སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ།
དྲི་མ་མེད་པའི་བཤེས་གཉེན།
རྒྱ་གར་སྐད་དུ། པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ། བོད་སྐད་དུ། སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་དང་པོ། བཀྲ་ཤིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་ཚུལ་ཁྲིམས་རྣམ་པ་བཞི་དངུལ་དང་གངས་ཀྱི་རི་བོ་སྤོ་མཐོན་པོ་སྟོན་ཀའི་ཟླ་བའི་འོད་ཟེར་གྱི་ཚོགས་ཀྱིས་བསྐོར་བ་དང༌། དུང་དང་ཟླ་བ་རབ་ཏུ་གསལ་བ་དང༌། མེ་ཏོག་ཀུ་མུ་ད་དང༌། ཆུ་ཀླུང་སིན་དྷུ་དང༌། མེ་ཏོག་སིན་དུ་བ་ར་དང༌། པད་མའི་རྩ་ལག་གི་ཆུ་བ་དང༌། མུ་ཏིག་དག་གི་ཆུན་པོའི་ཕྲེང་བ་བས་ཀྱང་ཆེས་དཀར་བ་རྗེས་སུ་བསྐྱང་བར་མཛད་པས་མཐུ་སྟོབས་ཤིན་ཏུ་ཆེན་པོ་ཡང་དག་པར་བརྙེས་པ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོ་དཔལ་དང་ལྡན། །ལྟ་བས་མི་ངོམས་ཤིན་ཏུ་ཟབ། །དུས་ལས་ཡོལ་བ་མི་མངའ་ཞིང༌། །རིན་ཆེན་ཕྱུག་ལ་ཕྱག་འཚལ་ཏེ། །བློ་གཞན་གོ་བར་བྱ་བའི་ཕྱིར། །གཞན་གྱིས་བཅོལ་བས་བདག་གིས་ནི། །སོ་སོར་
ཐར་པའི་རྒྱ་ཆེར་འགྲེལ། །གསལ་བ་དག་ནི་བརྩམ་པར་བྱ། །གཞན་གྱིས་བྱས་པའི་འགྲེལ་པ་དག །ཡོད་ཀྱང་དེ་དག་ཚིག་མི་འགྲེལ། །གཞན་དག་མཚན་ཉིད་འགལ་བར་སྨྲ། །དོན་མི་གསལ་བར་ཕལ་ཡང་ཆེ། །རྣམ་པར་འཆད་པས་དེ་དང་དེ། །བལྟས་ནས་བློ་དག་རྨོངས་འགྱུར་བས། །དེ་ཕྱིར་འབད་པས་བརྩམ་པར་བགྱི། །ང་རྒྱལ་དག་གི་ཕྱིར་མ་ཡིན། །བདག་ཉིད་ཆེན་པོ་གང་དག་གིས།། འདུལ་བ་དག་ལ་ཚིག་དང་དོན། །འབད་བྱས་དེ་དག་རང་གི་མཐུས། །དོན་རྣམས་འབྱེད་པར་བྱེད་པར་ནུས། །གང་དག་གཞུང་རྒྱས་ཕྱིར་ཕྱོགས་ཤིང༌། །མདོར་བསྡུས་འདོད་པ་དེ་དག་ཕྱིར། །འདི་ལ་འབད་པས་ཕྱོགས་ཙམ་ཞིག །རབ་ཏུ་བསྟན་པས་བརྩམ་པར་བྱ། །བདག་གི་བརྩམས་པ་འདི་འདྲ་བ། །མཁས་པ་དག་ལ་བསྐུལ་བ་སྟེ། །བྱིས་པ་མཁས་པའི་དབུས་དག་ཏུ། །སྤྱི་རྟོལ་མི་བྱེད་མེད་པ་བཞིན། །བདེ་བར་གཤེགས་པའི་བསྟན་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་འདུས་པ་ནི་འདུལ་བའི་སྡེ་སྣོད་དང༌། མདོའི་སྡེ་སྣོད་དང༌། ཆོས་མངོན་པའི་སྡེ་སྣོད་དོ། །དེ་ལ་འདུལ་བའི་སྡེ་སྣོད་དུ་
གཏོགས་པ་ཐམས་ཅད་ནི་འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བ་འཁོར་གྱིས་ཡང་དག་པར་བསྡུས་སོ། །མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཐམས་ཅད་ནི་མདོ་སྡེ་འཛིན་པའི་མཆོག་འཕགས་པ་ཀུན་དགའ་བོས་ཡང་དག་པར་བསྡུས་སོ། །ཆོས་མངོན་པའི་སྡེ་སྣོད་དུ་གཏོགས་པ་ཐམས་ཅད་ནི་མ་མོ་འཛིན་པའི་མཆོག་འཕགས་པ་འོད་སྲུངས་ཆེན་པོས་ཡང་དག་པར་རབ་ཏུ་བསྡུས་སོ། །དེ་དག་ཡང་དག་པར་བསྡུ་བ་ཡང་བཅོམ་ལྡན་འདས་བཞུགས་པའི་ཚེ་དང༌། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དག་པར་སྡུད་པ་ལྔ་བརྒྱ་པ་དང༌། བདུན་བརྒྱ་པ་དང༌། བཞི་བརྒྱ་པ་ཞེས་བྱ་བ་ལ་སོགས་པས་ཡུལ་དང་དུས་གང་དུ་གང་གི་ཚེ་ཇི་ལྟར་ཡང་དག་པར་བསྡུས་པའི་ལོ་རྒྱུས་ནི་བདེ་བར་གཤེགས་པའི་ལུང་ཉིད་ལས་གསུངས་པ་བཞིན་ནོ། །འདིར་འདུལ་བའི་སྔོ་སྣོད་ཀྱི་དབང་དུ་བྱ་བའི་སྐབས་ཡིན་པས་དེ་ཇེ་བརྗོད་པར་བྱ་སྟེ། འདུལ་བའི་སྡེ་སྣོད་ནི་ཡུལ་དང་སློབ་དཔོན་དང་དོན་གྱི་དབང་དུ་མཛད་ནས་སྡེ་བཞི་རྣམ་པ་བཅོ་བརྒྱད་དུ་གྱེས་པའི་ལོ་རྒྱུས་ཀྱང་ལུང་ལས་མང་དུ་གསུངས་ཏེ་དེ་དག་གི་རྒྱ་ཆེར་བརྗོད་པ་ཡང་འདུལ་བའི་སྡེ་སྣོད་ཉིད་ཀྱི་གཞུང་ལས་ཤེས་པར་བྱའོ། །ད་འདིར་ནི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་བཤད་པའི་སྐབས་ཡིན་པས་དེའི་ལོ་རྒྱུས་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ལ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་འོང་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། སྐྱེ་བོ་མང་པོ་ལ་ཕན་གདགས་པའི་ཕྱིར་འདུལ་བ་འཛིན་པའི་མཆོག་འཕགས་པ་ཉེ་བ་འཁོར་ལ་ཡང་དག་པར་བསྡུ་བར་གསོལ་ནས་འཕགས་པ་ཉེ་བ་འཁོར་གྱིས་ཡང་དག་པར་བསྡུས་སོ། །གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ནི་དུམ་བུ་བཞི་སྟེ། འདུལ་བ་རྣམ་པར་འབྱེད་པ་དང་འདུལ་བ་གཞི་དང༌། འདུལ་བ་ཕྲན་ཚེགས་དང༌། འདུལ་བ་གཞུང་བླ་མའོ། །དེ་དག་གི་གནས་པའི་སྙིང་
དང་སྙིང་པོ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ། །དེ་དག་ཡང་དག་པར་བསྡུས་པ་ཡང་མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་པ་དག་ཡན་ལག་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤང་བར་བྱ་བ་དང༌། ཉན་པ་པོ་བརྗོད་པ་ཉུང་དུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན་གདགས་པའི་ཕྱིར་སྔོམ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ་དང༌། སྡོམ་དང༌། བར་སྡོམ་དུའོ། །དེ་ལ་སྤྱི་སྔོམ་ནི་སྤྱིའི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །སྡོམ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པར་བསྡུས་པའོ། །བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དེ་དག་ཀྱང་ལུང་གི་སྐབས་དང་སྦྱར་ཏེ་ཅི་རིགས་པར་གཟུང་བར་བྱའོ། །དེ་ལ་སོ་སོར་ཐར་པའི་མདོ་ཞེས་བྱ་བ་ནི་དོན་ལས་བསྟན་བཅོས་ཀྱི་མིང་དུ་བཏགས་པ་སྟེ། དེ་ལ་རྣམ་གྲངས་གཅིག་ཏུ་ན་དང་པོར་ཐར་པ་ཞེས་བྱ་བར་སྟོན་ཏེ། སོ་སོར་ཞེས་བྱ་བ་ནི་དང་པོ་སྟེ། དང་པོ་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ན་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་བཟླས་ནས་སྡོམ་པ་ཡང་དག་པར་བླང་བའི་ཚིག་བརྗོད་པ་གསུམ་པའི་ཐ་མ་ལ་སྡོམ་པ་ཐོབ་པ་ནི་ཐོག་མ་སྡོམ་པ་ཐོབ་པའི་གནས་སྐབས་ཡིན་པས་དང་པོ་ཞེས་བྱའོ། །ཐར་པ་ཞེས་བྱ་བ་ནི་གྲོལ་བ་སྟེ། དེ་ལྟར་སྡོམ་པ་དང་པོ་ཐོབ་པ་དེ་ཉིད་ཀྱི་ཚེ་ན་སྡོམ་པ་མ་ཡིན་པའི་མཚན་ཉིད་ལས་གྲོལ་ཏེ། སྡོམ་པའི་མཚན་ཉིད་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཐོབ་པ་ནི་ཐར་པ་ཞེས་བྱའོ། །དེ་ལྟར་དང་པོར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་བྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་དང་པོར་ཐར་པ་ཞེས་བྱའོ་ཞེས་སྦྱར་རོ། །ཡང་རྣམ་གྲངས་གཞན་དུན་སོ་སོར་ཐར་པ་ཞེས་བྱ་བར་སྟོན་ཏེ། སོ་སོར་ཞེས་བྱ་བ་ནི་རྒྱུད་ཐ་དད་པའོ། །ཐར་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་སྟེ། གང་ཟག། རྒྱུད་ཐ་དད་པ་གང་གིས་སྔོམ་པ་ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྗེས་སུ་སྒྲུབ་པར་བྱེད་པ་དེ་ཉིད་ངན་འགྲོ་དང༌། འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་གྱི་གཞན་གྱིས་སྡོམ་པ་ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྗེས་སུ་བསྒྲུབ་པས་གཞན་རྣམ་པར་གྲོལ་བར་མི་འགྱུར་
བས་སོ་སོར་ཐར་པ་ཞེས་བྱའོ། །དེ་ལྟར་སོ་སོར་ཐར་པའི་དོན་དེ་ལས་བསྟན་བཅོས་འདི་བྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས་བསྟན་བཅོས་འདིའི་མིང་ཡང་སོ་སོར་ཐར་པ་ཞེས་བྱའོ། །ཡང་རྣམ་གྲངས་གཞན་དུ་ན་ཐར་པའི་ཐབས་ཞེས་བྱ་བར་སྟོན་ཏེ། སོ་སོར་ཞེས་བྱ་བ་ནི་ཕྱིར་ཞེས་བྱ་སྟེ་ཐབས་ཀྱི་དོན་ཏོ། །ཐར་པ་ཞེས་བྱ་བ་ནི་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པའོ། །དེས་ན་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བ་ཐོབ་པའི་ཐབས་ཀྱི་ཕྱིར་གསུངས་པ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ངེས་པར་འབྱུང་བ་ཐོབ་པའི་ཐབས་སུ་གྱུར་པའི་ཕྱིར་སོ་སོར་ཐར་པའི་མདོ་འདི་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་པས་ཐར་པའི་ཐབས་ཞེས་བྱའོ། །དེ་ལྟར་ཐར་པའི་ཐབས་ཀྱི་དོན་དེ་ལས་བསྟན་བཅོས་འདི་འབྱུང་བའམ། དོན་དེ་བསྟན་བཅོས་འདིར་བསྡུས་པས། བསྟན་བཅོས་འདིའི་མིང་ཡང་ཐར་པའི་ཐབས་ཞེས་བྱའོ། །མདོ་ཞེས་བྱ་བ་ནི་དོན་མདོ་ཙམ་དུ་བསྟན་པས་མདོ་ཞེས་བྱ་སྟེ། དེ་ལྟར་ན་བསྟན་བཅོས་འདི་ནི་དང་པོར་ཐར་པའི་མདོ་ཞེས་བྱ་བ་དང༌། སོ་སོར་ཐར་པའི་མདོ་ཞེས་བྱ་བ་དང༌། ཐར་པའི་ཐབས་ཀྱི་མདོ་ཞེས་བྱ་བ་དག་ཏུ་སྟོན་ཏོ། །དེ་ལ་སོ་སོར་ཐར་པའི་མདོ་འདིའི་བསྡུས་པའི་དོན་ནི་མཚན་ཉིད་རྣམ་པ་ལྔས་སྟོན་ཏེ། མཆོད་པ་དང༌། གླེང་བསླང་བ་དང༌། ཡང་དག་པར་རྩོམ་པ་དང༌། གཞུང་རྒྱས་པ་དང༌། བསྡུ་བའི་མཚན་ཉིད་ཀྱིས་སོ། །དེ་ལ་མཆོད་པའི་མཚན་ཉིད་ནི། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་ནི། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་གཅིག་གིས་སྟོན་ཏོ། །ཡང་དག་པར་རྩོམ་པའི་མཚན་ཉིད་ནི། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །གཞུང་རྒྱས་པའི་མཚན་ཉིད་ནི། །ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མ་ཅི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་
ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་ཀྱིས་བསྟན་ཏོ། །བསྡུ་བའི་མཚན་ཉིད་ནི། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །ཞེས་བྱ་བ་ལ་སོགས་པའི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་རེ་ཞིག་མཆོད་པའི་མཚན་ཉིད་བཤད་པར་བྱ་སྟེ། མཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམ་པ་གླེང་བསླང་བའི་དང་པོར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱ་བའོ། །དེ་ཡང་འདི་ལྟར་ཡང་དག་པར་སྡུད་པར་བྱེད་པ་འཕགས་པ་འོད་སྲུངས་ཆེན་པོ་དང༌། ཉེ་བ་འཁོར་དང༌། ཀུན་དགའ་བོ་ལ་སོགས་པ་སོ་སོར་ཐར་པ་ཡང་དག་པར་བསྡུ་བར་བྱ་བར་འདོད་པ་བློ་ཤིན་ཏུ་ཞིབ་པ་དང༌། རྣོ་བ་དང༌། ཆ་ཕྲ་བ་དང༌། བརྟན་པ་དང༌། ཟག་པ་དང་ལྡན་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་དགྲའི་ཚོགས་མ་ལུས་པ་ལས་རྒྱལ་བ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འབྱམ་ཀླས་པ་ཡང་དག་པར་ཐོབ་པ་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་པ་ལ་མཁས་པའི་བློ་དང་ལྡན་པ། འགྲོ་བ་མཐའ་དག་ལ་ཕན་པར་བྱ་བའི་སེམས་ཀྱི་འཇུག་པ་ལ་མཁས་པ། རང་གི་སྨྲ་བ་ངེས་པར་ཟིལ་གྱིས་མི་གནོན་པ། ཕ་རོལ་སྨྲ་བ་ཐམས་ཅད་དྲུང་ནས་དབྱུང་བ་ལ་གཅིག་པུ་དཔའ་བ། སོ་སོར་ཡང་དག་པར་རིག་པ་བཞི་རྗེས་སུ་ཐོབ་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པའི་ནོར་བུའི་འོད་ཟེར་གྱིས་ཕྱུག་པ་དག་གིས་བར་ཆད་ཀྱི་རྙོག་པ་གནོད་པའི་འདམ་རྫབ་མ་ལུས་པ་བསལ་བའི་ཕྱིར་དང༌། ཡིད་ལ་བསམས་པའི་འབྲས་བུ་དགེ་པ་ཡིད་དུ་འོང་བ་ཁྱད་པར་ཅན་མྱུར་དུ་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གསུམ་ན་ཉག་གཅིག་དཔའ་བ། ཡོན་ཏན་གྱི་ཚོགས་རྒྱ་མཚོ་བརྙེས་པའི་ཕ་རོལ་ཏུ་བྱོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བྱ་བའི་ཆེད་དུ་དང་པོ་ཁོ་ནར། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། འགྲོ་བའི་གཙོ་
ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཉིད་གསུངས་སོ། །དེ་ལ་འདིར་རེ་ཞིག་དང་པོ་ཁོ་ནར་ཚིགས་སུ་བཅད་པ་གཉིས་པོ་འདིའི་བརྗོད་པར་བྱ་བ་དང། དགོས་པ་དང༌། འབྲེལ་པ་དང༌། དགོས་པའི་དགོས་པ་དག་བསྟན་པར་བྱ་སྟེ། འདི་ལྟར་གུས་པར་ཉན་པ་པོ་བློ་སྔོན་དུ་གཏོང་བ་དག་ནི་བརྗོད་པར་བྱ་བ་མེད་པ་དང༌། དགོས་པ་མེད་པ་དང༌། འབྲེལ་པ་མེད་པ་དང༌། དགོས་པའི་དགོས་པ་མེད་པའི་ཚིག་ཙམ་ཡང་ཉན་པར་མི་སྤྲོ་ན་བསྟོད་ར་དང༌། བསྟན་བཅོས་དང༌། རབ་ཏུ་དབྱེ་བ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་གི་ཕྱིར་གུས་པར་ཉན་པ་བློ་སྔོན་དུ་གཏོང་བ་དག་བསྟོད་ར་ལ་སོགས་པའི་མིང་ཐོས་པ་ཉིད་ན་འདིར་ཅི་ཞིག་བརྗོད་སྙམ་དུ་བརྗོད་པར་བྱ་བའི་སྐབས་ལ་དོགས་པ་སྐྱེའོ། །དེའི་འོག་ཏུ་འདིས་དོན་ཅི་སྟོན་སྙམ་དུ་དགོས་པ་ལ་ཐེ་ཚོམ་ཟའོ། །དེས་ན་ཚིག་གི་བདག་ཉིད་འདིས་དོན་གྱི་བདག་ཉིད་དེ་འགྲུབ་པར་འགྱུར་རམ། འོན་ཏེ་མི་འགྱུར་དུ་འབྲེལ་པ་ལ་སོམ་ཉིར་འགྱུར་རོ། །དེས་ན་དེ་གྲུབ་པས་དོན་ཁྱད་པར་དུ་འཕགས་པའི་འབྲས་བུ་ཅི་ཞིག་ཡང་དག་པར་འགྲུབ་པར་འགྱུར་སྙམ་དུ་དགོས་པའི་དགོས་པ་ལ་ཀུན་དུ་རྨོངས་པ་སྐྱེ་བར་འགྱུར་བས་རྣམ་པར་འཆད་པར་བྱེད་པ་གཞན་ལ་ཕན་པར་བྱེད་པ་ལ་གཞོལ་བ། མཁས་པའི་ཡིད་དང་ལྡན་པས་འདི་ལ་དོགས་པ་ཐམས་ཅད་རྣམ་པར་བཟློག་པའི་སྒོ་ནས་ཉན་པ་པོ་དག་ངེས་པར་གཟུད་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་པོ་དེ་ལས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པ་མཆོག་བརྗོད་པའོ། །དགོས་པ་ནི་དེ་དག་གི་ངོ་བོ་ཉིད་རབ་
ཏུ་བསྟན་པའོ། །འབྲེལ་པ་ནི་དེ་དག་གི་ངོ་བོ་ཉིད་རབ་ཏུ་བསྟན་པ་དེ་ཡང་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་ཚིག་གི་བདག་ཉིད་འདིས་བྱེད་པས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདི་ནི་ཐབས་ཡིན་ལ། དེ་དག་གི་ངོ་བོ་ཉིད་རབ་ཏུ་བསྟན་པ་དོན་གྱི་བདག་ཉིད་ནི་ཐབས་ལས་བྱུང་བ་ཡིན་ཏེ། དེ་ལྟར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་དང༌། དགོས་པ་དག་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །འདི་ལྟར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པ་དེ་དག་གི་ངོ་བོ་ཉིད་མངོན་པར་གསལ་བར་བྱེད་པས་དེའི་ཕྱིར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ནི་ཐབས་ཡིན་ལ་དགོས་པ་ནི་ཐབས་ལས་བྱུང་བ་ཡིན་པར་གནས་སོ། །དེ་ཉིད་རྒྱུ་དང་འབྲས་བུའི་མཚན་ཉིད་དང༌། སྒྲུབ་པ་དང་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་ཡིན་ནོ། །བརྒྱ་ལ་འགའ་ཞིག་འདི་སྐད་ཅེས་དེ་དག་གི་ངོ་བོ་ཉིད་རབ་ཏུ་བསྟན་པ་དེས་ཅི་བྱ། འདི་ལྟར་དེ་ནི་ཅིར་ཡང་དགོས་པར་མི་འགྱུར་ཏེ། བྱ་རོག་གི་སོ་བརྟག་པ་བཞིན་དུ་ཁྱོད་ཀྱི་དེ་ནི་གནས་མ་ཡིན་པ་ལ་ཡོངས་སུ་ངལ་བ་ཡིན་པས་དེ་དག་གི་ངོ་བོ་ཉིད་རབ་ཏུ་བསྟན་པ་ནི་དོན་མེད་པ་ཡིན་ནོ་ཞེས་ཕྱིར་ཟློག་པར་བྱེད་ན་དེའི་ཕྱིར་དགོས་པའི་དགོས་པ་ཡང་ཉེ་བར་བསྟན་པར་བྱ་སྟེ། དེ་ནི་དམ་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པར་འགྱུར་བ་དང༌། བགེགས་དང་ལོག་འདྲེན་ཉེ་བར་ཞི་བར་འགྱུར་ཏེ། འདི་ལྟར་དམ་པ་རྣམས་ནི་ལས་གང་དང་གང་རྩོམ་པར་འདོད་པ་ན་དང་པོར་རང་གི་ལྷ་ཡིད་དུ་འོང་བ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་སྔར་བྱེད་དོ། དེ་ལྟར་ཞུགས་པ་རྣམས་ཀྱི་ཡིད་ལ་བསམས་པའི་འབྲས་བུ་དགེ་བ་ཡིད་དུ་འོང་བ་ཁྱད་པར་ཅན་མྱུར་དུ་ཡང་དག་པར་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པ་འདི་དག་ཀྱང་སྐྱེས་བུ་དམ་པའི་སྤྱོད་པ་རྗེས་སུ་བསྒྲུབ་པ་ན། དང་པོར་རང་གི་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱེད་པ་ལ་ཞུགས་པ་ཡིན་ནོ། །བདག་ཉིད་ཆེན་པོ་གང་དག་ལྷ་ཡིད་དུ་འོང་བ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་
པའི་ལས་བྱས་པ་སྡིག་པའི་རྙོག་པ་གནོད་པའི་དྲི་མ་མ་ལུས་པར་བཀྲུས་པ། ལྷ་ཡུལ་གྱི་ཆུ་ཀླུང་གི་ཆུ་དྲི་མ་མེད་པ་བས་ཀྱང་ཆེས་དཀར་བའི་དགེ་བའི་རྩ་བའི་ཚོགས་རྒྱ་ཆེན་པོའི་ཁུར་ཡང་དག་པར་བསྐྱེད་པ། བཀྲ་ཤིས་དང་བཟླས་བརྗོད་དང་སྦྱིན་སྲེག་མཐའ་དག་བྱས་ཤིང་ནང་དང་ཕྱི་རོལ་རྣམ་པར་དག་པའི་བློ་ཅན་དེ་དག་གི་བགེགས་དང་ལོག་འདྲེན་ཆོས་དང་འགལ་བར་བྱེད་པ་རྣམས་ཀྱི་མཐུ་ཉམས་པར་འགྱུར་ཞིང༌། དེ་དག་གི་ཡིད་ལ་བསམས་པའི་འབྲས་བུ་དགེ་བ་ཡིད་དུ་འོང་བ་ཁྱད་པར་ཅན་དག་ཀྱང་མངོན་པར་འཕེལ་བར་འགྱུར་ཏེ། དེ་ལྟར་ཡང༌། བདག་ཉིད་ཆེན་པོ་གང་ཞིག་སེམས་དང་ཁྱོད་མཚན་འཛིན། །དེ་ནི་ཚངས་རིས་བཀྲ་ཤིས་སྦྱིན་སྲེག་བཟླས་བརྗོད་བགྱིས། །དེ་ནི་ཁྲུས་བགྱིས་ཆུ་ངོགས་ཀུན་དུ་དབང་བསྐུར་ཞིང༌། །དེ་ནི་ནང་དང་ཕྱི་རོལ་ཤིན་ཏུ་དག་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ཡང་གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་འབྱམ་ཀླས་པ་བླ་ན་མེད་པ་ཉན་པས་ཡིད་ཡང་དག་པར་བསྡུས་པ་དག་གིས་བཅོམ་ལྡན་འདས་སྲིད་པའི་འཇིགས་པ་ངེས་པར་བཅོམ་པ་ལ་དད་པ་མི་ཕྱེད་པ་ཡང་དག་པར་བསྐྱེད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་གཅོད་པའི་འདམ་རྫབ་མཐའ་དག་རབ་ཏུ་བསལ་ནས་མཐོ་རིས་དང་བྱང་གྲོལ་གྱི་མཚན་ཉིད་ཀྱི་འབྲས་བུ་ཡང་དག་པར་འདོད་པ་རབ་ཏུ་འཐོབ་པར་འགྱུར་ཏེ། དེ་ལྟར་ཡང༌། གང་དག་རྒྱལ་བ་བདེ་གཤེགས་ལ། །མཆོད་པ་ཆུང་དུའང་བྱེད་འགྱུར་བ། །དེ་དག་མཐོ་རིས་ཀུན་བགྲོད་ནས། །བདུད་རྩིའི་གོ་འཕང་ཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་གསུངས་པའི་ཕྱིར་རོ། །གཞན་ལས་ཀྱང༌། གྲགས་མདངས་ཡིད་བདེ་རྩོམ་ཞིང་དེ་བཞིན་འོད་དང་ལྡན། །དགའ་ཞིང་སྨྲ་མཁས་དྲི་མེད་བློ་ལྡན་སྐྱོན་དང་བྲལ། །ཚེ་འཕོས་བདུད་རྩིའི་གོ་འཕང་གཞལ་ཡས་ཐོབ་འགྱུར་བས། །སངས་རྒྱས་བསྟོད་འབྱུང་འབྲས་བུར་དེ་ཤེས་རྣམས་ཀྱིས་གསུངས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱེད་དེ། འདི་ལྟར་
ཀླག་པ་ལ་སོགས་པ་ལ་བགེགས་གཉིས་སྲིད་དེ། གཅིག་ནི་ནང་གི་མི་ཤེས་པའི་མཚན་ཉིད་དོ། །གཉིས་པ་ནི་ཕྱི་རོལ་གྱི་འབྱུང་པོ་དང་ཤ་ཟ་ལ་སོགས་པའོ། །ལྷ་ཡིད་དུ་འོང་བ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱས་ན་ཡེ་ཤེས་ཆེན་པོ་སྐྱེ་བ་དང༌། བསོད་ནམས་ཆེན་པོ་འཕེལ་བར་འགྱུར་རོ། །ཡེ་ཤེས་ཆེན་པོ་སྐྱེས་ན་ནང་གི་མི་ཤེས་པའི་མཚན་ཉིད་ཀྱི་བགེགས་དང་བྲལ་བར་འགྱུར་ཏེ། ཡེ་ཤེས་ནི་མི་ཤེས་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་ཡེ་ཤེས་ཆེན་པོ་སྐྱེས་ན་མི་ཤེས་པ་ལྡོག་པར་འགྱུར་རོ། །བསོད་ནམས་དང་ལྡན་པ་ཆེན་པོ་འཕེལ་བས་ཀྱང་ཕྱི་རོལ་གྱི་འབྱུང་པོ་དང་ཤ་ཟ་ལ་སོགས་པའི་བགེགས་ལྡོག་པར་འགྱུར་ཏེ། འདི་ལྟར་བསོད་ནམས་དང་ལྡན་པ་རྣམས་ཀྱི་བྱ་བ་རྩོམ་པའི་དུས་ན་འབྱུང་པོ་དང་ཤ་ཟ་ལ་སོགས་པས་བགེགས་བྱེད་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར། བརྗོད་ན་སྡིག་པ་འབྱང་བར་འགྱུར། །ཁྱོད་ཉིད་དྲན་ན་མཆོག་ཏུ་དགའ། །བཙལ་ན་བློ་གྲོས་བྱེད་འགྱུར་ཏེ། །ཡོངས་སུ་ཤེས་ན་རྣམ་པར་དག །ཁྱོད་ལ་བསུ་ན་དཔལ་དུ་བྱེད། །བསྟེན་ན་བློ་མཆོག་བྱེད་པར་འགྱུར། །འགྲོགས་ན་འཇིགས་པ་མེད་པར་བྱེད། །བསྙེན་བཀུར་བྱས་ན་བདེ་བྱེད་འགྱུར། །ཞེས་གསུངས་སོ། །གཞན་ལས་ཀྱང༌། ཐུབ་པའི་དབང་ལ་ཕྱག་འཚལ་བས། །འཇིག་རྟེན་དག་ན་མི་རྣམས་ཀྱི། །གྲགས་པ་འཕེལ་ཞིང་ལེགས་པ་སྐྱ། །སྣང་བས་རྣམ་འཕེལ་བགེགས་ཀུན་སེལ། །དགྲ་རྣམས་ཐམས་ཅད་སྤོང་འགྱུར་ཞིང༌། །སེམས་རྒྱུད་བདེ་འགྲོར་ངེས་བྱེད་ལ། །མཐར་ཡང་ངེས་པ་ཁོ་ནར་ནི། །ཞི་བའི་འབྲས་བུ་ཐོབ་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་དང་སྟོན་པ་ལ་གུས་པ་བསྐྱེད་པའི་ཕྱིར་བསྟན་བཅོས་ལ་སོགས་པ་རྩོམ་པ་ན་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱེད་དེ། འདི་ལྟར་སྒྲུབ་པ་པོ་ནི་སྟོན་པའི་ཡོན་ཏན་ཤེས་པ་དང༌། མི་ཤེས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་སྟོན་པའི་ཡོན་ཏན་ཤེས་པ་རྣམས་ནི་བསྟན་བཅོས་བརྩམས་པ་ན་བཅོམ་ལྡན་འདས་
ཀྱི་ཡོན་ཏན་གྱི་ཚོགས་འབྱམ་ཀླས་པ་བླ་ན་མེད་པ་བརྗོད་པ་ཐོས་ནས་བསྟན་བཅོས་ལ་གུས་པ་སྐྱེ་བར་འགྱུར་ཏེ། བསྟན་བཅོས་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་རྗེས་སུ་འཇུག་པ་ཡིན་ནོ་ཞེས་བསྟན་བཅོས་ལ་གུས་པ་སྐྱེད་པར་བྱེད་དོ། །བསྟན་བཅོས་ལ་གུས་པ་སྐྱེས་པར་གྱུར་ན། བསྟན་བཅོས་མཉན་པ་དང༌། བསམ་པ་དང༌། རྣམ་པར་བཤད་པ་དང༌། སྒྲུབ་པ་ལ་སོགས་པ་དག་ལ་གུས་པས་འཇུག་པར་འགྱུར་རོ། །སྟོན་པའི་ཡོན་ཏན་མི་ཤེས་པ་རྣམས་ནི། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་བསྒྲགས་པ་ཐོས་ན། སྟོན་པ་ལ་གུས་པ་སྐྱེ་བར་འགྱུར་ཏེ། གང་གི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཡང་དག་པར་སྒྲོགས་པའི་སྟོན་པ་དེ་ནི་ཤིན་ཏུ་ཆེ་བ་ཡིན་ནོ་ཞེས་སྟོན་པ་ལ་གུས་པ་སྐྱེད་པར་བྱེད་དོ། །སྟོན་པ་ལ་གུས་པ་སྐྱེད་པར་གྱུར་ན་བསྟན་བཅོས་ཀྱི་དོན་ཤེས་པར་བྱ་བ་ལ་གུས་པས་འཇུག་པར་འགྱུར་ཏེ། དེ་དག་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་ནི་འབྱུང་བར་འགྱུར་ཏེ། ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིའི་བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང༌། བདག་གི་དོན་ཕུན་སུམ་ཚོགས་པ་མཆོག་བརྗོད་པའོ། །དགོས་པ་ནི་དེ་དག་གི་ངོ་བོ་ཉིད་རབ་ཏུ་བསྟན་པའོ། །འབྲེལ་པ་ནི་དེ་དག་གི་ངོ་བོ་ཉིད་ནི་རབ་ཏུ་བསྟན་པ་དེ་ཡང་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་བྱེད་པས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་དང་དགོས་པར་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་དམ་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པར་འགྱུར་བ་དང༌། བགེགས་དང་ལོག་འདྲེན་ཉེ་བར་ཞི་བར་འགྱུར་བ་དང༌། མཐོ་རིས་དང་བྱང་གྲོལ་གྱི་མཚན་ཉིད་ཀྱི་འབྲས་བུ་ཡང་དག་པར་འདོད་པ་རབ་ཏུ་འཐོབ་པར་འགྱུར་བ་དང༌། མ་འོངས་པའི་སྐྱེ་བོ་རྣམས་ཀྱི་ནང་དང་ཕྱི་རོལ་གྱི་བགེགས་ཞི་བར་འགྱུར་བ་དང༌། སྟོན་པའི་ཡོན་ཏན་ཤེས་པ་དང༌། མི་ཤེས་པའི་སྒྲུབ་པ་པོ་རྣམ་གཉིས་བསྟན་བཅོས་དང་སྟོན་པ་ལ་གུས་པ་སྐྱེ་བར་འགྱུར་བའོ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་
ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བ་ཚིགས་སུ་བཅད་པ་འོག་མ་ཕྱེད་ཀྱིས་ནི་སོ་སོར་ཐར་པ་བརྩམ་པར་དམ་བཅའ་བ་བསྟན་ཏེ། དེ་ཡང་རྟོག་པ་སྔོན་དུ་གཏོང་བ་དག་གི་འཇུག་པའི་ཡན་ལག་ཡིན་ནོ། །དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་དང༌། ཕྱག་འཚལ་བའི་སྒོ་ནས་མཆོད་པའོ། །དེ་ལ་བསྟོད་པའི་སྒོ་ནས་མཆོད་པ་ཡང་རྣམ་པ་གཉིས་ཏེ། འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སོ། །དེ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་དང་པོ་གཅིག་གིས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་བསྟན་ཏེ། རྒྱུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་དང༌། ཐུགས་རྗེ་ཕུན་སུམ་ཚོགས་པ་དང༌། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའོ། །དེ་ལ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་བྱ་བས་ནི་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བས་ནི་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བས་ནི་ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བས་ནི་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །བདག་གི་དོན་ཕུན་སུམ་ཚོགས་པ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་དང་པོས་བསྟན་ཏོ། །དེས་ཀྱང་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཕུན་སུམ་ཚོགས་པ་རྣམ་པ་གཉིས་བསྟན་ཏེ། སྤངས་པ་ཕུན་སུམ་ཚོགས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ། སྡུག་
བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །ཞེས་བྱ་བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འགྲོ་བའི་གཙོ་བོ་ཞེས་བྱ་བས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང། བདག་གི་དོན་ཕུན་སུམ་ཚོགས་པ་སྨོས་པ་དེས་ནི་སྟོན་པ་ལ་བསྟོད་པའི་སྒོ་ནས་མཆོད་པ་བསྟན་ཏོ། །ཕྱག་འཚལ་བའི་སྒོ་ནས་མཆོད་པ་ནི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕྱག་འཚལ་བས་ཏེ། དེ་ནི་སྤྱི་བོས་ཕྱག་འཚལ་ཏེ་ཞེས་བྱ་བས་བསྟན་ཏོ། །དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་བར་བྱ་སྟེ། དེ་ནི་ཚིགས་སུ་བཅད་པ་འོག་མའི་ཕྱེད་ཀྱིས་བསྟན་ཏོ། །དེས་ཀྱང་གང་གིས་བསྟན་པ་དང༌། ཅི་ཞིག་བསྟན་པ་དང༌། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་བསྟན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན་སྟོན་པས་ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བས་བསྟན་ཏོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་བ་སྟེ། དེ་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏོ། །སུ་ལ་བསྟན་ཞེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བའི་སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་སྟེ། དེ་ནི། དབུས་སུ་དབྱེ་བར་བྱ་ཞེས་བྱ་བས་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །ཞེས་བྱ་བ་གསུངས་ཏེ། སྙན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་འབྲས་བུ་སྤངས་པ་དང༌། ཡེ་
ཤེས་བླ་ན་མེད་པས་བསྡུས་པའི་ཡོན་ཏན་དཔག་ཏུ་མེད་པའོ། །བ་དན་ཞེས་བྱ་བ་ནི་སྙན་པ་དེ་ཉིད་བ་དན་དང་འདྲ་བས་བ་དན་ཞེས་བྱ་སྟེ། ཡོན་ཏན་མངོན་པར་འཕགས་པས་ཀུན་ལ་གསལ་བ་དང༌། དེ་ལ་དམིགས་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་མི་ནོར་བའི་ཕྱིར་རོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི། འཇིག་ཚོགས་ཀྱི་ཕུང་པོ་འཇིག་པ་ཙམ་ལ་བརྟེན་བས་བསྡུ་བའི་ཁམས་གསུམ་པོ་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་དག་གོ །གྲགས་ཞེས་བྱ་བ་ནི་དེ་དག་ཏུ་སྙན་པའི་སྒྲས་ཁྱབ་པ་སྟེ། བཅོམ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་པའི་ཚེ་དང་པོར་ས་བླ་བ་ལ་གྲགས་ལ། དེ་ནས་བར་སྣང་བ་ལ་གྲགས། དེ་ནས་རྒྱལ་ཆེན་བཞིའི་རིས་ལ་གྲགས་སོ་ཞེས་བྱ་བ་ནས། འོག་མིན་གྱི་བར་དུ་གྲགས་སོ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །གཟུགས་མེད་པར་ཇི་ལྟར་གྲགས་ཤེ་ན། གཟུགས་ཅན་གྱི་ཁམས་ན་གནས་པའི་ཚེ། གྲགས་པའི་བག་ཆགས་རྒྱུད་ལ་ཡོད་པས་རྒྱུ་ལ་འབྲས་བུ་བཏགས་ཏེ་གྲགས་པར་བརྗོད་དོ། །དེས་ནི་སྦྱིན་པ་ལ་སོགས་པའི་རྒྱུ་ཕུན་སུམ་ཚོགས་པ་ལས་བྱུང་བའི་ཡོན་ཏན་གཞན་ལ་སྟོན་པར་བྱེད་པའི་སྒོ་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཕན་འདོགས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཞེས་གསུངས་ཏེ། དམ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །ཆོས་སྒྲ་ཞེས་བྱ་བ་ནི་དམ་པ་དེས་གསུངས་པའི་ཆོས་ཏེ། འཕགས་པའི་བདེན་པ་བཞི་པོ་དག་དཔལ་གྱི་མགུར་ནས་གསུངས་པའི་ཕྱིར་རོ། །སེང་གེའི་སྒྲ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱི་སྒྲ་དེ་ཉིད་སེང་གེའི་སྒྲ་དང་འདྲ་བའི་ཕྱིར་སེང་གེའི་སྒྲ་ཞེས་བྱ་སྟེ། མུ་སྟེགས་ཅན་གླང་པོ་ཆེ་ལྟ་བུ་སྐྲག་པར་བྱེད་ཅིང་རིགས་ཀྱི་བུ་མིའི་སེང་གེའི་ཕྲུ་གུ་ལྟ་བུ་དག་སྡུད་པར་བྱེད་པའི་ཕྱིར། བསྒྲགས་པ་ཞེས་བྱ་བ་ནི་བསྟན་
པ་སྟེ། བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར་རོ། །དེས་ནི་སྟོན་པས་མཛད་པ་ཕུན་སུམ་ཚོགས་པ་གཞན་ལ་ཆོས་སྟོན་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཕན་འདོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཤེས་རབ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཐམས་ཅད་མཁྱེན་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། དང་པོར་དངོས་པོའི་ངོ་བོ་ཉིད་མ་ལུས་པ་དང༌། ཐུན་མོང་མ་ཡིན་པ་དང༌། ཚད་མེད་པ་དང༌། ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །དེས་ནི་ཐམས་ཅད་མཁྱེན་པས་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པར་བསྟན་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཤེས་རབ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུགས་རྗེ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། དཀོན་མཆོག་མཛོད་བརྙེས་པ་ཞེས་བྱ་བ་གསུངས་ཏེ། དཀོན་མཆོག་ཅེས་བྱ་བ་ནི་བཤད་པ་དང༌། བསྒྲུབ་པའི་ཆོས་དཀོན་མཆོག་སྟེ། རིན་པོ་ཆེ་དང་འདྲ་བར་དཀོན་པ་དང༌། རིན་ཆེ་བ་དང༌། དགའ་བར་བྱེད་པ་དང༌། ཕན་འདོགས་པ་དང༌། མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་པའི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །མཛོད་ཅེས་བྱ་བ་ནི་རིན་ཆེན་མཛོད་དང་འདྲ་བར་ཆོས་དཀོན་མཆོག་དེའི་མཛོད་འཕགས་པའི་དགེ་འདུན་ཏེ་ལུང་དང་རྟོགས་པའི་སྒོ་ནས་དེའི་སྣོད་དུ་གྱུར་པ་ཡིན་པའི་ཕྱིར་རོ། །བརྙེས་པ་ཞེས་བྱ་བ་ནི་སློབ་མ་ཉིད་དུ་བརྙེས་པ་སྟེ། སྟོན་པའི་ལམ་གྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །དེས་ནི་འཁོར་ཡོངས་སུ་སྨིན་པར་མཛད་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པ་ཐུགས་རྗེ་ཕུན་སུམ་ཚོགས་པ་བསྟན་ཏོ། །འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །ཞེས་བྱ་བ་གསུངས་ཏེ། ཞབས་ལ་ཞེས་པས་ནི་དེ་བཞིན་གཤེགས་པའི་ཞབས་འཁོར་ལོའི་མཚན་དང་ལྡན་པ་ལའོ། །ཚངས་དབང་ཞེས་བྱ་བ་ལ། ཆངས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་བསྒྲུབས་ཏེ། ཚངས་པའི་རྒྱལ་པོ་
ཐོབ་པ་སྟོང་གི་འཇིག་རྟེན་ལ་དབང་སྒྱུར་བའི་ཚངས་པ་ཆེན་པོའོ། །དབང་པོ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཏེ། དེ་གཉིས་ནི་ས་བླའི་གཙོ་བོ་དང༌། སྟོང་གི་ཁམས་ན་གཙོ་བོར་གྲགས་ནས་འདིར་སྨོས་པར་ཟད་ཀྱི་གཞན་ཡང་དེ་བཞིན་དུ་གཟུང་བར་བྱའོ། །གཙུག་གི་ནོར་བུ་ཞེས་བྱ་བ་ནི་སྤྱི་བོ་སྟེ། ནོར་བུ་གདགས་པའི་གནས་ཡིན་པའི་ཕྱིར་རོ། །གཏུགས་ཞེས་བྱ་བ་ནི་དེས་བཏུད་དེ་ཕྱག་བྱས་པའོ། །དེས་ནི་འཇིག་རྟེན་ན་འབྲས་བུ་ཐོབ་པའི་མཆོག་དག་གིས་སྤྱི་བོས་གཏུགས་པའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་པའི་ཐབས་སུ་གྱུར་པ་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པས་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །ཞེས་བྱ་བ་གསུངས་ཏེ། སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བས་བསྡུས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གོ །རྒྱ་མཚོ་ཞེས་བྱ་བ་ནི་སྡུག་བསྔལ་དེ་ཉིད་རྒྱ་མཚོ་དང་འདྲ་བས་རྒྱ་མཚོ་ཞེས་བྱ་སྟེ། ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །གཏིང་མེད་པ་ཞེས་བྱ་བ་ནི་གཞིའི་གཏིང་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་སྡུག་བསྔལ་མང་བ་ཉིད་བསྟན་ཏོ། །མཐའ་མེད་པ་ཞེས་བྱ་བ་ནི་ཕ་རོལ་གྱི་མཐའ་མེད་པ་སྟེ། འདིས་ནི་རྒྱ་མཚོ་བཞིན་དུ་འཁོར་བའི་རྒྱུན་མི་འཆད་པར་བསྟན་ཏོ། །རྒལ་བ་ཞེས་བྱ་བ་ནི་འདས་པ་སྟེ། ལས་དང་ཉོན་མོངས་པ་སྤངས་པས་སྡུག་བསྔལ་ཟད་པའི་ཕྱིར་རོ། །དེས་ནི་ལས་དང་ཉོན་མོངས་པ་སྐྱེ་བའི་མཚན་ཉིད་གྱི་ཀུན་ནས་ཉོན་མོངས་པ་སྤངས་པའི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་སྤངས་པ་ཕུན་སུམ་ཚོགས་པ་སྟོན་ཏོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས། འགྲོ་བའི་གཙོ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་ཞེས་བྱ་བ་ནི་འཇིག་རྟེན་ཏེ། རྟག་ཏུ་
འཁོར་བའི་ཡང་ཕྱིར་རོ། །གཙོ་ཞེས་བྱ་བ་ནི་ཟླ་མེད་པ་སྟེ་མཆོག་ཡིན་པའི་ཕྱིར་རོ། །དེ་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཏེ་ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པས་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །འདིས་ནི་དངོས་པོ་ཇི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཐུགས་སུ་ཆུད་པས་འགྲོ་བའི་གཙོ་བོར་གྱུར་པའི་སྒོ་ནས་བདག་གི་དོན་ཕུན་སུམ་ཚོགས་པའི་ཆེ་བ་ཉིད་ཀྱི་ཁྱད་པར་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟར་དེ་དག་གིས་ནི་འགྲོ་བའི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བདག་གི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སྟོན་པ་ལ་བསྟོད་པས་མཆོད་པ་བསྟན་ཏོ། །དེའི་འོག་ཏུ་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བསྟན་པའི་ཕྱིར། སྤྱི་བོས་ཕྱག་འཚལ་ཏེ་ཞེས་གསུངས་ཏེ། སྤྱི་བོས་ཞེས་བྱ་བས་ནི་ལུས་ཀྱིས་ཕྱག་འཚལ་བ་དངོས་སུ་བསྟན་ཏེ། ཕྱག་འཚལ་ཏེ་ཞེས་བྱ་བས་ནི་ལུས་དང་ངག་དང་ཡིད་གསུམ་ཆར་གྱིས་ཕྱག་འཚལ་བ་ཡང་བསྡུས་པར་བལྟའོ། །འདིས་ནི་ལུས་དང་ངག་དང་ཡིད་ཀྱི་ཕྱག་འཚལ་བའི་སྒོ་ནས་སྟོན་པ་ལ་མཆོད་པ་བསྟན་ཏོ། །དེ་ལྟར་ཕྱག་འཚལ་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་བརྩམ་པར་དམ་བཅའ་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བ་གསུངས་ཏེ། འདིས་ནི་གང་གིས་བསྟན་པ་དང༌། ཅི་ཞིག་བསྟན་པ་དང༌། སུ་ལ་བསྟན་པས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་ནས། གང་གིས་ཅི་ཞིག་བསྟན་པ་དེ་ཉིད་དུ་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་སྟོན་ཏོ། །དེ་ལ་གང་གིས་བསྟན་ཞེ་ན། སྟོན་པ་སྟེ། དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བས་བསྟན་ཏེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །ཅི་ཞིག་བསྟན་ཞེ་ན། སོ་སོར་ཐར་པ་སྟེ། འདི་ནི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱ་བས་བསྟན་ཏེ། བསླབ་པ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའི་མཚན་ཉིད་དོ། །གཞི་ཞེས་བྱ་བ་ནི་ཚིག་སྟེ། དེ་ལ་དོན་གནས་པའི་ཕྱིར་རོ། །དཀོན་མཆོག་ཅེས་བྱ་བ་ནི་བསླབ་པའི་གཞི་དེ་ཉིད་དེ་ཆེན་པོ་རྣམས་ཀྱི་རྐྱེན་ཡིན་པའི་ཕྱིར་དང༌། དཀོན་པའི་ཕྱིར་
རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་གོ །དེ་ཡང་གང་ཞེ་ན། རྣམ་པར་འབྱེད་པ་དང༌། གཞི་དང༌། ཕྲན་ཚེགས་དང༌། གཞུང་བླ་མ་དག་གོ །སྣོད་ཅེས་བྱ་བ་ནི་དེ་དག་གི་སྣོད་དེ་སོ་སོར་ཐར་པའི་མདོ་འདི་ཉིད་དོ། །དེས་ནི་སྟོན་པ་ཐམས་ཅད་མཁྱེན་པས་གསུངས་པས་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་ཅེས་བྱའོ། །སུ་ལ་བསྟན་ཞེ་ན། ཉན་ཐོས་ཀྱི་དགེ་འདུན་ལ་སྟེ། དེ་ནི་འཕགས་པའི་ཚོགས་ཞེས་བྱ་བས་བསྟན་ཏེ། འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའོ། །ཚོགས་ཞེས་བྱ་བ་ནི་བཞི་ཡན་ཆད་དོ། །གང་གིས་ཅི་ཞིག་བསྟན་པ་དེ་ཉིད་སུ་ལ་བསྟན་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ་བ་ནི་སྟོན་པས་སོ་སོར་ཐར་པ་བསྟན་པ་དེ་ཉིད་ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་བ་སྟེ། དེ་ནི་དབུས་སུ་དབྱེ་བ་ཞེས་བྱ་བས་བསྟན་ཏེ་དབུས་སུ་ཞེས་བྱ་བ་ནང་དུའོ། །དབྱེ་བར་བྱ་བ་ནི་གདོན་པར་བྱ་བའོ། །སུ་དག་གི་དབུས་སུ་ཞེ་ན། འཕགས་པའི་ཚོགས་ཀྱི་སྟེ། དཔེར་ན་རིན་པོ་ཆེའི་སྣོད་དབྱེ་བར་ཡང་རིན་པོ་ཆེ་རྟོག་ཤེས་པ་དག་གི་ཚོགས་ཀྱི་དབུས་སུ་དབྱེ་བ་བཞིན་དུ་ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད་འདི་ཡང་བསླབ་གཞི་རིན་པོ་ཆེ་ལྟ་བུ་རྟོག་ཤེས་པའི་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །མཆོད་པའི་མཚན་ཉིད་བཤད་ཟིན་ཏོ།། །།དེའི་འོག་ཏུ་གླེང་བསླང་བའི་མཚན་ཉིད་བཤད་པར་བྱ་སྟེ། གླེང་བསླང་བའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ཡང་དག་པར་བརྩམས་པ་གླེང་བསླང་བའོ། །དེ་ཡང་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས་སོ་སོར་ཐར་པ་བསྒྲུབ་པར་བྱའོ་ཞེས་གླེང་བསླང་དགོས་པས་དེའི་ཕྱིར། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་གཅིག་གསུངས་སོ། །དེ་ལ་འདིར་ཡང་ཚིགས་སུ་བཅད་པ་བཅུ་གཅིག་པོ་དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ་དང༌། འབྲེལ་པ་དང༌། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་དོ། །དགོས་པ་ནི་རྟོགས་པའོ། །འབྲེལ་
པ་ནི་རྟོགས་པ་དེ་ཡང་གླེང་བསླང་བ་འདིས་བྱེད་པས་གླེང་བསླང་བའི་ཚིགས་སུ་བཅད་པའི་ཐབས་འདི་དང་དགོས་པ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་བའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པའི་ཆེ་བ་ཉིད་ཐོས་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འདོད་པས་སོ་སོར་ཐར་པ་སྒྲུབ་པར་བྱེད་པའོ། །དེ་ལ་ཚིགས་སུ་བཅད་པ་བཅུ་གཅིག་པོ་འདི་དག་གི་བསྡུས་པའི་དོན་ནི་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་དང༌། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་དང༌། སོ་སོར་ཐར་པ་བསྒྲུབ་པར་བྱ་བའོ། །དེ་ལ་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་ཡང་རྣམ་པ་གསུམ་སྟེ། ཚེ་འདིའི་འབྲས་བུ་དང༌། ཚེ་ཕྱི་མའི་འབྲས་བུ་དང༌། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའོ། །དེ་ལ། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་ནི་ཚེ་འདིའི་འབྲས་བུ་བསྟན་ཏོ། །མཚོ་བས་ཟབ་པའི་འཁོར་བ་ལས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཚེ་ཕྱི་མའི་འབྲས་བུ་བསྟན་ཏོ། །ང་ནི་མྱ་ངན་འདའ་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པ་བསྟན་ཏོ། །ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་ཡང་རྣམ་པ་གསུམ་སྟེ། ཚོགས་ཀྱི་ལམ་དཀོན་པ་དང༌། ཚོགས་ཀྱི་ལམ་རྙེད་པ་དང༌། ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བའོ། །དེ་ལ་སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཚོགས་ཀྱི་ལམ་དཀོན་པ་བསྟན་ཏོ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་ཚོགས་ཀྱི་ལམ་རྙེད་པ་བསྟན་ཏོ། །མཁས་པ་བདག་ལ་ལེགས་འདོད་ཅིང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བ་བསྟན་ཏོ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་ནི་རྣམ་པ་བཞི་སྟེ། བདག་གི་དབང་དུ་བྱས་པ་དང༌། གཞན་གྱི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པ་དང༌། བསྒྲུབ་པའི་མཚན་ཉིད་དོ། །དེ་ལ། དགེ་སློང་དབང་དུལ་ཀུན་དབང་པོ། །
ཞེས་བྱ་བས་ནི་བདག་གི་དབང་དུ་བྱས་པ་བསྟན་ཏོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ཞེས་བྱ་བས་ནི་གཞན་གྱི་དབང་དུ་བྱས་པ་བསྟན་ཏོ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །ཞེས་བྱ་བས་ནི་ཆོས་ཀྱི་དབང་དུ་བྱས་པ་བསྟན་ཏོ། །སོ་སོར་ཐར་བ་རྟག་ཏུ་བསྲུངས། །ཞེས་བྱ་བས་ནི་བསྒྲུབ་པའི་མཚན་ཉིད་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཚེ་འདིའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱིས། །གནས་པའི་སྙིང་དང་སྙིང་པོ་ནི། སོ་སོར་ཐར་པ་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། སངས་རྒྱས་འདུལ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་འདུལ་བའོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དོན་ཐམས་ཅད་ངེས་པར་ཐུགས་སུ་ཆུད་པའི་ཕྱིར་རམ། ཉོན་མོངས་པ་བག་ཆགས་དང་བཅས་པའི་གཉིད་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་འདུལ་བ་རྣམ་པར་འབྱེད་པ་དང༌། འདུལ་བ་གཞི་དང༌། འདུལ་བ་ཕྲན་ཚེགས་དང༌། འདུལ་བ་གཞུང་བླ་མ་སྟེ། སློབ་མ་རྣམས་དངོས་པོ་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་འདས་པར་འཁྲིད་པར་བྱེད་པའི་ཕྱིར་རམ། རྒྱུད་ལ་ཀུན་དུ་སྤྱོད་པའི་འདིར་མ་དང་རྣམ་པར་སྨིན་པའི་དྲི་མས་སྐྱོན་ཆགས་པར་བྱེད་པའི་ཉེས་པ་ཐམས་ཅད་རྣམ་པར་འདུལ་བར་བྱེད་པའི་ཕྱིར་རོ། །གང་ཆེན་མཚོ་ཞེས་བྱ་བ་ནི་རྒྱ་མཚོ་སྟེ། སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་དེ་ཉིད་རྒྱ་མཚོ་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་འདྲ་ཞེ་ན། གཏིང་མཐའ་མེད་པ་ཞེས་བྱ་བ་གསུངས་ཏེ། རྒྱ་མཚོ་ལ་གཞིའི་གཏིང་དཔག་མེད་པ་བཞིན་དུ་འདུལ་བ་ལ་ཡང་ཀུན་ནས་སློང་བའི་གཏིང་མཐའ་དཔག་ཏུ་མེད་པའི་ཕྱིར་དང༌། རྒྱ་མཚོ་ལ་ཕ་རོལ་གྱི་མཐའ་དཔག་ཏུ་མེད་པ་བཞིན་དུ་འདུལ་བ་ལ་ཡང་འབྲས་བུའི་མཐའ་དཔག་ཏུ་མེད་པའི་ཕྱིར་རོ། །འདུལ་བ་དེ་དག་ཐམས་ཅད་ཀྱི་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པ་འདི་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། གནས་པའི་
ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔ་དང༌། བཞི་བཅུ་རྩ་བདུན་ལ་སོགས་པ་མཚན་ཉིད་རྣམ་པར་གཞག་པའོ། །དེའི་སྙིང་ཞེས་བྱ་བ་ནི་མཚན་ཉིད་རྣམ་པར་གཞག་པ་དེའི་རྒྱུར་གྱུར་པ་སྟེ། འཕེན་པ་དང་ས་བོན་དང་ཀུན་ནས་སློང་བ་གང་ཡིན་པའོ། །སྙིང་པོ་ཞེས་བྱ་བ་ནི་བརྟན་པ་རྣམ་པར་མི་གཡོ་བ་སྟེ། མཚན་ཉིད་གཞན་དུ་མི་འགྱུར་བའོ། །དེས་ནི་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་རྒྱ་མཚོ་ལྟ་བུ་གཏིང་དང་མཐའ་མེད་པ་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་གཞག་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པ་འདི་ཡིན་ནོ་ཞེས་བྱ་བའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །དམ་ཆོས་རྒྱལ་པོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཐུགས་སུ་ཆུད་པ་དང་སྟོན་པར་མཛད་པའི་ཕྱིར་རོ། །དམ་ཆོས་རྒྱལ་པོ་དེའི་ཆོས་ཀུན་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་དོ། །ཆོས་དེ་དག་གི་འདྲེན་པ་མཆོག །ཅེས་བྱ་བ་ནི་རྒྱལ་པོའི་བློན་པོ་རིན་པོ་ཆེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལ་བརྟེན་ཏེ་དེ་དག་འབྱུང་བའི་ཕྱིར་རོ། །ཡང་དེ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །དགེ་སློང་ཚོང་ཚོགས་ཞེས་བྱ་བ་ནི་དགེ་སློང་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་འདོད་པ་ཚོང་པ་ལྟ་བུའི་ཚོགས་དོན་མཐུན་པ་དག་གོ ། དེ་དག་གི་བསླབ་ཟོང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ནོར་བུ་རིན་པོ་ཆེ་སྒྲུབ་པའི་ཟོང་ཚུལ་ཁྲིམས་ཀྱི་ནོར། དེ་ནི་ཚོང་ཁང་ཞེས་བྱ་བ་ནི་བསླབ་པའི་ཟོང་བཅེར་བའི་གནས་ཏེ། སོ་སོར་ཐར་པའི་ནང་དུ་བསླབ་པ་ཐམས་ཅད་འདུས་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི་བསླབ་པ་རིན་པོ་ཆེའི་གནས་ཡིན་པའི་ཕྱིར་དང༌། ཆེན་པོ་རྣམས་ལ་འོས་པའི་ཕྱིར་རོ། །དེ་དག་གིས་ནི་ཆོས་ཀུན་གྱི་འདྲེན་པ་མཆོག་ཡིན་པ་དང༌། བསླབ་པའི་ཟོང་གི་ཚོང་ཁང་ཆེན་པོ་ཡིན་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་
ཀྱི། །གདུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱོ་ཡིན། །ཞེས་བྱ་བ་ལ། ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་ལྷག་མ་དང་བཅས་པ་སྟེ། བདག་དང་གཞན་ལ་གནོད་པ་ཉིད་ཀྱིས་སྦྲུལ་ཆེན་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་འདྲ་བའི་ཕྱིར། དེས་ཟིན་པ་ཞེས་བྱ་བ་ནི་ཉམས་པར་བྱས་པའོ། །དེས་ཟིན་པའི་གང་ཟག་རྣམས་ཀྱི་གདུག་པ་ཞེས་བྱ་བ་ནི་ལྟུང་བ་སྟེ་སྦྲུལ་གྱི་དུག་དང་འདྲ་བའི་ཕྱིར་རོ། །རྣམ་སེལ་ཞེས་བྱ་བ་ནི་རྣམ་པར་གནོན་པ་སྟེ། ཀུན་དུ་སྤྱོད་པ་སེལ་བའི་ཕྱིར་རོ། །སྨན་ཞེས་བྱ་བ་ནི་གནོད་སེལ་ཏེ། འདིས་སྦྱོང་བར་སྟོན་པའི་ཕྱིར་རོ། །དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ། དེས་ནི་ལྟུང་བ་རྣམ་པར་སེལ་བའི་རྒྱུད་ཉིད་དུ་བསྟན་ཏོ། །ཡང་དེ་ཉིད་བྱེ་བྲག་ཏུ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ལང་ཚོ་ཞེས་བྱ་བ་ནི་གཞོན་པ་ཉིད་དོ། །རྣམ་འཁྲུལ་པའི་ཞེས་བྱ་བ་ནི་བག་མེད་པ་ལ་སོགས་པས་རྣམ་པར་རྨོངས་པའོ། །རྐང་གཉིས་ཞེས་བྱ་བ་ནི་མིའོ། །གཞོན་ནུ་ཞེས་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །ལྕགས་ཀྱོ་ཞེས་བྱ་བ་ནི་གླང་པོ་ཆེའི་ལྕགས་ཀྱོ་དང་འདྲ་བ་སྟེ། བསྙིལ་བ་དང་སྤོ་བ་ལ་སོགས་པའི་ཉེས་དམིགས་སྟོན་པས་ཀུན་དུ་སྐྲག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ནི་འདུལ་དཀའ་བ་རྣམས་ཡང་དག་པར་སྡོམ་པའི་རྒྱུ་ཉིད་དུ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གསུམ་པོ་དེ་དག་གིས་ནི་སོ་སོར་ཐར་པ་ལ་བརྩམ་པར་བྱས་ན་ཚེ་འདི་ལ་འབྲས་བུ་དེ་ལྟ་བུ་འཐོབ་པས་ཚེ་འདིའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚེ་ཕྱི་མའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡིན། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། མཚོ་བས་ཟབ་པའི་འཁོར་བ་ཞེས་བྱ་བ་ནི་རྒྱ་མཚོ་དུག་ཅན་པ་བས་ཀྱང་ཟབ་ཅིང་ཆེས་གཏིང་
སླེབས་པར་དཀའ་བའི་འཁོར་བ་འགྲོ་བ་ལྔའི་འཇིག་རྟེན་ནོ། །འཁོར་བ་དེ་ལས་སྒྲོལ་བའི་རྒལ་ཐབས་ཞེས་བྱ་བ་ནི་རྣམ་པར་གྲོལ་བར་འགྱུར་བའི་ལམ་སྟེ། ཟམ་པ་དང་གྲུ་དང་གཟིངས་དང་རྐྱལ་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་ན་ལམ་སྐྱེ་བའི་ཕྱིར་རོ། །དེས་ནི་འཁོར་བ་ལས་སྒྲོལ་ཞིང་ངེས་པར་ལེགས་པའི་ལམ་འཐོབ་པའི་ཐབས་ཡིན་པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་བའོ། །བཟང་འགྲོ་ཞེས་བྱ་བ་ནི་བདེ་འགྲོ་མཐོ་རིས་ཏེ། ལྷ་དང་མིའི་འགྲོ་བའོ། །དེར་འགྲོ་བ་ཞེས་བྱ་བ་ནི་དེར་འཇུག་ཅིང་འཐོབ་པའོ། །དེས་པ་ཞེས་བྱ་བ་ནི་བསྟན་པ་གཅིག་ཏུ་གྱུར་པ་གདོན་མི་ཟ་བའོ། །ཆུ་ལོན་ཟམ་པ་ཞེས་བྱ་བ་ནི་ཆུ་ཡང་འགོག་ལ་རྒྱུན་སའི་ཟམ་པར་ཡང་གྱུར་པ་སྟེ། ངན་སོང་གི་ཆུ་བོ་ཡང་འགོག་ལ་མཐོ་རིས་སུ་འགྲོ་བའི་ཟམ་པ་ཡང་ཡིན་པའི་ཕྱིར་རོ། །དེ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ནི་ངན་སོང་ལས་གྲོལ་ཞིང་མངོན་པར་མཐོ་པའི་ལམ་ཐོབ་པའི་ཐབས་ཡིན་པར་བསྟན་ཏོ། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཉོན་མོངས་ཞེས་བྱ་བ་ནི་འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པ་ཉོན་མོངས་པ་དག་གོ །ཕམ་བྱེད་ཅེས་བྱ་བ་ནི་སྤོང་བར་བྱེད་པའོ། །དེ་གང་ཞེ་ན། ལམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྒྱལ་པོ་ཞེས་བྱ་བ་ནི་ཉོན་མོངས་པ་ཕམ་པར་བྱེད་པའི་ལམ་དེ་ཉིད་རྒྱལ་པོ་དང་འདྲ་བས་རྒྱལ་པོ་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་ཕམ་པར་བྱེད་པའི་ཕྱིར་རོ། །འདྲེན་པ་མཆོག་ཅེས་བྱ་བ་ནི་རྒྱལ་པོའི་སྙིང་ཚོམས་ལྟ་བུ་སྟེ། འདིས་འཕགས་པའི་ལམ་འདྲེན་པར་བྱེད་པའི་ཕྱིར་རོ། །དེས་ནི་འཁོར་བའི་རྒྱུ་ཉོན་མོངས་པ་སྤོང་ཞིང་མྱ་ངན་ལས་འདས་པའི་རྒྱུ་འཕགས་པའི་ལམ་འདྲེན་པ་ཡིན་པར་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཐར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །གྲོང་ཞེས་བྱ་བ་
ནི་ཐར་བ་དེ་ཉིད་གྲོང་ཁྱེར་དང་འདྲ་བས་གྲོང་ཞེས་བྱ་བ་སྟེ། འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འཇུག་པ་ཞེས་བྱ་བ་ནི་འགྲོ་བའོ། །ཐེམ་སྐས་གཞི་ཞེས་བྱ་བ་ནི་ཐེམ་སྐས་ཀྱི་རྟེན་མའོ། །སོ་སོར་ཐར་པ་འདི་ནི་དེ་དང་འདྲ་བར་གནས་པ་ཡིན་ཏེ། ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །དེས་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པའི་རྒྱུ་འཕགས་པའི་ལམ་གྱི་གཞི་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་སོ་སོར་ཐར་པ་ལ་བརྩལ་བ་བྱས་ན་ཚེ་ཕྱི་མ་ལ་འབྲས་བུ་དེ་ལྟ་བུ་ཐོབ་པས་ཚེ་ཕྱི་མའི་འབྲས་བུའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པའི་དབང་དུ་མཛད་ནས། ད་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་པར་བཅས། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ད་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་དོ། །མྱ་ངན་འདས་གྱུར་ན་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །འདི་ནི་ཞེས་བྱ་བ་ནི་སོ་སོར་ཐར་པའོ། །ཁྱོད་ཀྱི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་སློང་རྣམས་ཀྱིའོ། །སྟོན་པ་ཞེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །རང་བྱུང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏེ། གཞན་གྱི་ལུང་མེད་པར་བླ་ན་མེད་པའི་མཁྱེན་པ་བརྙེས་པའི་ཕྱིར་རོ། །ཉིད་ཀྱིས་ཞེས་བྱ་བ་ནི་རང་གི་ཞལ་ཉིད་ཀྱིས་སོ། །གུས་བཅས་པར་ཞེས་བྱ་བ་ནི་དགོངས་པ་གཏད་དེའོ། །ནན་ཏན་ཞེས་བྱ་བ་ནི་ལྷུར་བཞེས་ནས་སོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ༌། །ཚོགས་ཞེས་བྱ་བ་ནི་མང་པོ་འདུས་པའོ། །མདུན་ཞེས་བྱ་བ་ནི་མངོན་སུམ་དུའོ། །བསྟོད་ཅེས་བྱ་བ་ནི་སྟོན་པ་དང་འདྲའོ་ཞེས་སོ། །དེས་ནི་སྟོན་པ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ན་དགེ་སློང་དག་དེང་ཕྱིན་ཆད་བདག་ལ་སྟོན་པ་མེད་པར་འགྱུར་རོ་སྙམ་དུ་དགོས་པ་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་ང་ཡོངས་སུ་མྱ་ངན་ལས་འདས་
པར་གྱུར་པ་ན། སོ་སོར་ཐར་པ་འདི་ཁྱེད་ལ་སྟོན་པར་བྱེད་པར་འགྱུར་རོ་ཞེས་བསྟོད་པར་མཛད་ནས་སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའི་སྒོ་ནས་སོ་སོར་ཐར་པའི་ཆེ་བ་ཉིད་བརྗོད་པ་བསྟན་ཏོ། །ཚོགས་ཀྱི་ལམ་དཀོན་པས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཚོགས་ཀྱི་ལམ་ཞེས་བྱ་བ་ནི་སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་འཐོབ་པའི་ཚོགས་དང་གཞིར་གྱུར་པའི་ལམ་རྣམ་པར་བཅུ་གསུམ་སྟེ། གཞན་གྱི་འབྱོར་པ་དང༌། བདག་གི་འབྱོར་བ་དང༌། དགེ་བའི་ཆོས་ལ་འདུན་པ་དང༌། ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་དང༌། དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སློང་གི་རྒྱན་གང་ཡིན་པའོ། །དེ་ལ། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །ཞེས་བྱ་བས་ནི་གཞན་གྱི་འབྱོར་པ་དཀོན་པར་བསྟན་ཏེ། གཞན་གྱི་འབྱོར་པ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། སངས་རྒྱས་རྣམས་འབྱུང་བ་དང༌། དམ་པའི་ཆོས་སྟོན་པ་དང༌། ཆོས་བསྟན་པ་རྣམས་གནས་པ་དང༌། ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་དང༌། གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པའོ། །དེས་ནི་ཐ་ན་སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་འཇིག་རྟེན་ན་རབ་ཏུ་དཀོན་ན་སངས་རྒྱས་རྣམས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། སངས་རྒྱས་རྣམས་འབྱུང་བ་དཀོན་ན་དམ་པའི་ཆོས་སྟོན་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །མི་ཉིད་རྙེད་པར་ཤིན་ཏུ་དཀའ། །ཞེས་བྱ་བས་ནི་བདག་གི་འབྱོར་བ་དཀོན་པར་བསྟན་ཏེ། བདག་གི་འབྱོར་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། མིར་གྱུར་པ་དང༌། ཡུལ་དབུས་སུ་སྐྱེས་པ་དང༌། དབང་པོ་ཚང་བ་དང༌། གནས་ལ་
དད་པ་དང༌། ལས་ཀྱི་མཐའ་མ་ལོག་པའོ། །དེས་ནི་མིར་གྱུར་པ་ཉིད་ཀྱང་ཤིན་ཏུ་རྙེད་པར་དཀའ་ན་ཡུལ་དབུས་སུ་སྐྱེས་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་བྱ་བ་ནི་དགེ་བའི་ཆོས་ལ་འདུན་པ་དཀོན་པ་སྟེ། དགེ་བའི་ཆོས་ལ་མདུན་པ་གང་ཞེ་ན། དེ་བཞིན་གཤེགས་པའམ། དེའི་ཉན་ཐོས་དག་ལས་ཆོས་ཐོས་ཤིང་དད་པ་ཐོབ་པར་གྱུར་ལ་དད་པ་ཐོབ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང་ནན་ཏན་གྱིས་བསྒྲུབ་པར་བྱའོ་ཞེས་དེ་ལྟར་ཡང་དག་པར་སློབ་པ་གང་ཡིན་པའོ། །དེས་ནི་ཆོས་ཐོས་ཤིང་དད་པ་ཐོབ་པ་ཡང་ཤིན་ཏུ་དཀོན་ན་རབ་ཏུ་འབྱུང་ཞིང་ནན་ཏན་གྱིས་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོ་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་དཀོན་པར་བསྟན་ཏེ། ཚུལ་ཁྲིམས་ཀྱི་སྡོམ་པ་གང་ཞེ་ན། རྣམ་པ་དྲུག་སྟེ། རྣམ་པར་དབྱེ་བ་དང༌། བསྡུ་བ་དང༌། ཕུན་སུམ་ཚོགས་པ་དང༌། རྣམ་གྲངས་དང༌། རྣམ་པར་དག་པ་དང༌། ཕན་ཡོན་ནོ། །དེ་ལ་རྣམ་པར་དབྱེ་བ་ནི་རྣམ་པ་དྲུག་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་དག་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །བསྡུ་བ་ནི་རྣམ་པ་གསུམ་དུ་བསྡུ་བ་སྟེ། ཚུལ་ཁྲིམས་ཡང་དག་པར་བླངས་པ་དང༌། ངེས་པར་འབྱིན་པའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་བསྒོམ་པའོ། །ཕུན་སུམ་ཚོགས་པ་ནི་རྣམ་པ་བཅུས་ཕུན་སུམ་ཚོགས་པར་འགྱུར་ཏེ། དང་པོ་ཉིད་ནས་ལེགས་པར་བླངས་པ་དང༌། ཧ་ཅང་ཞུམ་པ་མ་ཡིན་པ་དང༌། ཧ་ཅང་ཐལ་ཆེས་པ་མ་ཡིན་པ་དང༌། བག་ཡོད་པ་དང༌། བརྩོན་འགྲུས་ཀྱིས་ཡོངས་སུ་ཟིན་པ་དང༌། ཡང་དག་པར་སྡོམ་པ་དང༌། ཆོ་ག་མ་ཉམས་པས་
ཡོངས་སུ་ཟིན་པ་དང༌། འཚོ་བ་མ་ཉམས་པས་ཡོངས་སུ་ཟིན་པ་དང༌། མཐའ་གཉིས་སུ་མ་ལྷུང་བ་དང༌། ངེས་པར་བྱུང་བ་དང༌། ཡང་དག་པར་བླངས་པ་ཡོངས་སུ་མ་ཉམས་པའོ། །རྣམ་གྲངས་ནི་རྣམ་པ་དྲུག་སྟེ། ལ་ལར་ཚུལ་ཁྲིམས་རྩ་བའི་དོན་དུ་གསུངས་པ་དང༌། ལ་ལར་རྒྱན་དང༌། ལ་ལར་བྱུག་པ་དང༌། ལ་ལར་སྤེས་དང༌། ལ་ལར་ལེགས་པར་སྤྱད་པ་དང༌། ལ་ལར་སྡོམ་པའི་སྒྲ་གསུངས་པའོ། །རྣམ་པར་དག་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་ལུས་ཀྱི་ལས་ལ་སོ་སོར་རྟོགས་པར་བྱེད་པ་དང༌། ངག་གི་ལས་ལ་སོ་སོར་རྟོག་པར་བྱེད་པ་དང༌། ཡིད་ཀྱི་ལས་ལ་སོ་སོར་རྟོག་པར་བྱེད་པའོ། །ཕན་ཡོན་ནི་ཚུལ་ཁྲིམས་ཀྱི་ཕན་ཡོན་རྣམ་པ་བཅུ་སྟེ། འགྱོད་པ་མེད་པར་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་ཐོབ་པར་འགྱུར་བ་དང༌། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པར་འགྱུར་བ་དང༌། ཕྱོགས་བཅུར་སྙན་པའི་བསྒྲགས་པར་འགྱུར་བ་དང༌། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང༌། གཉིད་ལོག་པ་ན་ལྷ་རྣམས་སྲུང་བར་འགྱུར་བ་དང༌། གཞན་ལས་སྡིག་པའི་བག་ཚ་བ་དང༌། འཇིགས་པ་དང༌། དངང་བ་མེད་པར་འགྱུར་བ་དང༌། དགྲ་བོ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་སྲུང་བ་ལ་སོགས་པ་ཕན་འདོགས་པར་འགྱུར་བ་དང༌། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་རྣམས་ཀྱིས་གླགས་ཤིག་རྙེད་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་དེ་དག་བསྲུང་བ་ལ་སོགས་པས་ཕན་འདོགས་པར་འགྱུར་བ་དང༌། གཞན་ལ་ཆོས་གསོ་ལ་སོགས་པ་དག་ཆོས་ཀྱིས་ཚེགས་ཆུང་དུས་འགྲུབ་པར་འགྱུར་བ་དང༌། གང་དུ་སྐྱེ་བར་འདོད་པ་ལ་སོགས་པའི་སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་བའོ། །དབང་པོ་སྡོམ་པ་གང་ཞེ་ན། དེ་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཉིད་ལ་བརྟེན་ནས་དྲན་པ་ཀུན་དུ་སྲུང་བ་དང༌། དྲན་པ་ལ་རྟག་འགྲུས་བྱེད་པ་དང༌། དྲན་པས་ཡིད་ཀུན་དུ་སྲུང་བ་དང༌། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་ཅིང༌། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་
དང། ཡིད་ཀྱི་གཟུགས་དང༌། སྐྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་རྣམ་པར་ཤེས་པ་ན་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་ཅིང་དབང་པོ་རྣམས་ཀྱང་སྲུང་བར་བྱེད་ལ་དབང་པོ་རྣམས་ཀྱིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པས་དབང་པོ་རྣམས་ཀྱི་སྒོ་བསྡམས་པ་ཡིན་ནོ། །ཟས་ཀྱི་ཚོད་རིག་པ་ཉིད་གང་ཞེ་ན། དེ་ལྟར་དབང་པོ་བསྡམས་པ་དེ་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ལུས་འདི་གནས་པར་བྱ་བ་དང༌། འཚོ་བར་བྱ་བ་དང༌། བཀྲེས་པ་བསལ་བར་བྱ་བ་དང༌། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བ་དང༌། ཚོར་པ་རྙིང་པ་རྣམས་སྤང་བར་བྱ་བ་དང༌། གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང༌། བདག་འཚོ་ཞིང་སྟོབས་དང་བདེ་བ་དང༌། ཁ་ན་མཐོ་བ་མེད་པ་དང་བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་ཤིང་ཟས་ཟ་བ་ཡིན་ནོ། །ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་གང་ཡིན་ཞེ་ན། དེ་ལྟར་ཟས་ཀྱི་ཚོད་རིག་པ་དེ་ཉིད་མཚན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང༌། མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། མཚན་མོའི་གུང་ཐུན་ལ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ། གློ་གཡས་པ་ཕབ་སྟེ་རྐང་པ་རྐང་པའི་སྟེང་དུ་གཞག་སྟེ་སྣང་བའི་འདུ་ཤེས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང༌། མཚན་མོའི་ཐུན་ཐ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །ཤེས་བཞིན་དུ་
སྤྱོད་པ་ཉིད་གང་ཞེ་ན། དེ་ལྟར་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གྱུར་པ་དེ་འགྲོ་བ་དང༌། ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང༌། ཆུང་ཟད་བལྟས་པ་དང༌། རྣམ་པར་བལྟས་པ་དང༌། བསྐུམ་པ་དང༌། བརྐྱང་བ་དང༌། སྣམ་སྦྱར་དང༌། ཆོས་གོས་དང༌། ལྷུང་བཟེད་བཅངས་པ་དང༌། ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་དང༌། སོང་བ་དང༌། སྡོད་པ་དང༌། འདུག་པ་དང༌། ཉལ་བ་དང༌། མི་ཉལ་བ་དང༌། སྨྲ་བ་དང༌། མི་སྨྲ་བ་དང༌། གཉིད་ཀྱིས་སྙོམ་པ་བསང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །དེ་ནས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་རབ་ཏུ་དཀོན་ན་དབང་པོ་སྡོམ་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་དཀོན་པར་བསྟན་ཏེ། དགེ་བའི་བཤེས་གཉེན་གང་ཞེ་ན། རྒྱུ་རྣམ་པ་བརྒྱད་ཀྱིས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། ཚུལ་ཁྲིམས་ལ་གནས་པ་དང༌། མང་དུ་ཐོས་པ་དང༌། རྟོག་པ་དང་ལྡན་པ་དང༌། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་དང༌། བཟོད་པ་དང་ལྡན་པ་དང༌། མི་འཇིགས་པ་དང་ལྡན་པ་དང༌། ཚིག་གི་བྱ་བ་དང་ལྡན་པ་ཡིན་ནོ། །དམ་པའི་ཆོས་ཉན་ཅིང་སེམས་པ་གང་ཞེ་ན། དམ་པ་སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྟན་པའི་ཆོས་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དག་འཛིན་ཅིང་ཚིག་འབྲུ་དང་དོན་ཉན་པ་དང༌། གཅིག་ཏུ་དབེན་པར་སོང་སྟེ་བསམ་གྱིས་མི་ཁྱབ་པའི་གནས་རྣམས་སྤངས་ནས་ཇི་སྐད་ཐོས་པ་དེ་དག་ཉིད་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང༌། གཞལ་བའི་རྣམ་པར་རིགས་པས་ཡོན་ཏན་དང༌། སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་པར་བྱེད་པ་ཡིན་ནོ། །བར་ཆད་མེད་པ་གང་
ཞེ་ན། ནང་ལ་བརྟེན་པའི་བར་ཆད་དང༌། ཕྱི་རོལ་ལ་བརྟེན་པའི་བར་ཆད་མེད་པ་སྟེ། དེ་ལ་ནང་ལ་བརྟེན་པའི་བར་ཆད་ནི་སྔོན་བསོད་ནམས་མ་བྱས་པའི་ཕྱིར་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་བ་དག་དུས་དུས་སུ་རྙེད་པར་མི་འགྱུར་བ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཤས་ཆེ་ཞིང་ཡུན་རིང་བ་དང༌། སྔོན་ནད་མང་བར་འགྱུར་བའི་ལས་བྱས་པས་ནད་མང་བ་དང༌། ཚེ་འདི་ལ་མི་མཐུན་པར་སྤྱད་པས་དེའི་ལུས་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་འཁྲུག་ཅིང་གསུད་པ་ལ་སོགས་པར་འགྱུར་བ་དང༌། ཟས་ལ་གདུ་བ་དང༌། དོན་མང་བ་དང༌། བྱ་བ་མང་བ་དང༌། ཚོགས་འདུ་བ་མང་བ་དང༌། ལས་ལ་དགའ་བ་དང༌། སྨྲ་བ་ལ་དགའ་བ་དང༌། གཉིད་ལ་དགའ་བ་དང༌། བྲེ་མོ་གཏམ་ལ་དགའ་བ་དང༌། འདུ་འཛི་ལ་དགའ་བ་དང༌། བདག་ཉིད་རབ་ཏུ་འཛིན་པ་དང༌། མི་བརྟན་པ་དང༌། བག་མེད་པ་དང༌། ཡུལ་ངན་པར་སྐྱེས་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་གོ །ཕྱི་རོལ་ལ་བརྟེན་པའི་བར་ཆད་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་ཅིང༌། དེ་ལས་རྗེས་སུ་མཐུན་པའི་གདམས་ངག་དང་རྗེས་སུ་བསྟན་པ་དུས་དུས་སུ་མི་འཐོབ་པ་དང༌། ཡུལ་ངན་པར་གནས་པས་ཉིན་མོ་མི་སྡུག་པ་མང་བ་དང༌། མཚན་མོ་སྐྱེ་བོ་མང་པོ་རྟག་ཏུ་སྒྲ་འབྱིན་ཅིང་ཅ་ཅོ་མང་ལ་ཀླག་ཅོར་ཆེ་བ་དང༌། རླུང་དང་ཉི་མའི་རེག་པ་གྲང་ཞིང་ཚ་བ་དང༌། མི་དང་མི་མ་ཡིན་པས་འཇིགས་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་གོ །གཞན་ཡང་བར་ཆད་རྣམ་པ་གསུམ་སྟེ། སྦྱོར་བའི་བར་ཆད་དང༌། རབ་ཏུ་དབེན་པའི་བར་ཆད་དང༌། ནང་དུ་ཡང་དག་འཇོག་གི་བར་ཆད་དག་མེད་པ་ནི་བར་ཆད་མེད་པ་ཡིན་ནོ། །གཏོང་བ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྤྱིན་པ་སྦྱིན་པར་བྱེད་པ་སྟེ། དེ་ཡང་སུས་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད། ཅིས་སྦྱིན་པར་བྱེད། ཅི་ལྟར་སྦྱིན་པར་བྱེད། ཅིའི་ཕྱིར་སྦྱིན་པར་བྱེད་ཅིང༌། གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། སྦྱིན་པ་པོ་དང༌། སྦྱིན་བདག་གིས་སྦྱིན་པར་བྱེད་དོ། །སུ་ལ་
སྦྱིན་པར་བྱེད་ཅེ་ན་བཞི་ལ་སྟེ། སྡུག་བསྔལ་བ་དང༌། ཕན་འདོགས་པ་དང༌། སྡུག་པ་དང༌། ཁྱད་པར་ཅན་ལ་སྦྱིན་པར་བྱེད་དོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པའི་དངོས་པོ་སྦྱིན་པར་བྱེད་དོ། །ཅིས་སྦྱིན་པར་བྱེད་ཅེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཆགས་པ་མེད་པ་དང་ལྡན་པའི་སེམས་པ་གང་ཡིན་པ་དང༌། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏང་བར་བྱ་བའི་ཕྱིར་རང་གི་རྒྱུད་དང་གཞན་གྱི་རྒྱུད་ལ་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་གང་ཡིན་པ་དེས་སྦྱིན་པར་བྱེད་དོ། །ཇི་ལྟར་སྦྱིན་པར་བྱེད་ཅེ་ན། མ་འོངས་པ་ལ་ལྟ་བ་དང༌། འབྲས་བུ་མཐོང་བའི་དད་པས་སྦྱིན་བར་བྱེད་པ་དང༌། འདུད་པའི་སེམས་ཀྱིས་གུས་པར་སྦྱིན་པར་བྱེད་པ་དང༌། བརྙས་པ་མེད་པར་རང་གི་ལག་ནས་སྦྱིན་པར་བྱེད་པ་དང༌། གཞན་ལ་མཁོ་བའི་དུས་སུ་སྦྱིན་པར་བྱེད་པ་དང༌། ཆོས་དང་མཐུན་པ་དང༌། གཟུ་ལུམས་མ་ཡིན་པར་ལེགས་པ་བསྒྲུབས་ཏེ། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པ་དང༌། གཙང་བ་དང༌། བཟང་པོ་དང༌། དམ་པ་དང༌། རུང་བ་སྦྱིན་པར་བྱེད་པ་དང༌། སེར་སྣའི་དྲི་མ་དང་གསོག་འཇོག་གི་དྲི་མ་བསལ་ཏེ་སྦྱིན་པར་བྱེད་པ་དང༌། སྦྱིན་པའི་སྔ་རོལ་དུ་ཡང་ཡིད་དགའ་བ་ལ་སྦྱིན་པའི་ཚེ་ན་ཡང་རབ་ཏུ་དང་བར་བྱེད་ཅིང་བྱིན་ནས་ཀྱང་འགྱོད་པ་མེད་པར་འགྱུར་བ་དེ་ལྟར་སྦྱིན་པར་བྱེད་དོ། །ཅིའི་ཕྱིར་སྤྱིན་པར་བྱེད་ཅེ་ན། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་ཕྱིར་དང༌། ཕན་འདོགས་པ་རྣམས་ལ་བྱས་པ་གཟོ་བའི་ཕྱིར་དང༌། སྡུག་པ་རྣམས་ལ་བྱམས་པ་དང་གུས་པ་དང་གཅུགས་པའི་ཕྱིར་དང༌། ཁྱད་པར་ཅན་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་འདོད་པའི་ཕྱིར་སྦྱིན་པར་བྱེད་དོ། །གང་གིས་དེའི་སྦྱིན་པ་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཞེ་ན། དེ་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་རྣམ་པ་དེ་དག་གིས་ཁྱིམ་པའམ་རབ་ཏུ་བྱུང་བ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན་སྦྱིན་པ་དེ་ནི་ཁ་ན་མ་ཐོ་བ་མེད་པར་འགྱུར་བ་ཡིན་ཏེ། དེ་ནི་གཏོང་བ་སྤེལ་བ་ཞེས་བྱའོ། །དགེ་སྦྱོང་གི་རྒྱན་གང་ཞེ་ན། མདོར་
བསྡུ་ན་རྣམ་པ་བཅུ་བདུན་ཏེ། དད་པ་དང་ལྡན་པ་དང༌། གཡོ་མེད་པ་དང༌། ནད་ཉུང་བ་དང༌། བརྩོན་འགྲུས་བརྩམས་པའི་རང་བཞིན་ཅན་དང༌། ཤེས་རབ་རྣོ་བ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། མཛེས་པ་དང༌། དྲོད་རིག་པ་དང༌། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང༌། མཁས་པའི་རྟགས་དང་ལྡན་པ་དང༌། བཟོད་པ་ཆེ་བ་དང༌། དེས་པ་དང༌། གྱ་ནོམ་པ་ཡིན་ནོ། །དེས་ནི་དགེ་བའི་བཤེས་གཉེན་ཡང་ཤིན་ཏུ་རྙེད་པར་དཀའ་ན་དམ་པའི་ཆོས་ཉན་ཅིང་སེམས་པ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་ཚོགས་ཀྱི་ལམ་དཀོན་པས་དེ་འབྲས་བུ་དང་བཅས་པར་བྱ་དགོས་པའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །ཚོགས་ཀྱི་ལམ་རྙེད་པས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །མི་དང་རབ་ཏུ་བྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ན། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །ཞེས་བྱ་བས་ནི་གཞན་གྱི་འབྱོར་པ་རྙེད་པ་བསྟན་ཏོ། །མི་དང་ཞེས་བྱ་བས་ནི་བདག་གི་འབྱོར་པ་རྙེད་པ་བསྟན་ཏོ། །རབ་ཏུ་བྱུང་བ་དང་ཞེས་བྱ་བས་ནི་དགེ་བའི་ཆོས་ལ་འདུན་པ་རྙེད་པ་བསྟན་ཏོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །ཞེས་བྱ་བས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང༌། དབང་པོའི་སྡོམ་པ་དང༌། ཟས་ཀྱི་ཚོད་རིག་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་ཉིད་དང༌། ཤེས་བཞིན་དུ་སྤྱོད་པ་ཉིད་རྙེད་པ་བསྟན་ཏོ། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན་དང༌། དམ་པའི་ཆོས་ཉན་ཅིང་སེམས་པ་དང༌། བར་ཆད་མེད་པ་དང༌། གཏོང་བ་སྤེལ་བ་དང༌། དགེ་སྦྱོང་གི་རྒྱན་རྙེད་པ་བསྟན་ཏོ། །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་དེས་ནི་ཚོགས་ཀྱི་
ལམ་རྙེད་པས་དེའི་འབྲས་བུ་དང་བཅས་པར་བྱ་དགོས་པའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བའི་དབང་དུ་མཛད་ནས། མཁས་པ་བདག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་བཅས་བྱེད་འདོད་པ། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་བར་བྱ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། མཁས་པ་ཞེས་བྱ་བ་ནི་མཁས་པའི་རྟགས་དང་ལྡན་པ་སྟེ། ལུས་ཀྱིས་ལེགས་པར་བྱ་བ་བྱད་པ་དང༌། ངག་གིས་ལེགས་པར་སྨྲ་བ་བརྗོད་པ་དང༌། ཡིད་ཀྱིས་ལེགས་པར་བསམ་པ་སེམས་པའོ། །བདག་ལ་ལེགས་འདོད་ཅིང་ཞེས་བྱ་བ་ནི་བདག་ཉིད་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་འབྲས་བཅས་བྱེད་འདོད་པ། །ཞེས་བྱ་བ་ནི་ཚོགས་ཀྱི་ལམ་དེ་དག་འབྲས་བུ་དང་བཅས་པར་བྱེད་འདོད་པ་སྟེ། སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་ཐོབ་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །སྡོམ་བརྩོན་རྣམས་ཀྱིས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་སོ་སོར་ཐར་པ་མཉན་པའི་ཕྱིར་འབད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཐོས་པ་དང༌། གཟུང་བ་དང༌། འཛིན་པ་དང༌། བསྒྲུབ་པ་ལ་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཚིགས་སུ་བཅད་པ་གཅིག་པོ་དེས་ནི་ཚོགས་ཀྱི་ལམ་རྙེད་པས་ནན་ཏན་བྱ་བའི་སྒོ་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱ་བ་བསྟན་ཏོ། །བདག་གི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པ་བསྟན་བའི་ཕྱིར། དགེ་སློང་དབང་དུལ་ཀུན་དབང་པོ། །ཞེས་བྱ་བ་གསུངས་ཏེ། དབང་དུལ་ཞེས་བྱ་བ་ནི་མིག་ལ་སོགས་པ་དབང་པོ་ལྔ་པོ་དག་བསྲུངས་པ་སྟེ། མིག་གིས་གཟུགས་མཐོང་ན་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཅིང༌། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བར་མི་འགྱུར་བ་ལ་སོགས་པའོ། །ཀུན་དབང་པོ་ཞེས་བྱ་བ་ནི་གནས་སྐབས་མཉམ་པ་ལ་འཇོག་པ་སྟེ། དབང་པོ་དང༌། དམིགས་པ་དང༌། ཡུལ་དང༌། དུས་དང༌། གང་ཟག་ལ་སོགས་པའི་གནས་སྐབས་ཐམས་ཅད་ལ་དབང་པོ་དུལ་བར་བྱེད་པའོ། །དེས་ནི་བདག་ཉིད་ཀྱི་
བསམ་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པར་བྱེད་པ་ནི་བདག་ཉིད་ལ་བརྟེན་ཏེ་ངོ་ཚ་ཤེས་པ་སྐྱེ་བའི་སྒོ་ནས་བདག་གི་དབང་དུ་བྱས་ཏེ་སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །གཞན་གྱི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པ་བསྟན་པའི་ཕྱིར། སངས་རྒྱས་མི་འགྱུར་རབ་བྱུང་བ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཞེས་སྨོས་པ་ནི་སངས་རྒྱས་ལས་སམ་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་ཞེས་བྱ་བར་སྤྱར་རོ། །མི་འགྱུར་ཞེས་བྱ་བ་ནི་ངེས་ཤིང་འཁྲུལ་པ་མེད་པ་སྟེ། བུ་ལོན་གྱིས་འཇིགས་པའམ། འཚོ་བ་མེད་པས་འཇིགས་པའམ། རྒྱལ་པོས་འཇིགས་པ་ལ་སོགས་པས་རབ་ཏུ་བྱུང་བ་མ་ཡིན་གྱི་ཚུལ་ཁྲིམས་དང་པོ་ཉིད་ནས་ཡང་དག་པར་བླངས་པའི་ཡོན་ཏན་དང་ལྡན་པའོ། །རབ་བྱུང་བ་ཞེས་བྱ་བ་ནི་ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་ཏེ་མགོ་བྲེགས་པའོ། །དེས་ནི་ཕ་རོལ་ལས་སེམས་ལེགས་པར་ཡང་དག་པར་བླངས་པའི་ཕྱིར་དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པར་བྱེད་པ་ན་ཕ་རོལ་ལ་བརྟེན་ཏེ་ཁྲེལ་ཡོད་པ་སྐྱེ་བའི་སྒོ་ནས་གཞན་གྱི་དབང་དུ་བྱས་ཏེ་སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །ཆོས་ཀྱི་དབང་དུ་བྱས་ནས་སོ་སོར་ཐར་པ་བསྒྲུབ་པ་བསྟན་པའི་ཕྱིར། ངེས་པར་ཐར་པ་འདོད་རྣམས་ཀྱིས། །ཞེས་བྱ་བ་གསུངས་ཏེ། ངེས་པར་ཐར་པ་ཞེས་བྱ་བ་ནི་མྱ་ངན་ལྡས་འདས་པ་སྟེ། སྡུག་བསྔལ་གཏན་སྤངས་པའི་ཕྱིར་རོ། །འདོད་རྣམས་ཀྱིས་ཞེས་བྱ་བ་ནི་དོན་དུ་གཉེར་བ་རྣམས་ཀྱིས་སོ། །དེས་ནི་ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པའི་ཕྱིར་དགེ་སློང་ཚུལ་ཁྲིམས་རྣམས་ལས་བསླབ་པ་ཉམས་པས་ན་འགྱོད་པ་མེད་པའི་སྒོ་ནས་ཆོས་ཀྱི་དབང་དུ་བྱས་ཏེ། སོ་སོར་ཐར་པ་བསྒྲུབ་པར་བྱ་བ་བསྟན་ཏོ། །བསྒྲུབ་པའི་མཚན་ཉིད་ཀྱིས་སོ་སོར་ཐར་པ་བསྒྲུབ་པ་བསྟན་པའི་ཕྱིར། །སོ་སོར་ཐར་པ་རྟག་ཏུ་བསྲུངས། །ཞེས་བྱ་བ་གསུངས་ཏེ། རྟག་ཏུ་བསྲུངས་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་ཉམས་པར་མི་འགྱུར་བར་གུས་པ་སྐྱེད་ཅིང་ཞེས་བྱ་བའི་ཐ་ཚིག་གོ །དེས་ནི་མི་ཉམས་པར་བྱ་བའི་ཕྱིར་གུས་པ་སྐྱེས་ནས་དྲན་
པ་ཉེ་བར་གནས་པའི་ཕྱིར་དགེ་སློང་ཚུལ་ཁྲིམས་ཡང་དག་པར་བླངས་པ་བསྲུངས་པའི་སྒོ་ནས་བསྒྲུབ་པའི་མཚན་ཉིད་ཀྱིས་སོ་སོར་ཐར་པ་བསྟན་ཏོ། །གླེང་བསླང་བའི་མཚན་ཉིད་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཡང་དག་པར་བརྩམས་པའི་མཚན་ཉིད་བཤད་པར་བྱ་སྟེ། ཡང་དག་པར་བརྩམས་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་གཞུང་རྒྱས་པ་ཡང་དག་པར་བརྩམ་པའོ། །དེ་ཡང་སོ་སོར་ཐར་པ་རྙེད་དཀའ་བ་དང༌། དཀོན་མཆོག་གསུམ་འབྱུང་བ་བདེ་བལ་སོགས་པའི་སྒོ་ནས་ཡང་དག་པར་བརྩམས་དགོས་པས་དེའི་ཕྱིར། བསྐལ་བ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་གསུངས་སོ། །དེ་ལ་འདིར་ཡང་ཚིགས་སུ་བཅད་པ་དྲུག་པོ་དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ་དང༌། འབྲེལ་པ་དང༌། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་སོ་སོར་ཐར་པ་ལ་གུས་པར་བྱ་བའོ། །དགོས་པ་ནི་གུས་པར་བྱེད་པའོ། །འབྲེལ་པ་ནི་གུས་པར་བྱ་བ་དེ་ཡང་ཡང་དག་པར་བརྩམས་པ་འདིས་བྱེད་པས་ཡང་དག་པར་བརྩམས་པའི་ཚིགས་སུ་བཅད་པའི་ཐབས་འདི་དང༌། དོགས་པ་ཐབས་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པ་ལ་གུས་པར་གྱུར་ནས་སོ་སོར་ཐར་བ་ཡང་དག་པར་བརྩམ་པར་འདོད་པས་སོ་སོར་ཐར་པའི་གཞུང་རྒྱས་པ་ཉན་པ་ལ་སོགས་པ་བྱེད་པའོ། །དེ་ལ་ཚིགས་སུ་བཅད་པ་དྲུག་པོ་འདི་དག་གི་བསྡུས་པའི་དོན་ནི་རྣམ་པ་བདུན་ཏེ། སོ་སོར་ཐར་པ་རྙེད་དཀའ་བ་དང༌། དཀོན་མཆོག་གསུམ་འབྱུང་བ་བདེ་བ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ་དང༌། སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་དང༌། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་དང༌། ཐོབ་པར་བྱ་བ་དང༌། དེ་བསྒྲུབ་པ་བདེ་བ་དང། སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའོ། །དེ་ལ། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སོ་སོར་ཐར་པ་རྙེད་དཀའ་བ་བསྟན་ཏོ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་
བཅད་པ་གཅིག་གིས་ནི་དཀོན་མཆོག་གསུམ་འབྱུང་བ་བདེ་བ་བསྟན་ཏོ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་བྱ་བས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ་བསྟན་ཏོ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བས་ནི་སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་བསྟན་ཏོ། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ་བསྟན་ཏོ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཐོབ་པར་བྱ་བ་དང༌། དེ་སྒྲུབ་པ་བདེ་བ་བསྟན་ཏོ། །དེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བ་བསྟན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་སོ་སོར་ཐར་པ་རྙེད་དཀའ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། །གཟུང་དང་འཛིན་བ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། བསྐལ་བ་ཞེས་བྱ་བ་ནི་དུས་ཀྱི་བྱེ་བྲག་བསྐལ་པ་ཆེན་པོ་སྟེ། བསྐལ་པར་བྱེད་པས་བསྐལ་པའོ། །བྱེ་བ་ཞེས་བྱ་བ་ནི་གྲངས་ཀྱི་བྱེ་བྲག་སྟེ་གནས་བརྒྱད་པའོ། །རྣམས་སུ་ཡང་ཞེས་བྱ་བ་ནི་བྱེ་བྲག་བ་གྲངས་པ་དག་གིས་ཀྱང་བརྒྱལ་རྙེད་པར་དཀའ་བས་མང་པོའི་ཚིག་ཏུ་བསྟན་ཏོ། །སོ་སོར་ཐར་པ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་མཚན་ཉིད་དོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་ཚིག་གི་བདག་ཉིད་ཐོས་པའོ། །གཟུང་ཞེས་བྱ་བ་ནི་དེའི་རྗེས་ལས་ཐོབ་པ་ཡིད་ཀྱི་རྣམ་པར་ཤེས་པས་ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཡོངས་སུ་གཅོད་པའོ། །འཛིན་པ་ཞེས་བྱ་བ་ནི་ཚིག་དང་དོན་གྱི་བདག་ཉིད་བཟུང་བ་དེ་མི་བརྗེད་པའོ། །རྙེད་དཀའ་སྟེ་ཞེས་བྱ་བ་ནི་དེ་གསུམ་ཆར་ཡང་རྙེད་པར་དཀའ་སྟེ།
རྒྱ་མཚོ་ཆེན་པོར་གཉའ་ཤིང་གི་མིག་ཏུ་རུས་སྦལ་ཞར་བའི་མགྲིན་པ་ཆུད་པའི་ཚུལ་གྱིས་གཞན་གྱི་འབྱོར་པ་དང༌། བདག་གི་འབྱོར་པ་ལ་སོགས་པ་རྙེད་པར་དཀའ་བས་བསྐལ་པ་ཆེན་པོ་བྱེ་བ་ཕྲག་བགྲངས་པ་འདས་པས་ཀྱང་དེ་དག་རྙེད་དཀའ་བའི་ཕྱིར་རོ། །སྒྲུབ་པ་ཞེས་བྱ་བ་ནི་སོ་སོར་ཐར་པ་རྟོགས་པའི་དོན་ལུས་དང་ངག་དང་ཡིད་དག་གིས་ཡང་དག་པར་སྒྲུབ་ཅིང་ནན་ཏན་བྱེད་པའོ། །དེའང་སྔ་མ་དེ་གསུམ་པས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། ཡང་དག་པར་བསྒྲུབ་པ་ནི་མངོན་པར་བརྩོན་པ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པ་བརྗོད་པར་བྱས། གུས་པར་ཉོན་ཅིག །ཐོས་ནས་ཀྱང་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་ཅིང་ནན་ཏན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་ལུང་དང་རྟོགས་པའི་སྒོ་ནས་སོ་སོར་ཐར་པ་རྙེད་དཀའ་བས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏེ། ཐོས་པ་དང་གཟུང་བ་དང་འཛིན་པ་རྙེད་པར་དཀའ་བ་ནི་ལུང་གི་སྒོ་ནས་རྙེད་དཀའ་བ་ཡིན་ཏེ། སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ་བ་ནི་རྟོགས་པའི་སྒོ་ནས་རྙེད་པར་དཀའ་བ་ཡིན་ནོ། །དཀོན་མཆོག་གསུམ་འབྱུང་བར་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམས་པའི་དབང་དུ་མཛད་ནས། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལ། སངས་རྒྱས་འབྱུང་བ་ཞེས་བྱ་བ་ནི་རྫོགས་པར་བྱང་ཆུབ་པའི་ཚེ་ཡང༌། ཕྱིས་འབྱུང་བའི་ཚུལ་གྱིས་བལྟམ་པའི་ཚེའོ། །དེ་བདེ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང༌། འབྲས་བུ་བདེ་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་མི་བདེའོ་ཞེས་བྱ་བ་དང་འདྲ་བར་སངས་རྒྱས་རྣམས་འབྱུང་བ་བདེ་བ་ཡིན་ནོ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་བསྟན་པ་ཡང་བདེ་བའི་རྒྱུ་ཡིན་པ་དང༌། འབྲས་བུ་བདེ་བར་འགྱུར་བས་
བདེ་བ་ཡིན་ནོ། །དགེ་འདུན་མཐུན་པ་བདེ་བ་སྟེ། །ཞེས་བྱ་བ་ནི་སྐྱེས་བུ་གང་ཟག་བརྒྱད་ཀྱི་བདག་ཉིད་ཀྱི་དགེ་འདུན་ཚུལ་ཁྲིམས་དང་ལྟ་བ་དང༌། ཆོ་ག་དང་འཚོ་བ་མཐུན་པས་རོ་གཅིག་ཅིང་བྱ་བ་གཅིག་ཏུ་གྱུར་པ་ཡང་བདེ་བའི་རྒྱུ་ཡིན་པ་དང༌། འབྲས་བུ་བདེ་བར་འགྱུར་བས་བདེ་པ་ཡིན་ནོ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པ་གསུམ་པོ་དག་ལ་རྗེས་སུ་བསྒྲུབ་པའི་དཀའ་ཐུབ་ཉོན་མོངས་པ་དང༌། ཉེས་པ་སྤྱད་པ་གདུང་བར་བྱེད་པ་ཡང་བདེ་བའི་རྒྱུ་ཡིན་པ་དང་འབྲས་བུ་བདེ་བར་འགྱུར་བས་བདེ་པ་ཡིན་ནོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་དཀོན་མཆོག་གསུམ་འབྱུང་བ་དང༌། དེ་དག་གི་འབྲས་བུ་བདེ་བ་ཉིད་ཡིན་པས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམས་པའི་དབང་དུ་མཛད་ནས། འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་བྱ་བ་གསུངས་ཏེ། འཕགས་པ་རྣམས་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་སོགས་པ་དག་སྟེ། སྡིག་པ་དག་ལས་རིང་ངུ་སོང་བའི་ཕྱིར་འཕགས་པ་ཞེས་བྱའོ། །མཐོང་བ་བདེ་ཞེས་བྱ་བ་ནི་དེ་དག་དགེ་བའི་བཤེས་གཉེན་ཉིད་དུ་མཐོང་ན་བདེ་བའི་རྒྱུར་འགྱུར་རོ། །དམ་པ་དག་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ནང་ན་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དག་སྟེ། གཞན་ལ་ཕན་འདོགས་ཤིང་ངེས་པའི་ཕྱིར་དམ་པ་ཞེས་བྱའོ། །འགྲོགས་པ་བདེ་ཞེས་བྱ་བ་ནི་ལྷན་ཅིག་མཚུངས་པར་གནས་ན་བདེ་བའི་རྒྱུར་འགྱུར་བའོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་འཕགས་པའི་མཐོང་བ་དང༌། དམ་པ་དང་འགྲོགས་པ་ནི་ཚེ་འདི་དང་ཕྱི་མའི་བདེ་བ་ཕུན་སུམ་ཚོགས་པའི་སྔོན་དུ་འགྲོ་བ་ཡིན་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །སྡིག་པའི་གྲོགས་པོ་སྤངས་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། བྱིས་པ་རྣམས་ནི་མ་
མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། བྱིས་པ་རྣམས་ཞེས་བྱ་བ་ནི་ཤེས་རབ་འཆལ་པ་ལོག་པར་སྒྲུབ་པ་རྣམས་ཏེ། བྱེས་པའི་རྟགས་དང་ལྡན་པའི་ཕྱིར་རོ། །མ་མཐོང་ན། རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་སྡིག་པའི་གྲོགས་པོ་དང་མ་འགྲོགས་ན་རྣམ་པ་ཐམས་ཅད་དུ་བདེ་བར་འགྱུར་བའོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་སྡིག་པའི་གྲོགས་པོ་སྤངས་པ་བདེ་བའི་སྒོ་ན་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །ཞེ་བྱ་བ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ནི་རྣམ་པ་གཉིས་ཏེ། ཉེ་བར་བརྟགས་པ་དང་དོན་དམ་པའོ། །ཉེ་བར་བཏགས་པ་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང༌། ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །དེ་ལ་ཞི་གནས་ཀྱི་ཡན་ལག་ལ་གནས་པ་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་ལ་གནས་ནས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །དེ་མཐོང་བ་བདེ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ནི་གཞན་ལ་གནོད་པའི་བསམ་པ་ལ་ལོག་པ་ལས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལྷག་མཐོང་གི་ཡན་ལག་ལ་གནས་པ་ནི་མང་དུ་ཐོས་པ་ཞེས་བྱ་བས་བསྟན་ཏེ། མང་དུ་ཐོས་ན་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་མཐོང་བ་བདེ་བ་ནི་ཐོས་པ་དང་ལྡན་པ་ནི་ཐོས་པའི་སྟོབས་ཀྱི་ལྟ་བ་དང་འགྱོད་པ་དང༌། ཐེ་ཚོམ་སེལ་བས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་དམ་པ་ནི། ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་ཞེས་བྱ་བ་བསྟན་ཏེ། ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཁོར་བར་ཡང་མི་སྐྱེ་བའི་ཆོས་ཉིད་ཀྱིས་རྣམ་པར་གྲོལ་བ་བསྟན་ཏོ། །དགྲ་བཅོམ་པ་ཞེས་བྱ་བས་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་བསྟན་ཏེ། དགྲ་བཅོམ་པ་ཞེས་བྱ་བས་ནི་སྒྲ་འོས་
པ་ལ་སོགས་པའི་དོན་གཞན་དུ་ཡང་འདྲེན་པས་དགྲ་བཅོམ་པའི་འབྲས་བུ་དང་ལྡན་པ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར། ཡང་སྲིད་རྣམ་པར་གྲོལ་བ་ཞེས་བྱ་བ་སྨོས་སོ། །དེ་དག་མཐོང་བ་བདེ་བ་ཡིན། །དགྲ་བཅོམ་པ་ཐོབ་པ་ནི་དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པ་ཡིན་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་ནས་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །ཐོབ་པར་བྱ་པ་དང་དེ་སྒྲུབ་པ་བད་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། འཇུག་དོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ཐོབ་པར་བྱ་བ་ནི་རྣམ་པར་གྲོལ་བའོ། །དེ་སྒྲུབ་པ་ནི་གང་ཟག་རྣལ་འབྱོར་པའོ། །དེ་ལ་ཐོབ་པར་བྱ་བ་བདེ་བ་ནི། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་བསྟན་ཏེ། དཔེར་ན་ཆུ་ཀླུང་འཇུག་ངོགས་ཀྱི་ཆུ་ཀ་བདེ་ན་ཆུ་བླང་སླ་བ་དེ་བཞིན་དུ་རྣམ་པར་གྲོལ་བའི་ཆུ་ཀླུང་གི་འཇུག་དོགས་ཀྱི་ལམ་འདོད་པའི་བསོད་སྙོམས་ཀྱི་མཐའ་དང་བདག་ཉིད་ངལ་བའི་མཐའ་གཉིས་རྣམ་པར་སྤངས་པས་བདེ་བའི་ཡང་རྣམ་པར་གྲོལ་པའི་ཆུ་བླང་སླ་སྟེ། དེས་ནི་ཐོབ་བར་བྱས་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །དེ་སྒྲུབ་པར་བྱེད་པ་བདེ་བ་ནི། ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཞེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་གསུམ་གྱིས་བསྟན་ཏེ། ཆོས་ལ་གོམས་པ་ཞེས་བྱ་བ་ནི་དགེ་པའི་ཆོས་ལ་གོམས་པ་སྟེ། དེས་ནི་ཚོགས་ཀྱི་ལ་མ་དང་སྦྱོར་པའི་ལམ་སྒྲུབ་པར་བྱེད་པ་བསྟན་ཏོ། །དེ་བདེ་བ་ནི་རྣམ་པར་གྲོལ་བའི་བདེ་བ་འཐོབ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་རབ་ཐོབ་པར་གྱུར་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཐོབ་པར་གྱུར་བ་སྟེ། དེས་ནི་རྣམ་པར་དག་པའི་ལམ་སྒྲུབ་བར་བྱེད་པ་བསྟན་ཏོ། །དེ་བདེ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་རྣམ་པར་གྲོལ་བའི་བདེ་བ་ཉིད་ཐོབ་པའི་ཕྱིར་རོ། །
ངའོ་ང་རྒྱལ་ཟད་པ་བདེ། །ཞེས་བྱ་བ་ནི་ཁམས་གསུམ་བའི་འདོད་ཆགས་དང་བྲལ་བ་སྟེ། དེས་ནི་མི་སློབ་པའི་ལམ་སྒྲུབ་པར་བྱེད་བ་བསྟན་ཏོ། །དེ་བདེ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཉིད་མངོན་སུམ་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་ཐོབ་པར་བྱ་བ་དང༌། དེ་སྒྲུབ་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པའི་དབང་དུ་མཛད་ནས། དེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་གང་ཟག་རྣལ་འབྱོར་པ་སྟེ། དེ་ནི། ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །ཅེས་བྱ་བ་དང། མང་དུ་ཐོས་པ་ཞེས་བྱ་བས་བསྟན་ཏོ། །སྦྱངས་པའི་ཡོན་ཏན་དང་ལྡན་པ་ནི་དགོན་པ་པ་དང་ཤིང་དྲུང་པ་ལ་སོགས་པ་བཅུ་གཉིས་ཏེ། དེ་ནི། དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང༌། །ཞེས་བྱ་བ་དང༌། ནགས་ཀྱི་ནང་དག་ཏུ། ལང་ཚོ་ཡོལ་བ་རྣམས་ཞེས་བྱ་བས་བསྟན་ཏོ། །དེ་བདེ་བ་ནི་གནས་པ་བདེ་ཞེས་བྱ་བས་བསྟན་ཏོ། །དེ་ལ་ངེས་བར་བྱས་ཤིང་ཞེས་བྱ་བས་ནི་སྦྱངས་པའི་ཡོན་ཏན་རྣམ་པར་དག་པ་བསྟན་ཏེ་བསམ་པ་དེས་པར་བླངས་ཤིང་མངོན་པར་བརྩོན་པ་བྱས་པའི་ཕྱིར་རོ། །དབང་པོ་ཐུལ་བ་དག་ཅེས་བྱ་བས་ནི་ཡོངས་སུ་དག་པ་བསྟན་ཏེ། དབང་པོ་སྡོམ་པ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག་དགོན་པ་ཞི་བ་རྣམས་སུ་རྒས་པར་གྱུར་པའི་གནས་བདེའོ་ཞེས་བྱ་བར་སྦྱར་ཏེ། དགོན་པ་ཞིབ་རྣམས་སུ་ཞེས་བྱ་བས་ནི་སྐྱེ་བོ་མེད་པ་ཉིད་ཀྱི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །རྒས་གྱུར་ཞེས་བྱ་བ་ནི་རབ་ཏུ་དཔེན་བ་དང་སེམས་རྩེ་གཅིག་པ་ཉིད་ལ་ངེས་བར་སྤྱོར་བའི་རིམ་གྱིས་སོ། །མང་དུ་ཐོས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་གྱི་བསྟན་བཅོས་དག་ཐོས་པ་སྟེ། དེས་ནི་དགོན་པ་ཞི་བ་རྣམས་སུ་རྒས་པར་གྱུར་པ་དེ་འབྲས་བུ་དང་བཅས་པར་བསྟན་ཏེ། མང་དུ་
ཐོས་པ་དགོན་པར་གནས་པ་ནི་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་གྱི་མི་འགྱུར་བའི་ཕྱིར་རོ། །ནགས་ཀྱི་ནང་དག་ཏུ་ཞེས་བྱ་བ་ནི་གནས་མལ་ཤིང་དྲུང་བསྟན་ཏོ། །ལང་ཚོ་ཡོལ་བ་རྣམས་ཞེས་བྱ་བ་ནི་གཞོལ་པ་ཉིད་ཟད་པར་བྱས་པ་རྣམས་སོ། །དེ་རྣམས་ཀྱི་གནས་པ་བདེ་ཞེས་བྱ་བ་ནི་གསོན་པ་བདེ་བ་སྟེ། ཚེ་འདི་དང་ཕྱི་མ་ལ་བདེ་བ་དང་བདག་དང་གཞན་ལ་བདེ་བ་དང༌། ཚངས་པར་སྤྱོད་པའི་མཐའ་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་དགོན་པ་དང་ནགས་ཀྱི་ནང་ཞེས་སྨོས་པ་ནི་མཚོན་པ་ཙམ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་ཐམས་ཅད་ཀྱང་བསྡུའོ། །དེ་ལྟར་ཚིགས་སུ་བཅད་པ་དེས་ནི་སྒྲུབ་པར་བྱེད་པ་གང་དག་གིས་མངོན་པར་བརྩོན་པར་བྱས་ནས་དབང་པོ་དག་ཐུལ་བ་ན་དགོན་པ་ཞི་བ་གྲོང་ལས་ཐག་རིང་བའི་ཕྱོགས་དག་ཏུ་རྒས་པར་གྱུར་པ་རྣམས་དང༌། གང་དག་མང་དུ་ཐོས་པ་ན་ནགས་ཀྱི་ནང་དག་ཏུ་ལང་ཚོ་གཞོན་པ་ཉིད་ཡོལ་ཞིང་ཟད་པར་བྱས་པ་དེ་རྣམས་ཀྱིས་གནས་པ་ཞེས་བྱ་བར་གསོན་པ་ཉིད་ནི་བདེའོ་ཞེས་སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་བརྩམ་པར་བྱའོ་ཞེས་བསྟན་ཏོ། །ཡང་དག་བར་བརྩམ་པའི་མཚན་ཉིད་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་གཉིས་པ། དེའི་འོག་ཏུ་གཞུང་རྒྱས་པའི་མཚན་ཉིད་བཤད་པར་བྱ་སྟེ། གཞུང་རྒྱས་པའི་མཚན་ཉིད་ཅེས་བྱ་བ་ནི་སོ་སོར་ཐར་པའི་གཞུང་རྒྱས་པའི་མཚན་ཉིད་བསྟན་པའོ། །དེ་ཡང་དུས་དང་པོར་བྱ་བ་དང༌། མདོ་གདོན་པ་བསྟན་དགོས་པས་དེའི་ཕྱིར། ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནས་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་གསུངས་སོ། །དེ་ལ་འདིར་ཡང་གཞུང་རྒྱས་པ་དེ་དག་གི་བརྗོད་པར་བྱ་བ་དང༌། དགོས་པ་དང་འབྲེལ་པ་དང༌། དགོས་པའི་དགོས་པ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི་གཞུང་རྒྱས་པའི་མཚན་ཉིད་དག་གོ །དགོས་པ་ནི་དེ་དག་རྟོགས་པའོ། །འབྲེལ་པ་ནི་
རྟོགས་པ་དེ་ཡང་གཞུང་རྒྱས་པ་འདིས་བྱེད་པས་གཞུང་རྒྱས་པའི་ཐབས་འདི་དང་དགོས་པ་ཐམས་ཅད་ལས་བྱུང་བའི་མཚན་ཉིད་གཉིས་འབྲེལ་པའོ། །དགོས་པའི་དགོས་པ་ནི་སོ་སོར་ཐར་པའི་གཞུང་རྒྱས་པའི་མཚན་ཉིད་ཡོངས་སུ་ཤེས་པས་ཚུལ་ཁྲིམས་རྣམ་པར་དག་ན་འཕགས་པའི་ལམ་བསྒོམ་པས་མྱ་ངན་ལས་འདས་པ་འཐོབ་པའོ། །དེ་ལ་གཞུང་རྒྱས་པའི་མཚན་ཉིད་འདིའི་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། དུས་དང་པོར་བྱ་བ་དང༌། མདོ་གདོན་པའོ། །དེ་ལ་དུས་དང་པོར་བྱ་བ་ནི་མདོ་གདོན་པའི་སྔ་རོལ་དུ་བྱ་བ་སྟེ་ཆོ་གའོ། །དེའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་དང༌། མི་འདུ་བ་དགག་པ་དང༌། མཆོད་ཅིང་ལུང་དབོག་པ་དང༌། ཡང་དག་པར་སྒྲུབ་ཏུ་གཞུག་པ་དང༌། དེའི་ཕན་ཡོན་དང༌། ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའོ།། མདོ་གདོན་པ་ནི་གསོལ་བ་བྱ་བ་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་པ་སྟེ་ལས་སོ། །དེའི་བསྡུས་པའི་དོན་ཡང་རྣམ་པ་དྲུག་སྟེ། གསོལ་བ་དང༌། གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པའི་མཚན་ཉིད་བསྟན་ཏོ། །དེ་ལ་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཅམ་པ་དེ་ཙམ་མོ་ཞེས་བྱ་བ་ནས། བག་ཡོད་པས་འཐོབ་བོ་ཞེས་བྱ་བའི་བར་གྱིས་ནི་སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ། བྱ་བ་ཉུང་བ་ཡིན་པས་ཞེས་བྱ་བ་ནས། དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མི་འདུ་བ་དགག་པ་བསྟན་ཏོ། །ཤཱཀྱ་སེང་གེ་དེ་ལ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་མཆོད་ཅིང་ལུང་འབོགས་པ་བསྟན་ཏོ། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཆེ་བ་གང་དག་ངག་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་
པ་གཅིག་གིས་ནི་དེའི་ཕན་ཡོན་བསྟན་ཏོ། །སུ་ལ་སྲབ་འདི་མེད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསོལ་པ་འབའ་ཞིག་གི་ལས་ཀྱི་ལམ་ནི་གསོལ་བ་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་རྣམས་ཀྱིས་ནི་གླེང་གཞི་གདོན་པ་ལ་སོགས་པ་རིམ་པ་བཞིན་བསྟན་ཏོ། །དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་དག་སོག་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚེ་དང་ལྡན་པ་དག་ཞེས་བྱ་བ་ནི་རྒན་པ་རྣམས་དང་གཞོན་པ་དག་ལ་སྙན་པའི་ཚིག་གིས་འབོད་པའོ། །སོག་རྣམས་ཀྱི་ཞེས་བྱ་བ་ནི་གསོ་སྦྱོང་འདོན་པའི་དུས་ཚིགས་མཚོན་པ་སྟེ། སོ་ག་དང༌། དབྱར་དང༌། སྟོན་དང༌། དགུན་དང༌། དགུན་སྨད་དང༌། དཔྱིད་ཀྱི་དུས་ཚིགས་དྲུག་པོ་གང་གི་ཚེ་སོ་སོར་ཐར་པའི་མདོ་འདོན་པའི་དུས་ཚིགས་དེ་ཉིད་ཀྱི་མིང་སྨོས་པར་བྱ་བ་ཡིན་ནོ། །དེ་ལ་དུས་ཚིགས་དྲུག་པོ་རེ་རེ་ལ་ཡང་ཟླ་བ་གཉིས་གཉིས་ཡོད་པས་མང་པོའི་ཚིག་ཏུ་བྱས་ཏེ། སོ་གའི་དུས་ཚིགས་ནི་དཔྱིད་ཟླ་ཐ་ཆུངས་ཉ་ནས་དབྱར་ཟླ་ར་བ་ཉའི་བར་དང༌། དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་སོ། །དབྱར་གྱི་དུས་ཚིགས་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་དང༌། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་སོ། །སྟོན་གྱི་དུས་ཚིགས་ནི་སྟོན་ཟླ་ར་བ་ཉན་ནས་སྟོན་ཟླ་འབྲིང་པོའི་ཉའི་བར་དང༌། སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་གྱི་དུས་ཚིགས་ནི་སྟོན་ཟླ་ཐ་ཆུངས་ཉ་ནས་དགུན་ཟླ་ར་བའི་ཉའི་བར་དང༌། དགུན་ཟླ་ར་བ་ཉ་ནས་དགུན་ཟླ་འཕྲིང་པོའི་ཉའི་བར་གྱི་ཟླ་བ་གཉིས་སོ། །དགུན་སྨད་ཀྱི་དུས་ཚིགས་ནི་དགུན་ཟླ་འབྲིང་པོ་ཉ་ནས་དགུན་ཟླ་ཐ་ཆུངས་ཉའི་བར་དང༌།
དགུན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་པའི་ཉའི་བར་གྱི་ཟླ་བ་གཉིས་སོ། །དཔྱིད་ཀྱི་དུས་ཚིགས་ནི་དཔྱིད་ཟླ་ར་ཉ་ནས་དཔྱིད་ཟླ་འབྲིང་པོའི་ཉའི་བར་དང༌། དཔྱིད་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་སོ། །དེ་ལ་སོ་གའི་དུས་ཚིགས་ལ་སོ་སོར་ཐར་པ་འདོན་ན་ནི་སོ་ག་རྣམས་ཀྱི་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དབྱར་དང༌། སྟོན་དང༌། དགུན་དང༌། དཔྱིད་ཀྱི་དུས་ཚིགས་ལ་སོ་སོར་ཐར་པ་འདོན་ན་ཡང་དབྱར་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་བྱ་བ་ནི་ཟླ་བ་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འདས་པ་ཇི་ཙམ་པ་དེ་ཙམ་བརྗོད་པར་བྱ་བ་དང༌། ལྷག་མ་ཇི་ཙམ་པ་དེ་ཙམ་བརྗོད་པར་བྱའོ། །དེ་ལ་སོ་གའི་དུས་ཚིགས་ལ་ནི་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། དཔྱིད་ཟླ་ཐ་ཆུངས་གནམ་སྟོང་དང༌། དབྱར་ཟླ་ར་བ་ཉ་དང༌། དབྱར་ཟླ་ར་བ་གནམ་སྟོང་དང༌། དབྱར་ཟླ་འབྲིང་པོ་ཉའོ། །དེ་ལ་དཔྱིད་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་རབ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་བར་བྱའོ། །དབྱར་ཟླ་རབ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཆེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དབྱར་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། དབྱར་ཟླ་འབྲེང་པོའི་གནམ་སྟོང་དང༌། དབྱར་ཟླ་ཐ་ཆུངས་ཉ་དང༌། དབྱར་ཟླ་ཐ་ཆུངས་གནམ་སྟོང་དང༌། སྟོན་ཟླ་ར་བ་ཉའོ། །དེ་ལ་དབྱར་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་
ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དབྱར་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དབྱར་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་སྟོན་གྱི་དུས་ཚིགས་ལ་ཡང་གསོ་སྦྱང་གདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ར་བ་གནམ་སྟོང་དང༌། སྟོན་ཟླ་འབྲིང་པོ་ཉ་དང༌། སྟོན་ཟླ་འབྲིང་པོ་གནམ་སྟོང་དང༌། སྟོན་ཟླ་ཆུངས་ཉ་ལའོ། །དེ་ལ་སྟོན་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་འབྲིང་བོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །སྟོན་ཟླ་བ་ཆུངས་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སྟོན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་གྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ཆུངས་གནམ་སྟོང་དང༌། དགུན་ཟླ་ར་བ་ཉ་དང༌། དགུན་ར་བ་གནམ་སྟོང་དང༌། དགུན་ཟླ་འབྲིང་པོ་ཉའོ། །དེ་ལ་སྟོན་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་
བྱའོ། །དགུན་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དགུན་སྨད་གྱི་དུས་ཚིགས་ལ་ཡང་གསོ་སྤྱོང་འདོན་པའི་དུས་བཞི་ཡོད་དེ། དགུན་ཟླ་འབྲིང་པོའི་གནམ་སྟོང་དང༌། དགུན་ཟླ་ཐ་ཆུངས་ཉ་དང༌། དགུན་ཟླ་ཐ་ཆུངས་གནམ་སྟོང་དང༌། དཔྱིད་ཟླ་ར་བ་ཉའོ། །དེ་ལ་དགུན་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དགུན་ཟླ་ཐ་ཆུངས་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ར་བ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔྱིད་ཀྱི་དུས་ཚིགས་ལ་ཡང་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། དཔྱིད་ཟླ་ར་བ་གནམ་སྟོང་དང༌། དཔྱིད་ཟླ་འབྲིང་པོ་ཉ་དང༌། དཔྱིད་ཟླ་འབྲིང་པོ་གནམ་སྟོང་དང༌། དཔྱིད་ཟླ་ཐ་ཆུངས་ཉའོ། །དེ་ལ་དཔྱིད་ཟླ་ར་བ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དན་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོ་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །ཟླ་བ་གཅིག་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་འབྲིང་པོ་གནམ་སྟོང་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཟླ་བ་ཕྱེད་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །དཔྱིད་ཟླ་ཐ་ཆུངས་ཉ་ལ་འདོན་ན་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་དཔྱིད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ་ཞེས་བརྗོད་པར་བྱའོ། །དེ་དག་ནི་
གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པའི་སྐབས་སུ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་བརྗོད་པའི་སྔགས་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོར་དང༌། གནོད་པ་འབྱུང་བའི་དོན་དུ་གསོལ་སྦྱོང་བྱ་བ་ལ་སོགས་པ་ཉ་ཤིའི་དུས་དང་མི་སྦྱོར་བའི་སྐབས་སུ་ནི་སྔར་སྨོས་པའི་སྔགས་དེ་དག་གི་སྟེང་དུ་ཟླ་བ་དང་པོ་དང་གཉིས་པའི་ཡར་རམ་མར་གྱི་ངོའི་ཚེས་གྲངས་ཀྱང་འདས་པ་དང་ལྷག་མ་ཇི་ཙམ་བ་དེ་ཙམ་བརྗོད་པར་བྱ་སྟེ། དཔེར་ན་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་དང་པོའི་མར་གྱི་ངོ་འི་ཚེས་གཅིག་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་དགུ་ནི་ལུས་སོ་ཞེས་བརྗོད་པར་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་བརྗོད་པར་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བ་དང༌། ཚེའི་དུས་འདས་པ་སེམས་ལ་གཞག་པར་བྱ་བ་དང༌། འཁོར་བས་སྐྱོ་བར་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ་བ་དང༌། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེ་དག་བརྩི་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ངོ་རེ་རེ་ཞིང་སྨྱིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་ཉིན་རེ་རེ་དྲང་བས་བགྲང་ཞིང༌། དགེ་སྐོས་ཀྱི་གནས་བརྟན་ལ་བརྟག་སྟེ་དགེ་འདུན་ལ་ཉི་མ་རེ་རེ་ཞིང་བརྗོད་པར་བྱའོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་དོར་རོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་པ་འདིས་ཀྱང་འཁོར་བས་སྐྱོ་བར་བྱ་ཞིང་དགེ་བ་ལ་བཙོན་པར་བྱ་བ་སྟོན་ཏེ། དེ་ལ་འདིར་འཁོར་བས་སྐྱོ་བར་བྱ་ཞིང་དགེ་བ་ལ་བརྩོན་པར་བྱ་བའི་རྒྱུར་ཅིའི་ཕྱིར་རྒ་བ་དང་འཆི་བ་མངོན་པར་འོང་བ་དང་སྟོན་པའི་བསྟན་པ་འཇིག་པར་འགྱུར་བ་སྨོས་ཤེ་ན། ཚངས་པར་སྤྱོད་པའི་རྒྱུའི་གཙོ་བོ་ཡོངས་སུ་ཉམས་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཚངས་པར་སྤྱོད་པ་ནི་རྣམ་པ་གཉིས་ཀྱིས་འགྲུབ་སྟེ། ལུས་དང༌། གནས་ཀྱིས་སོ། །དེ་ལ་ལུས་ཀྱི་ནི་ལུས་སྦྱོར་བཟོད་པ་དང༌། རྒྱུན་མ་ཆད་པས་ཚངས་པར་སྤྱོད་པ་འགྲུབ་སྟེ། དེ་ཡོངས་སུ་
ཉམས་པར་བསྟན་པའི་ཕྱིར་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་ཞེས་བྱ་བ་གསུངས་ཏེ། ལུས་སྦྱོར་མི་བཟོད་པ་དང༌། རྒྱུན་ཆད་པས་ཚངས་པར་མི་སྤྱོད་པ་ཡོངས་སུ་ཉམས་པར་འགྱུར་བ་གོ་རིམས་བཞིན་ནོ། །སྲིད་པའི་ཡན་ལག་གཞན་དག་དང༌། མྱ་ངན་ལ་སོགས་པ་ཉེས་དམིགས་དག་ཅིའི་ཕྱིར་མ་སྨོས་པར་རྒ་ཤི་ཉི་ཚེ་སྨོས་ཤེ་ན། ལང་ཚོ་དང་གསོན་པས་ཚངས་པར་སྤྱོད་པ་འགྲུབ་ཅིང་རྒ་བ་དང་འཆི་བས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རྒྱུའི་གཙོ་བོ་སྨོས་པས་གཞན་ཡང་ཞར་ལ་རིག་པར་བྱའོ། །གནས་ཀྱིས་ཇི་ལྟར་ཞེན། གནས་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་སྐྱེ་བའི་གནས་སུ་གྱུར་པ་སངས་རྒྱས་ཀྱི་བསྟན་བ་སྟེ། དེ་ཡོངས་སུ་ཉམས་པར་གྱུར་པ་བསྟན་པའི་ཕྱིར། སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཞེས་བྱ་བ་གསུངས་ཏེ། སྟོན་པའི་བསྟན་པ་ཞིག་ན་ཚངས་པར་སྤྱོད་པ་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །སྟོན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །དེའི་བསྟན་པ་ཞེས་བྱ་བ་ནི་གསུང་རབ་ཏུ་གཏོགས་བ་ཡན་ལག་བཅུ་གཉིས་ཏེ། དེས་སློབ་མ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་འཇིག་པ་ཞེས་བྱ་བ་ནི་སྒྲུབ་པ་ཡོངས་སུ་ཉམས་པས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་གསུངས་ཏེ། བག་ཡོད་པས་ཞེས་སྨོས་པ་ནི་རྒྱུའི་དངོས་པོས་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་བག་ཡོད་པས་འཐོབ་བོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་གནས་པ་ཐུགས་སུ་ཆུད་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པའམ། མཆོད་པར་འོས་པའོ། །ཉན་ཐོས་
དང་རང་སངས་རྒྱས་དག་ལའང་དེ་ཡོད་པས་དེ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཕྱིན་ཅི་མ་ལོག་པར་ཡང་དག་པར་ཤས་བྱ་མ་ལུས་པར་རྫོགས་པར་ཐུགས་སུ་ཆུད་ཅིང་སངས་རྒྱས་པ་གང་ལ་ཡོད་པའོ། །དེ་རྣམས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་ཐུགས་སུ་ཆུད་པའོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་དུ་བརྟག་པའོ། །གང་དག་ཅེས་བྱ་བ་ནི་དགེ་བའི་ཆོས་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟ་བུ་དང་མཐུན་པ་ཞེས་བྱ་བ་ནི་བྱང་ཆུབ་དང་མཐུན་པའོ། །དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི་བྱང་ཆུབ་སྐྱེད་པར་བྱེད་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་སྟེ། དེ་དག་ཀྱང་བག་ཡོད་པས་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྐབས་དེ་དག་གིས་ནི་སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་ན་ཚེའི་དུས་འདས་པ་དང་རྒ་ཤི་མངོན་པར་འོང་བ་དང༌། སྟོན་པའི་བསྟན་པ་འཇིག་པར་འགྱུར་བའི་ཉེས་དམིགས་ཡོང་པས་སོ་སོར་ཐར་པ་མཉན་པ་ལ་རྣ་གཏོད་ཅིང་བག་ཡོད་པས་དགེ་བའི་ཆོས་ལ་བརྩོན་པར་བྱའོ་ཞེས་བྱ་བའི་སྒོ་ནས་སོ་སོར་ཐར་པ་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་བསྟན་ཏོ། མི་འདུ་བ་དགག་པའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ངོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང༌། ལེགས་པ་དྲུག་དང་ལྡན་པའོ། །ཉན་ཐོས་ཞེས་བྱ་བ་ནི་འབྲས་བུ་ཇི་ལྟར་ཐོབ་པ་སྒྲོགས་པར་བྱེད་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་དག་གི་ཚོགས་ཏེ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །དོན་ཉུང་བ་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །བྱ་བ་ཉུང་བ་ཞེས་བྱ་བ་ནི་ལུས་དང་ངག་གཉིས་ཀྱིས་སོ། །དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོང་ཅེས་བྱ་བ་ནི་དགག་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་དེའི་ཕྱིར་དགེ་འདུན་ལ་གསོ་སྤྱོང་འདི་དུས་སུ་འདུ་ཞིང་འདུན་པ་དང་ཡོངས་སུ་དག་པར་
བརྗོད་པར་བྱ་བ་ལས་གཞན་པའི་ཐོག་མར་བྱ་བ་ཅི་ཡོད་དེ། ཅི་ཡང་མེད་ཀྱིས་ཐམས་ཅད་འདུས་ཤིག་ཅེས་བྱ་བ་མེད་པར་དགག་པའི་སྒོ་ནས་མི་འདུ་བ་དགག་པ་བསྟན་ཏོ། །ཡང་ན་དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་དྲི་བ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པ་དེའི་ཕྱིར་དགེ་འདུན་ལ་གསོ་སྦྱོང་གི་དུས་སུ་འདུ་བའི་ཚེ་གང་བྱས་ན་མི་མཐུན་པ་ཉིད་ཀྱིས་འདུ་བར་མི་འགྱུར་བའི་ཐོག་མར་བྱ་བ་ཅི་ཡོད་ཅེས་དྲི་བའོ། །དེའི་ལན་གདབ་པའི་ཚིག་ཏུ་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། མ་ལྷགས་པ་རྣམས་ལ་ཞེས་བྱ་བ་ནི་མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་དག་ལས་གར་བྱེད་ཀྱང་རུང་སྟེ། དེའི་དུས་སུ་མཚམས་ཀྱི་ནང་ན་དགེ་སློང་དགེ་འདུན་གྱི་ཁ་བསྐང་བར་འོས་པ་ཇི་སྙེད་འཁོད་པ་ཐམས་ཅད་གསོ་སྦྱོང་གི་གནས་སུ་འདུ་བར་བྱ་བ་ཡིན་པ་ལས་དེ་དག་གི་ནང་ནས་མི་འདུ་བར་གནང་བ་ནབ་དང༌། དབང་མེད་པ་དང༌། སྲོག་གི་བར་ཆད་དང༌། ཚངས་པར་སྦྱོང་པའི་བར་ཆད་ཀྱིས་འཇིགས་པ་གང་དག་གསོ་སྦྱོང་གི་གནས་སུ་མ་ལྷགས་པ་རྣམས་སོ། །མི་འདུ་བར་གནང་བ་དེ་དག་ལས་མ་གཏོགས་པ་གཞན་ནི་མཚམས་ཀྱི་ནང་ན་འདུག་ན་གསོ་སྦྱོང་གི་གནས་སུ་མི་འདུ་མི་རུང་སྟེ། མི་འདུ་ན་ཐམས་ཅད་དུ་རང་ལ་ཉེས་བྱས་དང༌། དགེ་འདུན་གྱི་ལས་མི་འཆགས་པར་འགྱུར་རོ། །འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག་ཅེས་བྱ་བ་ལ། འདུན་པ་དྲི་བ་ནི་ལས་མི་མཐུན་པ་དག་མི་བྱ་བའི་ཕྱིར་ཏེ། མི་མཐུན་པ་ནི་རྣམ་པ་གཉིས་ཏེ། འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང༌། ཕྱིར་ཟློག་པར་བྱེད་པའོ། །དེ་ལ་འདུས་པར་རྗེས་སུ་མ་ཞུགས་པ་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཚོགས་ཀྱི་ཁ་སྐོང་བར་འོས་པ་ལུས་སམ་འདུན་པས་དགེ་འདུན་འདུས་པའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མི་མཐུན་པ་ཉིད་ཡིན་པའོ། །ཕྱིར་ཟློག་པར་བྱེད་
པ་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་རང་བཞིན་དུ་གནས་པ། སྤྱོད་ལམ་ལས་མ་ཉམས་པ། ངག་ཡང་དག་པར་བསྡམས་པ། འདུལ་བའི་བྱ་བ་མངོན་པར་ཤེས་པ་ཞེ་འགྲས་པ་མེད་པས་ལས་གཞན་ལ་བྱེད་པ་ཆོས་དང་མི་ལྡན་པ་ཕྱིར་ཟློག་པར་བྱེད་ན་མི་མཐུན་པ་ཉིད་ཡིན་པའོ། །དེ་བས་ན་མི་མཐུན་པས་དེ་གཉིས་བསལ་བའི་ཕྱིར་ནི་མ་ལྷགས་པ་རྣམས་ལ་འདུན་པ་དྲི་བར་བྱའོ། །ཡོངས་སུ་དག་པ་དྲི་བ་ནི་མ་ལྷགས་པ་གང་དག་གིས་འདུན་པ་ཕུལ་བ་དེ་དག་སྣོད་དུ་འགྱུར་བར་བྱ་བའི་ཕྱིར་རོ། །དེ་ལ་ཆོ་ག་ནི་དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིར་བྲིམས་པས་དགེ་སློང་རྣམས་བགྲངས་ཤིང་མ་ལྷགས་པ་དངོས་སུ་ཡོད་དམ་གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་འཁྲིགས་ན་གསོ་སྦྱོང་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས་དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པ་དགེ་སློང་ཆོས་ལྔ་དང་ལྡན་པ་གཅིག་གམ་གཉིས་སམ་གསུམ་ཚིག་གིས་བསྐོ་བར་བྱ་ཞིང་དེས་བཙལ་བ་དང༌། བོད་པ་དང༌། མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་ལ་སོགས་པ་དག་གིས་བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ་མ་ལྷགས་པ་རྣམས་ལ་དེང་དགེ་འདུན་གསོ་སྦྱོང་མཛད་ན་ཚེ་དང་ལྡན་པ་དག་འདུན་པ་འབུལ་ལམ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་ཡོངས་སུ་དྲི་བར་བྱའོ། །མ་ལྷགས་པ་རྣམས་ཀྱིས་དེ་ལ་འདུན་པ་དང་ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་པའི་ཀུན་དུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་པས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒྱན་པ་ལ་ཕྱག་འཚལ་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་
ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་བཟླས་ཤིང༌། དེའི་རྗེས་ལ་ལེན་པ་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །འབུལ་བས་ནི་ལེགས་སོ་ཞེས་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་སྔ་ཕྱིར་བླང་ཞིང་སྔ་ཕྱིར་དབུལ་དུ་ཡང་རུང་སྟེ། སྔགས་ཀྱི་བྱེ་བྲག་ནི་འདུན་པ་དང་ཡོངས་སུ་དག་པ་གང་འབུལ་བ་དེ་ཉི་ཚེའི་མིང་སྨོས་ཏེ་ལན་གསུམ་བཟླས་པར་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་པས་གལ་ཏེ་དེ་སྐད་བརྗོད་མི་ནུས་ན་ལུས་སམ། ངག་གམ་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་ན་འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་བརྗོད་པར་བྱའོ། །ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་དང་ཡོངས་སུ་དག་པ་འབུལ་བར་བྱེད་མི་ནུས་ན་དགེ་འདུན་ཐམས་ཅད་དེར་དོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པའི་ཀུན་དུ་སྤྱོད་པའི་ཆོས་ནི་འདི་ལྟ་སྟེ། དགེ་སློང་འདུན་པ་དང་ཡོངས་སུ་དག་པ་ལེན་པས་འདུན་པ་དང་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོང་བར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བར་རིམ་ལ་མཆོང་བར་མི་བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་པ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དྲིས་ནས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་འདུན་པ་དང་ཡོངས་སུ་དག་པ་ལེན་པ་
དེས་དེ་བླངས་ཏེ། གསོ་སྦྱོང་གི་གནས་སུ་ཕྱིན་ནས་དགེ་སློང་ངམ། དགེ་འདུན་ལ་བརྗོད་པར་བྱའོ། །དེ་བརྗོད་པའི་ཆོ་ག་དང་སྔགས་ནི། སོ་སོར་ཐར་པའི་མདོ་འདོན་པ་སེང་གེའི་ཁྲི་ལ་འདུག་པའི་མདུན་རོལ་དུ་དགེ་འདུན་ཐམས་ཅད་གསོ་སྦྱོང་གི་གནས་སུ་སྟན་ལ་འདུག་པ་ན་གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་འདུན་པ་དང་ཡོངས་སུ་དག་པ་བརྗོད་ཅིང༌། བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ་དེས་དགེ་སློང་ངམ། ཡང་ན་དགེ་འདུན་ལ་དེའི་འདུན་པ་དང་ཡོངས་སུ་དག་པ་ཅིག་ཅར་དབུལ་བར་བྱའོ། །དགེ་སློང་ལ་དབུལ་ན་ནི་དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཆེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མང་དཔལ་འདུན་པ་འབུལ་ལོ་དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དགེ་འདུན་ལ་འབུལ་ན་ནི་དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དག་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བདེ་བར་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་
དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་འདུན་གྱིས་ཀྱང་དེ་དང་དུ་བླང་བར་བྱ་སྟེ། དེས་ན་འདུན་པ་ཕུལ་བས་ནི་དགེ་འདུན་གྱི་ལས་མི་མཐུན་པར་མི་འགྱུར་ལ། ཡོངས་སུ་དག་པ་ཕུལ་བས་ནི་གང་ཟག་མ་ལྷགས་པ་བདག་ཉིད་སྣོད་དུ་འགྱུར་རོ། །ལེན་པ་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཤིའམ། ཁྱིམ་པར་བབས་པ་ལ་སོགས་པར་གྱུར་ན་མ་བླངས་པ་ཉིད་ཡིན་པས་ཡང་བླང་བར་བྱའོ། །ཕྱིན་ན་མ་བརྗོད་ཀྱང་བླངས་པ་ཉིད་ཡིན་པས་ཡང་བླང་མི་དགོས་སོ། །མི་འདུ་བ་དགག་པ་བཤད་ཟིན་ཏོ།། །།མཆོད་ཅིང་ལུང་དབོག་པའི་དབང་དུ་མཛད་ནས། ཤཱཀྱ་སེང་གེ་དེ་ལ་ནི། །སེན་མོ་བཅུ་ཡི་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱས། །གདུལ་བའི་དོན་དུང་ལས་ཉོན། །ཞེས་བྱ་བ་གསུངས་ཏེ། ཤཱཀྱ་ཞེས་བྱ་བ་ནི་གདུང་བརྒྱུད་དེ་དེས་ནི་ཁྱིམ་པའི་ཕྱོགས་ཀྱི་རིགས་རྣམ་པར་དག་པ་བསྟན་ཏོ། །སེང་གེ་ཞེས་བྱ་བ་ནི་ཡོན་ཏན་ཏེ། དེས་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་མཁྱེན་པ་རྣམ་པར་དག་པ་བསྟན་ཏེ། མི་བསྙེངས་པ་དག་གིས་མུ་སྟེགས་ཅན་གྱི་རི་དགས་སྐྲག་པར་མཛད་པའི་ཕྱིར་རོ། །སེན་མོ་བཅུ་ཞེས་བྱ་བ་ནི་སོར་མོ་བཅུ་མཚོན་པར་བྱེད་དོ། །ཐལ་སྦྱར་ཏེ་ཞེས་བྱ་བ་ནི་ལག་མཐིལ་གཉིས་ཀྱི་སོར་མོ་བཅུ་ཐལ་མོ་སྦྱར་ཏེའོ། །དེ་དག་གིས་ནི་མཆོད་པ་བསྟན་ཏོ། །ཐལ་མོ་སྦྱར་ཏེ་ཅི་ཞིག་བྱ་ཞེ་ན། སོ་སོར་ཐར་པ་གདོན་པར་བྱས་ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ། གླེང་གཞི་གདོན་པ་དང༌། ཕམ་པར་གྱུར་པ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གདུལ་བའི་དོན་དུ་ང་ལས་ཉོན། །ཞེས་བྱ་བ་ནི་སློབ་མ་རྣམས་གདུལ་བའི་དོན་དུ་སྟེ་ཡང་དག་པར་སྡུད་པར་བྱེད་པའམ་སོ་སོར་ཐར་པ་འདོན་པ་ང་ལས་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །དེ་དག་གིས་ནི་ལུང་འབོགས་པ་བསྟན་ཏོ། །མཆོད་ཅིང་ལུང་འབོགས་པ་བཤད་ཟིན་ཏོ།། །།ཡང་དག་པར་བསྒྲུབ་ཏུ་གཞུག་པའི་
དབང་དུ་མཛད་ནས། ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཞིང་བྱེད་པ་ཉིད་དུ་གྱེས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཐོས་ནས་ཞེས་བྱ་པ་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གི་ལུང་ཕོག་པ་ཐོས་ནས་སོ། །དྲང་སྲོང་ཆེན་པོ་ཞེས་བྱ་བ་ནི་སྟོན་པ་བཅོམ་ལྡན་འདས་ཏེ། ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་གསུངས་པ་བཞིན་ཞེས་བྱ་བ་ནི་འདུལ་བ་དང་མི་འགལ་བ་དང༌། འཇིག་རྟེན་དང་མི་འགལ་བར་བྱའོ་ཞེས་གསུངས་པ་བཞིན་དུའོ། །བསྒྲུབ་བྱ་ཞིང་ཞེས་བྱ་བ་ནི་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་སྒོ་ནས་ནན་ཏན་དུ་བྱ་བའོ། །ཁ་ན་མ་ཐོ་ཞེས་བྱ་བ་ནི་སྡིག་པ་སྟེ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། །ཕྲ་རྣམས་ལ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བས་པ་ཆ་ཕྲ་མོ་རྣམས་ལའོ། །བརྟུན་ཞིང་བྱེད་པ་ཉིད་དུ་གྱིས། །ཞེས་བྱ་བ་ནི་བསྲུང་བ་ལ་སོགས་པ་དག་ལ་འབད་པ་ལྷུར་བླང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཕྲ་མོ་རྣམས་ལ་ཡང་བརྟུན་ཞིང་བྱེད་པ་ཉིད་དུ་བྱ་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་དད་བཅས་པ་ཆེན་པོ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པར་ཤེས་པར་བྱའོ། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ན། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ལ། རྟག་ཏུ་འབད་པས་བདའ་བ་ཞེས་བྱ་བ་ནི་སེམས་རྟ་དམུ་རྒོད་དང་འདྲ་བ་འདི་ནི་ལམ་བདེ་བ་དང་འདྲ་བའི་དགེ་བའི་ཕྱོགས་ལ་གཞུག་པའི་དུས་ན་རྟག་ཏུ་བྲུངས་བཞིན་དུ་འཐེན་ཞིང་བརྩོན་འགྲུས་ཀྱི་ལྕག་གིས་བདའ་ཞིང་བསྐྱོད་དགོས་པའོ། །སེམས་རྟ་ཞེས་བྱ་བ་ནི་སེམས་ཉིད་རྟ་དམུ་རྒོད་དང་འདྲ་བའོ། །ཁ་བླ་ན་དཀའ་བ་ཞེས་བྱ་བ་ནི་ལམ་གོལ་པ་དང་འདྲ་བའི་མི་དགེ་བའི་ཕྱོགས་ལ་འཇུག་པའི་དུས་ན་རླུང་བཞིན་དུ་འཕྱོ་ཞིང་ཆུ་ལོན་གྱིས་འགུག་སྲབ་ཀྱི་ཕྱིར་ཁ་བླན་དཀའ་ཞིང་དགུག་དཀའ་བའོ། །མཐུན་པ་ཞེས་བྱ་བ་ནི་འཚམ་ཞིང་རྐྱེན་དུ་འབབ་པ་སྟེ། རྟ་དམུ་རྒོད་རྟག་
ཏུ་ལྕག་གི་འབད་པས་བདའ་ཞིང་འགུག་སྲབ་ཀྱི་ཁ་ལྕགས་ཀྱིས་བླན་དཀའ་བ་ནི་གཟེར་བུ་རྣོན་པ་བརྒྱ་པའི་སྲས་ཀྱིས་བསྲབ་པ་འཚམ་ཞིང་རྐྱེན་དུ་བབ་པ་ལ་སེམས་དམུ་རྒོད་རྟག་ཏུ་བརྩོན་འགྲུས་ཀྱི་འབད་པས་བདའ་ཞིང་ཚུལ་ཁྲིམས་ཀྱི་ཆུ་ལོན་གྱིས་ཁ་བླ་ན་དཀའ་བ་ལ་ནི་བསླབ་པའི་གཞི་གཟེར་བུ་གདུང་བ་རྣོན་པོ་བརྒྱ་པའི་སོ་སོར་ཐར་པ་བཅས་པ་འདིའི་ཚམ་ཞིང་རྐྱེན་དུ་བབ་པའོ། །གསེར་རྣོན་པ་ཞེས་བྱ་བ་ནི་འགུག་སྲབ་ཀྱི་ཁ་ལྕགས་གཟེར་བུ་རྣོན་པོ་མང་པོ་དང་ལྡན་པ་དང་འདྲ་བར་སོ་སོར་ཐར་པ་འདི་ཡང་བསླབ་པའི་གཞི་གདུང་བར་བྱེད་པ་མང་པོ་དང་ལྡན་པ་སྟེ། བརྒྱ་པ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་གྱི་གྲངས་བརྒྱར་ངེས་པ་ནི་མ་ཡིན་ནོ། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་བྱ་བ་ནི་སྲབ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ནི་དེ་ལྟར་དྲང་སྲོང་ཆེན་པོས་ཇི་སྐད་གསུངས་པ་བཞིན་དུ་བསྒྲུབ་པ་དང༌། ཁ་ན་མ་ཐོ་བ་ཕྲ་མོ་རྣམས་ལ་ཡང་བརྟུན་ཞིང་འབད་པར་བྱ་བ་དང༌། སེམས་ཀྱི་རྟ་དམུ་རྒོད་ལ་སོ་སོར་ཐར་པའི་འགུག་སྲབ་ཀྱིས་བསྲབ་དགོས་པའི་སྒོ་ནས་སོ་སོར་ཐར་པ་ཡང་དག་པར་སྒྲུབ་ཏུ་གཞུག་པ་བསྟན་ཏོ། །ཡང་དག་པར་སྒྲུབ་ཏུ་གཞུག་པ་བཤད་ཟིན་ཏོ།། །།དེའི་ཕན་ཡོན་བསྟན་པའི་དབང་དུ་མཛད་ནས། ཆེ་བ་གང་དག་དག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཆེ་བ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་ཏེ་བསླབ་པ་འདོད་པའི་ཕྱིར་རོ། །དག་ཙམ་གྱིས་ཞེས་བྱ་བ་ནི་ཆད་པ་ལ་སོགས་པ་རྣམ་པར་བསལ་བས་སོ། །ལྡོག་ཅིང་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལས་སོ། །མཚམས་ལས་ཞེས་བྱ་བ་ནི་བསླབ་པ་ལས་སོ། །མི་འདའ་བ་ཞེས་བྱ་བ་ནི་མི་འདྲལ་བའོ། །དེ་དག་མི་རྟ་བཟང་པོ་སྟེ། །ཞེས་བྱ་བ་ནི་མི་དེ་དག་ནི་རྟ་ཅང་ཤེས་དང་འདྲ་བའོ། །ཉོན་མོངས་གཡུལ་ལས་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་ནི་བདག་དང་གཞན་ལ་གནོན་པ་ཉིད་ཀྱི་གཡུལ་དང་འདྲ་སྟེ་དེ་ལའོ། །ངེས་རྒྱལ་འགྱུར་ཞེས་བྱ་བས་ནི་ཉོན་མོངས་པ་མཐར་བྱེད་ཅིང་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་བར་འགྱུར་བའོ། །དེ་དག་གིས་ནི་དེ་ལྟར་སོ་སོར་ཐར་པ་ཡང་
དག་པར་བསྒྲུབ་ན་ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར་བའི་སྒོ་ནས་ཡང་དག་པར་བསྒྲུབས་པ་དེའི་ཕན་ཡོན་བསྟན་ཏོ། །དེའི་ཕན་ཡོན་བཤད་ཟིན་ཏོ།། །།ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བསྟན་པའི་དབང་དུ་མཛད་ནས། སུ་ལ་སྲབ་འདི་མེད་པ་དང༌། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སུ་ལ་སྲབ་འདི་མེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་དག་ལ་མེད་པ་སྟེ། ཡང་དག་པར་མ་བླངས་པའི་ཕྱིར་རོ། །ནམ་དུའང་འདོད་པར་མི་འགྱུར་བ། །ཞེས་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པ་དག་ལ་ནི་འགའ་ཡང་འདོད་པར་མི་འགྱུར་ཏེ། ཚུལ་ཁྲིམས་ལ་མངོན་པར་མི་ཕྱོགས་པའི་ཕྱིར་རོ། །དཀྲུགས་ཞེས་བྱ་བ་ནི་ཕམ་པར་བྱས་པའོ། །འཇོག་བྲལ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དུལ་བས་ལྷག་པའི་སེམས་ཀྱི་ཞི་བ་ལ་འཇོག་པར་བྱེད་པས་འཇོག་པ་ནི་དུལ་བ་ཉིད་དེ་དེ་དང་བྲལ་བའོ། །རྣམ་པར་འཁྱམས་པར་འགྱུར་ཞེས་བྱ་བ་ནི་ལན་མི་ཉུང་བར་ངན་སོང་ལ་སོགས་པའི་འཁོར་བར་འཁོར་བར་འགྱུར་བའོ། །དེ་དག་གི་བསླབ་པ་མེད་པ་དང༌། མི་འདོད་པ་ཡང་དག་པར་མི་སྒྲུབ་པ་དག་དུལ་བ་ཉིད་དང་བྲལ་བས་ཞི་བ་མི་འཐོབ་ཅིང་འཁོར་བར་འགྱུར་བའི་སྒོ་ནས་ཡང་དག་པར་སྒྲུབ་པའི་ཉེས་དམིགས་བསྟན་ཏོ། །ཡང་དག་པར་མི་སྒྲུབ་པའི་ཉེས་དམིགས་བཤད་ཟིན་ཏེ། དེ་དག་ནི་དུས་དང་པོར་བྱ་བ་སྟེ་ཆོ་གའོ། །ད་ནི་མདོ་འདོན་པའི་ལས་བཤད་པར་བྱ་སྟེ། དེ་ལ་གསོལ་བའི་དབང་དུ་མཛད་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱང་བཅུ་བཞི་པའམ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་གསུངས་ཏེ། འདི་ནི་མདོ་གདོན་པའི་གསོལ་བ་བསྟན་ཏེ། གསོལ་བ་མ་བརྗོད་ན་མ་བསྐོས་པར་བྱེད་པ་ཉིད་ཡིན་པས་མི་མཐུན་པ་ཉིད་དུ་འགྱུར་བའི་ཕྱིར་འདིར་སོ་སོར་ཐར་པའི་མདོ་གདོན་པ་
ལྔ་པོ་དག་གདོན་པའི་མདུན་རོལ་དུ་གསོལ་བ་འབའ་ཞིག་གི་ལས་བྱའོ། །གདོན་པར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པའི་གསོལ་བ་ནི་འདི་ལྟར་བྱ་སྟེ། མདོ་གདོན་པ་སེང་གེའི་ཁྲི་ལ་འདུག་ནས་སོ་སོར་ཐར་པའི་མདོ་བསྟོད་ར་དང༌། དུས་དང་པོར་བྱ་བའི་ཚིག་དག་ཇེ་བཏོན་ནས། དེའི་འོག་ཏུ་གསོལ་བ་འབའ་ཞིག་གི་ལས་འདི་བྱའོ། །དགེ་འདུན་བཙུན་པ་རྣམས་ཞེས་བྱ་བ་ནི་མཆོད་པའི་ཚིག་གིས་བོད་པ་སྟེ། བཙུན་བ་རྣམས་ཀྱི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ །གསན་དུ་གསོལ་ཞེས་བྱ་བ་ནི་གཞན་ལ་སེམས་པ་དག་ཉན་པ་ལ་རྣ་གཏོད་ཅིང་གུས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་བ་སྟེ་ཞེས་བྱ་བ་ལ། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་གནས་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང༌། ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ལ་མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་ཚོགས་པ་དང་ཆོ་གས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ་སྤོང་བའི་ཡན་ལག་བསྒོམ་པའོ། །དེ་ཡང་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམས་པ་ཡིན་པས་དེ་ནི་མཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ལས་སྔ་མ་རྣམས་ནི་བསྒོམ་པའི་རྣམ་པས་སྦྱངས་པ་ཡིན་པས་དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་གསོ་བར་བྱེད་དེ་དེས་ན་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་ལྷག་པའི་སེམས་སྐྱེ་ལ། ལྷག་པའི་སེམས་ལ་བརྟེན་ཏེ་ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བ་ནི་མཐུན་པའི་གསོ་སྦྱོང་དང་ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་ནི་མཐུན་པའི་གསོ་སྦྱོང་གཟུང་བར་བྱ་སྟེ། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་ངོ༌། །དེ་དག་ཐམས་ཅད་ལ་ཡང་གསོལ་བ་དང༌། གླེང་གཞི་རྣམ་པར་གཞག་པ་སྔར་བྱས་ཏེ་སོ་སོར་ཐར་པའི་མདོ་གདོན་པ་གསོན་དགོས་སོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་
དེ་དག་ལས་འདིར་ནི་བཅུ་བཞི་པ་དང་བཅོ་ལྔ་པའི་སྐབས་ཡིན་པར་བསྟན་པའི་ཕྱིར། བཅུ་བཞི་པའམ་བཅོ་ལྔ་པ་སྟེ་ཞེས་བྱ་བ་གསུངས་སོ། །དེ་ལ་དུས་ཚིགས་དྲུག་ལ་ཟླ་བ་གཉིས་གཉིས་ཡོང་བ་དག་གི་ཉི་ཤུ་གཉིས་གཉིས་ལ་གསོ་སྦྱོང་ཉི་ཤུ་བཞི་ཡོད་པ་དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ན་ནི་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལ་ལྟོས་ན་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ཏེ། དུས་ཚིགས་དྲུག་པོ་དེ་དག་གི་ཟླ་བ་ཕྱེད་ཕྱེད་ལས་པའི་གསོ་སྦྱོང་དྲུག་པོ་དེ་དག་གོ །འདི་སྐད་ཅེས་བསྟན་ཏོ། །དབྱར་ཟླ་གསུམ་དང་དགུན་ཟླ་གསུམ་གྱི་ནི་རབ་དང་ཐ་ཆུངས་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་ར་བ་དང་ཐ་ཆུངས་ཀྱེ་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་འབྲིང་པོའི་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་དག་བྱེད་ན་ནི་དེའི་ཚེ་དེང་དགེ་འདུན་གྱི་བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་འདུན་གྱི་གདོན་པ་བྱུང་བའི་གསོ་སྦྱོང་སྟེ་ཞེའམ། དེང་དགེ་འདུན་གྱི་སྡུམ་པའི་གསོ་སྦྱོང་སྟེ་ཞེས་དམིགས་ཀྱིས་སྨོས་པར་བྱ་སྟེ། དེ་དག་ནི་གང་གི་ཚེ་བྱ་དགོས་པ་དེའི་ཚེ་བྱ་བར་ཟད་ཀྱི་དུས་ངེས་པ་ནི་མེད་དོ། །བཅུ་བཞི་པ་དང་བཅོ་ལྔ་པ་ནི་དུས་ངེས་པ་ཡིན་པས་དེ་ལས་སྔ་ཕྱིར་བྱར་མི་རུང་ངོ༌། །གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་ཞེས་བྱ་བ་ལ། དུས་ལ་བབ་ཅིང་ཞེས་བྱ་བ་ནི་ལས་བྱ་བའི་དུས་ལ་བབ་པ་སྟེ། འདིར་ནི་གསོ་སྦྱོང་གི་དུས་དང་སྦྱར་རོ། །བཟོད་ན་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་ཤིང་བྱ་བར་བཟོད་པ་སྟེ། འདི་ཡང་གསོ་སྦྱོང་གི་ལས་དང་སྦྱར་རོ། །དགེ་འདུན་གྱིས་གནང་བར་མཛོད་ཅིག་ཅེས་བྱ་བ་ནི་ཅང་མ་སྨྲ་བས་སོ། །དེང་དགེ་འདུན་གསོ་སྦྱོང་མཛད་དེ་ཞེས་བྱ་བ་ནི་ལས་དེ་གཞག་པར་མི་འོས་པ་ཡིན་ན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཐར་པའི་མདོ་གདོན་ཏོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང༌།
ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་གོ །འདི་ནི་གསོལ་བའོ་ཞེས་བྱ་བ་ནི་གོ་བར་བྱ་བ་སྟེ། ལས་བརྒྱ་རྩ་གཅིག་ནི་ལས་གསུམ་གྱིས་བསྡུས་ཏེ། གསོ་བའི་ལས་དང༌། གསོལ་བ་དང༌། གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལས་ཀྱིས་སོ། །དེ་ལ་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་པ་ལ། འདི་ནི་གསོལ་བའི་ལས་ཉི་ཤུ་རྩ་བཞི་པོ་དེ་དག་གི་ནང་ནས་གཅིག་ཡིན་ནོ། །གསོལ་བ་བཤད་ཟིན་ཏོ།། །།ད་ནི་གླེང་གཞི་གདོན་པ་བཤད་པར་བྱ་སྟེ། དེ་ལ་གླེང་གཞི་རྣམ་པར་གཞག་པའི་དབང་དུ་མཛད་ནས། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གླེང་གཞི་རྣམ་པར་གཞག་པ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་གསོལ་བ་བྱས་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་འདི་ལ་འཁོར་ཡོངས་སུ་དག་ཅིང་སྣོད་དུ་རུང་བར་བྱ་བའི་ཕྱིར་ལྟུང་བ་ཡོད་ན་མཐོལ་དུ་གཞུག་པ་དང༌། མེད་ན་ཅང་མི་སྨྲ་བར་བྱ་བ་དང༌། ཅང་མི་སྨྲ་ན་ཡོངས་སུ་དག་པར་རིག་པར་བྱ་བའི་ཆོ་གས་གླེང་གཞི་རྣམ་པར་གཞག་པའོ། །གླེང་གཞི་རྣམ་པར་གཞག་པ་འདིའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པ་དང༌། གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པ་དང༌། མ་དག་པའི་ཉེས་དམིགས་དང༌། དག་པའི་ཕན་ཡོན་དང༌། གདོན་པའི་མཇུག་བསྡུ་བ་དང༌། གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའོ། །དེ་ལ་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོ་ཐར་པའི་མདོ་གདོན་པ་གདོན་གྱི་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག ། ལྟུང་བ་མེད་ན་ཅང་མི་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པ་བསྟན་ཏོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་
ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་ཏོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་པ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བས་ནི་མ་དག་པའི་ཉེས་དམིགས་བསྟན་ཏོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ནས་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བ་ནི་དག་པའི་ཕན་ཡོན་བསྟན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ་ཞེས་བྱ་བས་ནི་གདོན་པའི་མཇུག་བསྡུ་བ་བསྟན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་བ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བས་ནི་གླེང་གཞི་རྣམ་པར་གཞག་པ་ནི་བསྒྲག་པར་བྱ་བ་བསྟན་ཏོ། །དེ་ལ་རེ་ཞིག་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་ཞེས་བྱ་བ་ནི་གནས་དང༌། ཚོགས་པ་དང༌། ཆོ་གས་མཐུན་པའི་གསོ་སྦྱོང་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་གསོ་སྦྱང་བྱ་ཞེ་ན། དེའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི་ཞེས་བྱ་བར་གསུངས་ཏེ། སེམས་དྲང་པོར་བསྒྲུབ་པ་དང༌། འགལ་བ་བཟློག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་དེ་ངག་བསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱི་ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་གྱི་ཞེས་བྱ་བར་སྦྱར་རོ། །སོ་སོར་ཐར་པ་འདོན་པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །དེས་མི་ནུས་པ་ཉིད་ཡིན་ན་གཉིས་པའི་ལས་ཡིན་ནོ། །
དེས་ཀྱང་མི་ནུས་པ་ཉིད་ཡིན་ན་གསུམ་པའི་ལས་ཡིན་ནོ། །དེས་ཀྱང་མི་ནུས་པ་ཉིད་ཡིན་ན་ཐམས་ཅད་ཀྱི་རེས་ཀྱིས་གདོན་པར་བྱའོ། །རེས་བབ་པའི་ཚེ་དེས་གདོན་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །དེ་མ་བཏུབ་ན་དེ་དགེ་འདུན་གྱིས་དེ་ལ་བཅོལ་བར་བྱའོ། །འདོན་བ་དེ་དག་གི་ཚིག་ཕྱེད་ཀྱང་མ་འཁྲུལ་བར་ལེགས་པར་ཐོན་པ་ཉིད་ཡིན་ན་གདོན་གྱི་གཞན་དུ་ན་མི་འཆགས་སོ། །འདོན་པའི་ཚེ་རྡུགས་ན་ལྷག་མ་གཞན་གྱིས་གདོན་པར་བྱའོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་གཞུང་བསྲོངས་པ་དེ་སྙེད་ཀྱིས་ཕེག་ཏུ་བཅད་དེ་གདོན་པར་བྱའོ། །འདོན་བར་བྱེད་པས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པར་གདོན་པ་དང༌། རིལ་གྱིས་གདོན་པ་དག་ལས། གླེང་གཞི་གདོན་པ་ནི་རྫོགས་པ་ཁོ་ནར་མི་གདོན་དུ་མི་རུང་ངོ། །གླེང་གཞི་བཏོན་ནས་ལྷག་མ་རྣམས་ནི་ཐོས་པ་བསྒྲགས་པས་བསྒྲུབ་ཏུ་རུང་ངོ༌། །དེ་ཡང་གླེང་གཞི་པ་ཏོན་ནས་ཕམ་པར་འགྱུར་བ་གདོན་པ་བརྩམས་ནས་ཕམ་པར་འགྱུར་བའི་སྡེ་ཚན་རྫོགས་པར་གདོན་དགོས་སོ། །ཕམ་པར་འགྱུར་བ་བཏོན་ནས་དགེ་འདུན་ལྷག་མ་གདོན་པ་བརྩམས་ན་དགེ་འདུན་ལྷག་མའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་སོ། །དགེ་འདུན་ལྷག་མ་ཐོན་ནས་མ་ངེས་པ་གདོན་པ་བརྩམས་ན་མ་ངེས་པའི་སྡེ་ཚན་ཡང་རྫོགས་པར་གདོན་དགོས་ཏེ། ཕམ་པར་འགྱུར་བ་དག་དང་དགེ་འདུན་ལྷག་མ་དང་མ་ངེས་པ་ཡན་ཆད་ཀྱི་སྡེ་ཚན་ནི་གདོན་པར་མགོ་བརྩམས་ནས་གང་བརྩམས་པའི་སྡེ་ཚན་དེ་ཉིད་རྫོགས་པར་བྱ་དགོས་སོ། །སྤོང་བའི་ལྟུང་བྱེད་མན་ཆད་ཀྱི་སྡེ་ཚན་ནི་གདོན་པར་མགོ་བརྩམས་ནས་ལྷག་མ་སོ་སོར་ཐར་པའི་གཞུང་ཐམས་ཅད་རྫོགས་པར་གདོན་དགོས་ཏེ། རིལ་གྱིས་གདོན་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །མགོ་བརྩམས་པའི་སྡེ་ཚན་རྫོགས་པར་བྱ་དགོས་པ་དེ་དག་མ་རྫོགས་ན་མི་འཆགས་སོ། །འཇིགས་པ་དང་བཅས་པ་ཉིད་དུ་འགྲོན་དུ་འགྲོ་བ་འགྲོན་པོ་དོན་མཐུན་པ་དག་སྡོད་དུ་མི་བཏུབ་ན་འགྲོ་བཞིན་དུ་གདོན་པར་བྱ་སྟེ། འདི་ནི་ལས་མི་འདུག་པ་ཉིད་ཀྱིས་བྱའོ་ཞེས་
གསུངས་པའི་དམིགས་ཀྱིས་བསལ་བ་ཡིན་ནོ། །སྒྲ་མི་འདོན་ན་མདོར་བསྡུས་ཏེ་གདོན་ཏོ། །དེ་ཡང་མི་འདོན་ན་བྱིན་གྱིས་བརླབ་པར་བྱའོ། །ཆོས་མ་ཡིན་པས་འདོན་ན་མི་འཆགས་ཏེ། གདོན་པར་བྱ་བ་དང་དེའི་ཚང་དང༌། དུས་དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་པའོ། །གདོན་པར་བྱ་བ་དེ་ཁོ་ན་ལྟར་ཉེ་བར་མ་བཟུང་བ་ནི་སོ་སོར་ཐར་བའི་མདོ་ལས་གཞན་པ་ཕྲན་ཚེགས་ལ་སོགས་པ་འདོན་པའོ། །དེའི་ཚད་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གླེང་གཞི་མི་འདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པས་སྒྲུབ་པར་མི་བྱེད་པའོ། །དེའི་དུས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་འདོན་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མི་གཟུང་བ་ནི་གང་ཟག་བསྙེན་པར་རྫོགས་པ་དང༌། མཚན་མ་དང་ལྟ་བ་དང་ཚུལ་ཁྲིམས་མཐུན་པ་དག་ལས་གཞན་པས་འདོན་པའོ། །དགེ་སློང་གཅིག་པུ་གནས་ན་དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། བ་ལང་གི་ལྕི་བ་སར་པའི་བྱུག་པས་བྱུག་པར་བྱ། སེང་གེའི་ཁྲི་བཤམ་པར་བྱ། མར་མེ་གཟུགས་པར་བྱ། ཆོས་ཉན་དུ་གཞུག་པ་དག་བྱའོ། །དེའི་འོག་ཏུ་ཕྱོགས་ཆས་ཆེན་པོར་འདུག་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། །དེར་དགེ་སློང་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འོང་ན་འདི་སྐད་ཅེས་ཀྱེ་ཚེ་དང་ལྡན་པ་དག་མྱུར་བར་ཤོག་ཤིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་དེ་དག་དང་ལྷན་ཅིག་འདུག་སྟེ་གསོ་སྦྱོང་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས་ཇི་སྟེ་མི་འགྲུབ་ན་དགེ་སློང་དེས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ་དེས་རང་གི་སྟན་ལ་འདུག་སྟེ། འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲ། བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་
གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་པ་དེ་བཞིན་བྱ་ཞིང༌། དུས་ཀྱི་བར་དུ་བསྡད་དེ་མ་གྲུབ་ན་མདུན་དུ་ཙོག་པུར་འདུག་སྟེ་གཅིག་ལ་གཅིག་འདི་སྐད་ཅེས་བརྗོད་པར་བྱའོ། །བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་མཆིས། བདག་ཡོངས་སུ་དག་པར་བཙུན་པའམ་ཚེ་དང་ལྡན་པས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་པའི་སླད་དུ་དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་བ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱི་ཞིང་སོ་སོར་ཐར་པའི་མདོ་གདོན་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གསུམ་འཁོད་པ་དེར་ནི་རིམ་པ་བཞིན་བྱ་ཞིང་དུས་ཀྱི་བར་དུ་བསྡད་དེ། དེ་མ་གྲུབ་ན་རྒན་རིམས་བཞིན་གྲལ་དུ་འཁོད་དེ་རིམ་གྱིས་བྱིན་གྱིས་བརླབ་པའི་སྔགས་སྔ་མ་ཉིད་བརྗོད་པར་བྱའོ། །གང་ན་དགེ་སློང་བཞི་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་དེར་ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གང་ན་དགེ་སློང་ལྔའམ་ལྷག་པ་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བར་བྱས་ཏེ་གསོ་སྦྱོང་བྱ་སྟེ། དེར་ནི་ནད་པའི་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བ་ནི་བཤགས་པར་བྱ་བ་ཡོད་ན་ཡང་བཤགས་པར་བྱ། བསྡམ་པར་བྱ་བ་ཡོད་ན་ཡང་བསྡམ་པར་བྱ། བྱིན་གྱིས་བརླབ་པར་བྱ་བ་ཡོད་ན་ཡང་བྱིན་
གྱིས་བརླབ་པར་བྱའོ། །འདི་ལ་གླེང་གཞི་རྣམ་པར་གཞག་པའི་ཚུལ་ཇི་ལྟ་བུ་ཞེ་ན། གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱ་སྟེ་ལྟུང་བ་ཤེས་པ་བཤགས་པའམ་བསྡམ་པའམ་བྱིན་གྱིས་བརླབ་པས་ཕྱིར་བཅོས་ཏེ་ལས་ཀྱི་གནས་སུ་འདུག་པར་བྱའོ། །དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་གམ། སོ་སོར་བཤགས་པར་བྱ་བ་འམ་བཤགས་པར་བྱ་བའི་ཉེས་བྱས་ལས་གང་ཡང་རུང་བ་ཞིག་ཤེས་ན་དེས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ། ཅིག་ཅར་མཐོལ་བ་དང་བཤགས་པ་བྱར་རུང་ངོ༌། །དེའི་སྔགས་ནི་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཉན་པས་ཕྱིན་ཆད་སྔོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྔོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང༌། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་ཚེ་དགེ་སློང་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་ཟ་བར་གྱུར་ན། དགེ་སློང་དེས་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་
ཏེ། ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ནས་དགེ་སློང་གི་མདུན་དུ་ཆོས་བཞིན་དུ་ཕྱིར་བྱའོ། །བསྡམ་པར་བྱ་བའི་ཉེས་བྱས་གང་ཡང་རུང་བ་ཞིག་ཤེས་ན་རང་གི་སེམས་ཀྱིས་བསྡམ་པར་བྱའོ། །དགེ་འདུན་ལྷག་མ་དང་ཉེས་པ་སྦོམ་པོ་དང༌། སྤོང་བའི་ལྟུང་བྱེད་ཀྱི་ལྟུང་བ་གང་ཡང་རུང་བ་ཞིག་ཤེས་ན་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་སྔ་མ་བཞིན་དུ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ཞིག་གི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གིས་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་བུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་དྲན་ཏེ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་ཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་
ན་དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་འདི་དང་རིགས་འདི་ལྟ་བུ་འདི་ལ་ཡིད་གཉིས་སུ་གྱུར་ན་བདག་གིས་ལྟུང་བ་དེ་དེང་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསྩལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་ཡང་བགྱིའོ་ཞེས་ལན་ཅིག་བཟླས་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པ་དགེ་འདུན་གྱི་ནང་དུ་ལྟུང་བ་ཡིད་གཉིས་དང་བཅས་པར་གྱུར་ན། དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སྦྱོང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་
ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་མིང་དང་རིགས་འདི་ལྟ་བུ་འདི་ལ་ཡིད་གཉིས་སུ་གྱུར་ན་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་པ་མཐུན་པ་དང་བཅས་པར་གྱུར་ན་དགེ་སློང་དེ་རྣམས་ཀྱིས་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུར་སྤྲོ་བར་བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པ་དང་བཅས་པར་ཤེས་པར་གྱུར་ན་དགེ་སློང་ཞིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་ཕྱིར་བཅོས་ཏེ་ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱི་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་ཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་
ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་དེ་རྣམས་ཀྱིས་གང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ལྟུང་བལ་ཡིད་གཉིས་བསལ་ནས་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུ་སྤྲོ་བར་བྱའོ། །གལ་ཏེ་གྲུབ་ན་ལེགས། ཇི་སྟེ་མི་འགྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་བར་བྱའོ། །འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ཏེ་ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་དེ་བསལ་ཏེ་གསོ་སྤྱོད་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་ཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་ཅག་དགེ་འདུན་ཐམས་ཅད་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དོ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་བ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་
རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་དུ་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྤྱོད་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་དགེ་སློང་དེ་དགེ་སློང་གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང༌། དྲན་པར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་དགེ་སློང་ཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་རྩོད་པ་ཞི་བར་བགྱིས་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གློ་བུར་དུ་འོངས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་དགེ་སློང་དེ་དག་དགེ་སློང་གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་བཤེས་གང་
ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བདེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བ་དེ་ནི་གང་ཡིན་པ་དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་ངེས་པ་ཉིད་མ་ཡིན་པར་གྱུར་ན་དགེ་སློང་ཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པར་གྱུར་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྤྱོང་མཛད་ལ། སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ངེས་པ་ཉིད་མ་ལགས་པ་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་ཡང་མཛད་དོ། །འདི་ནི་གསོལ་བའོ། །ལྟུང་བ་མེད་ན་ཅང་མ་སྨྲ་ཞིག་ཅེས་བྱ་བ་ནི་བཤགས་པར་བྱ་བ་དང༌། བསྡམ་པར་བྱ་བ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ལྟུང་བ་མེད་ན་དེ་དག་ཕྱིར་བཅོས་པའི་བྱ་བ་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་ན་འཁོར་རྣམ་པར་དག་པ་ཡིན་པས་བདག་གིས་ཁྱེད་ཅག་གསོ་སྦྱོང་གི་སྣོད་དུ་གྱུར་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པ་ཇི་སྐད་བསྟན་པ་དེ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག་ཅེས་བྱ་བའི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི་འོག་ནས་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲི་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །
ལྟུང་བ་མེད་ན་ཅང་མ་སྨྲ་ཞིག་ཅེས་བྱ་བའི་ལུང་དབོག་པ་འདིའི་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི་འོག་ནས་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་ཞེས་བྱ་བ་འབྱུང་བ་ཡིན་ནོ། །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ་ཞེས་བྱ་བའི་ལུང་དབོག་པ་འདིའི་གླང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ནི་འོག་ནས་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་ཡིན་པར་རིག་པར་བྱའོ།། །།དེའི་འོག་ཏུ་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་ཕྱིར་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དཔེ་སྟེ། དཔེར་ན་གསོ་སྦྱོང་གི་ཚེ་དགེ་སློང་དག་གསོ་སྦྱོང་གི་གནས་སུ་འདུ་བའི་སྔོན་རོལ་ཁོ་ནར་གསོ་སྤྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་རྟོག་པར་བྱེད་ཅིང༌། ལྟུང་བ་ཤེས་ཤིང་མཐོང་ན་དགེ་སློང་གཅིག་གི་མདུན་དུ་སྐབས་དབྱེ་བར་གསོལ་ཏེ། ལྟུང་བ་མཐོལ་བ་ན་དག་པ་སྦྱིན་པའི་དགེ་སློང་དེས་ལྟུང་བ་མཐོང་ངམ་ཞེས་དྲིས་པ་ན། མཐོང་ངོ་ཞེས་ལན་གདབ་པ་དང༌། ཕྱིན་ཆད་སྡོམ་མམ་ཞེས་དྲིས་པ་ན་སྔོམ་མོ་ཞེས་ལན་གདབ་པ་ལན་གསུམ་དྲིས་ནས་དགེ་སློང་གིས་ཀྱང་ལན་གསུམ་ལན་གདབ་པའོ། །དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན་པའི་དོན་ཉིད་ཡིན་ཏེ། དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པའི་འཁོར་འདིར་ཡང་ངོ༌། །ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་འོག་ནས་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་ཚིག་འདི་སྐད་ཅེས་དེ་ལ་བདག་གིས་ཚེ་དང་ལྡན་པ་དག །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འབྱུང་བ་དེ་ཉིད་སོ་སོར་ཐར་པའི་གཞུང་ལས་ཇི་
སྐད་འབྱུང་བ་ཁོ་ན་བཞིན་གོ་རིམས་དང་ཚིག་མ་འཁྲུལ་པར་ལན་གཅིག་གདོན་པར་བྱ་བ་ཡིན་ཏེ། དེ་ལ་ལན་གཅིག་བཏོན་པ་ཉིད་ན་དྲིའོ་ཞེས་བྱ་བ་དང༌། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ཀྱིས་ལན་གསུམ་བསྒྲག་པར་བྱས་པ་ཡིན་ནོ། །ཚིག་དེ་སྐབས་འདིར་གོང་དུ་སྤར་ཏེ་བསྒྲག་པར་བྱ་བ་ཡང་མ་ཡིན་ལ། སྔར་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག་པའི་ཚིག་ཇི་སྐད་བསྟན་པ་དེ་སྐབས་འདིར་ལན་གསུམ་བསྒྲག་པར་བྱ་བ་ཡང་མ་ཡིན་ནོ། །དེའི་འོག་ཏུ་མ་དག་པའི་ཉེས་དམིགས་ཀྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཡང་དགེ་སློང་གང་ཞེས་བྱ་བ་ནི་འབྱུང་བའི་གླེང་གཞིའི་དབང་གིས་བཅས་པ་མ་ཡིན་གྱི་གང་ཡང་རུང་བ་སྤྱིར་བསྟན་པའོ། །དགེ་སློང་གི་འཁོར་འདི་ལྟ་བུར་ཡང་སྔར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ཞེས་བྱ་བ་ནི་སོ་སོར་ཐར་པ་འདོན་པའི་ནང་དུ་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་ཚིག་འོག་ནས་འབྱུང་བ་ལན་གཅིག་བཏོན་པ་ན་སྟེ། དེ་ལན་གཅིག་བཏོན་པ་ན་དྲིའོ་ཞེས་བྱ་བ་དང༌། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ལན་གསུམ་བསྒྲགས་པ་ཡིན་གྱི། གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་ཚིག་དེ་ལན་གསུམ་བཟླས་པར་ནི་མི་བྱའོ། །ལྟུང་བ་ཡོད་ལ་ཞེས་བྱ་བ་ནི་སྔར་ཆོས་བཞིན་དུ་ཕྱིར་མ་བཅོས་པའོ། །དྲན་བཞིན་དུ་མི་མཐོལ་ན་ནི་ཞེས་བྱ་བ་ནི་འདིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པས་མི་དྲན་པ་ལ་ལྟུང་བ་མེད་ཀྱི་དྲན་བཞིན་དུ་མི་མཐོལ་ན་ལྟུང་བར་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་ཟ་བ་བྱིན་གྱིས་མི་རློབ་ན་ཡང་ལྟུང་བ་འདིར་འགྱུར་རོ། །དེ་ཤེས་བཞིན་དུ་བརྫུན་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་བརྫུན་ལ་རྣམ་པ་ལྔ་སྟེ། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མར་འགྱུར་བ་དང༌། ཉེས་པ་སྦོམ་པོར་འགྱུར་བ་དང༌། ལྟུང་བྱེད་དུ་འགྱུར་བ་དང་ཉེས་བྱས་སུ་འགྱུར་བའོ། །དེ་ལ་ཕམ་པར་གྱུར་པའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ་མིའི་ཆོས་བླ་མ་སྨྲ་བའོ། །དགེ་འདུན་ལྷག་མར་འགྱུར་བའི་བརྫུན་ནི་འདུ་ཤེས་བསྒྱུར་ཏེ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པའོ། །
ཉེས་པ་སྦོམ་པོར་འགྱུར་བའི་བརྫུན་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ཚེ་དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང༌། ཆོས་ཆོས་མ་ཡིན་པར་སྟོན་པ་སྟ། བརྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི་སྐབས་ཀྱི་ཉེས་པ་སྦོམ་པོའོ། །ལྟུང་བྱེད་དུ་འགྱུར་བའི་བརྫུན་ནི་སྔ་མ་གསུམ་དང་ཉེས་བྱས་སུ་འགྱུར་བའི་བརྫུན་དང་བཞི་ལས་གཞན་པའི་བརྫུན་དུ་སྨྲ་བ་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བ་སྟེ། བརྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་གི་དངོས་པོའི་དབང་གིས་ནི་མ་ཡིན་པའི་ཕྱིར་རོ། །ཉེས་བྱས་སུ་འགྱུར་བའི་བརྫུན་ནི་སྐབས་འདི་ཉིད་ཀྱིས་བསྟན་ཏེ། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅད་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི་ཡིད་ཀྱི་ནི་མ་ཡིན་ཏེ་ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ། །དེ་ལྟར་ཤེས་བཞིན་དུ་བརྫུན་སྨྲ་བ་དེ་ནི་མ་དག་པ་ཡིན་ན་མ་དག་པའི་ཉེས་དམིགས་གང་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ་ཞེས་བྱ་བ་གསུངས་ཏེ། བརྫུན་དུ་སྨྲ་བ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་པས་བསྙེན་པར་མ་རྫོགས་པ་དང༌། ཉམས་པ་དང༌། མཚམས་མེད་པ་བྱས་པ་དང༌། སྡིག་པའི་ལྟ་བ་ཅན་དང༌། ས་གཞན་ན་གནས་པ་དང༌། ཐ་དད་པར་གནས་པ་རྣམས་ཀྱིས་སྨྲས་ན་ཡང་མངོན་བར་མཐོ་བ་དང་ངེས་པར་ལེགས་པའི་བར་དུ་གཅོད་པ་ཡིན་ལ། དགེ་སློང་རང་བཞིན་དུ་གནས་པས་སྨྲས་ན་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་དང༌། ག་ཉིག་ལྷག་པར་སྤྱད་པ་ཡིན་པས་ལྷག་པར་ཡང་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་བར་དུ་གཅོད་པ་ཡིན་པར་གསུངས་སོ། །སྐབས་འདི་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་གསུངས་ཏེ། ལས་ནི་གསོལ་བ་དང༌། བརྗོད་པ་དང༌། སོ་སོར་ཐར་པ་གདོན་པ་དང༌། དགག་དབྱེའི་
ལས་དང༌། ལས་བརྒྱ་རྩ་གཅིག་གིས་བསྡུས་པའོ། །ཆོ་ག་ནི་དགེ་འདུན་ཚང་བ་དང༌། ལས་བརྗོད་བ་དང༌། ལས་བྱེད་པ་གཉིས་ཀྱི་ཆོས་མ་ཡིན་པས་མི་བྱ་བ་དང༌། མི་མཐུན་པ་དག་མི་བྱ་བ་དང༌། ཚོགས་ཀྱི་མི་བྱ་བ་ཡིན་པ་འདིར་སོ་སོར་ཐར་པ་འདོན་པ་ནི་གསོ་སྦྱོང་གི་ལས་ཡིན་ལ། དེ་ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་འཁྲུལ་པ་དང་བཅས་པ་དག་གིས་ལས་མི་བྱ་བ་ལ་སོགས་པ་ཡིན་ནོ། །འདིར་ལྟུང་བ་ཡོད་པ་ནི་འཁྲུལ་པ་དང་བཅས་པ་ཡིན་ལ། དེ་དྲན་བཞིན་དུ་མི་མཐོལ་བ་ཤེས་བཞིན་དུ་བརྫུན་སྨྲ་བ་ཡང་རང་བཞིན་ལས་ཉམས་པ་ཡིན་པས་དེ་མ་བཤགས་སམ་བྱིན་གྱིས་མ་བརླབས་པ་དག་གིས་གསོ་སྦྱོང་གི་ལས་བྱས་ན་ལས་དེ་མི་འཆགས་པའི་ཉེས་དམིགས་གཞན་ཡང་ཡོད་དོ། །དེའི་འོག་ཏུ་དག་པའི་ཕན་ཡོན་གྱི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ཞེས་བྱ་བ་ནི་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ཉེས་བྱས་ཙམ་ཡང་རྣམ་པར་དག་པར་འདོད་པས་སོ། །ལྟུང་བ་ཡོད་པ་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ་ཞེས་བྱ་བ་ནི་བཤགས་པ་དང་བསྡམ་པ་དང་བྱིན་གྱིས་བརླབས་པ་གང་བྱ་བར་འོས་པ་དེ་བྱའོ། །དེ་ལྟར་མཐོལ་བ་དེ་ནི་དག་པ་ཡིན་ན་དག་པའི་ཕན་ཡོན་གང་ཞེ་ན། དེའི་ཕྱིར་མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་གསུངས་སོ། །མཐོལ་ན་ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་འཐོབ་ཅིང་མངོན་པར་མཐོ་བ་དང་དེས་པར་ལེགས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་བའོ།། ཚུལ་ཁྲིམས་ཀྱི་ཕན་ཡོན་བཅུ་ནི་འགྱོད་པ་མེད་པའི་རིམ་གྱིས་མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་འཐོབ་པར་འགྱུར་བ་ལ་སོགས་པ་སྔར་བསྟན་པ་དག་གོ །མངོན་པར་མཐོ་བ་ནི་མཐོ་རིས་སོ། །ངེས་པར་ལེགས་པ་ནི་མྱ་ངན་ལས་འདས་པའོ། །སྐབས་འདིར་འཕྲལ་དུ་ཆོ་ག་ལས་མ་འདས་པའི་ལས་འཆགས་པའི་ཕན་ཡོན་གཞན་ཡང་ཡོད་དོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་བྱ་བས་ནི་རྗེས་སུ་འགྲོ་བ་སྔར་བསྟན་པ་དེ་ཉིད་ལྡོག་པའི་སྒོ་ནས་བསྟན་ཏོ།། །།དེའི་འོག་ཏུ་གདོན་པའི་མཇུག་བསྡུ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ།
ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོག་དོན་པའི་གླེང་གཞི་བཏོན་ཟིན་ཏོ་ཞེས་བྱ་བ་ལ། གླེང་གཞི་ཞེས་བྱ་བ་ནི་མོད་གདོན་པ་འབྱུང་བའི་རྒྱུའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེའི་འོག་ཏུ་གླེང་གཞི་རྣམ་པར་གཞག་པར་བྱ་བའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་ཞེས་བྱ་བ་ནི་གླེང་གཞི་སྟོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲིས་པའོ། །འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ །ཡོངས་སུ་དག་གམ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ་ཞེས་བྱ་བ་ནི་དྲི་བ་སྤྱིལ་སྙེགས་སོ། །དྲིའོ་ཞེས་བྱ་བ་ནི་དྲི་བ་དང་པོའོ། །ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པས་ལན་གཉིས་ལན་གསུམ་དུ་ཞེས་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས་ལ། མང་ན་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །ཅང་མི་སྨྲ་བས་བརྡ་བྱས་པས་གླེང་གཞི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་མཇུག་བསྡུ་བ་བསྟན་པའི་ཕྱིར། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ། བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་པ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ག །གླེང་གཞི་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་གསུམ་པ། ད་ནི་ཕམ་པར་འགྱུར་བ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་དང༌། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་གསུངས་སོ། །སྡོམ་ལ་ཞེས་བྱ་བ་ནི་ཡང་དག་པར་སྡུད་པར་བྱེད་པས་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུ་བའི་ཚེ་མ་འོངས་པའི་སྐྱེ་བོ་ལུང་དང་རྟོགས་པའི་བདག་ཉིད་མེད་པ་དག་ཡན་ལག་
ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤང་བར་བྱ་བ་དང༌། ཉན་པ་པོ་བརྗོད་པ་ཉུང་དུས་དོན་གྱི་སྤྱི་རྟོགས་པར་འདོད་པ་དག་ལ་ཕན་གདགས་པའི་ཕྱིར་སྡོམ་རྣམ་པ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ་དང༌། སྡོམ་དང༌། བར་སྡོམ་དུའོ། །དེ་ལ་སྤྱི་སྡོམ་ནི་སྤྱིའི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དཔེར་ན་ལྟུང་བྱེད་ཀྱི་སྡེ་ཚན་བསྟན་པའི་སྐབས་སུ། སྡོམ་གྱི་ཚིགས་བཅད་དགུ་རིམ་གྱིས་འབྱུང་བ་ཐམས་ཅད་ཀྱི་མགོར་ནི་སྤྱི་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་སྔོམ་རྣམས་ཀྱི་སྤྱིའི་དོན་བསྡུས་པ་ལ་སོགས་པ་ལྟ་བུའོ། །སྡོམ་ནི་དངོས་ཀྱི་དོན་ཚིགས་སུ་བཅད་པར་བསྡུས་པ་སྟེ། དཔར་ན་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གི་དངོས་ཀྱི་དོན་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པས་བསྡུས་པ་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་གི་དངོས་ཀྱི་དོན་སྡོམ་ལ་ཞེས་བྱ་བ་ཚིགས་སུ་བཅད་པ་ལ་སོགས་པ་ལྟ་བུའོ། །བར་སྡོམ་ནི་ཡན་ལག་གི་དོན་ཚིགས་སུ་བཅད་པ་བསྡུས་པ་སྟེ་དཔེར་ན་སྤང་བའི་ལྟུང་བྱེད་སུམ་ཅུ་པོ་དག་གི་དངོས་ཀྱི་དོན་སྡོམ་གྱི་ཚིགས་སུ་བཅད་པ་གཅིག་གིས་བསྡུས་པ་ལས་དེ་དག་སོ་སོའི་ལྟུང་བ་རྣམ་པར་གཞག་པའི་སྐབས་སྐབས་སུ་ཚིག་ཡན་ལག་ཏུ་འཕྲོས་པ་དག་གི་དོན་པར་སྡོམ་ལ་ཞེས་བྱ་བའི་ཚིགས་སུ་བཅད་པས་བསྡུས་པ་ལ་སོགས་པ་ལྟ་བུའོ། །དེ་བས་ན་སྐབས་འདིར་སྡོམ་ལ་ཞེས་སྨོས་པས་ནི་ཕམ་པར་འགྱུར་བའི་ཆོས་བཞིའི་དངོས་ཀྱི་དོན་བསྡུས་པ་ཡིན་ནོ། །མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་བྱ་བ་ལ། མི་བྱ་བ་ཞེས་བྱ་བའི་ཚིག་ད་ལྟ་དབུས་ན་འདུག་པ་འདི་ལྟག་འོག་གཉི་གར་སྦྱར་ཏེ། མི་ཚངས་པར་སྤྱོད་པར་མི་བྱ་བ་དང༌། རྐུ་བར་མི་བྱ་བ་དང༌། མི་ལ་གསད་པར་མི་བྱ་བ་དང༌། མི་བྱ་བ་དེ་བརྫུན་དུ་སྨྲ་བ་དང་ཡང་བཅས་པར་བྱ་སྟེ། བརྫུན་དུ་སྨྲ་བར་མི་བྱ་བ་དང༌། ཆོས་བཞི་པོ་དེ་དག་ཕམ་པར་འགྱུར་བ་གདོན་པའི་སྐབས་འདིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚེ་དང་ལྡན་པ་དག་ཕམ་པར་གྱུར་པའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་
སོར་ཐར་པའི་མདོ་གདོན་པ་ལས་བྱུང་ངོ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །ཕམ་པར་འགྱུར་བའི་ཆོས་ཞེས་བྱ་བ་ནི་གཞན་རྒྱལ་བར་བྱེད་དུ་འཇུག་པའི་ཉེས་པ་ནི་ཕམ་པའོ། །དེ་བྱེད་པར་འགྱུར་བའི་ཕྱིར་ཕམ་པར་འགྱུར་བ་སྟེ་ལྟུང་བའོ། །དེ་ཉིད་ཁན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །བཞི་པོ་འདི་དག་ནི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་དང༌། མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་དང༌། གསོད་པའི་ཕམ་པར་འགྱུར་བ་དང༌། སྨྲ་བའི་ཕམ་པར་འགྱུར་བའོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ནི་ཡི་གེར་མི་བྲི་བ་ཡིན་པས་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའི་ཕྱིར་གསོ་སྦྱོང་འདོན་བས་ཕམ་པར་འགྱུར་བ་གདོན་པ་འདི་ག་ལས་ཤེས་སྙམ་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ད་ལྟར་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུས་པའི་གཞུང་འདི་ནི་མ་འོངས་པའི་སྐྱེ་བོ་དབང་པོ་རྟུལ་པོ་ཚིག་དང་དོན་གྱི་བདག་ཉིད་འཛིན་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྡུ་བར་གནང་བ་ཡིན་ཏེ། དེ་བས་ན་འདུལ་བའི་སྡེ་སྣོད་ཀྱི་ལས་གསང་བ་འདི་ནི་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ཐོས་པར་མི་བྱའོ། །དེ་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉན་ཐོས་ཀྱི་འཁོར་བརྙེས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་སྐྱོན་མེད་ཅིང་ཆུ་བུར་མེད་དེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ་འདི་སྐད་ཅེ་ས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །
སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱང་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་སྟོན་པར་གྱུར་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅས་པ་མེད་དོ། །ལོ་བཅུ་གསུམ་པ་ལ་བབ་པ་ན་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལན་ད་ཀའི་གྲོང་ན་བཞུགས་པའི་ཚེ་ཀ་ལན་ད་ཀའི་བུ་བཟང་བྱིན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པའི་སྦྱིལ་བུ་ན་འདུག་པར་རང་གི་མས་བསླུས་ནས་དེས་སྔོན་གྱི་ཆུང་མ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆས་བསྟེན་ཏེ། ཟག་པའི་གནས་ལྟ་བུའི་ཆོས་མང་པོ་རྣམས་ཀྱི་དང་པོ་ཀ་ལན་ད་ཀའི་བུ་བཟང་བྱིན་གྱིས་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ནས། དེ་ཕྱིན་ཆད་གླེང་གཞི་རེ་རེའི་རྒྱུ་ལས་བསླབ་པའི་གཞི་རེ་རེ་བཅས་པའི་སྒོ་ནས་ལྟུང་བའི་སྡེ་ལྔ་རྣམ་པར་གཞག་པ་མཛད་པས་ད་དེ་དག་ཇི་ལྟར་བཅས་པ་བཞིན་དུ་བཤད་པར་བྱའོ། །དེ་ལ་གདོན་པར་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱི་མཚན་ཉིད་ནི་གླེང་གཞི་དང༌། བསླབ་པ་བཅས་པ་དང༌། ལྟུང་བ་རྣམ་པར་གཞག་པས་རྒྱས་པར་བསྟན་ཏེ། དེ་ལ་གླེང་གཞི་ནི་ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པའི་གཞིའི་བྱེ་བྲག་གིས་རྣམ་པ་བཞིའོ། །བསླབ་པ་བཅས་པ་ནི་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བ་བཟློག་པའི་དབང་གིས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང༌། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་དགག་པའི་ལྟུང་བ་སྡེ་ལྔའོ། །ལྟུང་བ་རྣམ་པར་
གཞག་པ་ནི་བསམ་པ་དང༌། སྦྱོར་བའི་སྒོ་ནས་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ཅི་རིགས་པར་རྣམ་པར་གཞག་པའོ། །དེ་ལ་རེ་ཞིག །མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་དང༌། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་གསུངས་པའི་རིམ་གྱིས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ་རིམས་བཞིན་དུ་དེ་བཤད་པར་བྱའོ། །དེ་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི་བཅས་པ་དང་རྗེས་སུ་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཀ་ལན་ད་ཀའི་གྲོང་ན་བཞུགས་པའི་ཚེ་ཀ་ལན་ད་ཀའི་བུ་བཟང་བྱིན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དང་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགོན་པའི་སྤྱིལ་བུ་ན་འདུག་པར་རང་གི་མས་བསླུས་ནས་དེས་སྔོན་གྱི་ཆུང་མ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏེ། ས་བོན་གྱི་ཆོས་གཞག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སྤོང་བྱེད། གང་ཟག་ནི་བཟང་བྱིན། ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་མི་ཚངས་པར་སྤྱོད་པའོ། །རྗེས་སུ་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་ཀ་ལན་ད་ཀའི་གནས་ན་གཞུགས་པའི་ཚེ་དགེ་སློང་ཞིག་དགོན་པའི་སྤྱིལ་བུ་ན་འདུག་
པས་དགོན་པའི་སྤྲ་མོ་ཞིག་ཟས་ཀྱིས་བརྔོད་བརྔོད་ནས་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་རྗེས་སུ་བཅས་པ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ་གང་ཟག་ནི་དགེ་སློང་དགོན་པ་པ། ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་དུད་འགྲོ་དང་མི་ཚངས་པར་སྤྱོད་པའོ། །དེ་ལ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ནི་འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་སྐྱེ་པོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རང་དུ་གནས་པར་འགྱུར་བའོ་ཞེས་གསུངས་སོ། །དེ་ལ་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་ཡིན་ཏེ། རིགས་བཞི་པོ་རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང་དམངས་རིགས་དག་དད་པས་ལེགས་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྣམས་བསྡུ་བ་ལས་བརྩམས་པ་ཡིན་ནོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་
ཞེས་བྱ་བ་ནི་དེ་ལྟར་རབ་ཏུ་བྱུང་བ་རྣམས་ལ་འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤོང་ཞིང་གཞི་དང་བཅས། ངེས་པར་འབྱུང་བ་དང་བཅས། ཕ་རོལ་གནོན་པ་དང་བཅས། ཆོ་འཕྲུལ་དང་བཅས་པའི་ཆོས་བསྟན་པ་རྗེས་སུ་འཇུག་པས་དགེ་འདུན་ལེགས་པར་འགྱུར་བར་རིག་པར་བྱའོ། །དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་རྣམ་པར་སྤང་བའི་ཕྱིར་རོ། །དེ་ནི་རྣམ་པ་ལྔས་བདེ་བར་གནས་པར་འགྱུར་ཏེ། ཆོས་མི་མཐུན་པའི་གང་ཟག་རྣམ་པར་བསྐྲད་པ་དང༌། འགྱོད་པ་སྐྱེས་པ་སེལ་བ་དང༌། ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པ་དང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང༌། ཉོན་མོངས་པའི་བག་ལ་ཉལ་སྤོང་བས་སོ། །དེ་ལ་ཆོས་མི་མཐུན་པའི་གང་ཟག་རྣམ་པར་བསྐྲད་པ་ནི་གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནན་ཏུར་བྱ་བའི་ཕྱིར་རོ། །འགྱོད་པ་སྐྱེས་པ་སེལ་བ་ནི་ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཚུལ་ཁྲིམས་དང་ལྡན་པ་རྣམས་འགྱོད་པ་མེད་པར་བྱ་བའི་ཕྱིར་རོ། །ཡོ་བྱད་རྐྱེན་དུ་འབབ་པ་དག་ཡོད་པ་ནི་མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ཚིག་གཉིས་ཀྱིས་བསྟན་ཏེ། མ་ཞུགས་པ་རྣམས་གཞུག་པའི་ཕྱིར་དང༌། ཞུགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་ནི་ཚེ་འདིའི་ཟག་པ་རྣམས་བསྡམ་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཉོན་མོངས་པའི་བག་ལ་ཉལ་སྤོང་བ་ནི་ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ཞེས་བྱ་བས་བསྟན་ཏེ། སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་བསལ་བར་བྱ་བའི་ཕྱིར་དང༌། ཉོན་མོངས་པའི་བག་ལ་ཉལ་སྤང་བ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །དེ་ལྟར་རྣམ་པ་དེ་དག་གིས་དགེ་འདུན་
བདེ་བར་གནས་པར་འགྱུར་ཏེ། དཀའ་ཐུབ་དྲག་པོས་གདུང་བ་རྗེས་སུ་བསྲུང་བའི་ཕྱིར་དང༌། ཕན་ཚུན་གནོད་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། སེམས་ལ་འགྱོད་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། ཡོ་བྱད་ཀྱིས་ཕོངས་པ་རྗེས་སུ་བསྲུང་བའི་ཕྱིར་དང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྗེས་སུ་བསྲུང་བའི་ཕྱིར་དང༌། ལོག་པར་སྨོན་པ་རྗེས་སུ་བསྲུང་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ཞེས་བྱ་བ་ནི་བསྟན་པ་རྒྱུན་མི་འཆད་པར་འགྱུར་བ་སྟེ། ཐོབ་པ་རྣམས་བདེ་བར་གནས་པར་འགྱུར་བ་དང༌། མ་ཐོབ་པ་མ་ཞུགས་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལ་ངའི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་མྱ་ངན་ལས་འདས་པའི་ཕྱིར་སྤྱོད་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་རིགས་དང་རུས་རྣམས་ལ་ཕན་པའི་ཕྱིར་རོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དེ་དག་ཉིད་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ལས་བརྩམས་སོ། །ལྷ་དང་མི་རྣམས་ཀྱི་བར་ལ་ཞེས་བྱ་བ་ནི་དེ་དག་ཉིད་ལ་མཐུ་ཡོད་པའི་ཕྱིར་ཡིན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚེ་བར་གྱུར་པ་ནི་མ་ཡིན་ནོ། །ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དང༌། ཇི་སྙེད་ཡོད་པ་ཉིད་ཀྱིས་སོ། །ཕན་ཡོན་བཅུ་པོ་དེ་དག་མདོར་བསྡུ་ན་རྣམ་པ་བཞི་སྟེ། དང་པོ་བསྡུ་བ་དང༌། ལེགས་པར་བསྡུ་བ་དང༌། བསྡུས་པ་རྣམས་བདེ་བར་གནས་པར་འགྱུར་བ་དང༌། མ་འོངས་པ་མ་བསྡུས་པ་རྣམས་བདེ་བར་གནས་པར་འགྱུར་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། ཕན་ཡོན་དང་པོ་དང༌། ཕན་ཡོན་གཉིས་པ་དང༌། བར་མ་བདུན་དང༌། ཐ་མ་གོ་རིམས་བཞིན་དུ་སྦྱར་རོ། །ད་ནི་བསླབ་པ་བཅས་པའི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་དགེ་སློང་གང་ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་ཡང་ལས་དང་པོ་པ་ལ་ལྟུང་བ་མེད་པར་བསྟན་པ་སྟེ། ཕྱིན་ཆད་གཞན་གྱིས་སྤྱད་ན་ལྟུང་བར་འགྱུར་བའོ། །དགེ་སློང་ཞེས་བྱ་བ་
ནི་དགེ་སློང་རྣམ་པ་བཞི་པོ་མིང་གི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། སློང་བའི་ཕྱིར་དགེ་སློང་དང༌། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་དག་མ་གཏོགས་པ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ༌། །གང་ཞེས་བྱ་བ་ནི་བཟང་བྱིན་དང༌། དགོན་པ་པ་དང༌། གཞན་ཡང་དེ་ལྟ་བུ་གང་ཡང་རུང་བའོ། །དགེ་སློང་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ༌། །བསླབ་པ་མཚུངས་པར་གྱུར་པས་ཞེས་བྱ་བ་ནི་བསླབ་པ་གང་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་པས་ཀྱང་བསླབ་པར་བྱ་ལ། དེང་བསྙེན་པར་རྫོགས་པས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པར་བྱའོ་ཞེས་དེ་ལ་ཚུལ་ཁྲིམས་ཉིད་ཀྱིས་མ་ཉམ་པ་དང༌། བསླབ་པ་ཉིད་ཀྱིས་མ་ཉམ་པ་དང༌། སོ་སོར་ཐར་པའི་མདོ་གདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པས་སོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ནི་བསླབ་པ་མ་ཕུལ་བས་བསྟེན་ན་ལྟུང་བར་འགྱུར་གྱི་བསླབ་པ་ཕུལ་བ་ལ་ནི་སྡོམ་པ་མེད་པས་དེས་བསྟེན་པ་ལ་ནི་ལྟུང་བ་རྣམ་པར་མི་གཞག་གོ །དེ་ལ་བསླབ་པ་དབུལ་བའི་ཆོ་ག་ནི་འདི་ལྟ་སྟེ། དགེ་སློང་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། དམུས་བྱུང་པའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ན་དགེ་སློང་ངམ་མིའི་འགྲོ་བར་གཏོགས་པ་རང་བཞིན་མ་ཉམས་པ་དོན་བརྡ་ཕྲང་པར་ནུས་པའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་ཅག་མིང་འདི་ཞེས་བགྱི་བ་བསླབ་པ་འབུལ་ལོ་ཞེའམ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། མདོ་སྡེའམ། འདུལ་བའམ། མ་མོའམ། སློབ་དཔོན་ནམ། མཁན་པོ་འབུལ་ལོ་ཞེའམ། བདག་ཁྱིམ་པ་གཟུང་དུ་གསོལ་ཞེ་འམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། རྐུ་ཐབས་
སུ་གནས་པའམ། ཐ་དད་པར་གནས་པའམ། གནས་པར་མི་བྱ་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ་ཞེའམ། ཐ་ན་འདི་སྐད་ཅེས་བདག་ཁྱོད་ལྟ་བུ་ཆོས་མཐུན་པར་ཚངས་པ་མཚུངས་པར་སྤྱོད་པ་དག་དང་ལྷན་ཅིག་གནས་པའམ། ལོངས་སྤྱོད་པས་ཆོག་གོ་ཞེས་ཟེར་ན་འབུལ་ལོ་ཞེས་བྱ་བའི་ཚིག་དེ་དག་དང། གཟུང་དུ་གསོལ་ཞེས་བྱ་བའི་ཚིག་དེ་དག་དང༌། ཆོག་གོ་ཞེས་བྱ་བའི་ཚིག་དེ་དག་ལས་གང་ཡང་རུང་བ་ཞིག་སྨྲས་ན་ཡང་ངེས་བསླབ་པ་ཕུལ་བ་ཡིན་ནོ། །དེ་ལས་བཟློག་པས་ནི་བསླབ་པ་ཕུལ་བར་མི་འགྱུར་བའོ། །ཕུལ་བར་མི་འགྱུར་བའི་རྣམ་པ་ནི་འདི་ལྟ་སྟེ། དགེ་སློང་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་སོགས་པས་རང་བཞིན་ཉམས་པ་ལ་ཕུལ་ན་ཕུལ་བ་ཉིད་མ་ཡིན་ནོ། །ཉན་པ་པོས་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་སོགས་པས་རང་བཞིན་ཉམས་པ་ལ་ཕུལ་ན་ཕུལ་བ་ཉིད་མ་ཡིན་ནོ། །ཉན་པ་པོ་གླེན་པ་དང༌། ལྐུགས་པ་དང༌། འོན་པ་དང༌། གཉིད་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། དབུས་པའམ། མཐའ་འཁོབ་པའི་སྐད་དང༌། ཐ་སྙད་བརྡ་མི་ཕྲད་པ་ལ་སོགས་པས་མི་གོ་བ་ཉིད་ལ་ཕུལ་ན་ཕུལ་བ་ཉིད་མ་ཡིན་ནོ། །དབེན་པར་དབེན་པ་ཉིད་དམ། མི་དབེན་པར་འདུ་ཤེས་པ་དང༌། མི་དབེན་པར་དབེན་པ་ཉིད་དུ་འདུ་ཤེས་པས་ཕུལ་ན་ཕུལ་བ་ཉིད་མ་ཡིན་ནོ། །ལྷ་དང་སྤྲུལ་པ་དང༌། དུད་འགྲོ་དང༌། གཟུགས་བརྙན་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་ལ་ཕུལ་ན་ཕུལ་བ་ཉིད་མ་ཡིན་ཏེ། བསླབ་པ་གཏོང་བའི་སེམས་མེད་ཅིང་འབུལ་བའི་ཆོ་ག་སྔར་བསྟན་པ་དག་འགའ་ལ་ཡང་ལུས་སམ། དག་གི་རྣམ་པར་རིག་བྱེད་ཀྱིས་གོ་བར་མ་བྱས་པ་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ། །བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་
ཉམས་པར་མ་བྱས་པས་བསྟེན་ན་ལྟུང་བར་འགྱུར་གྱི། བསླབ་པ་ཉམས་པར་བྱས་པ་ལ་ནི་སྡོམ་པ་མེད་པས་དེས་བསྟེན་པ་དག་ལ་ལྟུང་བ་རྣམ་པར་མི་གཞག་གོ །དེ་ལ་བསླབ་པ་ཉམས་པར་བྱ་བའི་ཆོ་ག་ནི་འདི་ལྟ་སྟེ། དགེ་སློང་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། དམུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་ཡོངས་སུ་གཏོང་འདོད་པ་ན་དགེ་སློང་ངམ་མིའི་འགྲོ་བར་གཏོགས་པ་རང་བཞིན་མ་ཉམས་པ་དོན་བརྡ་ཕྲད་པར་ནུས་པའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག །ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང་རི་དྲུང་དང་བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དྲན་ནོ། །བདག་བཟོ་དག་སློབ་ཏུ་ཆུག་ཤིག །བདག་གི་ལས་ཀྱི་མཐའ་དག་ཚོལ་ཅིག །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བའི་ངག་དང་ཚིག་དང་ཐ་སྙད་དང་སྐད་དང༌། བརྗོད་པ་དང་ངེས་པའི་ཚིག་དང༌། ཚིག་གི་ལམ་དང་ཚིག་གི་སྒྲ་དང་ངག་གི་ལས་དང་ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་རྗོད་པར་བྱེད་ན་དེས་བསླབ་པ་ཉམས་པར་བྱས་པ་ཡིན་ནོ། །དེ་ལས་བཟློག་པས་ནི་བསླབ་པ་ཉམས་པར་བྱས་པར་མི་འགྱུར་རོ། །བསླབ་པ་ཕུལ་བ་དང་བསླབ་པ་ཉམས་པར་བྱ་བ་གཉི་ག་ལ་སྡོམ་པ་མེད་པ་ཉིད་དང་འདྲ་སྟེ། བསླབ་པ་ཕུལ་བས་ནི་བསླབ་པ་གཏོང་བའི་སྒོ་ནས་སྡོམ་པ་མད་པར་བྱས་ལ། བསླབ་པ་ཕུལ་བས་ཉམས་པར་བྱས་པས་ནི་བསླབ་པའི་ཡུལ་མཐུ་མེད་པར་བྱས་པའི་སྒོ་ནས་སྡོམ་པ་མེད་པར་བྱས་པ་ཡིན་ནོ། །དེ་ལ་བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་མ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཡང་ཡོད་དོ། །
དེ་ལ་མུ་དང་པོ་ནི་བསླབ་པ་དབུལ་བ་བསླབ་པ་ཉམས་པར་བྱ་བ་མེད་པར་བྱེད་པ་སྟེ། རྒྱུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་པ་ཞེས་མུ་དང་པོར་གཞག་པར་ཟད་ཀྱི། བསླབ་པ་ཕུལ་ལ་བསླབ་པ་ཉམས་པར་མ་བྱས་སུ་ཟིན་ཀྱང་དེ་ལ་དགེ་སློང་གི་དངོས་པོ་ཉིད་མེད་དོ། །མུ་གཉིས་པ་ནི་བསླབ་པ་ཉམས་པར་བྱ་བ་བསླབ་པ་དབུལ་བ་མེད་པར་བྱེད་པ་སྟེ། དེ་ནི་འབྲས་བུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཉིད་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཞེས་མུ་གཉིས་པར་གཞག་པར་ཟད་ཀྱི། བསླབ་པ་མ་ཕུལ་ལ་བསླབ་པ་ཉམས་པར་བྱས་ན་བསླབ་པ་མ་ཕུལ་དུ་ཟིན་ཀྱང་དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །མུ་གསུམ་པ་ནི་དགེ་སློང་གི་དངོས་པོ་མེད་པ་ཉིད་གང་ཡིན་པ་དེའི་རྒྱུ་ཡང་བསྟན་ལ་འབྲས་བུ་ཡང་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་པས་བསླབ་པ་ཉམས་པར་ཡང་བྱས་ན་བསླབ་པ་ཕུལ་བ་ཞེས་མུ་གསུམ་པར་གཞག་སྟེ་དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་པར་འགྱུར་བའི་རྒྱུ་དེ་གཉིས་ཀ་ཡང་མ་བྱས་པས་དེ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པ་ཡིན་པས་བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ཞེས་མུ་བཞི་པར་རྣམ་པར་གཞག་གོ །མུ་བཞི་པོ་དེ་དག་ལས་དང་པོ་གསུམ་པ་ནི་དགེ་སློང་གི་དངོས་པོ་ཉིད་མེད་ལ། མུ་བཞི་པ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པས་དེའི་ཕྱིར་འདིར་བསླབ་པ་མ་ཕུལ་པ་བསླབ་པ་ཉམས་པར་མ་བྱས་པར་ཞེས་མུ་བཞི་པ་ཉིད་སྨོས་སོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་འཁྲིག་པ་ཡང་ཡིན་ཏེ། གཉིས་ཀྱིས་གཉིས་སྤྲོད་པ་ལས་མི་ཚངས་པར་སྤྱོད་པ་ཞེས་བྱ་བའི་ཆོས་དེ་བྱུང་བའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་པའོ། །བསྟེན་ནས་ཞེས་བྱ་བ་ནི་བྱས་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང༌། ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་སྤྲ་མོའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་རུང་
སྟེའོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པའི་སྡོམ་པའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང༌། ཀུན་དུ་བསྟན་པའི་ཚིག་བླ་དགས་དེའོ། །ཕམ་པར་གྱུར་པ་ཡིན་གྱི་ཞེས་བྱ་བ་ནི་དེ་མཐར་གྱུར་པ་དང་ལྟུང་བ་དང་དམན་པ་དང་མཇུག་ན་འདུག་པ་དང་ཐ་ཆད་དང་ཡིད་དང་མི་མཐུན་པ་ཡིན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་མ་ཐག་ཏུ་འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ་དགེ་སློང་གི་གནས་པ་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་ལ་དེས་ན་ཕམ་པར་འགྱུར་བ་ཡིན་གྱི་ཞེས་གསུངས་ཏེ། གཞན་རྒྱལ་བར་བྱེད་དུ་འཇུག་པའི་ཉེས་པས་ཕམ་པར་གྱུར་ཏེ་ལྟུང་བ་བྱུང་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱ་བ་དང༌། དེ་གང་ཟག་བཅུ་གཉིས་པོ་གནས་ཁང་བསྐོ་བ་དང༌། ཟས་ལ་བསྐོ་བ་དང༌། ཐུག་པ་འབྲིམ་པ་དང༌། བག་ཆོས་འབྲིམ་པ་དང༌། ཕྲན་ཚེགས་འབྲིམ་པ་དང༌། སྣོད་སྤྱད་འདྲུབ་པ་དང༌། སྣོད་སྤྱད་འགྱེད་པ་དང༌། གོས་སྦེད་པ་དང༌། གོས་བགེད་པ་དང༌། དབྱར་གྱི་རས་ཆེན་བགེད་པ་དང༌། མངག་གཞུག་པ་དང༌། མཛེས་ཆོས་ཞེས་བྱ་བ་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལྟུང་བ་རྣམ་པར་གཞག་པ་ནི་བསམ་པ་དང༌། སྦྱོར་བའི་སྒོ་ནས་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ཅི་རིགས་པར་རྣམ་པར་གཞག་པར་བྱ་སྟེ། འདིར་ནི་དངོས་གཞི་དང༌།
སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་པ་རྣམ་པར་གཞག་པ་ནི་བཅུག་རེག་ཉམས་སུ་མྱོང་བར་བྱས་ན་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི་དགེ་སློང་གིས་རང་གི་སྟོན་པར་བྱེད་པ་ཟག་བྱེད་མ་ཉམས་པ་བསྟེན་པར་བྱ་བ་རང་གི་དང་གཞན་གྱི་དང༌། མིའི་དང་འགྲོ་བ་གཞན་དུ་གཏོགས་པའི་དང༌། ཕོའི་དང་མོའི་དང་མ་ནིང་གི་དང༌། རོའི་ཟག་བྱེད་དམ། ཁའམ། བཤང་བའི་ལམ་ཅི་རིགས་པར་མ་ཉམས་པར་བཅུག་པ་དང༌། རང་གི་བསྟེན་པར་བྱ་བ་མ་ཉམས་པར་དེ་དག་ཅི་རིགས་པའི་སྟེན་པར་མི་བྱེད་པ་མ་ཉམས་པར་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཕམ་པར་འགྱུར་རོ། །མི་དང་འགྲོ་བ་གཞན་དུ་གཏོགས་པ་དང་དུད་འགྲོ་ལ་ན་སྨད་པ་མེད་དོ།། རང་དང་གཞན་ལ་ན་སྨད་པ་མེད་དོ། །ཕོ་དང་མོ་དང་མ་ནིང་ལ་ན་སྨད་པ་མེད་དོ། །གསོན་པོ་དང་རོལ་ན་སྨད་པ་མེད་དོ། །ཟག་བྱེད་དང་ཁ་དང་བཤང་བའི་ལམ་ལ་ན་སྨད་པ་མེད་དོ། །བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་གཡོགས་མ་སྲབ་མོ་ཅན་ལ་ན་སྨད་པ་མེད་དོ། །གཞན་གྱིས་མ་ཚོར་བ་དང་གཞན་རང་བཞིན་ཉམས་པ་ལ་ན་སྨད་པ་མེད་དོ། །བདག་དང་གཞན་མི་འདོད་བཞིན་དུ་བཅུག་པ་ལ་ན་སྨད་བ་མེད་དོ། །ཕྱི་རོལ་དུ་འདྲུད་ཅིང་ནང་དུ་ལྡུགས་པ་དང༌། ནང་དུ་སྨྱུགས་ཤིང་ཕྱི་རོལ་དུ་དབོ་བ་ལ་ན་སྨད་པ་མེད་དོ། །བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ན་སྨད་པ་མེད་དོ། །བསྟེན་པར་བྱ་བའི་དབུས་དབྱེ་བའི་མཚམས་འབྱོར་པར་མི་མངོན་པ་ལ་ན་སྨད་པ་མེད་དོ། །ཤིང་དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་བ་ན་ཡན་ལག་ཐམས་ཅད་དུ་རེག་པ་བསྟེན་ན་ན་སྨད་པ་མེད་དོ། །མདུན་མ་དང་ཕྱི་མ་གཉིས་གང་དུ་བརྩམས་པ་དེ་ལས་གཞན་དུ་གཏུགས་པ་ལ་ན་སྨད་པ་མེད་དོ། །སྒོ་གསུམ་གྱི་ལམ་གཅིག་ཏུ་བརྩམས་ནས་ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ལ་ན་སྨད་པ་མེད་དོ། །བདག་མ་ཉམས་པར་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ན་སྨད་པ་མེད་དོ། །ནད་དང་དབྲལ་བར་བྱ་བའི་
དོན་ཉིད་ལ་ན་སྨད་པ་མེད་དོ། །སྒོ་གསུམ་གྱི་ལམ་ལ་ལམ་མ་ཡིན་པར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རང་བཞིན་གྱིས་ལས་སུ་རུང་བ་ཉིད་ཡིན་ན་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པས་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་གྱིས་ཉམས་པ་ཡིན་ནོ། །འདིའི་བྱེད་པ་པོ་ནི་མི་དང་འགྲོ་བ་གཞན་དང་དུད་འགྲོ་ཕོ་དང་མོ་དང་མ་ནིང་དང༌། གསོན་པོ་དང༌། ཤི་བའི་ཟག་བྱེད་དང༌། ཁ་དང་བཤད་བའི་ལམ་མ་ཉམས་པ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་དུ་རུང་བའོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྟེན་དུ་རུང་བ་དང༌། མ་ཉམས་པ་དང༌། དང་པོའི་ཕྱོགས་སུ་ནོར་བུ་འདས་པ་དང༌། རེག་པ་ཉམས་སུ་མྱོང་བའོ་དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྟེན་དུ་རུང་བ་ནི་མི་ཚངས་པར་སྤྱོད་པར་འཁྲིག་པའི་ཆོས་བསྟེན་དུ་རུང་བ་སྟེ། བསྟེན་དུ་མི་རུང་བ་ནི་མ་ཉམས་སུ་ཟིན་ཀྱང་དེ་ལ་དང་པོའི་ཕྱོགས་སུ་ནོར་བུ་འདས་པ་དང༌། རེག་པ་ཉམས་སུ་མྱོང་བ་མེད་པས་ཉེས་པ་སྦོམ་པོའོ། །མ་ཉམས་པ་ནི་སྟེན་པར་བྱེད་པ་དང་བསྟེན་པར་བྱ་བ་མ་ཉམས་པ་སྟེ། ཉམས་ན་བསྟེན་དུ་རུང་བ་ཡིན་ཡང་དེ་ལ་རེག་པ་ཉམས་སུ་མྱོང་བ་མེད་པས་ཉེས་པ་སྦོམ་པོའོ། །དང་པོའི་ཕྱོགས་སུ་ནོར་བུ་འདས་པ་ནི་རྨའི་སྒོ་གསུམ་པོ་དག་གི་དང་པོའི་ཕྱོགས་སུ་སྟེན་པར་བྱེད་པའི་ནོར་བུ་མཐེ་བོང་གི་རྣམ་པ་ལྟ་བུ་འདས་པའོ། །དེར་དེ་མ་འདས་ན་བསྟེན་དུ་རུང་བ་དང་མ་ཉམས་པ་ཡིན་དུ་ཟིན་ཀྱང་
རེག་པ་ཉམས་སུ་མྱོང་བ་ཡོངས་སུ་རྫོགས་པར་མི་འགྱུར་བས་ཉེས་པ་སྦོམ་པོའོ། །རེག་པ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་བཅུག་རེག་ཉམས་སུ་མྱོང་བས་དེ་མེད་ན་སྔ་མ་གསུམ་ཡོད་ཀྱང་ཉེས་པ་སྦོམ་པོར་འགྱུར་རོ། །རེག་པ་ཉམས་སུ་མྱོང་བ་ཡོད་ན་ནི་ཡན་ལག་གོང་མ་གསུམ་ཡང་གདོན་མི་ཟ་བར་ཡོད་པས་འདི་ནི་དངོས་གཞིའི་ཡན་ལག་ཡིན་ནོ། །སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ནི་མི་ཚངས་པར་སྤྱོད་པའི་སྦྱོར་བས་བགྲོད་པར་བྱ་བ་ལ་ནོམ་པར་བྱེད་ཉུག་པར་བྱེད་ལ་ཇི་སྲིད་དུ་བཅུག་རེག་ཉམས་སུ་མྱོང་བར་མི་བྱེད་ཀྱི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་བསྟེན་དུ་མི་རུང་བ་དང་ཉམས་པ་དང༌། དང་པོའི་ཕྱོགས་སུ་ནོར་བུ་མ་འདས་པ་དང་རེག་པ་ཉམས་སུ་མ་མྱོང་བ་དག་ལ་ཉེས་པ་སྦོམ་པོའོ། །མགོ་བཅད་པའི་ཁར་བཅུག་ན་ཉེས་པ་སྦོམ་པོའོ། །གཞན་གྱི་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་བྱེད་པ་དག་ཏུ་རང་གི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་འཇུད་ན་ཉེས་པ་སྦོམ་པོའོ། །རང་དང་གཞན་གྱི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་དག་ཏུ་རང་གི་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་འཇུད་ན་ཉེས་པ་སྦོམ་པོའོ། །གཞན་གྱི་བསྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་འཇུད་ན་ཉེས་པ་སྦོམ་པོའོ། །གཞན་གྱི་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་དང་མ་བྱས་པ་སྦྱོར་བ་བྱས་ན་ཉེས་པ་སྦོམ་པོའོ། །རྨའི་སྒོ་གསུམ་ལས་གཞན་པའི་བུ་ག་ལུས་ལས་ཐ་དད་པར་བྱས་པ་དང་མ་བྱས་པར་འཇུད་ན་ཉེས་པ་སྦོམ་པོའོ། །བསྟེན་པར་བྱ་བ་མ་ནིང་མོ་སྦུབས་མེད་པ་ལ་སྦྱོར་ན་ཉེས་པ་སྦོམ་པོའོ། །མཆུ་གཉིས་ལ་སྦྱོར་ན་ཉེས་པ་སྦོམ་པོའོ། །སོའི་ཕྱི་རོལ་ཚུན་ཆད་དུ་སྦྱོར་ན་ཉེས་པ་སྦོམ་པོའོ། །ཅི་ཡང་རུང་བའི་སྣོད་དུ་འཇུད་ན་ཉེས་པ་སྦོམ་པོའོ། །སྟེན་པར་བྱེད་པ་ལྟ་བ་དང་མི་རིག་པར་འཇུད་ན་ཉེས་པ་སྦོམ་པོའོ། །བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་ན་ཉེས་པ་སྦོམ་པོའོ། །བསྟེན་པར་བྱ་བར་མ་ཆུད་པ་དང༌། ཆུད་པར་བྱ་བའི་ཕྱིར་རྨའི་སྒོ་མ་ཉེས་ན་ཉེས་པ་སྦོམ་པོའོ། །འཇུད་པ་ན་སྐྲག་པ་དང་ངོ་ཚ་བས་ཀུན་དུ་འདོད་ཆགས་མ་སྐྱེས་ན་ཉེས་
པ་སྦོམ་པོའོ། །ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱངས་ན་ཉེས་པ་སྦོམ་པོའོ། །ལས་སུ་མི་རུང་བ་བཅུག་ན་ཉེས་པ་སྦོམ་པོའོ། །སྤྱད་དུ་མི་བཟོད་པ་ཆུང་དུ་ལ་སྟེན་པར་བྱེད་ན་ཉེས་པ་སྦོམ་པོའོ། །སྤྲད་པའི་གཡོ་བ་ཡིད་ཙམ་མྱོང་ན་ཉེས་པ་སྦོམ་པོའོ། །ཤིང་དང་རྡོབ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་བ་ན་གལ་ཏེ་དབང་པོ་ཙམ་དོད་པར་འཇུད་ན་ཉེས་པ་སྦོམ་པོའོ། །བསྟེན་པའི་དོན་དུ་རྩོལ་བས་ཡན་ལག་གི་རྣམ་པར་རྐང་པ་འཇུད་ན་ཉེས་པ་སྦོམ་པོའོ། །བསྟེན་པར་བྱ་བ་ལ་ཡན་ལག་གི་རྣམ་པས་རེག་པ་ཙམ་བྱེད་ན་ཉེས་པ་སྦོམ་པོའོ། །བདག་དང་བསྟེན་པའི་ཕྱིར་རམ་གཞན་བསྟེན་དུ་གཞུག་པའི་ཕྱིར་བསྒོ་ན་ཉེས་པ་སྦོམ་པོའོ། །སྒོ་གསུམ་གྱི་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་ན་ཉེས་པ་སྦོམ་པོའོ། །རྩོམ་པ་ན་ཟག་བྱེད་དང་ཁ་དང་བཤད་པའི་ལམ་དུ་ལག་པ་ལ་སོགས་པས་འཚིར་ན་ཉེས་པ་སྦོམ་པོའོ། །ཟག་བྱེད་དང་ཁ་དང་བཤད་པའི་ལམ་དུ་མཐེ་བོང་དང་བ་སོ་ལ་སོགས་པ་འཇུད་ན་ཉེས་པ་སྦོམ་པོའོ། །མི་ཚངས་པར་སྤྱོད་པའི་དོན་དུ་ཉེ་བར་འགྲོ་བ་ལ་ཁུ་བ་ཤོར་ན་ཉེས་པ་སྦོམ་པོའོ། །བསྟེན་པར་བྱ་བའི་དབུས་སུ་བྱེད་པའི་མཚམས་འབྱོར་པར་མངོན་པ་ལ་རྩོལ་ན་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ནི་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དགེ་སློང་གི་སྐྱེས་པའི་ཕྱིར་ལུས་བཀན་ན་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ནི་མི་ཚངས་པར་སྤྱོད་པའི་སྦྱོར་བའི་ཕྱིར་ཁྲི་ལས་ལྡང་བ་ལ་སོགས་པ་ནས་ཇི་སྲིད་དུ་བགྲོད་པར་བྱ་བ་ལ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་ཀྱི་བར་དུ་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟེན་པ་དེ་དག་རེ་རེ་ལ་སྦྱོར་བའི་སྦྱོར་བ་གཅིག་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །སྦྱོར་བའི་སྦྱོར་བ་ཐ་དད་ན་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་རྡོས་པ་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་ལྟུང་བ་མེད་དོ། །མི་འདོད་བཞིན་དུ་བུད་མེད་ཉམ་ཐག་པས་མགུལ་ནས་འཁྱུད་ན་ཉེས་པ་མེད་དོ། །མི་འདོད་བཞིན་དུ་
མཆུར་བུད་མེད་ཀྱི་མཆུས་རེག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མི་ཚངས་པར་སྤྱོད་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་གྱུར་པ་རྣམ་པ་ཐམས་ཅད་དུ་བསྟེན་པར་མི་བྱ་བར་བསླབ་པར་བྱའོ། །མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །གོང་དུ་བུད་མེད་ཀྱིས་བརྗོད་པ་དེར་འགྲོ་བར་མི་བའོ། །གོང་དུ་མི་མ་ཡིན་པས་གནོད་པ་ཕྱིས་བརྩམ་པ་དེར་འགྲོ་བར་མི་བྱའོ། །ཁྱིའི་མདུན་དུ་ཟག་བྱེད་ཕྱུང་སྟེ་གཅི་བར་མི་བྱའོ། །གང་དུ་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་གནས་པར་མི་བྱའོ། །གང་ན་ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་སྒྲེན་མོར་རྒལ་བར་མི་བྱའོ། །གྲུ་རྒལ་བ་དང་བ་ལང་གི་ནང་དུ་འགྲོ་བ་དང་ཁྲོན་པ་བརྟག་པ་དང་བསོང་སྙོམས་ལ་འགྲོ་བ་ན་བུད་མེད་ལ་མི་རེག་པར་ཤེས་བཞིན་དུ་བྱའོ། །རབ་ཏུ་བྱུང་བ་དག་ལེགས་པར་བརྟགས་ཏེ་བུད་མེད་མ་ཡིན་པ་ཉེ་བར་གཞག་པར་བྱའོ། །འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ། །དེ་ལ་ཕྱིར་བཅོས་པ་ནི་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞི་མཐོལ་བ་དང༌། བཤགས་པ་དང༌། གཉིས་ཀྱིས་ལྟུང་བ་ལས་སླར་བསླང་བར་བྱའོ། །དེ་ལ་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྱིར་བཅོས་པ་ནི་དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་མཐོལ་བ་དང༌། བཤགས་པ་མི་དགོས་པར་རང་གི་ཡིད་ཀྱིས་ལྟུང་བ་སྔར་མཐོལ་བ་དང་ཕྱིན་ཆད་བསྡམས་པས་སྔ་མ་འགྱོད་པ་དང་ཕྱིན་ཆད་མི་བྱའོ་སྙམ་དུ་བསྡམས་པ་བྱས་ན་ལྟུང་བ་ལས་ལྡང་ངོ༌། །བཤགས་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་མཐོལ་བ་དང་བཤགས་པས་ཕྱིར་བཅོས་པར་བྱ་དགོས་སོ། །དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་ནི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པའི་ཡིད་ཀྱི་ཉེས་བྱས་ཞེས་བྱ་སྟེ་དཔེར་ན་མི་ཚངས་པར་སྤྱོད་པའི་དོན་དུ་ཡིད་ཀྱི་རྩོལ་བ་ལ་
སོགས་པ་ལྟ་བུའོ། །བཤགས་པར་བྱ་བའི་ཉེས་བྱས་ནི་ལུས་དང་ངག་གིས་སྦྱོར་བའི་སྦྱོར་བ་ཇི་སྐད་བསྟན་པ་རྣམས་སོ། །བཤགས་པར་བྱ་བའི་ཉེས་བྱས་མཐོལ་བ་དང༌། བཤགས་པའི་ཆོ་ག་ནི་དགེ་སློང་གིས་ལྟུང་བ་བཅབ་པར་མི་བྱ་སྟེ་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་བཤགས་པར་བྱ་བ་གང་ཡང་རུང་བ་རྒྱུད་ན་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་སྙེད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་དང་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་རིགས་གང་བྱུང་བ་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པ་བྱར་རུང་ངོ༌། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་མི་འཆབ་བོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པ་པོས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང་འཆགས་པས་སྡོམ་མོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་ལྟུང་བ་ལས་ལྡང་ངོ༌། །དེའི་མོད་ལ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་མ་བཤགས་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་ཇི་སྲིད་དུ་གང་ལ་
མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོ་བའམ་གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང་གཞན་དུ་འགྲོ་བ་དང་སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་གཅིག་ལ་ཇེ་མཐོལ་ལ། དེའི་འོག་ཏུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་བཤགས་པར་བྱའོ། །ལྟུང་བ་མིང་ལས་མི་མཐུན་པའི་གང་ཟག་མེད་ན་ལྟུང་བ་རིགས་ལས་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །འདིར་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །ཆོས་འདི་པ་ཞེས་བྱ་བ་ནི་དགེ་སློང་དང་བསླབ་པ་བྱིན་པ་དང༌། དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ཁྱིམ་པ་དེ་བཞིན་གཤེགས་པའི་ལྟ་བ་ཅན་མཚམས་ཀྱི་ནང་ན་འདུག་པ་དང༌། ལྟ་བ་མི་མཐུན་པ་མཚམས་གཞན་གྱི་ནང་ན་འདུག་པ་དག་གོ །འདིར་དེ་དག་གི་རྣམ་པར་གཞག་པ་ནི། མཚན་མི་མཐུན་པར་བསྙེན་པར་རྫོགས་པ་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་
སུ་ནི་འགྱུར་རོ། །བསྙེན་པར་མ་རྫོགས་པ་དག་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་གནས་ངན་ལེན་རིག་པར་བྱེད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་པར་རིག་པར་བྱེད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །ཆོས་འདི་པ་དེ་དག་གང་ཡང་རུང་བ་མཚམས་གཞན་ན་འདུག་པ་དང་ལྟ་བ་མི་མཐུན་པ་ལ་མཐོལ་ན་བཅབས་པར་མི་འགྱུར་ལ། ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་མ་ཡིན་པ་ལ་མཐོལ་ན་ཡང་བཅབས་པར་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས། མཐུན་པ་ལ་མཐོལ་ན་ཡང་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པར་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལ་མཐོལ་ན་བཅབས་པར་ཡང་མི་འགྱུར་ལ་ལྟུང་བར་ཡང་མི་འགྱུར་ཏེ། འོག་མ་གཞན་དག་ལ་ཡང་དེ་བཞིན་ནོ། །ལྟུང་བ་མཐོལ་བལ་སྤྱིར་བསྟན་པ་ནི་མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་ངམ་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་རོ། །བཤགས་པའི་སྔགས་ནི་རྫོགས་པར་བརྗོད་དགོས་སོ། །ཉེས་བྱས་མཐོལ་བ་ལས་ནི་མིང་དང་རིགས་མ་བརྗོད་པར་བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱས་ན་ཡང་རུང་ངོ༌། །ཕམ་པར་འགྱུར་བའི་དངོས་གཞི་མ་གཏོགས་པ་སྦྱོར་བ་དང་ཉེས་བྱས་ལ་སོགས་པ་ལྟུང་བ་གཞན་ཐམས་ཅད་ལ་ཡང་བཅབས་པ་ཡོད་ན་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཉིད་ཕྱིར་བཅོས་པར་ཤེས་པར་བྱའོ། །བཅབས་པའི་ཉེས་པ་ཕྱིར་བཅོས་པ་ནི་ལྟུང་བ་མིང་དང་རིགས་གང་བྱུང་བ་དང༌། ཇི་སྲིད་བཅབས་པ་དེ་གཉིས་ཇེ་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བ་ཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་ཏེ། དེ་ནི་འོག་ནས་སྟོན་ཏོ། །མཐོལ་བ་དང་
བཤགས་པར་བྱ་བའི་སྐབས་ཡོད་བཞིན་དུ་མི་མཐོལ་མི་འཆགས་ན་ཞག་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གང་ལ་མཐོལ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ཡོད་ན་ཆོས་འདི་པ་གཞན་ལ་མཐོལ་བར་མི་བྱའོ། །བཤགས་པ་ནི་ཆོས་འདི་པ་གཞན་ལ་རྣམ་པ་ཐམས་ཅད་དུ་མི་བྱའོ། །ཕམ་པར་འགྱུར་བའི་སྦྱོར་བ་ཉེས་པ་སྦོམ་པོའི་ཕྱིར་བཅོས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་ཉེས་པ་སྦོམ་པོའི་ལྟུང་བ་ལས་བསླང་བ་སྟེ། དེ་ལ་མཐོལ་བ་ནི་དགེ་སློང་གིས་ཁ་ན་མ་ཐོ་བ་བཅབ་པར་མི་བྱ་སྟེ། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་སྦྱོར་བའི་ཉེས་པ་སྦོམ་པོ་ལྕི་བ་དང་ཡང་བ་གང་ཡང་རུང་བ་བྱུང་བ་ན་བཅབ་པའི་སེམས་ཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མདོ་ལ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་མཐོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་བ་ལ་འཆབ་པའི་ཉེས་པ་མེད་དོ།།
གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལམ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་བའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་པར་དེའི་གན་དུ་མི་འགྲོ་བ་དང༌། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པའི་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་སྔར་བསྟན་པ་དག་ལ་མཐོལ་ན་ཡང་མཐོལ་བ་ཉིད་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་སྔར་བསྟན་པ་ཡང་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཡང་ཐ་ན་མིང་ངམ། རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་ཏེ། འདིར་ཡང་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བའི་སྦྱོར་བ་མཐོལ་ན་སྦྱོར་བ་དེས་སྦྱོར་བ་ཉེས་བྱས་ནི་ལོགས་ཤིག་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོའི་ལྕི་བ་ནི་མཚམས་གང་ན་དགེ་སློང་དྲུག་ཡན་ཆད་འདུག་པའི་དགེ་སློང་གུད་དུ་མ་བཅད་པ་ཐམས་ཅད་ལ་བཤགས་པར་བྱ་སྟེ། གང་ན་དགེ་སློང་དྲུག་ཏུ་མ་ལོངས་པའི་གནས་སུ་བཤགས་
སུ་མི་རུང་ངོ༌། །དེར་གནས་གཞན་ནས་དགེ་སློང་དག་གཉེར་ཏེ་དྲུག་ཡན་ཆང་དུ་ཁ་བསྐང་བ་ལ་ནི་བཤགས་སུ་རུང་ངོ༌། །དགེ་སློང་དྲུག་ཡན་ཆད་གནས་པར་དགེ་སློང་གཞན་གཞག་སྟེ། དྲུག་ཡན་ཆད་ལོགས་ཤིག་ཏུ་བཅད་པ་ལ་ཡང་བཤགས་སུ་རུང་སྟེ། དྲུག་ཡན་ཆད་གནས་དེ་ན་དགེ་སློང་ཇི་སྙེད་ཅིག་གནས་པ་ཐམས་ཅད་ལ་བཤགས་པར་བྱ་དགོས་སོ། ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ཡང་བ་ནི་མཚམས་གང་ན་དགེ་སློང་བཞི་ཡན་ཆད་འདུག་པའི་དགེ་སློང་གུད་དུ་མ་བཅད་པ་ཐམས་ཅད་ལ་བཤགས་པར་བྱ་སྟེ། གང་ན་དགེ་སློང་བཞིར་མ་ལོངས་པའི་གནས་སུ་བཤགས་སུ་མི་རུང་ངོ༌། །དེར་གནས་གཞན་ནས་དག་སློང་དག་གཉེར་ཏེ་བཞི་ཡན་ཆད་དུ་ཁ་བསྐང་བ་ལ་ནི་བཤགས་སུ་རུང་ངོ༌། །དགེ་སློང་བཞི་ཡན་ཆད་གནས་པར་དགེ་སློང་གཞན་གཞག་སྟེ་བཞི་ཡན་ཆད་ལོགས་ཤིག་ཏུ་བཅད་པ་ལ་ཡང་བཤགས་སུ་མི་རུང་སྟེ། བཞི་ཡན་ཆད་གནས་དེ་ན་དགེ་སློང་ཇི་སྙེད་གནས་པ་ཐམས་ཅད་ལ་བཤགས་པར་བྱ་དགོས་སོ། །དེས་ན་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ལྕི་བ་ནི་མཚམས་ཀྱི་ནང་དུ་དགེ་སློང་དྲུག་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱ་བ་ཁོ་ན་ཡིན་ནོ། །ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ཡང་བ་ནི་མཚམས་ཀྱི་ནང་ཡང་རུང་ཕྱི་རོལ་ཡང་རུང་སྟེ། དགེ་སློང་བཞི་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་བཤགས་སུ་ཡང་རུང་ངོ༌། །ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ལྕི་བ་དང་ཡང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ན་མཐོ་བ་ཆེ་བ་ནི་ལྕི་བ་ཡིན་ལ། ཁ་ན་མཐོ་བ་ཆུང་བ་ནི་ཡང་བ་ཡིན་ཏེ། ཁ་ན་མ་ཐོ་བ་ཆེ་བ་དང་ཆུང་བ་ཉིད་ནི་ཡུལ་དང་བསམ་པ་ཤས་ཆེ་ཆུང་ཉིད་ལས་ཤེས་པར་བྱ་སྟེ། དཔེར་ན་བསྟེན་དུ་མི་རུང་བ་དང་ཉམས་པ་ལ་རྩོལ་བ་ནི་ཡང་བ་ཡིན་ལ། དེ་བཞིན་དུ་རྩ་དང་ཕུབ་མ་ལ་སོགས་པ་རྐུ་བ་ཡང་ཡང་བ་ཡིན་ལ། སྤྲུལ་པ་གསོད་པ་དང་སྐྲ་ཅན་འཚོང་བ་དག་ཀྱང་ཡང་བ་ཡིན། ནོར་པ་དང་གཞོགས་སྨོས་བྱེད་པས་བརྫུན་སྨྲ་བ་ལ་སོགས་པ་ཡང་ཡང་བ་ཡིན་ནོ། །བསྟེན་དུ་རུང་བ་དང་མ་ཉམས་པར་བཅུག་ལ་རེག་པ་ཉམས་སུ་མྱོང་བ་ནི་ལྕི་བ་ཡིན་ལ། དེ་བཞིན་དུ་ཡན་ལག་མ་ཚང་བའི་རྫས་མང་པོ་རྐུ་བ་ཡང་ལྕི་བ་ཡིན། གསོད་པ་ལ་འཇུག་པ་དང་
དུ་ལེན་པ་ལ་སོགས་པ་ཡང་ལྕི་བ་ཡིན། རྡུལ་ཁྲོད་ཀྱི་ཤ་ཟ་ཞི་གནས་ཀྱི་རྒྱུ་མཚན་ལ་སོགས་པ་ཡང་ལྕི་བ་ཡིན་ནོ། །དེ་ལ་ཕམ་པར་འགྱུར་བའི་ཉེས་པ་སྤོམ་པོ་ལྕི་བ་བཤགས་པའི་ཆོ་ག་དང་སྔགས་ནི་མཚམས་ཀྱི་ནང་དུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་དྲུག་ཡན་ཆད་ཇི་སྙེད་འཁོད་པ་བསྡུས་ནས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་ལྕི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པ་དག་གི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་དུ་བཟླས། ཉན་པ་རྣམས་ལས་རྒན་པ་གཅིག་གིས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ལྕི་བ་ལས་ལྡང་ངོ༌། །ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་ཡང་བ་བཤགས་པའི་ཆོ་ག་དང་སྔགས་ནི་མཚམས་ཀྱི་ནང་ངམ་ཕྱི་རོལ་དུ་ཡང་རུང་སྟེ། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ་ལྟུང་བ་མིང་དང་རིགས་མི་མཐུན་པ་བཞི་ཡན་ཆད་ཇི་སྙེད་འཁོད་པ་བསྡུས་ནས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་
དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་ཡང་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པ་དག་གི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་དུ་བཟླས། ཉན་པ་རྣམས་ལས་རྒན་པ་གཅིག་གིས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྔོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་ཕམ་པར་འགྱུར་བའི་ཉེས་པ་སྤོམ་པོ་ཡང་བ་ལས་ལྡང་ངོ༌། །དེ་ལྟར་ཉེས་པ་སྦོམ་པོ་བཤགས་ན་དེའི་སྦྱོར་བའི་ཉེས་བྱས་ནི་ལོགས་ཤིག་ཏུ་བཤགས་མི་དགོས་སོ། །ཕམ་པར་འགྱུར་བའི་དངོས་གཞི་ཕྱིར་བཅོས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་ཕམ་པར་འགྱུར་བའི་དངོས་གཞི་ལས་བསླངས་པ་སྟེ། དེ་ལ་ཕམ་པར་འགྱུར་བའི་དངོས་གཞི་མཐོལ་བ་ནི་དགེ་སློང་གིས་ཁ་ན་མ་ཐོ་བ་བཅབ་པར་མི་བྱ་སྟེ། ཕམ་པར་འགྱུར་བའི་ལྟུང་བ་བཞི་པོ་ལས་གང་ཡང་རུང་བའི་དངོས་གཞི་བྱུང་བ་ན་བཅབ་པའི་སེམས་ཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གམ་གཉིས་སམ་མང་པོའམ་མཚམས་གཅིག་གི་དགེ་འདུན་གནས་ཁང་སོ་སོ་ན་འདུག་པའམ་ཐམས་ཅད་ཚོགས་པ་ལ་ཡང་རུང་སྟེ། དེ་དག་གི་མདུན་དུ་ཅོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་མཐོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པར་
འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པ་གཅིག་གིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ། སྐྱ་རེངས་ཤར་ཡང་མ་མཐོལ་བ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པར་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན། ཆོས་འདི་པ་སྔར་བསྟན་པ་དག་ལ་མཐོལ་ན་ཡང་མཐོལ་བ་ཉིད་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་སྤྱིར་བསྟན་པ་ཡང་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་
རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་ངམ་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་ཏེ། འདིར་ཡང་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བའི་དངོས་གཞི་མཐོལ་ན་དེའི་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ལོགས་ཤིག་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་བསླབ་པ་སྦྱིན་པའི་ཆོ་གས་དངོས་གཞིའི་ལྟུང་བ་ལས་ལྡང་བར་འགྱུར་བ་སྟེ། དེའི་གོ་རིམས་ནི་འདི་ཡིན་ཏེ། དེ་རང་གིས་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པ་ལན་གསུམ་གསོལ་བ་དང༌། དགེ་འདུན་གྱིས་གསོལ་པ་དང༌། བཞིའི་ལས་ཀྱིས་བསླབ་པ་སྦྱིན་པ་དང༌། དེས་ས་གཞན་ན་གནས་པའི་སྤྱོད་པས་ཇི་སྲིད་དུ་དགྲ་བཅོམ་པ་ཉིད་མ་ཐོབ་ཀྱི་བར་དུ་ཚེ་གཅིག་ཏུ་བསླབ་པ་སྤྱོད་པར་བྱའོ། །དེ་ལ་རང་གིས་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པ་ལན་གསུམ་གསོལ་བའི་ཆོ་ག་དང་སྔགས་ནི་བདག་ཉིད་ཀྱིས་གནས་མལ་བཤམ་པར་བྱ་སྟེ། གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དེས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་རིམས་ལ་ཕྱག་འཚལ་ནས། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་པ་བཏུད་ནས་སྔགས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགའ་བྱེད་ཀྱི་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅའ་པའི་སེམས་ཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། བདག་དགེ་སློང་དགའ་བྱེད་དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་དུ་གསོལ་ཞེས་དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་དེ་རང་གིས་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པ་ལན་གསུམ་གསོལ་བའི་ཆོ་ག་དང་སྔགས་སོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་པ་དང་
བཞིའི་ལས་ཀྱིས་བསླབ་པ་སྦྱིན་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། དེའི་ཆོ་ག་ནི་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་ཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ཏེ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་ཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་པས་དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ཙམ་གྱིས་ན་བསླབ་པ་བྱིན་པ་ཡིན་ན། བསླབ་པ་བྱིན་པ་དེས་གཞན་ན་གནས་པའི་སྤྱོད་པས་ཇི་སྲིད་དུ་དགྲ་བཅོམ་པ་ཉིད་མ་ཐོབ་ཀྱི་བར་དུ་ཚེ་གཅིག་ཏུ་བསླབ་པ་སྤྱད་པའི་ཀུན་ཏུ་སྤྱད་པའི་ཆོས་འདི་ཡིན་ཏེ། དེས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང༌། ཕྱག་དང་མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། གུས་པའི་ལས་བདག་གིར་མི་བྱའོ། །དགེ་སློང་
རང་བཞིན་དུ་གནས་པས་ཀྱང་དེ་ལ་དེ་དག་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་ལས་བཅག་པར་མི་བྱའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་པས་འདུག་བར་མི་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སློང་གི་བདག་ཉིད་ལས་གཞན་པས་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །གཡོགས་མ་གཅིག་པར་མལ་བཤམ་པར་མི་བྱའོ། །རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །གསོལ་བ་དང་ལས་བརྗོད་པ་དག་བྱ་བར་ཁས་མི་བླང་ངོ༌། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱིས་ཡིད་བརྟན་པར་བསྐོ་བ་ཁས་མི་བླང་ངོ༌། །དེ་དག་ཏུ་སྔར་བསྐོས་པས་ཀྱང་མི་བྱའོ། །དགེ་སློང་མ་ལ་སྟོན་པར་སྔར་བསྐོས་པས་ཀྱང་བསྟན་པར་མི་བྱའོ། །འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱའོ། །དགེ་སློང་དགེ་འདུན་ལས་མ་བཀར་བ་ལ་ཚུལ་ཁྲིམས་དང་ལྟ་བ་དང༌། ཆོ་ག་དང༌། འཚོ་བ་ཉམས་པས་གླེང་བར་མི་བྱའོ། །བརྗོད་པ་དང་བཅས་པ་ཉིད་དང༌། ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ། །གདམས་ངག་དང་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་གཞག་པར་མི་བྱའོ། །རང་བཞིན་དུ་གནས་པ་དང་མགོ་མཉམ་དུ་བསྟེན་པར་མི་བྱའོ། །བསླབ་པ་བྱིན་པ་དེའི་རྒྱུ་གང་ཡིན་པའི་ཉེས་པ་དེ་ཡང་ངོ༌། །ཉེས་པ་གཞན་ཡང་ངོ༌། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཉམས་སུ་མ་བླངས་ན་བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་དུ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་བྱའོ། །དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ༌། །དེར་ས་ཕྱག་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །གཙུག་ལག་ཁང་གི་ཝའི་ཁ་དག་བསལ་ལོ། །དགེ་འདུན་གྱི་གདན་བཤམ་པར་བྱའོ། །མཆོད་པའི་དུས་ཤེས་པར་བྱ་སྟེ་བདུག་སྤོས་དང་དེའི་
པོག་ཕོར་དག་ཉེ་བར་གཞག་པར་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་དག་ཡང་དག་པར་བསྒྲགས་པར་བྱའོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །དགེ་འདུན་གྱི་བཤོས་ཀྱི་སྤྱི་བུངས་བཤམས་པ་ན་གཎྜཱི་བརྡུང་ངོ༌། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །དེའི་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དུའོ། །ཟས་ཀྱི་བྱ་བ་བྱས་ན་གདན་ཆ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱ་སྟེ་མཆོད་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །དགེ་འདུན་འདུ་བའི་དུས་སུ་ཡང་གདན་བཤམས་པ་ནས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲུབ་པའི་བར་དག་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཚེས་གྲངས་ཀྱི་ཉི་མ་བརྗོད་པ་དག་བྱའོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །དགོངས་ཀར་དུས་དང་མཐུན་པའི་ཆོས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །དགོངས་ཀར་དགེ་སློང་རྣམས་ཀྱི་རྐང་པ་བསྐུའོ། །དགེ་སློང་དག་རྐང་པ་བཀྲུ་བ་དང་བསྐུ་བར་མི་འདོད་ན་སྣུམ་དབུལ་ལོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལས་མི་གཡེལ་བར་བྱའོ། །བསླབ་པ་བྱིན་པས་དགེ་སློང་རང་བཞིན་དུ་གནས་པ་མ་ཡིན་པ་དང༌། དགེ་འདུན་དུ་མ་ལོངས་པ་དང༌། གནས་དེ་ན་དགེ་སློང་ཡོངས་སུ་བཅད་པ་དག་ལ་བསླབ་པ་སྤྱད་པ་མི་འཆགས་སོ། །དགེ་སློང་མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །གནས་བརྟན་དང་སོ་སོར་ཐར་བ་དང་བཅས་པ་ཉིད་དུ་སྤྱད་པར་འབད་པར་བྱའོ། །མཚམས་གཞན་དུ་ཞག་ལོན་པ་ལ་ནི་ཉེས་པ་མེད་དོ། །དགེ་འདུན་གྱི་ཁ་བསྐང་བའི་གྲངས་ལས་མ་གཏོགས་སོ། །དེའི་ཀུན་དུ་སྤྱོད་པ་དགེ་འདུན་ལ་སྤྱད་པར་བྱའོ། །བསླབ་པ་བྱིན་པ་བཞི་ཡན་ཆད་མཚམས་གཅིག་གི་དགེ་འདུན་ལ་སྤྱད་དུ་མི་གནང་ངོ༌། །ལས་བརྒྱ་རྩ་གཅིག་ནི་དགེ་འདུན་དང་མཐུན་པར་བྱའོ། །བསླབ་བ་ལས་འདས་པའི་ལྟུང་བ་ཐམས་ཅད་ནི་དགེ་སློང་རང་བཞིན་ཅན་དུ་གནས་པ་དང་འདྲའོ། །དེ་ལ་འདུན་པ་དབུལ་དུ་མི་རུང་ངོ༌། །དེའི་འདུན་པ་བླང་དུ་མི་རུང་ངོ༌། །དེ་ལ་དགེ་སློང་དང༌། དགེ་
སློང་མ་དང༌། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མས་གཏུགས་ཏེ་ཕྱག་མི་བྱའོ། །བསླབ་པ་བྱིན་པ་དེ་ནི་དགྲ་བཅོམ་པ་ཉིད་ཐོབ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་མ་ཐོ་བ་ན་ཇི་སྲིད་འཚོའི་བར་དུ་བསླབ་པ་བཅས་པའི་ཆོ་ག་ཇི་སྐད་བསྟན་པ་དེ་དག་ལ་དེ་བཞིན་དུ་བསླབ་པར་བྱའོ། །ཕམ་པར་འགྱུར་བའི་དངོས་གཞི་ཕྱིར་བཅོས་པ་འདི་ལ་ཕམ་པར་འགྱུར་བའི་དངོས་གཞི་བྱུང་མ་ཐག་ཏུ་དེའི་མོད་ལ་བཅབ་པའི་སེམས་སྐྱེས་ན་ཆོ་ག་དང་ལས་མི་འཆགས་སོ། །དེ་ལྟར་དངོས་གཞི་ཕྱིར་བཅོས་ན་དེའི་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ལོགས་ཤིག་ཏུ་ཕྱིར་བཅོས་མི་དགོས་སོ། །ཕམ་པར་འགྱུར་བའི་དངོས་གཞི་ཁྱུང་མ་ཐག་ཏུ་དེའི་མོད་ལ་བཅའ་པའི་སེམས་སྐྱེས་ན་ཕམ་པར་འགྱུར་བ་དེ་ཕྱི་བཅོས་སུ་མི་རུང་བ་ཡིན་པས་དེ་ནི་དགེ་འདུན་གྱིས་བསྐྲད་པར་བྱའོ། །བསྐྲད་པ་ན་ཁྲོ་བ་ལ་སོགས་པར་འགྱུར་བ་བསྟེན་པ་ན་ཡོ་བྱད་ཀྱང་ཕྱུང་སྟེ་དོར་རོ། །མཐུས་ཀྱང་བསྐྲད་པར་བྱའོ། །ཀ་བ་ལ་འཇུས་ན་བཅད་པར་བྱའོ། །སྒོ་སྐྱེས་ལ་འཇུས་ན་དབྱུང་བར་བྱའོ། །ཀ་བ་དན་སྒོ་སྐྱེས་དེ་དགེ་འདུན་གྱི་སྦྱིན་བདག་ཕྱིར་འཆོས་སུ་གཞུག་གོ །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་བཅོས་པར་བྱའོ། །དེ་ལྟར་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞི་ཕྱིར་བཅོས་པའི་ཆོ་ག་དང་སྔགས་དེ་དག་ནི་ཕམ་པར་འགྱུར་བ་བཞི་ཆར་དང་ཅི་རིགས་པར་སྦྱར་ཏེ། བྱེ་བྲག་ཏུ་ན་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་ཐ་དད་པ་སོ་སོར་སྨོས་པར་བྱ་བའི་ཆོ་ག་གཞན་ཐམས་ཅད་འདྲའོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་སྟེ་དང་པོ་བཤད་ཟིན་ཏོ།། །།མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག་པ་རྒྱལ་པོའི་ཁབ་ཀྱི་བ་ལང་རྫི་ལ་སོགས་པས་བཅོམ་ཞིང་རྣམ་པར་དཀྲུགས་ཏེ་ཤིང་ཐམས་ཅད་ཀྱང་ཁྱེར་ནས། དེས་རྫ་མ་སོ་བཏང་བའི་ཁང་པ་མེ་ཏོག་བན་དུ་ཛི་བ་ཀ་ལྟར་དམར་བ་ཞིག་བརྩིགས་པ་བཅོམ་ལྡན་འདས་ཀྱིས་མ་
གནང་ནས་དགེ་སློང་དག་གིས་སྟོན་པའི་བཀའ་ལུང་གིས་བཤིག་ཅིང་རྣམ་པར་དཀྲུགས་པ་དང༌། དེས་ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ཤིང་གང་དག་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་འདྲུམས་པ་བཅོས་པའི་ཕྱིར་བྲེལ་པའི་དོན་དུ་གཞག་པ་སྦས་པ་ཤིན་ཏུ་སྦས་པ། བསྲུངས་པ། ཤིན་ཏུ་བསྲུངས་པ་སུ་ལ་ཡང་སྟེར་བར་སླ་བ་མ་ཡིན་པ་དེ་དག་ལས་ཤིག་ཁ་ཅིག་མ་བྱིན་པར་བླངས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དག་དང་གླེང་གཞི་འདི་དག་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ་དགོན་པ་ན་འདུག་པ་མ་བྱིན་པ་བརྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཅི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང་སྟེ། དེ་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དོ། །ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ནོར་ཅན། ཉོན་མོངས་པ་ནི་འདོད་པ། ཉེས་པ་ནི་མ་བྱིན་པར་ལེན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དག་གིའོ། །གྲོང་ན་འདུག་པའམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ། །དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པའོ། །མ་བྱིན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་དང་བུད་མེད་དམ་མ་ནང་གང་གིས་ཀྱང་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི་ལེན་ནའོ། །ཇི་ཙམ་མ་བྱིན་པར་བླངས་པས་ཞེས་ཞེས་བྱ་བ་ནི་མ་ཤ་ཀ་ལྔའམ་མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །རྒྱལ་པོའམ་ཞེས་བྱ་བ་ནི་བུད་མེད་རྒྱལ་
སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དང༌། རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོ་ཞེས་བྱ་བས་ནི་རྒྱལ་པོ་ལས་གཞན་པ་བློན་པོ་དང་རྩིས་མཁན་དང་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གིས་སོ། །བཟུང་ནས་ཞེས་བྱ་བ་ནི་བླངས་ནས་སོ། །དེ་ལ་ཞེས་བྱ་བ་ནི་དགེ་སློང་དེ་ལའོ། །འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་ཞེས་བྱ་བ་ནི་བོད་པའོ། །རྐུན་མའོ་ཞེས་བྱ་བ་ནི་འཇབ་བུས་རྐུ་བའོ། །བྱིས་པའོ་ཞེས་བྱ་བ་ནི་རང་གིས་མི་ཤེས་པའོ། །བླུན་པའོ་ཞེས་བྱ་བ་ནི་ལུང་ཕོག་པ་མི་ཤེས་པའོ། །རྐུ་བའོ་ཞེས་བྱ་བ་ནི་མཐུས་རྐུ་བའོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ༌། །གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་ལྕགས་ལས་བྱས་པ་དང༌། ཤིང་ལས་བྱས་པ་དང༌། རྩྭ་ལས་བྱས་པ་དག་གིས་སོ། །སྤྱུགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཡུལ་མེད་པར་བྱེད་ཀྱང་རུང་སྟེའོ། །དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་ཡོད་པའོ། །དགེ་སློང་གི་དངོས་པོ་གང་ཞེ་ན། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པའི་སྡོམ་པའོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་ཀུན་དུ་བསྟན་པའི་ཚིག་བླ་དགས་དེའོ། །ཡང་དེ་ཞེས་བྱ་བའི་སྒྲ་ནི་སྔ་མའི་རྗེས་བསྙག་པའི་ཕྱིར་རོ། །ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་པ་རྣམ་པར་གཞག་པ་ནི་རྐུའམ་རྐུར་བཅུག་པ་དག་གིས་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི་དགེ་སློང་གིས་རྐུ་སེམས་ཀྱིས་མི་
གཞན་གྱི་རྫས་དེར་འདུ་ཤེས་པས་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ཡན་ཆད་གནས་ནས་སྤོས་ན་ཕམ་པར་འགྱུར་རོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང༌། གཞན་གྱི་དང༌། དེར་འདུ་ཤེས་པ་དང༌། རྐུ་སེམས་དང༌། གནས་ནས་སྤོས་པ་དང༌། རིན་ཐང་ཚང་བ་རྣམས་ལ་ན་སྨད་པ་མེད་དོ།། མངགས་པས་རྐུ་བ་ལ་ན་སྨད་པ་མེད་དོ། །རང་ཉིད་ཤོ་གམ་མི་གཅོད་པར་གནང་བས་གཞན་གྱི་རྫས་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་ལ་ན་སྨད་པ་མེད་དོ། །ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་ལ་ན་སྨད་པ་མེད་དོ། །སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཡིན་པས་དེ་ལ་ན་སྨད་པ་མེད་དོ། །ཤགས་འགྱེད་པ་ན་ཁ་བསད་ཀྱི་དོགས་པས་གཞན་གྱི་ཚིག་གི་སྐབས་མེད་པར་བྱས་ཏེ་རྒྱལ་བ་ལ་ན་སྨད་པ་མེད་དོ། །རྒྱན་ལ་དོར་བྱས་ཏེ་རྒྱལ་ན་དོན་དུ་བརྐུས་པ་ཡིན་པས་རྐུ་སེམས་མེད་ཀྱང་ན་སྨད་པ་མེད་དོ། །གྲངས་དང་ཤོད་ཐབས་ལ་སོགས་པའི་མཚན་མ་ཕྱིས་པ་དང་བསྣན་པ་དང༌། གནས་གཞན་དུ་བཞག་སྟེ་ཐོབ་པ་ལ་ན་སྨད་པ་མེད་དོ། །བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བརྣོགས་པ་ལ་ན་སྨད་པ་མེད་དོ། །སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་ལ་སོགས་པ་ལ་ན་སྨད་པ་མེད་དོ།། སྦྱོར་བའི་ཚེ་ན་རྐུ་སེམས་མེད་ལ་གནས་ནས་སྤོ་བའི་ཚེ་ན་རྐུ་སེམས་ཡོད་པ་ལ་ན་སྨད་པ་མེད་དོ། །ནན་ཁུགས་དང་དང་ན་ཐེན་བྱེད་པ་ལ་ན་སྨད་པ་མེད་དོ། །རྫས་གནས་དང་བཅས་ཏེ་ཁྱེར་བ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་ཕྱིར་རྐུ་བ་ལ་ན་སྨད་པ་མེད་དོ། །མ་བྱིན་པར་ནི་མི་བླང་ངོ། །བགོ་སྐལ་གྱི་ཆ་ནི་བདག་གིར་བྱའོ་སྙམ་པས་ཆ་བླངས་པ་ལ་ན་སྨད་པ་མེད་དོ། །རྐུན་པོ་བྱ་བའི་ལམ་བསྲུང་བ་ལ་སོགས་པའི་ལམ་རྗེས་སུ་སྒྲུབ་པ་ལ་ན་སྨད་པ་མེད་དོ། །ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་བརྐུས་པ་ལ་ན་སྨད་པ་མེད་དོ། །མུ་ཐུག་ལ་སོགས་པའི་མཚམས་སྤོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་
བ་གཞན་གྱི་རྣམ་པ་བརྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་འཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམ་པ་ལ་ན་སྨད་པ་མེད་དོ། །རང་གི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་གྱིས་ཉམས་པ་ཡིན་ནོ། །འདིའི་བྱེད་པ་པོ་ནི་རྐུ་སེམས་དང༌། མི་གཞན་གྱི་ནོར་ལ་དེར་འདུ་ཤེས་པས་རིན་ཐང་ཚང་བ་དང་གནས་ནས་སྤོས་པའོ། །འདི་ལ་ཡན་ལག་དྲུག་གི་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྐུ་སེམས་དང༌། མ་བྱིན་པ་དང༌། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང༌། དེར་འདུ་ཤེས་པ་དང༌། རིན་ཐང་ཚང་བ་དང༌། གནས་ནས་སྤོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་རྐུ་སེམས་ནི་བརྐུ་བའི་བསམ་པ་སྟེ། དེ་མེད་ན་རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དག་གིས་གཞན་ལ་གོ་བར་བྱས་ཏེ་བླངས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །མ་བྱིན་པ་ནི་དེ་ལ་སྐྱེས་པའམ་བུད་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་པར་གཞན་གྱིས་ཏེ། རང་གིས་བརྐུས་ན་ནི་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་མིའི་རྫས་ཏེ། འགྲོ་བ་གཞན་གྱིས་བརྐུས་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །དེར་འདུ་ཤེས་པ་ནི་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་སྟེ། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ་འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །རིན་ཐང་ཚང་བ་ནི་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ཡན་ཆད་དེ། དེར་མ་ཆོག་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །གནས་ནས་སྤོས་པ་ནི་རྫས་དེ་རང་གི་གནས་ནས་གནས་གཞན་དུ་སྤོས་པ་སྟེ། གནས་ནས་མ་སྤོས་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །དེ་ལ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང་འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་བདག་པོ་ཡོད་པ་ཡིན་ཏེ། བདག་པོའི་བྱེ་བྲག་ནི་འདི་ཡིན་ཏེ། བདག་པོ་ནི་རྐུ་བ་དེའི་དུས་ན་མིའམ་འགྲོ་བ་གཞན་དུ་ཡོད་པ་ཉིད་བདག་པོ་ཡིན་ནོ། །འདས་པ་ན་བྱུང་བའམ་ཕྱིས་
