུ་མ་ཡིན་ཏེ། སྤང་བར་བྱ་བའི་དངོས་པོ་མེད་པའི་ཕྱིར། དེས་ན་ལྟུང་བྱེད་འབའ་ཞིག་ཅེས་བྱ་བའི་མིང་ཐོབ་པོ། །དེ་དག་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱ་བའོ། །དགུ་བཅུ་པོ་འདི་དག་ནི་ཞེས་བྱ་བ་ནི་གྲངས་དགུ་བཅུ་ཆད་པའི་
བཅུ་པ་ཕྲག་དགུ་འོག་ནས་འབྱུང་བ་དག་གོ །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྤྱོད་འདོན་པའི་ཚེ། འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་ན། ཤཱཀྱའི་བུའི་དགེ་སློང་ལག་བརྒྱུད་ཅེས་བྱ་བ་ཅིག་འདུག་པ་དེ་ཤིན་ཏུ་སྨྲ་བ་དང༌། གཞན་གྱི་སྨྲ་བའི་རྗེས་སུ་བརྩོན་པར་གནས་སོ། །ལྷོ་ཕྱོགས་ནས་བྲམ་ཟེ་རིག་བྱེད་དང༌། རིག་བྱེད་ཀྱི་ཡན་ལག་ཕ་རོལ་དུ་སོན་པ་དང༌། ཡུལ་ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་ཀྱང་བྲམ་ཟེའི་ཁྱེའུ་མང་པོའི་འཁོར་དང་ལྷན་ཅིག་ཏུ་མཉན་ཡོད་དུ་ཕྱིན་ཏོ། །མཉན་ཡོད་ན་གནས་པའི་བྲམ་ཟེ་འཁོར་ཤིན་ཏུ་མང་པོ་དང་ལྡན་པ་ཞིག་གིས་དེ་དང་བརྩད་པར་བརྩམས་པ་ནི། རིག་པའི་གནས་གང་དང་གང་ལ་གཏམ་དེ་འདྲེ་བར་བྱེད་པ་དེ་དང་དེ་ལ་ལྷོ་ཕྱོགས་པ་དེས་མཉན་ཡོད་པ་འཁོར་དང་བཅས་པ་དེ་དག་སྤོབས་པ་མེད་པར་བྱས་སོ། །དེའི་ཚེ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་དེར་འོངས་པ་དང༌། ལྷོ་ཕྱོགས་པའི་བྲམ་ཟེ་དེས་སྨྲས་པ། ཀྱེ་དགེ་སློང་ཁྱོད་སློབ་དཔོན་གྱི་མཚན་ཡོད་པས་ཁྱོད་ནི་སྨྲ་བའི་ཁྱུ་མཆོག་ཅིག་ཡིན་པ་འདྲ་ན། བདག་ལ་ཡང་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་ཅིག་ཡོད་དེ། བདག་ཁྱོད་དང་ལྷན་ཅིག་ཅུང་ཟད་གཏམ་རྣམ་པར་གཏན་ལ་དབབ་པ་བྱེད་པར་འདོད་དོ། །ལག་བརྒྱུད་ཀྱིས་སྨྲས་པ། བྲམ་ཟེ་མ་ཉེས་ཏེ་ཁོ་བོ་ལ་ཡང་གང་དུ་བདག་གིས་རྒོལ་བའི་བསྟན་བཅོས་རྣོན་པོ་བྱ་སྙམ་པའི་བློ་སྐྱེས་ནས་ཁྱོད་ཀྱང་འདིར་འོངས་ཀྱིས། དེ་བཞིན་དུ་བྱའོ་ཞེས་ཕྱི་དེ་ཉིན་བར་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་འགྱེད་པར་དུས་བཏབ་པོ། །དེའི་ནུབ་མོ་ལག་བརྒྱུད་ཀྱིས་བསམས་པ། གལ་ཏེ་བདག་གིས་རེ་ཞིག་བྲམ་ཟེ་ཚར་བཅད་ན་ནི། དེ་ལྟ་ན་ཡང་བདག་གིས་སྒོ་འཕར་བརྒྱ་དག་འདས་ཏེ། ཇི་ལྟར་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །གལ་ཏེ་བྲམ་ཟེས་བདག་ཚར་བཅད་ན་ནི། དེ་ལྟ་ན་བདག་གི་གྲགས་པའི་ཕྲེང་བ་མེད་པར་འགྱུར་རོ་སྙམ་ནས་དེའི་ཕྱི་དེ་ནང་པར་རྒོལ་བའི་སར་མ་སོང་ངོ༌། །དེ་ལྟ་བུ་ལན་གཉིས་ལན་གསུམ་ཙམ་དུ་འདུས་པ་ལས་ཀྱང༌། ཤཱཀྱའི་བུ་ལག་བརྒྱུད་ཀྱིས་དེ་ཐོ་འཚམས་པའི་ཕྱིར་ཡུལ་
ཕྱོགས་དང༌། བརྡ་དང་མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་མི་འགྲོ་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་བརྫུན་སྨྲ་བ། བརྫུན་སྨྲ་བ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་དག་ཡིན་ཏེ། སྔ་བཏུས་པ་ལས་ཡུལ་ཕྱོགས་དང༌། བརྡ་དང༌། མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་འགྲོ་བར་མི་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད། ཉོན་མོངས་པ་ནི་གཞན་ལ་ཐོ་འཚམས་པ། ཉེས་པ་ནི་ཤེས་བཞིན་དུ་བརྫུན་སྨྲ་བའོ། །དེ་ལ་ཤེས་བཞིན་དུ་ཞེས་བྱ་བ་ནི། རྣམ་པར་དཔྱད་ནས་སོ། །བརྫུན་སྨྲ་ན་ཞེས་བྱ་བ་ལ། བརྫུན་སྨྲ་བ་ནི་རྣམ་པ་དགུ་ཡང་ཡོད། རྣམ་པ་བརྒྱད་ཀྱང་ཡོད། རྣམ་པ་བདུན་ཡང་ཡོད། རྣམ་པ་དྲུག་ཀྱང་ཡོད། རྣམ་པ་ལྔ་ཡང་ཡོད། རྣམ་པ་བཞི་ཡང་ཡོད། རྣམ་པ་གསུམ་ཡང་ཡོད། རྣམ་པ་གཉིས་ཀྱང་ཡོད། དེ་ལ་བརྫུན་དུ་སྨྲ་བ་རྣམ་པ་དགུ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་དང༌། ཚུལ་ཁྲིམས་ཉམས་པ་དང༌། ལྟ་བ་ཉམས་པ་དང༌། ཆོ་ག་ཉམས་པ་དང༌། འཚོ་བ་ཉམས་པས་གླེང་བའོ། །རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་དང༌། མཐོང་བ་དང༌། ཐོས་པ་དང༌། དོགས་པས་གླེང་བའོ། །རྣམ་པ་བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང༌། ལྟ་བ་ཉམས་པ་དང༌། ཆོ་ག་ཉམས་པ་དང༌། འཚོ་བ་ཉམས་པ་དང༌། མཐོང་བ་དང༌། ཐོས་པ་དང༌། དོགས་པས་གླེང་བའོ། །རྣམ་པ་དྲུག་གང་ཞེ་ན། དགེ་སློང་བརྫུན་དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང༌། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང༌། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པ་དང༌། གཞི་མེད་པར་མཐོང་བ་དང༌། ཐོས་པ་དང༌། དོགས་པས་བརྫུན་དུ་སྨྲ་བའོ། །རྣམ་པ་ལྔ་གར་ཞེ་ན། གཞི་
མེད་པར་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་ཀྱིས་གླེང་བའོ། །རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང༌། ལྟ་བ་ཉམས་པ་དང༌། ཆོ་ག་ཉམས་པ་དང༌། འཚོ་བ་ཉམས་པས་གླེང་བའོ། །རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང༌། ཐོས་པ་དང༌། དོགས་པས་གླེང་བའོ། །གཞན་ཡང་རྣམ་པ་གསུམ་གང་ཞེ་ན། བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང༌། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང༌། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །རྣམ་པ་གཉིས་གང་ཞེ་ན། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང༌། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །བརྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །བརྫུན་སྨྲ་བ་ནི་ཕམ་པར་འགྱུར་བ་ཡང་ཡོད། དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། ཉེས་པ་སྦོམ་པོར་འགྱུར་བ་ཡང་ཡོད། ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །དེ་ལ་བརྫུན་དུ་སྨྲ་བ་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ལ་མེད་ལ་མེད་བཞིན་དུ་མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། ཇི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་འདེབས་པའོ། །ཉེས་པ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དགེ་འདུན་གྱི་ནང་དུ་ཆེད་དུ་བསམས་ཏེ། ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང༌། ཆོས་ཆོས་མ་ཡིན་པར་སྟོན་པ་དང༌། འདུལ་བ་མ་ཡིན་པ་འདུལ་བར་སྟོན་པ་དང༌། འདུལ་བ་འདུལ་བ་མ་ཡིན་པར་སྟོན་པའོ། །ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་དང༌། ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་དྲིས་པ་ན། ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བར་སྡོད་པའོ། །ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་རྣམ་པ་བཞི་པོ་དེ་དག་མ་གཏོགས་པར་བརྫུན་དུ་སྨྲ་པ་གཞན་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་
དང། ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཞགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མར་འགྱུར་བ་དང༌། ཉེས་པ་སྦོམ་པོར་འགྱུར་བ་དང༌། ཉེས་བྱས་སུ་འགྱུར་བ་ལས་གཞན་པའི་བརྫུན་དུ་སྨྲ་བ་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་ཏེ་བརྫུན་དུ་སྨྲ་བ་ནི་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང། བརྫུན་སྨས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་ན། བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདུ་ཤེས་བསྒྱུར་བ་ཉིད་དང༌། བདག་ཉིད་ཀྱིས་སྨྲས་པ་ཉིད་དང༌། ཉན་པ་པོ་མིའི་འགྲོ་བར་གཏོགས་པ་རང་བཞིན་དུ་གནས་པ་ཉིད་དང༌། ལྟུང་བྱེད་དུ་འགྱུར་བའི་བརྫུན་ཉིད་དང༌། གཞན་གྱི་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དེ་དང་པོའོ།། །།སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག་ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག། མིའུ་ཐུང་དག །ཝ་བ་ཅན་དག །ལྐུགས་པ་དག །འོན་པ་དག །རྟེན་འཕྱེ་དག །གྱོལ་པོ་དག །མཆུ་འཕྱངས་པ་དག །མགོ་བོ་ཆེ་དག་ཅེས་མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱོད་པར་བྱེད་དེ། དེས་དགེ་སློང་དག་སྔ་གོང་པ་དང༌། གཟེངས་དམས་པ་དང༌། ཞུམ་པར་གྱུར་ནས་ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་ཞིང་སྡུག་བསྔལ་ཏེ་ཡིད་མི་བདེ་བ་མང་བར་གནས་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ངག་ཡང་དག་པར་མ་བསྡམས་པ། ཉེས་པ་ནི་མིའི་སྐྱོན་ནས་སྨྲ་བའོ། །དེ་ལ་མིའི་སྐྱོན་ནས་སྨྲ་ན་ཞེས་བྱ་བ་ནི། མིའི་སྐྱོན་ན་སྨྲ་བའི་བསམ་པ་དག་དང༌། ཚིག་གི་སྒྲ་དང༌། ངག་གི་ལས་དང༌། ངག་གི་རྣམ་པར་རིག་བྱེད་སྨྲ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་གི་སྐྱོན་ཉིད་བརྗོད་པར་འདོད་པས། ཚིག་འཇམ་པོས་ཀྱང་རུང༌། རྩུབ་པོས་ཀྱང་རུང་སྟེ། སྐྱོན་གྱི་རྣམ་པ་རུང་བ་མ་ཡིན་པ་བསམ་པ་གང་ཡང་རུང་བས་སྨྲས་ན། མི་དགའ་བ་ཉིད་དུ་མ་གྱུར་ན་ཡང༌། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ཏེ། འདིའི་བྱེད་པ་པོ་ནི་སྐྱོན་ཉིད་བརྗོད་པར་འདོད་པ་དང༌། ཕ་རོལ་པོ་དགེ་སློང་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕ་རོལ་པོ་དགེ་སློང་ཉིད་དང༌། སྐྱོན་ཉིད་བརྗོད་པར་འདོད་པ་དང་རང་གི་ཚིག་གང་ཡང་རུང་བ་དང༌། སྐྱོན་རུང་བ་མ་ཡིན་པར་བསམ་པ་གག་ཡང་རུང་བས་སྨྲས་པ་དང༌། ཕ་རོལ་པོས་དོན་གོ་བ་ཉིད་དོ། །དེ་དག་ལ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དེ་གཉིས་བའོ།། །།ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་སློང་རྣམས་ལ་ཕྲ་མས་ཀུན་དུ་སྤྱོད་པར་བྱེད་དེ། དེས་དགེ་སློང་དག་སྤ་གོང་བ་དང། གཟེངས་དམས་པ་དང༌། ཞུམ་པར་གྱུར་ནས་ལུང་མནོད་པ་དང་། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། འདི་ལྟར་དུས་ཡུན་རིང་པོ་ནས་ཉེ་བར་བསམས་པ་ཆོས་དང་ལྡན་པའི་གཅུགས་པའི་རྒྱུན་ཡང་གཅོད་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད།
གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དབྱེན་གྱི་བསམ་པ། ཉེས་པ་ནི་དགེ་སློང་ལ་ཕྲ་མ་བྱེད་པའོ། །དེ་ལ་དགེ་སློང་ལ་ཕྲ་མ་བྱེད་ན་ཞེས་བྱ་བ་ནི། དགེ་སློང་ལ་ཕྲ་མ་བྱ་བའི་བསམ་པས་ངག་དང༌། ཚིག་དང༌། ཐ་སྙད་དང༌། སྐད་བརྗོད་པ་དང༌། ངེས་པའི་ཚིག་དང༌། ཚིག་གི་ལམ་དང་ཚིག་གི་སྒྲ་དང༌། ངག་གི་ལས་དང༌། ངག་གི་རྣམ་པར་རིག་བྱེད་སྨྲ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ཕྲ་མ་བྱེད་འདོད་པ། དགེ་སློང་གཞན་ལ་དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ་ཞེས་ཕྲ་མའི་ཚིག་གང་ཡང་རུང་བ་སྨྲ་ན། ཕྲ་མ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དབྱེ་བའི་བསམ་པ་ཉིད་དང༌། དབྱེ་བར་བྱ་བ་གཉི་ག་དགེ་སློང་ཉིད་ཡིན་པའོ་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དབྱེ་བའི་བསམ་པ་ཉིད་དང༌། དབྱེ་བར་བྱ་བ་གཉིས་ག་དགེ་སློང་ཉིད་དང༌། རང་གི་ཚིག་གང་ཡང་རུང་བ་ཉིད་དང༌། ངོར་སྨྲས་པ་དང༌། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དེ་གསུམ་པའོ།། །།སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ། རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་བ་དང༌། ལེགས་པར་ཤད་ཀྱིས་མ་བྱང་བ་ཡིན་གྱིས། ཡང་ཤད་ཀྱིས་བྱང་བར་བྱའོ། །རྩོད་པ་འདི་ནི་ངེས་པར་མ་བརྟགས་པ་དང༌། ལེགས་པར་ངེས་པར་མ་བརྟགས་པ་ཡིན་གྱིས། ཡང་ངེས་པར་བརྟག་པར་བྱའོ། །རྩོད་པ་འདི་ནི་ཉེ་བར་མ་ཞི་བ་དང༌། ལེགས་པར་ཉེ་བར་མ་ཞི་བ་ཡིན་གྱིས། ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་དེ། དགེ་སློང་དག་ཡང་དང་ཡང་དུ་རྩོད་པ་ཉེ་བར་ཞི་བར་བྱེད་པ་ན། བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ནས། ལུང་མནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་
འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རྩོད་པ་ལ་དགའ་བ། ཉེས་པ་ནི་སྐྱོ་སྔོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པས་ཞེས་བྱ་བ་ནི་བློ་མཐུན་པས་སོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ། །རྩོད་པ་ཞེས་བྱ་བ་ནི། རྩོད་པ་བཞི་པོ་འགྱོད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །སྦྱངས་པར་ཞེས་བྱ་བ་ནི་ཉེ་བར་ཞི་བར་བྱས་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་ཀྱིས་ཡོངས་སུ་རིག་པའམ། གཞན་དག་གིས་བརྗོད་པས་སོ། །ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བ་ནི་ཡང་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གཉུག་མར་གནས་པ་དང༌། ལས་བྱེད་པ་དང༌། འདུན་པ་འབུལ་བ་དག་གིས་དགེ་སློང་གཉིས་ཀྱི་རྩོད་པ་གང་ཡང་རུང་བ་དེ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པར་ཤེས་བཞིན་དུ། གང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྒོལ་བ་དང༌། ཕྱིར་རྒོལ་བ་གཉིས་ཀ་དགེ་སློང་ཉིད་ཡིན་པ་དང༌། རྩོད་པ་བཞི་པོ་གང་ཡང་རུང་བ་དང༌། དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་དང༌། ལྟུང་བ་འབྱིན་པ་པོས་དེ་ལྟར་ཤེས་པ་དང༌། ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དེ་བཞི་པའོ།། །།སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཤ་མཚན་གྱི་རིག་པ་ཤེས་ཏེ། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཤིང༌། བྲམ་ཟེ་དང་ཁྱིམ་བདག་དག་ལ་ཆོས་བསྟན་ནས། མནའ་མ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ། དེས་སྨྲས་པ། འཕགས་པ་རི་བོང་མོ་མདས་ཕོག་པ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་ཅི་དེ་དེའི་ཉེས་པ་ཡིན་སྙམ་མམ། དེ་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང༌། མདོམས་ཀྱི་བར་དང༌། རྐེད་པའི་བར་དག་ན་ཤ་རྨན་དང༌། མཛེར་བུ་དང་སྨེ་བ་དང༌། སྨེ་བ་དམར་པོ་དང༌། སྤྲུ་འཁྱིལ་པ་དག་ཡོད་པས་དེ་ནི་དེའི་ཉེས་པ་ཡིན་ནོ། །དེའི་འོག་ཏུ་སྒྱུར་མོའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་དེའི་སྐྱོན་ནི་སེ་དར་གྱིས་བདར་འཚལ་ཏེ། ལེ་ལོ་ཅན་སྒྲུབ་མི་ཕོད་པ། གཏུམ་པ་གཤེ་བ་སྤྱོ་བར་བགྱིད་པ་ལགས་སོ། །འཆར་ཀས་སྨྲས་པ། སྲུ་མོ་ཅི་དེ་དེའི་ཉེས་པ་ཡིན་སྙམ་མམ། འདི་ལྟར་དེ་ལ་གཏུམ་པའི་མཚན་ནུ་མའི་བར་དང༌། མདོམས་ཀྱི་བར་དང༌། རྐེད་པའི་བར་དག་ན། ཤ་རྨན་དང༌། འཛེར་བུ་དང༌། སྨེ་བ་དང༌། སྨེ་བ་དམར་པོ་དང༌། སྤུ་འཁྱིལ་པ་དག་ཡོད་པས། དེ་ནི་དེའི་ཉེས་པ་ཡིན་ནོ། །དེས་བྲམ་ཟེ་དང་ཁྱིམ་བདག་གཞན་དག་ལ་ཆོས་བསྟན་ནས། སྒྱུག་མོ་ལ་དྲིས་པ། སྲུ་མོ་ཁྱོད་ཀྱི་མནའ་མ་ཅི་འདྲ། དེས་སྨྲས་པ། འཕགས་པ་བུ་མོའམ་ནུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། སྲུ་མོ་དེ་ནི་དེའི་ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང༌། མདོམས་ཀྱི་བར་དང༌། རྐེད་པའི་བར་དག་ན་དཔལ་བེའུ་དང༌། བུམ་པ་གང་བ་དང༌། བཀྲ་ཤིས་དང༌། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་ཡིན་ནོ། །དེའི་འོག་ཏུ་མནའ་མའི་གན་དུ་སོང་སྟེ་དྲིས་པ། སྲུ་མོ་ཁྱོད་ཀྱི་སྒྱུག་མོ་ཅི་འདྲ། དེས་སྨྲས་པ། འཕགས་པ་མའམ་ཕུ་མོ་ཅི་འདྲ་བ་དེ་འདྲའོ། །འཆར་ཀས་སྨྲས་པ། བུ་མོ་དེ་ནི་དེའི་ཡོན་ཏན་མ་ཡིན་ཏེ། འདི་ལྟར་དེ་ལ་ངེས་པའི་མཚན་ནུ་མའི་བར་དང༌། མདོམས་ཀྱི་བར་དང༌། རྐེད་པའི་བར་དག་ན། དཔལ་བེའུ་དང༌། བུམ་པ་གང་བ་དང༌། བཀྲ་ཤིས་དང༌། གཡུང་དྲུང་དག་ཡོད་པས་དེ་ནི་དེའི་ཡོན་ཏན་ཡིན་ནོ། །དེ་ནས་དུས་གཞན་ཞིག་ན་བུད་མེད་དེ་དག་བསྐུ་མ་ཉེ་དང༌། དྲིལ་ཕྱི་དང༌།
ཁྲུས་བྱེད་པའི་ཚེ་གཅིག་ལ་གཅིག་གསང་བའི་གནས་ཀྱི་མཚན་མ་རྟོག་པར་བྱེད་པ་ན། ཚེ་དང་ལྡན་པ་འཆར་ཀས་ཇི་སྐད་བསྟན་པ་དེ་ཁོ་ན་ལྟ་བུའི་མཚན་མ་བཟང་པོ་དང༌། ངན་པ་དག་མཐོང་ཞིང་གང་གི་ཚེ་དེ་དག་འཐབ་པའི་ཚེ། གཅིག་ལ་གཅིག་སྐུར་པ་ཡང་འདེབས་ཤིང་འདུམ་པའི་ཚེ་ཕེབས་པར་ཡང་སྨྲ་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། གང་གི་ཕྱིར་ཉེས་དམིགས་ཅུང་ཟད་ཅིག་བྱུང་བ་དེ་དག་ཐམས་ཅད་ནི། དགེ་སློང་བུད་མེད་ལ་ཆོས་སྟོན་པ་ལས་གྱུར་པ་ཡིན་པར་དགོངས་ནས། དགེ་སློང་གིས་བུད་མེད་ལ་ཆོས་བསྟན་པར་མི་བྱ་བ་དང༌། ཚིག་ལྔས་ཆོས་བསྟན་པར་བྱ་བ་དང༌། ཚིག་དྲུག་གིས་ཆོས་བསྟན་པར་བྱ་བ་དང༌། སྐྱེས་པ་བཞག་སྟེ་ཅི་ཙམ་འདོད་པར་ཆོས་བསྟན་པར་བྱའོ་ཞེས་བཀའ་སྩལ་པ་དང༌། དྲུག་སྡེ་དག་གིས་ཁྱི་དང༌། སྤྲེའུ་དང༌། བེའུ་དང༌། ཕྱི་གན་དུ་ཉལ་བ་དང༌། གོག་པ་དང༌། ཁྱེའུ་དག་དྲུང་དུ་བཞག་སྟེ། ཇི་ཙམ་འདོད་པར་བུད་མེད་ལ་ཆོས་སྟོན་ཅིང༌། དེས་རློམ་པ་དང་ཁེངས་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན། རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་སྲེད་པ། ཉེས་པ་ནི་བུད་མེད་ལ་རིག་པའི་སྐྱེས་པ་མེད་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ལ་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲ་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་བར་ནུས་པ་ལའོ། །ཚིག་ལྔའམ་དྲུག་ལས་ལྷག་པར་ཞེས་བྱ་བ་ནི། ཚིག་ལྔས་ཆོས་སྟོན་པ་ན་བསམས་བཞིན་དུ་ཚིག་དྲུག་པ་ལ་ཐལ་བར་བྱེད་པ་དང༌། ཚིག་དྲུག་གིས་ཆོས་སྟོན་པ་ན་ཡང་བསམས་བཞིན་དུ་ཚིག་བདུན་པ་ལ་
ཐལ་བར་བྱེད་པའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །སྟོན་ན་ཞེས་བྱ་བ་ནི་འཆད་ནའོ། །རིག་པའི་སྐྱེས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི། རིག་པའི་སྐྱེས་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་གིས་ཁྱིམ་པ་མོ་བུད་མེད་དམ། གཞོན་ནུ་མ་ལེགས་བར་སྨྲས་པ་དང༌། ཉེས་པར་སྨྲ་བའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་གནས་གཅིག་ཏུ་སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གསུངས་པའི་ཆོས་ཚིག་དྲུག་ལས་ལྷག་པ་ཤེས་བཞིན་དུ་རིག་པའི་སྐྱེས་པ་མེད་པར་སྟོན་ན། སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། བུད་མེད་དམ། གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ། ཆོས་ཚིགས་དྲུག་ལས་ལྷག་པར་སྟོན་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བུད་མེད་ཁྱིམ་པ་མོ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། གནས་གཅིག་ཏུ་བསྟན་པ་དང༌། སངས་རྒྱས་ཀྱི་ཆོས་དང༌། ཚིག་དྲུག་ལས་ལྷག་པ་དང༌། རིག་པའི་སྐྱེས་པ་མེད་པ་དང༌། ཤེས་བཞིན་དུ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྟོན་པའི་ལྟུང་བྱེད་དེ་ལྔ་པའོ།། །།འདོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་གང་ཟག་བསྙེན་པར་མ་རྫོགས་པ་དག་དང་ཚིག་གིས་གདོན་པར་བྱེད་དོ། །དེས་ཀུན་དགའ་ར་བའི་མཐར་སྒྲ་མཐོན་པོ་དང༌། སྒྲ་ཆེན་པོ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་སྒྲ་ལྟ་བུ་འདི་ལྟ་སྟེ། དཔེར་ན་བྲམ་ཟེ་རྣམས་བྲམ་ཟེའི་གསང་ཚིག་འདོན་པ་ལྟ་བུ་དང༌། རྩིས་མཁན་རྣམས་ཀྱིས་རྩིས་ཀྱི་གནས་ན་སྨྲ་བ་ལྟ་བུ་གྲག་པར་གྱུར་པ་བཅོམ་ལྡན་འདས་ཀྱིས་གསན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་ནས། ཀུན་དགའ་བོས་ཇི་ལྟར་གྱུར་པ་རྒྱ་ཆེར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟག་བསྙེན་
བར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་ཞི་བ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང༌། དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །ཚིག་གིས་ཞེས་བྱ་བ་ནི། ཚིག་མཉམ་པ་དང༌། ཚིག་སྔ་བ་དང༌། ཡི་གེ་མཉམ་པ་དང༌། ཡི་གེ་སྔ་བས་སོ། །ཇི་ལྟར་ཚིག་མཉམ་པས་ཤེ་ན། སློབ་དཔོན་འདི་སྐད་ཅེས། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་འདོན་པ་ན། ཉེ་གནས་ཀྱང་དུས་གཅིག་ཏུ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་འདོན་པ་སྟེ། དེ་ལྟར་ཚིག་མཉམ་པས་སོ། །ཇི་ལྟར་ཚིག་སྔ་མས་ཤེ་ན། སློབ་དཔོན་གྱིས་རེ་ཞིབ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་མ་བཏོན་པར་ཉེ་གནས། དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་གདོན་པ་སྟེ། དེ་ལྟར་ཚིག་སྔ་བས་སོ། །ཇི་ལྟར་ཡི་གེ་མཉམ་པས་ཤེ་ན། སློབ་དཔོན་ཨ་ཞེས་གདོན་པ་ན། ཉེ་གནས་ཀྱང་དུས་གཅིག་ཏུ་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་མཉམ་པས་སོ། །ཇི་ལྟར་ཡི་གེ་སྔ་བས་ཤེ་ན། སློབ་དཔོན་གྱིས་རེ་ཞིག་ཨ་ཞེས་མ་བཏོན་པར། ཉེ་གནས་ཨ་ཞེས་འདོན་པ་སྟེ། དེ་ལྟར་ཡི་གེ་སྔ་བས་སོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ། །གདོན་ན་ཞེས་བྱ་བ་ནི་འཛིན་དུ་འཇུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ། དེའི་མཇུག་ཐོགས་སུ་དེ་ལུང་གི་ཆོས་སམ་ཡི་གེ་ཀླག་པའི་ཕྱིར་འདོན་ན་འདོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང༌། ལུང་གི་ཆོས་དང་ཡི་གེའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གང་ཟག་བསྙེན་པར་མ་རྫོགས་པ་དང༌། ལུང་གི་ཆོས་སམ། ཡི་གེ་དང༌། ཅིག་ཅར་རམ། དེའི་མཇུག་ཐོགས་དང༌། ཀླག་པའི་ཆེད་དང༌། འདོན་པའོ། །དེ་དག་ལས་ཡན་
ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདོན་པའི་ལྟུང་བྱེད་དེ་དྲུག་པའོ།། །།གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། འདོད་ཆགས་དང་བྲལ་བ་མེད་པ། ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར། དགེ་སློང་དག་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པར་བྱེད་པ་དང༌། ཁ་ཅིག་ནི་ལམ་གོལ་བར་རྒས་པས་དེ་དག་གང་གི་ཚེ་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལས་ཐོས་པ། དེའི་ཚེ་ནི་དེ་དག་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱེད་ཅིང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་ན། དགེ་འདུན་ལ་ཆུ་འབྲིམ་པའི་ཚེ་བྲམ་ཟེ་དང༌། ཁྱིམ་བདག་དད་པ་ཅན་དག་གིས་སྨྲས་པ། གང་དག་རིན་པོ་ཆེ་རྟོགས་པ་དག་ཀྱང་དེ་ལས་ཉེ་བར་བརྟགས་ཤིང་རིན་པོ་ཆེ་དག་སྡུད་པར་བྱེད་དོ། །དགེ་སློང་གནས་བརྟན་གནས་བརྟན་བསོད་ནམས་འདོད་པ་འདི་དག་ཀྱང་དགེ་འདུན་ལ་ཆུ་འབྲིམ་ཞིང་བསོད་ནམས་སོགས་པར་བྱེད་དོ། །དྲུག་སྡེ་ཆེན་པོ་འདི་དག་ནི་ཟ་ཞིང་འཁོར་པར་བྱེད་དོ་ཞེས་ཟེར་བ་དྲུག་སྡེ་དག་གིས་ཐོས་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅི་འདི་དག་ཆོས་བཟང་པོའི་ཆོས་ཀྱི་དགེ་འདུན་ལ་ཅུ་འབྲིམ་པར་བྱེད་སྙམ་མམ། འདི་ལྟར་འདི་དག་ནི་ཆད་པའི་ལས་བྱེད་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འདི་དག་གིས་ཅི་བྱས། དྲུག་སྡེ་དག་གིས་ལས་བྱ་བ་མ་ཡིན་པ་བྱས་ཏེ། འདི་ལྟ་འདི་ལྟར་བྱས་སོ་ཞེས་སྨྲས་པ་དང་དེ་དག་དགེ་སློང་གནས་བརྟན་གནས་བརྟན་གང་དག་ཡིན་པ་དེ་དག་གི་གནས་སྐབས་ཀྱང་རེ་ཞིག་འདི་འདྲ་ན། དགེ་སློང་བར་མ་དང༌། གསར་བུ་གང་དག་ཡིན་པ་དེ་དག་གི་གནས་སྐབས་ཅི་འདྲ་བར་འགྱུར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དགེ་སློང་སྤོ་བ་བྱེད་པ་དེ་དག་ཕྱི་དྲོ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་ལྕི་བ་འཇམ་པོའི་བྱུག་པས་ཉུག་པར་བྱེད་པ་དག་གི་ལྷན་ཅིག་གནས་པ་དང༌། ཉེ་གནས་དག་ལ་ཡང༌། དྲུག་སྡེ་དག་གིས་གནས་ངན་ལེན་བརྗོད་ནས། གང་གི་ཚེ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་ན། དེ་དག་གིས་རང་གི་དགེ་ཚུལ་དག་ལ་ལས་གྱིས་ཤིག་ཅེས་བསྒོ་བ་ནི། དེ་ཚུལ་དག་འདི་སྐད་ཅེས་ལས་འདི་ནི་ཁྱེད་
ཅག་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་བྱས་པ་ཡིན་གྱིས། ཁོ་བོ་ཅག་མི་བྱེད་དོ་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག །གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཞན་གྱིས་བསྔགས་པ་ལ་ཕྲག་དོག་བྱེད་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གིས་གནས་ངན་ལེན་བརྗོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་ལ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །གནས་ངན་ལེན་ཞེས་བྱ་བ་ལ། གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་པའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཞེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང་ཀུན་ནས་སློང་བས་སོ། །ལྟུང་བ་བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་གནས་ངན་ལེན་བརྗོད་པར་མ་བསྐོས་པས་ཉན་པ་པོ་སྙེན་པར་མ་རྫོགས་པ་ལ་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དག་སོ་སོ་ཡང་རུང་བསྡུས་པ་ཡང་རུང་བ་སྨྲས་ན། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཉན་པ་པོ་བསྙེན་པར་མ་རྫོགས་པ་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མའི་ལྟུང་བ་མི་ཤེས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་འདུན་གྱིས་གནས་ངན་ལེན་བརྗོད་པར་མ་བསྐོས་པ་
དང། དེས་ཉན་པ་པོ་བསྙེན་པར་མ་རྫོགས་པ་གནས་ངན་ལེན་མི་ཤེས་པ་ཉིད་དུ་ཤེས་པ་དང༌། ཉན་པ་པོ་མིའི་འགྲོ་བ་བསྙེན་པར་མ་རྫོགས་པ་ཉིད་དང༌། གནས་ངན་ལེན་ཕམ་པར་འགྱུར་པ་དང༌། དགེ་འདུན་ལྷག་མ་དག་སོ་སོ་འམ་བསྡུས་པ་གང་ཡང་རུང་བ་སྨྲས་པ་དང༌། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དེ་བདུན་པའོ།། །།མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་བརྟེན་ཅིང་འཁོང་བ་དག་གིས་ཆུ་སྲིན་ཉའི་རིགས་བཟུང་བའི་གླེང་གཞི་ལས། དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་དེ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། །དེ་དག་མུ་གེ་བྱུང་བའི་ཚེ། ཉ་བའི་གྲོང་གི་ཉེ་འཁོར་དུ་དབྱར་གནས་པར་ཁས་བླངས་པ་དག་གིས་མིའི་ཆོས་བླ་མ་ཇི་ལྟར་ཐོབ་པ་ཉེ་དུ་དག་ལ་བརྗོད་ནས། འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས། ཉེ་དུ་དག་གིས་རེ་ཞིག་རང་གི་བུ་དག་ལས་ཀྱང་ཕྲོགས་ཏེ། དེ་དག་ལ་བསོད་སྙོམས་ལེགས་པར་བསྟབས་པར་གྱུར་ཏོ། །གང་གི་ཚེ་དབྱར་འདས་ནས་འདུས་པ་ཆེན་པོའི་ཚེ། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་དུ་འདོང་བའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་གང་དག་སྦོང་བྱེད་ཀྱི་གོང་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བས་རིང་པ་དང༌། ཉམ་ཆུང་བ་དང༌། རྐེ་བ་དང༌། སྐམ་པ་དང༌། ལུས་མ་ཐོབ་པ་དང༌། པགས་པ་དང༌། ཤ་དང་ཁྲག་བྲི་བ་མཐོང༌། དགེ་སློང་གང་དག་ཉ་བའི་གྲོང་གི་ཉེན་ཀོར་དུང་བྱར་གནས་པར་ཁས་བླངས་པ་དེ་དག་ནི་བསོད་སྙོམས་ཀྱིས་བྲེལ་བ་མེད་པས་ཚོ་བ་དང༌། པགས་པ་དང༌། ཤ་དང་ཁྲག་རྒྱས་པ་མཐོང་ནས་དེ་ཅི་ལས་གྱུར་པའི་རྒྱུ་དྲིས་པ་དང༌། དེ་དག་གིས་ཀྱང་རྒྱས་པར་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་ཁྱེད་ཅག་གང་ཟག་བསྙེན་པར་མ་རྫོགས་པ་ལ། མིའི་ཆོས་བླ་མ་བདེན་པ་བརྗོད་དུ་རུང་ངམ་ཞེས་དྲིས་པ་དང༌། དེ་
དག་གིས་སྨྲས་པ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་སྨྲས་སོ་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་དགྲ་བཅོམ་བ་ལྔ་བརྒྱ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བརྟགས་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །གང་ཟག་བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་དག་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །མིའི་ཆོས་ཞེས་བྱ་བ་ནི་མི་རྣམས་ཀྱིས་ཆོས་མྱ་ངན་ལས་འདས་པ་སྟེ། དེ་ནི་མི་རྣམས་ཀྱིས་འཐོབ་ཀྱི། ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ཀྱི། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི། འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ ། བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །བདེན་པ་ཞེས་བྱ་བ་ནི་དེའི་དངོས་པོ་བདེན་པ་ཁོ་ན་ཡིན་པའོ། །སྨྲ་ན་ཞེས་བྱ་བ་ནི་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་འདུ་ཤེས་མ་བསྒྱུར་བར་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་བདེན་བ་ཉིད་གང་ཟག་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་ལ་བརྗོད་ན་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བའི་གང་ཟག་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་དང༌། མིའི་ཆོས་བླ་མ་བདེན་པ་ཉིད་དོ། །འདི་ལ་ཡན་
ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་ཆོས་བླ་མ་དང༌། བདེན་པ་ཉིད་དང༌། ཉན་པ་པོ་མིའི་འགྲོ་བ་བདེན་པ་མ་མཐོང་བ་བསྙེན་པར་མ་རྫོགས་པ་དང༌། རང་གིས་བརྗོད་པ་དང༌། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དེ་བརྒྱད་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་དགུ་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གནས་མལ་འབོག་པ་དང༌། ཟས་ལ་བསྐོ་བར་བསྐོས་པ་དེའི་ཚེ་ན། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས། དགེ་འདུན་ལ་ཆོས་དང་ལྡན་པས་ཞལ་ཏ་བྱེད་པའི་ལས་ལ་བརྩོན་པ་ཡིན་ལ། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ། དེ་དག་ལས་གསོལ་བའི་ལས་ཀྱིས་རས་ཡུག་ཆེན་བྱིན་པ་དང༌། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས། ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་བའི་ཁོ་ན་ཡོད་པས་དེ་གཉིས་དགེ་སློང་རྣམས་ཀྱི་མདུན་ན། ཚེ་དང་ལྡན་པ་དག་འདི་ལྟར་དགེ་འདུན་གྱི་རྙེད་པ་རྙེད་དོ་ཅོག་གཅིག་གིས་གང་ཟག་ལ་ཡོངས་སུ་སྔོ་བར་བྱེད་ན། དགེ་འདུན་གྱིས་རྙེད་པ་གྲུབ་པར་ག་ལ་འགྱུར་ཞེས་སྨོད་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་དེར་མ་འདུས་སམ། འདུས་སོ། །ཅིའི་ཕྱིར་སྨོད་པར་བྱེད། དེ་གཉིས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གཉིས་འདུར་ཡང་མ་གནང་ངམ་ཞེས་ཟེར་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ལ་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་
ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པར་བསྔོས་ཏེ། གང་ཟག་ལ་བདག་གི་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང༌། ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་སྐུར་བ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། མཛའ་བོ་དང་ས་ལས་སྐྱེས་གཉིས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་ཐ་དད་པ་ཕུལ་ནའོ། །དེའི་འོག་ཏུ་ཞེས་བྱ་བ་ནི། དུས་གཞན་ནའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་དོར་བྱས་ཏེ་ཞེས་བྱ་བ་ལ། དགེ་སློང་གི་བཤེས་པ་གང་ཞེ་ན། མཁན་པོའི་ནི་ལྷན་ཅིག་གནས་པའོ། །ལྷན་ཅིག་གནས་པའི་ནི་མཁན་པོའོ། །སློབ་དཔོན་གྱི་ནི་ཉེ་གནས་སོ། །ཉེ་གནས་ཀྱི་ནི་སློབ་དཔོན་ནོ། །མཁན་པོ་གཅིག་པའི་ནི་མཁན་པོ་གཅིག་པའོ། །སློབ་དཔོན་གཅིག་པའི་ནི་སློབ་དཔོན་གཅིག་པའོ། །མཛའ་བོའི་ནི་མཛའ་བོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། གོས་ཀྱི་རྙེད་པ་དང༌། ཟས་ཀྱི་རྙེད་པའོ། །དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་པའོ། །བསྔོས་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་གྲུབ་པའོ། །གང་ཟག་ལ་བདག་གི་བསྔོས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གི་དོན་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱང་དགེ་འདུན་གྱིས་ལས་དེའི་ནང་དུ་གཏོགས་པའི་དགེ་འདུན་གྱི་གོས་ཀྱི་རྙེད་པ་གང་ཟག་གཞན་ལ་བྱིན་པའི་འོག་ཏུའོ། །འདི་སྐད་ཅེས་དགེ་སློང་འདིས་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་གོས་ཀྱི་རྙེད་པ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས། ཡང་དག་པ་མ་ཡིན་པའི་དོན་ཉིད་དེ་ཉིད་དམ། གཞན་གྱི་མདུན་དུ་མིང་ནས་སྨོས་ཀྱང་རུང་མ་སྨོས་ཀྱང་རུང་སྟེ། སྨྲས་ན་སྐུར་པ་
འདེབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གོས་གྱི་རྙེད་པ་དང༌། གང་ལ་བསྔོས་པའི་གང་ཟག་མིའི་འགྲོ་བར་གཏོགས་པ་རབ་ཏུ་བྱུང་བའམ། ཁྱིམ་པ་ཡང་རུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྔར་དད་པས་ཕུལ་བ་དང༌། དགེ་འདུན་གྱི་གོས་ཀྱི་རྙེད་པ་དང༌། གང་ལ་བསྔོས་པ་མིའི་འགྲོ་བ་གང་ཡང་རུང་བ་དང༌། བརྫུན་སྨྲས་པ་དང་ཕ་རོལ་པོས་ཐབས་གང་ཡང་རུང་བས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དགུ་པའོ།། །།ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པ་བྱེད་ན། དྲུག་སྡེ་དག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ན་ཅང་མི་སྨྲ་བར་འཁོད་དོ། །དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ན་ནི། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང༌། གང་ཟག་ངེས་པར་རབ་ཏུ་ཤེས་པ་ཡོད་བཞིན་དུ། བདག་ཅག་གིས་རྨ་སོས་པ་དག་ཅིའི་ཕྱིར་འབྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་ལ་འགྱོད་པ་དང༌། ཡིད་ལ་གཅགས་པ་དང༌། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་བདག་གིས་ཅི་བྱ་ཞེས་ཟེར་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གི་ཕྱིར་ཁོ་བོ་ཅག་ཟླ་བ་ཕྱེད་ཕྱེད་ཅིང༌། སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་མ་ཡིན་གྱི། འདི་ལྟར་ཁོ་བོ་ཅག་ནི་སྟོན་པའི་བཀའ་ལུང་གིས་འདོན་ཏོ། །གལ་ཏེ་ཁྱེད་ཅག་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་སྐྱེ་ན་ཅིའི་ཕྱིར་ལྷག་པར་
སྤྱོད་པར་ཆེས་ཚར་བཅད་ཅིང༌། དགེ་སློང་དོན་ཉུང་དུ་དག་ཀྱང་དྲུག་སྡེ་ལ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང༌། སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་གིས་དགེ་སློང་རྣམས་འགྱོད་པ་དང༌། ཡིད་ལ་གཅགས་པ་དང༌། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་བསླབ་པ་ཁྱད་དུ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི། གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་ངོ༌། །སོ་སོར་ཐར་པའི་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གིའོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བས་མདོའམ། ཡང་ན་མདོ་ཡང་དག་པར་སྦྱོར་བའོ། །གདོན་པ་འདོན་པ་ན་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་རབ་ཏུ་བཏོན་པ་ནའོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག །གང་གིས་དགེ་སློང་རྣམས་འགྱོད་པ་དང༌། ཡིད་ལ་གཅགས་པ་དང༌། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང༌། བསླབ་པ་ཁྱད་དུ་གསོད་ན་ཞེས་བྱ་བ་ནི། ཁྱད་དུ་གསོད་པའི་བསམ་པས་ངག་དང་ཚིག་དང༌། ཐ་སྙད་དང༌། སྐད་དང༌། བརྗོད་པ་དང༌། ངེས་པའི་ཚིག་དང༌། ཚིག་གི་ལམ་དང༌། ཚིག་གི་སྒྲ་དང༌། ངག་གི་ལས་དང༌། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་
འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གི་སྡེ་སྣོད་གསུམ་ལས། མདོ་སྡེ་མ་གཏོགས་པ་འདུལ་བ་ཉིད་དང༌། ཆོས་མངོན་པ་ལས་འདུལ་བར་གཏོགས་པ་གང་ཡང་རུང་བ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྡེ་སྣོད་གསུམ་ལས་འདུལ་བར་གཏོགས་པ་ཐམས་ཅད་དང༌། ཁྱད་དུ་གསོད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཁྱད་དུ་གསོད་པའི་བསམ་པ་དང༌། ཚིག་ཏུ་སྨྲ་བ་དང༌། འདུལ་བར་གཏོགས་པ་ཉིད་དང༌། རང་གི་ཚིག་དང། གཞན་གྱིས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བཅུ་པའོ།། །།སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་བ་སྐྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་བྱ་བ་ནི། བཅུ་པ་གཉིས་པ་སྟེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང༌། དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་གཉིས་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ས་བོན་དང་སྐྱེ་བ་འཇིག་པ་དང༌། འཕྱ་བ་དང༌། བསྒོ་བ་རྣལ་གཟོན་པ་དང༌། གནས་མལ་དང་གདིང་བ་དང༌། སྐྲོད་པ་དང༌། ཕྱིས་གནོན་པ་དང༌། རྩ་བ་འབྱུང་བ་ལ་འདུག་པ་དང༌། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང༌། གཙུག་ལག་ཁང་གི་ལྟུང་བྱེད་དོ། །དེ་ལ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག །རང་གི་ལག་གིས་ཤིང་ལྗོན་པ་གཅོད་དུ་འཇུག་པར་ཡང་བྱེད། རྩྭ་སྔོན་པོ་རྔར་འཇུག་པར་ཡང་བྱེད། མེ་ཏོག་དག་འཐོག་ཅིང་འཐོག་ཏུ་འཇུག་པ་ཡང་བྱེད་ནས། གཞན་མུ་སྟེགས་ཅན་དག །ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་འདི་ལྟར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་འདི་དག་ཀྱང་དེ་ལྟར་བྱེད་པས། ཤཱཀྱའི་བུའི་དགེ་སྦྱོང་དང༌། བྲམ་ཟེ་དང༌། ཁྱིམ་བདག་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེ་ག་འདི་དག་ལ་བསོས་སྙོམས་སྦྱིན་པ་
དག་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་པ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ས་བོན་གྱི་ཚོགས་དང༌། འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ས་བོན་གྱི་ཚོགས་དང༌། འབྱུང་པོའི་གནས་འཇིག་པའོ། །དེ་ལ་ས་བོན་གྱི་ཚོགས་ཞེས་བྱ་བ་ནི་ས་བོན་ལྔ་སྟེ། རྩ་བའི་ས་བོན་དང༌། སྡོང་བུའི་ས་བོན་དང༌། ཐོ་གུའི་ས་བོན་དང། འགས་པའི་ས་བོན་དང༌། ས་བོན་གྱི་ས་བོན་ཉིད་ནི་ལྔ་པའོ། །རྩ་བའི་ས་བོན་གང་ཞེ་ན། གླ་སྒང་དང༌། ཤུ་དག་དང༌། ཡུང་བ་དང༌། སྒེའུ་གཤེར་དང༌། བོང་ང་དཀར་པོ་དང༌། གཞན་ཡང་རྩ་བ་བཏབ་པ་ལས་རྩ་བ་ཉིད་སྐྱེ་བ་གང་ཡིན་པའོ། །སྡོང་བུའི་ས་བོན་གང་ཞེ་ན། ཤིང་ཀན་ཙ་ན་དང༌། ཀ་ལི་ལ་ཧ་དང༌། ཨ་ཤྭ་ད་ག་དང༌། ཨུ་དུམ་བཱ་ར་དང༌། ནྱ་གྲོ་དྷ་དང༌། གཞན་ཡང་སྡོང་བུ་བཏབ་པ་ལས་སྡོང་བུ་ཉིད་སྐྱེ་བ་གང་ཡིན་པའོ། །ཐོ་གུའི་ས་བོན་གང་ཞེ་ན། བུ་རམ་ཤིང་དང༌། འདམ་བུ་དང༌། སྨྱིག་མ་དང༌། རྒྱ་མཚོ་ནས་འབྱུང་བ་དང༌། གཞན་ཡང་ཐོ་གུ་བཏབ་པ་ལས་ཐོ་གུ་ཉིད་སྐྱེ་བ་ཉིད་གང་ཡིན་པའོ། །འགས་པའི་ས་བོན་གང་ཞེ་ན་ཨརྫ་ཀ་དང༌། སརྫ་ཀ་དང༌། ཕ་ནི་ན་རྫ་ཀ་དང༌། བྷུ་སྟྲི་ན་དང༌། འཛམ་བི་ར་དང༌། གཞན་ཡང་འགས་པ་བཏབ་པ་ལས་འགས་པ་ཉིད་སྐྱེ་བ་གང་ཡིན་པའོ། །ས་བོན་གྱི་ས་བོན་གང་ཞེ་ན། སཱ་ལུ་དང༌། ནས་དང༌། གྲོ་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། ཡུངས་ཀར་དང༌། གཞན་ཡང་ས་བོན་ཉིད་བཏབ་པ་ལས་ས་བོན་ཉིད་སྐྱེ་བ་གང་ཡིན་པའོ། །འབྱུང་པོའི་གནས་ཞེས་བྱ་བ་ལ། འབྱུང་པོ་ཞེས་བྱ་བ་ནི་གྲོག་སྦུར་དག་དང༌། ཕྱེ་མ་ལེབ་དག་དང༌། སྦྲང་བུ་དག་དང༌། ཏིལ་དང་ཕུབ་མ་ཟ་བ་དག་དང༌། སྦྲུལ་དང་སྡིག་པ་དག་དང༌། སྦྲང་བུ་ཏྲཻ་མ་བུ་ཀ་དང༌། ཏྲཻ་ལ་ཏ་ཀ་དག་གོ །དེ་དག་གི་གནས་ཞེས་བྱ་བ་ནི་ཤིང་ལྗོན་པའོ། །དེ་དག་འཇིག་གམ་འཇིག་ཏུ་འཇུད་ན་ཞེས་བྱ་བ་ནི། འབྱིན་པ་དང༌། སྙོལ་པ་དང༌། གཅོད་པ་དང༌། འབིགས་པ་དང༌། འཚེག་པ་
དག་བདག་ཉིད་ཀྱིས་བྱེད་དམ། གཞན་བྱེད་དུ་འཇུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང༌། སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་དེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ས་བོན་གྱི་ཚོགས་དང༌། འབྱུང་པོའི་གནས་དང༌། ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་མ་ཉམས་པ་ཉིད་དུ་ཤེས་བཞིན་དུ། ཐ་ན་རྩྭ་རྒྱུན་ཡན་ཆད་ཐབས་ཇི་ལྟར་ཡང་རུང་བས་ཉམས་པར་འདུན་པར་རང་ངམ། གཞན་གྱིས་ཀྱང་ཉམས་པར་བྱས། ཉམས་པར་བྱ་བའི་སྡོང་བུ་དང༌། འབྲུ་ལ་སོགས་པའི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ས་བོན་གྱི་ཚོགས་དང༌། འབྱུང་པོའི་གནས་འཇིག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ས་བོན་དང༌། ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་གིས་མ་ཉམས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ས་བོན་དང་ཁྱེའུ་ཁ་འཐོན་བ་རུང་བར་མ་བྱས་པ་དང༌། མ་ཉམས་པ་ཉིད་དང༌། རང་དང་གཞན་གང་ཡང་རུང་བ་དང༌། ཐབས་གང་ཡང་རུང་བ་དང༌། ཉམས་པར་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དེ་བཅུ་གཅིག་པའོ།། །།འཕྱ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར། དགེ་འདུན་གྱིས་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བར་བསྐོས་པའི་ཚེ་ན། དགེ་སློང་མཛའ་བོ་དང༌། ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང༌། ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོ་ན་ཡོད་པས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས། ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་འདུ་འཛིའི་གཏམ་གྱིས་འཁོད་པ་ན། ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་འོངས་པ་དང༌། དེ་གཉིས་ཀྱིས་ཉེ་དགའ་ལ་
སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་གལ་ཏེ་ཁྱོད་ཀྱང༌། དགེ་འདུན་གྱིས་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བར་བསྐོས་པར་གྱུར་ན། ཁོ་བོ་ཅག་ལ་འདི་ལྟ་སྟེ། དཔེར་ན་ཚེ་དང་ལྡན་བ་གྱད་བུ་ནོར་རམ། ཁ་ཅིག་བཞིན་དུ་ཐོ་འཚམས་པར་འགྱུར་རོ། །ཉེ་དགས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་གཉིས་དགེ་འདུན་མཐུན་པས་དགེ་སློང་གང་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བར་བསྐོས་པར་ཤེས་བཞིན་དུ་དེ་ལ་ངོར་འཕྱ་བ་དང༌། གཞོགས་འཕྱས་བྱེད་དམ། དེ་གཉིས་ཀྱིས་སྨྲས་པ། ཁོ་བོ་ཅག་གཉིས་འདུར་ཡང་མི་དབང་ངམ། ཅི་ཁོ་བོ་ཅག་གཉིས་ཀྱིས་འགའ་ཞིག་གི་མིང་ངམ། རུས་ནས་སྨོས་སམ་ཞེས་ཟེར་བའི་སྐབས་ཏེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་དགེ་སློང་མཛའ་བོ་དང༌། ས་ལས་སྐྱེས་གཉིས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བ་དང༌། གཞོགས་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིག །དགེ་སློང་རྣམས་ཀྱིས་དེ་གཉིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་ངོར་འཕྱ་བ་དང༌། གཞོགས་འཕྱས་བྱེད་པའི་གྲངས་སུ་བཅུག་ཀྱང༌། དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ། ངོར་འཕྱ་བ་དང་གཞོགས་འཕྱས་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་མཐུན་པས། དགེ་སློང་གང་གནས་མལ་འབོགས་པ་དང༌། ཟས་ལ་བསྐོ་བར་བསྐོས་པར་ཤེས་བཞིན་དུ། དེ་ལ་ངོར་འཕྱ་བ་དང༌། གཞོགས་འཕྱས་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་པའོ། །དེ་ལ་འཕྱའམ་གཞོགས་འཕྱས་བྱེད་ན་ཞེས་བྱ་བ་ནི། འཕྱ་བ་དང་གཞོགས་འཕྱས་བྱ་བའི་བསམ་པས་ངག་དང་ཚིག་དང༌། ཐ་སྙད་དང༌། སྐད་
དང་བརྗོད་པ་དང༌། ངེས་པའི་ཚིག་དང༌། ཚིག་གི་ལམ་དང༌། ཚིག་གི་སྒྲ་དང༌། ངག་གི་ལས་དང༌། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པ་གཞག་པ་ནི། དགེ་སློང་གང་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ལས་ཀྱིས་སྦྱོར་བ་བག་ཡངས་སུ་བྱས་པ་ཡང་རུང༌། མ་བསྐོས་པ་ལས་ཀྱིས་སྦྱོར་བ་བག་ཡངས་སུ་མ་བྱས་པ་ཡང་རུང་བ་ལ། བདག་དང་འབྲེལ་བའི་དོན་གྱིས་སྐུར་པས་ངོར་འཕྱ་ཡང་རུང༌། གཞོགས་འཕྱས་བྱེད་ཀྱང་རུང་བ་དགེ་འདུན་གྱིས་དེའི་གྲངས་སུ་བཅུ་གནས་ཡང་བྱེད་ན། འཕྱ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་གང་ཟག་བཅུ་གཉིས་ཀྱིས་ལས་སུ་བསྐོས་པ་ལས་ཀྱིས་སྦྱོར་བ་བ་གཡངས་སུ་བྱེད་པ་དང༌། མ་བསྐོས་པ་ལས་ཀྱིས་སྦྱོར་བ་བདག་ཡངས་སུ་མ་བྱས་པ་དང༌། སྐུར་པས་འཕྱ་བ་དང༌། གཞོགས་འཕྱས་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་སྦྱོར་བ་བག་ཡངས་སུ་པའམ་མ་བསྐོས་པ་སྦར་བ་བག་ཡངས་སུ་མ་བྱས་བ་དང༌། སྐུར་པ་ཉིད་དང༌། འཕྱ་བའམ། གཞོགས་འཕྱས་སམ། གཉི་ག་བྱེད་པ་དང༌། བདག་དང་འབྲེལ་པའི་དོན་དང༌། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འཕྱ་བའི་ལྟུང་བྱེད་དེ་བཅུ་གཉིས་པའོ།། །།བསྒོ་བ་རྣལ་གཟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན། གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས། དེ་ལ་དགེ་སློང་དོན་འདོད་པ། ཕན་པ་འདོད་པ། བདེ་བ་འདོད་པ། བདེ་བ་ལ་རེག་པར་འདོད་པ། གྲུབ་པ་དང༌། བདེ་བ་འདོད་པ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དེས་སྨྲས་པ། སུ་ལ་ལྟུང་བ་བྱུང་བ་དང༌། སུ་འགྱོད་པའི་ཕྱིར་བྱེད་པར་འགྱུར་
རོ། །གལ་ཏེ་ཚེ་དང་ལྡན་པ་ཁྱེད་ཅག་ལ་ལྟུང་བ་བྱུང་ན། ཁོ་བོའི་མདུན་དུ་མ་འཆགས་པར་གཞན་གྱི་མདུན་དུ་ཤོགས་ཤིག །ཚེ་དང་ལྡན་པ་ཁྱེད་ཅག་ནི། འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པ་དག་གི་ལོ་མ་སྣ་ཚོགས་རླུང་གིས་བླགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུག་པ་བཞིན་དུ། རིགས་སྣ་ཚོགས་དང༌། རུས་སྣ་ཚོགས་དང༌། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་བོའི་འཕགས་པས་ནི་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ནོ་ཞེས་དེ་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣལ་གཟོན་པའི་གྲངས་སུ་ཆུག་ཤིག །དགེ་འདུན་གྱིས་དེ་གསོལ་བ་འབའ་ཞིག་གི་ལས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་བཅུག་ཀྱང༌། དེ་དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག །དགེ་སློང་རྣམས་ཀྱིས་བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བས་རྣ་ལ་གཟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་ལོག་ཐབས་སུ་བྱེད་པ། ཉེས་པ་ནི་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་པའོ། །དེ་ལ་བསྒོ་བ་རྣ་ལ་གཟོན་ན་ཞེས་བྱ་བ་ནི། བསྒོ་བ་རྣ་ལ་གཟོན་པའི་བསམ་པས་ངག་དང༌། ཚིག་དང༌། ཐ་སྙད་དང༌། སྐད་དང༌། བརྗོད་པ་དང༌། ངེས་པའི་ཚིག་དང༌། ཚིག་གི་ལམ་དང༌། ཚིག་གི་སྒྲ་དང༌། ངག་གི་ལས་དང༌། ངག་གི་རྣམ་པར་རིག་བྱེད་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་
པར་གཞག་པ་ནི། དགེ་སློང་གིས་གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པར་འདུན་པས་གཞན་བརྗོད་པས་རྣ་ལ་གཟོན་ན། བསྒོ་བ་རྣ་ལ་གཟོན་པོའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་གིས་གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གི་དང༌། གླེང་བར་གཏོགས་པའི་བསྒོ་བ་དང༌། དེའི་ཚིག་གིས་རྣ་ལ་གཟོན་པ་དང༌། དགེ་འདུན་གྱིས་དེའི་གྲངས་སུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དེ་བཅུ་གསུམ་པའོ།། །།གནས་མལ་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང༌། དགེ་སློང་གི་དགེ་འདུན་ནི་བཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ནི་བཞུགས་ཤིང་བསོད་སྙོམས་མངོན་པར་སྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་ལ་བཞེད་པ་དང༌། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང༌། ནད་པ་ལྟ་བར་བཞེད་པ་དང༌། གནས་མལ་ལ་རྟོག་པར་བཞེད་པ་དང༌། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང༌། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞིར་བཅའ་བར་བཞེད་པས། རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། ལྡེ་མིག་བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆག་ས་ནས་འཆག་སར་དང༌། གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན།
ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གནས་མལ་རབ་ཏུ་མང་པོ་དག །བླ་གབ་མེད་པར་བཞག་ཅིང་དུས་མ་ཡིན་པའི་སྤྲིན་ཆེན་པོ་འདུས་པར་གཟིགས་ནས། ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས། པགས་པ་དང་ཤ་དང་ཁྲག་བཙིར་ཅིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ། དགེ་སློང་དག་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ནས་རྫུ་འཕྲུལ་གྱིས་དུས་མ་ཡིན་པའི་སྤྲིན་ཆེན་པོ་དེ་ཕྱིར་དགག་པ་མཛད་དེ། གནས་མལ་རབ་ཏུ་མང་པོ་དེ་དག་སྐྱབས་ཡོད་པར་བྲུབས་ནས། དབྱར་གྱི་ན་བཟའ་རས་ཆེན་བསྣམས་ཏེ། སྐུ་བསིལ་བར་བཞེད་ནས། བར་རིམ་ན་བཞུགས་ཤིང་སྐུ་བསིལ་ནས་དགེ་སློང་དག་སླར་འཁོར་ནས་སྔ་མ་བཞིན་དུ་ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། བྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལ་བ་འམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ། འདིང་དུ་བཅུག་ནས་མ་བསྡུས་སམ་སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་གནས་མལ་རབ་ཏུ་མང་པོ་དག་བླ་གབ་མེད་པར་བཞག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ཡང་ཁྲི་ཉིད་དོ། །ཁྲིའུ་འམ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །སྟན་ནང་ཚངས་ཅན་ནམ་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །ལ་བའམ་ཞེས་བྱ་བ་ནི་ལ་བ་ཉིད་དོ། །སྔས་སམ་ཞེས་བྱ་བ་ནི་སྔས་སུ་གཞུག་པའོ། །གོར་བུ་ཞེས་བྱ་བ་ནི་གྲུ་བཞིའོ། བླ་གབ་མེ་དཔར་ཞེས་བྱ་བ་ནི་མ་གཡོགས་པར་རོ། །བཏིང་ངམ་ཞེས་བྱ་བ་ནི་རང་གིས་སོ། །འདིང་དུ་བཅུག་ནས་ཞེས་བྱ་བ་ནི་གཞན་ནོ། །མ་བསྡུས་སམ་ཞེས་བྱ་བ་ནི་རང་གིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི་
དེ་ན་དགེ་སློང་གང་འདུག་པ་ལའོ། །མ་བཅོལ་བར་ཞེས་བྱ་བ་ནི། བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདི་རེ་ཞེས་བྱ་བ་དང༌། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང༌། གནས་མལ་འདེ་རེ་ཞེས་བྱ་བ་དང༌། གནས་མལ་སྡུས་ཤིག་ཅེས་བྱ་བ་དང༌། སྒོ་ལྕགས་ཆུག་ཤིག་ཞེས་བྱ་བ་ཉིད་ནི་ལྔ་པའོ། །གལ་ཏེ་དགེ་སློང་མེད་ན་དགེ་ཚུལ་ལ་བཅོལ་བར་བྱའོ། །གལ་ཏེ་དགེ་ཚུལ་མེད་ན་ཁྱིམ་བདག་ལ་བཅོལ་བར་བྱའོ། །གལ་ཏེ་ཁྱིམ་བདག་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ཏེ་འགྲོ་བར་བྱའོ། །གལ་ཏེ་ལམ་ཀར་དགེ་སློང་མཐོང་ན་ཁོ་བོས་ཕྱོགས་ཆེ་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱིས་ལོང་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤོངས་ནའོ། །དེའི་ཉེན་ཀོར་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེ། དེ་ཡང་རྩིག་པ་ལ་སོགས་པས་མ་བསྐོར་བ་ལ་ནི་རུང་ཉིད་ནས་སོ། །བསྐོར་བ་ལ་ནི་སྒོ་ཁང་ནས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གི་དགེ་འདུན་གྱི་གནས་མལ་ཁྲི་དང་ཁྲིའུ་དང༌། སྟན་ནང་ཚངས་ཅན་དང༌། ལ་བ་དང༌། སྔས་དང༌། གོར་བུ་ལ་སོགས་པ་གནས་ཀྱི་ཡན་ལག་ཏུ་གཏོགས་པ་གང་ཡང་རུང་བ་རང་ངམ་བསྐོས་པས་བླ་གབ་མེད་པར་བཞག་པ་མ་བསྡུས་སམ། སྡུད་དུམ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གནས་མལ་ཕན་ཕུན་དུ་མ་གྱུར་ཀྱང་རུང༌། དེ་ཉིད་གཉིད་ལོག་གམ། སྙོམས་པར་ཞུགས་ཏེ། གནས་མལ་ཕན་ཕུན་དུ་གྱུར་ན་ཉེན་ཀོར་ལས་མ་འདས་ཀྱང་རུང་སྟེ། གནས་མལ་གྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གནས་མལ་ཉིད་དང༌། རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གནས་མལ་ཉིད་དང་རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པ་དང༌། མ་བསྡུས་སམ་སྡུད་དུ་མ་བཅུག་གམ་དགེ་སློང་འཁོད་པ་ལ་མ་བཅོལ་བ་དང༌། ཉེན་ཀོར་ལས་འདས་སམ། དེ་ཉིད་དུ་གཉིད་ལོག་གམ།
སྙོམས་པར་ཞུགས་པ་ལ་སོགས་པ་དང༌། ཕན་ཕུན་གསུམ་པོ་རླུང་གིས་བཟློག་གམ། ཆར་པས་རིམ་པ་གཞན་སླེབས་སམ། སྲིལ་ལ་སོགས་པས་རིམ་པ་བཞིན་སླེབས་པ། གང་བྱུང་ཡང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གནས་མལ་གྱི་ལྟུང་བྱེད་དེ་བཅུ་བཞི་པའོ།། །།གདིང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ཕྱོགས་ནས་དགེ་སློང་རྒན་པ་དང་གཞོན་པ་གཉིས་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འོངས་ནས། རྒན་པ་ཤོས་ཀྱི་གཙུག་ལག་ཁང་ནི་གནས་མལ་དང་བཅས་པ་ཞིག་ཏུ་བསྐོས། གཞོན་པ་ཤོས་ཀྱི་གཙུག་ལག་ཁང་ནི་གནས་མལ་མེད་པ་ཞིག་ཏུ་བསྐོས་པ་དང༌། གཞོན་པ་ཤོས་དེ་སྒྲུབ་ཕོད་པ་ཞིག་ཡིན་པས། དེས་རྩྭ་མང་པོ་དག་བླངས་ནས་པུས་མོ་ནུབ་ཙམ་གྱི་གདིང་བ་བཤམས་སོ། །རྒན་པ་དེས་བསམས་པ་གཞོན་ནུ་དེའི་གཙུག་ལག་ཁང་ཇི་ལྟ་བུ་ཞིག་ཏུ་བསྐོས་པ་ཇེ་བལྟས་འགྲོའོ་སྙམ་ནས་དེ་དེར་སོང་བ་དང༌། ཇི་ཙམ་ན་གདིང་བ་བཟང་པོ་བཤམས་པ་མཐོང་ནས། དེས་བསམས་པ། བདག་ཇི་སྲིད་དུ་གནས་མལ་ཕྱིར་གཏོད་པར་བྱེད་པ་དེ་སྲིད་དུ་སང་འགྲོ་བ་འཕྱིས་པར་འགྱུར་གྱིས་འདི་ཉིད་དུ་འདུག་གོ་སྙམ་ནས། དེས་གནས་མལ་དང་བཅས་པའི་གཙུག་ལག་ཁང་དེ་དགེ་སློང་གནས་མལ་འབོགས་པ་ལ་ཕྱིར་གཏད་ནས། དེ་གཉི་ག་གཙུག་ལག་ཁང་དེར་མཚན་གནས་ནས་ནང་པར་སྔར་ལངས་ཏེ་དོང་ངོ༌། །ཕྱོགས་དེ་ས་སྣུམ་ཞིང་དངར་བ་ཡིན་པས་རྩྭ་བཏིང་བ་དག་ལ་སྲིལ་དག་ཆགས་ནས། གཙུག་ལག་ཁང་དེའི་ཕྱི་ནང་བཅས་པ་ཐམས་ཅད་སྲིལ་གྱིས་ཁྱབ་པར་གྱུར་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་ཤ་དང་ཁྲག་དག་བཙིར་ཞིང་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་དོ་སྙམ་དུ་དགོངས་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་བཏིང་
ངམ། འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ལྷོ་ཕྱོགས་པའི་དགེ་སློང་གཉིས། ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་གདིང་བ་མང་པོ་དག་བཏིང་ནས་མ་བསྡུས་པར་དེ་ནས་སོང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་དུ་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་བྱར་རུང་བའོ། །རྩྭའི་གདིང་བའམ་ཞེས་བྱ་བ་ནི་རྩྭ་དག་གོ །ལོ་མའི་གདིང་བ་ཞེས་བྱ་བ་ནི་ལོ་མ་དག་གོ །བཏིང་ངམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྡུད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ། །དགེ་སློང་འཁོད་པ་ལ་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་ཡོད་པ་ལའོ། །མ་བཅོལ་བར་ཞེས་བྱ་བ་ནི་མ་གཏད་པར་རོ། །དེ་ནས་སོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནས་སོ། །དེའི་ཉེན་ཀོར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེ། དེ་ཡང་རྩིག་པ་ལ་སོགས་པས་མ་བསྐོར་བ་ལ་ནི་དྲུང་ཉིད་ནས་སོ། །བསྐོར་བ་ལ་ནི་སྒོ་ཁང་ནས་སོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི། དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པས་སྣུམ་ཞིང་དང་རབ་སྲིལ་ལ་སོགས་པའི་སྲོག་ཆགས་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་གཞིར་རང་ངམ་བསྐོས་པས་རྩྭའམ་ལོ་མའི་གདིང་བ་བཏིང་བ་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོམ་བཞི་བཅུ་རྩ་དགུའི་མཐའ་ལས་འདས་པར་སོང་ན་གཙུག་ལག་ཁང་དུ་ཉེས་དམིགས་སུ་མ་གྱུར་ཀྱང་རུང༌། དེ་ཉིད་དུ་གཉིད་ལོག་གམ། སྙོམས་པར་ཞུགས་
ཏེ། གཙུག་ལག་ཁང་དུ་ཉེས་དམིགས་སུ་གྱུར་ན། ཉེན་ཀོར་ལས་མ་འདས་ཀྱང་རུང་སྟེ། གདིང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་དང༌། སྲིལ་ལ་སོགས་པ་སྐྱེ་བ་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་གཞིར་རང་ངམ་བསྐོས་པས་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་བྱས་པ་ཉིད་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། རང་ངམ་བསྐོས་པས་དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་གཞིར་བཏིང་བ་དང༌། མ་བསྡུས་སམ། སྡུད་དུ་མ་གཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བ་དང་ཉེ་འཁོར་ལས་འདས་སམ། དེ་ཉིད་དུ་གཉིད་ལོག་གམ། སྙོམས་པར་ཞུགས་པ་དང༌། ཉེས་དམིགས་སྲིལ་ལ་སོགས་པ་གང་བྱུང་ཡང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གདིང་བའི་ལྟུང་བྱེད་དེ་བཅོ་ལྔ་པའོ།། །།སྐྲོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ། ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང༌། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང༌། ཁྱེད་ཅག་ཀྱང་ལྟུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། ལུང་དབོག་པ་དང་།བཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་ནས། འཆར་ཀས་དེ་དག་རང་ལ་གནས་འཆར་བཅུག་སྟེ་རི་བྲགས་ཀྱི་གཙུག་ལག་ཁང་དག་གི་འདབ་ཏུ་ཕྱིན་པ་ན། གཙུག་ལག་ཁང་དེར་དགེ་འདུན་གྱི་ས་གནས་མལ་གྱི་གཎྜཱི་བརྡུངས་ནས། འཆར་ཀའི་ཉེ་གནས་རྣམས་ནི་ནང་དུ་སོང་སྟེ། འཆར་ཀ་དང་རང་རང་གི་གནས་མལ་མནོས་ཏེ་བསྡད་ན་འཆར་ཀ་ཕྱི་རོལ་ན་འདུ་འཛིའི་གཏམ་ལ་ཡེངས་པ་ནམ་
སྲོས་ཀྱི་བར་དུ་མ་འོངས་ནས། དེ་དག་གིས་འཆར་ཀའི་གནས་མལ་སྡུག་གུ་བཤམས་ཏེ། གཅིག་ལ་གཅིག་ཞུས་ནས་ཉལ་བ་དང༌། ཅི་ཙམ་མིག་ལམ་ཆོད་པའི་དུས་ཀྱི་ཚེ། འཆར་ཀ་འོངས་ནས་སྒོ་བརྡུངས་ཏེ། ཉེ་གནས་དེ་དག་ཕྱི་རོལ་དུ་བསྐྲད་དོ། །དེ་དག་དེ་ན་མཚན་ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་ཅིང་ན་བར་གྱུར་ནས། ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་དོང་ནས། བདག་ཅག་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ། སྐྲོད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་གནོད་སེམས། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཞེས་བྱ་བ་ནི། ཁྲོ་ཞིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ནས་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་བྱར་རུང་བ་ནས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ་སྐྲོད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྐྲོད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་རང་ངམ། དགེ་སློང་གཞན་ནམ། དགེ་སློང་མའམ། བསྙེན་པར་མ་རྫོགས་པར་དགེ་སློང་བསྐྲད་པར་བྱ་བ་དེ་ལ་གནོད་པ་སྲོག་གི་བར་
ཆད་ལ་སོགས་པ་སྐྱེ་བར་ དགོས་པ ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པ་དང༌། དགེ་འདུན་འཁྲུག་པ་སྐྱེ་བར་འགྱུར་བར་དོགས་པ་ཡོད་དམ། སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོང་པའི་གཉེན་པོ་འདོད་པ་མ་ཡིན་པའི་བསམ་པ་གང་ཡང་རུང་བས་སྐྲོད་ན།། སྐྲོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བསྐྲད་པར་བྱ་བ་དགེ་སློང་ཉིད་དང༌། གང་ནས་བསྐྲད་པར་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་བྱེད་པ་པོ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྐྲད་པར་བྱ་བ་དགེ་སློང་ཉིད་དང༌། གང་ནས་བསྐྲད་པར་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། རང་ངམ་དགེ་སློང་གཞན་ནམ། དགེ་སློང་མའམ། བསྙེན་པར་རྫོགས་པ་གང་ཡང་རུང་བས་སྐྲོད་པ་དང༌། གལ་ཏེ་དེ་ལ་གནོད་པ་དང༌། དགེ་འདུན་འཁྲུག་པ་སྐྱེ་བ་དང༌། ཉེ་བར་ཞི་བ་མི་འགྱུར་བའི་གཉེན་པོ་འདོད་པ་མ་ཡིན་པའི་བསམ་པ་གང་ཡང་རུང་བས་སྐྲོད་པ་དང༌། བསྐྲད་པ་མཐར་ཐུག་པའོ། །དེ་དག་ལས་ཡན་ལག་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །སྐྲོད་པའི་ལྟུང་བྱེད་དེ་བཅུ་དྲུག་པའོ།། །།ཕྱིས་གནོན་གྱི་ལྟུང་བྱེད་ཀྱི་གླེང་བཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་དུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས། དགེ་སློང་གསར་བུ་གསར་བུ་དག་ལ། ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང༌། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྟུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། ལུང་དབོག་པ་དང༌། བཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་ནས་འཆར་ཀས་དེ་དགར་ངལ་གནས་འཆར་བཅུག་སྟེ། རི་བྲགས་ཀྱི་གཙུག་ལག་ཁང་ཞིག་གི་འདབ་ཏུ་ཕྱིན་པ་ན། གཙུག་ལག་ཁང་དེར་དགེ་འདུན་གྱིས་གནས་མལ་གྱི་གཎྜཱི་བརྡུངས་ནས་འཆར་ཀའི་ཉེ་གནས་རྣམས་ནི་དྲུང་དུ་དོང་སྟེ། འཆར་ཀ་དང་རང་གི་གནས་མལ་མནོས་ཏེ་བསྡད་ན། འཆར་ཀ་ཕྱི་རོལ་
ན་འདུ་འཛིའི་གཏམ་ལ་ཡེངས་པ་ནམ་སྲོས་ཀྱི་བར་དུ་མ་འོངས་ནས། དེ་དག་གིས་འཆར་ཀའི་གནས་མལ་སྡུག་གུ་བཤམས་ཏེ། གཅིག་ལ་གཅིག་ཞུས་ནས་ཉལ་བ་དང༌། ཇི་ཙམ་མིག་ལམ་ཆད་པའི་དུས་ཀྱི་ཚེ་འཆར་ཀ་འོངས་ནས་སྒོ་བརྡུངས་ཏེ་ནང་དུ་ཞུགས་ན། དེས་དེ་དག་ཁ་ཅིག་ལ་གྲུ་མོས་བསྣུན། ཁ་ཅིག་ལ་ནི་པུས་མོས་བསྣུན་ནས། སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ནས་ཉེ་གནས་དེ་དག་ཕྱི་རོལ་དུ་བྱུང་ངོ༌། །དེ་དག་དེ་ན་མཚན་ཐོག་ཐག་བླ་གབ་མེད་པར་ལྷགས་པས་ཉེན་ཅིང་ན་བར་གྱུར་ནས། ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་དོང་ནས། བདག་ཅག་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དགེ་འདུན་གྱི་གཙུག་ལ་ཁང་ནས་དགེ་སློང་དག་སྔ་ན་འཁོད་པ། ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ། དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱེད་ཅིང་སྟན་ལ་ཉལ་བ་དང་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན། དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས། སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཐོ་འཚམས་པ་།ཉེས་པ་ནི་དགེ་སློང་ལ་ཕྱིས་གནོན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་ན་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་བྱར་རུང་བ་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ །སྔ་ན་འཁོད་པ་ཞེས་བྱ་བ་ནི་སྔ་ན་གནས་པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་གིས་རིག་པར་གྱུར་
པའམ། གཞན་དག་གིས་བསྟན་པས་སོ། །ཕྱིས་འོངས་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་འོངས་ནས་སོ། །སུ་ལ་གནོད་པ་ཞེས་བྱ་བ་ནི་སུ་བདེ་བ་ལ་རེག་པར་མི་འགྱུར་བའོ། །དེ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི། དེ་དེ་ནས་གཞན་དུ་འགྲོ་བར་འགྱུར་བའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི། གཞན་མ་ཡིན་པའོ། །ཕྱིས་གནོན་བྱས་ནས་ཞེས་བྱ་བ་ནི་གནོད་པས་ཟིལ་གྱིས་མནན་ནས་སོ། །སྟན་ལ་ཞེས་བྱ་བ་ནི་གནས་མལ་ལོ། །ཉལ་ལམ་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །འདུག་ན་ཞེས་བྱ་བ་ནི་རྐུ་བ་ཚོས་བཞག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཐོ་བཙམས་པའི་བསམ་པས་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་གཞན་སྔར་ཞུགས་པ་ཉིད་དུ་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ཕྱིས་གནོན་གྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་ན་བ་དང་འཇིགས་པའི་དབང་མ་གཏོགས་པར་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་གཞན་སྔར་ཞུགས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གང་ལ་ཕྱིས་གནོན་བྱ་བ་དེ་ཉིད་དང༌། གང་ལ་ཕྱིས་གནོན་བྱ་བ་དགེ་སློང་ཉིད་དང༌། གང་དུ་ཕྱིས་གནོན་བྱ་བ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང༌། དེར་འདུ་ཤེས་པ་དང༌། ཐོ་འཚམས་པའི་བསམ་པ་དང༌། ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཕྱིས་གནོན་གྱི་ལྟུང་བྱེད་དེ་བཅུ་བདུན་པའོ།། །།རྩ་བ་འབྱུང་བ་ལ་འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་དགས་དགེ་སློང་གསར་བུ་གསར་བུ་དག་ལ། ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང༌། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པ་
བྱ་ཞིང། ཁྱེད་ཅག་ཀྱང་ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། ལུང་དབོག་པ་དང༌། ཁ་ཏོན་དང༌། བཀླག་པ་དང༌། རྣལ་འབྱོར་དང༌། ཡིད་ལ་བྱེད་པ་དང༌། ནད་གཡོག་གིས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང༌། དེ་གང་གི་ཚེ་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན། འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་དོ། །བསོད་སྙོམས་པ་ཞིག་གིས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་ཁྱོད་དང་ལྷན་ཅིག་ལྗོངས་རྒྱུར་འགྲོའོ། །དགེ་སློང་རྣམས་ཀྱིས་བསོད་སྙོམས་པ་དེ་ལ་སྨྲས་པ། བསོད་སྙོམས་པ་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱོད་ལ་ཐོ་འཚམས་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ། ཁོ་བོ་ནི་ལོ་འདས་པ་ཡིན་པས་ཁོ་བོ་དེ་ལ་གནས་བཅའ་བ་དང༌། ལུང་མནོད་པ་དང༌། བཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བའི་ལས་རག་ལུས་པ་ཅུང་ཟད་ཀྱང་མེད་པས། དེས་ཁོ་བོ་ལ་ཅི་བྱར་ཡོད། དེས་དགེ་སློང་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ། དེ་དང་ལྷན་ཅིག་ལྗོངས་རྒྱུར་སོང་ངོ༌། །ཉེ་དགས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། བསོད་སྙོམས་པ་གཏུར་བུ་འདི་རེ་ཞིག་ཁྱེར་ཅིག །བཙུན་པ་ཉེ་དགས་ཅི་ཁྱོད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་མ་མཐོང་ངམ། ཡོ་བྱད་དོན་མེད་པ་འདིས་ཅི་བྱ། ཉེ་དགས་སྨྲས་པ། བསོད་སྙོམས་པ་ཁྱེད་རེ་ཞིག་མི་ཁྱེར་བ་ནི་ཡུས་ན། ཅི་ཁྱོད་ཁོ་བོ་བས་ཀྱང་མཁས་པ་ཡིན་སྙམ་མམ། ཅི་ན་ཁྱོད་ཁོ་བོ་ལ་དེ་སྐད་ཟེར། བསོད་སྙོམས་པས་སྨྲས་པ། མཁས་པ་མ་ཡིན་ཡང་རིགས་པ་ཙམ་སྨྲའོ། །ཉེ་དགས་བསམས་པ། བསོད་སྙོམས་པ་འདི་མི་དགའ་བར་བྱའོ་སྙམ་ནས། དེ་གཉིས་མཐར་གྱིས་ལྗོངས་རྒྱུ་ཞིང་འགྲོ་བ་ན། རི་བྲགས་ཀྱི་གཙུག་ཁང་ཞིག་གི་འདབ་ཏུ་ཕྱིན་པ་ན། གཙུག་ལག་ཁང་དེར་དགེ་འདུན་གྱིས་གནས་མལ་གྱི་གཎྜཱི་བརྡུངས་ནས་བསོད་སྙོམས་པ་ནི་ནང་དུ་སོང་སྟེ། ཉེ་དགའ་དང་རང་གི་གནས་མལ་མནོས་ཏེ་བསྡད་ན། ཉེ་དགའ་ཕྱི་རོལ་ན་འདུ་འཛིའི་གཏམ་ལ་ཡེངས་པ་ནམ་སྲོས་ཀྱི་བར་དུ་མ་འོངས་ནས། བསོད་སྙོམས་པ་དེས་ཁར་ཐོག་ཏུ་ཉེ་དགའི་མལ་བཤམས་ནས་རྐང་པའི་ཆུ་དང༌། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། བདག་ཉིད་གཙུག་ལག་
ཁང་གི་ཕྱི་རོལ་ཏུ་རྐང་པ་གཉིས་བཀྲུས་ནས། འོག་ཁང་དུ་མལ་བཤམས་པར་ཞུགས་ཏེ་ཉལ་བ་དང༌། ཇི་ཙམ་མིག་ལམ་ཆད་པའི་དུས་ཀྱི་ཚེ། ཉེ་དགའ་འོངས་ནས་སྒོ་བརྡུངས་པ་དང༌། བསོད་སྙོམས་པས་སྒོ་མ་ཕྱེ་བར་སྟེང་དུ་མལ་བཤམས་པར་ཉོལ་ཅིག་ཅེས་སྨྲས་སོ། །ཉེ་དགའ་ཁང་ཐོག་ཏུ་འཛེགས་ནས་རྐང་པ་གཉིས་བཀྲུས་ཏེ་གནས་ཁང་དུ་ཞུགས་ནས་བསོད་སྙོམས་པ་ཞེས་བོས་པ་དང༌། བསོད་སྙོམས་པས་བཙུན་པ་ཉེ་དགའ་ཅི་ཟེར་ཞེས་བྱས་སོ། །ཉེ་དགའ་སྒྲ་ལ་མཁས་པས་དེས་བསོད་སྙོམས་པའི་འཕྲལ་བའི་ཐད་ཀར་ཁྲི་རྐང་གཏད་དེ། ཅི་ནས་ཀྱང་ཁྲི་རྐང་གིས་ཁང་ཐོག་བརྟོལ་ནས་བསོད་སྙོམས་པ་དེའི་དཔྲལ་བར་འབབ་པར་འགྱུར་བ་དེ་ལྟར་ཤུགས་དྲག་པོས་མནན་པ་དང༌། དེས་བསོད་སྙོམས་པ་དེའི་འཕྲལ་བར་ཕོག་པས་འཕྲལ་བ་ཞོམ་མོ། །བསོད་སྙོམས་པས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་གནད་དོ་ཁོ་བོ་གནད་དོ། །ཉེ་དགས་སྨྲས་པ། ཀྱེ་བསོད་སྙོམས་པ་ཅི་ཟེར། བསོད་སྙོམས་པས་བསམས་པ། གལ་ཏེ་སྐད་ཕྱུང་ན་འདིས་རྒན་རིམས་ཀྱིས་ཁྲི་ཡང་ཕྲོགས་པར་འགྱུར་རོ་སྙམ་ནས། དེ་ཅང་མི་སྨྲ་བར་འདུག་འདུག་ནས་ནང་པར་སྔར་ལངས་ནས་མཉན་ཡོད་དུ་སོང་ནས། བདག་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ། འདུག་པ་དང་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་ཡང་ཐོག་ཏུ་རྩ་བ་འབྱུང་བ་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱ་ཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་
ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་གི་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་བྱར་རུང་བའི་འོ། །སྟེང་གི་ནམ་མཁའ་ལ་ཞེས་བྱ་བ་ནི། ཁང་སྟེང་གི་ནམ་མཁའ་ལའོ། །ཐོག་བོར་བར་ཞེས་བྱ་བ་ནི། རྩྭའི་ཐོག་གམ་ལོ་མའི་ཐོག་བོར་བའོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་འམ་ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ། །རྩ་བ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་འབྱུང་བ་ལའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ལྕིད་ཀྱིས་ཕབ་སྟེ་ཞེས་བྱ་བ་ནི་མཐུས་མནན་ཏེའོ། །འདུག་གམ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པར་བྱེད་ནའོ། །ཉལ་ན་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་བྱིན་གྱིས་གཞོལ་བ་ཉིད་དམ། སྤང་ལེབ་ཉིད་དམ། དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་པར་གནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་ཕུར་བུ་ལྟར་དབྱུང་བ་དང༌། གཞུག་ཏུ་རུང་བ་དང། བཀན་པ་ཉིད་དང༌། རྐང་རྟེན་བཅུག་པ་ཉིད་མ་ཡིན་པར་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ་གནོན་པར་བྱེད་ན་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་དང༌། གནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་འབྱུང་བ་ཉིད་གནོན་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་བྱིན་གྱིས་གཞོལ་བ་ཉིད་དམ། སྤང་ལེབ་ཉིད་དམ། དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་པ་དང༌། གནན་པར་འོས་པ་ཁྲི་ལ་སོགས་པའི་རྩ་བ་འབྱུང་བ་བཀན་པ་ཉིད་དམ། རྐང་རྟེན་བཅུག་པ་ཉིད་མ་ཡིན་པ་དང༌། དེར་འདུ་ཤེས་པ་དང༌། ལྗིད་ཀྱིས་ཕབ་པ་དང༌། གནོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དེ་
བཅོ་བརྒྱད་པའོ།། །།སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང༌། ས་ལ་འདེབས་པར་བྱེད། འདེབས་སུ་འཇུག་པར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ཁྱོད་ཤེས་བཞིན་དུ། སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང༌། ལྕི་བ་དང༌། ས་ལ་མ་འདེབས་ཤིག་འདེབས་སུ་མ་འཇུད་ཅིག །འདུན་པས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བགྲངས་ཏེ་གཏད་དམ། ཅི་ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང༌། ནུབ་དང༌། བྱང་གི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང་མཚོ་དང༌། ལྟེང་ཀ་དག་ཏུ་འདུག་ན་ཅི་ཉེས་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་ལྕི་བ་དང་ས་ལ་འདེབས་པ་དང༌། འདེབས་སུ་འཇུད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ་ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་རང་སྤྱོད་པའི་དོན་ལས་གཞན་དུ་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ། སྲོག་ཆགས་དང་བཅས་པ་ནི་གཉིས་ཏེ། གང་དག་མིག་གིས་མཐོང་བར་གྱུར་པ་དང༌། གང་དག་ཆུ་ཚགས་ཀྱིས་ཟིན་པར་གྱུར་པའོ། །ཆུས་ཞེས་བྱ་བ་ནི་ཆུ་ཉིད་ཀྱིས་སོ། །རྩྭའམ་ཞེས་བྱ་བ་ནི་རྩྭ་ཉིད་དོ། །ལྕི་བའམ་ཞེས་བྱ་བ་ནི་ལྕི་བ་ཉིད་དོ། །ས་ལ་ཞེས་བྱ་བ་ཡང་ས་ཉིད་ལའོ། །འདེབས་སམ་ཞེས་བྱ་བ་ནི་རང་གིས་
སོ། །འདེབས་སུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དང༌། འོག་ནས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཅེས་འབྱུང་བ་དེ་གཉིས་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་འདི་ནི་རང་སྤྱོད་པ་མ་ཡིན་པའི་དོན་ཉིད་ལ་འཇུག་པ་དང༌། འཇུག་ཏུ་འཇུག་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ །འོག་མ་ནི་རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང༌། འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་འམ་ལྕི་བ་འམ། ས་ལ་སོགས་པ་རང་སྤྱོད་པ་མ་ཡིན་པའི་ཡུལ་ལ་འདེབས་སམ། འདེབས་སུ་འཇུད་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རང་སྤྱོད་པ་མ་ཡིན་པའི་དོན་དུ། སྲོག་ཆགས་དང་བཅས་པའི་ཆུ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་སྤྱོད་པ་མ་ཡིན་པའི་དོན་གང་ཡང་རུང་བ་དང༌། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གང་ཡང་རུང་བ་དང་བཅས་པ་དང༌། དེར་འདུ་ཤེས་པ་དང༌། སྤྱོད་པ་དང༌། སྲོག་ཆགས་ཇི་སྙེད་ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དེ་བཅུ་དགུ་པའོ།། །། གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་དྲུག་སྡེ་དག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་ན་གནས་ཤིང་འཕྱས་འདོགས་པ་དང༌། དགེ་སློང་རྣམས་ཀྱིས་སྨད་པ་དང༌། ཚེ་དང་ལྡན་པ་འདུན་པ་ང་རྒྱལ་སྐྱེས་ནས། དེས་ཀཽ་ཤཱམྦཱི་ན་བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། སེར་སྣ་ཅན་མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་འཛིན་པ་ཞིག་འདུག་པ་དེ་དད་པ་བསྐྱེད་ནས་རྫས་ལས་
བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་པ་དང༌། དེས་གཙུག་ལག་ཁང་བརྩིག་པར་ཁས་བླངས་ཏེ། ཀཱར་ཥཱ་པ་ཎ་དག་སྦྱར་ཏེ་སྨྲས་པ། བཙུན་པ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན། བསོད་ནམས་ཀྱི་གྲོགས་བགྱིད་པ་མ་མཆིས་སོ། །འདུན་པས་སྨྲས་པ། ཁོ་བོས་ཁྱོད་ཀྱི་བསོད་ནམས་ཀྱི་གྲོགས་བྱས། འདི་ལྟར་ཁྱེད་ཀྱིས་ཁོ་བོ་དགེ་འདུན་གྱིས་ལག་གི་གླར་བསྐོར་ཆུག་ཤིག །བྲམ་ཟེ་དེ་གཙུག་ལག་ཁང་དུ་སོང་ནས་དགེ་འདུན་ལ་གསོལ་བ་དང༌། དེ་ན་དག་དགེ་འདུན་གྱི་ནང་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་པས། འདུན་པ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་གང་གི་ཚེ་ཁོ་བོས་རྒྱལ་བྱེད་ཀྱི་ཚལ་རྩིག་ཏུ་བཅུག་པ་དེའི་ཚེ་ཡང་ཁོ་བོ་སུས་ཀྱང་ལག་གི་གླར་མ་བསྐོས་སོ། །གང་གི་ཚེ་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་གདངས་ཅན་གྱི་ཀུན་དགའ་ར་བ་རྩིག་ཏུ་བཅུག་པ་དེའི་ཚེ་ན་ཡང་དེ་སུས་ཀྱང་ལག་གི་གླར་མ་བསྐོས་སོ། །ཁྱེད་ཀྱང་གལ་ཏེ་གཙུག་ལག་ཁང་བྱེད་དུ་འཇུག་པར་འདོད་ན་མ་བསྐོས་པ་ཉིད་དུ་བྱེད་དུ་ཆུག་ཤིག །ཚེ་དང་ལྡན་པ་འདུན་པས་བསམས་པ། ལྷུང་བཟེད་ནག་པོ་ཅན་དག་བདག་ཅན་མཐོང་བར་ཡང་མི་དགའ་ན། ལག་གི་གླར་བསྐོས་ཏེ་དད་པར་ག་ལ་འགྱུར་སྙམ་ནས། བྲམ་ཟེ་དེའི་གན་དུ་སོང་སྟེ། ཀཱར་ཥཱ་པཎ་དག་བླངས་ནས་སོ་ཕག་མཁན་དང༌། ཕྱྭ་མཁན་དང༌། ཤིང་མཁན་དང༌། ཞལ་ཞལ་མཁན་དང༌། རི་མོ་མཁན་དང༌། གླ་མིའི་གནས་སུ་སོང་སྟེ། ཀཱར་ཥཱ་པ་ཎ་དག་བྱིན་ནས་དེའི་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་ཆེན་པོ་སུམ་རྩེག་སྒོའི་སྦུབས་ཀྱི་གནས་དང༌། གཏན་པའི་གནས་དང། སྐར་ཁུང་དང༌། ཆུ་ཁུང་གི་གནས་དག་ཀྱང་མ་བཞག་པར་དེ་བཞིན་ཁོ་ནར་སྤྱད་འདྲ་བར་བརྩིགས་ཏེ། དེ་བྲམ་ཟེའི་གན་དུ་སོང་ནས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་གཙུག་ལག་ཁང་ཟིན་གྱིས་ཚུར་ཤོག །དགེ་འདུན་ལ་ཕུལ་ཅིག །བྲམ་ཟེས་སྨྲས་པ། འཕགས་པ་དེང་བདག་གིས་ཞལ་ཟས་སྟ་གོ་ནམ་བགྱིས་ཀྱིས། སང་བདག་གིས་ཞལ་ཟས་སྟ་གོན་བགྱིས་ཏེ་མཆིའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གཙུག་ལག་ཆང་འདི་དེང་ཉིད་དུ་རྡིབ་པར་གྱུར་ཏེ། གལ་ཏེ་ཡོངས་སུ་མ་སྤྱད་པ་ཁོ་ནར་རྡིབ་པར་གྱུར་ན་བྲམ་ཟེ་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་
བུའི་གནས་ཡོད་པར་འགྱུར་རོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་སྙོམས་པར་འཇུག་པའི་གནས་པ་ཐོབ་པ་དག་མཚན་མོའི་ཐུན་དང་པོ་ལ། གཙུག་ལག་ཁང་དེར་བཞག་ནས། བཅོམ་ལྡན་འདས་ཉིད་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱི་འཁོར་དང་བཅས་པས་ཀྱང༌། མཚན་མོའི་གུང་ཐུན་ལ་དེར་ཆོས་བསྟན་པ་མཛད་ནས་སླར་གཤེགས་སོ། །མཚན་མོའི་ཐུན་ཐ་མ་ལ་སྤྲིན་ཁ་དོག་ལྔ་པ་འདུས་ནས་ངེས་གཙུག་ལག་ཁང་དེ། དཔེར་ན་སྤྱད་ཆུས་གང་བར་བཞིན་དུ། ཆུས་གང་བར་གྱུར་ནས་རྡིབ་པར་གྱུར་ཏོ། །དྲུག་སྡེ་དག་གིས་དེ་ཐོས་ནས་སྐྲག་སྟེ་བྲོས་སོ། །བྲམ་ཟེ་དེས་ཀྱང་ཕྱི་དེ་ཉིན་པར་བཅའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཤིང་རྟ་བཀང་སྟེ་འོངས་ནས་རང་གི་གཙུག་ལག་ཁང་རྡིབ་པ་མཐོང་ནས་ང་རྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས། བྲམ་ཟེ་ལ་བཀའ་སྩལ་ཏེ། ལྷ་དང་མི་མང་པོ་དག་གིས་དེ་བཞིན་གཤེགས་པ་ལ་བསྔོས་ཏེ། གཙུག་ལག་ཁང་དག་བྱེད་དུ་བཅུག་པ་དེ་དག་ནི་དེ་བཞིན་གཤེགས་པས་ཡོངས་སུ་ལོངས་མ་སྤྱད་ཀྱི། ཁྱོད་ཀྱི་གཙུག་ལག་ཁང་གང་ཡིན་པ་འདི་ནི་མདང་མཚན་མོའི་ཐུན་དང་པོ་ལ། དགེ་སློང་གནས་བརྟན་གནས་བརྟན་དག་གིས་ཡོངས་སུ་ལོངས་ཕྱོད་ཅིང་མཚན་མོའི་གུང་ཐུན་ལ་ཡང་བཅོམ་ལྡན་འདས་བརྒྱ་བྱིན་དང་ཚང་པ་དང་བཅས་པ་ལྷ་རྣམས་ཀྱི་འཁོར་དང་བཅས་པས་ཡོངས་སུ་ལོངས་སྤྱད་པས་ཁྱོད་ཀྱིས་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བསྒོའོ། །དེ་ནས་བྲམ་ཟེ་དེ་བཙུན་པ་ཀུན་དགའ་བོ་གལ་ཏེ་དེ་ལྟ་ན་བདག་གདུགས་རེ་རེ་ཞིང་གཙུག་ལག་ཁང་འདི་ལྟ་བུ་ཤ་སྟག་བགྱིད་དུ་སྩོལ་བར་ཡང་སྤྲོའོ་ཞེས་ཟེར་བ་དྲུག་སྡེ་དག་གིས་ཐོས་ནས་དེར་ལྷགས་པ་དང༌། བྲམ་ཟེ་དེས་དེ་དག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཅིང༌། ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་པ་དང༌། དྲུག་སྡེ་དག་ཁོ་བོ་ཅག་གིས་དེ་ལྟར་བྲམ་ཟེ་དེའི་ནོར་དེ་སྙེད་ཆུད་གསན་དུ་ཟིན་ཀྱང༌། འོན་ཀྱང་དེས་ཁོ་བོ་ཅག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཅིང་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་པར་གྱུར་པ་དེ་ལྟར་ཁོ་བོ་ཅག་གིས་བྲམ་ཟེ་དེ་མངོན་པར་དད་པར་བྱས་སོ་ཞེས་རློམ་པར་བྱེད་
ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དེ་དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་སྒོའི་སྦུབས་དང༌། གཏན་པ་དང༌། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལས་ངན་པ་ལ་དགའ་བ། ཉེས་པ་ནི་གཙུག་ལག་ཁང་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དག་བྱར་རུང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང༌། ཚད་ལས་ཏེ། དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །རྩིག་ཏུ་འཇུད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །སྒོའི་སྦུབས་དང་གཏན་པ་ཞེས་བྱ་བ་ནི་སྒོའི་སྦུབས་དང་གཏན་པ་གཞུག་པར་བྱའོ། །སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་པས་ཞེས་བྱ་བ་ནི་སྐར་ཁུང་དག་དང༌། ཆུ་ཁུང་གི་གནས་ཇི་ཙམ་གཏོད་པར་བྱ་བའི་འདུ་ཤེས་ཀྱིས་སོ། །ས་བརྟག་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་ཞེས་བྱ་བ་ལ། ཕ་གུའི་རིམ་པ་ཞེས་བྱ་བ་ནི་ཕ་གུ་རྩེག་མའོ། །འཇིམ་པ་དང་བཅས་པ་ཞེས་བྱ་བ་ནི་ས་འཇིམ་པ་དང་བཅས་པའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་གཞག་པར་བྱ་བའོ། །དེ་ལས་ལྷག་པར་བརྩིགས་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་འཇོག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཐམས་ཅད་རྡོའམ། སོ་ཕག་གམ། ཤིང་
ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ། དགེ་འདུན་གྱིའམ། གང་ཟག་གིའམ། ཁྱིམ་པ་དབང་བ་ཡང་རུང་བ་ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་ཞེས་སྨྲས་པ་ཆུ་ཁུང་དག་མ་བཏོད་པའམ། བརྐོས་ཏེ་རྨང་གི་རྩ་བ་མ་བརྩིགས་པའམ། སྒོ་ཆ་གོང་མ་མ་བཅུག་པ་ཡང་རུང་བ་ལ། རང་ངམ་གཞན་གྱིས་ཉི་མ་དེ་ཉིད་ལ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གསུམ་ལས་ལྷག་པར་རྩིག་གམ། ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པར་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན། གཙུག་ལག་ཁང་གི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་རྡོའམ། སོ་ཕག་གམ། ཤིང་ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ། དགེ་འདུན་གྱི་འམ། གང་ཟག་གིའམ། ཁྱིམ་པ་དབང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་རྡོ་འམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་པ་ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པ་དགེ་འདུན་གྱིའམ་གང་ཟག་གིའམ། ཁྱིམ་པ་ཡང་རུང་བ་དང༌། ཡོན་བདག་གིས་བྱས་ནས་བལྟའོ་ཞེའམ། ཟིན་ནས་བལྟའོ་ཞེས་དགེ་སློང་རྣམས་ལ་སྨྲས་པ་དང༌། ཆུ་ཁུང་དག་མ་བཏོད་པ་འམ། བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པའམ། སྒོ་ཆ་གོང་མ་མ་བཅུག་པ་ཡང་རུང་བ་དང༌། རང་ངམ་གཞན་གང་ཡང་རུང་བས་རྩིག་པ་དང༌། ཉི་མ་དེ་ཉིད་ལ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གསུམ་ལས་ལྷག་པར་རྩིག་གམ། ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པར་རིམ་པ་གསུམ་ལས་ལྷག་པར་བརྩིགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཙུག་ལག་ཁང་གི་ལྟུང་བྱེད་དེ་ཉིད་ཤུ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་པ། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང༌། ཟས་དང་ཆོས་གོས་གཉིས་དག་དང༌། དོན་མཐུན་གྲུ་དང་དབེན་པ་གཉིས། དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་བྱ་བ་ནི་བཅུ་པ་གསུམ་པ་དག་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང༌། དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་གསུམ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། མ་བསྐོས་པར་སྟོན་པ་དང༌། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་
དང། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་དང༌། གོས་བྱེད་པ་དང༌། དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པ་དང༌། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་དང༌། གཅིག་པུ་འདུག་པ་དང༌། གཅིག་པུ་འགྲེང་པ་དང༌། དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དོ། །དེ་ལ་མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གནས་བརྟན་གནས་བརྟན་དག་གི་རེས་ཀྱིས་དགེ་སློང་མ་ལ་བསྟན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དྲུག་སྡེ་དག་ལ་དགེ་སློང་མ་ལ་སྟོན་པའི་རེས་བབ་པ་ན། དེ་དག་ཅི་ཙམ་པ་དེ་ཙམ་བསྟན་ནས་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་ཏུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད། གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ལུས་ལ་རེག་པ་དག་བྱེད་དོ། །དེ་ན་གང་དག་བདག་གིར་བྱེད་པ། དེ་དག་ནི་དེ་དག་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་དུ་རྩ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད། གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གྲི་མི་བྱེད་པ་དེ་དག་ནི་འཆགས་དང༌། དགར་དང་སྒོ་ཁང་དག་ན་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་ལྟ་བུ་དག་བདག་ཅག་ལ་སྟོན་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དྲུག་སྡེ་དག་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དགེ་སློང་མའི་སྟོན་པར་བསྐོ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གཅིག་གིས་གཅིག་བསྐོས་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་དོང་སྟེ། གཅིག་གིས་གཅིག་བསྐོས་པ་དང༌། མཚམས་ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱི་འདུན་པ་བླངས་ཏེ། ལྷག་མ་རྣམས་དང་མི་མཐུན་པར་བྱས་ནས། གཅིག་གིས་གཅིག་བསྐོས་ཏེ་དགེ་སློང་མ་ལ་སྟོན་པར་བྱེད་པ་ན། ཉེས་དམིགས་དེ་ཉིད་དུ་གྱུར་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བསྐོས་པ། མཚམས་ཀྱི་ཕྱི་རོལ་ཏུ་བསྐོས་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་བསྐོས་པ་དང༌། མཚམས་
ཀྱི་ནང་དུ་དགེ་སློང་ནད་པ་རྣམས་ཀྱི་འདུན་པ་བླངས་ཏེ། ལྷག་མ་རྣམས་དང་མི་མཐུན་པར་བྱས་ནས། གཅིག་གིས་གཅིག་བསྐོས་ཏེ་དགེ་སློང་མ་ལ་བསྟན་པར་མི་བྱ་བར། འདི་ལྟར་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་དགེ་སློང་ཆོས་ལྔ་དང་ལྡན་པ་བསྐོས་ཏེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། གནས་བརྟན་རྒྱལ་ཚབ་ལྟ་བུ་དང༌། གྲོང་ཁྱེར་བའི་སྐད་དང་ལྡན་པ་དང༌། དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་བ་དང༌། གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱས་པ་འམ། ཡང་ན་དགེ་སློང་མའི་སྟོན་པ་ཕྱི་མ་ནི་སྲིང་མོ་དག་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ། ཡོངས་སུ་དག་གམ། མཐུན་ནམ། ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ། ཁྱེད་ཅག་ལ་སྟོན་པའི་གང་ཟག་འགའ་ཞིག་དགེ་འདུན་ལས་འོང་ངོ༌། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང༌། རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པ་སྟེ། དེ་ལྟ་བུ་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱིས་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ནས། དྲུག་སྡེ་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་མ་བསྐོས་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན། ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྲེ། ཉོན་མོངས་པ་ནི་གཏོགས་འདོད། ཉེས་པ་ནི་མ་བསྐོས་པར་དགེ་སློང་མ་ལ་སྟོན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིས་སོ། །མ་བསྐོས་པར་
ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བོ། །ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ལམ་པའི་ཆོས་འདི་ལྟ་བུ་དང་ལྡན་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད་འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལ་མཚམས་ཀྱི་ནང་དུ་སྤྲོ་པར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་དང༌། བསྐོས་པ་ཆོས་ལྔ་དང། སྟོན་པ་ཕྱི་མའི་ཡོན་ཏན་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང༌། མ་བསྐོས་པ་ཡོན་ཏན་དེ་དག་དང་ལྡན་ཡང་རུང་བ། དགེ་སློང་མ་ལ་སྟོན་ན་མ་བསྐོས་པར་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མ་བསྐོས་པར་དགེ་སློང་མ་ལ་སྟོན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་འཚམས་ཀྱི་ནང་དུ་དགེ་འདུན་གྱིས་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་བསྐོས་པ་དང༌། བསྐོས་པ་ཆོས་ལྔ་དང༌། སྟོན་པ་ཕྱི་མའི་ཡོན་ཏན་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང༌། མ་བསྐོས་པ་ཡོན་ཏན་དེ་དག་དང་ལྡན་ཡང་རུང༌། མི་ལྡན་ཡང་རུང་བ་དང༌། དགེ་སློང་མ་རང་བཞིན་དུ་གནས་པ་གཅིག་ལ་སོགས་པ་དང༌། སྡེ་སྣོད་གསུམ་གྱི་ཆོས་གང་ཡང་རུང་བ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཅིག་པའོ།། །།ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ། དགའ་བྱེད་ཁྱོད་ཀྱིས་དགེ་
སློང་མ་ལ་ཐོམས་ཤིག །དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས། དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང༌། ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ། བུད་མེད་ནི་ཤེས་རབ་ཆུང་བ་ཡིན་ནོ་སྙམ་ནས་དེས་དེ་ལ་དོན་དང་ཚིག་དང་ཡི་གེ་མདོར་བསྡུས་པ་འདུས་པ་དག་གིས་ཆོས་བསྟན་ཏོ། །དེ་ཤེས་རབ་ཅན་ཡིན་པས་གོང་ནས་གོང་དུ་འདྲི་བར་བྱེད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ལན་བཏབ་ཅིང༌། དེས་དེ་ལ་ཅི་ཙམ་ན་ཉི་མ་ནུབ་པའི་དུས་ལ་བབ་པ་དེ་ཙམ་གྱི་བར་དུ་ཆོས་བསྟན་ནས། དེ་དག་གིས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་བ་དང༌། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་དག་བཅད་པར་གྱུར་ནས། དགེ་སློང་མ་རྣམས་ཀྱིས་སྒོ་བ་ལ་སྒོ་ཕྱེ་ཤིག་ཅེས་བོས་པ་དང༌། ལྡེ་མིག་རྒྱལ་པོའི་ཕོ་བྲང་དུ་ཁྱེར་ཟིན་ཏོ་ཞེས་ཟེར་རོ། །དེ་དག་གིས་བསམས་པ། འདི་ཉིད་དུ་འཁོད་དོ་སྙམ་ནས། མཉན་ཡོད་དང་ཧ་ཅང་མི་རིང་བ་ཀུན་དགའ་ར་བ་ཞིག་ཡོད་པ་དེར་དེ་དག་དོང་ངོ༌། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པས། དེ་དག་ཤིང་ལྗོན་པ་དག་རྒན་རིམས་ཀྱིས་བསྐོ་བ་ན། གཅིག་ལ་གཅིག་འབོད་པའི་སྒྲ་མཐོན་པོ་དང༌། སྒྲ་ཆེན་པོ་འབྱུང་བ་མཉན་ཡོད་འཇོམས་པར་འདོད་པའི་གཡོན་ཅན་ལྔ་བརྒྱ་ཙམ་དེ་ན་བསྐུར་པ་དག་གིས་ཐོས་ནས། དེ་དག་གིས་དགེ་སློང་མ་རྣམས་བཙུན་མོའི་འཁོར་ཡིན་སྙམ་ནས་གཞོམ་བར་བརྩམས་པ་དང༌། ཨུཏྤ་ལའི་མདོག་གིས་རྒྱལ་བུ་འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ་རྔ་བརྡུངས་པ་དང་དེ་དག་སྐྲག་སྟེ་བྱེར་རོ། །དགེ་སློང་མ་དག་ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་ཞུགས་པ་དང༌། བྲམ་ཟེ་དང། ཁྱིམ་བདག་དག་གིས་མཐོང་ནས། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱིས་ཆོས་འདྲེ་བ་དང༌། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་བཟང་ངོ་ཞེས་ཐོ་འཚམས་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཉི་མ་ནུབ་པའི་དུས་ཀྱི་བར་དུ། དགེ་སློང་མ་ལ་སྟོན་
པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་དགའ་བྱེད། ཉོན་མོངས་བ་ནི་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ། ཉེས་པ་ནི་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པའོ། །དེ་ལ་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིས་སོ། །བསྐོས་ཀྱང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །ཉི་མ་ནུབ་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི་ཉི་མ་ནུབ་པའི་དུས་ལ་བབ་པར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པས་དགེ་སློང་གི་གཙུག་ལག་ཁང་སྒོ་ཕྱེ་བའི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་པ་ལ་སོགས་པ་མ་ཡིན་པར་ཉི་མ་ནུབ་པ་ཉིད་ལ་ནུབ་པར་འདུ་ཤེས་བཞིན་དུ། དགེ་སློང་མ་ལ་སྟོན་ན། ཉི་མ་ནུབ་པའི་བར་དུ་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཉི་མ་ནུབ་པ་ཉིད་ལ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་ཡིན་པ་དང༌། དགེ་སློང་གི་གཙུག་ལག་ཁང་སྒོ་ཕྱེ་བའི་མདུན་ན། དགེ་སློང་མའི་དབྱར་ཁང་འདུག་པ་ལ་སོགས་པ་མ་ཡིན་པ་དང༌། ཉི་མ་ནུབ་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། དགེ་སློང་མ་ལ་སྟོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཉིས་པའོ།། །།ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག །དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགེ་སློང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཞེས་བཀའ་སྩལ་ནས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང༌། ཚེ་དང་ལྡན་པ་དགའ་བྱེད་གལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །ཚེ་དང་ལྡན་པ་དགའ་བྱེད་ཀྱིས། དེ་ལ་དོན་དང་ཚིག་དང་ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ཏོ། །བུད་མེད་ནི་ཤེས་རབ་འཆལ་པའི་ཕྱིར་བརྡ་མི་ཕྲད་ཅིང་འཇིགས་པའི་ཕྱིར་འདྲི་མི་ནུས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྦྱིན་པ་ནི་མི་འཇིགས་པའི་རྒྱུ་ཡིན་པས། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བཅའ་བ་ལྔ་པོ་རྩ་བ་དང༌། སྡོང་བུ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་དག་དང༌། བཟའ་བ་ལྔ་པོ་འབྲས་ཆན་དང༌། ཟན་དྲོན་དང༌། འདེ་གུ་དང༌། ཤ་དང༌། སྣུམ་ཁུར་དག་དང༌། ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། ཤུར་བུ་དང༌། ལྕག་བོད་དང༌། ཤུར་བུ་ཕྲེའུ་དང༌། རྒྱ་ཅང་དག་གིས་ཀུན་དགའ་བར་འགྱུར་བ་དག་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་མ་དག །ཁ་ཅིག་གིས་ནིའོ་ཐུག །ཁ་ཅིག་གིས་ནི་ཞོ་ཐུག །ཁ་ཅིག་གིས་ནི་ཧྭགས་ཀྱི་ལ་ཐུ་ཁྱེར་ཏེ། རྒྱལ་བྱེད་ཀྱི་ཚལ་དུ་ཚེ་དང་ལྡན་པ་དགའ་བྱེད་ལ་འབུལ་དུ་འོངས་པ་དེ། ཉེ་དགས་མཐོང་ནས་སྨྲས་པ། ཉེ་དགས་ཀྱང་གལ་ཏེ་འདི་ལྟ་བུ་དག་རྙེད་པར་འགྱུར་ན། རྟག་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །ཁོ་བོ་ཚེ་དང་ལྡན་པ་དགའ་བྱེད་ཆོས་བཟང་པོའི་ཆོས་ཀྱིས་དགེ་སློང་མ་ལ་སྟོན་སྙམ་གྱི། ཁོ་བོ་ཚེ་དང་ལྡན་པ་དགའ་བྱེད་ཟས་ཅུང་ཟད་ཙམ་གྱི་ཕྱིར། དགེ་སློང་མ་ལ་སྟོན་སྙམ་མི་སེམས་སོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་སྟོན་པར་བྱེད་ཅེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད།
ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་ཕྱར་ཀ་གཏོང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དེ་ལ་དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ།། འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའི་ཕྱིར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ཏོ་ཞེས་ཟེར་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པ་ལ་དགེ་སློང་འདི་ཟས་ཅུང་ཟད་ཀྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་དེ་ཉིད་དམ་གཞན་ལ་སྨྲ་ན། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་མ་ལ་སྟོན་པའི་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ལ་སྟོན་པའི་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པ་དང༌། དེ་ལ་དགེ་སློང་འདི་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་མ་ཡིན་པར་འདུ་ཤེས་པ་དང༌། དེ་ལ་དགེ་སློང་འདི་ཟས་ཅུང་ཟད་ཙམ་གྱི་ཕྱིར། དགེ་སློང་མ་ལ་སྟོན་ཏོ་ཞེས་ཕྱར་ཀ་གཏོང་བ་དང༌། དེ་ཉིད་དམ་གཞན་ལ་སྨྲས་པ་དང༌། ཕ་རོལ་པོས་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གསུམ་པའོ།། །།གོས་སྦྱིན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་
ཡོད་ན་ཚོང་དཔོན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་རྩེར་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པར་གྱུར་ཅིང་ནོར་ཟད་པ་དང་ལོངས་སྤྱོད་ཟད་པར་གྱུར་ནས། དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་ད་ནོར་སྒྲུབ་པར་མི་ནུས་གྱིས། ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་རབ་ཏུ་འབྱུང་ངོ༌། །དེས་ཆུང་མ་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་གསོལ་ཏེ། རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །རང་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་གི་དགེ་འདུན་ལ་གསོལ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །མཉན་ཡོད་ན་དེ་གྲགས་ཤིང་བསོད་ནམས་ཆེ་བས་ཐམས་ཅད་ཀྱིས་མཉན་ཡོད་པའི་ཚོང་དཔོན་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས། དེ་ལ་ཆོས་གོས་དང༌། བསོད་སྙོམས་དང༌། གནས་མལ་དང༌། ན་བའི་རྐྱེན་དང༌། སྨན་གྱི་ཡོ་བྱད་དག་དབུལ་བས་དེས་དེ་དག་གྲུབ་བོ། །དེ་དུས་གཞན་ཞིག་ན་སྣམ་སྦྱར་དམར་སེར་གྱོན་ཏེ། དགེ་སློང་མ་དེའི་དབྱར་ཁང་དུ་སོང་བ་དང༌། དགེ་སློང་མ་དེས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་དེའི་སྣམ་སྦྱར་དེ་ལ་ཡང་དང་ཡང་དུ་རྟོག་ནས། དགེ་སློང་དེས་སྨྲས་པ། སྲིང་མོ་སྣམ་སྦྱར་འདི་འདོད་དམ། དེས་སྨྲས་པ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །བདག་གིས་འདི་ལ་སྣམ་སྦྱར་འདི་སྦྱིན་པར་བྱ་ཞིང༌། བདག་གིས་སྣམ་སྦྱར་གཞན་བཙེམ་པར་བྱའོ་སྙམ་ནས་དེས་དེ་ལ་སྣམ་སྦྱར་བྱིན་ཏེ་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་པས། དགེ་སློང་དེ་སྣམ་སྦྱར་མེད་པར་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཇི་ལྟར་གྱུར་པ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་དག་སྦྱིན་ནམ། བཙུན་པ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་ནི་འདི་སྙམ་དུ་འདིའི་ཆོས་གོས་གསུམ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་
ཐོབ་བོ་ཅོག་ལེན་པར་བྱེད་ཀྱི། ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ་ཞེས་བཀའ་སྩལ་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་ན་ལྟུང་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་མཉན་ཡོད་པའི་ཚོང་དཔོན་ལས་རབ་ཏུ་བྱུང་བ། ཉོན་མོངས་པ་ནི་སྔོན་གྱི་ཆུང་མ་ལ་སྲེད་པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་པའོ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་སློང་མ་ཞེས་བྱ་བ་ཡང་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང༌། ཕྲུགས་ལས་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། སྦྱིན་ན་ཞེས་བྱ་བ་ནི་བསབ་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་མའི་དགེ་འདུན་ལ་གོས་དབུལ་བ་མ་གཏོགས་པར་དགེ་སློང་མ་ཉེ་དུ་མ་ཡིན་པ། བོར་རླག་བྱུང་བ་དང༌། ལེགས་པར་སྨྲས་པ་དང༌། བསྙེན་པར་རྫོགས་པར་བྱེད་པ་དང༌། བརྗེ་བར་འདོད་པ་མ་ཡིན་པ་ལ་དེང་འདུ་ཤེས་པས་གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་བྱིན་ན་གོས་སྦྱིན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་དགེ་སློང་མའི་དགེ་འདུན་ལ་གོས་དབུལ་བ་མ་ཡིན་པ་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། དེ་བོར་རླག་བྱུང་བ་འམ། ལེགས་པར་སྨྲ་བ་འམ། བསྙེན་པར་རྫོགས་པར་བྱེད་པའམ། བརྗེ་བར་འདོད་པ་མ་ཡིན་པ་དང༌། དེར་འདུ་ཤེས་པ་དང༌། གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་ཡན་ཆད་དང༌། བྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གོས་སྦྱིན་པའི་ལྟུང་བྱེད་དེ་ཉི་ཤུ་བཞི་པའོ།། །།གོས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་
ར་བ་ན་བཞུགས་སོ། །དགེ་སློང་མ་སྦེད་མའི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་ནས། དེས་རས་ཡུག་ཆེན་ཞིག་རྙེད་པ། ཚེ་དང་ལྡན་པ་འཆར་ཀ་ལ་སྣམ་སྦྱར་དུ་བཙེམ་དུ་བཅོལ་ནས་དྲུག་སྡེ་དག་ལོག་སྟེ་རས་ཡུག་ཆེན་དེ་བརྒྱངས་ནས་དྲས་ཤིང་དྲུབས་ཏེ། འཆར་ཀས་སྣམ་སྦྱར་དེ་དང་ཚོན་སྣ་ལྔའི་སྐུད་པ་ཁྱེར་ཏེ་འཆག་ཏུ་སོང་ནས། སྣམ་སྦྱར་དེ་ལ་ཚོན་སྣ་ལྔའི་སྐུད་པས། བདག་ཉིད་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་ཞིག་སྐུད་རིས་སུ་བཙེམས་ནས་བལྟབ་སྟེ་སྦེད་མ་ལ་སྦྱིན་ནས། རེ་ཞིག་ཇི་ཙམ་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་སྨྲས་སོ། །སྦེད་མས་སྣམ་སྦྱར་དེ་དེ་བཞིན་ཁོ་ནར་དབྱར་ཁང་དུ་འཕགས་པ་དང༌། དགེ་སློང་མ་གྲོགས་མོ་དག་གིས། འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས། འོན་ཅིག་ཅེས་བྱས་པ་ན་སྦེད་མས་མ་སྟེར་ནས། དེ་དག་གིས་སྣམ་སྦྱར་ཧུར་ཅེས་ཕྲོགས་ནས་ཕྱེ་སྟེ་བལྟས་པ་དང༌། དེ་ལ་ཚོན་སྣ་ལྔའི་སྐུད་པས་འཆར་ཀ་སྦེད་མའི་མ་གུལ་ནས་འཁྱུད་དེ་འདུག་པ་སྐུད་རིས་སུ་བཙེམས་པ་མཐོང་ནས། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ། སྨྲས་པ། སྦེད་མ་ཁྱོད་ལ་འཕག་པ་འཆར་ཀས་ཡུན་རིང་མོ་ཞིག་གིས་གཟོད་འཁྱུད་དོ། །དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཐོས་ནས། ནུ་མོ་དག་དྲུག་སྡེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གིས་འདྲུམས་པ་ལྟུང་བས། བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལ། ཁྱེད་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་པ་བདེན་ནམ་ཞེས་རྨས་ནས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མ་དང་མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་
ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་པའི་དག་ལས་གང་ཡང་རུང་བ་དག་གོ །བྱེད་ན་ཞེས་བྱ་བ་ནི་འཚེམ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པས་གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་དང་ལྡན་པ་བྱེད་ན། གོས་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་དེར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། དེར་འདུ་ཤེས་པ་དང༌། གོས་རུང་བ་འཁོར་གསུམ་ཁེབས་པའི་ཚད་ཡན་ཆད་དང་ལྡན་པ་དང༌། བྱེད་པ་དང༌། ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་པའོ།། །།དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ། འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ནས་ཡང་གློ་བར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང༌། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོངས་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་དང་མི་འདོང༌། གང་ནས་ཀྱང་མི་འོང་བས་རྙེད་པ་ཐོབ་པ་དང༌། སྐྱེ་བོ་མང་པོ་དགའ་བ་དང༌། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་ཀྱང་ལྗོངས་རྒྱུར་འདོང་ངོ་ཞེས་དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ། དགེ་སློང་མ་བཅུ་གཉིས་སྡེ་དག་ལམ་བརྒྱགས་སྦྱོར་དུ་བཅུག་ནས་དེ་དག་ཀྱང་ཁྲིད་ཅིང༌། དགེ་སློང་བསོད་སྙེམས་པ་ཞིག་ཀྱང་ཁྲིད་དེ་ལྗོངས་རྒྱུར་འཕགས་སོ། །དེ་དག་གང་གི་ཚེ་མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གུས་ཡུན་ཇི་སྲིད་དུག་ཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱས་
ཚུར་ཤེག །བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས་དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ །དེ་བཞིན་དུ་ཉེ་དགའ་དང༌། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ༌། །དོན་མཐུན་དེ་དང་བྲམ་ཟེ་ཞིག་ལྷན་ཅིག་འགྲོ་བ་དེས་དེ་དག་མཐོང་ནས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་ནི་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་པར་བྱའོ། །ཉེ་དགས་ཐོས་ནས་སྨྲས་བ། བཀྲེན་པ་ཁྱོད་ཀྱི་གཉའ་བ་རྡོག་པས་མནན་ནས་དེ་ལྟ་ཡིན་ནོ། །བསོད་སྙོམས་པ་དེས་བསམས་པ། བདག་ཤི་བ་ནི་བླའི། གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་ཕྱིར་ལོག་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དེས་སྐབས་དེ་དག་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས། འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ། དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྟེ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་
པའོ། །འཐམས་ནས་ཞེས་བྱ་བ་ནི་བརྡ་བྱས་ནས་སོ། །འགྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུའོ། །འཇུག་ན་ཞེས་བྱ་བ་ནི་འགྲོ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཞེས་བྱ་བ་ནི་དོན་མཐུན་མེད་པར་བགྲོད་མི་ནུས་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། ཆོམ་རྐུན་པ་དང་གཡོན་ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི། སེང་གེ་དང་སྟག་དང་གུང་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་ཞེས་བྱ་བ་ནི་ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱིས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་བཅས་པ་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། འཇིགས་པ་དང་བཅས་པའི་ལམ་ཉིད་དུ་སྔར་འཐམས་པར་དགེ་སློང་མ་དང་འགྲོན་ཐབས་གཅིག་ཏུ་ཞུགས་ཤིང་ཐ་མ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ཡང་ལམ་ལས་འདའ་ཞིང༌། འགྲོན་རྒྱང་གྲགས་རེ་རེར་དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ལམ་འཇིགས་པ་མེད་པ་དང༌། དགེ་སློང་མའི་འགྲོན་པ་དང་འཐམས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལམ་འཇིགས་པ་མེད་པ་ཉིད་དང༌། དགེ་སློང་མ་གཅིག་ཡན་ཆད་ཀྱི་འགྲོན་པ་དང༌། འཐམས་པ་དང༌། ལམ་དུ་ཞུགས་པ་དང༌། རྒྱང་གྲགས་གཅིག་གི་མཐའ་ལས་འདས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་དྲུག་པའོ།། །།དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི། རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོན་
ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད་དེ། འོང་ན་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང༌། སྐྱེ་བོ་མང་པོ་དག་དགའ་བ་དང་ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་པར་གར་ཡང་མི་འདོང༌། གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང༌། སྐྱེ་བོ་མང་པོ་དགའ་བ་དང༌། ཡིད་དུ་འོང་བར་ག་ལ་འགྱུར་གྱིས། ཡུ་བུ་ཅག་ཀྱང་གྲུར་ཞུགས་ཏེ་འདོང་ངོ་ཞེས་དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ། དགེ་སློང་མ་བཅུ་གཉིས་སྡེ་དག་ལམ་བརྒྱགས་སྦྱོར་དུ་བཅུག་ནས་དེ་དག་ཀྱང་ཁྲིད་ཅིང༌། བསོད་སྙོམས་པ་ཞིག་ཀྱང་ཁྲིད་དེ་གྲུར་འཇུག་ཏུ་འཕགས་སོ། །དེ་དག་གང་གི་ཚེ་མཚམས་ཀྱི་ཕྱི་རོལ་དུ་གྲུར་ཞུགས་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱ། ཚུར་ཤེག །བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས་དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ །དེ་བཞིན་དུ་ཉེ་དགའ་དང༌། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ༌། །དོན་མཐུན་དེ་དང་བྲམ་ཟེ་ཞིག་ལྷན་ཅིག་འགྲོ་བ་དེས། དེ་དག་མཐོང་ནས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་ནི་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགས་ཐོས་ནས་སྨྲས་པ། བཀྲེན་པ་ཁྱོད་ཀྱི་གཉའ་བ་རྡོག་པས་མནན་ནས་དེ་ལྟ་ཡིན་ནོ། །བསོད་སྙོམས་པ་དེས་པ་བསམས་པ། བདག་ཤི་བ་ནི་ཟླའི། གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེ་ཕྱིར་ལོག་སྟེ། རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུར་འཇུག་པར་བྱེད་ཅེས་སྨོད་པར་ཕྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་
འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང༌། གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན། ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་དགེ་སློང་མའི་དོན་མཐུན་དང་འཐམས་ནས་དྲུག་གཅིག་ཏུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་པའོ། །འཐམས་ནས་ཞེས་བྱ་བ་ནི་བརྡ་བྱས་ནས་སོ། །གྲུ་གཅིག་ཏུ་ཞེས་བྱ་བ་ནི། ཤོ་གོམ་གཅིག་པ་དང༌། ལ་གཅན་གཅིག་པ་དང༌། གྲུ་བཙས་གཅིག་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་ཞོན་ཅིང་ངོ༌། །གྱེན་དུ་འགྲོ་འམ་ཞེས་བྱ་བ་ནི་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བའོ། །ཐུར་དུ་འགྲོ་ན་ཞེས་བྱ་བ་ནི་རྒྱུན་ཕྱོགས་སུ་འགྲོ་ནའོ། །ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། ཐད་ཀར་ཕ་རོལ་ཏུ་འགྲོ་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་དགེ་སློང་མ་གཅིག་དང་ཡང་ཅིག་ཅར་གྲུ་གཅིག་གིས་ལམ་ལས་འདའ་ཞིང་འགྲོ་ན་ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་གཏོགས་ཏེ། རྒྱང་གྲགས་རེ་རེར་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འགྲམ་གཉིས་པ་མེད་པ་འཇིགས་པ་མེད་པ་དང༌། དགེ་སློང་མའི་འགྲོན་པ་དང་འཐམས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འགྲམ་གཉིས་འཇིགས་པ་མེད་པ་ཉིད་དང༌། དགེ་སློང་མ་གཅིག་ཡན་ཆད་ཀྱི་འགྲོན་པ་དང་འཐམས་པ་དང༌། གྲུར་ཞུགས་པ་དང༌། རྒྱང་གྲགས་གཅིག་གི་མཐའ་ལས་འདས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་བདུན་པའོ།། །།གཅིག་པུ་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་
གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བདེར་སོང་ངོ༌། ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་ཚེ་དང་ལྡན་པ་འཆར་ཀའི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། བཙུན་པ་འཆར་ཀ་ཚུར་སྤྱོན། བཙུན་པ་འཆར་ཀ་བྱོན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་པ་འདི་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆར་ཀ་ནང་དུ་བལྟས་ཏེ་འདུག་གོ །ཁྱིམ་བདག་གི་ཆུང་མ་སྦེད་མ་ཡང༌། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཁ་ཕྱིར་བལྟས་ཏེ་འདུག་གོ །འཆར་ཀས་དེ་ལ་ཇི་ཙམ་པ་དེ་ལ་ཙམ་གྱི་ཆོས་བསྟན་ནས། སྔོན་བགད་པ་དང༌། རྩེས་པ་དང༌། དགའ་བ་བྱས་པ་དང༌། དགའ་མགུར་སྤྱད་པ་དག་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་ཁྱོད་ཀྱིས་བདག་ཅག་གཉིས་སྐྱེད་མོས་ཆལ་དང༌། འདུན་ས་དང༌། ལྷའི་གནས་ག་གེ་མོ་ཞིག་ཏུ་བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང༌། བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང༌། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་བ་དང༌། གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང༌། འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང༌། དེར་བདག་ཅག་གཉིས་ཀྱིས་འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ། དྲན་ནོ། །བསོད་སྙོམས་པ་ཞིག་དེར་འོངས་པ་དང༌། སྦེད་མས་མཐོང་ནས་བསམས་པ། གལ་ཏེ་ལངས་ཏེ་བསོད་སྙོམས་ཕུལ་བར་གྱུར་ན། བཙུན་པ་འཆར་ཀའི་གཏམ་སྤངས་བར་འགྱུར་རོ་སྙམ་ནས། དེས་ལག་པས་སོང་ཤིག་ཅེས་བརྡ་བྱས་སོ། །འཆར་ཀས་སྨྲས་པ། སྦེད་མ་ཁྱེད་ཀྱི་སྙིང་ལམ་ན་ཁོ་བོས་ཁྱོད་ལ་འཕགས་པའི་བདེན་པ་བཞིའི་གཏམ་བྱས་སྙམ་མམ་ཅི། འདི་ལྟར་བོ་བོས་ལག་པས་བཅལ་བ་བརྒྱ་དག་གིས་ལོངས་སྤྱོད་དག་བསྒྲུབས་ན་ཁྱོད་ཀྱིས་སྦྱིན་པ་དག་སྦྱིན་ཞིང༌། བསོད་ནམས་དག་བྱེད་ཀྱང་མི་ནུས་སམ་ཞེས་འཆར་ཀས་སྦེད་མ་བསོད་སྙོམས་འབུལ་དུ་བཅུག་ནས། གཙུག་ལག་ཁང་དུ་སོང་བ་དང༌། བསོད་
སྙོམས་པ་དེས་དོན་གྱིས་འཆར་ཀ་ལ་དེང་དོན་གྱིས་ན་བདག་གིས་ཁྱོད་ཀྱི་བསོད་སྙོམས་ཟོས་སོ་ཞེས་སྨྲས་པ་དང༌། འཆར་ཀས་སྨྲས་པ། བསོད་སྙོམས་པ་ཤེས་ཏེ། དེས་དང་པོ་ཁྱོད་ཐོས་སྙམ་མམ་ཅི། དེས་ཁྱོད་སོང་ཤིག་ཅེས་ལག་བརྡ་བྱས་ནས། ཁོ་བོས་དེའི་འོག་ཏུ་དེ་ཕྱིར་འབོད་དུ་བཅུག་གོ །བསོད་སྙོམས་པས་སྨྲས་པ། དེའི་ཚེ་ན་བཙུན་པ་འཆར་ཀ་དེ་ཉིད་ན་འདུག་པར་གྱུར་ཏམ། འདུག་གོ །བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ཏུ་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོ་དེ་ལྟར་འདུག་གོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག །བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི། ལྔས་སྐྱབས་ཡོད་པ་ན་སྟེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་པ་ཞེས་བྱ་བ་ནི་འདོན་གང་གི་ནང་དུ་རྐུབ་ཚོས་འཇོག་པར་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི།
དགེ་སློང་མའི་འགྲོ་བ་པའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་དང༌། སྐྱེ་བོ་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་གི་ནང་དུ་གཉི་ག་རྐུབ་ཚོས་འཇོག་པར་བཞག་སྟེ་འདུག་ན། གཅིག་པུ་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། རྐུབ་ཚོས་བཞག་སྟེ་འདུག་པ་ལ་བུད་མེད་གཅིག་བུ་ཉིད་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་ཉིད་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་འགྲོ་བ་བའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་པུ་ཉིད་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་ཉིད་དང༌། གཉི་ག་རྐུབ་ཚོས་བཞག་སྟེ་འདུག་པའོ། །དེ་དག་ལ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཅིག་པུ་འདུག་པའི་ལྟུང་བྱེད་དེ་ཉི་ཤུ་བརྒྱད་པའོ།། །།གཅིག་པུ་འགྲེང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་སྦེད་མ་རབ་ཏུ་བྱུང་ནས་དེ་ཁང་སྐྱོང་བྱེད་པ་ན། དགེ་སློང་མ་རྣམས་སྔ་དྲོ་ཤམ་ཐབས་བགོས་ནས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བསོད་སྙོམས་ལ་དོང་བ་ན། སྦེད་མ་གཙུག་ལག་ཁང་ན་ཕྱག་དར་བྱེད་ཅིང་འདུག་གོ །ཚེ་དང་ལྡན་པ་འཆར་ཀ་ཡང་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན། དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ༌། །སྦེད་མས། ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། འཕགས་པ་འཆར་ཀ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཞེས་དེས་ཕྱགས་མ་ཕྱོགས་གཅིག་ཏུ་བཞག་ནས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མདུན་དུ་འགྲེང་ངོ༌། །འཆར་ཀས་