འབྱུང་བ་ནི་བདག་པོ་ཉིད་མ་ཡིན་ནོ། །རིན་ཐང་ཚང་བ་ནི་ཀཱ་ར་ཥཱ་པ་ཎའི་བཞི་ཆ་གཅིག་ཡན་ཆད་དོ་ཞེས་སྨོས་པའི་བྱེ་བྲག་ནི་འདི་ཡིན་ཏེ། ཀ་ཀཱ་ནི་བཞི་ལ་མ་ཤ་ཀ་གཅིག་གོ །མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་གོ །ཀ་ཀཱ་ནི་གཅིག་ནི་འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ངོ༌། །མ་ཤ་ཀ་གཅིག་ནི་འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ངོ༌། །ཀཱར་ཥཱ་པ་ཎ་གཅིག་ནི་འགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ནི་མ་ཤ་ཀ་ལྔའི་རིན་ཐང་སྟེ། འགྲོན་བུ་བཞི་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ལྔ་ཞེས་ལུང་ལས་གསུངས་པ་ནི་ཡུལ་དབུས་ན་ཀཱར་ཥཱ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུར་རྩི་བས་དེའི་བཞི་ཆ་ལ་བརྟེན་པ་ཡིན་ནོ། །འདིར་ཀཱར་ཥཱ་པ་ཎའི་བཞི་ཆའི་རིན་ཐང་ཚང་བའི་ཚད་དུ་གཞག་པ་ནི་ཡུལ་དང་དུས་ཐམས་ཅད་དུ་ངེས་པ་ཡིན་ནོ། །ཀཱར་ཥཱ་པ་ཎའི་བཞི་ཆ་ལ་མ་ཤ་ཀ་དུ་ཡོད་པ་ནི་གཅིག་ཏུ་མ་ངེས་ཏེ། ཡུལ་དང་དུས་ཀྱིས་དེའི་རྩིས་རྣམ་པར་གཞག་གོ །དེས་ན་ཡུལ་དང་དུས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། དེང་སང་ཡུལ་དབུས་ན་ནི་མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་གོ །ཡུལ་དང་དུས་ཁ་ཅིག་ན་མ་ཤ་ཀ་བཅུ་གཅིག་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་བརྩི་བ་ཡང་ཡོད། མ་ཤ་ཀ་བཅུ་དྲུག་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་བརྩི་བ་ཡང་ཡོད། མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་བརྩི་བ་ཡང་ཡོད། མ་ཤ་ཀ་བཞི་བཅུ་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་བརྩི་བ་ཡང་ཡོད་པས་དེ་ལྟ་བུའི་རིན་ཐང་བརྩི་བ་དེས་བརྩིས་པའི་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་བརྐུས་ན་ཕམ་པར་འགྱུར་བར་ཤེས་པར་བྱའོ། །ཡུལ་གཞན་དང་དུས་གཞན་དང་གླིང་གཞན་གྱི་རིན་ཐང་བརྩི་བ་དེ་ཡུལ་དེའི་དུས་དང་གླིང་གཞན་དུ་བརྩི་བར་མི་བྱའོ། །འགྲོན་བུ་ཉིད་ཀྱི་རིན་ཐང་ཡང་རྐུ་བའི་ཡུལ་དང་དུས་ཀྱིས་རྣམ་པར་གཞག་པར་ཤེས་པར་བྱའོ། །ཆུའི་རྒྱུན་དང་འཛག་པ་དང༌། འབྲུལ་པའི་རྒྱུ་ནི་སྦྱོར་བ་གཅིག་པའི་མཐའ་ཚུན་ཆད་རྫས་གཅིག་པ་ཉིད་དུ་རིན་ཐང་བརྩིའོ། །ཕུང་པོ་ལས་རྐུ་ན་ལན་རེ་རེ་ཞིང་བླངས་པ་ཐ་དད་པར་རོ། །རྫས་ཀྱི་བདག་པོ་དུམ་ཉིད་ཡིན་ན་དེ་དག་གི་ཆ་སོ་སོའོ། །རྐུན་པོ་དུ་མ་ཉིད་ཡིན་ན་ཡང་དེ་དག་གི་ཆ་སོ་སོའོ། །གནས་ནས་སྤོས་པ་ནི་རྫས་དེ་རང་གི་གནས་ནས་གནས་གཞན་དུ་སྤོས་
པའོ་ཞེས་སྨོས་པའི་བྱེ་བྲག་ནི་འདི་ཡིན་ཏེ། རྫས་ཐ་དད་པ་ཁུར་དུ་བྱས་ནས་རྐུ་བ་ལ་ནི་ཁུར་གནས་ནས་སྤོས་ན་བརྐུས་པ་ཡིན་ནོ། །ཤིང་ཐོག་ལ་སོགས་པ་བཏུས་ནས་རྐུ་བ་ལ་ནི་ཕུང་པོ་གནས་ནས་སྤོས་ན་རྐུ་བ་ཡིན་ནོ། །རྫས་ཆུ་ལ་སོགས་པར་སྦྱིངས་ཏེ་རྐུ་བལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་ན་བརྐུས་པ་ཡིན་ཏེ། རྫས་བཤལ་ཏེ་རྐུ་བ་ལ་ནི་གཞིའི་མཚམས་ལས་རྫས་ཀྱི་མཇུག་འདས་ན་བརྐུས་པ་ཡིན་ནོ། །གཞིའི་མཚམས་ཞེས་བྱ་བ་ནི་གྱོང་གྲུགས་དང་གས་པ་དང་བྲིས་པ་དང་ཁ་དོག་གཞན་དང་བར་མཚམས་དང་བར་ཆད་དག་གོ །སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ཐ་དད་པར་བརྟག་ཏུ་རུང་བ་རྣམས་པར་ཆད་ཉིད་ཡིན་ནོ། །གཞིའི་སྟེང་དུ་གདིང་བ་གཞན་བཏིང་བ་ནི་གདིང་བ་དེའི་ཆ་ཐ་དད་པར་བཟུང་ངོ༌། །ཤིང་ལ་སོགས་པ་སྐྱེ་བ་ཕྱུང་སྟེ་རྐུ་བ་ལ་ནི་རྩ་བ་སྟེང་དུ་བཏོན་པ་ཁྱེར་ན་བརྐུས་པ་ཡིན་ནོ། །ལག་པ་ལ་སོགས་པ་ལ་བསྐོན་པའི་རྫས་རྐུ་བ་ལ་ཕུད་ན་བརྐུས་པ་ཡིན་ནོ། །ཤོ་གམ་རང་གི་ལག་ན་འདུག་པ་བརྐུས་པ་ལ་ནི་ཤོ་གམ་གྱི་ས་ལས་འདས་ན་བརྐུས་པ་ཡིན་ནོ། །མི་ཡུལ་ཕྱོགས་དང་བརྡ་དང་མཚན་མས་རྐུ་བ་ལ་ནི་དེ་དག་གྲུབ་ན་བརྐུས་པ་ཡིན་ནོ། །བྱ་སྤར་ཏེ་རྐུ་བ་ལ་ནི་ནམ་མཁའ་ལ་སྤར་བ་ན་བརྐུས་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱང་རྐུ་པ་ན་ནམ་མཁའ་ལ་སྤར་ན་བརྐུས་པ་ཡིན་ནོ། །དུད་འགྲོ་བཏགས་པ་ནི་བཀྲོལ་ན་བརྐུས་པ་ཡིན་ནོ། །བརྟོད་དང་ཁྱུ་ལས་བཀར་ཏེ་རྐུ་བ་ལ་ནི་ཁྱུ་ལས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། །གསང་སྔགས་དག་གེས་འདྲེན་ཅིང་རྐུ་བ་ལ་མིག་སྔར་སྣང་ན་བསྐུས་པ་ཡིན་ནོ། །ཕྱི་ནུར་དུ་གོམ་པ་དབྲི་བས་རྐུ་བ་ལ་ནི་མི་སྣང་བར་སོང་བ་ན་བརྐུས་པ་ཡིན་ནོ། །གྲུ་སྐམ་ས་ལས་རྐུ་བ་ལ་ནི་མི་སྣང་བར་གྱུར་ན་བརྐུས་པ་ཡིན་ནོ། །གྲུ་ཆུའི་རྒྱུན་ཕྱོགས་དང་ཐད་ཀར་ཕ་རོལ་དུ་ཁྲིད་པས་རྐུ་བ་ལ་ནི་མི་སྣང་བར་གྱུར་ན་བརྐུས་པ་ཡིན་ནོ། །ཆུའི་ཕ་རོལ་གྱི་འགྲམ་ལྟར་སྣང་བར་ཁྲིད་ན་ནི་ཕ་རོལ་གྱི་འགྲམ་ཉིད་དུ་ཕྱིན་ནས་བརྐུས་པ་ཡིན་ནོ། །གྲུ་ཆུའི་རྒྱུན་ལས་བཟློག་ཕྱོགས་སུ་ཁྲིད་པས་རྐུ་བ་ལ་ནི་གྲུ་ཚུགས་ལས་འདས་ན་བརྐུས་པ་ཡིན་ནོ། །གྲུ་ལས་ཇི་ལྟ་བ་བཞིན་དུ་ཤིང་དང་སྣོད་ལ་སོགས་
པ་ཆུ་ལས་བཤལ་ཞིང་རྐུ་བ་ཐམས་ཅད་ཀྱང་དེ་དང་འདྲའོ། །གཞན་གྱི་ཞིང་ལ་སོགས་པའི་ལས་ཀྱི་མཐའ་དག་ལ་ཆུ་གཏོང་བའམ་འགོག་པས་བདག་གི་ལ་ཕན་ཞིང་གཞན་གྱི་ལ་གནོད་པར་བྱ་བ་ལ་ནི་རང་གིས་བརྩལ་བའི་ལས་དེའི་ཕན་པ་དང་གནོད་པ་གྲུབ་པ་ན་བརྐུས་པ་ཡིན་ནོ། །རྐུན་ཤས་ཐོབ་པར་བྱ་བའི་ཆེད་དུ་ཆོམ་རྐུན་པ་ལ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་ན་བརྐུས་པ་ཡིན་ནོ། །ས་གཞི་དང་ཁང་ཁྱིམ་དག་བརྩིག་པ་ལ་སོགས་པས་བསྐོར་ཏེ་རྐུ་བ་ལ་ནི་བསྐོར་བའི་མཚམས་འབྱོར་ན་བརྐུས་པ་ཡིན་ནོ། །ཤགས་ཀྱིས་རྐུ་བ་ལ་ནི་གལ་ཏེ་བླའི་གྲར་ནི་རྒྱལ་ན་བརྐུས་པ་ཡིན་ནོ། །འོག་གཟུ་ནི་ཕ་རོལ་པོས་སྦྱོར་བ་ཉིད་བཏང་ན་བརྐུས་པ་ཡིན་ནོ། །གདུབ་ཀོར་ལ་སོགས་པ་བཤིག་སྟེ་རྐུ་བ་ལ་ནི་བཤིག་སྟེ་གནས་ནས་སྤོས་ན་བརྐུས་པ་ཡིན་ནོ། །ལྷུང་བ་རྐུ་བ་ལ་ནི་དེ་ལས་ཁྱེར་ན་བརྐུས་པ་ཡིན་ནོ། །འཛག་པ་དང་འབྲུལ་བར་བྱེད་པ་རྐུ་བ་ལ་ནི་བུ་ག་ནས་བྱུང་བ་ན་བརྐུས་པ་ཡིན་ནོ། །རྐུན་པོ་དུ་མ་བློ་གྲོས་མི་མཐུན་པ་ཡིན་ན་རང་གི་བགོ་སྐལ་ཐོབ་པ་ན་བརྐུས་པ་ཡིན་ནོ། །བདག་པོའི་མངོན་སུམ་དུ་རྐུ་བ་ལ་ནི་མིག་སྔ་ནས་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ། །མིའི་མཐུས་རྐུ་བ་ལ་ནི་དབང་དུ་བྱས་པ་ཉིད་ན་བརྐུས་པ་ཡིན་ནོ། །སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ནི་ནོམ་པར་བྱེད་ཉུག་པར་བྱེད་ལ་ཇི་སྲིད་དུ་གནས་ནས་གནས་གཞན་དུ་ནི་སྤོ་བར་མི་བྱེད་ཀྱི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །རང་གི་དང་མིའི་མ་ཡིན་པ་དང༌། དེར་འདུ་ཤེས་མེད་པ་དང་རིན་ཐང་མ་ཚང་བ་དང་གནས་ནས་མ་སྤོས་པ་ན་ཉེས་པར་སྤོམ་པོའོ། །བདག་པོ་མེད་པའི་བརྐུས་ན་ཉེས་པ་སྦོམ་པོའོ། །འགྲོ་བ་གཞན་གྱི་བརྐུས་ན་ཉེས་པ་སྦོམ་པོའོ། །རང་གི་ལ་འགྲོ་བ་གཞན་གྱི་འདུ་ཤེས་ཏེ་བརྐུས་ན་ཉེས་པ་སྦོམ་པོའོ། །བདག་གིར་མ་བྱས་པར་སྤ་བ་དང༌། ཆུད་གསན་པ་དང་ཟིན་པ་དང་བཏང་བ་ལ་སོགས་པ་བྲལ་བར་བྱེད་ན་ཉེས་པ་སྦོམ་པོའོ། །ཤགས་ཀྱིས་རྐུ་བ་འོག་གཟུའི་གྲར་རྒྱལ་ན་ཉེས་པ་སྦོམ་པོའོ། །ཆུང་བ་ཉིད་ཀྱིས་རིན་ཐང་གདབ་ཏུ་མི་ཆོག་པ་བརྐུས་ན་ཉེས་པ་སྡོམ་པོའོ། །བྱང་གི་སྒྲ་མི་སྙན་པ་ལ་སོགས་པ་ཡོངས་སུ་འཛིན་པ་མེད་པ་དག་གི་རྫས་བརྐུས་ན་ཉེས་པ་སྦོམ་པོའོ། །ཕུང་
པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་ཡིན་པས་དེའི་དཀོར་བརྐུས་ན་ཉེས་པ་སྦོམ་པོའོ། །བརྙན་པ་ངེས་པར་སྦྱིན་པ་བཞིན་དུ་ཉེ་བར་སྤྱོད་ན་ཉེས་པ་སྦོམ་པོའོ། །གསང་སྔགས་དང་སྨན་དག་གིས་འབུལ་དུ་བཅུག་ན་ཉེས་པ་སྦོམ་པོའོ། །གཞན་གྱི་དོན་ཉིད་དུ་རྐུ་ན་ཉེས་པ་སྦོམ་པོའོ། །གཞན་གྱིས་ཡོངས་སུ་གཟུང་བ་ལ་བདག་ལ་བདག་དབང་བའི་རྟོག་པས་བདག་གིར་བྱེད་ན་ཉེས་པ་སྦོམ་པོའོ། །བདམས་ཏེ་བཟང་པོ་རྐུ་བར་འདོད་པས་འདོམ་པར་བྱེད་ན་ནོམ་པ་དང་ཉུག་པའི་སྦོམ་པོ་ལས་གཞན་པའི་ཉེས་པ་སྦོམ་པོའོ། །རྒྱན་ལ་དོར་བྱེད་ན་རྐུ་བ་ལ་སྦྱོར་བ་ཡིན་པས་གལ་ཏེ་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་ཉེས་པ་སྦོམ་པོའོ། །གྲངས་ལ་དོར་བྱས་ནས་དེའི་འོག་ཏུ་ཐོབ་པར་རྩོལ་ན་ཉེས་པ་སྦོམ་པོའོ། །ཤོད་ཐབས་ལ་སོགས་པའི་མཚན་མ་ཕྱིས་པ་དང། བསྣན་པ་དང་གནས་གཞན་དུ་བཞག་ནས་དེའི་འོག་ཏུ་ཐོབ་པ་རྩོལ་ན་ཉེས་པ་སྦོམ་པོའོ། །བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་ན་ཉེས་པ་སྦོམ་པོའོ། །སུ་ལ་ཡང་ཕན་པར་མི་འགྱུར་བར་བྱ་བའི་ཕྱིར་སྒྱིད་པ་གཅོད་པ་དང་གསོད་པ་ལ་སོགས་པ་བྱེད་ན་ཉེས་པ་སྦོམ་པོའོ། །མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་འདྲལ་ན་ཉེས་པ་སྦོམ་པོའོ། །སྦྱོར་བའི་ཚེ་ན་རྐུ་སེམས་ཡོད་པ་ལ་གནས་སྦེད་པའི་ཚེ་ན་རྐུ་སེམས་མེད་ན་ཉེས་པ་སྦོམ་པོའོ། །ཕྱོགས་བཞིའི་དགེ་འདུན་གྱི་དཀོར་བརྐུས་ན་ཉེས་པ་སྦོམ་པོའོ། །གཤེད་མ་དང་བཀྲེན་པ་ལ་སོགས་པས་ཡོངས་སུ་གཟུང་བ་དང་བཅས་པའི་དུར་ཁྲོད་ནས་ལེན་ན་ཉེས་པ་སྦོམ་པོའོ། །གསང་སྔགས་ཀྱིས་རྩ་བ་ལ་སོགས་པ་སྐམ་པར་བྱེད་པས་ཆུད་གཟོན་ན་ཉེས་པ་སྦོམ་པོའོ། །དུད་འགྲོ་རྐུ་བའི་ཕྱིར་ཆས་ཀྱིས་བརྗོད་པ་དང་ཞོན་ཏེ་བརྐུའོ་སྙམ་པས་ལུས་འགྱུར་བ་བྱེད་ན་ཉེས་པ་སྦོམ་པོའོ། །གྲུ་ལ་ཡང་གྲུ་འདིར་ཞུགས་ཏེ་བརྐུའོ་སྙམ་པས་ལུས་འགྱུར་བར་བྱེད་ན་ཉེས་པ་སྦོམ་པོའོ། །གྲུ་འདི་ལས་རྫས་འདི་ལྟར་བརྐུའོ་སྙམ་ནས་ལུས་འགྱུར་བར་བྱེད་ན་ཉེས་པ་སྦོམ་པོའོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང་སློབ་དཔོན་དང་མཆོད་
རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པ་ལ་ཤོ་གམ་གཞལ་དགོས་པ་བཟླས་ན་ཉེས་པ་སྦོམ་པོའོ། །གཞན་ལ་བྱིན་པ་ཚུ་རོལ་པོས་མི་ཤེས་པ་བར་དུ་བཅབས་ན་ཉེས་པ་སྦོམ་པོའོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་ན་ཉེས་པ་སྦོམ་པོའོ། །བསོད་སྙོམས་མི་དབང་བ་ནོད་ན་ཉེས་པ་སྦོམ་པོའོ། །རྐུ་བའི་ཆེད་དུ་གྲོས་བྱེད་ན་ཉིས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཡང་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་ནི་ཁྲི་ལས་ལྡང་བ་ལ་སོགས་པ་ནས་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱས་སུ་འགྱུར་རོ། །སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ཟིན་པ་བཏང་བ་ལ་སོགས་པས་བྲལ་བར་བྱེད་ན་ཉེས་བྱས་སོ། །ཕྱིར་ནུར་དུ་འགྲོ་བས་རྐུ་ན་ཕྲི་བའི་གོམ་པ་རེ་རེ་ལ་ཉེས་བྱས་རེ་རེ་འོ། །གྲུ་ཕུར་བ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་པས་ཉེས་བྱས་སོ། །མཆོད་པའི་དོན་ཉིད་དུ་སངས་རྒྱས་ཀྱི་སྐུ་གདུང་རྐུ་ན་ཉེས་བྱས་སོ། །གྲངས་ལ་དོར་བྱེད་ན་ཉེས་བྱས་སོ། །ཤོད་ཐབས་ལ་སོགས་པའི་མཚན་མ་ཕྱིས་པ་དང་བསྣན་པ་དང་གནས་གཞན་དུ་གཞག་པ་ཡང་ཉེས་བྱས་སོ། །རྙེད་པའི་ཚོགས་གཞན་དུ་བགྲང་བ་དང་སྔ་ཕྱི་བསྙོན་པ་དང་མི་དབང་བར་དབང་བར་སྒྲོགས་པ་དང་ཁ་རྐུ་ན་ཉེས་བྱས་སོ། །ཤོ་གམ་འདྲལ་བར་བསྒོ་བ་དང༌། ལམ་གཞན་སྟོན་ན་ཉེས་བྱས་སོ། །མགྲོན་དུ་མ་བོས་པར་ཟན་ཟ་ན་ཉེས་བྱས་སོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟན་པ་དེ་དག་རེ་རེ་ལ་སྦྱོར་བའི་སྦྱོར་བ་གཅིག་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །སྦྱོར་བའི་སྦྱོར་བ་ཐ་དད་ན་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་སྐུ་སེམས་མེད་པ་ལ་ལྟུང་བ་མེད་དོ།། སྙིང་རྗེས་རྫུ་འཕྲུལ་གྱིས་ཕྲོགས་པ་ལ་ལྟུང་བ་མེད་དོ། །གོས་ཐ་ན་བ་ལང་གི་ལྕི་བ་བཙིར་བས་ཀྱང་ཁ་བསྒྱུར་བ་དང༌། ཁ་ཚར་དང་ཕུན་ཚར་བཅད་པ་ཡང་ཤོ་གམ་གཞལ་མི་དགོས་སོ། །རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ། །ཤོ་གམ་གྱི་གནས་སུ་གཞན་གྱིས་
རང་གི་སྣོད་དུ་གསེར་ལ་སོགས་པ་རེག་པར་བྱ་བ་མ་ཡིན་པ་བཅུག་པ་ལ་ཐབས་གཞན་གྱིས་དོར་བར་མ་གྲུབ་ན་རང་གིས་རེག་པ་ལ་ཉེས་པ་མེད་དོ། །རེ་ཞིག་དཔེ་བྲི་བའི་དོན་དུ་གླེགས་བམ་རྐུ་བ་ལ་ཉེས་པ་མེད་དོ། །རྫུ་འཕྲུལ་གྱིས་ཤོ་གམ་མཚམས་ལས་བཟླས་པ་ལ་ཉེས་པ་མེད་དོ། །བདག་ཉིད་ཀྱིས་བརྐུས་པ་ལ་ཉེས་པ་མེད་དོ། །གང་བསམས་པ་དེ་དང་འབྲེལ་པས་མ་བསམས་པ་བླངས་པ་ལ་ཉེས་པ་མེད་དོ། །ཆོམ་རྐུན་པ་ལས་སྦྱིན་བདག་གི་སེམས་ཀྱིས་ལེན་པ་ལ་ཉེས་པ་མེད་དོ། །གསང་སྔགས་དག་གིས་གཏོང་བ་ལ་ཉེས་པ་མེད་དོ། །བདག་དང་གཞན་གྱི་རྫས་བྱི་བས་ཁྱེར་བ་ལེན་པ་ལ་ཉེས་པ་མེད་དོ། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླངས་པ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མ་བྱིན་པར་ལེན་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་བསྟེན་པར་མི་བྱ་བར་བསླབ་པར་བྱའོ། །ཤོ་གམ་གཞལ་དོགས་པ་དང་བཅས་པར་འགྲོ་བར་མི་བྱའོ། །བདག་ཉིད་ཤོ་གམ་མི་བཅད་པར་མ་གནང་བས་རང་གི་རྫས་གཞན་གནང་བ་ཐོབ་པ་དག་ལས་ཤོ་གམ་གྱི་གནས་ནས་བཟླ་བར་མི་བྱའོ། །བདག་ཉིད་ཀྱིས་མཚོར་བར་རང་གི་རྫས་གཞན་གྱིས་འདའ་བར་བྱེད་པར་མི་འགྲུབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །ཤོ་གམ་གྱི་གནས་སུ་གཞན་གྱི་སྣོད་བསྲོང་བ་དག་ལ་འདི་ལ་རྫས་མེད་དམ་ཞེས་དྲི་བར་བྱའོ། །ཤོ་གམ་གྱི་གནས་སུ་ཕ་མ་དང་དཀོན་མཆོག་གསུམ་ལ་བསྔོས་པའི་རྫས་ཁྱེར་བ་མི་བཏང་ན་ཕ་མ་དང་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པར་བྱའོ། །གཞན་གྱི་འཚོ་བའི་སྤྱོད་པ་གཞན་གྱིས་གཏོལ་བར་མི་བྱའོ། །ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་གཅུགས་པ་ཉིད་དུ་མི་བྱའོ། །ལག་པོད་ཀྱི་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ཀྱང་བྱ་སྟེ་གླ་རྔན་གྱིས་མི་བྱའོ། །གཞན་གྱི་རྫས་ལྟུང་བ་བླངས་ན་
ཡུན་རིང་དུ་མི་བསྲེལ་ལོ། །རྫས་དེ་དགེ་སྐོས་ལ་གཏད་པ་ཉིད་དུ་བྱའོ། །དགེ་སྐོས་ཀྱིས་དེ་རབ་ཏུ་བྱུང་བ་ཡིན་པར་དགོས་ན་དགེ་འདུན་ལ་བསྟན་པར་བྱའོ། །བདག་པོ་མ་བྱུང་ན་གཟར་ཐག་ལ་བཏགས་ཏེ་གཞག་གོ །ནད་པས་སློང་བར་མ་གནང་བའི་མི་ལ་ནད་པའི་ཕྱིར་སྨན་བླང་བར་མི་བྱའོ། །ཆོམ་རྐུན་པའི་རྐུན་རྫས་དང་དུར་ཁྲོད་ཀྱི་རྫས་ལ་སོགས་པ་ཡོངས་སུ་བཟུང་བ་དང་བཅས་པ་དག་བདག་པོས་གནང་བ་ལས་གཞན་པའི་ཐབས་ཀྱིས་བདག་གིར་མི་བྱའོ། །རྫས་ཆོམ་རྐུན་པ་ལ་སོགས་པས་བདག་གིར་བྱས་པ་རང་གི་འདུ་ཤེས་ཀྱིས་ནན་ཁུགས་ཀྱིས་དགུག་པར་མི་བྱའོ། །དེ་ནི་ཆོས་བཤད་པས་བསླང་བར་བྱའོ། །རིན་ཕྱེད་དུ་ཉེ་བས་ཀྱང་བླུའོ། །ལྟུང་བཟེད་དང་ཆོས་གོས་ནི་རིན་ཆེན་པོས་ཀྱང་བླུར་རུང་ངོ༌། །མི་སྙན་པ་འབྱུང་བར་འགྱུར་བའི་རྫས་ནི་བོར་བ་ཉིད་ཡིན་ཡང་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བཀུར་བར་མི་བྱའོ། །དེའི་རྫས་མི་མ་ཡིན་པས་བླངས་པ་ཉིད་ནི་བླང་བར་མི་བྱའོ། །རོ་མ་སྨས་པ་ལས་རྫས་བླང་བར་མི་བྱའོ། །བསྟི་གནས་ཉིད་དུ་སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་དག་ཅི་བདེར་བྱའོ། །དགེ་སློང་དང་དགེ་ཚུལ་མི་འདོད་བཞིན་དུ་སྔོན་གྱི་ཆུང་མ་ལ་སོགས་པ་འབྲེལ་པས་ཁྲིད་པ་ན་གཟུང་བར་བྱའོ། །ཕྱག་དར་ཁྲོད་ལ་སོགས་པ་དག་ཀུན་དུ་བཟུང་བ་མ་ཡིན་ནམ་ཞེས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་བླང་བར་བྱའོ། །ཞིང་པའི་མདུན་དུ་ལུས་བསྙལ་བ་ལ་སོགས་པར་མི་བྱའོ། །ཚང་གཞིག་པར་མི་བྱའོ། །དབྱར་གནས་གང་དུ་མ་གནས་པ་དེར་ཆོས་གོས་ཀྱི་ཆ་མི་བླང་ནོག །འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པར་མ་གྲགས་པ་ལས་བླང་བར་མི་བྱའོ། །ཆོམ་རྐུན་པར་གྲགས་པ་ལས་སྦྱིན་བདག་གི་སེམས་ཀྱིས་བླངས་པ་མཚོན་གྱིས་བཅད་པ་དང་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ། །དེ་ལྟར་བྱས་ཀྱང་སྔོན་གྱི་བདག་པོ་སློང་བ་ན་སྦྱིན་ནོ། །དོན་གཞན་བསྒྲུབ་པའི་ཕྱིར་གནད་ལ་བསྒྲེ་བར་མི་བྱའོ། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླང་བར་བྱ་ཞིང༌། དེ་ཤི་ན་དེ་དག་ལ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཕྱིར་བཅོས་
པ་ནི་སྔ་མ་བཞིན་ནོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་སྟེ་གཉིས་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་བཞི་པ། གསོད་པའི་ཕམ་པར་འགྱུར་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་དག་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་སྒྲོན་ཤིང་གི་ཚལ་གསེབ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང༌། མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་པ་ན་དགེ་སློང་དག་མི་སྡུག་པ་སྒོམ་པར་བྱེད་པའི་ཚེ་རྣག་གི་ལུས་འདིས་སྒྱིད་ལུག་པ་དང༌། མུས་བྱུང་བ་དང༌། ཐེ་ཚོམ་ཟ་བ་དང༌། སྨོད་པར་བྱེད་པ་ན་མཚོན་ཡང་འབྱིན་པར་བྱེད། དུག་ཀྱང་ཟ་བར་བྱེད་ཐག་པའི་འཆིང་བས་ཀྱང་འཆིང་བར་བྱེད། གཡང་སར་ཡང་མཆོང་བར་བྱེད་ཅིང༌། འདི་ལྟར་དགེ་སློང་གིས་ཀྱང་དགེ་སློང་ལ་རྩོལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་རམ། དེར་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པས་ཤི་བླའོ་ཞེས་ཟེར་ཞིང༌། སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེར་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན་དགེ་སློང་དེ་ཡང་
ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ་ཡུལ་ནི་སྤོང་བྱེད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མིའམ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ། །མིར་ཆགས་པ་ལ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་དང༌། སྲོག་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །རང་གི་ལག་དར་ཏེ་ཞེས་བྱ་བ་ནི་ལག་པས་ལག་པ་དར་ཏེའོ། །སྲོག་གཅོད་དམ་ཞེས་བྱ་བ་ནི་དེའི་སྲོག་གཅོད་པར་གྱུར་ནའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་རལ་གྲིའམ་སྤུ་གྲིའམ་ཆུ་གྲི་ལ་སོགས་པ་མཚོན་ཕུལ་བའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་དམ་མ་ནིང་ངོ༌། །དེ་འཆིར་བཅུག་གམ་ཞེས་བྱ་བ་ནི་འཆིར་གཞུག་པ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པའམ་ཚུལ་ཁྲིམས་དང་ལྡན་པ་དང༌། ནད་པའོ། །དེ་གསུམ་ལ་ལྷུང་བཟེད་ལ་སོགས་པ་ཐོབ་ཏུ་རེ་བས་འཆིར་བཅུག་སྟེ་དེ་ཤི་ན་ཕམ་པར་འགྱུར་རོ། །དེ་འཆིར་མ་བཏུབ་ན་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དེ་འཆིར་བཅུག་ནས་དགེ་སློང་འགྱོད་པ་སྐྱེས་ཏེ། ཁྱོད་མ་འཆི་ཞིག་ཅེས་ཕྱིར་བཟློག་ན། དེ་ལྟ་ན་ཡང་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྤོམ་པོར་འགྱུར་རོ། །དེ་ཕྱིར་བཟློག་ཀྱང་མ་བཏུབ་སྟེ་ཤི་ན་ཡང་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྤོམ་པོར་འགྱུར་རོ། །དེ་ལ་འདི་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི་འཆི་བར་མངོན་པར་མི་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བོད་པའི་ཚིག་བླ་དྭགས་སོ། །འཚོ་བ་ཞེས་བྱ་བ་ནི་གསོན་པའོ། །སྡིག་པ་ཞེས་བྱ་བ་ནི་སྡིག་པའི་འབྲས་བུའམ་སྡིག་པའི་རྒྱུའོ། །མི་གཙང་བ་ཞེས་བྱ་བ་ནི་ལུས་ཀྱི་གཞི་མི་གཙང་བའི་ཕྱིར་རོ། །ངན་པ་ཞེས་བྱ་བ་ནི་སྨད་པའོ། །འདིས་ཅི་
ཞིག་བྱ་ཞེས་བྱ་བ་ནི་འཚོ་བའི་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་བྱ་ཐོང་ཤིག་ཅེས་བྱ་བའོ། །གསོན་པ་བས་ཤི་བླ་བའོ་ཞེས་བྱ་བ་ནི་གསོན་པ་ལ་སྨད་ཅིང་འཆི་བའི་བསྔགས་པ་བརྗོད་པའོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ༌། །སེམས་ཀྱི་འདོད་པ་ཞེས་བྱ་བ་ནི་གནོད་སེམས་ཀྱིས་མི་དེ་འཆི་བར་མངོན་པར་འདོད་པའོ། །སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་ཞེས་བྱ་བ་ནི་དེའི་ལྷུང་བཟེད་དང་ཆོས་གོས་དང་དྲ་བ་དང་ཕོར་བུ་དང་སྐ་རགས་ལ་སོགས་པ་འཚོ་བའི་ཡོ་བྱད་ཐོབ་ཏུ་རེ་བའི་རྣམ་པར་རྟོག་པ་དག་གིས་སོ། །རྣམ་གྲངས་དུ་མ་ཞེས་བྱ་བ་ནི་རྣམ་པ་མང་པོས་སོ། །དེ་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་ཞེས་ཡང་སྨོས་པ་ནི་འཆི་བ་ལ་མངོན་པར་མི་དགའ་བའི་མདུན་དུ་རྣམ་གྲངས་དུ་མས་འཆི་བའི་བསྔགས་པ་བརྗོད་པ་དེ་བཟློག་པའི་ཕྱིར་བསྣན་པའོ། །དེ་ཡང་བརྩམ་པ་དེས་དུས་བྱས་ན་ཞེས་བྱ་བ་ནི་མི་དེ་ཡང་སྦྱོར་བའི་བརྩམ་པ་དེ་ཉིད་ཀྱིས་ཤི་ཞིང་གཞན་གྱིས་མ་ཡིན་ནའོ། །དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྷུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་མིའི་སྲོག་བཅད་ན་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི་གསོད་སེམས་ཀྱིས་མིའི་འགྲོ་བར་གཏོགས་པ་གཞན་ལ་དེར་འདུ་ཤེས་པས་རྣམ་པ་གང་ཡང་རུང་བས་གསོད་དམ་བསོད་དུ་བཅུག་ན་ཕམ་པར་འགྱུར་རོ། །མིའི་འགྲོ་བར་གཏོགས་པ་གཞན་ལ་ན་སྨད་པ་མེད་དོ། །སྐྱེས་པ་དང༌། བུད་མེད་དང༌། མ་ནིང་དང༌། མངལ་ན་གནས་པ་ལ་ན་སྨད་པ་མེད་དོ། །ལུས་དང་དེ་དང་འབྲེལ་པ་དང་འཕངས་པ་དང་གཞན་དང་རང་ལ་བསྒོ་བ་ལ་ན་སྨད་པ་མེད་དོ། །དུག་དང་ཕྱེ་མ་དང༌། དོང་དང་ཤིང་དང་རང་བཞིན་ཉམས་པ་གཏོང་བ་དང༌། བྲང་དུ་འདེབས་པ་དང༌། འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལངས་དང་རྗེས་སུ་སྦྱོར་བ་རྣམས་ལ་ན་སྨད་པ་མེད་
དོ། །གཡང་དུ་གཏོང་བ་དང་མེ་དང་ཆུར་འཇུག་པ་དང༌། གྲང་བ་དང་ཚ་བར་འདོགས་པ་དང༌། འཆི་བའི་ཕྱོགས་སུ་གཏོང་བ་ལ་ན་སྨད་པ་མེད་དོ། །རྐང་པའི་མཐེ་བོང་དང་རྒྱ་ཤུག་གི་ཚི་གུ་དང༌། ཤིང་བལ་ལ་སོགས་པ་ལ་འཆི་བ་རྗེས་སུ་སྒྲུབ་པ་ཆུང་དུ་ལ་ན་སྨད་པ་མེད་དོ། །སྦྱོར་བ་འམ་གཞི་དེས་དེའི་ཚེ་དང་དུས་གཞན་ན་ཤི་བ་ལ་ན་སྨད་པ་མེད་དོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་པ་ལ་ན་སྨད་པ་མེད་དོ། །ག་གེ་མོ་ན་འདུག་གོ་ཞེས་སྟོན་པས་བསྒོ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བར་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་གྱིས་ཉམས་པ་ཡིན་ནོ། །འདིའི་བྱེད་པ་པོ་ནི་གསོད་སེམས་དང་མིའི་འགྲོ་བ་པ་གཞན་ལ་དེར་འདུ་ཤེས་པས་སྲོག་གཅོད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གསོད་སེམས་དང་མིའི་འགྲོ་བ་པ་དང་གཞན་དང་དེར་འདུ་ཤེས་པ་དང་སྲོག་གཅོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་གསོད་སེམས་ནི་གསོད་པའི་བསམ་པས་ཏེ། དེ་མེད་ན་རང་གིས་མ་བསམས་པར་ཞར་ལ་གཞན་ཤི་བ་ལ་ལྟུང་བ་མེད་པའི་ཕྱིར་རོ། །མིའི་འགྲོ་བ་པ་ནི་མི་ཉིད་ཡིན་པ་སྟེ། འགྲོ་བ་གཞན་ལ་ནི་ཉེས་པ་སྦོམ་པོར་འགྱུར་ལ། དུད་འགྲོ་ལ་ནི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གཞན་ནི་རང་མ་ཡིན་པ་སྟེ། རང་ཉིད་བསད་ན་ཉེས་པ་སྦོམ་པོར་འགྱུར་བའི་ཕྱིར་རོ། །དེར་འདུ་ཤེས་པ་ནི་མ་ནོར་བ་སྟེ། ནོར་ན་ཉེས་པ་སྦོམ་པོར་འགྱུར་བའི་ཕྱིར་རོ། །
སྲོག་བཅད་པ་ནི་བསད་པ་སྟེ། མ་བསད་ན་ཉེས་པ་སྦོམ་པོར་འགྱུར་བའི་ཕྱིར་རོ། །སྦྱོར་བའི་ལྟུང་བ་ནི་མིའམ་མིར་ཆགས་པ་གསོད་པའི་སྦྱོར་བ་བརྩམས་ནས་ཇི་སྲིད་དུ་སྲོག་དང་བྲལ་བར་མ་བྱས་ཀྱི་བར་དུ་ཉེས་པ་སྦོམ་པོའོ། །མིའི་འགྲོ་བ་པ་མ་ཡིན་པ་དུད་འགྲོ་ལས་གཞན་པ་དང༌། བདག་ཉིད་དང༌། དེར་འདུ་ཤེས་པ་མེད་པ་དང༌། སྲོག་གཅོད་ན་ཉེས་པ་སྦོམ་པོའོ། །འཆིར་བཅུག་ནས་དེ་ཉིད་འཆིར་མ་བཏུབ་ན་ཉེས་བ་སྦོམ་པོའོ། །འཆིར་བཅུག་ནས་དེའི་འོག་ཏུ་ཕྱིར་བཟློག་ཀྱང་ཉེས་པ་སྦོམ་པོའོ། །འཆིར་བཅུག་ནས་དེའི་འོག་ཏུ་ཕྱིར་བཟློག་ཀྱང་མ་བཏུབ་སྟེ་ཤི་ན་ཡང་ཉེས་པ་སྦོམ་པོའོ། །དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ཤི་ན་ཉེས་པ་སྦོམ་པོའོ། །གསོད་པ་ལ་འཇུག་པ་དང་དུ་བླངས་ན་ཉེས་པ་སྦོམ་པོའོ། །ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་དང་དུ་ལེན་ན་ཉེས་པ་སྦོམ་པོའོ། །སྤྲུལ་པ་བསད་ན་ཉེས་པ་སྦོམ་པོའོ། །མིའི་འགྲོ་བ་པའི་ལག་པ་གཅོད་ན་ཉེས་པ་སྦོམ་པོའོ། །ནགས་མེས་གཏོང་ན་ཉེས་པ་སྦོམ་པོའོ། །སྐྲ་ཅན་འཚོང་ན་ཉེས་པ་སྦོམ་པོའོ། །ཆོམ་རྐུན་པ་བླའི་གྲར་འབུལ་ན་ཉེས་པ་སྦོམ་པོའོ། །མ་བསམས་པ་གཞན་ཤི་ན་ཉེས་པ་སྦོམ་པོའོ། །བདག་ཉིད་གསོད་ན་མ་ཤི་བའི་གནས་སྐབས་སུ་ཉེས་པ་སྦོམ་པོའོ། །ཁོ་བོ་འཆི་བར་འོང་ངོ་ཞེས་ཟེར་བ་ལ་ཡིད་མི་ཆེས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ན་ཉེས་པ་སྦོམ་པོའོ། །ནད་པ་ཤི་བླའོ་ཞེས་ནད་གཡོག་མི་བྱེད་ན་ཉེས་པ་སྦོམ་པོའོ། །ལྟོར་མིད་པ་སྨན་ལ་སོགས་པ་མི་འཕྲོད་པ་སྦྱིན་ན་ཉེས་པ་སྦོམ་པོའོ། །འབྲས་ཡོངས་སུ་མ་སྨིན་པ་གཏོར་ན་ཉེས་པ་སྦོམ་པོའོ། །དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་བཙིར་བ་ལ་སོགས་པས་ཉོན་མོངས་པར་བྱེད་ན་ཉེས་པ་སྦོམ་པོའོ། །བདག་ཉིད་གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པ་འཆི་བའི་དོན་དུ་སྒྲུབ་ན་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྡོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་
བའི་ལྟུང་བ་ནི་མིའམ་མིར་ཆགས་པ་ལ་གསོད་པའི་སྦྱོར་བས་ཁྲི་ལས་ལྡང་བ་ལ་སོགས་པ་ནས་སྦྱོར་བ་མ་བརྩམས་ཀྱི་བར་དུ་ཉེས་བྱས་སོ། །ཆེད་དུ་མ་བསམས་པར་ཤི་ན་ཉེས་བྱས་སོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟན་པ་དེ་དག་རེ་རེ་ལ་སྦྱོར་བའི་སྦྱོར་བ་གཅིག་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །སྦྱོར་བའི་སྦྱོར་བ་ཐ་དད་ན་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་བདག་སྔར་ཤིའམ་མཉམ་དུ་ཤི་ན་ཉེས་པ་མེད་དེ། ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་པའི་ཕྱིར་རོ། །ལས་དང་པོ་པ་དང་སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མི་གསོད་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞི་རྣམ་པ་ཐམས་ཅད་བསྟེན་པར་མི་བྱ་བར་བསླབ་པར་བྱའོ། །ནད་པ་ལ་འཆི་བའི་སེམས་པ་དང་རྗེས་སུ་མཐུན་པའི་ཉེས་པར་སྒྲུབ་པ་ཉེ་བར་བསྒྲུབ་པར་མི་བྱའོ། །ནད་གཡོག་མི་ཤེས་པ་ལ་འཆི་བའི་དགྲ་བོས་མ་སྨྲས་པར་ནད་པའི་ནད་གཡོག་ཏུ་མི་གཞག་གོ །ནད་གཡོག་ཤེས་པ་གཞན་ཡོད་ན་མི་ཤེས་པ་མི་གཞག་གོ །ནད་པའི་དྲུང་དུ་འཆི་བའི་འཚོག་ཆས་མི་གཞག་གོ །ནད་པ་འཆི་བར་རྗེས་སུ་སྒྲུབ་ན་ནད་གཡོག་གིས་བཟློག་པར་བྱའོ། །མངལ་རླུགས་པར་བྱེད་པ་ལ་སོགས་པ་བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རྫས་ཐོབ་ཏུ་རེ་བའི་ཕྱིར་གཞན་འཆི་བར་འདོད་པར་མི་བྱའོ། །དྲི་བར་བྱ་བ་སྨན་པ་དང༌། དེ་རབ་ཏུ་བྱུང་བ་དང༌། དེས་བཀོལ་བ་དང༌། དགེ་སློང་རྒན་རབས་ལ་མ་དྲིས་པར་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །ཁུར་གདེག་པར་མི་ནུས་པ་ལ་གྲོགས་ཉིད་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་ན་ཁྱིམ་པ་དག་རུང་བ་ཉིད་ལ་ཅིག་ཅར་གདེག་པར་སྐད་སྦྱར་ཏེ་གདེག་པར་བྱའོ། །གཞག་པ་ལ་ཡང་ཅིག་ཅར་གཞག་པར་སྐད་སྦྱར་ཏེ་གཞག་པར་བྱའོ། །སོ་ཕག་མི་འཕང་ངོ༌། །སོ་ཕག་བྱེ་བ་དང་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ། །རྐུན་པོ་སྤ་བཀོད་བའི་ཕྱིར་ཚམ་ངམ་བྱའོ། །གཎྜཱི་ལ་
སོགས་པ་མི་ཕོག་པར་འཕང་ངོ༌། །རྫི་ཕྱོགས་ནས་རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་འཕང་ངོ༌། །འུར་རྡོ་བཅང་བར་བྱའོ། །དགེ་སློང་ངལ་བ་མི་དབུལ་ལོ། །དེའི་གྲོགས་བྱའོ། །དེའི་ཁུར་བླང་བར་བྱའོ། །དྲོ་ཀར་ཕྱི་ནས་འོང་བ་ན་ལྷུང་བཟེད་བཀྲུ་བ་དང༌། བྱུག་རིས་གཞག་པ་དང༌། བྱིན་ལེན་བྱ་བ་དང༌། བྱ་ར་བྱ་བ་དང༌། དྲོ་ཀར་ཕྱིན་པར་འོང་མི་ནུས་ན་ཟན་ལ་སོགས་པས་བསུ་བར་བྱའོ། །ཕྱི་དྲོ་ཡིན་ན་སྐོམ་གྱིས་བསུ་བར་བྱའོ། །ནད་པ་ལ་བབ་ཆོལ་དུ་མཚོན་དང་ཐག་པ་སྦྱིན་པར་མི་བྱའོ། །ལག་གི་བླ་ལ་སོགས་པའི་ཞལ་ཏ་ཤེས་བཞིན་དུ་བྱའོ། །གསང་སྔགས་ཀྱི་ཐལ་ལྕག་བྱ་བ་ཡང་ཤེས་བཞིན་དུ་བྱའོ། །བརྣངས་པ་ལ་སོགས་པས་ཐོགས་པ་བསལ་བའི་ཕྱིར་བསྣུན་པ་ཡང་ཤེས་བཞིན་དུ་བྱའོ། །རྡོ་ལ་སོགས་པ་དྲིལ་བ་ལ་ཤེས་བཞིན་གྱིས་ལེགས་པར་སོ་སོར་བརྟགས་ཏེ་བྱའོ། །ཟླའི་ཕྱོགས་ཉུང་དུས་འདེབས་པ་ལྕི་བ་ལ་འབད་པར་མི་བྱའོ། །སྤྱིའི་ཚུགས་སུ་འགྲོ་བར་མི་བྱའོ། །བདག་ཉིད་མཚོན་གྱི་ལས་ལ་སོགས་པ་མ་བསླབས་པས་གཞན་དེ་ལ་སྦྱར་བར་མི་བྱའོ། །མདའ་ལ་སོགས་པ་མཚོན་འཕང་བ་ལ་བསྒོ་བར་མི་བྱའོ། །ནད་ཕ་མི་ནུས་པ་ལམ་དུ་མི་བཀྲིའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གསོད་པའི་ཕམ་པར་འགྱུར་བ་སྟེ་གསུམ་པ་བཤད་ཟིན་ཏོ།། །།སྨྲ་བའི་ཕམ་པར་འགྱུར་བའི་གླེང་གཞི་ནི་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། དེ་ལ་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་བ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེ་ན་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་རྟེན་ཅིང་འཁོད་པ་དག་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། བཅོམ་ལྡན་འདས་འོད་མ་ཅན་གྱི་གྲོང་ན་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ངབ་དགོན་པའི་སློང་མོ་བས་ཟས་རྙེད་པར་དཀའ་ཞིང༌། ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་སློང་དག་
ད་ལྟ་མུ་གེ་བྱུང་གི་ཁྱེད་ཅག་སྨོས་འདྲིན་ཇི་ལྟ་བ་དང༌། ཕེབས་པར་སྨྲ་བ་ཇི་ལྟ་བ་དང༌། འགྲོགས་བཤེས་ཇི་ལྟ་བས་ཡངས་བ་ཅན་གྱི་ཉེ་འཁོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་ལོང་ཤིག །ང་ཡང་འོད་མ་ཅན་གྱི་གྲོང་འདི་ཉིད་དུ་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་པར་ཁས་ལེན་ཏོ་ཞེས་བཀའ་སྩལ་ནས། ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ཉ་པའི་གྲོང་གི་ཉེ་འཁོར་དུ་ལོ་མ་དང་འདབ་མའི་སྤྱིལ་བུ་དག་བྱས་ཏེ་དབྱར་གནས་པར་ཁས་བླངས་སོ། །དེ་དག་ཐོས་པ་ཉུང་བ་དང་ལྡན་པ་ཡིན་པས་ཉེ་དུ་འོངས་པ་དག་ལ་ཆོས་སྟོན་མི་ནུས་ནས། དེ་དག་གིས་ཉེ་དུ་དག་ལ་ཉེ་དུ་དག་ཁྱེད་ཅག་གང་གི་གྲོང་ཚིགས་ན་དགེ་སློང་གི་དགེ་འདུན་འདི་ལ་འདི་ལྟར་དབྱར་གནས་པར་ཁས་བླང་བར་གྱུར་པའི་ཉེ་དུ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། དགེ་སློང་འདི་ནི་འདུ་ཤེས་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། དགེ་སྦྱོང་གི་འབྲས་བུ་ཐོབ་པ་དང༌། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གཅིག་གིས་གཅིག་ལ་མིའི་ཆོས་བླ་མའི་ཡོན་ཏན་ཡང་དག་པ་མ་ཡིན་པ་བསྒྲགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་པར་མཐོང་
ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ། ཉོན་མོངས་པ་ནི་གྲགས་པ་འདོད་པ། ཉེས་པ་ནི་མིའི་ཆོས་བླ་མ་ཡང་དག་པ་མ་ཡིན་པ་སྨྲས་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་བཞུགས་སོ། །དགེ་སློང་རབ་ཏུ་མང་པོ་གནས་མལ་དགོན་པ་ནགས་ཁྲོད་དང༌། རི་དྲུངས་དང༌། བས་མཐའ་དག་ན་རྣལ་འབྱོར་གྱི་རྗེས་སུ་བརྩོན་པར་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་ཉིད་དུ་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་གནན་པས་འདོད་པ་ལ་འདོད་ཆགས་དང་གནོད་སེམས་དག་དེ་དག་གི་རྒྱུད་ལ་ཀུན་དུ་མི་འབྱུང་ནས་དེའི་འོག་ཏུ་དེ་དག་གིས་གཅིག་ལ་གཅིག་ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །དགོན་པ་པ་དག་གིས་ཐོབ་པར་བྱ་བ་གང་ཡིན་པ་དེ་བདག་ཅག་གིས་ཐོབ་སྟེ། བདག་ཅག་སྐྱེ་བ་ནི་ཟད་ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་ཀྱིས་ཚུར་གཤེགས། བདག་ཅག་གནས་མལ་དགོན་པ་དག་བཏང་སྟེ་གནས་མལ་གྲོང་མཐའ་དག་ཏུ་འཇུག་པར་བྱའོ་ཞེས་བརྗོད་ནས། དེ་དག་གིས་གནས་མལ་དགོན་པ་དག་བཏང་སྟེ་གནས་མལ་གྲོང་མཐའ་དག་ཏུ་ཞུགས་པ་དང༌། དེར་དེ་དག་ཡང་དང་ཡང་དུ་བུད་མེད་དག་མཐོང་ཞིང༌། ཀུན་དགའ་ར་བའི་དགེ་ཚུལ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་དག་ལ་ཡང་ཉོན་མོངས་པ་དག་བྱུང་བར་གྱུར་ཏེ་འདོད་པ་ལ་འདོད་ཆགས་དང༌། གནོད་སེམས་དག་རྒྱུད་ལ་ཀུན་དུ་བྱུང་བར་གྱུར་ནས། དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་དག་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འདི་ལྟར་བཅའ་བ་མཛད་དེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌།
མཐོང་བ་དང༌། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བ་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་གསོ་ཞེས་ཟེར་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཅེས་བཅའ་བ་མཛད་ན་བདག་ཅག་ཕམ་པར་གྱུར་པའི་ལྟུང་བ་མ་བྱུང་ངམ་སྙམ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་མངོན་པའི་ང་རྒྱལ་ནི་མ་གཏོགས་སོ། །དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པ་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ་འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བ་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་མངོན་པའི་ང་རྒྱལ། ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ས་པའི་ཤེས་པ་ཟག་པ་དང་བཅས་པས་གཟུགས་མངོན་པར་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་
མི་ཤེས་ཤིང་ངོ༌། །ཡོངས་སུ་མི་ཤེས་ལ་ཞེས་བྱ་བ་ནི་བསམ་གཏན་དང༌། གཟུགས་མེད་པའི་ས་པའི་ཤེས་པ་ཟག་པ་མེད་པས་གཟུགས་ཉིད་ཡོངས་སུ་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡོངས་སུ་མི་ཤེས་པ་ལའོ། །ཡང་ན་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་མངོན་པར་མི་ཤེས་པ་དང༌། ཡོངས་སུ་མི་ཤེས་པར་གོ་རིམས་བཞིན་ནོ། །ཡང་ན་ཤེས་བྱ་དེ་དག་ཇི་ལྟར་གནས་དེ་ལྟར་རྗེས་སུ་འགྲོ་བའི་སྒོ་ནས་མི་ཤེས་བ་ནི་མངོན་པར་མི་ཤེས་པ་ཡིན་ལ། ལྡོག་པའི་སྒོ་ནས་མི་ཤེས་པ་ནི་ཡོངས་སུ་མི་ཤེས་པ་ཡིན་ནོ། །མིའི་ཆོས་བླ་མ་ཞེས་བྱ་བ་ལ་མིའི་ཆོས་ཞེས་བྱ་བ་ནི་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་རྣམས་ཀྱིས་དེ་འཐོབ་ཀྱི་ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ན་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དག་གོ །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། མཐར་ཐུག་པ་ཡིན་པའི་ཕྱིར་རོ། །འཕགས་པ་དང་བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ཐོབ་པ་སྟེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པ་བཞི་པོ་དག་སྟེ། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་སྟེ། རྗེས་སུ་མི་ཚོལ་བའི་ཤེས་རབ་བོ། །མཐོང་བ་ཞེས་བྱ་བ་ནི་
མཐོང་བ་བཞི་པོ་དག་སྟེ། སྡུག་བསྔལ་མཐོང་བ་དང༌། ཀུན་འབྱུང་མཐོང་བ་དང༌། འགོག་པ་མཐོང་བ་དང༌། ལམ་མཐོང་བ་སྟེ། རྗེས་སུ་ཚོལ་བའི་ཤེས་རབ་པོ། །རེག་པར་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་ལ་བདེ་བར་གནས་པ་སྟེ། སྙོམས་པར་འཇུག་པ་ལས་ཡིན་གྱི་སྐྱེ་བ་ལས་ནི་མ་ཡིན་ནོ། །མེད་པ་ཞེས་བྱ་བ་ནི་དེའི་དངོས་པོ་མེད་པ་ལ་སྟེ། མངོན་སུམ་དུ་མ་གྱུར་པའམ་མི་སྲིད་པའོ། །མེད་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ལ་མེད་བཞིན་དུ་སྟེ་མ་ཐོབ་པའོ། །འདི་ཤེས་སོ་ཞེས་བྱ་བ་ལ། ཅི་ཞིག་ཤེས་སོ་ཞེ་ན་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང་ལམ་ཤེས་སོ་ཞེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ། ཅི་ཞིག་མཐོང་ངོ་ཞེས་ཤེ་ན། ལྷ་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མི་འམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང་ཡི་དགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་མཐོང་ངོ་ཟེར་བ་དང༌། དེ་རྣམས་ཀྱི་སྒྲ་ཐོས་ཞེས་ཟེར་བ་དང༌། བདག་དེ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་བ་དང༌། དེ་རྣམས་བདག་ལ་ལྟར་འོང་ངོ་ཞེས་ཟེར་བ་དང༌། བདག་དེ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། དེ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། བདག་གིས་འདུ་ཤེས་ཉི་ཤུ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དགེ་སྦྱོང་གི་འབྲས་བུ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་དང༌། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་མ་ཐོབ་བཞིན་དུ་ཐོབ་བོ་ཞེས་ཟེར་བ་སྟེ། དེ་དག་ཀྱང་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་མཐོང་བ་དང་འདྲ་བའི་ཕྱིར་འདི་མཐོང་བའི་སྒྲས་བསྡུས་སོ། །ཁས་འཆེས་པ་ལས་ཞེས་བྱ་བ་ནི་ཁས་བླངས་པ་ལས་སོ། །
དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་གླེངས་ཀྱང་རུང་ངོ༌། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་མ་གླེངས་པར་དེ་དག་ཉིད་འགྱོད་པ་དང༌། ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པ་སྐྱེས་ཀྱང་རུང་ངོ༌། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པ་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་མཐོང་བ་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་བྱ་བ་དེ་དག་ནི་སྨྲས་པའི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། གསོབ་ཅེས་བྱ་བ་ནི་དོན་དེས་སྟོང་པའོ། །གསོག་ཅེས་བྱ་བ་ནི་དེའི་ས་བོན་གྱིས་སྟོང་པ་སྟེ། གྲིབ་མ་ཙམ་དང་ཡང་བྲལ་བའོ། །བརྫུན་ཞེས་བྱ་བ་ནི་དེར་འདུ་ཤེས་པ་དང་ཡང་བྲལ་བའོ། །ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ། །མངོན་པའི་ང་རྒྱལ་མ་གཏོགས་སོ་ཞེས་བྱ་བ་ནི་མངོན་པའི་རྒྱལ་བཞག་སྟེའོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་གྲིབ་མ་ཙམ་མཐོང་བ་ལས་ཡོན་ཏན་ཐོབ་པར་ང་རྒྱལ་བྱེད་པའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ཅན་གྱིས་དོན་བརྫུན་པ་ཡང་དག་པའི་འདུ་ཤེས་ཀྱིས་བརྗོད་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ན་ཕམ་པར་འགྱུར་རོ། །དེའི་བྱེ་བྲག་ནི་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་ཏེ་གཞན་གྱིས་དོན་གོ་ན་ཕམ་པར་འགྱུར་རོ། །མིའི་ཆོས་
བླ་མའི་འབྲས་བུ་ལ་ན་སྨད་པ་མེད་དེ། དེ་གང་ཞེ་ན། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཡི་དགས་དང༌། ཤ་ཟ་དང༌། གྲུལ་བུམ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་རྣམས་བདག་གིས་མཐོང་བ་དང༌། དེ་རྣམས་ཀྱིས་བདག་མཐོང་བ་དང། བདག་གིས་དེ་རྣམས་ཀྱི་སྒྲ་ཐོས་པ་དང༌། དེ་རྣམས་ཀྱིས་བདག་གི་སྒྲ་ཐོས་པ་དང༌། བདག་དེ་རྣམས་ལ་ལྟར་འགྲོ་བ་དང༌། དེ་རྣམས་བདག་ལ་ལྟར་འོང་བ་དང༌། བདག་དེ་རྣམས་དང་ལྷན་ཅིག་གཏམ་འདྲེ། ཕེབས་པར་སྨྲས། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་གནས་པ་དང༌། དེ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་ཕེབས་པར་སྨྲ། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ལྷན་ཅིག་གནས་པ་ཞེས་བྱ་བ་སྟེ་དེ་དག་ལ་ན་སྨད་པ་མེད་དོ། །མིའི་ཆོས་བླ་མའི་རང་བཞིན་ལ་ན་སྨད་པ་མེད་དོ། །དེ་གང་ཞེ་ན། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པ་རྣམས་དང༌། དགེ་སྦྱོང་གི་འབྲས་བུ་རྣམས་དང༌། མངོན་པར་ཤེས་པ་རྣམས་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་དེ། དེ་དག་ལན་སྨད་པ་མེད་དོ། །མིའི་ཆོས་བླ་མ་དང་ལྡན་པ་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་དགོན་པར་མི་མ་ཡིན་པ་དག་མི་འཚེ་བ་དང༌། གྲོང་དུ་སྟན་ཁྲ་བོ་བཀྲ་བ་བཏིང་བ་ལ་སོགས་པ་དང༌། བདག་ཉིད་ལྡན་པར་སྨྲ་བ་ལ་ན་སྨད་པ་མེད་དོ། །མིའི་ཆོས་བླ་མ་དང་ལྡན་པ་དེ་ཡོད་དོ་ཞེས་གཞན་ལ་སྦྱར་ནས་དེའི་འོག་ཏུ་རང་ལ་སྦྱོར་བར་བྱེད་པ་ལ་ན་སྨད་པ་མེད་དོ། །མིའི་ཆོས་བླ་མ་མ་ཐོབ་པར་བདག་གིས་ཐོབ་སྟེ། ཡོངས་སུ་ཉམས་སོ་ཞེས་ཟེར་བ་དང༌། ཐོབ་པ་ཡོངས་སུ་ཉམས་པ་ལ་མ་ཉམས་སོ་ཞེས་ཟེར་བ་ལ་ན་སྨད་པ་མེད་དོ། །ཁྱོད་ནི་མིའི་ཆོས་བླ་མ་དང་ལྡན་པའོ་ཞེས་ཟེར་བའི་ཚིག་གིས་དང་དུ་བླངས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་དང༌། དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །
འགྲོ་བ་གཞན་ལས་སྐྱེས་པ་དང༌། འགྲོ་བ་གཞན་གྱིས་སྐྱེས་པ་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམས་པ་དང་བཅས་པས་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་དོན་གོ་བར་འགྲོ་བ་གང་ཡང་རུང་བ་དང་འཕགས་པ་ལ་ན་སྨད་པ་མེད་དོ།། དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་གྱིས་ཉམས་པ་ཡིན་ནོ། །འདིའི་བྱེད་པ་པོ་ནི་འདུ་ཤེས་བསྒྱུར་བ་དང༌། མིའི་ཆོས་བླ་མ་བདག་ཉིད་ཀྱི་ཕྱིར་རང་གི་ཚིག་གིས་སྨྲས་ཏེ་གཞན་གྱི་དོན་གོ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་འདུ་ཤེས་བསྒྱུར་བ་དང། མིའི་ཆོས་བླ་མ་དེ་ཉིད་དང༌། བདག་ཉིད་ཀྱི་ཕྱིར་དང༌། རང་གི་ཚིག་དང༌། གཞན་གྱིས་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་འདུ་ཤེས་བསྒྱུར་ན་ཕམ་པར་འགྱུར་བའི་བརྫུན་ནམ། ཉེས་པ་སྦོམ་པོའི་བརྫུན་ནམ། དགེ་འདུན་ལྷག་མའི་བརྫུན་ནམ། ལྟུང་བྱེད་ཀྱི་བརྫུན་ནམ། ཉེས་བྱས་ཀྱི་བརྫུན་གཅིག་ཏུ་འགྱུར་གྱི། འདུ་ཤེས་མ་བསྒྱུར་བ་ལ་དེ་དག་གི་ལྟུང་བ་མེད་པའི་ཕྱིར་རོ། །མིའི་ཆོས་བླ་མ་དེ་ཉིད་སྨྲས་ན་དངོས་གཞིར་འགྱུར་གྱི་གཞན་ན་ནི་སྨད་པའི་ཕྱིར་རོ། །བདག་ཉིད་ཀྱི་ཕྱིར་སྨྲས་ན་དངོས་གཞིར་འགྱུར་གྱི་གཞན་ལ་སྦྱོར་བ་ན་སྨད་པའི་ཕྱིར་རོ། །རང་གི་ཚིག་ཡིན་ན་དངོས་གཞིར་འགྱུར་གྱི། རང་གིས་མ་སྨྲས་ན་ཉེས་པ་མེ་དཔའི་ཕྱིར་རོ། །གཞན་གྱིས་དོན་གོ་ན་དངོས་གཞིར་འགྱུར་གྱི། མ་གོ་ན་ཉེས་པ་སྦོམ་པོར་འགྱུར་བའི་ཕྱིར་རོ། །སྦྱོར་བའི་ལྟུང་བ་ནི་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་བའི་ཕྱིར་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིའི་ཆོས་བླ་མ་དངོས་གཞིར་མ་གཏོགས་པ་དག་ལ་ཉེས་བ་སྦོམ་པོའོ། །གཞན་གྱིས་དོན་མ་གོ་ན་ཉེས་པ་སྦོམ་
པོའོ། །རྡུལ་ཁྲོད་ཀྱི་ཤ་ཟ་ཡང་ཉེས་པ་སྦོམ་པོའོ། །ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ་པར་གནོན་པ་ཡང་ཉེས་པ་སྦོམ་པོའོ། །མིའི་ཆོས་བླ་མ་དང་ལྡན་པ་དེ་ཡོད་དོ་ཞེས་རང་ལ་འདུན་པའི་བསམ་པ་གཞན་ལ་སྦྱོར་ཞིང་སྟོན་ན་ཉེས་པ་སྦོམ་པོའོ།། མིའི་ཆོས་བླ་མ་བརྗོད་པའི་འདུན་པས་མི་མཐུན་པ་རྒྱུ་དང་འབྲས་བུ་དང༌། སློབ་པ་དང་མི་སློབ་པ་ཞེས་བྱ་བ་ལ་སོགས་པའི་དོན་བརྗོད་ན་ཉེས་པ་སྦོམ་པོའོ། །མིའི་ཆོས་བླ་མ་གང་བརྗོད་པར་འདོད་པ་དེ་ནོར་ཏེ། དེ་ལས་གཞན་བརྗོད་ན་ཉེས་པ་སྦོམ་པོའོ། །གཞོགས་སྨོས་བྱེད་ན་ཉེས་པ་སྦོམ་པོའོ། །གཞོགས་སྨོས་བྱས་ནས་མཇུག་ཁས་མི་ལེན་ན་ཉེས་པ་སྦོམ་པོའོ། །ཁྱོད་ནི་མིའི་ཆོས་བླ་མ་དང་ལྡན་པའོ་ཞེས་ཟེར་བ་ཅང་མི་སྨྲ་བས་དང་དུ་བླངས་ན་ཉེས་པ་སྦོམ་པོའོ། །ཁྱོད་ནི་མིའི་ཆོས་བླ་མ་དང་ལྡན་པ་ཡིན་ནོ། །འདི་དང་འདི་རྗེས་སུ་སྒྲུབས་ཤིག་ཅེས་ཟེར་བ་རྗེས་སུ་བསྒྲུབས་ན་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་སྦྱོར་བའི་ཕྱིར་བརྩལ་ཅིང་ཇི་སྲིད་དུ་སྦྱོར་བ་ཉིད་ལ་མ་ཐུག་གི་བར་དུ་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟན་པ་དེ་དག་རེ་རེ་ལ་སྦྱོར་བའི་སྦྱོར་བ་གཅིག་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །སྦྱོར་བའི་སྦྱོར་བ་ཐ་དད་ན་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་མངོན་པའི་ང་རྒྱལ་ལ་ཉེས་པ་མེད་དེ་འདུ་ཤེས་བསྒྱུར་བ་མེད་པའི་ཕྱིར་རོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མིའི་ཆོས་བླ་མ་སྨྲ་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་བརྟེན་པར་མི་བྱ་བར་བསླབ་པར་བྱའོ། །འདས་པ་དང་མ་འོངས་པ་ལ་སོགས་པའི་ཡུལ་མ་བསམས་པར་བསྟན་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྨྲ་བའི་ཕམ་པར་འགྱུར་བ་སྟེ་
བཞི་བ་བཤད་ཟིན་ཏོ།། །།ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་བསྟན་ཟིན་ཏོ་ཞེས་བྱ་བ་ནི་གདོན་བའི་མཇུག་བསྡུ་བ་ཡིན་ནོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་བཞི་པོ་དེ་དག་ལས་སོ། །ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཞེས་བྱ་བ་ནི་དང་པོ་ཁྱིམ་པའི་གནས་སྐབས་ན་སྡོམ་པ་མེད་པ་ཇི་ལྟ་བར་ལྟུང་བ་དེ་བྱུང་བའི་གནས་སྐབས་ན་ཡང་དེ་བཞིན་པ་སྟེ། འདིར་ནི་སྡོམ་པ་ཉམ་ཆུང་བ་ལ་བྱའི་སྡོམ་པ་གཏན་མེད་པ་ནི་མ་ཡིན་ཏེ། འཕགས་པ་གཞི་ཐམས་ཅད་ཡོད་བར་སྨྲ་བའི་འདུལ་བའི་སྡེ་སྣོད་ཀྱི་ལུང་ཉིད་ལས། བུ་ལོན་ནོར་བཞིན་ཁ་ཆེ་དག །བྱུང་བ་ལ་ནི་གཉིས་སུ་འདོད། །ཅེས་གསུངས་པས་སྡོམ་པ་ནི་སེམས་སྐྱེས་པའི་བྱ་བ་ཡིན་ལ། བསླབ་པའི་གཞི་ནི་ལུས་དང་ངག་གིས་བསླབ་པའི་རྣམ་པར་རིག་བྱེད་གཟུགས་ཅན་ཡིན་ཏེ་དེ་ཡང་སེམས་ཀྱིས་ཕྱིར་བཅོས་ན་མཐའི་ལྟུང་བ་ལས་ལྡང་བའི་ཐབས་ཀྱང་ཡོད་པའི་ཕྱིར་རོ། །ཕམ་པར་གྱུར་པ་ཡིན་ཏེ་ཞེས་བྱ་བ་ནི་ལྟུང་བའི་སྡེ་ཚན་གྱི་མིང་བསྟན་པ་ཡིན་ཏེ། ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང༌། ལོངས་སྤྱོད་དུ་མའི་དབང་གིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་མ་དག་པའི་ཉེས་དམིགས་བསྟན་བ་སྟེ། དེ་ཡང་བསླབ་བ་སྦྱིན་པའི་ཕྱིར་མ་བཅོས་པ་རྣམས་ཀྱི་དབང་དུ་མཛད་དེ་གསུངས་པ་ཡིན་གྱི་བསླབ་པ་བྱིན་བས་ཕྱིར་བཅོས་པའི་བྱ་བ་བྱས་ན་ནི་མ་ཡིན་ནོ། །ལྷན་ཅིག་གནས་པ་ཞེས་བྱ་བ་ནི་གནས་གཅིག་ནའོ། །ལོངས་སྤྱོད་བ་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གིས་སོ། །མི་དབང་གིས་ཞེས་བྱ་བ་ནི་དེའི་འོས་མ་ཡིན་པའོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་ལྷན་ཅིག་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱ་བ་དང༌། དེ་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྒོ་བར་མི་བྱ་བའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་
དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཕམ་བར་འགྱུར་བའི་ཆོས་བཞི་པོ་བསྟན་པ་དེ་ལའོ། །ལྷག་མ་ནི་སྔ་མ་ཡིན་ནོ། །ཕམ་པར་འགྱུར་བའི་ཆོས་བཞི་པོ་གདོན་པ་བཤད་ཟིན་ཏོ།། །།ད་ནི་དགེ་འདུན་ལྷག་མ་གདོན་བ་བཤད་བར་བྱ་སྟེ། དེའི་ཕྱིར། སྡོམ་ལ། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཆན་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་བྱ་བ་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་དགོས་པ་དང་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དགེ་འདུན་ལྷག་མ་ནི་བཅུ་གསུམ་སྟེ། ཁུ་བ་འབྱིན་པ་དང༌། ལུས་ཀྱི་རེག་པ་དང༌། འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། སྨྱན་བྱེད་པ་དང༌། ཁང་པ་དང༌། གཙུག་ལག་ཁང་དང༌། གཞི་མེད་པར་སྐུར་པ་འདེབས་པ་དང༌། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུམ་འབྱིན་པ་དང༌། བཀའ་བློ་མི་བདེ་བའོ། །ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་དགོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །དགེ་འདུན་ལྷག་མའི་ཆོས་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང༌། དགེ་འདུན་དང་འབྲེལ་བ་དང༌། དགེ་འདུན་ལ་བརྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ནི་ལྷག་མ་དང་བཅས་པ་སྟེ། དེས་ན་དགེ་འདུན་ལྷག་མ་ཞེས་གསུངས་སོ། །དེ་ཉིད་ཁ་ནམ་ཐོ་བའི་མཚན་ཉིད་འཛིན་བས་ཆོས་ཞེས་བྱའོ། །བཅུ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ནི་ཁུ་བ་འབྱིན་པ་ལ་སོགས་པ་གོང་དུ་བསྟན་པ་དག་གོ །ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་
འབྱུང་ངོ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ནི་ཡི་གེར་མ་བྲིས་པ་ཡིན་པས་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའི་ཕྱིར་གསོ་སྦྱོང་འདོན་པས་དགེ་འདུན་ལྷག་མ་འདོན་པ་འདི་ག་ལས་ཤེས་སྙམ་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །ད་ལྟར་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུས་པའི་གཞུང་འདི་ནི་མ་འོངས་པའི་སྐྱེ་བོ་དབང་པོ་རྟུལ་པོ་ཚིག་དང་དོན་གྱི་བདག་ཉིད་འཛིན་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྡུ་བར་གནང་བ་ཡིན་ཏེ། དེ་བས་ན་འདུལ་བའི་སྡེ་སྣོད་ཀྱིས་ལས་གསང་བ་འདི་ནི་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ཐོས་པར་མི་བྱའོ་ཞེས་སྔར་བསྟན་པ་བཞིན་འདིར་ཡང་སྦྱར་རོ། །དེ་ལ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། དེ་ལ་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀ་ལུས་མ་བསྲུངས། དབང་པོ་རྣམས་ཀྱིས་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་གྲོང་དང་གྲོང་རྡལ་དག་ཏུ་བསོད་སྙོམས་ལ་ཞུགས་ཏེ་ཕྱིར་ལོག་ནས་དེའི་སེམས་འདོད་པ་ལ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་ནས། དེས་རང་གི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་བྱས་ཏེ། ལག་པ་གཉིས་ཀྱིས་བཟུང་ནས་རྩོལ་བར་བྱེད་ཅིང་ཁུ་བ་འབྱིན་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་ཁུ་བ་
འབྱིན་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་ཉལ་བ་དག་གི་རྨི་ལམ་ན་ཁུ་བ་བྱུང་བར་གྱུར་ཏེ། དེ་དག་ལ་འདུ་ཤེས་ཀྱང་ཡོད། སེམས་པ་ཡང་ཡོད་པས་དེ་དག་འགྱོད་པ་སྐྱེས་པར་གྱུར་ནས། འདི་ལྟར་བཅོམ་ལྡན་འདས་ཀྱིས་བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་ན། བདག་ཅག་ལ་དགེ་འདུན་ལྷག་མའི་ལྟུང་བ་མ་བྱུང་ངམ་སྙམ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་རྨི་ལམ་གྱི་མ་གཏོགས་སོ། །དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་ལུང་དུ་མ་བསྟན་པ། ཉེས་པ་ནི་མེད་དོ། །དེ་ལ་བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །ཁུ་པར་བརྟགས་ནས་སོ། །ཁུ་རམ་པ་ལྔ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྐ་བ་དང༌། སླ་བའོ། །དེ་ལ་སྔོན་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའིའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་དབང་བསྐུར་བར་འོས་ལ་དབང་མ་བསྐུར་བར་གནས་པ་མཚན་ཐོབ་པ་གང་ཡིན་པ་དེའི་ཁུ་བ་ཡང་སྔོན་པོ་ཡིན་ནོ། །སེར་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་དེ་ལས་གཞན་པ་དག་གིའོ། །དམར་པོ་ནི་སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་པའིའོ། །སྐ་བ་ནི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱིའོ། །སླ་བ་ནི་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱིའོ། །ཡང་ན་སླ་བ་ནི་བུད་མེད་ཀྱིས་དུབ་པ་དང༌། ཁུར་གྱིས་དུབ་པ་དང༌། ལམ་གྱིས་དུབ་པ་དང༌། གཏའ་གམ་པ་དང༌། ཡ་ཟ་མ་ལུག་གང་
ཡིན་པ་དེའི་ཡང་སླ་བ་ཡིན་ནོ། །ཕྱུང་ན་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཕྱུང་བ་སྟེ། གཞན་གྱིས་བར་དུ་མཆོད་པ་ཁོ་ནར་རང་གི་གནས་ནས་འཕྲལ་ལ་ཕྱུང་བ་སྟེ། དང་པོ་ཁོ་ནར་གནས་ནས་འཐོན་ཅེས་བྱ་བའི་ཐ་ཚིག་གོ །རྨི་ལམ་གྱི་མ་གཏོགས་ཏེ་ཞེས་བྱ་བ་ནི་རྨི་ལམ་གྱི་གཞག་སྟེའོ། །དེ་ནི་ཐ་སྙད་དུ་བྱར་རུང་བ་མ་ཡིན་པས་དེ་ལས་ལྟུང་བ་རྣམ་པར་མི་གཞག་གོ །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལུས་པ་དང༌། དགེ་འདུན་དང་འབྲེལ་པ་དང༌། དགེ་འདུན་ལ་བསྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་ནི་ལྷག་མ་མེད་པ་ཡིན་གྱི། །འདི་ནི་ལྷག་མ་དང་བཅས་པ་ཡིན་པ་སྟེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་བསམས་བཞིན་དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་དེར་འདུན་པས་རང་གི་ཡན་ལག་གི་རྣམ་པ་ལ་ཕྱི་ནང་གི་རེག་པ་སེམས་ཅན་དུ་བགྲང་བ་དེའི་རྣམ་པར་གནས་པས་བརྩལ་ཏེ་རང་གི་ཁུ་བ་དང་པོ་ཕྱུང་ན་དངོས་གཞིར་འགྱུར་རོ། །ཁུ་བ་དབྱུང་བའི་བསམ་བས་རང་གི་ཡན་ལག་གི་རྣམ་པ་ལས་ཁུ་བ་དང་པོ་ཕྱུང་ངོ་ཅོག་ལ་ན་སྨད་པ་མེད་དོ། །བདེ་བ་དང༌། རིག་སྔགས་དང༌། ས་བོན་དང༌། སྨན་དང༌། བརྟག་པའི་ཕྱིར་འབྱིན་པ་ལ་ན་སྨད་པ་མེད་དོ། །རིལ་གྱིས་བཅངས་པ་དང་དམ་དུ་བཅངས་པ་གཉིས་མེད་པར་འབྱིན་པ་ལ་ན་སྨད་པ་མེད་དོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་དང༌། བྱུང་ལ་ཐུག་པའི་བདེ་བ་དང༌། ངད་ལས་པའི་བདེ་བ་དག་མེད་པར་འབྱིན་པ་ལ་ན་སྨད་པ་མེད་དོ། །དེ་ལ་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་ཀུན་དུ་སྤྲད་པའི་གནས་སྐབས་ན་བདེ་བ་གང་ཡོད་པའོ། །བྱུང་བ་ཐུག་
པའི་བདེ་བ་ཞེས་བྱ་བ་ནི་ཁུ་བ་བྱུང་ཀའི་གནས་སྐབས་ན་བདེ་བ་གང་སྐྱེ་བའོ། །ངད་ལས་པའི་བདེ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་གདུང་བ་དང་བྲལ་བའི་གནས་སྐབས་ན་བདེ་བ་གང་བྱུང་བའོ། །དེ་དག་དང་ལྡན་བཞིན་དུ་འབྱིན་པ་ལ་ཡང་ན་སྨད་པ་མེད་དོ། །རིལ་དང་དམ་དུ་བཅངས་པས་འབྱིན་པ་ལ་ན་སྨད་པ་མེད་དོ། །རྣམ་པར་བསྔོས་པ་ལ་སོགས་པ་དང༌། རྣམ་པར་ཞིག་པ་དང༌། ཀེང་རུས་དག་དང༌། མགོ་དང༌། རྣ་བ་དང༌། སྣ་དག་དང༌། མགུལ་པའི་བར་དག་དང༌། རྩིབ་ལོགས་དང༌། རྒྱབ་དང༌། བྲང་དང༌། གཉེར་མ་དག་དང༌། སྐྲའི་གསེབ་དང༌། ལག་པ་དང༌། ཕྲག་པ་དང༌། དཔུང་པ་དག་དང༌། དཔུང་པའི་བར་དག་དང༌། རྐེད་པ་དང༌། བརླ་དང༌། རྐང་པ་དང༌། སྒྱིད་པ་དག་དང༌། སྒྱིད་པའི་བར་དུ་འབྱིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བའི་བསམས་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་ཕ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །ཕྱུང་བ་ཐམས་ཅད་ལ་ཕམ་པར་འགྱུར་བ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་འབྱིན་པའི་བསམ་པ་དང༌། རང་གི་ཁུ་བ་ཕྱུང་བའོ། །འདི་ལ་ཡན་ལག་བཅུའི་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཕྱུང་བ་དང༌། དེར་འདུན་པ་དང༌། རང་གི་ཁུ་བ་དང༌། དང་པོ་དང༌། རེག་པ་དང༌། ཕྱི་རོལ་གྱིས་དང༌། སེམས་ཅན་དུ་བགྲང་བས་དང༌། དེའི་རྣམ་པར་གནས་པས་དང༌། བརྩལ་བ་དང༌། ཡན་ལག་གི་རྣམ་པ་ལའོ། །དེ་ལ་ཕྱུང་བ་ཞེས་བྱ་བ་ནི་ཁུ་བ་ཕྱུང་བ་སྟེ། མ་བྱུང་ན་ཡང་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །དེར་འདུན་པ་ཞེས་བྱ་བ་ནི་ཁུ་བ་དབྱུང་བར་འདུན་བ་སྟེ། འདུན་བ་མེད་ན་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །རང་གི་ཁུ་བ་ཞེས་བྱ་བ་ནི་རང་གི་ཁུ་བ་ལས་དངོས་གཞིར་འགྱུར་གྱི། གཞན་གྱི་ལས་ཉེས་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །དང་པོ་ཞེས་བྱ་བ་ནི་ལུས་འདི་ལ་ཁུ་བའི་གནས་སུ་གྱུར་པ་ལོགས་ཤིག་
ན་འཁྲིས་པ་ལྟ་བུ་མེད་དེ། འོན་ཀྱང་དཔེར་ན་བུ་རམ་ཤིང་ལས་ཁུ་བ་དང༌། འབྲུ་ལས་འབྲུ་མར་བཞིན་དུ་ལུས་ཐ་དག་ལས་འབྱུང་ངོ༌། །དེ་ལས་འབྱུང་བ་ནི་མང་དུ་ཡོད་དེ་གནས་ནས་འབྱུང་བ་དང༌། སྦུབས་སུ་འོངས་པ་ལས་འབྱུང་བ་དང༌། དབང་པོའི་མཐའ་ནས་འབྱུང་བའོ། །དེ་ལ་གནས་ནས་འབྱུང་བ་ནི་སྦུབས་སུ་མ་འོངས་པར་དད་པོར་རང་གི་གནས་ནས་འབྱུང་བ་སྟེ། དེ་མྱོང་བའི་གནས་སྐབས་ན་འདོད་ཆགས་ཤས་ཆེར་རབ་ཏུ་འགྱུར་བ་དང༌། བདེ་བ་ཉམས་སུ་མྱོང་བ་ཤས་ཆེན་པོ་སྐྱེ་བ་དང་སྙིང་འདར་བ་ལ་སོགས་པ་ལུས་འགྱུར་བ་འབྱུང་བ་སྟེ། འདིར་དང་པོ་ཞེས་སྨོས་པ་ནི་གནས་སྐབས་དེ་ལ་བྱའོ། །སྦུབས་སུ་འོངས་བ་དང༌། དབང་པོའི་མཐའ་ནས་འབྱུང་པ་དག་ལ་ན་སྨད་པར་འགྱུར་རོ། །རེག་པ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ཙམ་གྱིས་མ་ཡིན་གྱི། ནང་གི་རང་དང་གཞན་གྱི་ལག་པ་ལ་སོགས་པའི་རེག་པས་སོ། །དེའི་བྱེ་བྲག་གཞན་བསྟན་པའི་ཕྱིར་ཕྱི་རོལ་གྱིས་དང༌། སེམས་ཅན་དུ་བགྲང་བས་དང༌། དེའི་རྣམ་པར་གནས་པས་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱིས་ཞེས་བྱ་བ་ནི་ནང་གི་རང་དང་གཞན་གྱི་ལག་པ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱི་རོལ་གྱི་རེག་པས་རེག་ན་ཡང་ཡན་ལག་ཏུ་འགྱུར་བར་སྟོན་ཏོ། །ཕྱི་རོལ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དུ་བགྲང་བ་ཤི་བའི་ལུས་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པ་གོས་ལ་སོགས་པ་སྟེ། དེ་ལ་སེམས་ཅན་དུ་བགྲང་བ་ཤི་བའི་ལུས་འདིར་ཡན་ལག་ཏུ་གཞག་གི་སེམས་ཅན་དུ་བགྲང་བ་མ་ཡིན་པ་གོས་ལ་སོགས་པ་འདིར་ཡན་ལག་ཏུ་མི་གཞག་པ་བསྟན་པའི་ཕྱིར། སེམས་ཅན་དུ་བགྲང་བ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་དུ་བགྲང་བ་མ་ཡིན་པ་གོས་ལ་སོགས་པ་ལ་ན་སྨད་དོ། །ཕྱི་རོལ་དུ་གྱུར་པ་སེམས་ཅན་དུ་བགྲང་བ་ཤི་བའི་ལུས་ལ་ཡང་སེམས་ཅན་གྱི་རྣམ་པར་མི་གནས་པ་དུམ་གྲུགས་ཕྲ་མོར་གྱིས་བ་དག་ཡོད་པས་དེ་འདིར་ཡན་ལག་ཏུ་མི་གཞག་གི་སེམས་ཅན་གྱི་རྣམ་པར་གནས་པ་ཡན་ལག་ཏུ་གཞག་པར་བསྟན་པའི་ཕྱིར་དེའི་རྣམ་པར་གནས་པས་སོ་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་དུ་གྱུར་པ་
སེམས་ཅན་དུ་བགྲང་བ་ཤི་བའི་ལུས་རྣམ་པར་བསྔོས་པ་ལ་སོགས་པ་དང༌། རྣམ་པར་ཞིག་པ་དང༌། ཀེང་རུས་དག་དང༌། མགོ་དང༌། རྣ་བ་དང༌། སྣ་དག་དང༌། མགུལ་པའི་བར་དང༌། རྩིབ་ལོགས་དང༌། རྒྱབ་དང༌། བྲང་དང༌། གཉེར་མ་དང༌། སྐྲའི་གསེབ་དང༌། ལག་པ་དང། ཕྲག་པ་དང༌། དཔུང་པ་དག་དང༌། དཔུང་པའི་བར་དག་དང༌། རྐེད་པ་དང༌། བརླ་དང༌། རྐང་པ་དང༌། སྒྱིད་པ་དང༌། སྒྱིད་པའི་བར་ལ་སོགས་པ་སེམས་ཅན་གྱི་རྣམ་པར་གནས་པ་དག་གི་རེག་པ་འདིར་ཡན་ལག་ཏུ་གཞག་གི །ཕྱི་རོལ་དུ་གྱུར་པ་སེམས་ཅན་དུ་བགྲང་བ་ཤི་བའི་ལུས་སེམས་ཅན་གྱི་རྣམ་པར་མི་གནས་པ་དུམ་གྲུགས་ཕྲ་མོར་གྱེས་པ་དག་གིས་རེག་པ་ནི་ཕྱི་རོལ་གྱི་གོས་ལ་སོགས་པ་དང་འདྲ་བས་འདིར་ཡན་ལག་ཏུ་མི་གཞག་གོ །དེ་ལྟར་ན་འདིར་རེག་པ་དང་ཕྱི་རོལ་གྱིས་དང༌། སེམས་ཅན་དུ་བགྲང་བས་དང༌། དེའི་རྣམ་པར་གནས་པ་ཞེས་བྱ་བའི་ཡན་ལག་བཞི་ནི་རེག་པའི་བྱེ་བྲག་ཡིན་ཏེ། དེ་དག་ལས་གང་ཡང་རུང་བ་ཅིག་གཟུང་ངོ༌། །བརྩལ་བ་ཞེས་བྱ་བ་ནི་བརྩལ་བས་དྲུད་པ་སྟེ། གྱི་ན་བརླ་དང་གོས་དང་གཞན་གྱི་རེག་པ་དང༌། གཡན་པ་ཕྲུག་པ་དག་གིས་བབ་ཅོལ་དུ་དེའི་དོན་མ་ཡིན་པར་ཞུགས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །ཡན་ལག་གི་རྣམ་པ་ལ་ཞེས་བྱ་བ་ནི་ཕོ་མཚན་ལ་སྟེ། བརླ་ལ་སོགས་པ་ཕྱོགས་གཞན་དུ་རེག་པ་ལ་ན་སྨད་པ་མེད་པའི་ཕྱིར་རོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་བསམས་བཞིན་དུ་ཁུ་བ་དབྱུང་བའི་ཕྱིར་སྦྱོར་བ་བརྩམས་ནས་ཇི་སྲིད་དུ་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྤོམ་པོར་འགྱུར་རོ། །འབྱུང་དུ་ཉེ་བའི་ཤུགས་ཀྱིས་གནས་སྐབས་སུ་བརྩལ་བ་བཏང་ན་ཉེས་པ་སྦོམ་པོའོ། །གར་བྱེད་པ་དང་རབ་ཏུ་གར་བྱེད་པས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །ནམ་མཁའ་ལ་བསྐྱོད་པས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །ཡན་ལག་གི་རྣམ་པ་ལས་གཞན་པའི་ཕྱོགས་གཞན་དུ་རེག་པས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །ཡན་ལག་གི་རྣམ་པ་ཆུའི་རྒྱུན་ལས་བཟློག་པའི་ཕྱོགས་དང༌། རྫི་ཕྱོགས་མ་ཡིན་པར་གཏད་དེ་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ།།
བྱེ་བྲག་ངེས་པར་མྱོང་བའི་བདེ་བ་དང༌། བྱུང་ལ་ཐུག་པའི་བདེ་བ་དང༌། ངད་ལས་པའི་བདེ་བ་ལ་ཡིད་ཀྱིས་དམིགས་པས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །སྔར་སྦུབས་སུ་འོངས་པའི་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །ཆགས་པའི་སེམས་དང་ལྡན་པ་ཉིད་ན་ཡན་ལག་གི་རྣམ་པ་ལ་གཞལ་བའི་ཆེད་ཉིད་ཀྱིས་རེག་ན་ཉེས་པ་སྦོམ་པོའོ། །དབྱུང་བའི་ཆེད་དུ་བརྩམས་པ་ཙམ་བྱས་ནས་བརྩལ་བ་གཏང་ན་ཉེས་པ་སྦོམ་པོའོ། །གཉིད་ལོག་པའི་གནས་སྐབས་ན་ཁུ་བ་བྱུང་བ་ལས་སད་ནས་རོ་མྱོང་བར་བྱེད་ན་ཉེས་པ་སྦོམ་པོའོ། །ཡན་ལག་གི་རྣམ་པ་ཅུང་ཟད་མཉེད་པ་དང༌། ཡོངས་སུ་མ་ཉེད་པ་དང༌། འཚིར་ན་ཉེས་པ་སྦོམ་པོའོ། །ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་སེམས་ཅན་དུ་བགྲང་བའི་ལག་པ་ལ་སོགས་པའི་རེག་པས་ནོམ་ན་ཉེས་པ་སྦོམ་པོའོ། །སྨན་ཟོས་པས་འབྱིན་ན་ཉེས་པ་སྦོམ་པོའོ། །གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་ཉེས་པ་སྦོམ་པོའོ། །ལ་བ་དང༌། ཕྱིང་པ་དང༌། དྲེའུ་རྡོག་དང༌། སྔས་ནང་ཚངས་ཅན་དང༌། ཁྲི་དང་ཁྲིའུ་དང༌། སྟན་ནང་ཚངས་ཅན་དང༌། ཁྲིའི་གསེབ་དང༌། བུམ་པ་དང༌། བུམ་པུ་དང༌། བུམ་པའི་བར་དང༌། བྱ་མ་བུམ་དང༌། ཆོལ་ཟངས་དང༌། རྡོ་བ་དང༌། སྐྱོང་ནུལ་དང༌། སྐྱོང་ནུལ་གྱི་བར་དང༌། སྒོ་གཏན་དང༌། ཤིང་བུ་དང༌། ཕྱི་རོལ་གྱི་གོས་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་དག་གི་བར་དུ་ཕྱུང་ན་ཉེས་པ་སྦོམ་པོའོ། །ཕྱི་རོལ་དུ་གྱུར་པ་སེམས་ཅན་དུ་བགྲང་བ་ཤི་བའི་ལུས་སེམས་ཅན་གྱི་རྣམ་པར་མི་གནས་པ་དུམ་གྲུགས་ཕྲ་མོར་གྱེས་པ་དག་གིས་རེག་པས་ཕྱུང་ན་ཉེས་པ་སྦོམ་པོའོ། །ཡན་ལག་གི་རྣམ་པའི་སྦུ་གུ་འཚིར་ན་ཉེས་པ་སྦོམ་པོའོ། །དབྱུང་བའི་དོན་དུ་ཉེ་བར་འགྲོ་བ་ལ་ཁུ་བ་ཤོར་ན་ཉེས་པ་སྦོམ་པོའོ། །དབྱུང་བའི་དོན་དུ་གནས་ནས་གནས་སུ་འཕོ་བ་ལ་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །དབྱུང་བའི་དོན་དུ་བཞིན་དང༌། སྐྲ་དང་སེན་མོ་དང༌། སོ་དང༌། རྐེད་པ་དང༌། བརླ་དང༌། རྐང་པ་དང༌། ཟག་བྱེད་ལ་སོགས་པ་ཡིད་ལ་བྱེད་པ་ལས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །དབྱུང་བ་དང་དེར་འདུན་པས་ཡན་ལག་གི་རྣམ་པ་གཟུང་
བ་ལས་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་བསམས་བཞིན་དུ་ཁུ་བ་དབྱུང་བའི་ཕྱིར་བརྩམས་ནས་ཇི་སྲིད་ཅིག་ཏུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སུ་འགྱུར་རོ། །ཆགས་པའི་སེམས་དང་ལྡན་པས་ཡན་ལག་གི་རྣམ་པ་ལ་ལྟ་ན་ཉེས་བྱས་སོ། །ཡན་ལག་གི་རྣམ་པ་ཆུའི་རྒྱུན་ཕྱོགས་དང་རྫི་ཕྱོགས་སུ་གཏོད་ན་ཉེས་བྱས་སོ། །ཆགས་པར་འགྱུར་བའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དག་ལ་བལྟའོ་སྙམ་པ་ལ་སོགས་པས་དབྱུང་བའི་དོན་མ་ཡིན་པར་ཞུགས་པ་ལ་བབ་ཆོལ་དུ་ཁུ་བ་ཕྱུང་ན་ཉེས་བྱས་སོ། །ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་རེག་པས་ནོམ་ན་ཉེས་བྱས་སོ། །གཞན་གྱི་ཡན་ལག་གི་རྣམ་པའི་བུ་གུ་འཚིར་ན་ཉེས་བྱས་སོ། །ལག་པའི་རེག་པ་ལ་སོགས་པས་བརྩལ་བ་མེད་པར་ཡན་ལག་གི་རྣམ་པ་འགུལ་བ་ལ་ཁུ་བ་ཕྱུང་ན་ཉེས་བྱས་སོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟན་པ་དེ་དག་རེ་རེ་ལ་སྦྱོར་བའི་སྦྱོར་བ་གཅིག་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །སྦྱོར་བའི་སྦྱོར་བ་ཐ་དད་ན་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་རྨི་ལམ་ལ་ལྟུང་བ་མེད་དོ། །བརླ་དང་གོས་དང་གཞན་གྱི་རིག་པ་དང༌། གཡན་པ་ཕྲུག་པ་དག་གིས་བབ་ཅོལ་དུ་དབྱུང་བའི་དོན་མ་ཡིན་པར་ཞུགས་པས་ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ། །རེག་བྱའི་ཡུལ་མ་གཏོགས་པ་གཟུགས་དང་སྒྲ་དང༌། དྲི་དང༌། རོ་དག་ཉམས་སུ་མྱོང་བ་ན་དབྱུང་བའི་དོན་མ་ཡིན་པར་ཞུགས་པ་ལ་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ། །འཛག་སྣོད་དུ་འདྲུད་པས་ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ།། དབྱུང་བའི་དོན་དུ་ཞུགས་པ་མ་ཡིན་པ་ལ་སྔོན་གྱི་ཆུང་མས་འཁྱུད་པ་ལས་ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ། །དབྱུང་བའི་དོན་དུ་ཞུགས་པ་མ་ཡིན་པ་ལ་བུད་མེད་ཀྱི་རྐང་པ་ལ་སོགས་པ་ནས་བཟུང་བས་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་
འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁུ་བ་འབྱིན་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །གྲོང་དང་གྲོང་རྡལ་དག་ཏུ་ལུས་མ་བསྲུངས། དབང་པོ་རྣམས་ཀྱིས་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར་བསོད་སྙོམས་ལ་འཇུག་པར་མི་བྱའོ། །ཕྱིར་བཅོས་པ་ནི་དགེ་འདུན་ལྷག་མ་བཅུ་གསུམ་རྫོགས་པའི་རྗེས་ལ་འོག་ནས་སྟོན་ཏོ།། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་སྟེ། དང་པོ་བཤད་ཟིན་ཏོ།། །།ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང༌། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་པས་དྲུག་སྡེ་ལས་གང་ཡང་རུང་བ་ཅིག་གིས་རྒྱལ་བྱེད་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཚེ་དང་ལྡན་པ་འཆར་ཀ་ནང་པར་སྔར་ལངས་ཏེ། སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ །མཉན་ཡོད་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་སྐྱེད་མོས་ཚལ་དུ་སོང་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་འཇུག་པ་དང༌། གཙུག་ལག་ཁང་བལྟ་བ་དང༌། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བ་ཡིན་པས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དག་རྒྱལ་བྱེད་ཀྱི་ཚལ་དུ་འོངས་པ་རྣམས་ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་དང༌། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གཙུག་ལག་ཁང་དུ་རིམ་གྱིས་ཁྲིད་དེ་ཡོན་ཏན་བརྗོད་ཅིང་ཕྱག་འཚལ་དུ་བཅུག་ནས་རང་གི་གཙུག་ལག་ཁང་དུ་འོངས་པ་ན་དེས་དེ་དག་ལ་ཆོས་བསྟན་པར་བརྩམ་མོ། །ཇི་ལྟ་ཇི་ལྟར་ཆོས་བསྟན་པ་དེ་ལྟ་
དེ་ལྟར་ཀུན་དུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པ་དེ་ལྟ་དེ་ལྟར་དྲལ་ཏོ། །ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་ཡན་ལག་དང་ཉིང་ལག་དག་ལ་ཉུག་པར་བརྩམས་སོ། །དེ་དག་ལ་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དག་དང་ལྷན་ཅིག་གཞོགས་སྟེགས་དང་འཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ། འཆགས་དང༌། །དག་ར་དང༌། སྒོ་གང་དག་ན་བདག་ཅག་གི་ཡན་ལག་དང་ཉིང་ལག་ཁྱིམ་ཐབས་ཀྱིས་ཀྱང་མ་བྱུགས་པ་གང་ཡིན་པ་དེ་དག་འཕགས་པ་འཆར་ཀས་བྱུགས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་ལྟར་ཡང་མི་སྟེར་ན། འགྲོར་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོད་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གན་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དང་ལྷན་ཅིག་ལུས་རེག་པར་བྱེད་དམ། ལག་པ་ནས་བཟུང་ངམ། དཔུང་བ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་བ་ནི་འདོད་ཆགས། ཉེས་པ་ནི་ལུས་ཀྱིས་རེག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅང་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་ནི་སེམས་དྲལ་ཅིང་མ་གྱུར་པ་ཡང་ཡོད། གྱུར་ཅིང་མ་དྲལ་བ་ཡང་ཡོད། དྲལ་ཅིང་གྱུར་པ་ཡང་ཡོད། མ་དྲལ་ཅིང་མ་གྱུར་པ་ཡང་ཡོད་དོ། །དེ་ལ་རེ་ཞིག་དྲལ་ཅིང་མ་གྱུར་པ་ནི་སེམས་ཆགས་པ་དང༌། ཀུན་དུ་ཆགས་པ་
པ་དང། ཀུན་ནས་དཀྲིས་པ་གང་ཡིན་པའོ། །གྱུར་ཅིང་མ་དྲལ་བ་ནི་སེམས་ལྟོས་པ་དང་ལྡན་ཞིང་སེམས་འབྲེལ་པ་གང་ཡིན་པའོ། །དྲལ་ཅིང་གྱུར་པ་ནི་སེམས་ཆགས་པ་དང་ཀུན་དུ་ཆགས་པ་དང༌། ཀུན་ནས་དཀྲིས་ཤིང་སེམས་ལྟོས་པ་དང་ལྡན་པ་དང་སེམས་འབྲེལ་པ་གང་ཡིན་པའོ། །མ་བྲལ་ཅིང་མ་གྱུར་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་ལ་དྲལ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ངོ་ཚ་ཤེས་པའི་ཆོས་དྲལ་བ་སྟེ། སེམས་ཆགས་པ་དང༌། ཀུན་དུ་ཆགས་པ་དང༌། ཀུན་ནས་དཀྲིས་པར་གྱུར་པ་གང་ཡིན་བ་སྟེ། དེ་དག་ནི་ཆུང་ངུ་དང་འབྲིད་དང་ཆེན་པོའི་གནས་སྐབས་སུ་ཤེས་བར་བྱའོ། །གྱུར་ཅེས་བྱ་བ་ནི་རྣམ་པར་གྱུར་ཏེ། ཡུལ་དེ་དང་འབྲེལ་པར་འདོད་པར་གྱུར་ཅིང༌། ཡུལ་ལ་ལྟོས་པ་དང་ལྡན་པ་དང༌། ཡུལ་དང་འབྲེལ་པ་གང་ཡིད་བྱའོ། །བུད་མེད་དང་ལྷན་ཅིག་ཅེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གང་ཡིན་པ་དང་ངོ༌། །ལུས་རེག་པར་ཞེས་བྱ་བ་ནི་ལུས་ལ་ལུས་གཞོལ་བར་རོ། །བྱེད་དམ་ཞེས་བྱ་བ་ནི་བྱེད་པར་གྱུར་ཏམ་མོ། །ལག་པ་ནས་བཟུང་ངམ་ཞེས་བྱ་བ་ནི་མཁྲིག་མ་མན་ཆད་ཀྱི་ལག་པ་ནས་སོ། །དཔུང་པ་ནས་བཟུང་ངམ་ཞེས་བྱ་བ་ནི་མཁྲིག་མ་ཡན་ཆད་ནས་སོ། །ལན་བུ་ནས་བཟུང་ངམ་ཞེས་བྱ་བ་ལ་ལན་བུ་ཞེས་བྱ་བ་ནི་སྐྲ་དག་དང་དེ་དང་འབྲེལ་བའི་གོས་སོ། །ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ཞེས་བྱ་བ་ནི་ལག་པ་ནས་བཟུང་བ་དང་དཔུང་པ་ནས་བཟུང་བ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་གི་རྣམ་པ་གང་ཡིན་པ་ལ་སྟེ། ཡན་ལག་ཅེས་བྱ་བ་ནི་ལུས་སོ། །ཉིང་ལག་ཅེས་བྱ་བ་ནི་རྐང་ལག་ལ་སོགས་པའོ། །ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་ཞེས་བྱ་བ་ནི་རོ་མྱོང་བར་བྱེད་པ་སྟེ། ནོམ་པ་ཞེས་བྱ་བ་ནི་ཅུང་ཞིག་རེག་ནའོ། །ཉུག་པ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་ཀྱིས་རེག་པའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་
བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་ལུས་ཀྱི་རེག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པའི་ལུས་དང་སྐྲ་དང༌། དེ་དང་འབྲེལ་པའི་གོས་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་དང་ཀུན་དུ་འདོད་ཆགས་དང་ལྡན་པས་རེག་པ་བདག་གིར་བྱེད་བ་ན་དངོས་གཞིར་འགྱུར་རོ། །མིའི་འགྲོ་བར་གཏོགས་པ་བུད་མེད་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པར་བྱ་བའི་མཐུ་ཡོད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པར་སྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་གི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །ལན་བུ་ལ་ན་སྨད་པ་མེད་དོ། །ལན་བུ་དང་འབྲེལ་པའི་གོས་ལ་ན་སྨད་པ་མེད་དོ། །ནོམ་པ་དང་ཉུག་པ་དང་སྤྲོད་པ་དང༌། འཛིན་པ་དང་འདྲེན་པ་དང་ཡོངས་སུ་འདྲེན་པ་དང༌། འོག་ནས་འཁྱུད་པ་དང་སྟེང་ནས་འཁྱུད་པ་དང༌། དམ་དུ་སྦྱོར་བ་དག་ལ་ན་སྨད་པ་མེད་དོ། །བསྟེན་པར་བྱ་བ་བུད་མེད་དམ་གཞོན་ནུ་མས་ནོམ་པ་དང་ཉུག་པ་ལ་སོགས་པ་བྱས་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་རེག་པ་བདག་གིར་བྱེད་པ་ལ་ན་སྨད་པ་མེད་དོ། །དེ་ལ་ནོམ་པ་ཞེས་བྱ་བ་ནི་སྤྱི་བོ་ནས་རྐང་པའི་མཐེ་བོའི་བར་གྱི་ལུས་གང་ཡང་རུང་བ་ལ་དང་པོར་ལན་ཅིག་སྦྱོར་བ་ཉིད་དོ། །ཉུག་པ་ཞེས་བྱ་བ་ནི་སྤྱི་བོ་ནས་རྐང་པའི་མཐེ་བོའི་བར་གྱི་ལུས་གང་ཡང་རུང་བ་ལ་
ཡང་དང་ཡང་དུ་སྦྱོར་བ་ཉིད་དོ། །སྤྲོད་པ་ཞེས་བྱ་བ་ནི་མཐང་སྦྱར་བའི་བསམ་པས་རང་གི་ལུས་གང་ཡང་རུང་བ་བུད་མེད་ཀྱི་ལུས་གང་ཡང་རུང་བ་དང་བར་དུ་མ་བཅད་པར་སྤྲོད་པའོ། །འཛིན་པ་ཞེས་བྱ་བ་ནི་རང་གི་ལག་པ་ལ་སོགས་པས་བུད་མེད་ཀྱི་ལག་བ་ལ་སོགས་པ་འཆང་བའོ། །འདྲེན་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་བ་ནས་བཟུང་སྟེ། ཐག་རིང་པོ་ནས་དྲུང་དུ་འམ་དྲུང་ནས་ཐག་རིང་པོར་འདྲེན་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་ནས་བཟུང་སྟེ། རྐང་པའི་མཐའ་ནས་མགོའི་མཐའ་རས། མགོའི་མཐའ་ནས་རྐང་པའི་མཐར་རམ། གློ་གཡས་པ་ནས་གཡོན་པར་རམ། གློ་གཡོན་པ་ནས་གཡས་པར་ཡོངས་སུ་འདྲེན་པའོ། །འོག་ནས་འཁྱུད་པ་ཞེས་བྱ་བ་ནི་ས་ནས་རྐང་པའི་རྩེ་མོའི་སྟེང་ངམ། རྐང་པའི་རྩེ་མོ་ནས་སྤྱི་བོའི་བར་གྱི་སྟེང་ངམ། སྤྱི་བོ་ནས་ཁྲིའུའི་སྟེང་ངམ། ཁྲིའུའི་སྟེང་ནས་ཁང་བཟངས་ཀྱི་བར་གྱི་སྟེང་དུ་འཇོག་ཅིང་འོག་ནས་འཁྱུད་པར་བྱེད་པའོ། །སྟེང་ནས་འཁྱུད་པ་ཞེས་བྱ་བ་ནི་ཁང་བཟངས་ཀྱི་སྟེང་ནས་ཁྲིའུའི་བར་གྱི་སྟེང་ངམ་ཁྲིའུའི་སྟེང་ནས་སྤྱི་བོའི་སྟེང་ངམ། སྤྱི་བོའི་སྟེང་ནས་རྐང་པའི་རྩེ་མོའི་བར་གྱི་སྟེང་ངམ། རྐང་པའི་རྩེ་མོའི་སྟེང་ནས་སའི་འོག་ཏུ་འཇུག་ཅིང་སྟེང་ནས་འཁྱུད་པར་བེད་པའོ། །དམ་དུ་སྦྱོར་བ་ཞེས་བྱ་བ་ནི་སྤྱི་བོ་ནས་རྐང་པའི་རྩེ་མོའི་བར་གྱི་ལུས་གང་ཡང་རུང་བ་དང་མཐང་དམ་དུ་སྦྱོར་བར་བྱེད་པའོ། །འདིའི་བྱེད་པ་པོ་ནི་ལུས་ཀྱི་རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་པའི་འདུན་པ་ཀུན་ནས་འདོད་ཆགས་དང་ལྡན་པ་དང༌། མིའི་འགྲོ་བར་གཏོགས་པའི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་དོ། །འདི་ལ་ཡན་ལག་དྲུག་གི་དངོས་གཞིའི་ལྟུང་བར་འགྱུར་ཏེ། རེག་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། མོ་ཉིད་དང༌། བསྟེན་ནུས་པ་དང༌། བར་དུ་མཆོད་པ་དང་མ་ཉམས་པ་དང༌། རེག་པ་བདག་གིར་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ལུས་ཀྱིས་
རེག་པ་བདག་གིར་བྱ་བའི་ཕྱིར་སྦྱོར་བ་བརྩམས་ནས་ཇི་སྲིད་དུ་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གོས་ཀྱིས་བར་དུ་ཆོད་པ་དང་ཉམས་པ་ལ་ཉེས་པ་སྦོམ་པོའོ། །བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་མི་ནུས་པ་གོས་ཀྱིས་བར་དུ་མཆོད་པ་དང་མ་ཉམས་པ་ལ་ཉེས་པ་སྦོམ་པོའོ། །སྐྱེས་པ་དང་སྤྲུལ་པ་དང༌། ཟ་མ་དང་མ་ནིང་དང༌། མཚན་གཉིས་པ་བསྟེན་ནུས་པ་གོས་ཀྱིས་བར་དུ་མཆོད་པ་དང༌། མ་ཉམས་པ་ལ་ཉེས་པ་སྦོམ་པོའོ། །བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གོས་ཀྱིས་བར་དུ་མཆོད་པ་དང༌། མ་ཉམས་པ་ལ་འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པ་ཉིད་ནི་ཉེས་པ་སྦོམ་པོའོ། །ཟས་དང་བོང་བ་ལ་སོགས་པ་བུད་མེད་ཀྱི་དབང་པོར་འཕེན་ན་ཉེས་པ་སྦོམ་པོའོ། །རང་དང་གཅིག་གི་ཉམས་ན་ཉེས་པ་སྦོམ་པོའོ། །རྣམ་པར་བསྔོས་པ་མོ་ལ་སོགས་པ་ཉེས་པ་སྦོམ་པོའོ། །ཅོད་པན་དང་ཁུ་ཚུར་ལ་སོགས་པ་ལ་ཉེས་པ་སྦོམ་པོའོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ལ་ཉེས་པ་སྦོམ་པོའོ། །མི་མ་ཡིན་པའི་འགྲོ་བ་མོ་ལ་ཉེས་པ་སྦོམ་པོའོ། །རང་བཞིན་ཉམས་པ་ལ་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །གཞན་གྱི་དོན་དུ་བྱེད་པ་ལ་ཉེས་པ་སྤོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ལུས་ཀྱིས་རེག་པ་བདག་གིར་བྱ་བའི་ཕྱིར་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་མི་ནུས་པ་གོས་ཀྱིས་བར་དུ་ཆོད་པ་དང་ཉམས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་སྦྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་བསྟེན་མི་ནུས་པ་གོས་ཀྱིས་བར་དུ་མཆོད་པ་དང་མ་ཉམས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་སྦྲུལ་པ་དང་ཟ་མ་དང་མ་ནིང་དང་
མཚན་གཉིས་པ་བསྟེན་ནུས་པ་གོས་ཀྱིས་བར་དུ་ཆོད་པ་དང་ཉམས་པ་ལ་ཉེས་བྱས་སོ། །རྐང་པ་དང་ཕྲག་པ་ལ་སོགས་པས་བུད་མེད་ལ་ཕུལ་ན་ཉེས་བྱས་སོ། །བུད་མེད་ཀྱི་སྟན་དེ་དང་བཅས་པའམ་དེ་མེད་པ་རྐང་པ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །འདྲེད་པར་སྒྱེལ་བའི་བུད་མེད་ལྡང་ནུས་པ་སློང་ན་ཉེས་བྱས་སོ། །བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་ནི་མི་ནུས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པས་བསྟེན་ནུས་པ་ལ་ཉེས་བྱས་གང་ཡིན་པ་དེ་ནི་མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །ཉེས་བྱས་ལ་ན་སྨད་ན་ཡང་ཉེས་བྱས་ཉིད་དེ་ཉེས་བྱས་ཕྲ་མོ་དང་ཡིད་ཀྱིས་བསྡམ་པར་བྱ་བ་ཞེས་བྱ་བ་དག་ཏུ་འགྱུར་རོ། །གཉིས་ཀའི་ལུས་ཉམས་ན་ཉེས་བྱས་སོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང༌། སྤུ་དག་གིས་བསྟེན་པར་བྱ་བའི་སོ་དང༌། སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ལ་རེག་པ་ན་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་ཕོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་མོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་ཕོ་ལ་ཉེས་བྱས་ན་སྨད་དོ། །རྣམ་པར་འབྱེད་པ་ལས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་ཉེས་བྱས་ཉིད་དོ་ཞེས་བྱ་བ་གཉིས་གསུངས་པ་ནི་དུད་འགྲོ་ཕོ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་བསྟེན་མི་ནུས་པ་གོས་ཀྱིས་བར་དུ་མཆོད་པ་དང་མ་ཉམས་པ་ལ་ཉེས་བྱས་སུ་འགྱུར་བ་དང༌། གོས་ཀྱིས་བར་དུ་ཆོད་པ་དང་ཉམས་པ་ལ་ཉེས་བྱས་ཕྲ་མོར་འགྱུར་བར་གསུངས་པ་ཡིན་ནོ། །སྦྱོར་བའི་ལྟུང་བ་ཇི་སྐད་བསྟན་པ་ལ་སྦྱོར་བའི་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་མེར་མཆོང་བ་དང་ཆུས་ཁྱེར་བ་དང༌། དུག་ཟ་བ་དང༌། མཚོན་འབྱིན་པ་དང༌། གཡང་ས་ནས་མཆོང་བ་དང༌། ཐག་པས་འཆིང་བ་དང༌། འཆི་བ་ལ་མངོན་པར་ཕྱོགས་པ་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་སྙིང་བརྩེ་བས་རེག་པ་ལ་ལྟུང་བ་མེད་དོ། །སེམས་དག་པས་སྙིང་བརྩེ་བའི་བུད་མེད་
འཁྱུད་པ་ལ་ཉེས་པ་མེད་དོ། །མ་དང་སྲིང་མོ་དང་བུ་མོ་དག་ལ་དེ་དག་ཏུ་འདུ་ཤེས་བས་རེག་པ་ལ་ཉེས་པ་མེད་དོ། །སྔོན་ཡིད་གཅུགས་པའི་བུད་མེད་མཐོང་ནས་ཀུན་དགའ་བར་བྱ་བའི་ཕྱིར་རེག་པ་ལ་ལྟུང་བ་མེད་དོ། །བུད་མེད་ཀྱིས་དགེ་སློང་དང་དེའི་སྟན་དང་དགེ་སློང་འདྲེད་པར་སྒྱེལ་བ་སློང་བ་ལ་ལྟུང་བ་མེད་དོ། །མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ལྟུང་བ་མེད་དོ། །མས་འཁྱུད་པ་ལ་ལྟུང་བ་མེད་དོ། །བུ་མོ་པང་པར་འོངས་པ་ལ་འཁྱུད་པ་ལ་ལྟུང་བ་མེད་དོ། །བུད་མེད་འཁྲུལ་པ་སྟེང་དུ་འགྱེལ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལུས་ཀྱིས་རེག་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མ་ལ་རེག་པར་མི་བྱའོ། །བུད་མེད་ལ་རེག་པར་མི་བྱའོ། །མེར་འཆོང་བ་དང༌། ཆུས་ཁྱེར་བ་ལ་སོགས་པ་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་སྙིང་བརྩེ་བས་རེག་པར་བྱ་བ་ནི་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་གཞག་སྟེ་ལག་པའམ་སྐྲ་དག་ལས་རེག་པར་བྱའོ། །ཆུང་ཉམ་ཐག་པ་བསྒྲལ་བའི་ཕྱིར་རེག་པར་བྱ་བ་ཡང་དེ་བཞིན་ནོ། །ཆུ་ནས་ཕྱུང་བ་དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁས་བུབ་ཏུ་གཞག་པར་བྱའོ། །དེ་བསྲུང་བ་ན་ཕྱོགས་གཅིག་ཏུ་འདུག་སྟེ་རང་གི་ཁ་ཏོན་དང་ཡིད་ལ་བྱ་བ་ལ་སོགས་པ་ཡང་མི་ཤོར་བར་བྱའོ། །དྲོ་ཁར་བ་ལང་རྫི་དང་ཕྱུག་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་བྱའོ། །འཚོའམ་འོན་ཏེ་མི་འཚོ་བ་ཡང་དང་ཡང་དུ་བརྟག་པར་བྱའོ། །ཀུན་དུ་ཆགས་པར་འགྱུར་བའི་ཡུལ་ལ་བརྟག་པར་མི་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་སྟེ་གཉིས་པ་བཤད་ཟིན་ཏོ།། །།འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའི་གླེང་གཞིའི་མགོ་ནི་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའི་གླེང་གཞིའི་མགོ་དང་འདྲའོ། །བྱེ་བྲག་ཏུ་ན་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་
ཆུང་མ་དེ་དག་ལ་ཆོས་བསྟན་པར་བརྩམས་ནས་དེ་ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲ་བར་བརྩམས་སོ། །དེ་དག་ལས་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དང་ལྷན་ཅིག་གཞོགས་སྟེགས་དང་ཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ། འཆགས་དང། དག་ར་དང༌། སྒོ་གང་དག་ན་བདག་ཅག་གིས་དྭ་རྣམས་དང༌། རྒྱན་པོ་པ་རྣམས་དང༌། ནལ་གྱི་བུ་རྣམས་ལས་ཀྱང་ཚིག་གང་དག་སྔོན་མ་ཐོས་པ་དེ་དག་འཕགས་པ་འཆར་ཀ་ལས་ཐོས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་ལྟར་ཡང་མི་སྟེར་ན་འགྲོ་བར་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དག་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་འཁྲིག་པ་དང་ལྡན་པ་སྨྲ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅིང་གྱུར་པའི་སེམས་ཀྱིས་ཞེས་བ་བྱ་ཡང་སྔ་མ་བཞིན་ནོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡིན་པ་ལའོ།།
གནས་ངན་ལེན་ཅེས་བྱ་བ་ནི་གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཅེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང་ཀུན་ནས་སློང་བ་ལས་སོ། །ངོ་བོ་ཉིད་ལས་གནས་ངན་ལེན་ཅེས་བྱ་བ་ལ། གནས་ངན་ལེན་ཅེས་བྱ་བ་ནི་ཉེས་པའོ། །དེ་ལ་ལེན་པ་ནི་ཉེས་པ་སྐྱེད་པ་སྟེ་སྐྱོན་ཆགས་པའོ། །ཀུན་ནས་སློང་བ་ལས་གནས་ངན་ལེན་ཅེས་བྱ་བ་ནི་ཕམ་པར་འགྱུར་བ་ཀུན་ནས་སློང་བ་མིའི་ཆོས་བླ་མ་སྨྲ་བ་དང༌། དགེ་འདུན་ལྷག་མ་ཀུན་ནས་སློང་བ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། དོན་འདིར་ནི་དགེ་འདུན་ལྷག་མ་ཀུན་ནས་སློང་བ་ཡིན་པར་དགོངས་སོ། །ཚིག་ཅེས་བྱ་བ་ནི་བརྗོད་པའོ། །སྡིག་བ་ཅན་ཞེས་བྱ་བ་ལ། སྡིག་པ་ཞེས་བྱ་བ་ནི་ཁ་ན་མཐོ་བའོ། །ཅན་ཞེས་བྱ་བ་ནི་སྡིག་པའི་དོན་དང་ལྡན་པའོ། །ཚོགས་པར་མི་དབྱུང་བ་ཞེས་བྱ་བ་ནི་དབུས་པའི་མཚམས་ལས་འདས་པ་སྟེ་ཚུལ་དང་མི་མཐུན་པའོ། །འཁྲིག་པ་དང་ལྡན་པ་དག་ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པ་སྟེ། གཉིས་ཀྱིས་གཉིས་སྤྲོད་བ་ལས་བྱུང་པའི་ཆོས་ཀྱི་མིང་དང་ལྡན་པའི་ཚིག་གོ །སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སྐྱེས་བུ་ཞེས་བྱ་བ་ནི་སྐྱེས་པའོ། །ན་ཆུང་ཞེས་བྱ་བ་ནི་བུད་མེད་དོ། །སྨྲས་ན་ཞེས་བྱ་བ་ནི་བུད་མེད་ཀྱིས་མ་སྨྲས་པ་ལ་སྨྲ་བ་དང༌། །བུད་མེད་ཀྱིས་སྨྲས་པ་ལ་ཕྱིར་སྨྲ་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་བར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འཁྲིག་པ་དང་ལྡན་པའི་ཚིག་སྨ་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་མི་ཚངས་པར་སྤྱོད་པ་འཁྲིག་པ་དང་
ལྡན་པའི་ཚིག་སྨྲས་ན་དངོས་གཞིར་འགྱུར་རོ། །མིའི་འགྲོ་བར་གཏོགས་པ་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པར་ནུས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་གི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །དོན་གོ་བ་ལ་ན་སྨད་པ་མེད་དོ། །རྒྱལ་སོགས་པའི་དོན་རྒྱའི་རྣ་རུ་དང་མི་ཚངས་པར་སྤྱོད་པ་དང༌། འཁྲིག་པ་དང༌། ཉལ་པོ་ཞེས་བྱ་བ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །རྒྱ་ལ་སོགས་པའི་དོན་དང་ལྡན་པའི་ཚིག་གིས་བསྔགས་པ་དང་བསྔགས་པ་མ་ཡིན་པ་དང༌། གསོལ་བ་དང༌། ཉེ་བར་གསོལ་བ་དང༌། འདྲི་བ་དང༌། ཡོངས་སུ་འདྲི་བ་དང༌། བརྗོད་པ་དང༌། སྨོན་པ་དང༌། གཤེ་བ་དག་ལ་ན་སྨད་པ་མེད་དོ། །བུད་མེད་ཀྱིས་བསྔགས་པ་ལ་སོགས་པ་དེ་དག་སྨྲས་པ་ལ་རྒྱ་ལ་སོགས་པའི་དོན་དང་ལྡན་པའི་ཚིག་གིས་ཕྱིར་སྨྲས་པ་ལ་ན་སྨད་པ་མེད་དོ། །དེ་ལ་བསྔགས་པ་ཞེས་བྱ་བ་ནི་སྲུའི་རྨའི་སྒོ་གསུམ་པོ་དག་ནི་ཏེ་པོར་ལེགས་པར་དོད་པ་དང༌། ལེགས་པར་གནས་པ་དང༌། ལེགས་པར་གྱུར་པ་དག་ཡིན་ནོ་ཞེས་ཟེར་བའོ། །བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པ་དག་ཟེར་བའོ། །གསོལ་པ་ཞེས་བྱ་བ་ནི་སྲུ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་ཟེར་བའོ། །ཉེ་བར་གསོལ་པ་ཞེས་བྱ་བ་ནི་སྲུ་བུད་མེད་དང༌། སྐྱེས་པ་དེ་དང་དེ་བྱེད་པ་གང་ཡིན་པ་དེ་ནི་དེའི་དགའ་བ་དང༌། ཡིད་དུ་འོང་བ་ཡིན་གྱི་སྲུ་བདག་ཅག་ཀྱང་དེ་དང་དེ་བྱས་ན་སྲུ་བདག་གི་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ་ཞེས་ཟེར་བའོ། །འདྲི་བ་ཞེས་བྱ་བ་ནི་སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་དང་
དེ་བྱེད་པ་དེའི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན་ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱ་ན་སྲུ་ཁོ་བོའི་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་ཟེར་བའོ། །ཡོངས་སུ་འདྲི་བ་ཞེས་བྱ་བ་ནི་སྲུ་སྐྱེས་པ་གང་བུད་མེད་དེ་དང་དེ་བྱེད་པ་གང་ཡིན་པ་དེ་ནི་དེའི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན་ཁོ་བོས་ཀྱང་སྲུལ་དེ་དང་དེ་བྱ་ན་སྲུ་ཁོ་བོ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་བ་དེ་དེ་བཞིན་ནམ་འོན་ཏེ་མ་ཡིན། དེ་ལ་སྲུ་ཇི་སྙམ་བྱེད་ཅེས་ཟེར་བའོ། །བརྗོད་པ་ཞེས་བྱ་བ་ནི་སྲུ་མོ་དང་སྲུ་མོ་ཁོ་བོའི་གན་དུ་སྐྱེད་མོས་ཚལ་ལམ་ལྷའི་གནས་སམ་དུས་མལ་ཆེ་གེ་མོ་ཞིག་ཏུ་བུད་མེད་དེ་ལྟ་བུ་ཞིག་དོན་དེའི་ཕྱིར་འོངས་པར་གྱུར་ནས་ཁོ་བོས་མལ་མེ་ཏོག་གིས་བཀྲམ་པ་བཤམས་ཤིང་མཚན་ཐོག་ཐག་ཏུ་འབྲུ་མར་གྱི་མར་མེ་བཙུགས་ནས་ཁོ་བོས་དེ་དང་ལྷན་ཅིག་བཅའ་བདེ་དང་དེ་ལྟ་བུའི་ཆོས་ཤིང་བཟའ་བ་དེ་དང་དེ་ལྟ་བུ་ཡང་ཟོས། བཏུང་བ་དེ་དང་དེ་ལྟ་བུ་ཡང་འཐུངས་ཤིང༌། ཁོ་བོས་དེ་དང་ལྷན་ཅིག་དེ་དང་དེ་ཡང་བྱས་ཏེ། སྲུ་ཡང་དོན་དེའི་ཕྱིར་འོངས་པར་གྱུར་ན་ཁོ་བོས་སྲུ་དང་ལྷན་ཅིག་དེ་དག་བྱས་པར་འགྱུར་རོ་ཞེས་ཟེར་བའོ། །སྨོན་པ་ཞེས་བྱ་བ་ནི་སྲུ་གང་དག་སྲུ་དང་ལྷན་ཅིག་དེ་ལྟ་དེ་ལྟར་དེ་དག་བྱེད་པ་ནི་བདེ་བར་གྱུར་ཅིང་མཐོ་རིས་ཐོབ་པ་ཡིན་པས་ཁོ་བོས་ཡང་གལ་ཏེ་སྲུ་དང་ལྷན་ཅིག་དེ་དང་དེ་ཡང་བྱས་ན་བདེ་བར་འགྱུར་ཞིང་མཐོ་རིས་ཀྱང་ཐོབ་པར་འགྱུར་རོ་ཞེས་ཟེར་བའོ། །གཤེ་བ་ཞེས་བྱ་བ་ནི་རོ་ལྟ་བུ་ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་གྱུར་ཅིག །ཁྱོད་ཀྱིས་དེར་མགལ་དུམ་དག་ཆུག་ཤིག་ཅེས་བྱ་བས་སྤྱོ་བར་བྱེད་པའོ། །འདིའི་བྱེད་པ་པོ་ནི་འཁྲིག་པ་དང་ལྡན་པ་སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། མིའི་འགྲོ་བར་གཏོགས་པའི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའོ། །འདི་ལ་ཡན་ལག་ལྔའི་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྨྲ་བའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉིད་དང༌། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། དོན་གོ་བ་དང༌། འཁྲིག་པ་དང་ལྡན་
པའི་ཚིག་སྨྲས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་འཁྲིག་པ་དང་ལྡན་པའི་ཚིག་སྨྲ་བའི་ཕྱིར་སྦྱོར་བ་བརྩམས་ནས་ཇི་སྲིད་དུ་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །རྒྱ་ལ་སོགས་པའི་དོན་དང་ལྡན་པའི་ཚིག་མེད་པར་རྨའི་སྒོ་དང་ཟག་བྱེད་དང་བཤད་པའི་ལམ་ཞེས་བྱ་བ་ལ་སོགས་པ་ཕོ་དང་མོའི་རྨའི་སྒོ་གསུམ་པོ་དག་གི་མིང་གི་ཚིག་སྨྲས་ན་ཉེས་པ་སྦོམ་པོའོ། །རྒྱལ་སོགས་པའི་དོན་དང་ལྡན་པའི་ཚིག་མེད་པར་བསྔགས་པ་དང་བསྔགས་པ་མ་ཡིན་པ་དང༌། གསོལ་བ་དང་ཉེ་བར་གསོལ་བ་དང༌། འདྲི་བ་དང་ཡོངས་སུ་འདྲི་བ་དང༌། བརྗོད་པ་དང་སྨོན་པ་དང༌། གཤེ་བ་དག་ལ་ཉེས་པ་སྦོམ་པོའོ། །བུད་མེད་ཀྱི་བསྔགས་པ་ལ་སོགས་པ་དེ་དག་སྨྲས་པ་ལ་རྒྱ་ལ་སོགས་པའི་དོན་དང་ལྡན་པའི་ཚིག་མེད་པའི་ཕྱིར་སྨྲས་པ་ལ་ཉེས་པ་སྤོམ་པོའོ། །ཁྱོད་ནི་མཛེས་པ་ཅན་ཡིན་ནོ། །ཁྱོད་ནི་སྡིག་པ་ཅན་ཡིན་ནོ། །ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་ནི་མཛེས་པ་ཅན་ཡིན་ནོ། །ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་ནི་སྡིག་པ་ཅན་ཡིན་ནོ། །བགོ་བཤའ་གྱིས་ཤིག །ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཅིག །ཁོ་བོ་དང་ཕྲད་པར་གྱིས་ཤིག་ཅེས་སྨྲས་ན་ཉེས་ཕ་སྦོམ་པོའོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་ལ་རྒྱ་ལ་སོགས་པའི་དོན་དང་ལྡན་པའི་ཚིག་སྨྲས་ན་ཉེས་པ་སྦོམ་པོའོ། །སྲུ་ཁོ་བོ་ལ་ནས་བྱིན་ཅིག །སྲུ་ཁྱོད་ལ་ཅི་མཐོང་བ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ལ་ཁོ་བོ་དགའོ། །སྲུ་ཁོ་བོ་ལ་ཆུ་དང་བཅའ་བ་དང༌། ནས་ཐུག་དང༌། བཟའ་བ་བྱིན་ཅིག །ཁྱོད་ཉིད་དེ་དག་ཡིན་ནོ་ཞེས་སྨྲས་ན་ཉེས་པ་སྦོམ་པོའོ། །ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་ན་ཉེས་པ་སྦོམ་པོའོ།། དེར་མགལ་དུམ་དག་ཆུག་ཤིག་ཅེས་བྱ་བ་ལ་སོགས་པ་སྨྲས་ན་ཉེས་པ་སྦོམ་པོའོ། །ཁྱེད་སྐྱེས་བུ་འཕྱོན་མ་དག་གི་ཕྱིར་བསོད་སྙོམས་ལ་རྒྱུ་བའམ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཉེས་པ་སྦོམ་པོའོ། །དགེ་སློང་རང་བཞིན་གྱིས་གནས་ངན་ལེན་བརྗོད་པས་གནས་ངན་ལེན་སྨྲས་ན་ཉེས་
བ་སྦོམ་པོའོ། །བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་དུ་ཀུན་ཤེས་པར་མི་ནུས་པ་ལ་ཉེས་པ་སྦོམ་པོའོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོའོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་མོ་ལ་ཉེས་པ་སྦོམ་པོའོ། །རང་བཞིན་ཉམས་པ་ལ་ཉེས་པ་སྦོམ་པོའོ། །དོན་མ་གོ་པ་ལ་ཉེས་པ་སྦོམ་པོའོ། །མངགས་པ་དང་བརྒྱུད་པ་ལ་སོགས་པ་དང་སྤྲིང་ཡིག་དང་ལག་ཡིག་ལ་སོགས་པ་ལ་ཉེས་པ་སྦོམ་པོའོ། །བདག་ཉིད་དང་མ་འབྲེལ་པ་དག་ལ་ཉེས་པ་སྦོམ་པོའོ། །གཞན་གྱི་དོན་དུ་བྱེད་པ་ལ་ཉེས་པ་སྦོམ་པོའོ། །རང་དང་གཞན་གཉིས་ཀའི་དོན་དུ་སྨྲས་པ་ལ་ཉེས་པ་སྦོམ་པོའོ། །དགེ་འདུན་གྱི་དོན་དུ་སྨྲས་ན་ཉེས་པ་སྦོམ་པོའོ། །གཉིད་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། གླེན་པ་དང༌། འོན་པ་དང༌། དབུས་པ་དང༌། མཐའ་ཁོབ་པའི་སྐད་དག་ཀྱང་དོན་མ་གོ་བ་ཉིད་ཡིན་པས་ཉེས་པ་སྦོམ་པོའོ། །ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་དེ་སྨྲ་མི་ཤེས་པ་དག་ལ་དོན་གོ་བ་ཡོད་ཀྱང༌། རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་པས་དེ་དག་ལ་སྨྲས་ན་ཡང་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྤོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་འཁྲིག་པ་དང་ལྡན་པའི་ཚིག་སྨྲ་པའི་ཕྱིར་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་
པར་ནུས་པ་ལ་ཉེས་བྱས་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དེ་ལ་ཉེས་བྱས་གང་ཡིན་པ་དེ་ནི་མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་ཕོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་མོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་ཕོ་ལ་ཉེས་བྱས་ན་སྨད་དོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེ་ར་འགྱུར་རོ། །ལྟུང་བ་མེད་པ་ནི་དོན་གཞན་ལ་བསམ་པས་ལྗོངས་ཀྱི་ངེས་པའི་ཚིག་སྨྲ་བ་དཔེར་ན་ཡུལ་དབུས་ན་ཆུ་སྣོད་ཀྱི་བྱེ་བྲག་ལ་ཀུན་དི་ཀ་ཞེས་བྱ་བ་ལས་བསམས་ཏེ། ཡུལ་ཀོ་ས་ལ་ན་མོ་མཚན་ལ་ཀུན་དི་ཀ་ཞེས་ཟེར་བའི་མིང་བརྗོད་པ་ལྟ་བུ་ལ་ལྟུང་བ་མེད་དོ། །མིང་གི་ཆ་ཉིད་འདྲ་བ་དཔེར་ན་ནས་ལ་ཡ་བ་རྩྭ་དང་ཡ་བས་ཡོལ་བ་ལ་ཡ་བ་ནི་ཀ་ཞེས་བྱ་བ་ལ་མི་ཚངས་པར་སྤྱོད་པ་ལ་ཡ་བྷ་ཞེས་བྱ་བ་དེ་ལ་ནས་དང་རྩྭ་དང་ཡོལ་བའི་ཡ་བྷ་ཞེས་བརྗོད་པས་ཡ་བྷ་ཞེས་བྱ་བ་ཚིག་ཟུར་འཁྲུལ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གནས་ངན་ལེན་བརྗོད་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྤོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་སྟེ་གསུམ་པ་བཤད་ཟིན་ཏོ།། །།བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའི་གླེང་གཞིའི་མགོ་ཡང་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའི་གླེང་གཞིའི་མགོ་དང་འདྲའོ། །བྱེ་བྲག་ཏུ་ན་འཆར་ཀས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་ལ་ཆོས་བསྟན་པར་བརྩམས་ནས་དེ་ཇི་ལྟ་ཇི་ལྟར་དྲལ་བ་དེ་ལྟ་དེ་ལྟར་དེ་དག་གི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་གྱི་ཕྱིར་འདི་ལྟ་སྟེ་ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་
ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་པར་བརྩམས་སོ། །དེ་དག་ལས་གང་དག་བདག་གིར་བྱེད་པ་དེ་དག་ནི་དེ་དང་ལྷན་ཅིག་གཞོགས་སྟེགས་དང༌། འཕྱར་གཡེང་དང༌། ཐོ་འཚམས་པ་དང༌། ཀུན་དུ་རྩེ་བ་དང༌། ཀུན་དུ་ཅ་ཅོ་འདོན་པ་དང༌། ལུས་ལ་རྡེག་པ་དག་བྱེད་དོ། །གང་དག་བདག་གིར་མི་བྱེད་པ་དེ་དག་ནི་དེ་ནས་ཕྱིར་བྱུང་སྟེ། འཆགས་དང༌། དགར་དང༌། སྒོ་གང་དག་ན་བདག་ཅག་གི་རང་གི་ཁྱིམ་ཐབ་དག་ལས་ཀྱང་ཚིག་གང་དག་སྔོན་མ་ཐོས་པ་དེ་དག་འཕགས་པ་འཆར་ཀ་ལས་ཐོས་སོ། །གལ་ཏེ་བདག་ཅག་གི་ཕ་མ་དང་ཕུ་ནུ་མོ་དག་གིས་ཐོས་པར་གྱུར་ན་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་ལྟར་མི་སྟེར་ན་འགྲོར་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་འདི་ལྟ་སྟེང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་སྲུ་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་བསྙེན་བཀུར་བསྔགས་པའོ། །དེ་ལ་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དྲལ་ཅིང་གྱུར་པའི་སེམས་ཀྱིས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བུད་མེད་ལ་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་
ནུས་པའོ། །མདུན་དུའོ་ཞེས་བྱ་བ་ནི་སྔོན་དུའོ། །བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་བསྙེན་བཀུར་གྱི་ཕྱིར་རོ། །འདི་ལྟ་སྟེ་ང་ལྟ་བུ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང༌། ཀུན་དུ་བསྟན་པའི་ཚིག་བླ་དགས་ཡིན་ནོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚངས་པར་སྤྱོད་པ་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །འཁྲིག་པ་དང་ལྡན་པའི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལྡན་པའོ། །ཆོས་འདིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་བསྟན་པ་འདིས་ཡིན་གྱི་གཞན་གྱིས་ནི་མ་ཡིན་པའོ། །བསྙེན་བཀུར་ན་ཞེས་བྱ་བ་ནི་བསྙེན་བཀུར་བྱས་ནའོ། །སྲུ་ཞེས་བྱ་བ་ནི་དགའ་བའི་ཚིག་བླ་དགས་ཀྱིས་བོད་པའོ། །འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བྱ་བ་ལ་མཆོག་ཡིན་ནོ་ཞེས་བྱ་བ་ནི་གཙོ་བོ་ཡིན་ནོ། །བསྔགས་པ་བརྗོད་ན་ཞེས་བྱ་བ་ནི་བསྟོད་པ་བྱས་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་བདག་ཉིད་ལ་འཁྲིག་པས་བསྙེན་བཀུར་བྱ་བ་བསྔགས་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ང་ལྟ་བུ་ལ་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་དེ་ནི་མཆོག་ཡིན་ནོ་ཞེས་བསྔགས་ན་དངོས་གཞིར་འགྱུར་རོ། །མིའི་འགྲོ་བར་གཏོགས་པའི་བུད་མེད་དམ་གཞོན་ནུ་མ་ལེགས་
པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་གི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །བ་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཞེའམ་དགེ་བའི་ཆོས་ཅན་ཞེའམ་ཚངས་པར་སྤྱོད་པ་ཞེའམ་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཞེའམ། ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ཞེའམ། དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཞེའམ། དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ཞེའམ། ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ཞེའམ། ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ཞེའམ། ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་འདི་ནི་མཆོག་ཡིན་ནོ་ཞེའམ། ཕུལ་ཡིན་ནོ་ཞེའམ། ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེའམ། བཟང་བ་ཡིན་ནོ་ཞེའམ། མཛེས་པ་ཡིན་ནོ་ཞེའམ། དགེ་བ་ཡིན་ནོ་ཞེའམ། མཆོད་པར་འོས་པ་ཡིན་ནོ་ཞེའམ། བསྟོད་པར་འོས་པ་ཡིན་ནོ་ཞེའམ། རྒྱ་ཆེ་བ་ཡིན་ནོ་ཞེའམ། ཆེས་མཆོག་དང༌། ཆེས་ཕུལ་དང་ཆེས་ཁྱད་པར་དུ་འཕགས་པ་དང༌། ཆེས་བཟང་བ་དང༌། ཆེས་མཛེས་པ་དང༌། ཆེས་དགེ་བ་དང༌། ཆེས་མཆོད་པར་འོས་པ་དང༌། ཆེས་བསྟོད་པར་འོས་པ་དང༌། ཆེས་རྒྱ་ཆེ་བ་ཡིན་ནོ་ཞེས་བསྔགས་པ་བརྗོད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འཁྲིག་པ་ཞེས་བྱ་བའི་ཚིག་གི་སྐབས་སུ་རྒྱ་ལ་སོགས་པའི་དོན་གྱི་ཚིག་རྒྱའི་རྣ་རུ་དང་མི་ཚངས་པར་སྤྱོད་པ་དང༌། ཉལ་པོ་ཞེས་བྱ་བ་ལ་སོགས་པའི་མིང་གྲགས་པ་གང་ཡང་རུང་བ་
སྨོས་ཏེ། འདིས་བསྙེན་བཀུར་བྱས་ན་དེ་ནི་མཆོག་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྔགས་པ་བརྗོད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བསྟེན་པར་བྱ་བས་དེ་སྐད་བསྔགས་པ་དེ་ལ་དེ་དེ་བཞིན་ནོ་ཞེས་རྗེས་སུ་ཡི་རང་བའི་ཚིག་བརྗོད་པ་ལ་ན་སྨད་པ་མེད་དོ། །བསྟེན་པར་བྱ་བས་དེ་སྐད་བསྔགས་པ་དེ་ཉིད་རང་གིས་བཟླས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་མིའི་འགྲོ་བར་གཏོགས་པའི་བུད་མེད་དམ་གཞོན་ནུ་མ་ལེགས་བར་སྨྲས་བ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པའོ། །འདི་ལ་ཡན་ལག་དྲུག་གི་དངོས་གཞིའི་ལྟུང་བར་འགྱུར་ཏེ། བསྙེན་བཀུར་བསྔགས་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པ་དང༌། བུད་མེད་ཉིད་དང༌། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། དོན་གོ་བ་དང༌། བདག་གི་ཕྱིར་དང༌། རྒྱལ་སོགས་པའི་དོན་གྱི་བསྙེན་བཀུར་བསྔགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའི་དངོས་གཞི་འདི་གང་ལས་བྱུང་བ་དེ་ལ་དེ་ཉིད་ཀྱི་གནས་སྐབས་ན་འཁྲིག་པ་དང་ལྡན་པའི་སྨྲ་པའི་དགེ་འདུན་ལྷག་མའི་དངོས་གཞི་ཡང་བྱུང་བར་རིག་པར་བྱ་སྟེ། སྔ་མ་ནི་འཁྲིག་པ་དང་ལྡན་པའི་ཚིག་སྨྲས་མ་ཐག་ཏུ་དངོས་གཞིའི་ལྟུང་བར་འགྱུར་ལ། འདི་ནི་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་པ་དེ་བསྔགས་པ་བརྗོད་ན་ལྟུང་བའི་དངོས་གཞིར་འགྱུར་རོ། །སྦྱོར་བའི་ལྟུང་བ་ནི་བསྙེན་བཀུར་བསྔགས་པའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །འཁྲིག་པའི་མིང་མ་སྨོས་པར་ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཞེའམ། དགེ་བའི་ཆོས་ཅན་ཞེའམ། ཚངས་པར་སྤྱོད་པ་ཞེའམ། ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཞེའམ། ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ཞེའམ། དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ཞེའམ། དགེ་བའི་
ཆོས་ཅན་ཆངས་པར་སྤྱོད་པ་ཞེའམ། ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ཞེའམ། ཆངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ཞེའམ། ཚུལ་ཁྲིམས་དང་ལྡན་པ་དགེ་པའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་འདི་ལྟར་ཆོས་འདིས་བསྙེན་བཀུར་བྱས་ན་འདི་ནི་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་པའམ། ཁྱད་པར་དུ་འཕགས་པའམ། བཟང་བའམ། མཛེས་པའམ། དགེ་བའམ། མཆོད་པར་འོས་པའམ། བསྟོད་པར་འོས་པའམ། རྒྱ་ཆེ་བའམ། ཆེས་མཆོག་གམ། ཆེས་ཕུལ་ལམ། ཆེས་ཁྱད་པར་དུ་འཕགས་པའམ། ཆེས་བཟང་བའམ། ཆེས་མཛེས་པའམ། ཆེས་དགེ་བའམ། ཆེས་མཆོད་པར་འོས་པའམ། ཆེས་བསྟོད་པར་འོས་པའམ། ཆེས་རྒྱ་ཆེ་བ་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་བྱེ་བྲག་མེད་དེ་ཉེས་པ་སྦོམ་པོའོ། །ད་ལྟ་བུ་ཞེས་མ་སྨོས་པར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན་འདི་ནི་མཆོག་ལ་སོགས་པ་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་བྱེ་བྲག་མེད་དེ་ཉེས་པ་སྦོམ་པོའོ། །འཁྲིག་པ་དང་ལྡན་པའི་ཆོས་ཀྱི་མིང་སྨོས་པའི་ཉེས་པ་སྦོམ་པོའོ། །འདི་བྱུང་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་ཡང་བྱུང་བར་ཤེས་པར་བྱའོ། །བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་སྟེ་འདིའི་ཉེས་པ་སྦོམ་པོ་བྱུང་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་ཉེས་པ་སྦོམ་པོ་ཡང་བྱུང་བར་ཤེས་པར་བྱའོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་བ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་སྟེ་འདིའི་ཉེས་པ་སྦོམ་པོ་བྱུང་བ་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་ཉེས་པ་སྦོམ་པོ་ཡང་བྱུང་བར་ཤེས་པར་བྱའོ། །རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་ཉེས་པ་སྦོམ་པོའོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་མོ་ལ་ཉེས་པ་སྦོམ་པོའོ། །རང་བཞིན་ཉམས་པ་ལ་ཉེས་པ་སྦོམ་པོའོ། །དོན་མ་གོ་བ་ལ་ཉེས་པ་སྦོམ་པོའོ། །མངགས་པ་དང་བརྒྱུད་པ་ལ་སོགས་པ་དང་སྤྲིང་ཡིག་དང་ལག་ཡིག་ལ་སོགས་པ་ལ་ཉེས་པ་སྦོམ་
པོའོ། །བདག་ཉིད་དང་འབྲེལ་པ་དག་ལ་ཉེས་པ་སྦོམ་པོའོ། །གཞན་གྱི་དོན་དུ་བྱེད་པ་ལ་ཉེས་པ་སྦོམ་པོའོ། །རང་དང་གཞན་གཉིས་ཀའི་དོན་དུ་བྱེད་པ་ལ་བསྔགས་ན་ཉེས་པ་སྦོམ་པོའོ། །དགེ་འདུན་གྱི་དོན་དུ་བསྔགས་ན་ཉེས་པ་སྦོམ་པོའོ། །གཉིད་ལོག་བ་དང་སྙོམས་པར་ཞུགས་པ་དང༌། གླེན་པ་དང་འོན་པ་དང་དབུས་པ་དང་མཐའ་ཁོབ་པའི་སྐད་དག་ཀྱང་དོན་མ་གོ་བ་ཉིད་ཡིན་པས་ཉེས་བ་སྦོམ་པོའོ། །ལྐུགས་པ་དང་ཀླ་ཀློ་ལ་སོགས་བ་སྨྲ་མི་ཤེས་པ་དག་ལ་དོན་གོ་བ་ཡོད་ཀྱང་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་པས་དེ་དག་ལ་བསྔགས་ན་ཡང་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་བསྙེན་བཀུར་བསྔགས་པ་དང་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །ད་ལྟ་བུ་ཞེས་བྱ་བ་དང༌། འཁྲིག་པ་དང་ལྡན་པ་དང་ཞེས་མ་སྨོས་པར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་པ་ལ་ཆོས་འདིས་བསྙེན་བཀུར་བྱས་ན་དེའི་མཆོག་ལ་སོགས་བ་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་བྱེ་བྲག་མེད་དེ་ཉེས་བྱས་སོ། །བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་སོ། །བུད་མེད་དམ་གཞུན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་བྱས་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །སྐྱེས་པ་དང༌། སྤྲུལ་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་བ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་ཉེས་བྱས་གང་ཡང་ཡིན་པ་དེ་མི་ནུས་པ་ལ་ཉེས་བྱས་ན་སྨད་དོ། །འགྲོ་བ་གཞན་དུ་གཏོགས་
པ་ཕོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་མོ་ལ་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་ཕོ་ལ་ཉེས་བྱས་ན་སྨད་དོ། །བསྙེན་བཀུར་བསྔགས་པའི་ཉེས་བྱས་བྱུང་བ་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་ཉེས་བྱས་ཀྱང་རྣམ་པ་ཐམས་ཅད་དུ་འབྱུང་བར་ཤེས་པར་བྱའོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེས་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཁྲིག་པའི་བསྙེན་བཀུར་བསྔགས་པའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང་དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་བར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་སྟེ་བཞི་པ་ཤད་ཟིན་ཏོ།། །། སོ་སོར་ཐར་བའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་ལྔ་པ། སྨྱན་བྱེ་དཔའི་དགེ་འདུན་ལྷག་མའི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །རི་དགས་འཛིན་གྱི་བུ་ནག་པོ་ཞེས་བྱ་བ་དེ་མཉན་ཡོད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་གཏམ་འདྲེ་བ། ཕེབས་པར་སྨྲ་བ། སྨོས་འདྲིན། འགྲོགས་བཤེས། ཡིད་གཅུགས་པ། ཁྱིམ་དུ་འཇུག་པར་བྱེད་པ་ཡིན་པས། གང་ཡང་རུང་བ་དག་ལ་བུ་མོ་སྤྱིན་པར་བྱ་བ་ཡོད་པ་དང༌། གང་ཡང་རུང་བདག་བུ་མོ་སློང་བར་བྱེད་པ་དེ་དག་རི་དགས་འཛིན་གྱི་བུ་ནག་པོའི་གན་དུ་སོང་སྟེ་ཁྱེའུ་དང་བུ་མོའི་རྒྱུས་འདྲི་ཞིང་གཉེན་བྱེད་དོ། །དེ་ནས་གང་དག་གི་བུ་མོ་སྦྱིན་ཉེས་པ་དང་བསླང་ཉེས་པ་དེ་དག་ནི་རི་དགས་འཛིན་གྱི་བུ་ནག་པོ་ལ་མི་བསྔགས་པ་རྗོད་པར་བྱེད་དོ། །གང་དག་གི་བུ་མོ་སྦྱིན་ལེགས་པ་དང་བསླང་ལེགས་པ་དེ་དག་ནི་རི་དགས་འཛིན་གྱི་བུ་ནག་པོ་ལ་བསྔགས་པ་རྗོད་པར་བྱེད་དོ། །དེ་ལྟར་མཉན་ཡོད་ན་རི་དགས་འཛིན་གྱི་བུ་ནག་པོ་ལ་དུས་གཅིག་ཏུ་བསྔགས་པ་
དང་བསྔགས་པ་མ་ཡིན་པ་དག་བྱུང་བར་གྱུར་ཏོ། །དེ་དུས་གཞན་ཞིག་ན་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང༌། དེས་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་ཕྱིར་ལོག །མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ཕྱིར་ལོག་གོ །དེ་དུས་ཅུང་ཞིག་ཁྱིམ་པར་ཁྱིམ་ན་གནས་ནས་དད་པ་སྔ་མ་དེ་ཉིད་རྗེས་སུ་སྤེལ་ཞིང༌། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །དེ་དེ་ལྟར་རབ་ཏུ་བྱུང་ནས་ཀྱང་མཉན་ཡོད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང་སྔོན་བཤེས་པ་ཉིད་ཀྱིས་དེ་དག་གི་གཏམ་འདྲེ་བ། ཕེབས་པར་སྨྲ་བ། སྨོས་འདྲིན། འགྲོགས་བཤེས། ཡིད་གཅུགས་པ་ཁྱིམ་དུ་འཇུག་པར་བྱེད་པ་ཡིན་པས་སྔོན་བཞིན་དུ་གང་ཡང་རུང་བ་དག་ལ་བུ་མོ་སྦྱིན་པར་བྱ་བ་ཡོད་པ་དང༌། གང་ཡང་རུང་བ་དག་བུ་མོ་སློང་བར་བྱེད་པ་དེ་དག་རི་དགས་འཛིན་གྱི་བུ་ནག་པོའི་གན་དུ་སོང་སྟེ། ཁྱེའུ་དང་བུ་མོའི་རྒྱུས་འདྲི་ཞིང་གཉེན་བྱེད་དོ། །དེ་ན་གང་དག་གི་བུ་མོ་སྦྱིན་ཉེས་པ་དང་བསླང་ཉེས་པ་དེ་དག་ནི་རི་དགས་འཛིན་གྱི་བུ་ནག་བོ་ལ་མི་བསྔགས་པ་རྗོད་པར་བྱེད་དོ། །གང་དག་གི་བུ་མོ་སྦྱིན་ལེགས་པ་དང་བསླང་ལེགས་པ་དེ་དག་ནི་རི་དགས་འཛིན་གྱི་བུ་ནག་པོ་ལ་བསྔགས་པ་རྗོད་པར་བྱེད་དོ། །དེ་ལྟར་མཉན་ཡོད་ན་རི་དགས་འཛིན་གྱི་བུ་ནག་པོ་ལ་སྔོན་བཞིན་དུ་དུས་གཅིག་ཏུ་བསྔགས་པ་དང་བསྔགས་པ་མ་ཡིན་པ་དག་བྱུང་བར་གྱུར་ཏོ། །དེ་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་ནི་མི་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་རི་དགས་