དེ་ལ་ཇི་ཙམ་པ་དེ་ཙམ་གྱིས་ཆོས་བསྟན་ནས། སྔོན་བགད་པ་དང༌། རྩེས་པ་དང༌། དགའ་བར་བྱས་པ་དང༌། དགའ་དགུར་སྤྱད་པ་དག་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་ཁྱོད་ཀྱིས་བདག་ཅག་གཉིས་ཀྱིས་སྐྱེད་མོས་ཚལ་དང༌། འདུན་ས་དང༌། ལྷའི་གནས་ག་གེ་མེ་ཞིག་ཏུ། བཅའ་བ་འདི་དང། འདི་ལྟ་བུ་འཆོས་པ་དང༌། བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང༌། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་དང་གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང༌། འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང༌། དེར་བདག་ཅག་གཉིས་ཀྱིས་འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ་དྲན་ནོ། །དེ་ན་དགེ་སློང་མ་རྒན་མོ་ནད་མ་ཞིག་འདུག་ནས་དེས་བསམས་པ། འདི་གཉིས་ཅིའི་ཕྱིར་བག་མར་བླངས་པ་ཡན་ཆད་ཀྱང་གཅིག་ལ་གཅིག་རྗོད་པར་བྱེད་སྙམ་མོ། །དེ་ནས་འཆར་ཀ་སོང་བ་ན། སྦེད་མས་གཙུག་ལག་ཁང་ཕྱག་དར་བྱ་བར་བརྩམས་པ་དང། དགེ་སློང་མ་དེ་དག་ཀྱང་ལྷགས་ནས། དེ་དག་གིས་སྨྲས་པ། སྦེད་མ་ཁྱོད་ཀྱིས་ཅི་བྱས་ན། དབྱར་ཁང་འདི་དེ་ཁོ་ན་བཞིན་དུ་ཕྱག་དར་དང་བཅས་པར་འདུག །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་གང་ཚུན་ཆད་ནས་ཁྱེད་ཅག་བསོད་སྙོམས་ལ་དོང་བ། དེ་ཚུན་ཆད་ནས་ཁོ་མོ་མ་འདུག་གོ།། དགེ་སློང་མ་རྒན་མོ་ནད་མ་དེས་ཐོས་ནས། དགེ་སློང་མ་རྣམས་ལ་ཇི་ལྟར་གྱུར་པ་བརྗོད་པ་དང༌། དགེ་སློང་མ་དེ་དག་ཅིའི་ཕྱིར། དགེ་སློང་དག་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་འགྲེང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་མ་དང༌། ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང༌། དབེན་པ་སྐྱབས་ཡོད་པ་ན་འགྲེང་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་དང་ཞེས་བྱ་བ་ནི་ཆོས་འདི་པ་
དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི་གང་ན་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་ན་སྟེ་རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པ་ནའོ། །འགྲེང་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་འགྲེང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཅིག་པུ་འདུག་པའི་ལྟུང་བྱེད་དེ་སྔར་བསྟན་པ་དང༌། གཅིག་པུ་འགྲེང་པའི་ལྟུང་བྱེད་འདི་གཉིས་ཀྱི་མཚན་ཉིད་གཞན་ཐམས་ཅད་ནི་འདྲའོ། །བྱེ་བྲག་ཏུ་ན་སྔར་བུད་མེད་ཅེས་སྨོས་པའི་གནས་སུ། འདིར་དགེ་སློང་མ་ཞེས་བརྗོད་པར་བྱ་བ་དང༌། སྔར་འདུག་པ་ཞེས་སྨོས་པའི་གནས་སུ་འདིར་འགྲེང་བ་ཞེས་བརྗོད་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགེ་སློང་མ་ཁྱིམ་སོ་བཟུང་བའམ། མ་བཟུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་གི་བར་དུ་གཉིས་ཀ་འགྲེང་སྟེ་སྡོད་ན་གཅིག་པུ་འགྲེང་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འགྲེང་སྟེ་སྡོད་པ་ལ་དགེ་སློང་མ་གཅིག་པུ་ཉིད་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཁྱིམ་སོ་བཟུང་བའམ་མ་བཟུང་བ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གཅིག་པུ་ཉིད་དང༌། སྐྱེ་བའི་རྒྱུན་ལུགས་མེད་པ་གཉིས་ཀྱིས་ཕྱོགས་དབེན་པ་ཉིད་དང༌། སྐྱབས་དང་བཅས་པ་ཉིད་དང༌། བར་འདོམ་གང་ཉིད་དང། གཉི་ག་འགྲེང་སྟེ་སྡོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དེ་ཉི་ཤུ་དགུ་པའོ།། །།དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བཟེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་
སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཕོངས་པ་དང་བཅས་པའི་དུས་བྱུང་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས། དགེ་སློང་ནས་བརྟན་གནས་བརྟན་རྣམས་ཀྱི་བསོད་སྙོམས་སྦྱར་ཏོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང༌། ཆོས་གོས་ཐོགས་ཏེ། མཉན་ཡོད་ན་བསོད་སྙོམས་ལ་ཞུགས་ནས། དེ་དག་དགེ་སློང་མ་བཅུ་གཉིས་སྡེ་དག་གི་གན་དུ་དོང་བ་དང༌། དེ་དག་གིས་སྨྲས་པ། འཕགས་པ་དག་བཞུགས་ལ་ཞལ་ཚུས་གསོལ་ཅིག །སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ཏོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་དེ་ཙམ་གྱིས་ཁོ་བོ་ཆག་འཚོ་བར་མི་ནུས་ཀྱི། དེ་ལྟར་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གང་དག་གིས་དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་དེ་དག་གལ་ཏེ་ཁྱོད་ཀྱིས་ཁོ་བོ་ཅག་གི་ཕྱིར་སྦྱོར་དུ་བཅུག་པ་དེ་ལྟ་ན་ཁོ་བོ་ཅག་འཚོ་བར་ནུས་སོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང༌། ཆོས་གོས་ཐོགས་ཏེ། མཉན་ཡོད་ན་བསོད་སྙོམས་ལ་ཞུགས་ནས། དེ་ཁྱིམ་གང་དུ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བའི་ཁྱིམ་དེ་དག་ཏུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་སུའི་བསོད་སྙོམས་སྦྱར། དེ་དག་གིས་སྨྲས་པ། འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་གིའོ། །སྦོམ་དགའ་མོས་སྨྲས་པ། ཁྱོད་ཀྱིས་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་གང་དག་ཡིན་པ་དེ་དག་གི་བསོད་སྙོམས་སྦྱར་ན། དེ་ལྟར་ན་ཁྱེད་ལ་བསོད་ནམས་ཆེ་བར་འགྱུར་རོ། །དེ་དག་གིས་སྨྲས་པ། དེ་དག་གང་ལགས། སྦོམ་དགའ་མོས་སྨྲས་པ། འཕགས་པ་དགའ་བོ་དང༌། ཉེ་དགའ་དང༌། འདུན་པ་དང༌། འཆར་ཀ་དང༌། འགྲོ་མགྱོགས་དང༌། ནབ་སོ་དག་གོ །དེ་དག་གིས་སྨྲས་པ། དེ་ལྟར་བགྱིའོ་ཞེས་དེ་དག་གིས། འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་གང་དག་ག་ཡིན་པ་དེ་དག་དྲུག་སྡེ་དག་གི་ཕྱིར་སྦྱོར་དུ་བཅུག་གོ །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུན་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་
ཡོད་དུ་བསོད་སྙོམས་ལ་དོང་བ་དང༌། དེ་དག་ལྷུང་བཟེད་ཁས་བཏགས་པའི་བསོད་སྙོམས་དག་གིས་འོངས་པ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཨེ་མའོ་དྲུག་སྡེ་དག་གིས་ལྷུང་བཟེད་ཁས་བཏགས་སོ། །དྲུག་སྡེ་དག་གིས་སྨྲས་པ། གང་དག་གིས་བདག་ཅག་གི་ཕྱིར་བསོད་སྙོམས་དག་སྦྱོར་དུ་བཅུག་པའི་སྲིང་མོ་དག་ནད་མེད་པར་གྱུར་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟར་རུང་ངམ། དྲུག་སྡེ་དག་གིས་སྨྲས་པ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ། ཅི་ཁོ་བོ་ཅག་ལྟོགས་ཏེ་འཆི་བར་བྱའམ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན། སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྟོ་འདུན་ཉེས་པ་ནི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་བདག་ཉིད་ཀྱིས་རིག་པའམ་གཞན་གྱིས་བརྗོད་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྦྱོར་དུ་བཅུག་པའི་ཞེས་བྱ་བ་ནི། སྦྱོར་དུ་བཅུག་པ་གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང༌། ཐོས་པས་སྦྱོར་དུ་བཅུག་པའོ། །ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་པའོ། །སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་སྔར་ཁྱིམ་དུ་མགྲོན་དུ་བོས་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། སྦྱིན་བདག་གིས་དགེ་སློང་མགྲོན་དུ་མ་བོས་པ་ལ། དགེ་སློང་མས་ཡོན་ཏན་ཡང་དག་པ་མ་ཡིན་པ་དག་གིས་ངག་གི་རྣམ་པར་རིག་བྱེད་ཀྱིས་ཟས་སྦྱོར་དུ་བཅུག་པ་དང༌། བོས་པ་ལ་ཡང་དགེ་སློང་མས་ཡོན་ཏན་ཡང་དག་པ་མ་ཡིན་
པ་དག་གིས་ངག་གི་རྣམ་པར་རིག་བྱེད་ཀྱིས་ཟས་ལྷག་པ་སྦྱོར་དུ་བཅུག་པ་དགེ་སློང་གིས་དེར་འདུ་ཤེས་པས་ཟོས་ན། དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ།། འདི་ལ་དགེ་སློང་མགྲོན་དུ་མ་བོས་པ་དང༌། བོས་པ་གཉི་ག་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མགྲོན་དུ་མ་བོས་པ་ལ་ནི་མགྲོན་དུ་མ་བོས་པ་ཉིད་དང༌། དགེ་སློང་མས་ཡང་དག་པ་མ་ཡིན་པའི་ཡོན་ཏན་དང༌། ངག་གི་རྣམ་པར་རིག་བྱེད་དང༌། ཟས་དང༌། དགེ་སློང་གིས་དེར་འདུ་ཤེས་པ་དང༌། ཟོས་པའོ། །མགྲོན་དུ་བོས་པ་ལ་ནི་མགྲོན་དུ་བོས་པ་ཉིད་དང༌། དགེ་སློང་མས་ཡང་དག་པ་མ་ཡིན་པའི་ཡོན་ཏན་དང༌། ངག་གི་རྣམ་པར་རིག་བྱེད་དང༌། ཟས་ལྷག་པ་སྦྱོར་དུ་བཅུག་པ་དང༌། དགེ་སློང་གིས་དེར་འདུ་ཤེས་པ་དང༌། ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དེ་སུམ་ཅུ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་གཅིག་པ། སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང༌། །འདུས་དང་དུས་མིན་གསོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་བྱ་བ་ནི། བཅུ་པ་བཞི་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་ དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་བཞི་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ཡང་ཡང་ཟ་བ་དང༌། འདུག་གནས་སུ་ཟ་བ་དང༌། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང༌། སྟན་གཅིག་པའི་ཟས་དང༌། སྤངས་པ་ལ་སྟོབས་པ་དང༌། འདུས་ཤིང་ཟ་བ་དང༌། དུས་མ་ཡིན་པར་ཟ་བ་དང༌། སོག་འཇོག་དང༌། བྱིན་ལེན་མ་བྱས་པར་ཟ་བ་དང༌། བསོད་པ་སློང་བའི་ལྟུང་བྱེད་དོ། །དེ་ལ་ཡང་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས། ཡངས་པ་ཅན་ག་ལ་བ་དེར་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས། ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩགས་པའི་ཁང་བཟངས་ན་བཞུགས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་དེ་ཐོས་ནས། བཅོམ་
ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་སོ། །ཕྱི་དེ་ཉིན་པར་གདུགས་ཚོད་ལ་བབ་པ་དང༌། སྤྱན་འདྲེན་གྱིས་སྤྱན་དྲངས་པའི་ཚེ་དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྦྱིན་བདག་གི་ཁྱིམ་དག་ཏུ་འདོང་ངོ་ཞེས་དེ་དག་གིས་བསོད་སྙོམས་པ་ཞིག་ཀྱང་ཁྲིད་ནས། ཆེས་སྔར་ཡངས་པ་ཅན་དུ་ཞུགས་ནས། ཁྱིམ་བདག་གི་ཁྱིམ་དག་ཏུ་དོང་བ་དང༌། དེ་དག་གིས་སྨྲས་པ། འཕགས་པ་དག་ཞལ་ཚུས་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་སོ། །དེ་དག་གིས་སྨྲས་པ། འཕགས་པ་དག་འོ་ན་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེ་ལྟར་བྱའོ་ཞེས་དེ་དག་གིས་ཨ་མྲའི་ཁུར་བ་དག་ཟོས་སོ། །བསོད་སྙོམས་པ་དེ་མི་ཟ་ནས། དེ་དག་གིས་སྨྲས་པ། འཕགས་པ་ཁྱོད་ཀྱང་ཨ་མྲའི་ཁུར་བ་དག་གསོལ་ཅིག །དེས་སྨྲས་པ་ཁོ་བོ་སྟན་གཅིག་པ་ཡིན་ནོ། །དེ་དག་གིས་སྨྲས་པ། འོ་ན་སྣོམས་ཏེ་བཞུད་ལ་དེ་ཉིད་དུ་གསོལ་ཅིག །དེས་ལྷུང་བཟེད་ཆུང་ངུ་བཀང་སྟེ་དེར་སོང་ངོ༌། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་དགེ་སློང་གི་དགེ་འདུན་བདེ་བར་འཁོད་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་
རང་གི་ལག་ནས་ཚིམ་པར་བྱེད་ཅིང༌། བསོད་སྙོམས་པ་དེའི་མདུན་དུ་འདུག་པ་དང༌། བསོད་སྙོམས་པ་དེས་བསམས་པ། ཁྱིམ་བདག་འདིས་བདག་ལ་འདི་ལྟར་ཨ་མྲའི་ཁུར་བ་དང་ཟོས་སོ་ཞེས་བྱ་བ་དེ་ལྟར་རིག་པར་གྱུར་གྱིས། ཇི་སྲིད་དུ་འདིས་བདག་ལ་ཀླན་ཀ་མ་རྙེད་པ་དེ་སྲིད་དུ་བདག་གིས་འདི་ལ་བརྗོད་པར་བྱའོ་སྙམ་ནས་སྨྲས་པ། ཁྱིམ་བདག་བདག་འབའ་ཞིག་གིས་ཨ་མྲའི་ཁུར་བ་དག་ཟོས་པར་མ་ཟད་ཀྱི། དྲུག་སྡེ་འདི་དག་གིས་ཀྱང་ཨ་མྲའི་ཁུར་བ་དག་ཟོས་སོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཅིའི་ཕྱིར་དེ་སྐད་ཟེར་ཞེས་སྤྱོས་ཏེ་སྨྲས་པ། འཕགས་པ་ཅི་ཁོ་བོ་ལ་ཨ་མྲའི་ཁུར་པ་དག་མེད་སྙམ་མམ། དེས་ཞོ་ཤས་འཚོ་བ་དག་ཨ་མྲའི་ཁུར་བ་དག་གི་སྤྲོག་མ་དག་བྱེད་དུ་བཅུག་གོ །དེ་ནས་དགེ་སློང་བཅོམ་ལྡན་འདས་ཀྱི་བསོད་སྙོམས་སྒྲུབ་པ་དེས། སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་ཡང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གོས་སྦྱིན་པའི་ཚེ་དུས་ཏེ། དེ་ལ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སྤོང་བྱེད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཟས་ལ་གདུ་བ། ཉེས་པ་ནི་ཡང་ཡང་ཟ་བའོ། །དེ་ལ་ཡང་ཡང་ཟ་ན་ཞེས་བྱ་བ་ནི་ཡང་ཡང་དུ་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེད་པར་བྱེད། འཚེད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་ཇི་སྲིད་དུ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ཟས་གཅིག་གིས་འཚོ་བར་མི་ནུས་ནའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་ཕྱག་དར་རེ་ལྡེ་ཙམ་བྱས་སམ། དཀྱིལ་འཁོར་བ་མལ་ཙམ་བྱས་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་ངམ། དེའི་ཕྱེད་དུ་སོང་
སྟེ་ཕྱིར་ལོག་ནའོ། །གོས་སྦྱིན་པའི་ཚེ་དུས་ཏེ་ཞེས་བྱ་བ་ནི་རས་ཡུག་ཕྲན་ནམ། ཡུག་ཆེན་ཐོབ་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ན་བ་མ་ཡིན་པ་དང༌། ལས་མ་བྱས་པ་དང༌། ལམ་དུ་མ་སོང་བས་ཉི་མ་གཅིག་སྦྱིན་བདག་ཐ་དད་པས་ཅིག་ཅར་ཡང་རུང༌། ཕྱིས་ཀྱང་རུང་སྟེ། གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའི་ཟས་བཟའ་བ་རྣམ་ལྔའི་མགྲོན་དུ་བོས་པ་གཉིས་པ་རྙེད་པ་ཟོས་ན། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། མགྲོན་དུ་བོས་པ་གཉིས་ཀ་ཡང་ཉི་མ་གཅིག་པ་དང༌། སྦྱིན་བདག་ཐ་དད་པ་དང༌། ཟས་ཟ་བ་ལྟ་བུའི་དུས་སུ་མ་གཏོགས་པའི་རྙེད་པ་ཉིད་ཡིན་པ་དང༌། དགེ་སློང་ན་བ་དང༌། ལས་བྱས་པ་དང༌། ལམ་དུ་སོང་བ་མ་ཡིན་པ་ཉིད་དང༌། མགྲོན་དུ་བོས་པ་ཕྱི་མ་ལ་གོས་སམ། གོས་ཀྱི་རིན་གྱི་རྙེད་པ་མེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ན་བའམ། ལས་བྱས་པའམ། ལམ་དུ་སོང་བ་མ་ཡིན་པ་ཉིད་དང༌། མགྲོན་དུ་བོས་པ་གཉིས་ཀ་ཡང་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པར་ཟས་བཟའ་བ་ལྔའི་ཁོངས་སུ་གཏོགས་པའི་ཟས་ཀྱི་རྙེད་པ་ཉིད་ཡིན་པ་དང༌། སྔ་མ་ཟོས་པ་དང༌། མགྲོན་དུ་བོས་པ་ཕྱི་མ་ལ་གོས་སམ། གོས་གྱི་རིན་གྱི་རྙེད་པ་མེད་པ་ཉིད་དང་དེ་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཡང་ཡང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་གཅིག་པའོ།། །། འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་ཤིག་ན་ཁྱིམ་བདག་གཅིག་འདུག་པ་དེས། ཕྱོགས་བཞིའི་དགེ་སྦྱོང་དང༌། བྲམ་ཟེ་རྣམས་ཀྱི་དོན་དུ་འདུག་གནས་བྱད་དུ་བཅུག་སྟེ། དེ་འདུག་གནས་དེ་ན་ཕྱོགས་བཞིའི་དགེ་སྦྱོང་དང༌། བྲམ་ཟེ་གང་འདུག་པ་དེ་ལ་བསོད་སྙོམས་ཀྱི་མཁོ་བ་སྟོབས་པར་བྱེད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་ཏེ། གཞན་མུ་སྟེགས་ཅན་དག་ཚར་གཅད་ཅིང༌། ལྷ་
དང་མི་རྣམས་ཀུན་དུ་དགའ་བར་མཛད་པ་དང༌། སྐྱེ་བོ་མཛངས་པ་དག་གི་སྙིང་རངས་པར་མཛད་པ་དེའི་ཚེ་ན་གཞན་མུ་སྟེགས་ཅན་དག་མཐའ་འཁོབ་དག་ན་རྟེན་ཅིང་གནས་སོ། །དུས་གཞན་ཞིག་ན་གཅེར་བུ་པ་དྲུག་ཅུ་རི་བྲགས་དེར་ལྷགས་ནས། ཁྱིམ་བདག་དེས་ད་དག་ལ་མཁོ་བ་སྟོབས་པར་བྱེད་པ། དེའི་ཚེ་ན་མཉན་ཡོད་ནས་ཚོང་པ་དད་པ་ཅན་ཞིག་ཟོང་ཐོགས་ཏེ་རི་བྲགས་དེར་འོངས་པ་དེ་ཡང་ཁྱིམ་བདག་དེས་དེར་བོས་པ་ན། ཚོང་པ་དེས་འདི་དག་བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་ཡིན་གོར་མ་ཆག་གིས་སོང་ལ་བལྟ་སྙམ་ནས་དེར་སོང་བ་དང༌། ཇི་ཙམ་ན་གཅེར་བུ་པ་ངོ་ཚ་དང་ཁྲེལ་བོར་བ་ཤ་སྟག་ཡིན་པར་མཐོང་ངོ༌། །ཁྱིམ་བདག་དེས་དེ་ལ་སྨྲས་པ་གྲོགས་པོ་ས་བོན་བཟང་ཞིང༌། ཞིང་བཟང་ངམ། དེས་སྨྲས་པ། གྲོགས་པོ་ས་བོན་ནི་བཟང་ན། ཞིང་ནི་གཅེར་བུ་པ། ངོ་ཚ་དང་ཁྲེལ་པོར་བ་སྡིག་པའི་ལྟ་བ་ཅན་དགོན་དུ་ང་ཚྭ་སྒོ་ཅན། ཐ་ཆད་སྡིག་པ་ཅན་གྱིས་གཞི་ཤ་སྟག་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། གྲོགས་པོ་ཞིང་བཟང་པོ་གཞན་འགའ་ཡོད་དམ། དེས་སྨྲས་པ་ཡོད་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་དག་གོ །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་དེ་དག་འདིར་བྱོན་ན། བདག་གིས་དེ་དག་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབས་པར་བགྱིའོ། །ཚོང་པ་དེས་ཟོང་བསྒྱུར་ཏེ། རིན་བླངས་ནས་མཉན་ཡོད་དུ་སོང་སྟེ། ཉེ་དགའ་ལ་སྦྲན་པ་དང༌། དྲུག་སྡེ་དག་རི་བྲགས་དེར་དོང་ནས་ཁྱིམ་བདག་དེས་དེ་ལ་མཁོ་བ་བསྟབས་སོ། །གཅེར་བུ་པ་དེ་དག་གིས་གཅིག་གཞི་སྲུངས་སུ་བཞག་ནས། གཞན་གཤེད་དུ་དོང་པའི་ཚེ། དྲུག་སྡེ་དག་གིས་གཞི་སྲུངས་དེ་བསྐྲད་ནས། དེ་ན་ཡུན་རིང་མོ་ཞིག་ཏུ་ཟ་ཞིང་འདུག་ནས། རེ་ཞིག་ན་ཁྱིམ་བདག་དེ་རི་བྲགས་གཞན་ཞིག་ཏུ་བྱ་བ་ཞིག་ལ་སོང་པའི་ཕྱིར་ན་དྲུག་སྡེ་དག་གིས། དེའི་ཆུང་མ་ཟས་འདྲི་མ་པ་ལ་ལུས་ཀྱི་སྐྱོན་བརྗོད་ཅིང༌། འཕྱས་བཏགས་ནས། ཁྱིམ་བདག་བཟའ་བྲན་མ་དད་པར་གྱུར་ཏེ། འཚོ་བ་དང་གནས་མལ་ཡང་ཁད་ཀྱིས་ཕྲི་བ་ན། གཅེར་བུ་བའི་གཞི་སྲུངས་བསྐྲད་པ་དེས་ཀྱང༌། རང་གི་དཔུང་དྲུག་ཅུ་པོ་དག་སྦྲན་ཏེ། དྲུག་སྡེ་དག་དང་གདོལ་ཐབས་ཀྱི་གཡུལ་སྤྲད་ནས་དྲུག་སྡེ་དག་གིས་རང་རང་གི་ཁ་མིག་དང་ཁྲིམས་ཀྱི་རྩ་བ་ཙམ་
བསྲུངས་ཏེ། གཅེར་བུ་པ་དྲུག་ཅུ་པོ་དག་རྒྱ་ལྕག་དག་དང༌། ཁུ་ཚུར་དག་དང༌། རྡོག་པ་དག་དང༌། ལྕུག་མ་དག་གིས་ཤིན་ཏུ་གཏལ་ཅིང་བྲིམས་ནས། དེ་དག་གིས་གཅེར་བུ་པ་རྡེག་བཞིན་དུ་འདུག་གནས་ཀྱི་ནང་ནས་ཕ་རོལ་ཏུ་འཛེགས་ཏེ་བྱུང་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དག་གིས། དེ་དག་ཐོས་ནས་སྨྲས་པ། ཤེས་ལྡན་དག །ལྟོས་ཤིག་ལྟོས་ཤིག །དགེ་སྦྱོང་གཡུལ་འགྱེད་པས་ཆར་འབབ་པར་རོ་ཞེས་ཟེར་རོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་སྤྱོད་ཡུལ་ཚིག་ཅིང་མེ་བདག་ཞི་བར་མ་གྱུར་གྱིས་ཚུར་ཤེག་མཉན་ཡོད་དུ་འདོང་ངོ་ཞེས་དེ་དག་མཉན་ཡོད་དུ་དོང་བ་ན། ལྷོ་ཕྱོགས་ནས་འཇིག་རྟེན་རྒྱང་པན་པའི་རྒོལ་བ་འཆར་ཀ་ཞེས་བྱ་བ་ཞིག་མཉན་ཡོད་དུ་འོངས་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་བཏུལ་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱས་ཤིང་དེ་ལ་བརྟེན་ནས་སྐྱེ་བོ་ཕལ་པའི་ཚོགས་འབུམ་ཕྲག་དུ་མ་དག་གིས་ཀྱང་འཕགས་པའི་འབྲས་བུ་ཐོབ་པར་གྱུར་པའི་ཚེ། དྲུག་སྡེ་དག་མཉན་ཡོད་དུ་ལྷགས་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ་ཁྱེད་ཅག་ག་ལས་འོངས། ཚེ་དང་ལྡན་པ་ཤཱ་རིའི་བུས། ལྷོ་ཕྱོགས་ནས་འཇིག་རྟེན་རྒྱང་པན་པའི་རྒོལ་བ་བྲམ་ཟེ་ཀུན་དུ་རྒྱུ་འཆར་ཀ་ཞེས་བྱ་བ་འགྱེད་འདོད་ཅིང་འགྱེད་པའི་ཡོ་བྱད་ཀྱི་ཕྱིར་འོངས་པ་ཚར་བཅད་དེ། གཡུལ་ལས་རྣམ་པར་རྒྱལ་ལོ། །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོགས་ཅན་གཉིས་པ། ཆོས་ཀྱི་དམག་དཔོན་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བས་རྒོལ་བ་གཅིག་ཚར་བཅད་པ་འདིའི་ངོ་མཚར་ཅི་ཆེ། གལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚར་བཅད་པ་མ་གྱུར་ན་ཡང༌། བཅོམ་ལྡན་འདས་ཀླད་ནས་བཞུགས་པས་དེ་ངོ་མཚར་མི་ཆེའི། ཁོ་བོ་ཅག་མི་དྲུག་གིས་གཅེར་བུ་པ་དྲུག་ཅུ་ཚར་བཅད་པ་ངོ་མཚར་ཆེའོ། །རིག་པའི་གནས་གང་ལ། དབྱུག་པའི་རིག་པས་ལུས་ལ་ཆོས་བཤད་པས་སོ། །ཅི་འཚོའམ་འོ་ན་ཏེ་འཆི། དེའི་ཚེ་ན་ནི་འཚོ་ན་ད་ཙམ་འཚོའམ། ཤི་གཏོལ་མེད་དོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་
ཕྱིར། དགེ་སློང་དག་ཡན་ལག་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མིན་བས་བསོད་སྙོམས་གཅིག་ཟ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཆེན་དང་འཐབ་ཀྲོལ་བྱེད་པ། ཉེས་པ་ནི་འདུག་གནས་གཅིག་ཏུ་ཞག་ལོན་པས་བསོད་སྙོམས་གཅིག་ལས་ལྷག་པར་ཟ་བའོ། །འདུག་གནས་གཅིག་ཏུ་ཞག་ལོན་པའི་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞག་ལོན་པའོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །མི་ན་བས་ཞེས་བྱ་བ་ནི་ན་བ་མ་གཏོགས་པས་སོ། །བསོད་སྙོམས་གཅིག་བཟའ་བར་བྱའོ་ཞེས་བྱ་བ་ནི་ཟ་ན་ལན་གཅིག་གོ །དེ་ལས་ལྷག་པར་ཟ་ན་ཞེས་བྱ་བ་ནི། དེ་ལས་ལན་མང་དུ་ཟ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་མི་ན་བས་ཆོས་འདི་པའི་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞག་གཅིག་ལོན་པ་ལ་སྦྱིན་བདག་གིས་མ་བསྟབས་པར་ཉི་མ་གཉིས་པའི་བསོད་སྙོམ་ཟོས་ན་འདུག་གནས་སུ་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་མི་ན་བ་སྦྱིན་བདག་གིས་མ་བསྟབས་པ་ལ། ཆོས་འདུ་པའི་མ་ཡིན་པ་མུ་སྟེགས་ཅན་གྱི་འདུག་གནས་བདག་པོ་ཁྱིམ་པ་དང་བཅས་པ་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མི་ན་བ་དང༌། སྦྱིན་བདག་གིས་མ་བསྟབས་པ་དང༌། འདུག་གནས་ཆོས་འདི་པའི་མ་ཡིན་པ་གཞན་མུ་སྟེགས་ཅན་གྱི་ཡིན་པ་དང༌། བདག་པོ་ཁྱིམ་པ་དང་བཅས་པ་དང། དགེ་སློང་དེར་ཟས་ཟོས་ནས་ཞག་གཅིག་ལོན་པ་ཉི་མ་གཉིས་པའི་བསོད་སྙོམས་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདུག་གནས་སུ་ཟ་བའི་ལྟུང་བྱེད་དུ་སུམ་ཅུ་གཉིས་པའོ།། །།ལྟུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་
ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མནོད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཡས་ཞར་མ་ཞིག་བྱུང་ནས། དེ་བསྲིངས་ཤིང་བསྐྱེད་དེ་ཆེར་མོར་གྱུར་ཏོ། །བུ་མོ་དེའི་ན་ཟླ་གཞན་ཐམས་ཅད་བག་མར་བཏང་ན། བུ་མོ་དེ་གཡས་ཞར་མ་ཡིན་པའི་ཕྱིར་སློང་བ་འགའ་ཡང་མ་འོངས་སོ། །མཉན་ཡོད་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་བླངས་ནས། དེའི་ཆུང་མ་དེ་རང་གི་ལ་དག་གིས་དུས་ལ་བབ་པོ། །དེས་ཆུང་མ་གཉིས་པ་དག །གསུམ་པ་བདུན་པའི་བར་དུ་བླངས་པ་དང༌། དེ་དག་ཀྱང་དེ་བཞིན་དུ་དུས་ལ་བབ་པོ། །ཁྱིམ་བདག་དེ་ཡག་སྐུར་པ་བཏབ་པར་གྱུར་པའི་ལས་དག་གིས་ཆུང་མ་གསོད་པ་ཞེས་བྱ་བའི་མིང་དུ་གྱུར་ཏེ། དེ་ཡང་གཞན་གྱི་བུ་མོ་དང༌། ཡུགས་ས་མོ་ཡན་ཆད་བོངས་ནས་སུས་ཀྱང་མ་སྟེར་ན། དེ་རང་ཉིད་སོ་ནམ་བྱེད་ཅིང་འདུག་གོ །དེའི་ཆུང་པོ་གྲོགས་པོ་ཞིག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་གཡས་ཞར་མ་སློངས་ཤིག་ཅེས་ཟེར་ནས། དེས་གཡས་ཞར་མའི་ཕ་མ་གཡས་ཞར་མ་བླངས་ཏེ། བག་མར་བང་བའི་དུས་བཏབ་པོ། །དེའི་ཆུང་པོ་གྲོགས་པོ་དེ་ཡང་འགྱོད་པ་སྐྱེས་ཏེ། བདག་གི་གྲོགས་པོ་ལ་གཡས་ཞར་མ་སློངས་ཤིག་ཅེས་བསྐུལ་བ་དེ་ནི་མ་ལགས་པ་ཞིག་བྱས་ཏེ། དེ་མཚན་ངན་པ་ཡིན་པས་དེས་གྲོགས་པོ་གསོད་པར་གྱུར་ན་མི་རུང་གིས། དེ་བོར་ལ་བདག་གི་སྲིང་མོ་ཡུགས་ས་མོ་ཞིག་ཡོད་པ་སྦྱིན་ནོ་སྙམ་ནས། དེས་དེ་ལ་དེ་སྐད་ཅེས་སྨྲས་པ་དང༌། ཁྱིམ་བདག་དེས་སྨྲས་པ། གྲོགས་པོ་ད་དེ་བཞིན་དོར་བའི་མི་ནུས་ཏེ། འོན་ཀྱང་འདི་ལ་ཐབས་ཀྱི་རྣམ་པ་ཞིག་བྱའོ། །གཡས་ཞར་མའི་མ་དེས་ཀྱང་བག་རྫོངས་སྟ་གོན་བྱ་བར་བརྩམས་སོ། །དྲུག་སྡེ་དག་གི་སྦྱིན་བདག་ཡིན་པས། དྲུག་སྡེ་དག་སྔ་དྲོག་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་དེར་ཞུགས་པ་དང༌། ཇི་ཙམ་ན་གཡས་
ཞར་མ་བརྫང་བ་དང༌། གཉེན་སྟོན་གྱི་ཁུར་བ་དག་སྲེག་པ་མཐོང་ནས། དེ་དག་གོས་སྨྲས་པ། སྲིང་མོ་དུས་སྟོན་ལ་བབ་དུ་ཉེའམ་ཅི། དེས་སྨྲས་པ། འཕགས་པ་དག་ཁྱོད་ཀྱི་ལྕམ་མོ་བག་མར་མཆི་བ་ལ་ཐུག་ན་དེའི་བག་རྫོངས་སྟ་གོན་བགྱིད་དོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་ཁོ་བོ་ཅག་གིས་ཁ་ཟས་དག་ཅུང་ཟད་མི་འཐོབ་བམ། འཕགས་པ་དག་ཁྱེད་ཅག་ལ་སུ་ཞིག་གིས་དབུལ་འཚལ། འདི་ཉིད་ཁྱོད་ཀྱི་ལགས་སོ་ཞེས་དེ་ལག་པ་བརྐྱང་སྟེ། དེ་དག་གིས་ལྷུང་བཟེད་ཐམས་ཅད་ཁུར་བདག་གིས་བཀང་ནས་དྲུག་སྡེ་དག་གིས་དེའི་ཁ་ཟས་ཐམས་ཅད་བསྡུས་ཏེ་སོང་ངོ་དེ་ནས་གཡས་ཞར་མའི་ཕས་ཆུང་མ་གོས་པ་ལ། བུ་བདག་ཅག་གིས་ཁ་ཟས་དག་སྟ་གོན་བྱ་པ་གྱུར་པ་གང་ཡིན་པ་དེ་སྦྱིན་གནས་དག་གིས་བཞེས་ཀྱིས། དེ་ཉེ་དུ་དག་གི་ཕྱིར་ཁ་ཟས་སྟ་གོན་བྱེད་ཀྱི་བར་དུ་སྡོད་ཅིག་སྨྲས་པ་དང༌། ཆུང་མ་གསོད་པ་སྨྲས་པ། ཁོ་བོ་མི་སྡོད་དེ་གལ་ཏེ་ཉི་མ་དེ་ཉིད་ལ་བག་མ་རྫོང་ཞུང་སྦྱིན་ན་ནི་བག་མར་བླང་ངོ༌། །གལ་ཏེ་མི་སྦྱིན་ན་ཁོ་བོ་ཆུང་མ་གཞན་ལེན་གྱིས། ཁྱོད་ཀྱི་བུ་མོ་དོར་བར་བྱའོ་ཞེས་ཟེར་ནས། གཡས་ཞར་མའི་ཕ་མས་དུས་སུ་མ་བརྫོངས་པའི་སྐབས་སུ་ཆུང་མ་གསོད་པས་གཡས་ཞར་མ་མི་བླང་བར་བྱས་པ་ན་གཡས་ཞར་མའི་ཕས། ཆུང་མ་གསོད་པ་བཟུང་སྟེ། རྒྱལ་པོའི་ཕོ་བྲང་དུ་འོ་དོད་བོས་ནས་ཤགས་ལ་བཀུག་པ་དང༌། ཆུང་མ་གསོད་པས་གཡས་ཞར་མའི་ཕ་ཕམ་བར་བྱས་སོ། །གཡས་ཞར་མའི་མ་དེ་བདག་གི་བུ་མོ་མ་ལོམ་མོ་ཞེས་ངུ་ཞིང་འདུག་པ་དང༌། དེའི་ངོས་ཀྱི་ཁྱིམ་ཚེས་དག །ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་བུ་མོ་བྱི་ཟིན་པའི་བར་ཆད་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ན་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལ་བྲམ་ཟེ་དང༌། ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དག་དང་ཁུར་བདག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་
པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཅའ་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྟོ་འདུན། ཉེས་པ་ནི་སྦྱིན་བདག་ཁྱིམ་པས་ཡོངས་སུ་མ་སྤངས་པ་ཅི་བདེར་མ་བྱས་པའི་ཁ་ཟས་བསྟབས་པ་ལ་ལྷུང་བཟེད་འབྲིང་ཚད་གསུམ་ལས་ལྷག་པར་ལེན་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེ་དག་གོ །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ །ཁྱིམ་རྣམས་སུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་དག་གི་ཁྱིམ་རྣམས་སུའོ། །དོང་བ་ལས་ཞེས་བྱ་བ་ནི་སོང་བ་ལས་སོ། །གལ་ཏེ་དེ་དག་ལས་ཞེས་བྱ་བ་ནི། དགེ་སློང་དེ་དག་ལའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཞེས་བྱ་བ་ལ། དད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང༌། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང་བ་དང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དག་གོ །ཕྱེ་དག་ཅེས་བྱ་བ་ནི། ཕྱེ་དང་འདེ་གུ་དག་གོ །ཁུར་བ་དག་ཅེས་བྱ་བ་ནི་བག་ཆོས་དག་གོ ། དུས་ཀྱིས་སྟོབས་པར་གྱུར་ལ་ཞེས་བྱ་བ་ནི། ཡང་དང་ཡང་དུ་སྟོབས་པར་གྱུར་ལའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེ་དག་གིས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དག་གིས་སོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ་ཞེས་བྱ་བ་ལ། ལྷུང་བཟེད་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་དུའོ། །དེ་ལ་ཆེན་པོ་ནི་གང་དུ་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གིས་མི་རེག་པའོ། །འབྲིང་ནི་བྲེའུ་ཆུང་ཕྱེད་དང་དོ་བཙོས་པ་དེ་ལྟ་བུའོ། །ཆུང་དུ་ནི་བྲེའུ་ཆུང་གང་བཙོས་པ་དེ་ལྟ་བུའོ། །མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་མ་ག་དྷཱ་པའི་སྲང་བཅུ་དྲུག་སྟེ། མ་ག་དྷཱའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །འབྲས་ཐུག་པོ་ཆེ་དྲུས་པ་སྐམ་མ་ག་དྷཱའི་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ནི་སུམ་ཅུ་རྩ་གཉིས་ཡོད་དོ། །
ཕུལ་ཚད་དུ་བརྩིས་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ལ་ནི་བོད་ཀྱི་བདུན་ཕུལ་ཕྱེད་དང་བཞི་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་དོ་ལ་ནི་བོད་ཀྱི་བདུན་ཕུལ་བཞི་དང་ཁྱོར་དོ་ཡོད་དོ། །འབྲས་དྲུས་པ་སྐོམ་ནི་ཆན་དུ་བཙོས་ན་སུམ་འགྱུར་དུ་བརྩིའོ། །དེ་ལྟར་ན་ལྷུང་བཟེད་ཆེན་པོ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་བོད་ཀྱི་བདུན་ཕུལ་བཞི་དང༌། ཁྱོར་དོ་བཙོས་པའི་ཆན་བྲེ་དོ་དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་འབྲིང་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་བོད་ཀྱི་ཕུལ་ཕྱེད་དང་བཞི། བཙོས་པའི་ཆན་བྲེ་ཕྱེད་དང་དོ། །དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་ཆུང་ངུ་ནི། འབྲས་ཐུག་པོ་ཆེ་དྲུས་པ་སྐམ་བོད་ཀྱི་བདུན་ཕུལ་དོ་དང༌། ཁྱོར་གང་བཙོས་པའི་ཆན་བྲེ་གང་དེའི་རྐྱེན་གྱི་ཚོད་མ་དང་བཅས་པ་བླུགས་ན་མཐེབ་སོར་གཅིག་གིས་མ་གང་བའོ། །ལྷུང་བཟེད་ཀྱི་ཁའི་ཆའི་མཐའི་ཞེས་བྱ་བ་ནི་ཁའི་ཟུར་གང་དུ་མཆུས་རྔུབ་པའོ། །མཐེ་པོའི་ལྟོ་གང་ཞེས་བྱ་བ་ནི་མཐེབ་སོར་གཅིག་སྟེ། མཐེ་བོའི་ཚིགས་དང་པོ་ཟུར་ཡ་གཅིག་ནས་ལྟོས་རོལ་དུ་བཀྲིས་ཏེ། ཟུར་ཡ་གཅིག་ལ་ཐུག་པའོ། །འདིར་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ་ཞེས་གནང་བ་ནི། གསུམ་མན་ཆད་ཅི་འདོད་པ་བླང་བར་བྱ་བའོ། །ལྟུང་བ་རྣམ་པར་གཞག་པ་ལ་ནི། ལྷུང་བཟེད་འབྲིང་པོའི་ཚད་དང་སྦྱར་ཏེ། ལྷུང་བཟེད་འབྲིང་པོའི་ཚད་ཀྱི་འབྲས་ཆན་བྲེ་ཕྱེད་དང་དོ་ལ་ནི། འབྲས་ཐུག་པོ་ཆེ་དྲུས་པ་སྐམ། མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་དོ་ཡོད། ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ཀྱི་འབྲས་ཆན་བྲེ་ཕྱེད་དང་ལྔ་ལ་ནི། འབྲས་ཐུག་པོ་ཆེ་དྲུས་པ་སྐམ། མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་ཡོད་དེ། དེ་མན་ཆད་ཅི་འདོད་པ་བླང་བར་བྱའི། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དུ་འགྱུར་ཏེ། འདིར་གཞུང་ནི་དགེ་སློང་གིས་ཇི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་འབྲས་སྐམ་པོའི་ཚད་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལ་ཆན་དུ་བཙོས་ན་སུམ་གྱུར་དུ་བརྩི་བས། འབྲས་དྲུས་པ་སྐམ་བྲེའུ་ཆུང་ཕྱེད་དང་ལྔ་ལ་འབྲས་ཆེན་བྲེའུ་ཆུང་ཕྱེད་དང་བཅུ་བཞི་ཡོད་དོ། །སུ་ལ་བརྩི་ན་འབྲས་
དྲུས་པ་སྐམ་བྲེའུ་ཆུང་ཕྱེད་དང་ལྔ་ལ་བོད་ཀྱི་བྲེ་ཕྱེད་དང་དོ་ཡོད་དོ། །དེའི་ཆན་ནི་སུམ་འགྱུར་ཏེ་བྲེ་ཕྱེད་དང་ལྔ་ཡོད་དོ། །དེ་ནི་ལྷུང་བཟེད་གཉིས་སམ་གསུམ་ལ་འབྲས་སྐམ་ནི་བྲེ་ཕྱེད་དང་དོ། །འབྲས་ཆན་ནི་བྲེ་ཕྱེད་དང་ལྔ་ཡོད་དེ། འབྲས་ཆན་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང༌། ཚོད་མ་དང་བཅས་པ་མན་ཆད་བླུགས་པར་བྱའི། དེ་ལས་ལྷག་ན་ལྟུང་བྱེད་དུ་འགྱུར་རོ། །ཕྱེ་དང་ཁུར་བ་ལ་སོགས་པ་བཟའ་བ་དང༌། བཅའ་བའི་བསོད་སྙོམས་གཞན་དག་ལ་ཡང་བདག་དགག་པའི་ཚད་ནི། འབྲས་ཆན་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང༌། ཚོད་མ་དང་བཅས་པ་འདིས་ཅི་རིགས་པར་བསྒྲེ་ཞིང་བརྩིའོ། །དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ཆེན་པོ་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཆུང་དུ་དང་ཚད་གཅིག་སྟེ། འབྲིང་དང་ཆུང་དུ་ཡང་དེ་བཞིན་དུ་ན་སྨད་དོ། །ཆུང་ཚད་ནི་འགྲངས་པ་ཙམ་ཤོང་བ་ཡིན་ནོ། །དེ་ལ་ལྷག་པར་ལེན་ན་ཞེས་བྱ་བ་ནི་ལྷུང་བཟེད་འབྲིང་གསུམ་གྱི་ཚད་འབྲས་ཆན་བྲེ་ཕྱེད་དང་ལྔ། དེའི་རྐྱེན་གྱི་བྱ་ན་དང༌། ཚོད་མ་དང་བཅས་པ་དེ་ལས་ལྷག་པར་ལེན་ནའོ། །ཕྱེ་དང་ཁུར་བ་ལ་སོགས་པ་བཟའ་བ་དང་བཅའ་བའི་བསོད་སྙོམས་གཞན་དག་ལས་ཡང་ཚད་འདི་ཅི་རིགས་པར་བསྒྲེ་ཞིང་བརྩིས་པ་ལས་ལྷག་པར་ལེན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས། ཕྱི་རོལ་ཀུན་དགའ་ར་བར་དོང་ལ། དགེ་སློང་བསོད་སྙོམས་པ་རྣམས་ལ་ཡང་བགོ་བཤའ་བྱ་བ་ནི། བླང་བར་བྱ་བ་འབྲས་ཐུག་པོ་ཆེ་དྲུས་པ་སྐམ། མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆ་ན། བོད་ཀྱི་བྲེ་ཕྱེད་དང་ལྔ། དེའི་རྐྱེན་གྱི་བྱ་ན་དང༌། ཚོད་མ་དང་བཅས་པ་ཙམ་སྟེ། གལ་ཏེ་བདག་ཉིད་གྲོགས་དང་བཅས་པས་བཟའ་བ་ལས་ལྷག་ཅིང་མང་བ་ཉིད་ཡིན་ན། ཁྱིམ་གྱི་ཕྱི་རོལ་དུ་གཙུག་ལག་ཁང་དུ་དོང་ལ། དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ལ་ཡང་སྦྱིན་པར་བྱའོ། །བདག་ཅག་ཀྱང་ཟ་བར་བྱ་སྟེ་ཞེས་བྱ་བྱ་བ་ནི་བླང་བར་བྱ་བ་ལ་གལ་ཏེ་མང་བ་ཉིད་ཡིན་ན། དགེ་སློང་དག་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཅའ་བར་བྱའོ། །གལ་ཏེ་མང་བ་ཉིད་མ་ཡིན་ན། དགེ་སློང་དག་ལ་བགོ་བཤའ་བྱ་བ་གདོན་མི་ཟ་བར་བྱ་བ་མ་ཡིན་ཏེ། བདག་ཅག་ཀྱང་བཟའ་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ལ་དེ་ནི་
ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་ངེས་པ་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གཅིག་གམ། གཉིས་སམ། རབ་ཏུ་མང་པོ་དག་ཀྱང་རུང༌། བདག་ཁྱིམ་རྣམས་སུ་དོང་བ་ལ། སྦྱིན་བདག་ཁྱིམ་པ་སྟོབས་པའི་བསོད་སྙོམས་ཡོངས་སུ་མ་སྤངས་པ། ཇི་བདེར་མ་བྱས་པ། ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད། འབྲས་ཐུག་པོ་ཆེ་དྲུས་པ་སྐམ། མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་ལ། བོད་ཀྱི་བྲེ་ཕྱེད་དང་དོ་ཡོད་པ། བཙོས་ན་ཆན་བྲེ་ཕྱེད་དང་ལྔ་དེའི་རྐྱེན་གྱི་བྱ་ན་དང༌། ཚོད་མ་དང་བཅས་པ་ཙམ་ལས་ལྷག་པར་མནོས་ཏེ་ཟོས་ན། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྦྱིན་བདག་ཁྱིམ་པ་སྟོབས་པའི་བསོད་སྙོམས་ཡོངས་སུ་མ་སྤངས་པ། ཇི་བདེར་མ་བྱས་པ། དགེ་སློང་གི་ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ལས་ལྷག་མ་མནོས་ཏེ་ཟ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པ་སྐྱེས་པའམ། བུད་མེད་གང་ཡང་རུང་བ་དང༌། བསྟབས་པའི་བསོད་སྙོམས་ཡོངས་སུ་མ་སྤངས་པ་ཇི་བདེར་མ་བྱས་པ་ཉིད་དང༌། ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ལས་ལྷག་པ་ཉིད་དོ།། ཁྱིམ་ནས་མནོས་ཏེ་ཁྱེར་བ་དང༌། ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དེ་སུམ་ཅུ་གསུམ་པའོ།། །།སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་སྟན་གཅིག་པའི་ཟས་ཟ་སྟེ། བསྟན་གཅིག་པའི་ཟས་ཟ་བ་ན་སྙིང་ལས་ཆུང་ངུར་ཚོར་ཞིང་གནོད་པ་ཉུང་བ་དང༌། ཉམ་ང་བ་ཆུང་བ་དང༌། བསྐྱོད་བ་ཡང་བ་དང༌། འཚོ་བ་དང་སྟོབས་དང་ལྡན་པ་དང༌། བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང༌། བདེ་བ་ལ་རེག་པར་གནས་པར་ཚོར་རོ། །དགེ་སློང་དག་ཁྱེད་ཀྱང་ཚུར་ཤེག་ལ་སྟན་གཅིག་པའི་ཟས་ཟོ་ཤིག་དང༌། ཁྱེད་ཀྱང་སྟན་གཅིག་པའི་ཟས་ཟ་བ་
ན། སྙིང་ལས་ཆུང་ངུར་ཚོར་ཞིང་གནོད་པ་ཉུང་བ་དང༌། ཉམ་ང་བ་ཆུང་བ་དང༌། བསྐྱོད་པ་ཡང་བ་དང༌། འཚོ་བ་དང་སྟོབས་དང་ལྡན་པ་དང༌། བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང༌། བདེ་བ་ལ་རེག་པར་གནས་པར་ཚོར་བར་འགྱུར་རོ། །ཟས་མ་སྤངས་པས་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་ཞིང༌། ཟས་བརྩམས་པས་སློབ་དཔོན་དང༌། མཁན་པོ་དང༌། བླ་མ་དང༌། བླ་མ་ལྟ་བུ་མཐོང་ན་ཡང་དང་བར་མི་བྱའོ། །བཅའ་བ་ལྔ་པོ་རྩ་བ་དང༌། སྡོང་བུ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་དག་གིས་ནི་སྤངས་པར་མི་འགྱུར་ལ། བཟའ་བ་ལྔ་པོ་འབྲས་ཆན་དང་ཟན་དྲོན་དང༌། ཤ་དང༌། སྣུམ་ཁུར་དང༌། འདེ་གུ་དག་གིས་ནི་སྤངས་པར་འགྱུར་རོ། །རྒྱུ་ལྔ་པོ་ཟས་ཡོད་པ་དང༌། ཟས་སྟོབས་པ་ཡོད་པ་དང༌། ཟས་བརྩམས་པ་ཡོད་པ་དང༌། ཟས་སྤངས་པ་ཡོད་པ་དང༌། སྤྱོད་ལམ་ལས་ཉམས་པ་དག་གིས་ནི་སྤངས་པ་བརྗོད་པར་བྱ་ལ། རྒྱུ་ལྔ་པོ་ཟས་མེད་པ་དང༌། ཟས་སྟོབས་པ་མེད་པ་དང༌། ཟས་བརྩམས་པ་མེད་པ། ཟས་སྤངས་པ་མེད་པ་དང༌། སྤྱོད་ལམ་ལས་མ་ཉམས་པ་དག་གིས་ནི། མ་སྤངས་པ་བརྗོད་པར་བྱའོ། །གཞན་ཡང་ཚིག་ལྷག་མ་མེད་པ་ལྔ་པོ་ཐོང་ཤིག་ཅེས་བྱ་བ་དང་གཞན་ལ་བྱིན་ཅིག་ཅེས་བྱ་བ་དང༌། སོང་ཤིག་ཅེས་བྱ་བ་དང༌། ཟོས་ཟིན་ཏོ་ཞེས་བྱ་བ་དང༌། ཆོག་གོ་ཞེས་བྱ་བ་དག་གིས་ནི་སྤངས་པར་བརྗོད་པར་བྱ་ལ། ཚིག་ལྷག་མ་དང་བཅས་པ་ལྔ་པོ་རེ་ཞིག་ཐོང་ཤིག་ཅེས་བྱ་བ་དང༌། རེ་ཞིག་གཞན་ལ་སྦྱིན་ཅིག་ཅེས་བྱ་བ་དང༌། རེ་ཞིག་སོང་ཤིག་ཅེས་བྱ་བ་དང༌། རེ་ཞིག་ཟོས་ཟིན་ཏོ་ཞེས་བྱ་བ་དང༌། རེ་ཞིག་ཆོག་གོ་ཞེས་བྱ་བ་དག་གིས་ནི་མ་སྤངས་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྤངས་པས་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་སྤངས་པས་ཀྱང་ཟ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྤངས་པས་ཟ་བར་མི་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་སྤངས་པས་ཀྱང་བཟའ་བར་བྱེད། མ་སྤངས་པས་ཀྱང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བ་བྱེད་པའི་སྐབས་དེ། དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་བོར་མ་བྱས་པར་བཅའ་བའམ། བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད་ན། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསླབ་པ་ལ་གཡེལ་བ་དང་བཀའ་ལ་མ་གུས་པ། ཉེས་པ་ནི་ཟས་སྤངས་པ་ཟ་བར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་ཟོས་ཟིན་ཅིང་སྤངས་པའམ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལས་སོ། །ལྷག་པོར་མ་བྱས་པར་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བར་རོ། །བཅོམ་ལྡན་འདས་ཀྱིས་ལྷག་པོར་བྱས་ཏེ་བཅའ་བར་རྗེས་སུ་གནང་ངོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ལྷག་བོར་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་གང་ཡང་རུང་བ་ཞིག་གིས་བཅའ་བའམ། བཟའ་བ་རྙེད་ཅིང་ཟ་བར་འདོད་ན། དགེ་སློང་དེར་ལག་པ་གཉིས་བསྙལ་ཏེ་བྱིན་ལེན་བྱས་ལ་དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ། སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པའམ། དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེའི་མདུན་དུ་ཙོག་པུར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིག་སྤངས་ཏེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིས་པའམ། བཅའ་བ་དང་བཅའ་བ་རྙེད་ཅིང་འཚལ་བར་འཚལ་ན། ལྷག་པོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། དེས་ཁམ་གཉིས་སམ་གསུམ་ཟོས་ནས་འདི་སྐད་ཅེས་ཁྱོད་ཀྱི་གྱུར་གྱིས་བཞུད་ཅིག་ཅེས་བརྗོད་པར་བྱའོ། །དེ་ལ་ཡང་དགེ་སློང་ཟས་ཟོས་ཟིན་ཅིང་མ་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བདག་ཉིད་ཀྱིས་ཁམ་གཉིས་སམ་གསུམ་ཟོས་ནས་ལྷག་བོར་བྱའོ། །དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་ལ་སྤྱོད་ལམ་ལས་མ་ཉམས་པ་གང་ཡིན་པ་དེས་ནི་བཟའ་བར་མི་བྱ་བར་ལག་པར་བྱིན་ནས་ལྷག་པོར་
བྱའོ། །རྒྱུ་ལྔས་ལྷག་པོར་མ་བྱས་པར་བརྗོད་པར་བྱའོ། །ལྔ་གང་ཞེ་ན་མཚམས་ཀྱི་ཕྱི་རོལ་དུ་དང༌། མི་འཐོབ་པའི་ཕྱོགས་སུ་དང༌། རྒྱབ་ནས་དང༌། གློ་ནས་དང༌། སྤྱོད་ལམ་ལས་ཉམས་པ་བྱེད་དུ་བཅུག་པའོ། །རྒྱུ་ལྔས་ནི་ལྷག་པོར་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། སྔ་མ་ལས་བཟློག་པ་དག་གོ །གཞན་ཡང་རྒྱུ་ལྔས་ལྷག་པོར་མ་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་དུ་དང༌། མི་འཐོབ་པའི་ཕྱོགས་སུ་དང༌། ལྷུང་བཟེད་ཀྱི་གཞིར་ལྡང༌། ཐུ་བར་དང༌། སྤྱོད་ལམ་ལས་ཉམས་པར་བྱེད་དུ་འཇུག་པའོ། །རྒྱུ་ལྔས་ནི་ལྷག་པོར་བྱས་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། སྔ་མ་ལས་བཟློག་པ་དག་གོ །གཅིག་གིས་ལྷག་པོར་བྱས་པ་མང་པོ་དག་གིས་བཅའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བཅའ་བའམ་བཅའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང༌། བཅའ་བ་ལྔ་པོ་དག་གོ །འཆའ་འམ་ཟན་ཞེས་བྱ་བ་ནི། མགུལ་དུ་མེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ཟས་སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་ཀྱིས་དུས་སུ་རུང་བའི་ཟས་གང་ཡང་རུང་བ་ཟོས་ན་སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཟས་སྤངས་པ་ཉིད་དང༌། ལྷག་པོར་མ་བྱས་པ་ཉིད་དག་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཟས་སྤངས་པ་ཉིད་དང༌། ལྷག་པོར་མ་བྱས་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། དུས་སུ་རུང་བའི་ཟས་དང༌། ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དེ་སུམ་ཅུ་བཞི་པའོ།། །།སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པ་དང༌། ནོར་ཟད་པ་དང༌།
ལོངས་སྤྱོད་ཟད་པར་གྱུར་ནས། ངེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་རྒས་པའི་གནས་སྐབས་སུ་ནོར་སྒྲུབ་མི་ནུས་ཀྱིས་རབ་ཏུ་འབྱུང་དུ་འགྲོའོ། །རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དགེ་སློང་ལ་རབ་ཏུ་འབྱུང་བར་གསོལ་བ་དང༌། དེས་དེ་མཁན་པོ་སྤོང་བ་པ་དགོན་པ་ན་བསམ་གཏན་བྱེད་པ་ཞིག་ཡོད་པའི་གནས་སུ་ཁྲིད་དེ། དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་དགེ་སློང་དེ་ལ་གཏད་དེ་བཏང་ངོ༌། །དགེ་སློང་དེས་རྒན་ཞུགས་དེ་ཀློག་པ་དང༌། སློབ་ཏུ་འཇུག་པ་ན་རྒན་ཞུགས་དེ་བརྗོད་ངས་པས། ཡང་དང་ཡང་དུ་ལྟུང་བ་འབྱིན་ནས། དེས་དེ་མདུན་དུ་ཅོག་པུར་འདུག་དུ་བཅུག་སྟེ། ལྟུང་བ་འཆགས་སུ་འཇུག་པར་བྱེད་དོ། །རྒན་ཞུགས་དེས་བསམས་པ། བདག་སློབ་དཔོན་འདིས་རྟག་ཏུ་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ། ལྟུང་བ་འཆགས་སུ་འཇུག་པས། བདག་གིས་ཀྱང་འདི་མདུན་དུ་ཙོག་པུར་འདུག་དུ་བཅུག་ལ། ལྟུང་བ་འཆགས་སུ་གཞུག་པའི་ཐབས་ཇི་ལྟར་ཡོད་སྙམ་མོ། །ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གཤེགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུགས་ཚོད་གསོལ་ནས། ཁྱིམ་བདག་དེ་ལ་ཆོས་བསྟན་པར་བརྩམས་སོ། །དེ་དགེ་སློང་དེས་རྒན་ཞུགས་དེ་ཁྲིད་དེ། སྦྱིན་བདག་གི་ཁྱིམ་དུ་སོང་ངོ༌། །སྦྱིན་བདག་གིས་དེ་གཉིས་ལ་ཟས་བསྟབས་ནས། དེ་གཉིས་ཀྱིས་ཁོ་བོ་ཅག་ཟས་བོས་ཟིན་ཏོ་ཞེས་སྤངས་པ་དང༌། སྦྱིན་བདག་གིས་སྨྲས་པ། སྣོམས་ཏེ་བཞུད་ལ་ལྷག་པོར་མཛོད་ཏེ་གསོལ་ཅིག །གཉིས་ཀྱིས་བྱིན་ལེན་བྱས་ཏེ་དོང་ནས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང༌། དགེ་སློང་ནི་ཆུ་འཚག །རྒན་ཞུགས་ནི་ལྷག་བོར་བྱེད་དུ་བཅུག་པ་ན་རྒན་ཞུགས་ཀྱིས་རང་གི་སྐལ་བ་ནི་ལྷག་བོར་བྱས་ལ། དགེ་སློང་དེའི་སྐལ་པ་དེ་ནི་ལྷག་པོར་མ་བྱས་པར་བྱས་སོ་ཞེས་དེ་ཟེར་བཅུག་ནས། དེའི་འོག་ཏུ་ཁྱོད་ཀྱིས་ལྷག་བོར་མ་བྱས་པའི་བཅའ་བ་དང་བཅའ་བ་ཟོས་ཀྱིས་ལྟུང་བ་དེ་ཤོགས་ཤིག་ཅེས་བྱས་པ་དང༌། དགེ་སློང་དེས་སྨྲས་པ། རྒན་ཞུགས་ཁོ་བོས་ལྟུང་བ་མི་འཆགས་
ཀྱིས། འདི་ལྟར་ཁྱོད་ཉིད་ལྟུང་བ་དང་བཅས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་ཞེས་དེས་དགེ་སློང་རྣམས་ལ་སྐབས་དེ་བརྗོད་པ་ན། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང༌། སྤངས་པ་ལ་སྐབས་ཚོལ་ཞིང་ཇི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཚོ་ཞིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པར་བྱེད། ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་འདི་འཆོ་ཤིག །འདི་ཟོ་ཤིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རྒན་ཞུགས། ཉོན་མོངས་པ་ནི་ཉེས་རྩོམ། ཉེས་པ་ནི་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་ལྷག་པོར་མ་བྱས་པའི་བཟའ་བ་དང་ལྟུང་བ་དུས་ཀྱིས་སྟོབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པའམ། གཞན་དག་གིས་བརྗོད་པས་སོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཟས་ཟོས་ཟིན་ཅིང་སྤངས་པ་ལ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱས་པ་ལའོ། །སྐབས་ཚོལ་ཞིང་ཞེས་བྱ་བ་ནི་ཀླན་ཀ་ཚོལ་ཞིང་ངོ༌། །ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་ཞེས་བྱ་བ་ནི་ཇི་ནས་ཀྱང་དགེ་སློང་འདི་ལུང་བ་དང་བཅས་པར་བྱས་པར་འགྱུར་རོ་སྙམ་པའོ་དེ་ཉིད་རྐྱེན་དུ་བྱས་ནས་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཚེ་དང་ལྡན་པ་འདི་འཆོ་ཞིག །འདི་ཟོ་ཤིག་ཅེས་བྱ་བ་ནི་བཅའ་བ་དང་བཟའ་བའོ། །ལྷག་པོར་མ་བྱས་པ་ཞེས་བྱ་བ་ནི་ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བའིའོ། །བཅའ་བ་དང་བཅའ་བ་ཞེས་བྱ་བ་
ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ །དུས་ཀྱིས་སྟོབས་ན་ཞེས་བྱ་བ་ནི་ཡང་ཡང་དུ་སྟོབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་ལྷག་པོར་མ་བྱས་པའི་ཟས་རུང་བ་དུས་ཀྱིས་སྟོབས་ན། སྤངས་པ་ལ་སྟོབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཟས་སྤངས་པ་ཉིད་དང༌། ལྷག་པོར་མ་བྱས་པ་ཉིད་དག་ལས་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ཟས་སྤངས་པ་ཉིད་དང༌། ལྷག་པོར་མ་བྱས་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། དུས་སུ་རུང་བའི་ཟས་དང་བསྟབས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དེ་སུམ་ཅུ་ལྔ་པའོ།། །།འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་དཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ལྷས་བྱིན་དགེ་སློང་རབ་ཏུ་མང་པོ་དག་དང༌། ལྷན་ཅིག་ཀུན་དགའ་ར་བའི་ནང་དུ་འདུས་ཤིང་ཟས་ཟ་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་མི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དུས་སོ། །འདུས་པ་ཆེན་པོ་དུས་སོ། །དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ལྷས་བྱིན་འཁོར་དང་བཅས་པ། ཉོན་མོངས་པ་ནི་མི་མཐུན་པའི་འདོད་པ། ཉེས་པ་ནི་འདུས་ཤིང་ཟ་བའོ། །དེ་ལ་འདུས་ཤིང་ཞེས་བྱ་བ་ནི་མི་མཐུན་པར་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་
ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ་དགེ་སློང་གྲུར་ཞུགས་པ་དཔག་ཚད་ཕྱེད་དུ་སོང་པའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །འདུས་པ་ཆེན་པོ་དུས་སོ་ཞེས་བྱ་བ་ནི་སྤགས་པའོ། །དགེ་སྦྱོང་གི་ཟས་དུས་ཏེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དག་འཁོད་པ་དེ་ཡང་དགེ་སྦྱོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི། བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་ནི་གནང་བ་དང་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པར་ནི་དགེ་སློང་ན་བ་མ་ཡིན་པ་དང༌། ལས་མ་བྱས་པ་དང༌། ལམ་དུ་མ་སོང་བ་དང༌། གྲུར་མ་ཞུགས་པ་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པ་དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་དུ་ཟ་བས་མཚམས་ཀྱི་ནང་དུ་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུག་སྟེ། དུས་སྟོན་ཆེན་པོ་མ་ཡིན་པ་དང༌། དགེ་སྦྱོང་གི་ཟས་མ་ཡིན་པ་གང་ཡང་རུང་བ་ཅུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟའམ། འདུས་ཤིང་ཟ་བ་གང་ཡང་རུང་བ་གཅིག་ལམ་བསྲུལ་བར་དེར་འདུ་ཤེས་པས་དུས་རུང་བའི་ཟས་ཟོས་ན་འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་གི་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ནས་གནས་པ་དག་གིས་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བཅུས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ན་བའམ། ལས་བྱས་པའམ། ལམ་དུ་མ་སོང་བའམ། གྲུར་ཞུགས་པ་མ་ཡིན་པ་ཉིད་དང༌། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པ་ཉིད་དང༌། དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་ཟ་བ་དང༌། མཚམས་ཀྱི་ནང་ཉིད་དང༌། དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་
ཤིག་ཏུ་འདུས་པ་དང༌། དུས་སྟོན་ཆེན་པོ་མ་ཡིན་པ་དང༌། དགེ་སྦྱོང་གི་ཟས་མ་ཡིན་པ་དང༌། ཟས་གང་ཡང་རུང་བ་ཅུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་འདུས་ཤིང་ཟ་བ་གང་ཡང་རུང་བ་གཅིག་ལ་མ་བསྲུལ་བ་དང༌། དེར་འདུས་པ་དང༌། དུས་སུ་རུང་བའི་ཟས་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། འདུས་ཤིང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དྲུག་པའོ།། །།དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་དེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་ན་བསོད་སྙོམས་ལ་ཞུགས་སོ། །བུད་མེད་ནི་སྲེད་པ་སྤྱད་པ་ཡིན་པས་བུད་མེད་ཀྱིས་དེ་དག་མཐོང་ནས་བྲང་བརྡུངས་ཏེ་སྨྲས་པ། འདི་དག་སྐྱེས་པ་ན་གང་དག་གིས་འདི་དག་སྐྱེས་མ་ཐག་གི་ལྕེ་ལན་ཚྭས་འགེངས་པར་མ་ནུས་པ་དང༌། བརླ་ཕྲག་ཏུ་ཁྲོན་པ་བཅུག་སྟེ་འབྲང་བར་མ་ནུས་པ་དེ་དག་གིས་ཅི་ཐོབ། བཅུ་བདུན་སྡེ་དག་ཉ་མང་བར་གྱུར་ནས་སྨྲས་པ། བདག་ཅག་གིས་ཟན་བཅད་པར་གྱུར་པ་ནི་བླའི། ཚིག་ངན་པ་རྣམ་པ་འདི་ལྟ་བུ་དག་ཐོས་པར་གྱུར་པ་ནི་མི་རུང་ངོ་ཞེས་དེ་དག་དེ་ཉིད་ནས་ཕྱིར་ལོག་སྟེ། ཟན་བཅད་པར་བྱས་ནས། དེ་དག་གིས་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་ལོ། །གྲོང་ཁྱེར་བ་སྐྱེད་མོས་ཚལ་བ་དགའ་བ་དག །བཟའ་བ་དང་ལྟུང་བ་ཁྱེར་ཏེ། མཉན་ཡོད་ཀྱི་ཕྱི་རོལ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས་འཆའ་བར་བྱེད། བཟའ་བར་བྱེད། འཐུང་བར་བྱེད་པ་ནས་བཅུ་བདུན་སྡེ་དག་གིས་དེ་དག་མཐོང་ནས་ལྟོ་བ་ལ་ཉུག་པར་བྱེད་པ་ན། དེ་དག་གིས་སྨྲས་པ། འཕགས་པ་དག་གསོལ་བཞེད་དམ། འདོད་དོ། །དེ་དག་གིས་བཅུ་བདུན་སྡེ་དག་ལ་བཅའ་བ་དང་ལྟུང་བ་བྱིན་པ་དང༌། དེ་དག་གིས་ལོངས་སྤྱད་ནས་ཟུང་བསྡེབས་ཏེ་འཆག་ཅིང་ཁ་ཏོན་བྱ་བར་
བརྩམས་པ་དང༌། ཉེ་དགས་དེ་དག་ཁ་ཏོན་བྱེད་པ་མཐོང་ནས་སྨྲས་པ། ཀྱེ་མའོ་བཅུ་བདུན་སྡེ་དག་གིས་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །བཙུན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་བདེན་ཆོས་མངོན་པར་བརྗོད་པར་བྱེད་དོ། །སྦྱིན་པ་པོ་དང༌། སྦྱིན་བདག་གིས་ལེན་པ་པོ་ལ་ཟས་སྦྱིན་པ་ན་གནས་ལྔ་སྦྱིན་པར་བྱེད་དེ། ཚེ་སྦྱིན་པ་དང༌། ཁ་དོག་སྦྱིན་པ་དང༌། སྟོབས་སྦྱིན་པ་དང༌། སྤོབས་པ་སྦྱིན་པ་དང༌། བརྩོན་འགྲུས་སྦྱིན་པ་ནི་བདེ་བར་འགྱུར་རོ་ཞེས་བཀའ་སྩལ་བ་ནི་ལེགས་པར་གསུངས་པ་ཡིན་ཏེ། ཟོས་ན་སྟོབས་དང་ལྡན་པར་འགྱུར་གྱི། མ་ཟོས་ན་མི་འགྱུར་རོ། །ཁྱོད་ཀྱིས་ཟོས་སམ། ཟོས་སོ། །ཁྱེད་དུས་མ་ཡིན་པར་ཟར་རུང་ངམ། གལ་ཏེ་དུས་སུ་མ་རྙེད་ན་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ་ཅི་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དུས་མ་ཡིན་པར་བཅའ་བ་དང༌། བཟའ་བ་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ། བཟའ་བ་འཆའ་འམ། ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་བཅུ་བདུན་སྡེ། ཉོན་མོངས་པ་ནི་སྦྱོར་མི་བཟོད་པ། ཉེས་པ་ནི་དུས་མ་ཡིན་པར་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་བཅུ་བདུན་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི། དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང༌། ཕྱེད་ཡོལ་བའོ། །བཅའ་བའམ་བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང༌། བཟའ་བ་ལྔ་པོ་དག་གོ །འཆའ་འམ་ཟན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་མི་ནབས་འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་བདག་ཉིད་གནས་པའི་རང་གི་ཉི་མ་ཕྱེད་ཡོལ་ཕན་ཆད་ནས་ཕྱི་དེ་ཉིན་པར་གྱི་སྐྱ་རེངས་དང་པོ་མ་ཤར་བར། ཤེས་བཞིན་དུ་བཅའ་བ་དང་བཟའ་བ་འཆོས་སམ། ཟོས་ན་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི།
དུས་མ་ཡིན་པ་དེ་ཉིད་ལ་འདུས་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །དེ་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མིན་པ་དང༌། དུས་མ་ཡིན་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། དུས་སུ་རུང་བའི་ཟས་དང༌། ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་བདུན་པའོ།། །།གསོག་འཇོག་གི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི། གྲོང་ངམ་གྲོང་རྡལ་གང་ན་ཉེ་བར་བསྟེན་ཅིང་གནས་པ་ན། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོང་ངམ་གྲོད་རྡལ་དེ་ཉིད་དུ་ལུས་ཤིན་དུ་བསྲུངས་པ་དང༌། དབང་པོ་རྣམས་ཀྱི་ཤིན་དུ་བསྡམས་པ་དང༌། དྲན་པ་ཤིན་དུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང༌། གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི། ལྷུང་བཟེད་ཀྱིས་ལེན་པར་བྱེད། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ནི། ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་པར་བྱེད་དེ། དེ་གྲོང་ངམ་གྲོང་རྡལ་དེར་བསོད་སྙོམས་བརྒྱུས་ནས་གཙུག་ལག་ཁང་དུ་སོང་སྟེ། འབྲས་ཆན་གཤེར་བ་ནི་ཟ་བར་བྱེད། འབྲས་ཆན་སྐམ་པོ་ནི་བསྐམས་ནས། རྫ་མ་སོ་བཏང་བ་བཀང་སྟེ་འཇོག་པར་བྱེད་ཅིང༌། དེ་རླུང་ངམ། ཡུལ་ངན་འབྱུང་བའམ། ཆར་པ་འབའ་བའམ། ལྷགས་པ་བྱུང་བར་གྱུར་བ་ན། འབྲས་ཆན་སྐམ་པོ་ཆུ་དྲོན་པོས་སྤངས་ཏེ་ཟོས་ནས་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང༌། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གཙུག་ལག་ཁང་རྒྱུ་ཞིང་གཤེགས་པ་ན། ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་གལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོའི་བཅུག་ལག་ཁང་ན་འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀུན་དགའ་བོ་དགེ་སློང་དག་གསོག་འཇོག་བྱས་བ་ཟའམ། བཙུན་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བཅའ་བ་དང་བཟའ་བ་གསོག་འཇོག་བྱས་པ་འཆའ་འམ་ཟན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ནག་པོ། །ཉོན་མོངས་པ་ནི་བཅག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ། ཉེས་པ་ནི་ཟས་གསོག་འཇོག་བྱས་པ་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ནག་པོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང༌། བཟའ་བ་ལྔ་པོ་དག་གོ །གསོག་འཇོག་བྱས་པ་ཞེས་བྱ་བ་ནི། གསོག་འཇོག་བྱས་པ་རྣམ་པ་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་གསོག་འཇོག་བྱས་པ་དང༌། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་ཡུལ་བར་གསོག་འཇོག་བྱས་པའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དུས་སུ་རུང་བའི་ཟས་བཅའ་བ་ལྔ་པོ་དང༌། བཟའ་བ་ལྔ་པོ་དག་ལས་གང་ཡང་རུང་བ་བྱིན་ལེན་བྱས་པ་མ་ཞིག་པ་བཅའ་བའི་ཕྱིར་འཆད་པ་ཕྱེད་ཡོལ་ལས་འདས་པ་གསོག་འཇོག་ཏུ་གྱུར་པ་ལ་དེར་འདུ་ཤེས་པས་ཟོས་ན་གསོག་འཇོག་གི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ན་དུས་སུ་རུང་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་པོ་དག་ཉིད་གསོག་འཇོག་ཏུ་གྱུར་པ་དེ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ་དུས་སུ་རུང་བའི་ཟས་བཅའ་བ་འམ་བཟའ་བར་གཏོགས་པ་དང་གསོག་འཇོག་ཏུ་གྱུར་པ་དང་དེར་འདུ་ཤེས་པ་དང་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གསོག་འཇོག་གི་ལྟུང་བྱེད་དེ་སུམ་ཅུ་བརྒྱད་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་གཉིས་པ། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་བ་ནག་པོ་ཆེན་པོ་ནི་ཐམས་ཅད་དུར་ཁྲོད་པ་དང་ལྡན་པ་