འཛིན་གྱི་བུ་ནག་པོ། ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་སྨྱན་དུ་འགྱུར་བའོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེ་དགེ་སློང་དྲུག་སྡེ་དག་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཉིད་ཀྱིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ནས་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་བུད་མེད་ལ་སྐྱེས་པའི་ཚིག་དང༌། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་བསླབ་པའི་གཞི་ཡང་དག་པར་མ་བསླངས་པ་གཞན་དག་ཀྱང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་དང་བུད་མེད་ལ་སྐྱེས་པའི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཤཱཀྱའི་བུའི་དགེ་སྦྱོང་རྣམས་དང་བྲམ་ཟེ་དང་ཁྱིམ་བདག་བསླབ་པའི་གཞི་ཡང་དག་པར་མ་བླངས་པ་རྣམས་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། དགེ་སློང་མགོ་རེག་འདི་དག་ལ་སུ་ཞིག་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། དའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ། དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་སྨྱན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བུད་མེད་ལ་སྐྱེས་པའི་ཚིག་དང་ཞེས་བྱ་བ་ནི་སྐྱེས་པའི་ཀུན་དུ་སྤྱད་པའི་བསམ་པའི་ཚིག་གང་ཡིན་པ་དེ་བུད་མེད་ལ་
བརྗོད་པའོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི་བུད་མེད་ཀྱིས་ཀུན་དུ་སྤྱད་པའི་བསམ་པའི་ཚིག་གང་ཡིན་པ་དེ་སྐྱེས་པ་ལ་བརྗོད་པས་སོ། །ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་ཞེས་བྱ་བ་ནི་ཆུང་མ་བདུན་དང་མཛའ་ན་མོ་བཅུ་ཉིད་དུའོ། །ཆུང་མ་བདུན་གང་ཞེ་ན། ཆུ་ཚིགས་ཀྱིས་བྱིན་པ་དང༌། རིན་ཆས་ཉོས་པ་དང༌། བཙན་ཕྲོགས་སུ་ཐོབ་པ་དང༌། དང་བསམ་དུ་འདུས་པ་དང༌། གོས་ཟས་ཀྱིས་འཚོས་པ་དང༌། ཁ་དུམ་པ་དང༌། ཐང་འགའ་ཕྲད་པ་ནི་བདུན་པའོ། །དེ་ལ་ཆུ་ཚིགས་ཀྱིས་བྱིན་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་ཕ་མ་དག་གིས་སྐྱེས་པ་ལ་འདི་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོར་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་ཞིང་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཆུ་ཚིགས་ཀྱིས་བྱིན་པའི་ཆུང་མ་ཞེས་བྱའོ། །རིན་ཆས་ཉོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པས་འདི་བདག་གི་ཆུང་མ་སྐྱེས་དགུའི་བདག་མོ་བྱའོ་ཞེས་ཕ་མ་དག་ལས་རིན་ཆས་ཉོས་ཤིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་རིན་ཆས་ཉོས་པའི་ཆུང་མ་ཞེས་བྱའོ། །བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བས་དཔུང་གི་ཚོགས་ཡན་ལག་བཞི་པོ་གོ་བསྐོན་ཏེ་ཕ་རོལ་གྱི་ཡུལ་འཁོར་དང་ཕ་རོལ་གྱི་ཡུལ་དུ་སོང་ནས་མ་ཕེབས་པ་ཕབ་ཅིང་ཕེབས་པར་གནས་ནས་ཐོབ་རྒྱལ་དུ་སྒྲོགས་པར་བྱེད་པའི་ཚེ་དེ་ན་སྐྱེས་པས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས། བུད་མེད་དམ་གཞོན་ནུ་མ་གང་ཡིན་པ་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོ་བྱའོ་ཞེས་ཕྲོགས་ཤིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་བཙན་ཕྲོགས་སུ་
ཐོབ་པའི་ཆུང་མ་ཞེས་བྱའོ། །གཞན་ཡང་བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ་ཆོམ་རྐུན་པ་དག་གིས་གྲོང་གཞོམ་པའམ་གྲོང་ཁྱེར་གཞོམ་པའམ། ལྗོངས་གཞོམ་པར་བྱས་ཏེ། རང་གི་མགོ་བོ་རྒྱལ་མཚན་དུ་བྱས་ཏེ་བུད་མེད་དམ་གཞོན་ནུ་མ་གང་ཡིན་པ་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོ་བྱའོ་ཞེས་ཕྲོགས་ཤིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་ཞེས་བྱའོ། །དང་བསམ་དུ་འདུས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་རང་གི་དད་པ་དང་གཅུགས་པ་དང་དགའ་བས་སྐྱེས་པའི་གན་དུ་འོངས་ཏེ། འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་བདག་གི་ཁྱིམ་ཐབ་མཛོད་ཅིག་དང་བདག་གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་ཟེར་ཞིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་དང་བསམ་དུ་འདུས་པའི་ཆུང་མ་ཞེས་བྱའོ། །གོས་ཟས་ཀྱིས་འཚོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་འོངས་ཏེ། འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་ཀྱིས་བདག་ལ་ཟས་དང་གོས་སྩོལ་ཅིག་དང་བདག་གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་ཟེར་ཞིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་གོས་ཟས་ཀྱིས་འཚོས་པའི་ཆུང་མ་ཞེས་བྱའོ། །ཁ་དུམ་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་འོངས་ཏེ། འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་ཀྱི་ནོར་གང་ལགས་པ་དང་བདག་གི་ནོར་གང་ལགས་པ་དེ་དག་གཅིག་ཏུ་བསྡུས་ཏེ་བདག་ཅག་གཉིས་མཉམ་དུ་འཚོ་བར་བགྱི་ཞིང་བདག་ཅག་གཉིས་ལས་ཁྱེའུ་འམ་བུ་མོ་གང་དག་མཆིས་པར་འགྱུར་བ་དེ་དག་
ཀྱང་བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་མང་པོའམ། ཉུང་དུ་གང་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བགྱིས་ནས་འདི་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གི་ཡོན་བཤད་པ་བགྱིས་པར་འགྱུར་བར་བགྱིའོ་ཞེས་ཟེར་ཞིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་བར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཁ་དུམ་པའི་ཆུང་མ་ཞེས་བྱའོ། །ཐང་འགའ་ཕྲད་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པས་དེ་འདི་དང་བདག་ཅག་ལྷན་ཅིག་དགའམ་གུར་སྤྱོད་པར་བྱའོ་སྙམ་ནས། དེ་དེའི་དུས་སུ་ཀླགས་ཤིང་ཡུད་ཙམ་པར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཐང་འགའ་ཕྲད་པའི་ཆུང་མ་ཞེས་བྱའོ། །མཛའ་ན་མོ་བཅུ་གང་ཞེ་ན་མས་བསྲུངས་པ་དང༌། ཕས་བསྲུངས་པ་དང༌། མིང་པོས་བསྲུངས་པ་དང༌། ཕུ་ནུ་མོས་བསྲུངས་པ་དང༌། སྒྱུག་མོས་བསྲུངས་པ་དང༌། གྱོས་པོས་བསྲུངས་པ་དང༌། ཉེ་དུས་བསྲུངས་པ་དང༌། རིགས་ཀྱིས་བསྲུངས་པ་དང༌། རུས་ཆགས་ཀྱིས་བསྲུངས་པ་དང༌། རྣམ་པར་འཁྲུལ་པ་མེད་པ་ནི་བཅུ་པའོ། །དེ་ལ་མས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་གི་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ་རྒྱལ་པོས་བཅིངས་སམ། བསད་དམ་རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་མའི་གན་ན་གནས་ཤིང་མས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་མས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །ཕས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་དག་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ་རྒྱལ་པོས་བཅིངས་སམ། བསད་དམ་
རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་ཕའི་གན་ན་གནས་ཤིང་ཕས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ། དེ་ནི་ཕས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །མིང་པོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན་བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་མིང་པོའི་གན་ན་གནས་ཤིང་མིང་པོས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་མིང་པོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །ཕུ་ནུ་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་དག་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ། བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་ཕུ་ནུ་མོའི་གན་ན་གནས་ཤིང་ཕུ་ནུ་མོས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་པུ་ནུ་མོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །སྒྱུག་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་སྒྱུག་མོའི་གན་ན་གནས་ཤིང་སྒྱུག་མོས་དེ་ལ་འདི་སྐད་ཅེས་ཁོ་མོའི་བུ་མཐོང་བ་གང་ཡིན་པ་
དེ་ནི་ཁྱོད་མཐོང་བ་ཡིན་ལ། ཁྱོད་མཐོང་བ་གང་ཡིན་པ་ད་ནི་ཁོ་མོའི་བུ་མཐོང་བ་ཡིན་པས་ཁོ་མོའི་ཟས་དང་གོས་ཀྱིས་མནའ་མ་གནས་པར་གྱིས་ཤིག་ཅེས་སྨྲས་ནས་སྒྱུག་མོས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་སྒྱུག་མོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །གྱོས་པོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་གྱོས་པོའི་གན་ན་གནས་ཤིང་གྱོས་པོས་དེ་ལ་འདི་སྐད་ཅེས་ཁོ་བོའི་བུ་མཐོང་བ་གང་ཡིན་པ་དེ་ནི་ཁྱོད་མཐོང་བ་ཡིན་ལ་ཁྱོད་མཐོང་བ་གང་ཡིན་པ་དེ་ཡང་ཁོ་བོའི་བུ་མཐོང་བ་ཡིན་པས་ཁོ་བོའི་ཟས་དང་གོས་ཀྱིས་མནའ་མ་གནས་པར་གྱིས་ཤིག །མནའ་མ་དགའ་བར་གྱིས་ཤིག་ཅེས་སྨྲས་ནས་གྱོས་པོས་དེ་འདི་ལ་གཞན་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་བ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་གྱོས་པོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །ཉེ་དུས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། ཉེ་དུ་ཞེས་བྱ་བ་ནི་ཁྱིམ་བདུན་པ་ཚུན་ཆད་ལས་བརྟེན་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ཏེ་བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པར་གྱུར་ནས་ཉེ་དུས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཉེ་དུས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། རིགས་ཞེས་བྱ་བ་ནི་བྲམ་ཟེ་དང༌། རྒྱལ་
རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་ཏེ། བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ་རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་རིགས་གཅིག་པའི་གན་ན་གནས་ཤིང་རིགས་གཅིག་པས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །རུས་ཆགས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། རུས་ཞེས་བྱ་བ་ནི་ཀུད་པའི་རིགས་དང༌། བད་སའི་རིགས་དང༌། ཤན་དི་ལའི་རིགས་དང༌། བ་ར་དྭ་ཛའི་རིགས་དང༌། ལྔ་པའི་རིགས་དང༌། ཉེ་ལྔ་པའི་རིགས་དང༌། གཽ་ཏ་མའི་རིགས་ཏེ། བུད་མེད་དམ་གཞོན་ནུ་མ་གང་དག་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པར་གྱུར་ནས་དེ་རུས་ཆགས་ཀྱི་གན་ན་གནས་ཤིང་རུས་ཆགས་ཀྱིས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་རུས་ཆགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །རྣམ་པར་འཁྲུགས་པ་མེད་པའི་མཛའ་ན་མོ་གང་ཞེ་ན། དགེ་སློང་མ་དང་སྤྱོད་པ་ཅན་མོ་དང་ཀུན་ཏུ་རྒྱུ་མོ་དང་ཁྱིམ་ཐབ་ཀྱི་ལམ་གྱི་རྗེས་སུ་འཇུག་པ་དང་ཆོས་བཞིན་སྤྱོད་པ་དེ་ནི་འཁྲུགས་པ་མེད་པའི་མཛའ་ན་མོ་ཞེས་བྱའོ། །སྨྱན་ཞེས་བྱ་བ་ནི་སྤྲད་པར་བྱ་བ་ལས་ཕྲིན་ནོད་པ་དང་ཕར་སྐྱེལ་བ་དང༌། ཕྱིར་སྐྱེལ་བའི་རིམ་གྱིས་གཉིས་ཕྲད་པར་བྱེད་པའོ། །བྱེད་ན་ཞེས་བྱ་བ་ནི་བྱེད་པར་གྱུར་ནའོ། །ཐ་ན་ཞེས་བྱ་བ་ནི་མཐར་གྱུར་པ་གཟུང་ནའོ། །ཐང་འགའ་ཕྲད་པ་ལ་ཡང་རུང་ཞེས་བྱ་བ་ནི་སྨད་འཚོང་མ་ཡུད་ཅམ་པ་ལ་ཡང་རུང་བ་སྟེ། ཆོགས་
ཅན་མ་དང་འཇུད་མཐུན་མ་དང༌། གཟུགས་འཚོང་མ་ལ་ཡང་རུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་སྨྱན་བྱ་བའི་ཐབས་ཀྱིས་སྐྱེས་པ་དང་བུད་མེད་གཞན་དང་གཞན་སྔ་མ་མི་མཐུན་པ་མཐུན་པར་བསྒྲུབས་ཏེ། དེ་གཉིས་ཀྱི་མི་ཚངས་པར་སྤྱོད་པའི་དོན་ལ་ཕྲད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྐྱེས་པ་དང་བུད་མེད་སྔ་མ་མི་མཐུན་པ་སྤྲད་པའི་དོན་དུ་མཐུན་པ་བསྒྲུབས་པའི་ཕྱིར་སྤྲད་པར་བྱ་སྐྱེས་པའམ་བུད་མེད་གང་ཡང་རུང་བ་ལས་ཕྲིན་མནོས་པ་དང་ཕར་བསྐྱལ་བ་དང་ཕྱིར་བསྐྱལ་བ་དེ་གསུམ་རྗེས་སུ་བསྒྲུབ་ཅིང་དེ་གཉིས་མི་ཚངས་པར་སྤྱོད་པའི་དངོས་པོར་ཕྲད་པར་གྱུར་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །མིའི་འགྲོ་བར་གཏོགས་པ་ཕོ་མོས་གཞན་སྔ་ན་མི་མཐུན་པ་ཕྲད་པའི་མཐུ་ཡོད་པ་དག་གི་སྨྱན་བྱས་སོ་ཅོག་ལ་ན་སྨད་པ་མེད་དོ། །ཕྲིན་མནོས་ཏེ་ཕར་བསྐྱལ་ལ་ཕྲིན་ལན་མ་བསྐྱལ་ཡང་རྣམ་པ་གཞན་གྱིས་ཕྱིར་ཐོས་ཏེ་ཕྲད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མང་པོ་དགེ་འདུན་དུ་གྱུར་པས་ཀྱང་སྤྲད་པར་བྱ་བའི་ཡུལ་གཅིག་ལ་སྨྱན་བྱེད་ན་བྱེད་པ་པོ་རེ་རེའི་རྒྱུད་ལ་ན་སྨད་པ་མེད་དོ། །དགེ་སློང་གཅིག་གིས་ཕྲད་པར་བྱ་བ་མང་པོ་དག་གི་ཡུལ་ལ་སྦྱོར་བ་གཅིག་གིས་སྨྱན་བྱེད་ན་སྤྲད་པར་བྱ་བ་རེ་རེའི་རྒྱུད་ལ་ན་སྨད་པ་མེད་དོ། །མངགས་པ་དང་མངགས་པས་མངགས་པ་དག་ལ་ན་སྨད་པ་མེད་དོ། །སྤྲད་པར་བྱ་བ་དེ་ནི་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་ནི་སྤྲད་པར་བྱ་བ་ཉིད་དང་འདྲ་སྟེ། དེ་ལན་སྨད་པ་མེད་དོ། །སྤྲིང་ཡིག་དང་ལག་ཡིག་དང་ཡུལ་ཕྱོགས་དང་བརྡ་དང་མཚན་མ་རྣམས་ནི་ཚིག་དང་འདྲ་སྟེ། དེ་དག་ལ་ན་སྨད་པ་མེད་དོ། །སྨད་འཚོང་མ་ནི་ཐང་འགའ་ཕྲད་པ་ཞེས་བྱ་སྟེ། མི་མཐུན་པ་མཐུན་པར་བསྒྲུབ་པ་ཡིན་པས་དེ་ལ་ན་སྨད་པ་
མེད་དོ། །མཛའ་ན་མོ་དང༌། སྨད་འཚོང་མ་ལ་སོགས་པ་བུད་མེད་མི་དབང་བ་དང་གླ་མེད་པ་སྔར་ལན་གསུམ་མན་ཆད་ཕྲད་པ་ཡང་མི་མཐུན་པ་མཐུན་པར་བསྒྲུབ་པ་ཡིན་པ་དེ་དག་ལན་སྨད་པ་མེད་དོ། །ཆུང་མ་དང་མཛའ་ན་མོ་སྔར་མཐུན་པ་ཉིད་དུ་གྱུར་པ་ཕྱིས་འཐབས་སམ་དེ་མ་ཡིན་པར་བསྒྲགས་ཏེ། མཛའ་གཅུགས་ཉམས་པ་ཉིད་ནི་མི་མཐུན་པ་ཡིན་པས་དེ་དག་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལན་སྨད་པ་མེད་དོ། འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ཁ་ན་སྨད་པ་མེད་དོ། །གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །ཕྲིན་པ་དང་སྤྲིང་ཡིག་སྐྱེལ་བ་འགྲོ་བ་གཞན་དུ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཆུང་མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང༌། རིན་ཆས་ཉོས་པ་དང༌། བཙན་ཕྲོགས་སུ་ཐོབ་པ་དང༌། དང་བསམ་དུ་འདུས་པ་དང་གོས་ཟས་ཀྱིས་འཚོས་པ་དང༌། ཁ་དུམ་པ་དང༌། ཐང་འགའ་ཕྲད་པ་དག་རེ་རེ་ལ་ཡང་འཐབས་པའི་ཚིགས་བདུན་བདུན་ཡོད་དོ། །འཐབས་པ་ཉིད་ཀྱི་མོད་དང་འཐབས་པའི་འོག་དང༌། དུམ་པ་བཅད་པ་དང༌། རྡེའུ་གསུམ་གཏོར་བ་དང༌། ཆོ་ག་གཏང་བ་དང༌། ཆུང་མ་མ་ཡིན་པར་བསྒྲགས་པ་དང༌། དྲིལ་བསྒྲགས་པ་ཉིད་དོ། །དེ་ལ་འཐབས་པ་ཉིད་ཀྱི་མོད་ཅེས་བྱ་བ་ནི་འཐབ་མོ་ཉིད་ཀྱི་རྩོམ་པ་ཡོངས་སུ་མ་རྫོགས་པ་སྟེ། ད་ལྟར་འཐབ་པ་ཉིད་ན་ཞེས་བྱ་བའི་ཐ་ཚིག་གོ །འཐབས་པའི་འོག་ཅེས་བྱ་བ་ནི། འཐབ་མོ་མཐར་ཕྱིན་པ་ཉིད་དོ། །དུམ་པ་བཅད་པ་ཉིད་ཅེས་བྱ་བ་ནི་དུམ་པ་ཞེས་བྱ་བ་ནི་ཤིང་གི་རྣམ་པ་ཡོད་དོ། །སྤྲད་པར་བྱ་བ་དེ་ཉིད་ཀྱིས་ཤིང་དེ་རྐེད་དུ་གཅོད་པར་བྱེད་ཅིང་འདི་
སྐད་ཅེས་ཇི་ལྟར་ཤིང་དུམ་འདི་གཉིས་ཕན་ཚུན་འབྱོར་པ་མེད་པ་དེ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པའོ། །ཁ་ཅིག་ན་རེ་རྩྭའི་རིགས་ཏི་ལ་ནི་ཏ་ཀ་ཞེས་བྱ་བ་ཡོད་དེ། དེ་གཉིས་ཀྱིས་དེ་དུམ་བུར་བཅད་ནས་ཇི་ལྟར་རྩྭ་འདི་གཉིས་ཕན་ཚུན་འབྱོར་པ་མེད་པ་དེ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པ་ནི་དུམ་པ་བཅད་པ་ཞེས་བྱའོ་ཞེས་ཀྱང་ཟེར་རོ། །རྡེའུ་གསུམ་གཏོར་བ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་རྡེའུ་གསུམ་ཕྱོགས་དང་ཕྱོགས་མཚམས་སུ་འཕངས་ནས་འདི་སྐད་ཅེས་ཇི་ལྟར་རྡེའུ་འདི་གསུམ་ཕན་ཚུན་ཕྲད་པ་མེད་པ་དེ་བཞིན་དུ་འུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་ཟེར་བའོ། །གཞན་དག་ནི་འདི་སྐད་ཅེས་རྡེའུ་མང་པོས་བསྣུན་པ་ཉིད་ཀྱིས་བརྡེགས་པ་ནི་རྡེའུ་གསུམ་གཏོར་བའོ་ཞེས་ཀྱང་ཟེར་རོ། །ཆོ་ག་གཏང་བ་ཞེས་བྱ་བ་ནི་ཁྱིམ་སོའམ་ཁྱིམ་ཐབ་ཀྱི་རྐང་པ་བཀྲུ་བ་ལ་སོགས་པ་འཕྲལ་གྱི་བྱ་བ་ནི་ཆོ་ག་སྟེ། དེ་བཏང་བའོ། །ཆུང་མ་མ་ཡིན་པར་བསྒྲགས་པ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་ཁྱོ་ཤུག་མ་ཡིན་པར་བསྒྲགས་པ་ཉིད་དོ། །དྲིལ་བསྒྲགས་པ་ཉིད་ཅེས་བྱ་བ་ནི་བདག་པོ་གཏང་བའི་ཕྱིར་ལྷ་ཁང་ལ་སོགས་པར་དྲིལ་བསྒྲགས་པའོ།། ཚིགས་བདུན་པོ་དེ་དག་ནི་ལྟུང་བའི་ཕྱིར་ཐ་དད་པ་ཡིན་ཏེ། དཔེར་ན་སྤྲད་པར་བྱ་བ་སྲོག་ཆགས་ཇི་སྙེད་ཕྲད་པར་འདོད་པ་དེ་དག་ལ་སྨྱན་བྱེད་ན་ལྟུང་བ་ཡང་དེ་སྙེད་དུ་འགྱུར་པ་དེ་བཞིན་དུ་ཚིགས་བདུན་པོ་འདི་དག་ཇི་སྙེད་བྱུང་བ་ལ་སྨྱན་བྱེད་ན་ཚིགས་སོ་སོ་དེ་སྙེད་ཀྱི་ལྟུང་བར་འགྱུར་རོ། །དེ་ལ་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང༌། རིན་ཆས་ཉོས་པ་དང༌། བཙན་ཕྲོགས་སུ་ཐོབ་པ་དག་གིས་འཐབས་པའི་ཚིགས་བདུན་ལས་དང་པོ་གསུམ་ནི་ཉེས་བྱས་བྱེད་པ་ཡིན། བར་པ་གཉིས་ནི་ཉེས་པ་སྦོམ་པོ་བྱེད་པ་ཡིན། ཐ་མ་གཉིས་ནི་དགེ་འདུན་ལྷག་མ་བྱེད་པ་ཡིན་ཏེ། དེས་ནི་དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་དགའ་ཐབས་པ་གཉིས་ཀྱི་མོད་དང༌། འཐབས་པའི་འོག་དང༌། དུམ་པ་བཅད་པར་གྱུར་པའི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དུ་འགྱུར་རོ། །ཆུང་མ་དང་པོ་གསུམ་པོ་
དག་འཐབས་པ་ཉིད་ཀྱི་མོད་དང༌། འཐབས་པའི་འོག་དང་དུམ་པ་བཅད་པ་དང༌། རྡེའུ་གསུམ་གཏོར་བ་དང༌། ཆོ་ག་གཏང་བར་གྱུར་པའི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །ཆུང་མ་དང་པོ་གསུམ་པོ་འདི་དག་འཐབས་པ་ཉིད་ཀྱི་མོད་དང༌། འཐབས་པའི་འོག་དང༌། དུམ་པ་བཅད་པ་དང༌། རྡེའུ་གསུམ་གཏོར་བ་དང༌། ཆོ་ག་བཏང་བ་དང༌། ཆུང་མ་མ་ཡིན་པར་བསྒྲགས་པ་དང༌། དྲིལ་བསྒྲགས་པར་གྱུར་པའི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང༌། ཉེས་པ་སྦོམ་པོ་གཉིས་དང༌། དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ། །ཆུང་མ་ཐ་མ་བཞི་པོ་དང་བསམ་དུ་འདུས་པ་དང༌། གོས་ཟས་ཀྱིས་འཚོས་པ་དང༌། ཁ་དུམ་པ་དང༌། ཐང་འགའ་ཕྲད་པ་དག་འཐབས་པ་གཉིས་ཀྱི་མོད་དང༌། འཐབས་པའི་འོག་དང༌། དུམ་པ་བཅད་པ་དང༌། རྡེའུ་གསུམ་གཏོར་བ་དང༌། ཆོ་ག་བཏང་བ་དང༌། ཆུང་མ་མ་ཡིན་པར་བསྒྲགས་པ་དང༌། དྲིལ་བསྒྲགས་པར་གྱུར་པའི་སྡུམས་བྱེད་ཅིང་མཐུན་པར་གྱུར་ན་ནི་རེ་རེ་ལ་སུམ་ཕྲུགས་སུ་འགྱུར་བས་ཉེས་བྱས་བདུན་དང་ཉེས་པ་སྦོམ་པོ་བདུན་དང༌། དགེ་འདུན་ལྷག་མ་བདུན་དུ་འགྱུར་རོ། །དེ་བས་ན་ཆུང་མ་དང་པོ་གསུམ་གྱི་འཐབས་པའི་ཚིགས་ཐ་མ་གཉིས་དང་ཆུང་མ་ཐ་མ་བཞིའི་འཐབས་པའི་ཚིགས་བདུན་ཆར་གྱི་དངོས་གཞི་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་སྐྱེས་པ་དང༌། བུད་མེད་གཞན་སྔ་མ་མི་མཐུན་པ་མི་ཚངས་པར་སྤྱོད་པ་འཁྲིག་པ་བསྟེན་ནུས་པ་དང་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པའོ། །འདི་ལ་ཡན་ལག་བདུན་གྱི་དངོས་གཞིའི་ལྟུང་བར་འགྱུར་ཏེ། མི་མ་ཡིན་པ་དང༌། གཞན་མ་ཡིན་པ་དང༌། མི་མཐུན་པ་དང༌། ཕྲིན་མནོས་པ་དང། ཕྲིན་ཕར་བསྐྱེལ་བ་དང༌། ཕྲིན་ཕྱིར་བསྐྱལ་བ་དང༌། གཉིས་ཀྱིས་གཉིས་སྤྲོད་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་སྨྱན་བྱེད་པའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །
ཕྲིན་མནོས་ཏེ་ཕར་བསྐྱལ་བ་དང༌། ཕྱིར་བསྐྱལ་བ་མ་བྱས་ན་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །ཕྲིན་མནོས་ཏེ་ཕར་བསྐྱལ་ལ་ཕྱིར་མ་བསྐྱལ་ན་ཉེས་པ་སྦོམ་བོ་གཉིས་སུ་འགྱུར་རོ། །ཕྲིན་མནོས་ཏེ་ཕར་ཡང་བསྐྱལ་ཕྱིར་ཡང་བསྐྱལ་ལ་དེ་གཉིས་མ་ཕྲད་ན་ཉེས་པ་སྦོམ་པོ་གསུམ་དུ་འགྱུར་རོ། །མ་ནིང་དང་ཟ་མ་ལ་སོགས་པ་ལྟ་བུ་ཕྲད་པ་མེད་པའི་སྨྱན་བྱེད་ན་ཉེས་པ་སྦོམ་པོའོ། །ཁྱོ་ཤུག་སྔར་ཁ་དུམ་པ་ལ་སོགས་པ་ལྟ་བུ་མི་མཐུན་པ་མཐུན་པར་བསྒྲུབས་པ་མེད་པའི་སྨྱན་བྱེད་ན་ཉེས་པ་སྦོམ་པོའོ། །དགེ་སློང་མང་པོ་དགེ་འདུན་དུ་གྱུར་པས་ཀྱང་བསྐྲད་པར་བྱ་བའི་ཡུལ་ཅིག་ལ་སྨན་གྱི་སྦྱོར་བ་བྱེད་ན་བྱེད་པ་པོ་རེ་རེའི་རྒྱུད་ལ་ཉེས་པ་སྦོམ་པོ་གཅིག་གམ་གཉིས་སམ་མང་པོ་ཅི་རིགས་པར་འགྱུར་རོ། །དགེ་སློང་གཅིག་གིས་སྤྲད་པར་བྱ་བ་མང་པོ་དག་གི་ཡུལ་ལ་སྨྱན་བྱེད་ན་སྤྲད་པར་བྱ་བ་རེ་རེའི་རྒྱུད་ལ་ཉེས་པ་སྦོམ་པོ་གཅིག་གམ་གཉིས་སམ་མང་པོ་ཅི་རིགས་པར་འགྱུར་རོ། །མཛའ་ན་མོ་དང་སྨད་འཚོང་མ་ལ་སོགས་པ་བུད་མེད་མི་དབང་བ་དང༌། གླ་མེད་པར་སྔར་ལན་བཞི་ཡན་ཆད་ཕྲད་པ་ནི་མི་མཐུན་པ་མཐུན་པར་བསྒྲུབ་པ་མ་ཡིན་པས་དེ་དག་ལ་ཉེས་པ་སྦོམ་པོའོ། །ཆུང་མ་དང་པོ་གསུམ་གྱི་འཐབས་པའི་ཚིགས་པར་མ་གཉིས་དང༌། ཆུང་མ་ཐ་མ་བཞིའི་འཐབས་པའི་ཚིགས་བདུན་ཆར་གྱི་སྦྱོར་བ་ལ་ཉེས་པ་སྦོམ་པོའོ། །མངལ་ན་གནས་པ་དང་མེད་པ་དང་ངེས་པ་དང་མི་བསྟེན་པ་དང་ཉོས་པ་དང་མཐུན་པ་དང་བདག་གི་སྨྱན་བྱེད་ན་ཉེས་པ་སྦོམ་པོའོ། །སྐད་སྦྱར་བ་ཉིད་སྟོན་པ་དང་འཐབ་ཀྲོལ་གྱིས་འཕྲོག་ཏུ་འཇུག་པ་དང༌། ཆུང་མའམ་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་ཉེས་པ་སྦོམ་པོའོ། །བྱིན་པ་ལས་དོར་བྱས་པ་སྤྲད་པ་དང༌། ཆོས་ཀྱི་ཕུང་པོ་སྔོན་དུ་བཏང་སྟེ་པོས་པ་དང༌། དོན་གཞན་དང་ལྡན་པས་བོས་ཏེ་ཕྲད་ན་ཉེས་པ་སྦོམ་པོའོ། །མི་མ་ཡིན་པའི་འགྲོ་བ་ལ་ཉེས་པ་སྦོམ་པོའོ། །ཕོའམ་མོའམ་གཉིས་ཀ་མི་མ་ཡིན་པར་གྱུར་ན་ཡང་ཉེས་པ་སྦོམ་པོའོ། །རང་བཞིན་ཉམས་པ་ལ་ཉེས་པ་སྦོམ་པོའོ། །ཐ་མལ་པར་གནས་པ་ལས་ཕྲིན་བླངས་ཏེ་ཐ་མལ་པར་
གནས་པ་ལ་ཕྲིན་ཕར་བསྐྱལ་ཞིང་རང་བཞིན་ཉམས་པ་ལ་ཕྲིན་ཕྱིར་བསྐྱལ་བ་ལ་སོགས་པ་ཡང་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞིའི་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་སྨྱན་བྱེད་པ་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དགེ་སློང་མང་པོ་དགེ་འདུན་དུ་གྱུར་པས་ཀྱང་སྤྲད་པར་བྱ་བའི་ཡུལ་གཅིག་ལ་སྨྱན་བྱེད་ན་བྱེད་པ་པོ་རེ་རེའི་རྒྱུད་ལ་སྦྱོར་བའི་སྦྱོར་བ་ཉེས་བྱས་གཅིག་གམ་གཉིས་སམ་མང་པོ་ཅི་རིགས་པར་འགྱུར་རོ། །དགེ་སློང་གཅིག་གིས་སྤྲད་པར་བྱ་བ་མང་པོ་དག་གི་ཡུལ་ལ་སྨྱན་བྱེད་ན་སྤྲད་པར་བྱ་བ་རེ་རེའི་རྒྱུད་ལ་སྦྱོར་བ་ཇི་སྙེད་པའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་གཅིག་གམ་གཉིས་སམ་མང་པོ་ཅི་རིགས་པར་འགྱུར་རོ། །སྤྲད་པར་བྱ་བ་དེ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་མ་ཡིན་པ་དེ་གཉིས་དང་འབྲེལ་བའམ་འབྲེལ་པ་མ་ཡིན་པ་ལ་ཉེས་བྱས་སོ། །ཆུང་མ་དང་པོ་གསུམ་གྱི་འཐབས་པའི་ཚིགས་དང་པོ་གསུམ་དང༌། ཆུང་མ་ཐ་མ་བཞིའི་འཐབས་པའི་ཚིགས་བདུན་ཆར་གྱི་སྦྱོར་བའི་སྦྱོར་བ་ལ་ཉེས་བྱས་སོ། །ཅིའི་ཕྱིར་ཁྱེའུ་འདི་ཁྱིམ་མི་དབུབ། ཅིའི་ཕྱིར་བུ་མོ་འདི་གནས་མི་བཙལ། ཅིའི་ཕྱིར་བུ་ཁྱེའུ་འདི་གྱོས་པོའི་གན་དུ་མི་འགྲོ་།བག་མ་མི་ལེན། ཅིའི་ཕྱིར་བུ་མོ་འདི་གྱོས་པའི་གན་དུ་མི་བཀྲི་།བག་མར་མི་གཏོང་ཞེས་ཟེར་བ་ཐམས་ཅད་ལ་ཉེས་བྱས་སོ། །བུད་མེད་ཉོས་ཤིག་ཅེས་ཟེར་བ་དང་རྙེད་མོད་ཅེས་ཟེར་ན་ཉེས་བྱས་སོ། །སྐྱོན་ཆགས་པ་མེད་པར་སེམས་ཅན་གཞན་ལ་ཁུ་ཚུར་ལ་སོགས་པ་བསྟུན་ན་ཉེས་བྱས་སོ། །དུད་འགྲོའི་སྨྱན་བྱས་པ་ལ་ཉེས་བྱས་སོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་ལས་དང་པོ་པ་དང༌། སྨྱོས་པ་དང་སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྨྱན་གྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌།
སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་སྟེ་ལྔ་པ་བཤད་ཟིན་ཏོ།། །།ཁང་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་ལ་ཁང་པ་འདི་ལྟ་བུར་མང་བ་ཉིད་དུ་གྱུར་ཏེ། ཁ་ཅིག་ནི་ཁང་པ་འདི་ཧ་ཅང་ཡང་རིང་ངོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་གོ །ཁ་ཅིག་ནི་ཁང་པ་འདི་ཧ་ཅང་ཐུང་ངོ༌། །འདི་ཧ་ཅང་ཡངས་སོ། །འདི་ཧ་ཅང་དོག་གོ །འདི་ཧ་ཅང་རྙིངས་སོ། །འདི་ཆ་ཅང་སྟོབས་ཆུང་ངོ༌། །འདི་ཧ་ཅང་བརྩིགས་ཉེས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་གོ །དེ་དག་ཁང་པ་བྱེད་པ་དང༌། བྱེད་དུ་འཇུག་པས་བྱ་བ་དང་བྱེད་པ་མང་བར་གྱུར་ནས་ལུང་མནོད་པ་དང་བཀླགས་པ་དང་ཁ་ཏོན་དང༌། རྣལ་འབྱོར་དང་ཡིད་ལ་བྱ་བ་གཏོང་ཞིང་ཡང་དང་ཡང་དུ་རྩྭ་དང་ཤིང་དང་མི་བླས་དང་ཤིང་རྟའི་ལས་སློང་བར་བྱེད་པས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཁ་བྱ་བར་གྱུར་ཏོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་མཉན་ཡོད་ན་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་འདུག་པས་དགེ་སློང་རབ་ཏུ་མང་པོ་དག་ལ་ཁང་པ་དེ་ལྟ་བུར་མང་བ་ཉིད་དུ་གྱུར་པ་ཐོས་ནས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐབས་དེ་དག་རྒྱས་པར་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དགེ་སློང་རྣམས་ལ་ཁང་བ་དང་ཁང་པའི་གཞི་ལེགས་པར་བསྟན་པ་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་སོང་སྟེ།
དེ་ཉིད་ཀྱི་མཚན་མོ་འདས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སེམས་སྲུང་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ལྗོངས་རྒྱུར་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་དེ་ལྟར་གྱུར་པ་བདེན་ནམ་ཞེས་སྨྲ་བ་མཛད་ནས། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། གསོ་དཀའ་བ་དང༌། དགང་དཀའ་བ་རྣམ་པར་སྨད་དེ། འདོད་པ་ཆུང་བ་དང་ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། ཕྲི་བ་དང༌། ཡོ་བྱད་བསྙུངས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། མཛེས་པ་དང༌། ཚོད་ཤེས་པ་ཉིད་ཀྱི་བསྔགས་པ་བརྗོད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་བདག་གིས་བསླངས་པ་བདག་པོ་མེད་པ་དག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཤིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ནམ་ཚད་ལས་འདས་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ཁང་པ་རྩིག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །བདག་གིས་བསླངས་པ་ཞེས་བྱ་བ་ནི་འདུན་པ་ལས་བྱུང་བའི་སློང་མོ་ལ་ལ་ལས་ནི་ཤིང༌། ལ་ལ་ལས་ནི་རྩྭ། ལ་ལ་ལས་ནི་མི་བླས། ལ་ལ་
ལས་ནི་ཤིང་རྟའི་ལས་བསླངས་པའོ། །བདག་པོ་མེད་པ་ཞེས་བྱ་བ་ནི་གང་ལ་བདག་པོ་སྐྱེས་པའམ་བུད་མེད་དམ་མ་ནིང་མེད་པའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ལ་བསྡོས་ཏེའོ། །ཁང་པ་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འཆག་པ་དང༌། འགྲེང་བ་དང༌། འདུག་པ་དང་ཉལ་བ་དག་ཤོང་པའོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སོ། །དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཤིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། ནང་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་ཞེང་དུ་མཐོ་བདུན་ནོ་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པ་སྟེ། དེའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁུ་ཕྱེད་དང་དོའོ། །དེས་ན་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་གང་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་བའི་ཁྲུའི་ཁྲུ་བཅོ་བརྒྱད་དོ། །ནང་སྲིད་དུ་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད་དོ། །བདེ་བར་གཤེགས་པའི་མཐོ་བདུན་གང་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཕྱེད་དང་བཅུ་གཅིག་སྟེ། ནང་གི་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གོ །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ལ། གཞི་བལྟ་བའི་ཕྱིར་ཞེས་བྱ་བ་ནི་ས་གཞི་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་ཉིད་བལྟ་བའི་ཕྱིར་རོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་དག་ཡོད་པ་དག་ཡིན་གྱི་ཇི་ཙམ་གྱིས་གཞི་དེ་དག་གིས་བལྟས་པར་འགྱུར་བའི་དགེ་སློང་དེ་ཙམ་བཀྲི་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ན་སྤྲུལ་གྱི་གནས་སམ་སྡིག་པའི་གནས་སམ་སྲིལ་གྱི་གནས་སམ་གྲོག་མའི་གནས་ཡོད་པ་ཡིན་ན་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་རུང་བ་ཡིན་ན་དེའི་འོག་ཏུ་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་རྒྱལ་པོའི་གཞིའམ། མཆོད་རྟེན་གྱི་གཞིའམ། ཁྱིམ་བདག་གི་གཞིའམ། མུ་སྟེགས་ཅན་གྱི་གཞིའམ། དགེ་སློང་མའི་དབྱར་གནས་ཁང་ངམ། ཤིང་ལྗོན་པ་གཅད་པར་བྱ་བ་ཡོད་ན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ།།
གལ་ཏེ་གཞི་རུང་བ་དང་རྩོད་པ་མེད་པ་ཡིན་ན་དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་གཞི་ཆུ་ཀླུང་ལ་བརྟེན་ནམ་ཁྲོན་པ་ལ་བརྟེན་ནམ། ལམ་ལ་བརྟེན་ནམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་རྣམ་པར་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ན་དགེ་སློང་དེས་གཙུག་ལག་ཁང་དུ་སོང་སྟེ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་བཞིན་དུ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁང་བའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་དུ་གསོལ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་ཁང་པའི་གཞི་བསྟན་པ་གསོལ་པའོ། །དེའི་འོག་ཏུ་དགེ་སློང་དེ་དག་གིས་ཀྱང་དགེ་སློང་དེ་ལ་དད་པས་སམ་ཡིད་ཆེས་པས་འགྲོ་བར་མི་བྱ་བར་འདི་ལྟར་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱ་བའམ། དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་གཏང་བར་བྱའོ། །དེ་དག་གིས་གཞི་དེ་མིག་གིས་བལྟ་བར་བྱ་ཞིང༌། གལ་ཏེ་དེ་ན་སྤྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིལ་གྱི་གནས་སམ་གྲོག་མའི་གནས་ཡོད་པ་ཡིན་ན་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་རུང་བ་ཡིན་ན་དེའི་འོག་ཏུ་ཉེ་བར་བརྟག་པར་བྱའོ། །གལ་ཏེ་རྒྱལ་
པོའི་གཞིའམ། མཆོད་རྟེན་གྱི་གཞིའམ། ཁྱིམ་བདག་གི་གཞི་འམ་མུ་སྟེགས་ཅན་གྱི་གཞིའམ་དགེ་སློང་མའི་དབྱར་ཁང་ངམ་ཤིང་ལྗོན་པ་གཅད་པར་བྱ་བ་ཡོད་ན་རྩོད་པ་དང་བཅས་པའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་རུང་བ་དང་རྩོད་པ་མེད་པ་ཡིན་ན་དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ཏུ་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་གཞི་ཆུ་ཀླུང་ལ་བརྟེན་ནམ། ཁྲོན་པ་ལ་བརྟེན་ནམ། ལམ་ལ་བརྟེན་ནམ། ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡིན་ན་དེའི་ཚེ་དགེ་སློང་དེ་དག་གིས་རྒན་པའི་མཐའ་ལོགས་སུ་གུས་པ་དང་བཅས་པས་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །གནས་བརྟན་དག་གཞི་དེ་རུང་བ་དང་རྩོད་པ་མ་མཆིས་པ་དང་བརྩམ་དུ་རུང་བ་ལགས་ཀྱི་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །དེ་ནི་དུས་དང་པོར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བ་གྱི་བ་འདིས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ཁང་བའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པར་གསོལ་ཏོ། །འདི་ནི་གསོལ་པའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདིས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་སློང་
ལས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་བ་སྩོལ་བར་བཟོད་པ་དེ་དག་ནི་ཅད་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་གང་ལ་ཁང་པའི་གཞི་རུང་བ་རྩོད་པ་མེད་པ་བརྩམ་དུ་རུང་བ་བསྟན་པར་བྱིན་པ་དེས་ཁང་པ་རྩིག་ཏུ་གཞུག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་ཞེས་བྱ་བ་ནི་དགེ་སློང་གང་དག་ཡིན་པ་དེ་དག་གིས་ཀྱང་ངོ༌། །གཞི་ཞེས་བྱ་བ་ནི་ཁང་པའི་དབང་དུ་བྱས་པའི་གཞི་གང་ཡིན་པའོ། །རུང་བ་ཞེས་བྱ་བ་ནི་སྤྲུལ་གྱི་གནས་དང་སྡིག་པའི་གནས་ལ་སོགས་པ་དག་དང་བྲལ་བའོ། །རྩོད་པ་མེད་པ་ཞེས་བྱ་བ་ནི་འཐབ་མོ་དང་མཚང་འདུ་བ་ལ་སོགས་པ་དང་བྲལ་བའོ། །བརྩམ་དུ་རུང་བ་ཞེས་བྱ་བ་ནི་དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ན་སྐྱོན་མེད་པའོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་སོ་སོར་བརྟག་པར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ་ཞེས་བྱ་བ་ནི་སྤྲུལ་དང་སྡིག་པ་ལ་སོགས་པའི་གནས་ཀྱི་ཤས་ཆེ་བའོ། །རྩོད་པ་དང་བཅས་པའམ་ཞེས་བྱ་བ་ནི་འཐབ་མོ་དང་བཅས་པ་དང་མཚད་འདྲུ་བ་དང་བཅས་པ་དང༌། རྩོད་པ་དང་བཅས་པ་དང་འགྱེད་པ་དང་བཅས་པའོ།། བརྩམ་དུ་མི་རུང་བ་ཞེས་བྱ་བ་ནི་གང་གི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་མེད་པའོ། །བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ་དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ་
ཚད་ལས་འདས་ན་ཞེས་བྱ་བ་ནི་ཇི་སྐད་སྨོས་པ་དེ་དག་ལས་འགལ་ཞིང་ཚད་ཇི་སྐད་བསྟན་པ་དེ་དག་ལས་ལྷག་པར་རྩིག་ཏུ་འཇུག་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་ཏེ། ས་གཞི་མ་དག་པ་དང་མ་བསྟན་པར་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་བཅུག་པ་སྟེ། ཟིན་ན་མཐར་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་དགེ་སློང་ལྟུང་བའི་འབྱིན་པ་པོས་ཁང་པའི་ས་གཞི་མིའི་འགྲོ་བ་སུ་ཡང་རུང་བ་ཐ་ན་ཆོས་འདི་པ་རབ་ཏུ་བྱུང་པ་ལས་ཀྱང་བཙལ་བ་དང་ཁང་པའི་ཡོ་བྱད་རྩྭ་དང་ཤིང་དང་མི་བླས་དང་ཤིང་རྟ་དང་སོ་ཕག་དང་གླ་རྔན་ལ་སོགས་པ་ཡང་གཞན་ལས་བཙལ་བས་ས་གཞི་མ་དག་པ་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་དང༌། དགེ་འདུན་ལ་མ་བསྟན་པར་བདག་ཉིད་གཅིག་པུའམ་དགེ་སློང་གཞན་གཅིག་གམ་ཁྱིམ་བདག་གཞན་གཅིག་ཀྱང་རུང་བའི་དོན་དུ་ཁང་པའི་ནང་རྒྱའི་སྲིད་དུ་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད་ཞེང་དུ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པ་བདག་ཉིད་བྱེད་དམ་གཞན་གྱིས་བདག་བྱེད་དུ་བཅུག་གམ་བདག་གིས་གཞན་བྱེད་དུ་བཅུག་སྟེ་ཟིན་ནས་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །མ་བསྐོས་པར་རང་བྱེད་པ་ལན་སྨད་པ་མེད་དོ། །གཞན་གྱིས་བདག་བསྐོས་པ་ལ་ན་སྨད་པ་མེད་དོ། །བདག་གིས་གཞན་བསྐོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་བསྐོ་བ་པོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་བྱེད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་བསྒྲུབས་ན་མཐར་བྱེད་པ་པོ་ལན་སྨད་པ་མེད་དོ། །དགེ་སློང་བསྐོ་བ་པོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་བྱེད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་བསྒྲུབས་པ་ལ་བསྐོ་
བ་པོས་ལུས་དང་ངག་གིས་དང་དུ་ལེན་ན་མཐར་གཉིས་ཀ་ལ་ན་སྨད་པ་མེད་དོ། །དགེ་སློང་བསྐོ་བ་པོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་བྱེད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་བསྒྲུབས་པ་ལ་བསྐོ་བ་པོས་ལུས་དང་ངག་གིས་དང་དུ་མི་ལེན་ན་མཐར་བྱེད་པ་པོ་ལན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །སྦྱོར་བ་གཅིག་གིས་དུས་བརྒྱངས་ཏེ་བྱས་པ་ལ་ན་སྨད་པ་མེད་དོ། །ས་གཞི་མིའི་འགྲོ་བ་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་ཆོས་འདི་པ་དང་གཞན་མུ་སྟེགས་ཅན་དང་སྐྱེས་པ་དང་བུད་མེད་དང་མ་ནིང་དག་ལས་བཙལ་བ་ལ་ན་སྨད་པ་མེད་དོ། །ཡོ་བྱད་ཀྱང་ད་དག་ལས་བཙལ་བ་ལ་ན་སྨད་པ་མེད་དོ། །མིའི་འགྲོ་བ་པ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གཞི་མ་དག་བ་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་དག་ལ་ན་སྨད་པ་མེད་དོ། །གཞི་བལྟ་བ་དང་གཞི་བསྟན་པ་གསོལ་བ་དང་གཞི་བསྟན་པ་སྦྱིན་པའི་གསོལ་བ་དང་ལས་མ་བྱས་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་གཅིག་པུའམ་དགེ་སློང་གཞན་གཅིག་གམ་རབ་ཏུ་བྱུང་བ་གཅིག་གམ་ཁྱིམ་པ་གཅིག་གི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །སྲིད་ཀྱི་ཚད་ལས་ལྷག་པ་དང་ཞེང་གི་ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །དེའི་མོད་དང་ཉིན་ཞག་དང་ལོ་ཟླ་ལ་སོགས་པས་ཟིན་བའི་མཐའ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ང་ན་དང་འདྲ་བ་ལ་ན་སྨད་པ་མེད་དོ།། མཚན་གྱུར་བ་ལྟུང་བ་ཐུན་མོང་གི་ཡུལ་ལན་སྨད་པ་མེད་དོ། །དེའི་བྱེད་པ་པོ་ནི་ས་གཞི་དང་ཡོ་བྱད་མ་བརྟགས་པའི་ཁང་པ་རྩིག་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་དང༌། གཞི་མ་དག་པ་དང༌། མ་བསྟན་པ་དང༌། གཅིག་གི་དོན་དང༌། ཚད་ལས་ལྷག་པ་དང་ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །གཞི་མ་དག་བ་དང་མ་བསྟན་པ་ཞེས་སྨོས་པ་ལ་གཞི་མ་དག་པའི་མཚན་ཉིད་གང་ཞེ་ན། གཞི་མི་རུང་བ་དང་རྩོད་པ་དང་བཅས་པ་དང་
ལ་སྤྱན་དྲངས་པན་ཚེ་དང་ལྡན་པ་ཉེ་དགའ་ལ་དགེ་སྐོས་ཀྱི་བསོད་སྙོམས་ནོད་པའི་རེས་བབ་ནས་དེས་བསམས་པ། གང་གིས་དགེ་སྐོས་འདི་ཟང་ཅད་པར་བྱ་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ལ་འགའ་ཞིག་མཉམ་ཡོད་ན་རྒྱལ་བྱེད་ཀྱི་ཚལ་ཐག་ཇི་སྲིད་ཡོད་འདྲིན་བདག་གིས་དེ་ལ་ཇི་ལྟར་བརྗོད་པར་བྱའོ། །རྣམ་པ་ཐམས་ཅད་དུ་གོམ་བདག་གིས་ས་གཞི་གཞལ་བར་བྱའོ་སྙམ་ནས་དེ་གོམ་པ་དག་གིས་ས་གཞི་འཇལ་ཞིང་དལ་བུས་འོང་བས་ན་དགེ་སྐོས་ཀྱིས་བསམས་པ། དེ་ཡུན་རིང་དུ་ཐོགས་པས་བདག་ཟན་ཆད་ན་མི་རུང་གི་བལྟའོ་སྙམ་ནས་དེ་ཤིང་ལྗོན་པ་ཞིག་ལ་འཛེགས་ཏེ་བལྟ་བར་བརྩམས་པ་དང༌། ཅི་ཙམ་ན་ཚེ་དང་ལྡན་པ་ཉེ་དགའ་ད་ལ་བུ་དལ་བུས་འོང་བ་མཐོང་ནས་དེས་བསམས་པ། འདི་ལྟར་འོང་བའི་སྟངས་ལས་ན་འདིས་བདག་ཟན་གཅོད་པར་བྱེད་དོ་སྙམ་དུ་རིག་ནས་དེ་ཤིང་ལྗོན་པ་དེ་ལས་བབས་ཏེ་འདུག་གོ །ཚེ་དང་ལྡན་པ་ཉེ་དགའ་ཡང་འོངས་པ་དང་ཅི་ཙམ་ན་གདུགས་ཚོད་ཡོལ་ནས་དགེ་སྐོས་གྱིས་སྨྲས་པ། ཚེར་དང་ལྡན་པ་ཁྱོད་འགྲོས་དེ་ལྟ་བུས་འོང་བ་ལས་ན་དོན་གྱིས་ན་ཁྱོད་ཀྱིས་ཆེད་དུ་བསམས་ཏེ་ཁོ་བོའི་ཟན་གཅོད་དུ་བཅུག་གོ །དེས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་ཇི་ལྟར་མཐོང༌། །ཁོ་བོས་ཤིང་ལྗོན་པ་ལ་འཛེགས་ཏེ་བལྟས་སོ། །ཁྱོད་ཤིང་ལྗོན་པ་ལ་འཇོག་ཏུ་རུང་ངམ། རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོས་ནི་འཛེགས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཤིང་ལ་མི་འཛེག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པ། ཉོན་མོངས་པ་ནི་དུས་དང་བྱ་བ་མི་ཤེས་པ། ཉེས་པ་ནི་ཤིང་ལ་འཛེགས་པའོ། །རྫས་སུ་བཅས་བའི་སྒོ་ནས་གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་མི་འཛེག་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚོན་རྩིའི་ལས་བྱེད་པར་འདོད་པས་གཟུངས་ཐག་གང་དུག་དགས་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལ་མི་གང་ཙམ་དུ་འཛེག་པར་བྱ་སྟེ། དེ་ལྟ་བས་ན་དགེ་སློང་གིས་ཤིང་ལ་
མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་རྗེས་སུ་བཅའ་བའི་སྒོ་ནས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དོན་ཉུང་དུ་དག་ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །རྗེས་སུ་གནང་བའི་གླེང་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་པ་དང༌། དོན་མཐུན་དགོན་པའི་ལམ་དུ་མཚན་མོ་བཏབ་པ་ན་དེར་སྟག་གི་འཇིགས་པ་བྱུང་ནས་དོན་མཐུན་དག་ནི་ཤིང་ལྗོན་པ་ལ་མཐོར་འཛེགས་ཏེ་འཁོད་དོ། །དགེ་སློང་དེ་ཤིང་ལྗོན་པ་ལ་མི་གཟང་ཙམ་དུ་འཛེགས་ཏེ་འདུག་གོ །ཇི་ཙམ་ན་སྟག་འོངས་ནས་དོ་མཐུན་རྣམས་ཀྱིས་སྨྲས་པ། འཕགས་པ་སྟག་མཆིས་ཀྱིས་མྱུར་དུ་མཐོར་འཛེགས་ཤིག །དེས་བསམས་པ་བཅོམ་ལྡན་འདས་ཀྱིས་ཤིང་ལ་མི་གང་ཙམ་ལས་འཐོར་འཛེག་པར་མ་གནང་བས་ཇི་ལྟར་མཐོར་འཛེག་སྙམ་ནས་དེ་དེ་ཉིད་དུ་འདུག་པ་དང༌། སྟག་གིས་མཆོད་པ་བྱས་ཏེ་བསད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་འཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་རྗེ་སུ་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་ལ། ཉོན་མོངས་པ་དང་ཉེས་པ་ནི་མོད་དོ། །གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གནོད་པ་བྱུང་པ་མ་གཏོག་སྤར་ཤིང་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །འདི་ནི་རྒྱུ་བ་ན་མི་མཛེས་པར་སྣང་པ་དང་སྣང་བ་ལ་སོགས་པའི་ཉེས་དམིགས་སྤང་པའི་སྒོ་ནས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པར་བསླབ་པར་བྱ་བ་ཉིད་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེ་
ཉེས་པ་སྦོམ་པོའོ། །སྟེང་མ་གཡོགས་པ་ཞིག་བྱའོ་སྙམ་པས་མཐར་ཐུག་པ་ལ་ཉེས་པ་སྦོམ་པོའོ། །དུ་མའི་དོན་དུའམ་གཉིས་ཀྱི་ཕྱིར་རམ་མང་པོའི་ཕྱིར་བྱེད་དུ་བཅུག་པའི་མཐར་ཐུག་པ་ལ་ཉེས་པ་སྦོམ་པོའོ། །མ་བསྐོས་པར་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོའོ། །གང་ཟག་རང་གིས་གཞི་དང་ཡོ་བྱད་ཀྱིས་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོའོ། །མི་མ་ཡིན་པ་ལས་བརྩལ་བའི་ས་གཞི་དང་ཡོ་བྱད་ཀྱིས་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོའོ། །གཞན་ཞིག་གནས་དེ་བྱེད་པའི་ཞལ་ཏ་བྱེད་ན་རང་བཞིན་མི་མཐུན་པའི་ཞལ་ཏ་བྱེད་པ་ཡིན་པས་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །དངོས་གཞི་ལ་སྦྱོར་བ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཁང་པའི་དགེ་འདུན་ལྷག་མའི་བྱ་བར་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །མ་ཟིན་པར་སྦྱོར་བ་བཏང་སྟེ། ཡང་རང་བཞིན་གཞན་གྱིས་རྗེས་སུ་བསྒྲུབ་པ་ལ་ཉེས་བྱས་སོ། །གཞི་བཙལ་ནས་མི་བྱེད་ན་ཉེས་བྱས་སོ། །ཁང་པ་བསྟན་པ་གསོལ་ནས་མི་བྱེད་ན་ཉེས་བྱས་སོ། །དུད་འགྲོ་ལས་བཙལ་བའི་ས་གཞི་དང་ཡོ་བྱད་ཀྱིས་བྱེད་དུ་འཇུག་ན་ཉེས་བྱས་སོ། །བཙལ་བའི་ཡན་ལག་དང་ཚད་ལས་ལྷག་པའི་ཡན་ལག་གཉིས་མེད་ན་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་དང་གཞི་བསྟན་པ་མ་གསོལ་བ་དང༌། གཅིག་གི་དོན་ཞེས་བྱ་བའི་ཡན་ལག་དེ་དག་ཐམས་ཅད་ལས་འདས་ཀྱང་རུང་ཁ་ཅིག་ལས་འདས་ཀྱང་རུང་འགའ་ལས་འདས་ཀྱང་རུང་སྟེ། མཐར་ཡང་ཉེས་བྱས་སུ་འགྱུར་ལ་སྔར་ཡང་ཉེས་བྱས་སོ། །ཁ་ཅིག་ན་རེ་མཐར་སྦོམ་པོ་ཞེས་ཟེར་བ་ཡང་ཡོད་དོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ལ་ཉེས་པ་མེད་དོ། །བྱས་པ་རྙེད་པ་དང་བྱས་པ་ལ་ལོངས་སྤྱོད་བ་དག་ལ་ལྟུང་བ་མེད་དོ། །རྙིང་པ་འཆོས་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་
དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁང་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གཞི་མ་དག་པ་ལ་གསོལ་བར་མི་བྱའོ། །དགེ་སློང་རང་དག་རྟོག་ཏུ་འདོད་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་ངོ༌། །རྣམ་པ་ཐམས་ཅད་དུ་ཡུལ་ཐམས་ཅད་ལ་ཁང་པའི་དགེ་འདུན་ལྷག་མར་འགྱུར་བར་མི་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏེ། ཁང་པའི་དགེ་འདུན་ལྷག་མ་སྟེ་དྲུག་པ་བཤད་ཟིན་ཏོ།། །།གཙུག་ལག་ཁང་གི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱ་མྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གཞན་གྱིས་བྱེད་དུ་འཇུག་པའི་གཙུག་ལག་ཁང་དག་ན་གནས་ཤིང༌།དེ་དག་དེ་དག་ན་གནས་པ་ན་དགའ་བོ་ཉེ་དགའ་ལྟོས་ཤིག །གཙུག་ལག་ཁང་འདི་ནི་གྱོ་གྲུགས་སུ་གྱུར་པ་ཡིན་ནོ། །འདི་ནི་གས་པ་ཡིན་ནོ། །འདི་ནི་མཚམས་ཉམས་པ་ཡིན་ནོ། །འདི་ནི་ངོས་ཉམས་པ་ཡིན་ནོ། །འདི་ནི་མ་མོའི་ཁྱིམ་འདྲ་བ་ཡིན་ནོ་ཞེས་འཕྱ་བར་བྱེད་པ་ན་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་རེ་ཞིག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་དག་ན་གནས་ཤིང་ཁྱེད་ཅག་གིས་རྡོ་ཡང་སྒྲེང་བར་མི་ནུས་ལ་འོན་ཀྱང་འཕྱ་བར་བྱེད་དོ། །དྲུག་སྡེ་དག་ང་རྒྱལ་གྱིས་ཁེངས་པར་གྱུར་ནས་ཕན་ཚུན་སྨྲ་བར་བརྩམས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་བདག་ཅག་ཟིལ་གྱིས་མནན་གྱི་ཚུར་ཤེགས་བདག་ཅག་གིས་སྔོན་ཆད་ལྷུང་བཟེད་ནག་པོ་ཅན་གང་གིས་ཀྱང་བྱེད་དུ་མ་བཅུག་པའི་གཙུག་ལག་ཁང་ཅི་འདྲ་བའི་གཙུག་ལག་ཁང་དེ་འདྲ་བ་ཞིག་བྱེད་དུ་གཞུག་གོ །གལ་ཏེ་བདག་ཅག་ཐམས་ཅད་ལག་གི་བླ་ལ་བརྩོན་པར་གྱུར་ན་ནི་ལྷུང་བཟེད་ནག་པོ་ཅན་འདི་དག་རྟག་པ་ཁོ་ནར་བདག་ཅག་ལ་སྐབས་ཚོལ་བས་དེ་དག་གིས་དྲུག་སྡེ་ཐམས་ཅད་ལག་གི་བླ་ལ་ཞུགས་སོ་ཞེས་སྐབས་རྙེད་པར་
ཡང་འགྱུར་ལ། བདག་ཅག་གིས་སློང་མོ་སྟེར་བའི་ཁྱིམ་གང་དག་ཡིན་པ་དེ་དག་ཏུ་ཡང་བྲེལ་བ་དག་གི་སྐྱོན་བརྗོད་ནས་རྗེས་སུ་འཇུག་པར་འགྱུར་གྱི། བདག་ཅག་གིས་བདག་ཅག་གི་ནང་ན་ཚེ་དང་ལྡན་པ་འདུན་པ་འདི་མཁས་པ་སྤྱོད་པ་གསལ་བ་ཁབ་གཞུག་པར་གཏུན་བུ་འཇུད་ནུས་པ་ཡིན་པས་འདི་སྤྲོ་བ་བསྐྱེད་དེ་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་གཞུག་པར་བྱའོ་ཞེས་དེ་དག་གིས་ཚེ་དང་ལྡན་པ་འདུན་པ་སྤྲོ་བ་བསྐྱེད་དེ་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་བཅུག་གོ །དེ་ནས་ཚེ་དང་ལྡན་པ་འདུན་པ་དེའི་ནུབ་མོ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ། ཐབས་ཅི་ཡོད་ན་དེས་དགེ་འདུན་གྱི་གཙུག་ལག་ཁང་འགྲུབ་པར་འགྱུར་སྙམ་དུ་སེམས་པ་ལ་ཞུགས་སོ། །དེས་སུ་ཞིག་སུ་ལ་མངོན་པར་དད་སྙམ་དུ་རྣམ་པར་དཔྱད་པར་བརྩམས་པ་དང་དེ་འདི་སྙམ་དུ་སེམས་ཏེ། རེ་ཞིག་འཇིག་རྟེན་ལྷ་དང་བཅས་པ་ནི་བཅོམ་ལྡན་འདས་ལ་མངོན་པར་དད་པ་ཡིན། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་མངོན་པར་དད། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མ་འགགས་པ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་རྟ་ཐུལ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་བཟང་ལྡན་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་བ་རླངས་པ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མིང་ཆེན་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་གང་པོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་དྲི་མེད་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་བ་ལང་བདག་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་བཅོམ་ལྡན་འདས་ཀྱི་གཅུང་སྲུའི་སྲས་ཚེ་དང་ལྡན་པ་མཛེས་དགའ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་བཅོམ་ལྡན་འདས་ཀྱི་སྲས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་གྱད་བུ་ནོར་ལ། ཁྱིམ་ཆེ་གེ་མོ་ཞིག་ལ་སོགས་པ་ནི་ཚེ་དང་ལྡན་པ་དགའ་བོ་ལ་སོགས་པ་ལ་མངོན་པར་དང་
པ་ཡིན་པས་དེའི་ཕྱིར་དེ་དག་སྦྱོར་དུ་གཞུག་ཏུ་མི་ནུས་ཀྱི་འདི་ལྟར་ཀཽ་ཤཱ་མྦཱི་ན་བྲམ་ཟེ་ཕྱུག་པ་ནོར་མང་པོ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་པ་དེ་ནི་སེར་སྣ་ཅན་མིག་ཕྲ་བ་བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ་ཡོ་བྱད་ཀུན་འཛིན་ནུས་པ་ཡིན་ལ། དེ་ལ་དབྱིག་དང་གསེར་མང་པོ་བདོག་པས་གལ་ཏེ་རྗེས་སུ་འཇུག་པར་བྱེད་ནུས་ན་དགེ་འདུན་གྱི་གཙུག་ལག་ཁང་འགྲུབ་པར་འགྱུར་རོ་སྙམ་ནས་དེ་དེ་ལྟར་སེམས་པ་ལ་ཞུགས་པས་ཚེགས་ཆེན་པོས་ནམ་ལངས་པར་བྱས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཀཽ་ཤཱ་མྦཱིར་བསོད་སྙོམས་ལ་ཞུགས་སོ། །དེས་ཁྱིམ་གཉིས་སམ་གསུམ་དུ་བསོད་སྙོམས་བརྒྱུས་ནས་ཕྱེ་ཉུང་ཤས་ཞིག་ཁྱེར་ཏེ་བྲམ་ཟེ་དེའི་ཁྱིམ་དུ་འཇུག་པར་བརྩམས་པ་དང༌། སྒོ་བས་འཕགས་པ་སྡོད་ཅིག་མ་འཇུག་ཤིག་ཅེས་དགག་གོ །ཚེ་དང་ལྡན་པ་འདུན་པས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་ཁོ་བོ་ཅག་གི་སྤྱོད་ཡུལ་མ་ཡིན་པ་ནི་རྣམ་པ་ལྔ་གསུངས་ཏེ། རོལ་མོ་མཁན་གྱི་གནས་དང༌། སྨད་འཚོང་མའི་གནས་དང༌། ཆད་མའི་གནས་དང༌། གདོལ་པའི་གནས་དང༌། རྒྱལ་པོའི་ཕོ་བྲང་ཡིན་ན་ཅི་ཁྱིམ་འདི་དེ་དག་ལས་གཅིག་ཡིན་ནམ་ཅི་ན་ཁོ་བོ་ལ་འགོག་པར་བྱེད། སྒོ་བས་སྨྲས་པ། འཕགས་པ་ཁྱེད་མང་དུ་བཀྱོན་པར་འགྱུར་མོད་ཀྱི། ཁྱིམ་འདི་དེ་དག་ཀྱང་མ་ལགས་ཏེ། འདི་ལྟར་འདི་ནི་བྲམ་ཟེ་ཆེ་གེ་མོ་ཞིག་གི་ཁྱིམ་ལགས་སོ། །འདུན་པས་བསམས་པ། གང་དུ་རེ་ཞིག་ངོ་འཕྲད་པ་ཡང་མེད་པ་དེར་གཞན་ཅི་ཞིག་ཡོད་པར་འགྱུར་སྙམ་ནས་དེ་དེ་ལྟར་སྒོ་དགག་སྟེ་སེམས་ཁོང་དུ་ཆུད་ནས་འདུག་པ་ན་ཁྱིམ་བདག་ཅིག་གི་བུ་བྱུང་བ་དེར་བཅུ་གཉིས་འདུས་པའི་དགའ་འདུན་གར་དང་གླུ་དང་སིལ་སྙན་གྱིས་ཞུགས་པ་དང༌། སྒོ་བ་དེ་དེ་ལ་ཡེངས་ཤིང་སྒོ་ལ་མི་ལྟ་བའི་ཚེ་ཚེ་དང་ལྡན་པ་འདུན་པ་བྲམ་ཟེ་དེའི་ཁྱིམ་དུ་ཞུགས་ནས་དེའི་སྤྱོད་ལམ་མཛེས་པ་འདོད་ཆགས་དང་བྲལ་བའི་ས་སྦྱོང་བར་བྱེད་པ་དེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། བཙུན་པ་འདུན་པ་བྱོན་པ་ལེགས་སོ། །གདན་འདི་ལ་བཞུགས་ཤིག །འདུན་པ་དོན་ཡོད་
པས་འདུག་པ་དང༌། གཏམ་གྱི་སྐབས་མ་རྙེད་ནས་འདུན་པས་སྨྲས་པ། བྲམ་ཟེ་ཁོ་བོས་བསོད་སྙོམས་ཀྱི་ཕྱེ་ཉུང་ཤས་ཞིག་རྙེད་པ་འདི་འཚག་ཏུ་ཆུག་སྟེ་བྱིན་ཞིག །བྲམ་ཟེས་བུ་མོ་ལ་བསྒོ་བ་བུ་མོ་འཕགས་པའི་བསོད་སྙོམས་ཀྱི་ཕྱེ་ཚོགས་ཏེ་ཕུལ་ཅིག་བུ་མོ་དེས་བཙགས་པར་བརྩམས་པ་དང༌། ཚེ་དང་ལྡན་པ་འདུན་པས་ཕྱེ་ལ་བརྟག་པར་བརྩམས་སོ། །བྲམ་ཟེས་སྨྲས་པ། འཕགས་པ་ཅི་རྟོག །སྨྲས་པ། སྲོག་ཆགས་རྟོག་གོ །གལ་ཏེ་མཆིས་ན་ཇི་ལྟར་བགྱི། བཟའ་བར་མི་བྱའོ། །གལ་ཏེ་གསོལ་བར་གྱུར་ན། ནོངས་པ་ཅི་མཆིས། བྲམ་ཟེ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་བར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང༌། གལ་ཏེ་འདི་ལྟ་བུ་ཉིད་དུ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་ཡང་ཚེ་ཐུང་བ་དང་ནད་མང་བར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་མི་དགེ་བ་བཅུ་དང་དགེ་བ་བཅུའི་ལས་ཀྱི་ལམ་དག་རྒྱས་པར་བརྗོད་པ་དང༌། བྲམ་ཟེ་དེ་མངོན་པར་དང་པར་གྱུར་ནས་རང་ཉིད་ཀྱིས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་སྣོད་བཀང་སྟེ་སྨྲས་པ། འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་བཞེས་སུ་གསོལ། ཚེ་དང་ལྡན་པ་འདུན་པས་བསམས་པ། གལ་ཏེ་བླངས་པར་གྱུར་ན་འདི་ལྟ་སྟེ། དཔེར་ན་ཤིང་ལ་སོགས་པའི་སྣོད་དུ་བསྐོལ་བ་དང་འདྲ་བར་བདག་གི་དང་པོ་འདི་ཉིད་ཐ་མར་འགྱུར་རོ་སྙམ་དུ་རིག་ནས་སྨྲས་པ། བྲམ་ཟེ་ཁོ་བོས་བསོད་སྙོམས་ཀྱི་ཕྱེ་ཉུང་ཤས་ཅིག་རྙེད་པ་འདི་ཉིད་ཡོངས་སུ་ལོངས་སྤྱད་པར་བྱའི། དད་པས་སྦྱིན་པར་བྱ་བ་བླངས་ཏེ་དོར་དུ་ག་ལ་རུང་བས་ཁྱོད་ཀྱི་འདི་མི་ལེན་ཏོ། །བྲམ་ཟེས་སྨྲས་པ། འཕགས་པ་བདག་ཅག་བྲམ་ཟེ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་གལ་ཏེ་ངན་པ་རྙེད་ནས་བཟང་པོ་རྙེད་པར་གྱུར་ན་ངན་པ་སྤངས་ཏེ། བཟང་པོ་ཡོངས་སུ་ལོངས་སྤྱད་པར་བགྱི་བ་ལགས་ན་དེ་ཁྱེད་ཅག་ལ་ཅི་ནོངས། སྨྲས་པ་བྲམ་ཟེ་ཁོ་བོ་ཅག་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ཡིན་ལ།
ཁྱེད་ཅག་བྲམ་ཟེ་དག་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་མ་ཡིན་པས་ཁྱོད་བྲམ་ཟེ་དག་ནི་ཅི་དགར་འཇུག་པར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ལ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞི་བཀའ་སྩལ་ཏེ། བཞི་གང་ཞེ་ན། ཆོས་གོས་གང་ཡང་རུང་བས་ཆོག་ཤེས་པ་དང༌། བསོད་སྙོམས་གང་ཡང་རུང་བས་ཆོག་ཤེས་པ་དང༌། གནས་མལ་གང་ཡང་རུང་བས་ཆོག་ཤེས་པ་དང༌། སྤོང་བ་དང་བསྒོམ་པ་ལ་དགའ་བ་འཕགས་པའི་རིགས་སོ། །དེ་ནས་བྲལ་ཟེ་དེ་ཤིན་ཏུ་མངོན་པར་དད་པར་གྱུར་ནས་སྨྲས་པ། འཕགས་པ་འདི་ནི་ཁྱོད་ཀྱི་ཁབ་ལགས་ཀྱི་དུས་དང་དུས་སུ་གཤེགས་སུ་གསོལ། །སྨྲས་པ་བྲམ་ཟེ་ཁྱོད་ཀྱི་སྒོ་བ་འདི་ནི་གཤིན་རྗེའི་དབྱུག་པ་དང་འདྲ་བ་ཡིན་པས་སུ་ཡང་འཇུག་ཏུ་མི་སྟེར་གྱི་ལེགས་པར་སྒོས་ཤིག་དང་དེས་ན་ཁོ་བོ་ལ་འགོག་པར་མི་བྱེད་དོ། །བྲམ་ཟེས་སྒོ་བ་བཀུག་སྟེ་ལེགས་པར་བསྒོ་བ། ཀྭ་ཡེ་ནང་རྗེ་ཁྱིམ་འདི་འཕགས་པ་འདུན་པའི་ཡིན་གྱི་ཁྱོད་ཀྱིས་མ་བཀག་ཅིག །ནང་མི་ལ་ཡང་བསྒོ་བ་ཁྱེད་ཅག་གིས་འཕགས་པ་འདུན་པ་ལ་མི་གུས་པར་མི་བྱའོ། །ཚེ་དང་ལྡན་པ་འདུན་པས་བསམས་པ་བྲམ་ཟེ་འདི་ནི་མངོན་པར་དད་པར་གྱུར་ན། འོན་ཀྱང་གལ་ཏེ་འདིར་ལྷུང་བཟེད་ནག་པོ་ཅན་དག་ཞུགས་པར་གྱུར་ན་དེས་འདི་ཅི་ནས་ཀྱང་འཁྲུག་པར་བྱེད་པར་འགྱུར་བས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་འདུན་པས་སྒོ་བདེ་ལ་སྨྲས་པ། ཀྭ་ཡེ་ནང་རྗེ་ཁྱོད་ཀྱིས་བྲམ་ཟེ་དེ་ཇི་ལྟར་ཁོ་བོ་ལ་དད་པར་གྱུར་བ་མཐོང་ངམ། འཕགས་པ་མཐོང་ངོ༌། །དེས་ཁོ་བོ་འབའ་ཞིག་འདིར་འཇུག་ཏུ་གནང་གི །ལྷུང་བཟེད་ནག་བོ་ཅན་སུ་ཡང་འཇུག་ཏུ་མ་གཞུག་ཤིག །གལ་ཏེ་འདིར་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་འཇུག་ཏུ་བཅུག་ན་ཁོ་བོས་ཁྱོད་ལ་ཁྲིམས་ཆེན་པོ་འཆར་གཞུག་པར་བྱའོ། །འཕགས་པ་ཤིན་ཏུ་བག་ཡངས་སུ་བཞུད་ཅིག །ཁྱོད་ཉིད་ཀྱང་རེ་ཞིག་དེའུ་མ་ཆུད་པ་ལགས་ན། ལྷུང་བཟེད་ནག་པོ་ཅན་གཞན་འཇུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་ཚེ་དང་ལྡན་པ་འདུན་པ་ཡིད་བདེ་བ་སྐྱེས་ཏེ་སོང་ནས་དེ་དུས་དང་དུས་སུ་བྲམ་ཟེ་དེའི་
ཁྱིམ་དུ་འགྲོ་བར་བྱེད་དོ། །བྲམ་ཟེས་ཀྱང་དེ་ཁོ་ན་བཞིན་དུ་ཡང་དང་ཡང་དུ་སྟོབས་པར་བྱེད་པ་ན་ཚེ་དང་ལྡན་པ་འདུན་པས་དང་དུ་ལེན་པར་མི་བྱེད་པར་སྦྱིན་པ་དང་ལྡན་པའི་ཆོས་བསྟན་པ་འབའ་ཞིག་བྱས་ཤིང་འགྲོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་འདུན་པས་བྲམ་ཟེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་ཅིང༌། དེ་དག་རྒྱ་ཆེར་ལེགས་པར་བཤད་པ་དང༌། བྲམ་ཟེས་སྨྲས་པ། འཕགས་པ་བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་འབའ་ཞིག་བགྱིའོ། །བྲམ་ཟེ་དེ་བཞིན་གྱིས་ཤིག །འཕགས་པ་ཅི་ཞིག་བགྱི། དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་ཆུག་ཤིག །བྲམ་ཟེས་བསམས་པ་བདག་གིས་འཕགས་པ་འདུན་པ་ལ་རྣམ་པ་དུ་མར་བསྟབས་ན། འདིས་ལན་འགའ་ཡང་དང་དུ་མ་བླངས་ཏེ། ད་དང་དུ་བླངས་པ་གང་ཡིན་པ་འདི་ཡང་དགེ་འདུན་གྱི་ཕྱིར་རོ་སྙམ་ནས་དེ་ངོ་མཚར་སྐྱེས་ཏེ་སྨྲས་པ། འཕགས་པ་བདག་ལ་ཀཱ་ར་ཥཱ་པ་ཎ་དག་ནི་མཆིས་ན་འོན་ཀྱང་ས་གཞི་ནི་རྒྱལ་པོ་དབང་བས་གང་དུ་དགེ་འདུན་གྱི་གཙུག་ལག་ཁང་བགྱིད་དུ་སྩལ་བའི་དོགས་མ་མཆིས་སོ། །སྨྲས་པ། བྲམ་ཟེ་ཁྱོད་སྙིང་ལས་ཆུང་དུར་གྱིས་ཤིག་དང༌། ཁོ་བོས་རྒྱལ་པོ་ལས་ས་གཞི་བསླང་བར་བྱའོ་ཞེས་ཚེ་དང་ལྡན་པ་འདུན་པས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་ཐབས་ཀྱིས་ས་གཞི་བསླངས་ཏེ་གྲུབ་པ་དང་དྲུག་སྡེ་གཞན་དག་ཀྱང་སྦྲན་ནས། བྲམ་ཟེ་ལས་ཟོང་བླངས་ཏེ་དགེ་འདུན་གྱི་གཙུག་ལག་ཁང་བརྩིག་པར་བརྩམས་སོ། །དེ་ནས་ཕྱོགས་གང་དུ་གཙུག་ལག་ཁང་རྩིག་ཏུ་གཞུག་ཅེས་གླེངས་པ་དང༌། ཀཽ་ཤཱ་མྦཱི་དང་གདངས་ཅན་གྱི་ཀུན་དགའ་ར་བའི་བར་ན་གནས་ཀྱི་ཤིང་ལྗོན་པ་ཞིག་ཡོད་པ་དེའི་དྲུང་ན་བྲམ་ཟེ་འཁོར་ཤིན་ཏུ་མང་པོ་དང་ལྡན་པ་ཞིག་བྲམ་ཟེ་དེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་པ་དེའི་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་དྲུག་སྡེ་དག་བསོད་ནམས་ལ་འཇུག་པ་དང་འབྱུང་བ་ན་ཡང་དང་ཡང་དུ་ཀྱེ་དྲུག་སྡེ་དག་ཅི་བསོད་
སྙོམས་མཆོག་དང་བསོད་སྙོམས་དང་པོ་ཐོབ་བམ། སྣོད་ཁེངས་སམ་ཞེས་ཅོ་འདྲི་བར་བྱེད་པས་དེའི་ཚེ་དྲུག་སྡེ་དག་འདི་སྙམ་དུ་སེམས་ཏེ། གནས་ཀྱི་ཤིང་ལྗོན་པ་དེའི་དྲུང་ན་བྲམ་ཟེ་དེའི་སློབ་མ་བྲམ་ཟེའི་ཁྱེའུ་དེ་དག་རྟག་ཏུ་བདག་ཅག་ལ་དེ་སྐད་ཅོ་འདྲི་བར་བྱེད་ཀྱི་དེ་དག་མི་དགའ་བར་བྱ་ཞིང་གནས་ཀྱི་ཤིང་ལྗོན་པ་དེ་གཅོད་དུ་བཅུག་སྟེ་ཕྱོགས་དེར་གཙུག་ལག་ཁང་རྩིག་ཏུ་བཅུག་ན་དེས་ན་ཕྱིན་ཆད་ཡང་དང་ཡང་དུ་བདག་ཅག་ལ་དེ་དག་ཅོ་འདྲི་བར་མི་བྱེད་དོ་ཞེས་དེ་དག་གིས་ཀྱང་བགྲོས་ནས་ཀཱ་ར་ཥཱ་པ་ཎ་དག་ཁྱེར་ཏེ། གླ་མི་མང་པོ་བཀུག་ནས་དེའི་མཚན་མོ་ནམ་སྲོས་པ་དང༌། གནས་ཀྱི་ཤིང་ལྗོན་པ་དེ་བཅད་ནས་ཤིང་དེ་ཐམས་ཅད་ཀྱང་རྩ་བ་ནས་ཕྱུང༌། ས་ཕྱོགས་དེ་ཡང་ཅི་ནས་ཀྱང་གནས་ཀྱི་ཤིང་ལྗོན་པ་དེའི་ཕྱོགས་གང་ན་འདུག་འདུག་པར་གྱུར་ཅེས་བྱ་བ་སུས་ཀྱང་མི་ཤེས་པ་དེ་ལྟར་མཉམ་པར་བྱས་སོ། །དྲུག་སྡེ་དག་གིས་ཕྱོགས་དེར་མིག་གིས་བརྟགས་ཏེ་གཙུག་ལག་ཁང་གིས་བཅད་ནས་དེར་ངོ༌། །བྲམ་ཟེའི་ཁྱེའུ་དེ་དག་གི་ཀུན་དུ་སྤྱོད་པ་ནི་ཉིན་རེས་ཀྱིས་གནས་ཀྱི་ཤིང་ལྗོན་པ་དེའི་དྲུང་དུ་ཆག་ཆག་འདེབས་པར་བྱེད། ལེགས་པར་སྐུ་བར་བྱེད། བ་ལང་གི་ལྕི་བ་གསར་པའི་བྱུག་པས་ཉུག་པར་བྱེད་པས་དེའི་ཕྱི་དེ་ཉིན་པར་བྲམ་ཟེའི་ཁྱེའུ་ཞིག་ལ་རེས་བབ་ནས་དེ་ནང་པར་སྔར་ལངས་ཏེ་སོང་བ་དང༌། དེས་གནས་ཀྱི་ཤིང་ལྗོན་པ་དེ་མ་མཐོང་ནས་དེ་མཁན་པོའི་གན་དུ་སོང་སྟེ་སྨྲས་པ། མཁན་པོའི་གནས་ཀྱི་ཤིང་ལྗོན་པ་དེ་མ་མཆིས་སོ། །བྲམ་ཟེས་སྨྲས་པ། ཀྭ་ཡེ་བྲམ་ཟེའི་ཁྱེའུ་ཅི་ཞིག་ལོག་པར་མ་སོང་ངམ། མ་དང་སུམ་ཁོ་ནས་ཤིང་ལྗོན་པ་དེ་གར་སོང༌། བྲམ་ཟེའི་ཁྱེའུ་གཞན་ཞིག་ཀྱང་དེ་དང་ལྷན་ཅིག་གད་མོས་འདེབས་ཤིང་དེས་སྨྲས་པ། མཁན་པོ་བྲམ་ཟེའི་ཁྱེའུ་འདིས་མདང་སུམ་འབྲས་ཁུའི་རྩབས་འཚལ་བས་དེས་ན་མ་མཐོང་ངོ་ཞེས་མཆིའོ། །བྲམ་ཟེ་དེས་བྲམ་ཟེའི་ཁྱེའུ་ཆེས་སྒྲིན་པ་གཞན་ཞིག་བཏང་ན་དེས་ཀྱང་དེ་ཁོ་ན་བཞི་
དུ་མ་མཐོང་ནས་དེ་ཡང་འོངས་ཏེ་སྨྲས་པ། མཁན་པོ་དེ་དེ་བཞིན་ཏེ་གནས་ཀྱི་ཤིང་ལྗོན་པ་དེ་ཡེ་མ་མཆིས་སོ། །དེ་ནས་ཐམས་ཅད་འདུས་ཏེ་འདོང་བ་དང་དེ་དག་གིས་དེ་ཁོ་ན་བཞིན་དུ་མ་མཐོང་ནས། བྲམ་ཟེའི་ཁྱེའུ་དྲན་པ་དང་ལྡན་བ་ཞིག་ཡོད་པ་ན་རེ་ཕྱོགས་འདི་ན་ནི་མཁན་པོ་གསང་ཚིག་འདོན་བར་མཛད་དོ། །ཕྱོགས་འདི་ན་ནི་བདག་སྦྱོང་སྦྱོང་ན་དེ་ཅི་ནོངས་ཇི་ལྟར་གྱུར་པ་མ་འཚལ་ཏོ་ཞེས་ཟེར་རོ། །དེ་དག་དེ་ལྟར་སེམས་ཁོང་དུ་ཆུད་ཅིང་འདུག་པ་ན་མི་ཞིག་འོངས་ནས་དེས་སྨྲས་པ། བྲམ་ཟེ་ཅིའི་ཕྱིར་དེ་ལྟར་འཁོར་དང་བཅས་པ་སེམས་ཁོང་དུ་ཆུད་ཅིང་འཁོད། ཀྱེ་ནང་རྗེ་ཕྱོགས་འདི་ནག་ནས་ཀྱི་ཤིང་ལྗོན་པ་ཞིག་འདུག་པར་གྱུར་བ་དེ་མདང་སུམ་དུ་གར་སོང་མ་ཤེས་སོ། །ཀྱེ་བྲམ་ཟེ་ཁོ་བོས་མདང་སུམ་ནམ་སྲོས་ཙམ་ན་ཕྱོགས་འདི་ན་དྲུག་སྡེ་དག་མི་སྟ་རེ་དང་གཞོར་དང་གླེ་བ་ཐོགས་པ་དག་དང་ལྷན་ཅིག་འདུག་པ་མཐོང་ན་དེ་དག་གིས་བཅད་པར་མ་གྱུར་ཏམ། བྲམ་ཟེས་སྨྲས་པ། ཀྱེ་ནང་རྗེ་འོན་ཀྱང་དེ་ལགས་སོ་ཞེས་དེ་དག་དེ་བཞིན་དུ་སེམས་ཁོང་དུ་ཆུད་ཅིང་འཁོད་པ་ན་དྲུག་སྡེ་དག་ལྷགས་ནས་དེ་དག་གིས་སྨྲས་པ། བྲམ་ཟེ་དག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འཁོད། འཕགས་པ་དག་ཕྱོགས་འདི་ན་གནས་ཀྱི་ཤིང་ལྗོན་པ་ཞིག་མཆིས་པར་གྱུར་པ་དེ་མདང་སུམ་དུ་གར་མཆིས་མ་འཆལ་ཏོ། །དྲུག་སྡེ་དག་གིས་བགད་པར་བརྩམས་པ་དང༌། བྲམ་ཟེས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གིས། མ་བཀུམ་མམ། བཀྲེན་པ་དག་ཁྱེད་ཅག་རྟག་ཏུ་དེའི་དྲུང་ན་འཁོད་ཅིང་ཁོ་བོ་ཅག་ལ་ཀྱེ་དྲུག་སྡེ་དག་ཇི་བསོད་སྙོམས་མཆོག་དང་གསོད་སྙོམས་དང་པོ་ཐོབ་བམ། སྣོད་ཁེངས་སམ་ཞེས་ཅོ་འདྲི་བར་བྱེད་པས་དེའི་ཕྱིར་འདི་ལྟར་ཁྱེད་ཅག་མི་དགའ་བར་བྱའོ། །དེ་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སློང་གི་ཚུལ་ནི་ཚིག་གོ །བྲམ་ཟེའི་ཚུལ་ནི་ཚིག་སྟེ། དེ་ལྟར་གནས་ཀྱི་ཤིང་ལྗོན་པ་ཡང་བཅད་པར་གྱུར་ཏོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཀཽ་ཤཱམྦཱི་ན་
གནས་པའི་སྐྱེ་བོའི་ཚོགས་དང་ཡུལ་ཐ་དང་པ་ན་གནས་པ་དེར་ལྷགས་པ་དེ་དག་གིས་ཀྱང་ཐོས་ནས། དེ་དག་ཀྱང་ལམ་པོ་ཆེ་དང་ལམ་སྲང་དང་བཞི་མདོ་དང་སུམ་མདོ་དག་ན་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅིང༌། གང་དག་མ་དད་པ་དེ་དག་གིས་བསོད་སྙོམས་ལ་ཞུགས་པ་དག་ལ་ཡང་བསོད་སྙོམས་སྦྱིན་པར་མི་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་དའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་གཞི་བལྟ་བའི་ཕྱིར་དགེ་སློང་དས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བ་དང༌། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་དགེ་འདུན་ལྷག་མའོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བརྙས་པ་མི་བཟོད་པ། ཉེས་པ་ནི་གཙུག་ལག་ཁང་རྩིག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་ཆོས་འདི་པས་སོ། །བདག་པོ་ཡོད་པ་ཞེས་བྱ་བ་ནི་གང་ལ་བདག་པོ་སྐྱེས་པའམ་བུད་མེད་དམ་མ་ནིང་ཡོད་པའོ། །དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཕྱིར་རོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འཆག་པ་དང༌། འགྲེད་བ་དང་འདུག་པ་དང་ཉལ་བ་དག་ཤོང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་གཉིས་པོ་སྤྱིན་པར་བྱ་བ་དང་ཚད་ཀྱིས་ཏེ། དེ་ལས་འདིར་ནི་སྤྱིན་པར་
བྱ་བས་ཆེན་པོར་དགོངས་པ་ཡིན་གྱི་ཚད་ཀྱིས་ནི་མ་ཡིན་ནོ། །རྩིག་ཏུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་གྱིས་སོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ལ། གཞི་བལྟ་བའི་ཕྱིར་ཞེས་བྱ་བ་ནི་ས་གཞི་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་ཉིད་བལྟ་བའི་ཕྱིར་རོ། །དགེ་སློང་དེས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །དགེ་སློང་དག་བཀྲི་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་ཡོད་པ་དག་ཡིན་གྱི་ཇི་ཙམ་གྱིས་གཞི་དེ་མིག་གིས་བལྟས་པར་གྱུར་པའི་དགེ་སློང་དེ་ཙམ་བཀྲི་བར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ན་སྦྲུལ་གྱི་གནས་སམ་སྡིག་པའི་གནས་སམ་སྲིལ་གྱི་གནས་སམ་གྲོག་མའི་གནས་ཡོད་པ་ཡིན་ན་མི་རུང་བ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་རུང་བ་ཡིན་ན་དེའི་འོག་ཏུ་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་རྒྱལ་པོའི་གཞི་འམ། མཆོད་རྟེན་གྱི་གཞི་འམ། ཁྱིམ་བདག་གི་གཞི་འམ་མུ་སྟེགས་ཅན་གྱི་གཞི་འམ། དགེ་སློང་མའི་དབྱར་ཁང་ངམ་ཤིང་ལྗོན་པ་གཅད་པར་བྱ་བ་ཡོད་ན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་རུང་བ་དང་རྩོད་པ་མེད་པ་ཡིན་ན་དེའི་ཉེ་འཁོར་འདམ་གང་ཁོ་ར་ཁོར་ཡུག་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་གཞི་ཆུ་ཀླུང་ལ་བརྟན་ནམ་ལམ་ལ་བརྟེན་ནམ་ཁྲོན་པ་ལ་བརྟན་ནམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་དེ་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ན། དགེ་སློང་དེས་གཙུག་ལག་ཁང་དུ་སོང་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་བཞིན་དུ་ཕྱག་བྱས་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་
ཞེས་བགྱི་བས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་སྩལ་དུ་གསོལ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་གཙུག་ལག་ཁང་གི་གཞི་བསྟན་པ་གསོལ་པའོ། །དེའི་འོག་ཏུ་དགེ་སློང་དེ་དག་གིས་ཀྱང་དགེ་སློང་དེ་ལ་དད་པས་སམ་ཡིད་ཆེས་པས་འགྲོ་བར་མི་བྱ་བར་འདི་ལྟར་དགེ་འདུན་ཐམས་ཅད་དེར་འགྲོ་བར་བྱ་བའམ། དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་གཏང་བར་བྱའོ། །དེ་དག་གིས་གཞི་དེ་མིག་གིས་བལྟ་བར་བྱ་ཞིང་གལ་ཏེ་དེན་སྦྲུལ་གྱི་གནས་སམ་སྡིག་པའི་གནས་སམ་སྲིལ་གྱི་གནས་སམ་གྲོག་མའི་གནས་ཡོད་པ་ཡིན་ན་མི་རུང་བ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་རུང་བ་ཡིན་ན་དེའི་འོག་ཏུ་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་རྒྱལ་པོའི་གཞིའམ། མཆོད་རྟེན་གྱི་གཞིའམ་ཁྱིམ་བདག་གི་གཞིའམ་མུ་སྟེགས་ཅན་གྱི་གཞིའམ་དགེ་སློང་མའི་དབྱར་ཁང་ངམ། ཤིང་ལྗོན་པ་གཅད་པར་བྱ་བ་ཡོད་ན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར་བསྟན་པར་མི་བྱའོ། །གལ་ཏེ་གཞི་རུང་བ་དང་རྩོད་པ་མེད་པ་ཡིན་ན་དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ཏུ་ཉེ་བར་བརྟག་པར་བྱ་སྟེ། གལ་ཏེ་དེ་ན་གཞི་ཆུ་ཀླུང་ལ་བརྟེན་ནམ། ཁྲོན་པ་ལ་བརྟེན་ནམ། ལམ་ལ་བརྟེན་ནམ། ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟེན་པར་མི་བྱའོ། །གལ་ཏེ་གཞི་རུང་བ་དང་རྩོད་པ་མེད་པ་དང་བརྩམ་དུ་རུང་བ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ན་དེའི་ཚེ་དགེ་སློང་དེ་དག་གིས་རྒན་པའི་མཐའ་ལོགས་སུ་གུས་པ་དང་བཅས་པས་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །གནས་བརྟན་དག་གཞི་དེ་རུང་བ་དང་རྩོད་པ་མ་མཆིས་པ་དང་བརྩམ་དུ་རུང་བ་ལགས་ཀྱི་ད་དེའི་དུས་ལ་བབ་པར་
མཁྱེན་པར་མཛོད་ཅིག །དེ་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདིས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་བ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ཏོ། །འདི་ནི་གསོལ་པའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདིས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུ་ན་ལས་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་ཕ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་ལག་གི་བླ་གང་ལ་གཙུག་ལག་ཁང་གི་གཞི་རུང་བ་རྩོད་པ་མེད་པ་བརྩམ་དུ་རུང་བ་བསྟན་པ་བྱིན་པ་དེས་གཙུག་ལག་ཁང་རྩིག་ཏུ་གཞུག་པར་བྱ་སྟེ། འདི་ལ་འགྱོད་པར་མེ་བྱའོ། །ཁྲིད་པའི་དགེ་
སློང་དག་གིས་ཀྱང་ཞེས་བྱ་བ་ནི་དེར་དགེ་སློང་གང་དག་ཁྲིད་པ་དེ་དག་གིས་ཀྱང་ངོ༌། །གཞི་ཞེས་བྱ་བ་ནི་གཙུག་ལག་ཁང་གི་དབང་དུ་བྱས་པའི་གཞི་གང་ཡིན་པའོ། །རུང་བ་ཞེས་བྱ་བ་ནི་སྤྲུལ་གྱི་གནས་དང་སྡིག་པའི་གནས་ལ་སོགས་པ་དང་བྲལ་པའོ། །རྩོད་པ་མེད་པ་ཞེས་བྱ་བ་ནི་འཐབ་མོ་དང་མཚང་འདྲུ་བ་ལ་སོགས་པ་དང་བྲལ་བའོ། །བརྩམ་དུ་རུང་བ་ཞེས་བྱ་བ་ནི་དེའི་ཉེ་འཁོར་འདོམ་གང་ཁོར་ཁོར་ཡུག་ན་སྐྱོན་མེད་པར་རོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་སོ་སོར་བརྟག་པར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ་ཞེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པའི་གནས་ཀྱི་ཤས་ཆེ་བའོ། །རྩོད་པ་དང་བཅས་པའམ་ཞེས་བྱ་བ་ནི་འཐབ་མོ་དང་བཅས་པ་དང་མཚང་འདྲུ་བ་དང་བཅས་པ་དང་རྩོད་པ་དང་བཅས་པ་དང་འ་གྱེད་པ་དང་བཅས་པའོ། །བརྩམ་དུ་མི་རུང་བར་ཞེས་བྱ་བ་ནི་གང་གི་ཉེ་འཁོར་འདོམ་གང་ཁོ་ར་ཁོར་ཡུག་མེད་པར་རོ། །བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ་གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲོད་དམ་དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་ཞེས་བྱ་བ་ནི་ཇི་སྐད་སྨོས་པ་དེ་དག་ལས་འདས་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་གཞན་ཐམས་ཅད་ནི་ཁང་པའི་སྐབས་དང་འདྲའོ། །བྱེ་བྲག་ཏུ་ན་ས་གཞི་དང་ཡོ་ཕྱད་གཞན་ལས་བཙལ་བ་ཞེས་བྱ་བའི་ཡན་ལག་ངེས་པ་མེད་དེ། བཙལ་ཀྱང་རུང་མ་བཙལ་ཀྱང་རུང་བ་དང༌། གཅིག་གི་དོན་དུ་ཞེས་བྱ་བ་ཚོགས་ཀྱི་དོན་དུ་ཞེས་བྱ་བར་བསྒྱུར་ཏེ་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་མ་བྱུང་བ་ཡང་རུང་སྟེ། གང་ཟག་བཞི་ཡན་ཆད་ཀྱི་དོན་དང་ཚད་ངེས་པ་མེད་དོ། །དེས་ན་འདི་ལྟར་འགྱུར་ཏེ། དགེ་སློང་གིས་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་ཀྱང་རུང་མ་བཙལ་ཀྱང་
རུང་བས་གཞི་མ་དག་པ་དང་མ་བསྟན་པར་ཚོགས་ཀྱི་དོན་དུ་གཙུག་ལག་ཁང་ཚད་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ངེས་པ་མེད་པ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་ན་མཐར་དགེ་འདུན་ལྷག་མར་འགྱུར་རོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ས་གཞི་དང་ཡོ་བྱད་གཞན་ལས་བཙལ་ཀྱང་རུང་མ་བཙལ་ཀྱང་རུང་བ་དང༌། གཞི་མ་དག་པ་དང་མ་བསྟན་པ་དང༌། ཚོགས་ཀྱི་དོན་དང་ཟིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྤྱོར་བ་དང༌། ལྟུང་བ་མེད་པ་དང། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པའི་བྱེ་བྲག་གཞན་ཐམས་ཅད་ནི་ཁང་པའི་དགེ་འདུན་ལྷག་མའི་སྐབས་སུ་བསྟན་པ་དང་འདྲ་བར་སྦྱར་རོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་སྟེ་བདུན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་དྲུག་པ། གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གྲོང་ཁྱེར་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེ་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གྱད་རྣམས་ལ་ཅོད་པན་མེད་པའི་རྒྱལ་སྲིད་བྱེད་དུ་འཇུག་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ན། སེམས་ཅན་སྲིད་པ་ཐ་མལ་སྤྱོད་པ་ཚོལ་བ་ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ་འཁོར་བ་ལས་ཕྱིར་ཕྱོགས་པ་སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་ཞིག་ལྷའི་རིགས་བཟང་པོ་ནས་ཤི་འཕོས་ཏེ་དེའི་སྐྱེ་དགུའི་བདག་མོའི་མངལ་དུ་ཞུགས་སོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་གསལ་བ། གསེར་གྱི་མདོག་འདྲ་
བ་མགོ་བོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ་སྣའི་གཟེངས་མཐོ་བ་ཞིག་བྱུང་ངོ༌། །དེའི་ཉེ་དུ་ངག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཁྱེའུ་དེའི་ཀུན་དུ་སྤྱོད་པ་ནི་ཇི་སྲིད་དུ་མལ་ཆེན་པོ་ནས་མ་ཕབ་པ་དེ་སྲིད་དུ་བཤང་བ་དང་གཅི་བ་མི་བྱེད་པ་ཡིན་ལ། ཡུལ་དབུས་ན་ཀུན་དུ་སྤྱོད་པ་ནི་གང་མཁས་པ་སྤྱོད་པ་གསལ་བ་དེ་ལ་ནོར་བུ་ལྟ་བུ་ཞེས་ཟེར་བས། ཉེ་དུ་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེའུ་འདི་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེའི་བུ་ཡང་ཡིན་ལ་ནོར་བུ་ལྟ་བུ་ཡང་ཡིན་པས་ཁྱེའུ་འདིའི་མིང་གྱད་བུ་ནོར་ཞེས་བྱའོ་ཞེས་དེའི་མིང་གྱད་བུ་ནོར་ཞེས་བྱ་བར་བཏགས་སོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་གྲངས་དང་རྩིས་དང་དབྱུང་བ་དང་གཞུག་པ་དང༌། གཞག་པ་ལ་ཉེ་པར་ཞུགས་ནས་ཡི་གེའི་མཐར་ཕྱིན་ཅིང་འབྱེད་པ་དང་ཀློག་པ་དང་མཁས་པ་དང་སྤྱོད་པ་གསལ་བ་དང་བརྟག་པ་ལ་མཁས་པར་གྱུར་ཏོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ལྗོངས་ཀྱི་དབང་ཕྱུག་མཐུ་དང་བརྩོན་འགྲུས་ཐོབ་པ་ས་ཆེན་པོའི་དཀྱིལ་འཁོར་མངོན་པར་རྒྱལ་བར་བྱས་ཏེ་གནས་པ་རྣམས་ཀྱི་བཟོའི་གནས་དང༌། ལས་ཀྱི་གན་ཐ་དད་པར་གྱུར་པ་གང་དག་ཡིན་པ་དེ་དག་ལ་ཡང་ཞུགས་ཤིང་བྱང་བར་གྱུར་རོ། །དེ་དུས་གཞན་ཞིག་ན་བློན་པོའི་བུ་ནེའུ་ལྡངས་གཞོན་ནུ་ལྔ་བརྒྱ་དང་རི་དགས་ཤོར་དུ་སོང་བ་ལས་རི་དགས་ཉམ་ཐག་པ་རྣམས་ལ་སྙིང་རྗེ་སྐྱེས་ནས་ཕྱིར་ལོག་སྟེ། དགེ་བ་གང་ཡིན་ཞེས་ཚོལ་བས་ངེས་པར་འབྱུང་བའི་མངོན་པ་དགའ་བ་བཙལ་བར་བརྩམས་སོ། །དེའི་ཚེ་ན་གྲོང་ཁྱེར་སྡིག་བྱུང་ན་འདྲོ་བ་སྐྱོང་གི་བུ་རྫོགས་བྱེད་དང༌། གང་ལྷས་ཀྱི་བུ་ཀུན་དུ་རྒྱུ་དང་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང༌། མི་ཕམ་སྐྲའི་ལ་བ་ཅན་དང༌། ཀ་ཏྱའི་བུ་ནོག་ཅན་དང༌། གཉེན་གྱི་བུ་གཅེར་བུ་ཞེས་བྱ་བ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་ཐམས་ཅད་ཤེས་པ་མ་ཡིན་པར་ཐམས་
ཅད་མཁྱེན་པར་མངོན་པའི་ང་རྒྱལ་ཅན་དག་ཉེ་བར་སྟེན་ཅིང་གནས་བ་དག་ལ་གཞོན་ནུ་གྱད་བུ་ནོར་གྱིས་ཆོས་ཀྱི་ཚུལ་དང་སློབ་མ་ལ་གདམས་པ་དང༌། ཚངས་པར་སྤྱོད་པའི་འབྲས་བུ་དང༌། ཕན་ཡོན་གང་ཡིན་ཞེས་དྲིས་ན། དེ་དག་ལམ་གོལ་བར་ཞུགས་པ་དང། ལམ་ངན་པ་ལོག་པར་སྒྲུབ་པ། ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཁས་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པར་རིག་ནས་སྣོད་སྟོང་པ་བཞིན་བརྡབས་ཏེ་བོར་ནས་རང་གི་གནས་སུ་སོང་ངོ༌། །དེ་ནས་གྱད་བུ་ནོར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་འདི་སྙམ་དུ་མ་ལ་འཇིག་རྟེན་གྱི་ཁམས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལྷ་དང་མིར་བཅས་པའི་ནང་ན་གང་གིས་བདག་འཁོར་བ་དགོན་པ་འདི་ནས་རབ་ཏུ་ཐར་པར་བྱེད་པའི་དགེ་སྦྱོང་ངམ་བྲམ་ཟེ་སྨན་དང་གསང་སྔགས་དང་རིག་སྔགས་ཚིག་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་དེ་ལྟ་བུ་འཆང་བ་སུ་ཡོད་སྙམ་དུ་བསམས་སོ། །དེའི་སྐབས་སུ་སངས་རྒྱ་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང་མི་གཟིགས་པ་དང་མ་རིག་པ་དང་རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མང་འ་བས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་ལ་ཕན་པར་མཛད་པ་སྲུང་བ་གཅིག་པུ་པ། ཉག་གཅིག་པ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱོང་བར་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་
ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ནི་ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ནི་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གདོན་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབའ། གང་ནི་ངན་སོང་གི་ལམ་ནས་བསླང་སྟེ་མཐོ་རིས་དང་ཐར་པ་དང༌། འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ན་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་ནི་སངས་རྒྱ་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གིས་དགེ་བའི་རྩ་བ་དག་མ་བསྐྱེད་པ་དག་ནི་བསྐྱེད་པར་བྱ། དགེ་བའི་རྩ་བ་དག་བསྐྱེད་པ་གང་ནི་ཡོངས་སུ་སྨིན་པར་བྱ། ཡོངས་སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ །དེ་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་གྲོང་ཁྱེར་སྡིག་བྱུང་ནས་གྱད་བུ་ནོར་དེ་རྒྱུད་ཡོངས་སུ་སྨིན་པ་དང་སྔོན་གྱི་སངས་རྒྱས་རྣམས་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཏེ། དེ་གདུལ་བའི་དུས་ནི་འབྲས་བུ་ཡོངས་སུ་སྨིན་པ་མཚོན་གྱིས་བརྟོལ་བ་ལ་བསྡད་པ་ལྟ་བུ་ཡིན་པར་གཟིགས་ནས། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅི་འདི་རེ་ཞིག་སྟོན་པས་གདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་འདུལ་བ་ཡིན་སྙམ་དུ་དགོངས་ནས། ཉན་ཐོས་ཀྱིས་འདུལ་བ་ཡིན་པར་གཟིགས་སོ། །སྒོ་གང་ན་འཇུག་པར་འགྱུར། ཅི་རྫུ་འཕྲུལ་གྱིས་འདུལ་བ་ཡིན་ནམ། འོན་ཏེ་སྤྱོད་ལམ་གྱིས་འདུལ་བ་ཡིན་སྙམ་དུ་དགོངས་ན། སྤྱོད་
ལམ་གྱིས་འདུལ་བ་ཡིན་པར་གཟིགས་སོ། །བཅོམ་ལྡན་འདས་ལ་ནི་གང་ལ་སྤྱོད་ལམ་གྱིས་འདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་བར་མཛད་དེ། འདི་ལྟར་དེའི་སྤྱོད་ལམ་གྱིས་ནི་ལྟ་དང་མིའི་ཡིད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་གྲོང་ཁྱེར་སྡིག་བྱུང་ན་གྱད་བུ་ནོར་འདུག་པ་ལ་སོམས་ཤིག །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་བཅོམ་ལྡན་འདས་ཀྱི་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེ་བསོད་སྙོམས་ལ་རྒྱུ་ཞིང་མཐར་གྱིས་གྲོང་ཁྱེར་སྡིག་བྱུང་དུ་ཕྱིན་ནས་པད་མའི་ཚལ་གསེབ་ན་འདུག་ཅིང་ཡང་འགྲོ་བ་དང་ལྡོག་པ་དང་ཅུང་ཟད་བལྟ་བ་དང་རྣམ་པར་བལྟ་བ་དང་བསྐུམ་པ་དང་བརྐྱང་བ་དང༌། སྣམ་སྦྱར་དང་ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་གྲོང་ཁྱེར་སྡིག་བྱུང་དུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ན་གྱད་བུ་ནོར་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་དགེ་བ་གང་ཡིན་ཚོལ་བས་གྲོང་ཁྱེར་ལ་བལྟ་ཞིང་འདུག་པས་ཚེ་དང་ལྡན་པ་རྟ་ཐུལ་སྤྱོད་ལམ་མཛེས་པས་བསོད་སྙོམས་ལ་རྒྱུ་བ་ཐག་རིང་པོ་ནས་མཐོང་ངོ༌། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གྲོང་ཁྱེར་སྡིག་བྱུང་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཅིག་ལྷགས་ཤིང་འདུས་ནས་གནས་པ་དག་ལས་འདི་ལྟ་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་འདི་ལྟ་བུ་ནི་བདག་གིས་སྔོན་ཆད་འགའ་ཡང་མ་མཐོང་ངོ་སྙམ་ནས་འདི་སྙམ་དུ་སེམས་ཏེ། རབ་ཏུ་བྱུང་བ་དག་ལ་ནི་གང་དག་གྲོང་དུ་སྤྱོད་ལམ་འཆོས་ལ་དགོན་པར་ཅི་དགར་སྤྱོད་པ་དག་ཀྱང་ཡོད་པས་བདག་གིས་དགོན་པར་འདིའི་སྤྱོད་ལམ་བརྟག་པར་བྱའོ་སྙམ་ནས་མི་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་ཚུར་ཤོག་རབ་ཏུ་བྱུང་བ་འདིའི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་སོང་ལ། འདིའི་ཇི་ལྟར་གྲོང་དུ་སྤྱོད་ལམ་ཞི་བ་ལྟར་དགོན་པར་ཡང་དེ་བཞིན་ནམ། འོན་ཏེ་མ་ཡིན་པ་རྟོགས་ཤིག །མི་ངེས་དེ་བཞིན་བརྟགས་ན་ཚེ་དང་ལྡན་པ་རྟ་ཐུལ་གྲོང་ཁྱེར་སྡིག་བྱུང་དུ་
བསོད་སྙོམས་བརྒྱུས་ནས་པདྨའི་ཚལ་གསེབ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་ནས་སྣམ་སྦྱར་སྤྲུགས་ཏེ། རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ། ཆུ་བཙགས་ནས་ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་ཀྱི་བྱ་བ་བྱས་ཏེ། ལོ་མ་ལྷག་ས་པ་དག་བོར་ནས་ལག་པ་གཉིས་བསྙལ་ཏེ་ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་ནས་རྐང་པ་གཉིས་བཀྲུས་ཏེ་ཤིང་ལྗོན་པ་ཞིག་གི་དྲུང་དུ་བསྟེན་ནས་བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བས་འདུག་གོ །དེ་ནས་མི་དེ་ཚེ་དང་ལྡན་པ་རྟ་ཐུལ་གྱི་སྤྱོད་ལམ་ཞི་བ་ལྷ་དང་མིའི་སེམས་སྡུད་པར་བྱེད་པས་ཡིད་སྡུད་པས་གྱད་བུ་ནོར་གལ་བ་དེར་སོང་སྟེ་དེ་སྐད་བཟླས་པ་དང༌། གྱད་བུ་ནོར་ཚེ་དང་ལྡན་པ་རྟ་ཐུལ་གྱི་སྤྱོད་ལམ་འབྱོར་པ་ཕུན་སུམ་ཚོགས་པ་ཐོས་པས་ཡིད་བསྡུས་ནས་གུས་པར་སྒྲིམ་པ་དང་བཅས་པས་བཞོན་པ་སྟོད་དུ་བཅུག་སྟེ་གྲོང་ཁྱེར་སྡིག་བྱུང་ནས་པད་མའི་ཚལ་གསེབ་ཏུ་སོང་ནས། ཤིང་རྟ་ཁ་བསྒྱུར་ཏེ་བཞོན་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་པདྨའི་ཚལ་གསེབ་ཏུ་ཞུགས་པ་དང༌། ཚེ་དང་ལྡན་པ་རྟ་ཐུལ་དབང་པོ་ཤིན་ཏུ་མཉམ་པར་གཞག་ཅིང་སྤྱོད་ལམ་ཞི་བས་འདུག་པ་མཐོང་ངོ༌། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏ། འདི་ལྟར་བདག་གིས་རབ་ཏུ་བྱུང་བ་འདི་ཏིང་ངེ་འཛིན་ལས་བསླང་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱི། གང་གི་ཚེ་འདི་ཏིང་ངེ་འཛིན་ལས་ལངས་པར་གྱུར་པ་དེའི་ཚེ་དེའི་དྲུང་དུ་འགྲོ་བར་བྱའོ་སྙམ་དུ་རི་གནས་མཐའ་གཅིག་ཏུ་བསྡད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཕྱི་འཕྲེད་ནང་དུ་ཡང་དག་འཇོག་ལས་ལངས་པ་དང༌། གྱད་བུ་ནོར་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་ཡང་དག་པར་མ་གུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ། འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཁྱོད་སྟོན་པ་ལགས་སམ། འོན་ཏེ་ཉན་ཐོས་ལགས། བཞིན་བཟངས་ཁོ་བོ་ནི་ཉན་ཐོས་སྟོན་པའི་ལམ་གྱི་རྗེས་སུ་ཞུགས་
པ་ཡིན་ནོ། །ཤེས་ལྡན་སྟོན་པ་དང་ཉན་ཐོས་ལ་ཁྱད་པར་ཅི་མཆིས། བཞིན་བཟངས་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་རི་རབ་དང༌། ཡུངས་ཀར་ལྟ་བུ་དང༌། རྒྱ་མཚོ་ཆེན་པོ་དང༌། བ་ལང་གི་རྗེས་ལྟ་བུ་དང༌། ཉི་མ་དང་སྲིན་བུ་མེ་ཁྱེར་ལྟ་བུ་དང་ནམ་མཁའ་དང་པདྨའི་རྩ་བའི་བུ་ག་ལྟ་བུའོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་སེམས་ཏེ། ཇི་ལྟར་རབ་ཏུ་བྱུང་བ་འདི་སྟོན་པ་ལ་སྟོད་པར་བྱེད་ཅིང་བདག་ཉིད་ལ་སྨོད་པར་བྱེད་པ་ལགས་ན་སངས་རྒྱས་ནི་དམ་པ་མ་ཡིན་པར་མི་འགྱུར་ལ། ཆོས་བསྟན་པ་ཡང་དམ་པ་མ་ཡིན་པར་མི་འགྱུར་རོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན་བདག་འཕགས་པའི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཞིན་བཟངས་ཁྱོད་ཕ་མས་གནང་བར་བྱོས་ཤིག །དེ་ནས་གྱད་བུ་ནོར་གྱིས་ཕ་མ་ལ་གསོལ་ཏེ། གནང་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི་དྲུང་དུ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་ཏེ། ཉིན་མོ་ཀླག་པ་དང་ཁ་ཏོན་བྱས་པས་སྡེ་སྣོད་གསུམ་པོ་དག་ལྷོགས་པར་གྱུར་ཏོ། །མཚན་མོ་བསམ་གཏན་བྱས་པས་གོང་ནས་གོང་དུ་ཡིད་ལ་བྱེད་པའི་ཁྱད་པར་ཐོབ་ནས། འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང༌། མི་གཡོ་བ་ཉིད་ལ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང༌། ལྟུང་བ་དང་རྣམ་པར་འཐོར་བ་དང༌། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པར་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེའི་ཚེ་དེ་ཉིད་ལ་རང་གིས་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས། སྲིད་པ་འདི་ལས་གཞན་ནི་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང༌། དགྲ་བཅོམ་པ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་
མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཙན་དན་ཞག་ལོན་པར་གཞག་པ་ལྟ་བུ་རིག་པའི་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང༌། རིག་པ་དང་མངོན་པར་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང༌། རྗེད་པར་བྱ་བ་དང༌། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་ཉན་ཐོས་ཀྱི་འདུས་པ་ཆེན་པོ་ཚེ་དང་ལྡན་པ་རྟ་ཐུལ་གྱི་གན་དུ་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་བ་དང་འགྲོགས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ༌། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པས་ཚེ་དང་ལྡན་པ་གྱད་བུ་ནོར་ཐག་རིང་པོ་ནས་གཟིགས་ནས་བཀའ་སྩལ་པ། གྱད་བུ་ནོར་ཚུར་ཤོག་འོངས་པ་ལེགས་སོ། །ཁྱོད་དུས་སུ་ཕྱིན་ཏོ། །གྱད་བུ་ནོར་རང་གི་སྟན་ཇི་ལྟ་བ་ལ་འདུག་ཤིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །དེའི་ཚེ་ན་རྒྱལ་པོའི་ཁབ་ན་དགེ་སློང་དག་གནས་མལ་མི་མཐུན་པར་འབོགས་ནས་དགེ་སློང་དག་ཕན་ཚུན་སེམས་བསྲུངས་པས་དགེ་བའི་ཕྱོགས་དག་མི་བྱེད་ཅིང་དེ་དག་དགེ་བའི་ཕྱོགས་རྣམས་ཀྱིས་མི་འཕེལ་ཏེ། དཔེར་ན་ཆུ་མེད་པ་ནས་ཨུཏྤ་ལ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་གྱད་བུ་ནོར་འདིས། སྔོན་གྱི་སངས་རྒྱས་རྣམས་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་སྤྱན་སྔར་ཀྱེ་མ་བདག་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་གནས་མལ་འབོགས་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་འདི་དགེ་སློང་རྣམས་ཀྱི་གནས་མལ་འབོགས་པར་བསྐོར་གཞུག་གོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་རམ་གཞན་ཡང་དེ་ལྟ་བུ་ཆོས་
ལྔ་དང་ལྡན་པ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོ་བར་བྱའོ། །དེ་ནས་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནས་མལ་འབོགས་པར་བསྐོས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གནས་མལ་འབོགས་པར་བསྐོས་པ་དེའི་ཚེ་ན་དེས་གནས་མལ་མཐུན་པར་ཕོག་པས་དགེ་སློང་རྣམས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་ཏེ། དཔེར་ན་ཆུ་ནས་ཨུཏྤ་ལ་བཞིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་གྱུར་པ་དེའི་ཚེ་ཚེ་དང་ལྡན་པ་བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་རྣམས་ཀྱིས་ཁྱིམ་དག་ཏུ་དགེ་འདུན་གྱི་ཟས་དག་བཤམས་པ་ན་དྲུག་སྡེ་དག་གང་ན་ཟས་བསོད་པ་དེར་དོང་སྟེ། ཁ་བརྔམ་དང་མི་རིགས་པ་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་གིས་སྤྱོས་ཤིང་སྤོབས་པ་མེད་པར་བྱས་ཏེ་བཏང་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་གྱད་བུ་ནོར་རམ་གཞན་ཡང་དེ་ལྟ་བུ་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཟས་ལ་བསྐོ་བ་བསྐོ་བར་བྱའོ། །དེ་ནས་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཟས་ལ་བསྐོ་བར་ཡང་བསྐོས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་ཟས་ལ་བསྐོ་བ་བསྐོས་པ་དེའི་ཚེ་ན་དེས་དགེ་འདུན་ལ་ཟས་རྣམ་པ་གསུམ་བཤམས་ཏེ། བསོད་པ་དང་འབྲིང་དང་ངན་པ་དག་གོ །དགེ་སློང་གང་དག་གློ་བུར་དུ་ལྷགས་པ་དེ་དག་ལ་ནི་ཉི་མ་དང་པོ་ལ་ནི་ཟས་བསོད་པ་དག་ཏུ་སྐོ་བར་བྱེད། ཉི་མ་གཉིས་པ་ལ་ནི་ཟས་འབྲིང་དག་ཏུ་སྐོ་བར་བྱེད། ཉི་མ་གསུམ་པ་ལ་ནི་ཟས་ངན་པར་སྐོ་བར་བྱེད་དོ། །ཉི་མ་བཞི་པ་ལ་ནི་དེ་དག་རང་གི་སྤྱོད་ཡུལ་ཤེས་པས་ཅི་དགར་བསོད་སྙོམས་ལ་འཇུག་པར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁ་བ་ན་གནས་པ་དང་གཉུག་མར་གནས་པ་དང༌། གསོལ་བ་བྱེད་པ་དང༌། གཏམས་པ་འཛིན་པ་དང༌། གནས་མལ་འབོགས་པ་
དང། ཟས་ལ་སྐོ་བར་བྱེད་པས་དེ་དགེ་འདུན་ལ་ལུགས་ཇི་ལྟ་བ་བཞིན་དང༌། རྒན་རིམས་ཇི་ལྟ་བ་བཞིན་དང༌། གོ་རིམས་ཇི་ལྟ་བ་བཞིན་དང༌། ཐོད་རྒལ་མེད་པར་ཟས་ལ་སྐོ་བར་བྱེད་དོ། །ཚེ་དང་ལྡན་པ་གྱད་བུ་ནོར་དང༌། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས་དེ་གཉིས་ལྷོའི་རི་བོ་དག་ཏུ་ལྗོངས་རྒྱུ་ཞིང་འདོང་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་གཉིས་ཀྱིས་དགེ་སློང་ཞིག་ལ་དྲིས་པ། ཚེ་དང་ལྡན་པ་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོས་པ་སུ་ཡིན། དེས་སྨྲས་པ། ཚེ་དང་ལྡན་པ་གྱད་བུ་ནོར་རོ། །དེ་ནས་དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་གན་དུ་སོང་སྟེ་སྨྲས་པ། ཁོ་བོ་ཅག་གཉིས་ཀྱི་གནས་མལ་ཕོག་ཤིག །དེའི་ཚེ་ན་མལ་ཆ་བཟང་པོ་གང་དག་ཡིན་པ་དེ་དག་ནི་གནས་བརྟན་གནས་བརྟན་རྣམས་ལ་ཕོག་ཟིན་པས་ལྷག་མ་ངན་པ་དག་ལུས་སོ། །གཙུག་ལག་ཁང་ཡང་ཉེ་འཁོར་གྱི་གང་དག་ཡིན་པ་དེ་དག་ནི་གནས་བརྟན་གནས་བརྟན་རྣམས་ཀྱིར་བསྐོས་ཟིན་པས་མཐའི་གཙུག་ལག་ཁང་དག་འབའ་ཞིག་ལུས་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་གཉིས་ལ་མལ་ཆ་ངན་པ་དག་ཕོག་ཅིང་གཙུག་ལག་ཁང་ཡང་མཐའ་དག་ཏུ་བསྐོས་སོ། །དེ་གཉིས་ཀྱིས་སྨྲས་པ། དགེ་འདུན་གྱིས་ཟས་ལ་བསྐོ་བ་སུ་ཡིན། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་སྨྲས་པ། བདག་སྟེ་གྱད་བུ་ནོར་རོ། །ཁོ་བོ་ཅག་གཉིས་ཀྱི་ཟས་སྐོས་ཤིག །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་དང་པོ་ལ་དེ་ཉིད་ཟས་བསོད་པ་དག་ཏུ་བསྐོས་པ་དང། བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་གིས་དྲིས་པ། སང་བདག་ཅག་གི་འདིར་མགྲོན་དུ་སུ་འོང་བར་འགྱུར། གཞན་དག་གིས་སྨྲས་པ། མཛའ་བོ་དང་ས་ལས་སྐྱེས་གཉིས་སོ། །དེ་དག་གིས་བསམས་པ། དེ་གཉིས་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་པས་སུ་ཞིག་དེ་གཉིས་ཀྱི་ཕྱིར་གུས་པར་བྱེད་པར་འགྱུར་ཏེ། ཅི་ཡང་རུང་བ་ཟོས་ཤིང་འགྲོ་བར་གྱུར་ཅིག་སྙམ་ནས་དེ་དག་གིས་དེ་གཉིས་ལ་གུས་པར་མ་བྱས་པར་ཟས་ངན་པ་བྱིན་ནོ། །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་གཉིས་པ་ལ་དེ་གཉིས་ཟས་འབྲིང་དག་ཏུ་བསྐོས་པ་དང༌། དེ་བཞིན་
དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དྲིས་པ། སང་བདག་ཅག་གི་འདིར་མགྲོན་དུ་སུ་འོང་བར་འགྱུར། གཞན་དག་གིས་སྨྲས་པ། མཛའ་བོ་དང་ས་ལས་སྐྱེས་གཉིས་སོ། །དེ་དག་གིས་བསམས་པ། དེ་གཉིས་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་སུ་ཞིག་དེ་གཉིས་ཀྱི་ཕྱིར་གུས་པར་བྱེད་པར་འགྱུར་ཏེ། ཅི་ཡང་རུང་བ་ཟོས་ཤིང་འགྲོ་བར་གྱུར་ཅིག་སྙམ་ནས་དེ་དག་གིས་དེ་གཉིས་ལ་གུས་པར་མ་བྱས་པར་ཟས་ངན་པ་བྱིན་ནོ། །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ཉི་མ་གསུམ་པ་ལ་ནི་དེ་གཉིས་རང་བཞིན་གྱིས་ཟས་ངན་པ་དག་ཏུ་བསྐོས་སོ། །དེ་ནས་མཛའ་བོ་དང་ས་ལས་སྐྱེས་གཉིས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་མི་བཟོད་དོ། །ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ་བདག་ཅག་གཉིས་ལ་གནས་མལ་ངན་པ་ཕོག་ཅིང་གང་དག་ཟོས་ན་རྫུད་པར་འགྱུར་ཞིང་ཤིན་ཏུ་ཡིད་དུ་མི་འོང་བའི་ཟས་ངན་པ་དག་གིས་ལན་གསུམ་གྱི་བར་དུ་མཐོ་བཙམས་གྱིས་འདི་ལ་གནོད་པ་ཇི་ལྟ་བུ་ཞིག་བྱ་སྙམ་མོ། །དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི་སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་རབ་ན་འདུག་པ་དེ་དེ་གཉིས་ལ་ཕྱག་འཚལ་དུ་སོང་བ་དང༌། དེ་གཉིས་ཀྱིས་སྲིང་མོ་དེ་ཐབས་ཀྱིས་བསྡིགས་ནས། ཁྱོད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ལ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་མ་ལགས་སོ་ཞེས་གསོལ་ཅིག་ཅེས། གཞི་མེད་པར་སྐུར་པ་འདེབས་སུ་བཅུག་གོ །དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་རིང་པོ་མ་ལོན་པར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། གསོལ་པ། བཙུན་པ་འདིར་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕ་མ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་མ་ལགས་སོ། །དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །
བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་སོ། །གྱད་བུ་ནོར་དེ་ལ་ཁྱོད་ཇི་སྙམ་དུ་སེམས། བཅོམ་ལྡན་འདས་མི་དྲན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཤིག །དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ་བར་བྱའོ། །དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མ་ཐོང༌། ཇི་ལྟར་མཐོང༌། གང་དུ་མཐོང༌། ཁྱེད་གཉིས་དོན་ཅི་ལ་དེར་སོན་པས་དེར་མཐོང་ཞེས་ལེགས་པར་རབ་ཏུ་གླེང་བར་གྱིས་ཤིག །བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་ཡང་འཇོག་ལ་ཞུགས་ནས་རིང་པོ་མ་ལོན་པར་རིག་ནས་ཚེ་དང་ལྡན་པ་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་བཟུང༌། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཇི་ཞིག་མཐོང༌། ཇི་ལྟར་མཐོང༌། གང་དུ་མཐོང༌། ཁྱེད་གཉིས་དོན་དེ་ཅི་ལ་སོན་པས་དེར་མ་ཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་པ་དང༌། དེ་གཉིས་ཀྱིས་སྨྲས་པ་ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བདག་ཅག་གཉིས་ལ་བསམས་བཞིན་དུ་གནས་མལ་ངན་པ་ཕོག་ཅིང༌། གང་དག་ཟོས་ན་རྗུད་པར་འགྱུར་ཞིང་ཤིན་ཏུ་ཡིད་དུ་མི་འོང་བའི་ཟས་ངན་པ་དག་གིས་ལན་གསུམ་གྱི་བར་དུ་མཐོ་བཙམས་པས་བདག་ཅག་གཉིས་ཀྱིས་ཆེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་སྨྲས་པར་ཟད་ཀྱི། ཚེ་དང་ལྡན་པ་གྱད་
བུ་ནོར་དགེ་སློང་མ་མཛའ་མོ་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་མ་ལགས་ཏེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་ནི་དགེ་སློང་དག་ལ་ལྟུང་བ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཕྱི་འཕྲེད་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གང་ན་བཤམས་པ་ཉིད་ལ་བཞུགས་པ་དང༌། དགེ་སློང་རབ་ཏུ་མང་པོ་དག་གིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཇི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་དག་ལ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གཞི་མེད་པར་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ༌། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་གྱུར་ནས་ཏེ། འཁྲུགས་པ་མ་བསལ་བར་རོ། །ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི་ཅི་ནས་ཀྱང་འདི་དགེ་སློང་གི་ཚུལ་དང་དབྲལ་ལོ་སྙམ་ནས་སོ། །དགེ་སློང་དག་པ་ཞེས་བྱ་བ་ནི་གྱད་བུ་ནོར་རམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པ་ལའོ། །གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་བོ་མཐོང་བའི་གཞི་དང་ཐོས་པའི་གཞི་དང༌། དོགས་པའི་གཞི་མེད་པར་རོ། །ཕམ་པར་འགྱུར་
བའི་ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་བཞི་པོ་གང་ཡང་རུང་བ་སྟེ། དེ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ། །དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དེ་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་པ་དང་ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པར་གྱུར་ནས་སོ། །རྩོད་པ་དེ་ཡང་ཞེས་བྱ་བ་ནི། རྩོད་པ་བཞི་པོ་འགྱེད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི་གཞི་གསུམ་པོ་དེ་དག་མེད་པ་ལའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་སྐུར་པ་འདེབས་པར་འདོད་པས་སོ། །ཞེ་སྡང་གིས་སྨྲས་སོ་ཞེ་ན་ཞེས་བྱ་བ་ནི་སྐུར་པ་བཏབ་པར་གྱུར་ཏོ་ཞེས་ཟེར་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། ཉམས་པར་འདུན་པས་མཐོང་བ་དང་ཐོས་པ་དང་དོགས་པའི་གཞི་མེད་པར་བརྫུན་དུ་སྨྲས་པས་དགེ་སློང་དང༌། དགེ་སློང་མ་མ་ཉམས་པ་དང༌། ཉམས་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་མིའི་འགྲོ་བ་གང་ཡང་རུང་བ་ལ་ཐབས་གང་ཡང་རུང་བས་གོ་བར་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ཏུ་ལྟུང་བ་འབྱིན་པར་བྱེད་པས་ཕ་རོལ་པོ་ཉམས་པར་བྱ་བ་བསྐྱེད་པར་བྱ་བའི་བསམ་པས་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གཞི་གང་ཡང་མེད་པར་བརྫུན་གྱི་ཚིག་གིས་དགེ་སློང་ཡང་རུང་དགེ་སློང་མ་ཡང་རུང༌། ཕམ་པར་འགྱུར་བ་བྱུང་ཡང་རུང༌། མ་བྱུང་ཡང་རུང་བ་ལ་ཕམ་པར་འགྱུར་བའི་ཆོས་བཞིའམ་བརྒྱད་གང་ཡང་རུང་བས་སྐུར་པ་དེ་ཉིད་དང་མིའི་འགྲོ་བ་པ་ཁྱིམ་པའམ། རབ་ཏུ་བྱུང་བ་སྐྱེས་པ་དད་བུད་མེད་དང་མ་ནིང་ལ་སོགས་པ་གང་ཡང་རུང་བ་ལ་མངོན་སུམ་
མམ། བརྒྱུད་པ་ལ་སོགས་པའི་ཐབས་གང་ཡང་རུང་བས་བརྡ་སྤྲོད་ཅིང་གོ་བར་བྱས་ན་དངོས་གཞིར་འགྱུར་རོ། །ཉམས་པར་འདུན་པའི་བསམ་པས་ཚངས་པར་སྤྱོད་པ་དང་དབྲལ་བར་འདོད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གཞི་གསུམ་མེད་པ་དང་བརྗེད་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདུ་ཤེས་དང་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་བསྒྱུར་བའི་བརྫུན་གྱི་ཚིག་གང་ཡང་རུང་བ་ལན་སྨད་པ་མེད་དོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་དང་བཅས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་གཉིས་ཕམ་པར་འགྱུར་བའི་ཆོས་ཀྱིས་ཉམས་པ་དང་མ་ཉམས་པ་གང་ཡང་རུང་བ་ལན་སྨད་པ་མེད་དོ། །ཕམ་པར་འགྱུར་བའི་ཆོས་ཐུན་མོང་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཉན་པ་པོ་དེ་ཉིད་དང་མིའི་འགྲོ་བ་པ་ཁྱིམ་པའམ་རབ་ཏུ་བྱུང་བ་སྐྱེས་པ་དང་བུད་མེད་དང་མ་ནིང་ལ་སོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བརྡ་སྤྲད་པའི་ཐབས་མངོན་སུམ་མམ་བརྒྱུད་པའམ་ཕྲིན་དང་སྤྲིད་ཡིག་དང་བརྡ་ལ་སོགས་པས་གོ་བར་བྱེད་པ་གང་ཡང་རུང་བལ་ན་སྨད་པ་མེད་དོ། །གང་ཟག་མ་ཉམས་པ་དག་ལ་གཞི་བཅུས་ལྟུང་བར་འགྱུར་ཏེ། མ་མཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པར་འདུ་ཤེས་བསྒྱུར་ཏེ་མཐོང་ངོ་ཞེའམ། ཐོས་སོ་ཞེའམ། དོགས་སོ་ཞེས་ཟེར་བ་གསུམ་དང༌། ཐོས་པ་ལ་བརྗེད་པ་དང་དོགས་པ་ལ་བརྗེད་པ་ལས་འདུ་ཤེས་བསྒྱུར་ཏེ་ཐོས་ཏེ་མ་བརྗེད་དོ་ཞེའམ། དོགས་ཏེ་མ་བརྗེད་དོ་ཞེས་ཟེར་བ་གཉིས་དང༌། ཐོས་པ་ལ་ཡིད་ཆེས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་ཡིད་མ་ཆེས་པར་མཐོང་ངོ་ཞེའམ། ཐོས་པ་ལ་དོགས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་མི་དོགས་པར་མཐོང་ངོ་ཞེའམ། དོགས་པ་ལ་དོགས་ནས་མཐོང་ངོ་ཞེས་ཟེར་བ་ལྔ་སྟེ། དེ་ལྟར་གཞི་བཅུ་པོ་དག་གང་བརྗོད་ཀྱང་ན་སྨད་པ་མེད་དོ། །གང་ཟག་དག་པ་མ་དག་པ་ལྟར་བཅོས་པ་ལ་ཡང་གཞི་དེ་བཅུས་ལྟུང་བར་འགྱུར་རོ། །གང་ཟག་ཉམས་པ་མ་དག་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཏེ། མ་མཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པར་འདུ་ཤེས་
བསྒྱུར་ཏེ་མཐོང་ངོ་ཞེའམ། ཐོས་སོ་ཞེའམ། དོགས་སོ་ཞེས་ཟེར་བ་གསུམ་དང༌། མཐོང་ལ་ཐོས་ལ་བརྗེད་པ་དང༌། དོགས་ལ་བརྗེད་པ་དང༌། འདུ་ཤེས་བསྒྱུར་ཏེ། མཐོང་སྟེ་མ་བརྗེད་དོ་ཞེའམ། ཐོས་ཏེ་མ་བརྗེད་དོ་ཞེའམ། དོགས་ཏེ་མ་བརྗེད་དོ་ཞེས་ཟེར་བ་གསུམ་དང་ཐོས་པ་ལ་ཡིད་ཆེས་ནས་མཐོང་ངོ་ཞེའམ། ཐོས་པ་ལ་ཡིད་མ་ཆེས་པར་མཐོང་ངོ་ཞེའམ། ཐོས་པ་ལ་དོགས་ནས་མཐོང་ངོ་ཞེའམ། དོགས་པ་ལ་མི་དོགས་པར་མཐོང་ངོ་ཞེའམ། དོགས་པ་ལ་དོགས་པ་ན་མཐོང་ངོ་ཞེས་ཟེར་བ་ལྔ་སྟེ། དེ་ལྟར་གཞི་བཅུ་གཅིག་པོ་དག་གང་བརྗོད་ཀྱང་ན་སྨད་པ་མེད་དོ། །གང་ཟག་མ་དག་པ་དག་པ་ལྟར་བཅོས་པ་ལ་ཡང་གཞི་བཅུ་གཅིག་པོ་དེ་དག་གིས་ལྟུང་བར་འགྱུར་རོ། །མཚན་དང་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པ་ལ་ན་སྨད་པ་མེད་དོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་ཡིད་གཉིས་དང་བཅས་པས་སྐུར་པ་ལ་ན་སྨད་པ་མེད་དོ། །གཞི་གསུམ་པོ་དག་ནི་ཐ་དད་པས་དེ་དག་ནང་བསྣོར་བ་ལ་ན་སྨད་པ་མེད་དོ། །བརྗེད་པ་ནི་མེད་པ་དང་འདྲ་བས་བརྗེད་པས་སྐུར་པ་ལ་ན་སྨད་པ་མེད་དོ། །དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་པས་དེ་ཉིད་ཉམས་པ་ཡིན་ཡང་གཞི་མེད་པར་འདུ་ཤེས་བསྒྱུར་ན་དེ་ཉམས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་ད། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མང་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཉམས་པར་འདུན་པས་གཞི་མེད་པར་དགེ་སློང་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་
འགྱུར་ཏེ། ཉམས་པར་འདུན་པ་དང༌། གཞི་མེད་པར་སྐུར་པ་དང༌། བསྙེན་པར་རྫོགས་པ་དང༌། ཕམ་པར་འགྱུར་བའི་ཆོས་དང་དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་གཞི་མེད་པར་སྐུར་པ་འདེབས་པར་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མི་བསྟེན་པས་སྐུར་པ་འདེབས་ན་ཉེས་པ་སྦོམ་པོའོ། །དེས་ན་དགེ་སློང་ལ་ཕོའི་དབང་པོ་མེད་པ་མ་ནིང་ཕོ་ལྟ་བུ་དང༌། དགེ་སློང་མ་ལ་མོའི་དབང་པོ་མེད་པ་མི་ནང་མོ་ལྟ་བུས་སྐུར་པ་འདེབས་ན་ཉེས་པ་སྦོམ་པོའོ། །ཉམས་པར་བྱ་བའི་མིང་མ་སྨོས་པར་སྐུར་པ་འདེབས་ན་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །མི་མ་ཡིན་པའི་འགྲོ་བ་ལ་གོ་བར་བྱས་ན་ཉེས་པ་སྦོམ་པོའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་གཞི་མེད་པར་སྐུར་པ་འདེབས་པ་བརྩམས་ནས་ཇི་སྲིད་དུ་སྦྱོར་བ་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །ཁྲོས་པར་གྱུར་པ་དང༌། རྒོད་བག་དང༌། བྱུང་རྒྱལ་གྱིས་སྐུར་པ་འདེབས་ན་ཉེས་བྱས་སོ། །དུད་འགྲོའི་འགྲོ་བ་པ་ལ་གོ་བར་བྱས་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་སྐུར་པ་བཏབ་ན་ཉེས་བྱས་སོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱས་པས་སྐུར་ན་ཉེས་བྱས་སོ། །གཞི་གསུམ་པོ་དག་མེད་པར་བདག་གིས་བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །དགེ་འདུན་ལྷག་མས་སྐུར་ན་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ཉེས་བྱས་སོ། །ཉེས་བྱས་ཀྱིས་སྐུར་ན་ཉེས་བྱས་ཕྲ་མོར་འགྱུར་རོ། །སྦྱོར་བའི་ལྟུང་པ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ལྟུང་བ་མེད་པ་ནི་གང་ཟག་མ་ཉམས་པ་དག་པ་ལ་གཞི་ལྔས་ལྟུང་བར་མི་འགྱུར་ཏེ། མ་མཐོང་བ་དང༌། མ་ཐོས་པ་དང༌། མི་དོགས་པ་ལ་འདུ་ཤེས་མ་བསྒྱུར་བར་མ་མཐོང་ངོ་ཞེའམ། མ་ཐོས་སོ་ཞེའམ། མི་དོགས་སོ་ཞེས་ཟེར་བ་གསུམ་དང༌། ཐོས་པ་ལ་བརྗེད་པ་དང༌། དོགས་ལ་བརྗེད་པ་ལས་འདུ་ཤེས་མ་བསྒྱུར་བར་
ཐོས་ཏེ་བརྗེད་དོ་ཞེའམ། དོགས་ཏེ་བརྗེད་དོ་ཞེས་ཟེར་བ་གཉིས་ཏེ། དེ་ལྟར་གཞི་ལྔ་པོ་དག་གང་བརྗོད་ཀྱང་ལྟུང་བ་མེད་དོ། །གང་ཟག་དག་པ་ལ་དག་པ་ལྟར་བཅོས་པ་ལ་ཡང་གཞི་དེ་ལྔ་ལ་ལྟུང་བ་མེད་དོ། །གང་ཟག་ཉམས་པ་མ་དག་པ་ལ་ནི་གཞི་དྲུག་གིས་ལྟུང་བར་མི་འགྱུར་ཏེ། མཐོང་བ་དང་ཐོས་པ་དང༌། དོགས་པ་ལ་འདུ་ཤེས་མ་བསྒྱུར་བར་མཐོང་ངོ་ཞེའམ། ཐོས་སོ་ཞེའམ། དོགས་སོ་ཞེས་ཟེར་བ་གསུམ་དང༌། མཐོང་བ་ལ་མ་བརྗེད་པ་དང༌། ཐོས་པ་ལ་མ་བརྗེད་པ་དང༌། དོགས་པ་ལ་མ་བརྗེད་པ་ལ་འདུ་ཤེས་མ་བསྒྱུར་བར་མཐོང་སྟེ་མ་བརྗེད་དོ་ཞེའམ། ཐོས་ཏེ་མ་བརྗེད་དོ་ཞེའམ། དོགས་ཏེ་མ་བརྗེད་དོ་ཞེས་ཟེར་བ་གསུམ་སྟེ། དེ་ལྟར་གཞི་དྲུག་པོ་དག་གང་བརྗོད་ཀྱང་ལྟུང་བ་མེད་དོ། །གང་ཟག་མ་དག་པ་དག་པ་ལྟར་བཅོས་པ་ལ་ཡང་གཞི་དེ་དྲུག་ལ་ལྟུང་བ་མེད་དོ། །དྲིལ་བསྒྲགས་པ་ལ་ཡང་ལྟུང་བ་མེད་དོ། །ངོས་ལ་རི་མོ་བྲིས་པ་ཕན་ཆད་ལ་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཞི་མེད་པར་སྐུར་པ་འདེབས་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །གཞི་མེད་པ་ལ་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་སྟེ་བརྒྱད་པ་བཤད་ཟིན་ཏོ།། །།གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་འདུག་སྟེ། དེ་དང་ཧ་ཅང་མི་རིང་བ་ཞིག་ན་རྫིང་བུ་རྡོ་རྩིག་ཅན་ཞེས་བྱ་བ་ཞིག་ཡོད་པ་དེའི་འགྲམ་ན་ཚེ་དང་ལྡན་པ་གྱད་བུ་ནོར་ཉིན་མོ་གནས་པར་བྱེད་དོ། །གང་གི་ཚེ་ན་དགེ་སློང་མ་ཨུཏྤ་ལའི་མདོག་དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བརྟེན་ཏེ་
ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་རྣམ་པར་རྒྱལ་བར་བྱ་བ་ལས་རྣམ་པར་རྒྱལ་བར་གྱུར་པ་དེའི་ཚེ་ན་དེ་ཤེས་ནས་དད་པ་དང་ལྡན་པས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ཡང་དང་ཡང་དུ་བལྟ་བའི་ཕྱིར་འགྲོ་ཞིང༌། ལྷག་པར་ཡང་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་ལྟར་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་གྱུར་ཀྱང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་སྤངས་ཏེ། དགེ་འདུན་གྱི་ཆོས་དང་ལྡན་པའི་ཞལ་ཏའི་ལས་དགལ་བརྩོན་པར་གྱུར་པ་ནི་དཀའ་བ་བྱེད་པ་ཡིན་ན་སྙམ་ནས་ཡང་དང་ཡང་དུ་དེ་བལྟ་བའི་ཕྱིར་འོང་ངོ༌། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གལ་བ་དེར་སོང་སྟེ་ཕྱིན་པ་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེའི་ཚེ་ན་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཕྱག་དང་ཁྲོད་ཅིག་རྙེད་ཅིང༌། དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོ་ན་ཡོད་པས་རྟག་ཏུ་ཀླན་ཀ་ཚོལ་བ་ལ་བརྩོན་པ་ཡིན་པས། མཛའ་བོས་སྨྲས་པ། ས་ལས་སྐྱེས་ཕྱག་དར་ཁྲོད་རྙེད་པ་འདི་གང་དུ་འཁྲུར་གཞུག །ས་ལས་སྐྱེས་ཀྱིས་སྨྲས་པ། རྫིང་བུ་རྡོ་རྩིག་ཅན་ནི་རྒྱུན་ལུགས་ཉུང་ཞིང་ཉེ་འཁོར་གཙང་བ་ཡིན་པས་དེར་འདོང་ངོ༌། །དེ་གཉིས་ཕྱག་དར་ཁྲོད་དེ་ཁྱེར་ནས་རྫིང་བུ་རྡོ་རྩིག་ཅན་དུ་དོང་ནས། དེ་གཉིས་ཀྱིས་ཕྱག་དར་ཁྲོད་དེ་དེར་འཁྲུར་བཅུག་ནས། ཉི་མ་ལ་བཏིང་སྟེ་འཁོད་དོ། །དེའི་ཚེ་ན་རི་དགས་ཀྱི་ཁྱུ་དག་རྫིང་བུ་རྡོ་རྩིག་ཅན་དུ་ལྷགས་ནས་ཆུ་འཐུངས་ཏེ་འདོང་བར་བྱེད་དོ། །རི་དགས་དག་ནི་ཆོས་ཉིད་ཀྱིས་གཅིག་གི་རྒྱབ་ཏུ་གཅིག་རྒལ་བར་བྱེད་པ་ཡིན་པས། ཅི་ཙམ་ན་རི་དགས་ཤིག་གིས་རི་དགས་མོ་ཞིག་གི་རྒྱབ་ཏུ་རྒལ་ཏེ། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པར་བརྩམས་སོ། །དེ་མཛའ་བོས་མཐོང་ནས་སྨྲས་པ། ས་ལས་སྐྱེས་གྱད་བུ་ནོར་འདི་