ཡིན་ཏེ་དེའི་ལྷུང་བཟེད་ཀྱང་དུར་ཁྲོད་པ་ཡིན། ཆོས་གོས་ཀྱང་དུར་ཁྲོད་པ་ཡིན། བསོད་སྙོམས་ཀྱང་དུར་ཁྲོད་པ་ཡིན། གནས་མལ་ཡང་དུར་ཁྲོད་པ་ཡིན་ཏེ་གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཚོ་བ་དང༌། པགས་པ་དང་ཤ་དང༌། ཁྲག་རྒྱས་པར་གྱུར་པ་དང༌། དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ་གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་ཚ་དང་ལྡན་པ་ནག་པོ་རིད་པ་དང༌། ཉམ་ཆུང་བ་དང༌། རྐེ་བ་དང༌། སྐམ་པ་དང༌། ལུས་མ་ཐོབ་པར་གྱུར་ཅིང༌། དེ་ཡང་དང་ཡང་དུ་བསོད་སྙོམས་ལ་འཇུག་པར་བྱེད་དོ། །སྒོ་བས་དེ་མཚན་མར་བཟུང་ནས་འཕགས་པ་ནག་པོ་ཆེན་པོ་འདི་མི་ཤ་ཟའམ་སྙམ་ཞིང་ཐམས་ཅད་དུ་ཡང་འཕགས་པ་ནག་པ་ཆེན་པོ་མི་ཤ་ཟའོ་ཞེས་སྒྲ་གྲགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེའི་བུ་མོ་ཞིག་བྱུང་ནས་བསྲིང་ཞིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དུས་གཞན་ཞིག་ན་བྲམ་ཟེ་དེ་དུས་ལ་བབ་ནས་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་ཤིང་དོང་ནས། དེའི་ཆུང་མ་དང་བུ་མོ་གཉིས་མཐའ་གཅིག་ཏུ་དོང་སྟེ་བསྡད་པ་དང་ཚེ་དང་ལྡན་པ་ནག་པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང༌། སྡོད་པ་མཐོང་ནས་བུ་མོས་སྨྲས་པ། ཡུམ་འཕགས་པ་ནག་པོ་ཆེན་པོ་འདི་བྱ་རོག་མོ་ཞར་མ་བཞིན་དུ་ངེས་པར་རྟོག་ཅིང་སྡོང་དོ་ཞེས། ངག་གི་ལས་རྩུབ་མོ་ཡང་སྨྲས་པར་གྱུར་ཏོ། །མཉན་ཡོད་ན་བྲམ་ཟེའི་ཁྱེའུ་དག་གིས། འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་ཐོས་ནས། དེ་དག་གིས་དེ་བགམ་པའི་ཕྱིར་གཅིག་ཤི་བའི་ཆ་ལུགས་སུ་བྱས་ནས། ཡུང་བ་དང་འབྲུ་མར་གྱིས་བསྐུས་ཏེ། ཁྱོགས་སྤྱིལ་དུ་བཞག་ནས་མཉན་ཡོད་ནས་ཕྱིར་འབྱུང་བར་བརྩམས་པ་དང༌། ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཡང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ། དེས་དེ་མཐོང་ནས་བསམས་པ། བདག་དགང་དཀའ་བ་འདིའི་དོན་དུ་གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ་ཅི་རུང༌། ཕྱིར་ལོག་ལ་ཟས་ལྔ་པོ་འདི་དག་ཉིད་བཟའ་བར་བྱའོ་སྙམ་ནས་དེ་
ཕྱིར་ལོག་གོ །དེ་དག་གིས་དེ་དུར་ཁྲོད་དུ་བོར་ཏེ། མཐའ་གཅིག་ཏུ་དོང་ནས་ཚང་ཚིང་དང་ལྷབ་ལྷུབ་དག་གི་ནང་དུ་མགོ་དཀྲིས་ཏེ་བསྡད་དོ། །དེར་ཝ་ཞིག་གིས་བགྲོད་པར་བརྩམས་པ་དང༌། ཚེ་དང་ལྡན་པ་ནག་པོ་ཆེན་པོས་བསམས་བ། ཝས་ཟས་ལྔ་པོ་དག་ཟོས་ཤིང་བདག་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས། དེས་མྱུར་བ་མྱུར་པར་འགྲོ་བར་བརྩམས་པ་དང༌། བྲམ་ཟེའི་ཁྱེའུ་དེ་སྐྲག་སྟེ། ཁོ་བོ་ཟོས་སོ་ཁོ་བོ་ཟོས་སོ་ཞེས་ངུ་བར་བརྩམས་སོ། །བྲམ་ཟེའི་ཁྱེའུ་དེ་དག་དབྱུག་པ་ཐོགས་ཏེ་མྱུར་བ་མྱུར་བར་དོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང༌། སྡིག་པའི་ལས་རྩུབ་པོ་འདི་དག་དང༌། འདི་ལྟ་བུ་དག་ལྷག་པར་སྤྱོད་དམ། དེས་སྨྲས་པ་ཇི་བྱས་མི་ཤ་ཟའོ། །བཞིན་བཟངས་དག་ཅི་ཁྱེད་ཀྱིས་ཁོ་བོ་མཚོན་ཐོགས་ཏེ། ཤ་གཅོད་ཅིང་ཟ་བ་མཐོང་ངམ། དེ་དག་གིས་སྨྲས་པ། འོ་ན་ཅིའི་སླད་དུ་མྱུར་བ་མྱུར་བར་བྱོན། །བཞིན་བཟངས་དག །ཁོ་བོ་ལ་བློ་སྐྱེས་པ། ཝ་འདིས་ཟས་ལྔ་པོ་འདི་དག་ཟོས་ཤིང་བདག་གི་ཟ་ན་ཆེད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་མྱུར་བ་མྱུར་བར་འོངས་སོ། །འཕགས་པ་ཟས་ལྔ་པོ་དག་གསོལ་ལམ། མི་ཤ་གསོལ་ནི་མ་འཚལ་གྱི་འདི་ལྟར་ཐམས་ཅད་དུ་འཕགས་པ་ནག་པོ་ཆེན་པོ་མི་ས་གསོལ་ཞེས་ནི་གྲགས་པར་གྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སླང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅིག་བྱུང་བ་དེ་ནི་དགེ་སློང་དག་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བར་གྱུར་པ་ཡིན་པས། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། ཟ་ན་དེ་ཉིད་དཔང་པོར་འགྱུར་རོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ། །བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ལུས་སུ་དང༌། ལུས་དང་འབྲེལ་བས་ལུས་སུ་དང༌། ལུས་ཀྱིས་ལུས་དང་འབྲེལ་བར་དང༌། ལུས་དང་འབྲེལ་པས་ལུས་དང་འབྲེལ་པ་དང༌། གཞག་པའི་ཆོ་ག་དག་ནི་ལྔ་པའོ། །རུང་བ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང༌། མཚོན་གྱིས་རུང་བ་དང༌། སེན་མོས་རུང་བ་དང༌། རྙིས་
བས་རུང་བ་དང༌། ནེ་ཚོས་རྨ་བྱུང་བས་རུང་བ་ཉིད་ནི་ལྔ་པའོ། །གཞན་ཡང་རུང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཕྱུང་བ་དང༌། གཤེགས་པ་དང༌། བཅད་པ་དང༌། ཕུག་པ་དང༌། ས་བོན་གྱི་ཆོས་ཉིད་མེད་པ་ཉིད་ནི་ལྔ་བའོ། །ལག་པ་ལ་བཀན་པར་བྱིན་ལེན་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མན་ཤེལ་དང༌། ཁྲི་དང༌། ཁྲིའུ་དང༌། ཐུ་བ་དང༌། ལྷུང་བཟེད་བཞི་ཉིད་ལྔ་པའོ། །མེས་རུང་བར་བྱ་བ་ནི་ཕུང་པོར་བྱས་ཏེ། མེས་གནས་པ་གཉིས་སམ། གསུམ་དུ་རེག་པར་བྱས་ནས་ཐམས་ཅད་རུང་བར་འགྱུར་རོ། །མཚོན་དང་སེན་མོས་ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་མི་སྙོམས་པར་འདྲིམ་ནས། དགེ་སློང་རྣམས་ཀྱིས་དེ་ཚུལ་དག་འདྲིམ་དུ་གཞུག་པར་བྱའོ། །དེ་དག་ཀྱང་མི་སྙོམ་ནས། དགེ་སློང་དག་གིས་ལག་པ་བསྙལ་ཏེ། བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །འོན་ཀྱང་མ་སྙོམས་ན་བྲིམ་པར་བྱ་བ་གཅེས་པ་དང༌། བར་མ་དང༌། ཐ་མ་དག་སོ་སོར་བྱའོ།། འདྲིམ་པར་བྱེད་པའི་སྐལ་བ་ནི། མཁན་པོ་དང་སློབ་དཔོན་ནམ། དྲུང་ན་འདུག་པ་དེ་དག་གིས་མནོད་པར་བྱའོ། །སྟན་ནས་མ་འཕགས་པས་ཇི་ཙམ་ཞུས་པ་དེ་ཙམ་དག་བྱིན་ལེན་བྱེད་དུ་གཞུག་གོ །འདྲིལ་བ་དག་སྟན་ལས་མ་འཕགས་པས་ལེན་ནུས་པ་དག་ནི་བྱིན་ལེན་བྱེད་དུ་གཞུག་མི་ དགོས་ལ། མི་ནུས་པ ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །ཁྱིམ་པ་དག་ཀྱང་འདྲིམ་དུ་གཞུག་པར་བྱ་ཞིང༌། དགེ་སློང་གིས་དང་པོར་གཟུང་ཞིང་ཁྱིམ་པས་ཕྱིས་གཟུང་བར་བྱ་བོའོ། །དགེ་སློང་དག་ལས་བླངས་པ་གང་ཡིན་པ་དེ་དག་གི་བྱིན་ལེན་ནི་དེ་ཉིད་ཡིན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་ཡིན་པ་དེ་དག་ནི། བྱིན་ལེན་བྱེད་དུ་གཞུག་གོ །དང་པོར་དགེ་སློང་དག་གིས་གཏང་བར་བྱ་ཞིང༌། ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ། ཕྱིས་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དགེ་འདུན་ལ་ཞུན་མར་གྱི་བསུམ་པ་ལ་སོགས་པ་དག་འབུལ་ན་བླང་པར་བྱ་ཞིང༌། བླངས་ནས་དགེ་འདུན་ལ་བྲིམ་པར་བྱའོ། །དེ་དག་གིས་ཆོས་གོས་དག་སྣུམ་པར་གྱུར་པ་ལྟན་བར་དུ་རྩྭ་འམ། ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་འགྱུར་བ་ལྟ་ན་གཞག་པར་བྱའོ། །གཞག་པ་ན་འདྲིལ་བ་ལྟ་ན་འོག་གཞི་ལ་གཞག་པར་བྱའོ། །སྣོད་ཕུལ་བ་དག་
ཀྱང་བླངས་ཤིང་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ་བརྒྱད་གཞུག་པར་བྱ་ཞིང༌། །གང་ཉ་འམ། རུས་སྦལ་ལམ། སྦལ་པའམ། ཆུ་སྲིན་བྱིས་པ་གསོད་པའམ། ཉ་ཁྱི་བ་དག་གིས་མ་ལུས་པར་ལྡགས་པར་གྱུར་པ། དེའི་ཚེ་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པས་དང༌། མི་འཐོབ་བའི་ཕྱོགས་ནས་དང༌། གློ་ནས་དང༌། རྒྱབ་ནས་དང༌། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པའོ། །རྣམ་པ་ལྔས་ནི། བྱིན་ལན་བྱེད་དུ་བཅུག་པར་བརྗོད་པར་བྱའོ། །ལྔ་གང་ཞེ་ན། སྔ་མ་ལས་བཟློག་པ་དག་གིས་སོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་བྱིན་ལེན་བྱེད་དུ་བཅུག་པ་དང༌། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་བྱིན་ལེན་བྱེད་དུ་བཅུག་པ་དང༌། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བཀའ་དང་བསླབ་པ་ལ་གཡེལ་བ། ཉེས་པ་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བའོ། །དེ་ལ་ཡང་དག་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ། བུད་མེད་དམ། མ་ནིང་གང་གིས་ཀྱང་མ་བྱིན་པའོ། །ཁ་ནས་མེད་པའི་ཟས་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང༌། བཟའ་བ་ལྔ་པོ་དག་གོ །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་གཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་བྱང་གི་སྒྲ་མི་
སྙན་པའི་དུས་དང༌། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་འདུ་ཤེས་པས་ཁར་ཟོས་ན་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བྱང་གི་སྒྲ་མི་སྙན་པའི་དུས་དང༌། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞི་ལྟུང་བར་འགྱུར་ཏེ། བྱང་གི་སྒྲ་མི་སྙན་པའི་དུས་མ་གཏོགས་པ་དང༌། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་དང༌། བྱིན་ལེན་གྱི་མཚན་ཉིད་མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་འདུག་པའམ། ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འབྲེལ་བར་འདུག་ནུས་པ། བསྙེན་པར་མ་རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ། དེ་དང་འབྲེལ་བས་བྱིན་ནང་མནོས་པའི་བྱིན་ལེན་མ་བསྟབས་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། ཁར་བཅུག་པ་དང༌། ཟོས་པའོ། །དེ་དག་ལས་ཡང་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དགུ་པའོ།། །།བསོད་པ་སློང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། སེར་སྐྱའི་གནས་སུ་བྱོན་ནས། སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་ཆེན་གྱིས་དེ་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་ཤཱ་ཀྱ་མིང་ཆེན་
གྱིས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར། གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ནས་གཤེགས་ཏེ་གདུགས་ཚོད་གསོལ་ནས། ཤཱཀྱ་མིང་ཆེན་ལ་ཆོས་བསྟན་ནས་གདན་ལས་བཞེངས་ཏེ་གཤེགས་སོ།། དེའི་ནང་པར་དྲུག་སྡེ་དག་སྔར་ལངས་ཏེ་སྦྱིན་བདག་གི་ཁྱིམ་དུ་སོང་བ་དང༌། དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་གདུགས་ཚོད་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས། ཤཱཀྱ་མིང་ཆེན་གྱིས་སོ། །འོ་ན་སང་གདུགས་ཚོད་གསོལ་ཅིག། དེ་ལྟར་བྱའོ་ཞེས་དྲུག་སྡེ་དག་གིས་སྦྱིན་བདག་དེ་དག་ཕྱི་དེ་ཉིན་པར་གྱི་ཟན་དྲུག་ཅུ་སྦྱོར་དུ་བཅུག་ནས། ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་དོང་བ་དང༌། ཅི་ཙམ་དེ་ན་ཁ་ཟས་སྟ་གོན་བྱས་པ་ཡང་མེད་གནས་མལ་བཤམས་པ་ཡང་མེད་པར་མཐོང་ནས། དྲུག་སྡེ་དག་གིས། ཤཱཀྱ་མིང་ཆེན་གྱི་ཞོ་ཤས་འཚོ་བ་དང༌། ལ་སྨྲས་པ། ཤེས་ལྡན་དག །ཁྱེད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས། སྙིང་ལས་ཆུང་དུར་འཁོད་ཅིང་གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གནས་མལ་ཡང་ཤོམ་པར་མི་བྱེད་ན། ཅི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དག་འདུན་གྱི་གདུགས་ཚོད་གཅོད་པར་བྱེད་དམ། དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་མནལ་བར་གྱུར་ཏམ་ཅི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་གཤེགས་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཅི་ཁོ་བོ་ཅག་གི་ཟན་གཅད་པར་བྱའམ། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས། ཤཱཀྱ་མིང་ཆེན་ལ་སྦྲན་གྱི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤི་གཅེས་དེ་དག་དོང་སྟེ། ཤཱཀྱ་མིང་ཆེན་ལ་སྨྲས་པ། འཕགས་པ་དྲུག་སྡེ་དག་ད་གཟོད་མཆིས་ཏེ་འཚལ་མ་སློང་ངོ༌། །ཤཱཀྱ་མིང་ཆེན་གྱིས་སྨྲས་པ། དེང་ལ་ལྷག་རོལ་ཅུང་ཟད་ཅིག་ཡོད་པ་དེ་བྱིན་ཅིག །དེ་དག་དོང་སྟེ་སྨྲས་པ། འཕགས་པ་དག་བཞུགས་ལ་གསོལ་ཅིག་ཅེས་དེ་དག་གིས་བྲིམ་པར་བརྩམས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཤཱཀྱ་མིང་ཆེན་གྱིས་ཁ་ཤིན་དུ་ཆེན་པོས། བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་བར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་
གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲང་ནས། གལ་ཏེ་ཟན་འདི་འདྲ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི། ཉེ་དགས་ཀྱང་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་འགྱུར་རོ། །འདི་ལྟར་བཀྲེན་བ་འདི་ལ་ཅི་བདོག་གིས་དེང་ལ་ཁྱིམ་བདག་ཆེ་གེ་མོའི་ཁྱིམ་ནས་འོ་མ་ལོང་ཤིག་ཆེ་གེ་མོའི་ཁྱིམ་ནས་ཞོ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་མར་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཉ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་སྐམ་དག་ལོང་ཤིག་ཅེས་དེ་དག་གིས་བདག་ཉིད་ཀྱི་ཕྱིར། ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་ཟོས་ནས་གཙུག་ལག་ཁང་དུ་དོང་བ་དང༌། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་ཟན་གར་ཟོས། དེ་ཉིད་དུའོ། །ཁྱེད་ཅག་དེ་ནམ་མཐོང་ངོ༌། །ཁོ་བོ་ཅག་ཕྱིས་ལྷགས་སོ། །ཁྱེད་ཅག་གིས་ཟན་ཇི་ལྟ་བུ་ཟོས། འོ་མ་དང་ཞོ་དང་མར་དང༌། ཉ་དང་ཤ་དང་ཤ་སྐམ་དག་ཟོས་སོ། །དགེ་སློང་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ཟས་དེ་ལྟ་བུ་མ་ཐོབ་བོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དེ་ལ་ཟས་དེ་ལྟ་བུ་ག་ལ་ཡོད། ཁོ་བོ་ཅག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་སོ། །ཁྱེད་ཅག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག །གཞན་གྱི་ཁྱིམ་དག་ནས་བླངས་ཏེ་ཟར་རུང་ངམ། རུང་ཡང་སྲིད། མི་རུང་ཡང་སྲིད་དེ། ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱའམ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བདག་ཉིད་ཀྱི་ཕྱིར། ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་བ་དང༌། ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང༌། ཉ་ཤ་དང༌། ཤ་དང༌། ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར། ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་
འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་རང་ཉམ་དང་ལྟོ་འདུན། ཉེས་པ་ནི་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་ཟ་བའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དགེ་སློང་རྣམས་ཀྱི་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིའོ། །ཟས་བསོད་པ་གང་དག་གསུངས་པ་ཞས་བྱ་བ་ནི་རབ་ཏུ་བསྟན་པའོ། འདི་ལྟ་སྟེ། འོ་མ་དང༌། ཞོ་དང༌། མར་དང༌། ཉ་ཤ་དང༌། ཤ་དང༌། ཤ་སྐམ་དག་སྟེ་ཞེས་བྱ་བ་ནི། ཟས་བསོད་པ་དག་གོ །དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པར་རོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བསྔོས་ཏེའོ། །ཟས་བསོད་པ་དེ་ལྟ་བུ་དག་ཅེས་བྱ་བ་ནི། འོ་མ་དང༌། ཞོ་དང༌། མར་དང༌། ཉ་ཤ་དང༌། ཤ་དང༌། ཤ་སྐམ་དག་གོ །གཞན་གྱི་ཁྱིམ་དག་ནས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ནས་སོ། །བསླངས་ཏེ་ཞེས་བྱ་བ་ནི་སློང་མོ་བྱས་པའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་མི་ན་བ་ཇི་བདེར་བསྟབས་པ་མ་བྱས་སམ་སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ལས་ཟས་བསོད་པའོ་མའམ། ཞོའམ། མར་རམ། ཉ་ཤའམ། ཤའམ། ཤ་སྐམ་ལྟ་བུ་རང་གིས་བསླངས་ཏེ་ཟོས་པ་དང༌། ངན་པའམ། བསོད་པའམ། ཐ་མལ་པའམ། བཟང་པོ་ཐོབ་པ་ན་ཟས་བསོད་པ་སྔ་མ་དག་ལྟ་བུ་རང་གིས་བསླངས་ཏེ་ཟོས་ན། བསོད་པ་སློང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་མི་ན་བ་ཇི་བདེར་བསྟབས་པ་མ་བྱས་པ་ཉིད་དང༌། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པའི་ཁྱིམ་པ་ཉིད་དང༌། ཟས་བསོད་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མི་ན་བ་ཉིད་དང༌། ཇི་བདེར་བསྟབས་པ་མ་བྱས་པ་ཉིད་དང༌། ཟས་བསོད་པ་ཉིད་དང༌། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་བདག་ཉིད་
དང། བསླངས་ཏེ་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསོད་པ་སློང་བའི་ལྟུང་བྱེད་དེ་བཞི་བཅུ་པའོ།། །།སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམས་དཀྲུགས་འགྲོ་བ་དང༌། །རྡེག་དང་གཟས་དང་གནས་ངན་ལེན། །ཞེས་བྱ་བ་ནི་བཅུ་པ་ལྔ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང༌། དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་ལྔ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང༌། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང༌། ཉལ་བོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང༌། གཅེར་བུ་ལ་སྦྱིན་པ་དང༌། དམག་ལ་ལྟ་བ་དང༌། དམག་གི་ནང་ན་གནས་པ་དང༌། དཔུང་གི་ཡན་ལག་ཉམས་སུ་མྱོང་བ་དང༌། རྡེག་པ་དང༌། གཟས་པ་དང༌། གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ། །དེ་ལ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ནས། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་མ་སྤྱོད་ཅིག །དེས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བསྒྲངས་ཏེ་གཏད་དམ་ཅི། ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང༌། ནུབ་དང༌། བྱང་གི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང༌། མཚོ་དང༌། ལྟེང་ཀ་དག་ཏུ་འཇུག་ན་ཅི་ཉེས་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཤེས་བཞིན་དུ་སྲོག་ཆགས་དང༌།
བཅས་པའི་ཆུ་ལ་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འདུན་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ནི། སྲོག་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། གང་དག་མིག་སྔར་སྣང་བར་གྱུར་པ་དང༌། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ། །ཆུ་ལ་སྤྱོད་ན་ཞེས་བྱ་བ་ནི། ཆུའི་སྤྱོད་པ་གཉིས་སུ་སྟེ། ནང་གི་དང་ཕྱི་རོལ་གྱིའོ། །ནང་གིར་སྤྱོད་པ་ནི་ཁྲུས་བྱེད་པ་དང༌། འཐུང་བ་དང༌། སོ་ཤིང་འདོར་བ་དང། ལག་པ་དང༌། རྐང་བ་དག་འཁྲུ་པའོ། །ཕྱི་རོལ་གྱི་སྤྱོད་པ་ནི། ལྷུང་བཟེད་བཀྲུ་བ་དང༌། ལྷུང་བཟེད་ཆུང་དུ་བཀྲུ་བ་དང༌། ཆོས་གོས་དག་བཀྲུ་བ་དང༌། ཚོན་གྱི་ལས་བྱེད་པ་དང༌། གཙུག་ལག་ཁང་དུ་ཆག་ཆག་འདེབས་པ་དང༌། ཞལ་ཞལ་སྐུད་པ་དང༌། ལྕི་བ་སར་བའི་བྱུག་པས་ཉུག་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །སྔར་སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དང༌། འདིར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དེ་གཉིས་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་ནི། སྔ་མ་ནི་རང་སྤྱོད་པ་མ་ཡིན། གཞན་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང༌། འཇུག་དུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ །འདི་ནི་རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང༌། འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་རང་སྤྱོད་པའི་དོན་དུ་ལུས་ཀྱི་ཉེ་བར་སྤྱོད་པའི་མཚན་ཉིད་དང༌། དེའི་ངོ་བོ་ཉིད་ཁྲུས་དང་བཏུང་བ་དང༌། སོ་ཤིང་དོར་བ་དང༌། ལག་པ་དང་རྐང་པ་བཀྲུ་བ་དང༌། ལུས་ཀྱི་ཡོ་བྱད་བཟའ་བར་བྱ་བ་དང༌། ལྟུང་བཟེད་དང༌། ཆོས་གོས་དང༌། གནས་དང༌། སོ་བཀྲུ་བ་དང༌། མེ་ལ་
སོགས་པ་དང༌། ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བས་དང༌། ལྕི་བ་དང༌། ཚོན་དང༌། རྩྭ་དང༌། ཤིང་ལ་སོགས་བ་དང༌། ཉེ་བར་སྦྱར་བ་དེ་དག་ལས་ཆུ་ལ་སོགས་པ་ དགོས་པ ་འདི་ལྟ་སྟེ། བྱི་དོར་བྱ་བ་དང༌། བཀྲུ་བ་དང༌། ཁ་བསྒྱུར་བ་དང༌། ཆག་ཆག་གདབ་པ་དང༌། ཕྱག་དར་བྱ་བ་དང༌། ཞལ་ཞལ་བྱ་བ་དང༌། འུ་ཤ་དང༌། ཐང་དང༌། ཐུག་པ་དག་ཏུ་བྱ་བའི་ཆུ་དང༌། ཞུན་མར་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་དང༌། འོ་མ་དང༌། མར་དང༌། ཚྭ་དང༌། འབྲུའི་ཚྭ་དང༌། ཞོ་ག་ཆུ་དང༌། རྩབ་མོ་དང༌། ཤིང་ཐོག་དང༌། བཅའ་བར་བྱ་བ་ལ་སོགས་པ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་བལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དང༌། ཆུའི་སྲོལ་དགག་པ་དང༌། བསལ་བ་དག་དང༌། ཤིང་དང་གཡེང་བ་དག་ཆུར་གཞུག་པ་དང༌། དྲང་བ་དང༌། བཤལ་བ་དག་དང༌། གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་དང༌། གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུའི་སྦྱོར་བ་ངག་ལ་ཡང་སྲོག་ཆགས་དང་བཅས་པ་ཉིད་དུ་འདུ་ཤེས་པས་རང་ཉིད་འཇུག་གམ། གཞན་འཇུག་ཏུ་འཇུད་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རང་སྤྱོད་པའི་དོན་དུ་ཆུ་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་སྤྱོད་པའི་དོན་གང་ཡང་རུང་བ་དང༌། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གང་ཡང་རུང་བ་དང་བཅས་པའི་ཆུ་ལ་སོགས་པ་དང༌། དེར་འདུ་ཤེས་པ་དང༌། རང་དང་གཞན་གྱིས་སྤྱད་པ་དང༌། སྲོག་ཆགས་ཇི་སྙེད་ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དེ་བཞི་བཅུ་གཅིག་པའོ།། །།ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་
བསམ་པའི་ནོར་བུའི་རིག་པ་ཤེས་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོང་སྙོམས་ལ་ཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོ་མ་ལོན་པ་ཞིག་འདུག་པ་དེས་ཟོང་བཀྲམ་པ་ན། བདག་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་འགྲོའོ་སྙམ་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྐྱེས་ནས། དེས་ཟོང་ཕྱིར་བསྡུ་བར་བརྩམས་པ་དང༌། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་ཤེས་ནས། བདག་སོང་ལ་འདི་རེ་བ་མེད་པར་བྱའོ་སྙམ་ནས། དེ་དང་པོར་དེའི་ཁྱིམ་དུ་སོང་སྟེ་སྟན་ལ་འདུག་ནས། བུ་མོ་དེ་ལ་ཆོས་སྟོན་པར་བརྩམས་སོ། །ཇི་ཙམ་ན་སྤོས་འཚོང་གི་ཁྱེའུ་དེ་འོངས་ནས། དེས་ཆུང་མ་ལ་སྨྲས་པ། འཕགས་པ་འཆར་ཀ་ལ་བསོད་སྙོམས་ཕུལ་ལ་བཞུད་དུ་གསོལ་ཅིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཞིན་བཟངས་ཁོ་བོས་བདག་ཉིད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་བྱས་ཏེ་འོངས་ནས་ཆོས་སྟོན་པར་བྱེད་ན། ཁྱོད་ཆོས་ཉན་མི་འདོད་དམ། འདུག་ལ་ཆོས་ཉོན་ཅིག་ཅེས་དེས་དེ་ནན་གྱིས་འདུག་དུ་བཅུག་སྟེ། དེས་ཅི་ཙམ་གྱིས་དེའི་ཀུན་ནས་དཀྲིས་པ་དང་བྲལ་བ་དེ་ཙམ་དུ་ཆོས་བསྟན་པ་དང༌། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཞེས་སྨད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ། ཉེས་པ་ནི་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་
པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི། བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ལ་སྐྱེས་པ་ནི་བུད་མེད་ལ་ཉལ་པོ་བྱེད་པ་ཡིན་ནོ། །ཁྱིམ་དུ་ཞེས་བྱ་བ་ནི། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །ཕྱིས་གནོན་བྱས་ཏེ་ཞེས་བྱ་བ་ནི་ཕྱིས་ཞུགས་ཏེའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་ན་ཞེས་བྱ་བ་ནི་འདོམ་དང་གི་ནང་དུ་རྐུབ་ཚོགས་བཞས་བཞག་ནའོ། ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པས། ཁྱིམ་པའི་སྐྱེས་པ་དང་བུད་མེད་གནས་གཞན་མཐོང་བས་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གཟའ་ཐ་དད་པ་མ་ཡིན་པ་ཉིད་དང༌། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་དང༌། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པར་ཤེས་བཞིན་དུ་མངོན་སུམ་དུ་བརྣག་པས་འདུག་ན་ཉལ་པོ་བྱེད་པ་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཁྱིམ་པའི་སྐྱེས་པ་དང༌། བུད་མེད་དགེ་སློང་རང་གི་གནས་ལས་གཞན་ཉིད་དང༌། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ན། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་ལ་འདུ་ཤེས་གཙེ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་འཇིགས་པའི་དབང་དང༌། གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ཉིད་དང༌། ཁྱིམ་པ་སྐྱེས་པ་དང་བུད་མེད་ཉིད་དང༌། གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གཟའ་ཐ་དད་པ་མ་ཡིན་པ་ཉིད་དང༌། མི་གཞན་མེད་པ་ཉིད་ཀྱིས་སྤྲོད་དུ་རུང་བ་ཉིད་དང༌། འཁྲིག་པའི་སྤྱོད་པ་ལ་ཞུགས་པའམ་ཕྱོགས་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། མངོན་སུམ་དུ་བ་རང་པས་འདུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཉལ་པ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དེ་བཞི་བཅུ་གཉིས་པའོ།། །།ཉལ་པོ་བྱེད་པར་
ཤོམ་པའི་ཁྱིམ་ན་འགྲེང་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྱོན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་བསམ་པའི་ནོར་བུའི་རིག་པ་ཤེས་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོ་མ་ལོན་བ་ཞིག་འདུག་པ་དེས། ཟོང་བཀྲམ་པ་ན། བདག་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་འགྲོའོ་སྙམ་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེས་ནས། དེས་ཟོང་ཕྱིར་བསྡུ་བར་བརྩམས་པ་དང༌། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་ཤེས་ནས། བདག་སོང་ལ་བལྟའོ་སྙམ་ནས། དེ་དང་པོར་དེའི་ཁྱིམ་དུ་སོང་སྟེ། སྒོ་གླེགས་ཀྱི་རྒྱབ་ན་མགོ་བསྲིང་ཞིང་འགྲེང་ངོ༌། །དེའི་འོག་ཏུ་སྤོས་འཚོང་གྱི་ཁྱེའུ་དེ་འོངས་ནས་དེས་ཆུང་མ་ཁྲིད་དེ་གནས་ཁང་དུ་ཞུགས་པ་དང༌། བུ་མོ་དེས། འཆར་ཀ་བདེན་པ་ན་འགྲེང་བ་མཐོང་ནས། དེས་ཁྱོད་ལ་སྨྲས་པ། རྗེའི་སྲས་འཕགས་པ་འཆར་ཀ་སྒོ་གླེགས་ཀྱི་རྒྱབ་ན་འགྲེང་ངོ༌། །སྤོས་འཚོང་གི་ཁྱེའུས་སྨྲས་པ། འཕགས་པ་འཆར་ཀ་གཙུག་ལག་ཁང་ན་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་ཞིང་འགྲེང་ངོ་ཞེས་དེས་ཆུང་མ་ལ་དགའ་མགུར་སྤྱད་ནས། དེ་གང་གི་ཚེ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་ན། དེས་འཆར་ཀ་མཐོང་བ་དང་དེ་ཤཱཀྱའི་བུའི་དགེ་སྤྱོང་རྣམས་ཀྱི་དགེ་སྤྱོང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཞེས་སྨོད་པར་བྱེད། ཕྱག་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ། དབེན་པ་སྐྱབས་ཡོད་པར་འགྲེང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་
ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཀུན་དུ་སྤྱོར་བ། ཉེས་པ་ནི་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་བའོ། །དེ་ལ་ཡང་དགེ་སློང་གན་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི། བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ལ། སྐྱེས་པ་ནི་བུད་མེད་ལ་ཉལ་པོ་བྱེད་པ་ཡིན་ནོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །དབེན་པ་ཞེས་བྱ་བ་ནི། གང་ན་བུད་མེད་དང༌། སྐྱེས་པ་དང༌། མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པར་ཞེས་བྱ་བ་ནི་ལྡས་བསྐྱབས་པར་ཏེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པར་རོ། །འགྲེང་ན་ཞེས་བྱ་བ་ནི་འདོད་མ་གང་གི་ནང་དུ་འགྲེང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྡར་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་འདུག་པའི་ལྟུང་བྱེད་བསྟན་པ་དང༌། འདིར་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་བསྟན་པ་དེ་གཉིད་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་ནི། སྔ་མ་ནི་མངོན་སུམ་དུ་བརྣག་པས་འདུག་པའི་ཡུལ་ལ་རྣམ་པར་གཞག་གོ །འདི་ནི་བདེན་པ་སྐྱབས་ཡོད་པར་བྲག་པས་འགྲེང་བའི་ཡུལ་ལ་རྣམ་པར་གཞག་གོ །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་འཇིགས་པའི་དབང་དང༌། གནས་གཞན་ལ་སེམས་གཏོད་པ་མ་ཡིན་པས་ཁྱིམ་པའི་སྐྱེས་པ་དང༌། བུད་མེད་གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གཟའ་ཐ་དད་པ་མ་ཡི་པ་ཉིད་དང༌། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པར་ཤེས་བཞིན་དུ་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་ཞིང་སྤྱོད་པར་བྱེད་པ་ཚོར་བྱ་གཉིས་དང༌། ལྟུང་བ་འབྱིན་པ་ཚོར་བྱེད་
གཉིས་ཀྱིས་ཚོར་བ་ན་ཉལ་བོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཁྱིམ་པའི་སྐྱེས་པ་དང༌། བུད་མེད་དགེ་སློང་རང་གི་གནས་ལས་གཞན་པ་ཉིད་དང༌། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ནི། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་བཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་འཇིགས་པའི་དབང་དང༌། གནས་གཞན་ལ་ཡང་སེམས་གཏོད་པ་མ་ཡིན་པ་ཉིད་དང༌། ཁྱིམ་པའི་སྐྱེས་པ་ཉིད་དང༌། བུད་མེད་ཉིད་དང༌། གནས་གཞན་དང༌། མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གཟའ་ཐ་དད་པ་ཉིད་དང༌། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་དང༌། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་ཕྱོགས་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་པ་ཉིད་དང༌། སྤྲོད་པར་བྱེད་པ་ཚོར་བྱ་གཉིས་དང༌། ལྟུང་བ་འབྱིན་པས་ཚོར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དེ་བཞི་བཅུ་གསུམ་པའོ།། །།གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ཏོ། །མཉན་ཡོད་ན་སྐྱོད་མོས་ཚལ་ཞིག་ན། ཡུགས་ས་མོ་ལྔ་བརྒྱ་ཙམ་དོག་པ་འཁལ་ཞིང་འཁོད་པ་དེ་དག་གིས། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་གཟུགས་ཅན་བརྒྱན་ཅིང་གསལ་བ་ལ་སོགས་པ་མཐོང་ངོ༌། །མཐོང་ནས་ཀྱང་འདི་ལྟ་སྟེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཀྱིས་དང་པོར་སངས་རྒྱས་མཐོང་བ་ན་སེམས་ཉམས་བདེ་བ་སྐྱེད་པར་བྱེད་པ་དེ་ལྟར་ནི་ལོ་བཅུ་གཉིས་སུ་ཞི་གནས་ཀྱིས་སེམས་གོམས་པར་བྱས་པ་དང༌། དབུལ་པོས་གཏེར་མཐོང་བ་དང༌། བུད་མེད་ཀྱིས་བུ་ཐོབ་པ་དང༌། རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་སྲིད་ལ་དབང་བསྐུར་བ་ཡང་སེམས་ཉམས་བདེ་བ་སྐྱེད་པར་མི་བྱེད་པས། དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་
མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང༌། བག་ལ་ཉལ་དང༌། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། ཇི་ནས་ཀྱང་དེ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མ་ཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་འགྱུར་བ་དེ་ལྟར་ཆོས་བསྟན་པ་མཛད་པས་དེ་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་དག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ། སང་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ནས་གནང་བ་དང༌། ཀཱར་ཥཱ་པ་ཎ་དག་ཁྱེར་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་གན་དུ་སོང་ནས་སྨྲས་པ། བཙུན་པ་ཀུན་དགའ་བོ་བདག་ཅག་ལ་སྣོད་སྤྱད་དང༌། མི་བླས་དང་གནས་མལ་གྱི་འབྱོར་པ་མ་མཆིས་ཀྱིས། ཁྱེད་ཀྱིས་ཀྱང་ཀཱརཥཱ་པ་ཎ་འདི་དག་གིས་ཞལ་ཟས་སྟ་གོན་བགྱིད་དུ་སྩོལ་ཅིག་དང༌། བདག་ཅག་མཆིས་ཏེ་བྲིམ་པར་བགྱིའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། ཁྱིམ་བདག་ཁྱོད་ཀྱིས་འདི་དག་དང་བདག་ཉིད་ཀྱི་ཀཱར་ཥཱ་པ་ཎ་གཞན་དག་བསྲེས་ཏེ། ཞལ་ཟས་བསོད་པ་སྟ་གོན་གྱིས་ལ་འདིར་སྐུར་ཅིག་ཅེས་སྨྲས་སོ། །དེ་ལྟར་བྱས་ནས་རྒྱལ་བྱེད་ཀྱི་ཚལ་དུ་བསྐུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས། རིགས་ཀྱི་བུ་མོ་དེ་དག་ལ་ཞལ་ཟས་སྟ་གོན་བྱས་ཀྱིས་ཚུར་ཤེག་ལ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམས་ཤིག་ཅེས་སྤྲིང་བ་དང༌། དེ་དག་ལྷགས་ཏེ་སྨྲས་པ། བཙུན་པ་ཀུན་དགའ་བོ་ཁྱོད་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ཀྱིས། ཚུར་སྤྱོན་ཁྱོད་ཀྱིས་ཀྱང་བྲིམ་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བྲིམ་པར་བརྩམས་པ་དང༌། དེར་གཅེར་བུ་མ་རྒན་གཞོན་གཉིས་ཤིག་འོངས་ཏེ། དེ་གཉིས་ཀྱིས་ཁྱིམ་བདག་མོ་དེ་དག་ལ་ཟན་བསླངས་པ་ན། དེ་དག་གིས་སྨྲས་པ། ཟས་འདི་ནི་རྒྱལ་བུ་འདིའི་ཡིན་ནོ། །གཅེར་བུ་མ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསླངས་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོས་མ་བསམས་པར་བྲིམས་པ་ན། རྒན་མོ་ལ་ནི་ཁུར་བ་གཅིག་བྱིན། གཞོན་ནུ་མ་ལ་ནི་ཁུར་བ་གཉིས་སྦྱིན་ནས། རྒན་
མོས་སྨྲས་པ། གཞོན་ནུ་མ་རྒྱལ་བུ་འདིས་ཁྱོད་དོན་དུ་གཉེར་གྱིས། སྟ་གོན་གྱིས་ཤིག་ཅེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག །གཅེར་བུ་པ་དང་གཅེར་བུ་མ་ཀུན་དུ་རྒྱུ་དང༌། ཀུན་དུ་རྒྱུ་མ་ལ་རང་གི་ལག་ནས་བཅའ་བ་དང༌། བཟའ་བ་སྦྱིན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་གཅེ་བུ་པའམ། གཅེར་བུ་མ་ཀུན་དུ་རྒྱུའམ། ཀུན་དུ་རྒྱུ་མོ་ལ། རང་གི་ལག་ནས་བཅའ་བ་དང་བཟའ་བ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། །ཉོན་མོངས་པ་ནི་མ་བརྟགས་པར་སྤྱོད་པ། ཉེས་པ་ནི་གཅེར་བུ་མ་ལ་རང་གི་ལག་ནས་ཟན་སྦྱིན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་བའོ། །གཅེར་བུ་པའམ་གཅེར་བུ་མ་ཀུན་དུ་རྒྱུའམ་ཀུན་དུ་རྒྱུ་མོ་ལ་ཞེས་བྱ་བ་ནི། རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པ་ལའོ། །རང་གི་ལག་ནས་ཞེས་བྱ་བ་ནི། ལག་པས་ལག་པར་རོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི། བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ །སྦྱིན་ན་ཞེས་བྱ་བ་ནི་བསམ་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་ཕོ་ཡང་རུང༌། མོ་ཡང་རུང་བ། རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པ། ཉེ་དུ་རབ་ཏུ་བྱུང་བ་ལ་ལྟོས་པ་དང༌། ནད་པ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང༌། བྲལ་བ་ཉིད་མ་གཏོགས་པ་ལ་རང་གི་ལག་ནས་བཅའ་བ་དང༌། བཟའ་བ་ཟས་དེ་ལ་རུང་བ་དག་དེའི་ལུས་སམ། ལུས་དང་འབྲེལ་པར་སྦྱིན་ན། གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དང༌། རང་གིས་སྦྱིན་པ་དང༌། ཟས་རུང་བ་དག་གོ །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་ཕོ་ཡང་རུང༌། མོ་ཡང་རུང་བ་རྟགས་འདི་དང་
རབ་ཏུ་བྱུང་བ་འདི་མེད་པ། ཉེ་དུ་རབ་ཏུ་བྱུང་བ་ལ་ལྟོས་པ་དང༌། ནད་པ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་བྲལ་བ་ཉིད་མ་གཏོགས་པ་དང༌། རང་གིས་སྦྱིན་པ་དང༌། ཟས་དང༌། གཉི་ག་ལ་རུང་བ་ཉིད་དང༌། དེའི་ལུས་སམ་ལུས་དང་འབྲེལ་བར་སྦྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དེ་བཞི་བཅུ་བཞི་པའོ།། །།དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རི་བྲགས་པ་ཞིག་ལོག་ནས། དེར་རུ་པ་གཅིག་བཏང་བ་དང༌། བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་སོ། །རུ་པ་གཉིས་པ་དང་གསུམ་པ་བཏང་བ་དང༌། དེ་ཡང་བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ངའི་ཡུལ་ན། མཚོན་གྱིས་འཚོ་བ་གང་དག་འཁོད་པ་དེ་དག་ཐམས་ཅད་འདོང་བར་བྱའོ་ཞེས་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ། རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་འཕགས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གསུས་པོ་ཆེའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཅི་འདྲ་བ་བལྟས་འདོང་ངོ་ཞེས་དེ་དག་ལམ་ཀར་དོང་སྟེ་འཁོད་པ་དང༌། ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དཔུང་གི་ཚོགས་ཡན་ལག་བཞི་པ་དག་འོངས་ནས། དྲུག་སྡེ་དག་གིས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་གར་འདོང༌། འཕགས་པ་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རི་བྲགས་པ་ཞིག་ལོག་པ་དེ་འབེབས་སུ་མཆིའོ། །དྲུག་སྡེ་དག་གིས་སྨས་པ། བཀྲེན་པ་དག་དཔུང་གི་ཚོགས་འདི་ལྟ་བུ་དག་གིས། རི་བྲགས་པ་ཕེབས་པར་འགྱུར་རམ། ཁྱེད་ཀྱི་གླང་པོ་ཆེ་འདི་དག་ནི་ཕག་འདྲ་ལ། རི་བྲགས་པའི་གླང་པོ་ཆེ་ནི་རི་བོ་བརྩེགས་པ་འདྲའོ། །ཁྱེད་ཀྱི་རྟ་འདི་དག་ནི་བོང་བུ་འདྲ་ལ། རི་བྲགས་པའི་རྟ་འདི་དག་ནི་གླང་པོ་ཆེའི་ཕྲུ་གུ་འདྲའོ། །ཁྱེད་ཀྱི་ཤིང་རྟ་འདི་དག་ནི། ཤིང་རྟ་ཞིག་པ་འདྲ་ལ། རི་བྲགས་པའི་ཤིང་རྟ་དག་ནི་གཞལ་མེད་ཁང་འདྲའོ། །ཁྱེད་ཀྱི་མི་འདི་དག་ནི་རྩྭ་མི་འདྲ་ལ། རི་བྲགས་པའི་མི་དེ་དག་ནི་གནོད་སྦྱིན་
གདུག་པ་ཅན་འདྲ་བས་ཁྱེད་ཅག་པར་འགྲོ་བ་ཡོད་ཀྱང་ཚུར་ལྡོག་པ་མེད་ཀྱིས། ཕྱིར་དེང་ལ་ཕ་མ་དག་ལ་ཏིལ་གྱི་ཆུ་བྱིན་ལ་གཟོད་དེང་ཤིག །དེ་དག་མཐའ་གཅིག་ཏུ་དོང་སྟེ། སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་མི་འདོང་བར་མཐའ་གཅིག་ཏུ་དོང་སྟེ། སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར། འདི་ལྟར་དགེ་སྦྱོང་མགོ་རེག་རས་ཡུག་ཆེན་གླེགས་པ་འཚལ་བ་འདི་དག་ནི་མི་མཆི་དགུ་མཆིའོ། །གང་དག་འཕགས་པ་དྲུག་སྡེ་དག་གོ །ཤེས་ལྡན་དག་དེ་དག་ནི། དགེ་སྦྱོང་ཕྲལ་པོ་དག་ཡིན་པས། དེ་དག་གིས་སྨྲས་པས་ཁྱེད་ལ་ཅི་གནོད་དེང་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལ་ཕྲིན་གྱིས་བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག་དམག་ཆས་ཐ་ལ་ལྟར་མཆི་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་གང་དག་གིས་འཕགས་པ་དག་དམག་ཆས་པ་ལ་ལྟར་མཆི་བར་མི་འགྱུར་བར་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་དམག་ཆས་པ་ལ་ལྟར་འགྲོན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་དམག་ཆས་པ་ལ་ལྟར་འགྲོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དམག་ཅེས་བྱ་བ་ལ། དམག་ནི་ཡན་ལག་གཅིག་པ་ཡང་ཡོད། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་རྟའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་དང༌། ཤིན་རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་
ཚོགས་དང༌། ཤིང་རྟའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །ཆས་པ་ལ་ཞེས་བྱ་བ་ནི་གཡུལ་འགྱེད་པ་ལ་མངོན་པར་དགའ་བ་ལའོ། །ལྟར་འགྲོ་ན་ཞེས་བྱ་བ་ནི་ལྟད་མོ་ལྟར་འགྲོ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། ཁྲོམ་གྱི་རུ་སྣ་དང༌། གྲོང་རྡལ་གྱི་མི་དང༌། ལྗོངས་ཀྱི་མིས་བཀུག་པ་དང༌། བར་ཆད་བྱུང་བའི་དབང་ཉིད་མ་གཏོགས་པས་གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས་འཕགས་པའི་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་ན། དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས། འཕགས་པའི་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། ཁྲོམ་གྱི་རུ་སྣ་དང༌། གྲོང་རྡལ་གྱི་མི་དང༌། ལྗོངས་ཀྱི་མིས་བཀུག་པ་དང༌། བར་ཆད་འབྱུང་བའི་དབང་ཉིད་མ་གཏོགས་པ་དང༌། གཡུལ་ལས་མངོན་པར་དགའ་བའི་དམག་ཉིད་དང༌། ལྟ་བའི་དོན་ཉིད་དང་འཕགས་པའི་ཉེན་ཀོར་གྱི་མཐའ་ལས་འདས་པ་དང་མཐོང་བའོ། །འདི་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་ན་སྨད་དོ། །དམག་ལ་ལྟ་བའི་ལྟུང་བྱེད་དེ་བཞི་བཅུ་ལྔ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་གསུམ་པ། དམག་གི་ནང་ན་གནས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་པ་དེ་དེ་ལྟ་ན་ཡང་མ་ཕེབས་ནས། རྒྱལ་པོས་དེ་ཉིད་དུ་ཕྲུ་མ་བཏབ་སྟེ་འདུག་པ་དང༌། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཅན་དབང་ཆེ་བར་གྲགས་པ་ལགས་པས། གལ་ཏེ་དེ་མཆིས་པར་གྱུར་ན་དེའི་མཐུས་རི་བྲགས་པ་འདི་ཕེབས་པར་འགྱུར་བ་གང་ལགས་པ་དེ་ལྟ་བུ་གནས་མཆིས་པར་འགྱུར་གདའོ། །རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཁྱིམ་བདག་མཐོང་
བར་འདོད་དོ་ཞེས་ཡི་གེ་སྤྲིང་བ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་འོངས་སོ། །དེ་ལྟ་ན་ཡང་རི་བྲགས་པ་དེ་མ་ཕེབས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་དག་མི་དྲན་ནམ། ལྷ་ཁྱེའུ་དག་མི་དྲན་ཏེ། འདི་ལྟར་འཕགས་པ་དག་མཐོང་བར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། དགེ་འདུན་ལ། འཕགས་པ་དག་མཐོང་བར་འཚལ་ལོ་ཞེས་ཡི་གེ་སྤྲིང་བ་དང༌། དགེ་སྐོས་ཀྱིས་དགེ་འདུན་གྱི་དབུས་སུ་ཡི་གེ་བཀླགས་ཏེ། གང་དེར་འགྲོ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས། ཚུལ་ཤིང་བྲིམས་པ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཁོ་བོ་ཅག་ནི་རྒན་པོ་སྦྱོར་མི་བཟོད་པ་དག་ཡིན་པས་དེར་འགྲོ་མི་ནུས་སོ། །དགེ་སློང་གསར་བུ་གསར་བུ་དག་གིས་སྨྲས་པ། དེར་ཆོས་བསྟན་པར་བྱ་ དགོས་ན། བདག་ཅག་ནི་ཐོས་པ ་ཉུང་བ་ཡིན་པས་ཆོས་བསྟན་པར་མི་ནུས་ན། དེར་ཆུ་བྲིམ་པར་བྱའམ་ཅི། བདག་ཅག་ཀྱང་དེར་འགྲོ་མི་ནུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཇི་སྲིད་དུ་བཅོམ་ལྡན་འདས་བཞུགས་ཤིང༌། བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་གནས་ལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང༌། བདག་ཅག་དུས་ལ་བབ་པ་ན། བསྟན་པ་ནུབ་པར་བརྗོད་པར་བྱ་སྟེ། ཇི་སྲིད་དུ་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་ལ་གཅེས་པ་བསྐྱེད་པར་བྱས། ཚུལ་ཤིང་བླང་ངོ་ཞེས་དེ་དག་གིས་ཚུལ་ཤིང་བླངས་ཏེ་དེར་དོང་ནས་རྒྱལ་པོ་ལ་ཆོས་བསྟན་པས། རྒྱལ་པོ་མངོན་པར་དད་པར་བྱས་སོ། །བཙུན་མོ་དང༌། གཞོན་ནུ་དག་དང༌། ཞང་བློན་དང༌། ཁྲོམ་གྱི་རུ་སྣ་དག་ལ་ཡང་ཆོས་བསྟན་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རྣམས་ལ་སྨྲས་པ། རི་བྲགས་པ་བསྐོར་དུ་དོང་རོ་ཞེས་དེ་དག་འཕགས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་གནས་པར་བྱའམ། །གསུས་པོ་ཆེའི་དམག་ཅི་འདྲ་བ་ལྟར་འདོང་ངོ་ཞེས་དེ་དག་ལ་མ་ཀར་དོང་སྟེ་འཁོད་པ་དང༌། ཅི་ཙམ་ནི་དཔུང་གི་ཚོགས་
ཡན་ལག་བཞི་པ་འོངས་ནས། དེ་དག་གིས་སྨྲས་པ། འཕགས་པ་དག་ཤུལ་ཕྱེ་ཤིག །ཅི་བྱ། དཔུང་གི་ཚོགས་ཡན་ལག་བཞི་པ་མཆིའོ། །བཀྲེན་པ་དག་འདི་འདྲ་བ་དག་གླང་པོ་ཆེ་ཡིན་ནམ། ཕག་འདྲའོ་ཞེས་དེ་དག་གིས་དེ་དག་གི་མཆེ་བ་དག་ནས་བཟུང་སྟེ། མཐའ་གཅིག་ཏུ་བོང་རོ། །འདི་འདྲ་བ་དག་རྟ་ཡིན་ནམ་བོང་བུ་འདྲའོ་ཞེས་དེ་དག་གིས་དེ་དག་གི་མཇུག་མ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་པོར་རོ། །འདི་འདྲ་བ་དག་ཤིང་རྟ་ཡིན་ནམ། ཤིང་རྟ་ཞིག་པ་དག་འདྲའོ་ཞེས་དེ་དག་གིས་དེ་དག་གི་སྲོག་ཤིང་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །འདི་འདྲ་བ་དག་མི་ཡིན་ནམ་རྩྭ་མི་དག་འདྲའོ་ཞེས་དེ་དག་གིས་དེ་དག་གི་གཉའ་བདག་ནས་བཟུང་སྟེ། མཐའ་གཅིག་ཏུ་བོར་ནས་དེ་དག་སེམས་ཁོང་དུ་ཆུད་ནས་འཁོད་དོ། །ཇི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཁྱེད་ཅག་མི་དོང་བར་སེམས་ཁོང་དུ་ཆུད་ཅིང་འཁོད། ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར། འདི་ལྟར་དགེ་སྦྱོང་མགོ་རེག་རས་ཡུལ་ཆེན་གླེགས་པ། འཚལ་བ་འདི་དག་མི་མཆི་དགུ་མཆིའོ། །གང་དག །འཕགས་པ་དྲུག་སྡེ་དག་གོ །ཤེས་ལྡན་དག །དེ་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས་དེ་དག་གིས་སྨྲས་པས་ཁྱེད་ལ་ཅི་གནོད་དེང་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལ་ཕྲིན་གྱིས་བསྙུན་གསོལ་ནས། བཙུན་པ་འཕགས་པ་འདི་དག་དམག་ཆས་པ་ལ་ལྟར་མཆིས་ནས། ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་ན། ཀྱེ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླང་དུ། གང་གིས་འཕགས་པ་དག་དམག་ཆས་པ་ལ་ལྟར་མཆིས་ནས། ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་པར་མི་འགྱུར་བར། བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་ལ་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་
གནས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་པའོ། །དེ་ལ་དགེ་སློང་གང་ལ་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དམག་ཅེས་བྱ་བ་ལ། དམག་ནི་ཡན་ལག་གཅིག་པ་ཡང་ཡོད། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་དང༌། ཤིང་རྟའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །ཆས་པ་ལ་ཞེས་བྱ་བ་ལ་ནི་གཡུལ་འགྱེད་པར་མངོན་པར་དགའ་བ་ལའོ། །ལྟར་འགྲོ་བ་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་ནི། རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། ཁྲོམ་གྱི་རུ་སྣ་དང༌། གྲོང་རྡལ་གྱི་མི་དང༌། ལྗོངས་ཀྱི་མིས་བཀུག་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི། དགེ་སློང་གང་ཡིན་པ་དེས་སོ། །དམག་དེའི་ནང་དུ་ཞེས་བྱ་བ་ནི་དམག་ཆས་པ་དེའི་ནང་དུའོ། །ཞག་གཉིས་ཚུན་ཆད་གནས་པར་བྱའོ་ཞེས་བྱ་བ་ནི། ཞག་གཉིས་ཀྱི་མཐའ་ཚུན་ཆད་གནས་པར་བྱ་བའོ། །དེ་ལས་ལྷག་པར་གནས་ན་ཞེས་བྱ་བ་ནི། དེ་ལས་འདས་པར་གནས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། ཁྲོམ་གྱི་རུ་སྣ་དང༌། གྲོང་རྡལ་གྱི་མི་དང༌། ལྗོངས་ཀྱི་མིས་བཀུག་པ་དང༌། བར་ཆད་ཀྱི་དབང་ཉིད་བྱུང་ན་གཡུལ་ལ་མངོན་པར་དགའ་བ་དམག་དེའི་ནང་དུ་ཉིན་མཚན་གཉིས་ལས་ལྷག་པར་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་བར་གནས་སམ། རྒྱལ་པོ་ལ་སོགས་པས་བཀུག་པ་དང༌། བར་ཆད་ཀྱི་དབང་དེ་དག་མེད་
པར་ལྟ་བའི་དོན་ཉིད་ཀྱིས་གཡུལ་ལ་མངོན་པར་དགའ་བའི་དམག་དེའི་ནང་དུ་ཉིན་མཚན་གསུམ་པའི་སྔ་མ་ཉིན་མཚན་གཅིག་དང༌། གཉིས་ཀྱི་མཐར་གནས་ན་ཡང་དམག་གི་ནང་ན་གནས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། རྒྱལ་པོ་ལ་སོགས་པས་བཀུག་པ་དང༌། བར་ཆད་ཀྱི་དབང་དེ་དག་ཡོད་ན་གཡུལ་ལ་མངོན་པར་དགའ་བའི་དམག་གི་ནང་དུ། སྐྱ་རེངས་གསུམ་པ་ཤར་བ་དང༌། དེ་དག་མེད་པར་ཞག་གཅིག་དང་གཉིས་ཀྱི་སྐྱ་རེངས་ཤར་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་རྒྱལ་པོ་ལ་སོགས་པས་བཀུག་པ་དང༌། བར་ཆད་ཀྱི་དབང་གིས་ དགོས་པ ་ཡོད་པ་དང༌། གཡུལ་ལ་མངོན་པར་དགའ་བའི་དམག་ཉིད་དང་དེར་སྐྱ་རེངས་གསུམ་ཤར་བ་དང༌། དགོས་པ ་དེ་དག་མེད་བར་དེར་ཞག་གཅིག་གི་སྐྱ་རེངས་ཤར་བ་དང༌། དགོས་པ ་དེ་དག་མེད་པར་དེར་ཞག་གཉིས་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དེ་བཞི་བཅུ་དྲུག་པའོ།། །།དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་པ་དེ་དེ་ལྟ་ན་ཡང་མ་ཕེབས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། ཁྱིམ་པ་དག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་དག་མི་དྲན་ནམ། ལྷ་ཁྱེའུ་དག་ནི་མི་དྲན་ཏེ། འདི་ལྟར་འཕགས་པ་དག་མཐོང་བར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། དགེ་འདུན་ལ་འཕགས་པ་དག་མཐོང་བར་འཚལ་ལོ་ཞེས་ཡི་གེ་སྤྲིང་བ་དང༌། དགེ་སྐོས་ཀྱིས་དགེ་འདུན་གྱི་ནང་དུ་ཡི་གེ་བཀླགས་ཏེ། གང་དེར་འགྲོ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་ཚུལ་བྲིམས་པ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཁོ་བོ་ཅག་ནི་རྒན་པོ་སྦྱོར་མི་བཟོད་པ་དག་ཡིན་པས་དེར་འགྲོ་མི་ནུས་སོ། །དགེ་སློང་གསར་བུ་གསར་བུ་དག་གིས་སྨྲས་པ། དེར་ཆོས་བསྟན་པར་བྱ་ དགོས་ན་བདག་ཅག་ནི་ཐོས་པ ་ཉུང་བ་ཡིན་པས་ཆོས་སྟོན་པར་མི་ནུས་ན། དེར་ཆུ་བྲིམ་པར་བྱའམ་ཅི།
བདག་ཅག་ཀྱང་དེར་འགྲོ་མི་ནུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཇི་སྲིད་དུ་བཅོམ་ལྡན་འདས་བཞུགས་ཤིང༌། བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་གནས་ལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང༌། བདག་ཅག་དུས་ལ་བབ་ན་བསྟན་པ་ནུབ་པར་བརྗོད་པར་བྱ་སྟེ། ཇི་སྲིད་དུ་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་ལ་གཅེས་པ་བརྗོད་པར་བྱས། ཚུལ་ཤིང་བླང་ངོ་ཞེས་དེ་དག་གིས་ཚུལ་ཤིང་བླངས་ཏེ། དེར་དོང་ནས་རྒྱལ་པོ་ལ་ཆོས་བསྟན་པས་རྒྱལ་པོ་མངོན་པར་དད་པར་བྱས་སོ། །བཙུན་མོ་དག་དང༌། གཞོན་ནུ་དག་དང༌། ཞང་བློན་དག་དང༌། ཁྲོམ་གྱི་རུ་སྣ་དག་ལ་ཡང་ཆོས་བསྟན་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་སྨྲས་པ། དེད་ལ་གཡུལ་ཤོམས་ཤིག་རི་བྲགས་པ་བསྐོར་བར་བྱའོ། །དེ་དག་གིས་གཡུལ་བཤམ་པར་བརྩམས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་གནས་པར་བྱ། རང་གི་སྤྱོད་ལམ་གྱིས་གནས་པར་བྱས། གསུས་པོ་ཆེའི་རྒྱལ་མཚན་གྱི་མཆོག་དང༌། དཔུང་གི་མཆོག་དང་གཡུལ་བཀོད་ཅིང་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱས་འདོང་ངོ་ཞེས་དེ་དག་གཡུལ་ཤོམ་པའི་ནང་དུ་དོང་སྟེ་དྲིས་པ། ཤེས་ལྡན་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་དག་བཀོད་པ་ཤོམ་མོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དག་གླང་པོ་ཆེ་བཅོས་མ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་སོལ་ཅིག་ཅེས་དེ་དག་གིས་དེ་དག་གི་མཆེ་བ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །རྟ་ཐེང་པོ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་སོལ་ཅིག་ཅེས་དེ་དག་གིས་མཇུག་མ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །ཤིང་རྟ་ཞིག་པ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་སོལ་ཅིག་ཅེས་དེ་དག་གིས་དེ་དག་གིས་དེ་དག་གི་སྲོག་ཤིང་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །མི་ཞར་བ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་སོལ་ཅིག་ཅེས་དེ་དག་གིས་དེ་དག་གི་གཉའ་བ་དག་ནས་བཟུང་སྟེ། མཐའ་གཅིག་ཏུ་བོར་རོ། །དྲུག་སྡེ་དག་གི་མདུན་ལོགས་སུ་རི་བྲགས་པ་དང༌། ཧ་ཅང་ཐག་མི་
རིང་བར་འཁོད་དེ་བླག་ཅོར་གྱིས་སྒྲ་ཕྱུང་བ་དང༌། དེ་དག་གིས་བསམས་པ། རི་བྲགས་པ་དག་རྫོང་ནས་རླུགས་ཏེ་ཕྱུང་ངོ་སྙམ་དུ་རིག་ནས། སྐྲག་ཅིང་སྡངས་ཏེ་བྲོས་པར་བརྩམས་པ་དང༌། དྲུག་སྡེ་དག་མྱུར་བ་མྱུར་བར་དོང་སྟེ། ཁྲོམ་གྱི་རུ་སྣའི་མདུན་དུ་འཁོད་ནས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་བྲོས། དེ་དག་གིས་སྨྲས་པ། འཕགས་པ་དག་རི་བྲགས་པ་དག་རྫོང་ནས་རླུགས་ཏེ་ཕྱུང་ངོ༌། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དག་དེ་ནི་ཁོ་བོ་ཅག་གིས་ཀུ་རེ་ཅུང་ཞིག་བྱས་པ་ཡིན་ཏེ། གལ་ཏེ་རི་བྲགས་པ་དག་གིས་ཁྱེད་ཅག་དེ་ལྟར་བྲེང་ངས་པར་ཤེས་ཤིང་རིག་པར་གྱུར་ན། ནང་པར་སྔ་བ་ཁོ་ནར་ཡང་ཁྱེད་ཅག་གཉིས་ཀ་གཉའ་བ་དག་ནས་བཏགས་ཏེ་རི་བྲགས་སུ་ཁྲིད་པར་འགྱུར་གྱིས། མ་འཇིགས་པར་ཕྱིར་ལོག་ཤིག །དེ་དག་ཕྱོགས་གཅིག་ཏུ་དོང་སྟེ། སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །ཇི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ད་དུང་ཡང་གཡུལ་གྱི་བཀོད་པ་མ་བཤམས་སམ། དེ་དག་གིས་སྨྲས་པ། ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར་འདི་ལྟ་སྟེ། དགེ་སྦྱོང་རས་ཡུག་ཆེན་གླེགས་པ་འཚལ་བ་འདི་དག་མཆིས་ནས་བདག་ཅག་ལ་ཐོ་འཚམས་ཤིང༌། མི་མཆི་དགུ་མཆིའོ། །གང་དག །འཕགས་པ་དྲུག་སྡེ་དག་གོ །ཤེས་ལྡན་དག་དེ་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས། དེ་དག་གིས་སྨྲས་པས་ཁྱེད་ལ་ཅི་གནོད། དེང་ལ་གཡུལ་གྱི་བཀོད་པ་ཤོམས་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལ་ཕྲིན་གྱིས་བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག །ཤིན་དུ་ཡུན་རིང་པོར་དམག་གི་ནང་ན་གནས་པའི་ཚེ་ཡང་བཤམས་པ་འཁྲུག་ཏུ་མི་མཆི་ཞིང༌། རྒྱལ་མཚན་གྱི་མཆོག་དང༌། དཔུང་གི་མཆོག་དང༌། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བགྱིད་པར་མི་འགྱུར་བར། བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་
ཞག་གཉིས་དམག་གི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ། རྒྱལ་མཚན་གྱི་མཆོག་གམ། དཔུང་གི་མཆོག་གམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའོ། །དེ་ལ་དག་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཞག་གཉིས་ཞེས་བྱ་བ་ནི་ཞག་གཉིས་ཚུན་ཆད་དོ། །དམག་ཅེས་བྱ་བ་ལ། དམག་ནི་ཡན་ལག་གཅིག་པ་ཡང་ཡོད། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། དམག་ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་དང༌། ཤིང་རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་དང༌། ཤིང་རྟའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །དེའི་ནང་ན་གནས་པའི་ཚེ་ཡང་ཞེས་བྱ་བ་ནི་འདུག་པའི་ཚེ་ཡང་ངོ༌། །གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ་ཞེས་བྱ་བ་ནི་གཡུལ་ལ་ཆས་པ་འཁྲུག་ཏུ་འགྲོ་བའོ། །རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ནི། རྒྱལ་མཚན་རྣམ་པ་བཞི་སྟེ། ཁྱུ་མཆོག་གི་རྒྱལ་མཚན་དང༌། ཆུ་སྲིན་གྱི་རྒྱལ་མཚན་དང༌། སེང་གེའི་རྒྱལ་མཚན་དང༌། ཀླུའི་རྒྱལ་མཚན་ནོ། །དཔུང་གི་མཆོག་ཅེས་བྱ་བ་ནི། དཔུང་གི་ཚོགས་ཡན་ལག་བཞི་པ་སྟེ། གླང་པོ་ཆེའི་ཚོགས་དང༌། རྟའི་ཚོགས་དང༌། ཤིང་རྟའི་ཚོགས་དང༌། དཔུང་བུ་ཆུང་གི་ཚོགས་སོ། །གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ཞེས་བྱ་བ་ལ། བཤམས་པ་ནི་རྣམ་པ་བཞི་སྟེ། འབྲུའི་ཁ་ལྟ་བུ་དང༌། ཤིང་རྟའི་དབྱིབས་ལྟ་བུ་དང༌། ཟླ་གམ་གྱི་རྣམ་པ་ལྟ་བུ་དང༌། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་
དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པས་དཔུང་གི་ཡན་ལག་བསྡུས་པའམ། སོ་སོ་བ་སྟ་གོན་བྱས་པ་རྣམས་ཀྱི་དངོས་པོ་རེག་པ་དང༌། བཤམས་པ་དཀྲུགས་པ་དང༌། ལྟ་བའི་ཕྱིར་འཕགས་ཤིང་ཉེན་ཀོར་གྱི་མཐའ་ལས་འདས་ཏེ། མཐོང་བ་ལྟ་བུ་ཉམས་སུ་མྱོང་ན། དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལ་དཔུང་གི་ཡན་ལག་བསྡུས་པའམ། སོ་སོ་བ་སྟ་གོན་བྱས་པ་རྣམས་ཀྱི་དངོས་པོ་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་དང༌། དཔུང་གི་ཡན་ལག་བཞི་པོ་རྣམས་དང༌། བསྡུས་པའམ། སོ་སོ་བ་གང་ཡང་རུང་བ་དང༌། སྟ་གོན་བྱས་པ་རྣམས་ཀྱི་དངོས་པོ་རེག་པ་དང༌། བཤམས་པ་དཀྲུགས་པ་དང༌། ལྟ་བའི་ཕྱིར་འཕགས་ཤིང་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་གང་ཡང་རུང་བ་དང་དེ་དག་ཉམས་སུ་མྱོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་དེ་བཞི་བཅུ་བདུན་པའོ།། །།རྡེག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤོག །འདི་དང་འདི་གྱིས་ཤིག་དེ་དག་གིས་སྨྲས་པ། ཅི་ཁྱོད་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ་མཁན་པོ་ཡིན་མི་བྱེད་དོ། །དེས་གླེན་པ་དག་ཁྱོད་ལས་ཅི་ཞིག་བྱེད་ཅེས་དེ་དག་ལས་གཅིག་བརྡེགས་པ་དང༌། དེ་དག་ཐམས་ཅད་ཀྱིས་བདག་ཅག་བརྡེགས་སོ། །བདག་ཅག་བརྡེགས་སོ་ཞེས་ཕྱི་གན་དུ་བསྒྱེལ་ཏེ་དུ་བར་
བརྩམས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འཆང་ཀ་ཅིའི་ཕྱིར་གཞོན་ནུ་རྣམས་ལ་རྡེག་པར་བྱེད། འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོས་གཅིག་བརྡེགས་པ་དང༌། ཐམས་ཅད་ས་ལ་བསྒྱེལ་ཏེ་ངུའོ། །དགེ་སློང་རྣམས་ཀྱིས་བཅུ་བདུན་སྡེ་དག་ལ་སྨས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གཅིག་བརྡེགས་ན། ཅིའི་ཕྱིར་ཐམས་ཅད་ས་ལ་བསྒྱེལ་ཏེ་ངུ༌། དེ་དག་གིས་སྨྲས་པ། གལ་ཏེ་མ་དུས་ན་ཐམས་ཅད་ལ་རྡེག་པར་འགྱུར་རོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས། དགེ་སློང་ལ་རྡེག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས། དགེ་སློང་ལ་བརྡེགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཞེ་སྡང་གི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་སློང་ལ་རྡེག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཞེས་བྱ་བ་ནི། ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །བརྡེགས་ན་ཞེས་བྱ་བ་ནི་རྡེག་པར་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་པ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ། རྩྭ་དག་གིས་བརྡེགས་ན་རེག་པ་ཙམ་གྱིས་རྡེག་སྤྱད་རེ་རེ་ལ་རྡེག་པའི་ལྟུང་བྱད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཕ་རོལ་པོ་བརྡེག་པར་བྱ་བ་དགེ་སློང་ཉིད་དང༌། རྡེག་སྤྱད་གང་ཡང་རུང་བ་ཇི་སྙེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙོག་པ་ཅན་གྱི་སེམས་ཉིད་དང༌། ཕ་རོལ་པོ་བརྡེག་པར་
བྱ་བ་དགེ་སློང་ཉིད་དང༌། རྡེག་པ་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་པ་གང་ཡང་རུང་བ་དང༌། རྡེག་སྤྱད་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ། རྩྭ་བས་ཆུང་བ་གང་ཡང་རུང་བ་དང༌། ཐ་ན་ལུས་ལ་རེག་པའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །རྡེག་པའི་ལྟུང་བྱེད་དེ་བཞི་བཅུ་བརྒྱད་པའོ།། །།གཟས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤོག །འདི་དང་འདི་གྱིས་ཤིག་དེ་དག་གིས་སྨྲས་པ། ཅི་ཁྱེད་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ་མཁན་པོ་ཡིན་མི་བྱེད་དོ། །དེས་གླེན་པ་དག་ཁྱེད་ཅི་ཞིག་བྱེད་ཅེས་དེ་དག་ལས་གཅིག་ལ་རྡེག་པར་གཟས་པ་དང༌། དེ་དག་ཐམས་ཅད་ཀྱིས་བདག་ཅག་ལ་རྡེག་པར་གཟས་སོ། །བདག་ཅག་ལ་རྡེག་པར་གཟས་སོ་ཞེས་ཕྱི་གན་དུ་བསྒྱེལ་ཏེ་ངུ་བར་བརྩམས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཅིའི་ཕྱིར་གཞོན་ནུ་དག་ལ་རྡེག་པར་གཟས། འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོས་གཅིག་ལ་རྡེག་པར་གཟས་པ་དང༌། ཐམས་ཅད་ས་ལ་འགྱེལ་ཏེ་དུའོ། །དགེ་སློང་རྣམས་ཀྱིས་བཅུ་བདུན་སྡེ་དག་ལ་སྨྲས་པ། ཁྱེད་ཅག་ལས་གཅིག་ལ་རྡེག་པར་གཟེས་པ་ན། ཅིའི་ཕྱིར་ཐམས་ཅད་ས་ལ་བསྒྱེལ་ཏེ་ངུ༌། དེ་དག་གིས་སྨྲས་པ། གལ་ཏེ་མ་དུས་ན་གང་ལ་ཅིས་རྡེག་གཏོལ་མེད་དོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས། དགེ་སློང་ལ་རྡེག་པར་གཟས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།
ཡིད་མ་རངས་ནས། དགེ་སློང་ལ་རྡེག་པར་གཟས་ན། ཐ་ན་ཐལ་མོས་ཀྱང་རུང་སྟེ། ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཞེ་སྡང་གི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་སློང་ལ་རྡེག་པར་གཟས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཞེས་བྱ་བ་ནི། ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །རྡེག་པར་གཟས་ན་ཞེས་བྱ་བ་ནི། བརྡེག་པར་བཤམས་ནའོ། །ཐ་ན་ཐལ་མོས་ཀྱང་རུང་སྟེ་ཞེས་བྱ་བ་ནི། ཐ་ན་ཐལ་ལྕག་ཀྱང་གཟས་ཀྱང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔར་རྡེག་པའི་ལྟུང་བྱེད་བསྟན་པ་དང༌། འདིར་གཟས་པའི་ལྟུང་བྱེད་བསྟན་པ་དེ་གཉིས་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ་བྱེ་བྲག་ཏུ་ན། སྔ་མ་ནི་བརྡེགས་པའི་ཡུལ་ལ་རྣམ་པར་གཞག་གོ །འདི་ནི་རྡེག་པར་གཟས་པའི་ཡུལ་ལ་རྣམ་པར་གཞག་གོ །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ། དེས་འཕངས་པའམ། དེ་དང་འབྲེལ་བ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ། རྩྭ་དག་གིས་རྡེག་པར་གཟས་ན། གཟས་པ་ཙམ་གྱིས་རྫས་རེ་རེ་ལ་གཟས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཕ་རོལ་པོ་ལ་རྡེག་པར་གཟས་པ་དགེ་སློང་ཉིད་དང༌། གཟོ་བའི་རྫས་གང་ཡང་རུང་བ་ཇི་སྙེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙོག་པ་ཅན་གྱི་སེམས་ཉིད་དང༌། ཕ་རོལ་པོ་རྡེག་པར་གཟས་པ་དགེ་སློང་ཉིད་དང༌། གཟས་པ་ལུས་སམ། དེས་འཕངས་པའམ། དེ་དང་འབྲེལ་པ་གང་ཡང་རུང་བ་དང༌། གཟོ་བའི་རྫས་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ། རྩྭ་བས་ཆུང་བ་གང་ཡང་རུང་བ་དང༌། ཐ་ན་གཟས་པར་བརྩམས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཟས་པའི་ལྟུང་བྱེད་དེ་བཞི་བཅུ་དགུ་པའོ།། །།གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་ལྷན་ཅིག་གནས་པ་དགེ་སློང་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ་བསླབ་པ་འདོད་པ་ཞིག་ཡོད་པ་དེས། ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་དག་དགའ་བོའི་གན་དུ་སོང་སྟེ། མཁན་པོ་གདུགས་ལ་སྤྱོད་དུ་མཆིའོ་ཞེས་ཞུས་པ་དང༌། ཉེ་དགས་ཐོས་ནས་སྨྲས་པ། བུ་ཆོས་ཁོ་བོའི་སྟན་ཡང་ཁྱེར་ལ་སོང་ཤིག །དེས་དེའི་སྟན་ཁྱེར་ཏེ་ཉིན་མོ་སྤྱོད་དུ་སོང་ནས། དེས་དེའི་སྟན་དེ་ཤིང་ལྗོན་པ་ཞིག་ཏི་དྲུང་དུ་བཞག་སྟེ། དབེན་པའི་ཕྱོགས་སུ་འདུག་ནས་ཡིད་ལ་བྱེད་པ་བསྐྱེད་པར་བརྩམས་སོ། །དེའི་འོག་ཏུ་ཉེ་དགའ་འོངས་ནས། ཆོས་ཀྱིས་སྨྲས་པ། སློབ་དཔོན་གདན་ཤིང་ལྗོན་པའི་དྲུང་དུ་བཞག་གིས། དེར་བཞུད་ལ་བཞུགས་ཤིག །ཉེ་དགའ་དེར་སོང་ནས་མགོ་གཡོགས་ཏེ་འདུག་པ་དང༌། དེས་དེར་མོས་པ་མ་རྙེད་ནས་སྟན་ལས་ལངས་ཏེ་ཕྱོགས་བཞིར་རྣམ་པར་ལྟ་བར་བརྩམས་པ་དང༌། ཇི་ཙམ་ན་བུ་མོ་ཞིག་རྒྱལ་བྱེད་ཀྱི་ཚལ་གྱི་རིབ་མ་འདྲ་ལ་བ་མཐོང་ནས། ཉེ་དགའ་སོང་སྟེ་སྨྲས་པ། བུ་མོ་ཁྱོད་ཅིའི་ཕྱིར་རྒྱལ་བྱེད་ཀྱི་ཚལ་གྱི་རིབ་མ་དྲལ་བར་བྱེད། བུ་མོ་དེས་འཛུམ་ཕྱུང་བ་དང༌། ཉེ་དགས་དེའི་ཡན་ལག་དང་ཉིང་ལག་དག་ནས་མནམས་ཏེ་འོ་བྱས་ནས། དེ་ཆོས་ཀྱི་གན་དུ་སོང་སྟེ་དྲིས་པ། བུ་ཆོས་ཁྱོད་ཀྱིས་ཅུང་ཟད་མཐོང་ངམ། སློབ་དཔོན་གཞུག་པ་འཛུད་པ་འབའ་ཞིག་མ་གཏོགས་པ་གཞན་ཐམས་ཅད་མཐོང་ངོ༌། །བུ་ཆོས་སུ་ལ་ཡང་མ་ཟེར་ཅིག །སློབ་དཔོན་ཇི་སྲིད་དུ་རང་བཞིན་དུ་གནས་པའི་དགེ་སློང་མ་མཐོང་བ་དེ་སྲིད་ཀྱི་བར་དུ་སུ་ལ་ཡང་མི་མཆིའོ། །ཉེ་དགས་སྨྲས་པ། ཁོ་བོས་ཁྱོད་ཀྱི་མཁན་པོའི་གནས་ངན་ལེན་གྱི་ལྟུང་བ་འཆབ་པར་བྱེད་ན། ཁྱོད་ཁོ་བོའི་འཆབ་པར་མི་བྱེད་དམ། སློབ་དཔོན་ཁྱོད་འཆབ་པར་མཛད་ཀྱང་བདག་ནི་འཆབ་པར་མི་བགྱིད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ལ་བརྗོད་པ་དང༌།
དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ་ཞེས་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཉེས་རྩོམ། ཉེས་པ་ནི་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་འཆབ་པའོ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་པ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པའོ། །དགེ་སློང་གི་ཞེས་བྱ་བ་ནི་ཆོས་འདི་པའོ། །གནས་ངན་ལེན་གྱི་ལྟུང་བ་ཞེས་བྱ་བ་ནི་གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཅེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང༌། ཀུན་ནས་སློང་བ་ལས་སོ། །འཆབ་ན་ཞེས་བྱ་བ་ནི་མཁྱུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་ཤེས་བཞིན་དུ་དགེ་སློང་གི་ཕམ་པར་འགྱུར་པ་དང༌། དགེ་འདུན་ལྷག་མའི་ལྟུང་བ་འཆབ་ན་བདེ་བ་ལ་མི་རེག་པ་དང༌། དགེ་སྦྱོང་གི་ཚུལ་དང༌། ཚངས་བར་སྤྱོད་པའི་བར་ཆད་དང༌། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉི་མ་གཏོགས་པར་ཉིན་མཚན་གཅིག་གི་སྐྱ་རེངས་དང་པོ་ཤར་བའི་མཐར་གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གཞན་གྱིས་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གཞན་གྱིས་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མ་ཀུན་ནས་སློང་བའི་གནས་ངན་ལེན་འབྱུང་བ་ཉིད་དང༌། དེར་འདུ་ཤེས་པ་དང༌། འཆབ་པ་དང་བདག་ལ་གཞི་དེས་བདེ་བ་ལ་མི་རེག་པ་དང༌། དགེ་སྦྱོང་གི་ཚུལ་དང༌།
ཚངས་པར་སྤྱོད་པའི་བར་ཆད་དང༌། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པ་དང༌། ཉིན་མཚན་གྱི་མཐའ་ཐུག་པའོ། །དེ་དག་ལས་ཡན་ལག་མ་ཚད་དང་ན་ཅི་རིགས་པར་ན་སྨད་དོ། །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དེ་ལྔ་བཅུ་པའོ།། །།སྡོམ་ལ། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་བྱ་བ་ནི་བཅུ་པ་དྲུག་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་ དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་དྲུག་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ཟན་གཅོད་དུ་འཇུད་པ་དང༌། མེ་ལ་རེག་པ་དང༌། འདུན་པ་ཕྱིར་བསྒྱུར་བ་དང༌། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་པ་དང༌། ལྟ་བའི་རྣམ་པ་མི་གཏོང་པ་དང༌། སྤངས་པའི་རྗེས་སུ་ཕྱོགས་པ་དང༌། བསྙིལ་བ་སྡུད་པ་དང༌། ཁ་མ་བསྒྱུར་བའི་གོས་གྱོན་པ་དང༌། ལོངས་པའི་གཞིར་གཏོགས་པ་དང༌། ཁྲུས་བྱེད་པའི་ལྟུང་བྱེད་དོ། །དེ་ལ་ཟན་གཅོད་དུ་འཇུད་པའི་ལྟུང་བྱེད་ཀྱི་གླེན་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་གྱི་ཚལ་མགོན་མེད་ཟས་ཀྱི་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོའི་ལྷན་ཅིག་གནས་པ་དགེ་སློང་ཆེས་ཞེས་བྱ་བ་ངོ་ཚ་ཤེས་པ་འགྱོད་པ་དང་ལྡན་པ་བསྡམས་པ་དང༌། བསླབ་པ་འདོད་པ་ཞིག་ཡོད་པ་དེས་ཇི་སྲིད་དུ་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དེ། ཉི་དགས་དགའ་བོ་ལ་སྨྲས་པ། སློབ་དཔོན་ཆོས་འདིས་ཁོ་བོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ཐོ་བཙམས་པ་ལ་ལྟོས། ཁོ་བོས་ཀྱང་འདི་ལ་ངེས་པར་གནོད་པ་ཅུང་ཞིག་བྱའོ། །དགའ་བོས་སྨྲས་པ། དགེ་སློང་ཆོས་འདི་ནི་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ་བསྡམས་པ། བསླབ་པ་འདོད་པ་ཡིན་པས། ཁྱོད་ཀྱིས་འདི་ལ་གནོད་པ་ཅི་ཞིག་བྱར་ཡོད། ངེས་པར་འདི་ནི་ཟན་
གཅད་པར་བྱའོ། །དེ་ནི་ནུས་སོ། །ཁྱིམ་བདག་ཅིག་གིས་དགའ་བོ་དང་ཉེ་དགའ་གཉིས་ཟན་ལ་མགྲོན་དུ་བོས་པ་དང༌། ཉེ་དགས་བསམས་པ། དེང་ཆོས་འདིའི་ཟན་གཅད་པར་བྱའོ་སྙམ་ནས། ཆོས་དགའ་བོའི་གནང་དུ་བསོད་སྙོམས་ལ་འགྲོ་བར་ཞུར་འོང་བའི་ཚེ། དགའ་བོས་ཆོས་ལ་སྨྲས་པ། ཆོས་ཁོ་བོ་ཅག་དེང་ཁྱིམ་བདག་ཅིག་གིས་ཟན་ལ་མགྲོན་དུ་བོས་ཀྱིས་ཚུར་ཤོག་ལ་དེ་ཉིད་དུ་ཟན་ཟོ་ཤིག །དེས་སྨྲས་པ། ལྷུང་བཟེད་དང་ཆུ་ཚགས་བླངས་ཏེ་མཆིའོ། །ཉེ་དགས་སྨྲས་པ། དེར་ལྷུང་བཟེད་དང་ཆུ་ཚགས་ཀྱིས་ཅི་བྱ། དེར་སྣོད་བཀྲུས་པ་དང༌། ཆུ་ཚགས་དག་འབོགས་ཀྱིས་ཚུར་ཤོག་འདོང་ངོ༌། །དེ་དེ་གཉིས་དང་ལྷན་ཅིག་མཉན་ཡོད་དུ་ཞུགས་པ་དང༌། དེ་གཉིས་སྲང་དུ་དོང་སྟེ། ཚོང་ཁང་དུ་འཁོད་ནས། ཉེ་དགས་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ། ཟས་ཟོས་ནས་ཕྱིར་འོངས་སོ། །དེའི་འོག་ཏུ་དགའ་བོ་ཡང་ཁྱིམ་བདག་དེའི་ཁྱིམ་དུ་དོང་སྟེ་ཟན་ཟ་ཞིང་འདུག་གོ །ཆོས་ཀྱིས་ཉེ་དགའ་ལ་སྨྲས་པ། སློབ་དཔོན་གདུགས་ཚོད་བབ་ཀྱིས་བཞུད་དོ། །ཉེ་དགས་སྨྲས་པ། དེར་ཐམས་ཅད་སྟ་གོན་བྱས་ཟིན་པས་དེར་སོང་སྟེ། བཟའ་བ་ལས་གཞན་པའི་བྱ་བ་ཅི་ཡང་མེད་ཀྱིས། གདུགས་ཚོད་ཀྱི་ཁ་ཁོ་ནར་འདོང་ངོ༌། །ཆོས་ལངས་ཏེ་རྐང་པ་གཉིས་ཀྱིས་གྲིབ་ཚོད་གཞལ་བར་བརྩམས་པ་དང༌། ཉེ་དགས་སྨྲས་པ། གླེན་པ་ཁྱོད་ཁོ་བོ་ཅག་གི་བསླབ་པ་ལ་ཅུང་ཟད་ཡིད་མི་ཆེས་སམ། ཅི་ཁྱོད་ཀྱི་སྙིང་ལམ་ན་ཁོ་བོ་ཅག་དུས་མ་ཡིན་པར་ཟ་བར་འགྱུར་སྙམ་མམ། ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་བའམ། འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག །ཆོས་ཀྱིས་བསམས་པ། གལ་ཏེ་བདག་གིས་ལྷུང་བཟེད་དང་ཆུ་ཚགས་ཁྱེར་ཏེ་འོངས་པར་གྱུར་ན། བདག་བསོད་སྙོམས་ལ་རྒྱུ་བར་འགྱུར་བ་ཞིག་ན། ད་ནི་ཅི་བྱར་ཡང་མེད་དོ་སྙམ་ནས། དེ་གཙུག་ལག་ཁང་དུ་སོང་སྟེ། ཇི་སྲིད་དུ་དེའི་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་དེའི་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང༌། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་གལ་ཏེ་ཟན་གཞན་གྱི་
ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་ནམ་ཅི་ན། ཇི་ཙམ་གྱིས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ། དེ་ཙམ་གྱི་ཟན་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་ཟོས་སམ། མ་ཟོས་སོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ། དགེ་སློང་གི་ཟན་གཅོད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང༌། དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག །ཁྱིམ་དག་དུ་འདོང་དང༌། དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་དག་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིང་ཅེས་ཟེར་ན། ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཞེ་གདུག །ཉེས་པ་ནི་ཆེད་དུ་བསམས་ཏེ། དགེ་སློང་གི་ཟན་གཅོད་དུ་འཇུད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ། །སྙམ་པ་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་སློང་འདིའི་ཟན་གཅོད་དུ་བཅུག་པར་འགྱུར་རོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་སྨྲས་ནས་སོ། །ཚེ་དང་ལྡན་པ་ཚུར་ཤོག །ཁྱིམ་དག་དུ་འདོང་དང་ཞེས་བྱ་བ་ནི། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གི་ཁྱིམ་དག་ཏུའོ། །དེར་ཁྱོད་ལ་བཅའ་བ་དང་བཟའ་བ་བསོད་པ་ཞེས་བྱ་བ་ནི་བཟའ་བ་ལྔ་པོ་དང་བཅའ་བ་ལྔ་པོ་དག་གོ །ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་ཞེས་བྱ་བ་ནི་ཅི་ཙམ་གྱིས་ཆོག་པའོ། །དེས་དེ་ལ་སྦྱིན་དུ་མ་བཅུག་པར། དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་
ཁྱོད་དང་ལྷན་ཅིག་སྨྲའམ་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་སྨྲའམ་འདུག་ན་བདེས་ཁྱོད་སོང་ཤིག་ཅེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུང་འགྲོ་དང༌། ཡི་དགས་ངན་སོང་དང༌། ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དག་གིས་དགེ་སློང་ཕ་རོལ་པའི་ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ། ཁྱིམ་པ་སྦྱིན་པ་པོའི་ཚིག་གིས་བསྒོ་བས་ཟན་གཅོད་དུ་བཅུག་ནས། ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཟན་གཅད་པར་བྱ་བ་དགེ་སློང་ཉིད་དག་སྦྱིན་བདག་ཁྱིམ་བ་དང༌། ཟས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཆེད་དུ་བསམས་པ་དང༌། ཟན་གཅད་པར་བྱ་བ་དགེ་སློང་ཉིད་དང༌། ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པ་དང༌། སྦྱིན་པ་པོ་ཁྱིམ་བ་དང༌། ཚིག་གིས་བསྒོ་བ་དང་ཟན་གཅོད་དུ་འཇུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དེ་ལྔ་བཅུ་གཅིག་པའོ།། །།མེ་ལ་རེག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མ་ག་དྷཱ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་དྲུག་སྡེ་དག །མེས་གཞན་ལ་གཏོང་བས་རྩེ་བར་བྱེད་ཅིང་ཟླ་བ་ཡང་བྱེད། ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་ནས་མུ་སྟེགས་ཅན་དག་ཤེས་ལན་དག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་མེས་གཞན་ལ་གཏོང་བས་རྩེ་བར་བྱེད། ཟླ་བ་ཡང་བྱེད་ཉི་མ་ཡང་བྱེད། མགལ་མེའི་འཁོར་ལོ་ཡང་བྱེད་དེ། བྱིས་པ་ཁྱེའུ་དག་ཀྱང་དེ་ལྟར་བྱེད་ན། ཤེས་ལྡན་དག་བྱིས་པ་ཁྱེའུ་དག་དང༌། ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ལ་བྱེ་
བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ་རེག་ཏུ་འཇུད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འགྲན་གཏོར་ལ་དགའ་པ། ཉེས་པ་ནི་མི་ན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་པར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་བཞག་སྟེའོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆེད་དུའོ། །མེ་ལ་རེག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རེག་ཏུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་མེས་རྩེ་བ་ཉིད་ཀྱིས་གཞན་ལ་གཏོང་བས་ཟླ་བ་དང༌། ཉི་མ་དང༌། མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པ་དང༌། སྟོན་པ་དང༌། ཆོས་དང༌། དགེ་འདུན་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་དང༌། ལྷུང་བཟེད་དམ་མཚོན་གྱི་ལས་ལ་བརྟག་པ་ལྟ་བུས་དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པས། སྦར་བ་དང༌། གསོད་པ་དང༌། མེས་རེག་པ་དང༌། མ་རེག་པའི་བུད་ཤིང་བསྐུལ་བ་དང༌། མེ་དང་བཅས་པ་འདྲེན་པ་དང༌། བསྐུལ་བ་དང༌། འདབ་མ་སྤུང་བ་དང༌། འདྲུ་བ་དག་དང༌། མེ་མ་མུར་དང༌། མེ་ལྕེར་བུད་ཤིང་འཛུད་པ་དང༌། འབྱིན་པ་རང་ངམ་བསྒོ་བས་བྱེད་ན་མེ་ལ་རེག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མེ་མ་མུར་དང༌། མེ་ལྕེ་མ་གཏོགས་པའི་མེ་ཉིད་དང༌། མེས་རྩེ་བ་ཉིད་དང༌། དུས་བྱིན་གྱིས་མ་བརླབས་པ་དང༌། ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མེ་ཉིད་དང༌། མེས་རྩེ་བ་ཉིད་དང༌། དུས་བྱིན་
གྱིས་མ་བརླབས་པ་དང༌། ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པ་དང༌། རང་ངམ་བསྒོ་བས་རེག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མེ་ལ་རེག་པའི་ལྟུང་བྱེད་དེ་ལྔ་བཅུ་གཉིས་པའོ།། །།འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དང༌། ཚེ་དང་ལྡན་པ་འདུན་པ་ནི་ཀོ་ཤཱམྦཱིར་སོང་སྟེ་ཡིད་དལ་དུ་འདུག་པ་དང༌། འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ་པ་དང༌། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་དུ་གནས་པ་དེའི་ཚེ་ན་བཅུ་བདུན་སྡེ་དག་གདུག་པ་དང་ཕ་རོལ་གནོན་པར་གྱུར་ཅིང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཡང་ཡིན་པས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ལ་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་དག་གིས་ཐོ་མ་བཙམས་ལ། ཇི་ལྟར་ཉེ་དགས་ཐོ་བཙམས་པ་ལྟར་ཡང༌། དགའ་བོས་ཐོ་མ་བཙམས་ཀྱིས་ཚུར་ཤེག །དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ན་གཅིག་གིས་སྨྲས་པ། ཕུ་ནུ་པོ་དག་དེའི་ཕུ་བ་དགའ་བོ་རྩོད་པ་ལ་མཁས་པས་བདག་ཅག་གིས་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །དེ་བྲེལ་བ་བསྐྱེད་པར་བྱའོ་ཞེས་དེ་དག་དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་གྱི་ཆོས་གོས་དག་དྲི་མ་ཅན་དུ་གྱུར་ཏོ། །བུ་དག་ཁོ་བོ་རྒས་པར་གྱུར་པས། དགེ་སློང་ལྷན་ཅིག་གནས་པ་དག་གིས་ཀྱང་རྒས་པའི་ཕྱིར་བརྙས་ཏེ། ཕྱིན་ཆད་ཆོས་གོས་ཀྱི་ལས་བྱེད་དུ་མི་བཏུབ་བོ། །བདག་ཅག་གིས་གནས་བརྟན་གྱི་ཆོས་གོས་དག་བཀྲུ་བར་བགྱིས། ཆོས་གོས་དག་ཚུར་སྩོལ་ཅིག་ཅེས་བཅུ་བདུན་སྡེ་དག་གིས། དགའ་བོ་ལ་རྙང་རྙིང་དག་བསྐོན་ཏེ། དེའི་ཆོས་གོས་ཐམས་ཅད་བླངས་ནས་འགྱུར་བྱེད་ཀྱིས་བརྩལ་ཏེ་གནས་མལ་
བཤམས་ནས། གཎྜཱི་བརྡུངས་ཏེ། དགའ་བོའི་གན་དུ་སོང་སྟེ་སྨྲས་པ། གནས་བརྟན་དགེ་འདུན་གྱི་བྱ་བ་ཅུང་ཞིག་མཆིས་ཏེ། གཎྜཱི་བརྡུངས་ཀྱིས་ཚུར་སྤྱོན། དགའ་བོས་སྨྲས་པ། བུ་དག་ཁོ་བོ་འདི་འདྲ་བའི་གནས་སྐབས་ཀྱིས། དགེ་འདུན་གྱི་ནང་དུ་ཇི་ལྟར་འགྲོ་བར་བྱ། དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་འབུལ་ལོ། །དེ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། དགེ་སློང་གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ། ཉེ་དགའ་ལ་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེ་དག་གི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཚེ་དང་ལྡན་པ་རྨ་སོས་པ་དག་དྲལ་ཏེ་ཅི་བྱ། དེ་ནི་འདས་པའི་དོན་ཡིན་ནོ། །དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ཁོ་ན་ལས་བརྩམས་ཏེ། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དེ་དག་གིས་ཉེ་དགའ་ལ་གྱ་ཚོམ་དུ་ནན་གྱིས་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་ནས། ཕུ་བོ་དགའ་བོའི་གན་དུ་སོང་སྟེ་ངུ་བར་བརྩམས་པ་དང༌། དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་དུ། ཉེ་དགས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས། ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཁམས་གསུམ་ནས་ཕྱུང་བར་གྱུར་ཅིག །ཁོ་བོས་བདག་གི་ནུ་བོ་གནས་ནས་དབྱུང་བར་མ་ཤེས་ཀྱིས། དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱེད་ལ་འདུན་པ་མི་སྦྱིན་ནོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་ནས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང༌། འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ། དགེ་སློང་ལ་འདུན་པ་ཕུལ་ནས། །དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང༌། འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། །ཉོན་མོངས་པ་ནི་སྤོང་བའི་ཆོས་སུ་བྱེད་པ། ཉེས་པ་ནི་འདུན་པ་ཕྱིར་བསྒྱུར་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བྱ་བ་ཆོས་དང་ལྡན་པ་ལ་ཞེས་བྱ་བ་ནི་ལས་ཆོས་འདི་དང་ལྡན་པ་ལའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འདུན་པ་ཕུལ་ནས་ཞེས་བྱ་བ་ནི་འདུན་པ་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་ཞེས་བྱ་བ་ནི་ཁྲོ་བའི་ཟིལ་གྱིས་གནོན་ནས་སོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་བསྙོན་པའི་ཆོས་སུ་བྱེད་ཅིང་ངོ༌། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་ལ་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གི་ལས་བརྒྱ་རྩ་གཅིག་གི་ནང་ནས་ནན་ཏུར་གྱིས་ལས་ལྔ་དང༌། གང་ཟག་བཅུ་གཉིས་བསྐོ་བ་དང༌། གྲངས་སུ་གཞུག་པའི་གཞི་ལ་སོགས་པ་ལྟ་བུ་དགེ་སློང་དི་དོན་གྱི་ཆེད་ཀྱི་ལས་དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་ལས་འདུན་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་སྨྲས་ན། འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལ་འདུན་པ་ཕུལ་བའོ། །འདི་ལ་ཡན་ལག་ལྔས་དངོས་ཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གི་དོན་གྱི་ཆེད་དང༌། ལས་དང༌། དེ་ལ་འདུན་པ་ཕུལ་བ་དང༌། དགེ་འདུན་གྱི་ཆོས་གཞིན་དུ་བྱས་པ་དང༌། དེའི་
ཕྱིར་བསྒྱུར་བའི་ཕྱིར་སྨྲས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དེ་ལྔ་བཅུ་གསུམ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་བཞི་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས། གང་ཟག་བསྙེན་པར་མ་རྫོགས་པ་དང༌། ལྷན་ཅིག་ཉལ་བར་མི་བྱ་ཞིང༌། སྣང་བ་ལ་ཡང་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་ནས། ཉེ་དགའ་ལ་དགེ་ཚུལ་ཚེར་མ་དང༌། ཆེན་པོ་པ་ཞེས་བྱ་བ་གཉིས་ཡོད་དོ། །དེ་དེ་གཉིས་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ། བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་གྱིས་ཁྱོད་གང་ཟག་བསྙེན་པར་མ་རྫོགས་པ་དང༌། ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་མ་ཉལ་ཅིག །ཉེ་དགས་སྨྲས་པ། གང་ལ་ནུབ་གཉིས་རུང་བ་དེ་ལ་ནུབ་གསུམ་པ་ཡང་རུང་སྟེ། ནུབ་གསུམ་པས་ཆང་འཐུངས་སམ། ཀུན་དོང་ཟོས་སམ། ཅི་ཉེས་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ། ནུབ་གཉིས་ལས་ལྷག་པར་འདའ་བར་བྱེད། ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག །ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་
པ་ནི་འདོད་ཆགས་ཀྱི་ཆ་ལ་བརྟེན་པ། ཉེས་པ་ནི་གང་ཟག་བསྙེན་པར་མ་རྫོགས་པ་དང༌། ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ།། གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཅེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང༌། དགེ་སློང་མའོ། །དེ་ལས་གཞན་པ་ནི་བསྙེན་པར་མ་རྫོགས་པའོ། །ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི། ནུབ་གཉིས་ལས་འདས་པར་རོ། །གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་གཞི་བོ་ཐམས་ཅད་བསྐོར་བ་དང༌། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་ཀྱང་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང༌། འཁོར་གྱི་ཁྱམས་དང༌། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི། སྒོ་བཅུ་པ་དང༌། སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི། ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང༌། འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལམ་གྱིས་དུབ་བས་རྨྱ་བ་དང༌། དགེ་སློང་གིས་བྱར་མི་རུང་བ་སྒྲུབ་པར་བྱེད་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་པའི་ནད་པ་དང༌། ནད་གཡོག་དང༌། འཁོར་ཡོད་པའི་དགེ་སློང་སྡིག་པ་ཅན་རང་གི་དགེ་ཚུལ་ལ་འཚེ་བ་གནས་དེར་འོངས་པ་མ་གཏོགས་པས་ཁྱིམ་པའམ། རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དང་ལྷན་ཅིག་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་གནས་ཕལ་ཆེར་གཡོགས་པ་དང༌། བསྐོར་བ་ལ་སོགས་པ་གཅིག་ཏུ་མཚན་མོ་གསུམ་པའི་སྐྱ་རེངས་འཆར་བའི་མཐར་ཉལ་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་དངོས་གཞིར་
འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁྱིམ་པའམ། རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དང༌། གནས་གཅིག་པ་ཉིད་དོ། །འདི་ལ་ཡང་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ལམ་གྱིས་དུབ་པས་རྨྱ་བ་ལ་སོགས་པ་མ་ཡིན་པ་ཉིད་དང་ཁྱིམ་པའམ། རབ་ཏུ་བྱུང་བའི་གང་ཟག་བསྙེན་པར་མ་རྫོགས་པ་མཚན་དང་ལྟ་བ་གང་ཡང་རུང་བ་དང༌། གནས་གཅིག་པ་ཉིད་དང༌། གཉི་ག་ལ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པ་ཉིད་དང༌། མཚན་མོ་གསུམ་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་ལྔ་བཅུ་བཞི་པའོ།། །།ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན། སྔོན་བོད་རྫི་དགེ་སློང་མཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་རོ། །དགེ་སློང་རབ་ཏུ་མང་པོ་དག་གིས་དེ་ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་སྔོན་བོང་རྫི་དགེ་སློང་འཆི་ལྟས་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གཞི་དེ་གཏོང་དུ་གཞུག་པའི་ཕྱིར། དང་པོར་བཞམས་ཏེ་བསྒོ་བར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དགེ་སློང་དག་གིས་དེ་བཞིན་བྱས་ཀྱང་དེ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་
ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ༌། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི། བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་སྔོན་བོང་རྫི་དགེ་སློང་འཆི་ལྟས། ཉོན་མོངས་པ་ནི་ལྟ་བའི་ཀུན་དུ་སྦྱོར་བ། ཉེས་པ་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆི་ལྟས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ་བར་དུ་གཅོད་པའི་ཆོས་ཞེས་བྱ་བ་ནི། ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་
བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་གང་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་དག་གོ །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་ལས་ལྷག་པར་སྤྱད་ཀྱང་ངོ༌། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱིས་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་ཟེར་བའོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པ་དང༌། ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་སོ་ཞེས་ཟེར་ནའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི་འཆི་ལྟས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི། བཞམས་ཏེ་བསྒོ་བ་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟང་པའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དང༌། ཡང་དག་པར་བསྟན་པ་ནི། སྔར་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞིའི་སྐབས་སུ་བཞི་བསྟན་པ་བཞིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འཇུག་པ་ལ། དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན་ལྟ་བའི་རྣམ་པ་མི་གཏོང་
བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཉིད་དང༌། དགེ་འདུན་གྱིས་བཞམས་པ་དང༌། གསོལ་པ་དང༌། བཞིའི་ལས་ཀྱིས་བཟློག་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བར་དུ་གཅོད་པའི་ཆོས་ཉིད་དང༌། དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་བ་དང༌། དགེ་འདུན་གྱིས་བཞམས་པ་དང༌། གསོལ་བ་དང༌། བཞིའི་ལས་ཀྱིས་ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པ་དང༌། དེར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དེ་ལྔ་བཅུ་ལྔ་པའོ།། །།སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །འཆི་ལྟས་དེ་གནས་ནས་དབྱུང་བའི་ལས་བྱས་པ་ན་དུ་ཞིང༌། ཉེ་དགའི་གན་དུ་སོང་བ་དང༌། ཉེ་དགས་སྨྲས་པ། འཆི་ལྟས་ཁྱོད་ཅིའི་ཕྱིར་དུ། འཆི་ལྟས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་དབྱུང་བའི་ལས་བྱས་སོ། །ཉེ་དགས་སྨྲས་པ། གང་དག་གིས་འཆི་ལྟས་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཁམས་གསུམ་ནས་གནས་ནས་དབྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག་ལ། གྲོང་ངམ། གྲོང་རྡལ་དག་མེད་དམ་ཅི་སྡོད་ལ་བཟོད་པ་གསོལ་ཅིག་ཅེས། ཉེ་དགའ་འཆི་ལྟས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང༌། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དེ་སྐད་ཟར་བའི་གང་ཟག་ཆོས་བཞིན་མ་བྱས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང༌། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་
ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད་ཀུན་དུ་གནས་པར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་སྡིག་པ་འདོད་པ། ཉེས་པ་ནི་སྤངས་པའི་རྗེས་སུ་ཕྱོགས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །དེ་སྐད་ཟེར་བའི་གང་ཟག་ཅེས་བྱ་བ་ནི་འཆི་ལྟས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཆོས་བཞིན་དུ་མ་བྱས་པ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་མ་བྱས་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་གང་ཡིན་པ་དེའོ། །གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ལུང་དབོག་པ་སྦྱིན་པར་བྱེད་པའོ། །ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི། དམིགས་ཀྱིས་འདྲི་བ་སྦྱིན་པར་བྱེད་པའོ། །ཀུན་དུ་གནས་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང་ཞེས་བྱ་བ་ནི། དེ་ལ་བསྙེན་བཀུར་བདག་གིར་བྱེད་ཅིང་ངོ༌། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི། གནས་ཁང་དང༌། འཁོར་གྱི་ཁྱམས་དང༌། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི། སྒོ་བཅུ་པ་དང་སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི། ཁྱམས་ངོས་བཞི་པ་དག་གོ །ཕལ་
ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ནི་ཁྱམས་ངོས་གསུམ་པ་དག་དང་འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲས་པས། དགེ་འདུན་གྱིས་གནས་ནས་དབྱུང་བ་དང༌། སྨད་པའི་ལས་བྱས་ཤིང་སྤངས་པའི་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལ་ནད་པ་དང༌། ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པར། ཤེས་བཞིན་དུ་ལུང་དབོག་པ་དང༌། དམིགས་ཀྱིས་འདྲི་བ་དང༌། གནས་འཆའ་བ་དང༌། རྗེས་སུ་བསྟན་པ་དང༌། གདམས་ངག་སྦྱིན་པ་དང༌། ལྟ་བ་སྨྲ་བ་དང༌། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང༌། བསྙེན་བཀུར་བདག་གིར་བྱེད་པ་དང༌། གནས་གཅིག་ཏུ་གཉི་ག་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང༌། ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་སྲུལ་ན་ཡང་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དེ་སྐད་སྨྲས་པས། སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཐ་ན་འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང༌། དེའི་ཕྱིར་བཅོས་པ་ཉིད་མ་བྱས་པ་དང༌། དེར་འདུ་ཤེས་པ་དང༌། ནད་པ་དང་ལྟ་བ་དང་དབྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པ་དང༌། ལུང་དབོག་པ་ནས་གཞན་གྱིས་སྲུལ་བ་ཞེས་སྨོད་པའི་བར་གང་ཡང་རུང་བ་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྤངས་བའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དེ་ལྔ་བཅུ་དྲུག་པའོ།། །།བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཉེ་དགའ་ལ། དགེ་ཚུལ་ཚེར་མ་དང༌། ཆེན་པོ་པ་ཞེས་བྱ་བ་
གཉིས་ཤིག་ཡོད་དེ། འདོད་ཆགས་དང་བྲལ་བ་མེད་པ་ན། དགེ་སློང་རྣམས་དེ་གཉིས་དང་ལྷན་ཅིག་གཞོགས་སྟེགས་བྱེད། འཕྱར་གཡེང་བྱེད། ཐོ་འཚམས་པར་བྱེད། ཀུན་དུ་རྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། རྒོད་པ་དང་དྲེགས་པ་དང༌། ལུས་ལ་རྡེག་པར་བྱེད་དོ། །ཕྱིས་དེ་དག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམ་པ་བྱས། བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་པར་བྱས་ཏེ། སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང། རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དུས་གཞན་ཞིག་ན་དགེ་ཚུལ་ཚེར་མ་དང༌། ཆེན་པོ་པ་གཉིས་མེ་ཏོག་དག་ཐུ་ཞིང་འཁོད་པ་ན། ནམ་མཁའ་ལས་དགེ་སློང་དག་ཅིག་རྫུ་འཕྲུལ་གྱིས་འདོང་བ་མཐོང་ནས། དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་སུ་དག་ཡིན། དེ་དག་གིས་སྨྲས་པ། ཁོ་བོ་ཅག་མིང་འདི་ཞེས་བྱ་བ་དག་ཡིན་ནོ། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གཉིས་དང་ལྷན་ཅིག་འདི་ལྟ་བུ་དག་བྱས་སོ། །དེ་དག་གིས་སྨྲས་པ། དེ་ལྟ་བུ་ཡིན་མོད་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་བསྡམ་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བསྡམ་པ་བྱས། བཤགས་པར་བྱ་བའི་ལྟུང་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་པར་བྱས་ཏེ། སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེ་ན་དགེ་ཚུལ་ཚེར་མ་དང། ཆེན་པོ་པ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་རོ། །དགེ་སློང་རབ་ཏུ་མང་པོ་དག་གིས་དེ་ཐོས་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་དགེ་ཚུལ་ཚེར་མ་དང༌། ཆེན་པོ་པ་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གཞི་དེ་གཏོང་དུ་གཞུག་པའི་
ཕྱིར། དང་པོར་བཞམས་ཏེ་བསྒོ་བར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང༌། བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དེ་ལྟ་ན་ཡང་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བའི་ལས་བྱས་སོ། །དགེ་སློང་དག་གིས་དེ་བཞིན་བྱས་ཀྱང་དེ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང༌། མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་ནས། དགེ་སློང་རྣམས་ཀྱིས་དེ་གཉིས་བསྙིལ་བའི་ལས་བྱས་སོ། །དེ་གཉིས་བསྙིལ་བའི་ལས་བྱས་པ་ན་དུ་ཞིང༌། ཉེ་དགའི་གན་དུ་སོང་བ་དང༌། ཉེ་དགས་སྨྲས་པ་དང༌། ཚེར་མ་དང་ཆེན་པོ་པ་དང་ཁྱེད་གཉིས་ཅིའི་ཕྱིར་དུ། དེ་གཉིས་ཀྱིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་ཅག་གཉིས་བསྙིལ་བའི་ལས་བྱས་སོ། །ཉེ་དགས་སྨྲས་པ། གང་དག་གིས་ཁྱེད་གཉིས་བསྙིལ་བའི་ལས་བྱས་པ་དེ་དག །གྲོང་དང༌། གྲོང་ཁྱེར་དང༌། ལྗོངས་དང༌། ཁམས་གསུམ་ནས་བསྙིལ་བར་གྱུར་ཅིག །འོན་ཀྱང་བསྙིལ་བའི་ལས་བྱས་པ་དག་ལ། གྲོང་དང་གྲོང་ཁྱེར་དག་མེད་དམ་ཅི། སྡོད་ལ་བཟོད་པ་གསོལ་ཅིག་ཅེས། དེས་དེ་གཉིས་ཉེ་བར་འཇོག་པར་བྱེད། ཉེ་བར་གཏོང་བར་བྱེད་ཅིང༌། དེ་གཉིས་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་དག་ཉེ་བར་འཇོག་པར་བྱེད། ཉེ་བར་གཏོང་བར་བྱེད་ཅིང༌། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་ཚུལ་ཞིག་ཀྱང་དེ་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་ཚུལ་དེ་ལ། དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་
གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ༌། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་བར་དུ་གཅོད་པ་དག་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་པ་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ། དགེ་སློང་རྣམས་ཀྱིས། དེང་ཕྱིན་ཆད་དགེ་ཚུལ་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་སློང་རྣམས་དང༌། དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་གཏོང་བར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་སྡིག་པ་འདོད་པ། ཉེས་པ་ནི་དགེ་ཚུལ་བསྙིལ་བ་སྡུད་པའོ། །དེ་ལ་དགེ་ཚུལ་ཞིག་ཀྱང་ཞེས་བྱ་བ་ནི་ཚེར་མ་དང༌། ཆེན་པོ་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །འདི་སྐད་ཅེས་བྱ་བ་ནི་དེ་སྐད་ཟེར་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་ཞེས་བྱ་བ་ལ། འདོད་པ་
དག་ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གོ །དེ་དག་བསྟེན་ཀྱང་ཞེས་བྱ་བ་ནི་དེ་དག་ལྷག་པར་སྤྱད་ཀྱང་ངོ༌། །བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེས་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ་ཞེས་ཟེར་ནའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་བཤད་པའོ། །བསྟན་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །བདག་གིས་ཤེས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་བདག་གིས་ཀུན་ཤེས་སོ་ཞེས་ཟེར་ནའོ། །དགེ་ཚུལ་དེ་ལ་ཞེས་བྱ་བ་ནི། ཚེར་མ་དང་ཆེན་པོ་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ། །འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི། བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ནའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་དང༌། ཡང་དག་པར་བསྟན་པ་ནི་སྔར་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞིའི་སྐབས་སུ་བསྟན་པ་བཞིན་ནོ། །དགེ་ཚུལ་དེ་ལ་ཞེས་བྱ་བ་ནི་ཚེར་མ་དང༌། ཆེན་པོ་བའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་མ་འགྲོ་ཤིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག །ཅེས་བསྒོ་བར་བྱའོ་ཞེས་
བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བ་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །དེ་ལྟར་བསྙིལ་བའི་དགེ་ཚུལ་ཞེས་བྱ་བ་ནི་ཚེར་མ་དང༌། ཆེན་པོ་པ་ཇི་ལྟ་བར་རོ། །ཉེ་བར་འཇོག་པར་བྱེད་ཅེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཉེ་བར་གཏོང་བར་བྱེད་ཅེས་བྱ་བ་ནི་ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་དང༌། ལུང་དབོག་པ་དང༌། ཀློག་པ་དང༌། ཁ་ཏོན་དང། དམིགས་ཀྱིས་འདྲི་བ་སྦྱིན་པས་སོ། །དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ནའོ། །དེ་ལ་གནས་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང༌། འཁོར་གྱི་ཁྱམས་དང༌། ཁང་པ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དག་ནི། སྒོ་བཅུ་པ་དང༌། སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི། ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་འཁོར་གྱི་ཁྱམས་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་ཚུལ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་དེ་སྐད་སྨྲ་བས་དགེ་འདུན་གྱིས་བསྙིལ་བའི་ལས་བྱས་ཤིང་སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་ཚུལ་ལ། ནད་པ་དང་ལྟ་བ་དང་བྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པར་དགེ་སློང་གིས་ཤེས་བཞིན་དུ་ལུང་དབོག་པ་དང༌། དམིགས་ཀྱིས་འདྲི་བ་དང༌། གནས་འཆའ་བ་དང༌། རྗེས་སུ་
བསྟན་པ་དང༌། གདམས་ངག་སྦྱིན་བ་དང༌། ལྟ་བ་སྨྲ་བ་དང༌། ཟང་ཟིང་གི་ལོངས་སྤྱོད་བྱེད་པ་དང༌། བསྙེན་བཀུར་བདག་གིར་བྱེད་པ་དང༌། གནས་གཅིག་ཏུ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པས་སྐྱ་རེངས་འཆར་བར་བྱེད་པ་དང༌། ཐ་ན་འདག་རྫས་ཙམ་ཡན་ཆད་གཞན་གྱིས་སྲུལ་ན་ཡང༌། བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དེ་སྐད་སྨྲ་བས་བསྙིལ་བའི་དགེ་ཚུལ་ཕྱིར་བཅོས་པ་མ་བྱས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དེ་སྐད་སྨྲ་བའི་དགེ་ཚུལ་དགེ་འདུན་གྱིས་བསྙིལ་བའི་ལས་བྱས་པ་དང༌། དེ་ཕྱིར་བཅོས་པ་ཉིད་མ་བྱས་པ་དང༌། དགེ་སློང་དེར་འདུ་ཤེས་པ་དང༌། ནད་པ་དང༌། ལྟ་བ་དང་བྲལ་བར་གཏོགས་པའི་དོན་གྱི་དབང་མ་གཏོགས་པ་དང༌། དེ་ལ་ལུང་དབོག་པ་ནས་གཞན་གྱིས་སྲུལ་བ་ཞེས་སྨོས་བའི་བར་གང་ཡང་རུང་བས་བསྡུ་པ་བྱས་པའོ། །དེ་དག་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྙིལ་བ་སྡུད་པའི་ལྟུང་བྱེད་དེ་ལྔ་བཅུ་བདུན་པའོ།། །།ཁ་མ་བྶྦྱུར་བའི་གོས་གོན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་རྒྱལ་པོའི་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང༌། ཡིད་འོང་གཉིས་ཀྱི་རྟེན་འཛུགས་སུ་བཅུག་སྟེ། དུས་སྟོན་བྱེད་པའི་ཚེ་ལྷོ་ཕྱོགས་ནས་གར་མཁན་ཞིག་དེར་འོངས་པས། དགེ་སློང་མ་སྦོམ་དགའ་མོས་གང་གི་ཚེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་སྐད་གསུངས་པ་བཞིན་ཐམས་ཅད་རྒྱས་པར་མཉན་ཏེ། གར་ཐབས་སུ་སྦྱར་ནས། དེའི་འོག་ཏུ་ཡང་དྲུག་སྡེ་དག་ཟན་ཟོས་ཟིན་ཅིང་སྤངས་པས་བཟའ་བ་དང་བཅའ་བ་བསོད་པ་རྙེད་པའི་ལྷག་པོར་བྱེད་པ་མཐོང་ནས། དེ་ཡང་སྨྱོན་ཐབས་སུ་སྦྱར་ནས་བླ་རེ་བྲེས་ཏེ། རྫ་རྔ་ཆེན་པོ་བརྡུང་བ་དང༌། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེར་ལྷགས་ཏེ་འདུག་ཅིང་མཐུན་པར་གྱུར་པའི་ཚེ་དེས་མངོན་པར་འབྱུང་བའི་མདོ་ལས་རྒྱ་ཆེར་ཇི་
སྐད་གསུངས་པ་དང་འདྲ་བར་དེ་ལྟར་བཅོས་པ་ཐམས་ཅད་གར་ཐམས་སུ་རྒྱ་ཆེར་སྦྱར་ཏེ་གར་བྱས་ཤིང༌། དེའི་འོག་ཏུ་གར་མཁན་གཅིག་གིས་འཆར་ཀའི་ཆ་ལུགས་སུ་བྱས་ཤིང༌། གར་མཁན་གཞན་གཅིག་གིས་འདུན་པའི་ཆ་ལུགས་སུ་བྱས་ཏེ། ཁམ་ཕོར་ཐལ་བས་བཀང་ནས་སྟེང་དུ་བུ་རམ་གྱི་དུམ་བུ་གཉིས་སམ་གསུམ་དུ་བཞག་སྟེ། འཆར་ཀ་དང་འདུན་པ་ལྷག་པོར་བྱེད་པ་ལྟར་བཅོས་པ་ཐམས་ཅད་སྨྱོན་ཐབས་སུ་རྒྱ་ཆེར་སྦྱར་ཏེ་བཞད་གད་བྱས་པ་དང༌། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དད་པ་དང་ལྡན་པ་དག་ནི། དད་པ་མངོན་པར་འཕེལ་བར་གྱུར་ཅིང༌། མ་དད་པ་དག་དད་པར་གྱུར་ནས། གར་མཁན་དེས་ཀྱང་རྙེད་པ་མང་པོ་གྲུབ་པར་གྱུར་ཏོ། །ཇི་ཙམ་ན་མཐར་གྱིས་དྲུག་སྡེ་དག་གིས་གར་མཁན་དེས་བདག་ཅག་ལྟར་བཅོས་ཞེས་གྲག་གོ་ཞེས་ཐོས་ནས་དེ་དག་གིས་སྨྲས་པ། བདག་ཅག་གར་མཁན་དེ་མི་དགའ་བར་བྱས། སྲིང་མོ་དག་གི་གན་དུ་གྲོས་བྱེད་དུ་འདོང་ངོ་ཞེས་དེ་དག་དགེ་སློང་མ་བཅུ་གཉིས་སྡེ་དག་གི་གན་དུ་སོང་ནས་སྨྲས་པ། སྲིང་མོ་དག་བདག་ཅག་གིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ནི་སྒྲ་མི་སྙན་ཞེས་བྱ་བའི་གར་ཐབས་སུ་བྱས་པ་གང་ཡིན་པ་དེ་ལས་ཅུང་ཟད་ཅི་དྲན་པ་འགྲོའོ་ཞེས་དེ་རྣམས་དེ་དག་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་དོང་སྟེ། འགྲོ་བར་བརྩམས་པ་དང༌། ཇི་ཙམ་ན་ཅུང་ཟད་ཀྱང་མ་བརྗེད་ནས། དེ་དག་གིས་རྒྱལ་པོའི་ཕོ་བྲང་ནས་རྒྱན་དང་ཆ་ལུགས་བླངས་ཏེ། གར་མཁན་དེ་དང་ཧ་ཅང་ཐག་མི་རིང་བར་བླ་རེ་བྲེས་ནས། ཉེ་དགས་མགོ་རས་ཀྱིས་དཀྲིས་ཏེ། རྫ་རྔ་ཆེན་པོ་བརྡུང་བ་དང༌། གར་ལ་ལྟ་བ་དེའི་ནང་ནས། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཕྱིར་བྱུང་སྟེ་དེར་ལྷགས་སོ། །གར་མཁན་དེ་ཡང་དེར་སོང་བ་དང༌། ཇི་ཙམ་ན་ལྷའི་གར་ཐབས་ལྟ་བུར་མཐོང་ནས། དེས་བསམས་པ། འདི་དག་ལྷ་གར་བྱེད་པ་ཡིན་ནམ། འོན་ཏེ་ཀླུ་དག་གམ། འོན་ཏེ་གནོད་སྦྱིན་དག་གམ། དྲི་ཟ་དག་གམ། མི་འམ་ཅི་དག་གམ། ལྟོ་འཕྱེ་ཆེན་པོ་དག་གར་བྱེད་པ་ཡིན་སྙམ་དུ་རིག་ནས་ཡ་མཚན་སྐྱེས་པར་གྱུར་ཏོ། །དྲུག་སྡེ་དག་གིས་ཀྱང་གར་བྱས་ནས་ཆ་བྱད་བརྟུལ་ཏེ་འདོང་བ་དང༌། གར་མཁན་དེས་བསམས་པ། འདི་དག་སུ་ཞིག་ཡིན་སྙམ་ནས། དེ་དག་གི་ཕྱི་བཞིན་ཕྱི་བཞིན་འབྲང་ཞིང་སོང་བ་དང༌། དེ་ཅི་ཙམ་དེ་དག་འོད་མའི་ཚལ་དུ་
ཞུགས་ནས། གར་མཁན་དེས་སྒོར་བསྡད་པ་དང༌། ཅི་ཙམ་ན་འཆར་ཀ་རྣ་བ་བབ་ལས་བསྐུས་བཞིན་དུ་སྒོར་བྱུང་ནས། གར་མཁན་དེས་དེ་ལ་སྨྲས་པ། འཕགས་པ་གར་དེ་ཁྱེད་ཀྱིས་བགྱིས་སམ། འཆར་ཀས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། བཀྲེན་པ་ཁྱོད་ཁོ་བོ་ཅག་ཁོ་ནའི་སྒྱུ་རྩལ་གྱིས་ཉེ་བར་འཚོ་ལ། ཁོ་བོ་ཅག་ཉིད་ལྟར་འཆོས་པས། ཁྱོད་གང་དང་གང་དུ་གར་བྱེད་པ་དེ་དང་དེར་ཁོ་བོ་ཅག་དོང་ལ། ཁྱོད་ལ་ཐོ་བཙམས་པར་བྱ་སྟེ། ཁོ་བོ་ཅག་གིས་རྫ་རྔ་ཆེན་པོ་དང༌། ཆ་སྤྱད་གཞན་ཅི་ཡང་བསྐུར་མི་ དགོས་པར་འོང་ངོ༌། །གར་མཁན་དེས་སྨྲས་པ ། འཕགས་པ་དེ་ནི་བདག་ཅག་གི་འཚོ་བ་ལགས་ཀྱིས་བཟོད་པ་མཛོད་ཅིག །འཆར་ཀས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་རྙེད་པ་དེ་དག་ཐམས་ཅད་ཁོ་བོ་ཅག་ལ་བྱིན་ན་བཟོད་པར་བྱའོ། །དེ་བསམས་པ། དེ་དག་ཡང་དང་ཡང་དུ་ཐོ་བཙམས་པར་འགྱུར་གྱིས་སྦྱིན་ནོ་སྙམ་ནས། དེས་རྙེད་པ་ཐམས་ཅད་དེ་དག་ལ་སྦྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །ཇི་ཙམ་ན་དེའི་ཆུང་པོ་གྲོགས་འོངས་ནས། དེས་དེ་ལ་དྲིས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཁོ་བོ་ཆད་པས་གཅད་དོ། །སུས་ཤཱཀྱའི་བུ་དགེ་སྦྱོང་དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དེས་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི། དགེ་སྦྱོང་གི་ཚུལ་ནི་ཚིག་གོ་བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གར་མཁན་དག་ལ་ཡང་ཆད་པས་གཅོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི། དགེ་སློང་དག་ཁྱིམ་པའི་གོས་གྱོན་པ་ལས་གྱུར་པ་ཡིན་པས་དེའི་ཕྱིར་དགེ་སློང་གིས་ཁྱིམ་པའི་གོས་བསྒོ་བར་མི་བྱའོ་སྙམ་དུ་དགོངས་ནས་སྔ་མ་བཞིན་དུ། དགེ་སློང་གིས་གོས་གསར་བ་ཞིག་རྙེད་ན། ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། དུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བ་གསུམ་བྱའོ། །
གལ་ཏེ་དགེ་སློང་གིས་གོས་གསར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་གྱོན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་བཟོད་པ་དང་རྙེད་པ་འདོད་པ། ཉེས་པ་ནི་གོས་ཁ་མ་བསྒྱུར་བར་གོན་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གོས་ཞེས་བྱ་བ་ནི། བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མ་ལི་གོས་དང༌། དུ་གུ་ལའི་གོས་དང༌། ཀོ་ཏམ་པའི་གོས་དང༌། རས་བལ་གྱི་གོས་དང༌། ཉི་འོག་གི་གོས་གང་ཡང་རུང་བའོ། །སར་པ་ཞིག་ཅེས་བྱ་བ་ནི། སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པ་སྟེ། དོན་འདིར་ནི་རྙེད་པས་སར་པ་ཡིན་པར་དགོངས་སོ། །རྙེད་ན་ཞེས་བྱ་བ་ནི་གཞན་ལས་སོ། །ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བ་ཞེས་བྱ་བ་ལ། སྔོན་པོ་ཞེས་བྱ་བ་ནི་རམས་ཉིད་དོ། །དམར་པོ་ཞེས་བྱ་བ་ནི་བཙག་གོ །ངུར་སྨྲིག་ཅེས་བྱ་བ་ནི་ཤིང་ཤུན་ནོ། །ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ནི། ཁ་དོག་ངན་པར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བ་ཁ་མ་བསྒྱུར་བར་སྤྱོད་ན་ཞེས་བྱ་བ་ནི་གྱོན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གོས་སར་པ་འམ། དུས་ཚིགས་སུ་སྤྱད་པ་རྙིང་པ་ཡང་རུང་སྟེ། གསར་དུ་རྙེད་པས་སར་པ་ཞིག་རྙེད་ན་སྡེ་པ་གཞན་ལས་འོངས་པ་དང༌། ཁྱིམ་པ་གཞན་ལས་བརྐུས་པའི་གོས་ངུར་སྨྲིག་རུང་བར་བྱས་ཟིན་པ་མ་གཏོགས་པ་རང་གི་གོས་དང༌། ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང༌། ལྷུང་བཟེད་ཀྱི་སྣོད་དང༌། རྐང་པའི་འབོབ་པ་དང༌། སྐ་རགས་དང༌། བསྒོ་བ་ལ་སོགས་པ་ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བ་ལ་ཡོངས་སུ་ལོངས་སྤྱོད་ན། ཁ་མ་བསྒྱུར་བའི་གོས་གོན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་ལ་སོགས་པ་རྙེད་པས་
སར་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསར་དུ་རྙེད་པ་དང༌། རང་གི་དང༌། གོས་དང༌། ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་སྔོན་པོ་འམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བ་དང༌། སྤྱོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དེ་ལྔ་བཅུ་བརྒྱད་པའོ།། །།ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན། སྦྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་སོ། །ལམ་གྱི་བར་ན་ཡངས་པ་ཅན་གྱི་ལོ་ཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་དག་ཡོད་ནས། དེ་དག་དེ་བལྟར་ཞུགས་པ་དང༌། ཇི་ཙམ་ན་དེ་ན་ཡོ་བྱད་རྣམ་པ་སྣ་ཚོགས་དང༌། ཁྲུས་ཀྱི་ཆལ་དག་དང༌། སོ་ཕག་དག་དང༌། བསྐུ་བ་དག་དང༌། ཕྲུག་སྤྱད་དག་དང༌། ས་གར་དག་དང༌། སྐྱུ་རུ་ར་དག་དང༌། མགོ་བཀྲུ་བ་དག་དང༌། པི་བང་དང༌། འོད་མ་དང༌། མ་ཧ་ཏི་དང༌། བལ་ལ་རི་དང༌། སུ་གྷོ་ཤ་ཀ་དག་བཞག་པ་དག་མཐོང་ནས། དེ་དག་གིས་གླུ་བླངས་ཤིང་བྲོ་བརྡུང་བར་བྱའོ་ཞེས། དེ་དག་གིས་གླུ་བླངས་ཤིང་བྲོ་བརྡུང་བར་བརྩམས་སོ། །རྒྱལ་པོ་ཟས་གཙང་གི་སྐྱེད་མོས་ཚལ་དུ་སྤྱད་པའི་རོལ་མོའི་སྒྲ་གང་ཡིན་པ་དེ་ནི། ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གཡུལ་ངོ་ལ་སྤྱད་པའི་རོལ་མོའི་སྒྲ་ཡིན་པས། ཡངས་པ་ཅན་གྱི་ལི་ཙྪ་བཱི་དག་གིས་རོལ་མོའི་སྒྲ་དེ་ཐོས་ནས་དེ་དག་སྡངས་ཏེ། སྨྲས་པ། ཤེས་ལྡན་དག་ཕ་གསོད་པས་མ་སྦྲན་པར་དམག་དྲངས་ཏེ་འོངས་སོ་ཞེས་དེ་དག་གོ་བགོས་ཏེ་ཕྱིར་འབྱུང་བར་བརྩམས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་དེ་ནི་ཁོ་བོ་ཅག་གིས་བཞད་གང་བྱས་པ་ཡིན་ན། ཁྱེད་ཅག་དེ་ལྟར་བྲེད་ངས་སམ། འཕགས་པ་དག་ཁྱེད་ཀྱི་རོལ་མོའི་སྒྲའི་ཡོ་བྱད་དེ་དག་སྒྲ་ཕྱུང་ངམ། ཁོ་བོ་ཅག་སྒྲ་ཕྱུང་ངོ༌། །དེ་དག་གིས་སྨྲས་པ། འཕགས་པ་དག་ཡངས་པ་ཅན་གྱི་ལི་ཙྪ་བཱི་དག་སྔངས་པས། ཁྱེད་ལ་གནོད་པ་བྱེད་ན་མི་རུང་གིས་སླར་ལོག་ཤིག །དེ་དག་ཕྱིར་ལོག་པ་དང༌། དགེ་
སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཇི་སྟེ་ཕྱིར་ལོག །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག །ཁོ་བོ་ཅག་དེའུ་བསད་དོ། སུས། ཡངས་པ་ཅན་གྱི་ལི་ཙྪ་བཱི་དག་གིས་སོ། །ཅིའི་ཕྱིར། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་མི་མཛེས་པ་དེ་ལྟ་བུ་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུད་ན། ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ། འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ། དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལོངས་པའི་གཞིར་གཏོགས་པ། ཉེས་པ་ནི་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རིན་པོ་ཆེའམ་ཞེས་བྱ་བ་ལ། རིན་པོ་ཆེ་ཞེས་བྱ་བ་ནི། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། ཤང་ཀ་ཤི་ལ་དང༌། བྱི་རུ་དང༌། གསེར་དང༌། དངུལ་དང༌། རྡོའི་སྙིང་པོ་དང། སྤུག་དང༌། དམར་པོ་དང༌། གཡས་སུ་འཁྱིལ་པའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ལ། རིན་པོ་ཆེར་སྨོས་པ་ཞེས་བྱ་བ་ནི། གཡུལ་དོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང༌། རོལ་མོ་སྤྱད་པའི་ཡོ་བྱད་ཐམས་ཅད་དོ། །རང་གི་ལག་གིས་ཞེས་བྱ་བ་ནི། ལག་པས་ལག་པར་རོ། །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །ལེན་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ཀུན་དགའ་ར་བར་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་ཀུན་དགའ་ར་བའི་ཕྱི་རོལ་ནའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་ཞེས་བྱ་བ་ནི་ཀུན་དགའ་ར་བའི་ནང་ནའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་ཀུན་དགའ་ར་བར་
གཏོགས་པ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ན་འདུག་པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པའོ། །ཀུན་དགའ་ར་བར་གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པའམ། འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། བསླབ་པའི་གཞི་བཅའ་བ་མཛད་པ། དེ་ལ་དེ་ནི་གནང་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ།། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་གིས་རིན་པོ་ཆེ་རང་གི་མ་ཡིན་པར་ནོར་བུ་དང༌། མུ་ཏིག་དང༌། བཻཌཱུཪྻ་དང༌། ཤང་ཀ་ཤི་ལ་དང༌། བྱི་རུ་དང༌། གསེར་དང༌། དངུལ་དང༌། རྡོའི་སྙིང་པོ་དང༌། སྤུག་དང༌། དམར་པོ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་བདར་བ་དང༌། ཕུག་པ་ཉིད་དང༌། མགུལ་རྒྱན་དང༌། གདུ་བུ་རྒྱན་ཅན་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་དོ་ལ་སོགས་པ་དེ་དག་ཉིད་དུ་གནས་པ་དང༌། རིན་པོ་ཆེར་སྨོས་པ་སུའི་ཡང་རུང་བ། གཡུལ་ངོར་སྤྱད་པའི་མཚོན་ཆ་གཞུ་རྒྱུད་དང་བཅས་པ་ཉིད་དང༌། རལ་གྲི་དང༌། རལ་གྲི་ཁྱོག་པོ་དང༌། རལ་གྲི་སོ་གཅིག་པ་དང༌། མདུང་དང༌། ཕང་མདུང་དང༌། ལྕགས་ཀྱུ་ལ་སོགས་པ་དེ་ཉིད་ཡིན་པ་དང༌། མདའ་དང༌། ལྕགས་མདའ་དང༌། མདའ་ཕྱེད་ལྕགས་ལས་བྱས་པ་ལ་སོགས་པ་མདེའུ་དང་བཅས་པ་ཉིད་དང༌། རོལ་མོར་སྤྱད་པའི་ཡོ་བྱད་པི་བང་དང༌། འོད་མ་དང༌། བལ་ལ་རི་དང༌། མ་ཧ་ཏི་དང༌། སུ་གྷོ་ཤ་ཀ་ལ་སོགས་པ་རྒྱུད་དང་བཅས་པ་ཉིད་དང༌། དུང་དང༌། རྔ་པོ་ཆེ་དང༌། རྔ་པ་ཊ་ཧ་དང༌། རྫ་རྔ་ལ་སོགས་པ་སྒྲ་འབྱིན་པ་ཉིད་དང༌། སྐུ་གཟུགས་སྐུ་གདུང་དང་བཅས་པ་ཉིད་གཙུག་ལག་ཁང་དང༌། དེའི་ཉེན་ཀོར་ན་འདུག་པ་མ་ཡིན་པ་བདག་གིར་བྱ་བ་དང་མ་འབྲེལ་བར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་མ་གཏོགས་པར་རེག་གམ། རེག་ཏུ་བཅུག་ན། ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རིན་པོ་ཆེ་དང༌། རིན་པོ་ཆེར་སྨོས་ པ་དགོས ་པའི་རུང་བ་ཉིད་དུ་