དགེ་སློང་མ་ཨུཏྤ་ལའི་མདོག་ལ་མི་ཚངས་པར་སྤྱོང་པ་འཁྲིག་པའི་ཆོས་བསྟེན་གྱིས་འདོད་ལ་དེ་དགེ་སློང་རྣམས་ལ་བརྗོད་པར་བྱའོ། །ས་ལས་སྐྱེས་ཀྱིས་སྨྲས་པ། མཛའ་བོ་དོ་ཅིག་དེའི་ཚེ་ཡང་རེ་ཞིག་བདག་ཅག་གཉིས་གནས་ནས་དབྱུང་བའི་ལས་བྱས་ན། ཅི་ད་ཡང་གནས་ནས་དབྱུང་བའི་ལས་བྱེད་དུ་འཇུག་པར་འདོད་དམ། མཛའ་བོས་སྨྲས་པ། ས་ལས་སྐྱེས། དེའི་ཚེ་ན་ནི་ཡང་དག་པ་མ་ཡིན་པས་ཡིན་གྱི། ད་ནི་བག་ཙམ་ལས་བསམ་པ་ཡོད་དེ། གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་དང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མ་མཐོང་ངམ། འདི་ལ་བརྫུན་དུ་སྨྲ་བ་གལ་ཡོད་ཀྱི་ཚུར་ཤོག་འདོང་ལ་དགེ་སློང་རྣམས་ལ་བརྗོད་པར་བྱའོ། །ས་ལས་སྐྱེས་དེ་མཛའ་བོས་བསླུས་པ་ན་བཏུབ་པར་གྱུར་ནས། དེ་གཉིས་གཙུག་ལག་ཁང་དུ་དོང་སྟེ། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག །འདི་ལྟར་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་སློང་མ་ཨུཏྤ་ལའི་མདོག་དང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་སྟེ། འདི་ལ་བདག་ཅག་གཉིས་གང་གི་དང་པའམ་ཡིད་ཆེས་པས་འགྲོ་བར་བྱ། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་གཉིས་ཇི་ཁྱེད་གཉིས་ལྷ་དང་མི་རྣམས་གཅིག་ཏུ་ཡོངས་སུ་གཏོང་ཞིང་སེམས་ཅན་དམྱལ་བ་པ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་སུ་གཅིག་ཏུ་གནས་སམ་ཅི་ན། དགེ་སློང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་སྟོན་པ་དེ་ལ། ཁྱེད་གཉིས་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ནི་བདག་ཅག་གཉིས་ཀྱིས་མ་ཉེས་ཀྱི། འདི་ལྟར་བདག་ཅག་གཉིས་ཀྱིས་མིག་གིས་མཐོང་བས་མིག་དབྱུང་བར་བྱ་གྲང༌། བཅོམ་ལྡན་འདས་ཀྱིས་སྔར་དེ་གཉིས་ལ་ཅི་ཞིག་མཐོང༌། ཅི་ལྟར་མཐོང༌། གང་དུ་མཐོང༌། ཁྱེད་གཉིས་དོན་ཅི་ལ་དེར་སོན་པས་མཐོང་ཞེས་ལེགས་པར་རབ་ཏུ་གླེང་བར་གྱིས་ཤིག །བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་པས་དགེ་སློང་རྣམས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང༌། ཇི་ལྟར་མཐོང༌།
གང་དུ་མཐོང༌། ཁྱེད་གཉིས་དོན་ཅི་ལ་དེར་སོན་པས་དེ་མཐོང་ཞེས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་སོ། །དགེ་སློང་རབ་ཏུ་མང་པོ་དག་གིས་ལེགས་པར་རབ་ཏུ་གླེངས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བསྟེན་ཏེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བདག་ཅག་གཉིས་ལ་བསམས་བཞིན་དུ་གནས་མལ་ངན་པ་ཕོག་ཅིང་གང་དག་ཟོས་ན་རྗུད་པར་འགྱུར་བ་ཤིན་ཏུ་ཡིད་དུ་མི་འོང་བའི་ཟས་ངན་པ་དག་གིས་ལན་གསུམ་གྱི་བར་དུ་མཐོ་བ་རྩམས་པས་བདག་ཅག་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་པར་ཟད་ཀྱི། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་མི་ཚང་པར་སྤྱོད་པ་འཁྲིག་པའི་ཆོས་མ་བསྟེན་ཏེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་ནི་དགེ་སློང་དག་པ་ལྟུང་བ་མེད་པ་ཡིན་ནོ། །དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་བ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་
བསམས་པ་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པར་སྐུར་པ་འདེབས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ༌། །ཞེ་སྡང་བར་གྱུར་ནས་ཞེས་བྱ་བ་ནི་ཡིད་མི་དགའ་བར་གྱུར་ནས་ཏེ། འཁྲུགས་པ་མ་བསལ་བར་རོ། །ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི་ཅི་ནས་ཀྱང་འདི་དགེ་སྦྱོང་གི་ཚུལ་དང་དབྲལ་ལོ་སྙམ་ནས་སོ། །དགེ་སློང་དག་པ་ཞེས་བྱ་བ་ནི་གྱད་བུ་ནོར་རམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པ་ལའོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་མ་ཡིན་པ་དང་མཐུན་པ་ནི་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ །ཕམ་པར་འགྱུར་བའི་ཞེས་བྱ་བ་ནི་བཞི་པོ་གང་ཡང་རུང་བའོ། །ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པས་སོ། །སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ། །དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དེ་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་བ་དང་ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པར་གྱུར་ནས་སོ། །རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འགྱེད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆ་མ་ཡིན་པ་དང༌། མཐུན་པར་ཕམ་པར་འགྱུར་བ་ཞེས་བྱ་བ་ཡིན་པའོ། །རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་བསམས་པ་ཙམ་གྱི་ཆོས་འགའ་ཞིག་བླངས་པར་ཟད་ལ་ཞེས་བྱ་བ་ནི་གཟུང་ལ། བག་ཙམ་
ལས་བསམས་པ་ཙམ་གྱི་ཞེས་བྱ་བ་ནི་རི་དགས་དང་རི་དགས་མོ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་དེ་ཆོས་ཀྱི་སྒྲར་གསུངས་པའོ། །བླངས་པར་ཟད་ལ་ཞེས་བྱ་བ་ནི་གཟུང་བར་གྱུར་ལའོ། །དགེ་སློང་ཡང་ཞེ་སྡང་ལ་གནས་བས་ཞེས་བྱ་བ་ནི་སྐུར་པ་འདེབས་པར་འདོད་པས་སོ། །ཞེ་སྡང་གིས་སྨྲས་སོ་ཞེ་ན་ཞེས་བྱ་བ་ནི་སྐུར་པ་བཏབ་པར་གྱུར་ཏོ་ཞེས་ཟེར་ནའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་གཞན་ཐམས་ཅད་ནི་གཞི་མེད་པར་སྐུར་པ་འདེབས་པའི་སྐབས་དང་འདྲའོ། །བྱེ་བྲག་ཏུ་ན་སྔར་བརྫུན་དུ་སྨྲ་བས་ཞེས་སྨོས་པ་དེའི་ཕྱིར་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། འདིར་ནི་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གིས་བརྫུན་དུ་སྨྲས་ན་དངོས་གཞིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བརྗོད་པར་བྱ་བ་གཞན་ཞེས་བྱ་བ་ནི་གང་ཟག་འདིས་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པར་བྱས་སོ་ཞེས་བྱ་བའི་བརྗོད་པར་བྱ་བ་དོན་གསལ་བ་དེ་ལས་གཞན་པའི་བརྗོད་པར་བྱ་བ་དོན་མི་གསལ་བའོ། །དེ་ལ་གནས་པའི་ཚིག་ཅེས་བྱ་བ་ནི་བརྗོད་པར་བྱ་བའི་དེན་མི་གསལ་བ་དེ་ལ་གནས་པའི་ཚིག་སྟེ། ཚིག་དེས་དགེ་སློང་ཉམས་པ་དང་མ་ཉམས་པ་གང་ཡང་རུང་བ་ལ་བརྫུན་གྱིས་ཕམ་པར་འགྱུར་བས་སྐུར་པ་འདེབས་སམ། མིའི་འགྲོ་བ་གང་ཡང་རུང་བ་ལ་ཐབས་གང་ཡང་རུང་བས་གོ་བར་བྱེད་པ་ན་དགེ་འདུན་ལྷག་མར་འགྱུར་རོ། །དཔེར་ན་ཁོ་བོ་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་མཐོང་ངོ། དགེ་སློང་མ་ཨུཏྤ་ལའི་མདོག་མཐོང་ངོ༌། །མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་སྒྲ་དེ་གསུམ་གཅིག་ལ་གཅིག་མ་སྦྱར་བར་ཁོ་བོ་ཅག་གིས་མཐོང་ངོ་ཞེས་ཟེར་བ་ལྟ་བུའོ། །དེས་ན་འདི་ལྟར་འགྱུར་ཏེ། ཉམས་པར་འདུན་པས་བརྗོད་པར་བྱ་བ་གཞན་ལ་གནས་
པའི་ཚིག་བརྫུན་པས་དགེ་སློང་དང་དགེ་སློང་མ་མ་ཉམས་པ་དང་ཉམས་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་མིའི་འགྲོ་བ་པ་གང་ཡང་རུང་བ་ལ་ཐབས་གང་ཡང་རུང་བས་གོ་བར་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ། །འདི་ལ་ཡང་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཉམས་པར་འདུན་པ་དང༌། བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་བརྫུན་པས་སྐུར་པ་དང༌། བསྙེན་པར་རྫོགས་པ་དང༌། ཕམ་པར་འགྱུར་བའི་ཆོས་དང༌། དོན་གོ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དགེ་སློང་གིས་དགེ་སློང་ཕམ་པར་འགྱུར་བ་དག །དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་ཀྱི་ལྟུང་བ་གང་ཡང་རུང་བ་འབྱིན་པར་མཐོང་ཞིང༌། དེ་ལ་ལྟུང་བ་མེད་པའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་དམ། སོ་སོར་བཤགས་པར་བྱ་བའམ། ཉེས་བྱས་ཀྱི་ལྟུང་བ་གང་ཡང་རུང་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཏེ། འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་ཐམས་ཅད་ལ་ན་སྨད་པ་མེད་དེ་དགེ་འདུན་ལྷག་མར་འགྱུར་རོ། །དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པའི་བྱེ་བྲག་གཞན་ཐམས་ཅད་ནི་གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མའི་སྐབས་སུ་བསྟན་པ་དང་འདྲ་བར་སྦྱར་རོ། །དེ་ལ་མིང་གི་ཁྱད་པར་ནི་སྔ་མ་ནི་མཐོང་བ་དང་ཐོས་པ་དང༌། དོགས་པའི་གཞི་མེད་པར་སྐུར་པ་འདེབས་པའོ། །འདི་ནི་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་འགྱུར་བའི་ཆོས་ཀྱིས་བག་ཙམ་གྱི་སྐུར་པ་འདེབས་པ་སྟེ། དེ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལུང་ཉིད་ལས་ནི་གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་པོ་དག་གོ་ཞེས་གསུངས་སོ། །འདུལ་བ་འཛིན་པ་དག་གིས་བཤད་པ་ལས་ནི་གཞན་གྱི་ཆ་དང་མཐུན་པ་ཞེས་བཤད་དོ། །གཞན་ལ་བརྟེན་པ་ནི་གཞན་གྱི་ཆའོ། །དེ་དང་རྗེས་སུ་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པའོ། །དེ་ཡང་གཞི་མེད་
པར་སྐུར་བ་འདེབས་བ་དོན་གསལ་བར་གོ་བར་བྱེད་པ་ལས་རྣམ་པ་གཞན་པའི་སྐུར་པ་འདེབས་པ་དོན་མི་གསལ་བས་གོ་བར་བྱེད་པའི་ཚིག་དགེ་འདུན་ལྷག་མ་བྱེད་པ་ནི་གཞན་གྱི་ཆ་དང་མཐུན་པ་ཞེས་བྱ་སྟེ། བག་ཙམ་ཞེས་ཀྱང་བྱའོ་ཞེས་ཟེར་རོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་དགུ་པ་བཤད་ཟིན་ཏོ།། །།དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་བསོད་སྙོམས་རྙེད་དཀའ་བ་བྱུང་ངོ༌། །དེ་ན་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དེ་དག་ནི་ཤིང་གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་ཤིང་འཛམ་བུ་དེ་ལས་ཤིང་འཛམ་བུའི་འབྲས་བུ་ལྷགས་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་དག་དང༌། དེའི་ཉེ་འཁོར་ན་སྐྱུ་རུ་རའི་ཚལ་དང༌། བིལ་བའི་ཚལ་དང༌། ཀ་པིད་ཏའི་ཚལ་ཡོད་པ་ནས། དེ་དག་གི་འབྲས་བུ་ལྷགས་པ་ཁ་དོག་དྲི་དང་རོ་དང་ལྡན་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བ་དག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ། །ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་དུ་ཡང་སོང་སྟེ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་སྟེ། ལྷའི་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ། །ཡུལ་གང་དག་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་སྟེ། བཅའ་བ་དང་བཟའ་བ་གཙང་བ་བསོད་པ་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱེད། ལྷག་མ་ཡོད་ན་དགེ་སློང་
རྣམས་ལ་ཡང་བགོ་བཤའ་བྱེད་དོ། །དེ་ནས་དགེ་སློང་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། ད་ལྟ་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་བསོད་སྙོམས་རྙེད་དཀའ་བ་དག་བྱུང་སྟེ། འདི་ན་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དེ་དག་ནི་དེ་ལྟ་དེ་ལྟར་བྱེད་ཀྱི་བདག་གིས་ཀྱང་གལ་ཏེ་རྫུ་འཕྲུལ་ཐོབ་པར་གྱུར་ན་དེ་ལྟ་དེ་ལྟར་བྱ་ཞིང་བཅོམ་ལྡན་འདས་ཀྱི་འཁོར་དབྱེ་བར་ཡང་བྱ་ན། དེའི་ཕྱིར་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་པ་སུ་ཡོད་སྙམ་མོ། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་བྱུང་བར་ཐུགས་སུ་ཆུད་ནས་བཀའ་སྩལ་པ། གཽ་ཏ་མའི་བུ་ཁྱོད་ཀྱིས་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ལ་མངོན་པར་བརྩོན་པར་གྱིས་ཤིག་དང༌། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཎྜི་ནྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་གྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཎྜི་ནྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་ཡང་རྣམ་པར་བལྟས། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་བྱུང་བར་ཡང་རིག་ནས། ལྷས་བྱིན་ལ་སྨྲས་པ། ལྷས་བྱིན་ཁྱོད་ཀྱིས་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱད་དང༌། རྣམ་པར་ཤེས་པ་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང༌། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་ཡང་བདག་ལ་རྫུ་འཕྲུལ་
གྱི་ལམ་སྟོན་པར་མི་བྱེད་དོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་རྟ་ཐུལ་དང༌། བཟང་པོ་དང༌། རླངས་པ་དང༌། མིང་ཆེན་དང༌། གྲགས་པ་དང༌། གང་པོ་དང༌། དྲི་མེད་དང༌། བ་ལང་བདག་དང༌། ལག་བཟངས་ལ་སོགས་པ་གནས་བརྟན་ལྔ་བརྒྱ་པོ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གནས་བརྟན་ལྔ་བརྒྱ་པོ་དག་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་དག་གིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་གནས་བརྟན་ལྔ་བརྒྱ་པོ་དག་གིས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཐུགས་ཡིད་ལ་ཡང་རྣམ་པར་བལྟས། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཡང་རིག་ནས་ལྷས་བྱིན་ལ་སྨྲས་པ། ལྷས་བྱིན་ཁྱོད་ཀྱིས་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང༌། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་ལྔ་བརྒྱ་པོ་དག་ཀྱང་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏེ། འདི་ལྟར་ཚེ་དང་ལྡན་པ་འདི་དག་གིས་སྔར་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་བགྲོས་པར་གྱུར་པས། དེས་ན་བདག་ལ་འགའ་ཡང་རྫུ་འཕྲུལ་གྱི་ལམ་སྟོན་པར་མི་བྱེད་ན། བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་པ་གཞན་སུ་ཡོད་སྙམ་མོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་སྟོབས་བཅུ་པ་རྒྱལ་པོའི་ཁབ་ན་སྡེ་ཅན་མའི་ཕུག་ན་འདུག་གོ །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་འོད་སྲུངས་སྟོབས་བཅུ་པ་འདི་ནི་ཡུན་རིང་པོ་ནས་གཡོ་མེད་པ་སྒྱུ་མེད་པ་དྲང་པོ་དྲང་བའི་རང་བཞིན་ཅན་བདག་གི་ཕུ་ནུ་པོ་རྒན་པོ་ཀུན་དགའ་བོའི་མཁན་པོ་ཡང་ཡིན་པས། འདིས་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ནུས་སོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་འོད་སྲུངས་སྟོབས་བཅུ་པ་གལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་འོད་སྲུངས་སྟོབས་བཅུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་གྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་
སྟོབས་བཅུ་པས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཐུགས་ཡིད་དང༌། ལྷས་བྱིན་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་དེ་ལྟ་བུ་དེ་བྱུང་བ་ལ་རྣམ་པར་མ་བལྟས་པར་ལྷས་བྱིན་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ། །དེ་ནས་ལྷས་བྱིན་གྱིས་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་སྤྱོད་ཅིང་བསམ་གཏན་དང་པོ་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་རྫུ་འཕྲུལ་མངོན་པར་བསྒྲུབས་ནས་དེ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །ཤེས་པ་དང་མཐོང་བས་སྣང་བ་དང་མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །ངོས་ཀྱི་རྩིག་པ་དང་ངོས་ཀྱི་ར་བ་དང་རི་ལ་ཡང་ལུས་ཀྱིས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང༌། བྱེའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་རྒྱུན་ཕྱོགས་སུ་འགྲོ་སྟེ། དཔེར་ན་ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །དུ་བ་འཐུལ་བར་ཡང་བྱེད། མེ་འབར་བར་ཡང་བྱེད་དེ། དཔེར་ན་མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ལུས་ལས་ཆུའི་རྒྱུན་ཆེན་པོ་འབྱིན་ཏེ། དཔེར་ན་སྤྲིན་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་ནོམ་ཞིང་ཉུག་པར་བྱེད་དོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བདག་ལ་དགེ་སློང་གང་དག་རྫུ་འཕྲུལ་ཐོབ་པ་དག་དེ་ལྟ་དེ་ལྟར་བྱེད་པ་ལྟ་བུ་ཅི་ཞིག་བྱས། བདག་གིས་ཡུལ་མ་ག་དྷཱ་འདི་ན་མིའི་གཙོ་བོ་གང་ཡིན་པ་རྗེས་སུ་འཇུག་པར་བྱ་ན་ཡུལ་མ་ག་དྷཱ་འདི་ན་གང་རྗེས་སུ་འཇུག་པར་བྱས་ན་ཚེགས་ཆུང་དུས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་རྗེས་སུ་འཇུག་པར་འགྱུར་བའི་མིའི་གཙོ་བོ་རྗེས་སུ་འཇུག་པར་བྱ་བ་གང་ཡོད་སྙམ་མོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་གཞོན་ནུ་མ་སྐྱེས་དགྲ་འདི་ནི་ཕ་འདས་ནས་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོ་ལ་གནས་པར་འགྱུར་བ་ཡིན་གྱི། བདག་གིས་གཞོན་ནུ་མ་སྐྱེས་དགྲ་རྗེས་སུ་འཇུག་པར་བྱ་སྟེ། དེ་རྗེས་
སུ་ཞུགས་པ་ན་ཚེགས་ཆུང་དུས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱང་རྗེས་སུ་འཇུག་པར་འགྱུར་རོ་སྙམ་མོ། །དེ་ནས་ལྷས་བྱིན་གྱིས་གླང་པོ་ཆེ་མཐུ་དང་ལྡན་པའི་ཕྲུ་གུ་རིགས་བཅུན་པར་བདག་ཉིད་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་སྒོ་ནས་ཞུགས་ཏེ། སྒེའུ་ཆུང་ནས་ཕྱིར་བྱུང་ཞིང་སྒེའུ་ཆུང་ནས་ཞུགས་ཏེ་སྒོ་ནས་ཕྱིར་བྱུང་ངོ༌། །མཐུ་དང་ལྡན་པའི་རྟེའུ་རིགས་བཙུན་པར་བདག་ཉིད་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་སྒོ་ནས་ཞུགས་ཏེ་སྒེའུ་ཆུང་ནས་ཕྱིར་བྱུང་ཞིང༌། སྒེའུ་ཆུང་ནས་ཞུགས་ཏེ། སྒོ་ནས་ཕྱིར་བྱུང་ངོ༌། །དེ་ནས་དགེ་སློང་མགོ་བྲེགས་པ་སྣམ་སྦྱར་གྱོན་པར་བདག་ཉིད་བསྒྱུར་ནས་གཞོན་ནུ་མ་སྐྱེས་དགྲའི་ཁྱིམ་དུ་སྒོ་ནས་ཞུགས་ཏེ། སྒེའུ་ཆུང་ནས་ཕྱིར་བྱུང་ཞིང༌། སྒེའུ་ཆུང་ནས་ཞུགས་ཏེ་སྒོ་ནས་ཕྱིར་བྱུང་བ་དང༌། །གཞོན་ནུ་མ་སྐྱེས་དགྲས་ཀྱང་ཀྱེ་མ་འདི་ནི་འཕགས་པ་ལྷས་བྱིན་ཡིན་ནོ་སྙམ་དུ་ཤེས་སོ། །དེ་ནས་ལྷས་བྱིན་གྱིས་སྐྱེས་ཕྲན་གཞོན་ནུ་གསེར་གྱི་འོག་པག་ཅན་ཞིག་ཏུ་བདག་ཉིད་བསྒྱུར་ནས། གཞོན་ནུ་མ་སྐྱེས་དགྲའི་བར་པ་ན་འགྲེ་བར་བྱེད་ལྡོག་པར་བྱེད་ཅིང༌། གཞོན་ནུ་མ་སྐྱེས་དགྲ་ཡང་དེ་ལ་འཁྱུད་པར་བྱེད། ཁ་སྦྱོར་བར་བྱེད་ཀུན་དུ་འཁྱུད་པར་བྱེད་ཅིང༌། དེའི་བར་མཆིལ་མ་ཡང་ལྡུགས་པར་བྱེད་པ་ན། འདི་ལྟར་ལྷས་བྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པས་དེ་ཡང་མེད་པར་བྱེད་དོ། །གཞོན་ནུ་མ་སྐྱེས་དགྲས་ཀྱང་ཀྱེ་མ་འདི་ནི་འཕགས་པ་ལྷས་བྱིན་ཡིན་ནོ་སྙམ་དུ་ཡང་ཤེས་སོ། །དེ་ནས་གཞོན་ནུ་མ་སྐྱེས་དགྲ་ཀྱེ་མ་འཕགས་པ་ལྷས་བྱིན་ནི་སྟོན་པ་བས་ཀྱང་ཆེས་རྫུ་འཕྲུལ་ཆེ་བ་ཡིན་ནོ་སྙམ་པའི་སྡིག་པ་ཅན་གྱི་ལྟ་བ་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིང་དེ་ལ་དད་པ་ཐོབ་པར་གྱུར་ནས། དད་པའི་ཆེད་དུ་བྱ་བ་བྱེད་པར་གྱུར་ཏེ། ནང་པར་དང༌། དགོངས་ཀར་ཤིང་རྟ་ལྔ་བརྒྱ་ཙམ་གྱི་འཁོར་དང་ལྷན་ཅིག་འབྱུང་ཞིང་དེ་ལ་བསྙེན་བཀུར་བྱེད་དོ། །དེ་ལ་ཟས་གཡོས་བྱས་ཤིང་སྣོད་དུ་བཙོས་པ་སྣ་ལྔ་བརྒྱ་ཙམ་གྱི་ཚོམ་བུ་ཚོམ་བུ་དག་ཀྱང་འབུལ་བར་བྱེད་དོ། །ལྷས་བྱིན་ཡང་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཟས་ཀྱི་གྲལ་དུ་བཀོད་པར་བྱེད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་
ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན་ལྷས་བྱིན་ལ་རྙེད་པ་དང་བཀུར་སྟི་རྣམ་པ་དེ་ལྟ་བུ་བྱུང་བར་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་དྲོ་བསོད་སྙོམས་མི་བྱེད་པར་ཆོས་གོས་དང་ལྷུང་བཟེད་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འཁོང་ནས། བཅོམ་ལྡན་འདས་ལ་ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་རྣམ་པ་དེ་ལྟ་བུ་དེ་བྱུང་བར་ཐོས་པ་རྒྱས་པར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཅག་ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ལ་དགའ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ནི་གསོད་པར་འགྱུར་བ་དང༌། ཟིལ་གྱིས་གནོན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ཆུ་ཤིང་འབྲས་བུ་རྒྱལ་བ་དང་འོད་མ་དང་འདམ་བུ་འབྲས་བུ་རྒྱལ་བ་དང༌། དྲེའུ་མོ་སྦྲུམ་མ་ནི་གསོད་པར་འགྱུར་བ་དང༌། ཟིལ་གྱིས་གནོན་པར་འགྱུར་བ་ཡིན་པ་བཞིན་དུ་ལྷས་བྱིན་གྱི་རྙེད་པ་དང་བཀུར་སྟི་ཡང་གསོད་པར་འགྱུར་བ་དང༌། ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ། །དགེ་སློང་དག་ལྟས་བྱིན་ལ་ཇི་ཙམ་དུ་རྙེད་པ་དང་བཀུར་སྟི་རྣམ་པ་དེ་ལྟ་བུ་དེ་འབྱུང་བར་འགྱུར་བ་ནི་མི་གཏི་མུག་ཅན་དེ་ལ་ཡུན་རིང་པོར་དོན་མེད་པ་དང༌། གནོད་པ་དང་སྡུག་བསྔལ་དུ་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་བ་སྟེ། རྙེད་པ་དང་བཀུར་སྟི་ཟིལ་གྱིས་མནན་པར་བྱ་ཞིང༌། རྙེད་པ་དང་བཀུར་སྟི་བྱུང་བས་སེམས་ཡོངས་སུ་གཏུགས་ཤིང་གནས་པར་མི་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་ལྷས་བྱིན་རྙེད་པ་དང་བཀུར་སྟི་ཟིལ་གྱིས་གནོན་ཅིང་སེམས་ཡོངས་སུ་གཏུགས་པ་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་ནི་རྒན་པ་རྒས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་ལ་འདོམས་པས་ངལ་བར་འགྱུར་བས་ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་
དགེ་འདུན་བདག་ལ་བཏང་བར་གྱུར་ན་བདག་གིས་ཀྱང་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བྱ་ཞིང༌། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་དུར་གནས་པར་འགྱུར་རོ་སྙམ་མོ། །དེས་སེམས་དེ་ལྟ་བུ་དེ་སྐྱེས་མ་ཐག་ཏུ་དེའི་རྫུ་འཕྲུལ་ཡོངས་སུ་ཉམས་པར་གྱུར་ཅིང༌། ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་སྙམ་དུ་མི་ཤེས་པར་གྱུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀཽཎྜི་ནྱའི་བུ་དགེ་སློང་ནོག་ཅན་གྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དེ། ཚངས་པའི་གནས་བཞི་པོ་དག་བསྒོམས་ནས་འདོད་པ་དག་ལ་འདུན་པ་སྤངས་ཏེ། དེས་མང་དུ་གནས་པས་ཚངས་པའི་འཇིག་རྟེན་དང་རིས་མཐུན་པར་སྐྱེས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡུལ་ངན་སྤོང་གི་བུ་དག་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་གནས་ན་འདུག་གོ །དེ་ནས་ཚངས་པ་ནོག་ཅན་གྱིས་ལྷས་བྱིན་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་པར་རིག་ནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་ངར་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པར་བྱེད་པ་དེ་བཞིན་དུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཽད་གལ་གྱི་བུ་ཆེན་པོ་མཁྱེན་པར་མཛོད་ཅིག །ལྷས་བྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་གཏུགས་པ་ལ་སྡིག་པ་ཅན་གྱི་འདོད་པའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ད་ལྟར་བཅོམ་ལྡན་འདས་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་ལ་འདོམས་པས་ངལ་བར་འགྱུར་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བཏང་བར་གྱུར་ན་བདག་གིས་ཀྱང་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བྱ་ཞིང༌། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་དུར་གནས་པར་འགྱུར་རོ་སྙམ་ནས་སེམས་དེ་ལྟ་བུ་དེ་བསྐྱེད་མ་ཐག་ཏུ་དེའི་
རྫུ་འཕྲུལ་ཡོངས་སུ་ཉམས་པར་གྱུར་ཅིང༌། ཡོངས་སུ་ཉམས་ཀྱང་བདག་ཡོངས་སུ་ཉམས་སོ་སྙམ་དུ་མི་ཤེས་པར་འགྱུར་གྱི། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་བཞུད་དེ་བྱོན་ནས་དོན་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ན་ལེགས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚངས་པ་ནོག་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚངས་པ་ནོག་ཅན་གྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཚངས་པ་ནོག་ཅན་སོང་ནས་རིང་པོ་མ་ལོན་པར་རིག་ནས། ཇི་ལྟར་སེམས་མཉམ་པར་བཞག་ནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་ངར་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པར་བྱེད་པ་དེ་བཞིན་དུ་དེ་ནས་མི་སྣང་བར་གྱུར་ཅིང་རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་སུ་གནས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་ནས་ཚངས་པ་ནོག་ཅན་དང་ལྷན་ཅིག་ཏུ་གཏམ་བརྗོད་པ་ཅི་བྱུང་བར་གྱུར་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་ཆེས་སྔར་ལྷས་བྱིན་གྱི་སེམས་ལ་སེམས་ཀྱིས་ཁྱབ་པར་བྱས་ཏེ་རིག་ནས། དེའི་འོག་ཏུ་ཚངས་པ་ནོག་ཅན་གྱིས་མ་བརྗོད་དམ། གསོལ་པ། བཙུན་པ་དེ་ལགས་སོ། །བཅོམ་ལྡན་འདས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ལྷན་ཅིག་ཏུ་བཀའ་མཆིད་འདི་གསུངས་པའི་སྐབས་སུ་ལྷས་བྱིན་གྲོགས་དགེ་སློང་བཞི་པོ་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དང༌། ལྷན་ཅིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ༌། །བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ཐག་རིང་པོ་ནས་གཟིགས་ནས། ཚེ་དང་ལྡན་པ་
མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཆེན་པོ་ལྟས་བྱིན་དེ་འོང་ཞིང་མི་གཏི་མུག་ཅན་དེ་ངའི་མདུན་དུ་བདག་ཉིད་ཀྱིས་བདག་ཉིད་ལུང་སྟོན་པར་བྱེད་ཀྱི་ད་ཚིག་སྲུངས་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། རྫུ་འཕྲུལ་མངོན་པར་འདུ་བྱ་བའི་མཐུས་དེ་ནས་མི་སྣང་བར་གྱུར་ཏེ། རང་གི་གནས་སུ་སོང་ངོ༌། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ད་ལྟར་བཅོམ་ལྡན་འདས་བགྲེས་པོ་བགྲེས་པ་དགོག་ཏུ་གྱུར་པས་འཁོར་བཞི་པོ་ལ་འདོམས་པས་མཉེལ་བར་འགྱུར་བས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་གཏང་ན་ལེགས་ཏེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་བར་བགྱི་ཞིང༌། བཅོམ་ལྡན་འདས་ཀྱང་ཚེ་འདི་ལ་བདེ་བར་གནས་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པས་ཐུགས་ལས་ཆུང་ངུར་གནས་པར་འགྱུར་རོ། །བཀའ་སྩལ་པ། མི་གཏི་མུག་ཅན་ཁྱོད་ཅི་ཟེར། ང་རེ་ཞིག་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ལྟ་བུ་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་དག་ལ་ཡང་དགེ་སློང་གི་དགེ་འདུན་གཏོང་བར་མི་བྱེད་ན། རོ་དང་འདྲ་བ་མཆིལ་མ་ཟ་བ་ཁྱོད་ལ་གཏོང་རེ་སྐན། དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ཀྱི་བསྔགས་པ་བརྗོད་ཅིང༌། བདག་ལ་ནི་རོ་དང་འདྲ་བ་མཆིལ་མ་ཟ་བ་ཞེས་བརྗོད་པས་ཀུན་དུ་སྤྱོས་སོ་སྙམ་ནས། ལྷས་བྱིན་གྱིས་དེའི་དང་པོར་བཅོམ་ལྡན་འདས་ལ་ཀུན་ནས་མནར་སེམས་དང༌། མི་བཟོད་པ་དང༌། ཡིད་མི་ཆེས་པར་བྱས་པར་གྱུར་ཏོ། །དེ་ནས་ལྷས་བྱིན་གྱིས་སྡོད་ཅིག་ཅེས་བརྗོད་དེ། མགོ་ལན་གསུམ་ལྕོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ༌། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་བསིལ་ཡབ་ཀྱིས་གཡོ་བཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་སོང་
ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། ཀུན་དགའ་བོ་སོང་ལ་འོད་མའི་ཚལ་ཀ་ལན་དཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པ་ཆེན་པོར་བསྡུས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ལོ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། འོད་མའི་ཚལ་ཀ་ལན་དཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་བར་བསྡུས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་ནས་གསོལ་བ། བཙུན་པ་འོད་མའི་ཚལ་ཀ་ལན་དཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་ཐམས་ཅད་དཔོང་སའི་ཁང་བར་མཆིས་ཤིང་མཐུན་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་དཔོང་སའི་ཁང་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྔ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་ཅིང་སྲིད་པའི་སྟོན་པ་དག་ཡིན་ཏེ། ལྔ་གང་ཞེ་ན། ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་བདག་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་བཅའ་བར་བྱེད་པ་དང། འཚོ་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་འཚོ་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་བཅའ་བར་བྱེད་པ་དང༌། ཤེས་པ་དང་མཐོང་བ་ཡོངས་སུ་མ་དག་བཞིན་དུ་བདག་གི་ཤེས་པ་དང་མཐོང་བ་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་མེད་ངོ་ཞེས་དམ་བཅའ་བར་བྱེད་པ་དང༌། བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་མ་ཡིན་བཞིན་དུ་བདག་ནི་བརྡ་སྤྲོད་པ་ཕུན་སུམ་ཚོགས་ཤིང་ཀུན་ནས་ཉོན་མོངས་པ་མེད་ངོ་ཞེས་དམ་བཅའ་བར་བྱེད་པ་དང༌། ཆོས་འདུལ་བ་ཉེས་པར་བཤད་པ་དང་ལྡན་བཞིན་དུ་བདག་ནི་ཆོས་འདུལ་བ་ལ་
ལེགས་པར་གསུངས་པ་དང་ལྡན་ཞིང༌། ཀུན་ནས་ཉོན་མོངས་པ་མེད་དོ་ཞེས་དམ་བཅའ་བར་བྱེད་པ་ཡིན་ཏེ། དེ་དག་ནི་རང་གི་ཉན་ཐོས་རྣམས་ཀྱིས་དེ་ལྟར་ཤེས་ཀྱང་ཡིད་སྲུང་བ་དང་ཟང་ཟིང་ལ་རེ་བས་གླེང་བར་མི་བྱེད་པས། ཉན་ཐོས་རྣམས་ལས་རྗེས་སུ་བསྲུང་བ་རེ་བར་བྱེད་དོ། །དགེ་སློང་དག་ང་ནི་དེ་ལྟ་མ་ཡིན་པས་ངས་ནི་ཁྱེད་ལ་ཚར་གཅད་ཅིང་ཚར་གཅད་ཅིང་སྨྲ་བར་བྱེད། ཟིལ་གྱིས་མནན་ཅིང་ཟིལ་གྱིས་མནན་ཅིང་སྨྲ་བར་བྱེད་དེ། ཁྱེད་ལ་དབྱིག་ཏུ་མི་འཛིན་ཅིང༌། རྫ་མཁན་གྱི་སྣོད་སོ་མ་བཏང་བ་དག་བཞིན་དུ་གང་སྙིང་པོ་ཡོད་པ་དེ་འཇོག་པར་བྱེད་ཀྱི་ངའི་ཚིག་གི་ལམ་དག་ལ་བཟོད་པར་གྱིས་ཤིག །དེ་ནས་ལྷས་བྱིན་གྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དག་ལ་སྨྲས་པ། ཁྱེད་ཅག་ཚུར་ཤེག་དགེ་སྦྱོང་གཽ་ཏ་མ་འདུག་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་མཐུན་པར་དབྱེ་བར་བྱ་ཞིང་འཁོར་ལོ་ཡང་དབྱེ་བར་བྱ་སྟེ། དེས་ན་བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ན་དགེ་སྦྱོང་གཽ་ཏ་མ་རེ་ཙམ་དུ་རྫུ་འཕྲུལ་ཆེ་བ་དེ་ཙམ་དུ་མཐུ་ཆེ་བ་འདུག་བཞིན་དུ། ལྷས་བྱིན་འཁོར་དང་བཅས་པས་ངའི་དགེ་འདུན་ཉན་ཐོས་མཐུན་པ་ཕྱེ་ཞིང་འཁོར་ལོ་ཡང་དབྱེ་བ་བྱས་སོ་ཞེས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པའི་སྒྲའི་ཚོགས་རྒྱ་ཆེན་པོ་མངོན་པར་གྲགས་པར་འགྱུར་རོ། །དེ་དག་གིས་སྨྲས་པ། ལྷས་བྱིན་བདག་ཅག་གིས་དེ་ལྟར་མི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ལྷའི་མིག་དང་ལྡན་པ་གཞན་གྱི་སེམས་ཤེས་པ་གང་དག་ཡོད་པ་དེ་དག་ནི་ཐག་རིང་པོ་ཡང་མཐོང་ལ་དྲུང་ན་འདུག་པས་ཀྱང་མཐོང་ཞིང༌། དེ་དག་གི་སེམས་ཀྱིས་བ་དག་ཅག་གི་སེམས་ལ་ཁྱབ་པར་བྱས་ཤིང༌། ཡིད་ཀྱིས་ཀྱང་བདག་ཅག་རྣམ་པར་ཤེས་པར་བྱེད་པས་དེ་དག་གིས་བདག་ཅག་གཞི་ནས་འཕགས་པ་དག་ཀྱང་ཤེས་པར་འགྱུར་བའི་ཕྱིར་རོ། །ལྷས་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ཐབས་འགའ་ཞིག་ཡོད་དོ། །སྨྲས་པ། ཐབས་དེ་གང་ཡིན། ཚུར་ཤེག་དང་བདག་ཅག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ནི་ཡོ་བྱད་ཐམས་ཅད་
ཀྱིས་བསྟབ་པར་བྱ། གཞོན་ནུ་རྣམས་ལ་ནི་ཆོས་དང་ཟང་ཟིང་གི་སྟོན་མོ་བྱའོ། །ལྷས་བྱིན་གལ་ཏེ་ཐབས་དེ་ལྟ་བུ་ཡོད་ན་དེ་ལྟར་བྱའོ། །དེ་ནས་ལྷས་བྱིན་གྱིས་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བ་དང༌། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་འཕགས་མ་ཐག་ཏུ་ལྷས་བྱིན་གྱིས་དགེ་འདུན་མཐུན་པར་དབྱེ་བའི་ཕྱིར་བརྟུལ་ཏོ་ཞེས་རྣམ་པར་ཤེས་པར་གྱུར་ནས་དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ལྷས་བྱིན་དང་གཞན་ཡང་དེ་ལྟ་བུ་གར་ཡིན་པ་ལ་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་ལྷས་བྱིན་ཁྱེད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་ལྷས་བྱིན་ལ་དང་པོར་བཞམས་ཏེ་བསྒོའོ། །དགེ་སློང་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ལྷས་བྱིན་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ཏེ་གཎྜཱི་བརྡུངས་ནས་
དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་ལ་རྣམས་གསན་དུ་གསོལ། དགེ་སློང་ལྷས་བྱིན་འདིས་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་བརྟུལ་ཏེ། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། མཆིས་ནས་འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙེད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ལྷས་བྱིན་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པར་གྱིས་ཤིག་དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང༌། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེན་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང༌། བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལྷས་བྱིན་འདིས་དགེ་འདུན་མཐུན་པ་དབྱེ་བའི་སླང་དུ་བརྟུལ་ཏེ། དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་ནས་འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་ཀྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་
པར་བགྱིད་དོ། །དེའི་སླད་དུ་དགེ་འདུན་གྱིས་ལྷས་བྱིན་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་ཕ་ལྷས་ཕྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན་ཚེ་དང་ལྡན་པ་གང་དག་ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུངས་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས། བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། ལྷས་བྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེ་ན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ། །དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བྱེད་པ་བཞི་པོ་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དེ་དག་ཀྱང་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་
འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་དེ་དག་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་དག་ལ་དང་པོར་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་ཀོ་ཀ་ལི་ཀ །ཁཎྜ་དྲ་བ་བྱ། ཀ་ཌ་མོ་ར་ཀ་ཏི་ཤྱ། རྒྱ་མཚོས་བྱིན་ཁྱེད་ཅག་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ཡང་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་ནི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན་འདུལ་བ་སྨྲ་བ་མ་ཡིན་གྱི་ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང༌། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་པ་འདོད་པར་མ་བྱེད་པར། ཚེ་དང་ལྡན་པ་དག་དགེ་འདུན་
མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་ཏུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་བཞི་པོ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་དང་པོར་བཞམས་ཏེ་བསྒོའོ། །དགེ་སློང་རྣམས་ཀྱིས་དགེ་སློང་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་འདི་དག་དགེ་སློང་གང་དགེ་འདུན་མཐུན་བ་དབྱེ་བའི་སླད་དུ་བརྟུལ་བར་བགྱིད་ཅིང༌། དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲས་ནས། འདི་
དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བ་བཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་ཚེ་དང་ལྡན་པ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང༌། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་འདི་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་
མི་འབྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་འདི་དག་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་བརྟུལ་བར་བགྱིད་ཅིང༌། དབྱེན་བགྱིད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མཆིས་པ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲས་ནས། འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ན། འདི་དག་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་ཚེ་དང་ལྡན་པ་དག་ཁྱེད་ཤེས་བཞིན་དུ་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ཅིང༌། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བ་དེའི་གྲོགས་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་ག་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླ་སྣས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །
དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་པ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང༌། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་ནི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང༌། ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་དག་དག་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ། ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཅུན་པ་བཀའ་བཞིན་འཚལ་ཞས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་
བསྒོ་བའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང་འཁོར་ལོ་ཡང་འབྱེད་པར་ནུས་ཏེ། འདི་ལྟར་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པ་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ། །ལྷས་བྱིན་གྱིས་དགེ་སྦྱོང་གཽ་ཏ་མས་དགེ་སློང་དག་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང་འཁོར་ལོ་ཡང་འབྱེད་ནུས་ཏེ། དེ་ལྟར་གྲོགས་བྱེད་པའི་དགེ་སློང་མི་མཐུན་པ་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ་ཞེས་བདག་ལ་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །དེ་སྦྱོང་གཽ་ཉམས་དགེ་སློང་དག་ལྷས་བྱིན་གྱིས་ངའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་དབྱེ་བ་དང༌། འཁོར་ལོ་ཡང་འབྱེད་པར་ནུས་ཏེ། དེ་ལྟར་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པ་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་བཞི་པོ་དག་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དག་ཡོད་པའི་ཕྱིར་རོ་ཞེས་ཁོ་བོ་ལ་ལུང་བསྟན་ཏོ། །དེ་དག་གིས་སྨྲས་པ། ལྷས་བྱིན་གལ་ཏེ་དེ་ལྟ་ན་ལེགས་སོ། །དེ་ནས་ལྷས་བྱིན་གྱིས་རྒྱ་ཆེར་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བརྩམས་ཏེ། དགེ་འདུན་གྱི་དབྱེན་ནི་རྒྱུ་གཉིས་ཀྱིས་འགྱུར་ཏེ། ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བསད་བྱེན་བྱེད་པ་དང༌། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་དབྱེན་བྱེད་པའོ། །དེ་ལ་དང་པོ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཐུན་
པ་ཚོགས་པ་ལས་གཞན་པ་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་དགེ་འདུན་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་ལྷས་བྱིན་གྱིས་གསོལ་པའི་ལས་འདི་སྐད་བྱ་སྟེ། ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་ཟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འོ་མ་འཐུང་སྟེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། དགེ་སློང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སློང་གཽ་ཏ་མ་ནི་གོས་དྲས་པ་གྱོན་ཏེ་བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ་བདག་ཅག་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་གང་ཁྱེད་ཅག་ལས་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང༌། གྲོལ་བ་དང༌། ངེས་པར་འབྱུང་བར་འདོད་པ་དང༌། བཟོད་པ་དང་ལེགས་པར་འཛིན་པ་དེས་དགེ་སྦྱོང་གཽ་ཏ་མ་ལས་ཐག་རིང་དུ་གྱིས་ཤིག །སོ་སོར་གྱིས་ཤིག །ཐ་དད་དུ་གྱིས་ཤིག །རྒྱང་སྲིངས་ཤིག །ཐག་སྲིངས་ཤིག་ལོགས་ཤིག་ན་འདུག་ཅིག་ཅེས་སྨྲས་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཐུན་པ་རྣམས་ཀྱི་ནང་ནས། དགེ་སློང་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་བཞི་པོ་ལོགས་ཤིག་ཏུ་འདུག་གོ ། གཉིས་པ་ནི་ལྷས་བྱིན་གྱི་ཆོས་མ་ཡིན་པའི་ཕྱོགས་ཀྱི་ཚུལ་ཤིང་ཐོགས་ཏེ། ཆོས་མ་ཡིན་པའི་ཕྱོགས་ཀྱི་མདུན་དུ་འདུག་སྟེ། འདི་སྐད་ཅེས་སྨྲས་ཏེ། ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་ཟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་
ལས་སྲོག་ཆགས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏམ་ནི་འོ་མ་འཐུང་སྟེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་དྲས་པ་གྱོན་ཏེ། བ་དག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ། བདག་ཅག་ནི་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང༌། གྲོལ་བ་དང། ངེས་པར་འབྱུང་བར་འདོད་པ་དང་ལེགས་པར་འཛིན་པ་དེས་ཚུལ་ཤིང་ལོང་ཤིག་ཅེས་སྨྲས་པ་ཡིན་ནོ། །དེ་ནས་ལྷས་བྱིན་གྱི་གྲོགས། དགེ་སློང་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ཀྱིས་ཆོས་མ་ཡིན་པའི་ཚུལ་ཤིང་བླངས་ཏེ་འཁོར་ལོ་བྱེའོ། །ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པའི་འཁོར་ལོ་བྱེ་བ་ནི་ཉི་མ་དེ་ཉིད་ཀྱི་སྐྱ་རེངས་མ་ཤར་བར་སླར་མཐུན་པར་འགྱུར་བ་ཡིན་གྱི། སྐྱ་རེངས་ཤར་བ་ལས་འདའ་བ་ནི་མི་སྲིད་པས་དེས་རྒྱ་ཆེར་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ལྷས་བྱིན་ལ་སྨྲས་ནས། རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་པར་བྱེད་ཅིང༌། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་
འདུག་ན་དགེ་སློང་དེ་ལས་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག །ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱས་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ལྷས་བྱིན། ཉོན་མོངས་པ་ནི་རྙེད་པ་དང་བཀུར་སྟི་འདོད་པ། ཉེས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ལྷས་བྱིན་ནམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པ་དང༌། བྱ་བ་གཅིག་པ་སྟེ། ལམ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི་དབྱེ་བར་བྱ་བའི་ཕྱིར་ཏེ། གཉིས་སུ་དབྱེ་བའི་ཕྱིར་རོ། །གཞན་ཡང་སྟོན་པ་གཞན་དུ་ཚོལ་བ་དང༌། ལམ་གཞན་དུ་ཚོལ་བ་སྟེ། སྟོན་པ་གཞན་དུ་ཚོལ་བ་ནི་བཅོམ་ལྡན་འདས་ལས་ལྷས་བྱིན་གྱི་ཕྱོགས་སུའོ། །ལམ་གཞན་དུ་ཚོལ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལས་ལྷས་བྱིན་གྱི་བརྟུལ་ཞུགས་གནས་ལྔ་པོ་ཤ་མི་ཟ་བ་དང༌། འོ་མ་མི་འཐུང་བ་དང༌། ལན་ཚྭ་མི་ཟ་བ་དང༌། གོས་དྲས་པ་མི་གྱོན་པ་དང༌།
གྲོང་དུ་གནས་པར་བྱ་བ་དག་གང་ཡང་དག་པར་ལེན་པའོ། །བརྟུལ་བར་བྱེད་ཅིང་ཞེས་བྱ་བ་ནི་རྩོམ་པར་བྱེད་ཅིང་ངོ༌། །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་རབ་ཏུ་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲབ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ནའོ། །དབྱེན་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་རྒྱུ་གཉིས་ཀྱིས་དབྱེན་བྱེད་དེ། འགྲོགས་པ་དང༌། ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཤེ་ན། ཀོ་ཀ་ལི་ཀ་ལ་སོགས་པ་དང་ངོ༌། །ཇི་ལྟར་ལོངས་སྤྱོད་པས་ཤེ་ན། མ་སྐྱེས་དགྲ་ལ་སོགས་པས་ཟས་གཡོས་བྱས་པ་སྣོད་ལྔ་བརྒྱས་དགེ་སློང་ཁ་འདྲེན་པས་སོ། །རྩོད་པ་ཞེས་བྱ་བ་ནི་འཁྲུག་ལོང་གི་རྒྱུའོ། །ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་དེ་ལ་དམིགས་ནས་སོ། །རབ་ཏུ་བཟུང་སྟེ་འདུག་ན་ཞེས་བྱ་བ་ནི་དམ་དུ་བཟུང་སྟེ་འདུག་པའོ། །དགེ་སློང་དེ་ལ་ཞེས་བྱ་བ་ནི་ལྟས་བྱིན་ནམ། གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག་ཅེས་བྱ་བ་ནི་རྩོལ་བར་མ་བྱེད་ཅིག་ཅེས་པའོ། །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཤིག་ཅེས་བྱ་བ་ནི་དེ་ལ་དམིགས་ནས་དམ་དུ་བཟུང་སྟེ་མ་འདུག་ཤིག་ཅེས་པའོ། །ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག་ཅེས་བྱ་བ་ནི་ཚུལ་ཁྲིམས་མཐུན་པ་དང༌། ལྟ་བ་མཐུན་པ་དང༌། འཚོ་བ་མཐུན་པ་དང༌། སྤྱོད་པ་མཐུན་པར་གྱིས་ཤིག་ཅེས་པའོ། །དགེ་འདུན་མཐུན་མི་ཕྱེད། ཀུན་དུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཞེས་བྱ་བ་ལ། མཐུན་ཞེས་བྱ་བ་ནི་བྱ་བ་གཅིག་པ་སྟེ། ལམ་གཅིག་ཏུ་ཞུགས་པའི་ཕྱིར་རོ། །མི་ཕྱེད་ཅེས་བྱ་བ་ནི་འདྲེས་པ་སྟེ་བར་དུ་ཆོད་པ་མེད་པའོ། །ཀུན་དུ་དགའ་བ་ཞེས་བྱ་བ་ནི་ཕན་ཚུན་ཡོན་ཏན་བརྗོད་པས་དགའ་བའོ། །མི་རྩོད་ཅེས་བྱ་བ་ནི་རྩོད་པ་མ་བྱུང་བའོ། །མཆོག་གཅིག་ཅེས་བྱ་བ་ནི་འབྲས་བུ་
གཅིག་པ་སྟེ། མྱ་ངན་ལས་འདས་པ་སྟེ་འབྲས་བུ་མཆོག་གཅིག་དང་ལྡན་པའི་ཕྱིར་རོ། །འདོན་པ་གཅིག་ཅིང་ཞེས་བྱ་བ་ནི་གསོ་སྦྱོང་དང་མཐུན་པའོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་ཞེས་བྱ་བ་ནི་མཐུན་པའི་དཔེ་སྟེ། དགག་དབྱེ་ལ་སོགས་པའི་ལས་མཐུན་པའི་ཕྱིར་རོ། །སྟོན་པའི་བསྟན་པ་གསལ་བར་བྱེད་ན་ཞེས་བྱ་བ་ལ་སྟོན་པ་ནི་བཅོམ་ལྡན་འདས་སོ། །བསྟན་པ་ནི་སྡེ་སྔོན་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བར་བྱེད་པའོ། །གསལ་བར་བྱེད་ན་ཞེས་བྱ་བ་ནི་ལུང་ནོད་པ་དང། ཀློག་པ་དང་ཁ་དོན་བྱེད་པ་ལ་སོགས་པ་རབ་ཏུ་སྟོན་པར་བྱེད་ནའོ། །བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་སྟེ། བདེ་བ་ནི་ཚེ་འདི་ལ་བདེ་བར་གནས་པ་བསམ་གཏན་བཞི་པོ་རྣམས་སོ། །དེ་དག་ལ་རེག་པར་ནི་འཕགས་པའི་རིགས་བཞི་ལ་བརྟེན་པའི་རིམ་གྱིས་བསམ་གཏན་བཞི་པོ་དག་ལ་བརྟེན་ནས་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་ཤིང་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་ལ་རེག་པའོ། །གནས་པར་འགྱུར་གྱི་ཞེས་བྱ་བ་ནི་ཐོབ་པར་འགྱུར་གྱི་ཞེས་བྱ་བའོ། །ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་ལྟར་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་གལ་ཏེ་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི་ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གཞི་དེ་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་ན་མི་གཏོང་ན་བརྩམས་པ་ལ་ཉེས་བྱས་གཅིག་དང་བཞམས་ཏེ་བསྒོ་བ་ན་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་
དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་དེ་ཡིན་ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི་གསོལ་བ་དང་གཅིག་དང་ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བ་ནི་ཀུན་དུ་དྲི་བའོ། །ཡང་དག་པར་བསྟན་པ་ནི་དབྱེ་བ་ལས་བཟློག་པའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བ་ལ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ།། སྔར་ནི་སྦྱོར་བ་བརྩམས་པ་ལས་ཉེས་བྱས་གཅིག་པའོ། །བཞམས་ཏེ་བསྒོ་བ་མ་མཉན་པའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །གསོལ་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལས་བརྗོད་པ་གསུམ་པ་དང་མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་དགེ་འདུན་ལྷག་མ་ཐམ་བཞི་པོ་རྣམས་ཀྱི་སྤྱིའི་ཐུན་མོང་གི་མཚན་ཉིད་དེ་བཤད་པར་བྱ་སྟེ། དེའི་ཕྱིར་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་དགེ་འདུན་ལྷག་མ་བཞི་པོ་འདི་
དག་ལ་དང་པོ་རྩོམ་པར་སྦྱོར་བ་ནི་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་གཅིག་འབྱུང་ངོ༌། །དེའི་འོག་ཏུ་དེ་དག་ལ་དགེ་འདུན་གྱིས་བཞམས་ཏེ་བསྐོ་བས་བཟློག་པའི་ཆོ་ག་བྱའོ། །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་བཟློག་པའི་ཆོ་ག་དང་ལས་བྱ་སྟེ། དེ་ལ་རིམ་པ་ནི་དགེ་འདུན་ལྷག་མ་བཞི་པོ་འདི་དག་ལ་དང་པོ་རྩོམ་པར་སྦྱོར་བ་ན་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་གཅིག་བྱུང་བ་དེ་ལ་དགེ་འདུན་གྱིས་དང་པོར་བཞམས་ཏེ་བསྒོ་བར་བྱ་བ་དང༌། དེའི་འོག་ཏུ་གསོལ་བ་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་དང་པོ་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱ་བ་དང༌། དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་དག་གིས་བཟློག་པའི་ཚུལ་གྱིས་བཟློག་པའི་ཆོ་ག་དང་ལས་བྱེད་པ་ན་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང༌། ལས་བརྗོད་པ་དང་པོ་དང༌། ལས་བརྗོད་པ་གཉིས་པ་དག་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་ཉེས་པ་སྦོམ་པོ་རེ་རེར་འགྱུར་བར་རྗེས་སུ་མཐུན་ཏེ་འདྲའོ། །ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པར་རྫོགས་ན་ནི་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དེ་ལྟར་ན་དང་པོ་སྦྱོར་བ་རྩོམ་པ་ན་ཉེས་བྱས་སོ། །དེའི་འོག་ཏུ་བཞམས་ཏེ་བསྒོ་བ་མི་གཏོང་ན་དེའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་གསོལ་བ་དང་བཞིའི་ལས་བྱེད་པ་ན། གསོལ་བ་བྱས་པ་ན་མི་གཏོང་ན་གསོལ་བ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་དང་པོ་བྱས་པ་ན་མི་གཏོང་ན་ལས་བརྗོད་པ་དང་པོ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་བྱས་ན་མི་གཏོང་ན་ལས་བརྗོད་པ་གཉིས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །དེའི་འོག་ཏུ་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་ཏུ་འགྱུར་རོ། །དེ་ལྟར་ན་དགེ་འདུན་ལྷག་མ་འདི་བཞི་ལ་དང་པོར་རྩོམ་པར་སྦྱོར་པ་ནི་ཉེས་བྱས་བྱེད་པ་ཡིན། བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང༌། ལས་བརྗོད་པ་དང་པོ་དང༌། གཉིས་
པ་ནི་ཉེས་པ་སྦོམ་པོ་རེ་རེར་བྱེད་པ་ཡིན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་བྱེད་པ་ཡིན་ནོ། །དེ་དག་གི་ཚིག་གི་སྐད་ཅིག་མ་རྣམས་ནི་གཅིག་ཉིད་དེ། ཚིག་གང་ལ་སྐད་ཅིག་མ་གཅིག་ལ་ལྟུང་བ་འབྱུང་བར་འགྱུར་བའི་སྐད་ཅིག་མ་དེའི་ཁོངས་སུ་ཚིག་མཐའ་དག་འདུས་སོ། །དེས་ན་དེ་དག་གི་ཚིག་ཤིན་ཏུ་རྒྱུན་རིང་དུ་ཟིན་ན་ཡང་ཚིག་གཅིག་ཏུ་ཟད་དེ། ལྟུང་བ་ཡང་གཅིག་ཁོ་ན་འབྱུང་བ་ཡིན་གྱི་ཆ་ཤས་རེ་རེ་ལ་ཡང་མ་ཡིན་རྩ་བ་རེ་རེ་ལ་ཡང་མ་ཡིན་ནོ། །མཇུག་སྡུད་པ་ནི་ཐ་དད་པ་མ་ཡིན་ཏེ། ལས་བརྗོད་པ་ཐ་མའི་ནང་དུ་འདུས་སོ། །དེ་ལྟར་ན་དགེ་འདུན་ལྷག་མ་ཐ་མ་བཞི་ཆར་གྱི་ཐུན་མོང་གི་མཚན་ཉིད་བསྟན་ནས། ད་ནི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བསྟན་པར་བྱ་སྟེ། ཅི་ཞིག་བྱས་ན་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་འདུན་གྱི་དབྱེན་བྱེད་པ་ལ་བརྟུལ་བར་བྱེད་པ་ཉིད་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྟོན་པ་བཞུགས་པའི་ཚེ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་ཚོགས་ལས་དགེ་སློང་བཞི་ཡན་ཆད་ལོགས་ཤིག་ཏུ་བཀར་ཏེ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐ་དད་པར་བྱེད་པ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱིས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་
བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །དངོས་གཞི་འདི་ལ་ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་ལ་དེ་བཞིན་ཉིད་དུ་ཤེས་པ་དང༌། བྱེད་པ་ལ་ཆོས་སུ་འདུ་ཤེས་པ་དང༌། དེ་གཉིས་ལ་ཡིད་གཉིས་ཟ་ན་མཚམས་མེད་པར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྟོན་པ་བཞུགས་བཞིན་དུ་དགེ་འདུན་གྱི་དབྱེན་བྱེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང་ཆོས་དང་མཐུན་པ་ལས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་པ་མེད་དོ། །སྦྱོར་བའི་ལྟུང་བ་ནི་རང་བཞིན་གྱི་འཁོར་ཁ་འདྲེན་ན་ཉེས་པ་སྦོམ་པོའོ། །སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ན་ཉེས་པ་སྦོམ་པོའོ། །ཕྱོགས་དང་གཞན་གྱི་ཕྱོགས་གཉིས་ཀ་དགེ་འདུན་དུ་མ་ལོངས་པ་དང༌། འབྱེད་པར་བྱེད་པ་རང་གིས་ཁ་བསྐང་ན་ཉེས་པ་སྤོམ་པོའོ། །བཞམས་ཏེ་བསྒོ་བས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །གསོལ་བས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་དང་པོས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་གཉིས་པས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །དང་པོ་རྩོམ་པ་མ་གཏོགས་པ་བཞམས་ཏེ་བསྒོ་བ་ཕྱིན་ཆད་ཀྱི་འཇུག་པ་ནི་སྦྱོར་བ་ཉིད་དེ་ཉེས་པ་སྦོམ་པོའོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ན་ཉེས་པ་སྦོམ་པོའོ། །མཚན་དང་ལྟ་བ་མི་མཐུན་པའི་དབྱེན་བྱེད་ན་ཉེས་པ་སྤོམ་པོའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་པ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །ཆོས་ཀྱི་ཕྱོགས་ཁས་བླངས་པ་དག་ཁས་མ་བླངས་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་ན་ཉེས་བྱས་སོ། །མཚན་དང་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པའི་དབྱེ་ན་
བྱེད་ན་ཉེས་བྱས་སོ། །ལྟུང་བ་མེད་པ་ནི་མི་མཐུན་པ་དང་ཆོས་མ་ཡིན་པར་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་གཅིག་ཡོད་གཅིག་མེད་པས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་ལྟར་བཅོས་པ་དང་ཆོས་ལྟར་བཅོས་པས་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་དང་འདུལ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པར་སྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཀྱི་ཕྱོགས་ནི་ཁས་མ་བླངས་པ་དག་ཁས་བླངས་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དགེ་འདུན་གྱི་དབྱེན་གྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བྱུང་མ་ཐག་ཏུ་སྟན་དེ་ཉིད་ལ་འདུག་བཞིན་དུ་མཐོལ་བར་བྱའོ། །གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང༌། །གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཐམས་ཅད་ཉམས་སུ་མྱོང་བར་མི་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་སྟེ་བཅུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་བདུན་པ། དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་དང་གཅིག་གོ །ཁྱད་པར་དུ་ན་དེ་ལྟར་བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གླེང་གཞི་དང་བསླབ་པ་བཅའ་བ་དང་ལྟུང་བ་རྣམ་པར་གཞག་པ་མཛད་པའི་མཇུག་ཐོགས་སུ་དེ་ནས་བཅོམ་ལྡན་འདས་ཀྱིས་གདན་དེ་ཉིད་ལ་བཞུགས་བཞིན་དུ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་གཉིས་པ་བཅའ་བར་བཞེད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་བྱ་བ་ཅུང་ཞིག་ཡོད་ཀྱི་རེ་ཞིག་སྟན་ལས་མ་ལྡང་ཤིག །སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས། བཅོམ་ལྡན་འདས་ཀྱིས་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བ་བྱ་དང༌། ཁ་ཌ་མོར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་རྣམས་ལ་སྨྲས་པ། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་ཁྱེད་ཤེས་བཞིན་དུ་དགེ་སློང་གི་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་བརྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས། དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གད་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་སྨྲ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྣམ་གྲངས་དུ་མར་སྨད་ནས། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང༌། གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་
རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ་གང་ཟག་ནི་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན། ཉོན་མོངས་པ་ནི་དབྱེན་བྱེད་
པར་འདོད་པ། ཉེས་པ་ནི་དེའི་རྗེས་སུ་ཕྱོགས་པའོ། །དེ་ལ་དགེ་སློང་འདི་ཞེས་བྱ་བ་ནི་ལྷས་བྱིན་གྱིའོ། །གྲོགས་བྱེད་པའི་དགེ་སློང་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང༌། རྒྱ་མཚོས་བྱིན་དག་གོ །མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་ལྟ་བ་དེ་དག་དང་འདོད་པ་དེ་དག་དང་བསམ་པ་དེ་དག་དང་ལྡན་པའོ། །གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང་ཞེས་བྱ་བ་ནི་གྲངས་སུ་ཡང་རུང་བ་སྟེ་གཉིས་ལས་ལྷག་པ་ནི་མང་པོའོ། །གལ་ཏེ་དེ་དག་ཅེས་བྱ་བ་ནི་རྗེས་སུ་ཕྱོགས་པ་དེ་དག་གོ །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་བྱ་བ་ནི་རྗེས་སུ་ཕྱོགས་པའི་ཚིག་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ཅིག་ཅེས་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་ཟློག་པར་ཡང་མ་བྱེད་ཅིག་ཅེས་པའོ། །དགེ་སློང་འདི་ལ་ཞེས་བྱ་བ་ནི་ལྷས་བྱིན་ལའོ། །ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་ཅུང་ཟད་ཀྱང་མ་སྨྲ་ཤིག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཞེས་བྱ་བ་ལ་ཆོས་སྨྲ་བ་ཞེས་བྱ་བ་ནི་རིགས་པ་སྨྲ་བའོ། །འདུལ་བ་སྨྲ་བ་ཞེས་བྱ་བ་ནི་ལུང་གི་རྗེས་སུ་འབྲང་བའོ། །གཞན་ཡང་ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདུལ་བ་ནི་ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བའོ། །གཞན་ཡང་ཆོས་སྨྲ་བ་ནི་དོན་དང་ལྡན་པར་སྨྲ་བའོ། །འདུལ་བ་སྨྲ་བ་ནི་འཇམ་ཞིང་མཛའ་བ་ལྟར་སྨྲ་བའོ། །དེ་ཡང་རྗེས་སུ་ཕྱོགས་པ་རྣམས་ཀྱིས་བསྔགས་པར་ཟད་ཀྱི། ལྷས་བྱིན་ཉིད་དེ་དང་ལྡན་པ་ནི་མ་ཡིན་ནོ། །དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང༌། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་སྟེ། ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་དེ་ལ་དམིགས་ནས་སོ། །རབ་ཏུ་བཟུང་སྟེ་ཞེས་བྱ་བ་ནི་དམ་དུ་གཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་
པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོན་རྟོགས་པ་ཡིན་གྱི་དོན་མ་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་དགེ་སློང་ལྷས་བྱིན་འདི་གཞི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན་སྟེ། འདོད་ཅིང་ཞེས་བྱ་བ་ནི་ཡིད་དང་མཐུན་པའི་སྒོ་ནས་སོ། །བཟོད་པ་ཞེས་བྱ་བ་ནི་རིགས་པས་རྟོགས་པའི་སྒོ་ནས་ཏེ། རེ་ཞིག་དེ་དག་ནི་རྗེས་སུ་ཕྱོགས་པའི་ཚིག་ཡིན་ནོ། །དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བ་བྱ་དང༌། ཀ་ཌ་མོ་ར་ཀ་ཏི་ཤྱ་དང། རྒྱ་མཚོས་བྱིན་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན་འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་པར་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་དུ་དགའ་མི་རྩོད་མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་
འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ། བསྒོ་བ་སྔར་ཇི་སྐད་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་དེ་སྐད་ཅེས་བསྒོ་བ་ནའོ། །གལ་ཏེ་གཞི་དེ་ཡོངས་སུ་གཏོང་ན་ཞེས་བྱ་བ་ནི་གལ་ཏེ་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི་ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གཞི་དེ་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན་རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་ན་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་དེ་ཡིན། ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི་གསོལ་བ་གཅིག་བྱས་པའི་འོག་ཏུ་ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བ་ནི་ཀུན་དུ་དྲི་བའོ། །ཡང་དག་པར་བསྟན་པ་ནི་དབྱེ་ན་ལས་བཟློག་པའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་གཏང་ན་མཐར་ཉེས་པ་སྔོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྒོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ།།
གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལས་བརྗོད་པ་གཉིས་པ་དང་གསུམ་པ་དང་མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་ངོ༌། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྔར་དགེ་འདུན་གྱི་དབྱེན་བྱེད་པ་དང། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་དགེ་འདུན་ལྷག་མ་ཐ་མ་བཞི་པོ་རྣམས་ཀྱི་སྤྱིའི་ཐུན་མོང་གི་མཚན་ཉིད་ཇི་སྐད་བསྟན་པ་ཐམས་ཅད་དྲན་པར་བྱས་ནས་འདིར་དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བཤད་པར་བྱ་སྟེ། ཅི་ཞིག་བྱས་ན་དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་སྟོན་པ་བཞུགས་པའི་ཚེ་གང་ཟག་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་ཚོགས་པ་ལས་དགེ་སློང་བཞི་ཡན་ཆད་ལོགས་ཤིག་ཏུ་བཀར་ཏེ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐ་དད་པར་བྱེད་པ་དེའི་རྗེས་སུ་ཕྱོགས་ཤིང་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པ་ལ། དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །གཞན་ནི་སྔ་མ་བཞིན་ནོ། །འདིའི་བྱེད་པ་པོ་ནི་སྟོན་པ་བཞུགས་བཞིན་དུ་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པའོ།། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་
ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པའི་མཚན་ཉིད་ཐམས་ཅད་ནི་དགེ་འདུན་གྱི་དབྱེན་གྱི་ལྷག་མ་དང་འདྲའོ། །དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཅིག་པ་བཤད་ཟིན་ཏོ།། །།ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེའི་ཚེ་ན་རེ་ལྡེའི་རི་ལ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་དང༌། དགེ་སློང་དམར་སེར་ཅན་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་འཁོད་དེ། དེ་དག་བུད་མེད་དང་ལྷན་ཅིག་ཐོ་འཚམས་པར་བྱེད། ཀུན་དུ་རྩེ་བར་བྱེད། ཀུན་དུ་ཅ་ཅོ་འདོན་པར་བྱེད། རྒོད་པ་དང་དྲེགས་པ་དང༌། ལུས་ལ་རྡེག་པར་བྱེད། སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད། མེ་ཏོག་དག་འཐོག་པར་བྱེད། འཐོག་ཏུ་འཇུག་པར་བྱེད། ཕྲེང་བ་དག་བརྒྱུད་པར་བྱད། བརྒྱུད་དུ་འཇུག་པར་བྱེད། མེ་ཏོག་རྣ་རྒྱན་དག་ཐོགས་པར་བྱེད། ཐོགས་སུ་འཇུག་པར་བྱེད། བྲོ་རྡུང་བར་བྱེད། བྲོ་རྡུང་དུ་འཇུག་པར་བྱེད། གླུ་ལེན་པར་བྱེད། གླུ་ལེན་དུ་འཇུག་པར་བྱེད། རོལ་མོའི་སྒྲ་འབྱིན་པར་བྱེད། རོལ་མོའི་སྒྲ་འབྱིན་དུ་འཇུག་པར་བྱེད། བྲོ་མཁས་པ་དང་གླུ་མཁས་པ་དང༌། རོལ་མོའི་སྒྲ་འབྱིན་པ་མཁས་པ་ལ་བྱ་དགའ་སྦྱིན་པར་བྱེད། ཆོས་གོས་དག་བརྫེས་ཏེ་རྒྱུག་པར་བྱེད། མཆོད་པར་བྱེད། རབ་ཏུ་མཆོང་པར་བྱེད། བརླ་སྐོར་བར་བྱེད། ལག་པ་སྐོར་བར་བྱེད། ཉ་ལྟར་སྐོར་བར་བྱེད། ཆུར་འཕྱོ་བ་ན་འཕེན་པར་བྱེད། ཆུ་ལ་རྔ་མད་དུ་ཀ་ལྟར་རྡུང་བར་བྱེད། ཆུ་ལ་རྔ་བོ་ཆེ་ལྟར་རྡུང་བར་བྱེད། གླང་པོ་ཆེའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། རྟའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁྱུ་མཆོག་གི་སྐད་ཀྱི་སྒྲ་འབྱིན་པར་བྱེད། རྨ་བྱའི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁུ་བྱུག་གི་སྐད་ཀྱི་སྒྲ་འབྱིན་པར་བྱེད། ཁས་རྫ་རྡའི་སྒྲ་འབྱིན་པར་བྱེད། ཁས་དུང་
གི་སྒྲ་འབྱིན་པར་བྱེད། ཁས་རྔ་བོ་ཆེའི་སྒྲ་འབྱིན་པར་བྱེད། གླང་པོ་ཆེའི་སྒྲའི་འཐབ་མོ་ཡང་བྱེད། གླང་པོ་ཆེའི་འཐབ་མོ་བྱེད་དུ་འཇུག་པར་ཡང་བྱེད། རྟའི་འཐབ་མོ་དང༌། ཁྱུ་མཆོག་གི་འཐབ་མོ་དང༌། མ་ཧེའི་འཐབ་མོ་དང༌། རའི་འཐབ་མོ་དང༌། ལུག་གི་འཐབ་མོ་དང༌། བུད་མེད་ཀྱི་འཐབ་མོ་དང༌། སྐྱེས་པའི་འཐབ་མོ་དང༌། གཞོན་ནུའི་འཐབ་མོ་དང༌། གཞོན་ནུ་མའི་འཐབ་མོ་དང༌། ཕྱག་ག་གི་འཐབ་མོ་དང༌། ཐི་བའི་འཐབ་མོ་དང༌། བུང་བའི་འཐབ་མོ་ཡང་བྱེད་དུ་འཇུག །བྱེད་དུ་འཇུག་པར་ཡང་བྱེད། དེ་དག་དང་གཞན་ཡང་དགེ་སྦྱོང་གི་ལས་མ་ཡིན་པ་དག་བྱེད་ཅིང་བྱེད་དུ་འཇུག་སྟེ། དེ་དག་གི་སྤྱོད་ཚུལ་དང་སྤྱོད་པ་དང༌། ལོག་པར་སྒྲུབ་པ་དེས་རེ་ལྡེའི་རིལ་དགེ་སློང་མ་འོངས་པ་དག་ཀྱང་མི་འོང་ལ། འོངས་པ་དག་ཀྱང་མངོན་པར་མི་དགའ་ཞིང༌། རེ་ལྡེའི་རིའི་གནས་སྤོང་བར་བྱེད་དོ། །རེ་ལྡེའི་རིལ་གནས་པའི་བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་ཡིད་མི་དགའ་ཞིང་ཞེ་ལྕེ་བར་གྱུར་ནས། དགེ་སློང་གཉུག་མར་གནས་པ་དག་ལ་ཡང་བསོད་སྙོམས་དབུལ་བ་དང་བྱ་བར་སེམས་པ་དཀའ་ན། གློ་བུར་དུ་ལྷགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་ཀ་ཤི་དག་ཏུ་ལྗོངས་རྒྱུ་ཞིང་འགྲོ་བ་ན་རེ་ལྡེའི་རི་ལ་ཕྱིན་ནས་རེ་ལྡེ་རིའི་གནས་ན་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་ནས། ཇི་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ་ཕྱིར་གཏོང་བ་ཡང་མ་ཐོབ་པར་ཕྱིར་བྱུང་ངོ༌། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། སྔོན་ནི་ཡང་རེ་ལྡེའི་རི་འདི་འབྱོར་པ་དང་རྒྱས་པ་དང༌། བདེ་བ་དང་ལོ་ལེགས་པ་དང༌། སྐྱེ་བོ་དང་མི་མང་པོས་ཀྱང་གང་བར་གྱུར་ལ། འདིར་སློང་མོ་པས་ཀྱང་བསོད་སྙོམས་རྙེད་སླ་བར་གྱུར་ན། ད་ལྟར་ཡང་རེ་ལྡེའི་རི་འདི་འབྱོར་པ་དང༌། རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། སྐྱ་བོ་དང༌། མི་མང་པོས་གང་བ་ཡིན་ན། འོན་ཀྱང་ཇི་ལྟར་
བདག་ལྷུང་བཟེད་བཀྲུས་པ་ཁོ་ནས་རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་པ་དེ་ལྟར་ལྷུང་བཟེད་བཀྲུས་པ་ཁོ་ནས་ཐ་ན་སློང་མོ་གཅིག་སྦྱིན་པ་ཡང་མ་ཐོབ་ཕྱིར་གཏོང་བ་ཡང་མ་ཐོབ་པར་ཕྱིར་བྱུང་བ་ལགས་ན། འདིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་བྱིས་པ་བླུན་པ་མི་གསལ་བ་མི་མཁས་པ་འགའ་ཞིག་གིས་ཉོན་མོངས་པའི་དབང་དུ་གྱུར་པས་སྤྱོད་ཡུལ་ལམ་སྤྱོད་ཡུལ་གྱི་ལམ་མམ། རིགས་ཀྱི་བུད་མེད་དམ་རིགས་ཀྱི་གཞོན་ནུ་མ་དག་ལ་ཀུན་དུ་སྨྲས་པའམ། ནོམ་པའམ། ཉུག་པར་བྱས་པར་མ་གྱུར་ཏམ་སྙམ་མོ། །དེའི་ཚེ་ན་རེ་ལྡེ་རི་པའི་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ཀྱི་དཔོང་སའི་གནས་ན་བྲམ་ཟེ་དང་ཁྱིམ་བདག་ལྔ་བརྒྱ་ཙམ་བྱ་བ་ཞིག་གི་ཕྱིར་འདུས་ཏེ་མཐུན་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རེ་ལྡེ་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་དཔོང་སའི་གནས་གལ་བདེར་སོང་སྟེ་ཕྱིན་ནས། རེ་ལྡེ་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྔར་ཇི་ལྟར་གྱུར་པ་དེ་དག་རྒྱས་པར་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང༌། རེ་ལྡེ་རི་པའི་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་དབང་པོ་རྣམས་ཕྱིར་བླན་ཏེ་འཁོད་དོ། །དེའི་ཚེ་ན་དགེ་བསྙེན་ཆུ་རྒྱུན་ཅན་འཁོར་དེ་ཉིད་དུ་འདུག་ཅིང་མཐུན་པར་གྱུར་པས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལག་པ་གཉིས་ནས་བཟུང་སྟེ་མཐའ་གཅིག་ཏུ་ཁྲིད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཇི་ལྟར་རེ་ལྡེ་རི་ལ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་དང་དགེ་སློང་དམར་སེར་ཅན་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་རྣམས་ཀྱིས་ཁྱིམ་སུན་ཕྱུང་ཞིང༌། སྡིག་པའི་ཆོས་ཀུན་དུ་སྤྱད་པ་དེ་དག་རྒྱས་པར་བརྗོད་ནས། བཙུན་པ་ཀུན་དགའ་བོ་གལ་ཏེ་ཁྱོད་ལ་མི་དགའ་ན། ཁྱོད་ཀྱིས་ཐུགས་བརྩེ་བའི་སླད་དུ་དོན་འདི་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཅིག་ཅེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་ཅག་གི་སྡུམ་པར་
བསོད་སྙོམས་ཅིག་གསོལ་བར་ཅི་གནང༌། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་དགེ་བསྙེན་ཆུ་རྒྱུན་ཅན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་བདེ་བར་འདུག་པ་ལ་རང་གི་ལག་ནས་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབས་པར་བྱེད་ཅིང༌། རང་གི་ལག་ནས་བཟའ་བ་དང་བཅའ་བ་བཟང་ཞིང་བསོད་པ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་ཟོས་ཤིང་ལག་པ་བསྙལ་ལྷུང་བཟེད་དང་ཆོས་གོས་གཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་བསྙེན་ཆུ་རྒྱུན་ཅན་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང༌། ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ༌། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཇི་ལྟར་ཡོངས་སུ་སྤྱད་པའི་གནས་མལ་མཁོས་སུ་ཕབ་ནས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་གཉིས་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྔར་དགེ་བསྙེན་ཆུ་རྒྱུན་ཅན་དང་ལྷན་ཅིག་སྐབས་སུ་གཏམ་བརྗོད་པ་ཅི་བྱུང་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་
བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་རེ་ལྡེ་རི་ལ་སོང་ལ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་བསྐྲད་པའི་ལས་གྱིས་ཤིག །འདི་ལྟར་བྱ་སྟེ། ལམ་གྱི་བར་དུ་འདུག་ལ་དགེ་སློང་གླེང་བ་པོ་འདུན་པས་མི་འགྲོ་བ་དང༌། ཞེ་སྡང་གིས་མི་འགྲོ་བ་དང༌། གཏི་མུག་གིས་མི་འགྲོ་བ་དང༌། འཇིགས་པས་མི་འགྲོ་བ་དང༌། གླེངས་པ་དང་མ་གླེངས་པ་ཤེས་པའི་ཆོས་ལྔ་དང་ལྡན་པ་བསྐོ་བར་བྱའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་དུ་འདུག་ཅིང་མཐུན་པར་གྱུར་པ་ལ། ཇེ་དང་པོར་སྤྲོ་བར་བྱ་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེའི་རི་ལ་སོང་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་བར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྔའི་རི་ལ་མཆིས་ཏེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་གླེང་པ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་རྡེ་རི་ལ་མཆིས་ནས། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་
བ་དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་ལ་གླེང་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་བ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་གང་དག་ངས་དགེ་སློང་གླེང་བ་པོའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གླེང་བ་པོས་རེ་ལྡེའི་རི་ལ་སོང་སྟེ། གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་ཁྱེད་ཀྱིས་ཁྱིམ་སུན་ཕྱུང་ཞིང་སྡིག་པའི་ཆོས་ཀུན་དུ་སྤྱད་པ་བདེན་ནམ་ཞེས་གླེང་བར་བྱའོ། །གལ་ཏེ་མཐུན་པ་མི་སྦྱིན་ནམ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །གལ་ཏེ་མཐུན་པ་སྟེར་ན་སྐབས་འབྱེད་དུ་གཞུག་པར་བྱའོ། །གལ་ཏེ་སྐབས་མི་འབྱེད་ན་མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །གལ་ཏེ་སྐབས་འབྱེད་ན་གླིང་བར་བྱའོ། །གལ་ཏེ་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་མ་གུས་པ་དེ་ཉིད་ཀྱིས་བསྐྲད་པའི་ལས་བྱའོ། །གལ་ཏེ་ལྟུང་བ་མཐོང་ངོ་ཞེས་ཟེར་ན། འདི་སྐད་ཅེས་དེ་ཁོ་ནའི་ཕྱིར་དགེ་འདུན་གྱིས་ཁྱེད་གཉིས་ལ་བསྐྲད་པའི་ཕྲིན་ལས་མཛད་དེ་ཞེས་བརྗོད་པར་བྱའོ། །དགེ་སློང་གླེང་པ་པོས་གླེང་བ་པོའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ནས་འགལ་ཚབས་ཅན་དུ་འགྱུར་རོ། །བསྐྲད་པའི་ལས་ནི་འདི་ལྟར་བྱ་སྟེ། དགེ་སློང་གླེང་བ་པོས་གླེངས་ནས་ལྟུང་བ་མཐོང་ཞེས་ཟེར་བ་ན་དགེ་སློང་གཅིག་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་འདི་གཉིས་ཁྱིམ་སུན་འབྱིན་པ་
སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ། འདི་གཉིས་ཁྱིམ་སུན་འབྱིན་པར་ཡང་སྣང་ཞིང་ཐོས་ལ་འཚལ། འདི་གཉིས་སྡིག་པའི་ཆོས་ཀུན་དུ་སྤྱོང་པར་ཡང་སྣང་ཞིང་ཐོས་ལ་འཚལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་ཁྱིམ་སུན་འབྱིན་པ་མ་བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཅུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ། འདི་གཉིས་ཁྱིམ་སུན་འབྱིན་པར་ཡང་སྣང་ཞིང་ཐོས་ལ་འཚལ། སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་སྣང་ཞིང་ཐོས་ལ་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་མ་བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་བསྐྲད་པའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་མ་བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་རེ་ལྡེ་རི་ལ་སོང་སྟེ། ལམ་གྱི་བར་དུ་འདུག་ནས་དགེ་སློང་གླེང་བ་པོ་བསྐོས་སོ། །དེ་ནས་དགེ་སློང་དམར་སེར་ཅན་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་དང་མཚུངས་པར་བྱེད་པ་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་འདིར་འོངས་ཏེ། ལམ་གྱི་བར་དུ་འདུག་ནས་དགེ་སློང་གླེང་པ་པོ་བསྐོས་
སོ། །དགེ་སློང་འགྲོ་མགྱོགས་དང་ན་བ་སོ་གཉིས་སྐྲོད་པའི་ལས་བྱེད་པར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ་ཚེ་དང་ལྡན་པ་འདི་གཉིས་ཀྱིས་ཀུན་དུ་སྤྱད་པ་དང༌། སྨྲས་པ་དང་བརྟུལ་བ་གང་དག་ཡིན་པ་དེ་དག་ལས་བདག་ཅག་གིས་ཀུན་དུ་མ་སྤྱད་པ་དང༌། མ་སྨྲས་པ་དང༌། མ་བརྟུལ་བ་ཅི་ཡང་མེད་པས་དེའི་ཕྱིར་འདི་གཉིས་ལ་སྐྲོད་པའི་ལས་བྱེད་ན། བདག་ཅག་ལ་ཡང་ཅིའི་ཕྱིར་མི་བྱེད་དེ། གང་གི་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་འདིར་འོངས་ཏེ། དང་པོར་འགྲོ་མགྱོགས་དང་ནབ་སོ་གཉིས་བསྐྲད་པའི་ལས་བྱས་པས་དེའི་འོག་ཏུ་བདག་ཅག་ལ་ཡང་སྐྲོད་པའི་ལས་བྱེད་པའི་གནས་ཡོད་པར་འགྱུར་བས་བདག་ཅག་གཏུར་བུའི་ཁུར་དྲགས་ཏེ། ཉན་རྣ་བ་གཞག་ཅིང་འཁོད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་སྒོ་གཅིག་ནས་འཇུག་པར་འགྱུར་བ་ན། བདག་ཅག་གཏུར་བུའི་ཁུར་དག་ཐོགས་ཏེ། སྒོ་གཅིག་ནས་འབྱུང་ཞིང་མཉན་ཡོང་དུ་འདོང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དགེ་སློང་གླེང་བ་པོ་རེ་ལྡེ་རི་ལ་སོང་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ན། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ཀྱི་མཐུན་པ་བྱིན་ཏེ་སྐབས་ཕྱེ་ནས། དགེ་སློང་གླེང་བ་པོས་གླེངས་པ་དང་དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལྟུང་བ་མཐོང་ངོ༌། །གླེང་བ་པོས་སྨྲས་པ། དེ་ཁོ་ནའི་ཕྱིར་དགེ་འདུན་གྱིས་ཁྱེད་གཉིས་ལ་བསྐྲད་པའི་ཕྲིན་ལས་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་སྒོ་གཅིག་ནས་ཞུགས་པར་གྱུར་པ་ན། དགེ་སློང་དམར་སེར་ཅན་དག་གཏུར་བུའི་ཁུར་དག་ཐོགས་ཏེ་སྒོ་གཅིག་ནས་བྱུང་ཞིང་མཉན་ཡོད་དུ་དོང་ནས་དེ་དག་གིས་ལྟུང་བ་བཤགས་པར་བྱ་པ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང༌། སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ།
དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་བསྐྲད་པའི་ལས་བྱས་ནས་མཉན་ཡོད་ག་ལ་བ་དེར་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ཏོ། །འགྲོ་མགྱོགས་དང་ནབ་སོ་གཉིས་ཀྱིས་བསམས་པ། གང་ས་ལ་སྒྱེལ་བདེ་ནི་ས་ཉིད་ལ་བརྟེན་ཏེ་ལྡང་བ་ཡིན་པས་བདག་ཅག་གཉིས་ཀྱང་མཉན་ཡོད་དུ་སོང་སྟེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་སྙམ་ནས་དེ་གཉིས་ཀྱིས་གྲོས་བྱས་ནས་དེ་ཉིད་ཀྱི་མཚན་མོ་འདས་པ་དང༌། སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ལྷུང་བཟེད་ཐོགས་ཏེ། རེ་ལྡེ་རི་ལ་བསོད་སྙོམས་ལ་ཞུགས་ནས་རེ་ལྡེ་རི་ལ་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་བྱས་ནས་ཕྱི་དྲོ་བསོད་སྙོམས་མི་བྱེད་པས་ཇི་ལྟར་སྤྱད་པའི་གནས་མལ་མཁོས་སུ་ཕབ་སྟེ། ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ། མཐར་གྱིས་རྒྱུ་ཞིང་འདོད་བ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དེ་གཉིས་མཐོང་བ་དང༌། དེ་རྣམས་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་བར་སྨྲ་བར་མི་བྱེད་དོ། །དགེ་འདུན་དམར་སེར་ཅན་དག་གིས་ཀྱང་དེ་གཉིས་མཐོང་བ་དང་དེ་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་དོ། །དེ་ནས་དགེ་སློང་འགྲོ་མགྱོགས་དང༌། ནབ་སོ་གཉིས་ཀྱིས་དགེ་སློང་དམར་སེར་ཅན་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་གནས་བརྟན་གནས་བརྟན་རྣམས་ནི་ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད་པ་ནི་རིགས་ན་ཁྱེད་ཅག་ཅིའི་ཕྱིར་ཁོ་བོ་ཅག་གཉིས་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ཁོ་བོ་ཅག་གཉིས་ཀྱིས་ཀུན་དུ་སྤྱད་པ་དང་སྨྲས་པ་དང༌། བརྟུལ་བ་གང་དག་ཡིན་པ་དག་ལས། ཁྱེད་ཅག་གིས་ཀུན་དུ་མ་སྤྱད་པ་དང་མ་སྨྲས་པ་དང་མ་བརྟུལ་བ་ཅི་ཞིག་ཡོད་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གཉིས་དེ་
ཡང་བདེན་མོད་ཀྱི་འོན་ཀྱང་ཁོ་བོ་ཅག་གིས་ལྟུང་བ་བཤགས་པར་བྱ་བ་གང་དག་ཡིན་པ་དེ་དག་ཀྱང་བཤགས་ཤིང༌། སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་བསྡམ་པར་བྱ་བ་དག་ཀྱང་སེམས་ཀྱིས་བསྡམས་ཏེ། དེ་ལྟར་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གནས་ཤིང་དགེ་འདུན་གྱི་བྱ་བ་ཡང་རྗེས་སུ་སྲུང་བར་བྱེད་པས་ཁོ་བོ་ཅག་ཕྱིན་ཆད་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་དང་ལྷན་ཅིག་ལོངས་སྤྱོད་པར་མི་བྱེད་དོ། །དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ནས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་འཕྱ་བར་བརྩམས་པ་དང༌། དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་གཉིས་སུ་ལ་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པ་དག་ལའོ། །དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གང་དག་རེ་ལྡེའི་རི་ལ་དོང་ནས་བདག་ཅག་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ཞིང་དགེ་སློང་རྣམས་ལ་ཡང་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན། དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ངག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་དང༌། གཞན་ཡང་དེ་ལྟ་
བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འགྲོ་མགྱོགས་དང༌། ནབ་སོ་གཉིས་ཁྱེད་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེའི་རི་ལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། དགེ་སློང་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་པའི་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཅུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་བཞགས་ཏེ་བསྒོའོ། །དགེ་སློང་རྣམས་ཀྱིས་དེ་གཉིས་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། དེ་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་འགྲོ་མགྱོགས་དང་ནབ་སོ་གཉིས་དང་གཞན་ཡང་དེ་
ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེའི་རི་ལ་མཆིས་ནས། འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི་ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང༌། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན། དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་པ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང༌། མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འགོ་མགྱོགས་དང་ནབ་སོ་གཉིས་ལ། ཚེ་དང་ལྡན་པ་འགྲོ་མགྱོགས་དང་ནབ་སོ་གཉིས་ཁྱེད་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རིལ་དོང་ནས་ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་
འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་བར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་དང༌། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེ་རི་ལ་མཆིས་ནས་འདི་གཉིས་བསྐྲད་པའི་ལས་བགྱིས་པར་འཚལ་བཞིན་དུ་དེ་དག་ལ་འདུན་པས་འགྲོ་བ་ཞེས་མཆི། ཞེ་སང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མཆི་ཞིང༌། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏོ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཆི་ནས། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ན། འདི་གཉིས་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུ་ན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ།
དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ། ཚེ་དང་ལྡན་པ་འགྲོ་མགྱོགས་དང་ནབ་སོ་གཉིས་ཁྱེད་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་གནས་བརྟན་གནས་བརྟན་གང་དག་རེ་ལྡེའི་རི་ལ་དོང་ནས། ཁྱེད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་པས་འགྲོ་པའོ་ཞེས་མ་ཟེར་ཅིག །ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་མ་ཟེར་ཅིག །དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་པ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད་ཁ་ཅིག་ནི་སྐྲོད་པར་མི་བྱད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་པ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་གཉིས་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་བ་ཅན་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིང་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་
པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། མཁྱེན་བཞིན་དུ་རྨེད་པས་འགྲོ་མགྱོགས་དང་ནབ་སོ་གཉིས་ལ་སྨྲས་ནས། རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་བརྟེན་ཅིང་གནས་པར་གྱུར་ལ། དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང༌། དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་དུ་སྤྱོད་པར་མཐོང་ངམ་ཐོས་སམ་རབ་ཏུ་ཤེས་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱོད་ཀྱིས་ཁྱིམ་དག་སུན་ཕྱུང་བ་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱི། ཚེ་དང་ལྡན་པ་དག་ཁྱེད་ཅག་འདི་ན་གནས་པས་ཆོག་གི་གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོང་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་
ཁྱེད་ཅག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ་ཚེ་དང་ལྡན་པ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འགྲོ་མགྱོགས་དང་ན་སོ་གཉིས། ཉོན་མོངས་པ་ནི་རང་སྐྲོད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པས་བརྫུན་དུ་སྨྲ་བ། ཉེས་པ་ནི་ཁྱིམ་སུན་འབྱིན་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་འགྲོ་མགྱོགས་དང་ནབ་སོ་དག་གམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རབ་ཏུ་མང་པོ་དག་ཅེས་བྱ་བ་ནི་གྲངས་སུ་ཡང་རུང་བ་སྟེ། གཉིས་ལས་ལྷག་པ་ནི་རབ་ཏུ་མང་པོ་དག་གོ །གྲོང་ངམ་གྲོང་རྡལ་ཞིག་ནས་ཞེས་བྱ་བ་ནི་རེ་ལྡེ་རི་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ནའོ། །ཉེ་བར་བརྟེན་ཅིང་གནས་པར་གྱུར་ལ་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དག་གིས་སོ། །དེ་དག་ཀྱང་
ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་གོ །སུན་འབྱིན་པ་ཞེས་བྱ་བ་ནི་དེ་དག་རྒྱུ་གཉིས་ཀྱིས་སུན་འབྱིན་བར་བྱེད་དེ། འགྲོགས་པ་དང་ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཤེ་ན། བུད་མེད་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་བྱེད། སྣོད་གཅིག་ཏུ་ཟ་བར་བྱེད། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་དག་འཐུང་བར་བྱེད་པས་ཏེ་དེ་ལྟར་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཤེ་ན། ཟས་ཀྱིས་དང༌། སྐོམ་གྱིས་དང༌། གོས་ཀྱིས་དང༌། མེ་ཏོག་གིས་དང༌། འབྲས་བུས་དང། སོ་ཤིང་གིས་ཏེ། དེ་ལྟར་ལོངས་སྤྱོད་པས་སོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་གྱུར་ཅིང་ངོ༌། །དེ་དག་གི་ཁྱིམ་དག་ཅེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་གོ །སུན་ཕྱུང་བར་མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སམ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་སམ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་དག་གིས་སོ། །དེ་དག་གིས་སྡིག་པ་ཀུན་དུ་སྤྱོད་པར་ཞེས་བྱ་བ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པར་རོ། །མཐོང་ངམ། ཐོས་སམ་རབ་ཏུ་ཤེས་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་འགྲོ་མགྱོགས་དང་ནབ་སོ་གཉིས་དང་གཞན་ཡང་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱི་ཚེ་དང་ལྡན་པ་དག་ཁྱེད་ཅག་གནས་འདི་ན་གནས་པས་ཆོག་གི་གནས་འདི་ནས་དེངས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་གླེངས་ནས་ལྟུང་བ་མཐོང་བའི་འོག་ཏུ་བསྐྲད་པའི་ལས་ཇི་སྐད་སྔར་བསྟན་པ་ལྟར་བསྐྲད་པའི་ལས་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་
མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པས་འགྲོ་བ་ཞེས་བྱ་བ་ལ་སོགས་པས་བརྫུན་དུ་སྨྲ་བ་དེ་སྐད་ཟེར་ནའོ། །དགེ་སློང་དེ་དག་ལ་ཞེས་བྱ་བ་ནི་འགྲོ་མགྱོགས་དང་ནབ་སོ་གཉིས་དང་གཞན་ཡང་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི། བཞམས་ཏེ་བསྒོ་བ་ནའོ། །གལ་ཏེ་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེ་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམས་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི་ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན། རྩོམ་པ་ལ་ཉེས་བྱས་གཅིག་དང༌།
བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་དེ་ཡིན། ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ནི་གསོལ་བ་གཅིག་བྱས་པའི་འོག་ཏུ་ལས་བརྗོད་པ་གསུམ་བྱ་བའོ། །ཡང་དག་པར་བསྒོ་བ་ནི་ཀུན་དུ་དྲི་བའོ། །ཡང་དག་པར་བསྟན་པ་ནི་ཁྱིམ་སུན་འབྱིན་པ་ལས་བཟློག་པའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ནི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟར་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལས་བརྗོད་པ་གསུམ་པ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམས་པར་གཞག་པ་དང་ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྔར་དགེ་འདུན་གྱི་དབྱེ་ན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་དགེ་འདུན་ལྷག་མ་ཐ་མ་བཞི་པོ་རྣམས་ཀྱིས་སྤྱིའི་ཐུན་མོང་གི་མཚན་ཉིད་ཇི་སྐད་བསྟན་པ་ཐམས་ཅད་དྲན་པར་བྱས་ནས། འདིར་
ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བཤད་པར་བྱ་སྟེ། ཅི་ཞིག་བྱས་ན་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་དེ་དེ་ལ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་ལ་གླེང་བ་པོས་གླེངས་ཤིང་མཐུན་པ་བྱིན་ཏེ་སྐབས་འབྱེད་པ་ལ་གླེངས་ནས་ལྟུང་བ་མཐོང་ངོ་ཞེས་ཟེར་བ་ལ་སྐྲོད་པའི་ལས་བྱས་ནས་ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པའི་དབང་གིས་དགེ་འདུན་དེ་བདག་སྐྲོད་པའི་ལས་གང་ཡིན་པ་དེ་ལ་འདུན་པས་འགྲོ་བ་ལ་སོགས་པས་འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་པ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང༌། བཞིའི་ལས་ཀྱིས་བཟློག་པ་ན་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་ཐུན་མོང་གི་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལ་ན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྣད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཁྱིམ་སུན་འབྱིན་པ་དང་བསྐྲད་པའི་ལས་བྱས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཁྱིམ་སུན་འབྱིན་པ་དང༌། གླེང་བ་དང༌། བསྐྲད་པ་དང་
རང་སྐྲོད་པའི་དགེ་འདུན་ལ་ལོག་པའི་བསམ་པས་དེ་དེ་ལ་དེ་ལྟར་ཞུགས་སོ་ཞེས་བརྫུན་དུ་སྨྲ་བ་ཉིད་དང༌། ཆོས་དང་མཐུན་བས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་བཞམས་ཏེ་བསྒོ་བས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །གསོལ་བས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་དང་པོས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་གཉིས་པས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །དང་པོ་རྩོམ་པ་མ་གཏོགས་པ་གླེང་བ་དང་བསྐྲད་པའི་ལས་བྱས་པ་ཕྱིན་ཆད་ཀྱི་འཇུག་པ་ནི་སྦྱོར་བ་ཉིད་དེ་ཉེས་པ་སྒོམ་པོའོ། །ཁྱིམ་པ་དང་མི་མ་ཡིན་པའི་འགྲོ་བ་ལ་ཉེས་པ་སྦོམ་པོའོ། །ཁྱིམ་པ་རང་བཞིན་ཉམས་པ་དང་བརྡ་མི་ཕྲད་པ་ལ་ཉེས་པ་སྦོམ་པོའོ། །དགེ་སློང་མི་མ་ཡིན་པའི་འགྲོ་བའི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་མེད་པ་ལ་ཉེས་པ་སྦོམ་པོའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་དགེ་སློང་གིས་ཅུང་ཟད་ཇི་ཙམ་དུ་དགེ་སློང་དེ་དག་གིས་བདག་ཉིད་བསྐྲད་པའི་ལས་བྱས་པར་ཤེས་བཞིན་དུ་དེ་དག་ལ་འདུན་བས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་ཟེར་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གླེང་བ་དང་བསྐྲད་པ་མ་བྱས་པའི་ཚེ་ན་འདུན་པས་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ཡང་ཉེས་བྱས་སོ། །ཁྱིམ་པ་དུད་འགྲོ་ལ་ཡང་ཉེས་བྱས་སོ། །འདི་ལ་སྔར་གླེང་བ་དང་བསྐྲད་པ་མ་བྱས་པར་བཟློག་པའི་ཆོ་ག་དང་ལས་བྱེད་ན་ཆོ་ག་ལས་འདས་པའི་ལས་མི་འཆགས་པར་བྱེད་པ་ཡིན་པས། བྱེད་པ་པོའི་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྟུང་བ་མེད་པ་ནི་མི་མཐུན་པ་དང༌། ཆོས་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་དང་ཆོས་གཅིག་ཡོད་གཅིག་མེད་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །མཐུན་པ་ལྟར་བཅོས་པ་དང༌། ཆོས་ལྟར་བཅོས་པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ། །ཆོས་དང་མཐུན་པ་དང་སྟོན་པ་ཇི་ལྟ་བ་བཞིན་མ་ཡིན་པས་བསྒོ་བར་བྱེད་ན་ལྟུང་
བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་བ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་ཀུན་དུ་སྤྱོད་པའི་སྦྱོར་བའི་སྦྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བྱུང་མ་ཐག་ཏུ་སྟན་དེ་ཉིད་ལ་འདུག་བཞིན་དུ་མཐོལ་བར་བྱའོ། །གཞི་དེས་མ་བཤགས་ཤིང་སོ་སོར་བཤགས་པར་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ཐམས་ཅད་ཉམས་སུ་མྱོང་བར་མི་བྱའོ། །ཕྱིར་བཅོས་པ་ནི་འོག་ནས་སྟོན་ཏོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཉིས་པ་བཤད་ཟིན་ཏོ།། །།བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་ནས། དེ་ལ་དགེ་སློང་དོན་འདོད་པ་ཕན་པར་འདོད་པ་བདེ་བར་འདོད་པ་བདེ་བལ་རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་ཚེ་དང་ལྡན་པ་འདུན་པ་ཁྱོད་ལྟུང་བ་བྱུང་བ་དེ་དག་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་གླེང་བར་བྱེད་དྲན་པར་བྱེད་པ་ན། དེས་སྨྲས་པ་སུ་ལ་ལྟུང་བ་བྱུང་བ་དེ་ཕྱིར་བྱེད་པར་འགྱུར་རོ། །ཁྱོད་ལ་ལྟུང་བ་བྱུང་ན་སུ་ཞིག་ཕྱིར་བྱེད་པར་འགྱུར། སུ་ལ་ལྟུང་བ་བྱུང་བ་དེ་ཕྱིར་འགྱོད་པར་འགྱུར་བའོ།། ཁྱོད་ལ་ལྟུང་བ་བྱུང་བ་ལ་སུ་འགྱོད་པར་འགྱུར། དེ་ལ་དགེ་སློང་རྣམས་ཀྱིས་ཕྱིར་ཞིང་ཕྱིར་ཞིང་སྨྲས་བ་ན་དེ་འཐུར་ཞིང་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའི། ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་བདག་གིས་སྨྲས་པས་ཅི་ཞིག་བྱ། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང༌། རུས་སྣ་ཚོགས་དང༌། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་དག་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་ཤིང་ལྗོན་
པ་དག་གི་ལོ་མ་སྣ་ཚོགས་རླུང་གིས་ལྷགས་པ་དག་གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུས་པ་བཞིན་དུ། ཁོ་བོའི་འཕགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་བྱང་ཆུབ་ཐུགས་སུ་ཆུད་པ་ཡིན་ཏེ། ཁྱེད་དང་ཁོ་བོ་མི་འདས་ཁོ་བོ་ལ་ཅི་ཡང་མ་ཟེར་ཅིག་ཅེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་འདུན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་
བཀའ་མཉན་ནས། ཚེ་དང་ལྡན་པ་འདུན་པ་ལ་བཞམས་ཏེ་བསྒོའོ། །དེ་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ནག་ཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འདུན་པ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །འདི་ལྟར་བསྒོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་དུ་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང༌། བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་རྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱི་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་
ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་བར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་ནས། འདི་ལྟར་དགེ་སློང་རྣམས་ཀྱིས་གདོན་བར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་བ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བགྱི་བ་མ་ལགས་པར་བགྱིད་ནས། འདི་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་དེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་ཚེ་དང་ལྡན་པ་འདུན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་
བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་བར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟར་གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི། །ཚེ་དང་ལྡན་པ་འདུན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་པ་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་དགེ་སློང་འདུན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་དེ་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། མཁྱེན་བཞིན་དུ་ཚེ་དང་
ལྡན་པ་འདུན་པ་ལ་སྨྲས་ནས། རྣམ་གྲངས་དུ་མས་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་བས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་བར་བྱ་སྟེ་འདི་ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ། དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བ་དག་ལ་ཅི་ཡང་མ་སྨྲ་ཤིག །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་བ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མི་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་བ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲོས་ཤིག །འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱི་ཚེ་དང་ལྡན་བ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་བའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་
བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ་ཡང་དག་པར་བསྟན་བར་བྱ། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམྦཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་གླེང་བར་མི་འདོད་པ། ཉེས་བ་ནི་བཀའ་བློ་མི་བདེ་བའོ། །དེ་ལ་འདི་ན་དགེ་སློང་འགའ་ཞིག་ཅེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་པ་ལ་ཞེས་བྱ་བ་ལ། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་རྗེས་སུ་མཐུན་པ་རྗེས་སུ་མཉན་པར་བྱ་བ། ཚུལ་དང་མཐུན་པ། དྲང་པོར་འཇུག་པ། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཀུན་དུ་འགོག་པ་དང༌། མི་འཛིན་པ་དང༌། མི་བྱ་བ་དང༌། མི་བྱེད་པ་དང༌། མི་མཐུན་པར་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་ཀྱིས་སོ། །གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་ཞེས་བྱ་བ་ནི་སོ་སོར་ཐར་བའི་མདོ་གདོན་པ་རྣམ་པ་བཞི་པོ་དག་ཏུ་གཏོགས་པ་སྟེ། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བ་དུན་པོ་དག་གོ །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་བར་གཏོགས་པ་རྣམས་ཀྱིས་ཏེ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །མདོ་ཞེས་བྱ་བ་ནི་དེས་ངེས་པར་སྦྱར་བའི་མདོའམ། ཡང་ན་མདོ་ཡང་དག་པར་སྦྱོར་བའོ། །ཆོས་དང་མཐུན་པ་དང་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འགྲོ་བ་སྟེ། མདོ་སྡེ་དང་མ་མོ་དང་མཐུན་པའོ། །འདུལ་བ་དང་མཐུན་
པར་ཞེས་བྱ་བ་ནི་འདུལ་བའི་རྗེས་སུ་འགྲོ་བ་སྟེ། འདུལ་བ་ཉིད་དང་མཐུན་པར་རོ། །སྨྲས་པ་ན་ཞེས་བྱ་བ་ནི་བཟློག་པ་ན་སྟེ། ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟར་བསྒོ་བ་ནའོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་བདག་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མ་བྱེད་ལ། སྡིག་པ་ལས་བཟློག་པར་ཡང་མ་བྱེད་ཅིག་ཅེས་པའོ། །བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི་དགེ་བ་ལ་སྦྱོར་བར་ཡང་མི་བྱེད་ལ་སྡིག་པ་ལས་བཟློག་པར་ཡང་མི་བྱེད་དོ་ཞེས་པའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་རྒྱ་ཆེར་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་པའོ། །བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་ན་ཞེས་བྱ་བ་ནི་བདག་ཉིད་གླེང་བར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་ནའོ། །དེ་དག་ནི་རེ་ཞིག་ལྟུང་བ་འབྱིན་པ་ལ་དགེ་སློང་རྣམས་ཀྱིས་གླེང་བ་དང་དྲན་པར་བྱས་པ་ན་བཀའ་བློ་མི་བདེ་བའི་རང་བཞིན་སྟོན་པ་ཡིན་ནོ། །དེ་ལ་གླེང་བ་ནི་ཕྱོགས་གཅིག་ཏུ་གྱུར་བ་གླེང་བ་ཡིན་ནོ། །དྲན་པར་བྱ་བ་ནི་ཡོངས་སུ་རྫོགས་པར་དྲན་པར་བྱ་བའོ། །དེའི་རིམ་པ་ནི་གལ་ཏེ་གླེང་བར་བྱ་བ་དེའི་ལྟུང་བ་ཤེས་པའི་དགེ་སློང་དུ་མ་ཡོད་པ་ཉིད་ཡིན་ན་དེ་ལྟ་གླེང་བ་དང་དྲན་པར་བྱ་བ་ལ་སོགས་པ་ལ་དེ་དག་ལ་རྒན་རིམས་ཀྱིས་འཇུག་པར་བྱ་བར་མ་ངེས་ཀྱི་གང་གླེང་བར་འདོད་པ་གཅིག་གིས་ཅི་དགར་གླེང་བར་བྱའོ། །གླེང་བ་པོ་དེས་ཀྱང་དུས་མ་ཡིན་པར་གླེང་བར་མི་བྱའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་གླེང་བར་མི་བྱའོ། །དབེན་པའི་མཐའ་མ་ཡིན་པར་གླེང་བར་མི་བྱའོ། །སྐབས་འབྱེད་དུ་མ་བཅུག་པར་གླེང་བར་མི་བྱའོ། །དེ་ལྟར་གླེང་བ་ལ་ཡང་གཞི་དང་བཅས་པས་གླེང་བར་བྱའི། གཞི་མེད་པས་གླེང་བར་མི་བྱ་སྟེ། དེ་ལ་གཞི་དང་བཅས་པ་ནི་མཐོང་བའམ། ཐོས་པའམ། དོགས་པའི་གཞི་ལེགས་པར་གླེང་བའོ། །གཞི་མེད་པ་ནི་དེ་ལས་བཟློག་པ་དང༌། ལྷའི་མིག་དང་ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་ལ་སོགས་པ་མིའི་ཆོས་བླ་མར་གྱུར་པའོ།།
དེ་ལྟར་གཞི་དང་བཅས་པས་གླེངས་པ་ན་མི་དྲན་པ་དྲན་པར་བྱ་སྟེ། ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་གང་བྱུང་བ་གླེང་བ་པོས་ཇི་ལྟར་མཐོང་བའམ་ཐོས་པའམ། དོགས་པའི་སྒོ་ནས་དྲན་པར་བྱ་བའོ། །དེ་ལྟར་གླེངས་ཤིང་དྲན་པར་བྱས་པ་ན་སྐབས་འབྱེད་པར་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཁྱོད་ཀྱིས་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པར་བྱ་བའི་ཕྱིར་དོགས་པ་ཡོད་དོ་ཞེས་བརྗོད་པ་དང་བཅས་པ་ཉིད་བྱའོ། །དེས་སྐབས་འབྱེད་བར་མི་བྱེད་ན་མི་གདམས་པ་ཉིད་དུ་བྱ་སྟེ། དེ་ལ་གདམས་ངག་དང་རྗེས་སུ་བསྟན་པས་ཕན་གདགས་པར་མི་བྱའོ། །དེས་ཀྱང་སྐབས་འབྱེད་པར་མི་བྱེད་ན། དེ་ལ་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་པར་བྱ་སྟེ། དེ་ལ་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང༌། སོ་སོར་ཀུན་དགའ་བར་བྱ་བའི་ཐ་སྙད་ཀྱི་ཚིག་སྦྱིན་པར་ཡང་མི་བྱའོ། །དེ་ལྟ་ན་ཡང་སྐབས་འབྱེད་པར་མི་བྱེད་ན། དེ་ལ་གསོ་སྦྱོང་གཞག་པར་བྱ་སྟེ། གསོ་སྦྱོང་གི་དུས་སུ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་གསོ་སྦྱོང་གཞག་པར་བྱའོ། །གསོ་སྦྱོང་གཞག་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་གྱིས་ཚེས་བཅུ་བཞིའམ་བཅོ་ལྔའི་གསོ་སྦྱོང་གི་དུས་སུ་དགེ་འདུན་ཚོགས་པའི་མདུན་དུ་གང་ཟག་དེ་བཀུག་སྟེ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་
འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང༌། མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དོ། །དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གསོ་སྦྱོང་གཞག་པར་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་གསོ་སྦྱོང་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལྟ་ན་ཡང་སྐབས་འབྱེད་པར་མི་བྱེད་ན། དེ་ལ་དགག་དབྱེ་གཞག་པར་བྱ་སྟེ། དགག་དབྱེའི་དུས་སུ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་དགག་དབྱེ་གཞག་པར་བྱའོ། །དགག་དབྱེ་གཞག་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་གྱིས་དབྱར་སྔ་མའམ་ཕྱི་མའི་དགག་དབྱེའི་དུས་སུ་དགེ་འདུན་ཚོགས་པའི་མདུན་དུ་གང་ཟག་དེ་བཀུག་སྟེ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བྱ་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང༌། མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་
བགྱིས་ཀྱང་སྐབས་འབྱེད་པར་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང༌། མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགག་དབྱེ་གཞག་པ་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །སྐབས་ཕྱེ་བ་ཉིད་ན་གལ་ཏེ་མཉེན་པ་ཉིད་མ་ཡིན་ན་ཕུར་པ་དང་བཅས་པ་བྱ་སྟེ། གནས་འདིའམ་གཞན་དུའམ། གཞི་འདིའམ་གང་ཡང་རུང་བ་ལ་ཇི་འདོད་པ་སྨྲ་བར་བྱའོ་ཞེས་བྱ་བ་དང༌། དེ་ལ་ལྟུང་བ་བཀལ་ཅིང་ཉེས་པ་བསྟན་ཏེ་བཏང་བས་རྟ་རྨུ་རྒོད་རྟོད་ཕུར་ལ་བཏགས་པ་བཞིན་དུ་ཕུར་པ་དང་བཅས་པ་བྱའོ། །དེ་ལྟར་གཞི་དང་བཅས་པས་ཚུལ་ཁྲིམས་དང༌། ལྟ་བ་དང་ཆོ་ག་དང༌། འཚོ་བ་ཉམས་པ་གླེང་བ་དང༌། དྲན་པ་དང༌། སྐབས་འབྱེད་དུ་གཞུག་པ་དང༌། བརྗོད་པ་དང་བཅས་པ་ཉིད་དང༌། མི་གདམས་པ་ཉིད་དང༌། གཏམ་འདྲེ་བར་མི་བྱེད་པ་དང༌། གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་པ་དང་བཅས་པ་དག་བྱས་ཀྱང་བཀའ་བློ་མི་བདེ་བའི་རང་བཞིན་མི་གཏོང་ན་དེ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བར་བྱའོ། །དེའི་ཕྱིར་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་དེ་ལ་ཞེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་
མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་བ་ལ་ཆོས་དང་མཐུན་པ་དང༌། འདུལ་བ་དང་མཐུན་པར་སྨྲ་བ་ན་ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །བརྗོད་པར་བྱ་བ་ཉིད་དུ་བྱེད་པའི་ཕན་ཡོན་གང་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་གླེང་བ་ཉིད་དུ་བྱེད་པའོ། །གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་སློབ་པའོ། །གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་ཅེས་བྱ་བ་ནི་གཅིག་གིས་གཅིག་གི་ལྟུང་བ་སྦྱོང་བའོ། །དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཞེས་བྱ་བ་ནི་སྟོན་པ་དེའིའོ། །འཁོར་འདི་ཞེས་བྱ་བ་ནི་དགེ་འདུན་ནོ། །འཕེལ་བར་འགྱུར་གྱི་ཞེས་བྱ་བ་ནི་སྔོན་ཆད་དོ། །ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་བའོ། །བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་བྱ་བའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་བཟློག་པ་ནའོ། །གལ་ཏེ་གཞི་དེ་ཞེས་བྱ་བ་ནི་བཀའ་བློ་མི་བདེ་བ་ཉིད་དོ། །གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་གཏོང་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། རྩོམ་པའི་ཉེས་བྱས་གཅིག་བྱུང་བར་ཟད་ཀྱི་ཉེས་པ་སྦོམ་པོ་ཡང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་ན་སྟེ། དེ་ལྟར་བཞམས་ཏེ་བསྒོ་བ་མི་གཏོང་ན་རྩོམ་པ་ལ་ཉེས་བྱས་གཅིག་དང༌། བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་ཀྱང་འབྱུང་ངོ༌། །གཞི་དེ་གཏང་
བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཇི་སྐད་སྔར་བསྟན་པ་ལྟར་བསྒོ་བར་བྱ་སྟེ། ཡང་དག་པར་བསྒོ་བ་ནི་དེ་ཡིན། ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་བཟླས་ཞེས་བྱ་བ་ནི་གསོལ་བ་གཅིག་བྱས་པའི་འོག་ཏུ་ལས་བརྗོད་པ་གསུམ་པ་བྱ་བའོ། །ཡང་དག་པར་བསྒོ་བ་ནི་ཀུན་དུ་དྲི་བའོ། །ཡང་དག་པར་བསྟན་པ་ནི་བཀའ་བློ་མི་བདེ་བ་ལས་བཟློག་པའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །སྔར་ནི་སྦྱོར་བ་བརྩམས་པ་ལ་ཉེས་བྱས་གཅིག་གོ །བཞམས་ཏེ་བསྒོ་བ་མ་བཏང་བའི་མཐར་ཉེས་པ་སྦོམ་པོ་གཅིག་གོ །གསོལ་བ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་དང་པོ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །ལས་བརྗོད་པ་གཉིས་པ་བྱས་པ་རྫོགས་པའི་མཐར་ཡང་ཉེས་པ་སྦོམ་པོ་གཅིག་གོ །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལས་བརྗོད་པ་གསུམ་པ་དང༌། མཇུག་སྡུད་པ་རྫོགས་པའི་མཐར་དགེ་འདུན་ལྷག་མའི་དངོས་གཞི་གཅིག་འབྱུང་བའོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྔར་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ཐ་མ་བཞི་པོ་རྣམས་ཀྱི་སྤྱིའི་ཐུན་མོང་གི་མཚན་ཉིད་ཇི་སྐད་བསྟན་པ་ཐམས་ཅད་དྲན་པར་བྱས་ནས། འདིར་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བཤད་པར་བྱ་སྟེ། ཅི་ཞིག་བྱས་ན་
བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེངས་པ་ཉིད་ན་བདག་ཉིད་ཀྱི་དེ་ལ་དགེ་སློང་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་མི་གཏོང་ན་དགེ་འདུན་ལྷག་མར་འགྱུར་རོ། །དེའི་བྱེ་བྲག་ནི་བཀའ་བློ་མི་བདེ་བའི་དགེ་སློང་ལ་དགེ་སློང་རྣམས་ཀྱིས་གླེང་བ་དང་དྲན་པར་བྱས་པ་ན་བདག་ཉིད་ལ་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པའི་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱིས་ལྷག་པའི་ཚུལ་ཁྲིམས་སུ་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱིས་གླེང་བར་མི་བྱའོ་ཞེས་ཟེར་བ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ན། ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །དངོས་པོ་བཟང་ངན་དང་འདྲ་བ་ལ་ན་སྨད་པ་མེད་དོ། །མཚན་གྱུར་པ་ལྟུང་བ་མཐུན་མོང་ག་ཡུལ་ལ་ན་སྨད་པ་མེད་དོ། །འགྲོ་བ་གཞན་ལས་སྐྱེས་པ་དང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་ན་སྨད་པ་མེད་དོ། །གནས་སྐབས་གཞན་ཐོབ་པ་ལན་སྨད་པ་མེད་དོ། །གཞི་གཅིག་ལ་བསླབ་པ་དུ་མ་བཅས་པ་ཉིད་ལ་ན་སྨད་པ་མེད་དོ། །དངོས་པོ་ལ་ཐེ་ཚོམ་ཟ་བས་བསམ་པ་དང་བཅས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཡུལ་བསམས་པ་དང་མ་བསམས་པ་ལ་ན་སྨད་པ་མེད་དོ། །རང་དང་གཞན་གྱི་དོན་དུ་བྱེད་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བཀའ་བློ་མི་བདེ་བ་དང་གླེང་བ་ལ་སོགས་པའི་ལས་བྱས་པའོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བཀའ་བློ་མི་བདེ་བ་དང༌། གླེངས་པ་དང༌། དྲན་པར་བྱས་པ་དང༌། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་དང། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་བརྗོད་པ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་བཞམས་ཏེ་བསྒོ་བས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །གསོལ་བས་བཟློག་པ་ན་མི་གཏོང་
ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་དང་པོས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །ལས་བརྗོད་པ་གཉིས་པས་བཟློག་པ་ན་མི་གཏོང་ན་ཉེས་པ་སྦོམ་པོའོ། །དང་པོ་རྩོམ་པ་མ་གཏོགས་པ་གླེང་བ་དང༌། དྲན་པ་དང༌། སྐབས་འབྱེད་དུ་གཞུག་པ་དང༌། བརྗོད་པ་དང་བཅས་པ་དང༌། མི་གདམས་པ་དང༌། གཏམ་འདྲེ་བར་མི་བྱ་བ་དང༌། གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་པ་དང་བཅས་པ་བྱས་པ་ཕྱིན་ཆད་ཀྱི་འཇུག་པ་དང་ནི་སྦྱོར་བ་ཉིད་དེ་ཉེས་པ་སྦོམ་པོའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་དགེ་སློང་ཅུང་ཟད་ཙམ་དུ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པས་སྨྲས་པ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བྱས་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གླེང་བ་དང༌། དྲན་པ་དང༌། སྐབས་འབྱེད་དུ་གཞུག་པ་དང༌། བརྗོད་པ་དང་བཅས་པ་དང༌། མི་གདམས་པ་དང༌། གཏམ་འདྲེ་བར་མི་བྱ་བ་དང༌། གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་པ་དང་བཅས་པ་མ་བྱས་པའི་ཚེ་ན་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་ཡང་ཉེས་བྱས་སོ། །ཕྱོགས་བཅུ་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་པ་ཐམས་ཅད་མ་ཡིན་པ་ཁ་ཅིག་གིས་མི་གླེང་བ་ཉིད་དུ་བྱེད་པ་ལ་ཡང་ཉེས་བྱས་སོ། །ལྷག་པའི་ཚུལ་ཁྲིམས་སུ་གཏོགས་པའི་གཞི་ཇི་སྙེད་པ་ཐམས་ཅད་མ་ཡིན་པ་ཁ་ཅིག་གིས་མི་གླེང་བ་ཉིད་དུ་བྱེད་པ་ཡང་ཉེས་བྱས་སོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ལ་སོགས་པ་བསླབ་པ་གཞན་གྱིས་མི་གླེང་བ་ཉིད་དུ་བྱེད་པ་ལ་ཡང་ཉེས་བྱས་སོ། །འདི་ལ་སྔར་གླེང་བ་དང༌། དྲན་པ་དང༌། སྐབས་འབྱེད་དུ་གཞུག་པ་དང༌། བརྗོད་པ་དང་བཅས་པ་དང༌། མི་གདམས་པ་དང་གཏམ་འདྲེ་བར་མི་བྱའོ། །གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་པ་དང་བཅས་པ་མ་བྱས་པར་བཟློག་པའི་ཆོ་ག་དང་ལས་བྱེད་ན་ཆོ་ག་ལས་འདས་པའི་ལས་མི་འཆགས་པ་བྱེད་
པ་ཡིན་པས་བྱེད་པ་པོའི་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པའི་མཚན་ཉིད་ནི་ཁྱིམ་སུན་འབྱིན་པའི་ལྷག་མ་དང་འདྲའོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་སྟེ་བཅུ་གསུམ་པ་བཤད་ཟིན་ཏོ།། །། ད་འདི་མན་ཆད་ནི་དགེ་འདུན་ལྷག་མ་གདོན་པའི་མཇུག་བསྡུ་བ་དང༌། དེ་དག་གི་རྣམ་པར་གཞག་པ་དང༌། ཕྱིར་བཅོས་པ་དང༌། རྣམ་པར་གཞག་པ་བསྒྲག་པར་བྱ་བ་རྣམས་སྟོན་ཏོ། །དེ་ལ་དགེ་འདུན་ལྷག་མ་གདོན་པའི་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བས་བསྟན་ཏོ། །ཚེ་དང་ལྡན་པ་དག་ཅེས་བྱ་བ་ནི་བོད་པའོ། །བདག་གིས་ཞེས་བྱ་བ་ནི་འདོན་པས་སོ། །དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་དགེ་འདུན་ལ་རག་ལས་པ་དང༌། དགེ་འདུན་དང་འབྲེལ་པ་དང༌། དགེ་འདུན་ལ་བསྟེན་པ་ཡིན་ཏེ། ལྟུང་བ་དེ་དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པའོ། །གཞན་ཡང་ཕམ་པར་འགྱུར་བའི་ཆོས་བཞི་པོ་དེ་དག་ནི་ལྷག་མ་མེད་པ་ཡིན་གྱི། འདི་ནི་ལྷག་མ་དང་བཅས་པ་ཡིན་པ་སྟེ། དེས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །ཆོས་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །བཅུ་གསུམ་པོ་དག་ཅེས་བྱ་བ་ནི་གྲངས་སྔར་སྨོས་པ་རྣམས་ཀྱིས་བྱུང་གདབ་པའོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་དག་གི་རྣམ་པར་གཞག་པ་ནི་དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ། །བཞི་ནི་ལན་གསུམ་གྱི་བར་གྱིས་ཞེས་བྱ་བས་བསྟན་ཏོ། །དེ་དག་ལས་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་གདོན་པ་དེ་དག་ལས་སོ། །དགུ་ནི་ཞེས་བྱ་བ་ནི་ཁུ་བ་འབྱིན་པ་དང༌། ལུས་ཀྱིས་རེག་པ་དང། འཁྲིགས་པ་དང་ལྡན་པར་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། བསྙེན་བྱེད་པ་དང༌། ཁང་པ་དང༌། གཙུག་ལག་ཁང་དང་གཞི་མེད་པར་སྐུར་པ་འདེབས་པ་དང༌། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་རྣམས་སོ། །ལྟུང་བ་དང་པོ་དག་ཉིད་ཀྱིས་སོ་ཞེས་བྱ་བ་ནི་དང་པོ་སྦྱོར་བ་
རྩོམ་པ་དང་ཉེས་པ་སྦོམ་པོ་དང༌། དངོས་གཞིའི་རིམ་གྱིས་དང་པོར་ལྟུང་བར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ། འདི་དག་ལ་དགེ་འདུན་གྱིས་དང་པོར་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པ་ལས་དངོས་གཞིར་གཞག་བ་མེད་པའི་ཕྱིར་རོ། །བཞི་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེ་ན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་རྣམས་སོ། །ལན་གསུམ་གྱི་བར་གྱིས་སོ་ཞེས་བྱ་བ་ནི་ལས་བརྗོད་བ་ལན་གསུམ་གྱི་བར་གྱིས་དངོས་གཞིར་འགྱུར་བ་སྟེ། དང་པོ་སྦྱོར་བ་རྩོམ་པ་དང༌། དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པ་ན་གསོལ་བ་བྱས་པའི་འོག་ཏུ་ལས་བརྗོད་པ་ལན་གསུམ་གྱི་བར་དུ་མི་གཏོང་ན་ལས་བརྗོད་པ་གསུམ་པ་རྫོགས་པའི་མཐའ་དངོས་གཞིར་འགྱུར་ལ། འབྱུང་བ་དང་བཅས་པ་སྟེ། འདི་དག་ནི་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་ཞེས་བྱའོ། །ཕྱིར་བཅོས་པ་ནི་དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ། དེས་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་གིས་མི་འདོད་བཞིན་དུ་སྦོ་བ་བྱས་ནས། དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་ལ་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ལ། དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་འདི་ནི་ཆོ་ག་ཡིན་ནོ་ཞེས་བྱ་བས་བསྟན་ཏེ། འདིས་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་པའི་ཆོ་ག་དང་ལས་སྤྱིར་བསྟན་ཏེ། དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པས་སོ། །དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ཆོས་བཅུ་
གསུམ་པོ་དེ་དག་ལས་དངོས་གཞིའི་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལའོ། །ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་ཞེས་བྱ་བ་ནི། བདག་ལ་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་བྱུང་བར་ཤེས་བཞིན་དུ་བཅབ་པའི་སེམས་ཀྱིས་འཆབ་ཅིང་གཞན་ལ་མཐོལ་བར་མི་བྱེད་པའོ། །དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པའི་དུས་དེ་སྲིད་དུ་དགེ་སློང་དེས་བདག་ཉིད་མི་འདོད་ཅིང་མ་དང་བཞིན་དུ་ཡང་སྤོ་བའི་ལས་བྱ་དགོས་པ་སྟེ། སྤོ་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་སྤྱང་བའི་ཆད་པའི་ལས་ཀྱི་མིང་སྟེ། དགེ་སློང་རང་བཞིན་དུ་གནས་པ་ཡོངས་སུ་དག་པའི་ས་ནས་ཡོངས་སུམ་དག་པའི་ས་གཞན་དུ་སྦོ་བའོ། །དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་བྱས་ནས། དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་སློང་མགུ་བར་བྱ་བ་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཇི་སྲིད་དུ་ཤེས་བཞིན་དུ་འཆབ་བར་བྱེད་པ་དེ་སྲིད་དེས་མི་འདོད་བཞིན་དུ་སྤོ་བ་བྱས་ནས། དེའི་འོག་ཏུ་དེས་བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆེད་དུ་མཚམས་གཅིག་གི་དགེ་འདུན་ལ་མགུ་བར་བྱ་བ་སྤྱད་པར་བྱ་སྟེ། མགུ་བར་བྱ་བ་སྤྱད་པ་ཞེས་བྱ་བ་ནི་བསྙེན་བཀུར་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་དགེ་འདུན་ཐམས་ཅད་ཐུགས་མཉེས་བར་བྱ་བའི་བསྙེན་བཀུར་གྱི་ལས་ཀྱི་མིང་ངོ༌། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ་ཞེས་བྱ་བ་ནི་དེ་ལྟར་དགེ་སློང་གིས་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་ནས། དེའི་འོག་ཏུ་དགེ་འདུན་གྱིས་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ལས་དབྱུང་བ་འབའ་ཞིག་ལ་ཐོགས་ཤིང་རག་ལས་པ་སྟེ། དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་ལས་བསླང་བའི་ལས་ཀྱི་མིང་ངོ༌། །ཆོས་དང་མཐུན་པར་བྱས་ཞེས་བྱ་བ་ནི་དེས་བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་དོན་དུ་གནས་མ་ལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་བྱ་བ་ལ་སོགས་པ་ཆོས་དང་མཐུན་པའི་ལས་བྱས་ལའོ། །དགེ་སློང་གི་དགེ་འདུན་གྱི་སེམས་མགུ་པར་བྱས་ནས་ཞེས་བྱ་བ་ནི་དེས་དགེ་འདུན་
ཐམས་ཅད་འདུག་ཅིང་མཐུན་པར་གྱུར་བ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ཏེ། ཙོག་ཕུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ། བདག་ཉིད་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བར་གསོལ་བའི་སྔགས་ལན་གསུམ་བརྗོད་པས་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ནས་སོ། །གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་མཚམས་གང་ན་དགེ་སློང་ཉི་ཤུ་ཡན་ཆད་ཀྱི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆོ་ག་དང་ལས་བྱའོ། །དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱིས་དགེ་སློང་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཆོ་ག་དང་ལས་ཀྱི་མིང་ངོ༌། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན་དགེ་སློང་དེ་ཡང་མ་ཕྱིན་ལ། དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། དེ་ལ་དེ་ནི་ཆོ་ག་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་བྱ་བའི་གཞུང་བསྟན་པ་ཡིན་ཏེ། འདིར་དགེ་འདུན་ལྷག་མ་ལས་དབྱུང་བའི་ཆོ་ག་ནི་བཅབས་པ་ན་སྤོ་བ་བྱེད་དུ་གཞུག་པ་དང༌། ཞག་དྲུག་མགུ་བར་བྱ་བ་སྤྱད་པ་དང༌། དགེ་འདུན་ལ་དབྱུང་བར་གསོལ་བ་དང༌། དགེ་སློང་ཉི་ཤུ་ཡན་ཆད་ཀྱི་ཚོགས་ཀྱིས་ཆོས་བཞིན་བྱའོ། །ལས་ནི་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་དང་གཞག་པར་མི་འོས་པས་དེ་དབྱུང་བའི་ལས་བྱ་བའོ། །དེ་དག་ནི་རེ་ཞིག་དགེ་འདུན་ལྷག་མ་ཕྱིར་བཅོས་པ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་བརྒྱད་པ། ད་ནི་བདེ་བར་གཤེགས་པས་གསུངས་པའི་འདུལ་བ་རྒྱ་མཚོ་ལས་དགེ་འདུན་ལྷག་མ་ཕྱིར་བཅོས་པའི་གཞུང་རྒྱ་ཆེན་པོ་འབྱུང་བ་ལས་འདིར་གཞུང་ཇི་ལྟ་བ་བཞིན་དུ་ཅི་རན་ཅིག་བཤད་པར་བྱའོ། །དེ་ལ་དགེ་འདུན་ལྷག་མ་ཕྱིར་བཅོས་པ་ནི་དགེ་འདུན་ལྷག་མའི་སྦྱོར་བའི་སྤྱོར་བ་ཉེས་བྱས་དང༌། སྦྱོར་བ་སྦོམ་པོ་དང༌། དངོས་གཞི་མཐོལ་བ་དང་བཤགས་པ་གཉིས་ཀྱིས་ལྟུང་བ་
ལས་བསླང་བར་བྱའོ། །དེ་ལ་དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྱིར་བཅོས་པ་ནི་དེ་བསྡམ་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་མཐོལ་བ་དང་བཤགས་མི་དགོས་པར་རང་གི་ཡིད་ཀྱིས་ལྟུང་བ་སྔ་མ་མཐོང་བ་དང༌། ཕྱིན་ཆད་བསྡམས་པས་སྔ་མ་འགྱོད་པ་དང་ཕྱིན་ཆད་མི་བྱའོ་སྙམ་དུ་བསྡམ་བ་བྱས་ན་ལྟུང་བ་ལས་ལྡང་ངོ༌། །བཤགས་པར་བྱ་བའི་ཉེས་བྱས་ཡིན་ན་ནི་གཞན་ལ་མཐོལ་བ་དང་བཤགས་པས་ཕྱིར་བཅོས་པར་བྱ་དགོས་སོ། །དེ་ལ་བསྡམ་པར་བྱ་བའི་ཕྱིར་ཉེས་བྱས་ནི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པ་ཡིད་ཀྱི་ཉེས་བྱས་ཞེས་བྱ་བ་སྟེ། དཔེར་ན་ཕུ་པ་དབྱུང་བའི་དོན་དུ་ཡིད་ཀྱིས་རྩོལ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བཤགས་པར་བྱ་བའི་ཉེས་བྱས་ནི་ལུས་དང་ངག་གིས་སྦྱོར་བའི་སྦྱོར་བ་ཇི་སྐད་བསྟན་པ་རྣམས་སོ། །བཤགས་པར་བྱ་བའི་ཉེས་བྱས་མཐོལ་བ་དང༌། བཤགས་པར་བྱ་བའི་ཆོ་ག་ནི་དགེ་སློང་གིས་ལྟུང་བ་བཅབ་པར་མི་བྱ་སྟེ། དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བ་ཉེས་བྱས་བཤགས་པར་བྱ་བ་གང་ཡང་རུང་བ་བྱུང་ན། བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷག་མ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་ཕུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ། ཅིག་ཅར་མཐོལ་བེ་དང་བཤགས་པར་བྱར་ལུང་ངོ༌། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བའི་སྤྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་པོ་འཆགས་སོ་མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གཉིས་ལན་གསུམ་དུ་བཟླས། ཉན་པས་ལྟུང་བ་
མཐོང་དམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མ་མ་ཞེས་སྨྲ་ཞིང་འཆགས་པས་སྡོམ་མོ་ཞེས་ལན་གཉིས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་ལྟུང་བ་ལས་ལྡང་ངོ༌། །དེའི་མདོ་ལ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་མ་བཤགས་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བདེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པ་འགྱུར་དུ་དགོས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་པས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་བའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང༌། གཞན་དུ་འགྲོ་བ་དང་སྐྱ་རེངས་ཀྱི་མདུན་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་སྐྱེད་པ་དག་ནི་ཉེས་བྱས་སོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་གཅིག་ལ་ཇེ་མཐོལ་ལ་དེའི་འོག་ཏུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་བཤགས་པར་བྱའོ། །ལྟུང་བ་མིང་ལས་
མི་མཐུན་པའི་གང་ཟག་མེད་ན་ལྟུང་བ་རིགས་ལས་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །འདིར་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །ཆོས་འདི་པ་ཞེས་བྱ་བ་ནི་དགེ་སློང་མ་དང༌། བསླབ་པ་བྱིན་པ་དང༌། དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ཁྱིམ་པ་དེ་བཞིན་གཤེགས་པའི་ལྟ་བ་ཅན་མཚམས་ཀྱི་ནང་ན་འདུག་པ་དང༌། ལྟ་བ་མི་མཐུན་པ་མཚམས་གཞན་ན་འདུག་པ་དག་གོ །འདིར་དེ་དག་གི་རྣམ་པར་གཞག་པ་ནི་མཚན་མི་མཐུན་པ་བསྙེན་པར་རྫོགས་པ་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །བསྙེན་པར་མ་རྫོགས་པ་དང་དག་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་གནས་ངན་ལེན་རིག་པར་བྱེད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་པར་རིག་པར་བྱེད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །ཆོས་འདི་པ་དེ་དག་གང་ཡང་རུང་བ་མཚམས་གཞན་ན་འདུག་པ་དང༌། ལྟ་བ་མི་མཐུན་པ་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་མ་ཡིན་པ་ལ་མཐོལ་ན་ཡང་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ། མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལ་མཐོལ་ན་ཡང་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལ་མཐོལ་ན་བཅབས་པར་ཡང་མི་འགྱུར་ལ་ལྟུང་བར་ཡང་མི་འགྱུར་ཏེ། འོག་མ་གཞན་དག་ལ་ཡང་དེ་བཞིན་ནོ། །ལྟུང་བ་མཐོལ་བ་ལ་སྤྱིར་བསྟན་པ་ནི་མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན། ཐ་ན་མིང་ངམ་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་རོ། །བཤགས་པའི་སྔགས་ནི་རྫོགས་པར་བརྗོད་དགོས་སོ། །ཉེས་བྱས་མཐོལ་བ་ལ་ནི་མིང་དང་རིགས་མ་བརྗོད་པར་བདག་ལ་
ལྟུང་བ་བྱུང་ངོ་ཞེའམ་བདག་གིས་ཁ་ན་མ་ཐོབ་བྱས་སོ་ཞེས་བྱ་བ་རྣམ་བ་གང་ཡང་རུང་བས་རིག་པར་བྱས་ན་ཡང་རུང་ངོ༌། །ཕམ་པར་འགྱུར་བའི་དངོས་གཞི་མ་གཏོགས་པ་སྦྱོར་བ་དང༌། ཉེས་པ་ལ་སོགས་པ་ལྟུང་བ་གཞན་ཐམས་ཅད་ལ་ཡང་བཅབ་པ་ཡོད་ན་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང༌། ཕྱིས་ལྟུང་བ་ཉིད་ཕྱིར་བཅོས་པར་ཤེས་པར་བྱའོ། །བཅབས་པའི་ཉེས་པ་ཕྱིར་བཅོས་པ་ནི་ལྟུང་བ་མིང་དང་རིགས་གང་བྱུང་བ་དང༌། ཇི་སྲིད་དུ་བཅབས་པ་དེ་དག་ཇི་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བ་ཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་ཏེ། དེ་ནི་འོག་ནས་སྟོན་ཏོ། །མཐོལ་བ་དང་བཤགས་པར་བྱ་བའི་སྐབས་ཡོད་བཞིན་དུ་མི་མཐོལ་མི་འཆགས་ན་ཞག་རེ་རེ་ཉེས་བྱས་རེ་རེར་འགྱུར་རོ། །གང་ལ་མཐོལ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟར་བ་མིང་དང་རིགས་ལས་མི་མཐུན་པ་ཡོད་ན། ཆོས་འདི་པ་གཞན་ལ་མཐོལ་བར་མི་བྱའོ། །བཤགས་པ་ནི་ཆོས་འདི་པ་གཞན་ལ་རྣམ་པ་ཐམས་ཅད་དུ་མི་བྱའོ། །དགེ་འདུན་ལྷག་མའི་སྦྱོར་བ་ཉེས་པ་སྦོམ་པོ་ཕྱིར་བཅོས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་ཉེས་པ་སྤོམ་པོའི་ལྟུང་བ་ལས་བསླང་བ་སྟེ། དེ་ལ་མཐོལ་བ་ནི་དགེ་སློང་གིས་ཁ་ན་མ་ཐོབ་བཅབ་པར་མི་བྱ་སྟེ། དགེ་འདུན་ལྷག་མ་བཅུ་གསུམ་གྱི་སྦྱོར་བའི་ཉེས་པ་སྤོམ་པོ་ལྕི་བ་དང་ལང་བ་གང་ཡང་རུང་བ་བྱུང་བ་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུང་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་མཐོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་བྱུང་
སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་པོ། མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་མི་འགྱུར་རོ་ཞེས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་བ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན། ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པ་འགྱུར་དུ་དོགས་ནས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང༌། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་སྔར་བསྟན་པ་དག་ལ་མཐོལ་ན་ཡང་མཐོལ་བ་ཉིད་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་སྤྱིར་བསྡམས་པ་ཡང་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་
གྱིས་བརྗོད་མ་ནུས་ན་ཐ་ན་མིང་ངམ། རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་ཏེ། འདིར་ཡང་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བ་མཐོལ་ན་སྦྱོར་བ་དེའི་སྦྱོར་བ་ཉེས་བྱས་ནི་ལོགས་ཤིག་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་དགེ་འདུན་ལྷག་མའི་ཉེས་པ་སྤོམ་པོ་ལྕིབ་ནི་མཚམས་གང་ན་དགེ་སློང་ལྔ་ཡན་ཆད་འདུག་པའི་དགེ་སློང་གུད་དུ་མ་བཅད་པ་ཐམས་ཅད་ལ་བཤགས་པར་བྱ་སྟེ། གང་ན་དགེ་སློང་ལྔར་མ་ལོངས་པའི་གནས་སུ་བཤགས་སུ་མི་རུང་ངོ༌། །དེར་གནས་གཞན་ནས་དགེ་སློང་དག་གཉེར་ཏེ། ལྔ་ཡན་ཆད་དུ་ཁ་བསྐང་བ་ལ་ནི་བཤགས་སུ་རུང་ངོ༌། །དགེ་སློང་ལྔ་ཡན་ཆད་གནས་པར་དགེ་སློང་གཞན་གཞག་སྟེ་ལྔ་ཡན་ཆད་ལོགས་ཤིག་ཏུ་བཅད་པ་ལ་ཡང་བཤགས་སུ་རུང་ངོ༌། །ལྔ་ཡན་ཆད་གནས་དེ་ན་དགེ་སློང་ཇི་སྙེད་གནས་པ་ཐམས་ཅད་ལ་བཤགས་པར་བྱ་དགོས་སོ། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ཡང་བ་ནི་མཚམས་ཀྱི་ནང་ཡང་རུང་སྟེ། དགེ་སློང་གཅིག་ལ་བཤགས་པས་ལྟུང་བ་ལས་ལྡང་བར་འགྱུར་རོ། །དེས་ན་དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་ནི་མཚམས་ཀྱི་ནང་དུ་དགེ་སློང་ལྔ་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱ་བ་ཁོ་ན་ཡིན་ནོ། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ཡང་བ་ནི་མཚམས་ཀྱི་ནང་ཡང་རུང་ཕྱི་རོལ་དུ་ཡང་རུང་སྟེ། དགེ་སློང་གཅིག་ལ་བཤགས་སུ་རུང་ངོ༌། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་བོ་ལྕི་བ་དང་ཡང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ན་མ་ཐོ་བ་ཆེ་བ་ནི་ལྕི་བ་ཡིན་ལ་ཁ་ན་མ་ཐོ་བ་ཆུང་བ་ནི་ཡང་བ་ཡིན་ཏེ། ཁ་ན་མ་ཐོ་བ་ཆེ་བ་དང་ཆུང་བ་ཉིད་ནི་ཡུལ་དང་བསམ་པ་ཤས་ཆེས་ཆུང་ཉིད་ལས་ཤེས་པར་བྱ་སྟེ། དཔེར་ན་ཕྱི་རོལ་གྱི་གོས་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་བ་གང་གོས་ཀྱི་བར་དུ་ཁུ་བ་ཕྱུང་བའི་ཉེས་པ་སྤོམ་པོ་ནི་ཡང་བ་ཡིན་ལ། ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་སེམས་ཅན་དུ་བགྲང་པའི་ལག་པ་ལ་སོགས་པས་ནོམ་པའི་ཉེས་པ་སྤོམ་པོ་ནི་ལྕི་བ་ཡིན་ནོ། །དེ་བཞིན་དུ་སྐྱེས་པ་དང༌། ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པ་བསྟེན་ནུས་པ་གོས་ཀྱིས་བར་དུ་མ་
ཆོད་པ་དང༌། མ་ཉམས་པ་ལ་རེག་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་གོས་ཀྱིས་བར་དུ་ཆོད་པ་དང་ཉམས་པ་ལ་རེག་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ཀུན་ཤེས་པར་ནུས་པ་ལ་འཁྲིག་པ་དང་ལྡན་པར་སྨྲས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་འཁྲིག་པ་དང་ལྡན་པ་སྨྲ་བའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །སྐྱེས་པ་དང་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་ལ་བསྙེན་བཀུར་བསྔགས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་ལ་བསྙེན་བཀུར་བསྔགས་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་དང༌། རང་བཞིན་ཉམས་པའི་སྨྱན་བྱེད་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། མིའི་འགྲོ་བ་དང༌། རང་བཞིན་མ་ཉམས་པའི་སྨྱན་བྱེད་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་དང༌། མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་དང༌། མ་བསྟན་པ་དང༌། ཚད་ལས་ལྷག་པའི་ཞེས་བྱ་བ་དག་གཅིག་ལས་འདས་པའི་ཁང་པ་བརྩིགས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། དེ་དག་གཉིས་སམ། གསུམ་མམ་ཐམས་ཅད་ལས་འདས་པའི་ཁང་པ་བརྩིགས་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །དེ་དག་ལས་ཚད་མ་གཏོགས་པ་གཅིག་ལས་འདས་པའི་གཙུག་ལག་ཁང་བརྩིགས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། གཉིས་སམ་གསུམ་མམ་ཐམས་ཅད་ལས་འདས་པའི་གཙུག་ལག་ཁང་བརྩིགས་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །ཉམས་པར་འདུན་པ་མེད་པའི་གཞི་མེད་པར་སྐུར་བ་འདེབས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། ཉམས་པར་འདུན་པས་གཞི་མེད་པར་སྐུར་པ་འདེབས་པའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་ནོ། །ཉམས་པར་འདུན་
པ་མེད་པར་བརྫུན་གྱི་ཚིག་བག་ཙམ་གྱིས་སྐུར་བ་འདེབས་པའི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། ཉམས་པར་འདུན་པས་བརྫུན་གྱི་ཚིག་བག་ཙམ་གྱིས་སྐུར་བ་འདེབས་པའི་ཉེས་པ་སྦོམ་བོ་ནི་ལྕི་བ་ཡིན་ནོ། །བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བཞི་པོ་དག་ལ་ཡང་བཞམས་ཏེ་བསྒོ་བས་བཟློག་པ་ན་མི་གཏོང་བ་ཡན་ཆད་ཀྱི་ཉེས་པ་སྦོམ་པོ་ནི་ཡང་བ་ཡིན་ལ། ལས་བརྗོད་པ་དང་པོ་དང་གཉིས་པས་བཟློག་པ་ན་མི་གཏོང་བའི་ཉེས་པ་སྦོམ་པོ་ནི་ལྕི་བ་ཡིན་པ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་བཤགས་པའི་ཆོ་ག་དང་སྔགས་ནི་མཚམས་ཀྱི་ནང་དུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལྔ་ཡན་ཆད་ཇི་སྙེད་འཁོད་པ་བསྡུས་ནས། མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་ལྕི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པ་དག་གི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པ་རྣམས་ལས་རྒན་པ་གཅིག་གིས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་སུ་ལ་ཉན་པས་ཐབས་ཡིན་ནོ། །ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་ལས་ལྡང་ངོ༌། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ཡང་བ་བཤགས་པའི་ཆོ་ག་དང་སྔགས་ནི་མཚམས་ཀྱི་ནང་ངམ་ཕྱི་རོལ་དུ་ཡང་རུང་སྟེ། མཆིལ་ལྷམ་
གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་ཡང་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱའོ། །ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་དགེ་འདུན་ལྷག་མའི་ཉེས་པ་སྡོམ་པོ་ཡང་བ་ལས་ལྡང་ངོ༌། །དེ་ལྟར་ཉེས་པ་སྦོམ་མོ་བཤགས་ན་དེའི་སྦྱོར་བའི་ཉེས་བྱས་ནི་ལོགས་ཤིག་ཏུ་བཤགས་མི་དགོས་སོ། །དགེ་འདུན་ལྷག་མའི་དངོས་གཞིའི་ཕྱིར་བཅོས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་དགེ་འདུན་ལྷག་མའི་དངོས་གཞི་ལས་བསླང་བ་སྟེ། དེ་ལ་དགེ་འདུན་ལྷག་མའི་དངོས་གཞི་མཐོལ་བ་ནི། དགེ་སློང་གིས་ཁ་ན་མ་ཐོ་བ་བཅབ་པར་མི་བྱ་སྟེ། དགེ་འདུན་ལྷག་མ་དང་པོ་དགུ་ལས་གང་ཡང་རུང་བའི་དངོས་གཞི་བྱུང་བ་དང༌། བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ། མཐོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་
སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བཞི་ནི་བྱུང་མ་ཐག་ཏུ་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་བར་མི་བྱ་བར་དེ་ཉིད་ཀྱི་མོད་ལ། ལས་དེའི་མཚམས་ཀྱི་ནང་དུ་གཏོགས་པའི་དགེ་འདུན་ཐམས་ཅད་ལ་མཐོལ་བར་བྱ་དགོས་ཏེ། དེའི་ཆོ་ག་དང་སྔགས་ནི་དགེ་སློང་སྟན་དེ་ཉིད་ལ་འདུག་པ་དེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་རྗོད་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ལ་ཉི་མ་དེ་ཉིད་ནས་བརྩམས་ཏེ་འཆབ་པ་འབྱུང་ངོ་ཞེས་གསུངས་པ་ལས་ཤེས་པར་བྱ་སྟེ། དེ་ལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བཞིའི་ལས་བྱས་ཏེ་ལས་བརྗོད་པ་གསུམ་པ་མཇུག་སྡུད་པ་དང་བཅས་པ་རྫོགས་མ་ཐག་ཏུ་དེས་མཆིལ་ལྷམ་གཉིས་ཕུད་ནས་ལས་དེའི་མཚམས་ཀྱི་ནང་དུ་གཏོགས་པའི་དགེ་འདུན་ཐམས་ཅད་ལ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་དགེ་འདུན་དབྱེན་བྱེད་བའམ། དེའི་རྗེས་སུ་ཕྱོགས་པའམ། ཁྱིམ་སུན་འབྱིན་པའམ་བཀའ་བློ་མི་བདེ་བ་དེ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པ་དག་གི་མདུན་དུ་མཐོལ་ལོ། །མི་འཆབ་པོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པ་རྣམས་ལས་རྒན་པ་གཅིག་གིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ།
མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་འདུན་ལྷག་མའི་དངོས་གཞི་མཐོལ་བ་འདི་ལ་གལ་ཏེ་བཅབས་པ་ཡོད་ན་དུས་ཇི་སྲིད་དུ་བཅབས་པ་ཉིད་སྔགས་ཀྱི་ནང་དུ་བསྣན་ཏེ་མཐོལ་ལོ། །བཅབས་པ་མེད་ན་མཐོལ་བ་ཉི་ཚེ་སྔ་མ་བཞིན་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་བ་ལ་འཆབ་བའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང༌། རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན། དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལམ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པར་མ་བྱས་པ་ལ་ཡང་འཆབ་བའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང༌། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །འཆབ་བ་ལ་དགེ་འདུན་ལྷག་མ་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ། །དགེ་འདུན་ལྷག་མ་མ་ཤེས་པ་ཉིད་དང་བཅབ་པའི་སེམས་མ་བཞག་པས་བརྗེད་པ་དང༌། བྱས་སམ་མ་བྱས་ཅི་ཞིག་ཅི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང༌། བསྙེན་པར་མ་རྫོགས་པ་ཉིད་དང༌། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ༌། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉེན་པ་ལ་ནི་ལྟུང་བ་ཐམས་ཅད་དང༌། དེ་དག་འཆབ་པའི་ཉེས་པ་ཡང་མི་འབྱུང་ངོ༌། །ས་གང་ལ་འཆབ་པ་མི་འབྱུང་བ་དེ་ལ་སྦོ་བ་
ལ་སོགས་པ་སྤྱད་པ་ཡང་མི་འབྱུང་ངོ༌། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་སྔར་བསྟན་པ་དག་ལ་མཐོལ་ན་ཡང་མཐོལ་བ་ཉིད་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་སྤྱིར་བསྟན་པ་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་དང་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་རོ། །འདིར་ཡང་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བའི་དངོས་གཞི་མཐོལ་ན་དེའི་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ལོགས་ཤིན་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་དགེ་འདུན་ལྷག་མ་ལས་དབྱུང་བ་ཞེས་བྱ་སྟེ་དགེ་འདུན་ལྷག་མ་ལས་དབྱུང་བ་འདི་ནི་དགེ་སློང་ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པས་ནི་དགེ་སློང་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་སྟེ། སྤོ་བ་དང་མགུ་བར་བྱ་བ་སྤྱད་པ་དང༌། དབྱུང་བའི་ཆོ་ག་དང་ལས་གཞན་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་པའི་ཕྱིར་ཏེ། འདིར་གཞུང་ནི་སིལ་བུ་དག་ལས་དེ་ལྟ་བས་ན་གང་དག་རྣམ་པ་དེ་ལྟ་བུར་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་ལྡན་པ་དེ་དག་གིས་ནི་གཅིག་གི་མདུན་དུ་བཤགས་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་སློང་གཅིག་གི་མདུན་དུ་བཤགས་པའི་ཆོ་ག་དང་སྔགས་ནི་ཞལ་ནས་གསུངས་པའི་ལུང་གི་རྗེས་ས་འབྲང་བ་དང༌། འདུལ་བ་འཛིན་པ་སྔ་རབས་དག་གི་མན་ངག་ལས་འདི་སྐད་འབྱུང་སྟེ། དེས་དགེ་འདུན་ལྷག་མ་ལྟུང་བ་བྱུང་བ་ན་བཅབ་པའི་སེམས་སྐད་ཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེའི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས་མཚམས་ཀྱི་ནང་དུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ཞིག་གི་
མདུན་དུ་ཙོག་བུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་དངོས་གཞི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་བར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ལན་གསུམ་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་དགེ་སློང་ངོ་ཚ་ཤེས་པ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པ་དག་དགེ་འདུན་ལྷག་མའི་དངོས་གཞིའི་ལྟུང་བ་ལས་ལྡང་བར་རིག་པར་བྱའོ། །དེ་ལྟར་དགེ་འདུན་ལྷག་མའི་ལྟུང་བའི་དངོས་གཞི་ཅིག་ཅར་དུ་མཐོལ་ཞིང་བཤགས་ན། དེའི་སྦྱོར་བའི་ཉེས་བྱས་དང༌། སྦོམ་པོ་ཡང་ལོགས་ཤིག་ཏུ་མཐོལ་ཞིང་བཤགས་མི་དགོས་སོ། །དེ་ལས་གཞན་པ་དག་གིས་ནི་བཅབས་པའི་ཉེས་པ་ཡོད་ན་ཇི་སྲིད་བཅབས་པའི་དུས་དེ་སྲིད་དུ་སྤོ་བའི་ལས་ཀྱིས་བཅབས་པའི་ཉེས་པ་མེད་པར་བྱས་ནས། དེའི་འོག་ཏུ་ཞག་དྲུག་མགུ་བར་བྱ་བ་སྤྱད་ནས་དབྱུང་བར་བྱའོ། །བཅབས་པའི་ཉེས་པ་མེད་ན་ནི། ཞག་དྲུག་མགུ་བར་བྱ་བ་སྤྱད་ནས་དབྱུང་བར་བྱའོ། །དེ་ལྟར་ན་བཅབས་པའི་ཉེས་པ་ཡོད་པ་ལ་ནི་ཚིགས་གསུམ་བྱ་དགོས་ཏེ། སྤོ་བ་སྦྱིན་པ་དང༌། མགུ་བར་བྱ་བ་སྦྱིན་པ་དང༌། དབྱུང་བ་སྦྱིན་པའོ། །བཅབས་པའི་ཉེས་པ་མེད་པ་ལ་ནི་ཚིགས་གཉིས་བྱ་དགོས་ཏེ། མགུ་བར་བྱ་བ་སྦྱིན་པ་དང༌། དབྱུང་བ་སྦྱིན་པའོ། །དེ་ལ་སྤོ་བ་སྦྱིན་པའི་གོ་རིམས་ནི་འདི་ཡིན་ཏེ། དགེ་འདུན་ལྷག་མའི་
ལྟུང་བ་བྱུང་བ་ལ་བཅབས་པའི་གང་ཟག་དེས་དགེ་འདུན་སྤོ་བ་གསོལ་བ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྤོ་བ་སྦྱིན་པ་དང༌། དེས་དུས་དེ་སྲིད་དུས་གཞན་ན་གནས་པའི་སྤྱོད་བས་སྦོ་བ་སྤྱད་པར་བྱའོ། །དེ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་བཅབས་པའི་གང་ཟག་ངེས་དགེ་འདུན་ལ་སྤོ་བ་གསོལ་བའི་ཆོ་ག་སྔགས་ནི་འདི་ལྟར་བྱ་སྟེ། དེས་དགེ་འདུན་ལྷག་མའི་ལྟུང་བ་གང་ཡང་རུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་ན་དེ་ཉིད་ཀྱིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ། རང་གི་སྤོ་བ་གསོལ་བའི་སྔགས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དེ་ནི་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པའི་གང་ཟག་དེས་དགེ་འདུན་ལ་སྤོ་བ་གསོལ་བའི་ཆེ་ག་དང་སྔགས་སོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྤོ་བ་སྦྱིན་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། དེས་དེ་ལྟར་སྦོ་བ་གསོལ་མ་ཐག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་
འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བླ་མ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་ད་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ཏེ། དེའི་སླང་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་པ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་པ་ཕྱེད་སྤོ་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུད་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླང་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་ངེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྤོ་བ་སྦྱིན་པའི་ཆོ་ག་དང་ལས་སོ། །དེ་དུས་དེ་སྲིད་དུས་གཞན་ན་གནས་པའི་སྤྱོད་པས་སྤོ་བ་སྤྱད་པར་བྱ་བའི་གོ་རིམས་ནི་འདི་ཡིན་ཏེ། དེས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་རྣམས་ལ་སྤྱད་པར་བྱ་བ་དང༌། དགེ་འདུན་ལ་བརྗོད་པར་བྱ་བ་དང༌། འཐབ་ཀྲོལ་བྱེད་པ་འོང་ན་བཏང་བ་དང༌། དེ་སོང་ན་བསླང་བའོ། །སྤོ་བ་སྤྱོད་པ་དེས་ཀུན་དུ་སྤྱོད་པའི་ཆོས་ནི་ས་གཞན་ན་གནས་པའི་སྤྱོད་པའི་གཞི་ལས་འབྱུང་སྟེ། དེས་དགེ་སློང་རང་བཞིན་དུ་
གནས་པ་ལས་མངོན་པར་སྨྲ་བ་དང༌། ཕྱག་དང་མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། གུས་པའི་ལས་དག་བདག་གིར་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པས་ཁྱད་དེ་ལ་དེ་དག་མ་བྱའོ། །དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་པས་འདུག་པར་མི་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་དབང་ཉིད་ལས་གཞན་པས་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །གཡོགས་མ་གཅིག་པར་མལ་བཤམ་པར་མི་བྱའོ། །རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དང༌། གནས་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །གསོལ་བ་དང་ལས་བརྗོད་པ་དག་བྱ་བར་ཁས་མི་བླང་ངོ༌། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱི་ཡིད་བརྟན་པར་བསྒོ་བ་ཁས་མི་བླང་ངོ༌། །དེ་དག་ཏུ་སྔར་བསྐོས་པས་ཀྱང་མི་བྱའོ།། དགེ་སློང་མ་ལ་སྟོན་པར་བསྐོས་པས་ཀྱང་བསྟན་པར་མི་བྱའོ། །འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པ་འདོན་པར་མི་བྱའོ། །དགེ་སློང་དགེ་འདུན་ལས་མ་བཀར་བ་ལ་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང་འཚོ་བ་ཉམས་པས་གླེང་བར་མི་བྱའོ། །བརྗོད་པ་དང་བཅས་བ་དང། ཕུར་བ་དང་བཅས་པ་ཉིད་དག་མི་བྱའོ། །གདམས་ངག་དང་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། བརྗོད་པ་དག་གཞག་པར་མི་བྱའོ། །རང་བཞིན་དུ་གནས་པ་དང་མགོ་མཉམ་དུ་བསྟེན་པར་མི་བྱའོ། །སྤོ་བ་བྱིན་པ་དེའི་རྒྱུ་གང་ཡིན་པའི་ཉེས་པ་དེ་སྤོང་ངོ༌།། ཉེས་པ་གཞན་ཡང་སྦང་ངོ༌། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་སྤྱད་པ་དག་ཉམས་སུ་མ་བླངས་ན་བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །ནང་པར་སྔ་བར་ལངས་ཏེ་གཙུག་ལག་ཁང་དུ་སྒོ་དབྱེ་བ་དང། མར་མེའི་ཀོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང༌། ལྕིབ་འཇམ་པོའི་བྱུག་པས་བསྐུ་བ་དག་བྱའོ། །དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ༌། །དེར་ས་ཕྱོགས་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །
གཙུག་ལག་ཁང་གི་ཝའི་ཁ་དག་བསལ་ལོ། །དགེ་འདུན་གྱི་གར་ན་བཤམ་པར་བྱའོ། །མཆོད་པའི་དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་དེའི་ཕོག་པོར་དག་ཉེ་བར་གཞག་པར་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པར་བྱའོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །དགེ་འདུན་གྱི་བཤོས་ཀྱི་སྤྱི་བུངས་བཤམས་པ་ན་གཎྜཱི་བརྡུང་ངོ༌། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །དེའི་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དུའོ། །ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱས་ཏེ་མཆོང་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །དགེ་འདུན་འདུ་བའི་དུས་སུ་ཡང་སྔར་བསྟན་པ་བཞིན་དུ་གང་ན་བཤམས་ནས། སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པའི་པར་དག་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཏེས་གྲངས་ཉིད་ཀྱི་ཉི་མ་བརྗོད་པ་དག་བྱའོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །དགོངས་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །དགོངས་ཀར་དགེ་སློང་རྣམས་ཀྱི་རྐང་པ་བསྐུའོ། །དགེ་སློང་དག་རྐང་པ་བཀྲུ་བ་དང་བསྐུ་བར་མི་འདོད་ན་སྣུམ་དབུལ་ལོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །སྤོ་བ་བྱེད་པས་དགེ་སློད་རང་བཞིན་དུ་གནས་པ་མ་ཡིན་པ་དང༌། དགེ་འདུན་དུ་མ་ལོངས་པ་དང་གནས་དེ་ནས་དགེ་སློང་ཡོངས་སུ་བཅད་བ་དག་ལ་སྤོ་བ་སྤྱད་པ་མི་འཆགས་སོ། །དགེ་སློང་མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་སྤྱད་པར་འབད་པར་བྱའོ། །མཚམས་གཞན་དུ་ཞག་ལོན་པར་མི་བྱའོ། །མཚམས་གཞན་དུ་ཞག་ལོན་ན་མཚན་མོ་དེ་སྤོ་བ་སྤྱོད་པའི་ཞག་གི་ཁ་ནས་བཅད་དོ། །དགེ་འདུན་གྱི་ཁ་བསྐང་བའི་གྲངས་ལས་མ་གཏོགས་སོ། །དེའི་ཀུན་དུ་སྤྱོད་པ་དགེ་འདུན་ལ་སྤྱད་པར་བྱའོ། །སྤོ་བ་སྤྱོད་པ་བཞི་ཡན་ཆད་མཚམས་གཅིག་གི་དགེ་
འདུན་ལ་སྤྱོད་དུ་མི་གནང་ངོ༌། །ལས་བརྒྱ་རྩ་གཅིག་ནི་དགེ་འདུན་དང་མཐུན་པར་བྱའོ། །བསླབ་པ་ལས་འདས་པའི་ལྟུང་བ་ཐམས་ཅད་ནི་དགེ་སློང་རང་བཞིན་དུ་གནས་པ་དང་འདྲའོ། །དེ་ལ་འདུན་པ་དབུལ་དུ་མི་རུང་ངོ༌། །དེའི་འདུན་བ་བླང་དུ་མི་རུང་ངོ༌། །དེ་ལ་དགེ་སློང་དང་དགེ་སློང་མ་དང༌། དགེ་སློབ་མདང༌། དགེ་ཚུལ་དང་དགེ་ཚུལ་མས་གཏུགས་ཏེ་ཕྱག་མི་བྱའོ། །སྤོ་བ་སྤྱོད་པ་དེ་རང་བཞིན་དུ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བར་མི་བྱའོ། །དེར་ཉལ་ན་མཚན་མོ་དེ་གཅད་དོ། །སྤོ་བ་བྱེད་པས་སྤོ་བ་བྱེད་པ་གཞན་དང་ལྷན་ཅིག་གཡོགས་མ་གཅིག་བར་ཉལ་བར་མི་བྱའོ། །མ་གུས་པས་སྤྱོད་པ་གཏོང་ན་ཉེས་བྱས་སོ། །དེ་ལ་དེའི་བདེ་བ་ལྷག་པར་སྤྱོད་པ་ཡང་ཉེས་བྱས་སོ། །སྤོ་བ་སྤྱོད་པའི་ས་ནས་མི་སྤྱོད་པའི་སར་སོང་སྟེ་ཡང་ཕྱིར་འོང་ན་སྤྱོད་པའི་གནས་སྐབས་ཉིད་ཡིན་ནོ། །དེས་སྦྱངས་པའི་གཞི་ལྷག་མ་རྗེས་སུ་བསྒྲུབ་དགོས་སོ། །ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ། །དེ་དང་མུ་སྟེགས་ཅན་གནས་པ་ལ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བ་ལ་ཉེས་པ་མེད་དོ། །རེ་ཞིག་དེ་དག་ནི་དེས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་རྣམས་ལ་སྤྱད་པར་བྱ་བ་ཡིན་ནོ། །དགེ་འདུན་ལ་བརྗོད་པར་བྱ་བ་ནི་འདི་ཡིན་ཏེ། སྤོ་བ་སྤྱོད་པ་དེས་སྤྱད་པའི་དུས་ཟླ་བ་ཕྱེད་ཚུན་ཆང་ནི་ཡུན་ཐུང་དུ་བ་ཡིན་ལ། ཟླ་བ་ཕྱེད་ཕན་ཆད་ནི་རིང་བ་ཡིན་ཏེ། གལ་ཏེ་ཡུན་ཐུང་དུ་སྤྱོད་པ་ཡིན་ན་དེས་ཉིན་རེ་ལན་རེ་ནང་པར་རམ་དྲོ་ཀའམ་དགོངས་ཀ་གང་ཡང་རུང་བར་མཚམས་དེའི་དགེ་འདུན་གཎྜཱི་བརྡུངས་ཏེ་འདུས་པ་ཐམས་ཅད་དམ་བཞི་ཡན་ཆད་ཚོགས་པ་ལ་རང་གིས་སྤོ་བ་བླངས་པ་དེའི་སྔར་ཞག་དུ་འདས་པ་དང་ཕྱིས་ཞག་དུ་འབྱུང་བ་དེ་སྔགས་ཀྱི་ཚིག་གིས་བརྗོད་པར་བྱའོ། །གལ་ཏེ་ཡུན་རིང་དུ་སྤྱོད་བ་ཡིན་ན་ནི། དེས་ཉི་མ་གསུམ་མམ། བཞི་ཞིང་ལན་རེ་བརྗོད་བར་བྱའོ། །དེའི་ཆོ་ག་དང་སྔགས་ནི་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་སློང་བཞི་ཡན་ཆད་ཇི་སྙེད་ཚོགས་པ་ལ་མཆིལ་ལྷམ་གཉས་ཕུད་དེ་བླ་གོས་ཕྲག་པ་
གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་པ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་སྤོ་བ་སྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས་ལགས་བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་བ་བགྱིད་པ་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། གལ་ཏེ་དུས་རིང་ཐུང་ལས་ཉིན་རེ་ལ་ལན་རེ་འམ་ཉི་མ་གསུམ་མམ་བཞི་ཞིང་དེ་སྐད་མ་བརྗོད་ན་དུས་གང་གི་ཚེ་མ་བརྗོད་པའི་ཉིན་མཚན་དེ་བཅད་པར་ཟླ་བ་ཕྱེད་བྱའོ། །དེ་ནི་དེས་དགེ་འདུན་ལ་བརྗོད་པར་བྱ་བའི་ཆོ་ག་དང་སྔགས་སོ། །དེས་འཐབ་ཀྲོལ་བྱེད་པ་འོང་ན་བཏང་བའི་ཆོ་ག་དང་སྔགས་འདི་ཡིན་ཏེ། སྤོ་བ་སྤྱོད་པ་དེས་གལ་ཏེ་གང་ཟག་ཐམས་ཅད་ལ་འཐབ་ཀྲོལ་བྱེད་ཅིང་ཕྱིར་རྒོལ་བའམ་དེ་ཉིད་དང་མི་མཛའ་བ་ཉིད་དུ་གནས་པའི་གང་ཟག་འཐབ་ཀྲོལ་བྱེད་པ་གཅིག་གན་དུ་འོང་བར་ཐོས་ཤིང་གལ་ཏེ་དེ་དག་གིས་གཞི་དེས་དྲན་པ་དང་གླེང་བར་བྱེད་པས་འཇིགས་ན་དེའི་ཚེ་དེས་དགེ་འདུན་ཚོགས་པ་ལ་ཡང་རུང་གང་ཟག་ལ་ཡང་རུང་སྟེ། སྤོ་བ་སྤྱོད་པ་དེའི་ཆོ་ག་དང་སྔགས་ཀྱིས་ཕྱིར་གཏང་བར་བྱ་ཞིང༌། བདག་ཉིད་རང་བཞིན་དུ་གནས་པ་ཉིད་དུ་གཞག་པར་བྱའོ། །དགེ་འདུན་ལ་ཕྱིར་བཏང་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། བདག་ཉིད་ཀྱིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་
པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྤྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར་དྲན་པར་བགྱིད་པར་འགྱུར་བས་བདག་གིས་ཚེ་དང་ལྡན་པ་དག་གི་མདུན་དུ་སྤོ་བ་སླར་གཏང་བར་བགྱིའོ། །ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ནས་ཡང་སློ་བ་བླང་བར་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ་ཞེས་ལན་གསུམ་བཟླས། གང་ཟག་ལ་ཕྱིར་གཏང་བའི་ཆོ་ག་དང་སྔགས་ཀྱི་གཞུང་ནི་ཞུ་བ་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་གལ་ཏེ་སྤོ་བ་བྱེད་པའི་དགྲ་བོའི་ངན་དེས་སྤོ་བའི་སྤྱོད་པ་བག་ཡངས་སུ་བྱའོ་ཞེས་བཀའ་སྩལ་ན། དེར་ཇི་ལྟར་བག་ཡངས་སུ་བགྱི། ཉེ་བ་འཁོར་དགེ་སློང་དེས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཕྱག་འཚལ་ཏེ། དགེ་སློང་གི་མདུན་དུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་སྤོ་བ་བགྱིད་པའི་དགེ་སློང་དགྲ་བོ་མཆིས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྤོ་བའི་སྤྱོད་པ་བག་ཡངས་སུ་བགྱིད་སླར་ཡང་ལེན་པར་བགྱིད་དོ། །ཡང་བླངས་ཏེ་སྤྱད་པར་བགྱིད་ན་ཚེ་དང་ལྡན་པས་བདག་ངོ་ཚ་མ་མཆིས་པར་མི་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། དགེ་སློང་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། སྤོ་བ་གཏོང་བས་ལེགས་སོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེས་སྤོ་བ་བཏང་ནས་ཕྱིར་མ་བླངས་ཀྱི་བར་དུ་སྤོ་བ་སྤྱོད་མི་དགོས་པར་རང་བཞིན་དུ་གནས་པར་བྱའོ། །དེ་ནི་འཐབ་ཀྲོལ་བྱེད་པ་འོང་བ་ན་སྤོ་བ་གཏོང་བའི་ཆོ་ག་དང་སྔགས་སོ། །འཐབ་ཀྲོལ་བྱེད་པ་སོང་ན་བླང་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། གང་ཟག་འཐབ་ཀྲོལ་ཅན་དེ་སོང་ཞིང་འཇིགས་པ་དང་བྲལ་ན་གཙུག་ལག་ཁང་དེ་ཉིད་དུ་སྤོ་བ་
སྤྱོད་པ་དེ་དགེ་འདུན་ནམ་གང་ཟག་ལས་ཆོ་ག་དང་སྔགས་ཀྱིས་ཕྱིར་བླང་བར་བྱའོ། །དགེ་འདུན་ལས་བླང་བའི་ཆོ་ག་དང་སྔགས་ནི་དེ་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞིང་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་བས་བདག་གིས་དེ་སྐད་ཐོས་ནས་དགེ་སློང་རྣམས་ཀྱི་མདུན་དུ་སྤོ་བ་སླར་བཏང་བ་ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། གང་ཟག་གི་མདུན་དུ་ཕྱིར་བླང་བའི་ཆོ་ག་དང་སྔགས་ཀྱང་དེས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཕྱག་འཚལ་ཏེ། དགེ་སློང་གི་མདུན་དུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བས་སྤོ་བའི་སྤྱོད་པ་བག་ཡངས་སུ་བགྱིས་པ། དགྲ་བོ་དགེ་སློང་དེ་དག་སླར་མཆིས་ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །ཚེ་དང་ལྡན་པས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་བར་བྱའོ། །སྤོ་བ་ལེན་པས་ལེགས་སོ་ཞེས་བརྗོད་པར་བྱའོ།།
དེས་སྤོ་བ་ཕྱིར་བླངས་ནས་ཀུན་དུ་སྤྱད་པའི་ཆོས་སྔ་མ་བཞིན་དུ་སྤོ་བ་ཞག་མ་འཁོར་བ་རྣམས་བྱའོ། །རེ་ཞིག་དེ་དག་ནི་སྤོ་བ་སྤྱོད་པ་དེས་དུས་དེ་སྲིད་དུ་ས་གཞན་ན་གནས་པའི་སྤྱོད་པས་སྤོ་བ་སྤྱད་པར་བྱ་བའི་ཆོས་རྣམས་ཡིན་ཏེ། དེ་ལྟ་བུས་བཅབས་པའི་ཞག་འཁོར་ན་སྤོ་བ་སྤྱད་ཟིན་པར་རིག་པར་བྱའོ། །ད་ནི་སྤོ་བ་བྱས་ལ་མགུ་བར་བྱ་བ་མ་བྱིན་གྱི་བར་དུ་དེས་ཀུན་དུ་སྤྱད་པར་བྱ་བའི་ཆོས་རྣམས་བསྟན་པར་བྱ་སྟེ། སྤོ་བ་བྱས་ལ་མགུ་བར་བྱ་བ་མ་བྱིན་པ་དེ་ནི་སྤོ་བའི་ལས་ནི་བྱས་ལ་རང་བཞིན་དུ་གནས་པ་ཉིད་ནི་མ་ཡིན་པའི་ཕྱིར་དེས་ནི་སྔར་སྤོ་བ་སྤྱོད་པའི་ཀུན་དུ་སྤྱད་པའི་ཆོས་ཇི་སྐད་བསྟན་པ་རྣམས་ལས་དེས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་བྱ་བ་མན་ཆད་ནས་ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་དུ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསལ་བར་བྱའོ་ཞེས་སྨོས་པ་ཉིད་མ་གཏོགས་པ་དེ་ཡན་ཆད་དང༌། དེའི་འོག་ནས་དེའི་གཙུག་ལག་ཁང་ཐ་མར་འོས་པ་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་སྨོས་པའི་ཚིག་དེ་གསུམ་ནི་རིལ་གྱིས་སྤྱད་པར་བྱ་དགོས་སོ། །གཞན་ནི་སྤྱད་པར་བྱ་བ་ལ་ཅི་དགར་ཟད་དོ། །དེ་ལྟར་དེ་དག་ནི་བཅབས་པའི་ཉེས་པ་ཡོད་པ་ལ་སྤོ་བ་སྦྱིན་པའི་ཆོ་ག་དང་ལས་ཡིན་ནོ། །མགུ་བར་བྱ་བ་སྦྱིན་པའི་གོ་རིམས་ནི་འདི་ཡིན་ཏེ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་བཅབས་པའི་ཉེས་པ་སྤོ་བའི་ལས་ཀྱིས་མེད་པར་བྱས་པ་ཡང་རུང་བཅབས་པའི་ཉེས་པ་ཡེ་མེད་པ་ཡང་རུང་སྟེ། དེས་དགེ་འདུན་ལ་ཞག་དྲུག་མགུ་བར་བྱ་བ་སྤྱད་པར་གསོལ་བ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་སྦྱིན་པ་དང༌། དེས་ཞག་དྲུག་ཏུ་ས་གཞན་ན་གནས་པའི་སྤྱོད་པས་མགུ་བར་བྱ་བ་སྤྱད་པར་བྱའོ། །དེ་ལ་དེས་དགེ་འདུན་ལ་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་གསོལ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། དེས་དགེ་འདུན་ལྷག་མའི་ལྟུང་བ་གང་ཡང་རུང་བ་བྱུང་བ་ལ་བཅབས་པའི་ཉེས་པ་མེད་ན་དེ་ཉིད་ཀྱིས་གནས་མལ་
བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རི་མས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་རང་གིས་ཞག་དྲུག་མགུ་བར་བྱ་བ་སྤྱད་པར་གསོལ་བའི་སྔགས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་སྟེ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བས་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་དུ་གསོལ་ཞེས་ལན་གསུམ་དུ་བཟླས། དེ་ནི་དེས་དགེ་འདུན་ལ་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་གསོལ་བའི་ཆོ་ག་དང་སྔགས་སོ། །དེ་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་སྦྱིན་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། དེས་དེ་ལྟར་ཞག་དྲུག་མགུ་བར་བྱ་བ་སྤྱད་པར་གསོལ་མ་ཐག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྤྱད་པར་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་
རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དེས་ཞག་དྲུག་ཏུ་ས་གཞན་ན་གནས་པའི་སྤྱོད་པས་མགུ་བར་བྱ་བའི་གོ་རིམས་ནི་འདི་ཡིན་ཏེ། དེས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་རྣམས་ལ་སྤྱད་པར་བྱ་བ་དང༌། དགེ་འདུན་ལ་བརྗོད་པར་བྱ་བ་དང༌། འཐབ་ཀྲོལ་བྱེད་པ་འོང་ན་བཏང་བ་དང༌། དེ་སོང་ན་བླང་བའོ། །ཞག་དྲུག་མགུ་བར་བྱ་བ་སྤྱོད་པ་དེས་ཀུན་དུ་སྤྱད་པའི་ཆོས་ནི་ས་གཞན་ན་གནས་པའི་སྤྱོད་པའི་གཞི་ལས་འབྱུང་སྟེ། སྔར་སྤོ་བ་སྤྱོད་པས་ཀུན་དུ་སྤྱོད་པའི་ཆོས་ཇི་སྐད་བསྟན་པ་ཐམས་ཅད་ལྷག་ཆད་མེད་པར་འདིར་ཡང་སྦྱར་བར་བྱའོ། །རེ་ཞིག་དེ་དག་ནི་དེས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་རྣམས་ལ་སྤྱད་པར་བྱ་བ་ཡིན་ནོ། །དགེ་འདུན་ལ་བརྗོད་པར་བྱ་བ་ནི་འདི་ཡིན་ཏེ། སྔར་སྤོ་བ་སྤྱོད་པ་དེས་སྤྱད་པའི་དུས་ཟླ་བ་ཕྱེད་ཚུན་ཆད་ནི་ཡུན་ཐུང་བ་ཡིན་ལ། ཟླ་བ་ཕྱེད་ཕན་ཆད་ནི་ཡུན་རིང་བ་ཡིན་ཏེ་ཞེས་བྱ་བ་ལྟ་བུ་འདི་ལ་མེད་དེ། འདིས་ནི་ཞག་དྲུག་ཁོ་ན་མགུ་བར་བྱ་བ་སྤྱད་པར་ཟད་པས་དེས་ཉིན་རེ་ལན་རེ་ནང་པར་རམ། དྲོ་
ཁའམ། དགོངས་ཀ་གང་ཡང་རུང་བར་མཚམས་དེའི་དགེ་འདུན་ལ་གཎྜཱི་བརྡུངས་ཏེ་འདུས་པ་ཐམས་ཅད་དམ་བཞི་ཡན་ཆད་ཚོགས་པ་ལ་རང་གིས་ཞག་དྲུག་མགུ་བར་བྱ་བ་སྤྱད་པ་བླངས་པ་དེའི་སྔར་ཞག་དུ་འདས་པ་དང༌། ཕྱིས་ཞག་དུ་འབྱུང་བ་དེ་སྔགས་ཀྱི་ཚིག་གིས་བརྗོད་པར་བྱའོ། །དེའི་ཆོ་ག་དང་སྔགས་ནི་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་སློང་བཞི་ཡན་ཆད་ཇི་སྙེད་ཚོགས་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏོ། །དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བས་ཞག་འདི་སྙེད་ཅིག་ན་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་བར་བགྱི་བ་སྤྱོད་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། གལ་ཏེ་ཉིན་རེ་ལན་རེ་དེ་སྐད་མ་བརྗོད་ན་དུས་གང་གི་ཚེ་མ་བརྗོད་པ་ཉིན་མཚན་དེ་གཅད་པར་བྱའོ། །དེ་ནི་དེས་དགེ་འདུན་ལ་བརྗོད་པར་བྱ་བའི་ཆོ་ག་དང་སྔགས་སོ། །དེས་འཐབ་ཀྲོལ་བྱེད་པ་འོང་ན་གཏང་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། ཞག་དྲུག་མགུ་བར་བྱ་བ་སྤྱོད་པ་དེས་གལ་ཏེ་གང་ཟག་ཐམས་ཅད་ལ་འཐབ་ཀྲོལ་བྱེད་ཅིང་ཕྱིར་རྒོལ་བའམ། དེ་ཉིད་དང་མི་མཛའ་བ་ཉིད་དུ་གནས་པའི་གང་ཟག་འཐབ་ཀྲོལ་བྱེད་པ་གཅིག་གམ་དུ་མ་འོང་བར་ཐོས་ཤིང་གལ་ཏེ་དེ་དག་གིས་གཞི་དེས་གླེང་བ་དང་དྲན་པར་བྱེད་པས་འཇིགས་ན་དེའི་ཚེ་དེས་དགེ་འདུན་ཚོགས་པ་ལ་ཡང་རུང་གང་ཟག་ལ་ཡང་རུང་སྟེ། མགུ་
བར་བྱ་བ་སྤྱོད་པ་དེས་ཆོ་ག་དང་སྔགས་ཀྱིས་ཕྱིར་གཏང་བར་བྱ་ཞིང་བདག་ཉིད་རང་བཞིན་དུ་གནས་པ་ཉིད་དུ་གཞག་པར་བྱའོ། །དགེ་འདུན་ལ་ཕྱིར་བཏང་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། བདག་ཉིད་ཀྱིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མགུ་བར་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ་མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱོད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར་དྲན་པར་བགྱིད་པར་འགྱུར་བས་བདག་གིས་ཚེ་དང་ལྡན་པ་དག་གི་མདུན་དུ་མགུ་བར་བགྱིད་པ་སླར་གཏང་བར་བགྱིའོ། །ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ནས་ཡང་མགུ་བར་བགྱི་བ་བླང་བར་བྱའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། གང་ཟག་ལ་ཕྱིར་བཏང་བའི་ཆོ་ག་དང་སྔགས་ཀྱི་གཞུང་ནི་ཞུ་བ་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་གལ་ཏེ་མགུ་བ་བྱེད་པའི་དགྲ་བོ་འོང་ན་དེས་མགུ་བ་བྱེད་པའི་སྤྱོད་པ་བག་ཡངས་སུ་བྱའོ་ཞེས་བཀའ་སྩལ་ན། དེས་ཇི་ལྟར་བག་ཡངས་སུ་བགྱི། ཉེ་བ་འཁོར་དགེ་སློང་དེས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ་དགེ་སློང་གཅིག་གི་མདུན་དུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མགུ་བར་བགྱིད་པའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བ་མགུ་བའི་སྤྱོད་པ་བག་ཡངས་སུ་བགྱིད་ཅིང་སླར་ཡང་ལེན་པར་བགྱིད་དོ། །ཡང་བླངས་ཏེ་སྤྱོད་པར་བགྱིད་ན། ཚེ་དང་ལྡན་པས་བདག་ངོ་ཚ་མ་མཆིས་
པར་མི་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། དགེ་སློང་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མགུ་བར་བྱ་བ་གཏོང་བས་ལེགས་སོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེས་མགུ་པར་བྱ་བ་སྤྱོད་པ་བཏང་ནས་ཕྱིར་མ་བླངས་ཀྱི་བར་དུ་མགུ་བར་བྱ་བ་སྤྱད་མི་དགོས་པར་རང་བཞིན་དུ་གནས་པར་བྱའོ། །དེ་ནི་འཐབ་ཀྲོལ་བྱེད་པ་འོད་ན་བཏང་བའི་ཆོག་དང་སྔགས་སོ། །འཐབ་ཀྲོལ་བྱེད་པ་སོང་ན་བླང་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། གང་ཟག་འཐབ་ཀྲོལ་ཅན་དེ་སོང་ཞིང་འཇིགས་པ་དང་བྲལ་ན་གཙུག་ལག་ཁང་དེ་ཉིད་དུ་མགུ་བར་བྱ་བ་སྤྱད་པ་དེ་དགེ་འདུན་ནམ་གང་ཟག་ལས་ཆོ་ག་དང་སྔགས་ཀྱིས་ཕྱིར་བླང་བར་བྱའོ། །དགེ་འདུན་ལས་བླང་བའི་ཆོ་ག་དང་སྔགས་ནི་དེ་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མགུ་བར་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར་དྲན་པར་བགྱིད་པར་འགྱུར་བས་བདག་གིས་དེ་སྐད་ཐོས་ནས་དགེ་འདུན་རྣམས་ཀྱི་མདུན་དུ་མགུ་བར་བགྱི་བ་སླར་བཏང་བའི་ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ལགས་པས་བདག་མགུ་བར་བགྱི་བ་ཡང་སླར་ལེན་ཏོ། །མགུ་བར་བགྱི་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་བར་བགྱིད་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། གང་ཟག་གི་མདུན་དུ་ཕྱིར་བླང་བའི་ཆོ་ག་དང་སྔགས་ཀྱང་དེས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ཕྱག་འཚལ་ཏེ། དགེ་སློང་གི་མདུན་དུ་ཙོག་པུར་འདུག་
ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མགུ་བར་བགྱིད་པ་དགེ་སློང་དགྲ་བོ་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བས་མགུ་བའི་སྤྱོད་པ་བག་ཡངས་སུ་བགྱིས་པ། དགྲ་བོ་དགེ་སློང་དེ་དག་སླར་མཆིས་ལགས་པས་བདག་མགུ་བར་བགྱི་བ་ཡང་སླར་ལེན་ཏོ། །མགུ་བར་བགྱི་བ་ཞག་མ་འཁོར་བ་རྣམས་བགྱིའོ། །ཚེ་དང་ལྡན་པ་བདག་མགུ་བར་བགྱིད་པར་གཟུང་དུ་གསོལ་ཞེས་ལན་གསུམ་དུ་བཟླས། ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །མགུ་པར་བྱ་བ་ལེན་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེས་མགུ་བར་བྱ་བའི་སྤྱོད་པ་ཕྱིར་བླངས་ནས། ཀུན་དུ་སྤྱོད་པའི་ཆོས་སྔ་མ་བཞིན་དུ་མགུ་བར་བྱ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དེ་དག་ནི་མགུ་བར་བྱ་བ་སྤྱོད་པ་དེས་ཞག་དྲུག་ཏུ་ས་གཞན་ན་གནས་པའི་སྤྱོད་པས་མགུ་བར་བྱ་བ་སྤྱད་པའི་ཆོས་རྣམས་ཡིན་ཏེ། དེ་ལྟ་བུས་ཞག་དྲུག་སྤྱད་ན་མགུ་བར་བྱ་བ་སྤྱད་ཟིན་པར་རིག་པར་བྱའོ། །ད་ནི་མགུ་བར་བྱ་བ་བྱས་ལ་མ་ཕྱུང་གི་བར་དུ་དེས་ཀུན་དུ་སྤྱད་པའི་ཆོས་རྣམས་བསྟན་པར་བྱ་སྟེ། མགུ་བར་བྱ་བ་བྱས་ལ་མ་ཕྱུང་བ་དེ་ནི་མགུ་བར་བྱ་བའི་ལས་ནི་བྱས་ལ་རང་བཞིན་དུ་གནས་པ་ཉིད་མ་ཡིན་པའི་ཕྱིར་དེས་ཀྱང་སྔར་སྤོ་བ་བྱས་ལ་མགུ་བར་བྱ་བ་མ་ཡིན་པས་ཀུན་དུ་སྤྱད་པའི་ཆོས་ཇི་སྐད་བསྟན་པ་རྣམས་ལྷག་ཆད་མེད་པར་སྤྱད་པར་བྱའོ། །དེ་ལྟར་ན་སྤོ་བ་སྤྱད་པ་དང་མགུ་བ་སྤྱོད་པ་གཉིས་ཀྱི་ཀུན་དུ་སྤྱད་པའི་ཆོས་ཀྱང་འདྲ་ལ། སྤོ་བ་བྱས་ལ་མགུ་བ་མ་བྱིན་པ་དང། མགུ་བར་བྱས་ལ་མ་ཕྱུང་བ་གཉིས་ཀྱི་ཀུན་ཏུ་སྤྱད་པའི་ཆོས་ཀྱང་འདྲའོ། །དབྱུང་བ་བྱས་ཟིན་པས་ནི་ཀུན་དུ་སྤྱད་པའི་ཆོས་དེ་དག་གང་ཡང་སྤྱད་མི་དགོས་ཏེ་རང་བཞིན་དུ་གནས་པར་འགྱུར་ཟིན་པའི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་དེ་དག་ནི་ཞག་དྲུག་མགུ་བར་བྱ་བ་སྦྱིན་པའི་ཆོ་ག་དང་ལས་ཡིན་ནོ། །དེའི་འོག་ཏུ་དབྱུང་བ་སྦྱིན་པའི་གོ་རིམས་ནི་འདི་ཡིན་ཏེ། མགུ་བར་བྱ་བ་སྤྱད་ཟིན་པ་དེས་མཚམས་གང་ན་དགེ་སློང་སྟོང་ཉི་ཤུ་ཡན་ཆད་ཀྱི་དགེ་འདུན་གནས་པ་གུད་དུ་མ་སྤྱད་པ་ཐམས་ཅད་དམ་དཀྱིལ་འཁོར་བར་གུད་དུ་སྤྱད་པ་ལ་ཡང་རུང་སྟེ། དེ་དག་
ལ་རང་གིས་དབྱུང་བ་གསོལ་བ་དང་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྡིགས་པ་དང་གཟེངས་བསྟོད་པ་དང་བཅས་པས་གང་ཟག་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བར་བྱའོ། །དེ་ལ་དགེ་འདུན་ལ་རང་གིས་དབྱུང་བར་གསོལ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། དེས་དགེ་འདུན་ལྷག་མའི་ལྟུང་བ་གང་ཡང་རུང་བ་བྱུང་ལ་མགུ་བ་ཞག་དྲུག་སྤྱད་ཟིན་ན་དེ་ཉིད་ཀྱིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒ་ན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་རང་གི་དབྱུང་བ་གསོལ་བའི་སྔགས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས་དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་ལགས་པ་ལས་དབྱུང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དེ་ནི་དགེ་འདུན་ལ་རང་གི་དབྱུང་བ་གསོལ་བའི་ཆོ་ག་དང་སྔགས་སོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྡིགས་པ་དང༌། གཟེངས་བསྟོད་པ་དང་བཅས་པས་དེ་དབྱུང་བར་བྱ་བའི་གོ་རིམས་ནི་འདི་ཡིན་ཏེ། དང་པོར་དགེ་སློང་གཅིག་གིས་གསོལ་བ་བྱའོ། །དེའི་རྗེས་ལ་བསྡིགས་པ་བྱའོ། །དེའི་རྗེས་ལ་ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་མཇུག་སྡུད་པ་དང་བཅས་པ་བྱའོ། །དེའི་རྗེས་ལ་གཟེངས་བསྟོད་པར་བྱ་སྟེ། དེ་ཙམ་གྱིས་ན་དགེ་འདུན་ལྷག་མའི་ལྟུང་བ་ལས་བྱུང་བ་ཡིན་ནོ། །དེ་ལ་དང་པོར་དགེ་སློང་
གཅིག་གིས་གསོལ་བ་བྱ་བའི་ཆོ་ག་དང་སྔགས་འདི་ཡིན་ཏེ། དེས་དེ་ལྟར་དབྱུང་བ་གསོལ་མ་ཐག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དེ་ནི་དང་པོར་དགེ་སློང་གཅིག་གིས་གསོལ་བ་བྱ་བའི་ཆོ་ག་དང་སྔགས་སོ། །དེའི་རྗེས་ལ་བསྡིགས་པར་བྱ་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། དེ་ལྟར་དགེ་སློང་དེས་གསོལ་བ་བྱས་མ་ཐག་ཏུ་དགེ་སློང་དེ་ཉིད་ཀྱིས་ལྟུང་བ་བྱུང་བ་རྩ་བ་བཅད་དེ་ས་ལ་བཀྲམ་པ་ལྟར་ལུས་ཐམས་ཅད་ས་ལ་ཁུ་བུབ་བམ་གན་རྐྱལ་ལམ་གློས་འགྱེལ་དུ་བཅུག་སྟེ། དེ་ལྟར་སྐྱེལ་བ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འཆར་ཀ་ཁྱོད་ཉོན་ཅིག་ཁྱོད་ཀྱིས་ལེགས་པ་མ་བྱས་སོ། །ལེགས་པ་ཤིན་ཏུ་མ་བྱས་སོ། །བྱ་བ་གཞན་ཡིན་ན་གཞན་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཆོས་ནི་འདི་ལྟར་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོང་ཅིང་ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང༌། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་
སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ་ཁྱོད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱས་པ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྤྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དུག་དྲག་པ་དུག་རྣོ་བ་ལ་ལག་པ་གཉིས་ཀས་གཟུང་བ་ནི་བླའི། ཀུན་དུ་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་ལ་བཟུང་བ་ནི་དེ་ལྟ་མ་ཡིན་ནོ། །མི་གཏི་མུག་ཅན་ཁྱོད་ལག་པ་གང་དག་གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དད་པས་སྦྱིན་པར་བྱ་བ་བླང་པར་བྱ་བའི་ལག་པ་དེ་གཉིས་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱ་བར་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་བདག་ལ་བསྙེན་བཀུར་བྱ་བ་ཉམས་སུ་བླངས་པར་གྱུར་ཏོ། །འཆར་ཀ་གཉིས་པོ་འདི་དག་ནི་ཆོས་ཀྱི་སྒྲོན་མ་དང༌། ཆོས་ཀྱི་སྣང་བ་དང༌། ཆོས་ཀྱི་འོད་དང༌། ཆོས་ཀྱི་གསལ་བ་དང༌། ཆོས་ཀྱི་སྣང་གསལ་དང༌། ཆོས་ཀྱི་མར་མེ་དང། ཆོས་ཀྱི་རབ་གསལ་མེད་པར་བྱེད་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་མི་རྐོ། རྒྱུན་ལས་བཟློག་པ་ལ་མི་འབད། འབབ་ཆུ་དང་འཁྲི་ཤིང་མི་སྐེམས། བདུད་མི་འདུལ། བདུད་ཀྱི་རྒྱལ་མཚན་མི་སྙོལ། ཆོས་ཀྱི་རྒྱལ་མཚན་མི་བསྒྲེང༌། སྡིག་པའི་རྒྱུན་མི་གཅད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་རྗེས་སུ་མཐུན་པར་བསྐོར་བ་རྗེས་སུ་མི་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། གཉིས་ཀྱིས་ཟག་པ་འཕེལ་བར་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །འཆར་ཀ་ཁྱོད་ཀྱིས་ལྟུང་བ་བྱུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན་མི་རྟག་པའི་འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌།
འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་བའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་བསྔོས་པའི་འདུ་ཤེས་དང། རྣམ་པར་རྣགས་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་མ་ཡིན། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འདྲས་བུ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པའི་འོས་མ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན། འགྲོ་བ་གཉིས་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་འཆབ་པའི་འགྲོ་བ་ནི་གཉིས་ཏེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །གང་དག་ཉེས་པ་ལ་ཡིད་མི་ཆེས་པ་དེ་དག་ནི་འཆབ་བར་སེམས་སོ་ཞེས་གསུངས་སོ། །དེ་ནི་བསྡིགས་པར་བྱ་བའི་ཆོ་ག་དང་སྔགས་སོ། །དེའི་འོག་ཏུ་ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་མཇུག་སྡུད་པ་དང་བཅས་པ་བྱ་བའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། དེ་ལྟར་བསྡིགས་པ་བྱས་མ་ཐག་ཏུ་དེའི་མཇུག་ཐོགས་སུ་དགེ་སློང་ལས་བྱེད་པ་དེ་ཉིད་ཀྱིས་ལྟུང་བ་བྱུང་བ་དེ་ཡང་ཐལ་མོ་སྦྱར་ཏེ། ཙོག་པུར་འདུག་ཏུ་བཅུག་ལ་བདག་ཀྱང་འདུག་བཞིན་དུ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བསྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་མཛད་ནས། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིང༌། །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་ལས་བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་མཇུག་སྡུད་པ་དང་བཅས་པ་བྱ་བའི་ཆོ་ག་དང་སྔགས་སོ། །དེའི་འོག་ཏུ་གཟེངས་བསྟོད་པའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། དགེ་སློང་ལས་བྱེད་པ་དེ་ཉིད་ཀྱིས་དེའི་མོད་ལ་དགེ་འདུན་གྱི་དབུས་སུ་གང་ཟག་དེ་ཐལ་མོ་སྦྱར་ཏེ་ཙོག་པུར་འདུག་ཏུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འཆར་ཀ་ཁྱོད་ཀྱིས་ལེགས་པ་བྱས་སོ། །ལེགས་པ་ཤིན་ཏུ་བྱས་སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་
ཕྱིར་བཅོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་རྐོ་བ། རྒྱུན་ལས་བཟློག་པ་ལ་འབད་པ། འབབ་ཆུ་དང་འཁྲི་ཤིང་སྐེམས་པ། བདུད་འདུལ་བ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ཀྱི་རྒྱལ་མཚན་སྒྲེང་བ། སྡིག་པའི་རྒྱུན་གཅོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བ་རྗེས་སུ་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། གཉིས་ཀྱིས་ཟག་པ་འཕེལ་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །འཆར་ཀ་ཁྱོད་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས། མི་རྟག་པའི་འདུ་ཤེས་དང་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་བའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་བསྔོས་པའི་འདུ་ཤེས་དང༌། རྣམ་པར་རྣགས་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་སུ་གྱུར་པ་ཡིན། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།
ཕྱིར་མི་འོང་བའི་འབྲས་བུ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་དང༌། འབྲས་བུའི་མཆོག་དགྲ་བཅོམ་པའི་འོས་སུ་གྱུར་པ་ཡིན་ནོ། །འཆར་ཀ་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས་འགྲོ་བ་གཉིས་པོ་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། ལྷ་དང་མིའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་མི་འཆབ་པའི་འགྲོ་བ་ནི་གཉིས་ཏེ། ལྷ་དང་མིའོ། །གང་དག་ངས་བཤད་པ་ལ་ཡིད་ཆེས་པ་དེ་དག་ནི་འཆབ་པར་མི་སེམས་སོ་ཞེས་གསུངས་སོ། །ཡང་གསུངས་པ། བཅབས་པ་ཆར་པ་བཞིན་དུ་བབ། །བཤགས་པ་ཆར་བཞིན་བབ་མི་འགྱུར། །དེ་ལྟ་བས་ན་བཤགས་པར་བྱ། །དེ་ལྟར་ཆར་བཞིན་མི་འབབ་ཅེའོ། །ཚེ་དང་ལྡན་པ་འཆར་ཀ་ཁྱོད་ཕྱུང་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །དེ་ནི་གཟེངས་བསྟོད་པའི་ཆོ་ག་དང་སྔགས་ཏེ། དེ་ཙམ་གྱིས་ན་དེ་དགེ་འདུན་ལྷག་མའི་ལྟུང་བ་ལས་བྱུང་བར་རིག་པར་བྱའོ། །ད་ནི་འདུལ་བའི་གཞི་བསྡུ་བའི་ཁྱད་པར་ཅུང་ཞིག་བཤད་པར་བྱ་སྟེ། སྤོ་བ་ཞེས་བྱ་བའི་ཁྱད་པར་ནི་རྣམ་པ་གསུམ་སྟེ། སྤོ་བ་དང༌། གཞི་ནས་སྤོ་བ་དང༌། ཡང་གཞི་ནས་བླང་སྟེ་སྤོ་བའོ། །མགུ་བར་བྱ་བ་ཞེས་བྱ་བའི་ཁྱད་པར་ཡང་རྣམ་པ་གསུམ་སྟེ། མགུ་བར་བྱ་བ་དང༌། གཞི་ནས་མགུ་བར་བྱ་བ་དང༌། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བའོ། །དེ་ལ་སྤོ་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཇི་སྲིད་དུ་བཅབས་པའི་དུས་དེ་སྲིད་དུས་གཞན་ན་གནས་པའི་སྤྱོད་པས་སྤོ་བ་བྱེད་དུ་གཞུག་པ་ཇི་སྐད་སྔར་བསྟན་པའོ། །གཞི་ནས་སྤོ་བ་བྱེད་པ་ཉིད་ནི་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་ཡང་བྱུང་ན། སྤོ་བ་སྔ་མ་མནོས་ཏེ་བྱས་པ་དེ་ཞིག་པས་དེའི་ཕྱིར་ཡང་གཞི་ནས་བསླང་སྟེ་སྤོ་བ་གདོད་བརྩམ་པའོ། །ཡང་གཞི་ནས་བསླང་སྟེ་སྤོ་བ་ཞེས་བྱ་བ་ནི་གཞི་ནས་སྤོ་བ་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་ཡང་བྱུང་ན། སྤོ་བ་དང་གཞི་ནས་སྤོ་བ་སྔ་མ་མནོས་ཏེ་བྱས་པ་དེ་ཉིད་ཞིག་པས་དེའི་ཕྱིར་ཡང་གཞི་ནས་བསླད་སྟེ་སྤོ་བ་གདོད་བརྩམ་པའོ། །མགུ་བར་བྱ་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ཕྱིར་
ཞག་དྲུག་གི་བར་དུ་ས་གཞན་ན་གནས་པའི་སྤྱོད་པས་མགུ་བར་བྱ་བ་སྤྱད་པ་ཇི་སྐད་སྔར་བསྟན་པའོ། །གཞི་ནས་མགུ་བར་བྱ་བ་ཞེས་བྱ་བ་ནི་མགུ་པར་བྱ་བ་བྱེད་པ་ཉིད་ནི་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་ཡང་བྱུང་ན་མགུ་བར་བྱ་བ་སྔ་མ་མནོས་ཏེ་བྱས་པ་དེ་ཞིག་པས་དེའི་ཕྱིར་གཞི་ནས་མགུ་བར་བྱ་བ་གདོད་བརྩམ་པའོ། །ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཞེས་བྱ་བ་ནི་གཞི་ནས་མགུ་བར་བྱ་བ་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་ཡང་བྱུང་ན་མགུ་བར་བྱ་བ་དང༌། གཞི་ནས་མགུ་བར་བྱ་བ་སྔ་མ་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་གདོད་བརྩམས་པའོ། །དེ་དག་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པར་བྱུང་བས་དེ་ལྟར་འགྱུར་གྱི་རིགས་མི་མཐུན་པས་ནི་དེ་ལྟར་མི་འགྱུར་རོ། །དེ་དག་ལས་སྤོ་བ་སྤྱིན་པའི་ཚིགས་ལ་མགུ་གསུམ་ཡོད་དེ། སྤོ་བ་སྦྱིན་པ་དང༌། གཞི་ནས་སྤོ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པའོ། །མགུ་བར་བྱ་བ་སྦྱིན་པའི་ཚིགས་ལ་མུ་བཅུ་གཉིས་ཡོད་དེ། མགུ་བར་བྱ་བ་སྦྱིན་པ་དང༌། གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་གསུམ་དང༌། སྤོ་བ་བྱས་པ་ལ་མགུ་བར་བྱ་བ་སྦྱིན་པ་དང༌། སྤོ་བ་བྱས་པ་ལ་གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང༌། སྤོ་བ་བྱས་པ་ལ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་གསུམ་དང༌། གཞི་ནས་སྤོ་བ་བྱས་པ་ལ་མགུ་བར་བྱ་བ་སྦྱིན་པ་དང༌། གཞི་ནས་སྤོ་བ་བྱས་པ་ལ་གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང༌། གཞི་ནས་སྤོ་བ་བྱས་པ་ལ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་བྱས་པ་ལ་མགུ་བར་བྱ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་བྱས་པ་ལ་གཞི་ནས་མགུ་བར་བྱ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་བྱས་པ་ལ་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་གསུམ་སྟེ་བཅུ་གཉིས་སོ། །དེ་དག་སྦྱིན་པའི་རིམ་པ་ཡང་དང་པོར་བདག་གིས་ལན་གསུམ་གསོལ་བ་དང༌། དེ་ནས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པ་དང༌། བྱིན་ནས་ས་གཞན་ན་གནས་པའི་སྤྱོད་པ་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་
པར་སྤྱད་ཅིང་ཉིན་རེ་ལན་རེའམ་ཉི་མ་གསུམ་མམ་བཞི་ཞིང་དགེ་འདུན་ནམ་གང་ཟག་ལ་ཉི་མ་ཐལ་བ་དང༌། འབྱུང་བ་བརྗོད་པ་དང༌། དགྲ་བོའོང་ན་ཕྱིར་བཏང་ལ་དགྲ་བོ་སོང་ན་ཕྱིར་བླང་བའི་ཆོ་ག་དང་རིམ་པ་ནི་སྔ་མ་བཞིན་ནོ། །སྔགས་ཀྱི་ཚིག་ལ་ནི་བྱེ་བྲག་ཡོད་དེ། ཁ་ཅིག་ནི་འདུལ་བའི་གཞི་དང༌། ལས་བརྒྱ་རྩ་གཅིག་པ་དག་ལས་འབྱུང་བ་བཞིན་དངོས་སུ་སྦྱར་རོ། །ཁ་ཅིག་ནི་འཁོར་ལོ་བཞིན་དུ་སྦྱར་རོ། །དབྱུང་བ་སྦྱིན་པའི་ཚིགས་ལ་ཡང་མུ་བཅུ་གཉིས་ཡོད་དེ། མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། གཞི་ནས་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པ་དབྱུང་བ་གསུམ་དང༌། སྤོ་བ་དང་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། སྤོ་བ་དང་གཞི་ནས་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། སྤོ་བ་དང་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པ་དབྱུང་བ་གསུམ་དང༌། གཞི་ནས་སྤོ་བ་དང་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། གཞི་ནས་སྤོ་བ་དང་གཞི་ནས་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པ་དབྱུང་བ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་དང་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་དང་གཞི་ནས་མགུ་བར་བྱ་བ་སྤྱད་པ་དབྱུང་བ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱད་པ་དབྱུང་བ་གསུམ་སྟེ་བཅུ་གཉིས་སོ། །དེ་དག་སྦྱིན་པའི་རིམ་པ་ཡང་དང་པོར་བདག་གིས་ལན་གསུམ་དབྱུང་བ་གསོལ་བ་དང༌། དེ་ནས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྡིགས་པ་དང༌། གཟེངས་བསྟོད་པ་དང་བཅས་པས་དབྱུང་བའི་ཆོ་ག་དང་རིམ་པ་ནི་སྔ་མ་བཞིན་ནོ། །སྔགས་ཀྱི་ཚིག་ལ་ནི་བྱེ་བྲག་ཡོང་དེ། ཁ་ཅིག་ནི་འདུལ་བའི་གཞི་དང་ལས་བརྒྱ་རྩ་གཅིག་པ་དག་ལས་འབྱུང་བ་བཞིན་དངོས་སུ་སྦྱར་རོ། །ཁ་ཅིག་ནི་འཁོར་ལོ་བཞིན་དུ་སྦྱར་རོ། །གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པའི་ཚིགས་འདི་གཉིས་ལ་ནི་ལྟུང་བ་ཕྱིས་བྱུང་བ་དེ་བཅབས་པའི་དུས་ལྷག་པ་དེར་གཞུག་དགོས་ལ། དུས་མཉམ་པ་དང་ཉུང་བ་ནི་དེར་གཞུག་མི་དགོས་ཏེ། དེས་གང་ལ་ལྟུང་བ་སྔ་མ་བཅབས་
པའི་དུས་ཟླ་བ་ཕྱེད་ཡོད་ལ། ལྟུང་བ་ཕྱི་མ་བཅབས་པའི་དུས་ཀྱང་ཟླ་བ་ཕྱེད་དམ་དེ་བས་ཉུང་བ་ཡོད་པ་དེ་ལ་ནི། མཐོལ་བ་དང་གཞི་ནས་སྤོ་བ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་བ་དང༌། སྦྱིན་པའི་སྔགས་ཀྱི་ཚིག་ཏུ་ཡང་ཟླ་བ་ཕྱེད་ཁོན་སྨོས་ལ། གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་ཡང་ཟླ་བ་ཕྱེད་ཁོ་ན་སྦྱིན་པར་བྱའོ། །གང་ལ་ལྟུང་བ་སྔ་མ་བཅབས་པའི་དུས་ཟླ་བ་ཕྱེད་ཡོད་ལ། ལྟུང་བ་ཕྱི་མ་བཅབས་པའི་དུས་ཟླ་བ་གཅིག་ཡོད་པ་དེ་ལ་ནི་མཐོལ་བ་དང༌། གཞི་ནས་སྤོ་བ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་བ་དང༌། སྦྱིན་པའི་སྔགས་ཀྱི་ཚིག་ཏུ་ཡང་ཟླ་བ་གཅིག་སྨོས་ལ། གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་ཡང་ཟླ་བ་གཅིག་སྦྱིན་པར་བྱ་སྟེ། དེས་ལྟུང་བ་སྔ་མ་ཟླ་བ་ཕྱེད་བཅབས་པ་དང༌། ལྟུང་བ་ཕྱི་མ་བཅབས་པའི་ཉེས་པ་གཉིས་ཀ་མེད་པར་འགྱུར་བར་ཤེས་པར་བྱའོ། །ལྟུང་བ་ཕྱི་མ་བཅབས་པའི་དུས་ལྷག་མ་གནས་སྐབས་གང་ལ་སྲིད་ཅེ་ན། སྤོ་བ་སྤྱོད་བཞིན་པ་ཉིད་ན་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ལ་དེའི་མོད་ལ་སྤོ་བ་སྤྱོད་པ་མཐར་ཐུག་པའི་དུས་དང༌། དེ་བས་འཕྱི་བའི་དུས་གཞན་དུ་ཡང་ལྟུང་བ་བར་མཐོལ་བའི་གནས་སྐབས་དང༌། སྤོ་བའམ་གཞི་ནས་སྤོ་བ་བས་ལྟུང་བ་རིགས་མཐུན་པ་བྱུང་ནས་འཐབ་ཀྲོལ་བྱེད་པ་འོང་བའི་ཚེ་ཕྱིར་སྤོ་བ་ལ་སོགས་བ་བཏང་སྟེ། ཡང་ཕྱིར་ལེན་པ་དེས་བཏང་བའི་གནས་སྐབས་སུ་ལྟུང་བ་བར་མ་དང་ཕྱི་མ་མ་མཐོལ་བར་བཅབས་པའི་དུས་ཆེས་རིང་དུ་སྒྲུབ་པའི་གནས་སྐབས་ལ་སྲིད་དོ། །སྤོ་པ་སྦྱིན་པ་དང༌། གཞི་ནས་སྤོ་བ་སྦྱིན་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པའི་མུ་འདི་གསུམ་ལ་བཅབས་པའི་དུས་ངེས་པར་མི་ཤེས་པ་དང༌། ལྟུང་བའི་གྲངས་ངེས་པར་མི་ཤེས་པ་དང༌། ལྟུང་བ་མང་པོ་བྱུང་བ་ལ་སྤོ་བ་ལ་སོགས་པ་སྦྱིན་པའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། བཅབས་པའི་དུས་ངེས་པར་མི་ཤེས་ན་བཅབས་པའི་ཕྱིར་ནི་དུས་དཔག་ཏུ་མེད་པ་ལ་བརྟེན་པར་བྱ། སྤོ་བ་སྤྱད་པའི་ཕྱིར་ནི་དག་པའི་མཐའ་ཅན་ཟླ་བ་བཞི་ལ་སོགས་པ་ལ་བརྟེན་པར་བྱ་སྟེ། དེས་ན་སྤོ་བ་ལ་སོགས་པ་གསོལ་བ་དང༌། སྦྱིན་པ་དང༌། བརྗོད་པ་དང་གཏོང་བ་དང་ལེན་པའི་སྔགས་ཀྱི་ཚིག་ལ་འདི་སྐད་ཅེས་
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དཔག་ཏུ་མ་མཆིས་པར་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དཔག་ཏུ་མ་མཆིས་པར་བཅབས་པ་དེའི་སླད་དུ་དགེ་འདུན་ལས་དག་པའི་མཐའ་ཅན་ཟླ་བ་བཞི་སྤོ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དཔག་ཏུ་མ་མཆིས་པར་བཅབས་པ་དེའི་སླད་དུ་དག་པའི་མཐའ་ཅན་ཟླ་བ་བཞི་སྤོ་བ་སྩལ་དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ལ་བཅབས་པའི་དུས་ངེས་པར་མི་ཤེས་པའི་ཕྱིར་དཔག་ཏུ་མེད་པར་བཅབས་ཞེས་སྨོས་པས་ནི་བཅབས་པའི་དུས་ཉུང་ངུར་མི་འགྱུར་རོ། །སྤོ་བ་སྤྱོད་པའི་ཕྱིར་དག་པའི་མཐའ་ཅན་ཟླ་བ་བཞི་སྨོས་པས་ནི་སྤྱད་པའི་དུས་ཉུང་དུར་མི་འགྱུར་ཏེ། དགེ་བའི་མཐའ་ཅན་ཞེས་བྱ་བ་ནི་སྔོན་ལྟུང་བ་མ་བྱུང་བ་དག་པའི་མཐའ་གང་ཡིན་པ་རང་གིས་དྲན་པ་ཚུན་ཆད་ནས་ལྟུང་བ་མཐོལ་བའི་བར་རོ། །ཟླ་བ་བཞི་ཞེས་བྱ་བ་ནི་མཚོན་པ་སྟེ། ཟླ་བ་ཕྱེད་དམ་གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྔ་ལ་སོགས་པ་དང་པོ་དག་པའི་མཐའ་ནས་བཟུང་སྟེ། ཇི་ཙམ་གྱིས་ན་བཅབས་པའི་དུས་མི་དྲན་པ་དེ་ཉུང་བ་ཉིད་དུ་མི་འགྱུར་བ་དེ་ཙམ་གྱི་དུས་ལ་བརྟེན་ན་སྤོ་བ་སྤྱོད་པའི་དུས་ཚང་བར་འགྱུར་རོ། །ལྟུང་བའི་གྲངས་ངེས་པར་མི་ཤེས་ན་ལྟུང་བའི་ཕྱིར་ཡང་དཔག་ཏུ་མེད་པ་ལ་བརྟེན་པར་བྱ། བཅབས་པའི་དུས་ངེས་པར་ཤེས་ན་ནི་སྤོ་བ་སྤྱད་པའི་ཕྱིར་ནི་དུས་ཟླ་བ་ཕྱེད་ལ་སོགས་པ་ངེས་པ་ལ་བརྟེན་པར་བྱ། བཅབས་པའི་དུས་ཀྱང་ངེས་པར་མ་ཤེས་ན་ནི་དཔག་ཏུ་མེད་པ་དང་དག་པའི་མཐའ་ཅན་ཟླ་བ་བཞི་ལ་བརྟེན་པར་བྱ་སྟེ། དེས་ན་སྤོ་བ་ལ་སོགས་པ་གསོལ་བ་དང༌། སྦྱིན་པ་དང་བརྗོད་པ་དང༌། གཏོང་བ་དང་ལེན་པའི་སྔགས་ཀྱི་ཚིག་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་
ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ། ཟླ་བ་ཕྱེད་དང་དཔག་ཏུ་མ་མཆིས་པར་བཅབས་པས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དཔག་ཏུ་མ་མཆིས་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་དམ་དག་པའི་མཐའ་ཅན་ཟླ་བ་བཞི་སྤོ་བ་གསོལ་ན་ཞེས་བརྗོད་པར་བྱའོ། །དེ་ལ་ལྟུང་བའི་གྲངས་ངེས་པར་མི་ཤེས་པའི་ཕྱིར། དཔག་ཏུ་མེད་པ་བྱུང་ལ་ཞེས་སྨོས་པས་ནི་ལྟུང་བ་བཅབས་པ་ཉུང་དུར་མི་འགྱུར་རོ། །བཅབས་པའི་དུས་ངེས་པར་ཤེས་པའི་ཕྱིར་ཟླ་བ་ཕྱེད་ལ་སོགས་པ་སློབ་པས་ནི་སྤོ་བ་ཟླ་བ་ཕྱེད་ལ་སོགས་པའི་དུས་ཉུང་དུར་མི་འགྱུར་རོ། །བཅབས་པའི་དུས་ངེས་པར་མི་ཤེས་པའི་ཕྱིར་དཔག་ཏུ་མེད་པར་བཅབས་པས་ཞེས་སྨོས་པས་ནི་སྤོ་བ་དག་པའི་མཐའ་ཅན་ཟླ་བ་བཞི་ལ་སོགས་པ་ལས་ཉུང་དུར་མི་འགྱུར་རོ། །ལྟུང་བ་མང་པོ་བྱུང་ན་ལྟུང་བའི་ཕྱིར་ནི་ཚང་ཤིན་ཏུ་མང་པོ་དང་ལྡན་པ་ཞེས་བྱ་བ་ལ་བརྟེན་པར་བྱ། བཅབས་པའི་དུས་ངེས་པར་ཤེས་པ་དང༌། མི་ཤེས་པའི་ཕྱིར་ནི་སྔ་མ་བཞིན་ཏེ། ཤེས་ན་ཟླ་བ་ཕྱེད་ལ་སོགས་པ་ལ་བརྟེན་པར་བྱ། མི་ཤེས་ན་ནི་དཔག་ཏུ་མེད་པ་དང་དག་པའི་མཐའ་ཅན་ཟླ་བ་བཞི་ལ་སོགས་པ་ལ་བརྟེན་པར་བྱའོ། །ལྟུང་བ་གྲངས་མང་པོ་འདི་ལ་ནི་བཅབས་པའི་དུས་ནི་ལྟུང་བ་བཅབས་པའི་དུས་ཐ་དད་པ་རྣམས་ལས་གང་གི་དུས་ཡུན་རིང་བར་གཞི་གཟུང་ངོ༌། །གང་དག་གང་བྱུང་བའི་རིགས་རྣམས་ཀྱི་མིང་ནི་སྩོགས་པ་ཞེས་བྱ་བས་མགོ་དྲང་ངོ༌། །དེ་བས་ནི་སྤོ་བ་ལ་སོགས་པ་གསོལ་བ་དང༌། སྦྱིན་པ་དང༌། བརྗོད་པ་དང༌། གཏོང་བ་དང༌། ལེན་པའི་སྔགས་ཀྱི་ཚིག་ལ་འདི་སྐད་ཅེས་དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་པ་ལ་བསམས་བཞིན་དུ་ཁུ་བ་ཕྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ལ་སོགས་པ་ལུས་ཀྱིས་རེག་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང༌། འཁྲིག་པ་དང་ལྡན་པ་སྨྲ་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང༌། བསྙེན་བཀུར་བསྔགས་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང༌། སྨྱན་བགྱིད་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་
ཤིན་ཏུ་མང་པོ་དང་ལྡན་པ་བྱུང་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པར་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་བསམས་བཞིན་དུ་ཁུ་བ་ཕྱུང་བའི་དགེ་འདུན་ལྷག་མ་ལ་སོགས་པ་ལུས་ཀྱིས་རེག་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང༌། འཁྲིག་པ་དང་ལྡན་པ་སྨྲ་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང་བསྙེན་བཀུར་བསྔགས་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དང༌། སྨྱན་བགྱིད་པ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་བ་ལ་ཟླ་བ་ཕྱེད་དམ་དཔག་ཏུ་མ་མཆིས་པར་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་དམ། དག་པའི་མཐའ་ཅན་ཟླ་བ་བཞི་སྤོ་བ་གསོལ་ན་ཞེས་བརྗོད་པར་བྱའོ། །དེ་ལྟར་ལྟུང་བ་མང་པོའི་ཕྱིར་ཚད་ཤིན་ཏུ་མང་པོ་དང་ལྡན་པ་ཞེས་སྨོས་པས་ནི་གྲངས་ཉུང་དུར་བཅབས་པར་མི་འགྱུར་རོ། །བཅབས་པའི་དུས་ངེ་ས་པར་ཤེས་པའི་ཕྱིར་ཟླ་བ་ཕྱེད་ལ་སོགས་པ་སྨོས་པས་ནི་སྤོ་བ་ཟླ་བ་ཕྱེད་ལ་སོགས་པའི་དུས་ལས་ཉུང་དུར་མི་འགྱུར་རོ། །བཅབས་པའི་དུས་ངེས་པར་མི་ཤེས་པའི་ཕྱིར་དཔག་ཏུ་མེད་པར་བཅབས་པས་ཤེས་ཞེས་སྨོས་པས་ནི་སྤོ་བ་དག་པའི་མཐའ་ཅན་ཟླ་བ་བཞི་ལ་སོགས་པ་ལས་ཉུང་དུར་མི་འགྱུར་རོ། །བཅབས་པའི་དུས་གང་ཡུན་རིང་བས་གཞི་གཟུང་བས་ནི་གཞན་དག་གི་བཅབས་པའི་དུས་ཐུང་དུ་རྣམས་མ་ལུས་པར་འགྱུར་རོ། །སོགས་པ་ཞེས་སྨོས་པས་ནི་ལྷག་མ་རྣམས་དེའི་ཁོངས་སུ་འདུ་བར་འགྱུར་རོ། །གོ་རིམས་གང་ལྕི་བ་དང༌། བསམ་པ་དྲག་པོས་བྱས་པ་དང་པོར་སྨོས་པས་ན་ཉེས་པ་ཆེ་རིམས་ཀྱིས་སྦྱང་བ་བསྟན་པར་འགྱུར་བས་དེའི་ཕྱིར་ལྟུང་བ་གྲངས་མང་པོ་དེ་དག་གི་གོ་རིམས་ཀྱང་སྔར་ལྟུང་བ་གང་བྱུང་བ་དེའི་མིང་དང་པོར་སྨོས་པར་མི་བྱ་བར་ལྕི་བ་དང་བསམ་པ་དྲག་པོས་བྱས་པ་ཉིད་དང་པོར་སྨོས་པར་བྱ་སྟེ། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགུང་གཅིག་བཅབས་ལ་རེག་པ་ལས་བྱུང་བ་ནི་དགུང་གཉིས་བཅབས་པ་ནས་བཀའ་བློ་མི་བདེ་བ་ལས་བྱུང་བ་དགུང་བཅུ་གསུམ་བཅབས་པའི་བར་དུ་བྱུང་ན། བཙུན་པ་ལྟུང་བ་དེ་དག་དུས་གཅིག་དང་སྐད་ཅིག་གཅིག་
ལ་ལས་བགྱིས་པ་གཅིག་གིས་སྤོ་བ་དང༌། གཞི་ནས་སྤོ་བ་དང༌། མགུ་བར་བགྱི་བ་དང༌། གཞི་ནས་མགུ་བར་བགྱི་བ་སྩལ་ཞིང་དབྱུང་བར་བགྱི་བ་དང༌། ལས་དེ་དག་ཀྱང་བགྱིས་པར་བརྗོད་པ་དང༌། དེས་དགེ་འདུན་ལ་ཡང་འགལ་ཆབས་ཅན་དུ་མི་འགྱུར་བར་རུང་ངམ། ཉེ་བ་འཁོར་རུང་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་ཞག་གཅིག་བཅབས་པའི་ལྟུང་བ་གང་ཡིན་པ་ནས། བཀའ་བློ་མི་བདེ་བ་ལས་བྱུང་བཞག་བཅུ་གསུམ་བཅབས་པའི་བར་གྱི་ལྟུང་བ་གང་དག་ཡིན་པ་དེ་དག་ལས་དམ་པ་དང་རབ་ཏུ་དམ་པ་དང༌། ལྕི་བ་དང་ཞག་མང་དུ་བཅབས་པ་གང་ཡིན་པ་དེའི་ཕྱིར་སྤོ་བ་དང༌། གཞི་ནས་སྤོ་བ་དང༌། མགུ་བར་བྱ་བ་དང༌། གཞི་ནས་མགུ་བར་བྱ་བ་སྦྱིན་ཞིང་དབྱུང་བར་བྱ་སྟེ། ལས་དེ་དག་ཀྱང་བྱས་པར་བརྗོད་པར་བྱས་ལ་དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྤོ་བ་སྤྱོད་པ་ལ་གཞི་ནས་སྤོ་བ་དང༌། ཡང་གཞི་ནས་བསླད་སྟེ་སྤོ་བ་བྱུང་བ་ཕྱིར་གསོ་བར་འདོད་པ་སྐྱེས་ན་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱད་དུ་རུང་ངོ༌། །མགུ་བར་བྱ་བ་སྤྱོད་པ་ལ་གཞི་ནས་མགུ་བར་བྱ་བ་དང༌། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བྱུང་བའི་ཕྱིར་གསོལ་བར་འདོད་པ་སྐྱེས་ན་ཡང་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱད་དུ་རུང་ངོ༌། །སྤོ་བ་དང་མགུ་བར་བྱ་བ་གཉིས་ནི་ཅིག་ཅར་སྦྱིན་ཞིང་ཅིག་ཅར་སྤྱད་དུ་མི་རུང་སྟེ། །མགུ་བར་བྱ་བ་ནི་སེམས་མགུ་བར་བྱ་བའི་ཕྱིར་ཡིན་ལ། སྤོ་བ་ནི་བཅབས་པའི་ཁ་ན་མ་ཐོ་བ་གཞོམ་པར་བྱ་བའི་ཕྱིར་ཡིན་པའི་ཕྱིར་རོ། །དེས་ན་དེ་གཉིས་ཅིག་ཅར་སྤྱད་པ་མི་སྲིད་དེ། སྔར་བཅབས་པའི་ཕྱིར་སྤོ་བ་བྱེད་དུ་གཞུག་ཅིང༌། དེའི་འོག་ཏུ་དབྱུང་བའི་ཕྱིར་མགུ་བར་བྱ་བ་བྱེད་དུ་གཞུག་གོ །དགེ་འདུན་ལྷག་མ་ཕྱིར་བཅོས་པ་བཤད་ཟིན་ཏོ།། །།ད་ནི་དགེ་འདུན་ལྷག་མ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་ལ་བདག་གིས་ཚེ་དང་ལྡན་བ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞེས་བྱ་བ་
ནི་དགེ་འདུན་ལྷག་མ་བཏོན་པ་དེ་ལའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ །ཡོངས་སུ་དག་གམ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ་ཞེས་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་སྙེགས་སོ། །དྲིའོ་ཞེས་བྱ་བ་ནི་དྲི་བ་དང་པོའོ། །ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ན་དྲི་བར་བྱ་དགོས་བས་ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས་ལ། མངན་ཡང་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པས་དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ། བཤགས་པ་དང། བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་བ་མ་བཅབས་བ་ཤ་སྟག་ཚོགས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །ཅང་མི་སྨྲ་བས་བརྡ་བྱས་པས་དགེ་འདུན་ལྷག་མ་རྣམ་པར་གཞག་པ་བསྒྲག་པར་བྱ་བའི་མཇུག་བསྡུ་བ་བསྟན་པའི་ཕྱིར། འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ། བཤགས་པ་དང༌། བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་ལྷག་མ་གདོན་པ་བཤད་ཟིན་ཏོ།། །།ད་ནི་མ་ངེས་པ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པའོ་ཞེས་བྱ་བ་གསུངས་སོ། །སྔོམ་ལ་ཞེས་བྱ་བའི་དགོས་པ་དང་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །མ་ངེས་པ་ནི་རྣམ་པ་གཉིས་ཏེ། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱི་ཆོས་གསུམ་ལས་གང་ཡིན་མ་ངེས་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱི་ཆོས་གཉིས་ལས་གནག་ཡིན་མ་ངེས་པའོ། །དེ་གཉིས་ཀ་ཡང་སྔོམ་ལས། དབེན་པ་སྐྱབས་ཡོད་འདུག་པའོ་ཞེས་གསུངས་པ་འདིའི་ཁོངས་སུ་འདུས་ཏེ། དབེན་པ་སྐྱབས་ཡོད་པ་ནས་འདོད་པ་བྱར་རུང་བར་འགྱུར་ལ་འདུག་པ་ལས་ནི་མ་ངེས་པ་དང་པོར་འགྱུར་ལ། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པ་ལས་ནི་མ་དེས་པ་གཉིས་པར་འགྱུར་རོ། །འདི་གཉིས་ནི་གླེང་གཞིའི་དབང་གིས་དགེ་སློང་གིས་མ་ངེས་པའི་ཆོས་འདི་ལྟ་བུར་འགྱུར་བའི་གནས་སུ་འདུག་པར་མི་བྱའོ་ཞེས་བཅའ་བ་མཛད་པར་ཟད་ཀྱི།
ལྟུང་བ་རྣམ་པར་གཞག་པ་ལ་ནི་ཡང་ན་ཕམ་པར་འགྱུར། ཡང་ན་དགེ་འདུན་ལྷག་མར་འགྱུར། ཡང་ན་ལྟུང་བྱེད་དུ་འགྱུར་བར་ཅི་རིགས་པར་སྦྱར་ཏེ། ལྟུང་བ་སྡེ་ལྔར་གཞག་པ་ལ་ནི་མ་གཏོགས་སོ། །ཚེ་དང་ལྡན་པ་དག་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི་མ་ངེས་པ་གདོན་པ་འདིའི་ལུང་དབོག་པ་བསྟན་ཏོ། །མ་ངེས་པའི་ཆོས་ཞེས་བྱ་བ་ནི་གང་ཡིན་གཏོལ་མེད་པས་མ་ངེས་པའོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །གཉིས་པོ་འདི་དག་ནི་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་དང། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱི་ཆོས་གསུམ་ལས་གང་ཡིན་མ་ངེས་པ་དང༌། དགེ་འདུན་ལྷག་མ་དང་ལྟུང་བྱེད་ཀྱི་ཆོས་གཉིས་ལས་གང་ཡིན་མ་ངེས་པའོ། །ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ནི་ཡི་གེར་མི་འདྲི་བ་ཡིན་པས་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའི་ཕྱིར་གསོ་སྦྱོང་འདོན་པས་མ་ནེས་པ་གདོན་པ་འདི་ག་ལས་ཤེས་སྙམ་པ་ལ་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་པ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུས་པའི་གཞུང་འདི་ནི་མ་འོངས་པའི་སྐྱེ་བོ་དབང་པོ་རྟུལ་པོ་ཚིག་དང་དོན་གྱི་བདག་ཉིད་འཛིན་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྡུ་བར་གནང་བ་ཡིན་ཏེ། དེ་བས་ན་འདུལ་བའི་སྡེ་སྣོད་ཀྱི་ལས་གསང་བ་འདི་ནི་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ཐོས་པར་མི་བྱའོ་ཞེས་སྔར་བསྟན་པ་བཞིན་འདིར་ཡང་སྦྱར་རོ། །དེ་ལམ་ངེས་པའི་ཆོས་དང་པོའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མ་ཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་གལ་པ་དེར་སོང་ངོ༌། །ཁྱིམ་བདག་གི་ཆུང་མ་སྤེད་མས་ཚེ་དང་ལྡན་པ་འཆར་ཀ་རྒྱང་རིང་པོ་ཁོ་ན་ནས་མཐོང་སྟེ།
མཐོང་ནས་ཀྱང་ཚེ་དང་ལྡན་པ་འཆར་ཀའི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་འཆར་ཀ་ཚུར་སྤྱོན། བཙུན་པ་འཆར་ཀ་བྱོན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆད་ཀ་སྟན་བཤམས་པ་དེ་ལ་འདུག་གོ །དེ་ནས་ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་པོས་ཕྱག་འཚལ་ཏེ། པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ། ཆོས་མཉན་པའི་ཕྱིར་འདུག་གོ །ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་རི་དགས་འཛིན་གྱི་མ་ས་ག་ཁྱིམ་དེའི་ཉེ་འཁོར་ན་འགྲོ་བས་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ན་ཚེ་དང་ལྡན་པ་འཆར་ཀའི་སྐད་ཀྱི་གདངས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཕགས་པ་འཆར་ཀ་སྐད་ཀྱི་གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་སྦེད་མ་ལ་སྤྲང་བུ་སྦྲད་རྩི་འབྱིན་པ་དང་འདྲ་བར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱི་བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་དེར་འགྲོའོ་སྙམ་མོ། །དེ་ནས་རི་དགས་འཛིན་གྱི་མ་ས་ག་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང༌། རི་དགས་འཛིན་གྱི་མ་ས་གས་ཁྱིམ་བདག་གི་ཆུང་མ་སྦེད་མ་ཚེ་དང་ལྡན་པ་འཆར་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་གཏད་དེ། ཆོས་མ་ཉན་པའི་ཕྱིར་འདུག་པ་མཐོང་ངོ༌། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མའམ་ཁྱིམ་བདག་གི་བུ་མོ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན། འཕགས་པ་འཆར་ཀ་འདིས་ཁྱིམ་བདག་གི་ཆུང་མ་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་དགེ་སྦྱོང་གི་ཚུལ་མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ་བྱེད་པར་སེམས་སོ་སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གི་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་རི་དགས་འཛིན་གྱི་མ་ས་ག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རི་
དགས་འཛིན་གྱི་མ་ས་གས་ཚེ་དང་ལྡན་པ་འཆར་ཀ་དང་ཁྱིམ་བདག་གི་ཆུང་མ་སྦེད་མའི་བྱུང་བའི་མཐའ་དེ་དག་རྒྱས་པར་གསོལ་ཏོ། །བཙུན་པ་དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་མཆིས་པ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་ཀྱང་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་འགྱུར་ལ། །དགེ་སློང་གིས་འདུག་པར་ཁས་བླངས་ནས། ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང༌། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ནི་མ་ངེས་པའི་ཆོས་སོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མ་ཉན་ཡོང༌། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས། ཉེས་པ་ནི་མ་ངེས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི་གང་ན་སྐྱེས་པ་དང༌། བུད་མེད་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་
བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་རུང་བར་ཞེས་བྱ་བ་ནི་བུད་མེད་མི་ཚངས་པར་སྤྱོད་པ་བྱར་རུང་བར་ཐག་ཉེ་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་ལའོ། །འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་འཇོག་པར་བྱེད་ཅིང་ངོ༌། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་འཆར་ཀ་ལའོ། །དགེ་བསྙེན་མ་ཞེས་བྱ་བ་ནི་རི་དགས་འཛིན་གྱི་མ་ས་གའོ། །ཡིད་ཆེས་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང༌། སངས་རྒྱས་ལ་གཅིག་ཏུ་གྱུར། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང༌། སངས་རྒྱས་ལ་ནི་མ་ནུར་མེད་ཅིང་ཐེ་ཚོམ་མེད། ཆོས་དང་དགེ་འདུན་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་ནི་མ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། བདེན་པ་མཐོང་བ་དང༌། འབྲས་བུ་ཐོབ་པ་དང༌། མངོན་པར་རྟོགས་པ་དང་ལྡན་པ་དང༌། གང་གིས་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲས་བར་མི་ནུས་པའོ། །ཚིག་དང་ལྡན་པས་ཞེས་བྱ་བ་ནི་དེ་ལྟ་བུའི་ཚིག་གི་བྱ་བ་དང་ལྡན་པས་སོ། །ཆོས་གསུམ་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། ཕམ་པར་འགྱུར་བ་ཞེས་བྱ་བ་ནི་བཞི་པོ་དག་ལས་གང་ཡང་རུང་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དག་ལས་གང་ཡང་རུང་བའོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་པའོ། །སྨྲས་པར་གྱུར་ལ་ཞེས་བྱ་བ་ནི་བརྟལ་བར་གྱུར་པའོ། །དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་དྲང་པོར་ཁས་བླངས་ནའོ། །ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་ཞེས་
བྱ་བ་ནི་དེ་དག་གང་ཁས་བླངས་པ་འཆགས་སུ་གཞུག་པའོ། །དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང༌། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང༌། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས་འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱེད་པའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བ་འམ། ས་བརྐོ་བའམ། རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བའམ། གཞན་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ནི་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ནི་རྣམ་པར་མ་བཞག་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་པ་བཞི་གང་ཡང་རུང་བའི་སྒོ་ནས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ཕམ་པར་འགྱུར་བའི་དངོས་གཞིར་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་བའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པ་འམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས། དགེ་འདུན་ལྷག་མའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གེས་ཀྱང་ཁས་བླངས་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བ་འམ། འདུག་པ་འམ་
ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་ལྟུང་བྱེད་ཀྱི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སྦྱོར་བའི་ལྟུང་བ་ནི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་ཕམ་པར་འགྱུར་བའི་སྦྱོར་བ་ཉེས་པ་སྦོམ་པོའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ཕམ་པར་འགྱུར་བའི་སྦྱོར་བའི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་དགེ་འདུན་ལྷག་མའི་སྦྱོར་བ་ཉེས་པ་སྤོམ་པོའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་དགེ་འདུན་ལྷག་མའི་སྦྱོར་བའི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་ལྟུང་བྱེད་ཀྱི་སྦྱོར་བ་ཉེས་བྱས་ཀྱི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ལྟུང་བྱེད་ཀྱི་སྦྱོར་བའི་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཀྱི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ཕམ་པར་འགྱུར་བའི་སྦྱོར་བའི་སྦྱོར་བ་ཉེས་བྱས་སུ་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཀྱི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བ་ཉེས་བྱས་སུ་འགྱུར་རོ། །དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དགེ་སློང་ལ་འགྲོ་བའམ། འགྲེང་
པའམ། འདུག་པའམ། ཉལ་བའི་སྤྱོད་ལམ་རྣམ་བཞི་གང་ཡང་རུང་བའི་སྒོ་ནས་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོའི་ཆོས་ཀྱིས་སྨྲས་ལ། དགེ་སློང་གིས་ཀྱང་ཁས་བླངས་ན་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་དུ་རུང་བ་དང༌། ལེགས་པར་སྨྲས་པ་དང༌། ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང༌། གཅིག་པུ་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་འདུག་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་ཅི་རིགས་པར་འགྱུར་ཏེ། དངོས་པོ་དང༌། ཕྱོགས་དང༌། བསམ་པ་དང༌། ཆེ་བཞི་དང༌། ཁས་བླངས་པའོ། །དེ་ལ་དངོས་པོ་ནི་དགེ་སློང་དང་བུད་མེད་དང་ལྷན་ཅིག་ཅེས་བྱ་བའོ། །ཕྱོགས་ནི་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་ཞེས་བྱ་བའོ། །བསམ་པ་ནི་འདོད་པ་བྱར་རུང་བར་སྟན་ལ་འདུག་ཅིང་ཞེས་བྱ་བའོ། །ཆེ་བཞི་ནི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་པ་ཞེས་བྱ་བའོ། །ཁས་བླངས་པ་ནི་དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །ལྟུང་བ་མེད་པ་ནི་བུད་མེད་མ་ཡིན་པ་དང༌། གཅིག་པུ་མ་ཡིན་པ་དང༌། གཅིག་དང་མ་ཡིན་པ་དང༌། དབེན་པ་མ་ཡིན་པ་དང། སྐྱབས་ཡོད་པ་མ་ཡིན་པ་དང༌། འདོད་པ་བྱར་མི་རུང་བ་དང༌། སྟན་ལ་མི་འདུག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ལ་ནི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མ་ངེས་པ་དང་པོའི་ཆོས་འདི་གསུམ་གྱི་སྦྱོར་བའི་སྦྱོར་བ་དང༌། སྦྱོར་བ་དང༌། དངོས་གཞིར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དེ་དག་གི་ཕྱོགས་ཙམ་དུ་འགྱུར་བའི་ཤན་དང༌། དྲི་ངས་པ་ཡང་བསྟེན་པར་མི་བྱའོ། །ཕྱིར་བཅོས་པ་ནི་འདུལ་བ་ལས་འཁྲུག་
ལོང་གི་རྒྱུ་བཞི་ལས་འཁྲུག་ལོང་གི་རྩོད་པ་རྣམ་པ་བཞི་འབྱུང་བར་གསུངས་ཏེ། འཁྲུག་ལོང་གི་རྒྱུ་བཞི་ནི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང༌། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྦོང་བ་དང༌། ལྟུང་བ་དང་བཅས་པ་ཉིད་དང༌། ལས་ལ་མཐུན་པ་མི་སྦྱིན་པའོ། །འཁྲུག་ལོང་གི་རྩོད་པ་རྣམ་པ་བཞི་ནི་འགྱེད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པ་སྟེ། འཁྲུག་ལོང་གི་རྒྱུ་བཞི་པོ་དེ་དག་ལས་འཁྲུག་ལོང་གི་རྩོད་པ་རྣམ་པ་བཞི་པོ་དེ་དག་གོ་རིམས་བཞིན་དུ་འབྱུང་ངོ༌། །དེ་ལ་གཞན་གསུམ་ནི་རྩོད་བཞི་བར་བྱ་བའི་ཆོས་བདུན་གྱི་སྐབས་སུ་འོག་ནས་རྒྱ་ཆེར་སྟོན་ཏོ། །འདིར་རེ་ཞིག་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ལས་འཁྲུག་ལོང་བྱུང་བའི་ཕྱིར་རྩོད་པ་ཞེས་བྱ་བ་འབྱུང་སྟེ། དེའི་ཕྱིར་བཅོས་པ་བཤད་པར་བྱའོ། །དེ་ལ་ལྟུང་བ་དང་བཅས་པ་ཉིད་ནི་རྣམ་པ་གཉིས་ཏེ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དང༌། རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་དངོས་པོ་དང་ཕྱོགས་དང་བསམ་པ་དང༌། ཆེ་བཞི་དང༌། ཁས་བླངས་པའི་སྒོ་ནས་ལྟུང་བ་རྣམ་པར་ཤེས་པ་ན་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་གང་ཡང་རུང་བ་དང༌། དངོས་གཞིའམ། སྦྱོར་བའམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དེ། དེ་ལས་ཀྱང་གལ་ཏེ་ཆེ་བཞིས་ཕྱེ་བ་དང༌། བུད་མེད་ཀྱིས་སྨྲས་པ་དང༌། དགེ་སློང་གིས་ཁས་བླངས་པར་མཐུན་ན་ཆེ་བཞི་གཉིས་ལ་དྲི་བ་དང༌། ཆེ་བཞི་གཉིས་དང་བུད་མེད་ཀྱིས་སྨྲས་པར་མཐུན་ན་དགེ་སློང་མི་བཙན་པ་ལ་སོགས་པའི་སྒོ་ནས་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ། །རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་བརྗེད་པས་ཁས་མ་བླངས་པའི་སྒོ་ནས་ལྟུང་བ་རྣམ་པར་མི་ཤེས་པ་ན་དངོས་པོ་དང་ཕྱོགས་དང་བསམ་པ་དང་ཆེ་བཞིའི་སྒོ་ནས་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ་ལྟུང་བྱེད་ལས་གང་
ཡང་རུང་བ་དག་གི་དངོས་གཞིའམ། སྦྱོར་བའམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དེ། དེ་ལས་ཀྱང་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བ་དང༌། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་ལ་སོགས་པའི་སྒོ་ནས་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ༌། །རྩོད་པ་དེ་གཉིས་ཉེ་བར་ཞི་བར་བྱ་བ་ནི་འདིར་ཕྱིར་བཅོས་པ་ཡིན་ཏེ། རྩོད་པ་དེ་གཉིས་ཉེ་བར་ཞི་བར་བྱ་བའི་རྒྱུ་ཡང་རྣམ་པ་གཉིས་ཏེ། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའོ། །དེ་ལ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་ཁས་བླང་བ་དང༌། མངོན་སུམ་དུ་བྱ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་བསྩལ་བར་བྱས་ན་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་ཏེ། ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ཀྱི་ཆོས་གསུམ་པོ་དག་གི་དངོས་གཞིའམ་སྦྱོར་བའི་སྦྱོར་བ་གང་བྱུང་བ་དེ་ལ་འཁྲུག་ལོང་རྣམ་པ་གསུམ་སྟེ། ཕྱིར་བཅོས་པ་མེད་པ་དང༌། ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བ་དང༌། དགེ་སློང་མཐའ་དག་དང་འབྲེལ་པའོ། །དེ་ལ་དང་པོ་ནི་གླེང་བར་བྱ་བ་དང༌། གླེང་བ་པོ་གཉིས་སུ་ལ་འཁྲུག་ལོང་ཡོད་པ་སྟེ། དེ་ནི་ཁས་བླངས་པས་ཕྱིར་བཅོས་སོ། །གཉིས་པ་ནི་དེ་གཉིས་འབའ་ཞིག་ཏུ་མ་ཟད་ཀྱི་དེ་དང་འབྲེལ་པ་ཁ་ཅིག་ལ་ཡང་འཁྲུག་ལོང་ཡོད་པ་སྟེ། དེ་ནི་མངོན་སུམ་དུ་བྱ་བས་ཕྱིར་བཅོས་སོ། །གསུམ་པ་ནི་དགེ་འདུན་ཐམས་ཅད་ལ་འཁྲུག་ལོང་ཡོད་པ་སྟེ། དེ་ནི་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པར་བྱའོ། །རྣམ་པར་མི་ཤེས་པས་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་ནི་རང་གི་ངོ་བོ་བཙལ་ནས་གསལ་བར་ནུས་པས་དེ་ལ་ནི་ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པས་དེ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་ཏེ། གལ་ཏེ་དགེ་སློང་དེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་སྤྱོད་ལམ་རྣམ་པ་བཞི་གང་ཡང་རུང་བའི་སྒོ་ནས་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ཀྱི་ཆོས་གསུམ་པོ་དག་གི་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་གང་ཡང་རུང་བ་བརྗོད་པས་ཁས་མི་ལེན་ན་དེ་ལ་ཆད་པའི་ལས་འོས་པ་ཡིན་པས་དགེ་བསྙེན་
མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པར་བྱའོ། །དེ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པའི་གོ་རིམས་ནི་འདི་ཡིན་ཏེ། དེ་རང་གིས་དགེ་འདུན་ལ་གསོལ་བ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་དང༌། དེས་ཇི་སྲིད་དུ་ཁས་མ་བླངས་ཀྱི་བར་དུ་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་དང༌། དེས་བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་བའོ། །དེ་ལ་དེ་རང་གི་དགེ་འདུན་ལ་གསོལ་བ་ནི་གང་ཟག་དེ་རང་གིས་དགེ་འདུན་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་སྦྱིན་པ་སྩལ་བར་གསོལ་བའི་སྔགས་ལན་གསུམ་བཟླས་པའོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་ནི་འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཚེ་དང་ལྡན་པ་དགེ་སློང་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ན། །གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་
ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དེ་ཇི་སྲིད་དུ་ཁས་མ་བླངས་ཀྱི་བར་དུ་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་ནི་འདི་ཡིན་ཏེ། སྔར་བསླབ་པ་བྱིན་ནས་དགྲ་བཅོམ་པ་ཉིད་མ་ཐོབ་ཀྱི་བར་དུ་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དེ་དག་ཐམས་ཅད་འདིའི་ཀུན་དུ་སྤྱད་པའི་ཆོས་ཀྱང་ཡིན་ཏེ། དེས་དགེ་སློང་རང་བཞིན་དུ་གནས་པ་ལ་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པས་ཀྱང་དེ་ལ་དེ་དག་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་གོམ་པ་བསྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་པས་འདུག་པར་མི་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བདག་ཉིད་ལས་གཞན་པའི་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །གཡོགས་མ་གཅིག་པར་མལ་བཤམ་པར་མི་བྱའོ། །རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པ་དང༌། གནས་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །གསོལ་པ་དང་ལས་བརྗོད་པ་དག་བྱ་བར་ཁས་མི་བླང་ངོ༌། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་དགེ་འདུན་གྱི་ཡིད་བརྟན་པར་བསྒོ་བ་ཁས་མི་བླང་ངོ༌། །དེ་དག་ཏུ་སྔར་བསྐོས་པས་ཀྱང་མི་བྱའོ། །དགེ་སློང་མའི་སྟོན་པར་སྔར་བསྐོས་པས་ཀྱང་བསྟན་པར་མི་བྱའོ། །འདོན་པ་གཞན་མེད་
ན་སྔར་ཡང་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱའོ། །དགེ་སློང་དགེ་འདུན་ལས་མ་བཀར་བ་ལ་ཚུལ་ཁྲིམས་དང་ལྟ་བ་དང༌། ཆོ་ག་དང་འཚོ་བ་ཉམས་པས་གླེང་བར་མི་བྱའོ། །བརྗོད་པ་དང་བཅས་པ་ཉིད་དང༌། ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ། །གདམས་ངག་དང་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་གཞག་པར་མི་བྱའོ། །རང་བཞིན་དུ་གནས་པ་དང་མགོ་མཉམ་དུ་བསྟེན་པར་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་དེའི་རྒྱུ་གང་ཡིན་པའི་ཉེས་པ་དེ་སྤང་ངོ༌། །ཉེས་པ་གཞན་ཡང་སྤང་ངོ༌། །ཚངས་པ་མ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཉམས་སུ་མ་བླངས་ན་བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །ནང་པར་སྡར་ལངས་ཏེ་གཙུག་ལག་ཁང་དུ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསྩལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་བྱའོ། །དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ༌། །དེར་ས་ཕྱགས་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །གཙུག་ལག་ཁང་གི་ཝའི་ཁ་དག་བསལ་ལོ། །དགེ་འདུན་གྱི་གདན་བཤམ་པར་བྱའོ། །མཆོད་པའི་དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་དེའི་པོག་ཕོར་དག་ཉེ་བར་གཞག་པར་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པར་བྱའོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །དགེ་འདུན་གྱི་བཤོས་ཀྱི་སྤྱི་བུངས་བཤམས་པ་ན་གཎྜཱི་བརྡུང་ངོ༌། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །དེའི་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དུའོ། །ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱས་ཏེ་མཆོད་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །དགེ་འདུན་འདུ་བའི་དུས་སུ་ཡང་གདན་བཤམས་པ་ནས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པའི་བར་དག་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཚེས་གྲངས་ཀྱི་ཉི་མ་བརྗོད་པ་དག་བྱའོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་
ལོ། །དགོངས་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །དགོངས་ཀར་དགེ་སློང་རྣམས་ཀྱི་རྐང་པ་བསྐུའོ། །དགེ་སློང་དག་རྐང་པ་བཀྲུ་བ་དང་བསྐུ་བར་མི་འདོད་ན་སྣུམ་དབུལ་ལོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པས་དགེ་སློང་རང་བཞིན་དུ་གནས་པ་མ་ཡིན་པ་དང༌། དགེ་འདུན་དུ་མ་འོངས་པ་དང་གནས་དེ་ནས་དགེ་སློང་ཡོངས་སུ་བཅད་པ་དག་ལས་ཀུན་དུ་སྤྱད་པ་མི་འཆགས་སོ། །དགེ་སློང་མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་སྤྱད་པར་འབད་པར་བྱའོ། །མཚམས་གཞན་དུ་ཞག་ལོན་པ་ལ་ནི་ཉེས་པ་མེད་དོ། །དགེ་འདུན་གྱི་ཁ་བསྐང་བའི་གྲངས་ལས་མ་གཏོགས་སོ། །དེའི་ཀུན་དུ་སྤྱད་པ་དགེ་འདུན་ལ་སྤྱད་པར་བྱའོ། །དེའི་ངོ་བོ་ཉིད་ཆོ་ལ་དུ་གཞུག་པ་བྱིན་པ་བཞི་ཡན་ཆད་མཚམས་གཅིག་གི་དགེ་འདུན་ལ་སྤྱོད་དུ་མི་གནད་ངོ༌། །ལས་བརྒྱ་རྩ་གཅིག་ནི་དགེ་འདུན་དང་མཐུན་པར་བྱའོ། །བསླབ་པ་ལས་འདས་པའི་ལྟུང་བ་ཐམས་ཅད་ནི་དགེ་སློང་རང་བཞིན་དུ་གནས་པ་དང་འདྲའོ། །དེ་ལ་འདུན་པ་དབུལ་དུ་མི་རུང་ངོ༌། །དེའི་འདུན་པ་ནི་བླང་དུ་མི་རུང་ངོ༌། །དེ་ལ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་སློང་མ་དང་དགེ་ཚུལ་དང༌། དགེ་ཚུལ་མས་གཏུགས་ཏེ་ཕྱག་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་དེ་ནི་ནམ་བཟོད་པ་གསོལ་བ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་རོ། །བཟོད་པ་མ་གསོལ་ན་ཇི་སྲིད་འཚོའི་བར་དུ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་སྤྱད་པའི་ཆོ་ག་ཇི་སྐད་བསྟན་པ་དེ་དག་ལ་དེ་བཞིན་དུ་བསླབ་པར་བྱའོ། །དེ་ནི་དེས་ཇི་སྲིད་ཁས་མ་བླངས་ཀྱི་བར་དུ་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་ཡིན་ནོ། །དེས་བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་བའི་གོ་རིམས་ནི་འདི་ཡིན་ཏེ། དེ་རང་གིས་དགེ་འདུན་ལ་བཟོད་པར་གསོལ་པ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་མཛད་པའོ། །དེ་རང་གིས་དགེ་འདུན་ལ་བཟོད་པ་མཛད་པར་གསོལ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ།
དེ་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏེ། སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང༌། དགེ་འདུན་ལ་སྦུ་སྙོལ་བར་བགྱིད་ཅིང༌། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པར་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དེ་ནི་རང་གིས་དགེ་འདུན་ལ་བཟོད་པ་མཛད་པར་གསོལ་བའོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་མཛད་པའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང༌། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པར་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཙིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དོ། །
འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང༌། དགེ་འདུན་ལ་སྦུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་པ་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་ན། །ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་ཆོ་ག་དང་ལས་སོ། །དེ་ལྟར་བཟོད་པ་བྱས་ནས་དགེ་སློང་དེས་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་དག་ལས་གང་སྨྲས་པ་ཁས་བླངས་པའི་ཆོས་དེས་དེ་བྱེད་དུ་གཞུག་གོ །འདིར་དགེ་བསྙེན་མ་ཞེས་སྨོས་པ་དང༌། བདེན་པ་མཐོང་བ་ནི་གླེང་གཞིའི་དབང་གིས་གསུངས་པར་ཟད་ཀྱི་སུ་ཡང་རུང་བར་བརྫུན་གྱིས་སྐུར་པ་མི་འདེབས་པར་ཡིད་ཆེས་པའི་ཆེ་བཞིའི་ཚིག་ཀྱང་དེ་དང་འདྲའོ། །མ་ངེས་པ་དང་པོ་བཤད་ཟིན་ཏོ།། །།མ་ངེས་པའི་ཆོས་གཉིས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེ་ནས་དགེ་སློང་ཤི་རི་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་ངོ༌། །ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས་དགེ་སློང་ཤི་རི་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་དགེ་སློང་ཤི་རི་ཀའི་ཕྱིར་སྟན་ཤོམ་པར་
བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་ཤི་རི་ཀ་ཚུར་སྤྱོན་བཙུན་པ་ཤི་རི་ཀ་བྱོན་པ་ལེགས་སོ། །བཙུན་པ་ཤི་རི་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །དགེ་སློང་ཤི་རི་ཀ་གདན་བཤམས་པ་དེ་ལ་འདུ་ག་གོ །དེ་ནས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱིས་དགེ་སློང་ཤི་རི་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་གོ །དགེ་སློང་ཤི་རི་ཀས་དེ་ལ་ཆོས་སྙན་པ་སྙན་པ་དག་བསྟན་པར་བརྩམས་སོ། །དེའི་ཚེ་ན་དགེ་བསྙེན་མ་ལེགས་སྐྱེས་ཁྱིམ་དེའི་ཉེ་འཁོར་ན་འགྲོ་བས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ན་དགེ་སློང་ཤི་རི་ཀའི་སྐད་ཀྱི་གདངས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཕགས་པ་ཤི་རི་ཀ་སྐད་ཀྱི་གདངས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ལ་སྦྲང་བུ་སྦྲང་རྩི་འབྱིན་པ་དང་འདྲ་པར་ཆོས་སྙན་པ་སྙན་པ་དག་སྟོན་པར་བྱེད་ཀྱི་བདག་ཀྱང་གཞན་ལ་བརྩམས་པའི་ཆོས་མཉན་པའི་ཕྱིར་དེར་འགྲོའོ་སྙམ་མོ། །དེ་ནས་དགེ་བསྙེན་མ་ལེགས་སྐྱེས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་ཁྱིམ་ག་ལ་བ་དེར་སོང་བ་དང༌། དགེ་བསྙེན་མ་ལེགས་སྐྱེས་ཀྱིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དགེ་སློང་ཤི་རི་ཀའི་པུས་མོ་གཉིས་ལ་པུས་མོ་གཉིས་མ་རེག་པར་ཆོས་མཉན་པའི་ཕྱིར་འདུག་པ་མཐོང་ངོ༌། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ་གལ་ཏེ་ཁྱིམ་བདག་ག་མ་ཁྱིམ་བདག་གི་ཆུང་མའམ། ཁྱིམ་བདག་གི་བུ་མོ་དད་པ་འགའ་ཞིག་གིས་འདི་མཐོང་བར་གྱུར་ན་འཕགས་པ་ཤི་རི་ཀ་འདིས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པར་དགེ་སློང་གི་ཚུལ་མ་ཡིན་པ་སྡིག་པའི་ལས་ཅུང་ཞིག་བྱས་སམ། བྱེད་པར་སེམས་སོ་སྙམ་དུ་གདོན་མི་ཟ་བར་མཐར་ཐུག་པར་འགྲོ་བར་འགྱུར་བས་དེའི་ཕྱིར་འདི་ནི་བདག་གི་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་དགེ་བསྙེན་མ་ལེགས་སྐྱེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། །བཅོམ་ལྡན་འདས་ལ་དགེ་བསྙེན་མ་
ལེགས་སྐྱེས་ཀྱིས་དགེ་སློང་ཤི་རི་ཀ་དང་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ཀྱི་བྱུང་བའི་མཐའ་དེ་དག་རྒྱས་པར་གསོལ་ཏེ། བཙུན་པ་དེའི་སླང་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་བུང་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་མཆིས་པ་ན་སྟན་ལ་མཆིས་པར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཆུང་ཞིག་བཅའ་བ་མཛད་ན་ལེགས་ལགས་སོ་ཞེས་ཀྱང་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། །གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་ཤི་རི་ཀ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌། གལ་ཏེ་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མ་འམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བ་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་འགྱུར་བའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་ཤི་རི་ཀ །ཉན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་མ་ངེས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤི་རི་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ངོ༌། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དེ་དང་ངོ༌། །དབེན་པ་ཞེས་བྱ་བ་ནི་གང་ན་སྐྱེས་པ་དང་བུད་མེད་དང༌། །མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་
པ་ན་ཞེས་བྱ་བ་ནི་ལྡས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང༌། རིབ་མས་བསྐྱབས་པ་དང༌། ཡོལ་བས་བསྐྱབས་པ་དང༌། ཐིབས་པོས་བསྐྱབས་པ་དང༌། མཚན་མོས་བསྐྱབས་པ་ནའོ། །འདོད་པ་བྱར་མི་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་བྱར་མི་རུང་བར་ཐག་རིང་བར་རོ། །སྟན་ལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལ་སོགས་པ་ལའོ། འདུག་པར་བྱེད་ཅིང་ཞེས་བྱ་བ་ནི་འདོམ་གང་གི་ནང་མ་ཡིན་པར་རྐུབ་ཚོས་འཇོག་པར་བྱེད་ཅིང་ངོ༌། །དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཤི་རི་ཀ་ལའོ། །དགེ་བསྙེན་མ་ཞེས་བྱ་བ་ནི་ལེགས་སྐྱེས་སོ། །ཡིད་ཆེས་པ་ཞེས་བྱ་བ་ནི་སངས་རྒྱས་ལ་མངོན་པར་དད་ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་དང༌། སངས་རྒྱས་ལ་གཅིག་ཏུ་གྱུར། ཆོས་དང་དགེ་འདུན་ལ་གཅིག་ཏུ་གྱུར་པ་དང་སངས་རྒྱས་ལ་ནེ་མ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། ཆོས་དང་དགེ་འདུན་ལ་ནེ་མ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་ནི་མ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དང༌། བདེན་པ་མཐོང་བ་དང༌། འབྲས་བུ་ཐོབ་པ་དང། མངོན་པར་རྟོགས་པ་དང་ལྡན་པ་དང་གང་གིས་རང་གི་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་མི་ནུས་པའོ། །ཚིག་དང་ལྡན་པས་ཞེས་བྱ་བ་ནི་དེ་ལྟ་བུའི་ཚིག་གི་བྱ་བ་དང་ལྡན་པས་སོ། །ཆོས་གཉིས་པོ་ཞེས་བྱ་བ་ནི་གྲངས་བསྟན་པའོ། །དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་ཞེས་བྱ་བ་ལ། དགེ་འདུན་ལྷག་མ་ཞེས་བྱ་བ་ནི་བཅུ་གསུམ་པོ་དེ་དག་ལས་གང་ཡང་རུང་བའོ། །ལྟུང་བྱེད་ཅེས་བྱ་བ་ནི་དགུ་བཅུ་པོ་དག་ལས་གང་ཡང་རུང་བའོ། །སྨྲས་པར་གྱུར་ལ་ཞེས་བྱ་བ་ནི་བརྟལ་བར་གྱུར་པ་ལའོ། །དགེ་སློང་གིས་འདུག་པར་ཁས་བླངས་ན་ཞེས་བྱ་བ་ནི་དྲང་པོར་ཁས་བླངས་ནའོ། །ཆོས་གཉིས་པོ་དགེ་འདུན་ལྷག་མའམ་ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་ཞེས་བྱ་བ་ནི་དེ་དག་གང་ཁས་བླངས་པ་འཆགས་སུ་གཞུག་པའོ། །དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་
པས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་ལོང་དེ་བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འདི་ལྟར་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ནི་ལྟུང་བ་ལ་མི་མཁས་པ་དང༌། ལྟུང་བའི་གླེང་གཞི་ལ་མི་མཁས་པ་དང༌། ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པ་ཡིན་པས། འདི་ལྟར་དེས་དགེ་སློང་མིའི་ཆོས་བླ་མ་སྨྲ་བའམ། བུད་མེད་དང་ལྷན་ཅིག་སྟན་གཅིག་ལ་ལུས་ཀྱིས་རེག་པར་བྱེད་པའམ། སྣོད་གཅིག་ཏུ་ཟ་བར་བྱེད་པའམ། ཕོར་བུ་གཅིག་ཏུ་མྱོས་པར་འགྱུར་བའི་བཏུང་བ་སྣ་ཚོགས་འཐུང་བའམ། ས་བརྐོ་བའམ་རྩྭ་སྔོན་པོ་གཅོད་པའམ། དུས་མ་ཡིན་པར་ཟ་བའམ། གཞན་ཡང་རང་བཞིན་དང༌། བཅས་པའི་ཁ་ན་མཐོ་བ་དང་བཅས་པའི་ལས་གང་བྱེད་པར་མཐོང་བ་དེ་དག་ལས་གང་ཁས་བླངས་པ་དེ་བྱེད་དུ་གཞུག་པའོ། །བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་འཆགས་སུ་གཞུག་པའོ། །དེ་ཡང་མ་ངེས་པའི་ཆོས་སོ་ཞེས་བྱ་བ་ནི་དེ་ཡང་རྣམ་པར་མ་བཞག་པའི་ཆོས་ཡིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་གཞན་ཐམས་ཅད་ནི་མ་ངེས་པའི་ཆོས་དང་པོའི་སྐབས་སུ་བསྟན་པ་ཁོ་ན་ཡིན་ནོ། །ཁྱད་པར་དུ་ནི་འདིར་དགེ་སློང་ནི་ཤི་རི་ཀ །བུད་མེད་ནི་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས། དགེ་བསྙེན་མ་ནི་ལེགས་སྐྱེས། བསམ་པ་ནི་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པ། ལྟུང་བ་ནི་ཕམ་པར་འགྱུར་བ་མ་གཏོགས་པ་དགེ་འདུན་ལྷག་མ་དང༌། ལྟུང་བྱེད་ཀྱི་ཆོས་གཉིས་གང་ཡིན་པ་མ་ངེས་པའོ། །མ་ངེས་པ་གཉིས་པ་བཤད་ཟིན་ཏོ།། །།ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་མ་ངེས་པ་གདོན་པའི་མཇུག་བསྡུ་བ་སྟེ། མ་ངེས་པའི་ཆོས་གཉིས་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པའི་ཆོས་གཉིས་སོ། །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་
ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་མ་ངེས་པ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་མ་ངེས་པའི་ཆོས་གཉིས་པོ་བཏོན་པ་ད་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །མ་ངེས་པ་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་དགུ་པ། གཞུང་རྒྱས་པའི་མཚན་ཉིད་ཀྱི་བསྡུས་པའི་དོན་རྣམ་པ་གཉིས་ཏེ། དུས་དང་པོར་བྱ་བ་དང་མདོ་གདོན་པའོ་ཞེས་སྨོས་པ་ལ། དུས་དང་པོར་བྱ་བ་ནི་ཆོ་ག་སྟེ། དེ་ནི་བསྡུས་པའི་དོན་རྣམ་པ་དྲུག་གིས་སྔར་བསྟན་ཟིན་ཏོ། །མདོ་གདོན་པའི་ནི་ལས་ཏེ། དེའི་བསྡུས་པའི་དོན་ཀྱང་རྣམ་པ་དྲུག་སྟེ། གསོལ་བ་དང༌། གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པའི་མཚན་ཉིད་བསྟན་པའོ་ཞེས་སྨོས་པ་ལ། གསོལ་བ་དང༌། གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་རྣམས་ནི་དེ་ཡན་ཆད་དུ་བཤད་ཟིན་ཏོ། །ད་ནི་རིལ་གྱིས་གདོན་པའི་མཆན་ཉིད་བཤད་པར་བྱ་སྟེ། རིལ་གྱིས་གདོན་པ་ཞེས་པ་ནི་སྤང་བའི་ལྟུང་བྱེད་དང༌། ལྟུང་བྱེད་འབའ་ཞིག་དང༌། སོ་སོར་བཤགས་པར་བྱ་བ་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་སྡེ་ཚན་གཅིག་ཏུ་བསྡུས་ཏེ། སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པའོ། །དེ་ལ་དང་པོར་སྤང་བའི་ལྟུང་བྱེད་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་བྱ་བ་ལ་སོགས་པ་བཅུ་བ་ཕྲག་གསུམ་གསུངས་སོ། །སྡོམ་ལ་ཞེས་བྱ་བའི་དགོས་པ་དང་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །བཅུ་པ་དང་པོ་འདིས་ནི་སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། འཆང་བ་དང༌། འབྲལ་བ་དང༌། འཇོག་པ་དང༌། འཁྲུར་འཇུག་པ་དང༌། ལེན་པ་དང༌། སློང་བ་དང༌། སློང་བར་རིགས་པ་དང༌།
སྤགས་པ་སློང་བ་དང༌། སོ་སོ་ནས་སྤགས་པ་སློང་བ་དང༌། བསྐུར་བའོ། །བཅུ་པ་གཉིས་པས་ཀྱང་སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་སྟོན་ལ། བཅུ་པ་གསུམ་པས་ཀྱང་བཅུ་སྟོན་ཏེ། སྤྱིར་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུའོ། །ཚེ་དང་ལྡན་པ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི་སྤང་བའི་ལྟུང་བྱེད་གདོན་པའི་ལུང་དབོག་པ་བསྟན་ཏོ། །སྤང་བའི་ལྟུང་བྱེད་ཀྱི་ཆོས་ཞེས་བྱ་བ་ནི་དགེ་སློང་གི་ཡོ་བྱད་སྤང་བར་གྱུར་ན་དེ་སེམས་ཀྱིས་ཆོས་སྤངས་ཤིང་ཞག་གཅིག་ཡན་ཆད་བདག་ཉིད་དང་བྲལ་བར་བྱས་ན་ལྟུང་བ་བཤགས་པར་བྱ་དགོས་པས་སྤང་བའི་ལྟུང་བྱེད་དོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །སུམ་ཅུ་པོ་འདི་དག་ནི་ཞེས་བྱ་བ་ནི་བཅུ་པ་དང་པོ་དང༌། གཉས་པ་དང༌། གསུམ་པ་ལས་བྱུང་བ་དག་གོ །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལས་འདུལ་བའི་སྡེ་སྣོད་ནི་ཡི་གེར་བྲི་བ་མ་ཡིན་པས་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའི་ཕྱིར་གསོ་སྦྱོང་འདོན་པས་སྤང་བའི་ལྟུང་བྱད་འདོན་པ་འདི་ག་ལས་ཤེས་སྙམ་པ་ལ། ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུས་པའི་གཞུང་འདི་ནི་མ་འོངས་པའི་སྐྱེ་བོ་རྣམས་དབང་པོ་རྟུལ་པོ་ཚིག་དང་དོན་གྱི་བདག་ཉིད་འཛིན་མི་ནུས་པ་རྣམས་ལ་ཕན་གདགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྡུ་བ་གནང་བ་ཡིན་ཏེ། དེ་བས་ན་འདུལ་བའི་སྡེ་སྣོད་ཀྱི་ལས་གསང་བ་འདི་ནི་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ཐོས་པར་མི་བྱའོ། །སྤང་བའི་ལྟུང་བྱེད་རྣམས་བརྗོད་པར་འདོད་ནས། འདིར་དང་པོ་ཁོ་ནར་འཆང་བ་དང༌། འབྲལ་བ་ལ་སོགས་པ་སྤང་བའི་ལྟུང་བྱེད་རྣམས་ཀྱི་སྤྱིའི་ཐུན་མོང་གི་མཚན་ཉིད་རྣམ་པར་གཞག་བ་ཅུང་ཞིག་ཇེ་བསྟན་པར་བྱའོ། །དེའི་ཕྱིར་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཉིན་མཚན་གྱི་དང་པོ་མ་ཡིན་པ་ཞེས་བྱ་བ་ནི་ཉིན་མཚན་གྱི་ཐ་མ་སྟེ། ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་ཀའི་མཐའི་སྐད་ཅིག་མའོ། །ཐ་མ་མ་ཡིན་པ་
མེད་པ་ཉིད་དོ་ཞེས་བྱ་བ་ནི་མཐའ་སྐད་ཅིག་མ་ཐ་མ་དེ་མ་ཡིན་པ་དེའི་མདུན་རོལ་གྱི་དུས་རྣམས་མེད་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་ཀའི་མཐའི་སྐད་ཅིག་མ་དེ་ལ་དེའི་མདུན་རོལ་གྱི་དུས་ཞག་སྔ་མའི་སྐྱ་རེངས་དང་པོ་ཤར་པའི་འོག་རོལ་ཚུན་ཆད་ནས་ཞག་ཕྱི་མའི་སྐྱ་རེངས་དང་པོ་ཉིད་མ་ཤར་བ་ཕན་ཆད་ཀྱི་དུས་རྣམས་མེད་པ་ཉིད་དེ། མེད་པ་ཉིད་ཅེས་བྱ་བ་ནི་ཞག་ཏུ་མི་བརྩིའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་ཀའི་མཐའི་སྐད་ཅིག་མ་དེ་ཉིད་ལ་ཞག་ཏུ་བརྩིའོ། །དེའི་མདུན་རོལ་གྱི་དུས་ཞག་སྔ་མའི་སྐྱ་རེངས་དང་པོ་ཤར་བའི་འོག་རོལ་ཚུན་ཆད་ནས། ཞག་ཕྱི་མའི་སྐྱ་རེངས་དང་པོ་ཉིད་མ་ཤར་པ་ཕན་ཆད་ཀྱི་དུས་རྣམས་ལ་ཞག་ཏུ་མི་བརྩི་བས་འདིར་ལྟུང་བ་རྣམ་པར་གཞག་པ་ལ་ཞག་བཅུ་འདས་པ་དང༌། ཟླ་བ་གཅིག་འདས་པ་དང༌། ཞག་དྲུག་འདས་པ་དང༌། ཞག་བདུན་འདས་པ་ལ་ཡང་ཉིན་མཚན་དང་པོའི་མཐར་གྱུར་པ་ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་ཀའི་མཐའི་སྐད་ཅིག་མ་གང་ཡིན་པ་དེ་ཁོ་ན་ལ་ཉིན་མཚན་ཞེའམ། ཞག་ཅེས་བྱ་བའི་མིང་འཐོབ་པས་སྤང་བ་ལ་ཡང་དེ་ཉིད་ཡན་ལག་ཏུ་གྱུར་པ་ཡིན་པར་རིག་པར་བྱའི། །སྐད་ཅིག་མ་སྔ་མ་ཐུན་བཅུའི་ཁོངས་སུ་གཏོགས་པ་རྣམས་ནི་སྤང་བ་རྣམ་པར་གཞག་པའི་ཡན་ལག་ཉིད་མ་ཡིན་ཏེ། མདོར་ན་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་གྱི། སྐྱ་རེངས་དང་པོ་མ་ཤར་བའི་མདུན་རོལ་གྱི་དུས་ཞག་སྔ་མའི་སྐྱ་རེངས་དང་པོ་ཤར་བའི་འོག་རོལ་ཚུན་ཆད་ནས་ཞག་ཕྱི་མའི་སྐྱ་རེངས་དང་པོ་ཉིད་མ་ཤར་བའི་བར་གྱི་ཉིན་མཚན་གྱི་ཐུན་རྣམས་ལ་ཞག་ཏུ་མི་བརྩི་བས་སྤང་བར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་བྱ་བ་ནི་ཐ་མ་མ་ཡིན་པའི་དུས་ད་རྣམས་གནས་པ་ལ་ནི་དངོས་གཞིའི་སྦྱོར་བ་ཉེས་བྱས་ཀྱི་སྣོད་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ལྟུང་བ་རྣམ་པར་གཞག་པ་ལ་འདི་ལྟ་སྟེ། བསྙེན་བར་མ་རྫོགས་པ་དང་ལྷན་ཅིག་གནས་པ་དང༌། བསྙེན་པར་རྫོགས་ན་ཡང་ལྟ་བ་མི་གཏོང་བ་དང་ལྷན་ཅིག་གནས་པ་དང༌། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་གནས་པ་དང༌། མཚན་མི་མཐུན་པ་དང་གནས་གཅིག་ན་ལྷན་ཅིག་ཉལ་
བ་དང༌། མར་མེ་དང་བཅས་པར་ཉལ་བ་དང༌། དམག་གི་ནང་ན་གནས་པ་དག་ལ་མཐའི་སྐད་ཅིག་མ་མ་ཡིན་པའི་དུས་སྔ་མ་རྣམས་ཀྱང་མེད་པ་ཉིད་མ་ཡིན་ཏེ། སྦྱོར་བའི་སྣོད་ཉིད་ཡིན་ནོ། །དེ་ལ་ཡང་དམག་གི་ནང་ན་གནས་པ་མ་གཏོགས་པ་གནས་པའི་བསླབ་པའི་གཞི་གཞན་དག་ལ་ནི་མཚན་མོར་གཏོགས་པའི་དུས་ཁོ་ནར་སྦྱོར་བའི་སྣོད་ཉིད་ཡིན་གྱི་ཉིན་པར་གནས་པ་ནི་མ་ཡིན་ནོ། །དམག་གི་ནང་ན་གནས་པ་ལ་ནི་ཉིན་པར་གནས་པ་ཡང་སྦྱོར་བའི་སྣོད་ཉིད་ཡིན་ཏེ། དེར་གནས་པ་ཙམ་ཉིད་ཀྱིས་ཉེས་པ་སྦོམ་པོའི་ལྟུང་བ་ལས་བསླང་བ་སྟེ། དེ་ལ་མཐོལ་བ་ནི་དགེ་སློང་གིས་ཁ་ན་མ་ཐོབ་བཅབ་པར་མི་བྱ་སྟེ། དགེ་འདུན་ལྷག་མ་བཅུ་གསུམ་གྱི་སྦྱོར་བའི་ཉེས་པ་སྦོམ་པོ་ལྕི་བ་དང་ཡང་བ་གང་ཡང་རུང་བ་བྱུང་པ་ན་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ། མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་བུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས། ལྟུང་བ་སྡེ་ཚན་གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་མཐོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དགེ་འདུན་ལྷག་མའི་སྡེ་ཚན་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་ན་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་བའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་མ་མཐོལ་བ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་
དུ་མཐོལ་བའི་སེམས་ཡོད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་དག་ནས་དེ་ནས་གཞན་དུ་སོང་བར་གྱུར་ན། དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་ནས་དེའི་དབང་གིས་དེར་མི་འགྲོའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང༌། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་སྐྱེས་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་སྔར་བསྟན་པ་ངག་ལ་མཐོལ་ན་ཡང་མཐོལ་བ་ཉིད་ཡན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་སྤྱིར་བསྟན་པ་ཡང་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་ངམ་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་ཏེ། འདིར་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བའི་སྦྱོར་བ་མཐོལ་ན་སྦྱོར་བ་དེའི་སྦྱོར་བ་ཉེས་བྱས་ནི་ལོགས་ཤིག་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་ལྕི་བ་ནི། མཚམས་གང་ན་དགེ་སློང་ལྔ་ཡན་ཆད་འདུག་པའི་དགེ་སློང་དུད་དུ་མ་བཅད་པ་ཐམས་ཅད་ལ་བཤགས་པར་བྱ་སྟེ། གང་ན་དགེ་སློང་ལྔར་མ་ལངས་པའི་གནས་སུ་བཤགས་སུ་མི་རུང་ངོ༌། །དེར་གནས་གཞན་ནས་དགེ་སློང་དག་གཉེར་ཏེ་ལྔ་ཡན་ཆད་དུ་ཁ་བསྐང་བ་ལ་ནི་བཤགས་སུ་རུང་ངོ༌། །དགེ་སློང་ལྔ་ཡན་ཆད་གནས་པར་དགེ་སློང་གཞན་གཞག་སྟེ། ལྔ་ཡན་ཆད་ལོགས་ཤིག་ཏུ་བཅད་པ་ལ་ཡང་བཤགས་སུ་མི་
རུང་སྟེ། ལྔ་ཡན་ཆད་ནས་དེ་ན་དགེ་སློང་ཇི་སྙེད་གནས་པ་ཐམས་ཅད་ལ་བཤགས་པར་བྱ་དགོས་སོ། །དགེ་འདུན་ལྷག་མའི་ཉེས་པ་སྦོམ་པོ་སྤང་བ་ནི་མཚམས་ཀྱི་ནང་ཡང་རུང་ཕྱི་རོལ་དུ་ཡང་རུང་སྟེ། དགེ་སློང་གཅིག་ལ་བཤགས་པ་ཉིད་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་བྱ་བ་ནི་ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་དང་པོ་ནི་འདི་ལྟ་སྟེ། སྐྱ་རེངས་པོ་དང༌། སྐྱ་རེངས་བར་མ་དང༌། སྐྱ་རེངས་ཐ་མ་དག་ལས་སྐྱ་རེངས་དང་པོ་དེའི་སྐད་ཅིག་མ་དང་པོར་གྱུར་བ་གང་ཡིན་པ་དེའོ། །དེས་ན་ལྟུང་བ་རྣམ་པར་གཞག་པ་ལ་འཆང་བ་དང། འབྲལ་བ་དང༌། འཇོག་པ་ལ་སོགས་པ་དག་ལ་ཡང་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བ་དང༌། ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་བ་དང༌། ཟླ་བ་གཅིག་ལས་ལྷག་པའི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་བར་ཤེས་པར་བྱའོ། །ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ་ཞེས་བྱ་བ་ནི་མཚན་ཉིད་སྔ་མ་དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ། གསོ་སྦྱོང་དང་དག་དབྱེ་ལ་སོགས་པ་ཚེས་གྲངས་ཀྱི་བྱེ་བྲག་དང་འབྲེལ་པའི་ལས་དག་ལ་ནི་རྐྱེན་འགའ་ཞིག་གིས་དུས་འདས་ཤིང་ཡོལ་བར་གྱུར་ན་ཉི་མ་ཤར་བའི་སྐད་ཅིག་མ་དེའི་དང་པོར་གྱུར་པ་གང་ཡིན་པ་དེ་ཉིན་མཚན་གྱི་དང་པོ་ཡིན་ནོ། །དེས་ན་ཚེས་ཞེས་བྱ་བ་ནི་སྐྱ་རེངས་དང་པོ་ཤར་བར་གྱུར་དུ་ཟིན་ཀྱང་ཇི་སྲིད་དུ་ཉི་མ་ཤར་བར་མ་གྱུར་ན་དེའི་ཚེ་གསོ་སྦྱོང་ལ་སོགས་པའི་ལས་བྱར་རུང་ངོ༌། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་བྱ་བ་ནི་སྤང་བའི་དངོས་པོ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ། །མ་བྱིན་པར་ལེན་པ་དང༌། ཤི་བའི་ཡོ་བྱད་གཉིས་ནི་དངོས་པོ་ལས་གཙོ་ཆེར་རང་གི་ཉིད་ཡིན་གྱི་འདུ་ཤེས་ལས་ནི་མ་ཡིན་ནོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ཞིང་འདི་ནས་བཏང་བ་དེར་མ་ཕྱིན་པ་དག་ལ་ནི་གང་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལྟར་ཆོས་གོས་བ་ལ་སོགས་པ་བསྐུར་བ་དེ་ཐག་རིང་པོ་ནས་གནས་པའི་དགེ་སློང་དེ་དབང་བར་བྱས་ན་དངོས་པོ་དེ་ལ་དགེ་སློང་དེ་རང་གི་ཉིད་ཡིན་པའི་འདུ་ཤེས་མེད་པས་
དེས་ན་སྤང་བར་མི་འགྱུར་རོ། །གལ་ཏེ་བསྐུར་བའི་དངོས་པོ་དེ་ཉིད་ལས་བརྐུས་ན་ཡང་གང་ལ་བསྐུར་བ་དེ་ལས་བརྐུས་པར་མི་འགྱུར་གྱི། གང་གིས་བསྐུར་བ་དེ་ལས་བརྐུས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་དགེ་སློང་ཡང་དག་པར་བྱིན་པའི་འདུ་ཤེས་ཅན་གྱིས་བསྐུར་བའི་དངོས་པོ་དེ་མ་ཐོབ་པ་ཁོ་ནར་ཤིའམ། བསྐུར་བར་བྱེད་པ་དང༌། གཉི་ག་ཤི་བར་གྱུར་ན། དེ་ལྟར་ན་ཡང་དངོས་པོ་དེ་སྐུར་བར་བྱེད་པའི་ཤི་བའི་ཡོ་བྱད་ཁོ་ན་ཡིན་པར་རིག་པར་བྱའི། ཡང་དག་པར་བྱིན་པའི་ནི་མ་ཡིན་ཏེ། དེ་ལ་ནི་དངོས་པོ་ལས་རྣམ་པར་གཞག་གི །འདུ་ཤེས་ལས་ནི་མ་ཡིན་ནོ། །དེ་ལྟར་ན་འདུ་ཤེས་ཡོད་པ་ཉིད་ལ་ནི་དངོས་གཞིར་འགྱུར་ལ། འདུ་ཤེས་མེད་པ་ཉིད་ལ་ནི་ལྟུང་བར་མི་འགྱུར་རོ། །དེ་ལས་ཀྱང་རང་གི་མ་ཡིན་པ་ལ་རང་གིར་འདུ་ཤེས་ན་ནི་ཉེས་བྱས་སོ། །རང་གི་ལ་ཡིད་གཉིས་ཟ་བ་ནི་སྤང་བར་འགྱུར་ཏེ། དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བུ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རང་གི་མ་ཡིན་པ་ལ་ཡིད་གཉིས་ཟ་བ་ལ་ནི་ཉེས་བྱས་ཏེ། ཡིད་གཉིས་ནི་ཉེས་བྱས་དང་འདྲའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནི་བསྔོས་པ་ཉིད་ན་དྲལ་བ་ཉིད་དོ་ཞེས་བྱ་བ་ནི་སྤང་བར་འགྱུར་བ་རང་གི་ཉིད་གང་ཡིན་པ་དེ་ནི་སེམས་ཀྱིས་ཡོངས་སུ་བཏང་སྟེ་བསྔོས་པ་ཉིད་ན་བྱིན་གྱིས་མ་བརླབས་སམ། རུང་བར་མ་བྱས་སུ་ཟིན་ཀྱང་རང་གི་ཉིད་དང་བྲལ་བ་ཉིད་དེ། རང་གི་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཆོས་གོས་ལ་སོགས་པ་དག་དགེ་འདུན་ལའམ། གང་ཟག་ལའམ། གཞན་ལ་སྔོ་བར་བྱེད་ན་གང་ལ་སྔོ་བར་བྱེད་པ་དེས་དེ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང༌། དེའི་གན་དུ་བསྐུར་ཀྱང་རུང༌། མ་བསྐུར་ཀྱང་རུང་སྟེ། རང་གི་ཉིད་དང་བྲལ་བའི་ཕྱིར་དེ་བྱིན་གྱིས་མ་བརླབས་སམ། རུང་བར་མ་བྱས་ཀྱང་སྤང་བར་བྱ་བར་མི་འགྱུར་རོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། གང་གིས་བསྐུར་བ་དེ་ལ་སྤང་བ་འབྱུང་བར་མི་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །ཤི་བའི་ཡོ་བྱད་ལ་ནི་དངོས་པོ་ལས་རྣམ་པར་གཞག་གི་འདུ་ཤེས་ནི་མ་ཡིན་ཏེ། དེ་ལྟར་ཡང་འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་
བསྐུར་བ་གང་གིས་བསྐུར་བ་དེས་ཀྱང་སྤངས་པར་གྱུར། གང་ལ་བསྐུར་པ་དེས་ཀྱང་སྤངས་པར་གྱུར་ན། དེ་ལ་དེ་དག་གང་ལ་བསྐུར་བ་དེ་ལ་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་མ་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ལ་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་བརླབས་པ་ཡིན་ཏེ། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྫས་དེ་གང་གིས་སྒྲུབ་པ་དེ་ཉིད་ཀྱི་ཤི་བའི་ཡོ་བྱད་དུ་རྣམ་པར་གཞག་གི །གང་ལ་བསྔོས་པ་དེ་ནི་མ་ཡིན་ནོ། །རབ་ཏུ་འབྱུང་བའི་དོན་དུ་ངས་པར་བྱས་པ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའི་རྒྱུར་ངེས་པར་བྱས་པ་རྣམ་པར་གཞག་པར་ངེས་པར་བསྔོས་པ་ཡང་དེ་ཉིད་དེ་བསྔོས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་རབ་ཏུ་འབྱུང་བའི་དོན་དུ་སྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་འདི་ལྟར་ལྟུང་བཟེད་ལ་གསུངས་མོད་ཀྱི། འོན་ཀྱང་ཆོས་གོས་ལ་སོགས་པ་དག་ལ་ཡང་རུང་བས་སྤྱིར་བསྟན་ཏོ། །ཆོས་གོས་ལས་ཀྱང་རུང་བར་བྱའོ་ཞེས་བྱ་བ་ནི། ཆོས་གོས་ལས་ཀྱང་རུང་བར་བྱ་བའི་ཕྱིར་བསྔོ་བར་བྱས་ན་རང་གི་ཉིད་དང་འབྲལ་བར་སྟོན་ཏོ། །རུང་བར་བྱ་བའི་ཆོ་ག་དང་སྔགས་ནི་དགེ་སློང་གི་མདུན་དུ་འགྲེང་སྟེ། གཉི་གས་གོས་ཀྱི་གྲྭ་ནས་བཟུང་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བྱས་པ། རུང་བར་བྱ་བར་འོས་པ་འདི་མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་ལན་གསུམ་དུ་བཟླས། མཁན་པོ་ལས་གཞན་པ་ཞིག་ལ་རུང་བར་བྱ་ན་ཡང་ཆེ་གེ་མོ་ཞེས་མིང་བརྗེ་བར་བྱའོ། །འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་བྱ་བ་ན་རང་གི་ཉིད་ཅེས་པའི་ལྟུང་བ་འདི་ལ་བསྔོས་པ་ཉིད་དང་རུང་བར་བྱ་བ་ཉིད་ཀྱི་ཐབས་ཀྱིས་ནི་རང་ཉིད་ཀྱི་རྗེས་སུ་ཞུགས་བ་ཉིད་ཅེས་བྱ་བ་ནི་རྒྱུན་འབྲེལ་པ་ཉིད་ཀྱང་ཉམས་པ་ཉིད་ཡིན་པར་རིག་པར་བྱའོ། །རང་གི་ཉིད་འབའ་ཞིག་ཉམས་པར་མ་ཟད་དོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་ཆེས་ལ་ཆོས་གོས་རྙེད་ལ་ཚེས་ལྔའི་ཉིན་པར་ཆོས་གོས་དེ་རུང་བར་བྱེད་དམ་སྔོ་བར་བྱེད་ན། ཕྱིས་དེའི་ཉིན་མོ་ཉིད་ལ་ཆོས་
གོས་གཞན་ཞིག་རྙེད་ཀྱང་སྔ་མའི་ཤན་འདྲེས་པར་མི་འགྱུར་ཏེ། རྗེས་སུ་ཞུགས་པ་ཉིད་ཉམས་པའི་ཕྱིར་རོ། །རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་བྱ་བ་ཡང་རྗེས་སུ་ཞུགས་པ་ཉིད་ཉམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། དགེ་སློང་རང་ཉིད་སེམས་རྣམ་པར་འཁྲུགས་པ་ལ་སོགས་པས་རང་བཞིན་ཐ་མལ་བའི་ངོ་བོ་ཉིད་ལས་ཉམས་པར་གྱུར་ན་ཡང་དེའི་ཚེ་རང་ཉིད་ཀྱིས་རྗེས་སུ་མཐུན་པའི་རྒྱུས་འབྲེལ་པ་ཉམས་པ་ཡིན་པས། སྔར་རང་བཞིན་ལས་མ་ཉམས་པའི་རྗེས་སུ་མཐུན་པའི་ཤན་དེས་ཕྱིས་རང་གི་སེམས་ཕྱིར་རྙེད་པའི་གནས་སྐབས་ཀྱི་རང་བཞིན་ལ་ཤན་འདྲེས་པར་མི་འགྱུར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས་བཙན་པ་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་དགུང་བཅུ་པོ་སླད་མ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བ་འཁོར་གང་ཚུན་ཆད་ནས་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་པ་ཡིན་ནོ། །ཞག་ལྔ་པོ་སྔ་མ་དག་མི་བགྲང་བ་ལས་ན་རྗེས་སུ་ཞུགས་པའི་རྒྱུན་འབྲེལ་པ་ཉམས་པར་མངོན་ཏེ། བར་དུ་སེམས་རྣམ་པར་འཁྲུགས་པའི་ཕྱིར་རོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་བྱ་བ་ནི་རྗེས་སུ་ཞུགས་པ་དེ་ཉིད་ཡོད་ན་ཕྱིས་རྙེད་པའི་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ། །དངོས་པོ་དེ་ལྟ་བུ་ཞེས་བྱ་བ་ནི་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དངོས་པོ་གང་ལ་རྗེས་སུ་མཐུན་པ་ཉིད་ཡོད་པ་དེ་ལྟ་བུའི་དངོས་པོ་ལ་སྟེ། འདི་ལྟ་སྟེ། གོས་ཞག་བཅུར་གཏོགས་པའི་ནི་ཞག་བཅུ་པ་ལ་འབྱུང་བ་ཉིད་དོ། །ཟླ་བ་གཅིག་པར་གཏོགས་པའི་ནི་ཟླ་བ་གཅིག་ལའོ། །ལྷུང་བཟེད་དུ་གཏོགས་པའི་ནི་ལྟུང་བཟེད་ལའོ། །སྨན་ཞག་བདུན་པར་གཏོགས་པའི་ནི་སྨན་ཞག་བདུན་པ་ལ་འབྱུང་བ་ཉིད་ལྟ་བུའོ། །འདི་སྐད་བསྟན་ཏེ། ཆོས་གོས་སྔར་རྙེད་པ་ལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ་ཡོད་ཆོས་གོས་ཕྱིས་རྙེད་པ་ལ་ཡང་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དེ་ཉིད་དུ་འབྱུང་བ་ཉིད་དུ་རིགས་པར་བྱའོ། །དེ་བས་ན་ཆོས་གོས་སྔར་རྙེད་པ་ཉིད་དང་ལྷན་ཅིག་ཏུ་ཕྱིས་རྙེད་པའི་ཆོས་གོས་དེ་ཡང་ཞག་བཅུའི་ནང་རོལ་དེ་ཉིད་དུ་བྱིན་གྱིས་བརླབས་པར་བྱ་བའམ། སྤང་བར་
བྱ་བ་ཡིན་གྱི། ཆོས་གོས་ཕྱིས་རྙེད་པ་དེའི་ཞག་བཅུར་བགྲང་བ་ལོགས་ཤིག་ཏུ་ནི་མི་བྱ་སྟེ། ཆོས་གོས་སྔར་རྙེད་པ་དེ་ཉིད་ཀྱི་ཤན་དེས་ཕྱིས་རྙེད་པ་དེ་ཡང་ཤན་འདྲེས་པར་འགྱུར་བར་བྱས་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཚེས་ལ་ཆོས་གོས་ཤིག་རྙེད་ལ། དེས་ཚེས་གཉིས་ལ་ཆོས་གོས་གཞན་ཞིག་ཀྱང་རྙེད་པར་གྱུར་ན། དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་རོལ་དུ་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་ཕྱི་མ་ཤོས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱ་བའོ། །གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ནས་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ་ཞེས་བྱ་བ་ནི་སྨན་ཞག་བདུན་པ་ལ་དེའི་བྱེ་བྲག་གཞན་བསྟན་ཏེ། ཞག་བདུན་པ་ལ་ནི་ཞེས་བྱ་བ་ནི་མར་དང་འབྲུ་མར་ལ་སོགས་པའི་རྫས་ཞག་བདུན་པ་ཉིད་དུ་བྱིན་གྱིས་བརླབས་པ་ལའོ། །རིགས་མཐུན་པ་ལའོ་ཞེས་བྱ་བ་ནི་ཕྱིས་རྙེད་པའི་རྫས་རིགས་མཐུན་པ་རང་བཞིན་འདྲ་བ་ལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ་འབྱུང་བ་ཉིད་དུ་ཤེས་པར་བྱའི་དངོས་པོ་དེ་ལྟ་བུ་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་པ་སྟེ། འདི་ལྟ་སྟེ། རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་མར་དུ་གཏོགས་པའི་ནི་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི། འབྲུ་མར་ལ་སོགས་པ་དག་ལ་མི་འབྱུང་བ་དང༌། དེ་བཞིན་དུ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་འབྲུ་མར་དུ་གཏོགས་པའི་ནི་འབྲུ་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི་མར་ལ་སོགས་པ་དག་ལ་མི་འབྱུང་བ་ལྟ་བུའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཚེས་ལ་མར་རྙེད་ལ་དེས་ཚེས་གཉིས་ལ་གཞན་ཞིག་ཀྱང་རྙེད་པར་གྱུར་ན་དགེ་སློང་དེས་སྔ་མ་ཤོས་བཟའ་བར་བྱ་ཞིང༌། ཕྱི་མ་ཤོས་གཏང་བར་བྱ་བའམ། རུང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱ་བའོ། །གཏོང་བར་མི་བྱེད་དམ། རུང་བང་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་ན། པང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ལྟུང་བ་དེ་ཡིན་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་བྱ་བ་ནི་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་དེ་ཡོད་བཞིན་པ་མ་བཤགས་པ་ལ་ཕྱིས་
ཡོ་བྱད་རིགས་མཐུན་པའམ། རིགས་མི་མཐུན་པ་ཅི་ཡང་རུང་བ་ཞིག་རྙེད་ཅིང་བདག་གིར་བྱས་ན་སྤང་བར་བྱ་དགོས་པ་ཉིད་འབྱུང་གི་ལྟུང་བ་ནི་མི་འབྱུང་བའོ། །འདི་སྐད་བསྟན་ཏེ་དགེ་སློང་གང་ལ་སྤང་བའི་ལྟུང་བྱེད་ཡོད་པའི་དགེ་སློང་དེས་གལ་ཏེ་ཕྱིས་རིགས་མཐུན་པའམ། རིགས་མི་མཐུན་པའི་ཡོ་བྱད་ཙམ་རྙེད་ན་དེའི་ཚེ། བཤགས་པའི་དུས་ན་དགེ་སློང་དེས་དེ་ཡང་སྤང་བར་བྱའོ། །དེའི་ཕྱིར་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་མ་བྱུང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྤང་བ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྤང་བ་ཡིན་ཏེ། སྔ་མའི་ཤུགས་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་རོ་ཞེས་བྱ་བ་ནི་འཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་བ་ཉིད་དུ་མི་འགྱུར་རོ། །འདི་སྐད་བསྟན་ཏེ། སྤང་བར་བྱ་བའི་དངོས་པོ་སྔ་མའམ། ཕྱི་མ་གང་ཡང་རུང་བ་དམ་དུམ་དུ་གྱུར་ན་བཤགས་པའི་དུས་ན་སྤང་བར་བྱ་མི་དགོས་ཏེ། ཁྲུ་གང་ཁོར་ཡུག་པས་ཆུང་བའི་ཕྱིར་དང༌། ཆུང་བ་ནི་སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས་བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་འཚིག་གམ། སྲོག་ཆགས་དག་དང་སྲིལ་དག་གིས་འཚལ་བར་གྱུར་ནས། དེ་ལ་དུམ་གང་དག་མཆིས་པ་དག་སྤང་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་མངའ་བའི་རྫས་རིས་སུ་མ་བཅད་པ་ཡང་སྤང་བར་མི་བྱ་བ་ཉིད་དོ། །དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ། དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིས་སུ་བཅས་པ་དང༌། དགེ་འདུན་མངའ་བའི་རིས་སུམ་བཅད་པའོ། །དེ་ལ་དགེ་འདུན་མངའ་བ་གང་ཟག་གེ་བདག་ཉིད་དུ་རིས་སུ་བཅད་པའི་དངོས་པོ་ལ་ནི་འཆང་བ་དང་འབྲལ་བ་དང༌། འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་འབྱུང་སྟེ། དེ་ལ་ཐམས་ཅད་གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ། །དགེ་འདུན་མངའ་བ་རིས་སུ་མ་བཅད་པ་ལ་ནི་གང་ཟག་
གཞན་གྱི་དང་འདྲ་བར་བདག་གིར་བྱ་བ་མི་འབྱུང་བས་དེ་ལ་ནི་སྔར་བསྟན་པ་ཐམས་ཅད་མི་འབྱུང་ངོ༌། །གལ་ཏེ་དགེ་འདུན་མངའ་བ་རིས་སུམ་བཅད་པའི་ཆོས་གོས་གང་ཟག་འགའ་ཞིག་གིས་བྱིན་གྱིས་རློབ་པར་བྱེད་ཅིང་ཆོས་གོས་དེ་དང་འབྲལ་བར་བྱེད་ན། དེའི་ཚེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བའི་ཆོས་གོས་དེ་སྤང་བར་ནི་མི་བྱའོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས། མཚམས་ཀྱི་སླད་རོལ་དུ་འབྲལ་བར་བགྱིད་ན་ཆོས་གོས་དེ་དང་བྲལ་ཞེས་བགྱིའམ་མ་བྲལ་ཞེས་བགྱི། བཀའ་སྩལ་པ། ཆོས་གསོ་དང་བྲལ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་མ་ཡིན་པའི་ཕྱིར་དེ་དང་བྲལ་བར་བྱ་མི་དགོས་སོ། །འདི་ལ་མེད་པ་ཉིད་གཙོ་བོའི་ཞེས་བྱ་བ་ནི་སྤང་བར་བྱ་བ་འདི་པ་དངོས་པོ་དེ་གང་ཟག་དེ་ལ་མི་བདོག་ཅིང་མེད་པ་ཉིད་ཡིན་ན། དེ་ཉིད་སྤང་བ་ཉིད་ལ་གཙོ་བོ་ཡིན་གྱི་སྤང་བར་བྱ་བའི་རྫས་ནི་གཙོ་བོ་མ་ཡིན་ནོ། །དེ་བས་ན་ཚིག་པ་ལ་སོགས་པས་ཉམས་པའི་ཆོས་གོས་ལ་ནི་ཏུང་བྱེད་འབའ་ཞིག་བཤགས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན། ལྟུང་བྱེད་བཤགས་པར་བགྱིའམ། ཉེ་བ་འཁོར་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་བྱ་བ་ནི་འོག་ཁོ་ན་ནས་འབྱུང་བ་འཆང་བ་དང་བྲལ་བ་དང༌། འཇོག་པ་ཞེས་བྱ་བའི་སྤང་བའི་ལྟུང་བྱེད་འདི་གསུམ་ནི་དགེ་སློང་སྲ་བརྐྱང་བཏིང་བ་མི་འབྱུང་སྟེ། སྲ་བརྐྱང་བཏིང་བ་ལ་དབྱར་གནས་པར་ཁས་བླངས་པའི་ཕན་ཡོན་བཅུ་ཡོད་པའི་སྐབས་ཡིན་པའི་ཕྱིར་རོ། །སྤད་བའ་ལྟུང་བྱེད་རྣམས་གྱི་ཐུན་མོང་གི་མཚན་ཉིད་སྤྱིར་བསྟན་པ་བཤད་ཟིན་ཏོ།། །། ད་ནི་སྤང་བའི་ལྟུང་བྱེད་སོ་སོའི་སྐབས་བརྗོད་པར་བྱ་སྟེ། དེ་ལ་འཆང་བའི་སྤང་བའི་གླེང་གཞི་ནི་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་གོས་མང་པོ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། གཞན་གྱིས་ནི་ལེགས་པར་ཉུག་པར་བྱེད། གཞན་གྱིས་ནི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། གཞན་གྱིས་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། གཞན་གྱིས་ནི་སོ་ཤིང་འདོར་བར་བྱེད། གཞན་གྱིས་ནི་གྲོང་དུ་བསོད་སྙོམས་ལ་རྒྱུ་བར་བྱེད། གཞན་གྱིས་ནི་ཟས་ཀྱི་གྲལ་དུ་བཀད་པར་བྱེད། གཞན་གྱིས་ནི་མཁན་པོ་དང་སློབ་དཔོན་དག་ལ་ལྟར་འགྲོ་བར་བྱེད། གཞན་གྱིས་ནི་སྟོན་པའི་གདམས་ངག་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་ཉིན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད། གཞན་གྱིས་ནི་མཚན་མོ་ཆོས་མཉན་པ་ཉམས་སུ་མྱོང་བར་བྱེད་དེ། དེ་དག་གྱོན་པ་དང་འབུད་པར་བྱེད་པ་ན། བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་ཆོས་གོས་མང་པོ་ཉིད་འདི་ལྟ་བུ་འདི་ཕྱུང་ཞིང་ཉེས་དམིགས་དེ་ལྟ་བུར་གྱུར་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཆོས་གོས་གསུམ་བཅད་བར་བྱའོ། །དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་བོ། ཉོན་མོངས་པ་ནི་ཟང་ཟིང་ལ་གདུ་བ། ཉེས་པ་ནི་བྱ་བ་ཤོར་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལ་ན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་རྒྱལ་པོའི་ཁབ་ན་
དགོན་པའི་སྤྱིལ་བུ་ན་འདུག་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་དགེ་འདུན་གཏད་པ་དེའི་ཚེ་ཁྱིམ་བདག་གཅིག་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུངས་ཆེན་པོ་ལྷ་དང་མིས་མཆོད་པ་བཤོས་གསོལ་ཏེ། རས་ཡུག་ཆེན་ཞིག་བསྐོན་ན་ཅི་མ་རུང་སྙམ་ན་དེའི་འདོད་པ་ཡོངས་སུ་རྫོགས་པར་མ་གྱུར་ནས། དེ་ནས་ཁྱིམ་བདག་དེ་རས་ཡུག་ཆེན་ཐོགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་བ་ཀུན་དགའ་བོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་ཁྱོད་ཀྱིས་ད་ལྟར་གནས་བརྟན་འོད་སྲུངས་ཆེན་པོ་ག་ལ་བཞུགས། ཅི་གསན། ཁྱིམ་བདག །དགོན་པའི་སྤྱིལ་བུ་ན་འདུག་ཅེས་ཐོས་སོ། །ཇི་ཙམ་ན་འདིར་བྱོན་པར་འགྱུར། འདི་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པའི་ཚེའོ། །བཙུན་པ་ཀུན་དགའ་བོ་མཁྱེན་པར་མཛོད་ཅིག །འདི་ན་བདག་ཡུན་རིང་པོ་ནས་སྨོན་པ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུངས་ཆེན་པོ་ལྷ་དང་མིས་མཆོད་པ་བཤོས་གསོལ་ཏེ། རས་ཡུག་ཆེན་ཞིག་བསྐོན་ན་ཅི་མ་རུང་སྙམ་ནས། བདག་གིས་རས་ཡུག་ཆེན་དེ་ཡང་འཚལ་ཏེ་མཆིས་ན། བདག་ཅག་ཁྱིམ་པ་དག་ནི་བགྱི་བ་མང་བ་དང༌། བགྱིད་པ་མང་བ་ལགས་ཀྱི། ཀྱེ་མ་བཙུན་པ་ཀུན་དགའ་བོས་བདག་ལ་ཐུགས་བརྩེ་བའི་སླད་དུ་གནས་བརྟན་འོད་སྲུངས་ཆེན་པོ་ལྷ་དང་མིས་མཆོད་པ་ལ་རས་ཡུག་ཆེན་འདི་བསྐོན་དུ་གསོལ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་ཁྱིམ་བདག་ལས་རས་ཡུག་ཆེན་བླངས་ན་ནི་བསླབ་པའི་གཞི་རལ་བར་ཡང་འགྱུར། གལ་ཏེ་མ་བླངས་ན་ནི་ཁྱིམ་བདག་གི་བསོད་ནམས་ཀྱི་བར་ཆད་དང༌། གནས་བརྟན་འོད་སྲུངས་ཆེན་པོའི་རྙེད་པའི་བར་ཆད་དུ་ཡང་འགྱུར་ན་བདག་གིས་བླངས་པར་གྱུར་ན་དུས་མ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གནང་བར་འགྱུར་བ་གང་ཡིན་པ་དེའི་གནས་ཀྱང་ཡོད་པར་འགྱུར་གྲང་སྙམ་ནས་ཁྱིམ་བདག་ལས་རས་ཡུག་ཆེན་བླངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་
ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ལེགས་སོ་ལེགས་སོ། །ངས་གནང་བ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་ཏེ། དེ་ལྟ་བས་ན་དགེ་སློང་གིས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་རྗེས་སུ་གནང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་དང༌། བསླབ་པ་ལ་གུས་པ་རྣམས་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པ་རྣམས་དང༌། སྦྱངས་པའི་ཡོན་ཏན་རྣམས་དང༌། མཛེས་པ་རྣམས་དང༌། ཆོག་ཤེས་པ་རྣམས་ཀྱི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་བ་ཡིན་ལ། འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་ཆོས་གོས་ལྷག་པ་རུང་བར་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་འཆད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གནང་བར་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་པས་ཞེས་བྱ་བ་ནི་དགེ་སློང་གང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་བས་སོ། །སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ། སྲ་བརྐྱང་ཞེས་བྱ་བ་ནི་དགེ་འདུན་དབྱར་སྔ་མའམ། ཕྱི་མར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་དགེ་སློང་ཐམས་ཅད་དབྱར་གྱི་རྙེད་པ་དང༌། ཕན་ཡོན་གྱི་གཏན་པ་བཅའ་བའི་ཆོས་གོས་གཏན་པ་ལྟ་བུ་བྱིན་གྱིས་བརླབས་པའོ། །ཕྱུང་ན་ཞེས་བྱ་བ་ལ། སྲ་བརྐྱང་དབྱུང་བའི་དུས་ནི་རྣམ་པ་གཉིས་ཏེ། དབྱར་སྔ་མར་གནས་པར་ཁས་བླངས་པས་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་བའི་དུས་དཔྱིད་ཟླར་བའི་ཉའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པས་སྟོན་ཟླ་ཐ་ཆུངས་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་བའི་དུས་དཔྱིད་ཟླ་འབྲིང་བོའི་ཉའོ། །དེ་དག་གི་རྣམ་པར་གཞག་པ་ཞིབ་ཏུ་ནི་དབྱར་གྱི་གཞི་དང༌། དགག་དབྱེའི་གཞི་དང༌། སྲ་བརྐྱང་གི་གཞི་ལས་འབྱུང་ངོ༌། །དེ་ལ་དགེ་སློང་ཆོས་གོས་ཟིན་པས་
སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །དེ་ལ་རེ་ཞིག་ཇི་ཙམ་གྱིས་ན་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ལ་དགེ་འདུན་གྱི་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་མ་ཟིན་པ་ལ་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ཅིང་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །འདིར་ནི་སྲ་བརྐྱང་ཕྱུང་བ་ཡན་ལག་གི་གཙོ་བོར་བཞེད་དོ། །ཞག་བཅུ་པའི་བར་དུ་ཞེས་བྱ་བ་ནི་མཚན་མོ་བཅུའི་མཐར་རོ། །གོས་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ལས་ལྷག་པའོ། །རུང་བར་མ་བྱས་པ་ཞེས་བྱ་བ་ནི་བརྟག་པ་མ་བྱས་པའོ།། བཅང་བར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱའོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རང་གི་གོས་འཁོར་གསུམ་ཁེབས་པའི་མཐའི་ཚད་དང་ལྡན་པ་ཡོད་ལ་བྱིན་གྱིས་མ་བརླབས་པར་ཞག་བཅུའི་རྗེས་སུ་ཞུགས་པ་ཉིད་ཡིན་ན་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་ཉིན་མཚན་གྱི་རིམ་གྱིས་སྔ་ཕྱིར་གཞན་ལས་འབྱུང་བའི་གོས་རྙེད་ལ། སྔ་མ་བྱིན་གྱིས་
མ་བརླབས་ཤིང་ཕྱི་མ་བྱིན་གྱིས་བརླབས་ན་སྔ་མ་ཤོས་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན་འཆང་བའི་སྤང་བའི་ལྟུང་བྱེད་དུ་གྱུར་པའི་ཤན་གྱིས་ཕྱི་མ་ཤོས་བྱིན་གྱིས་བརླབས་པ་ཡང་སྔ་མའི་དུས་དེ་ཁོ་ནའི་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་ཉིན་ཞག་གཅིག་ཁོ་ནས་དུས་གཅིག་ཏུ་གཞན་ལས་བྱུང་བའི་གོས་གཉིས་རྙེད་ལ་གང་ཡང་རུང་བ་ཅིག་བྱིན་གྱིས་བརླབས་ཤིང་གཅིག་ནི་མ་བརླབས་ན། གཉིག་ཞག་བཅུ་གཅིག་པོའི་སྐྱ་རེངས་དང་པོ་ཤར་ན་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་དགེ་འདུན་མངའ་བའི་རྫས་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པ་འཆང་བའི་སྤོང་བར་གཏོགས་པ་ཞག་བཅུ་གཅིག་གི་སྐྱ་རེངས་ལས་འདས་པར་བྱས་ན་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་འཆང་བའི་སྤང་བའི་ལྟུང་བྱེད་བྱུང་ན་དེམ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་ཞག་བཅུ་པར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་མི་འགྱུར་རོ། །དགེ་སློང་གིས་འཆང་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རྫས་བཟང་དན་དང༌། མང་ཉུང་ལ་ན་སྨད་པ་མེད་དོ། །ཁ་བསྐང་བ་ལ་རེ་བ་མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ལ་ན་སྨད་པ་མེད་དོ། །བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་གསུམ་ཡོད་པ་ཉིད་ཡིན་ན་ཡང་ཆུང་བ་ཁྲུ་གང་ཡན་ཆད་ལ་ན་སྨད་པ་མེད་དོ། །ཚེས་གྲངས་གཅིག་ནས་བཅུའི་བར་དང༌། གཉིས་ནས་བཅུ་གཅིག་གི་བར་དུ་ལྟ་བ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །གདོང་ཕྱིས་དང་ཆུ་ཚགས་དང༌། སྟན་དབྱམ་དང་དྲེའུ་རྡོག་ལ་སོགས་པ་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་དག་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་
རང་གི་གོས་དང་བྱིན་གྱིས་མ་བརླབས་པའོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་དང༌། གོས་དང༌། འཁོར་གསུམ་ཁེབས་པའི་མཐའི་ཚད་དང༌། ཡོད་པ་དང་བྱིན་གྱིས་མ་བརླབས་པ་དང༌། ཞག་བཅུར་རྗེས་སུ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཞག་བཅུ་འདས་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཁ་བསྐང་བ་ལ་རེ་བ་མེད་པ་དང༌། བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་གསུམ་མེད་ལ་གོས་ཁྲུ་གང་གི་ཚད་པས་ཆུང་བ་དང༌། འཁོར་གསུམ་གྱི་ཕྱེད་མི་ཁེབས་པ་ལ་ཉེས་བྱས་སོ། །རུང་བ་མ་ཡིན་པ་དང༌། ཚད་པས་ཆུང་བ་འཆང་བ་ལ་ཉེས་བྱས་སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གི་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་རང་གི་མ་ཡིན་པ་དང༌། གོས་མ་ཡིན་པ་དང༌། མེད་པ་དང༌། བྱིན་གྱིས་བརླབས་པ་དང༌། ཞག་བཅུར་རྗེས་སུ་མ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་མ་ཤར་བ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་བཏིང་བ་མ་ཕྱུང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཆང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་ཉེས་བྱས་ཕྲ་མོ་དང་སྦྱོར་བའི་ཉེས་བྱས་དང༌། ལྟུང་བྱེད་ཀྱི་དངོས་གཞི་མཐོལ་བ་དང༌། བཤགས་པ་གཉིས་ཀྱིས་ལྟུང་བ་མི་འབྱུང་བ་ལ་བསླབ་པར་བྱའོ། །དེ་ལ་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བའི་སྦྱོར་བ་ཡིད་ཀྱི་ཉེས་བྱས་ཕྲ་མོ་ཕྱིར་བཅོས་པ་ནི་དེ་བསྡམ་པར་བྱ་བའི་ཉེས་བྱས་ཡིན་པས་གཞན་ལ་མཐོལ་
པ་དང་བཤགས་མི་དགོས་པར་རང་གི་ཡིད་ཀྱིས་ལྟུང་བ་སྔ་མ་མཐོང་བ་དང༌། ཕྱིན་ཆད་བསྡམས་པས་སྔ་མ་འགྱོད་པ་དང༌། ཕྱིན་ཆད་མི་བྱའོ་སྙམ་དུ་བསྡམ་པ་བྱས་ན་ལྟུང་བ་ལས་ལྡང་ངོ༌། །སྤང་བའི་ལྟུང་བྱེད་ཀྱི་སྦྱོར་པའི་ཉེས་བྱས་ཕྱིར་བཅོས་པ་ནི། ལྟུང་བ་དེ་བཤགས་པར་བྱ་བའི་ཉེས་བྱས་ཡིན་པས་དེ་མཐོལ་བ་དང་བཤགས་པའི་ཆོ་ག་ནི་དགེ་སློང་གིས་ལྟུང་བ་བཅབ་པར་མི་བྱ་སྟེ། སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བའི་ཉེས་བྱས་བཤགས་པར་བྱ་བ་གང་ཡང་རུང་བ་བྱུང་བ་ན་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ། མཆིལ་ལྷམ་གཉིས་ཕུད་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ། མཚམས་ཀྱི་ནང་དུ་འདུག་པ་དང་ལྟུང་བ་མིང་དང་རིགས་ལས་བྱུང་བ་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པར་བྱར་རུང་ངོ༌། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་སྤང་བའི་ལྟུང་བྱེད་ཀྱི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་བྱུང་བའི་ཉེས་བྱས་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས་ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང༌། འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བའི་ཉེས་བྱས་བཤགས་པར་བྱ་བའི་ལྟུང་བ་ལས་ལྡང་ངོ༌། །དེའི་མོད་ལ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན། སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རེངས་ཤར་ཀྱང་
མ་མཐོལ་མ་བཤགས་པ་ལ་འཆབ་པའི་ཉེས་པ་མེད་དོ། །གདལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མེད་ན། ཇི་སྲིད་དུ་གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་མ་རྙེད་ན་དེ་སྲིད་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན་དེའི་བར་དུ་མཐོལ་ཞིང་བཤགས་པའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལ་མ་བརྗོད་ན། འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོ་འམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བ་དང། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ། །གང་ལ་མཐོལ་ཞིང་བཤགས་པར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་དུ་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན། ཆོས་འདི་པ་གཅིག་ལ་ཇེ་མཐོལ་ལ། དེའི་འོག་ཏུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །ལྟུང་བ་མིང་དང་རིགས་ལས་མི་མཐུན་པའི་གང་ཟག་མེད་ན་ལྟུང་བ་རིགས་ལས་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །འདིར་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །ཆོས་འདི་པ་ཞེས་བྱ་བ་ནི་དགེ་སློང་མ་དང༌། བསླབ་པ་བྱིན་པ་དང༌། དེ་སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། ཁྱིམ་པ་དེ་བཞིན་གཤེགས་པའི་ལྟ་བ་ཅན་མཚམས་ཀྱི་ནང་ན་འདུག་པ་དང༌། ལྟ་བ་མི་མཐུན་པ་མཚམས་གཞན་ན་འདུག་པ་དག་གོ །འདིར་དེ་དག་འབའ་ཞིག་གི་རྣམ་པར་གཞག་པ་ནི་མཚན་མི་མཐུན་པ་བསྙེན་པར་རྫོགས་པ་ལ་མཐོལ་ན་བཅབས་པར་ནི་མི་
འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །བསྙེན་པར་མ་རྫོགས་པ་དག་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ། གནས་ངན་ལེན་རིག་པར་བྱེད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་པར་རིག་པར་བྱེད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །ཆོས་འདི་པ་དེ་དག་གང་ཡང་རུང་བ་མཚམས་གཞན་ན་འདུག་པ་དང་ལྟ་བ་མི་མཐུན་པ་ལ་མཐོལ་ན་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་མ་ཡིན་པ་ལ་མཐོལ་ན་ཡང་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལ་ལྟུང་བ་མིང་དང་རིགས་ལས་མཐུན་པ་ལ་མཐོལ་ན་ཡང་བཅབས་པར་ནི་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་དུ་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ལ་མཐོལ་ན་བཅབས་པར་ཡང་མི་འགྱུར་ལ་ལྟུང་བར་ཡང་མི་འགྱུར་རོ། །འོག་མ་གཞན་དག་ལ་ཡང་དེ་བཞིན་ནོ། །ལྟུང་བ་མཐོལ་བ་ལ་སྤྱིར་བསྟན་པ་ནི་མཐོལ་བའི་སྔགས་རྫོགས་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་ངམ་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་རོ། །བཤགས་པའི་སྔགས་ནི་རྫོགས་པར་བརྗོད་དགོས་སོ། །ཉེས་བྱས་མཐོལ་བ་ལ་ནི་མིང་དང་རིགས་མ་བརྗོད་པར་བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱས་ན་ཡང་རུང་ངོ༌། །ཕམ་པར་འགྱུར་པའི་དངོས་གཞི་མ་གཏོགས་པ། སྦྱོར་བ་དང་ཉེས་བྱས་ལ་སོགས་པ་ལྟུང་བ་གཞན་ཐམས་ཅད་ལ་ཡང་བཅབས་པ་ཡོད་ན་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཉིད་ཕྱིར་བཅོས་པར་ཤེས་པར་བྱའོ། །བཅབས་པའི་ཉེས་པ་ཕྱིར་བཅོས་པ་ནི་ལྟུང་བ་མིང་དང་རིགས་གང་བྱུང་བ་དང༌། ཇི་སྲིད་བཅབས་པ་དེ་དག་ཇེ་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་ཏེ། དེ་ནི་སྔར་བསྟན་པ་ཡིན་ནོ། །མཐོལ་བ་དང་བཤགས་པར་བྱ་
བའི་སྐབས་ཡོད་བཞིན་དུ་མི་མཐོལ་མི་བཤགས་ན་ཞག་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ། །གང་ལ་མཐོལ་བའི་གང་ཟག་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་བ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་ཡོད་ན་ཆོས་འདི་པ་གཞན་ལ་མཐོལ་བར་མི་བྱའོ། །བཤགས་པ་ནི་ཆོས་འདི་པ་གཞན་ལ་རྣམ་པ་ཐམས་ཅད་དུ་མི་བྱའོ། །དེ་ལྟར་སྦྱོར་བའི་ཉེས་བྱས་མཐོལ་ཞིང་བཤགས་ན། དེའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོ་ནི་ལོགས་ཤིག་ཏུ་མཐོལ་ཞིང་བཤགས་མི་དགོས་སོ། །སྤང་བའི་ལྟུང་བྱེད་ཀྱི་དངོ་གཞི་ཕྱིར་བཅས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་སྤོང་བའི་ལྟུང་བྱེད་ཀྱི་དངོས་གཞི་ལས་བསླང་བ་སྟེ། དེ་ལ་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞི་མཐོལ་བ་ནི་དགེ་སློང་གིས་ཁ་ན་མ་མཐོ་བ་བཅབ་པར་མི་བྱ་སྟེ། སྤང་བའི་ལྟུང་བྱེད་སུམ་ཅུ་པོ་དག་ལས་གང་ཡང་རུང་བའི་དངོས་གཞི་བྱུང་བ་ན། བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེ་ཉིད་ཀྱི་མོད་ལ་མཆིལ་ལྷམ་གཉིས་ཕུང་ནས་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས། ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ་མཐོལ་བར་བྱའོ། །དེའི་སྔགས་ནི་འདི་དག་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་སྤང་བའི་ལྟུང་བྱེད་ཀྱི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་ན་མི་འགྱུར་རོ་ཞེས་ལན་གསུམ་བཟླས། དེའི་རྗེས་སུ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། མཐོལ་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །སྤང་བའི་ལྟུང་བྱེད་ཀྱི་དངོས་གཞི་མཐོལ་བ་འདི་ལ་གལ་ཏེ་བཅབས་པ་ཡོད་ན་དུས་གཞན་ཇི་སྲིད་བཅབས་པ་ཉིད་སྔགས་ཀྱི་ནང་དུ་བསྣན་ཏེ་མཐོལ་ལོ། །བཅབས་པ་མེད་ན་མཐོལ་བ་ཉི་ཚེ་སྔ་མ་བཞིན་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ། །དེའི་མོད་ལ་གང་
ལ་མཐོལ་བར་བྱ་བའི་གང་ཟག་མེད་ན། སྐྱ་རེངས་མ་ཤར་གྱི་བར་དུ་འཆབ་པའི་ཉེས་པ་མེད་དོ། །ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་སྐྱ་རིངས་ཤར་ཀྱང་མ་མཐོལ་བ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ཇི་སྲིད་དུ་གང་ལ་མཐོལ་བར་བྱ་བའི་གང་ཟག་མ་རྙེད་པ་དེ་སྲིད་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་འགྲོ་བའི་སྐབས་མེད་དམ། བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་ན། དེའི་བར་དུ་མཐོལ་བའི་སེམས་མེད་པ་ལ་འཆབ་པའི་ཉེས་པ་མེད་དོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་ཡོད་དུ་ཟིན་ཀྱང་ལྟུང་བ་བྱུང་བ་དེ་འདི་སྙམ་དུ་གལ་ཏེ་དེའི་གན་དུ་སོང་ལམ་བརྗོད་ན་འཆབ་པའི་ཉེས་པར་འགྱུར་དུ་དོགས་པས་དེའི་དབང་གིས་དེར་མི་འགྲོ་བའམ། གཞན་དུ་སོང་བས་བརྗོད་པ་མ་བྱས་པ་ལ་ཡང་འཆབ་པའི་ཉེས་པ་མེད་དོ། །རྐྱེན་ཅིས་ཀྱང་མ་བསྐལ་བར་དེའི་གན་དུ་མི་འགྲོ་བའམ། གཞན་དུ་འགྲོ་བ་དང༌། སྐྱ་རེངས་ཀྱི་མདུན་རོལ་དུ་མི་མཐོལ་བ་དང༌། འཆབ་པའི་སེམས་བསྐྱེད་པ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །འཆབ་པ་ལ་ཡང་སྤང་བའི་ལྟུང་བྱེད་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ། །སྤང་བའི་ལྟུང་བྱེད་མི་ཤེས་པ་ཉིད་དང་འདྲའོ། །བཅབ་པའི་སེམས་མ་བཞག་པས་བརྗེད་པ་དང༌། བྱས་སམ་མ་བྱས་ཅི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང༌། བསྙེན་པར་མ་རྫོགས་པ་ཉིད་དང༌། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ནི་ལྟུང་བ་ཐམས་ཅད་དང༌། དེ་དག་འཆབ་པའི་ཉེས་པ་ཡང་མི་འབྱུང་ངོ༌། །ས་གང་ལ་འཆབ་པ་མི་འབྱུང་བ་དེ་ལ་བཅབ་པའི་ཉེས་པ་ཡང་མི་འབྱུང་ངོ༌། །གང་ལ་མཐོལ་བར་བྱ་བའི་གང་ཟག་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་འདུག་པ། ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མེད་ན་ཆོས་འདི་པ་སྔར་བསྟན་པ་དག་ལ་མཐོལ་བ་ན་ཡང་མཐོལ་བ་ཉིད་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ཡང་སྔ་མ་བཞིན་ནོ། །ལྟུང་བ་མཐོལ་བ་
ཕྱིར་བསྟན་པ་ཡང་སྔ་མ་བཞིན་ཏེ། མཐོལ་བའི་སྔགས་བརྗོད་པར་བྱའོ། །མཐོལ་བའི་སྔགས་རིལ་གྱིས་བརྗོད་མ་ནུས་ན་ཐ་ན་མིང་དང་རིགས་གཅིག་གོ་བར་བྱས་ན་ཡང་མཐོལ་བར་འགྱུར་རོ། །འདིར་ཡང་མིང་ནི་ལྟུང་བའི་སྡེ་ཚན་ནོ། །རིགས་ནི་ལྟུང་བ་གང་བྱུང་བའོ། །དེ་ལྟར་ལྟུང་བའི་དངོས་གཞི་མཐོལ་ན་བར་མཚམས་དེའི་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ལོགས་ཤིག་ཏུ་མཐོལ་མི་དགོས་སོ། །དེ་ལྟར་མཐོལ་ནས་བཤགས་པ་ནི་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་ལས་བསླང་བ་ཞེས་བྱ་སྟེ། སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་ལས་བསླང་བ་འདི་ནི་དགེ་སློང་ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པས་ནི་དགེ་སློང་གཅིག་གི་མདུན་དུ་བཤགས་པས་སྤང་པའི་ལྟུང་བྱེད་ཀྱི་ལྟུང་བ་ལས་ལྡང་སྟེ། དངོས་པོ་སྤང་བ་དང་བྲལ་བར་བྱ་བའི་ཆོ་ག་དང་ལས་གཞན་བྱ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། བསམས་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་པའི་ཕྱིར་ཏེ། འདིར་གཞུང་ནི་སིལ་བུ་དག་ལས་དགེ་འདུན་ལྷག་མའི་སྐབས་ནས་དེ་ལྟ་བས་ན་གང་དག་རྣམ་པ་དེ་ལྟ་བུ་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་ལྡན་པ་དེ་དག་གིས་ནི་གཅིག་གི་མདུན་དུ་བཤགས་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཉིད་ལས་འདིར་སྤང་བའི་ལྟུང་བྱེད་ཀྱང་དེ་དང་འདྲ་བར་ཤེས་སོ། །གཞན་ཡང་འདུལ་བ་མདོར་བསྡུ་བའི་སྐབས་ནས་རུང་བ་དང་མཐུན་ལ་མི་རུང་བ་དང་འགལ་བ་ནི་རུང་བར་བསྡུའོ། །རུང་བ་དང་འགལ་ལ་མི་རུང་བ་དང་མཐུན་པ་ནི་མི་རུང་བར་བསྡུའོ་ཞེས་འབྱུང་བས་དགེ་འདུན་ལྷག་མ་ལ་དེ་ལྟར་རུང་ན་སྤང་བའི་ལྟུང་བྱེད་ལ་ཡང་རུང་བར་མངོན་ནོ། །དགེ་སློང་གཅིག་གི་མདུན་དུ་བཤགས་པའི་ཆོ་ག་དང་སྔགས་ནི་ཞལ་ནས་གསུངས་པའི་ལུང་གི་རྗེས་སུ་འབྲང་བ་དང༌། འདུལ་བ་འཛིན་པ་སྔ་རབས་དག་གི་མན་ངག་ལས་འདི་སྐད་འབྱུང་སྟེ། དེ་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བ་ན་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབ་པར་མི་བྱ་བར་དེའི་མོད་ལ་མཆིལ་ལྷམ་གཉིས་ཕུད་ནས། མཚམས་ཀྱི་ནང་དུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས། ལྟུང་བའི་སྡེ་ཚན་
གྱི་མིང་དང་གང་བྱུང་བའི་རིགས་སྨོས་ཏེ་ཅིག་ཅར་མཐོལ་བ་དང་བཤགས་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་སྤང་བའི་ལྟུང་བྱེད་ཀྱི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་དངོས་གཞི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤང་བའི་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་དགེ་སློང་ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཤེས་པ་དག་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་ལྟུང་བ་ལས་ལྡང་བར་རིག་པར་བྱའོ། །དེ་ལྟར་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་ལྟུང་བ་ཅིག་ཅར་མཐོལ་ཞིང་བཤགས་ན་དེའི་སྦྱོར་བའི་ཉེས་བྱས་དང༌། སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོ་ནི་ལོགས་ཤིག་ཏུ་མཐོལ་ཞིང་བཤགས་མི་དགོས་སོ། །དེ་ལས་གཞན་པ་དག་གིས་ནི་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་བྱུང་ན་དངོས་པོ་སྤངས་ཤིང་བྲལ་བར་བྱས་ལ། དེའི་འོག་ཏུ་ལྟུང་བ་བཤགས་པར་བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། དགེ་སློང་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བ་བྱུང་ན་དེས་རྫས་དེ་སྤང་བར་བྱ་བ་དང་བྲལ་བ་སྔོན་དུ་བཏང་སྟེ་ལྟུང་བ་བཤགས་པར་བྱའོ། །དེ་ལ་སྤང་བ་སྔོན་དུ་བཏང་བ་ནི་རྫས་དེ་ལ་བདག་གིས་འཛིན་པའི་སེམས་མེད་པར་བྱའོ། །བྲལ་བ་སྔོན་དུ་བཏང་བ་ནི་རྫས་དེ་ཞག་གཅིག་ཡན་ཆང་ཇི་སྲིད་དུ་ལྟུང་བ་མ་བཤགས་ཀྱི་བར་དུ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང༌། མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་ཡང་རུང་ཕྱི་རོལ་ན་འདུག་པ་ཡང་རུང་བ་གཅིག་ལ་གཞག་པར་བྱ་ཞིང༌། དུས་དེའི་ཚེ་རྫས་གཞན་གྱིས་བྱིན་གྱིས་མི་བརླབ་ཅིང་བྱིན་གྱིས་བརླབ་ཏུ་རུང་བ་ཅི་ཡང་མེད་
པར་གནས་པར་བྱའོ། །དེ་ལྟར་བྱས་ནས་དེའི་འོག་ཏུ་ཞག་གཅིག་ཡན་ཆད་ནམ་བཤགས་པའི་ཚོགས་བ་རྙེད་པ་ན་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་ལྟུང་བ་མིང་དང་རིགས་ལས་མི་མཐུན་པ་མཚམས་ཀྱི་ནང་ན་འདུག་པ་གཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས། ལྟུང་བའི་སྡེ་ཚན་གྱི་མིང་དང༌། གང་བྱུང་བའི་རིགས་སྨོས་ཏེ་བཤགས་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་སྤང་བའི་ལྟུང་བྱེད་ཀྱི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་དངོས་གཞི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་འཆགས་སོ། །བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་བཤགས་ན་ནི་མི་འགྱུར་རོ་ཞེས་ལན་གསུམ་བཟླས། ཉན་པས་ལྟུང་བ་མཐོང་ངམ་ཞེས་སྨྲ་ཞིང་འཆགས་པས་མཐོང་ངོ་ཞེས་བརྗོད་པར་བྱ། ཉན་པས་ཕྱིན་ཆད་སྡོམ་མམ་ཞེས་སྨྲ་ཞིང༌། འཆགས་པས་སྡོམ་མོ་ཞེས་བརྗོད་པར་བྱ་སྟེ། དེ་ལྟར་ལན་གསུམ་བཟླས། དེའི་རྗེས་སུ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། འཆགས་པས་ལེགས་སོ་ཞེས་བརྗོད་པར་བྱ་སྟེ། དེ་ཙམ་གྱིས་ན་སྤང་བའི་ལྟུང་བྱེད་ཀྱི་ལྟུང་བའི་དངོས་གཞི་ལས་ལྡང་ངོ༌། །དེ་ལྟར་དངོས་གཞི་བཤགས་ན་དེའི་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ལོགས་ཤིག་ཏུ་བཤགས་མི་དགོས་སོ། །ལྟུང་བ་བཤགས་ནས་རྫས་སྤངས་ཤིང་བྲལ་བར་བྱས་པ་དེ་ཡང་ཅི་བདེར་སྤྱོད་དོ། །གང་ལ་སྤངས་ཤིང་བྲལ་བར་བྱས་པ་དེས་ཀྱང་རྫས་དེ་མི་བརྣོགས་པར་ཕྱིར་དབུལ་ལོ། །མི་སྟེར་ན་དགུག་པར་བྱའོ། །སྤང་བའི་ལྟུང་བྱེད་ཕྱིར་བཅོས་པའི་ཆོག་འདི་འོག་མ་གཞན་ཐམས་ཅད་ལ་ཡང་ཐུན་མོང་དུ་ཅི་རིགས་པར་སྦྱར་རོ། །འཆང་བའི་སྤང་བ་སྟེ་དང་པོ་བཤད་ཟིན་ཏོ།། །།འབྲལ་བའི་སྤང་བའི་གླེང་གཞི་ཡང་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་ཆོས་གོས་མང་པོ་ཉིད་འདི་ལྟ་བུ་བྱུང་སྟེ། དགེ་སློང་དབྱར་གནས་པར་ཁས་བླངས་པ་གང་ཡང་རུང་བས་
ཆོས་གོས་རྙེད་ནས། དེས་དེ་བཀྲུས་ཤིང༌། དྲས་ཏེ་དྲུབས་ནས་ཁ་བསྒྱུར་ཏེ། གཏུར་པུའི་བམ་པོ་བསྒྲེས་ནས་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ལ་རྗེས་སུ་གཏད་དེ། དགེ་སློང་དག་ཆོས་གོས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོད་ཞིང༌། དེ་དག་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འདོང་བ་ན། ལུས་མ་སྦས་པ་དང༌། སྦེད་དུ་མ་བཅུག་པར་གྱུར་ཏོ། །དགེ་སློང་གནས་པ་དང༌། གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་སྐེམས་པ་དང་གསང་བ་དང༌། འདིང་བ་དང༌། སྤྲུག་པ་དང༌། རྟུལ་བ་དང༌། སྤེད་པ་དག་ཀྱང་བྱེད་པས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་ཆོས་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་ཞིང་ཉེས་དམིགས་དེ་ལྟ་བུར་གྱུར་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། །ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུ་བ། ཉེས་པ་ནི་རང་གི་ལུས་མ་སྦས་པ་དང༌། གཞན་གྱི་བྱ་བ་ཤོར་བའོ། །གནང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་རྒྱལ་པོའི་ཁབ་ན་སྡེ་ཚན་མའི་ཕུག་ན་གསོ་སྦྱོང་གཅིག་
པའི་གནས་ཀྱི་སྡོམ་པས་དགེ་འདུན་དང་མཐུན་པར་འདུག་གོ །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་དེ་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པའི་ཚེ་གསོ་སྦྱོང་གི་གནས་སུ་འདུག་ཅིང་མཐུན་པར་གྱུར་ནས། གཙོ་ཆེར་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འོང་བ་ལ་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་གསོ་སྦྱོང་གི་གནས་སུ་འཕགས་པ་ན་ཆུ་ཀླུང་དབྱར་བཟང་ལྡན་རྒལ་བ་དང༌། ཆུ་རླབས་ཆེན་པོ་བྱུང་བ་ངེས་དེའི་སྣམ་སྦྱར་གཤེར་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སྣམ་སྦྱར་དེ་བཙིར་བ་དང༌། འདིང་བ་དང་སྐེམས་པ་ན་ཡུན་རིང་དུ་ཐོགས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སྣམ་སྦྱར་དེ་བཙིར་ཞིང་བཏིང་སྟེ། བསྐམས་ནས་གསོ་སྦྱོང་གི་གནས་ག་ལ་བདེར་སོང་སྟེ་ཕྱིན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུངས་ཆེན་པོས་མཁྱེན་པར་མཛོད་ཅིག །འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་གསོ་སྦྱོང་གི་གནས་སུ་འདུག་ཅིང་མཐུན་པར་གྱུར་ནས། གཙོ་ཆེར་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་སྡོད་ཅིང་འཁོད་ན། འདི་ལྟར་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འཕྱིས་པར་གྱུར་ཏོ། །སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་བདག་གསོ་སྦྱོང་གི་གནས་སུ་འཕགས་པ་ན་ཆུ་ཀླུང་དབྱར་བཟང་ལྡན་རྒལ་བ་དང༌། ཆུ་རླབས་ཆེན་པོ་བྱུང་བ་དེས་བདག་གི་སྣམ་སྦྱར་གཤེར་བར་གྱུར་ན། བདག་སྣམ་སྦྱར་འཚིར་བ་དང༌། འདིང་བ་དང༌། སྐེམས་པ་ན་ཡུན་རིང་ཞིག་ཐོགས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་ད་ལྟར་བདག་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ལགས་ལ། བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་དེ་ཉིད་དུ་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ད་ལྟར་བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལགས་ལ་བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། བདག་གིས་ཇི་ལྟར་བགྱི་ཞེས་ཟེར་
བའི་སྐབས་དེ་ཡང་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་དང༌། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་དང༌། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སྣམ་སྦྱར་དང་བྲལ་བར་མི་འགྱུར་བའི་གནང་བ་བྱིན་ཅིག །འདི་ལྟར་སྦྱིན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། མཚམས་ཆེན་པོར་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཡང་རུང༌། དཀྱིལ་འཁོར་པར་དགེ་སློང་བཞིའི་ཚོགས་ལས་མི་ཉུང་བའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། དགེ་སློང་འོད་སྲུངས་ཆེན་པོ་དང་ཤཱ་རིའི་བུས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་རིམས་ལ་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་དགེ་འདུན་ལ་སྣམ་སྦྱར་བསྟན་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལགས་ལ། བདག་གི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། བདག་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་དགེ་འདུན་ལས་སྣམ་སྦྱར་དང་བྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། བདག་དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་བའོ།། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུངས་ཆེན་པོ་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ་
འདེའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ལོ། །འདི་ནི་གསོལ་བའོ། ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འོད་སྲུངས་ཆེན་པོ་འདི་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་འདི་རླུང་ནད་ཅན་ལགས་ལ། འདིའི་སྣམ་སྦྱར་ནི་ལྕི་བས་ཡོངས་སུ་སྐྱོང་བར་རྔོ་མི་ཐོགས་ན། དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་འདི་དགེ་འདུན་ལས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་པའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་ས་དགེ་སློང་འོད་སྲུངས་ཆེན་པོ་རྒན་པོ་རྒས་པ་དགོག་ཏུ་གྱུར་པའམ། དགེ་སློང་ཤཱ་རིའི་བུ་རླུང་ནད་ཅན་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་གང་ཡང་རུང་བ་ལ་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པར་གྱུར་ན། དེས་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་རྣམས་ཀྱི་བསྔགས་པ་བརྗོད་ཅིང་བསླབ་པ་ལ་གུས་པ་རྣམས་དང༌། བསླབ་པ་ལ་
ཡོ་བྱད་པ་སྙུངས་བ་རྣམས་དང༌། ཕྲི་བ་རྣམས་དང༌། སྦྱངས་པའི་ཡོན་ཏན་རྣམས་དང༌། མཛེས་པ་རྣམས་དང༌། ཚོད་ཤེས་པ་རྣམས་ཀྱི་ཡོན་ཏན་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས། ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་ཤཱ་རིའི་བུ། ཉོན་མོངས་པ་ནི་རྒས་པ་དང་ནབ། ཉེས་པ་ནི་མེད་དོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་པས་ཞེས་བྱ་བ་ནི། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་བས་སོ། །སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་ཞེས་བྱ་བ་ནི་དགེ་འདུན་དབྱར་སྔ་མའམ། ཕྱི་མར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱི་དབྱར་གྱི་རྙེད་པ་དང༌། ཕན་ཡོན་གྱི་གཏན་པ་བཅའ་བའི་ཆོས་གོས་གཏན་པ་ལྟ་བུ་བྱིན་གྱིས་བརླབས་པའོ། །ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་དབྱུང་བའི་དུས་ནི་རྣམ་པ་གཉིས་ཏེ། དབྱར་སྔ་མར་གནས་པར་ཁས་བླངས་པས་སྟོན་ཟླ་འབྲིང་པོའི་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི། དེ་དབྱུང་བའི་དུས་དཔྱིད་ཟླ་རབ་ཉའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པས་སྟོན་ཟླ་ཐ་ཆུངས་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་བའི་དུས་དཔྱིད་ཟླ་འབྲིང་པོའི་ཉའོ། །དེ་དག་གི་རྣམ་པར་གཞག་པ་ཞིབ་ཏུ་ནི་དབྱར་གྱི་གཞི་དང་དགག་དབྱེའི་གཞི་དང༌། སྲ་བརྐྱང་གི་གཞི་ལས་འབྱུང་ངོ༌། །དེ་ལ་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །དེ་ལ་རེ་ཞིག་ཇི་ཙམ་གྱིས་ན་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། འདི་
ལྟ་སྟེ་དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ལ་དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ་ཇི་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ཡིན་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲབ་པ་དང༌། ཁ་བསྒྱུར་ཏེ་མ་ཟིན་ལ་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ཅིང་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །འདིར་ནི་སྲ་བརྐྱང་ཕྱུང་བ་ཡན་ལག་གི་གཙོ་བོར་བཞེད་དོ། །གལ་ཏེ་ནུབ་གཅིག་ཀྱང་ཞེས་བྱ་བ་ནི་ནུབ་གཅིག་གི་མཐར་ཡང་ངོ༌། །ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་ཞེས་བྱ་བ་ནི་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་ལས་གང་ཡང་རུང་བ་དག་གོ །མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་ཞེས་བྱ་བ་ནི་གཞན་དུ་སྐྱ་རེངས་འཆར་བར་བྱེད་ནའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་གཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གནང་བ་མ་ཐོབ་པས་ཆོས་གོས་བྱིན་གྱིས་བརླབས་པ་དང༌། གནས་ཉེ་འཁོར་དང་བཅས་པ་ནས་ཞག་གཅིག་བྲལ་ན། འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་འབྲལ་བའི་སྤང་བའི་ལྟུང་བ་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་པ། ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་
བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འབྲལ་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་དེ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ་།དགེ་སློང་གིས་དགེ་འདུན་ལ་མངའ་བའི་ཆོས་གོས་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པ་རང་གིས་བྱིན་གྱིས་བརླབས་པ་དང་བྲལ་ན། འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་དགེ་འདུན་མངའ་བའི་ཆོས་གོས་གང་ཟག་གི་བདག་ཉིད་དུ་རིས་སུ་མ་བཅད་པ་རང་གིས་བྱིན་གྱིས་བརླབ་པ་དང་བྲལ་ན་སྤང་བར་ནི་མི་བྱ་ལ་ལྟུང་བྱེད་དུ་འགྱུར་རོ། །ཆོས་གོས་བཟང་ངན་དང་མང་ཉུང་ལ་ན་སྨད་པ་མེད་དོ། །ཆོས་གོས་རུང་བ་དང༌། ཚད་དང་ལྡན་པ་ཉིད་དང། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ཆོས་གོས་དམ་དུམ་དུ་གྱུར་པ་ལ་ན་སྨད་པ་མེད་དོ། །གོས་ཞག་བཅུ་འདས་པའི་སྤང་བ་ལ་ཐུགས་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱིས་རང་གི་བྱིན་གྱིས་བརླབས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བྱིན་གྱིས་བརླབས་པ་དང༌། གནང་བ་མ་ཐོབ་པའོ།། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གནང་བ་མ་ཐོབ་པ་དང༌། བྱིན་གྱིས་བརླབས་པ་དང༌། ཆོས་གོས་རུང་བ་དང༌། གནས་ཉེ་འཁོར་དང་བཅས་པ་དང༌། ཞག་གཅིག་བྲལ་བའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །གནང་བ་མ་ཐོབ་པ་དག་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་དགེ་འདུན་ལས་མ་ཐོབ་པ་སྟེ། རྒན་པོ་དང་ནད་པས་གསོལ་ཏེ། དགེ་འདུན་གྱིས་བྱིན་ན་འཐོབ་ཀྱི་གཞན་གྱིས་ནི་མི་འཐོབ་བོ། །བྱིན་གྱིས་བརླབས་པ་ནི་ཆོས་གོས་གསུམ་སྟེ། དམ་དུམ་དང༌། སྤང་བ་དང༌། དགེ་འདུན་གྱི་རྫས་ལ་ཡང་བྱིང་ཡིས་བརླབས་བ་འཆགས་སོ།། ཆོས་གོས་རུང་བ་ནི་རྒྱུ་དག་རུང་བ་དང་ཚད་དང་ལྡན་པའོ། །གནས་ཉེ་འཁོར་དང་བཅས་པ་ནི་མཚན་ཉིད་འོག་ནས་འབྱུང་བ་ལྟ་བུའོ། །ཞག་གཅིག་བྲལ་བ་ནི་མཚམས་གཞན་དུ་སྐྱ་རེངས་འཆར་བའོ། །གནས་ཉེ་འཁོར་དང་བཅས་པ་ཞེས་སྨོས་པ་ནི། འདིར་ཟློས་པ་ཙམ་ལ་གནས་པ་མི་བཞེད་དེ། །
དེའི་ཕྱིར་འདི་མན་ཆད་གནས་དེའི་མཚན་ཉིད་བསྟན་པར་བྱའོ། །དེའི་ཕྱིར་རྣམ་པར་འབྱེད་པའི་བར་སྡོམ་ལས། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང༌། །ཁྱིམ་གྱི་ཚོགས་དང་ལྡན་པ་དང༌། །རྩིག་བ་རིབ་མ་འོབས་བསྐོར་དང༌། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །སྟེན་འགྲོ་མུ་སྟེགས་ཚོང་རྡལ་དང། །ཚོང་ཁང་དགྲ་ཁང་གཡུལ་དང་ནི། །གཡུལ་ཚོམས་གྲུ་དང་ཤིང་རྟ་དང༌། །ཤིང་ལྗོན་ཀུན་དགའ་ར་བ་ཡིན། །ལམ་དུ་འགྲོ་སྡོང་འདུག་ཉལ་དང༌། །ཐད་ཀར་ཡང་ནི་ད་བཞིན་ཉིད། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་གསུངས་པའི་རིམ་གྱིས་ཁྱིམ་གཅིག་དང་ལྡན་པའི་གྲོང་དང༌། ཁྱིམ་གཉིས་དང་ལྡན་པའི་གྲོང་དང༌། ཁྱིམ་གྱི་ཚོགས་དང་ལྡན་པའི་གྲོང་དང༌། རྩིག་པས་བསྐོར་བའི་གྲོང་དང༌། རིབ་མས་བསྐོར་བའི་གྲོང་དང༌། འོབས་ཀྱིས་བསྐོར་བའི་གྲོང་དང༌། རྣམ་བཞིར་བྱ་བའི་གྲོང་ཉེ་འཁོར་གཅིག་པ་དང༌། གྲོང་ཉེ་འཁོར་ཐ་དད་པ་དང༌། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། གྲོང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཁྱིམ་ཉེ་འཁོར་གཅིག་པ་དང༌། ཁྱིམ་ཉེ་འཁོར་ཐ་དད་པ་དང༌། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། སྟེན་འགྲོའི་ཁྱིམ་ཉེ་འཁོར་གཅིག་པ་དང༌། སྟེན་འགྲོའི་ཁྱིམ་ཉེ་འཁོར་ཐ་དད་པ་དང༌། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། སྟེན་འགྲོའི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་གཅིག་པ་དང༌། མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་ཐ་དད་པ་དང༌། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཚོང་རྡལ་ཉེ་འཁོར་གཅིག་བ་དང༌། ཚོང་རྡལ་ཉེ་འཁོར་ཐ་དད་པ་དང༌། ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཚོང་རྡལ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཚོང་ཁང་ཉེ་འཁོར་གཅིག་པ་དང༌། ཚོང་ཁོང་ཉེ་འཁོར་ཐ་དད་པ་དང༌། ཚོང་ཁང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཚོང་ཁང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། དགྲ་ཁང་ཉེ་འཁོར་གཅིག་པ་དང༌། དགྲ་ཁང་ཉེ་འཁོར་ཐ་དད་པ་དང༌། དགྲ་ཁང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། དགྲ་ཁང་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌།
གཡུལ་ཉེ་འཁོར་གཅིག་པ་དང༌། གཡུལ་ཉེ་འཁོར་ཐ་དད་པ་དང༌། གཡུལ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། གཡུལ་རབ་ཏུ་མག་པོ་ཉེ་འཁོར་ཐ་དད་པ་དང༌། གཡུལ་གྱི་ཚོགས་ཉེ་འཁོར་གཅིག་པ་དང༌། གཡུལ་གྱི་ཚོམས་ཉེ་འཁོར་ཐ་དད་པ་དང༌། གཡུལ་གྱི་ཚོམས་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། གཡུལ་གྱི་ཚོམས་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། གྲུ་ཉེ་འཁོར་གཅིག་པ་དང༌། གྲུ་ཉེ་འཁོར་ཐ་དད་པ་དང༌། གྲུ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། གྲུ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཤིང་རྟ་ཉེ་འཁོར་གཅིག་པ་དང༌། ཤིང་རྟ་ཉེ་འཁོར་ཐ་དད་པ་དང། ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཤིང་རྟ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཤིང་ལྗོན་པ་ཉེ་འཁོར་གཅིག་པ་དང༌། ཤིང་ལྗོན་པ་ཉེ་འཁོར་ཐ་དད་པ་དང༌། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཤིང་ལྗོན་པ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ཀུན་དགའ་ར་བ་ཉེ་འཁོར་གཅིག་པ་དང༌། ཀུན་དགའ་ར་བ་ཉེ་འཁོར་ཐ་དད་པ་དང༌། ཀུན་དགའ་ར་བ་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང༌། ཀུན་དགའ་ར་བ་རབ་ཏུ་མང་པོ་ཉེ་འཁོར་ཐ་དད་པ་དང༌། ལམ་དུ་འགྲོ་བ་ལ་སོགས་པ་དང༌། ཐད་ཀར་འགྲོ་བ་ལ་སོགས་པ་དང༌། མཚམས་གཞན་དག་གི་གནས་སུ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་དགེ་སློང་ཆོས་གོས་དང་མི་འབྲལ་བ་དང༌། འབྲལ་བའི་ལྟུང་བ་ཉིད་ནས་རྣམ་པར་གཞག་པའི་བྱེ་བྲག་རྒྱ་ཆེར་བསྟན་ཏོ། །ཁྱིམ་གཅིག་དང་ལྡན་པའི་གྲོང་ལ་སོགས་པ་ཇི་སྐད་སྨོས་པ་དེ་དག་ལ། ལས་ཀྱི་མཚམས་རྣམས་བཅད་པ་དང༌། རྩིག་པ་དང༌། རིབ་མ་དང༌། འོབས་ཀྱིས་བསྐོར་བ་ལ་སོགས་པ་དང༌། ཆུ་ཀླུང་དང༌། ངམ་གྲོགས་དང༌། ནམ་མཁས་ཆོད་པ་ལ་སོགས་པ་མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའོ། །མཚམས་མ་བྱས་པ་ལ་ནི་བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ། །བདག་པོ་ནོར་ལས་དད་པ་དང༌། ལྟ་བ་ལས་དད་པ་ཐ་དད་པ་རྣམས་ཀྱི་བར་གྱི་མཚམས་ཀྱང་ཐ་དད་པ་ཉིད་དོ། །བདག་པོ་ཆོས་འདི་བ་དང་ཆོས་གཞན་བདག་ནི་ལྟ་བ་ལས་དད་པ་ཐ་དད་པ་ཉིད་ཡིན་པས་དེ་དག་གི་བར་གྱི་མཚམས་རྣམས་ཀྱང་ཐད་དད་པ་ཉིད་དོ། །བདག་པོ་ཕ་དང་བུ་ནོར་ཐ་དད་པ་དག་གིས་ནོར་ལས་དད་པ་ཐ་དད་པ་ཉིད་ཡིན་པས་
དེ་དག་གི་བར་གྱི་མཚམས་རྣམས་ཀྱང་ཐ་དད་པ་ཉིད་དོ། །བདག་པོའམ་མ་བུ་གང་ཡང་རུང་བ་ལྷུང་བཟེད་ཁས་ཕུབ་པས་སམ། ཁྲིམས་སུ་བྱ་བས་སྤངས་པ་དང་མ་སྤངས་པ་དག་ནི་བ་དང་བུ་ནོར་ལས་དད་པ་ཐ་དད་པ་ཉིད་དང་འདྲ་བས་དེ་དག་གི་བར་གྱི་མཚམས་རྣམས་ཀྱང་ཐ་དད་པ་ཉིད་དོ། །མཚམས་ཐ་དད་པ་དེ་དག་ལ་དགེ་སློང་གིས་ཆོས་གོས་ནང་དུ་གཞག་སྟེ། བདག་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་དམ། བདག་ནང་དུ་འདུག་སྟེ་ཆོས་གོས་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་གཅིག་དང་ལྡན་པའི་གྲོང་ལ་སོགས་པར་ཇི་སྐད་སྨོས་པ་དེ་དག་ལ་ནང་དང་ཉེ་འཁོར་ཐུན་མོང་བ་དང༌། གྲོང་ཉེ་འཁོར་གཅིག་པ་ལ་ལྷའི་གནས་ཐུན་མོང་པ་དང༌། ཁྱིམ་ཉེ་འཁོར་ཐ་དད་པ་ལ་སྒྲོ་ཐུན་མོང་བ་དང༌། སྟེན་འགྲོའི་ཁྱིམ་ཉེ་འཁོར་ཐ་དད་པ་ལ་རྒྱལ་མཚན་གྱི་ཤིང་ཐུན་མོང་བ་དག་མུ་སྟེགས་ཅན་གྱི་ཁྱིམ་ཉེ་འཁོར་ཐ་དད་པ་ལ་ལྷའི་གནས་ཐ་དད་པ་ཐུན་མོང་བ་དང༌། ཚོང་རྡལ་ཉེ་འཁོར་ཐ་དད་པ་ལ་གཞག་སྟེགས་ཐུན་མོང་བ་དང༌། ཐོང་ཁང་ཉེ་འཁོར་ཐ་དད་པ་ལ་འདུག་སྟེགས་ཐུན་མོང་བ་དང༌། དགྲ་ཁང་ཉེ་འཁོར་ཐ་དད་པ་ལ་ཡ་གད་ཐུན་མོང་བ་དང༌། གཡུལ་ཉེ་འཁོར་ཐ་དད་པ་ལ་གཡུལ་གྱི་དབུས་ཐུན་མོང་བ་དང༌། གཡུལ་གྱི་ཚོགས་ཉེ་འཁོར་ཐ་དད་པ་ལ་སྒོ་ཐུན་མོང་བ་དང༌། གྲུ་ཉེ་འཁོར་ཐ་དད་པ་ལ་གྲུ་གདོང་ཐུན་མོང་བ་དང༌། ཤིང་རྟ་ཉེ་འཁོར་ཐ་དད་པ་ལ་ཁ་ལོ་བའི་གནས་ཐུན་མོང་བ་དང༌། ཤིང་ལྗོན་པ་ཉེ་འཁོར་ཐ་དད་པ་ལ་རྩ་བ་ཐུན་མོང་བ་དང༌། ཀུན་དགའ་ར་བ་ཉེ་འཁོར་ཐ་དད་པ་ལ་ཁྲོན་པ་ཐུན་མོང་བ་དང༌། དེ་དག་ཐམས་ཅད་ལ་ཡང་སྒོ་ཡང་ཐུན་མོང་བདག་ལ་ནི་ཐུན་མོང་གི་གནས་ནི་མཚམས་གཅིག་པ་ཡིན་ལ་དེ་ལས་གཞན་པ་ནི་མཚམས་ཐ་དད་པ་ཡིན་པ་མཚམས་ཐ་དད་པ་དེ་དག་ལ་དགེ་སློང་གིས་ཆོས་གོས་ཐུན་མོང་གི་གནས་སུ་གཞག་སྟེ། བདག་ཐུན་མོང་མ་ཡིན་པར་སྐྱ་རེངས་འཆར་བར་བྱེད་དམ། བདག་ཐུན་མོང་གི་གནས་སུ་འདུག་སྟེ། ཆོས་གོས་ཐུན་མོང་མ་ཡིན་པའི་གནས་སུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཤིང་ལྗོན་པ་ལ་ཡལ་ག་དང་ཡང་ག་ཕྲ་མོ་དག་མ་རེག་པ་ནི་གནས་ཐ་དད་པ་ཉིད་དོ། །རྩ་བ་དང་རྩ་བའི་རྩ་བ་ལ་སོགས་པ་ནི་ཐུན་མོང་སྟེ་གནས་གཅིག་པ་ཉིད་དོ། །ཡལ་ག་དང་ལོ་མ་རེག་པའི་
ཤིང་ལྗོན་པ་རྣམས་ཀྱང་ཐུན་མོང་སྟེ་གནས་གཅིག་པ་ཉིད་དོ། །ཤིང་ལྗོན་པ་དེའི་ཆ་འོག་མར་དཔྱངས་པ་དང༌། བླ་གབ་ཀྱི་ཆ་འོག་མར་དཔྱངས་པ་དང༌། གྲུ་དང་ཤིང་རྟ་དག་གི་ཆ་འོག་མར་དཔྱངས་པ་ཡང་ཐུན་མོང་སྟེ་གནས་གཅིག་པ་ཉིད་དོ། །ཁང་ཁྱིམ་ལ་སོགས་པ་ལྟ་བུའི་མཚམས་མེད་པ་དགོན་པ་ལ་སོགས་པ་ལྟ་བུའི་གནས་ལ་ནི་ལུས་ཀྱི་ཡན་ལག་གིས་ཁྱབ་པ་མཐའ་ཉིད་དེ། དེ་ཚུན་ཆད་གནས་གཅིག་པ་ཉིད་དོ། །ཕྱོགས་ཐམས་ཅད་དུ་ཤིང་ལྗོན་པའི་ཡལ་ག་ཉིད་དང༌། ལོ་མ་ལ་སོགས་པ་འབྲེལ་པ་དང༌། གྲོང་ཁྱེར་གྱི་སྟེང་ལ་སོགས་པ་འབྲེལ་པ་དང༌། ཐག་པས་འབྲེལ་པ་ལ་སོགས་པས་ཁྱབ་པའི་གནས་སུ་ནི་དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་ཐ་དད་པ་ཉིད་དོ། །ལྟ་བ་དང་མཚན་མཐུན་པ་གཞན་གནས་པས་དགེ་སློང་གི་མཚམས་མི་ཉམས་སོ། །ཤིང་ལྗོན་པ་ལ་སོགས་པ་ལ་དེ་དག་ལ་གནས་ཐ་དད་པ་ནི་མཚམས་སུ་མ་གཏོགས་ལ། གནས་གཅིག་པ་ཉིད་ནི་མཚམས་སུ་གཏོགས་པས། གནས་ཐ་དད་ཕ་དེ་དག་ལ་དགེ་སློང་གིས་ཆོས་གོས་གནས་ཐ་དད་པར་གཞག་སྟེ། བདག་གནས་གཅིག་པར་སྐྱ་རེངས་འཆར་བར་བྱེད་དམ། བདག་གནས་ཐ་དད་པར་འདུག་སྟེ། ཆོས་གོས་གནས་གཅིག་པར་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གནས་བསྟན་ནས། ད་ནི་གནས་དེའི་ཉེ་འཁོར་བརྗོད་པར་བྱ་སྟེ། ཉེ་འཁོར་ནི་རྣམ་པ་གཉིས་ཏེ་བརྩམ་དུ་རུང་བ་ཉིད་ཀྱི་ཉེ་འཁོར་དང༌། ཉེས་པར་སྤྱོད་པ་ཉིད་ཀྱི་ཉེ་འཁོར་རོ། །དེ་ལ་བརྩམ་དུ་རུང་བ་ཉིད་ཀྱི་ཉེ་འཁོར་ནི་ཐམས་ཅད་ལ་ཡང་ཁོར་ཁོར་ཡུག་ཏུ་འདོམ་རེ་རེའོ། །གྲོང་གི་བྱེ་བྲག་གསུམ་གྱི་གཞི་ལས་ནི་བརྩམ་དུ་རུང་བ་ཉིད་ཀྱི་ཉེ་འཁོར་གྱི་བྱེ་བྲག་རིས་སུ་ཆད་པ་དང༌། བསྒྲུབ་པ་ཞེས་བྱ་བ་དག་ཡོད་དོ། །དེ་ལ་རྩིག་པས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱི་ལམ་གྱིས་ཁྱབ་པའམ། བྱ་གག་སྤར་ནས་འདུག་པའི་ལམ་གྱིས་ཁྱབ་པ་ཉེ་འཁོར་རོ། །རིབ་མས་བསྐོར་བའི་གྲོང་ལ་ནི་ར་ལུག་གི་རྡུལ་གྱི་ལམ་གྱིས་ཁྱབ་པའམ། མི་རང་བཞིན་གྱི་ངོ་ཚ་དང་ལྡན་པའི་བཤང་པའི་ལམ་གྱིས་ཁྱབ་པ་ཉེ་འཁོར་རོ། །འོབས་ཀྱིས་བསྐོར་བའི་གྲོང་ལ་ནི། སྐས་གདང་བུ་གཅིག་པའི་སྲིད་ཀྱི་ལམ་གྱིས་ཁྱབ་པའམ། ཕྱག་དར་བོར་བའི་བོང་བ་རགས་པ་འདྲིལ་
བའི་ལམ་གྱིས་ཁྱབ་པ་ཉེ་འཁོར་རོ། །གྲོང་གི་བྱེ་བྲག་གསུམ་གྱིས་གཞི་ལས་ཉེ་འཁོར་གྱི་བྱེ་བྲག་དེ་དག་ལས། རྩིག་པས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་པ་གཉིས་དང༌། འོབས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་དང་པོ་ཤོས་ནི་རིས་སུ་བཅད་པའི་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་པ་གཉིས་དང༌། འོབས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་འོག་མ་ཤོས་ནི་བསྒྲུབ་པའི་ཉེ་འཁོར་ཡིན་ཏེ། དེ་དག་ནི་བརྩམ་དུ་རུང་བ་ཉིད་ཀྱིས་གནས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བའི་ཉེ་འཁོར་རོ། །ཉེ་བར་སྤྱོད་པ་ཉིད་ཀྱིས་གནས་དང་ཉེ་བར་གྱུར་བའི་ཉེ་འཁོར་ནི་གནས་དེའི་འཕྲལ་གྱི་བྱ་བ་དང༌། འགྲོ་བ་དང༌། འདུག་པ་དང༌། རྡུལ་དེ་དག་གིས་དེར་གཏོགས་པ་ཁྱབ་པ་སྟེ། ལུང་ལས་ཁྱིམ་ལ་སོགས་པ་གང་ན་དེ་དག་འདྲུབ་དང༌། རྡོ་བ་དང༌། འཐག་པ་དང༌། ཁྱེའུ་སུས་བྱེད་པ་ལ་སོགས་པ་ནི་ཉེ་འཁོར་རོ་ཞེས་གསུངས་པ་ཡིན་ནོ། །མཚམས་མེད་པའི་ལམ་དུ་དགེ་སློང་དང་ཆོས་གོས་ཁྱེར་བ་ཐ་དང་དུ་མ་ཡིན་པར་འགྲོ་བ་ལ་ནི་སྔ་ཕྱིར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་རོ། །གཡས་གཡོས་སུ་ནི་སྐྱེ་བོ་དག་གིས་ལམ་གཅིག་ཏུ་གཏོགས་པར་ཤེས་པ་དེ་ཚུན་ཆད་ཉེ་འཁོར་རོ། །ནམ་མཁའ་དང་ཆུ་ལ་སོགས་པས་ཆོད་པ་མཚམས་གཞན་ནི་དྲུང་ན་འདུག་ཀྱང་ཉེ་འཁོར་མ་ཡིན་ནོ། །གྲོང་གི་ཉེ་འཁོར་དུ་གཏོགས་པ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ཏེ། དཔེར་ན་གྲོང་གི་ཉེ་འཁོར་དུ་མཚམས་གཅོད་པར་བྱེད་ན་ཡང་མཚམས་སུ་མི་འགྱུར་ལ། མཚམས་སུ་གྱུར་ཟིན་པའི་ནང་དུ་གྲོང་གི་ཉེ་འཁོར་ཞིག་ཕྱིས་བྱུང་ན་ཡང་དེ་ཉི་ཚེ་མཚམས་སུ་མ་གཏོགས་པར་ཁོལ་དུ་བྱུང་བ་ལྟ་བུའོ། །དེ་ལྟར་ཉེ་འཁོར་ཇི་སྐད་བསྟན་པ་དེ་དག་ནི་གནས་ཀྱི་ཁོངས་སུ་གཏོགས་པ་ལ། དེ་ལས་གཞན་པ་ནི་གནས་སུ་མ་གཏོགས་པ་ཉིད་ཡིན་པས་དགེ་སློང་གིས་ཆོས་གོས་ཉེ་འཁོར་དུ་གཞག་སྟེ། བདག་ཕྱི་རོལ་དུ་སྐྱ་རེངས་འཆད་བར་བྱེད་དམ། བདག་ཉེ་འཁོར་དུ་འདུག་སྟེ། ཆོས་གོས་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཞག་གཅིག་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་
རེ་རེའོ། །ཆོས་གོས་རུང་བ་མ་ཡིན་པ་དང༌། ཚད་པས་ཆུང་བ་བྱིན་གྱིས་བརླབས་པ་དང་བྲལ་བལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་གནང་བ་ཐོབ་པ་དང༌། བྱིན་གྱིས་མ་བརླབས་པ་དང། ཞག་གཅིག་མ་བྲལ་བ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་བཏིང་བ་མ་ཕྱུང་བ་ལ་ལྟུང་བ་མེད་དོ། །གདིང་བ་དང་བྲལ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འབྲལ་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གལ་ཏེ་དེང་ཉིད་ཕྱིར་ལྡོག་ཅིང་གནས་བར་བྱའོ་སྙམ་པ་མེད་ན་ནི་གདིང་བ་གཞག་སྟེ་འགྲོ་བར་མི་བྱའོ། །དེ་ལྟར་བསམས་ཏེ་སོང་ནས་དུས་མ་འབྱོར་ན་དེ་བརྙས་ཏེ་དེར་གནས་པར་བྱའོ། །མ་རྙེད་ན་བླ་གོས་བཞི་ལྟབ་ཏུ་བྱས་པའི་སྟིང་དུ་ཡུན་རིང་དུ་མི་ཉལ་བར་མཚན་མོ་འདའ་བར་བྱའོ། །གནས་གང་ན་དགེ་སློང་མེད་པ་དང༌། སྒོ་གླེགས་མེད་པ་དེར་སྣམ་སྦྱར་གཞག་པར་མི་བྱའོ། །སྣམ་སྦྱར་གཞག་པར་མི་འོས་པའི་གནས་སུ་དབྱར་གྱི་གོས་རས་ཆེན་ཡང་གཞག་པར་མི་བྱ་སྟེ། ཆར་འབབ་ན་དབྱར་གྱི་གོས་རས་ཆེན་གཞག་སྟེ་འགྲོ་བར་མི་བྱའོ། །ཆུ་གླུང་གིས་ཆོད་པར་འགྲོ་ན་ཡང་དབྱར་གྱི་གོས་རས་ཆེན་མི་གཞག་གོ །ཆར་བ་འབབ་པ་དང༌། ཆུ་ཀླུང་གིས་ཆོད་པ་དེ་ཉིད་ཡོད་པར་དོགས་པའི་གནས་སུ་འགྲོ་ན་ཡང་དབྱར་གྱི་གོས་རས་ཆེན་མི་གཞག་གོ །དགེ་སློང་དང་བཅས་པ་ཉིད་དང༌། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་མེད་པ་དང༌། ཆར་འབབ་པ་དང༌། ཆར་འབབ་པར་དོགས་པ་མེད་པ་དང༌། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ལྟ་བུ་མེད་ན་སྣམ་སྦྱར་གཞག་སྟེ་གར་ཡང་འགྲོ་བར་མི་བྱའོ། །དེ་དག་ཡོད་ན་ཡང་གནང་བ་མ་བྱིན་པ་དང༌། སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་
མེད་པར་གར་ཡང་འགྲོ་བར་མི་བྱའོ། །གལ་ཏེ་དགེ་སློང་ཆར་པ་འབབ་པ་ལ་སོགས་པའི་རྐྱེན་གྱིས་སྣམ་སྦྱར་མེད་པར་གྲོང་གཞན་དུ་འགྲོ་ཞིང༌། ཉི་མ་དེ་ཉིད་ལ་གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་སྔགས་ཕྱུང་སྟེ་རང་གི་གོས་གཞན་ནམ། ཁྱིམ་པ་ཡན་ཆད་ཀྱི་གོས་སམ། གཞན་ལས་བརྙས་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེའི་ཆོ་ག་ནི་ལས་སྤྱིར་བསྟན་པ་ལས་ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབ་པ་ནི་ཉེ་བར་མི་གནས་ན། ཡིད་ཀྱིས་རྣམ་པར་བརྟག་པས་འཆགས་སོ་ཞེས་འབྱུང་བ་ཡིན་ཏེ། ཆོས་གོས་ཕྱིན་གྱིས་བརླབ་པ་ནི་དགེ་སློང་གཞན་ཉེ་བར་མི་གནས་ན་ཆོས་གོས་ཉེ་བར་གནས་པ་རང་གི་ཡིད་ཀྱིས་རྣམ་པར་བརྟག་པས་འཆགས་སོ། །ཆོས་གོས་དབྱུང་བ་ལ་ནི་ཆོས་གོས་ཉེ་བར་མི་གནས་ན་དགེ་སློང་གཞན་ཉེ་བར་གནས་པ་ལ་ཡང་རུང༌། དགེ་སློང་གཞན་ཡང་ཉེ་བར་མིག་ནས་ན་རང་གི་ཡིད་ཀྱིས་རྣམ་པར་བརྟག་པས་འཆགས་ཏེ། དེ་བས་ན་ཆོས་གོས་ཉེ་བར་མི་གནས་ཀྱང་དབྱུང་བ་གྲུབ་པ་ཁོ་ནར་འགྱུར་རོ། །དེའི་ཆོ་ག་དང་སྔགས་ནི་ཇི་ལྟར་དགེ་སློང་གཞན་དང་ཆོས་གོས་ཉེ་བར་གནས་པ་ལ་བྱིན་གྱིས་བརླབ་པ་དང་དབྱུང་པ་དེ་ལྟར་དགེ་སློང་གཞན་དང༌། ཆོས་གོས་ཉེ་བར་མི་གནས་པ་ལ་ཡང་རང་གི་ཡིད་ཀྱིས་རྣམ་པར་བརྟགས་ཏེ་གཞག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་པ་ཡིན་ཏེ། གསོ་སྦྱོང་དང༌། དགག་དབྱེ་དང༌། ཆོས་གོས་བྱིན་གྱིས་བརླབས་པ་དང༌། ཆོས་གོས་དབྱུང་བ་དང༌། གང་ཟག་གིས་མགྲོན་དུ་བོས་པའོ་ཞེས་གསུངས་པ་ཡིན་ནོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན། རྒན་པོ་དང་ནད་པ་ལ་སོགས་པ་དག་ལ་མི་འབྲལ་བའི་གནང་བ་སྦྱིན་ནོ། །དེའི་ཆོ་ག་ནི་སྔར་གླེང་གཞིའི་སྐབས་སུ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང༌། ཤཱ་རིའི་བུ་བྱུང་བའི་མཐའ་ལོགས་སུ་བསྟན་པ་བཞིན་དུ་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འབྲལ་བའི་སྤང་བ་སྟེ་གཉིས་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་པ། འཇོག་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། དགེ་སློང་
གང་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ན་དེས་དེ་བྱེད་དུ་མི་འཇུག་པར་གནས་གང་གི་ཚེ་འདི་དང་འདྲ་བ་རྙེད་པར་གྱུར་བ། དེའི་ཚེ་གོས་བྱེད་དུ་གཞུག་གོ་སྙམ་དུ་རེ་བས་དེ་འཇོག་པར་བྱེད་ཅིང༌། སྔོན་པོ་ཇི་ལྟ་བ་བཞིན་དུ་སེར་པོ་དང༌། དམར་པོ་དང༌། སྟུག་པོ་དང་སྲབ་མོ་ཡང་དེ་བཞིན་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་གོས་མང་བ་ཉིད་འདི་ལྟ་བུ་འདི་བྱུང་སྟེ། དགེ་སློང་གང་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ན་དེས་དེ་བྱེད་དུ་མི་འཇུག་པར་དེ་གང་གི་ཚེ་འདི་དང་འདྲ་བ་རྙེད་པར་གྱུར་པ་དེའི་ཚེ་གོས་བྱེད་དུ་གཞུག་གོ་སྙམ་དུ་རེ་བས་དེ་འཇོག་པར་བྱེད་ཅིང་སྔོན་པོ་ཇི་ལྟ་བ་བཞིན་དུ་སེར་པོ་དང༌། དམར་པོ་དང༌། སྟུག་པོ་དང༌། སྲབ་མོ་ཡང་དེ་བཞིན་ནོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་དུས་མ་ཡིན་པའི་གོས་ཞིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་སུ་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་ལ་ཁ་མ་ལངས་པ་ཁ་སྐོང་བའི་གོས་ལ་རེ་བ་ཡོད་ན་དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་ཟང་ཟིང་ལ་གདུ་བ། ཉེས་པ་ནི་གོས་ཀྱི་ཁ་སོགས་འཇོག་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཆོས་གོས་ཟིན་པས་ཞེས་བྱ་བ་ནི་དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུ་བ་པ་དང༌། ཁ་བསྒྱུར་བས་སོ། །སྲ་བརྐྱང་ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་ཞེས་བྱ་བ་ནི་དགེ་འདུན་དབྱར་སྔ་མའམ། ཕྱི་མར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་དགེ་སློང་ཐམས་ཅད་ཀྱི་དབྱར་གྱི་རྙེད་པ་དང་ཕན་ཡོན་གྱི་གཏན་པ་བཅའ་བའི་ཆོས་གོས་
གཏན་པ་ལྟ་བུ་བྱིན་གྱིས་བརླབས་པའོ། །ཕྱུང་ན་ཞེས་བྱ་བ་ལ་སྲ་བརྐྱང་ཕྱུང་བའི་དུས་ནི་རྣམ་པ་གཉིས་ཏེ། དབྱར་སྔ་མར་གནས་པར་ཁས་བླངས་པས་སྟོན་ཟླ་འབྲིང་པོ་ཉ་ལ་དགག་དབྱེ་བྱས་ཏེ། ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་བའི་དུས་དཔྱིད་ཟླ་ར་བ་ཉའོ། །དབྱར་ཕྱི་མར་གནས་པར་ཁས་བླངས་པས་སྟོན་ལ་ཐ་ཆུངས་ཉ་ལ་དགག་དབྱེ་བྱས་ཏེ་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ན་ནི་དེ་དབྱུང་བའི་དུས་དཔྱིད་ཟླ་འབྲིང་པོ་ཉའོ། །དེ་དག་གི་རྣམ་པར་གཞག་པ་ཞིབ་ཏུ་ནི་དབྱར་གྱི་གཞི་དང༌། དགག་དབྱེའི་གཞི་དང༌། སྲ་བརྐྱང་གི་གཞི་ལས་འབྱུང་ངོ༌། །དེ་ལ་དགེ་སློང་ཆོས་གོས་ཟིན་པས་ར་བརྐྱང་ཕྱུང་ན་ཞེས་བྱ་བ་ལ་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཡིན་པ་ཡང་ཡོད། ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །དེ་ལ་རེ་ཞིག་ཇི་ཙམ་གྱིས་ན་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ལ་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་མ་ཡིན་ནོ། །ཇི་ཙམ་གྱིས་ན་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲ་བ་པ་དང༌། ཁ་བསྒྱུར་མ་ཟིན་པ་ལ་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་ཟིན་ཅིང་སྲ་བརྐྱང་ཕྱུང་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་གིས་ཆོས་གོས་དག་བཀྲུ་བ་དང༌། དྲ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་ཟིན་ཅིང་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཇི་ཙམ་གྱིས་ན་ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། འདིར་ནི་སྲ་བརྐྱང་ཕྱུང་བ་ལ་ཡན་ལག་གི་གཙོ་བོར་བཞེད་དོ། །དུས་མ་ཡིན་པའི་གོས་ཤིག་ཅེས་བྱ་བ་ལ་དགེ་སློང་གི་གོས་ཀྱི་དུས་ནི་གང་ཡིན། དུས་མ་ཡིན་པ་ནི་གང་ཡིན་ཞེ་ན། སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་གྱི་ཟླ་བ་དེ་དག་ནི་གོས་ཀྱི་དུས་ཡིན་ལ་དེ་ཕན་ཆད་ནི་དུས་མ་ཡིན་ནོ། །སྲ་བརྐྱང་མ་བཏིང་བའི་གནས་ན་ནི་ཐམས་ཅད་དུས་མ་ཡིན་ནོ། །རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་པ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་གོས་དེ་བླང་བར་བྱའོ་ཞེས་བྱ་བ་ནི་
བདག་གིར་བྱ་བའོ། །གལ་ཏེ་ལངས་ན་ཞེས་བྱ་བ་ནི་གལ་ཏེ་ཆོག་ནའོ། །མྱུར་བ་ཁོ་ནར་གོས་སུ་བྱས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ནི་མི་བརྐྱང་བ་ཁོ་ནར་བྱིན་གྱིས་བརླབ་ཏུ་རུང་བར་བྱས་ཏེའོ། །གལ་ཏེ་མི་ལངས་ལ་ཞེས་བྱ་བ་ནི་གལ་ཏེ་མི་ཆོག་ལའོ། །ཁ་མ་ལངས་པ་ཁ་སྐོང་བའི་ཞེས་བྱ་བ་ནི་སྣམ་སྦྱར་རམ། བླ་གོས་སམ། མཐང་གོས་ཁ་མ་ལངས་པ་ཁ་སྐོང་བའིའོ། །གོས་ལ་རེ་བ་ཡོད་ན་ཞེས་བྱ་བ་ནི་དགེ་སློང་མ་ལས་བདག་ལ་གོས་སྦྱིན་པའི་རེ་བའམ། ཕའམ་ཕུ་ནུའམ། སྲིང་མོའམ། སློབ་དཔོན་ནམ། མཁན་པོས་བདག་ལ་གོས་སྦྱིན་པའི་རེ་བའམ། ལོ་ལྔའི་དུས་སྟོན་གྱི་ཚེའམ། ལོ་དྲུག་གི་དུས་སྟོན་གྱི་ཚེའམ། གཙུག་ཕུད་འབྲེག་པའི་དུས་སྟོན་གྱི་ཚེའམ། གནས་ཁང་གི་དུས་སྟོན་གྱི་ཚེའམ། དུས་སྟོན་ཆེན་པོའི་ཚེ་རྙེད་དུ་རེ་བ་ཡོད་ནའོ། །དགེ་སློང་དེས་གོས་རས་ཆེན་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ་ཞེས་བྱ་བ་ནི་ཟླ་བ་གཅིག་གི་མཐའ་ཚུན་ཆད་དུའོ། །དེ་ལས་འདས་པར་འཇོག་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་རོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤང་པའི་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པས་གོས་ཆུང་བ་ཁྲུ་གང་ཡན་ཆད་པ་ཞག་སུམ་ཅུ་འདས་པར་འཇོག་ན་འཇོག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གོས་ཁ་བསྐང་བར་བྱ་བའི་རེ་བ་མེད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་ཡོད་པ་ནི་གོས་ཆུང་བ་ཁྲུ་གང་ཡན་ཆད་པ་དེ་འཁོར་གསུམ་ཁེབས་པའི་ཚད་དུ་འཇོག་པ་དང་འདྲ་བས་ཞག་སུམ་ཅུ་འདས་པར་འཇོག་ཏུ་མི་དབང་སྟེ། ཞག་བཅུ་འདས་ན་འཆང་བའི་སྤང་བ་སྔར་བསྟན་པ་ཉིད་ཀྱི་དངོས་གཞིར་འགྱུར་རོ། །ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་ནི་ཆོག་པ་ཉིད་མ་ཡིན་ཏེ། དེས་ན་གོས་ཀྱི་ཁ་སོགས་ཆུང་བ་ཁྲུ་གང་ཡན་ཆད་པ་ནི་དེའི་ཁ་སྐོང་
བ་ཁ་དོག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དེ་དག་གི་བྱེ་བྲག་ལས་བྱས་པ་ལས་རིགས་མི་མཐུན་པ་དང༌། རྒྱུ་དག་པ་ལ་གོས་དང་རས་གོས་ལ་སོགས་པ་དང༌། དེ་དག་གི་བྱེ་བྲག་ལས་བྱས་པ་ལ་རིགས་མི་མཐུན་པ་གཞན་རྙེད་ཅིང་སྔར་གཞག་པ་དང༌། ཕྱིས་རྙེད་པ་བསྡོངས་ནས་འཁོར་གསུམ་ཁེབས་པའི་ཚད་ཡིན་དུ་ཟིན་ཀྱང་དེ་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་ཉིད་མ་ཡིན་པས་ཞག་བཅུ་འདས་ན་འཆང་བའི་སྤང་བར་མི་འགྱུར་རོ། །དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་པ་ཉིད་ཡིན་ཏེ། དེས་ན་ཁ་སོགས་ཀྱི་གོས་མང་བ་ཉིད་སྔོན་པོ་ལ་སོགས་པ་གཞག་པ་ལ་ཁ་སྐོང་བའི་གོས་དཀར་པོ་རས་ཆེན་རྙེད་པ་དང༌། ཁ་སོགས་ཀྱི་གོས་དཀར་པོ་གཞག་པ་ལ་ཁ་སྐོང་བའི་གོས་སྔོན་པོ་ལ་སོགས་པ་རྙེད་པ་ནི་རིགས་མི་མཐུན་པ་མ་ཡིན་པས་དེ་གཉིས་བསྡོངས་ན་འཁོར་གསུམ་ཁེབས་པའི་ཚད་དུ་ལངས་པ་ནི་ཞག་བཅུ་འདས་པ་དང་འཆང་བའི་ལྟུང་བ་སྤང་བའི་དངོས་གཞིར་འགྱུར་རོ། །དེ་རྙེད་ན་ཞག་བཅུ་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་ཡིན་ཏེ། དེས་ན་ཁ་སོགས་ཀྱི་གོས་གཞན་པ་གང་ཡིན་པ་དེ་དང་རིགས་མཐུན་པ་ཁ་སྐོང་བའི་གོས་དེ་རྙེད་ན་ཁ་སོགས་ཀྱི་གོས་གཞག་པ་དང་འབྲེལ་པའི་དུས་ཀྱི་ཞག་བཅུ་པ་དང་པོའམ། གཉིས་པའམ། གསུམ་པའམ་གང་དག་ཡིན་པའི་ཞག་བཅུ་པའི་སྐབས་དེའི་དང་པོ་དེ་ལ་ཁ་སྐོང་བའི་གོས་ཕྱིས་རྙེད་པ་དེ་དང༌། ཁ་སོགས་ཀྱི་གོས་སྔར་གཞག་པ་དེ་ཉིད་སོ་སོ་ན་འདུག་ཀྱང་བླ་སྟེ། དེ་དེའི་བག་ལ་གློན་པ་ཉིད་ཡིན་ནོ། །དེ་ཡང་གལ་ཏེ་དེའི་ཚེ་བག་ལ་གློན་པ་ཉིད་ཡིན་ན་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་ཉིད་ཡིན་ན་ནི་དེའི་ཚེ་ཞག་བཅུ་པ་དེ་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་བྱིན་གྱིས་མ་བརླབས་ན་ཞག་བཅུ་འདས་ན་འཆང་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཇི་སྟེ་དེ་གཉིས་བསྡོམས་ཀྱང་འཁོར་གསུམ་ཁེབས་པའི་ཚད་དུ་མཆོག་པ་ཉིད་ཡིན་ན་ནི། དེའི་ཚེ་ན་ཕྱིས་རྙེད་པ་དེ་ཡང་སྔར་གཞག་པ་དང་འདྲ་བར་ཟླ་བ་གཅིག་པའི་ཁོངས་སུ་གཏོགས་པ་ཡིན་ཏེ། སྔར་གཞག་པ་དེའི་ཤན་གྱི་དབང་གིས་བྱི་མ་དེ་སྔ་མའི་བག་ལ་གློན་པ་ཉིད་ཡིན་པའི་ཕྱིར་ཕྱི་མ་དེ་ལ་ཡང་ཟླ་བ་གཅིག་པའི་དེ་ཉིད་རྣམ་པར་གཞག་པར་རིག་པར་བྱའོ། །ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་དོ། །དེ་ལྟར་