གྱུར་པ་དང༌། བདག་གིར་བྱ་བ་དང་མ་འབྲེལ་བར། རྫས་ཆུད་མི་ཟ་བར་བྱ་བའི་སེམས་མ་གཏོགས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རིན་པོ་ཆེ་རང་གི་མ་ཡིན་པའམ། རིན་པོ་ཆེར་སྨོས་པའི་གང་ཡང་རུང་བ་ཉིད་དང༌། དེ་དག་ དགོས་པའི་ཕྱིར་དུང་བ་ཉིད་དུ་གྱུར་པ ་ཉིད་དང༌། གཙུག་ལག་ཁང་དང་དེའི་ཉེན་ཀོར་ན་འདུག་པ་མ་ཡིན་པ་ཉིད་དང༌། བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་མ་གཏོགས་པ་ཉིད་དང༌། རེག་གམ། རེག་ཏུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དེ་ལྔ་བཅུ་དགུ་པའོ།། །།ཁྲུས་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཆུ་དྲོན་གསུམ་ཡོད་པ་གཅིག་ནི། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱོངས་གཟུགས་ཅན་སྙིང་པོ་ཁྲུས་བྱེད། གཉིས་པར་ནི་བཙུན་མོའི་འཁོར་ཁྲུས་བྱེད། གསུམ་པར་ནི་གྲོང་རྡལ་གྱི་མི་དང་ཡུལ་མི་དག་ཁྲུས་བྱེད་དོ། །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། རྣམ་པ་དུ་མའི་སྒོ་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན། ཁྲུས་ཀྱིས་མ་བསྟབས་ཀྱིས་དེས་བསྟབས་པར་བྱའོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་རྒྱལ་པོའི་ཁབ་འདི་ན་ཆབ་དྲོན་གསུམ་མཆིས་པ་གང་དུ་བདག་ཁྲུས་བགྱིད་པ་དེར་འཕགས་པ་དག་ཀྱང་ཁྲུས་མཛོད་ཅིག་གང་དུ་མཆིས་བྲང་གི་འཁོར་ཁྲུས་བགྱིད་པ་དེར་ཡང་འཕགས་མ་དག་ཁྲུས་མཛད་པར་གསོལ། །དྲུག་སྡེ་དག་ལ་བློ་སྐྱེས་པ། དགའ་བོ་ཉེ་དགའ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་དད་པ་དང་ལྡན་པ་ནི་ཡིན་ན། དད་པ་ཇི་ལྟ་བུ་དང་ལྡན་པ་བལྟས་ཁྲུས་བྱེད་དུ་འདོང་ངོ་ཞེས་དེ་དག་དེར་ཁྲུས་བྱེད་དུ་དོང་ནས། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གལ་ཏེ་བདག་ཅག་ཐམས་ཅད་ཅིག་ཅར་ཁྲུས་བྱས་ན་མྱུར་དུ་ཟིན་པར་འགྱུར་གྱིས། གཉིས་ཀྱིས་བྱ་ཞིང་བཞིས་གྲོགས་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེའི་འོག་ཏུ་ཡང་གཉིས་
ཀྱིས་ཁྲུས་བྱ་ཞིང་བཞིས་གྲོགས་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་ལས་གཉིས་ཀྱིས་ཁྲུས་བྱ་བར་བརྩམས་ཏེ། བཞིས་གྲོགས་བྱེད་ཅིང་འདུག་གོ །དེའི་ཚེ་མ་ག་དྷཱའི་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་དེར་ཁྲུས་བྱེད་དུ་འཕགས་ནས་དེས་མི་གསང་ལ་གཏོགས་པ་ཞིག་ད་ལྟར་སུས་ཁྲུས་བྱེད་པ་རྟོག་ཏུ་བཏང་བ་དང༌། དེས་དྲུག་སྡེ་དག་ཁྲུས་བྱེད་པར་མཐོང་ནས་རྒྱལ་པོས་དེར་ཁྲིའུ་བཙུགས་ནས་བསྡད་དོ། །ཇི་ཙམ་ན་ཡུན་རིང་ཞིག་ལོན་ནས། ཡང་རྟོག་ཏུ་བཏང་ན་ཡང་དེ་བཞིན། ཡང་ཡུན་རིང་ཞིག་ལོན་ནས་རྟོག་ཏུ་བཏང་ན་ཡང་དེ་བཞིན་ནས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག །འོ་ནི་དག་ཡུན་རིང་པོར་ང་ལ་ཐོ་འཚམས་པར་བྱེད། དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱའོ། །དེ་དག་གིས་ཆུ་བླངས་ནས། རྒྱལ་པོས་དེ་ཉིད་དུ་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པ་མ་མཉན་པ་ཁོ་ནར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་སྨྲས་པ་དང༌། དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དྲུག་སྡེ་དག་གིས་ཐོ་འཚམས་པ་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅིག་བྱུང་བ་དེ་ནི། དགེ་སྦྱོང་དག་ཁྲུས་བྱེད་པ་ལས་གྱུར་པ་ཡིན་པས་དེའི་ཕྱིར། དགེ་སློང་རྣམས་ཀྱིས་ཁྲུས་མི་བྱ་བ་དང༌། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གནང་ངོ་ཞེས་སྔ་མ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལ་འདུམས་པར་བྱེད་ན། དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང༌། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་སོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་རྒྱལ་པོའི་ཆུ་ཀར་ཁྲུས་བྱེད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་
ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དང་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་ངོ༌། །དེ་བས་འདུམས་པར་བྱེད་ན་ཞེས་བྱ་བ་ནི། ཟླ་བ་ཕྱེད་ལས་འདུམས་པར་བྱེད་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་རྣམས་ཀྱི་དང་པོ་དང་ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ་ཞེས་བྱ་བ་ལ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་ཞེས་བྱ་བ་ནི། ཟླ་བ་ཕྱེད་དང་གཉིས་ན་དབྱར་ཉེ་བར་སྒྲུབ་པ་འབྱུང་བར་འགྱུར་བ་སྟེ། དབྱར་ཟླ་ར་བ་ཚེས་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་སོ། །དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་གནས་པར་ཁས་བླངས་པའི་དང་པོ་ཟླ་བ་གཅིག་སྟེ། དབྱར་རྣམས་ཀྱི་འབྲིང་པོ་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ །ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ་ཞེས་བྱ་བ་ནི་དེ་ལྟར་དབྱར་ཟླ་ར་བ་ཚེས་ནས། དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་ཕྱེད་དང་གཉིས་དང༌། དབྱར་ཟླ་འབྲིང་པོ་ཚེ་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་པོ་དེ་རྣམས་སྤྱིར་བསྡོམས་པ་ལ་ཟླ་བ་ཕྱེད་དང་གསུམ་ཡོད་པ་དེ་དག་ནི། ཚ་བའི་དུས་ཡིན་པས་དེ་དག་ཏུ་ཟླ་བ་ཕྱེད་ལས་འདུམས་པར་ཁྲུས་བྱེད་པ་ལ་ལྟུང་བྱེད་དོ། །ལྷག་མ་རྣམས་ནི་ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཁྲུས་མ་བྱས་པར་འཚོ་བར་མི་ནུས་སོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱིའམ། མཆོད་རྟེན་གྱི་ལས་ཐན་ཕྱག་དར་རེ་ལྡེ་ཙམ་མམ། བྱུག་པ་བ་མལ་ཙམ་བྱས་ནའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ། དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ། །རླུང་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐ་ན་རླུང་གིས་གོས་ཀྱི་གྲྭ་བསྒུལ་བར་གྱུར་ནའོ། །ཆར་དུས་སོ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཐ་ན་ལུས་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །རྫི་ཆར་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐ་ན་རྫི་ཆར་གྱིས་གོས་ཀྱི་མཐའ་བསྒུལ་བར་གྱུར་ཅིང་ལུས་ལ་ཆར་པའི་ཐིགས་པ་གཉིས་སམ་གསུམ་བབ་པར་གྱུར་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་
བསླབ་པའི་གཞིའི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ན་བ་མ་ཡིན་པ་དང༌། ལས་མ་བྱས་པ་དང༌། ལམ་དུ་མ་ཞུགས་པ་དང༌། རླུང་གིས་གོས་ཀྱི་གྲྭ་མ་བསྐུལ་བ་དང༌། ཆར་ཐིགས་པ་གཉིས་ཀྱིས་ལུས་ཉིད་ལ་མ་ཕོག་པ་དང༌། རྫི་ཆར་གྱིས་ཀྱང་དེ་ལྟར་མ་གྱུར་པ་དང༌། ཡུལ་ཨས་མ་པ་རན་ཏ་ན་གནས་པ་མ་གཏོགས་པས་དབྱར་ཟླ་ར་བ་ཚེས་ནས། དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་ཕྱེད་དང་གསུམ་ལས་གཞན་པའི་དུས་སུ་ཉི་མ་ག་ལས་ཁྲུས་བྱ་ཞིང་ཉི་མ་དེ་ཉིད་ནས་ཞག་བཅོ་ལྔ་པའི་མདུན་རོལ་ནས། དོན་གཞན་ལ་གཞོལ་བས་ཆུ་ཉམས་སུ་མྱོང་བ་དང༌། དེའི་ཕྱིར་མ་བསམས་པར་རྒལ་བ་དང༌། བརྒྱལ་བ་ལ་གདབ་པ་དག་མ་གཏོགས་པར་ཆུ་མ་ཡིན་པར་འབྲུ་མར་དང༌། མར་དང༌། ཕྲུམ་ཁུ་དང༌། འོ་མ་ལ་སོགས་པ་མ་ཡིན་པར་ཆུ་ཉིད་ཀྱིས་དབང་བསྐུར་བས་སམ། འཇུག་པས་ཁྲུས་ལྟེ་བར་སོན་པར་བྱེད་ན་ཁྲུས་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཟླ་བ་ཕྱེད་ཀྱི་ནང་རོལ་ན། ཆུ་ཉིད་ཀྱིས་ཁྲུས་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཟླ་བ་ཕྱེད་ལ་འདུམས་པ་ཉིད་དག་དང༌། དུས་མ་གཏོགས་པ་ཉིད་དང༌། ཆུ་ཉིད་དང༌། ཁྲུས་ཉིད་དང༌། མགོ་འམ། རྐང་ངམ་གཡས་གཡོན་གང་ནས་ཀྱང་རུང་སྟེ། ལྟེ་བར་སོན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁྲུས་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ་བམ་པོ་བཅོ་ལྔ་པ། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྡངས་བྱེད་དང༌། སྦེད་དང་རྡེང་མེད་གཞི་མེད་དང༌། སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་བྱ་བ་ནི་བཅུ་པ་བདུན་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་ དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་བདུན་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། དུད་འགྲོ་གསོད་པ་དང༌། འགྱོད་པ་སྐྱེད་པ་དང༌། ག་ག་ཚིལ་བྱེད་པ་དང༌། ཆུ་ལ་རྩེ་བ་དང༌། བུད་མེད་དང་ལྷན་ཅིག་ཉལ་བ་དང༌། སྡངས་པར་བྱེད་པ་དང༌། སྦེད་པ་དང༌། བྱིན་ནས་ཉེ་བར་འཚོ་བ་དང༌། སྐུར་པ་འདེབས་པ་དང༌། བུད་མེད་དང༌།
ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ། །དེ་ལ་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེས་དེར་བསོད་སྙོམས་བརྒྱུས་ཏེ། འཕོང་གི་འཕོང་སར་ཞུགས་པ་དང༌། འཕོང་གི་སློབ་དཔོན་ནི་མེད། ཁྱེའུ་དག་འཁོད་ནས་དྲིས་པ། ཁྱེའུ་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་འཕོང་སློབ་བོ། །འཆར་ཀས་སྨྲས་པ། བུ་དག་ལེགས་ཏེ། ཁྱེད་ཀྱིས་སྒྱུ་རྩལ་མཆོག་ལས་བརྒལ་ཏོ། །བལྟས་གཡོན་འཕོང་དང༌། གཡས་འཕོང་དང༌། མདའ་ལྔ་ཕང་བར་བྱོས་ཤིག །དེ་དག་གིས་བྱ་བར་བརྩམས་པ་དང༌། དེ་ལག་པ་གཉིས་འདྲིལ་བར་བྱེད་བཞིན་སྒྱུར་བར་བྱེད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཅི་ནོངས། འཆར་ཀས་སྨྲས་པ། ད་དུང་ཁྱེད་ཅག་གི་སློབ་དཔོན་གྱིས་ཀྱང་མི་ཤེས་ན། ཁྱེད་ཅག་གིས་ལྟ་ཤེས་པར་འགྱུར་རེ་སྐན། དེ་དག་གིས་སྨྲས་པ། འཕགས་པ་འདི་ལ་མཁྱེན་པ་ཅུང་ཟད་མངའ་འམ། འཆར་ཀས་སྨྲས་པ། སའི་སྟེང་ན་ཁོ་བོས་མི་ཤེས་པའི་བཟོའི་གནས་དང༌། ལས་ཀྱི་གནས་གང་ཡོད། དེ་དག་གིས་སྨྲས་པ། འཕགས་པ་གཡར་རྔ་བྲིམ་གྱིས་མཛད་དུ་གསོལ། འཆར་ཀས་སྨྲས་པ། གཞུ་འོན་ཅིག་དེ་དག་གིས་གཞུ་ཕུལ་བ་དང༌། འཆར་ཀས་སྨྲས་པ། གཞུ་འདི་ནི་རས་བལ་གྱི་གཞུ་འདྲ་བས། གཞུ་གཞན་འོན་ཅིག །དེ་དག་གིས་གཞུ་གཉིས་པ་དང་གསུམ་པ་ཕུལ་བ་དང༌། འཆར་ཀས་སྨྲས་པ། གཞུ་འདི་དག་ཀྱང་རས་བལ་གྱི་གཞུ་འདྲ་བས། ཁྱེད་ཀྱི་སློབ་དཔོན་གྱི་གཞུ་འོན་ཅིག །དེ་དག་གིས་སློབ་དཔོན་གྱི་གཞུ་ཕུལ་བ་དང༌། འཆར་ཀས་སྨྲས་པ། འདི་ཡང་ཚོད་ཡོད་པ་ཞིག་གོ་ཞེས་དེས་གཞུ་དེ་རས་བལ་གྱི་གཞུ་བཞིན་དུ་བརྡུངས་ཏེ་རྒྱུད་སྦྲེངས་བ་དང་སྟེང་གི་ནམ་མཁའ་ལ་བྱ་རོག་གི་ཚོགས་རྒྱུ་བར་བརྩམས་ནས། འཆར་ཀས་སྨྲས་པ། ཇི་ལྟར་ཇེ་བྱ་རོག་འདིའི་རྐུབ་ཏུ་བསྣུན་ཏེ་ཁར་དབྱུང་བར་བྱའམ། འོན་ཏེ་ཁར་བསྣུན་ལ་རྐུབ་ཏུ་དབྱུང་བར་བྱ། དེ་དག་གིས་སྨྲས་པ། འཕགས་པ་རྐུབ་ཏུ་བསྣུན་ཏེ་ཁར་དབྱུང་དུ་གསོལ། འཆར་ཀས་ཤར་ཕྱོགས་
ཀྱི་སྟེང་གི་ནམ་མཁའ་ལ་མདའ་གཅིག་འཕངས་ཤིང༌། ལྷོ་དང་ནུབ་དང་བྱང་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་ཡང༌། མདའ་རེ་རེ་འཕངས་པ་དང༌། བྱ་རོག་དེས་ཁ་གྱེན་དུ་ཕྱོགས་ཏེ་འགྲོ་བར་བརྩམས་ནས། འཆར་ཀས་དེའི་ཕྱི་བཞིན་མདའ་ཅིག་འཕངས་པས་རྐུབ་ཏུ་བསྣུན་ཏེ་ཁར་ཕྱུང་ནས། བྱ་རོག་དེ་ས་ལ་ལྷུང་བ་དང༌། དེ་དག་ཡ་མཚན་སྐྱེས་ནས། སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །འཆར་ཀས་སྨྲས་པ། བུ་དག་བཟོ་འདི་ལྟར་བསླབ་པར་བྱའམ། ཡང་ན་སློབ་དཔོན་གཞན་དག་བཙལ་བར་བྱ། འབྲས་བུ་མེད་པའི་སྤུན་པ་འཕྱར་ཞིང་འཁོད་དེ་ཅི་རུང་ཞེས་སྨྲས་ཏེ་སོང་ངོ༌། །དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང༌། ཇི་ཙམ་ན་དེ་དག་གི་སློབ་དཔོན་འོངས་ནས། དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྐབས་དེ་རྒྱས་པར་སྨྲས་པ་དང༌། དེས་བསམས་པ། དེ་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་བས། བདག་གིས་དེ་མི་དགའ་བར་བྱའོ་སྙམ་ནས། ཕྱི་དེ་ཉིད་བར་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། ཁྱེའུ་དེ་དག་བྱ་རོག་གི་རོ་དེ་སྨྱིག་མ་རིང་པོའི་རྩེ་མོ་ལ་བཏགས་ཏེ་བསྐུར་ནས། ཚེ་དང་ལྡན་པ་འཆར་ཀའི་ཕྱི་བཞིན་རྗེས་སུ་བཏང་སྟེ། མིའོ་ཅོག་ལ་འདི་སྐད་ཅེས། འཕགས་པ་འཆར་ཀས་མདའ་ལྔ་འཕང་བ་འདི་ལྟ་བུ་བྱས་པས། བྱ་རོག་འདིའི་རྐུབ་ཏུ་བསྣུན་ནས་ཁར་ཕྱུང་བ་ལ་ལྟོས་ཞེས་སྒྲོགས་སུ་བཅུག་པ་དང༌། འཆར་ཀས་དེ་དག་མཐོང་ནས། དེས་སྨྲས་པ། ཁྱེའུ་དག་ཅིའི་ཕྱིར་ཁོ་བོ་ལ་ཐོ་འཚམས་པར་བྱེད། ཕྱིར་ལོག་ཤིག །འོན་ཀྱང་དེ་དག་ཕྱིར་མ་ལོག་པར་དེ་སྐད་སྒྲོགས་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དག་ཤེས་ལྡན་དག །ཤཱཀྱའི་བུའི་དགེ་སློང་འདི་དག་སྲོག་གཅོད་པར་བྱེད་པ་སྟེ། སྲོག་གཅོད་པ་ལས་མ་ལོག །མ་སྤངས། སོ་སོར་མ་སྤངས་པ་ཡིན་ནོ། །ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་སེམས་ཅན་གང་དག་གི་པགས་ པ་ཡང་དགོས ་པར་མི་རུང༌། ཤ་དང༌། རྒྱུས་པ་དང་རུས་ པ་ཡང་དགོས ་པར་མི་རུང་བ་འདི་ལྟ་བུ་ཡང་གསོད་པར་བྱེད་པ་ལ་ལྟོས། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་
བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བས་སམ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ངན་སེམས། ཉེས་པ་ནི་དུད་འགྲོ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བསམས་གཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཞེས་བྱ་བ་ནི་བྱ་རོག་གམ། གང་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གསོད་ན་ཞེས་བྱ་བ་ནི་དེའི་སྲོག་གཅོད་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང་ངན་འགྲོ་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་དོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གསོད་པའི་སེམས་ཀྱིས་དུད་འགྲོ་གང་ཡང་རུང་བ་ལ་མཚོན་ལ་སོགས་པ་ལུས་དང༌། དེས་འཕངས་པ་དང༌། གཉི་ག་དང་ལྡན་པ་གང་ཡང་རུང་བས་བསྣུན་ཏེ། གཞི་དེས་དེའི་ཚེ་འམ་གཞན་གྱི་ཚེ་ཤི་བ་སྦྱོར་བ་གཅིག་གིས་གསད་པར་བྱ་བ་ཇི་སྙེད་པ་རེ་རེ་ལས་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། གསོད་སེམས་དང༌། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོད་སེམས་དང༌། དུད་འགྲོའི་འགྲོ་བ་པ་དང༌། དེར་འདུ་ཤེས་པ་དང༌། བསྣུན་པ་དང༌། ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དེ་དྲུག་ཅུ་གཅིག་པའོ།། །།འགྱོད་པ་སྐྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་
ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་འུ་ཆེན་པོས། ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང༌། བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤེག་འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱོད་ཁོ་བོ་ཅག་གི་སློབ་དཔོན་ཡིན་ནམ། མཁན་པོ་ཡིན་ནམ་ཅི་མི་བྱེད་དོ། །འཆར་ཀས་སྨྲས་པ། གླེན་པ་དག །འོ་ན་གཞན་ཅི་ཞིག་བྱེད་ཅེས་དེས་དེ་དག་གཉའ་བ་དག་ནས་བཟུང་སྟེ། ཕྱི་རོལ་དུ་བསྐྲད་དོ། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དྲུག་སྡེ་དག་གིས་གང་ཅུང་ཟད་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི། བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱིས། དེང་ཐོས་པ་འཛིན་དུ་འདོད་དང༌། དེས་ན་ཕྱིན་ཆར་དྲུག་སྡེ་དག་ལ་ཅུང་ཟད་ཀྱང་དྲི་མི་ དགོས་པར་འགྱུར་རོ་ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་སོང་སྟེ་སྨྲས་བ། བཙུན་པ ་བདག་ཅག་ཀློག་ཏུ་སྩོལ་ཅིག །དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་དེའི་གན་དུ་བཀླག་པར་བརྩམས་སོ། །ཉེ་དགས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེར་བདག་ཅག་ལ་སྟེན་པར་མི་བྱེད་བསྙེན་པར་མི་བྱེད་བསྙེན་བཀུར་མི་བྱེད་དོ། །འཆར་ཀས་སྨྲས་མ། ཁོ་བོས་དེ་དག་བསྐྲད་ནས་ད་ལྟར་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་གི་སྤྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བ་དེ་སྲིད་དུ་དེ་དང་དེ་བདག་ཅག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱི། གང་གི་ཚེ་དེ་དག་ཐོས་པ་མང་བོར་གྱུར་ཅིང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་དེ་དག་བདག་ཅག་ལ་གནོད་པ་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་དེ་དག་ཅི་ནས་ཀྱང་ཐོས་པ་འཛིན་པར་མི་འགྱུར་པ་དང༌། ཐོས་པ་བཟུང་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟར་བྱའོ་ཞེས་དེ་དག་གི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་
སོ། །ཀྱེ་བཅུ་བདུན་སྡེ་དག་ཤིན་དུ་བརྩོན་འགྲུས་བརྩམས་སམ། དེ་དག་གིས་སྨྲས་པ། བརྩམས་སོ། །བརྩོན་འགྲུས་ཀྱིས་ཅི་བྱ། ཐོས་པ་བཟུང་ངོ༌། །ཐོས་པ་བཟུང་བས་ཅིར་འགྱུར། མང་དུ་ཐོག་པར་འགྱུར་རོ། །མང་དུ་ཐོས་པས་ཅིར་འགྱུར། དབང་པོ་ཡོངས་སུ་སྨིན་པར་འགྱུར་རོ། དབང་པོ་ཡོངས་སུ་སྨིན་པས་ཅིར་འགྱུར། དེས་པ་ལ་འཇུག་པ་དང༌། ཟག་པ་ཟད་པར་འགྱུར་རོ། །ཁྱེད་དེས་པ་ལ་འཇུག་པ་དང༌། ཟག་པ་ཟད་པར་འགྱུར་རེ་སྐན། བཙུན་པ་འཆར་ཀ་ཁོ་བོ་ཅག་མཚམས་མེད་པའི་ལས་དག་བྱས་པའམ། དགེ་བའི་རྩ་བ་ཆད་པ་ཡིན་ནམ་ཅི། ཁྱེད་ཅག་མཚམས་མེད་པའི་ལས་དག་བྱས་བ་ཡང་མ་ཡིན། དགེ་བའི་རྩ་བ་ཆད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟག་ལོ་ཉི་ཤུམ་ལོན་པ། དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་རོ་ཞེས་གསུངས་པ་མ་ཐོས་སམ། ཁྱེད་ཅག་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པས། ཁྱེད་ཅག་ཉིད་ངེས་པ་ལ་འཇུག་པ་དང༌། ཟག་པ་ཟད་པར་འགྱུར་རེ་སྐན། དེ་དག་གིས་དེ་ཐོས་ནས་སེམས་ཁོང་དུ་ཆུད་ཅིང་འཁོད་པ་དང༌། དེ་དག་གི་སློབ་དཔོན་དེ་འོངས་ནས། ངས་སྨྲས་པ། གཞོན་ནུ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དེས་སྨྲས་པ། ཁྱེད་ཀྱིས་དེ་ནི་ཐོས་ན་བཅོམ་ལྡན་འདས་ཀྱིས་ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་མ་ཐོས་སམ། ཁྱེད་ཅག་ལས་དང་པོ་པ་ཡིན་པས་བསྙེན་པར་རྫོགས་པར་འགྱུར་གྱི། ཚུར་ཤོག་ལ་ལུང་ནོས་ཤིག །གཞན་ཡང་འདི་ལྟར་ཁྱེད་སུས་འགྱོད་པ་སྐྱེད། བཙུན་པ་འཆར་ཀས་སོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་བསམས་བཞིན་དུ་དགེ་སློང་དག་འགྱོད་པ་སྐྱེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་རེག་པར་མི་བྱའོ་སྙམ་པ་དེ་
ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་དགེ་སློང་འགྱོད་པ་བསྐྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །ཇི་ནས་ཀྱང་དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་ཞེས་བྱ་བ་ནི་ཐ་ན་ཡུད་ཙམ་ཞིག་ཀྱང་ཡིད་མི་དགའ་བར་བྱའོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །འགྱོད་པ་སྐྱེད་ན་ཞེས་བྱ་བ་ནི་སེམས་ལ་ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པ་སྐྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་ལ་བདེ་བ་ལ་མི་རེག་པ་སྐྱེད་པའི་སེམས་ཀྱིས། ཐ་ན་བཞད་གད་ཀྱིས་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང༌། ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ། དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་སྐྱེད་ན་འགྱོད་པ་མ་སྐྱེས་ན་ཡང༌། འགྱོད་པ་སྐྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། ཕ་རོལ་པོ་དགེ་སློང་ཉིད་དང༌། དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་སྐྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕ་རོལ་པོ་དགེ་སློང་ཉིད་དང༌། བདེ་བ་ལ་མི་རེག་པ་སྐྱེད་པའི་སེམས་ཉིད་དང༌། དགེ་སློང་མ་ཡིན་པའི་དོན་ཉིད་ཀྱིས་དང༌། ཐ་ན་བཞད་གད་ཡན་ཆད་ཀྱིས་འགྱོད་པ་སྐྱེད་པ་དང༌། འགྱོད་པ་སྐྱེད་ཀྱང་རུང༌། མ་སྐྱེས་ཀྱང་རུང་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འགྱོད་པ་སྐྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་གཉིས་པའོ།། །།ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། བཅུ་བདུན་
སྡེ་དག་ལ་གལ་ཏེ་གཅིག་ལ་ལས་སུ་བསྐོ་བ་བབ་ན་ཡང༌། དེ་དག་ཐམས་ཅད་བསྡོངས་ཏེ་བྱེད་དོ། །ཅི་ཙམ་དུས་གཞན་ཞིག་ན་གཙུག་ལག་ཁང་དེར་མཚན་ཐོག་ཐག་ཏུ་ཆོས་མཉན་པ་བྱུང་ནས། དེར་དེ་དག་ཐམས་ཅད་ཀྱིས་བསྡོངས་ཏེ་ཏྲོན་བྱས་སོ། །ཕྱི་དེ་ཉིན་པར་དགེ་འདུན་གྱི་བསྲོ་གང་དུ་ཆོས་མཉན་པ་བྱུག་ནས་དེར་ཡང་དེ་དག་ཐམས་ཅད་ཀྱིས་བསྡོངས་ཏེ་ཏྲོན་བྱས་སོ། །དེའི་ཕྱི་དེ་ཉིན་པར་བཅུ་བདུན་སྡེ་ལས་གཅིག་ལ་དགེ་སྐོས་བབ་ནས། དེའི་ཉིན་མོ་ཡང་ཐམས་ཅད་ཀྱིས་གཙུག་ལག་ཁང་བརྒྱན་ཏེ་འཁོང་དོ། །དེ་ན་དགེ་སྐོས་ཏྲོན་བྱེད་པའི་ཚེ། བཅུ་བདུན་སྡེ་ལས་གཅིག་ལ་བློ་བྱུང་བ། བདག་ནི་ཆད་ཀྱིས་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོ་ན་མི་ནུས་སྙམ་མོ། །དེ་བཞིན་དུ་རེ་རེ་ལ་ཡང་བློ་དེ་ལྟ་བུ་བྱུང་ནས་གཞན་བཅུ་དྲུག་པོ་ཐམས་ཅད་སོ་སོར་ཉལ་དུ་འདོང་ངོ༌། །དགེ་སྐོས་དེ་འབའ་ཞིག་གཅིག་པུས་མཚན་ཐོག་ཐག་ལས་བྱས་ཏེ། མཚན་མོ་ནམ་མ་ནངས་པར་མར་མེ་ཀོང་བུ་དག་བསྡུས། སྒོ་དག་ཕྱེ། གཙུག་ལག་ཁང་ཆག་ཆག་བཏབ། བྱུག་པས་བྱུགས་ཏེ། དུས་ཤེས་པར་བྱས་ནས། སྟན་བཤམས་ཤིང་མཆོད་རྟེན་གྱི་འཁོར་སར་བདུག་སྤོས་བྲིམས་ཏེ། གཙུག་ལག་ཁང་དེའི་སྟེང་དུ་འགྲེང་ནས་གཎྜཱི་བརྡུང་པར་བརྩམས་སོ། །དེ་ནས་བཅུ་དྲུག་པོ་དེ་དག་གཎྜཱིའི་སྒྲས་སད་ནས། རང་རང་གི་གནས་ཁང་དག་ནས་ལྷུང་བཟེད་ཐོགས་ཏེ་བྱུང་བ་དང༌། དེ་དག་གིས་དགེ་སྐོས་དེ་གཅིག་པུ་ཕར་རྒྱུག་ཚུར་རྒྱུག་ཅིང་འདུག་པ་མཐོང་ནས། དེ་དག་གིས་ཕན་ཚུན་སྨྲས་པ། ཚེ་དང་ལྡན་པ་དག་འདི་གཅིག་པུ་ཕར་རྒྱུག་ཚུར་རྒྱུག་ཅིང་འདུག་པ། འུ་བུ་ཅག་ལས་སུས་ཀྱང་འདིའི་གྲོགས་མ་བྱས་སམ། གཅིག་གིས་སྨྲས་པ། ཁོ་བོ་ལ་བློ་བྱུང་བ། བདག་ནི་ཆད་ཀྱིས་ཉལ་ལོ། །མི་བཅུ་དྲུག་གིས་ཅིའི་ཕྱིར་ཏྲོན་མི་ནུས་སྙམ་མོ། །དེ་བཞིན་དུ་གཞན་ཡང་དེ་སྐད་ཟེར། གཞན་དག་ཀྱང་དེ་སྐད་ཟེར་ཏེ། ཐམས་ཅད་ཀྱིས་དེ་སྐད་སྨྲས་སོ། དེ་ནས་བཅུ་དྲུག་པོ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་བདག་ཅག་གི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ན། བདག་ཅག་གིས་འདིའི་གྲོགས་མ་བྱ་པ་ནི། འུ་བུ་ཅག་གིས་མ་ལེགས་པ་བྱས་ཏེ། འདི་བདག་ཅག་ལ་གཤེག་བར་འགྱུར་གྱིས། ཟ་ན་ཟོས་མ་ཐག་ཏུ་བཟོད་
པ་གསོལ་བར་བྱའོ་ཞེས་དེ་དག་གིས་ཟན་ཟོས་ནས། བཟོད་པ་གསོལ་བར་བརྩམས་ཏེ། གཞོན་པ་རྣམས་ཀྱིས་ནི་དེའི་རྐང་པ་གཉིས་ལ་གཏུགས། རྒན་པ་རྣམས་ཀྱིས་ནི་མགུལ་ནས་འཁྱུད་དེ། ཚེ་དང་ལྡན་པ་བཟོད་པར་གསོལ་ཞེས་བྱས་ནས། དེས་ཅང་མི་སྨྲ་བར་འདུག་གོ ། དེ་དང་ཆེས་བཤེས་པ་ཅིག་ཡོད་པ་དེས། ག་ག་ཚིལ་བྱས་པ་དང༌། དེས་བགད་པར་བརྩམས་ཏེ་བཟོད་དོ་ཞེས་ཀྱང་ཟེར་རོ། །དེ་དག་གིས་བསམས་པ། དེའི་ཐབས་ལེགས་པ་ཡིན་ནོ་སྙམ་ནས་གཞན་གྱིས་ག་ག་ཚིལ་བྱས་ཤིང༌། དེ་བཞིན་དུ་ཐམས་ཅད་ཀྱི་བར་གྱིས་ག་ག་ཚིལ་བྱས་པ་དང༌། དེ་རླུང་གྱེན་དུ་འཚུབས་ཏེ་དུས་ལ་བབ་པོ། །དེ་དག་བརྟད་ཅིང་མྱ་ངན་བྱ་བར་བརྩམས་ཏེ། སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །དགེ་སློང་རྣམས་དང་འཆར་ཀས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་ལ་སོར་མོས་ག་ག་ཚིལ་བྱེད་ཅེས་སྨོས་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། །སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་བཅུ་བཅུན་སྡེ། ཉོན་མོངས་པ་ནི་ག་ག་ཚིལ་བྱེད་པའོ། །དེ་ལ་སོར་མོས་ག་ག་ཚིལ་བྱེད་ན་ཞེས་བྱ་བ་ནི། ག་ག་ཚིལ་བྱ་བའི་བསམས་པས་ལུས་ཀྱི་ལས་དང༌། ལུས་ཀྱི་སྤྱོད་པ་དང༌། ལུས་ཀྱི་གཡོ་བ་གང་ཡིན་པ་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པས། དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོར་མོའམ། ཁུ་ཚུར་རམ། གྲུ་མོའམ། ཕྲག་པའམ། མགོའམ། གློ་འམ། རྒྱབ་བམ། རྐེད་པའམ། བརླའམ། པུས་མོ་འམ། བྱིན་པའམ། རྐང་པའི་ཐེ་བོང་ལ་སོགས་པ། རང་གི་ལུས་ཀྱི་ཡན་ལག་གོས་མ་གཏོགས་པ་གང་ཡང་རུང་བ་དག་གིས་ག་ག་ཚིལ་བྱེད་པས་ཕ་རོལ་པོའི་གོས་མ་གཏོགས་པ་ལུས་ཀྱི་ཡན་ལག་གང་ཡང་རུང་བ་ལ་རེག་ན། རེག་བྱེད་གཅིག་གམ་དུ་མ་ཉིད་ལ།
སྤྱིར་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞི་གཅིག་ཏུ་འགྱུར་རོ། །འདིའི་བྱེད་པ་པོ་ནི་གཉི་གའི་ལུས་ཀྱི་དབང་པོ་མ་ཉམས་པ་ཉིད་དང༌། སྐྱི་གཡའ་བར་བྱེད་པའི་སེམས་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕ་རོལ་པོ་དགེ་སློང་ཉིད་དང༌། གཉི་གའི་ལུས་ཀྱི་དབང་པོ་མ་ཉམས་པ་ཉིད་དང༌། ཀུན་དུ་ཆགས་པ་དང་ཞེ་སྡང་མེད་པའི་སེམས་སམ། དེ་གཉིས་ཀྱི་སེམས་མ་ཡིན་པ་སྐྱི་གཡའ་བར་བྱ་བའི་སེམས་ཉིད་དང༌། སོར་མོ་ལ་སོགས་པ་ལུས་ཀྱི་ཡན་ལག་གང་ཡང་རུང་བ་ཉིད་དང༌། རེག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་གསུམ་པའོ།། །།ཆུ་ལ་རྩེ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅུ་བདུན་སྡེ་དག་ལས། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པའི་ཚེ་ན། དེས་བསམས་པ། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་འདི་དག་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་སྙམ་ན། དེས་ཡོད་པར་མཐོང་ངོ༌། །སུ་ལ་རག་ལས་སྙམ་ན། བདག་ཉིད་ལ་རག་ལས་པར་མཐོང་ནས། དེ་བཅུ་དྲུག་པོ་གཞན་དག་གདུལ་བ་ལྟོས་པས། དེ་དག་གི་ཕྱི་བཞིན་རྗེས་སུ་འབྲངས་ན། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཆུ་ཀླུང་གནས་ཅན་གྱི་དངོས་སུ་ཆུའི་དོན་དུ་འདོང་ཞིང༌། དེར་ཁྲུས་ཀྱང་བྱའོ་ཞེས་དེ་དག་ཆུ་ཚགས་དང༌། ཆུ་བུམ་ཐོགས་ཏེ། ཆུ་ཀླུང་གནས་ཅན་ག་ལ་བདེར་དོང་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟར་ཇེ་ཁྲུས་བྱའམ། འོན་ཏེ་ཆུ་བཙག་པར་བྱ། དེ་དག་གིས་སྨྲས་པ། ཇེ་ཆུ་བཙག་པར་བྱ་སྟེ་དེའི་འོག་ཏུ་ཁྲུས་བྱའོ་ཞེས་དེ་དག་གིས་ཆུ་བཙགས་ནས། གོས་དག་མཐའ་གཅིག་ཏུ་ཕུད་དེ་ཁྲུས་བྱ་བར་བརྩམས་ནས། ཆུར་ཞུགས་ཏེ་དེ་དག་སྟེང་དུ་འབྱུང་བར་བྱེད། འོག་ཏུ་ནུབ་པར་ཡང་བྱེད། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བར་ཡང་བྱེད། ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་བར་ཡང་བྱེད། རྒྱུན་ཕྱོགས་སུ་འགྲོ་བར་ཡང་བྱེད། རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བར་ཡང་བྱེད། ཆུ་ལ་
རྔ་བོ་ཆེའི་སྒྲ་འབྱིན་པར་ཡང་བྱེད། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པར་ཡང་བྱེད། ཆུ་ལ་གསེག་མ་འཁྲབ་པ་དང་འཕེན་པར་ཡང་བྱེད། ཆུ་ལ་ཁོར་ཡུག་དང་རྡོ་རྗེ་ལྟ་བུ་ཡང་བྱེད། ཆུ་ལ་ཁྲོན་པ་དང༌། དབའ་ཀློང་དང་ཆུ་སྲུབས་འདྲེན་པར་ཡང་བྱེད་ཆུ་ལ་རྒོད་བག་དང་འཕྱར་གཡེང་དང་ལུས་ལ་རྡེག་པ་དག་ཀྱང་བྱེད་དོ། །ཚེ་དང་ལྡན་པ་ཉེ་བ་འཁོར་ཡང་ཤེས་བཞིན་དུ་ཁྲུས་བྱས་ཏེ། ཆུ་ཀླུང་གནས་ཅན་རྒལ་ནས་ཆོས་གོས་དག་བགོས་ཏེ་སྡོད་དོ། །དེའི་ཚེ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན། བཙུན་མོ་ཕྲེང་ལྡན་མ་དང་ལྷན་ཅིག་འདུག་པས། ཇི་ཙམ་ན་བཅུ་བདུན་སྡེ་དག་ཆུ་ལ་རྩ་བས་རྩེ་བར་མཐོང་ངོ༌། །མཐོང་ནས་ཀྱང་དེས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་ཡོན་གནས་དག་གི་མཛེས་པ་ལ་ལྟོས་ཤིག །ཕྲེང་ལྡན་མས་སྨྲས་པ། ལྷ་དེ་ནི་ངོ་མཚང་མི་ཆེ་སྟེ། ལང་ཚོ་གསར་དུ་གྱུར་ནས། ཚངས་པ་མཚུངས་པར་སྤྱོད་པ་ལགས་ཀྱི། ལྷ་བགྲེས་པའི་གནས་སྐབས་སུ་གྱུར་ཀྱང༌། ད་དུང་ཐུགས་མ་བྱུང་བ་ངོ་མཚར་ཆེ་ལགས་སོ། །རྒྱལ་པོ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་མི་དགའ་བར་སེམས་པ་མཐོང་ནས། དེས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མི་དགའ་བར་སེམས་ཀྱིས་བྱུང་ཤིག་དང་དེ་དགའ་བར་བྱའོ། །དེ་ནས་དེ་དག་བྱུང་སྟེ། གོས་དག་གྱོན་པ་ན། ཚེ་དང་ལྡན་པ་ཉེ་བ་འཁོར་མོས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ལྟར་དེ་དག་ཐམས་ཅད་ཆུ་ཆགས་དང་ཆུ་བུམ་དང་བཅས་ཏེ། སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་འཕགས་ཏེ་དོང་ངོ༌། །དེ་དག་སྟེང་གི་ནམ་མཁའ་ལ་དོང་བའི་གྲིབ་མ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྟེང་གི་ཁང་བཟངས་ཀྱི་གཞིར་བབ་ནས། བཙུན་མོ་ཕྲེང་ལྡན་མས་དེ་དག་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་འཕགས་ཏེ་དོང་བ་མཐོང་ནས། དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་སྨས་པ། ལྷ་ཡོན་གནས་དག་གི་མཛེས་པ་ལ་གཟིགས་ཤིག་གཟིགས་ཤིག །རྒྱལ་པོས་སྨྲས་པ། ཕྲེང་ལྡན་མ་
དགྲ་བཅོམ་པ་ཟག་པ་ཟད་པ་དག་ཆུ་ལ་འཕྱར་གཡེང་གིས་རྩེ་བར་འགྱུར་བ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ། །ཕྲེང་ལྡན་མས་སྨྲས་པ། ལྷས་དེ་ནི་གསན་ན། བཅོམ་ལྡན་འདས་ཀྱིས་འདི་ན་དགེ་སློང་འདུག་པ་ན་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པར་མཐོང་ལ། དེ་ཉིད་ལངས་པ་ན་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བར་ཡང་མཐོང་སྟེ། དགེ་སློང་དག་དེ་ལྟ་བས་ན། སེམས་ནི་གློག་འདྲ་ལ། ཏིང་ངེ་འཛིན་ནི་རྡོ་རྗེ་དང་འདྲ་བས། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་འཇོམས་སོ་ཞེས་གསུངས་པ་དེ་མ་གསན་ཏམ། རྒྱལ་པོ་ཐོས་པ་ཉུང་བས་དེ་ཅང་མི་སྨྲ་བར་འདུག་གོ །ཕྲེང་ལྡན་མས་ཀྱང་བསམས་པ། དགྲ་བཅོམ་པ་ཟག་པ་ཟད་པ་དག་ཆུ་ལ་འཕྱར་གཡེང་གིས་རྩེ་བ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ་སྙམ་ནས། དེ་ནས་བཙུན་མོ་ཕྲེང་ལྡན་མས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལ་ཕྲིན་གྱིས་བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག་ཆབ་ལ་འཕྱར་གཡེང་གིས་རྩེ་བར་བགྱིད་པས། རྒྱལ་པོའི་གློ་བ་མི་དགའ་བར་སེམས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། གང་གིས་འཕགས་པ་དག་ཆབ་ལ་འཕྱར་གཡེང་གིས་རྩེ་བར་མི་འགྱུར་བར་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཆུ་ལ་རྩེ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་བཅུ་བདུན་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཆུ་ལ་རྩེ་བའོ། །དེ་ལ་ཆུ་ལ་རྩེ་ན་ཞེས་བྱ་བ་ནི་ཆུ་ལ་རྩེ་བའི་བསམ་པས་ལུས་ཀྱི་ལས་དང༌། ལུས་ཀྱི་སྤྱོད་པ་དང༌། ལུས་ཀྱི་གཡོ་བ་གང་ཡིན་པ་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སིམ་པར་འདོད་པས་རྒལ་བ་ལ་སོགས་པ་དང༌། རྐྱལ་སློབ་པས་ཐད་ཀའམ། ལྟག་འོག་ཏུ་རྩོལ་བ་དང༌། གྲང་བར་འདོད་པས་ཚབ་ཐད་ཀའམ། ལྟག་འོག་ཏུ་རྩོལ་བ་དང༌། གྲང་བར་འདོད་པས་ཚ་མྱོང་བར་བྱ་བའི་འདུན་པས། ཆུ་མ་ཡིན་པ་མ་གཏོགས་པ་ཆུའི་ཡུལ་ལ་རྩེ་བ་
རྗེས་སུ་སྒྲུབ་པ་དབང་བསྐུར་བས་ནུས་པ་ལ་སོགས་པ་མ་གཏོགས་པར། ཆུའི་ནང་དུ་ལྟེ་བ་མན་ཆད་ནུབ་པར་ཞུགས་ཤིང་འོག་ཏུ་ནུབ་པ་དང༌། འབྱུང་བ་དང༌། ངོགས་གཞན་དུ་བརྒལ་བ་དང༌། རྒྱུན་ཕྱོགས་དང༌། རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བ་དང༌། ཆུ་ལ་རྔ་བོ་ཆེ་དང། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང༌། གསེག་མ་འཁྲབ་པ་དང༌། འཕེན་པ་དང༌། ཁོར་ཡུག་དང༌། རྡོ་རྗེ་དང༌། ཁྲོན་པ་དང༌། དབའ་ཀློང་དང༌། ཆུ་སྲུབས་འདྲེན་པ་དག་བྱེད་དམ། བྱེད་དུ་བཅུག་ན་ཆུ་ལ་རྩེ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་དང༌། ཆུའི་ཡུལ་ལ་རྩེ་བ་རྗེས་སུ་སྒྲུབ་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཉིད་དང༌། ཆུའི་ཡུལ་ཉིད་དང༌། ལྟེ་བ་ནུབ་པ་ཉིད་དང༌། རྩེ་བ་རྗེས་སུ་སྒྲུབ་པ་ཉིད་དང༌། བྱེད་དམ། བྱེད་དུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཆུ་ལ་རྩེ་བའི་ལྟུང་བྱེད་དེ་དྲུག་ཅུ་བཞི་པའོ།། །།བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ། ཚེ་དང་ལྡན་པ་མ་འགགས་པས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང༌། །དེས་རྣམ་པར་གྲོལ་བའི་བདེ་བ་ཉམས་སུ་མྱོང་བའི་ཚེ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་དེ་ནི་བདག་ལ་ཕན་པ་མཛད་པ། ལེགས་པ་མཛད་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་སེལ་བར་མཛད་པ། བདེ་བའི་ཆོས་མང་པོ་སྒྲུབ་པ། སྡིག་པ་མི་དགེ་བའི་ཆོས་མང་པོ་སེལ་བར་མཛད་པ། དགེ་བའི་ཆོས་མང་པོ་སྒྲུབ་པར་མཛད་པ་ཡིན་ན། བདག་གིས་དེ་ལ་ཅི་ཞིག་བྱས་ན། ལན་བྱས་པ་དང༌། ཉེ་བར་བྱས་པ་དང༌། རབ་ཏུ་བྱས་པར་འགྱུར་སྙམ་ནས། ཡང་དེ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་འདས་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་
ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས། བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་ཕྱིར་ཡིན་པས་བདག་གིས་ཀྱང་གདུལ་བའི་བྱ་བ་ཅུང་ཞིག་བྱའོ་སྙམ་ནས་བཅོམ་ལྡན་འདས་ལ་ཞུས་ནས་ལྗོངས་རྒྱུར་སོང་ངོ༌། །རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་བུ་གཉིས་དང༌། བུ་མོ་གཅིག་ཡོད་ནས། དེས་བུ་དེ་གཉིས་ཀྱི་ཁྱིམ་ཕུབ་ཅིང༌། བུ་མོ་དེ་ཡང་བག་མར་བཏང་ངོ༌། །དུས་གཞན་ཞིག་ན་ཁྱིམ་བདག་དེ་ཡང་དུས་ལ་བབ། དེའི་བུ་མོའི་ཡང་ཁྱོ་ཤི་བར་གྱུར་ནས། མིང་པོ་གཉིས་ནི་ཁྱིམ་ན་གནས་པའི་ཚེ། སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་ལས་ཁྱེའུ་སྤྱི་བརྟོལ་ཅན་ཞེས་བྱ་བ་གཅིག་བྱུང་ནས། དེའི་མ་ཡང་སྤྱི་བརྟོལ་ཅན་གྱི་མ་ཞེས་བྱ་བའི་མིང་དུ་གྱུར་ཏོ། །ཚེ་དང་ལྡན་པ་མ་འགགས་པ་ལྗོངས་རྒྱུ་ཞིང་འགྲོ་བ་ན། རི་བྲགས་དེར་ཕྱིན་ནས། དགྲ་བཅོམ་པ་རྣམས་ཆོས་ཉིད་ཀྱིས་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དེ་དེར་སོང་ནས། བསྟི་གནས་བརྙས་ནས་དེར་འདུག་པ་དང༌། དེས་དེར་རྐང་པ་བཀྲུ་བའི་ཆུ་དང༌། རྐང་བ་བསྐུ་བ་དང༌། དུས་མ་ཡིན་པའི་ཟས་བསྟབས་པ་དག་ནི་དེས་མ་བླངས་སོ། །དེས་དེའི་མལ་བཤམས་པ་དང༌། ཚེ་དང་ལྡན་པ་མ་འགགས་པ་མལ་དེར་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲང་སྟེ་དྲན་པ་ཕྱོགས་པར་བཞག་ནས་འདུག་གོ །དེ་དེའི་གན་དུ་མཚན་མོའི་ཐུན་དང་པོ་ནམ་ཕྱེད་ན་འོངས་ཏེ། བུད་མད་ཀྱི་གཡོ་དག་ཉེ་བར་བསྟན་པར་བརྩམས་པ་དང༌། ཚེ་དང་ལྡན་པ་མ་འགགས་པ་དབང་པོ་དག་འབེབས་པར་བྱེད་དོ། །དེས་འཁྱུད་པར་བརྩམས་པ་དང༌། ཚེ་དང་ལྡན་པ་མ་འགགས་པ་དང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། འབར་བ་དང༌། གསལ་བ་དང༌། ཆར་འབེབས་པ་དང༌། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་ནས། བུད་མེད་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་སྟེང་གི་ནམ་མཁའ་ལས་ཤོད་དུ་བབས་ཏེ། དེའི་བསམ་པ་དང༌། བག་ལ་ཉལ་དང༌། ཁམས་དང༌། རང་བཞིན་ཁོང་དུ་ཆུད་ནས་གང་ཐོས་ནས། བུད་མེད་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་ཏུ་
ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རིག་པར་བྱེད་པའི་ཆོས་བསྟན་པ་བྱས་པས་དེས་བདེན་པ་མཐོང་ནས་ཕྱི་དེ་ཉིན་བར། འཕགས་པ་མ་འགགས་པ་སྒོ་བཅད་དེ་གདུགས་ཚོད་གསོལ་ནས་ཆོས་བསྟན་པའི་ཚེ་དེའི་མིང་པོ་གཉིས། མི་ཞིག་དང་ལྷན་ཅིག་འཐབ་མོ་བྱུང་བ་ན། མི་དེ་ན་རེ་ཁྱེད་གཉིས་དང་སྨྲའམ། ཁྱེད་གཉིས་ཀྱི་སྲིང་མོ་ཡ་མཚན་ཅན་སྣ་ཚོགས་དང་ལྡན་པའི་མཆོད་སྦྱིན་བྱེད་པས་ཤཱཀྱའི་བུ་དགེ་སྦྱོང་ཡང་མ་བཏང་སྟེ། ཤཱཀྱའི་བུའི་དགེ་སྦྱོང་ཡང་ཁར་རྩང་ཞུགས་ན་ད་དུང་ཡང་མ་བྱུང་ངོ་ཞེས་ཟེར་རོ། །དེ་གཉིས་ཀྱིས་བསམས་པ། བདག་ཅག་ཉིས་གང་ཅུང་ཟད་མིས་བརྙས་པར་གྱུར་པ་དེ་ཐམས་ཅད་ནི་འདིའི་ལེ་ལན་ཡིན་གྱིས། དེ་གསད་དུ་འདོང་ངོ་སྙམ་ནས། རལ་གྲི་ཤུབས་ནས་ཕྱུང་སྟེ། དེའི་ཁྱིམ་ག་ལ་བདེ་ལོགས་སུ་ཕྱོགས་ཏེ་བརྒྱུགས་པ་དང། སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང༌། ཁ་ཅིག་ནི་ལྟད་མོ་སྐྱེས་པ་ན། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བ་ན། དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་ངོ༌། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། སྲིང་མོ་ཁོ་བོ་ཕྱིར་བྱུང་གིས། ཁྱོད་ཀྱིས་སྒོ་ཆོད་ཅིག །དེ་ཕྱིར་བྱུང་བ་དང་དེས་སྒོ་བཅད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས། ཆོ་འཕྲུལ་དག་བྱ་བར་བརྩམས་ནས་ཤོད་དུ་བབས་ཏེ། ཆོས་བསྟན་པས་སྲོག་ཆགས་ཉི་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་སོ། །རི་བྲགས་དེ་དང་ཧ་ཅང་མི་རིང་བ་ན་སྐྱེད་མོས་ཚལ་ཞིག་ཡོད་པ་དེར་མཚན་མོ་གནས་པར་ཁས་བླངས་པའི་ཚེ། ཆོམ་རྐུན་པ་ལྔ་བརྒྱ་ཙམ་དེར་ལྷགས་པ་དག་ལ་ཡང་ཆོས་བསྟན་པས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱས་པ་ཡིན་ནོ། །རི་བྲགས་པ་དེ་དག་པ་ཆོས་བསྟན་པས་སྲོག་ཆགས་ཁྲི་ཉིས་སྟོང་གིས་ཀྱང་འཕགས་པའི་འབྲས་བུ་ཐོབ་པར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་ཆོམ་རྐུན་པ་ལས་བདེན་པ་མཐོང་བའི་རིགས་ཀྱི་བུ་ལྔ་བརྒྱ་པོ་དེ་དག་བཅོམ་ལྡན་འདས་ལ་གདུལ་བའི་སྐྱེས་སུ་ཁྲིད་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས།
བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་དག་གིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་དྲིས་པ། ཚེ་དང་ལྡན་པ་མ་འགགས་པ་ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཅུང་ཟད་ནི་བདེ་བར་བརྒྱུས་ཅུང་ཟད་ནི་སྡུག་བསྔལ་བར་ཡང་བརྒྱུས་སོ། །ཇི་ལྟར་འདི་ལྟར་རེ་ཞིག་གདུལ་བའི་བྱ་བ་བྱས་པ་གང་ཡིན་པ་དེ་ནི་བདེ་བར་བརྒྱུས་པ་ཡིན་ནོ། །ཧད་པོར་དེའུ་གསད་པ་གནག་ཡིན་པ་དེ་ནི་སྡུག་བསྔལ་བར་ཡང་བརྒྱུས་པ་ཡིན་ནོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་ཁྱོད་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་དུ་རུང་ངམ་གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་བྱུང་བར་གྱུར་ཏོ་ཞེས་ཟེར་ན། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་གང་དག་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་མ་འགགས་པ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བསམ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པ། ཉེས་པ་ནི་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བའོ།། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །བུད་མེད་དང་ཞེས་བྱ་བ་ནི། བུད་མེད་དང་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་དེའོ། །གནས་གཅིག་ཏུ་ཞེས་བྱ་བ་ནི་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང༌། ཕལ་ཆེར་གཡོགས་ཤིང་ཕྲལ་ཆེར་བསྐོར་བ་དག་ཏུའོ། །དེ་ལ་གནས་ཐས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་དང༌། འཁོར་གྱི་ཁམས་
དང་ཁང་བ་བརྩེགས་པ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི། སྒོ་བཅུ་པ་དག་དང་སྒོ་བཅུ་གཉིས་པ་དག་གོ །ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་ཁྱམས་ངོས་བཞི་པ་དག་གོ །ཕལ་ཆེར་གཡོགས་སིང་ཕལ་ཆེར་བསྐོར་བ་ནི་ཁྱམས་ངོས་གསུམ་པ་དང་འཁོར་གྱི་ཁམས་དག་གོ །ཉལ་ན་ཞེས་བྱ་བ་ནི་མཚན་མོ་གློས་པ་བ་སྟེ་ཉལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམས་པར་གཞག་པ་ནི། དགེ་སློང་མིའི་འགྲོ་བ་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོས་པ་ཁྲིག་པའི་ཆོས་བསྟེན་ནུས་པ་དང་ལྷན་ཅིག་གནས་གཅིག་ཏུ་མཚན་མོ་ཉལ་ནས་སྐྱ་རེངས་འཆར་བའི་མཐར་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། མིའི་འགྲོ་བ་བའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དེ་དོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བྱེད་དུ་འགྱུར་ཏེ། མིའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དང༌། ལྷན་ཅིག་གནས་གཅིག་པ་ཉིད་དང༌། མཚན་མོ་ཉིད་དང༌། གཉིད་ལོག་པ་ཉིད་དང༌། སྐྱ་རེངས་འཆར་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་དྲུག་ཅུ་ལྔ་པའོ།། །།སྡངས་པར་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད་བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་དེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤེག །འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཁྱེད་ཁོ་བོ་ཅག་གི་སློབ་དཔོན་ནམ། མཁན་པོ་ཡིན་ནམ་ཅི། མི་བྱེད་དོ། །འཆར་ཀས་སྨྲས་པ། གླན་པ་དག་འོ་ན་གཞན་ཅི་བྱེད་ཅེས་དེས་དེ་དག་གཉའ་བ་ནས་བཟུང་སྟེ་བསྐྲད་དོ། །དེ་དག་གིས་
སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དྲུག་སྡེ་དག་གིས་གང་ཅུང་ཟད་བརྙས་པར་གྱུར་པ་དེ་དག་ཐམས་ཅད་ནི་བདག་ཅག་ཐོས་པ་ཉུང་བ་ལས་གྱུར་པ་ཡིན་གྱིས་བདག་ཅག་ཐོས་པ་འཛིན་པར་འདོང་དང༌། དེས་ན་ཕྱིན་ཆང་དྲུག་སྡེ་དག་ལ་གང་ཅུང་ཟད་ཀྱང་དྲི་བར་མི་བྱའོ་ཞེས་དེ་དག་དགེ་སློང་ཞིག་གི་གན་དུ་དོང་སྟེ་སྨྲས་པ། བཙུན་པ་བདག་ཅག་ཀློག་ཏུ་སྩོལ་ཅིག །དེས་དེ་དག་ལ་ཐབས་ཡིན་ནོ་ཞེས་སྨྲས་ནས། དེ་དག་གིས་དེ་ལས་བཀླག་པར་བརྩམས་སོ། །ཉེ་དགས་སྨྲས་པ། བཙུན་པ་འཆར་ཀ་བཅུ་བདུན་སྡེ་དག་དེ་བར་བདག་ཅག་ལ་སྟེན་པར་མི་བྱེད། བསྙེན་པར་མི་བྱེད། བསྙེན་བཀུར་མི་བྱེད་དོ། །འཆར་ཀས་སྨྲས་པ། དེ་དག་ཁོ་བོས་བསྐྲད་ནས་ཐོས་པ་འཛིན་པར་བརྩམས་སོ། །བཙུན་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་གི་སྤྲུལ་ཉལ་བ་ལྕག་གིས་གཞུས་སོ། །ཇི་སྲིད་དུ་གླེན་པ་དེ་དག་ཐོས་པ་ཉུང་བར་གྱུར་པ་དེ་སྲིད་དུ་དེ་དག་བདག་ཅག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་ཀྱི། གང་གི་ཚེ་དེ་དག་མང་དུ་ཐོས་པར་གྱུར་ཅིང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། གདུག་ཅིང་ཕ་རོལ་གནོན་པར་གྱུར་པ་དེའི་ཚེ་ན་དེ་དག་བདག་ཅག་ལ་གནོད་པ་བྱ་བར་སེམས་པར་འགྱུར་རོ། །འཆར་ཀས་སྨྲས་པ། ཁོ་བོས་ཅི་ནས་དེ་དག་གིས་མ་རྟོགས་པ་ཡང་དོགས་པར་མི་འགྱུར་ཞིང༌། རྟོགས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་པ་དེ་ལྟར་བྱའོ། །བཅུ་བདུན་སྡེ་དག་མེ་ཁང་དུ་མར་མེ་བཙུགས་ཏེ་ཁ་ཏོན་བྱ་བར་བཙམས་པ་དང༌། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ་ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ་གྱོན་ནས་མེ་ཁང་དུ་ཞུགས་ཏེ་མར་མེ་བསད་ནས་འབྱུང་པོའོ་འབྱུང་པོའོ་ཞེས་སྨྲས་པ་དང༌། དེ་དག་སྡངས་ཤིང་སྐྲག་ནས་མེ་ཁང་ནས་ཕྱིར་བྱུང་སྟེ། མཐའ་གཅིག་ཏུ་འཁོད་དོ། །དེ་དག་སློབ་དཔོན་གྱིས་མཐོང་ནས་སྨྲས་པ། གཞོན་ནུ་དག་ཅིའི་ཕྱིར་ཁ་ཏོན་མི་བྱེད་པར་ཁ་རོག་སྟེ་འཁོད། དེ་དག་གིས་སྨྲས་པ། སློབ་དཔོན་བདག་ཅག་མི་མ་ལགས་པས་གཙེས་སོ། །དེས་བསམས་པ། རྒྱལ་བྱེད་ཀྱི་ཚལ་གནོད་སྦྱིན་གོས་སྔོན་པོ་གོན་པ་ལྔ་བརྒྱས་རྟག་ཏུ་མི་གཏོང་བས་འདི་ན་མི་མ་ཡིན་པ་ཡོད་རེ་སྐན། ལྷུང་བཟེད་ནག་པོ་ཅན་གནས་ངན་ལེན་ཀུན་དུ་སྤྱོད་པ་འགའ་ཞིག་གིས་འདི་
དག་བསྡིགས་སོ་སྙམ་ནས། དེས་སྨྲས་པ། གཞོན་ནུ་དག་མི་མ་ཡིན་པ་དེ་འཛིན་པར་འདོད་དམ། འཚལ་ལོ། །དེས་སྨྲས་པ། གཞོན་ནུ་དག་མེ་ཁང་གི་གྲྭ་བཞིར་མར་མེ་བཙུགས་ཏེ་རྫ་མས་ཁོ་བ་ལ། དབུས་སུ་མར་དེ་བཅུགས་ཏེ་ཁ་ཏོན་གྱིས་ཤིག་དང༌། གལ་ཏེ་དེར་འོངས་པ་དང༌། དབུས་ཀྱི་མར་མེ་བསད་ནས་འབྱུང་པོ་འབྱུང་པོ་ཞེས་ཟེར་བ་ན་སྒོ་ཆོད་ལ། མེ་ཁང་གྲྭ་བཞིར་མར་མེ་ཕྱེ་ལ་ཟུང་ཤིག །དེ་དག་གིས་དེ་ལྟར་བྱས་པ་དང༌། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀ །ལ་བ་ཞིག་སྤུ་ཕྱིར་བསྟན་ཏེ་གྱོན་ནས་མེ་ཁང་དུ་ཞུགས་ཏེ། དབུས་ཀྱི་མར་མེ་བསད་ནས་འབྱུང་པོའོ་འབྱུང་པོའོ་ཞེས་སྨྲས་པ་དང༌། དེ་དག་གིས་སྒོ་བཅད་ནས་མེ་ཁང་གི་གྲྭ་བཞིའི་མར་མེ་ཕྱེ་སྟེ་བཟུང་ནས་བརྡེག་པར་བརྩམས་པ་དང༌། དེས་སྨྲས་པ། འཆར་ཀའོ་འཆར་ཀའོ། །དེ་དག་གིས་སྨྲས་པ། ཁྱེད་ཀྱི་སྙིང་ལམ་ན་འཆར་ཀ་ཁོ་བོ་ཅག་གི་གྲོགས་ཡིན་པས་དེ་ཡིན་ནོ་ཞེས་བྱས་ན་བཏང་བར་འགྱུར་སྙམ་མམ། ཤི་དྲོད་ཀྱིས་མ་བཟུང་གི་བར་དུ་མི་བཏང་ངོ༌། །དེ་དག་གིས་ཡང་སྨྲས་པ། ཚེ་དང་ལྡན་པ་དག་མི་མ་ཡིན་པ་ནི་ཤིན་དུ་ཆེན་པོ་ཞིག་བསད་པས་ཀྱང་ཉེས་པ་སྦོམ་པོར་འགྱུར་བར་ཟད་པས་བདག་ཅག་གིས་ལྟུང་བ་མཐོལ་ཅིང་བཤགས་པར་བྱས། ཏེ་པོར་བརྡེག་གོ་ཞེས་དེ་དག་གིས་དེ་ཏེ་པོར་ཏལ་ཏལ་ཏེ་བཏང་ནས། འཆར་ཀ་འཕྱེས་འཁྲུད་དེ་རང་གི་གནས་སུ་ཕྱིན་ནས། དེ་ཕྱི་དེ་ཉིན་བར་ལུས་དག་འབྲུ་མར་གྱིས་བསྐུ་མཉེ་བྱས་ནས་ཁྲི་ལ་ཉལ་ཞིང་འདུག་པ་དང༌། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཅི་ཉེས། འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ཀུ་རེ་ཅུང་ཞིག་བྱས་ན་ཉེས་དམིགས་འདི་ལྟ་བུ་བྱུང་བར་གྱུར་རོ། །ཅི་བྱས། དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱོད་དགེ་སློང་ལ་སྡངས་པར་བྱེད་དུ་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་བུ་དག་བྱུང་བར་གྱུར་ཏོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག །དགེ་སློང་ལ་སྡངས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་
དགེ་སློང་གང་དགེ་སློང་ལ་སྡངས་པར་བྱེད་དམ། སྡངས་པར་བྱེད་དུ་འཇུད་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ། ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་དགེ་སློང་ལ་སྡངས་པར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དེ་དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྡངས་པར་བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྡངས་པར་བྱེད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཐ་ན་ཀུ་རེ་བྱ་བར་བསམས་པས་ཀྱང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་བཞད་གད་བྱ་བར་བསམས་ཀྱང་རུང༌། ཁྲོ་བ་སྔོན་དུ་བཏང་བས་ཀྱང་རུང་སྟེ་སྡངས་པར་འདོད་པས་འཇིགས་པའི་རྒྱུ་ཉེ་བར་སྒྲུབ་པ་སྔོན་དུ་བཏང་བ་འཇིགས་པར་བྱེད་པ་ཡིད་དུ་མི་འོང་བ། འདི་ལྟ་སྟེ་དཔེར་ན། ཡི་དགས་སམ། ཤ་ཟའམ། གྲུལ་བུམ་མམ། ལུས་སྲུལ་པོ་གཟུགས་ལ་བ་ནག་པོའམ། སོལ་བའམ། ཀ་བ་ཚིག་པ་ལྟ་བུ་སྒྲ་སེང་གེའམ། སྟག་གམ། སྟག་གམ། གུང་ངམ། གཞིག་གམ། མཚའ་འམ། ཝའི་སྐད་ལྟ་བུ། དྲི་བཤང་བའམ། གཅི་བའམ། རའམ། རའི་ཟེ་བའི་དྲི་ལྟ་བུ། རེག་པ་སྲེག་གམ། རེ་ལྡེའམ། ཕྱར་བའི་རེག་པ་ལྟ་བུ་དག་ཉིད་འདི་ན་ཡོད་དོ་ཞེས། དགེ་སློང་ལ་བདག་ཉིད་ཀྱིས་གོ་བར་བྱེད་དམ། གཞན་གྱིས་ཀྱང་གོ་བར་བྱེད་དུ་བཅུག་ན་འཇིགས་པ་སྐྱེས་ཀྱང་རུང༌། མ་སྐྱེས་ཀྱང་རུང༌། སྐྱོ་བར་བྱ་བའི་ཆེད་ཉིད་མ་གཏོགས་ཏེ། སྡངས་པར་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྡངས་པར་འདོད་པ་དང༌། ཡིད་དུ་མི་འོང་བ་ཉིད་དོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བཞད་གང་བྱ་བར་བསམས་པའམ། ཁྲོ་བ་སྔོན་དུ་བཏང་བའི་བསམ་པ་གང་ཡང་རུང་བ་ཉིད་དང༌། སྡངས་པར་འདོད་པ་ཉིད་དང༌། འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་གང་ཡང་རུང་བ་ཉིད་དང༌། ཕ་རོལ་པོ་སྡངས་པར་བྱ་བ་དགེ་སློང་ཉིད་དང༌། བདག་ཉིད་དམ་གཞན་གང་ཡང་རུང་བས་གོ་བར་བྱེད་པ་ཉིད་
དང། ཕ་རོལ་པོ་འཇིགས་པ་སྐྱེས་ཀྱང་རུང༌། མ་སྐྱེས་ཀྱང་རུང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྡངས་བར་བྱེད་པའི་ལྟུང་བྱེད་དེ་དྲུག་ཅུ་དྲུག་པའོ།། །།སྦེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་སྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་གཤེགས་སོ། །དྲུག་སྡེ་དག་དང༌། བཅུ་བདུན་སྡེ་དག་ཕྱི་བཞིན་འབྲང་ཞིང་དོང་ངོ༌། །དེ་ན་ལམ་ན་རྫིང་བུ་ཆུས་གང་བ་ཞིག་འདུག་ནས་དྲུག་སྡེ་དག་གིས། བཅུ་བདུན་སྡེ་དག་ལ་སྨྲས་པ། བཅུ་བདུན་སྡེ་དག་ཀྱེ་མ། ཁྱེད་ཅག་དང་ཁོ་བོ་ཅག་ལྷན་ཅིག་འགྲན་པ་ཡིན་ན། ཚུར་ཤེག་ཡུ་བུ་ཅག་ཆུའི་ནང་དུ་གང་ཡུན་རིང་དུ་འདུག་ཕོད་པ་ལྟའོ། །དེ་དག་གིས་སྨྲས་པ། དེ་ལྟར་བྱའོ་ཞེས་དེ་དག་ཐམས་ཅད་ཆུར་ཞུགས་པ་དང༌། ཉེ་དགའ་ཆུ་ནང་ནས་བྱུང་སྟེ། བཅུ་བདུན་སྡེ་དག་གི་གོས་དག་ས་འབུས་པ་ཞིག་གི་འོག་ཏུ་སྦས་པ་དང༌། དྲུག་སྡེ་དག་མྱུར་བ་མྱུར་བར་རྫིང་བུའི་ནང་ནས་བྱུང་སྟེ། གོས་དག་གྱོན་ནས་དོང་ངོ༌། བཅུ་བདུན་སྡེ་དག་ཆུའི་སྟེང་དུ་བྱུང་བ་དང༌། དྲུག་སྡེ་དག་མི་སྣང་ནས། དེ་དག་གིས་བདག་ཅག་ཕམ་པར་བྱས་ན་མི་རུང་ངོ་ཞེས་དེ་དག་ཡང་ཆུའི་འོག་ཏུ་ཞུགས་སོ། །དེ་དག་ལས་ཡང་དག་ཡང་དུ་ཆུའི་སྟེང་དུ་བྱུང་སྟེ་བལྟས་ན། དྲུག་སྡེ་དག་མི་སྣང་ནས། དེ་དག་ད་དུང་ཆུའི་འོག་ན་འདུག་གོ་སྙམ་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དྲུག་སྡེ་དག་གིས་གོས་སྦས་ཏེ་འདོང་ངོ་ཞེས་བགྲོས་པ་དང༌། ཇི་ཙམ་ན་གོས་དག་མི་སྣང་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་དག་གིས་བདག་ཅག་ཐོ་བཙམས་སོ་ཞེས་དེ་དག་རྫིང་བུ་ནས་བྱུང་སྟེ། མཐའ་གཅིག་ཏུ་
འཁོད་དོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་ལྔ་བརྒྱ་དང་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན། ཕྱོགས་དེར་འོངས་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དག་གི་གོས་དག་ཕྱུང་སྟེ་དེ་དག་ལ་བྱིན་ནོ། །དེ་ནས་དེ་དག་དགེ་སློང་དག་གི་ནང་དུ་དོང་ནས། གོས་བཤུགས་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་ཁོ་བོ་ཅག་ལ་མཁན་པོས་མ་དགོངས་སུ་ཟིན་ན། ཁོ་བོ་ཅག་གི་ཟན་བཅད་པ་བྱས་པར་འགྱུར་རོ། །ཅིའི་ཕྱིར་དེ་དག་གིས་དེ་རྒྱས་པར་བརྗོད་པ་དང་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་སློང་གི་གོས་དག་སྦེད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་འཇུད་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཐོ་བཙམས་པ། ཉེས་པ་ནི་རབ་ཏུ་བྱུང་བའི་ཡོ་བྱད་སྦེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ངམ། དགེ་སློང་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ཞེས་བྱ་བ་ནི་དགེ་སློང་འདི་པའིའོ། །ལྷུང་བཟེད་ཅེས་བྱ་བ་ནི་ལྷུང་བཟེད་ཉིད་དོ། །གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་སྣོད་དོ། །ཕོར་བུ་ཞེས་བྱ་བ་ནི་ཁམ་ཕོར་རོ། །སྐ་རགས་ཞེས་བྱ་བ་ནི་ཤུར་བུ་དང༌། ལྕག་པོད་དང༌། རྒྱ་ཅང་དང༌། ཤུར་བུ་ཕྲེའུའོ། །དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞེས་བྱ་བ་ནི་དེ་དག་ལས་གཞན་གང་ཡང་རུང་བའོ། །སྦེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྦེད་དུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་ཕན་པར་འདོད་པས་སྦེད་པ་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་
བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རབ་ཏུ་བྱུང་བ་འདི་བ་དབང་བའི་ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་ལ་སོགས་པ་དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ། སྦེད་དུ་བཅུག་ན། ཕན་པར་འདོད་པས་སྦེད་པ་མ་གཏོགས་ཏེ། སྦེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཐོ་བཙམས་པའི་བསམ་པ་དང༌། རབ་ཏུ་བྱུང་བ་འདི་པ་གང་ཡང་རུང་བའི་ཡོ་བྱད་གང་ཡང་རུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཐོ་འཚམས་པའི་བསམ་པ་དང༌། རབ་ཏུ་བྱུང་བ་འདི་པ་དང༌། ཡོ་བྱད་དང༌། སྦེད་དམ། སྦེད་དུ་འཇུག་པ་དང༌། ཕན་བར་འདོད་པ་མ་གཏོགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦེད་པའི་ལྟུང་བྱེད་དེ་དྲུག་ཅུ་བདུན་པའོ།། །།བྱིན་ནས་ཉེ་བར་འཚོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྔངས་པས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་སྙིང་ལ་ཆུང་ངུར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འཁོད་པ་དེའི་ཚེ་ན། ཚེ་དང་ལྡན་པ་ཉེ་དགའ་རྒས་པར་གྱུར་ནས། དེ་ལ་ལྷན་ཅིག་གནས་པ་དང༌། ཉེ་གནས་འགའ་ཡང་མི་ཉན་པས་དེའི་ཚེ་གོས་དག་དྲི་མ་ཅན་དུ་གྱུར་ཀྱང་དེས་འཁྲུ་བ་དང༌། ཁ་བསྒྱུར་བར་མི་ནུས་ནས། དེ་ལ་བློ་བྱུང་བ་ཐབས་ཅིག་བྱའོ་སྙམ་ནས། དེས་ཆོས་གོས་དེ་དག་ལྷན་ཅིག་གནས་པ་དང༌། ཉེ་གནས་དག་ལ་བུ་དག །ཁོ་བོ་རྒས་པས་འདི་དག་ཁྱོད་ཀྱི་ཡིན་ནོ་ཞེས། ལ་ལ་ལ་སྣམ་སྦྱར་བྱིན། ལ་ལ་ལ་བླ་གོས་བྱིན། ལ་ལ་ལ་མཐང་གོས་བྱིན། དེ་དག་གིས་རང་གི་སྲེད་པས། ཆོས་གོས་དེ་དག་ལགས་པར་བཀྲུས་ཤིང་ལེགས་པར་ཁ་བསྒྱུར་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་
བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས། ཁྱོད་ཅག་དང་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས། ཆོས་གོས་ཀྱི་ལས་དག་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་སྐད་བསྒོ་བ་ན། དགེ་སློང་དེ་དག་གིས་ཆོས་གོས་དེ་དག་ཉེ་དགའ་ལ་གཏམས་ཏེ་དོང་ངོ༌། །ཉེ་དགས་དེ་དག་སྤྱད་ནས། ཕྱིར་གཏུར་བུར་བཅུག་གོ །ཇི་ཙམ་ན་དགེ་སློང་དེ་དག་ཕྱིར་འོངས་ནས་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གློ་བུར་དུ་གཤེགས་པའི་གཤེགས་སྟོན་ལ་སྤྱན་དྲངས་པའི་ཚེ། དེ་དག་གིས་ཆོས་གོས་དེ་དག་བླངས་པ་དང༌། ཉེ་དགས་སྤྱད་པར་མཐོང་ནས་བཞག་སྟེ། ཆོས་གོས་རྙིང་པ་དག་གིས་ཞུགས་སོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་གིས་ཆོས་གོས་དག་ཅིག་གཏམས་ཏེ་བཞག་སྟེ། ཅིའི་ཕྱིར་ལམ་གྱི་ཆོས་གོས་དག་ཅིག་གྱོན་ཏེ་འོངས། དེ་དག་གིས་སྨྲས་པ། གཏམས་ཏེ་བཞག་གོ །འོ་ན་ཅིའི་ཕྱིར་དེ་དག་མི་གྱོན། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་སློང་ལ་ཆོས་གོས་བྱིན་ནས། དེའི་འོག་ཏུ་རྡེང་མེད་པར་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང༌། དགེ་སློང་ལ་གོས་བྱིན་ནས། དེའི་འོག་ཏུ་རྡེང་མེད་པར་སྤྱོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུན་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐུག་ཐོབ། ཉེས་པ་ན་དགེ་སློང་ལ་གོས་བྱིན་པ་རྡེང་དྲོད་མེད་པར་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །གོས་ཞེས་བྱ་བ་ནི། སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་གསུམ་ལས་གང་ཡང་རུང་བའོ། །བྱིན་ནས་ཞེས་བྱ་བ་ནི་བླང་བ་མེད་པར་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་དུའོ།།
རྡེང་མེད་པར་ཞེས་བྱ་བ་ནི་མི་བླང་བར་རོ། །སྤྱོད་ན་ཞེས་བྱ་བ་ནི་གྱོན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་ལ་གོས་སྣམ་སྦྱར་དང༌། བླ་གོས་དང༌། མཐོང་གོས་གང་ཡང་རུང་བ་གཏན་བྱིན་ནས། དེའི་འོག་ཏུ་དེས་གནང་པའི་རྡེང་མད་པར་གཞི་དེས་དེ་དགའ་བར་མི་འགྱུར་བར་སྤྱོད་ན། བྱིན་ནས་ཉེ་བར་འཚེ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་གི་གོས་དག་རྡེང་མེད་པར་སྤྱོད་ནའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གི་དང༌། དགེ་སློང་གི་ཡོ་བྱད་གཞན་མ་གཏོགས་པའི་གོས་ཉིད་དང༌། རང་གིས་ཕར་བྱིན་པ་དང༌། ཕ་རོལ་པོའི་རྡེང་མེད་པར་རང་གི་བློས་ཉེ་བར་འཚོ་བ་དང༌། གཞི་དེས་དེ་དགའ་བར་མི་འགྱུར་བར་སྤྱོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བྱིན་ནས་ཉེ་བར་འཚོ་བའི་ལྟུང་བྱེད་དེ་དྲུག་ཅུ་བརྒྱད་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་དྲུག་པ། སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་རྫིང་བུ་རྡོ་རྩིག་ཅན་ཞེས་བྱ་བའི་འགྲམ་ན་འདུག་གོ །དགེ་སློང་མ་ཨུཏྤལའི་མདོག །བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཆལ་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེའི་ཚེ་ན་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས། ཕྱག་དར་ཁྲོད་ཅིག་རྙེད་ཅིང་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས། རྟག་ཏུ་ཀླན་ཀ་ཚོལ་བ་ལ་བརྩོན་པ་ཡིན་པས། དེ་གཉིས་ཕྱག་དར་ཁྲོད་ཀྱི་གོས་ཁྱེར་ཏེ་རྫིང་བུ་རྡོ་རྩིག་ཅན་དུ་འཁྲུར་བཅུག་ནས་ཉི་མ་ལ་བཏིང་སྟེ་འཁོད་དོ། །དེའི་ཚེ་ན། ཚེ་དང་ལྡན་པ་གྱད་བུ་ནོར་གྱི་གོས་ཀྱི་གྲྭ་རླུང་གིས་བསྐྱོད་ནས། དགེ་
སློང་མ་ཨུཏྤ་ལའི་མདོག་གི་མགོ་ལ་རེག་གོ །དེ་མཛའ་བོས་མཐོང་ནས་ས་ལས་སྐྱེས་ལ་སྨྲས་པ། ས་ལས་སྐྱེས་གྱད་བུ་ནོར་འདི་ལ་དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་བྱུང་གིས་འདོང་ལ་དགེ་སློང་རྣམས་ལ་བརྗོད་པར་བྱའོ་ཞེས་དེ་གཉིས་དོང་སྟེ། དགེ་སློང་རྣམས་ལ་དེ་སྐད་སྨྲས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཅག་གཉིས་ལྷ་དང་མི་རྣམས་གཅིག་ཏུ་ཡོངས་སུ་བཏང་ཞིང༌། སེམས་ཅན་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོ་རྣམས་སུ་གཅིག་ཏུ་གནས་སམ། ཅི་ན་དགེ་སློང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་པ་དེ་ལ། ཁྱེད་གཉིས་གཞི་མེད་པའི་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་ཅེས་ཟེར་བ་དེའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང༌། ཇི་ལྟར་མཐོང༌། གང་དུ་མཐོང༌། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་པས་དེ་མཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་རྟོགས་ཤིག །དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པ་རབ་ཏུ་གླེངས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག །ཚེ་དང་ལྡན་པ་གྱད་བུ་ནོར་ལ། དགེ་སློང་མ་ཨུཏྤ་ལའི་མདོག་དང་ལྷན་ཅིག་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་མ་བྱུང་སྟེ། འདི་ལྟར་བདག་ཅག་གཉིས་ཀྱིས་ཆེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་སྨྲས་སོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག །དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་བ་འདེབས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་
བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་ཁོན་དུ་འཛིན་པ། ཉེས་པ་ནི་གཞི་མེད་པར་དགེ་སློང་ལ་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །དེ་ལ་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ༌། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་གྱུར་ནས་དེ་འཁྲུགས་པ་མི་གསལ་བར་རོ། །དགེ་སློང་དག་པ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་གྱད་བུ་ནོར་རམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པར་རོ། །གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་པོ་མཐོང་བའི་གཞི་དང༌། ཐོས་པའི་གཞི་དང༌། དོགས་པའི་གཞི་མེད་པར་རོ། །དགེ་འདུན་ལྷག་མའི་ཆོས་ཀྱིས་ཞེས་བྱ་བ་ནི། བཅུ་གསུམ་པོ་གང་ཡང་རུང་བ་སྟེ། དེ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་ན་ཞེས་བྱ་བ་ནི་སྐུར་པ་འདེབས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་སྐུར་པ་འདེབས་པར་འདོད་པས། དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་པ་གསལ་བའམ། བག་ཙམ་གྱིས་ཀྱང་བརྗོད་ན་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྐུར་པ་འདེབས་པར་འདོད་པ་དང༌། དགེ་འདུན་ལྷག་མའི་ཆོས་སོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྐུར་པ་འདེབས་པར་འདོད་པ་དང༌། ཕ་རོལ་པོ་དགེ་སློང་ཉིད་དང༌། འདུ་ཤེས་བསྒྱུར་བ་དང༌། དགེ་འདུན་ལྷག་མའི་ཆོས་དང༌། གསལ་བའམ། བག་ཙམ་གྱིས་ཀྱང་བརྗོད་པའོ། །དེ་དག་ལས་ལན་ལག་མ་ཚན་ན་ཅི་རིགས་པར་ན་སྨད་དོ། །སྐུར་པ་འདེབས་པའི་ལྟུང་བྱེད་དེ་དྲུག་ཅུ་དགུ་པའོ།། །།བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཀྱི་གླིང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཐ་ག་པ་སྤྱི་ཅེར་ཞེས་བྱ་བ་ཞིག་འདུག་པ་དེས།
མཉན་ཡོད་པའི་ཐ་ག་པ་ཞིག་གི་བུ་མོ་བག་མར་བླངས་ནས། དེས་བུ་མོ་དེ་ལ་ཡང་དང་ཡང་དུ་ཁུ་ཚུར་དང༌། ཐལ་ལྕག་དག་གིས་རྡེག་པར་བྱེད་ནས། དུས་གཞན་ཞིག་ན་ཐ་ག་པ་སྤྱི་ཅེར་ཚོང་ཁང་དུ་ཆང་འཐུངས་ཏེ། ར་རོ་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེས་བུ་མོ་དེ་ཤིན་བརྡེགས་ཏེ་གཉིད་དུ་སོང་བ་དང༌། དེས་ཐ་ག་པ་དེ་གཉིད་ལོག་པར་རིག་ནས་སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ་བྲོས་སོ། །དགེ་སློང་ཞིག་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་ཁས་བླངས་ནས། མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འཕགས་པ་དེ་ཡང་སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ། སོང་བ་དང༌། བུ་མོ་དེས། དགེ་སློང་དེ་མཐོང་ནས། འཕགས་པ་གར་བཞུད། དེས་སྨྲས་པ། སྲིང་མོ་མཉན་ཡོད་དུ་འགྲོའོ། །བདག་ཀྱང་མཉན་ཡོད་དུ་མཆི་ཡིས་འཕགས་པ་དང་ལྷན་ཅིག་འགྲོགས་ཏེ་མཆིའོ། །དེ་ལྟར་གྱིས་ཤིག །སྲིང་མོ་དེ་དགེ་སློང་དེ་དང་ལྷན་ཅིག་འགྲོགས་ཏེ་འགྲོ་བར་བརྩམས་སོ། །ཇི་ཙམ་ན་ཐག་པ་སྤྱི་ཅེར་ར་རོ་བ་སངས་ཏེ་སད་པ་ན། བུ་མོ་དེ་མི་སྣང་ནས་དེས་སོང་སྟེ། སྒོ་བ་ལ་དྲིས་པ་དང༌། ཀྱེ་ནང་རྗེ་སྒོ་འདི་ནས་བུ་མོ་ཞིག་ཕྱིར་བྱུང་ངམ། སྒོ་བས་སྨྲས་པ། སྒོ་དང་པོ་ཕྱེ་བ་ཁོ་ན་ནས་བྱུང་སྟེ་སོང་ངོ༌། །ཐག་པ་དེ་ར་བ་ལ་འཛེགས་ཏེ་ཕྱི་བཞིན་བལྟས་པ་དང༌། ཇི་ཙམ་ན་ཐག་རིང་པོ་ཁོ་ན་ནས་སོང་བ་མཐོང་ནས། དེ་མྱུར་བ་མྱུར་བར་བབས་ཏེ་བསྙགས་པ་དང༌། ཅི་ཙམ་ན་དགེ་སློང་ཞིག་དང་ལྷན་ཅིག་འགྲོ་བར་མཐོང་ནས། དེས་བསམས་པ། བདག་ནི་གཅིག་པུ་ཡིན་ལ། འདི་གཉིས་ནི་གཉིས་ཡིན་བས། གལ་ཏེ་དེ་བཟུང་ན་འདི་གཉིས་ལོག་སྟེ། བདག་བརྡེག་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས། ར་མདའ་བཟློག་གོ་སྙམ་ནས། རི་བྲགས་ཤིག་ན་ཐ་ག་པ་ལྔ་བརྒྱ་ཙམ་འཁོད་པ་དག་གི་གན་དུ་སོང་སྟེ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་ཆུང་མ་ཤཱཀྱའི་བུའི་དགེ་སློང་གིས་ཕྲོགས་ཀྱིས་དེ་ལ་གྲོགས་གྱིས་ཤིག་ཅེས་ར་མདའ་བཟློག་ཏུ་བཅུག་གོ །ཐ་ག་པ་དག་ནི་ཡོངས་སུ་མི་རྟོག་པ་ཡིན་པས་དེ་དག་གིས་ཐགས་ཟངས་ལྔ་བརྒྱ་ཙམ་ཐོགས་ཏེ། རི་བྲགས་ནས་ཕྱིར་བྱུང་ནས། དེ་དག་གིས་དགེ་སློང་དེ་ཤིན་ཏུ་བརྡེགས་ཏེ། ལྷུང་བཟེད་ཀྱང་བཅག །ཕོར་
བུ་དང་ཁར་བ་དག་ཀྱང་བཅག །ཆོས་གོས་དག་ཀྱང་དྲལ་ནས་ཤིའོ་སྙམ་དུ་བསམས་ནས་བོར་རོ། །བུ་མོས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་དག་ཁྱེད་ཅག་གིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པ་ལགས་ཀྱིས། རྒྱལ་པོའི་གམ་དུ་བཞུད་དེ་གསུངས་ལ། འདི་དག་གིས་ལག་པ་དང་རྐང་པ་དག་གཅོད་དུ་སྩོལ་ཅིག །དེ་དག་སྐྲག་ནས། དགེ་སློང་དེ་ལ་བཟོད་པ་གསོལ་བ་དང༌། དགེ་སློང་གི་སྙིང་ནི་མར་དང་འདྲ་བས་བཟོད་པར་བྱས་སོ། །བུ་མོ་དེས་སྨྲས་པ། གལ་ཏེ་འཕགས་པས་བཟོད་ཀྱང་བདག་གིས་མི་བཟོད་དོ། །དེ་དག་གིས་བུ་མོ་དེ་ལ་ཡང་བཟོད་པར་གསོལ་བ་དང༌། བུ་མོ་དེས་སྨྲས་པ། ཁྱེད་ཅག་ལ་ནི་བཟོད་ན། ཐ་ག་པ་སྤྱི་ཅེར་འདི་ལ་མི་བཟོད་དེ། བདག་གིས་འདིའི་ལག་པ་དང་རྐང་པ་དག་གཅད་པར་བྱའོ། །དེ་དག་གིས་སྨྲས་པ། འདི་ལ་ཡང་བཟོད་པར་གྱིས་ཤིག །བུ་མོ་དེས་སྨྲས་པ། གལ་ཏེ་ཕྱིན་ཆད་བདག་ལ་མི་རྡེག་ན་དེ་ལྟ་ན་བཟོད་པར་བྱའོ། །ཐ་ག་པ་དེས་སྨྲས་པ། ཕྱིན་ཆད་མི་རྡེག་གོ །བུ་མོ་དེས་སྨྲས་པ། གལ་ཏེ་དེ་ལྟར་ན་བཟོད་པར་བྱའོ། །དགེ་སློང་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། ཁོ་བོ་ཐ་ག་པ་དག་གིས་ཧད་པོར་སྲོག་དང་དེའི་ཕྲལ་ལོ། །དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོར་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་བུ་བྱུང་ངོ༌། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ཏུ་འགྲོན་ལམ་དུ་འགྲོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ། ལྟུང་བྱེད་དོ་ཞེས་བཅའ་བ་མཛད་
དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་ཆོས་འདི་པ། ཉོན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སྐྱེས་པ་མེད་པར་ཞེས་བྱ་བ་ནི་དེ་དང་དེའོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ནི། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །འགྲོན་ལམ་དུ་འགྲོན་ཞེས་བྱ་བ་ནི། དགོན་པའི་ལམ་དུ་འགྲོ་ནའོ། །ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ་བ་ནི། ཐ་ན་རྒྱང་གྲགས་ཀྱི་བར་དུ་ཡང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་སྐྱེས་པ་གཞན་མེད་པར་མིའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་རང་གི་བསེལ་བྱེད་པ་དང་ལམ་དུ་འཇུག་པ་དང༌། མི་ནུས་པ་འཁྲིག་པ་མ་གཏོགས་པ་དང༌། ལྷན་ཅིག་འདོད་པས་ལམ་དུ་འགྲོ་ན། རྒྱང་གྲགས་རེ་རེའི་མཐར་བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། མིའི་འགྲོ་བ་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དང༌། ལམ་རྒྱང་གྲགས་ཀྱི་མཐའ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་འགྲོ་བ་པའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ཉིད་དང༌། རང་དཀར་འདོད་པས་ལམ་དུ་འགྲོ་བ་ཉིད་དང༌། བསེལ་བྱེད་པའམ། ལམ་དུ་འཇུག་པའམ། མི་ནུས་པ་ཁྲིད་པ་མ་གཏོགས་པ་ཉིད་དམ། རིག་པའི་སྐྱེས་པ་མ་གཏོགས་པ་ཉིད་དང༌། ལམ་རྒྱང་གྲགས་ཀྱི་མཐའ་ལས་འདས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་པའོ།། །།སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་བྱ་བ་ནི། བཅུ་པ་བརྒྱད་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང༌། དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་བརྒྱ་
པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། རྐུན་མ་དང་ལྷན་ཅིག་འགྲོ་བ་དང༌། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་དང༌། ས་རྐོ་བ་དང༌། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་དང༌། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་པ་དང༌། ཉན་རྣ་ལས་གྱུར་པ་དང། མི་སྨྲ་བར་འགྲོ་བ་དང༌། མ་གུས་པའི་ཚུལ་དང༌། མྱོས་པར་འགྱུར་བ་འཐུང་བ་དང༌། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ། །དེ་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་སུ་གནས་པར་ཁས་བླངས་སོ། །དེ་ནས་དགེ་སློང་དེ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས། ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་དུ་འཕགས་ནས་མཉན་ཡོང་དུ་འགྲོ་བའི་དོན་མཐུན་པ་བཙལ་བ་དང༌། དེས་ཚོང་པ་ཤོ་གམ་འདྲལ་བ་དག་མཐོང་ནས། དེས་སྨྲས་པ། ཤེས་ལྡན་དག་གར་འདོང༌། འཕགས་པ་མཉན་ཡོད་དུ་མཆིའོ། །ཤེས་ལྡན་དག །ཁོ་བོ་ཡང་ཁྱེད་དང་ལྷན་ཅིག་མཉན་ཡོད་དུ་འགྲོའོ་ཞེས་དེ་དག་དང་ལྷན་ཅིག་འཕགས་སོ། །ཇི་ཙམ་ན་རི་བྲགས་ཤིག་ཏུ་ཤོ་གམ་གྱི་གནས་སུ་ཕྱིན་པ་དང༌། ཚོང་པ་ཤོ་གམ་འདྲལ་བ་དེ་དག་ཤོ་གམ་གཅོད་པ་དེ་དག་གིས་འཇིགས་པས་ལམ་གོལ་བ་ནས་འགྲོ་བར་བརྩམས་པ་དང༌། དགེ་སློང་དེ་ཡང་མདུན་དུ་སོང་ངོ། །དེ་དག་ཤོ་གམ་གཅོད་པ་དག་གིས་མཐོང་ནས། དེ་དག་གིས་སྨྲས་པ། ཀྭ་ཡེ་ཚོང་བ་ཤོ་གམ་འདྲལ་བ་དག་གར་འདོང༌། དེ་དག་གིས་དགེ་སློང་དེ་མདུན་དུ་འགྲོ་བ་མཐོང་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཚོང་བ་ཤོ་གམ་འདྲལ་པ་འདི་དག་གིས་མ་ཉེས་ཀྱི། ཤཱཀྱའི་བུའི་དགེ་སློང་མདུན་དུ་འགྲོ་བའི་འདིས་ཉེས་ཀྱིས་འདི་གསད་པར་བྱའོ་ཞེས་དེ་དག་གིས་དགེ་སློང་དེ་ཤིན་ཏུ་བརྡེགས་ཏེ་ལྷུང་བཟེད་ཀྱང་བཅག །ཕོར་བུ་དང་ཁར་བ་དག་ཀྱང་བཅག །ཆོས་གོས་དག་ཀྱང་དྲལ་ཏེ་ཤིའོ་སྙམ་ནས་བོར་རོ། །ཚོང་པ་ཤོ་གམ་འདྲལ་བ་དེ་དག་གིས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་
ཁྱེད་ཀྱིས་རྒྱལ་པོ་ལས་གཞོན་ནུའི་ཡོངས་སུ་སྤང་བ་ཐོབ་པ་ལགས་ཀྱི། རྒྱལ་པོའི་གན་དུ་བཞུད་དེ་གསུངས་ལ། ཤོ་གམ་པ་འདི་དག་གི་ལག་པ་དང༌། རྐང་པ་དག་གཅོད་དུ་སྩོལ་ཅིག །དེ་དག་སྐྲག་ནས། དགེ་སློང་དེ་ལ་བཟོད་པར་གསོལ་པ་དང༌། དགེ་སློང་གི་སྙིང་ནི་མར་དང་འདྲ་བས་དེས་བཟོད་པར་བྱས་སོ། །ཤོ་གམ་འདྲལ་བ་དག་གིས་སྨྲས་པ། གལ་ཏེ་འཕགས་པས་བཟོད་ཀྱང་བདག་ཅག་གིས་མི་བཟོད་དོ། །དེ་དག་གིས་ཤོ་གམ་འདྲལ་བ་དེ་དག་ལ་ཡང་བཟོད་པར་གསོལ་བ་དང༌། ཤོ་གམ་འདྲལ་བ་དེ་དག་གིས་སྨྲས་པ། གལ་ཏེ་ཁྱེད་ཤོ་གམ་ཇི་སྙེད་པ་དག་གིས་ཁོ་བོ་ཅག་ཚོང་པ་ཇི་སྙེད་པ་དག་ཤོ་གམ་འཇལ་དུ་མི་འཇུག་ན་ཁོ་བོ་ཅག་གིས་ཀྱང་བཟོད་པར་བྱའོ། །ཤོ་གམ་པ་དེ་དག་གིས་ཚོང་པ་དེ་དག་ལ་གནང་ངོ༌། །དགེ་སློང་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། ཁོ་བོ་ཤོ་གམ་པ་དག་གིས་ཧད་པོར་སྲོག་དང་དེའུ་ཕྲལ་ལོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱོད་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོར་རུང་ངམ། གང་གི་ཕྱིར་མི་རུང་བ་དེ་ཉིད་ཀྱི་ཕྱིར་ཉེས་དམིགས་འདི་ལྟ་བུ་དག་བྱུང་བར་གྱུར་ཏོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག །དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན། གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་ཆོས་འདི་པ་ཞིག །ཉོན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་དོན་མཐུན་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དོན་མཐུན་རྐུན་མ་དང་ལྷན་
ཅིག་ཅེས་བྱ་བ་ལ། རྐུན་མ་ཞེས་བྱ་བ་ནི། ཆོམ་རྐུན་པ་གྲོང་འཇོམས་པར་བྱེད་པ་དག་དང༌། ཚོང་པ་ཤོ་གམ་འདྲལ་བ་དག་གོ །འགྲོན་ལམ་དུ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་དུ་འགྲོ་ནའོ། །ཐ་ན་གྲོང་བར་དུ་ཡང་དུ་རུང་སྟེ་ཞེས་བྱ་བ་ནི། ཐ་ན་རྒྱང་གྲགས་ཀྱི་བར་དུ་ཡང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང༌། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་དོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམས་པར་གཞག་པ་ནི། དགེ་སློང་གྲོང་འཇོམས་པའི་ཆོམ་རྐུན་པ་དག་གམ། ཤོ་གམ་འདྲལ་བའི་ཚོང་པ་རང་གི་བསེལ་བྱེད་པ་དང༌། ལམ་དུ་འཇུད་པ་དང༌། མི་ནུས་པ་ཁྲིད་པ་མ་གཏོགས་པ་དང་ལྷན་ཅིག་འདོད་པས་ལམ་དུ་འགྲོ་ན། རྒྱང་གྲགས་རེ་རེའི་མཐར་རྐུན་མ་དག་དང༌། ལྷན་ཅིག་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། མིའི་འགྲོ་བ་པ་གྲོང་འཇོམས་པའི་ཆོམ་རྐུན་པ་དག་གམ། ཤོ་གམ་འདྲལ་བའི་ཚོང་པ་དག་དང༌། ལམ་རྒྱང་གྲགས་ཀྱི་མཐའ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མིའི་འགྲོ་བ་དང༌། གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ། ཤོ་གམ་འདྲལ་བའི་ཚོང་པ་དག་དང༌། རང་དགར་འདོད་པས་ལམ་དུ་འགྲོ་བ་ཉིད་དང༌། བསེལ་བྱེད་པའམ། ལམ་དུ་འཇུག་པའམ། མི་ནུས་པ་ཁྲིད་པ་མ་གཏོགས་པ་ཉིད་དང༌། ཟོལ་པ་དག་དང༌། རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་མ་གཏོགས་པ་ཉིད་དང༌། ལམ་རྒྱང་གྲགས་ཀྱི་མཐའ་ལས་འདས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་གཅིག་པའོ།། །།ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་
གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང༌། བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་མཚན་མོའི་ཐོ་རངས་ཀྱི་དུས་ཀྱི་ཚེ་བཀྲེས་པའི་ཉམ་ཆུང་བས་ཡོངས་སུ་གཟིར་ནས་དུའོ།། བཅོམ་ལྡན་འདས་ཀྱིས་དེ་དག་གསན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་གང་ཟག་ལོ་ཉི་ཤུ་མ་ལོན་པ། དགེ་སློང་གི་དངོས་པོ་བསྙེན་པར་རྫོགས་པར་བྱེད་དམ། བཙུན་པ་བགྱིད་དོ། །ཀུན་དགའ་བོ་གང་ཟག་ལོ་ཉི་ཤུ་མ་ལོན་པས་ནི་གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། རླུང་དང༌། ཉི་མ་དང༌། ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་དང༌། སྡིག་སྦྲུལ་དག་གིས་རེག་པ་དང༌། གཞན་ལས་ཚིག་གི་ལམ་ངན་པ་སྨྲས་པ་དང༌། ངན་པ་འོངས་པ་དག་དང༌། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་དང༌། ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་བྱུང་ངོ་ཅོག་དག་མི་བཟོད་ཅིང་ཟག་པ་དག་ལ་ཇི་མི་སྙམ་པར་བྱ་བ་ཡང་མི་བཟོད་ཅིང་དང་དུ་ལེན་མི་ནུས་པའི་རང་བཞིན་ཅན་ནོ། །གང་ཟག་ལོ་ཉི་ཤུ་ལོན་པ་ནི་དེ་ལས་བཟློག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ། དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་ཏེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་མཽད་གལ་གྱི་པུ་ཆེན་པོ། །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ། ཉེས་པ་ནི་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་ཅེས་བྱ་བ་ནི་དགེ་སློང་དུ་བྱ་བ་གང་ཡིན་པའོ། །ལོ་ཉི་ཤུ་མ་ལོན་པ་ཞེས་བྱ་བ་ནི་ལོ་ཉི་ཤུ་མ་ལོན་པའོ། །དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་
བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ་ཞེས་བྱ་བ་ནི་གང་ཟག་གང་ཡིན་པ་དེའོ། །དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་ཏེ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འཁོད་པ་དེ་དག་གོ །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ། དེ་ནི་ངེས་པའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གང་ཟག་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱན་ལོ་ཉི་ཤུ་ཉིད་ཀྱང་མ་ལོན་ལ། དགེ་སློང་གིས་དེ་ལྟར་ཤེས་བཞིན་དུ། མཁན་པོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་ན་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་གྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། བསྙེན་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྙེན་པར་རྫོགས་པར་བྱ་བ་དེའི་དུས་ན། ལོ་ཉི་ཤུ་མ་ལོན་པ་ཉིད་དང༌། དེར་འདུ་ཤེས་པ་དང༌། མཁན་པོ་ཉིད་བྱེད་པ་དང༌། དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དེ་བདུན་ཅུ་གཉིས་པའོ།། །།ས་རྐོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དྲུག་སྡེ་དག་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུད་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུད་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་བར་བྱེད་སྤྱུར་དུ་འཇུད་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུད་པར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་དེ་ལྟར་བྱེད་ན། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དགེ་དང༌། བྲམ་
ཟེ་དང་ཁྱིམ་བདག་དགལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོའམ། རྐོར་འཇུད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ། ཉེས་པ་ནི་ས་རྐོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གི་ལག་གིས་ཞེས་བྱ་བ་ནི། ལག་ནས་ལག་པས་སོ། །ས་ཞེས་བྱ་བ་ནི་ས་གཉིས་ཏེ། རང་བཞིན་ཅན་དང༌། རང་བཞིན་ཅན་མ་ཡིན་པའོ། །རང་བཞིན་ཅན་ཞེས་བྱ་བ་ནི། ཆར་ཆུ་ཞོད་ན་ཟླ་བ་གསུམ་གྱིས་ས་འཐས་པར་འགྱུར་བའོ། །ཆར་ཆུ་མ་ཞོད་ན་ཟླ་བ་དྲུག་གིས་ས་འཐས་པར་འགྱུར་བའོ། །རང་བཞིན་ཅན་མ་ཡིན་པ་ནི་དེ་ལས་གཞན་པའོ། །ས་རྐོ་འམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རྐོར་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་པར་ས་ཚིག་པ་དང༌། ཉམས་པ་དང༌། ས་ཞག་དང༌། རྡོ་ཐལ་རྒྱུ་དང༌། བྱེ་མ་ལ་སོགས་པ་མ་གཏོགས་པ་སའི་རང་བཞིན་ཅན་འཐས་པ་ཉིད་དང༌། རྩིག་པ་ཉིད་དང༌། ཁང་ཐོག་དང༌། འདུས་པ་དག་ལ་སའི་ཤས་ཆེ་བ་ལ་སོགས་པ་དག་ལ་དེ་ལྟར་འདུ་ཤེས་པས། གཞིག་པའི་བློས་རྐོའམ། རྐོར་བཅུག་ན། ལན་རེ་བཏབ་པའི་སྦྱོར་བ་རེ་རེ་ལས་རྐོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སའི་ས་རང་བཞིན་ཅན་འཐས་པ་ཉིད་ལ་སོགས་པ་ལ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན། ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་
པ་ཉིད་དང༌། སའི་རང་བཞིན་ཅན་འཐས་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། གཞིག་པའི་བློ་ཉིད་དང༌། རྐོའམ། རྐོར་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ས་རྐོ་བའི་ལྟུང་བྱེད་དེ་བདུན་ཅུ་གསུམ་པའོ།། །། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ལྗོངས་རྒྱུ་ཞེང་གཞེགས་པ་ན། སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་ཆེན་གྱིས་དེ་ཐོས་ནས་བསམས་པ། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ། ལན་མང་དུ་གདུགས་ཆོད་ལ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ། བཤོས་གསོལ་ལ། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་མ་དྲངས་ཀྱིས། བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ་སྙམ་མོ། །དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་ཤཱཀྱ་མིང་ཆེན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དགུང་ཟླ་བཞིར་བདག་གི་ན་བཟའ་དང༌། བསོད་སྙོམས་དང༌། གནས་མལ་དང༌། བསྙུང་བའི་རྐྱེན་དང༌། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་
ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེས་བསྙུང་བར་རུང་བའི་ཁང་པ་རྩིག་ཏུ་བཅུག་ཅིང་བསྙུང་བའི་སྨན་ཡང་འཇོག་ཏུ་བཅུག །བདེ་བའི་སྨན་དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བ་དང༌། རྩ་བའི་སྨན་དང༌། སྡོང་བུའི་སྨན་དང༌། ལོ་མའི་སྨན་དང༌། མེ་ཏོག་གི་སྨན་དང༌། འབྲས་བུའི་སྨན་དག་ཀྱང་འཇོག་ཏུ་བཅུག །ཞུན་མར་བསྐོལ་དུ་བཅུག་པ་དང༌། མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག །འབྲུ་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག །བདག་དང༌། མ་ཧེ་དང༌། ར་བཞོན་དག་ཀྱང་འཇོག་ཏུ་བཅུག །ཡོ་བྱད་ཐམས་ཅད་ཀྱང་འཇོག་ཏུ་བཅུག །སྨན་དང་སྙུན་གཡོག་དག་ཀྱང་འཇོག་ཏུ་བཅུག་སྟེ། དགེ་སློང་དག་ལ་ཡང་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཅའ་བ་དང་བཟའ་བ་འདི་ལྟ་བུ་རྙེད་ཀྱིས་ཐབས་ཤིག་བྱའོ་ཞེས་དེ་དག་གིས་སྨན་པ་ལ་དྲིས་པ། བཞིན་བཟངས་དག་ཁོ་བོ་ཅག་ལ་ནད་ཅི་ཡོད་པ་ཇེ་ལྟོས་ཤིག །སྨན་པས་བསམས་པ། འདི་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས་བཟའ་འདོད་ཀྱིས་འདི་དག་དང་མཐུན་པར་སྨྲ་བར་བྱའོ་སྙམ་ནས། དེས་དེ་དག་ལ་སྨྲས་པ། འཕགས་པ་དག་ཁྱེད་ཅག་ནི་ཤུལ་གྱིས་འདུ་བ་པ་དག་ལགས་པས་ཇེ་སྐུར་སྣུམ་བག་གསོལ་ལ། དེའི་འོག་ཏུ་བསྐ་བ་གསོལ་ཅིག །དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་འདི་ནི་སྨན་པ་ཆེན་པོ་དང༌། ནད་ཀྱི་གཞི་དང༌། ཐབས་ལ་མཁས་པ་རྒྱལ་པོ་ལ་མཁོ་བོ་ཡིན་ཏེ། གལ་ཏེ་བདག་ཅག་ཐམས་ཅད་ཀྱིས་དུས་གཅིག་ཏུ་དེ་ལྟར་བྱ་བར་བརྩམས་ན། མྱུར་དུ་ཟིན་པར་འགྱུར་གྱིས། ཇེ་དང་པོར་གཉིས་ཀྱིས་སྣུམ་བག་བསྟེན་ཅིང༌། བཞིས་ནད་གཡོག་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་སྣུམ་བག་བསྟེན་ཅིང༌། བཞིས་ནད་གཡོག་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་སྣུམ་བག་བསྟེན་ཅིང་བཞིས་ནད་གཡོག་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་ལས་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང༌། བཞིས་ནད་གཡོག་བྱེད་པ་ན།
ཇི་ཙམ་ན་ཟླ་བ་གཅིག་འདས་སོ། །དེའི་འོག་ཏུ་གཞན་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང་བཞིས་ནད་གཡོག་བྱེད་པ་ནི་ཟླ་བ་གཉིས་འདས་སོ། །དེའི་འོག་ཏུ་ཡང་གཞན་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང་བཞིས་ནད་གཡོག་བྱེད་པ་ན་ཟླ་བ་གསུམ་འདས་སོ། །ཟླ་བ་བཞི་པ་ལ་ཐམས་ཅད་འདུས་ཏེ། བཟའ་བར་བརྩམས་ནས་ཟླ་བ་བཞི་འདས་པ་དང༌། ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་པ་དང༌། ཉེ་དགས་ཕྱག་ཚང་ལ་ཕྲིན་སྤྲིང་སྟེ། བཞིན་བཟངས་དེང་ཁོ་བོ་ལ་ཁུ་ཤ་དང༌། ཁུ་བ་དང༌། ཤ་ཚོད་དག་གྱིས་ཤིག་ཅེས་སྤྲིང་ངོ༌། །ཕྱག་ཚང་གིས་སྨྲས་པ། འཕགས་པ་དག་དགུང་ཟླ་བཞི་འདས་ཏེ་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་ན། ཁྱེད་ཀྱི་བྱ་བ་ད་དུང་ཡང་མ་རྫོགས་སམ། ཉེ་དགས་སྨྲས་པ། བཀྲེན་ཤཱཀྱ་མིང་ཆེན་ཁ་ཤིན་དུ་ཆེན་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་འདྲེན་ན། གལ་ཏེ་སྤྱན་དྲང་པ་འདི་ལྟ་བུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི། ཉེ་དགས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཇི་སྲིད་འཚོའི་བར་དུ་སྤྱན་འདྲེན་པར་སྤྲོའོ། །དེས་སྨྲས་པ་ཁྱེད་ཅག་ཟླ་བ་བཞིར་ཤ་དང་ཁུ་བ་ཤ་དང་ཁུ་བ་ཤ་སྟག་ཟོས་པར་གྱུར་ཀྱང༌། འོན་ཀྱང་ཁྱེད་ཅག་སྨོད་པར་བྱེད་ན། གནས་བརྟན་གནས་བརྟན་གང་དག་གིས་ཟླ་བ་བཞིར་ཨ་རུ་ར་འབྲུམ་བུ་གཅིག་ཀྱང་མ་གསོལ་བ་དེ་དག་ནི་ཤིན་དུ་དཀའ་བ་བྱེད་པ་ཡིན་ནོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཧ་ཅང་སློང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་ཧ་ཅང་སློང་བར་མི་བྱའོ། །ཧ་ཅང་སློང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བསོ་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་དེ་ནི་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་
དང། ཡང་དང་ཡང་མགྲོན་དུ་བོས་པ་དང༌། དུས་ཀྱིས་མགྲོན་དུ་བོས་པ་དང༌། རྟག་དུ་མགྲོན་དུ་བོས་པ་ནི་མ་གཏགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྟོ་འདུན། ཉེས་པ་ནི་མགྲོན་དུ་བོས་པའི་ཟས་ལ་ཧ་ཅང་སློང་བའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ཟླ་བ་བཞིར་ཞེས་བྱ་བ་ནི་ཟླ་བ་བཞི་ཚུན་ཆད་དུའོ། །མགྲོན་དུ་བོས་པ་བཞེས་བྱ་བ་ནི་བསྟབས་པའོ། །བདག་གིར་བྱའོ་ཞེས་བྱ་བ་ནི་ཁས་བླངས་པར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སོ་སོར་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་སོ་སོ་སོ་སོར་ཐ་དད་པས་མགྲོན་དུ་བོས་པའོ། །ཡང་དང་ཡང་དུ་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ཡང་དང་ཡང་དུ་མགྲོན་དུ་བོས་པའོ། །དུས་ཀྱིས་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ནན་གྱིས་མགྲོན་དུ་བོས་པའོ། །རྟག་ཏུ་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གཏན་དུ་མགྲོན་དུ་བོས་པའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་མིན་པས་སྦྱིན་བདག་ཉེ་དུ་མ་ཡིན་པས་སོ་སོར་མགྲོན་དུ་བོས་པ་དང༌། ཡང་དང་ཡང་དུ་མགྲོན་དུ་བོས་པའོ། །དུས་ཀྱིས་མགྲོན་དུ་བོས་པ་དང༌། རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་པས། དུས་ཀྱི་ཚིགས་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་དང་ལྡན་པའི་སྦྱིན་བདག་ལས་ཕྱིས་རྣམ་པ་གཞན་ནམ་ཡང་དང་ཡང་དུའམ། དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ། སྔར་བཤམས་པའི་ཟས་བཟང་ངན་གང་ཡང་རུང་བླངས་ཏེ་ཟོས་ན། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་མིན་པ་དང༌། སྦྱིན་བདག་ཉེ་དུ་མ་ཡིན་པ་དང༌། ཧ་ཅང་སློང་བ་དང༌། དུས་མ་གཏོགས་པའོ། །འདི་ལ་ཡན་ལག་ལྔས་
དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མིན་བ་ཉིད་དང༌། སྦྱིན་བདག་ཉེ་དུ་མ་ཡིན་པ་ཉིད་དང༌། དུས་མ་གཏོགས་པ་ཉིད་དང༌། སྔར་མགྲོན་དུ་བོས་པ་ལས་བསླངས་པ་ཉིད་དང༌། ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དེ་བདུན་ཅུ་བཞི་པའོ།། །།བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་བཅའ་བར་མཛད་པ་དེའི་ཚེ་ན། གཉི་གའི་དགེ་འདུན་སྡུད་པར་མཛད་པས་འདི་ཡང་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་བཅའ་བ་མཛད་པ་ཡིན་ན། འདི་ལ་གཉི་གའི་དགེ་འདུན་བསྡུ་བར་མཛད་པས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ། དགེ་སློང་ཞིག་དགེ་སློང་མ་རྣམས་གྱི་ནང་དུ་ཐོང་ལ། འདི་སྐད་ཅེས་སྲིང་མོ་དག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་དག་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང༌། ཡང་དང་ཡང་དུ་མགྲོན་དུ་བོས་པ་དང༌། དུས་ཀྱིས་མགྲོན་དུ་བོས་པ་དང༌། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱི། ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་ཤིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་དུ་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། ཚེ་དང་ལྡན་པ་ལམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ལ་མ་པ་ལ་དེ་སྐད་ཅེས་བསྒོའོ། །ཚེ་དང་ལྡན་པ་ལམ་པས་བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོའི་ཚིག་མཉན་ནས། དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་བ་དང༌། ཇི་ཙམ་ན་དྲུག་སྡེ་དག་གིས་དེ་མཐོང་ནས། དེ་དག་གིས་
དྲིས་པ། ཚེ་དང་ལྡན་པ་ལམ་པ་ཁྱོད་གར་འགྲོ། །ཚེ་དང་ལྡན་པ་ལམ་པས་བསམས་པ། འདི་དག་གིས་ཀྱང་མ་ཐོས་པ་འདྲས་འདི་དག་ལ་ཡང་བརྗོད་པར་བྱའོ་སྙམ་ནས། དེས་དེ་དག་ལ་ཡང་དེ་སྐད་བསྒོ་བ་དང༌། དེ་དག་གིས་སྨྲས་པ། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ། བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་དག་གིས་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་ངོ༌། །ཚེ་དང་ལྡན་པ་ལམ་པ་དེ་ནས་སོང་སྟེ་འགྲོ་བ་ན། དགེ་སློང་མ་བཅུ་གཉིས་སྡེ་དག་གིས་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ལམ་པ་གར་བཞུད། དེས་དེ་དག་ལ་སྲིང་མོ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ་ཞེས་བསླབ་བའི་གཞི་རྒྱས་པར་བརྗོད་དེ། ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་དང༌། དེ་དག་གིས་སྨྲས་པ། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ། བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་སྟེ་དོང་ངོ༌། །ཚེ་དང་ལྡན་པ་ལམ་པས་བསམས་པ། བདག་ལ་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་ལ་བརྗོད་པས་ཅི་བྱ། ད་ནི་སོང་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་མ་གཏོགས་པ་གཞན་འགལ་ལ་ཡང་བརྗོད་པར་མི་བྱའོ་སྙམ་ནས། དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ག་ལ་བདེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མཱི་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ་ཞེས་བསླབ་པའི་གཞི་དེ་རྒྱས་པར་བརྗོད་དོ། །ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་པ་དང༌། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ། བཙུན་པ་ལམ་པ། བཅོམ་ལྡན་
འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་གང་ལགས་པ་དེ། བདག་མགོ་དང༌། ངག་དང༌། ཡིད་ཀྱིས་ཀྱང་ནོད་དོ། །ཚེ་དང་ལྡན་པ་ལམ་པས་བསྒོ་སྟེ་ཕྱིར་འོངས་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་མཐོང་ནས། དེས་དྲིས་པ། ཚེ་དང་ལྡན་པ་ལམ་པ་ཁྱེད་ཀྱིས་དགེ་སློང་མ་རྣམས་ལ་བསྒོའམ། དེས་སྨྲས་པ། བསྒོ་སྟེ། འདི་ལྟར་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་ཞེས་བྱ་བ་བདག་གིས་ཁུར་བསླང་ངོ༌། །སུས། དྲུག་སྡེ་དག་གིས་སོ། །ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ། བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས། ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ། བྱིས་པ། རྨོངས་པ། མི་གསལ་བ། ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པ་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བཀའ་དང་བསླབ་པ་ལ་མ་གུས་པ། ཉེས་པ་ནི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་
ཡིན་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །ཚེ་དང་ལྡན་པ་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་ཞེས་བྱ་བ་ནི་བསླབ་པ་གང་ཡིན་པ་དེ་ལའོ། །དེ་དག་ཞེས་བྱ་བ་ནི། དགེ་སློང་དེ་དག་ལའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཟེར་ནའོ། དགེ་སློང་མདོ་སྡེ་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་མཐའ་དག་འཛིན་པ་གང་ཡིན་པ་རྣམས་སོ། །འདུལ་བ་འཛིན་པ་ཞེས་བྱ་བ་ནི་འདུལ་བ་མཐའ་དག་འཛིན་པ་གང་ཡིན་པ་རྣམས་སོ། །མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་ཞེས་བྱ་བ་ནི། མ་མོ་མཐའ་དག་འཛིན་པ་གང་ཡིན་པ་རྣམས་སོ།། བྱིས་པ་ཞེས་བྱ་བ་ལ། བྱིས་པ་ཞེས་བྱ་བ་ནི། ཉེས་པར་བསམ་པ་སེམས་པ་དང༌། ཉེས་པར་སྨྲ་བ་བརྗོད་པ་དང༌། ཉེས་པར་བྱ་བའི་ལས་བྱེད་པའོ། །རྨོངས་པ་ཞེས་བྱ་བ་ལ་རྨོངས་པ་ཞེས་བྱ་བ་ནི་མདོ་སྡེ་འཛིན་པ་མ་ཡིན་པ་དང༌། འདུལ་བ་འཛིན་པ་མ་ཡིན་པ་དང༌། མ་མོ་འཛིན་པ་མ་ཡིན་པའོ། །མི་གསལ་བ་ཞེས་བྱ་བ་ནི། མདོ་སྡེ་མི་གསལ་བ་དང༌། འདུལ་བ་མི་གསལ་བ་དང༌། མ་མོ་མི་གསལ་བའོ། །མི་མཁས་པ་ཞེས་བྱ་བ་ནི། མདོ་སྡེ་ལ་མི་མཁས་པ་དང༌། འདུལ་བ་ལ་མི་མཁས་པ་དང༌། མ་མོ་ལ་མི་མཁས་པའོ། །ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལྟུང་བ་འབྱིན་པ་པོས་རང་ཉིད་བསླབ་པ་ལ་ཉེ་བར་འཇོག་པའི་སྡེ་སྣོད་གསུམ་ལས། མདོ་སྡེ་དང༌། འདུལ་བ་དང། མ་མོ་ལས་འདུལ་བའི་ཆར་གཏོགས་པའི་བསླབ་པ་མངོན་པར་ཤེས་པ་ཉིད་ཀྱི་སྨྲ་བ་པོ་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་མ་ཡིན་པས་ཁྱེད་ཀྱིས་འདུལ་བར་གཏོགས་པའི་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ན་འམ་བསྒོ་བ་ན། བདག་
དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་མི་སློབ་བོ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པའི་དགེ་སློང་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་ལ་མངོན་པར་ཤེས་པ་ཉིད་དང་ལྡན་པ་དེ་ལ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་དེ་སྐད་བརྗོད་ན། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། བསླབ་པ་ལ་ཉེ་བར་འཇོག་པ་སྨྲ་བ་པོའི་དགེ་སློང་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་ལ་མངོན་པར་ཤེས་པ། བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་མ་ཡིན་པ་ཉིད་ལ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསླབ་པ་ལ་ཉེ་བར་འཇོག་པའི་དགེ་སློང་སྨྲ་བ་པོ་འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ། མངོན་པར་ཤེས་པ་བྱིས་པ་དང༌། རྨོངས་པ་དང༌། མི་གསལ་བ་དང༌། མི་མཁས་པ་མ་ཡིན་པ་ཉིད་དང༌། ལྟུང་བ་འབྱིན་པ་པོས་དེ་ལྟར་རབ་ཏུ་འདུ་ཤེས་པ་ཉིད་དང༌། འདུལ་བ་དང་ལྡན་པའི་བསླབ་པའི་གཞི་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་དམ་བསྒོ་བ་ཉིད་དང༌། མི་སློབ་པའི་རྒྱུའི་དངོས་པོ། །དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་ཞེས་ཟེར་བ་ཉིད་དང༌། གོ་བར་བྱེད་པ་ལ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་པའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དེ་བདུན་ཅུ་ལྔ་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅུ་བདུན་པ། ཉན་རྣ་ལས་གྱུར་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཚེ་དང་
ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་སྙིང་ལས་ཆུར་ངུར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ། བཅུ་བདུན་སྡེའི་ཚོགས་དག་གདུག་ཅིང་ཕ་རོལ་གནོན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བའི་འཛིན་པ་དང༌། མ་མོ་འཛིན་པར་གྱུར་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་གྱིས་ཐོ་མ་བཙམས་ལ། ཇི་ལྟར་ཉེ་དགས་ཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱིས། དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་དག་གིས་སྨྲས་པ། འདིའི་ཕུ་བོ་དགའ་བོ་རྩོད་པ་ལ་མཁས་པ་ཡིན་གྱིས། ཚུར་ཤེག་ཇེ་གྲོས་བྱའོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་ཏེ། སྒོ་བཅད་ནས་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགས་སྐར་ཁུང་ནས་མཉན་ཅིང༌། དེས་དེ་དག་བསྡིགས་ཏེ། ཀྱེ་མ་བཅུ་བདུན་སྡེ་དག་ཅིའི་ཕྱིར་གྲོས་བྱེད་ཁོ་བོའི་ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདས། ལ་ལ་ནི་སྙིང་ལས་ཆུང་ངུ་ཁོ་ནར་འདུག །ཁ་ཅིག་ནི་དུས་ལ་བབ། ད་འདི་གནས་ནས་དབྱུང་བའི་ལས་བྱའོ་སྙམ་དུ་སེམས་སམ་ཅི། ཁྱེད་ཀྱིས་ད་ཁོ་བོ་ཅག་ཟིལ་གྱིས་མནན་ཏེ་འཁོད་སྙམ་མམ། ཁོ་བོ་ཅག་གིས་ཀྱང་ཁྱེད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །ཁྱེད་ཀྱིས། གླང་པོའི་ཐག་པ་ཉི་མ་དང༌། །རླུང་གིས་ཡོངས་སུ་བསྐམས་གྱུར་ཅིང༌། །གླང་པོའི་གཉའ་ནས་ལྷུང་གྱུར་ཀྱང༌། །ལུག་ནི་ལྔ་བརྒྱས་དྲང་བར་བྱ། །ཞེས་བྱ་བ་མ་ཐོས་སམ་ཞེས་བསྡིགས་པ་དང༌། དེ་དག་གིས་བསམས་པ། འདིས་བདག་ཅག་གྲོས་བྱེད་པ་འཕྲིགས་ཀྱིས་གཞན་དུ་འདོང་ངོ་ཞེས་དེ་དག་མེ་ཁང་དུ་ཞུགས་ཏེ་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགའ་ཡང་དེར་འཇབ་ཅིང་འོངས་ཏེ་ཉན་ཅིང་ངེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྟིང་ཁང་དང༌། བར་ཁང་དང༌། གནས་ཁང་དང༌། ཁྱམས་དང༌། སྒོ་ཁང་དང༌། བང་རིམ་དང༌། འཆག་ས་དང༌། སྦན་སྤུན་དག་གི་ནང་དགོན་པ་དང༌། ཚང་ཚིང་དག་གི་ནང་དང༌། ལམ་ན་འདོང་ཞིང་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགའ་
ཡང་ཕྱི་བཞིན་སོང་སྟེ། ཉན་ཅིང་དེ་དག་ཀྱང་དེ་བཞིན་དུ་བསྡིགས་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་ཀྱིས་འདི་ལ་བཟོད་པ་གསོལ་བར་བྱའོ་ཞེས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་བདག་ཅག་ལ་བཟོད་པར་མཛོད་ཅིག །ཉེ་དགས་སྨྲས་པ། བཟོད་པར་བྱའོ། །དེ་དག་གིས་དེ་ལ་དྲིས་པ། ཁྱེད་ཀྱིས་ཁོ་བོ་ཅག་གྲོས་བྱེད་པ་ཇི་ལྟར་ཤེས། ཉེ་དགས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དེ་དག་གིས་སྨྲས་པ། ཁྱོད་ཉན་རྣར་འདུག་ཏུ་རུང་ངམ། ཉེ་དགས་སྨྲས་པ། གལ་ཏེ་ཁོ་བོ་ཁྱེད་ཅག་གྲོས་བྱེད་པའི་ཚེ། ཉན་རྣས་འདུག་པར་མ་གྱུར་དུ་ཟིན་ན། ཁྱེད་ཅག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱེད་པར་འགྱུར་གྱིས་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་སློང་རྣམས་འཐབ་པར་གྱུར། མ་ཚང་འབྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་རྣས་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་རྣས་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་མི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཤ་གླ་ན་པའི་བསམ་པ། ཉེས་པ་ནི་རྩོད་པ་སྐྲོད་པའི་གྲོས་ལ་ཉན་རྣ་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་སོ། །འཐབ་པར་གྱུར་མཚང་འབྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་
ཅིང་འཁོད་པ་ལ་ཞེས་བྱ་བ་ནི། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལའོ། །དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་ཞེས་བྱ་བ་ནི། དེ་ལྟ་བུའི་བསམ་པས་གཉེན་པོས་དེ་ལྟ་དེ་ལྟར་ཕ་རོལ་མནན་པར་བྱའོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའི། །ཅང་མི་སྨྲ་བར་ཉན་རྣས་འདུག་ན་ཞེས་བྱ་བ་ནི་ཅང་མི་སྨྲ་བར་རྣ་གཏད་པས་འདུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་སློང་དག་རྩོད་པར་གྱུར་པ། དགེ་སློང་དག་གྲོས་བྱེད་པ་ན་ཉེ་བར་ཞི་བ་འདོད་པ་མ་གཏོགས་པར་འཁྲུག་ལོང་བྱ་བ་ལ་གཞོལ་བས། མཉན་པའི་ཕྱིར་རྣ་གཏོད་ཅིང་སྒྲའི་དོན་གོ་བ་དང༌། ལམ་ནོར་ཏམ་ཞི་བར་འདོད་པ་མ་གཏོགས་པ་དོན་གཞན་གྱི་དབང་ཉིད་ཀྱིས་སོན་ཅིང་ཤེས་པའི་འོག་ཏུ་རྐང་པ་དང༌། སེ་གོལ་དང༌། ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་མཉན་རྣ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དིའི་བྱེད་པ་པོ་ནི། དགེ་སློང་དག་རྩོད་པའི་གྲོས་དང༌། འཁྲུག་ལོང་བྱ་བ་ལ་གཞོལ་བའི་བསམ་པའོ། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕྱོགས་གཉི་ག་དགེ་སློང་ཉིད་ཡིན་པ་དང༌། རྩོད་པ་གང་ཡང་རུང་བའི་གྲོས་བྱེད་པ་ཉིད་དང༌། འཁྲུག་ལོང་བྱ་བ་ལ་གཞོལ་བ་ཉིད་དང༌། ཉན་རྣས་འདུག་པ་ཉིད་དང༌། སྒྲ་དང་བཅས་པའི་དོན་གོ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཉན་རྣ་ལས་གྱུར་བའི་ལྟུང་བྱེད་དེ་བདུན་ཅུ་དྲུག་པའོ།། །།མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་མངོན་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤྰྨྦཱིར་སོང་སྟེ་ཉིང་ལས་ཆུང་ངུར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་འདུག་པ་དེའི་ཚེ། བཅུ་བདུན་སྡེ་དག་གདུག་ཅིང་ཕ་རོལ་གནོན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་
བ་འཛིན་པ་དང༌། མ་མོ་འཛིན་པར་གྱུར་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་ཡུན་རིང་པོ་ནས། དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ལ། ཇི་ལྟར་ཉེ་དགས་ཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱིས། དེ་གནས་ནས་འབྱུང་བའི་ལས་བྱའོ་།དེ་ནས་ཁ་ཅིག་གིས་སྨྲས་པ། འདིའི་ཕུ་བོ་རྩོད་པ་ལ་མཁས་པ་ཡིན་པས། བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །ཁ་ཅིག་གིས་སྨྲས་པ། གཅིག་སྨྲ་བ་ན་གཉིས་ཀྱིས་མཉན་པར་མི་བྱ་བར་ཚོགས་སྨྲ་ན། ཚོགས་ནི་རྒྱལ་པོ་དང་འདྲ་བས། གལ་ཏེ་ཅུང་ཟད་སྨྲ་བར་གྱུར་ན། དེའི་ཚེ་གནས་ནས་དབྱུང་བའི་ལས་བྱའོ་ཞེས་དེ་དག་གིས་གནས་མལ་བཤམས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེའི་ཚོགས་དག་གི་ལྟོ་དྲལ་ཏེ། རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ནི་དོན་འདས་པ་ཡིན་ན། རྨ་སོས་པ་གླེངས་ཏེ་ཅི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ནི་འདས་པའི་དོན་ཁོ་ན་ལ་བརྟེན་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་མཛད་དོ། །དགའ་བོས་ཕྱིར་བཟློག་པར་བརྩམས་པ་དང༌། དེ་དག་གིས་སྨྲས་པ། གང་གཅིག་ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ། །དགའ་བོས་བསམས་པ། འདི་དག་གི་བྱེད་སྟངས་ལས་ན། བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་གྱུར་ན་མ་ལེགས་པར་འགྱུར་རོ་སྙམ་ནས། དེ་དགུན་གྱི་དུས་ལ་བབ་པས། ལ་བ་ཞིག་གྱོན་ཏེ་འོངས་པས། དེས་ལ་བདེ་རྩིག་དྲུང་དུ་སླང་སྟེ་བཞག་ནས་ཅང་མི་སྨྲ་བར་ལངས་ཏེ་སོང་ངོ༌། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་པ་སྨྲོས་ཤིག་ཅེས་དེ་དག་གིས་གྱ་ཚོམ་དུ་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་སོ། །དེ་གནས་ནས་དབྱུང་བའི་
ལས་བྱས་པ་ན་ངུ་ཞིང་ཕུ་བོའི་གན་དུ་སོང་བ་དང༌། དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་དུ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག །གྲོང་དང༌། གྲོང་ཁྱེར་དང། ཁམས་གསུམ་ནས་གནས་ནས་དབྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག །གྲོང་དང༌། གྲོང་ཁྱེར་མེད་དམ་ཅི། སྡོད་ལ་ཕྱིས་བཟོད་པར་གསོལ་ཅིག །འདི་ལྟར་དེ་དག་གིས་མི་མཐུན་པ་ཁོ་ནར་ལས་བྱས་སོ། །སུ་ཞིག་དེར་མ་འོངས། དགའ་བོས་སྨྲས་པ། ཁོ་བོའོ། །བདག་གིས་དེ་ན་རྒན་པའི་མཐའ་ལོགས་ན་སློབ་དཔོན་གྱི་སྒྲ་ཐོས་སོ། །དགའ་བོས་བདག་ཉིད་ཇི་ལྟར་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་བའི་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་འབྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། །ཉོན་མོངས་པ་ནི་ལས་མི་མཐུན་པར་འདོད་པ། ཉེས་པ་ནི། དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཞེས་བྱ་བ་ནི་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་བྱུང་བ་ནའོ། །ཅང་མི་སྨྲ་བར་སྟན་ལས་ལངས་
ཏེ་འགྲོ་ཞིང་ཞེས་བྱ་བ་ནི་ཐོས་པའི་ཉེ་འཁོར་ལས་འདས་ཏེ་འགྲོ་ཞིང་ངོ༌། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ནི་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་གླེང་གཞི་ལས་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བདག་ཉིད་གསོ་སྤྱོང་དང༌། དགག་དབྱེ་ལ་སོགས་པ་ལས་བརྒྱ་རྩ་གཅིག་ཆོས་དང་ལྡན་པ་ཉིད་དུ་བྱེད་པ་ལ། དགེ་འདུན་གྱི་ནང་དུ་འདུས་པ་བརྟད་པའི་བྱ་བ་མ་བྱུང་བ། དགེ་སློང་གཅིག་ལ་མ་སྨྲས་པར་འགྲོ་ན། ཐོས་པའི་ཉེ་འཁོར་ལས་འདས་ན་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་འདུན་གྱི་གསོལ་བ་ལ་སོགས་པའི་ལས་ཆོས་དང་ལྡན་པ་ཉིད་དང༌། དགེ་སློང་འཁོད་པ་ལ་མ་སྨྲས་པ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གསོལ་བ་ལ་སོགས་པའི་ལས་ཆོས་དང་ལྡན་པ་ཉིད་དང༌། བདག་ཉིད་ལུས་ཀྱིས་དེར་འདུས་པ་ཉིད་དང༌། དགེ་སློང་འཁོད་པ་ལ་མ་སྨྲས་པ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། །ཐོས་པའི་ཉེ་འཁོར་ལས་འདའ་བར་འདོད་པ་ཉིད་དང༌། ཐོས་པའི་ཉེ་འཁོར་ལས་འདས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚངས་ན་ཅི་རིགས་པར་ན་སྨད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་བདུན་པའོ།། །།མ་གུས་པའི་ཚུལ་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་གླང་ཆེན་སྙིང་པོའི་བུ་དགེ་སློང་ནག་པོ་གླང་ཆེན་ལྷས་ཞེས་བྱ་བ། དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར། དངོས་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན། གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་
དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ། གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་སར་མི་བྱེད་ཅིང་ཕྱིར་སྨྲ་པར་བྱའོ་སྙམ་དུ་སེམས་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ།། འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དངོས་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན། གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང༌། རྩོད་པ་བཟུང་སྟེ། རྩོད་ཅིང་འདུག་ལ། གཏམ་གྱིས་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་སར་མི་བྱེད་ཅིང་ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་གུས་པར་མི་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་ནག་པོ་གླང་ཆེན་ལྷས། ཉོན་མོངས་པ་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་འདུན་དང་གང་ཟག་ལ་མ་གུས་པའོ། །དེ་ལ་གུས་པར་མི་བྱེད་ན་ཞེས་བྱ་བ་ནི་གཉིས་ལ་གུས་པར་མི་བྱེད་ན་སྟེ། དགེ་འདུན་དང་གང་ཟག་ལའོ། །དེ་ལ་དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང༌། དགེ་འདུན་གྱི་ཐ་སྙད་པའོ། །གང་ཟག་ནི་མཁན་པོ་དང༌། སློབ་དཔོན་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་སངས་རྒྱས་ཀྱི་བཀའ་དང༌། དགེ་འདུན་གྱི་ཐ་སྙད་པའི་ཚིག་ལས་འགལ་བར་བྱེད་པ་དང༌། དགེ་སློང་གི་དགེ་འདུན་གྱིས་དུག་པ་དང༌། འགྲོ་བ་དང༌། གནས་མལ་ལེན་པ་དང༌། གཙུག་ལག་ཁང་ལེན་པ་དང༌། སྨྲ་བ་ལ་སོགས་པ་ཆོས་དང་ལྡན་པ་ཉིད་ཀྱིས་བསྒོ་བའི་དོན་ལམ་གུས་པར་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་དེ་ལས་བཟློག་སྟེ་གལ་བར་བྱེད་པ་དང༌། གཞན་དག་ཆོས་དང་ལྡན་པ་གཏམ་རྣམ་པར་གཏན་ལ་འབེབས་པའི་བར་དུ། གློ་བུར་དུ་གཏམ་ཟེར་ན། མ་གུས་པའི་ཚུལ་གྱིས་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སངས་རྒྱས་ཀྱི་བཀའ་
དང། དགེ་འདུན་གྱི་ཐ་སྙད་པའི་ཚིག་དང༌། དགེ་སློང་གི་དགེ་འདུན་གྱིས་ཆོས་དང་ལྡན་པ་ཉིད་དུ་བསྒོ་བའི་དོན་དང༌། གཞན་དག་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སངས་རྒྱས་ཀྱི་བཀའ་འམ། དགེ་འདུན་གྱི་ཐ་སྙད་པའི་ཚིག་གམ། དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་གྱི་གཏམ་དག་ལས་གང་ཡང་རུང་བ་ཉིད་དང༌། ཆོས་དང་ལྡན་པ་ཉིད་དང༌། མ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པ་ཉིད་དང༌། ལོག་ཐབས་ཀྱི་བསམ་པ་ཉིད་དང༌། འགལ་བར་བྱེད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དེ་བདུན་ཅུ་བརྒྱད་པའོ།། །།མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཡུལ་ངན་སྤོང་གི་ཕུ་ཞེས་བྱ་བ་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་ཁྱིམ་བདག་རྟོགས་ལྡན་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་ལ་འགྲན་པ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མ་གུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དཔལ་གྱི་འབྱོར་པས་བུའི་ཆུང་མར་བླངས་སོ། །ཁྱིམ་བདག་རྟོགས་ལྡན་དེ་ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་སེམས་ཅན་སྲིད་པ་ཐམ་པ་ཞིག་ཞུགས་ནས། དེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས། དེའི་མིང་ལེགས་འོངས་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལེགས་འོངས་དེ་ཁད་ཀྱིས་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་ལ་གདམས་ངག་སྩལ་ཏེ་དེས་གཅིག་
པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ། བདག་ཉིད་གཏང་བར་གནས་པ་ན་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ། ཡུལ་ངན་སྤོང་གི་ཕུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། ཆུ་སྲིན་བྱིས་པ་གསོད་ཀྱི་རིང་བྱོན་ནས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དགས་ཀྱི་གནས་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་ལེགས་འོངས་ཀྱིས། ཀླུ་ཨ་མྲའི་ཆུ་ངོགས་པ་ཞེས་བྱ་བ་འདུག་པ་ཡུན་རིང་པོ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་གནས་པའི་སྐྱེ་བོ་ཁོ་ན་མེད་པ་རྣམས་ལ་ཁོན་དུ་འཛིན་པ། མི་འགྲན་པ་རྣམས་ལ་འགྲན་ཚོལ་བ། མི་འཁུ་བ་རྣམས་ལ་འཁུ་བར་བྱེད་ཅིང༌། ལོ་ཐོག་སྐྱེས་སོ་ཅོག་མ་རུང་བར་བྱེད་པ་དེ་བཏུལ་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་སླར་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། མཐར་གྱིས་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་གཞན་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གདུགས་ཚོད་ལ་སྤྱན་དྲངས་ནས་དེར་གཤེགས་སོ།། ཚེ་དང་ལྡན་པ་ལེགས་འོངས་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ཁྱིམ་བདག་རྟོགས་ལྡན་གྱི་ཆུང་པོ་གྲོགས་བྲམ་ཟེ་སྦྲུལ་ཁས་བསྡིགས་པ་ཞིག་འདུག་པ་དེ། ཀླུ་ཨ་མྲའི་ཆུ་ངོགས་པའི་འཇིགས་པས་བྲོས་ཏེ། མཉན་ཡོད་དུ་སོང་བ་ཀོས་ལའི་རྒྱལ་པོ་གསལ་རྒྱལ་པོ་གསལ་རྒྱལ་གྱིས་གླང་པོ་ཆེའི་བསྒོ་བའི་བླར་བསྐོས་པ་དེས། ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཀླུ་དེ་བཏུལ་བ་ཐོས། དགའ་བའི་དབང་དུ་བྱས་པའི་ཟན་ལ་དེའི་ཁྱིམ་གཞན་དུ་བོས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་ལེགས་འོངས་བདེ་བར་འདུག་པར་རིག་ནས། རང་གི་ལག་ནས་ཁ་ཟས་བསོད་པས་ཚིམ་པར་བྱས་སོ། །བྲམ་ཟེ་དེས་བསམས་པ། བཙུན་པ་ལེགས་འོངས་ཀྱིས་ཁ་ཟས་བསོད་པ་ཟོས་པས་འཇུ་བར་མི་ནུས་སོ་སྙམ་དུ་ཤེས་ནས། ཚེ་དང་ལྡན་པ་ལེགས་འོངས་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ལེགས་འོངས་རྩད་ནན་གསོལ་ལམ། དེས་སྨྲས་པ་འཐུང་ངོ༌། །བྲམ་ཟེས་གླང་པོ་ཆེའི་ཆང་གི་ནང་དུ་
མཛུབ་མོ་བཙུགས་ཏེ་སྐོམ་གྱི་ནང་དུ་ཀྲོག་ཀྲོག་དཀྲུགས་ནས། ཚེ་དང་ལྡན་པ་ལེགས་འོངས་ལ་ཕུལ་ལོ། །དྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་དེ་འཐུངས་ཏེ། ཡོན་བཤད་པ་བྱས་ནས་སྟན་ལས་ལྔས་ནས་སོང་ངོ༌། །དེ་མཉན་ཡོད་ཀྱི་སྲང་རེ་ལྡེས་གཡོགས་པ་ལས་ཐལ་ནས། ཉི་མའི་འོད་ཟེར་དག་གིས་ལུས་ལ་ཕོག་པ་དང༌། ར་རོ་ནས་ཆང་གིས་མྱོས་པའི་ཤུགས་ཀྱིས་ས་ལ་འགྱེལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་མངའ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་དེར་ལོ་མ་མ་ཡིན་པའི་སྦྱིལ་བུ་ཞིག་སྤྲུལ་པ་མཛད་དེ་བཀབ་བོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དག་ཏུ་གདུགས་ཚོད་གསོལ་ནས། ཡོན་བཤད་པ་མཛད་དེ། གདན་ལས་བཞེངས་ནས་གཤེགས་ཏེ་ཕྱོགས་དེར་བྱོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་བརྟུལ་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་གང་གིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བའི་དགེ་སློང་ལེགས་འོངས་ཞེས་བྱ་བ་ཡིན་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། དགེ་སློང་ལེགས་འོངས་འདིས་ད་ལྟར་སྦྲུལ་ཕྲུག་ཀྱང་ཐུལ་བར་ནུས་སམ། བཙུན་པ་རྡོ་མི་ཐོགས་སོ། །དགེ་སློང་དག་དེ་ལྟར་ན་ཉེས་དམིགས་འདི་དང་གཞན་དག་ཀྱང་མྱོས་པར་འགྱུར་བ་འཐུངས་པ་ལས་འབྱུང་བས། དགེ་སློང་ང་ལ་སྟོན་པའོ་ཞེས་སྨྲ་བ་དེ་དག་གིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོས་བཏུང་བར་མི་བྱ་ཞིང༌། བླུད་པར་ཡང་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་སད་པར་མཛད་ནས་བཀའ་སྩལ་པ། ལེགས་འོངས་ཅིའི་ཕྱིར་འདི་ལྟར་གྱུར། བཅོམ་ལྡན་འདས་མ་བསམས་སོ། །བདེ་བར་གཤེགས་པ་མ་བསམས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་སྔ་མ་བཞིན་དུ། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་
འགྱུར་བ་འཐུངས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ་ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ལེགས་འོངས། ཉོན་མོངས་པ་ནི་བག་ཆགས་མ་བྱང་བསམ་བསམས་པ། ཉེས་པ་ནི་མྱོས་པར་འགྱུར་བ་འཐུང་བའོ། །དེ་ལ་འབྲུའི་ཆང་ཞེས་བྱ་བ་ནི་ཆན་གྱི་བཏུང་བ་དང༌། བབས་ཀྱི་བཏུང་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི། རྩ་བའི་བཏུང་བ་དང༌། སྡོང་བུའི་བཏུང་བ་དང༌། འདབ་མའི་བཏུང་བ་དང༌། མེ་ཏོག་གི་བཏུང་བ་དང༌། འབྲས་བུའི་བ་ཏུང་བའོ། །དེ་དག་གཉི་ག་བསྲེས་པའི་འབྲུའི་ཆད་དང༌། བཅོས་པའི་ཆང་ཞེས་བྱ་བའོ། །མྱོས་པར་འགྱུར་པ་ཞེས་བྱ་བ་ནི་འཐུངས་ན་མྱོས་པར་འགྱུར་བའོ། །འཐུངས་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་མ་བསྐོལ་བ་དང༌། འབྲུའི་ཆང་གི་སྤང་མ་དང༌། བཅོས་པའི་ཆང་གི་ཚིགས་མ་མྱོས་པར་འགྱུར་བ་མགུལ་དུ་མིད་ན་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མྱོས་པར་འགྱུར་བ་འཐུང་བ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མྱོས་པར་འགྱུར་བ་ཉིད་དང༌། དེ་ཉམས་པར་མ་བྱས་པ་ཉིད་དང༌། འཐུང་བ་ཉིད་དང༌། མྱོས་པར་འགྱུར་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དེ་བདུན་ཅུ་དགུ་པའོ།། །།དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོང་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེའི་བུ་མོ་ཞིག །རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་བལྟར་འོངས་པ་ལ། ཀུ་རེ་བྱས་པའི་གཞི་ལ་བརྟེན་ནས། ད་ཕྱིན་ཆད་བདག་འཁོར་བར་འཁོར་བ་ན། ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བར་དེ་ལྟར་བྱའོ་སྙམ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་གན་དུ་སོང་སྟེ། ཆོས་བསྟན་པར་གསོལ་པ་དང༌། དེས་དེ་ལ་འདི་དང་འདི་ལྟར་ཡིད་ལ་
གྱིས་ལ། བག་ཡོད་པར་སྒྲུབས་ཤིག་ཅེས་གདམས་ངག་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ །གཅིག་པུ་དབེན་པ་བག་ཡོད་པར་བརྟུན་པ་དང་ལྡན་པ། བདག་ཉིད་གཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ། ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བ་བྶྦྲུབྶ་ནས་བདག་གི་སྐྱེ་བ་ཟད་དོ། ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང༌། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང༌། མངོན་པར་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང༌། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང༌། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང༌། རྗེད་པར་བྱ་བ་དང༌། མངོན་དུ་སྨྲ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་དགྲ་བཅོམ་པ་ཉིད་ཐོབ་ཅིང༌། རྣམ་པར་གྲོལ་བའི་དགའ་བ་དང༌། བདེ་བ་ཉམས་སུ་མྱོང་བ་ན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་བདག་ལ་ཕན་པར་མཛད་པ། ལེགས་པར་མཛད་པ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་དག་སེལ་བར་མཛད་པ། དགེ་བའི་ཆོས་མང་པོ་དག་སྒྲུབ་པར་མཛད་པ། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སེལ་བར་མཛད་པ། དགེ་བའི་ཆོས་རྣམ་པ་དུ་མ་དག་སྒྲུབ་པར་མཛད་པ་ཡིན་ན། བདག་གིས་ཅི་ཞིག་བྱས་ན་དེས་བདག་གིས་བཅོམ་ལྡན་འདས་ལ་ལན་བྱས་པ་དང༌། ཉེ་བར་བྱས་པ་དང༌། རབ་ཏུ་བྱས་པར་འགྱུར་སྙམ་ནས། དེས་ཡང་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་བྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་
པའི་མཁྱེན་བ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་ཡིན་པས། བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱའོ་སྙམ་མོ། །དེས་བསམས་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་འགའ་ཡོད་སྙམ་ན། དེས་ཅི་ཙམ་ན་མེད་པར་མཐོང་ངོ༌། །སུ་ལ་ལྟོས་སྙམ་ན། བདག་ཉིད་ལ་ལྟོས་པར་མཐོང་ནས་ལེགས་ཀྱིས། བདག་གིས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་ནས། དེ་མཐར་གྱིས་གདུལ་བའི་དོན་ལ་མཉན་ཡོད་དུ་ཞུགས་ནས་བྲམ་ཟེའི་ཁྱིམ་དང་པོ་བཅུ་པ་ནས་ལྔ་བརྒྱ་ལྷག་ཙམ་གཉིས་ཀ་ནས་བཏུལ་ཅིང་བཞག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་གིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་འཆར་ཀ་ནག་པོ་འདི་ཡིན་ནོ། །དེ་ནས་ཡང་ཚེ་དང་ལྡན་པ་འཆར་ཀས། མཉན་ཡོད་ན་བྲམ་ཟེ་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས་ཤིང་རྟ་འདྲེན་དུ་འཇུག་པ་ཞིག་དང༌། གྱད་སྟོབས་རློམ་པ་ཞིག་ཀྱང་བཏུལ་ཏེ། དེ་གཉིས་དགྲ་བཅོམ་པ་ཉིད་ཐོབ་པར་བྱས་ནས། ཁྱིམ་བདག་གི་ཆུང་མ་གཏུམ་མོའི་མནའམ། ཆོམ་རྐུན་མའི་དམག་དཔོན་ལུས་བརྟེན་པ་མཁྲང་པ་དམ་པ་ཞིག་དང༌། འདོད་པ་ལ་ལོག་པར་གཡེམ་པ་ཞིག་ལ། ཚེ་དང་ལྡན་པ་འཆར་ཀས་བུད་མེད་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་པར་ཤེས་ནས། དེས་དེ་ལ་འདོད་ཆགས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། །དེས་བསམས་པ། འཕགས་པ་འཆར་ཀ་ནི། གཞན་གྱི་སེམས་ལ་མཁས་པ་ཡིན་པས་དེས་བདག་འཕྲིགས་ཀྱིས། གལ་ཏེ་དེ་མ་བསད་ན། དེས་བདག་གི་ཁྱིམ་ཐབ་ལ་བྱས་ཤིང༌། དེས་བདག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས། བདག་གིས་བསད་དོ་སྙམ་ནས། དེས་ཆོམ་རྐུན་པའི་དམག་དཔོན་དེ་ལ་དེ་བསོད་ཅིག་ཅེས་པ་དང་ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཁོ་བོ་དེ་མི་གསོད་དོ། །དེ་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་བོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་པས། ཁོ་བོ་དེ་གསད་པར་གྱུར་ན། ཁོ་བོ་རྒྱལ་པོས་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་པས་འཆི་བར་བྱ་ དགོས་པ ་གང་
ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་སྨྲས་པ། གལ་ཏེ་ཁྱོད་དེ་གསོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན་ཁྱོད་ཕྱིན་ཆད་ཁོ་མོའི་ཁྱིམ་དུ་འཇུག་པར་མི་བྱའོ། །འདོད་པ་སྟེན་པ་དག་ནི་སྡིག་པའི་ཆོས་མི་བྱ་བ་ཅི་ཡང་མེད་པས། ཆོམ་རྐུན་པའི་དམག་དཔོན་དེས་སྨྲས་པ། གལ་ཏེ་དེ་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་ན། ཁོ་བོས་ཇི་ལྟར་གསད་པར་བྱ། དེས་སྨྲས་པ། ཐབས་ཀྱི་རྣམ་པ་ཞིག་བྱའོ་ཞེས་དེ་དུས་མ་ཡིན་པའི་ཚེ། ཚེ་དང་ལྡན་པ་འཆར་ཀའི་གནས་སུ་མངག་པ་བཏང་སྟེ། བཙུན་པ་འཆར་ཀ་བདག་བྲོ་འཚལ་བར་གྱུར་ན། ཁྱོད་ཀྱིས་བདག་གཟིགས་པར་ཅི་གནང་ཞེས་སྤྲིང་ངོ༌། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས། ཚེ་དང་ལྡན་པ་འཆར་ཀ་ཡང་དུས་མ་ཡིན་པར་ཞུགས་ཏེ། དེ་ལ་ཆོས་བསྟན་པ་བྱས་ནས། དེ་ཕྱིར་དབྱུང་བར་བརྩམས་པ་དང༌། དེས་སྨྲས་པ། འཕགས་པ་བདག་ཁྱོད་མཐོང་ན་གློ་བ་དགའ། ཡུད་ཙམ་ཞིག་བཞུགས་སུ་གསོལ་ཞེས་དེས་ཚེ་དང་ལྡན་པ་འཆར་ཀ་ཇི་སྲིད་ཀྱིས་ཤིན་ཏུ་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་བཟུང་ནས། ཆོམ་རྐུན་པའི་དམག་དཔོན་ཡང༌། རལ་གྲི་ཤུབས་ནས་ཕྱུང་སྟེ་སྒོ་ན་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་བྱུང་བ་དང༌། ཆོམ་རྐུན་པའི་དམག་དཔོན་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བ་ཏང་བ་དེས། ཚེ་དང་ལྡན་པ་འཆར་ཀའི་མགོ་དྲུངས་ནས་བཅད་དེ་ས་ལ་བསྒྱེལ་ལོ། །སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེ་གཉིས་ཀྱིས། ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ། སྨྲས་པ་འགའ་ཞིག་གིས་ཚེ་དང་ལྡན་པ་འཆར་ཀའི་འདུན་པ་བླངས་སམ། བཙུན་པ་འཆར་ཀ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་ནི་བསད་ཀྱིས། ཆོས་གོས་དག་ལོང་ཤིག་དང༌། དེའི་ལུས་ལ་མཆོད་པ་བྱའོ། །བཅོམ་ལྡན་འདས་འཕགས་པ་དང༌། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་བཅད་ནས། བཅོམ་
ལྡན་འདས་ཀྱིས་གསེར་གྱི་ཁ་དོག་ལྟ་བུའི་འོད་བཏང་བ་མཛད་པ་དང༌། དེས་མཉན་ཡོད་ཐམས་ཅད་གསེར་བཅོ་མའི་ཁ་དོག་ལྟ་བུའི་འོད་ཀྱིས་སྣང་བར་གྱུར་ཏོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་མཐོང་ནས། ཅི་ལས་གྱུར་སྙམ་ན། བཅོམ་ལྡན་འདས་གཤེགས་པར་བཞེད་གོར་མ་ཆག་སྙམ་ནས། དེ་བཙུན་མོའི་འཁོར་དང་བཅས་པས་མཉན་ཡོད་ཀྱི་ལྡེ་མིག་ཁྱེར་ནས་སྒོ་ཕྱེ་བ་དང༌། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་དང༌། བཟོད་པར་དཀའ་བ་ཡིན་པས། དེས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མ་ནུས་སོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོ་འཁོར་དང་བཅས་པ། སླད་བཞིན་དུ་རྗེས་སུ་འབྲང་ཞིང་སོང་བ་དང༌། ཇི་ཙམ་ན་ཕྱག་དར་གྱི་ཕུང་པོ་དེའི་ཕྱོགས་དེར་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་འདིར་སྦས་ཀྱིས་ཕྱུང་ཤིག །དེ་ཕྱུང་བ་དང༌། དེ་ན་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས་འཕགས་པའི་བདེན་པ་དག་མཐོང་བ་དེ་དག་གིས་གསོལ་པ། འདི་བདག་གཅག་གི་དགེ་བའི་བཤེས་གཉེན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་འདིའི་ལུས་ལ་མཆོད་པ་བགྱི་བར་ཅི་གནང༌། བཅོམ་ལྡན་འདས་ཀྱི་ས་མ་གནང་ངོ༌། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ། འདི་བདག་གི་ཆུང་པོ་གྲོགས་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱི་བར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་མ་གནང་ངོ༌། །བཙུན་མོ་ཕྲེང་ལྡན་མས་གསོལ་པ། འདི་བདག་གི་སློབ་དཔོན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱི་བར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་གནང་ངོ༌། །དེ་ནས་བཙུན་མོ་ཕྲེང་ལྡན་མས། ཚེ་དང་ལྡན་པ་འཆར་ཀའི་ལུས་དེས་དཀར་གྱིས་དྲིལ་ཕྱི་བྱེད་དུ་བཅུག་ནས། སྤོས་ཆུས་འཁྲུར་བཅུག་སྟེ། རས་ཁ་དོག་སྣ་ཚོགས་དག་གིས་ཁྱོགས་སྤྱིལ་བཅས་ནས་དེར་བཅུག་སྟེ་བཞག་གོ །དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་དགེ་འདུན་དང་བཅའ་
པ་མདུན་དུ་གཤེགས་ནས། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དེའི་ཕྱིར་བཞིན་དུ་རྗེས་སུ་འབྲང་ཞིང་སོང་སྟེ། ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་བཞག་ནས། བཙུན་མོ་ཕྲེང་ལྡན་མས་སྤོས་ཀྱི་ཤིང་ཐམས་ཅད་ཀྱི་ཕུང་པོར་བཅེར་ཏེ་བསྲེག་པ་ནས་མེའི་ཕུང་པོ་དེའོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་དུ་བཅུག་སྟེ། གདུགས་དང༌། རྒྱལ་མཚན་དང༌། བ་དན་དག་བསྒྲེང་ཞིང༌། དྲི་དང༌། ཕྲེང་བ་རྒྱུ་དང༌། བདུག་སྤོས་དང༌། ཕྱེ་མ་དང༌། སིལ་སྙན་དག་གིས་མཆོད་པ་བྱས་ཏེ། རྐང་པ་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གད་ན་བཤམས་པ་ཉིད་ལ་བཞུགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཉེས་དམིགས་འདི་དང་གཞན་དག་ཀྱང་དགེ་སློང་དག་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལས་གྱུར་པས། དགེ་སློང་གིས་དུས་མ་ཡིན་པར་གྲོང་དུ་འཇུག་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང༌། དགེ་སློང་འདུག་པ་ལ་མི་སྨྲ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བསམས་པ། ཉེས་པ་ནི་དུས་མ་ཡིན་པར་གྲོང་དུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི། དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང༌། ཕྱེད་ཡོལ་བར་རོ། །གྲོང་དུ་ཞེས་བྱ་བ་ནི་གང་ནས་སྲང་དང་བཞི་མདོ་དང༌། སུམ་མདོ་དག་ཡོད་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་འགྲོ་ཞིང་ངོ༌། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་གླེང་གཞི་ལས། དགེ་སློང་འདུག་པ་ལ་སྨྲ་བར་བྱ་བ་དེ་སྲིད་དུ་དེའི་ལྷུང་བཟེད་དང༌། ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་
བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བརྟད་པའི་བྱ་བ་མ་བྱུང་བ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པས། དགེ་སློང་ངམ། དེ་མེད་ན་དགེ་སློང་མའམ། དེ་མེད་ན་དགེ་ཚུལ་ལམ། དེ་མེད་ན་དགེ་ཚུལ་མ་འཁོད་པ་ལ་མ་སྨྲས་པར་རང་གི་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་གྱི་དུས་མ་ཡིན་པར་ཁྱིམ་པའི་གྲོང་གཞན་དུ་ཞུགས་ན། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དུས་མ་ཡིན་པ་ཉིད་ལ། དགེ་སློང་འཁོད་པ་ལ་མ་སྨྲས་པ་དང༌། བརྟད་པའི་བྱ་བ་མ་བྱུང་བ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པའི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དུས་མ་ཡིན་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། དགེ་སློང་འཁོད་པ་ལ་མ་སྨྲས་པ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པ་ཉིད་དང༌། ཁྱིམ་པའི་གྲོང་ཉིད་དང༌། དེར་ཞུགས་པ་ཉིད་དོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་པའོ།། །།སྡོམ་ལ། ཟས་བཅས་སྐྱ་རེངས་དག་དོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལ་དང་གདིང་བ་གཡན་བ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་བྱ་བ་ནི། བཅུ་པ་དགུ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་ དགོས་པ ་ནི་སྔ་མ་བཞིན་ནོ། །བཅུ་པ་དགུ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། གྲོང་དུ་རྒྱུ་བ་དང༌། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་དང༌། བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་པ་དང༌། ཁབ་རལ་འཆོས་པ་དང༌། ཁྲི་རྐང་འཆོས་པ་དང༌། ཤིང་བལ་གྱིས་གོས་པར་བྱས་པ་དང༌། གདིང་བ་ལས་གྱུར་པ་དང༌། གཡན་པ་དགབ་པ་ལས་གྱུར་པ་དང༌། དབྱར་གྱི་རས་ཆེན་ལས་གྱུར་པ་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ། །དེ་ལ་གྲོང་དུ་རྒྱུ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་
ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ། དེའི་ཁྱིམ་དུ་ཉེ་དགའ་དུས་དང་དུས་སུ་འགྲོ་ཞིང༌། དེས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་བཞག་གོ །དུས་གཞན་ཞིག་ན་དེས་དེ་ལ་རྫས་ལས་བྱུང་བའི་བསོད་རྣམས་བྱ་བའི་གཞི་འདུན་པོ་དག་གི་བསྔགས་པ་རྒྱ་ཆེར་བརྗོད་པ་དང༌། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་བརྩམས་ནས། དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་བདག་གི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བདག་གི་སྡུམ་པར་གདུགས་ཚོད་ལ་སྤྱན་དྲང་བའི་རིགས་སོ། །དེས་དང་དུ་བླངས་ནས་དེ་བཞིན་དུ་སྤྱན་དྲངས་སོ། །ཆོས་ཉིད་ཀྱིས་ན་གང་གི་ངོར་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་དུས་སྔར་འགྲོ་བ་ཡིན་པས། ཚེ་དང་ལྡན་པ་ཉེ་དགའ་དུས་སྔར་དེར་སོང་ནས། དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁོ་བོ་སྦྱིན་བདག་གི་ཁྱིམ་དག་ལྟ་བའི་བར་དུ། ཁྱེད་རེ་ཞིག་ཟས་སྟ་གོན་གྱིས་ཤིག །ཁོ་བོ་མ་འོངས་པའི་བར་དུ་ཡང་ཁྱེད་ཀྱིས་རེ་ཞིག་བྲིམ་པར་མི་བྱའོ་ཞེས་སྨྲས་ཏེ་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང༌། དེས་མ་བསྐུལ་བར། སྔར་ཁྱིམ་བདག་དེའི་ཁྱིམ་གལ་བ་དེར་གཤེགས་ཏེ་སྒོ་དྲུང་ན་གཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་ཅི་བདེར་གྱིས་ཤིག་ཅེས་བསྒོ་བ་དང༌། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བདག་གིས་ཁྱེད་ཅག་གི་ཅི་བདེར་ཅི་ལེགས་མ་འཚལ་གྱིས། འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་དག་བཤམས་ཀྱིས་བཞུགས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཁྱེད་ཅག་ཁོ་ནའི་ཕྱིར་སྟན་དག་བཤམས་པས་ཅི་བདེར་བྱས་པར་བརྗོད་པར་བྱ་སྟེ། འདུག་པར་བྱ་ཞིང་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པ་དང༌། ཇི་ཙམ་ན་གདུགས་ཚོད་ལ་བབ་ཏུ་ཉེ་ན། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་གདུགས་ཚོད་ལ་བབ་དུ་
ཉེས། ཞལ་ཟས་བྲིམས་ཤིག །ཟས་འདིས་ཁྱོད་ལ་ཅི་བྱ་ཞེས་བྱ་བ་བསྒོ་བ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཉེ་དགའ་མཆི་བའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཞིག་གཞེས་ནས། ཡང་ཚེ་དང་ལྡན་པ་ཀུན་དགའ་བོས། ཁྱིམ་བདག་དེ་ལ་གདུགས་ཚོད་ལ་བབ་ཀྱིས་ཞལ་ཟས་བྲིམས་ཤིག །ཟས་རུལ་པར་གྱུར་པ་འདིས་ཁྱོད་ལ་ཅི་བྱ་ཞེས་བསྒོ་བ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཉེ་དགའམ་མཆི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་ཉེ་དགའ་འོངས་པར་མ་གྱུར་ན་ཟན་སྦྱིན་པར་མི་བྱེད་དམ་ཞེས་སྨྲས་པ་དང༌། ཁྱིམ་བདག་དེས་སྨྲས་པ། འཕགས་པ་མི་གསོལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཐུན་མོང་དག་གིས་གནོད་བྱེད་དོ། །འབྲེལ་པ་ཤིན་དུ་འདའ་བར་བཀའ། །ཅི་ཙམ་ན་གདུགས་ཚོད་ཀྱི་མཐའ་ལ་བབ་པ་ན། ཉེ་དགའ་འོངས་ནས་དེས་སྨྲས་པ། །ཁྱིམ་བདག་མི་འབྲིམ་པར་ཅི་གདོང༌། །དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་ཞལ་ནས། ཁོ་བོ་མ་འོངས་ཀྱི་བར་དུ་རེ་ཞིག་བྲིམ་པར་མི་བྱའོ་ཞེས་བྱུང་ལ་དེ་སྐད་ཅེས་མི་གསུང་ངམ། ཉེ་དགའ་ཤགས་མེད་ནས་ཅང་མི་སྨྲ་བར་འདུག་གོ །དེ་ནས་ཁྱིམ་བདག་དེས་བྲིམ་པར་བརྩམས་པ་དང༌། ཇི་ཙམ་ན་གདུགས་ཚོད་ཡོལ་ནས། དགེ་སློང་ཁ་ཅིག་གིས་ནི་ཟས་ཐོབ་ནས་ཟན་གཅད་པ་བྱས། ཁ་ཅིག་གིས་ནི་ཟན་མ་ཐོབ་པ་ཁོ་ནར་ཟན་གཅད་པ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །ཉེ་དགའ་ངོ་ཚ་བར་གྱུར་པའི་སྙིང་གིས་དེ་ཉིད་དུ་འདུག་གོ །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ། དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ཞིང་སྨྲས་པ། བཙུན་པ་ཉེ་
དགའ་མ་མཆིས་སམ། འགའ་ཞིག་གིས་དེའི་འདུན་པ་བླངས་སམ། དགེ་སློང་རྣམས་ཀྱིས་སྨྲས་པ། དེ་མ་འོངས་ཏེ་སུས་ཀྱང་དེའི་འདུན་པ་ཡང་མ་བླངས་སོ། །དགེ་སློང་གཞན་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་བདག་ཅག་སྔ་དྲོ་ཟང་ཟིང་གི་ཆེད་ལ་ཐོ་བཙམས་ལ། ད་ནི་ཆོས་ཀྱི་ཆེད་ལ་ཐོ་བཙམས་པར་བྱེད་དོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་ངག་ཅིའི་ཕྱིར་དགེ་སློང་དག་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས། སྔ་དྲོ་དང་ཕྱི་དྲོ་དག་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྒོ་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་རང་ཉམས་ཀྱིས་ཀུན་དུ་སྤྱོད་པ། ཉེས་པ་ནི་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས། སྔ་དྲོ་དང་ཕྱི་དྲོ་དག་ཁྱིམ་དག་ཏུ་རྒྱུ་ཞིང༌། དགེ་འདུན་གྱི་ཟང་ཟིང་གི་བར་ཆད་བྱས་པ་དང༌། ཕྱི་གྲོ་ཁྱིམ་དག་ཏུ་རྒྱུ་བས་དགེ་འདུན་གྱི་ཆོས་ཀྱི་བར་ཆད་བྱས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི། ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་དང་བཅས་པའི་ཞེས་བྱ་བ་ནི། མགྲོན་དུ་བོས་པ་དང་བཅས་པའོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཕྱིར་རོ། །སྔ་དྲོ་ཞེས་བྱ་བ་ནི་སྔ་དྲོ་ཉིད་དེ་ཁྱིམ་གཉིས་ལས་ལྷག་པར་རྒྱུ་ནའོ། །ཕྱི་དྲོ་ཞེས་བྱ་བ་ནི་ཕྱི་དྲོ་ཉིད་དེ་ཁྱིམ་གསུམ་ལས་ལྷག་པར་རྒྱུ་ནའོ། །ཁྱིམ་དག་ཏུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །རྒྱུ་ཞིང་ཞེས་བྱ་བ་ནི་འགྲོ་ཞིང་ངོ༌། །ཁྱིམ་པ་ལ་མི་བསྒོ་ན་ཞེས་བྱ་བ་ནི། དེ་ན་ཁྱིམ་པ་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་གླེང་གཞི་ལས་ཁྱིམ་པ་འདུག་པ་ལ་བསྒོ་བར་མི་བྱེད་པ་དེ་སྲིད་དུ། དེའི་ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་བཞག་
སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང༌། ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེད་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དེའི་ཚིག་གིས་དགེ་འདུན་ཟས་དང་བཅས་པ་ནི་ཁྱིམ་དུ་སྤྱན་དྲངས་པ་ན། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཤིག་ཅེས་མ་བསྒོ་བ་དང༌། བརྟད་པའི་དབང་མ་གཏོགས་པར་ཁྱིམ་གསུམ་པ་ལ་སོགས་པར་རྒྱུ་བ་དང༌། གུང་ཚིགས་ལས་ཡོལ་བའི་དུས་མ་ཡིན་པར་དགེ་སློང་འཁོད་པ་ལ་སྨྲས་སུ་ཟིན་ཀྱང་བརྟད་པའི་བྱ་བ་མ་བྱུང་བར་ཁྱིམ་བཞི་ལ་སོགས་པར་འགྲོ་ན་ཁྱིམ་གསུམ་པ་དང༌། བཞི་པ་དང་ལྔ་པ་ལ་སོགས་པ་དང༌། ཁྱིམ་བཞི་པ་དང༌། ལྔ་པ་དང༌། དྲུག་པ་ལ་སོགས་པར་རེ་རེར་ཕྱིན་པ་ན། གྲོང་རྒྱུ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། སྔ་དྲོ་ལ་ནི་ཁྱིམ་གསུམ་པ་ལ་སོགས་པ་ཉིད་དང༌། ཁྱིམ་པ་འཁོད་པ་ལ་མ་བསྒོ་བ་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དོ། །འདི་ལ་ཡན་ལག་ནི་སྔ་དྲོ་ལ་ནི་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྔ་དྲོ་ཉིད་དང༌། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ཉིད་དང༌། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱས་ཤིག་ཅེས་མ་བསྒོ་བ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། ཁྱིམ་གསུམ་པ་ལ་སོགས་པར་སོན་པ་ཉིད་དོ། །ཕྱི་དྲོ་ལ་ནི་ཡན་ལག་གསུམ་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕྱིར་དྲོ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། ཁྱིམ་བཞི་པ་ལ་སོགས་པར་སོན་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གྲོང་དུ་རྒྱུ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཅིག་པའོ།། །།སོ་སོར་ཐར་པའི་མདོའི་གཞུང་འགྲེལ། བམ་པོ་བཅོ་བརྒྱད་པ། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་བཏུལ་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བརྟེན་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་ཞག་བདུན་གྱི་བར་དུ་གདུགས་ཚོད་གསོལ་ཏེ། དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་ངན་པ་བཟང་བྱིན་དང༌། ཁྱིམ་བདག་སྡུམས་བྱེད་དང༌། ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང༌། རྒྱལ་བུ་ནག་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་མངོན་པ་དང༌། འདུལ་བ་མངོན་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་ནས་གོང་དུ་བཀའ་ལན་སྩལ་པ་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡང་དེ་དག་གི་གདོང་དུ་ལྟ་ཞིང་འདུག་སྟེ། དེས་ཡུད་ཙམ་ཞིག་ཆོས་དང་ལྡན་པའི་གཏམ་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་སོང་ངོ༌། །དེ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ནས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་དེང་ཁྱིམ་བདག་ངན་པ་བཟང་བྱིན་དང༌། ཁྱིམ་བདག་སྡུམས་བྱེད་དང༌། ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང༌། རྒྱལ་བུ་ནག་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་མངོན་པ་དང༌། འདུལ་བ་མངོན་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་གོང་ནས་གོང་དུ་བཀའ་ལན་སྩལ་པ་དང༌། ང་ཡང་དེ་དག་གི་གདོང་དུ་ལྟ་ཞིང་ཁ་རོག་པར་འདུག་འདུག་ནས་ལངས་ཏེ་སོང་ངོ༌། །ཕྲེང་ལྡན་མས་སྨྲས་པ། ལྷ་ཁྱོད་ཀྱིས་ཀྱང་ཅིའི་སླད་དུ་བཅོམ་ལྡན་འདས་ལ་མ་ཞུས། ཕྲེང་ལྡན་མ་ང་ནི་ཐོས་པ་ཉུང་བ་ཡིན་ལ། དེ་དག་ནི་ཐོས་པ་མང་བ་ཡིན་པ་སངས་ཅི་ཞིག་ཞུར་ཡོད། ལྷ་ཁྱོད་ཀྱང་ཅིའི་སླད་དུ་སངས་རྒྱས་ཀྱི་བཀའ་ཀློག་པར་མི་མཛད། ཕྲེང་ལྡན་མ་ང་རྒྱལ་པོའི་བྱ་བ་དང༌། རྒྱལ་པོའི་བྱེད་པ་དག་ལ་རྟག་ཏུ་བྲལ་བས་ཇི་ལྟར་ཀློག །གལ་ཏེ་ཁྱོད་འགའ་ཞིག་ལས་སངས་རྒྱས་ཀྱི་བཀའ་ཀློག་ན། ངས་མཚན་མོ་ཁྱོད་ལས་བཀླག་པར་བྱའོ། །ལྷ་དེ་ལྟར་བགྱིའོ། །རྒྱལ་པོས་བཙུན་མོ་རྒྱལ་རིགས་དབྱར་ཚུལ་མའི་སློབ་དཔོན་དུ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཉེར། བཙུན་མོ་ཕྲེང་ལྡན་མའི་
སློབ་དཔོན་དུ་ནི། ཚེ་དང་ལྡན་པ་འཆར་ཀ་གཉེར་ཏེ། དེ་གཉིས་ཀྱིས་དེ་དག་ཀློག་ཏུ་འཇུག་པ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་དུས་ཤེས་པ་དང༌། དུས་རིག་པ་ཡིན་པས། དེ་དུས་སུ་སོང་ནས། རྒྱལ་རིགས་དབྱར་ཚུལ་མ་ཀློག་ཏུ་འཇུག་གི་དུས་མ་ཡིན་པར་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀ་ནི་དུས་མི་ཤེས་པ་དང༌། དུས་མ་ཡིན་པས་དུས་སུ་ཡང་སོང་སྟེ་ཕྲེང་ལྡན་མ་ཀློག་ཏུ་འཇུག་ལ། དུས་མ་ཡིན་པར་ཡང་འགྲོའོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་བྲགས་གཞན་ཞིག་ཏུ་བྱ་བ་ཅུང་ཞིག་བྱུང་ནས། དེའི་མཚན་མོ་ཉིད་དུ་ལངས་ཏེ་དེར་འཕགས་པ་དང༌། ཚེ་དང་ལྡན་པ་འཆར་ཀ་གླང་པོ་ཆེའི་སྒྲ་དང༌། རྟའི་སྒྲ་དང༌། དུང་གི་སྒྲ་དག་གིས་སད་ནས། དེས་བསམས་པ། བཙུན་མོ་ཕྲེང་ལྡན་མ་ལ་བཟླས་པ་སྦྱིན་དུ་འགྲོའོ་སྙམ་ནས། རྒྱལ་པོའི་ཕོ་བྲང་གི་སྒོར་སོང་སྟེ། ནང་དུ་ཞུགས་པ་ན། བཙུན་མོ་ཕྲེང་ལྡན་མ་གཉིད་ལོག་ཅིང་འདུག་སྟེ། དེས་སེ་གོལ་གྱི་སྒྲས་དེ་བསླང་བ་དང༌། དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཙུན་མོའི་འཁོར་ལ་འོས་པའི་གོས་དག་བརྗེས་ནས་གོས་སྟུག་པོ་དག་གྱོན་ཏེ་འདུག་པ་དང༌། ཚེ་དང་ལྡན་པ་འཆར་ཀ་ས་དེ་ལ་བཟླས་པ་བྱིན་ནས། ཁུང་གཞན་ཡང་ཕོག་པ་དང༌། བཙུན་མོ་ཕྲེང་ལྡན་མས། བཟའ་བ་དང༌། བཅའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཚེ་དང་ལྡན་པ་འཆར་ཀས་དེ་བླངས་ཏེ་ཕྱིར་བྱུང་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་དུ་འཇུག་པ་དང་ཕྲད་ནས། དེས་སྨྲས་པ། དོན་ཉུང་ངུ་ཁྱོད་ཀྱིས་བརྩོན་འགྲུས་འདི་ལྟ་བུས་ཟག་པ་ཟད་པར་བྱས་སམ། ཅིན་ཁྱོད་ད་གཟོད་འོང༌། ཁོ་བོས་ནི་བཟླས་པ་བྱིན་ནས། ལུང་གཞན་ཡང་ཕོག་སྟེ། ཁོ་བོ་བཅའ་བ་དང༌། བཟའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་པ་འདི་ཡང་ཐོབ་བོ། །ཚེ་དང་ལྡན་པ་ཤཱརིའི་བུས་སྨྲས་པ། དེའི་ཕྱིར་ཁྱོད་དྲུག་སྡེ་ཡིན་ནོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ནམ་མ་ལངས་སྐྱ་རེངས་མ་ཤར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་
བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ནམ་མ་ནངས། སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་དུས་མ་ཤེས་པ། ཉེས་པ་ནི་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ནམ་མ་ནངས་ཞེས་བྱ་བ་ནི་ནམ་ནགས་པར་མ་གྱུར་པའོ། །སྐྱ་རེངས་མ་ཤར་ཞེས་བྱ་བ་ལ། སྐྱ་རེངས་ནི་གསུམ་སྟེ། སྐྱ་རེངས་དང་པོ་དང༌། སྐྱ་རེངས་བར་མ་དང༌། སྐྱ་རེངས་ཐ་མའོ། །དེ་ལ་སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་པར་མ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བ་སྟེ། འདིར་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ། །མ་ཤར་ཞེས་བྱ་བ་ནི་མ་བྱུང་བའོ། །རིན་པོ་ཆེ་དག་ཅེས་བྱ་བ་ལ། རིན་པོ་ཆེ་དག་ཅེས་བྱ་བ་ནི། ནོར་བུ་དག་དང༌། མུ་ཏིག་དག་དང༌། བཻ་ཌཱུཪྻ་དག་དང༌། ཤང་ཀ་ཤི་ལ་དག་དང༌། བྱི་རུ་དག་དང༌། གསེར་དག་དང༌། དངུལ་དག་དང༌། རྡོའི་སྙིང་པོ་དག་དང༌། སྤུག་དག་དང༌། དམར་པོ་དག་དང༌། གཡས་སུ་འཁྱིལ་པ་དག་གོ །རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ནི། གཡུལ་ངོར་སྤྱད་པའི་མཚོན་ཆ་ཐམས་ཅད་དང༌། རོལ་མོར་སྤྱད་པའི་ཆ་སྤྱད་ཐམས་ཅད་དོ། །མ་བསྡུས་པར་ཞེས་བྱ་བ་ནི་མ་བརྟུལ་བར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་རིགས་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུའི་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། སྒོ་གཏན་ནམ་ཞེས་བྱ་བ་ནི་སྒོ་གཏན་ནི་རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོ་གཏན་དང༌། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང༌། བཙུན་མོའི་འཁོར་གྱི་སྒོ་གཏན་དང༌། སྒོ་གཏན་གྱི་ཉེ་
འཁོར་ལས་ཞེས་བྱ་བ་ནི་དེའི་དྲུང་ལས་སོ། །འདའ་ན་ཞེས་བྱ་བ་ནི་འགྲོ་ནའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི། གླེང་གཞི་ལས་བཙུན་མོད་པ་ལ་ལྡན་འདུལ་པའི་དབང་དུ་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི་འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས། དེ་འདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ་ཞེས་བྱ་བ་དེ་འདྲ་བའི་རྐྱེན་དུ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་རྒྱལ་པོ་དང་བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང་གདུལ་བའི་དབང་མ་གཏོགས་པར་བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་གི་གནས་དང༌། བདག་ཉིད་འགྲོ་བར་འབྲེལ་བའི་གནས་སྐབས་དེར་སྐྱ་རེངས་ཐ་མ་མ་ཤར་ཅིང་ནམ་མ་ནངས་པར་ཤེས་བཞིན་དུ། བཙུན་མོ་དེའི་སྒོ་བཅད་པ་ལ་ནི་ཕྱི་རོལ་གྱི་ཉེ་འཁོར་འོབས་ལ་སོགས་པའི་ནང་རོལ་གྱི་ངོས་ལས་འདས་པ་དང༌། སྒོ་མ་བཅད་པ་ལ་སྒོ་འཕར་ནས་ནང་རོལ་དུ་སྒོ་གཏན་གྱི་སྲིད་ཀྱི་ཉེས་འགྱུར་ལས་འདས་ན་སྦྱོར་བ་ཐ་དད་པས་མཚན་མོ་རེ་རེ་ལ་མཚན་མོའི་སྐྱ་རེངས་འཆར་བའི་མཐའ་ལ་བསྡད་མི་དགོས་པར་ནམ་སོན་པའི་མོད་ཉིད་ལ། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། འདུལ་བའི་དབང་གིས་འགྲོ་བ་མ་གཏོགས་པ་དང༌། བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་ན་འདུག་པའི་གནས་དང༌། བདག་ཉིད་འགྲོ་བར་འབྲེལ་པ་ཉིད་ཀྱི་གནས་སྐབས་དེས་ནམ་མ་ནངས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། འདུལ་བའི་དབང་གིས་འགྲོ་བ་མ་གཏོགས་པ་ཉིད་དང༌། བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་གི་གནས་གང་ཡང་རུང་བར་བདག་ཉིད་འབྲེལ་པར་འགྲོ་བ་ཉིད་དང༌། དེའི་གནས་སྐབས་ན་སྐྱ་རེངས་ཐ་མ་མ་ཤར་ཅིང་ནམ་མ་ནངས་
པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། དེའི་སྒོ་བཅད་པའམ། མ་བཅད་པའི་གཏན་པའི་ཉེ་འཁོར་གྱི་ཕྱིར་ལྟ་བའམ། ནང་དུ་ལྟ་བ་གང་ཡང་རུང་བ་ལས་འདས་པ་ཉིད་དོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཉིས་པའོ།། །།བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། །དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་དོན་པ་གདོན་པའི་ཚེ། དྲུག་སྡེ་དག་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱེད་དེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་ཅིང༌། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་ད་གདོད་བདག་གིས་ཤེས་སོ་ཞེས་ཟེར་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་དག་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ། གུས་པར་ད་དོད་ཐོས་སམ་ཅི་ན་གང་གི་ཕྱིར་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཁོ་བོ་ཅག་ལ་ལས་དེ་ཙམ་འབའ་ཞིག་ཏུ་ཟད་དམ། འདོད་པའི་རྣམ་པར་རྟོག་ པ་ལ་ཡང་རྣམ་པར་བརྟག་དགོས ་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང༌། རྣམ་པར་འཚེ་བའི་རྣམ་པར་རྟོག་ པ་ལ་ཡང་རྣམ་པར་བརྟག་དགོས ་སོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཟླའི་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་བྱས་ཏེ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་ཅིང༌། དགེ་སློང་
རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ་ཞེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་རོ་དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི། གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང༌། ལན་མང་དུ་ལྷ་ཅི་སྨོས་ན། ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ། ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མ་ལྟར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱ་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་བྱ་ཏེ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ཚེ་དང་ལྡན་པ་ཁྱེད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྟེ། ཉོན་མོངས་པ་ནི་སྒྱུ་ཐབས་ཀྱི་བསམ་པ། ཉེས་པ་ནི་བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ༌། །སོ་སོར་ཐར་པའི་མདོ་ཞེས་བྱ་བ་ལ། སོ་སོར་ཐར་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་བསླབ་པའི་ཆོས་མང་པོ་དང༌། རྩོད་པ་
ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ །མདོ་གདོན་པ་ཞེས་བྱ་བ་ལ། མདོ་གདོན་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའོ། །འདོན་པའི་ཚེ་ཞེས་བྱ་བ་ནི་རབ་ཏུ་མང་པོ་སྟོན་པའི་ཚེའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ལ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཡང་ངོ༌། །དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི། དེ་ན་དགེ་སློང་གང་དག་འཁོང་པ་རྣམས་ཀྱིས་ཀྱང་ངོ༌། །ཚེ་དང་ལྡན་པ་འདི་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་འདིའོ། །སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པ་ཤེས་ཤིང་ཞེས་བྱ་བ་ནི་འདི་སོ་སོར་ཐར་པའི་མདོ་ལན་གཉིས་སམ་གསུམ་ཐོས་པར་ཤེས་ཤིང་ངོ༌། །ལན་མང་དུ་ལྟ་ཅི་སྨོས་ན་ཞེས་བྱ་བ་ནི་ལན་མང་དུ་འདུག་པར་ཤེས་པ་ལྟ་ཅི་སྨོས་ནའོ། །ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོལ་བས་ཞེས་བྱ་བ་ནི། དེ་དེས་ལྟུང་བ་ལས་མི་འགྲོལ་བས་དེ་ལྟུང་བ་དང་བཅས་པ་ཉིད་ཡིན་པའོ། །དེ་ལྟུང་བ་གང་བྱུང་བ་ཞེས་བྱ་བ་ནི་ལྟུང་བྱེད་དོ། །དེ་ཆོས་བཞིན་དུ་བྱེད་དུ་གཞུག་ཅེས་བྱ་བ་ནི་འཆགས་སུ་གཞུག་པའོ།། སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས། ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ། ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ་ཞེས་བྱ་བ་ནི་འགྱོད་དུ་གཞུག་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་འགྱོད་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་དགེ་འདུན་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སོར་ཐར་པའི་མདོ་གདོན་པའི་ཚེ། སྔར་ཡང་དེ་ལན་གཉིས་སུ་མྱོང་ཞིང༌། ཡིད་རྨོངས་པ་མ་ཡི་པས་བཞད་གད་ཙམ་གྱིས་ཀྱང་སོ་སོར་ཐར་པའི་
མདོ་གདོན་པ་འདི་ལ། བསླབ་པའི་གཞིའི་ཆོས་འདིའི་ཡོད་པར་བདག་གིས་གཟོད་ཤེས་སོ་ཞེས་བྱ་བ་ལ། དངོས་སུ་སྨྲའམ་བརྒྱུད་པ་དེ་སྐད་ཟེར་ན། མདོ་སྡེ་དང་ལྡན་པ་མ་གཏོགས་ཏེ། དེ་ལ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་སློང་སྔར་ཡང་གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་ཞིང༌། ཡིད་རྨོངས་པ་མ་ཡིན་པ་དང༌། མདོ་སྡེ་དང་ལྡན་པ་མ་གཏོགས་པའི་བསླབ་པའི་གཞིའི་དངོས་པོ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་སླར་གསོ་སྦྱོང་ལ་ན་གཉིས་ཉམས་སུ་མྱོང་བ་ཉིད་དང། །ཡིད་རྨོངས་པ་མ་ཡིན་པ་ཉིད་དང༌། གསོ་སྦྱོང་འདོན་པའི་དུས་ཉིད་དང༌། འདུལ་བར་གཏོགས་པའི་བསླབ་པའི་གཞིའི་དངོས་པོ་ཉིད་དང༌། དངོས་སུའམ། བརྒྱུད་པས་ཁྱད་དུ་གསོད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བརྒྱད་ཅུ་གསུམ་པའོ།། །།ཁབ་རལ་འཆོས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ། བ་སོ་མཁན་ཞིག་འདུག་པ་དེ་གཅེར་བུ་པ་དག་ལ་ཤིན་དུ་མངོན་པར་དད་དོ། །དེ་དུས་གཞན་ཞིག་ན་དགེ་སློང་བསོད་སྙོམས་པ་ཞིག་གིས་ཆོས་བསྟན་པས་བཏུལ་ནས། དེས་ཀྱང་དེ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་བླངས་སོ། །ཡང་བསོད་སྙོམས་པ་དེས་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་དང༌། དེ་མངོན་པར་དད་པར་གྱུར་ནས་སྨྲས་པ། འཕགས་པ་བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཅུང་ཞིག་ཡང་དག་པར་བླངས་ཏེ་འཇུག་པར་བགྱིས་ཡིས། བདག་གིས་དགེ་སློང་གི་དགེ་འདུན་ལ་རང་གི་བཟོས་བསྙེན་བཀུར་བགྱིའོ། །བསོད་སྙོམས་པ་དེ་གཙུག་ལག་ཁང་དུ་སོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་བདག་གིས་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་སོ་མཁན་དེ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་བཞག་ནས། དེ་དགེ་སློང་དགེ་འདུན་ལ་རང་
གི་བཟོས་བསྙེན་བཀུར་བྱེད་ཀྱིས། སུ་ཅི་འདོད་པ་དེས་བྱེད་དུ་ཆུག་ཤིག །ཇི་ཙམ་ན་དགེ་སློང་ཞིག་ལ་ཁབ་རལ་མེད་ན། དེའི་གན་དུ་སོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ལ་ཁལ་རལ་མེད་ཀྱིས་དེ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་པའོ། །འཕགས་པ་བ་ས་ལས་བགྱིས་པ་བཟང་ངོ༌། །བཞིན་བཟངས། བ་སོ་ལས་བྱས་པ་གྱིས་ཤིག །དེས་དེའི་ཁབ་རལ་བ་སོ་ལས་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་བྱེད་དུ་བཅུག །གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་པས་དེའི་བ་སོ་ཟད་པར་གྱུར་ཏོ། །དགེ་སློང་གཞན་ཞིག་ཀྱང་འོངས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་ཁབ་རལ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་པའོ། །འཕགས་པ་བ་སོ་ལས་བགྱིས་པ་བཟང་ན་བ་སོ་དེ་ནི་བས་སོ། །གལ་ཏེ་བཞེད་ན་རུས་པ་ལས་བགྱིས་པ་བགྱིའོ། །བཞིན་བཟངས་མ་ཉེས་ཀྱིས་གྱིས་ཤིག །དེས་དེའི་ཁབ་རལ་རུས་པ་ལས་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་བྱེད་དུ་བཅུག ། གཞན་གྱིས་ཀྱང་བྱེད་དུ་བཅུག་པས་དེའི་རུས་པ་ཡང་ཟད་པར་གྱུར་ཏོ། །དགེ་སློང་ཞན་ཞིག་ཀྱང་འོངས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་ཁབ་རལ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་པའོ། །འཕགས་པ་བ་སོ་ལས་བགྱིས་པ་བཟང་ན་དེ་ནི་བས་སོ། །བཞིན་བཟངས་གལ་ཏེ་དེ་ལྟ་ན་རུས་པ་ལས་བགྱིས་པ་གྱིས་ཤིག །འཕགས་པ་རུས་པ་ཡང་བས་སོ། །གལ་ཏེ་བཞེད་ན་རྭ་ལ་བགྱིས་པ་བགྱིའོ། །བཞིན་བཟངས་མ་ཉེས་ཀྱིས་གྱིས་ཤིག །དེས་དེའི་ཁབ་རལ་རྭ་ལས་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག །གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་པས་དེའི་རྭ་ཡང་ཟད་པར་གྱུར་ཏོ། །དེ་རང་གི་ཟན་དང་རང་གི་ཡོ་བྱད་དག་གིས་དགེ་སློང་རྣམས་ཀྱི་ལས་བྱེད་པ་ན་དབུལ་བར་གྱུར་ཏོ། །གཅེར་བུ་པ་དག་ཆོས་འདི་གང་གི་ཚེ་ཁོ་
བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་ན། འདི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ན། འདི་དེ་ལྟར་ཤཱཀྱའི་བུའི་དགེ་སློང་རྣམས་ལ་མངོན་པར་དད་པ་ཟན་ཡང་སློང་བར་བྱེད་དོ་ཞེས་འཕྱ་བ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བ་སོའམ། རུས་པ་འམ། རྭའི་ཁབ་རལ་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པའི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་ཁབ་རལ་འཆོས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །བ་སོའམ་ཞེས་བྱ་བ་ནི་བ་སོ་ཉིད་དོ། །རུས་པའམ་ཞེས་བྱ་བ་ནི་རུས་པ་ཉིད་དོ། །རྭའི་ཞེས་བྱ་བ་ནི་རྭ་ཉི་ཀྱིའོ། །ཁབ་རལ་ཞེས་བྱ་བ་ནི་ཁབ་རལ་གཉིས་ཏེ། སྦུ་གུ་ཅན་དང་ཆང་པ་ལྟ་བུའོ། །དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་རང་གིས་སམ་གཞན་ནོ། །བཅག་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་བག་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་རིན་པོ་ཆེ་མ་གཏོགས་པ་བ་སོའམ། རུས་པའམ། རྭའམ། ལྕགས་ལ་སོགས་པའི་ཁབ་རལ་བྱེད་དམ། བྱེད་དུ་བཅུག་ན་ཁབ་རལ་འཆོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། འདོད་ཞེན་གྱི་བསམ་པ་དང༌། རིན་པོ་ཆེ་མ་གཏོགས་པའི་ཁབ་རལ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདོད་ཞེན་གྱི་བསམ་པ་ཉིད་དང༌། རིན་པོ་ཆེ་དང༌། གནང་བ་ཉིད་མ་གཏོགས་པ་དང༌། བ་སོའམ་རུས་པ་འམ། རྭའམ་ལྕགས་ལ་སོགས་པའི་ཁབ་རལ་ཉིད་དང༌། བྱས་ཟིན་པ་རྙེད་པ་དང༌། བྱས་ཟིན་པ་ལ་སྤྱོད་པ་མ་གཏོགས་པ་ཉིད་དང༌། རང་གིས་བྱེད་དམ་གཞན་བྱེད་དུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དེ་བརྒྱད་ཅུ་བཞི་པའོ།། །།ཁྲི་རྐང་འཆོས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་
མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་གང་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས་ལམ་གྱིས་དུབ་པའི་ངལ་བསོས་ཏེ་སྒོ་ཁང་དུ་ཁྲི་དམའ་བའི་ཁྱིམ་ཞིག་རྙེད་པའི་མདུན་དུ་རྐང་པ་གཉིས་བཀྲུས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་གཉིད་ཀྱིས་ཡུར་བའི་ཚེ། ལུས་འཁྱོག་ཅིང་ཁྲིའི་སྒྲ་ཙེག་ཙེག་ཟེར་བ་ན། འོག་ནས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་བྱུང་བས་འཕྲལ་བར་བཟུང་སྟེ་དུས་ལ་བབ་ནས། སུམ་ཅུ་རྩ་གསུམ་པའི་ལྷའི་དྲང་སྲོང་རྣམས་ཀྱིས་ནང་དུ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འོངས་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པའི་གཞི་ལས། བཅོམ་ལྡན་འདས་ཀྱི་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅིག་བྱུང་བ་དེ་ཐམས་ཅད་དགེ་སློང་དག་ཁྲི་དམའ་བ་ལ་མལ་འཆའ་ཞུང་དེའི་མདུན་དུ་རྐང་པ་གཉིས་འཁྲུ་བ་ལས་གྱུར་པ་ཡིན་ནོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱ་ཞིང༌། ཁྲིའི་མདུན་དུ་རྐང་པ་གཉིས་བཀྲུ་བར་མི་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་མཆིལ་ལྷམ་མི་བདོག་པ་ལ་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་མཆིལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ལོགས་དང༌། རྐང་པ་ལོགས་སུ་རྐང་པ་གཉིས་བཀྲུ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དྲུག་སྡེ་དག་གིས་དགེ་སློང་ཁྲི་དམའ་བ་ལ་ཉལ་བ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཏེ་དུས་ལ་བབ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱའོ་ཞེས་བཀག་པ་ཐོས་ན། དེ་དག་གིས་ཁྲི་རྐང་པ་ཁྲུ་བཅུ་གཉིས་པ་བཅས་ཏེ་ཡ་གད་མཐོན་པོ་བཙུགས་པ་དང༌། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཁྱེད་བྱར་བྱེད་དམ། དེ་དག་གིས་སྨྲས་པ། སུ་ཞིག་བྱར་བྱེད། ཁྱེད་ཀྱིས་དགེ་སློང་ཁྲི་དམའ་བ་ལ་ཉལ་བ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཏེ་དུས་ལ་བབ་པ་མ་མཐོང་ངམ་ཅི། ཁྱེད་དྲུག་སྡེ་དག་ཀྱང་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་བཟུང་སྟེ། དུས་ལ་བབ་ཅིང་ཁོ་བོ་ཅག་ཤི་བའི་ཡོ་བྱད་དག་འགེད་པར་འདོད་དམ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག །ཅིའི་ཕྱིར་དགེ་སློང་དག་དགེ་འདུན་རྣམས་ཀྱིས་བཟློག་པ་ན། དེ་དང་དེ་སྐད་ཟེར་ཞེས་སྨོད་པར་བྱེད།
ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ན་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་བྱེད་དུ་འཇུག་ན། རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྷག་ཚོལ་བ། ཉེས་པ་ནི་ཁྲི་རྐང་མཐོན་པོ་བྱེད་ནའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །རྩ་བ་བུ་གར་གཞུག་པ་མ་གཏོགས་པར་ཞེས་བྱ་བ་ནི། གླེང་གཞི་ལས་ཚེ་དང་ལྡན་པ་འཆར་ཀའི་ལུས་ཚད་ལས་ཤིན་ཏུ་འདས་པ་ཡིན་པས་དེའི་པུས་མོ་གཉིས་ཀོ་སྐོ་ལ་རེག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་སོ་ཞེས་གསུངས་པ་དེ་ལྟ་བུ་བཞག་སྟེའོ། །བདེ་བར་གཤེགས་པའི་སོར་བརྒྱད་གྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་སོར་བརྒྱད་གང་དག་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་པའི་ཁྲུ་གང་ངོ༌། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའི་རྐང་པ་བཞིན་པ་ལ་སོགས་པ་གང་ཡང་རུང་བའི་རྐང་པ་བུ་གར་གཞུག་པའི་ས་ཕྱོགས་མ་གཏོགས་པར་ཚད་དང་ལྡན་པའི་ཁྲུ་གང་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན། ཁྲི་རྐང་འཆོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་འདུན་གྱི་ཁྲིའམ་མ་ཁྲིའུ་རྐང་པའི་ཚད་ཉིད་དང༌། ལྷག་ཚོལ་བའི་བསམ་པ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་ཁྲིའམ་ཁྲིའུ་གང་ཡང་རུང་
བ་དག་གི་རྐང་པ་ཉིད་དང༌། དེ་དག་གི་ཚད་བུ་གར་གཞུག་པའི་ས་ཕྱོགས་མ་གཏོགས་པ་ཁྲུ་གང་ལས་ལྷག་པ་ཉིད་དང༌། རང་གི་བྱེད་དམ་གཞན་བྱེད་དུ་འཇུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །ཁྲི་རྐང་པའི་ལྟུང་བྱེད་དེ་བརྒྱད་ཅུ་ལྔ་པའོ།། །། ཤིང་བ་ལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས། །ཉེ་དགའ་གསར་བུ་ཡིན་པ་དེའི་ཁྲི་ཐོབ་བོ་ཅོག་རྒན་པས་ཕྲོགས་ཤིང་གནས་མལ་བསྐོ་བའི་དུས་ལ་ཡང་བབ་ནས་དེས་བསམས་པ། གང་གིས་བདག་གི་ཁྲི་མི་ཕྲོགས་པ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་པ་དང༌། དེས་བྱ་བ་འགའ་ཞིག་གི་ཕྱིར། ཤིང་བལ་དག་ཀྱང་བླངས་ནས། དེ་ལ་བློ་སྐྱེས་པ་ཤིང་བལ་བདལ་ཏེ་བཞག་གོ་སྙམ་ནས། དེས་ཁྲིའུའི་སྟེང་དུ་ཤིང་བལ་བདལ་ཏེ་གཞག་གོ །ཇི་ཙམ་ན་དགེ་སློང་ཆེས་རྒན་པ་ཞིག་འོངས་ནས། དེས་སྨྲས་པ། ཚེ་དང་ལྡན་པ་འདི་སུའི། ཉེ་དགས་སྨྲས་པ། ཁོ་བོའི་ཤིང་བལ་ལོ། །དེ་ན་དགེ་སློང་ཞིག་འདུག་པ་དེས་སྨྲས་པ། ཉེ་དགའ་ཇི་སྐད་ཟེར་བ་དེ་བཞིན་དེ། ཤིང་བལ་ནི་ཉེ་དགའི་ཡིན་ནོ། །འདི་ལྟར་ཁྲི་ནི་དགེ་འདུན་གྱི་ཡིན་ནོ། །དེས་སྨྲས་པ། ཉེ་དགའ་ཁྲོས་ནས་དེས་ཤིང་བལ་ཁྱེར་ཏེ། ཁྲི་དེའི་སྟེང་དུ་ཤིང་བལ་ཅུང་ཟད་བདལ་ཏེ་བཞག་གོ །དགེ་སློང་དེས་སོ་སོར་མ་བརྟགས་པ་ཉིད་དུ། དེར་ཉལ་ནས་མཚན་མོ་ནམ་ནངས་ཏེ་ལངས་པ་དང༌། གོས་ཐམས་ཅད་ཤིང་བལ་གྱིས་སྐྱ་བོར་གྱུར་ནས། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཅི་ཁྱོད་གཡུལ་གྱི་གཞིར་ཉལ་ལམ། དེས་ཇི་ལྟར་གྱུར་པ་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་ཁྲིའམ། ཁྲིའུར་ཤིང་བལ་བདལ་ཏེ་འཇོག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་ཤིང་པལ་བདལ་ལམ། བདལ་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་
པ་ནི་ཞེ་དཀུ་བ། ཉེས་པ་ནི་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་བདལ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱ་ཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའི་ཞེས་བྱ་བ་ཡང་ཁྲིའུ་ཉིད་ལའོ། །ཤིང་བལ་ཞེས་བྱ་བ་ནི་ལྔ་པོ་ཤལ་མ་ལིའི་དང༌། ཨ་རྐའི་དང༌། ཀ་ཤིའི་དང༌། སྤྲ་བའི་དང༌། ཨེ་ར་ཀའི་ཤིང་བལ་དག་ལས་གང་ཡང་རུང་བའོ། །བདལ་ལམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བདལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །བསྡུས་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་བསྡུས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་གོས་དང་ལུས་མ་རུང་བར་འགྱུར་བའི་ཤིང་བལ་ཤལ་མ་ལི་འམ། ཨརྐའི་འམ། ཀ་ཤིའི་འམ། སྤྲ་བའི་ཨེ་ར་ཀའི་དག་ལས་གང་ཡང་རུང་བ་རང་ངམ་བསྐོས་པས་བདལ་ན། ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་སོགས་པ་གནས་མལ་གང་ཡང་རུང་བ་ཉིད་དང༌། ལུས་དང་གོས་ལམ་རུང་བར་འགྱུར་བའི་ཤིང་བལ་གང་ཡང་རུང་བ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གནས་མལ་རུང་བ་གང་ཡང་རུང་བ་ཉིད་དང༌། ཤིང་བལ་གང་ཡང་རུང་བ་ཉིད་དང༌། ལུས་དང་གོས་མ་རུང་བར་འགྱུར་བ་ཉིད་དང༌། ཞེ་དཀུ་བའི་བསམ་པ་ཉིད་དང༌། རང་ངམ་བསྐོས་པས་བདལ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དེ་བརྒྱད་ཅུ་དྲུག་པའོ།། །།གདིང་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་འཇུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་འཇུག་ནས། དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་
ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་བ་ན། ཅིའི་ཕྱིར་དགེ་སློང་དག་ཚད་ལས་ཧ་ཅང་ལྷག་པར་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱག་ཀ་གཏོང་བྱར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་བྱེད་དུ་ཆུག་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ་ཞེང་དུ་མཐོ་ཕྱེད་དང་དོའོ། །སྲིད་དུ་མཐོ་གང་གིས་སྲིངས་ཤིག །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་གདིང་བ་ཚད་ལས་ཧ་ཅང་ལྷག་པ་བྱེད་དུ་འཇུག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་བས་སོ། །གདིང་བ་ཞེས་བྱ་བ་ནི་སྟེང་རིམ་དུ་གདིང་བའོ། །བྱེད་དུ་འཇུག་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་གདིང་བའི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོ་ཞེས་བྱ་བ་ལ། སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་དོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ། །ཞེང་དུ་ཞེས་བྱ་བ་ནི་རྒྱར་རོ། །མཐོ་ཕྱེད་དང་ངོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་བྱེད་དང་ངོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དོ་དང་སོར་དྲུག་གོ །སྲིད་དུ་མཐོ་གང་གིས་སྲིངས་ཤིག་ཅེས་བྱ་བ་ནི་གླེང་གཞི་ལས། ཚེ་དང་ལྡན་པ་འཆར་ཀའི་ལུས་ཚད་ལས་ཧ་ཅང་ལྷག་པས་དེའི་གདིང་བ་དེས་མི་ཆོག་ནས། དེ་གནས་མལ་བསྲུང་བའི་ཕྱིར་རྐང་བའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་སྲིད་དུ་མཐོ་གང་གིས་སྲིངས་ཤིག་ཅེས་གསུངས་པས་མི་ཆོག་ན་སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་གིས་བསྲིང་སྟེ། བདེ་བར་གཤེགས་པའི་མཐོ་གང་གང་
ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་ངོ་སྟེ། དེས་ན་གདིང་བའི་སྲིད་ཀྱི་ཚད་ནི་ཚད་དང་ལྡན་པའི་ཁྲུ་ཕྱེ་དང་ལྔ་པའོ། །དེ་ལ་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདི་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གི་གདིང་བ་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་དང་སོར་དུག་པ། དེས་མི་ཆོག་ན་སྲིད་དུ་ཁྲུ་ཕྱེད་དང་དོས་བསྐྱད་དེ། ཁྲུ་ཕྱེ་དང་ལྔ་པ་བྱའོ་ཞེས་གསུངས་པ་ལས། ཆུ་ཞེང་གང་ཡང་རུང་བ་ཚད་ལས་ལྷག་བར་བྱེད་དམ། བྱེད་དུ་བཅུག་ནས་གདིང་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རང་གདིང་བའི་ཚད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གདིང་བ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་བ་ནི་ཅི་རིགས་པར་ན་སྨད་དོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བདུན་པའོ།། །།གཡན་པ་གདབ་པ་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚད་ལས་ཁ་ཅང་ལྷག་པ་བྱེད་དུ་འཇུག་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚད་པས་ཧ་ཅང་ལྷག་པ་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོའོ། །དེ་ལ་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་
དག །ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་གཡན་པ་དགབ་པ་ཚད་ལས་ལྷག་པར་བྱེད་དུ་འཇུག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གཡན་པ་དགབ་པ་ཞེས་བྱ་བ་ནི་ན་བའི་གོས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ།། ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་གཡན་པ་དགབ་པའི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོ་ཞེས་བྱ་བ་ལ། སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་བཞི་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དྲུག་གོ །ཞེང་དུ་ཞེས་བྱ་བ་ནི་རྒྱར་རོ། །མཐོ་དོ་ཞེས་བྱ་བ་ལ་བདེ་བར་གཤེགས་པའི་མཐོ་གོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་གཡན་པ་དགབ་པའི་ཚད་སྲིད་དུ་ཁྲུ་དྲུག་ཞེང་དུ་ཁྲུ་གསུམ་པ་ལས་ལྷག་པ་བྱེད་དམ་བྱེད་དུ་འཇུག་ན་གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི། རང་གི་གཡན་པ་དགབ་པ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་གཡན་པ་དགབ་པ་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བརྒྱད་པའོ།། །།དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དབྱར་གྱི་གོས་རས་ཆེན་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཧ་ཅང་ཚད་ལས་ལྷག་པར་བྱེད་དུ་འཇུག་ནས། དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་དབྱར་གྱི་གོས་རས་
ཆེན་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས་ཅིའི་ཕྱིར་དགེ་སློང་དག་ཧ་ཅང་རས་ཆེན་ཚད་ལས་ལྷག་པར་བྱེད་དུ་འཇུག་གོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་ནོ། །དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་ཞེང་དུ་མཐོ་ཕྱེད་དང་གསུམ། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དོ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པར་བྱེད་དུ་འཇུག་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པས་སོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི་ཆར་པ་སྐྱོབ་པའི་གོས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་དབྱར་གྱི་གོས་རས་ཆེན་གྱི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་ཞེང་དུ་མཐོ་ཕྱེད་དང་གསུམ་ཞེས་བྱ་བ་ལ། སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་དྲུག་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དགུའོ་ཞེང་དུ་ཞེས་བྱ་བ་ནི་རྒྱར་རོ། །མཐོ་ཕྱེད་དང་གསུམ་མོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་ཕྱེད་དན་གསུམ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་གྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་གྱི་ཚད་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་
བྱེད་པ་པོ་ནི་རང་གི་དབྱར་གྱི་གོས་རས་ཆེན་ཉིད་དང༌། ཚད་ལས་འདས་པ་ཉིད་དང༌། འདི་ལས་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་དབྱར་གྱི་གོས་རས་ཆེན་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱང་ཅུ་དགུ་པའོ།། །།བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བ་བཟོ་མཁན་གྱི་གན་དུ་སོང་སྟེ། ཡུད་ཙམ་ཞིག་གཏམ་འདྲི་བས་འདུག་ནས་སྨྲས་པ། བཞིན་བཟང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་འཚེམ་ནུས་སམ། དེས་སྨྲས་པ། འཕགས་པ་ཁྱེད་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ཀྱིས་ཅི་བྱ། དེས་སྨྲས་པ། བཀྲེན་པ་ཁྱོད་ལ་འདིར་ཅི་གོད། གལ་ཏེ་གླ་འདོད་ན་ཚེམས་ཤིག །དེས་བསམས་པ་འདི་ཟེར་བ་མ་ཉེས་ཀྱི་བདག་ལ་འདིར་ཇི་གོང་བདག་ལ་བླ་ དགོས་ཀྱིས་བཙེམ་མོ་སྙམ་དུ་རིག་ནས་སྨྲས་པ ། འཕགས་པ་བཙེམ་མོ། །དེས་དེ་ལ་རས་དང་གླ་བྱིན་ནས་དེས་དེ་བཙེམས་སོ། །ཉེ་དགས་དེ་ལས་ཅུང་ཞིག་གྱོན་ཏེ། ལྷག་མ་ཕྲག་པས་ཁྱེར་ཏེ་འཕགས་པ་དང༌། དགེ་སློང་ཞིག་གིས་མཐོང་ནས་སྨྲས་པ། གནས་བརྟན་གཏུར་བུ་གཟིགས་ཤིག་དང་ངལ་སོར་གཞུག་གོ །ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་འདི་གཏུར་བུ་མ་ཡིན་ནོ། །འོ་ན་ཅི་ལགས། བདེ་བར་གཤེགས་པའི་ཆོས་གོས་སོ། །གནས་བརྟན་ཁྱོད་བདེ་བར་གཤེགས་པའི་ཆོས་གོས་གྱོན་ཏུ་རུང་ངམ། དགྲ་བོ་དག་གི་གཉའ་བ་རྡོག་པས་མནན་ནས་རུང་ངོ༌། །གནས་བརྟན་ལ་ཡང་དག་དགྲ་བོ་དག་ཡོད་དམ། ཇེ་དང་བོར་ཁྱོད་ཁོ་བོའི་དགྲ་བོ་ཡིན་ཏེ། དེས་ན་ཁོ་བོ་བདེ་བར་གཤེགས་པའི་ཆོས་གོས་གྱོན་པ་མི་བཟོད་དོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ཆང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ། ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་ཞེང་དུ་མཐོ་དྲུག་སྟེ་དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བླ་མ་ལྟར་འཆོས་པ། ཉེས་པ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ན་ལྷག་པའི་ཆོས་གོས་བྱེད་དུ་འཇུག་པའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་ཆོས་གོས་ཀྱི་ཚད་ཀྱིས་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཆད་གང་ཡིན་པ་དེའི་འོ། །ཆོས་གོས་ཞེས་བྱ་བ་ནི་བདུན་པོ། །བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། ཀོ་ཏམ་པའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །བྱེད་དུ་འཇུག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི། གླེང་གཞི་ལས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱིས་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལས་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་དང༌། ཚེ་དང་ལྡན་པ་ཉེ་དགས་ལྷག་པར་བྱེད་དུ་བཅུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་བཅས་པ་ཡིན་ཏེ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་གསུངས་པས་དེའི་གོང་མའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་
ཚད་དོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅོ་ལྔའོ། །བདེ་བར་གཤེགས་པའི་མཐོ་དྲུག་གང་ཡིན་པ་དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་དགུའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པས། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་སྲིད་དུ་སྟོན་པ་རང་གི་ནི་ཁྲུ་ལྔ། ཚད་དང་ལྡན་པའི་ནི་ཁྲུ་བཅོ་ལྔ། ཞེང་དུ་སྟོན་པ་རང་གི་ནི་ཁྲུ་གསུམ། ཚད་དང་ལྡན་པའི་ནི་ཁྲུ་དགུ་བ་ཉིད་དམ། དེ་ལས་ལྷག་པ་བྱེད་དམ་བྱེད་དུ་འཇུག་ན། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པ་ཉིད་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་ལས་ལྷག་པའི་ཆོས་གོས་ཉིད་དོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བདེ་བར་གཤེགས་པའི་སྐུ་ཚད་ཙམ་གྱི་ལུས་མེད་པ་ཉིད་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་ལས་ལྷག་པའི་ཆོས་གོས་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དེ་དགུ་བཅུ་པའོ།། །།ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི། ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་གདོན་པའི་མཇུག་བསྡུ་བ་སྟེ། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་ཅེས་བྱ་བ་ནི། སྔར་བསྟན་པའི་བཅུ་ཕུང་དགུ་པོ་དག་གོ །བཏོན་ཟིན་ཏོ་ཞེས་བྱ་བ་ནི། དམ་བཅས་པའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱེད་པའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཇི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་ལྟུང་བྱེད་རྣམ་པར་གཞག་པ་བསྒྲགས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ལྟུང་བྱེད་དགུ་བཅུ་པོ་སྟོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྟུང་བྱེད་དག་གདོན་པ་བཤད་ཟིན་ཏོ།། །།