ཡང་གཞུང་ལས་གལ་ཏེ་དགེ་སློང་གིས་ཁ་སོགས་ཀྱི་གོས་ཀྱི་ཁྲུ་གང་གི་ཚད་གཅིག་བཞག་ནས་ཞག་བཅུ་གཅིག་པ་ལ་ཁ་བསྐང་བརྙེད་དེ་ཆོག་ན་ནི་ཞག་བཅུ་པ་གཉིས་པ་དེ་ཉིད་ཀྱི་ནང་རོལ་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱའོ། །གལ་ཏེ་བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཞག་ཉི་ཤུ་གཅིག་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ལ་འཇོག་པའི་སྤང་བའི་ལྟུང་བྱེད་དུ་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་ཟླ་བ་གཅིག་པར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ལ་དེ་ཡང་སྔ་མའི་ཤུགས་གྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཇོག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤོང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་དགེ་འདུན་མངའ་བའི་རྫས་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པས་ཟླ་བས་སྤངས་པར་གཏོགས་པ་ཞག་སུམ་ཅུ་གཅིག་པའི་སྐྱ་རེངས་ལས་འདས་པར་བྱས་ན། འཇོག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །རྫས་བཟང་ངན་དང༌། མང་ཉུང་ལ་ན་སྨད་པ་མེད་དོ། །གདོང་ཕྱིས་དང་ཆུ་ཚགས་དང༌། སྟན་དབྱམ་དང༌། དྲེའུ་རྔོག་ལ་སོགས་པ་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་དག་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གོས་ཁ་བསྐང་བ་ལ་རེ་བ་ཡོད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མེད་པ་དང༌། གོས་ཀྱི་ཚད་ཁྲུ་གང་ཡན་ཆད་དང་ཞག་སུམ་ཅུ་འདས་པའོ། །དེ་དག་ལ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །འདི་མན་ཆད་ནི་གོས་ཇི་ལྟ་བུ་དང༌། ཚད་ཇི་ཙམ་ལ་
བྱིན་གྱིས་བརླབ་པ་འཆགས་པར་འགྱུར་བ་དང༌། དེ་ལས་བཟློག་པ་ལ་སྤང་བར་འགྱུར་བ་སྤྱིར་བསྟན་པ་བརྗོད་པར་བྱའོ། །དེའི་ཕྱིར་སར་པ་ལས་སྣམ་སྦྱར་གྱི་མཐའ་ནི་ཉིས་རིམ་མོ་ཞེས་བྱ་བ་གསུངས་ཏེ། སར་པ་ཞེས་བྱ་བ་ནི་གང་དུས་ཚིགས་གསུམ་པོ་དག་ལ་དུས་ཚིགས་གཅིག་གིས་རངས་པར་མ་སྤྱད་པ་སྟེ། དེ་ལས་སྣམ་སྦྱར་བྱེད་ན་སྣམ་སྦྱར་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །གདིང་བའི་ཡང་ངོ་ཞེས་བྱ་བ་ཡང་སྔ་མ་སར་པ་ལས་བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །བླ་གོས་དང་མཐང་གོས་གཉིས་ཀྱི་ནི་ཆིག་རྐྱང་ངོ་ཞེས་བྱ་བ་ནི་བླ་གོས་དང༌། མཐང་གོས་གལ་ཏེ་སར་པ་ལས་བྱེད་ན་དེ་གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཚིག་རྐྱང་ངོ༌། །འདིར་གཞུང་ནི་གལ་ཏེ་དགེ་སློང་དེས་བཅག་པ་དང༌། ཁ་བསྒྱུར་བ་དང་བཙམ་པར་ནུས་ན་གོས་དེ་ལས་སྣམ་སྦྱར་དང༌། གདིང་བ་ནི་ཉིས་རིམ་དུ་བྱའོ། །བླ་གོས་དང༌། མཐང་གོས་ནི་ཆིག་རྐྱང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཚིགས་སུ་སྤྱད་པ་ལས་ནི་ཉིས་འགྱུར་དུ་བྱའོ་ཞེས་བྱ་བ་ནི་གལ་ཏེ་གོས་དུས་ཚིགས་གཅིག་ཏུ་སྤྱད་པ་ལས་དེ་དག་བྱེད་ན། སྣམ་སྦྱར་དང་གདིང་བ་ནི་བཞི་རིམ་དུ་བྱའོ། །བླ་གོས་དང་མཐང་གོས་ནི་ཉིས་རིམ་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་གཞུང་ནི་དུས་ཚིགས་སུ་སྤྱད་པའི་ཆོས་གོས་ནི་བགོ་ཟས་ཆུང་བ་ཡིན་ཏེ། དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བ་ལས་གཅིག་ཏུ་སྤྱད་པའོ་ཞེས་གསུངས་པ་ཡིན་ནོ། །ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་ལས་བྱས་པའི་གོས་དག་ལ་ནི་རིམ་པ་དག་ངེས་པ་མེད་དོ། །འདིར་གཞུང་ནི་ཕྱག་དར་ཁྲོད་ལ་ནི་ཇི་ཙམ་འདོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཉིད་དང་དེངས་པ་ཉིད་ལས་ནི་ཅི་དགོས་པ་ལྷག་པར་སྦྱར་རོ་ཞེས་བྱ་བ་ནི་ཕྱག་དར་ཁྲོད་པ་མ་ཡིན་པ་ལ་ཡང་ཆོས་གོས་རང་ཟད་དེ་རྙིང་པ་དང༌། སྒོ་སྐྱེས་ཀྱིས་བཤུད་པ་ལ་སོགས་པས་དངས་པ་ཉིད་ལ་ནི་ལྷན་པ་ཇི་ཙམ་དགོས་པ་རིམ་པའམ། མཐའ་སྔར་བསྟན་པ་དག་ལས་ལྷག་པར་སྦྱར་བར་བྱའོ། །འདི་ནི་མ་མོ་ལས་གསུངས་པ་བསྡུས་པ་ཡིན་ནོ། །ལྷག་པར་སྦྱོར་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་སྣམ་སྦྱར་ལ་སོགས་པ་ཕྱག་དར་ཁྲོད་ལས་བྱས་པ་མ་ཡིན་པ་མ་རྙིངས་མ་དེངས་པ་ལ་རིམ་པ་སྔར་བསྟན་པ་ལས་ལྷག་པར་མི་སྦྱར་བ་སྟེ། སྦྱོར་ན་སྦྱོར་བ་ཉིད་
ན་ཐམས་ཅད་ཉེས་བྱས་སོ། །སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ལྷག་པར་སྦྱར་བའི་རིམ་པ་དེ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ། །འདི་སྐད་བསྟན་ཏེ། དེ་ལ་རིམ་པ་ལྷག་པར་སྦྱར་བ་གང་ཡིན་པ་དེ་སྤང་བར་འགྱུར་གྱི་རིམ་པ་ཇི་སྐད་བསྟན་པ་དག་ནི་སྤང་བར་མི་འགྱུར་རོ། །རིགས་པ་ཇི་ལྟ་བ་བཞིན་སྤང་བར་མི་འགྱུར་རོ། །རིགས་པ་ཅན་བྱི་དོར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ་སྙམ་པའི་སེམས་མ་བསྐྱེད་པ་དབོག་པར་མི་བྱའོ་ཞེས་བྱ་བ་ནི་རིམ་པ་སྔ་མ་སྦྱར་ཟིན་པ་ནི་བྱིན་གྱིས་བརླབས་པའི་འོས་ཡིན་པས་རིགས་པ་ཅན་ཞེས་བྱ་སྟེ། རིམ་པ་རིགས་པ་ཇི་ལྟ་བ་ཇི་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཆོས་གོས་འདི་ཉིད་དུ་ཕྱིར་སྦྱར་བར་བྱའོ་སྙམ་པའི་རྣམ་པ་དེ་ལྟ་བུའི་སེམས་མ་བསྐྱེད་པ་དེ་སྲིད་དུ་དབོག་པར་མི་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ཆོས་གོས་ལས་རིམ་པ་གཞན་གྱི་བྱི་དོར་བྱ་བའི་ཆེད་དུ་དབོག་པར་འདོད་པས་ཇི་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཕྱིས་འདི་ཉིད་དུ་སྦྱར་རོ་སྙམ་པའི་རྣམ་པ་དེ་ལྟ་བུའི་སེམས་མ་བསྐྱེད་པ་དེ་སྲིད་ཀྱི་བར་དུ་དབོག་པར་མི་བྱའོ། །དབོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གང་ཡང་རུང་བས་ཕོག་པས་མ་སྦྱར་བའི་སྔ་རོལ་དུ་སྤང་བར་འགྱུར་བ་ཉིད་དོ་ཞེས་བྱ་བ་ནི་སྔར་བསྟན་མ་ཐག་པའི་རྣམ་པ་དེ་ལྟ་བུའི་སེམས་སམ་སེམས་ཀྱི་རྣམ་པ་གཞན་གང་ཡང་རུང་བས་སྦྱར་མ་གཞན་ཕོག་པ་ནི་ཕྱིར་དེ་ཉིད་དུ་མ་སྦྱར་བའི་སྔ་རོལ་དུ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཉིད་ཡིན་ནོ། །སྦྱར་ན་ནི་ཚིགས་གཅིག་པ་ཉིད་དུ་གྱུར་པ་ཡིན་པས་ཉེས་པ་མེད་དོ། །སྦྱར་མ་རྣམ་པར་གཞག་པ་དང་འབྲེལ་པ་བསྟན་པའི་ཕྱིར་སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ་ཞེས་བྱ་བ་གསུངས་ཏེ་ཆོས་གོས་སྣམ་སྦྱར་གྱི་སྣམ་ཕྲན་གྱི་གྲངས་ནི་དགུ་ཡན་ཆད་ནས་ཉི་ཤུ་རྩ་ལྔ་མན་ཆད་གང་ཡང་རུང་བ་ཡིན་པར་རིག་པར་བྱའོ། །ཟུང་མ་གཏོགས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། བཅུ་དང༌། བཅུ་གཉིས་དང༌། བཅུ་བཞི་དང༌། བཅུ་དྲུག་དང༌། བཅོ་བརྒྱད་དང༌། ཉི་ཤུ་དང༌། ཉི་ཤུ་གཉིས་དང༌། ཉི་ཤུ་རྩ་བཞི་མ་གཏོགས་པའོ། །དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་ནི་སྣམ་ཕྲན་ཉི་ཤུ་རྩ་ལྔ་པོ་དེ་ཡན་ཆད་ལས་ལྷག་པ་དག་གིས་སྣམ་བུར་སྦྱར་བ་ནི་ཚེམ་བུ་སྟེ། དེ་བས་ན་
སྣམ་སྦྱར་ལ་ནི་དེ་ལས་ལྷག་པར་མི་བྱའོ། །སྣམ་ཕྲན་དེ་དག་ལ་ནི་གླེགས་བུ་དང༌། གླེགས་བུ་ཕྱེད་ཇི་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། དང་པོར་གསུམ་ལ་ཞེས་བྱ་བ་ནི་སྣམ་སྦྱར་རྣམ་པ་དགུ་ལས་གསུམ་པ་དང་པོ་ལ་སྟེ། སྣམ་ཕྲན་དགུ་པ་དང༌། བཅུ་གཅིག་པ་དང༌། བཅུ་གསུམ་པ་དག་ལའོ། །དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་གསུམ་བ་ཉིད་དུ་བྱའོ། །འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲ་ནི་ཚལ་བུ་ལ་བྱའོ། གླེགས་བུ་དང་གླེགས་བུ་ཕྱེད་ལ་ནི་མི་བྱའོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་གཉིས་པ་ལ་སྟེ། སྣམ་ཕྲན་བཅོ་ལྔ་པ་དང༌། བཅུ་བདུན་པ་དང༌། བཅུ་དགུ་པ་དག་ལའོ། །གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་བཞི་པ་ཉིད་དུ་བྱ་བའོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་གསུམ་པ་ལ་སྟེ། སྣམ་ཕྲན་ཉི་ཤུ་གཅིག་པ་དང༌། ཉི་ཤུ་གསུམ་པ་དང༌། ཉི་ཤུ་ལྔ་པ་དག་ལའོ། །གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་ནི་དེ་དག་ལ་གླེགས་བུ་ནི་ཕྱེད་དང་ལྔ་པ་ཉིད་དུ་བྱ་བའོ། །བླ་གོས་ནི་སྣམ་ཕྲན་བདུན་པ་དང་གླེགས་བུ་ཕྱེད་དང་གསུམ་པའོ། །མཐང་གོས་ནི་སྣམ་ཕྲན་ལྔ་པ་དག་དང་གླེགས་བུ་ཕྱེད་དང་གཉིས་པའོ། །དེ་དག་གི་ཚད་ལས་ལྷག་པ་ཇི་ཙམ་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ་ཞེས་བྱ་བ་གསུངས་ཏེ། སྣམ་སྦྱར་དང་བླ་གོས་དང༌། མཐང་གོས་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་ཚད་གཅིག་སྟེ། ཞེང་དུ་ཁྲུ་ཕྱེད་དང་གསུམ། ཆུར་ཁྲུ་ལྔའོ། །དེ་ལས་ལྷག་པར་བྱེད་ན་གནས་སྤང་བར་འགྱུར་བ་ཉིད་དོ། །ཆུང་དུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ་ཞེས་བྱ་བ་ནི་ཆོས་གོས་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་ཆུང་དུ་དག་གི་ཚང་ནི་སྔར་ཆེན་པོ་དག་གི་ཞེང་དུ་ཁྲུ་གསུམ་ཞེས་བྱ་བ་དང༌། ཆུར་ཁྲུ་ལྔ་ཞེས་བྱ་བའི་ཚད་དེ་གཉིས་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ་ཡིན་པར་རིག་པར་བྱའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་བྱ་བ་ནི་ཆོས་གོས་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་དང་འབྲིང་རྣམས་ཀྱི་ཚད་ནི་ཆན་པོ་རྣམས་ཀྱི་ཁྲུ་གསུམ་
དང། ལྔ་གང་ཡིན་པ་དང༌། ཆུང་དུ་རྣམས་ཀྱི་ཁྲུ་ཕྱེད་དང་གསུམ་དང༌། ཕྱེད་དང་ལྔ་གང་ཡིན་པ་དེའི་བར་མའི་ཚིགས་ཏེ་ཞེང་དུ་ཁྲུ་ཕྱེད་དང་གསུམ་དང་ཁྲུའི་བཞི་ཆ་གཅིག །ཆུར་ཁྲུ་ཕྱེད་དང་ལྔ་དང་ཁྲུའི་བཞི་ཆ་གཅིག་ཡིན་པར་རིག་པར་བྱའོ། །གླེགས་བུ་དང་གླེགས་བུ་ཕྱེད་དག་མཉམ་པར་བྱའོ་ཞེས་བྱ་བ་ནི་གླེགས་བུ་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱ། གླེགས་བུ་ཕྱེད་རྣམས་ཀྱང་ལོགས་ཤིག་ཏུ་མཉམ་པར་བྱ་བའོ། །ཚལ་བུ་དག་ཀྱང་ངོ་ཞེས་བྱ་བ་ཡང་མཉམ་པ་ཉིད་དུ་བྱ་བའོ། །ཚལ་བུ་ཆེ་ཚད་ནི་སོར་བཞིའམ་བྱ་རོག་གི་མཐོ་གང་ངོ༌། །ཆུང་ཚད་ནི་སོར་གསུམ་པ་དག་ཀྱང་རུང་སོར་ཕྱེད་དང་གསུམ་མམ། སོར་གཉིས་སམ་མཐེབ་སོར་གཅིག་གོ །འབྲིང་ཚད་ནི་ཆེ་ཆུང་གཉིས་ཀྱི་བར་མའི་ཞེས་བྱ་བ་དག་ནི་ཚལ་བུའི་ཞིང་ཚད་དེ་ནི་གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་ངོ༌། །མཐང་གོས་ཀྱི་ཚད་ཀྱི་རྣམ་པ་བསྟན་པའི་ཕྱིར་མཐང་གོས་ནི་དོ་དང་ལྔ་ཡང་ཡིན་པ་དོ་དང་བཞི་ཡང་ཡིན་ནོ་ཞེས་གསུངས་ཏེ། མཐང་གོས་ཀྱི་ཚད་ནི་ཞེང་དུ་ཁྲུ་དོ་དང༌། ཆུར་ཁྲུ་ལྔ་ཡང་ཡིན་ལ་ཞེང་དུ་ཁྲུ་དོ་དང༌། ཆུར་ཁྲུ་བཞི་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་མཐང་གོས་ཀྱི་རྣམ་པ་གཞན་ཡང་ཞེང་དུ་ཁྲུ་དོ་ཆུར་ཁྲུ་བཞི་པ་མན་ཆད་ནས་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱི་བར་གང་ཡང་རུང་བ་ཡང་ཡིན་པར་རིག་པར་བྱའི་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་དོ་དང་ལྔ་བདག་དང༌། ཞིང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་པ་ཉི་ཚེར་མ་ཟད་དོ། །ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་བྱ་བ་ནི་ཁྲུ་ཞེས་སྔར་སྨོས་པའི་ཁྲུ་ཚད་ནི་ལུས་ལ་ཆ་མཉམ་པ་བདུན་དུ་རྣམ་པར་ཕྱེ་བ་གང་དག་ཡིན་པ་དེ་དག་ལས་ཆ་གཉིས་ནི་ཁྲུའི་ཚད་ཀྱི་དོན་ཡིན་གྱི་ལུས་ལ་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཇི་ཙམ་ཡོད་པ་དེའི་ཚད་ནི་མ་ཡིན་ནོ། །དེ་ནི་གང་ཟག་གང་གི་ལུས་ལ་ལྟོས་ན་ལག་པའི་ཚད་དུ་ཐུང་བའམ་རིང་བ་དེའི་ཆེད་དུ་འདི་གསུངས་ཀྱི་གང་ཟག་གང་ལུས་ཀྱི་རྐྱེན་དང་ལག་པའི་རྐྱེན་དུ་འཚམ་པ་དག་ལ་ནི་རང་རང་གི་ཁྲུ་ཉིད་འདིར་ཡང་ཚད་ཡིན་ནོ། །མི་ཡོགས་ན་རལ་ག་དཔུང་ཆད་བྱའོ་ཞེས་བྱ་བ་ལ་གང་གི་ལུས་ཆེ་ཆེས་པས་མཐང་གོས་ཀྱི་ཚད་དེ་ཙམ་གྱིས་ལུས་མི་ཡོགས་ན། ལུས་དང་འཚམ་པའི་རལ་ག་དཔུང་ཆད་ཅན་བྱ་བ་སྟེ། ཁེབས་པར་གཡོགས་པར་བྱའོ། །སྦྱོར་བའི་ལྟུང་
བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཞག་སུམ་ཅུ་འདས་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཁྲུ་གང་གི་ཚད་པས་ཆུང་བ་ལ་ཉེས་བྱས་སོ། །རུང་བ་མ་ཡིན་པར་འཇོག་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ལ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་གོས་ཁ་བསྐང་བ་ལ་རེ་བ་མེད་པ་དང༌། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་པོ་ཡོད་པ་དང༌། ཞག་སུམ་ཅུ་མ་འདས་པ་ལ་ལྟུང་བ་མེད་དོ། །སྲ་བརྐྱང་བཏིང་བ་མ་ཕྱུང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཇོག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། འཇོག་པའི་སྤར་བའི་ལྟུང་བྱེད་དེ་གསུམ་པ་བཤད་ཟིན་ཏོ།། །།འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པས་གཟིགས་པ་ལྔ་པོ་རིགས་དང༌། ཡུལ་དང༌། དུས་དང༌། རུས་དང༌། བུད་མེད་ལ་གཟིགས་པ་དག་གིས་འཇིག་རྟེན་ལ་གཟིགས་ནས། གླང་པོ་ཆེར་སྣང་བར་བསྒྱུར་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང༌། ཟླ་བ་བཅུ་འདས་ནས་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ས་ཆེན་པོ་ཤིན་ཏུ་གཡོས་པར་གྱུར་ཅིང་འཇིག་རྟེན་དུ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །གང་གི་ཉིན་མོ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པར་གྱུར་པ་དེའི་ཉིན་མོར་མཉན་ཡོད་ན་རྒྱལ་པོ་ཆེན་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་གསལ་རྒྱལ་དང༌། རྒྱལ་པོའི་ཁབ་ན་རྒྱལ་པོ་པད་མ་ཆེན་པོའི་བུ་གཟུགས་ཅན་
སྙིང་པོ་དང༌། ཀཽ་ཤཱཾ་བཱི་ན་རྒྱལ་པོ་ཆེན་པོ་དམག་བརྒྱ་པའི་བུ་ཤར་བ་དང༌། འཕགས་རྒྱལ་ན་རྒྱལ་པོ་ཆེན་པོ་མུ་ཁྱུང་མཐའ་ཡས་ཀྱི་བུ་རབ་སྣང་དག་ཀྱང་བཙས་སོ། །དེ་ཉིད་ཀྱི་ཉིན་མོར་ཤཱཀྱ་གཞོན་ནུ་བཟང་ལྡན་ལ་སོགས་པ་ལྔ་བརྒྱ་དང༌། བསྙེན་བཀུར་བ་འདུན་བྱེད་ལ་སོགས་པ་ལྔ་བརྒྱ་ཡང་བཙས་སོ། །རྟེའུ་བསྔགས་ལྡན་ལ་སོགས་པ་ལྔ་བརྒྱ་ཡང་འབྲང་པོ། །ལྷ་རྣམས་ཀྱི་གཏེར་ལྔ་བརྒྱ་ཡང་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བྲམ་ཟེ་ལྟས་པ་དང༌། མཚན་མཁན་དག་གིས་ཁབ་ན་བཞུགས་པར་གྱུར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། བུ་དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟེང་ཚང་བ་མངའ་བརྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོན་པས་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྦུ་བྲེགས་ཏེ་གོས་དུར་སྨྲིག་དག་པ་གོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རྣམ་པར་གྲགས་པའི་སྒྲ་དང་ལྡན་པར་འགྱུར་རོ་ཞེས་ལུང་ཡང་བསྟན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ན་ཐམས་ཅད་རི་བོ་གངས་ཀྱི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་ཚོགས་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ཤཱཀྱ་རྣམས་ཀྱི་གཞོན་ནུ་བྱུང་སྟེ། དེ་བྲམ་ཟེ་ལྟས་པ་དང་མཚན་མཁན་དག་གིས་དེ་སྐད་ལུང་བསྟན་ཏོ་ཞེས་སྒྲ་ཡང་གྲགས་པར་གྱུར་ཏོ། །ཉི་འོག་གི་རྒྱལ་པོ་དག་གིས་ཀྱང་དེ་སྐད་ཐོས་པར་གྱུར་ཅིང༌། ཐོས་ནས་ཀྱང་ཉི་འོག་གི་རྒྱལ་པོ་དེ་དག་དག་གཞོན་ནུ་དེ་བ་སྟེན་ན་དུས་སུ་འབྲས་བུ་སྟར་བར་འགྱུར་བས་ཇ་གཞོན་ནུ་བསྟེན་པའི་དོན་དུ་དེའི་ཡབ་རྒྱལ་པོ་ཟས་གཙང་བསྟེན་པར་བྱའོ་སྙམ་ནས་དུས་དང་མཐུན་པའི་དུས་སུ་རྒྱལ་པོ་ཟས་གཙང་ལ་འདུད་པས་པོ་ཉ་དང་དཀོར་སྒྲོམ་དག་ཀྱང་བསྐུར་བར་བྱེད་དོ། །དེའི་ཚེ་གཞོན་ནུ་དེའི་མཚན་དོན་ཐམས་ཅད་
གྲུབ་པ་ཞེས་བྱ་བ་ཡང་གསོལ་ཏོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོར་འཁྲུངས་ཤིང༌། དེས་རྒན་པོ་དང༌། ནང་པ་དང༌། ཤི་བ་གཟིགས་ནས་ཐུགས་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཆལ་དུ་གཤེགས་པའི་ཚེ་རྒྱལ་པོ་ཟས་གཙང་དང་ཤཱཀྱ་ལེགས་རབ་རྟོགས་ཀྱི་ཞམ་འབྲིང་བ་མི་ལྔ་བརྒྱ་བཀྱེ་སྟེ་བཀའ་མཆིད་ཕྱིར་ཡང་སྐྱེལ་བར་གྱུར་ཏོ། །ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དག་གིས་དེ་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་བྱུང་བར་ཐོས་ནས། ཀོས་ལའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་ང་རྒྱལ་པོ་ཟས་གཙང་བསྟེན་ཀྱང་དོན་མེད་དོ་ཞེས་དེ་ལ་འདུད་པ་དང༌། ཕོ་ཉ་དང༌། ཀོར་སྒྲོམ་འབུལ་བ་རྒྱུན་ཆད་པར་གྱུར་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འབའ་ཞིག་རྒྱལ་པོ་ཟས་གཙང་དང་སྔ་མ་ཁོ་བཞིན་འདུད་པ་དང༌། ཕོ་ཉ་དང༌། སྐྱེས་ཀྱིས་འདྲུལ་ལོ། །དེའི་ཚེ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ནི་བློན་པོའི་མཆོག་སྦེད་པ་ཞེས་བྱ་བ་ཞིག་ཡོད་ལ། རྒྱལ་པོ་ཟས་གཙང་ལ་ནི་མདུན་ན་འདོན་གྱི་བུ་འཆར་ཀ་ཞེས་བྱ་བ་ཞིག་ཡོད་དེ། གང་གི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་ཟས་གཙང་གི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་བློན་པོའི་མཆོག་སྦེད་པ་གཏོང་བར་བྱེད། དེས་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་མདུན་ན་འདོན་གྱི་བུ་འཆར་ཀའི་ཁྱིམ་དུ་འཇུག་པར་བྱེད་དོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་ཕོ་ཉ་གཏོང་བར་བྱེད་པ་དེའི་ཚེ་ན་ནི་མདུན་ན་འདོན་གྱི་བུ་འཆར་ཀ་གཏོང་བར་བྱེད་དོ། །དེས་ཀྱང་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་བློན་པོའི་མཆོག་སྦེད་པའི་ཁྱིམ་དུ་འཇུག་པར་བྱེད་དོ། །སྦེད་པ་ལ་ཆུང་མ་སྦེད་མ་ཞེས་བྱ་བ་གཟུགས་བཟང་བ་དང༌། བལྟ་ན་སྡུག་པ། མཛེས་པ། སྐྱེས་བུ་དགའ་བ་ཞིག་ཡོད་དེ། དེའི་ཚེ་འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་ཏོ། །སྦེད་པས་ཇི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་ཁ་དུམ་པར་གྱུར་པར་ཤེས་ནས། དེས་བསམས་པ་འདི་གསད་པར་བྱའོ་སྙམ་མོ། །ཡང་བསམས་པ། གལ་ཏེ་འདི་གསད་པར་གྱུར་ན་ཡུལ་འཁོར་གཉིས་འཁྲུག་པ་ཆེན་པོར་འགྱུར་བས། བདག་གིས་བུད་མེད་ཀྱི་ལུས་ཀྱི་ཕྱིར་ཅིའི་ཕྱིར་བྲམ་ཟེ་གསད་པར་བྱ་སྙམ་ནས། དེས་བཏང་སྙོམས་སུ་གཞག་གོ །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། བདག་སྦེད་པས་འཕྲིགས་སོ་སྙམ་
དུ་རིག་ནས་སྐྲག་སྟེ། ཁྱིམ་ནས་བྱུང་ཞིང་གཞན་དུ་འདུག་པ་དང༌། སྤེད་པས་སྨྲས་པ། འཆར་ཀ་ཁྱོད་ཅིའི་ཕྱིར་རང་གི་ཁྱིམ་སྤངས་ཏེ་གཞན་ན་འདུག་ཚུར་ཤོག །འདི་ཁྱོད་རང་གི་ཁྱིམ་ཡིན་གྱི་ཇི་བདེར་འདུག་ཤིག །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། དོན་གྱིས་ན་འདིས་བདག་ལ་རྗེས་སུ་གནང་ངོ་སྙམ་དུ་རིག་ནས་དེ་ཉིད་ན་འདུག་གོ །དེ་ནས་དུས་གཞན་ཞིག་ན་བློན་པོའི་མཆོག་སྦེད་པ་ཤི་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་བཅུག་གོ །སྦེད་མས་འཆར་ཀ་སེར་སྐྱའི་གནས་ན་འདུག་པ་ལ་གང་གི་ཚེ་ཁོ་མོའི་ཁྱིམ་ཐབ་གསོན་ཞིང་འདུག་སྟེ་འཚོ་ཞིང་སྡོད་པ་དེའི་ཚེ་ན་ཁྱོད་རྟག་པ་ཁོ་ནར་འོང་ན་ད་དེ་ཤི་སྟེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བུ་མེད་པའི་ཕྱིར་ནོར་ཐམས་ཅད་རང་གི་མཛོད་དང་བང་བར་བཅུག་ན་ད་ཁྱོད་ཀྱིས་གཏམ་ཙམ་ཡང་མི་འདིའམ་ཞེས་ཡི་གེ་སྤྲིང་ངོ༌། །དེ་ནས་འཆར་ཀ་ས་སྤྲིང་ཡིག་གི་དོན་ཐོས་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་དེར་སོང་བར་གྱུར་ན་གཞི་དེ་ལས་འཆར་ཀ་བུད་མེད་ལ་ཆགས་པས་བུད་མེད་ཀྱི་ཕྱིར་དེར་སོང་ངོ་ཞེས་གཞན་དག་ཁ་ཟེར་བར་འགྱུར་གྱི། བདག་གིས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་དེས་ལན་གཉིས་ལན་གསུམ་དུ་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ནས་རྒྱལ་པོ་ཟས་གཙང་ག་ལ་བདེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་པ་དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་ཐམས་ཅད་འདུད་ཅིང་པོ་ཉ་དང༌། དཀོར་སྒྲོམ་གསོལ་ནས། གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རྒན་པོ་དང་ནད་པ་དང༌། གུམ་པ་གཟིགས་ནས་ཐུགས་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་གཤེགས་པ་དེའི་ཚེ་ན་ཉི་འོག་གི་ཁམས་ཀྱི་རྒྱལ་པོ་དེ་དག་ལས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་འདུད་པ་དང་པོ་ཉ་དང་དཀོར་སྒྲོམ་འབུལ་བར་རྒྱུན་བཀུམ་ནས། སླར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་དང་དཀོར་སྒྲོམ་དག་བཀའ་སྩལ་གྱི་ན་བསྐུར་ནས། ད་ལྟ་དེ་ལྟར་སྐྱེན་པར་གྱུར་པ་ལས་ད་ཡལ་བར་བོར་ན་སླད་ཀྱིས་གནོད་པ་ཆེན་པོར་འགྱུར་བས། དེ་འོ་སྐོལ་དང་མཚམས་འབྲེལ་པར་མཆིས་པས་དེ་དང་ལྷན་
ཅིག་སྟེན་པར་མཛད་པ་རིགས་སོ། །རྒྱལ་པོ་ཟས་གཅང་གིས་སྨྲས་པ། འཆར་ཀ་གལ་ཏེ། དེ་ལྟ་ན་ཁྱོད་ཉིད་ཕོ་ཉར་སོང་ཤིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་འཆར་ཀས་དཀོར་སྒྲོམ་དག་ཁྱེར་ཏེ་མཉན་ཡོད་ག་ལ་བདེར་འཕགས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། བསྟེན་པ་ལ་བསྟེན་པར་མི་བྱ་བར་མི་བསྟེན་པ་ལ་བསྟེན་པར་བྱ་བ་ཡིན་པས་ཇི་དང་པོར་བློན་པོ་རྣམས་བལྟ་བར་བྱ་ཞིང་དེའི་འོག་ཏུ་རྒྱལ་པོ་བལྟས་ཏེ། སྦེད་མའི་ཕྱིར་རྒྱལ་པོ་ལ་གསོལ་བར་བྱའོ་སྙམ་ནས། དེས་བློན་པོ་རྣམས་ལ་བལྟ་བར་བརྩམས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱོད་ཀྱིས་ཁོ་བོ་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པ་དེ་མི་ཤེས་སམ། དེའི་ཁྱིམ་ཐབ་ཤི་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བུ་མེད་པའི་ཕྱིར་དེའི་ནོར་ཐམས་ཅད་རང་གི་མཛོད་དང༌། བང་བར་བཅུག་པས། དེའི་ཕྱིར་ཁོ་བོ་རྒྱལ་པོ་ལ་གསོལ་བ་བྱེད་ཀྱི་ཁྱེད་ཀྱིས་གྲོགས་ཀྱིས་ཤིག །དེ་དག་གིས་དེ་བཞིན་དུ་ཁས་བླངས་སོ། །དེ་ནས་འཆར་ཀ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང༌། ཚེ་སྤེལ་བ་བྱས་ཏེ། མཐའ་གཅིག་ཏུ་འདུག་ནས། དེས་ལན་གཉིས་ལན་གསུམ་དུ་རྒྱལ་པོའི་བྱ་བ་དང་བྱེད་པ་དག་བྱས་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། ལྷ་བདག་གི་གནས་སྩོལ་ཅིག །འཆར་ཀ་ཁྱོད་སྔོན་གང་དུ་ཞུགས། ལྷ་བློན་པོའི་མཆོག་སྦེད་པའི་སྡུམ་པར་མཆིས་སོ། །འཆར་ཀ་སོང་ལ་དེ་ཉིད་དུ་ཞུགས་ཤིག །ལྷ་བློན་པོའི་མཆོག་སྦེད་པ་གུམ་མོ། །གལ་ཏེ་དེ་ཤིན་ཇི་དེའི་ཁྱིམ་ཡང་ཤིའམ། ལྷ་དེའི་སྡུམ་པ་ནི་མ་གུམ་མོད་ཀྱི་འོན་ཀྱང་དེ་ན་སྟན་ཙམ་ཡང་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་འཆར་ཀའི་གནས་བྱིན་ཅིག །འཆར་ཀ་ཕྱིར་བྱུང་བ་དང༌། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅི་ལགས་འཆར་ཀ་ལ་གནས་མ་མཆིས་སྙམ་མམ། ཇི་ལྟར་འཆར་ཀ་སྦེད་མ་དང་ལྷན་ཅིག་མཇལ་བས། དོན་གྱིས་ན་འཆར་ཀ་སྦེད་མའི་སླད་དུ་ལྷ་ལ་གསོལ་བར་བགྱིས་ཀྱི་ལྷ་འཆར་ཀ་ནི་བྲམ་ཟེ་མདུན་ན་འདོན་གྱི་བུ་ལགས་པས། བྲམ་ཟེ་ནི་མི་འཚལ་བཞིན་དུ་དགང་བར་བགྱི་བ་ལགས་ཏེ། འདི་ལེགས་
པར་གཟུང་ན་རྒྱལ་པོ་ཟས་གཙང་ལེགས་པར་གཟུང་བར་འགྱུར་རོ། །དེ་ནས་རྒྱལ་པོས་འཆར་ཀ་ལ་བོས་ཏེ་སྨྲས་པ། འཆར་ཀ་ངས་ཁྱོད་ཇི་ལྟར་སྦེད་མ་དང་ལྷན་ཅིག་བཤེས་པར་སྔར་མ་ཤེས་ཀྱི། ད་སོང་ལ་སྦེད་མ་དང་དེའི་ཁྱིམ་དང༌། ནོར་ཐམས་ཅད་ཁྱོད་ཁྱེར་ཅིག །ལྷ་བཀའ་དྲིན་ཆེའོ་ཞེས་སྨྲས་ནས། འཆར་ཀ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང༌། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས། སྒོ་གང་དུ་འདུག་སྟེ་དུ་བར་བརྩམས་སོ། །འཆར་ཀས་མཐོང་ནས་སྨྲས་པ། སྦེད་མ་ཁྱོད་ཅིའི་ཕྱིར་དུ། དེས་སྨྲས་པ། བདག་འཚལ་བའི་ཁྱིམ་ཐབ་གུམ་ན་ཅི་བདག་ཁྱོད་ཀྱིས་ཀྱང་ཡོངས་སུ་བཏང་ངམ། དེ་ནས་འཆར་ཀ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་མཐུན་པར་སྨྲས་ན་འདི་ཤིན་ཏུ་ངུ་བར་འགྱུར་བས་བདག་གིས་འདི་ཚར་གཅད་པར་བྱའོ་སྙམ་དུ་རིག་ནས་སྨྲས་པ། སྦེད་མ་བྱང་ཆུབ་སེམས་དཔའ་དཀའ་བ་བྱེད་པ་གང་གིས་བཙུན་མོ་གྲགས་འཛིན་དང༌། ས་འཚོ་མ་དང༌། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་དེ་དག་གི་རྐང་བའི་རྡུལ་ཙམ་དུ་ཡང་ཁྱོད་ཀྱིས་མི་ཕོད་དོ། །དེ་ནས་དེ་ཅང་མི་སྨྲ་བར་འདུག་པ་དང༌། འཆར་ཀས་སྨྲས་པ། ཁོ་བོས་ཁྱོད་མ་བཏང་བས་ཁྱོད་ཉིད་ཀྱི་ཕྱིར་འདིར་འོངས་པ་ཡིན་ནོ། །ཁོ་བོས་རྒྱལ་པོ་ལས་ཁྱོད་དང༌། ཁྱོད་ཀྱི་ཁྱིམ་དང་ནོར་ཐམས་ཅད་ཐོབ་ན་ཅི་ཁྱོད་འདི་ཉིད་དུ་འདུག་གམ། སེར་སྐྱའི་གནས་སུ་འགྲོ་།དེས་བསམས་པ། གལ་ཏེ་སེར་སྐྱའི་གནས་སུ་སོང་ན་འདིའི་བྲམ་ཟེ་མོ་ལས་སྲོག་ཀྱང་མི་ཐོབ་བོ་སྙམ་དུ་རིག་ནས། འདི་ཉིད་དུ་མཆིས་ས་ཞེས་སྨྲས་ཏེ་དེ་དེ་ཉིད་དུ་འདུག་གོ །དེའི་ཚེད་འཆར་ཀ་ལ་ཁྱིམ་གཉིས་ཡོད་དེ། གཅིག་ནི་མཉན་མོང་ནའོ། །གཅིག་ནི་སེར་སྐྱའི་གནས་ནའོ། །གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། དཀའ་བ་བྱེད་པ་ལ་དོན་ཅི་ཡང་མེད་པར་རིག་ནས། ཅི་བདེར་དབུགས་རྔུབ་པ་དང༌། འབྱིན་པ་དང༌། ཞལ་ཟས་རྒྱ་ཆེན་པོ་དག་གསོལ་བ་དང༌། སྐུའི་བསྐུ་མཉེ་དང༌། དྲིལ་བྱས་མཛད་ནས་གྲོང་སྡེ་འདོང་དུ་གཤེགས་ཏེ། གྲོང་པའི་བུ ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་བརླས་པའི་འོ་མ་གསོལ་ནས། ཀླུའི་རྒྱལ་པོ་ནག་པོས་མངོན་པར་བསྟོད་དེ། རྩྭ་
བཀྲ་ཤིས་འཆོང་པ་ལས་རྩྭ་གསེར་གྱི་མདོག་ལྟ་བུ་དག་པ་ཞེས་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། མཚན་མོའི་གུང་ཐུན་ལ་བདུད་འབྱུང་པོ་དུང་ཕྱུར་ཕྲག་གསུམ་དང༌། བྱེ་བ་ཕྲག་དྲུག་གི་འཁོར་དང་ལྡན་པ་བྱམས་པའི་སྟོབས་ཀྱིས་མངོན་པར་བཏུལ་ནས་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཚངས་པས་གསོལ་ནས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ། བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ནས། ལྔ་པ་དང་ཉེ་ལྔ་པ་དང༌། གྲོང་ཁྱེར་པའི་ཁྱེའུ་མཐོ་བ་མཐོ་བ་ལྔ་བཅུ་བཏུལ་བ་དང༌། རས་བལ་ཅན་གྱི་ཚལ་གསེབ་ཏུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་ཅུ་བདེན་པ་དག་ལ་བཀོད་པ་དང༌། གྲོང་སྡེའི་འདོང་དུ་གཤེགས་ནས་གྲོང་བའི་བུ་མོ་དགའ་མོ་དང༌། དགའ་སྟོབས་མ་གཉིས་བདེན་པ་དག་ལ་བཀོད་པ་དང༌། ལྟེང་རྒྱས་སུ་གཤེགས་ནས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་པ་དང༌། གཡའི་མགོའི་མཆོད་རྟེན་དུ་གཤེགས་ནས། དགེ་སློང་སྟོང་སྟོང་པོ་དེ་དག་ཆོ་འཕྲུལ་གསུམ་གྱིས་གདམས་པར་མཛད་ནས། དགྲ་བཅོམ་པ་ཉིད་ཐོབ་པར་མཛད་པ་དང༌། ལྟང་བྲང་གི་ཚལ་གསེབ་ཏུ་གཤེགས་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང༌། མ་ག་དྷཱའི་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་གཞག་པ་དང༌། རྒྱལ་པོའི་ཁབ་ཏུ་གཤེགས་ནས་འོད་མའི་ཚལ་བ་ཞེས་ཏེ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་ལྡན་པ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་པ་དང་མཉན་ཡོད་དུ་གཤེགས་ནས་རྒྱལ་བྱེད་ཀྱི་ཚལ་བཞེས་ཏེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོས་བཏུལ་ནས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེ་ནས་ཀོས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཟས་གཙང་གི་གན་དུ་ཕོ་ཉ་བཏང་སྟེ། ལྷ་དགྱེས་བ་སྐྱེད་ཅིག །ཁྱོད་ཀྱི་སྲས་ཀྱིས་བདུད་རྩི་ཐུགས་སུ་ཆུད་དེ་བདུད་རྩིས་འགྲོ་བ་ཚིམ་པར་མཛད་ཅིང་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་སྤྲིང་ངོ༌། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་བཅོམ་ལྡན་འདས་
ཀྱི་སྤྱན་སྔར་ཕོ་ཉ་བཏང་སྟེ། གཞོན་ནུ་བདག་གིས་རིང་དུ་མ་མཐོང་སྟེ། བདག་གཞོན་ནུ་མཐོང་བས་ཡོངས་སུ་སྐོམ་མོ་ཞེས་གསོལ་པ་དང༌། ཕོ་ཉ་དེ་དེ་ཉིད་དུ་རབ་ཏུ་བྱུང་ངོ༌། །ཕོ་ཉ་གཉིས་པ་བཏང་བ་དང༌། དེ་ཡང་དེ་ཉིད་དུ་རབ་ཏུ་བྱུང་ངོ༌། །དེ་ནས་རྒྱལ་པོ་ཟས་གཙང་ཡིད་ལ་གཅགས་ནས་རང་གི་ལག་ནས་བཅོམ་ལྡན་འདས་སྤྱན་དྲངས་པའི་ཚིགས་སུ་བཅད་པ་བྲིས་ཏེ་མདུན་ན་འདོན་གྱི་བུ་འཆར་ཀ་ཕོ་ཉར་བཏང་ངོ༌། །དེ་ནས་འཆར་ཀས་ཕྲིན་ཡི་གེ་དེ་བླངས་ཏེ་མཉན་ཡོད་དུ་འཕགས་ནས། དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྲན་ཡིག་ཕུལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དོན་གྱི་ཕྲིན་ཡིག་ཀླག་པ་མཛད་ནས་འཆར་ཀ་རབ་ཏུ་ཕྱུང་ནས་རྒྱལ་པོའི་ཕོ་ཉར་བཀའ་སྩལ་ཏེ། ཞག་བདུན་ན་ཡབ་སྲས་མཇལ་ཞིང་སེར་སྐྱའི་གནས་སུ་གཤེགས་སོ་ཞེས་སྤྲིང་ཡིག་སྤྲིང་ངོ༌། །དེ་ནས་འཆར་ཀ་རབ་ཏུ་བྱུང་བས་རྒྱལ་པོའི་ཕོ་ཉ་བྱས་ཏེ་ཡབ་ཟས་གཙང་ལ་སྦྲན་ནས། རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ཀྱི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་པོ་དང༌། རྒྱལ་པོའི་མཐུ་ཆེན་པོས་ཡོ་ལང་རྒྱ་ཆེན་པོ་བཤམས་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བའི་དོན་ཆེན་པོ་དག་མཛད་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་སེར་སྐྱའི་གནས་སུ་གཤེགས་ཀྱི་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་སེར་སྐྱའི་གནས་སུ་འགྲོ་བ་དང༌། ཡབ་དང་སྲས་མཇལ་བ་ལྟ་བར་སྤྲོ་བ་དེས་ཆོས་གོས་དག་ལོངས་ཤིག་ཅེས་བསྒོས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་དགེ་སློང་རྣམས་ལ་དེ་སྐད་བསྒོའོ། །དགེ་སློང་དག་གིས་ཚེ་དང་ལྡན་པ་དེ་བཞིན་བགྱིའོ་ཞེས་ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོའི་ཚིག་མཉན་ནོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པའི་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ།
འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དཔའ་བོ་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ས་མཁན་འདྲོན་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཚོང་དཔོན་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མཁར་གྱི་རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་པའི་རྒྱལ་པོ་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཐགས་བཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ་དང༌། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། རྒྱ་མཚོ་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ་ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་དུ་བཟང་པོ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་
པའི་ཚོགས་དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་པ་གཅིག་བུ་བ་ཉག་གཅིག་པ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང༌། ལྟག་མ་ཐོང་གིས་ཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱོང་བར་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ཀྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུའི་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང༌། གཡ་འོད་སྲུངས་དང༌། ཆུ་ཀླུང་འོད་སྲུངས་ལ་སོགས་པ་སྔོན་གྱི་རལ་པ་ཅན་སྟོང་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོས་མདུན་དུ་བདར་ཏེ། སེར་སྐྱའི་གནས་གལ་བ་དེར་རྒྱུ་ཞིང་གཤེགས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་གིས་ཉི་མ་བདུན་པ་ལ་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་རྡོ་བ་དང༌། གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ། བདུག་པ་དང་ཕྱེ་མ་འཁྲིགས་པ་དང༌། མེ་ཏོག་སྣ་ཚོགས་བཀྲམ་པ་དང༌། རྒྱལ་མཚན་དང་བ་དན་བསྒྲེང་བ་ལ་སོགས་པ་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་དག་བཤམས་ཤིང༌། ནྱ་གྲོ་དྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གདན་ཐབས་ཟླ་གམ་ལྟ་བུར་བཤམས་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བ་ནས་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་བར་གྱི་ལམ་ཐམས་ཅད་མཛེས་ཤིང་རྡོ་བ་དང༌། གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ། སྤོས་ཆུའི་ཆག་ཆག་བཏབ་ཅིང༌། བར་བར་དུ་དར་
གྱི་ཆུན་པོ་མང་པོ་དབྱངས་ཏེ། མེ་ཏོག་གི་ཚོགས་དག་ཀྱང་བཤམས། བདུག་སྤོས་དྲི་ཞིམ་པོའི་དུ་བ་འཁྲིགས་པ་དང༌། མེ་ཏོག་སྣ་ཚོགས་བཀྲམ་པ་དང༌། རྒྱལ་མཚན་དང་བ་དན་བསྒྲེང་བདག་རྣམ་བར་གཞག་གོ །རྒྱལ་པོ་ཟས་གཙང་ཉིད་ཀྱང་རྒྱལ་པོའི་འབྱོར་པ་ཆེན་པོ་དང༌། རྒྱལ་པོའི་མཐུ་ཆེན་པོས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་འདི་ལྟ་སྟེ། བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ །དེ་ནས་བཅོམ་ལྡན་འདས་མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་ཆུ་ཀླུང་རོ་ཧ་ཀའི་འགྲམ་དུ་གཤེགས་སོ། །དེ་ན་དགེ་སློང་ཁ་ཅིག་ནི་ལག་པ་དང་རྐང་པ་དག་འཁྲུ་བར་བྱེད། ཁ་ཅིག་ནི་སོ་ཤིང་འདོར་བར་བྱེད། ཁ་ཅིག་ནི་ཆུ་འཚགས་པར་བྱེད། ཁ་ཅིག་ནི་ཁྲུས་བྱེད་དོ། །གྲོང་ཁྱེར་སེར་སྐྱའི་གནས་ན་འཁོད་པའི་ཤཱཀྱ་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འོངས་ཤིང༌། རྒྱལ་པོ་ཟས་གཙང་གིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ས་ཕྱོགས་གོ་སྐབས་ཡངས་པར་གནས་མལ་བཤམས་ཞེས་ཐོས་སོ། །ཐོས་ནས་ཀྱང་ཤཱཀྱ་འབུམ་ཕྲག་དུ་མ་དག་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་འདུས་པར་གྱུར་ཅིང་དེ་ན་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་ཞིང་ལྷགས་སོ། །ཁ་ཅིག་ནི་ཡ་མཚན་སྐྱེས་ཏེ་ཇི་ལྟར་དང་པོར་ཡབ་ཀྱིས་སྲས་ཀྱི་ཞབས་ལ་ཕྱག་བཞེས་པར་མཛད་དམ། འོན་ཏེ་སྲས་ཀྱིས་ཡབ་ཀྱི་ཞབས་ལ་ཕྱག་བཞེས་པར་མཛད་པ་ལྟའོ་སྙམ་པས་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞབས་ཀྱིས་སེར་སྐྱའི་གནས་སུ་གཤེགས་ན་ཤཱ་ཀྱ་ང་རྒྱལ་ཅན་དག་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཆེན་པོ་མ་རྙེད་དེ། འདི་ལྟར་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་གྲོང་ཁྱེར་སེར་སྐྱའི་གནས་ནས་ལྷ་འབུམ་ཕྲག་དུ་མས་བསུ་ཞིང་སྟེང་གི་ནམ་མཁའ་ལས་བྱུང་སྟེ། སོང་ན་ད་འདིས་བླ་ན་མེད་པའི་ཡེ་ཤེས་རྟོགས་ཀྱང་རྐང་པས་འོངས་སོ་ཞེས་མ་དད་པ་སྐྱེ་བར་འགྱུར་བས་བདག་རྫུ་འཕྲུལ་གྱིས་སེར་སྐྱའི་གནས་སུ་འཇུག་པར་བྱའོ་སྙམ་དུ་དགོངས་ཤིང་རིག་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ནི་རྐང་པ་དག་གིས་ཆུ་ཀླུང་རོ་ཧ་ཀ་རྒོལ་ཅིག །དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱིས་གཤེགས་སོ། །དགེ་སློང་རྣམས་ཀྱིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་རྐང་པ་དག་
གིས་ཆུ་ཀླུང་རོ་ཧ་ཀ་རྒལ་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྫུ་འཕྲུལ་གྱིས་ཆུ་ཀླུང་རོ་ཧ་ཀའི་ཕ་རོལ་གྱི་འགྲམ་ནས་མི་སྣང་བར་གྱུར་ཅིང༌། སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་མངོན་པར་འཕགས་ནས་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་སྟེང་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེར་གཤེགས་ཏེ་བྱོན་ནས། ནྱ་གྲོ་དྷའི་ཀུན་དགའ་ར་བའི་སྟེང་གི་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཤར་ཕྱོགས་སུ་སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། བཞུད་པ་དང༌། བཞེངས་པ་དང༌། བཞུགས་པ་དང༌། མནལ་བ་དག་མཛད་དོ། །ཆོ་འཕྲུལ་ཟུང་དག་ཀྱང་རྣམ་པར་སྟོན་པར་མཛད་དེ། སྐུའི་སྨད་ནས་མེ་འབར་ཞིང་སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབབ་པར་མཛད་དོ། །སྐུའི་སྟོད་ནས་མེ་འབར་ཞིང་སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པར་མཛད་དོ། །མེའི་ཁམས་ལ་ཡང་སྙོམས་པར་འཇུག་པར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དག་དང༌། སེར་པོ་དག་དང༌། དམར་པོ་དག་དང༌། དཀར་པོ་དག་དང༌། བཅོད་ཀ་དག་དང༌། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ༌། །ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་སྟོན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་དེ་བཞིན་གཤེགས་པས་རྒྱལ་པོ་ཟས་གཙང་གི་རྐང་པ་གཉིས་ལ་གཏུགས་པར་གྱུར་ན་ནི་དེའི་སྤྱི་བོ་ཚལ་པ་བདུན་དུ་འགས་པར་གྱུར་ལ། གལ་ཏེ་རྒྱལ་པོ་ཟས་གཙང་གིས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་པར་གྱུར་ན་ནི། ཤཱ་ཀྱ་ང་རྒྱལ་ཅན་དག་ཅིའི་ཕྱིར་ཡབ་ཏུ་གྱུར་པས་སྲས་ཀྱི་རྐང་པ་གཉིས་ལ་གཏུགས་པར་བྱེད་ཅེས་མ་དད་པ་སྐྱེ་བར་འགྱུར་བས་བདག་གིས་ཇི་ནས་ཀྱང་རྒྱལ་པོ་ཟས་གཙང་གིས་ལུས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་ཕྱག་འཚལ་བར་འགྱུར་བ་ད་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་
སྙམ་དུ་དགོངས་པར་རིག་ནས། ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་ནམ་མཁའ་ལ་གཞེས་ཤིང་ཏ་ལ་དྲུག་དང༌། ལྔ་དང༌། བཞི་དང༌། གསུམ་དང༌། གཉིས་དང༌། གཅིག་སྲིད་ཙམ་ན་གཞེས་སོ། །དེ་ནས་སྐྱེས་བུ་བདུན་སྲིད་ཙམ་ན་གཞེས་ཤིང་སྐྱེས་བུ་དྲུག་དང༌། ལྔ་དང༌། བཞི་དང༌། གསུམ་དང༌། གཉིས་དང༌། གཅིག་སྲིད་ཙམ་ན་གཞེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ལུས་མ་བཏུད་བཞིན་དུ་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཤཱཀྱ་རྣམས་ལ་གོ་བར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། གང་ཚེ་ཁྱོད་བལྟམས་དོགས་རབ་གཡོས་དང། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང༌། །འདི་དང་ལན་གསུམ་ཀུན་གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་སླར་བསྡུ་བ་མཛད་ནས། ནྱ་གྲོ་དྷའི་ཀུན་དགའ་ར་བར་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་དང༌། བྲེ་བོ་ཟས་དང༌། ཟས་དཀར་དང༌། བདུད་རྩི་ཟས་དང༌། ཤཱཀྱ་འབུམ་ཕྲག་དུ་མ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཤཱཀྱ་ཁ་ཅིག་ནི་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ནས་ཅང་མི་སྨྲ་བར་མཐའ་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་སྐད་ཀྱིས་ཕན་ཚུན་ཀུན་དགའ་བའི་གཏམ་མང་པོ་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་དེའི་ཡི་རངས་པར་མཛད་དོ། །དེ་ནས་རྒྱལ་པོ་ཟས་གཅང་འདི་སྙམ་དུ་སེམས་ཏེ། བདག་གི་བུས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དང༌། སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེའི་བསམ་པ་དང་བག་ལ་ཉལ་བ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེའི་ཉིན་མོ་རྒྱལ་པོ་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་
མཛད་དོ། །ཉི་མ་གཉིས་པ་ལ་སྐྱེད་མོས་ཚལ་སྐྱེ་ཡོད་དུ་རྒྱལ་པོ་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་དྲུག་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །ཉི་མ་གསུམ་པ་ལ། སྐྱེད་མོས་ཚལ་ཚངས་པའི་གནས་སུ་རྒྱལ་པོ་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་ལྔ་སྟོང་གིས་བདེན་པ་དག་མཐོང་བར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །ཉི་མ་བཞི་པ་ལ་རྒྱལ་པོ་ཟས་གཙང་གི་སེམས་ཧ་ཅང་ཞུམ་པ་དང༌། ཧ་ཅང་མཐོ་བའི་སྒྲིབ་པ་ལྷ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཚེ་དང་ལྡན་པ་མཽད་གལ་གྱི་བུ་རྫུ་འཕྲུལ་བསྟན་པས་བསལ་ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བདེན་པ་མཐོང་ནས། ཟས་དཀར་དང༌། བྲེ་བོ་ཟས་དང༌། བདུད་རྩི་ཟས་ལ་རྒྱལ་སྲིད་བསྟབས་ན་དེ་དག་ཀྱང་སྔར་བདེན་པ་མཐོང་ཟིན་པས་རྒྱལ་སྲིད་ནོད་དུ་མ་བཏུབ་ནས་ཤཱཀྱ་གཞོན་ནུ་བཟང་ལྡན་རྒྱལ་སྲིད་ཀྱི་བདག་པོར་དབང་བསྐུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཉིན་གཅིག་མི་འཆད་བར་རྒྱལ་པོའི་ཕོ་བྲང་དུ་ག་དུགས་ཚོད་གསོལ་བ་དང། རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་ལ་སོགས་པ་རལ་པ་ཅན་ལས་རབ་ཏུ་བྱུང་བ་དཀའ་ཐུབ་ཀྱིས་ལུས་མི་སྡུག་པར་སྣང་བ་དག་མཐོང་ངོ༌། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ཉིད་ཆེན་པོ་འདི་དག་སེམས་ནི་བཟང་བ་ཡིན་ན་ལུས་མི་བཟང་སྟེ། དཀའ་ཐུབ་དྲག་པོ་དག་གིས་ལུས་མི་སྡུག་པར་སྣང་བ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱི་འཁོར་ནི་བཅོམ་ལྡན་འདས་ཉིད་ཅི་འདྲ་བར་འཁོར་ཡང་དེ་འདྲ་བ་ཉིད་དུ་གྱུར་ན་དེ་ལྟ་ན་བཅོམ་ལྡན་འདས་མཛེས་པར་འགྱུར་རོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཤཱཀྱ་རྣམས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་བར་གྱུར་ན་ཅིར་འགྱུར། ལྷ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱོད་ཀྱི་བུ་དག་ཅིར་འགྱུར། ལྷ་ཞམ་རིང་བར་འགྱུར་རོ། །འོན་ད་གཞོན་ནུ་དོན་ཐམས་ཅད་གྲུབ་པས་བདུད་རྩི་ཐུགས་སུ་ཆུད་དེ། བདུད་རྩིས་འགྲོ་བ་ཚིམ་པར་མཛད་
ན་ཁྱོད་ཀྱི་བུ་དག་ཅིའི་ཕྱིར་ཞམ་རིང་མི་བྱེད། ལྷ་ཅི་ལགས་དེ་དག་རབ་ཏུ་དབྱུང་ངམ། རབ་ཏུ་ཕྱུང་ཤིག །ལྷ་ཤཱཀྱའི་རྒྱུད་ཆད་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཁྱིམ་རེ་རེ་ནས་རེ་རེ་རབ་ཏུ་ཕྱུང་ཤིག །ལྷ་བཀའ་སྩལ་པ་བཞིན་འཚལ་ལོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་གཞོན་ནུ་རྣམས་ཀྱི་ཁྱིམ་རེ་རེ་ནས་རེ་རེ་བྱུང་བར་བྱའོ་ཞེས་དྲིལ་བསྒྲག་པར་བྱས་སོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་གིས་དྲིལ་བསྒྲགས་པ་དེའི་ཚེ་ན་བཟང་ལྡན་དང༌། མ་འགགས་པ་དང༌། ནམ་གྲུ་ལ་སོགས་པ་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རབ་ཏུ་བྱུང་ངོ༌། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རབ་ཏུ་བྱུང་བ་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། རིགས་མཐོན་པོ་ལས་རབ་ཏུ་བྱུང་བ་ནི་རྙེད་པ་ཕྱེད་དང་ཉེ་བ་ཡིན་ནོ་ཞེས་གསུངས་པས་དེ་དག་ལ་རྙེད་པ་དང་བཀུར་སྟི་ཆེན་པོ་བྱུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། རིགས་ཀྱི་བུ་འདི་དག་གཞན་གྱི་ཕྱིར་ཁོ་ནར་རབ་ཏུ་བྱུང་བ་ཡིན་ནོ་གཞན་ཁོ་ན་འཆགས་སོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་དེ་དག་ལ་རྙེད་པ་དང༌། བཀུར་སྟི་བྱུང་བ་གཅད་པར་བཞེད་ནས། སེར་སྐྱའི་གནས་སུ་ཅི་དགྱེས་པར་བཞུགས་ནས་མཉན་ཡོད་ག་ལ་བ་དེར་གཤེགས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོང་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ༌། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ༌། །མཐོང་ནས་ཀྱང་བྲང་བརྡུངས་ཏེ་སྨྲས་པ། འཆར་ཀ་ཅིའི་སླད་དུ་ཁྱོད་ཀྱིས་བདག་སྦེད་མ་སྤངས་ཏེ་རབ་ཏུ་འབྱུང༌། འཆར་ཀས་སྨྲས་པ། བྱང་ཆུབ་སེམས་དཔས་བཙུན་མོས་འཚོ་མ་དང་གྲགས་འཛིན་དང༌། རི་དགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་ནི་ཤིན་ཏུ་དཀའ་བ་ཡིན་གྱི། རྡུལ་གྱི་རྫབ་དང་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད། འཆར་ཀ་བདག་ཀྱང་རབ་ཏུ་འབྱུང་ངོ༌། །དེ་ལྟར་གྱིས་ཤིག །དེ་ནས་
འཆར་ཀ་འདི་སྙམ་དུ་སེམས་ཏེ། སྔོན་ཡང་བདག་ཅག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱིས་བརྙས་པར་གྱུར་པས། གལ་ཏེ་བདག་གིས་དགེ་སློང་མ་རབ་ཏུ་ཕྱུང་བར་གྱུར་ན། དྲུག་སྡེ་དག་གིས་དགེ་སློང་མ་རབ་ཏུ་ཕྱུང་ངོ་ཞེས་རྒྱ་ཆེར་བརྙས་པར་འགྱུར་གྱི་བདག་ནི་རེ་ཞིག་རྒྱལ་པོའི་ཁབ་ཏུ་སོང་སྟེ། དེར་དབྱར་གནས་པར་ཁས་བླངས་ལ་སྦེད་མ་ནི་ཇི་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་པོ་གཽ་ཏ་མཱིས་རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་པར་འགྱུར་བར་བྱའོ་སྙམ་ནས། འཆར་ཀ་རྒྱལ་པོའི་ཁབ་ཏུ་སོང་སྟེ། དབྱར་གནས་པར་ཁས་བླངས་པ་དེའི་ཚེ་སྦེད་མ་མཉན་ཡོད་དུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་མཉན་ཡོད་ན་རྒན་ཞུགས་ཤིག་རྒྱལ་པོའི་ཁབ་ཏུ་སོང་བས། འཆར་ཀ་ལ་སྦེད་མ་རབ་ཏུ་བྱུང་བའི་གཏམ་བརྗོད་པ་དང༌། འཆར་ཀ་ཡང་སྦེད་མ་དེ་གཞན་དག་གིས་ཁ་དྲངས་སུ་དོགས་པས། མྱུར་བ་མྱུར་བ་ཁོ་ནར་མཉན་ཡོད་དུ་འོངས་ཏེ་རང་གི་གཙུག་ལག་ཁང་དུ་ཞུགས་སོ། །དེའི་ཚེ་ན་དགེ་སློང་མ་རྒྱལ་བྱེད་ཀྱི་ཚལ་དུ་འདུན་པ་འབུལ་དུ་དོང་བ་རྣམས་ཀྱིས་འཆར་ཀ་འོངས་པར་ཐོས་ནས་སྦེད་མ་ལ་སྦྲན་པ་དང༌། སྦེད་མས་ནས་ཀྱི་ངར་ཕྱེ་དང༌། ཁྲུས་ཀྱི་ཆལ་དང༌། འབྲུ་མར་ཐོགས་ཏེ་འཆར་ཀའི་གཙུག་ལག་ཁང་དུ་སོང་ནས་སྒོ་བརྡུངས་སོ། །འཆར་ཀས་སྨྲས་པ། དེ་སུ་ཡིན། སྦེད་མས་སྨྲས་པ། བདག་སྦེད་མའོ། །ཁྱིམ་བདག་གི་ཆུང་མ་སྦེད་མ་འོངས་པ་ལེགས་སོ་ལེགས་སོ། །བདག་ད་དུང་ཡང་ཁྱོད་ཁྱིམ་བདག་གི་ཆུང་མ་ལགས་སྙམ་མམ། འོ་ན་ཅི་ཡིན་བདག་རབ་ཏུ་བྱུང་ངོ༌། །ཁྱོད་སུས་རབ་ཏུ་ཕྱུང༌། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སོ། །སྦེད་མས་ཅིའི་ཕྱིར་ཁོ་བོ་བདག་ཉིད་ཀྱི་ལག་པ་ལ་སོས་འདེབས་པར་བྱེད་དམ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཁྱོད་རབ་ཏུ་ཕྱུང་ཡང་རུང་ཁོ་བོས་རབ་ཏུ་ཕྱུང་ཡང་རུང་སྟེ། ལེགས་ཀྱི་ནང་དུ་ཞུགས་ཤིག་དང་ཆོས་བསྟན་པར་བྱའོ། །སྦེད་མ་ནང་དུ་ཞུགས་ཏེ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་ཉན་པར་བྱ་བའི་ཕྱིར་མདུན་དུ་འདུག་གོ །དེས་དེ་ལ་ཆོས་བསྟན་པར་བརྩམས་ཏེ། དེས་དེ་ལ་ཇི་ཙམ་པ་དེ་ཙམ་དུ་ཆོས་བསྟན་ནས། སྔོན་གྱི་བགད་བ་དང་དགའ་བར་བྱེད་
པ་དང། རྩེས་པ་དང༌། དགའ་མགུར་སྤྱད་པ་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་བདག་ཅག་གཉིས་ཀྱིས་སྐྱེད་མོས་ཚལ་དང༌། ལྷའི་གནས་ག་གེ་མོ་ཞིག་ཏུ་ཟས་འདི་དང་འདི་ལྟ་བུ་ཟོས་པ་དང༌། བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང༌། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་གང་ཡིན་པ་དེ་དྲན་ནམ་ཞེས་སྨྲས་པ་དང༌། འཆར་ཀ་ཀུན་དུ་ཆགས་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་ཀུན་དུ་ཆགས་པར་གྱུར་པ་དེ་ལྟ་དེ་ལྟར་དྲལ་ལོ། །སྦེད་མས་འཆར་ཀ་ཆགས་སོ་སྙམ་དུ་ཤེས་ནས་སྨྲས་པ། སླད་རོལ་དུ་མཆིས་ཏེ་སླད་མཆིའོ། །འཆར་ཀས་བསམས་པ། འདི་བཤད་པའམ་གཅི་བ་བྱེད་འདོད་གོར་མ་ཆག་སྙམ་ནས་སྨྲས་པ་སོང་ཤིག །སྦེད་མ་ཕྱིར་བྱུང་བས་ཤིང་ང་དཔུང་བཅད་བརྫེས་ཏེ། བརྒྱུག་པར་བརྩམས་པ་དང༌། འཆར་ཀ་སྒྲ་ལ་མཁས་པས། དེས་དེའི་ཏིང་སྒྲ་ཐོས་ནས་ཕྱིར་བྱུང་སྟེ། དགེ་སྦྱོང་མ་མགོ་རེག་མ་གར་བྲོས་ཞེས་དེས་དེའི་ཕྱི་བཞིན་བརྒྱུག་པར་བརྩམས་པ་དང༌། དེ་ལ་བརླའི་རེག་པས་ཁུ་བ་བྱུང་ནས། དེ་ཀུན་ནས་དཀྲིས་པ་དང་བྲལ་ཏེ། གླང་པོ་ཆེ་ཆགས་པ་དང་བྲལ་བ་བཞིན་དུ་གཞི་དེ་ཉིད་ན་འདུག་གོ །སྦེད་མས་དེ་ཀུན་ནས་དཀྲིས་པ་དང་བྲལ་ཞིང་ཕྱིར་ལོག་པ་མཐོང་ནས་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་གལ་ཏེ་བདག་གིས་དང་དུ་བླངས་པར་གྱུར་ན་བདག་ཀྱང་དགེ་སློང་མ་ཉིད་དུ་མི་རུང་ལ་ཁྱོད་ཀྱང་དགེ་སློང་ཉིད་དུ་མི་རུང་བར་འགྱུར་རོ། །སྲིང་མོ་བཅོམ་ལྡན་འདས་ཀྱིས་ཀྱང་བདག་སྲུང་ན་གཞན་སྲུང་བར་བྱེད་ལ། གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ་ཞེས་གསུངས་པ་ལེགས་སོ། །འཕགས་པ་ཤམ་ཐབས་འདི་ཚུར་སྩོལ་བཀྲུ་བར་བགྱིའོ། །འཆར་ཀས་ཤམ་ཐབས་དེ་སྦེད་མ་ལ་བྱིན་ནོ། །སྦེད་མས་ཁུ་བ་དེ་མ་ཐོང་ནས་འགྱོད་པ་སྐྱེས་ཏེ། བདག་གི་ལུས་ཀྱི་ཕྱོགས་བཙུན་པ་འཆར་ཀས་སྔོན་མ་མཐོང་བའམ། མ་མནམས་པའམ། མ་བྱུགས་པ་ཇི་ཞིག་ཡོད་ན། བདག་གིས་དང་དུམ་བླངས་པ་ནི་མ་ལེགས་པ་ཞིག་བྱས་སོ་སྙམ་དུ་འགྱོད་པ་སྐྱེས་སོ་ཞེས་སྦེད་མ་དེ་ལྟར་རྣམ་པར་རྟོག་པ་ན་དེ་ཀུན་དུ་ཆགས་ཤིང་དྲལ་བར་གྱུར་བའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་དེ་ལ་སེམས་ཅན་ཞུགས་པར་
གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། སྦེད་མ་ཁོ་མོ་ཅག་ཀོ་ཁྱོད་ཆོས་བཟང་པོའི་ཆོས་ཀྱིས་འཕགས་པ་འཆར་ཀའི་གན་དུ་འགྲོ་བར་སེམས་ཀྱི་ཁོ་མོ་ཅག་དེས་ཁྱོད་གནས་སྐབས་འདི་ལྟ་བུ་བྱས་པར་མི་སེམས་སོ། །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་དགེ་སློང་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། གང་ཚུན་ཆད་རབ་ཏུ་བྱུང་ནས། དེ་ཁོ་མོ་སྔོན་ཆད་ལན་འགའ་ཡང་ལག་གིས་ཀྱང་མ་བྱུགས་སོ། །དེ་དག་གིས་སྨྲས་པ། མ་བྱུགས་ན་ཡང་དེས་ཁྱོད་གནས་སྐབས་འདི་འདྲ་བར་བྱས་ན། གལ་ཏེ་བྱུགས་ན་དེས་ཁྱོད་གནས་སྐབས་ཇི་ལྟ་བུར་བྱས་པར་འགྱུར་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དེ་ནི་ཕམ་པར་མ་གྱུར་གྱི། འདི་ལྟར་ས་ཕྱོགས་དབེན་པར་གཞག་སྟེ་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་གྱིས་ཤིག་དང༌། བུ་འོད་སྲུངས་གཞོན་ནུ་ཞེས་བྱ་བ་བཙའ་བར་འགྱུར་ཞིང་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ། དགེ་སློང་འོད་སྲུངས་གཞོན་ནུ་དེ་ནི་ངའི་གཏམ་སྣ་ཚོགས་དང༌། གཏན་སྙན་པ་དང༌། སྤོབས་པ་དགེ་བ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་དགེ་སློང་རྣམས་ཀྱི་ཉེས་དམིགས་གང་ཡིན་པ་དེ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པ་ལས་གྱུར་པ་ཡིན་ནོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། གནས་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུད་དམ། འཚེད་དུ་འཇུད་དམ། འཆག་ཏུ་འཇུད་ན་སྦང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་
ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །རྙིང་པ་ཞེས་བྱ་བ་ནི་དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ། །འཁྲུར་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཆུར་སྨྱུག་པ་བྱེད་དུ་འཇུད་ནའོ། །འཚེད་དུ་འཇུད་དམ་ཞེས་བྱ་བ་ནི་ཐན་ཚོད་དུ་སྨྱུག་པ་བྱེད་དུ་འཇུག་ནའོ། །འཆག་ཏུ་འཇུག་ན་ཞེས་བྱ་བ་ནི་ཐ་ན་ཐལ་མོས་རྡེབས་པ་བྱེད་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་པ་མེད་པ་དང༌། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་བྱིན་གྱིས་བརླབས་པ་དང་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བསྒོ་བས་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ་འཆག་ཏུ་བཅུག་པ་དག་བྱས་པ་ཉིད་ནི་འཁྲུར་འཇུག་པའི་སྦང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འཁྲུ་བ་དང་འཚེད་པ་དང་འཆག་པ་རིགས་མི་མཐུན་པའི་ཚིགས་རྣམས་དང༌། དེ་དག་གྲུབ་པའི་མཐའ་མན་ཆད་བར་སྐབས་སུ་ཆད་པའི་ཚིགས་རྣམས་ལ་ལྟུང་བ་རེ་རེར་རྣམ་པར་མི་གཞག་པར་སྤྱིར་དངོས་གཞིའི་འབྲས་བུ་གཅིག་རྣམ་པར་གཞག་གོ །དགེ་སློང་ལ་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་
པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་འཁྲུར་གཞུག་པ་དང༌། འཚེད་དུ་གཞུག་པ་དང༌། འཆག་ཏུ་གཞུག་པར་འོས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་པར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཁྲུར་འཇུད་པའི་སྤང་བའི་ལྟུང་བ་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྦང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །གོས་ཀྱི་གྲྭ་ལ་སོགས་པ་ཕྱོགས་གཅིག་ལ་བྱས་པ་དང༌། འཁྲུ་བ་ལ་སོགས་པ་ལས་ཀྱི་ཕྱོགས་གཅིག་པ་བྱས་པ་ལན་སྨད་པ་མེད་དོ། །གོས་ཀྱི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང༌། ཆོས་གོས་དང༌། གདིང་བ་ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་བསྙེན་པར་རྫོགས་པ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །བཤད་བ་དང༌། གཅི་བ་དང༌། ལྗན་ལྗིན་དང༌། འདམ་རྫབ་ལ་སོགས་པས་མ་རུངས་པར་གྱུར་པ་འཁྲུ་བ་དང༌། འཚེད་པ་དང༌། འཆག་ཏུ་འཇུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གོས་དང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བྱིན་གྱིས་བརླབས་པ་དང༌། རང་གི་དང༌། རྙིང་པ་དང༌། འཁྲུར་གཞུག་པར་འོས་པ་དང༌། གོས་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། བསྒོ་བ་དང་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་དུ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྨོས་པས་ལྟུང་བ་འདི་དང་འོག་མ་དག་གི་ཡན་ལག་ནི་ཉེ་དུ་དང་ཉེ་དུ་མ་ཡིན་པ་དག་ཡིན་པས་དེའི་ཕྱིར་ད་འདིར་ཉེ་དུའི་མཚན་ཉིད་བརྗོད་པར་འདོད་ནས། སྔར་ལུང་ཉིད་ལས་ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང་ཕྲུགས་ལ་བརྟེན་པའི་
བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ་ཞེས་གསུངས་པའི་རྗེས་སུ་འབྲང་བས་ཕ་མ་དག་གི་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་གཅིག་ཏུ་སྔན་ཆད་གྱུར་པ་ཡང་ཉེ་དུ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ་ཕ་མ་དག་ཅེས་བྱ་བ་ནི་ཕ་དང་མ་ནི་ཕ་མ་དག་གོ །དེ་བས་ན་ཕ་མ་དག་གི་བདུན་པ་ཚུན་ཆད་ཅེས་བྱ་བ་ནི་ཕའི་ཕྲུགས་བདུན་པ་ཚུན་ཆད་དང༌། མའི་ཕྲུགས་བདུན་པ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ །མདོ་ལས་ཕ་མ་ཞེས་བྱ་བ་སྨོས་པའི་སྒྲ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་དང༌། དེ་བཞིན་དུ་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཕའི་ཕ་དང་ཕ་དེའི་ཡང་ཕ་དང༌། དེ་ལྟ་བུ་ལ་སོགས་པ་ནི་ཕའི་རྒྱུད་དོ། །ཕ་དེའི་མ་གང་ཡིན་པ་དང༌། མ་དེའི་ཡང་མ་དང༌། དེ་ལྟ་བུ་ལ་སོགས་པ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའོ། །དེ་བཞིན་དུ་མའི་མ་དང༌། མ་དེའི་ཡང་མ་དང༌། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་དོ། །མ་དེའི་ཕ་གང་ཡིན་པ་དང༌། ཕ་དེའི་ཡང་ཕ་དང༌། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་བྱས་ན་ཕའི་རྒྱུད་ཀྱང་མའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ལ། དེ་བཞིན་དུ་མའི་རྒྱུད་ཀྱང་ཕའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ནོ། །ཕ་མ་དག་གི་ཕྲུགས་སུ་གྱུར་པ་བདུན་པ་ཚུན་ཆད་ལས་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ཕྲུགས་སུ་གྱུར་པ་དག་གམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཕྲུགས་སུ་གྱུར་པ་དག་ལས་གང་ཡང་རུང་བ་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའམ། མའི་ཡན་ལག་དང་བཅས་པ་གཅིག་ཏུ་སྔན་ཆད་གྱུར་པ་སྟེ། ཕའི་རྒྱུད་དུ་སྔན་ཆད་གྱུར་པའམ། མའི་ཡན་ལག་དང་བཅས་པ་སྔན་ཆད་གྱུར་པའམ། མའི་རྒྱུད་དུ་སྔན་ཆད་གྱུར་པའམ། ཕའི་ཡན་ལག་དང་བཅས་པར་སྔན་ཆད་གྱུར་པ་དེ་ནི་ཉེ་དུ་ཞེས་བྱའོ། །ཡང་ཞེས་བྱ་བའི་སྒྲ་ནི་གཉི་གར་སྔན་ཆད་གྱུར་པ་འབའ་ཞིག་ཉེ་དུ་ཡིན་པར་མ་ཟད་ཀྱི་གཅིག་ཏུ་སྔན་ཆད་གྱུར་པ་ཡང་ཉེ་དུ་ཡིན་པར་སྟོན་ཏོ། །འདི་སྐད་བསྟན་ཏེ། འདིར་ཉེ་དུ་ཞེས་བྱ་བ་ནི་སྔན་ཆད་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའམ། གཉི་གའི་རིགས་
གྲངས་བདུན་པ་ཚུན་ཆད་དུ་སྐྱེས་པ་དེ་ཡིན་ནོ། །ཇི་སྐད་སྨྲས་པ་ལས་གཞན་པ་ནི་ཉེ་དུ་མ་ཡིན་ནོ། །དེས་ན་ཕའི་རྒྱུད་ལ་ནི་ཕ་དང་མེས་པོ་དང་ཡང་མེས་དང༌། སུམ་མེས་དང༌། བཞི་མེས་དང༌། ལྔ་མེས་དང༌། དྲུག་མེས་ཚུན་ཆད་དུ་སྔོན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ལ་ནི་ཕ་དང་ཕྱི་མོ་དང༌། ཡང་ཕྱི་དང༌། སུམ་ཕྱི་དང༌། བཞི་ཕྱི་དང༌། ལྔ་ཕྱི་དང༌། དྲུག་ཕྱི་ཚུན་ཆད་དུ་སྔོན་ཆད་དུ་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །མའི་རྒྱུད་ལ་ནི་མ་དང༌། མ་ཕྱི་དང་མ་རྒྱུད་ཡང་ཕྱི་དང༌། མ་རྒྱུད་སུམ་ཕྱི་དང་མ་རྒྱུད་བཞི་ཕྱི་དང༌། མ་རྒྱུད་ལྔ་ཕྱི་དང༌། མ་རྒྱུད་དྲུག་ཕྱི་ཚུན་ཆད་དུ་སྔན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ལ་ནི་མ་དང༌། མ་མེས་དང༌། མ་རྒྱུད་ཡང་མེས་དང༌། མ་རྒྱུད་སུམ་མེས་དང༌། མ་རྒྱུད་བཞི་མེས་དང༌། མ་རྒྱུད་ལྔ་མེས་དང༌། མ་རྒྱུད་དྲུག་མེས་ཚུན་ཆད་དུ་སྔན་ཆད་གྱུར་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །དེ་ལ་འཁོར་ལོ་བཞིན་དུ་སྦྱར་ན་ཕའི་རྒྱུད་ལས་དྲུག་མེས་སྤུན་ཚུན་ཆད་དང༌། ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ལས་ཀྱང་དྲུག་ཕྱི་སྤུན་ཚུན་ཆད་དང་མའི་རྒྱུད་ལས་ཀྱང་མ་རྒྱུད་དྲུག་ཕྱི་སྦུན་ཚུན་ཆད་དང༌། མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ལས་ཀྱང་མ་རྒྱུད་དྲུག་མེས་སྤུན་ཚན་ཆད་ཀྱི་རུས་དང༌། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །བུ་རྒྱུད་དང༌། སྤུན་རྒྱུད་དང༌། བུ་མོའི་རྒྱུད་དང༌། སྲིང་མོའི་རྒྱུད་དུ་ཕྱིན་ཆད་གྱུར་པ་ལས་ཀྱང། བུ་དང་བུ་རྒྱུད་ཚ་བོ་དང༌། ཡང་ཚ་དང༌། སུམ་ཚ་དང༌། བཞི་ཚ་དང༌། ལྔ་ཚ་དང༌། དྲུག་ཚ་ཚུན་ཆད་དང༌། སྤུན་རྒྱུད་ཀྱི་བུ་དང༌། ཚ་བོ་དང༌། ཡང་ཚ་དང༌། སུམ་ཚ་དང༌། བཞི་ཚ་དང༌། ལྔ་ཚ་དང༌། དྲུག་ཚ་ཚུན་ཆད་དང༌། བུ་མོ་དང་བུ་མོའི་རྒྱུད་ཀྱི་ཚ་བོ་དང༌། ཡང་ཚ་དང༌། སུམ་ཚ་དང༌། བཞི་ཚ་དང༌། ལྔ་ཚ་དང༌། དྲུག་ཚ་ཚུན་ཚད་དང༌། སྲིང་མོའི་རྒྱུད་ཀྱི་བུ་དང༌། ཚ་བོ་དང་ཡང་ཚ་དང༌། སུམ་ཚ་དང༌། བཞི་ཚ་དང༌། ལྔ་ཚ་དང་དྲུག་ཚ་ཚུན་ཆད་ཀྱི་རུས་དང༌། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །དེ་ལ་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་
དང། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའི་བདུན་རྒྱུད་ནི་སྔན་ཆད་དེར་གྱུར་པ་ཡིན་ལ། བུ་དང་སྤུན་དང་བུ་མོ་དང་སྲིང་མོའི་རྒྱུད་ཀྱི་བདུན་རྒྱུད་ནི་ཕྱིན་ཆད་དེར་འགྱུར་བ་ཡིན་ཏེ་ད་ལྟར་བདག་ཉིད་ཡོད་པ་ལ་ལྟོས་པས་བདག་ཉིད་མ་གཏོགས་པར་ཕ་དང་མ་ནས་ཕྱི་མེས་གྱེན་དུ་བགྲངས་པའི་བདུན་པ་མན་ཆད་དང༌། བུ་དང་བུ་མོ་དང༌། སྤུན་དང༌། སྲིང་མོའི་བུ་དང༌། བུ་མོ་ནས་ཐུར་དུ་བགྲངས་པའི་བདུན་པ་ཡན་ཆད་དང༌། ཐད་ཀར་ཕའི་རྒྱུད་ཀྱི་དྲུག་མེས་སྤུན་ཚུན་ཆད་ཀྱི་མིང་སྲིད་དང༌། ཕའི་རྒྱུད་མའི་ཡན་ལག་དང་བཅས་པའི་དྲུག་ཕྱི་སྤུན་ཚུན་ཆད་ཀྱི་མེའུའི་མིང་སྲིང་དང༌། མའི་རྒྱུད་ཀྱི་དྲུག་ཕྱི་སྦུན་ཚུན་ཆད་ཀྱི་མེའུའི་མིང་སྲིང་དང༌། མའི་རྒྱུད་ཕའི་ལན་ལག་དང་བཅས་པའི་དྲུག་མེས་སྤུན་ཚུན་ཆད་ཀྱི་ཞང་པོ་དང༌། སྲུ་མོ་དང༌། བདུན་ནི་ཚ་བོའི་ཚ་བོ་དང༌། ཚ་མོ་ཚུན་ཆད་ཀྱི་རུས་དང༌། སྣག་གི་ཕོ་སྨོས་ཀྱི་རྒྱུད་ཐམས་ཅད་ལ་ཉེ་དུའི་སྡེ་ཚེན་གྱི་འཁོར་ལོ་གཅིག་ཏུ་བརྩིའོ། །དེ་ལྟར་ཉེ་དུ་དང་ཉེ་དུ་མ་ཡིན་པའི་མཚན་ཉིད་བསྟན་ནས། དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་སྨོས་པར་བསྟན་པའི་ཕྱིར་འདུ་ཤེས་གཙོ་བོ་ཉིད་ལ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བྱ་བ་གསུངས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ་ཞེས་གསུངས་པའི་སྐབས་འདི་ལ། གལ་ཏེ་འདུ་ཤེས་ཇི་ལྟ་བ་བཞིན་དུ་དོན་ཡང་དེ་ལྟ་བུ་ཉིད་ཡིན་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་དུ་འདུ་ཤེས་ཤིང༌། དགེ་སློང་མ་ཉིད་ཀྱང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན། དངོས་གཞི་སྟེ། སྤང་བའི་ལྟུང་བྱེད་ཉིད་དུ་འགྱུར་རོ། །གལ་ཏེ་དོན་ཇི་ལྟ་བ་ཉིད་མ་ཡིན་ཏེ། དགེ་སློང་མ་ནི་ཉེ་དུ་ཡིན་ལ་འདུ་ཤེས་ཀྱིས་ནི་ཉེ་དུ་མ་ཡིན་ནོ་སྙམ་ན་དངོས་གཞི་དང་ཉེ་བ་སྟེ་ཉེས་བྱས་སུ་འགྱུར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་སྟེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་ནི་དངོས་གཞིར་འགྱུར་ལ། དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་ནི་ཉེས་བྱས་སུ་འགྱུར་རོ། །འདི་ལ་ཡན་ལག་བརྒྱད་ཀྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། བྱིན་གྱིས་བརླབས་པ་དང༌། རང་གི་དང༌། རྙིང་པ་དང༌། འཁྲུར་གཞུག་པར་འོས་པ་དང༌། གོས་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌།
བསྒོ་བ་དང་བྱས་པའོ་ཞེས་སྔར་སྨོས་པ་དང་བྱིན་གྱིས་བརླབས་པའོ་ཞེས་སྨོས་པ་ནི་བྱིན་གྱིས་མ་བརླབས་པ་འཁྲུར་འཇུག་པ་ལ་སོགས་པ་བྱས་ན་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཆོས་གོས་སྤང་བ་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར་གལ་ཏེ་མ་སྤངས་པ་འཁྲུར་འཇུག་ན་ནི་སྤང་བར་འགྱུར་རོ། །འོན་ཏེ་སྤངས་པ་འཁྲུར་འཇུག་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རང་གི་ཞེས་སྨོས་པ་ནི་གཞན་གྱི་བསལ་བའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གཞན་དབང་བའི་ཆོས་གོས་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཞེས་སྨོས་པ་ནི་སར་པ་དགག་པའི་ཕྱིར་ཏེ། འདིར་གཞུང་ནི་རྙིང་པ་ཞེས་བྱ་བ་ནི་དུས་ཚིགས་གསུམ་པོ་དག་ལས། དུས་ཚིགས་གང་ཡང་རུང་བར་སྤྱད་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་མཚོན་པ་ཡིན་པར་རིག་པར་བྱ་སྟེ། གལ་ཏེ་ཇི་སྲིད་སྤྱད་ཀྱང་རུང༌། མི་གཙང་བ་ལ་སོགས་པས་གོས་པ་འཁྲུར་གཞུག་པར་འོས་པ་ནི་དུས་ཚིགས་སུ་མ་སྤྱད་ན་ཡང་སྤང་བར་འགྱུར་བ་བསྐྱེད་པ་ཁོ་ནའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་རུང་བས་གྲོང་དུ་ཞུགས་ཤིང་དེའི་ཆོས་གོས་དེ་ཡང་ལུས་ལས་མ་ཕུད་པར་དེ་སྤང་བར་བགྱི་བའི་སླད་དུ་འབྱུང་བར་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟ་སྟེ། ཁྱིམ་གྱི་ནང་དུ་ཞུགས་པའི་ཆོས་གོས་མི་གཙང་བ་ལ་སོགས་པས་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཁྲུར་གཞུག་པར་འོས་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར། གལ་ཏེ་གང་ཟག་གིས་སྤྱད་པས་དྲི་མ་ཅན་དུ་གྱུར་པ་ཡིན་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གོས་ཞེས་སྨོས་པ་ནི་ཆོས་གོས་དང་གདིང་བ་སྟེ། དེ་དག་མ་ཡིན་པ་ཐམས་ཅད་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་ཆོས་གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་
བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ན་སྨད་པའི་ཕྱིར་རོ། །བསྒོ་བ་ཞེས་སྨོས་པ་ནི་མངགས་པ་ལ་སོགས་པ་ལ་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་དེ་གཉིས་ཀྱི་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་མངགས་པས་ཆོས་གོས་འཁྲུར་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱས་པའོ་ཞེས་སྨོས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པས་བཀྲུ་བ་ལ་སོགས་པ་མ་བྱས་ན་ཉེས་བྱས་སུ་བསྟན་པའི་ཕྱིར་ཏེ། འདིར་གཞུང་ནི་འཁྲུར་འཇུག་པ་དང༌། འཚེད་དུ་འཇུག་པ་དང༌། འཆག་ཏུ་འཇུག་པ་དག་བྱས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །གོས་རུང་བ་ཉིད་མ་ཡིན་པ་དང༌། ཚད་པས་ཆུང་བ་ལ་ཉེས་བྱས་སོ། །བྱིན་གྱིས་མ་བརླབས་པ་དང༌། གཞན་གྱི་དང༌། སར་པ་དང༌། འཁྲུར་གཞུག་པར་མི་འོས་པ་དང༌། ཆོས་གོས་དང༌། གདིང་བ་མ་ཡིན་པ་དང༌། མངག་པ་ལ་སོགས་པ་དང་དགེ་སློང་མས་མ་བྱས་པ་དག་ལ་ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང༌། ཉེ་དུ་ལ་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །དྲེའུ་རྔོག་དང་ཁྱིམ་པའི་གོས་དང༌། སྔས་ནང་ཚངས་ཅན་དང༌། རུང་བ་བྱས་པ་དང༌། སྤངས་པ་དང༌། དགེ་འདུན་གྱི་རྣམས་ལ་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ཁྱིམ་པའི་
རྟགས་ཅན་མོ་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཁྲུར་འཇུག་པའི་སྤང་བར་བྱའོ།།དེ་ལྟར་ཉེ་བར་གཞག་པ་ནི་དེ་མེད་པ་དག་གིས་ཇི་དགར་སློང་མ་སྦྲུམ་མ་དབེན་པར་གཞག་གོ །དེར་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ། །དེ་ལ་ཟས་སྦྱིན་པར་བྱའོ། །དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དེ་ལས་མི་འགལ་བ་ཉིད་དུ་བྱའོ། །ཡོད་དམ་མེད་པ་ཉིད་དང༌། ཇི་ལྟ་བུར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དེས་དེ་དྲི་བར་བྱའོ། །ཧ་ཅང་ཡུན་མི་རིང་བར་ཏེ་འཇུག་པ་དང་འཇུག་པའི་གནས་བཙལ་བ་དང༌། རྫས་གཞག་པ་དང༌། རེ་ཞིག་སྡོད་པ་དེ་དག་ཐམས་ཅད་ཇེ་དང་པོར་བྱས་ལ་དེའི་འོག་ཏུ་ཁྲིམས་སུ་བྱ་བ་དྲི་བར་བྱའོ། །སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ། །ལྟུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་ལྷག་པ་འབུལ་བ་ན་དགེ་འདུན་གྱིས་ཉེ་བར་གཞག་པའི་དོན་དུ་བླང་བར་བྱའོ། །དེ་ལྟར་ཉེ་བར་གཞག་པ་ནི་དེ་མེད་པ་དག་གིས་ཇི་དགར་བཀུར་རོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འཁྲུར་འཇུག་པའི་སྤང་བ་སྟེ་བཞི་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་གཅིག་པ། ལེན་པའི་སྤང་བའི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་དགོན་པར་གནས་པ་མ་བཀག་པ་དེའི་ཚེ་ན་དགེ་སློང་མ་རྣམས་ཀྱང་དགོན་པའི་གནས་སུ་དོང་སྟེ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་དགེ་སློང་མ་ཨུཏྤལཱི་མདོག་འཁོར་ལྔ་བརྒྱ་དང་ནགས་མུན་པ་
ཅན་གལ་བ་དེར་སོང་སྟེ་ཕྱིན་ནས། ཤིང་ལྗོན་པ་ཞིག་གི་དྲུང་དུ་བརྟེན་ཏེ་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་ནས་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །དགེ་སློང་མ་དེ་དག་ཕྱི་འཕྲེང་མཉན་ཡོད་དུ་འཇུག་འདོད་ནས་སྨྲས་པ། འཕགས་མ་ཨུཏྤ་ལའི་མདོག་བསླང་བར་བྱའོ། །ཁ་ཅིག་གིས་སྨྲས་པ། འཕགས་མ་ཨུཏྤ་ལའི་མདོག་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ཡིན་པས་དང་པོ་ཁོ་ནར་དབྱར་ཁང་དུ་འགྲོ་བར་འགྱུར་བའི་གནས་སྐབས་ཀྱང་ཡོད་དོ་ཞེས་ཟེར་ནས། དེ་དག་གིས་དེ་མ་བསླངས་པ་ཁོ་ནར་དང་ངོ༌། །ཨུཏྤ་ལའི་མདོག་ཀྱང་ཕྱི་འཕྲེད་ལངས་ནས་དགེ་སློང་མ་དེ་དག་ཐམས་ཅད་དོང་བར་མཐོང་བ་དང༌། དེས་བསམས་པ། ཅིད་འགྲོའམ་འོན་ཏེ་འདི་ཉིད་དུ་འདུག་སྙམ་ནས། དེ་དེ་ཉིད་དུ་འགོག་པ་ལ་སྙོམས་པར་ཞུགས་སོ། །ཆོམ་རྐུན་པ་གཡོན་ཅན་ལྔ་བརྒྱ་ཙམ་གྱིས་ཆོམ་རྐུན་གྱི་ལས་དག་ཀྱང་བྱས་ནས་ནགས་མུན་པ་ཅན་དུ་ལྷགས་ཏེ། དེ་དག་གིས་སྨྲས་པ། བདག་ཅག་ལས་ཉིས་བརྒྱ་ལྔ་བཅུས་ནི་སྐལ་བ་དག་བགོ་བར་བྱས་ཏེ། ཉིས་བརྒྱ་ལྔ་བཅུས་ནི་ནགས་བྱུལ་བར་བྱའོ་ཞེས་དེ་དག་ལས་ཉིས་བརྒྱ་ལྔ་བཅུས་ནི་སྐལ་བ་དག་བགོ་བར་བརྩམས། ཉིས་བརྒྱ་ལྔ་བཅུས་ནི་ནགས་བྱུལ་བར་བརྩམས་པ་དང༌། དེ་དག་གིས་ཨུཏྤལའི་མདོག་འདུག་པ་མཐོང་ངོ༌། །དེས་ན་ཁ་ཅིག་ན་རེ་ཤེས་ལྡན་དག་འདི་དག་མཐོ་ཡོར་ཞིག་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ་འདི་ནི་མི་ཞིག་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འདི་ནི་དགེ་སློང་ཞིག་ཡིན་ནོ་ཞེས་ཟེར་རོ། །དེ་ན་དགེ་སློང་གི་རྒྱུས་ཤེས་པ་གཅིག་འདུག་པ་དེས་སྨྲས་པ། འདི་ནི་དགེ་སློང་མ་ཞིག་ཡིན་གྱི། དགེ་སློང་ནི་མ་ཡིན་ནོ། །ཇི་ལྟར་ཤེས། དགེ་སློང་དག་ནི་སྐྱིལ་མོ་ཀྲུང་གིས་འདུག་ལ་དགེ་སློང་མ་རྣམས་ནི་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་གོ །དེ་དག་ངོ་མཚར་སྐྱེས་ནས་ཤེས་ལྡན་དག་འདི་ལྟ་བུའི་ནགས་འཇིགས་སུ་རུང་བའི་ནང་ན་དགེ་སློང་མ་གཅིག་པུ་མཚན་མོ་གནས་པར་ཁས་བླངས་པ་ལ་ལྟོས་ཞེས་ཟེར་རོ། །དེ་དག་དམག་དཔོན་གྱི་གན་དུ་དོང་བ་དང༌། དམག་དཔོན་གྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཁྱེད་ཀྱིས་ནགས་མུན་པ་ཅན་འདི་ན་ངོ་མཚར་ཅུང་ཟད་མཐོང་བ་ཡོད་དམ།
མཆིས་ཏེ་འདི་ལྟ་བུའི་ནགས་འཇིགས་སུ་རུང་བའི་ནང་ན་དགེ་སློང་མ་གཅིག་པུ་མཚན་མོ་གནས་པར་ཁས་བླངས་པ་མཆིས་སོ། །དེ་བལྟས་འདོང་ངོ་ཞེས་དེ་དག་དེའི་དྲུང་དུ་དོང་བ་དང༌། དམག་དཔོན་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག །གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་མཐོང་ངོ༌། །མཐོང་ནས་ཀྱང་མངོན་པར་དད་པར་གྱུར་ནས། དེ་མངོན་པར་དད་པ་སྐྱེས་ནས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་གཉི་ག་ནས་བཟང་བ་ཡིན་ཏེ། མཚན་མོ་ཟླ་ཉི་མོ་ལྟར་འདུག་པ་གང་ཡིན་པ་དང༌། གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་གང་ཡིན་པས་སོ་ཞེས་དེ་བསླང་བར་བརྩམས་པ་དང༌། དེ་དག་གིས་སྨྲས་པ། ཅིའི་ཕྱིར་འདི་སློང་བར་བྱེད། ཟན་སྦྱིན་པར་བྱའོ། །དགེ་སློང་གི་རྒྱུས་ཤེས་པ་གཅིག་གིས་སྨྲས་པ། འདི་ནི་དུས་མ་ཡིན་པར་མི་ཟའོ། །དམག་དཔོན་གྱིས་སྨྲས་པ། ཅིའི་ཕྱིར། དེས་སྨྲས་པ། འདིས་དུས་མ་ཡིན་པའི་ཟས་སྤངས་པ་ཡིན་ནོ། །དམག་དཔོན་གྱིས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་ནི་གཉི་ག་ནས་བཟང་བ་ཡིན་ཏེ། གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་གང་ཡིན་པ་དང༌། དུས་མ་ཡིན་པའི་ཟས་སྤངས་པ་གང་ཡིན་པས་སོ། །ཡང་སྨྲས་པ་འདི་ལ་ཆང་བླུད་པར་བྱའོ། །དགེ་སློང་གི་རྒྱུས་ཤེས་པ་དེས་སྨྲས་པ། འདི་ནི་མྱོས་པར་འགྱུར་བའི་ལྟུང་བ་སྤངས་པ་ཡིན་ནོ། །དམག་དཔོན་གྱིས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་ནི་གཉིས་ཀ་ནས་བཟང་བ་ཡིན་ཏེ། གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་གང་ཡིན་པ་དང༌། མྱོས་པར་འགྱུར་བའི་ལྟུང་བ་སྤངས་པ་གང་ཡིན་པས་སོ། །ཡང་སྨྲས་པ། ཁོ་བོས་ཡོན་གནས་ཞིང་འདི་ལྟ་བུ་ལ་བསོད་སྙོམས་ཀྱིས་བསྒྲུབ་པར་མ་ནུས་སོ་ཞེས་དེས་རས་ཡུག་ཆེན་པོ་ལ་འོས་པ་ཅིག་དང༌། བསོད་སྙོམས་ཀྱི་ཕུད་ཅིག་ཕུལ་ནས་ཤིང་ལྗོན་པའི་ཡལ་ག་ལ་བཏགས་ནས་སྨྲས་པ། འཕགས་མ་འདི་ལྟར་ཁྱོད་ལ་མི་མཁྱེན་པ་དང༌། མི་གཟིགས་པ་དང༌། མི་རིག་པ་དང༌། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བས་བདག་གིས་ཁྱོད་ལ་བསོད་སྙོམས་དང་ན་བཟའ་འདི་འབུལ་ལོ་ཞེས་སྨྲས་ཏེ་སོང་ངོ༌། །ཨུཏྤ་ལའི་མདོག་ནང་པར་སྔར་ལངས་པས་སྐྱེ་བོ་ཕལ་པོ་ཆེའི་རྗེན་ཤུལ་མཐོང་ནས། དེས་བསམས་པ་དང༌། ཆོམ་རྐུན་པ་གཡོན་ཅན་ལྔ་བརྒྱ་ཉེ་བར་འོངས་པར་མཐོང་ནས།
སྨྲས་པ། མི་མཛེས་པ་འགའ་ཞིག་རིག་པར་མ་བྱས་སམ་སྙམ་ནས་འགའ་ཡང་མ་བྱས་པར་མཐོང་ངོ༌། །ཤིང་ལྗོན་པའི་ཡལ་ག་ལ་རས་ཡུག་ཆེན་དང་བསོད་སྙོམས་བཏགས་ཏེ་གཞག་པ་མཐོང་ནས། དེས་བསམས་པ། འདི་ནི་དད་པར་གྱུར་པ་རྣམས་ཀྱིས་དད་པའི་དབང་དུ་བྱས་པ་ཡིན་ནོ་སྙམ་ནས་དེས་བསམས་པ། གལ་ཏེ་བྱིན་ལེན་སྟོབས་པ་ལ་བསྡད་ན་བྱའམ་སྤྲེའུས་ཆུད་གསན་པར་འགྱུར་བས་བདག་ནི་དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་འབུལ་བ་ཡིན་ལ། འདི་ལྟར་དགེ་སློང་རྣམས་ལ་མི་རུང་བ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ལ་རུང་བ་ཡིན་ལ། དགེ་སློང་མ་རྣམས་ལ་མི་རུང་བ་གང་ཡིན་པ་དེ་ནི་དགེ་སློང་རྣམས་ལ་རུང་བ་ཡིན་པས་བདག་རང་ཉིད་ཀྱིས་འདི་ཁྱེར་ཏེ། དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་འབུལ་དུ་འགྲོའོ་སྙམ་ནས། དེས་དེ་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ༌། །དྲུག་སྡེ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་དྲུག་སྡེ་ལས་གང་ཡང་རུང་བས། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཨུཏྤ་ལའི་མདོག་མཐོང་ནས་སྨྲས་པ། སྲིང་མོ་ཅིའི་ཕྱིར་ནང་པར་སྔར་མཉན་ཡོད་ཀྱི་སྒོ་དག་ཕྱེ་སྟེ་འོངས། དེས་སྨྲས་པ། བདག་མཉན་ཡོད་དུ་མ་མཆིས་ཀྱི། བདག་མ་དང་སུམ་ནགས་མུན་པ་ཅན་དུ་མཆིས་པར་ཁས་བླངས་སོ། །ཉེ་དགས་སྨྲས་པ། ཉེ་དགའ་ནི་ཉིན་མོ་ཉིད་ནགས་མུན་པ་ཅན་དུ་ཞུགས་ན་ཡང་སྤུ་དག་གྱེན་དུ་འགྲེང་བར་འགྱུར་རོ། །སྲིང་མོ་ཁྱེར་བ་འདི་ཅི་ཡིན། དེས་སྨྲས་པ། ཆོམ་རྐུན་པ་ལྔ་བརྒྱ་ཙམ་དེར་མཆིས་ནས། དེ་དག་དད་པར་གྱུར་པས་བདག་ཉིད་ལ་དད་པའི་དབང་དུ་བགྱིས་པ་ལ་སྩལ་ཏོ། །སྲིང་མོ་ཁྱོད་ནི་ཆོམ་རྐུན་པས་ཀྱང་དད་པར་བྱས་པ་ཡིན་གྱི། གལ་ཏེ་ཉེ་དགའ་དེ་དག་གིས་མཐོང་དུ་ཟིན་ན་ལྕག་རྒོད་མང་པོས་བརྡས་ཏེ་ཁུར་ཙ་བར་ཁྲིད་པར་འགྱུར་རོ། །འདི་ལྟར་གང་ལ་རས་ཡུག་ཆེན་འདི་ལྟ་བུ་ཡོད་པ་དེ་ནི་གོས་སར་པ་ལས་སྣམ་སྦྱར་ཉིས་རིམ་དུ་བྱས་ཏེ། སེམས་ལས་ཆུང་དུས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་འགྱུར་རོ། །འཕགས་པ་ཁྱོད་རས་ཡུག་ཆེན་འདི་བཞེད་དམ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །འཕགས་པ་བདག་གིས་དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་ཕུལ་ཏེ་སླར་མཆིས་ཀྱི་བར་
དུ་གཞེས་ཤིག་དང༌། དེའི་འོག་ཏུ་ཁྱོད་ལ་རས་ཡུག་ཆེན་གསོལ་ལོ། །ཉེ་དགས་བསམས་པ། ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་འདི་ལ་བསླངས་པ་དང༌། དེ་ལ་བྱིན་པར་འགྱུར་རོ་སྙམ་ནས། སྲིང་མོ་བདག་གིས་བསོད་སྙོམས་ཀྱི་ཕུད་ལེན་པ་དག་ཁྲིད་དེ་འོང་གི ། དེའི་བར་དུ་འདི་ཉིད་དུ་སྡོད་ཅིག །ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་པ་དང༌། དེས་དགེ་སློང་བསོད་སྙོམས་ཀྱི་ཕུད་ལེན་པ་དག་སྙིང་ལས་ཆུང་ངུར་འཁོད་པ་དག་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་སྦྱིན་བདག་གི་ཁུར་གྱིས་ངལ་ཞིང་སྡོད་ལ་ཁྱེད་ཅག་ནི་འདིར་སྙིང་ལས་ཆུང་དུར་འཁོད་ན་ཚུར་ཤེག །བསོད་སྙོམས་ཀྱི་ཕུད་ལོངས་ཤིག །དེ་དག་གིས་གཞོང་བུ་ཐོགས་ཏེ་དོང་བ་དང༌། ཨུཏྤ་ལའི་མདོག་གིས་དེ་དག་ལ་བསོད་སྙོམས་ཀྱི་ཕུད་ཕུལ་ནས་རས་ཡུག་ཆེན་སྤྲུགས་ཏེ་ཉེ་དགའ་ལ་ཕུལ་ལོ། །ཉེ་དགས་ཁྱོད་སྦྱིན་པ་འདིས་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་དང༌། ལྷ་དང་མི་རྣམས་ཀྱི་གོས་ཀྱི་མཆོག་དག་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། །ཨུཏྤ་ལའི་མདོག་གིས་བསམས་པ། ད་དབྱར་ཁང་དུ་སོང་སྟེ་ཅི་རུང༌། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་འགྲོ་བར་བྱའོ་སྙམ་ནས། དེས་ཨུཏྤ་ལའི་མདོག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ །དེའི་ཚེ་ཨུཏྤ་ལའི་མདོག་གི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པར་གྱུར་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་རྣམས་ཀྱིས་དབྱར་གྱི་གོས་ཀྱི་རྙེད་པ་མ་གྲུབ་སམ། བཙུན་པ་གྲུབ་བོ། །འོ་ན་ཅིའི་ཕྱིར་དགེ་སློང་མ་ཨུཏྤ་ལའི་མདོག་གི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པར་གྱུར། བཙུན་པ་སྲིང་མོ་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལགས་ཏེ། འདིས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་ཡིད་དུ་འཐད་པ་དག་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། འདིས་དེང་ཡང་རས་ཡུག་ཆེན་རྙེད་ནས། དེ་
ཡང་འདིས་བཙུན་པ་ཉེ་དགའ་ལ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལྷག་མ་ལེན་ཏམ། བཙུན་པ་ལེན་ཏོ། །ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་ནི་འདི་སྙམ་དུ་འདིའི་ཆོས་གོས་ལྔ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་ཐོབ་པོ་ཅོག་ལེན་པར་བྱེད་ཀྱི། ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཨུཏྤ་ལའི་མདོག་ལ་གཙུག་ལག་ཁང་ཆེན་པོ་ནས་ཆོས་གོས་ལྔ་བྱིན་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་མ་ཨུཏྤ་ལའི་མདོག་ལ། གཙུག་ལག་ཁང་ཆེན་པོ་ནས་ཆོས་གོས་ལྔ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེན། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་པའོ། །གནང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏ། དེ་དེ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་ན། བདག་གིས་འཇིག་རྟེན་ཕ་རོལ་གྱི་ལམ་བརྒྱགས་ཅུང་ཟད་ཀྱང་མ་ཁྱེར་རོ་སྙམ་ནས། ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ཆུང་མས་མཐོང་ནས་སྨྲས་པ། རྗེའི་སྲས་ཁྱོད་ཅིའི་སླད་དུ་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་བཞུགས། བཟང་མོ་ཁོ་བོའི་ཁྱིམ་ནོར་དུ་མ་དང་ལྡན་ན་བདག་གིས་འཇིག་རྟེན་ཕ་རོལ་གྱི་ལམ་བརྒྱགས་
ཅུང་ཟད་ཀྱང་མ་ཁྱེར་ཏེ། གལ་ཏེ་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ། རེ་རེ་ལ་རས་བཅོས་བུ་སར་པ་ཕྲུགས་རེ་རེ་བསྐོན་ན་དེས་བདག་གིས་འཇིག་རྟེན་ཕ་རོལ་གྱི་ལ་མ་བརྒྱགས་ཁྱེར་བར་འགྱུར་རོ། །ཆུང་མས་སྨྲས་བ། རྗེའི་སྲས་དེ་བཞིན་མཛོད་ཅིག །དེ་ནས་ཁྱིམ་བདག་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་ཁྱིམ་བདག་དེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ལ་མངོན་བར་དགའ་བ་དང་རྗེས་སུ་ཡི་རང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ༌། །དེ་ནས་ཁྱིམ་བདག་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང༌། བཟའ་བ་གཙང་ཞིང་བསོད་པ་ལེགས་པར་སྤྱད་ནས་ནང་པར་སྔར་ལངས་ཏེ། གདན་བཤམས་ནས་ཆུ་ར་བཞག་སྟེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱི། བཙུན་པ་གདུགས་ཚོད་སྦྱར་བའི་དུས་ལགས་ན། དེ་བཅོམ་ལྡན་འདས་ཀྱིས་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་གདུགས་
ཆོད་ལ་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྟུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང༌། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཅའ་བ་དང༌། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རེ་རེ་ལ་རས་བཅོས་བུ་སར་པ་ཕྲུགས་རེ་རེ་ཕུལ་ལོ། །དེ་ནས་ཁྱིམ་བདག་དེས་སྟན་ཆེས་དམའ་བ་ཞིག་བླངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱི་སླད་བཞིན་ཕ་ཟད་ཙམ་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་ལོག་སྟེ་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་གཏོང་བ་རྗེས་སུ་དྲན་པ་བསྒོམ་པའི་ཚེ། ཆུང་མ་ལ་སྨྲ་པ། བཟང་མོ་བདག་གིས་འཇིག་རྟེན་ཕ་རོལ་གྱི་ལམ་བརྒྱས་མང་དུ་ཁྱེར་གྱིས། མཆོག་ཏུ་དགའ་བ་དང་རྗེས་སུ་ཡི་རང་བར་གྱིས་ཤིག །ཆུང་མས་སྨྲས་པ། རྗེའི་སྲས་ཀྱིས་ནི་འཇིག་རྟེན་ཕ་རོལ་གྱི་ལམ་
བརྒྱགས་བསྣམས་ན་བདག་གིས་མ་འཚལ་ཏོ། །བཟང་མོ་བདག་ཅག་གཉིས་ཀྱི་ལོངས་སྤྱོད་དག་ཐུན་མོང་མ་ཡིན་ནམ། རྗེའི་སྲས་འདི་ལྟར་འོ་སྐོལ་ཅག་གི་ལོངས་སྤྱོད་དག་ཐུན་མོང་ལགས་ཏེ། འདི་ལྟར་བདག་གིས་ཀྱང་སྐྱེ་དགུའི་བདག་མོ་ཆེན་པོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མའི་དགེ་འདུན་བཤོས་གསོལ་ཏེ་ཆེན་པོ་ལ་འོས་པའི་གོས་དག་ཕུལ་ན། དེ་ལྟ་ན་བདག་གིས་ཀྱང་འཇིག་རྟེན་པ་རོལ་གྱི་ལམ་བརྒྱགས་བ་ཚལ་བར་འགྱུར་རོ། །ཁྱིམ་བདག་གིས་སྨྲས་པ། བཟང་མོ་ཅི་སྔར་སྦྱིན་པ་བྱིན་པས་ཕྱིས་སྦྱིན་པ་བྱར་མེད་དམ། དེ་བཞིན་གྱིས་ཤིག །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ས་ཁྱིམ་བདག་གི་ཆུང་མ་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ་རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་སྟན་ལས་ལངས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སང་བདག་གི་སྡུམ་པར་དགེ་སློང་མའི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་བར་ཅིག་ནང༌། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས། ཁྱིམ་བདག་གི་ཆུང་མ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཅང་མི་སྨྲ་པར་དང་དུ་བླངས་པར་རིག་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བར་བྱས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས། སྐྱེ་དགུའི་བདག་མོ་
ཆེན་མོ་གཽ་ཏ་མཱིའི་དྲུང་ནས་སོང་ངོ༌། །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང༌། བཟའ་བ་གཙང་ཞིང་བསོད་པ་ལེགས་པར་སྦྱར་ནས། ནང་པར་སྔར་ལངས་ཏེ། སྟན་བཤམས་ནས་ཆུ་ར་བཞག་སྟེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སྦྱན་འདྲེན་གྱི་འཕགས་མ་གདུགས་ཚོད་སྦྱར་བའི་དུས་ལགས་ན། ད་འཕགས་མས་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་དྲོ་ལ་བོས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། དགེ་སློང་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང༌། དགེ་སློང་མའི་དགེ་འདུན་གྱིས་མདུན་དུ་བདར་ཏེ། ཁྱིམ་བདག་གི་ཆུང་མ་དེའི་བཀད་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་མའི་དགེ་འདུན་གྱི་གུང་ལ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མའི་དགེ་འདུན་བདེ་བར་འདུག་པར་རིག་ནས། རང་གི་ལག་ནས་བཅའ་བ་དང༌། བཟའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། དེས་ཆེན་པོ་ལ་འོས་པའི་གོས་དག་གི་སྤྲོག་མ་ཕྱེ་ནས། ཆེན་པོ་ལ་འོས་པའི་གོས་དག་ཐོགས་ཏེ། རྒན་པའི་མཐའ་ལོགས་སུ་འདུག་གོ །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཆེན་པོ་ལ་འོས་པའི་གོས་དག་དགག་པ་མཛད་པས། གལ་ཏེ་རེ་ཞིག་བླངས་པར་གྱུར་ན་ནི་བསླབ་པའི་གཞི་འཁྲུགས་པར་ཡང་འགྱུར། གལ་ཏེ་མ་བླངས་ན་ནི་ཁྱིམ་བདག་གི་ཆུང་མའི་བསོད་ནམས་ཀྱི་བར་ཆད་དང༌། དགེ་སློང་མའི་དགེ་འདུན་གྱི་རྙེད་པའི་བར་ཆད་དུའང་འགྱུར་རོ་སྙམ་མོ། །དགེ་སློང་མ་རྣམས་ཀྱིས་བསམས་པ། ཀྱེ་མ་འཕགས་པ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཆེན་པོ་ལ་འོས་པའི་གོས་དག་བླངས་པར་གྱུར་ཅིང༌། བདག་ཅག་གིས་བླངས་པར་གྱུར་ན་བཅོམ་ལྡན་འདས་ཀྱིས་ཀྱང་དུས་ལགས་པའི་སླད་དུ་གནང་བར་འགྱུར་རོ་སྙམ་མོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས། ཆེན་པོ་ལ་འོས་པའི་གོས་དག་
བླངས་ནས་ཁྱིམ་བདག་གི་ཆུང་མ་ལ་ཡོན་བཤད་པར་བྱས་ཏེ། སྟན་ལས་ལངས་ནས་སོང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ངས་གནང་བ་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་པ་ལེགས་སོ། །ལེགས་སོ། །དེ་ལྟ་བས་ན་ངས་དགེ་སློང་མ་རྣམས་ཀྱིས་ཆེན་པོ་ལ་འོས་པའི་གོས་དག་བླངས་ནས་དགེ་སློང་རྣམས་དང་ལྷན་ཅིག་བརྗེ་བར་བྱ་བར་རྗེས་སུ་གནང་ངོ༌། །དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་དག་གིས་གོས་དེ་དག་ཁྱེར་ཏེ་དྲུག་སྡེ་དག་གི་གན་དུ་དོང་ནས་སྨྲས་པ། འཕགས་པ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཆེན་པོ་ལ་འོས་པའི་གོས་དག་དགག་པ་མཛད་དེ། བདག་ཅག་གིས་ཆེན་པོ་ལ་འོས་པའི་གོས་དག་རྙེད་པ་འདི་དག་ཁྱེད་བཞེས་ལ་བདག་ཅག་ལ་ངན་པ་དག་སྩོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་བདག་ཅག་ལ་དགེ་སློང་མའི་རས་མ་དག་དགོས་པ་མེད་དོ། །དེའི་ཚེ་ཡང་བདག་ཅག་བྱིས་པ་རྨོངས་པ། མི་གསལ་བ། མི་མཁས་པ་དག་ལ་ཁུར་དག་བསླང་བར་གྱུར་གྱིས་བདག་ཅག་མི་ལེན་ཏོ། །དགེ་སློང་མ་གཞན་དག་གནས་བརྟན་གནས་བརྟན་རྣམས་ཀྱི་དྲུང་དུ་སོང་སྟེ། སྨྲས་པ། འཕགས་པ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་ཆེན་པོ་ལ་འོས་པའི་གོས་དག་དགག་པ་མཛད་དེ། བདག་ཅག་གིས་ཆེན་པོ་ལ་འོས་པའི་གོས་དག་རྙེད་པ་འདི་དག་ཁྱེད་པ་ཞེས་ལ་བདག་ཅག་ལ་ངན་པ་དམན་པ་དག་སྩོལ་ཅིག །སྲིང་མོ་དག་བཅོམ་ལྡན་འདས་ལ་ཞུའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་བརྗེས་པ་མ་གཏོགས་ཏེ། དེ་ལ་བརྗེ་བ་ནི་འདི་ཡིན་ཏེ། དེ་ཙམ་གྱིས་སམ་ཇི་ཙམ་གྱིས་དགེ་སློང་མ་དགའ་བར་འགྱུར་བས་བརྗེ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པའི་བསྔགས་པ་བརྗོད་དེ་བསླབ་པ་
ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། ཕྲི་བ་དང༌། དྲོད་རིག་པའི་བསྔགས་པ་བརྗོད་དེ། དགེ་སློང་མ་རྣམས་ལ་ཡང་དེ་དང་མཐུན་པ་དང༌། དེ་དང་འཚམ་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་ལྡན་པའི་ཆོས་དང་མཐུན་པའི་བཀའ་མཆིད་བཀའ་སྩལ་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་གོས་བདུན་པོ་བ་ལ་གོས་དང༌། ཤ་ནའི་གོས་དང༌། གསོ་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ལེན་ན་ཞེས་བྱ་བ་ནི་བདག་གིར་བྱེད་ནའོ། །བརྗེས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་བརྗེས་པ་གཞག་སྟེའོ། །སྤང་པའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས། ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་དག་ངག་གི་རྣམ་པར་རིག་བྱེད་ཀྱིས་ལེན་ན་ལག་ཏུ་འོངས་པའམ། བལྟ་བའི་ཉེ་འཁོར་དུ་གྱུར་པ་ན་ལེན་པའི་སྤང་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ལེན་པའི་
སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་མ་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་བླང་པར་འོས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ལེན་པའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང༌། སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རུང་བ་ཉིད་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་ལན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པར་བསྙེན་པར་རྫོགས་པ་མ་ཉམས་པ་ལན་སྨད་པ་མེད་དོ། །ལག་ཏུ་འོངས་པ་ཉིད་དང༌། བལྟ་བའི་ཉེ་འཁོར་དུ་གྱུར་པ་ཉིད་ལན་སྨད་པ་མེད་དོ། །ངག་གི་རྣམ་པར་རིག་བྱེད་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ཡང་སྔ་མ་བཞིན་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཉེ་དུ་མ་ཡིན་པ་དང༌། འདུ་ཤེས་ཀྱི་མཚན་ཉིད་ནི་སྔ་མ་བཞིན་ནོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་དང༌། གོས་དང༌། རུང་བ་དང༌། ངག་གི་རྣམ་པར་རིག་བྱེད་དང་ལེན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་དགེ་སློང་མ་ཉེ་དུ་མ་ཡིན་པ་ཞེས་སྨོས་པས་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པའམ། ཡིད་གཉིས་ཟ་བ་ཡན་ལག་ཏུ་བསྟན་ཏོ། །གོས་ཞེས་སྨོས་པས་ནི་ལྷུང་བཟེད་དང༌། སྨན་ལ་སོགས་པ་སེལ་ཏོ། །རུང་བ་ཞེས་སྨོས་པས་ནི་རྒྱུ་དག་རུང་བ་དང༌། ཚད་དང་ལྡན་པ་ཡན་ལག་ཏུ་བསྟན་ཏོ། །དག་གི་རྣམ་པར་རིག་བྱེད་ཅེས་སྨོས་པས་ནི་ཅང་མི་སྨྲ་བས་དང་དུ་ལེན་པ་དང༌། ངག་ལས་གཞན་པའི་རྣམ་པར་རིག་བྱེད་སེལ་ཏོ། །ལེན་པ་ཞེས་སྨོས་བས་ནི་ལག་ཏུ་མ་འོངས་པ་ཉིད་དང༌། བལྟ་བའི་ཉེན་ཀོར་དུ་མ་གྱུར་པ་སེལ་ཏོ། །སྦྱོར་བ་གཅིག་གིས་གོས་གཅིག་གམ།
གཉིས་སམ། མང་པོ་ཞིག་ལེན་ན་ལྟུང་བའི་དངོས་གཞི་གཅིག་ཏུ་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལེན་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང༌། ཉེ་དུ་ལ་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །གོས་མ་ཡིན་པ་ལ་ཉེས་བྱས་སོ། །མི་རུང་བ་ལ་ཉེས་བྱས་སོ། །ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཉེས་བྱས་སོ། །ཉེ་བར་མ་གྱུར་པ་ནོད་པ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང༌། མ་ཆགས་པ་དང༌། ཉམས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བའི་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོ་འོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ཁྱིམ་པའི་རྟགས་ཅན་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཉེ་དུ་ལ་ཉེ་དུར་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །དགེ་འདུན་ལ་གོས་འབུལ་བ་དང༌། ལེགས་པར་སྨྲ་བ་ལ་འབུལ་བ་ལ་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པར་བྱེད་པ་དང་པོར་རླག་བྱུང་བདག་ལ་ལྟུང་བ་མེད་དོ། །དད་རྫས་བརྗོད་དེ་མདུན་དུ་བཞག་ནས་མི་ལྟོས་པར་རང་སོང་བ་ལ་ལྟུང་བ་མེད་དོ། །དགེ་སློང་མ་རྒྱ་ཆེ་བ་དང་ཉོ་ཚོང་གི་ཐ་སྙད་དང་བྲལ་བས་གོས་ལ་སོགས་པ་བྱིན་པ་ལ་ལྟུང་བ་མེད་དོ། །རེ་ཞིག་གི་སེམས་ཀྱིས་ལེན་པ་ལ་ལྟུང་བ་མེད་དོ། །རིན་སྦྱིན་པ་བརྗེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གི་ས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལེན་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མས་གོས་རིན་ཆེན་པོ་དགེ་སློང་དང་བརྗེ་བར་བྱ་བའི་ཕྱིར་སྦྱིན་བདག་ལས་བླང་བར་བྱའོ། །དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་གོས་ལ་
སོགས་པ་བརྗེ་བར་བྱའོ། །རིན་མཉམ་པས་སམ་ཡང་ན་དེ་དགའ་བ་ཉིད་ཀྱིས་བརྗེ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ལེན་པའི་སྤང་བ་སྟེ་ལྔ་པ་བཤད་ཟིན་ཏོ།། །།སློང་བའི་སྤང་བའི་གླེང་གཞི་ཡང་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །རྗེའི་སྲས་རེ་ཞིག་གཞོན་པའི་གནས་སྐབས་སུ་རོལ་པ་དང་དགྱེས་པ་དང་དགྱེས་དགུར་སྤྱོད་པ་མཛོད་ལ་བགྲེས་པའི་གནས་སྐབས་སུ་ནོར་བསྒྲུབ་པ་མཛོད་ཅིག །བཟང་མོ་ཅི་ཙམ་དུ་གཞོན་པའི་འབྱུང་བ་ཆེན་པོ་དེ་དག་ནི་གྲང་བ་དང་ཚ་བ་བཟོད་པ་ཡིན་པས། ཇི་ནོར་བསྒྲུབ་པར་བྱ་ཞིང་རྒས་པའི་གནས་སྐབས་སུ་བདེ་བ་སྤྱད་ཅིང་འདུག་པར་བྱའོ། །ཆུང་མས་བསམས་པ། བདག་གིས་བསྐུལ་བར་བྱ་བ་གང་ཡིན་པ་དེ་རང་ཉིད་བྱེད་དོ་སྙམ་ནས། སྨྲས་པ། རྗེའི་སྲས་དེ་ལྟར་མཛོད་ཅིག །ཁྱིམ་བདག་དེས་ཆུང་མ་དེ་ལ་ཁས་ཟས་ཙམ་བྱིན་ནས། བོང་ཁྱེར་ཏེ་ཡུལ་གཞན་དུ་སོང་ངོ༌། །དེའི་ཆུང་མ་དེས་བསམས་པ། བདག་གི་ཁྱིམ་ཐབ་གྲང་པ་ན་གྲང་བས་སྦྲེབས་བཞིན་པ་དང༌། ཚ་བ་ན་ཚ་བས་གདུངས་བཞིན་པ་དང༌། བཀྲེས་པ་དང་སྐོམ་པ་དག་གིས་གནོད་བཞིན་པ་དང། ཤ་སྦྲང་དང༌། སྦྲང་བུ་དང༌། རླུང་དང་ཉི་མ་དང་སྡིག་སྦྲུལ་གྱི་རེག་པ་དག་གིས་ཉེན་བཞིན་དུ་ལོངས་སྤྱོད་དག་མངོན་པར་བསྒྲུབ་པའི་ཕྱིར་སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་བདག་གི་ཕྱིར་བྱའོ་སྙམ་པ་ཡིན་པས། བདག་ལས་མེད་པར་འདུག་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་དེས་ཚོང་དུས་སུ་སོང་སྟེ། རས་བལ་བཟང་པོ་བླངས་ནས་དོག་པ་བཟང་པོ་བཀལ་ཏེ། ཐ་ག་པ་མཁས་པ་ལ་རས་ཟུང་བཟང་པོ་འཐག་ཏུ་བཅུག་ནས། དེས་རས་དེ་སྤོས་སྣ་ཚོགས་ཀྱིས་བསྒོས་ཏེ། གོས་ཀྱི་ཟ་མ་ཏོག་ཏུ་བཅུག་
སྟེ་བཞག་གོ །ཁྱིམ་བདག་དེས་ཀྱང་དོན་ལེགས་པར་གྲུབ་ནས་ཁེ་སྤོགས་རྙེད་དེ་ལེགས་པར་འོངས་ནས། ཆུང་མ་དེས་ཁྱིམ་བདག་དེ་ཁྲུས་བྱས་ནས་དེ་ལ་རས་ཟུང་དེ་ཕུལ་ལོ། །ཁྱིམ་བདག་དེས་བསམས་པ། བདག་གིས་འདི་ལ་ཁ་ཟས་ཙམ་བཞག་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་རས་ཟུང་འདི་མི་རྙེད་དོ་སྙམ་དུ་རིག་ནས། ཆུང་མ་ལ་སྨྲས་པ། བཟང་མོ་རས་ཟུང་འདི་ག་ལས་རྙེད། རྗེའི་སྲས་ཇེ་གསོལ་ཅིག །ཁྱིམ་བདག་དེས་དེ་གྱོན་ནས་ཡང་དྲིས་པ། བཟང་མོ་རས་ཟུང་འདི་ག་ལས་རྙེད། རྗེའི་སྲས་ཇེ་བཤོས་གསོལ་ཅིག །དེས་ཟན་ཟོས་ནས་ཡང་དྲིས་པ། བཟང་མོ་རས་ཟུང་འདི་ག་ལས་རྙེད། དེས་སྐབས་དེ་རྒྱས་པར་བརྗོད་པ་དང༌། ཁྱིམ་བདག་གིས་སྨྲས་པ། བཟང་མོ་ལེགས་སོ། །ཁོ་བོ་ནི་བསྒྲུབ་པ་ཡིན་ལ་ཁྱོད་ཀྱང་འདི་ལྟར་སྲེད་པ་ཡིན་ན་བདག་ཅག་གི་ལོངས་སྤྱོད་དག་རིང་པོ་མི་ཐོགས་པ་ཁོ་ནར་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །ཆུང་མས་སྨྲས་པ། རྗེའི་སྲས་འདི་ནི་བདག་གི་དཀའ་བས་བསྒྲུབས་པ་ལགས་ཀྱི། ཁྱོད་ཀྱིས་སུ་ལ་ཡང་མ་སྩལ་ཅིག །ཁྱིམ་བདག་དེ་དད་པ་དང་ལྡན་ཞིང་བཟང་ལ། དགེ་བའི་བསམ་བ་ཅན་ཡིན་པས་དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་རྒྱལ་བྱེད་ཀྱི་ཚལ་དུ་བྱུང་སྟེ་འགྲོ་བ་ན་མི་སྒོ་བས་མཐོང་ནས་དེས་བསམས་པ། ཁྱིམ་བདག་འདི་རས་ཟུང་འདི་ལྟ་བུ་གྱོན་པ་ལས་ན་འདིས་ནི་རྙེད་པ་མང་པོ་རྙེད་པ་ཡིན་ནོ་སྙམ་མོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་དྲུག་སྡེ་དག་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཁྱིམ་བདག་དེ་མཐོང་ནས་དེས་བསམས་པ། ཁྱིམ་བདག་འདི་རས་ཟུང་འདི་ལྟ་བུ་གྱོན་པ་ལས་ན་འདིས་ནི་རྙེད་པ་མང་པོ་རྙེད་པ་ཡིན་གྱི། གལ་ཏེ་བདག་གིས་འདི་མ་ཕྲོགས་ན་ཉེ་དགའ་ཞེས་བྱ་བའི་མིང་མི་བཟུང་ངོ་སྙམ་ནས། དེས་དེ་ལ་སྨྲས་པ། ཁྱིམ་བདག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་ཡུན་རིང་མོ་རིང་མོ་ནས་ཟླ་བ་བཞིན་དུ་ག་ལས་འཁོར་འཁོར། འཕགས་པ་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་མཆིས་པར་གྱུར་ཏོ། །ཁྱིམ་བདག་ཁྱོད་ཀྱིས་རྙེད་པ་མང་པོ་གྲུབ་བམ། འཕགས་པ་ཆང་ཆུང་ཙམ་མོ། །ཁྱིམ་བདག་མཚེའུ་ནི་རྙོག་པ་ཅན་
ནམ། དང་བའི་རྒྱུ་མཐུན་པས་རིག་པར་བྱ་སྟེ། ཁྱོད་རས་ཟུང་འདི་ལྟ་བུ་རྒྱན་པ་ལས་ན་ཁྱོད་ཀྱིས་རྙེད་པ་མང་པོ་གྲུབ་པར་མངོན་གྱི་ཚུར་ཤོག་ཆོས་བསྟན་པར་བྱའོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གལ་ཏེ་ཚུལ་ཁྲིམས་ཀྱི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ལྷ་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་ལ། གལ་ཏེ་སྦྱིན་པའི་གཏམ་དག་བྱེད་ན་ཉན་པ་པོ་དག་རང་གི་ཤ་གང་ཡིན་པ་དེ་ཡང་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་སོ། །གལ་ཏེ་ངན་སོང་གི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ངན་སོང་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་པར་འགྱུར་བ་ཡིན་ནོ། །ཁྱིམ་བདག་དེས་ཉེ་དགའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འདུག་པ་དང༌། ཉེ་དགས་དེ་ལ་ཆོས་བསྟན་པར་བརྩམས་ནས། དེས་དེ་ལ་ཅི་ནས་ཀྱང་དེའི་སེམས་དད་པར་འགྱུར་བ་དེ་ལྟར་ཆོས་ཀྱི་གཏམ་བྱས་སོ། །དེ་དད་པར་གྱུར་ནས་སྨྲས་པ། བདག་གིས་འཕགས་པ་ལ་ལེགས་པར་གསུངས་པའི་ན་བཟའ་ཕྲུགས་ཅིག་འབུལ་ལོ། །བཞིན་བཟངས་ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་ཀྱི་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པར་གྱུར་ཅིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས། སང་དག་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བརྟུན་ཏེ་བྱ། །འཆི་བདག་སྡེ་ཅན་དེ་དང་ནི། །ཁྱེད་ཅག་བཤེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །བཞིན་བཟངས་ཁྱོད་ཀྱིས་རས་ཟུང་བཟང་པོ་གྱོན་པ་འདི་ཉིད་ཁོ་བོ་ལ་བྱིན་ཅིག་དང༌། ཁོ་བོས་འདི་ལས་སྣམ་སྦྱར་ཉིས་རིམ་བྱས་ཏེ། སེམས་ལས་ཆུང་དུས་དགེ་བའི་ཕྱོགས་ལ་བདེ་བར་ཏྲོན་བྱའོ། །འཕགས་པ་ཁྱོད་འདི་བཞེད་དམ། ལྷའི་གནས་ཀྱི་ལྷག་མ་ཇི་ལྟ་བ་བཞིན་དུའོ། །འཕགས་པ་བདག་ཁྱོད་ལ་མི་འབུལ་བ་ནི་མ་ལགས་ན། འདི་ལྟར་འདི་ནི་མཆིས་བྲང་གིས་བདག་ལ་སྩལ་བ་ལགས་སོ། །ཁྱིམ་བདག་ཁོ་བོས་ཁྱོད་གཞན་ལ་དད་པར་བྱས་ན། ཁྱོད་ཀོ་བུད་མེད་ཁོ་ནའི་དབང་ཡིན་ནམ་ཞེས་ཉེ་དགས་དང་ན་དུས་ཀྱི་ཕྱེད་ཀྱིས་དེའི་བླ་གོས་བླངས་ནས། དེ་ལག་པ་གཉིས་འདྲིལ་བར་བྱེད་བཞིན་སྒྱུར་བར་བྱེད་དོ། །ཁྱིམ་བདག་གིས་དེ་ལ་སྨྲས་པ། འཕགས་པ་འདི་ཅིའི་ཐ་ཚིག །ཁྱིམ་བདག་འདི་ནི་
ཁྱོད་ལ་ཡོངས་སུ་བཏང་བ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི་ཡོད་ན་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ནི་མེད་དེ། ནམ་ཞིག་ན་འདི་དང་འདྲ་བ་རྙེད་ན། འདི་ལས་ཆོས་གོས་བྱེད་པར་འགྱུར་བས་འདི་ནི་ཆོས་གོས་ཀྱི་ག་དང་ཁོ་ན་ལ་ཟད་བར་འགྱུར་རོ། །འཕགས་པ་ཅི་བདག་སྒྲེན་མོར་མཆི་བར་བགྱིའམ། ཁྱིམ་བདག་ཁྱོད་ལ་གོས་གྱོན་པས་ཅི་ཞིག་བྱ། ཚུལ་ཁྲིམས་དང་རིགས་དང༌། སྤྱོད་པ་གྱོན་པས་ཆོག་མོད་གཅེར་བུ་པ་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཉམས་པ་དེ་དག་ནི་སྒྲེན་མོར་འགྲོ་ན་མི་སྡུག་པ་ཡིན་གྱི་ཁྱོད་ལྟ་བུ་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང་ལྡན་པ་ལ་སྒྲེན་མོར་འགྲོ་བ་མི་སྡུག་པ་ཅི་ཡོད། ཁྱིམ་བདག་ཁྱོད་དོར་ཐུན་མི་གྱོན་ནམ་།འཕགས་པ་འཚལ་ལོ། །ཁྱིམ་བདག་ཁྱིམ་བདག་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི། དོར་ཐུང་གྱོན་ཏེ་ཤིང་ཚལ་ཐོགས་ནས་བ་ལང་གི་ཕྱི་བཞིན་འགྲོ་བ་ཡིན་པས་ཁྱོད་ཀྱང་ཤིང་ཚལ་ཐོགས་ལ་བ་ལང་གི་ཕྱི་བཞིན་སོང་ཤིག་དང༌། སྐྱེ་བོ་དག་གིས་བ་ལང་བསྩུར་འགྲོ་བ་ཕྱིར་བྱུང་བ་ཞིག་ཡིན་པར་ཤེས་པར་འགྱུར་རོ་ཞེས། ཉེ་དགས་དངན་དུས་ཀྱི་ཕྱེད་ཀྱིས་དེའི་སྨད་གཡོགས་ཀྱང་བླངས་སོ། །ཁྱིམ་བདག་དེ་ཤིང་ཚལ་ཐོགས་ཏེ་བ་ལང་གི་ཕྱི་བཞིན་དུ་ཞུགས་པ་དང༌། མི་སྒོ་བས་མཐོང་ནས་སྨྲས་པ། ཁྱིམ་བདག་ཁོ་བོས་ད་ཅི་ཁོ་ན་ཁྱོད་ཆེན་པོ་ལ་འོས་པའི་རས་ཟུང་གྱོན་པར་མཐོང་ན། ཅི་དེ་དག་ཆོམ་རྐུན་པ་དག་གིས་བཅོམ་བའམ། བཞིན་བཟངས་ཁོ་བོ་ཆོམ་རྐུན་པ་དག་གིས་ནི་མ་བཅོམ་མོད་ཀྱི་འདི་ལྟར་བཙུན་པ་ཉེ་དགས་ཁའི་ཆོས་ཀྱིས་བཅོམ་མོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དུ་སྤྱོད་པ་ནི་ནང་པར་སྔར་ལངས་ཏེ་འཁོར་ལྔ་བརྒྱ་དང་ལྷན་ཅིག་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་ག་ནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བ་ཡིན་པས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནང་པར་།སྔར་ལངས་ཏེ། འཁོར་ལྔ་བརྒྱ་དང་ལྷན་ཅིག་མཉན་ཡོད་ནས་བྱུང་སྟེ། འགྲོ་བ་མི་སྒོ་བས་མཐོང་ནས། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་དོན་མཐུན་མང་དུ་ཁྲིད་དེ་འོངས་ཀྱིས་ཅི་ནས་ཀྱང་མི་ཆོམ་པར་བག་གྱིས་ཤིག །ཀྱེ་ནང་རྗེ་རྒྱལ་བྱེད་ཀྱི་ཚལ་དང་ལམ་གྱི་བར་ན་ཆོམ་རྐུན་བ་དག་འཁོད་དམ་ཅི། ལམ་གྱི་བར་མ་ཡིན་གྱི།
རྒྱལ་བྱེད་ཀྱི་ཚལ་ཉིད་ན་འཁོད་དོ། །ཀྱེ་ནང་རྗེ་ཁྱེད་ནི་བལ་གྱི་རིགས་ནག་པོ་དང་འདྲ་སྟེ། སྒོ་འདི་ནས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་དག་གཤེགས་བ་གང་གིས་ཀྱང་ཁྱོད་དཀར་པོར་མཛད་མ་སྤྱོད་དོ། །བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ཀྱི་རྡུལ་ནི་བདག་གིས་མགོ་བོས་བླང་བ་ཡིན་ན། ཁར་སང་གི་ཉིན་མོ་ཁྱིམ་བདག་ཅིག་ཆེན་པོ་ལ་འོས་པའི་རས་ཟུང་གྱོན་ཏེ་བྱུང་བ་དེའི་རས་དེ་ཉི་དགས་ཁའི་ཆོས་ཀྱིས་ཕྲོགས་ནས་ཁྱིམ་བདག་དེ་སྨོད་ཅིང་དོར་ཐུང་གིས་ཞུགས་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྤྱིན་འདི་སྙམ་དུ་སེམས་ཏེ། དེ་ནི་བདག་གི་བྱ་བ་ཡིན་ནོ་སྙམ་ནས། རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང༌། ཉེ་དགས་མཐོང་ནས་སྨྲས་པ། ཁྱིམ་བདག་ཨ་རོག་གྱ་ཁྱིམ་བདག་གིས་སྨྲས་པ། ཨ་རོག་གམ་གྱ་ཡང་རུང་ངོ༌། །ཁྱིམ་བདག་ཁྱོད་ཁོ་བོ་ལ་སྔོན་ཆད་དུ་བ་འཐུལ་ན་ད་ནི་མེ་ཁོ་ནར་འབར་རོ། །ཁོ་བོ་མེ་མི་འབར་དུ་ཇི་ལྟར་རུང༌། གཞན་དག་རབ་ཏུ་བྱུང་བ་ནི་འདི་འདོད་པ་སྤང་པའི་ཕྱིར་ཡིན་ན། བཙུན་པ་ཉེ་དགའ་ནི་འདོད་པ་མངོན་པར་སྤེལ་བའི་ཕྱིར་ཁོ་ནར་ཡིན་ནོ། །ཁོ་བོས་ཅི་བྱས། ཁྱོད་ཀྱིས་ཁྱིམ་བདག་ཅིག་རྒྱལ་བྱེད་ཀྱི་ཚལ་བལྟར་འོངས་པ་དེའི་རས་ཟུང་དང་ན་དུས་ཀྱིས་ཕྲོགས་ནས། ཁྱིམ་བདག་དེ་སྨོད་པར་མི་བྱེད་དམ། ཉེ་དགས་སྨྲས་པ། དེ་ནི་འཇིག་རྟེན་ན་ལྷ་ནི་སྦྱིན་བར་བྱེད་ལ། ཡི་དགས་ནི་ཟློག་པར་བྱེད་དོ་ཞེས་ཟེར་བ་ཡིན་ནོ། །ཅི་དེས་ཁྱོད་ལ་རིལ་བ་བྷྲྀང་ག་ར་ཐོགས་ཏེ་ཕུལ་ལམ། ཁྱིམ་བདག་གལ་ཏེ་མི་བཟོད་ན་བསླབ་པའི་གཞི་འཆར་ཆུག་ཤིག །ཅི་ཁོ་བོས་དེ་ཡལ་བར་བོར་དུ་རེའམ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པ་འདི་དག་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལས་གོས་སློང་བར་བགྱིད་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ། གང་གིས་འཕགས་པ་དག་ཁྱིམ་བདག་གམ།
ཁྱིམ་བདག་གི་མཆིས་བྲང་ཉེ་དུམ་ལགས་པ་ལ་གོས་སློང་བར་མི་འགྱུར་བར་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་པའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཀྱིས་ཅད་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དག་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཙའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་དའི་ཉན་ཐོས་རྣམས་ཀྱིས་འདུལ་བལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། གོས་སློང་ན་སྦང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་གོས་སློང་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འདོད་བ་ན་ཆོམ་རྐུན་བདག་གིས་བཅོམ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་བའི་གན་དུ་སོང་སྟེ་གོས་སློང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བསླབ་པའི་གཞི་བཅའ་བར་མཛད་པས། འདི་ན་བདག་ཅག་ལ་ཉེ་དུ་འགའ་ཡང་མེད་ཀྱི། བདག་ཅག་མཉན་ཡོད་དུ་སོང་ན་དེར་བདག་ཅག་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གོས་དག་གི་བགོ་བཤའ་བྱེད་བར་འགྱུར་རོ་སྙམ་ནས། དེ་དག་གིས་སྨྲས་པ། ཅི་བདག་ཅག་སྒྲེན་མོར་འདོང་བར་བྱའམ། མཚན་མོ་འགེགས་པས་འདོད་བར་བྱ་ཞིང་ཉིན་མོ་ཚང་ཚིང་གི་ནང་དུ་ཞུགས་ཏེ། འཁོད་ལ་མཚན་མོ་ལམ་དུ་འཇུག་
པར་བྱའོ་ཞེས་དེ་དག་མཚན་མོ་འགེབས་བས་རྒྱལ་བྱེད་ཀྱི་ཚལ་དུ་འདོང་བ་དང༌། དགེ་སློང་ནམ་གྱི་ཚ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྤྱོར་བའི་རྗེས་སུ་བརྩོན་བདག་གིས་དེ་དག་མཐོང་ནས་སྨྲས་པ། གཅེར་བུ་པ་སྒྲེ་བྱི་དག་འདི་ཁྱེད་ཀྱི་འདུག་གནས་ཀྱང་མ་ཡིན། གཙུག་ལག་ཁང་ཡང་མ་ཡིན་ན་ཁྱོད་ག་ལས་འོངས། ཚེ་དང་ལྡན་པ་དག་བདག་ཅག་ནི་གཅེར་བུ་བ་མ་ཡིན་ནོ། །འོ་ན་ཁྱེད་ཅག་སུ་ཡིན། དགེ་སློང་དག་གོ །དགེ་སློང་ལ་འདི་ལྟ་བུ་དག་ཡོད་དམ། གང་དག་ཆོམ་རྐུན་པ་དག་གིས་བཅོམ་པ་དག་ཅི་འདྲ་བ་ཡིན། ཁྱེད་ཅག་ཅི་མིང། གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོའོ། །ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ་ཞེས་དེ་དག་གིས་དེ་དག་ལ་ལ་ལས་ནི་སྣམ་སྦྱར་བྱིན། ལ་ལས་ནི་བླ་གོས་བྱིན། ལ་ལས་ནི་མཐང་གོས་བྱིན། ལ་ལས་ནི་རྡུལ་གཟན་བྱིན་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་དུས་མ་གཏོགས་ཏེ། དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་རམ། དེ་ལ་དེ་ནི་དུས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་ཡང་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་ལྡན་པའི་ཆོས་དང་མཐུན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་གྲོང་ཕྲེད་བ་ཅན་པའི་དགེ་སློང་
བཞི་བཅུ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གན་དུ་སོང་སྟེ་ཞས་བྱ་བ་ནི་དྲུང་དུ་སོང་སྟེའོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། རས་བལ་གྱི་གོས་དང༌། དུ་གུ་ལའི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །སློང་ན་ཞེས་བྱ་བ་ནི་སློང་མོ་བྱེད་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་གཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་གོས་ཕྲོགས་སམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆོམ་རྐུན་པ་དག་གམ། གཡོན་ཅན་དག་གིས་ཕྲོགས་པར་གྱུར་པའོ། །གོས་རླག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་རླག་པར་གྱུར་པའམ། འཁྱམས་པར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་མེས་ཚིག་པར་གྱུར་པའོ།། གོས་རླུང་གིས་ཁྱེར་རམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་རླུང་གིས་ཁྱེར་བར་གྱུར་པའོ། །གོས་ཆུས་ཁྱེར་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆུས་ཁྱེར་བར་གྱུར་ནའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་བ་དང༌། བསླབ་བར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པས་མིའི་འགྲོ་བར་གཏོགས་པ་ཁྱིམ་བར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་གོས་རུང་བ་ཆད་དང་ལྡན་པ་ལས་མི་ཆུང་བ། རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་
བསླངས་པ་དེ་ཉིད་ཐོབ་ནས། སློང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་སློང་བའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་པར་བྱས་ལ་ལྟུང་བ་མ་བཤགས་པར་གོས་རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་སློང་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ལྟ་བུ་ཉིད་ཐོབ་པ་ལན་སྨད་པ་མེད་དོ། །རིན་ཐང་དང་ཁ་དོག་དང༌། ཁྲུ་ཚད་ཀྱི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་པ་ལན་སྨད་པ་མེད་དོ། །རུང་བ་ཉིད་དང་ཚད་དང་ལྡན་པ་དང་ཚད་ལས་ལྷག་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུམ་ཡིན་པའོ། །དེ་ལ་དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདིའི་བྱེད་པ་པོ་ཡིན་ཞེ་ན། གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་བ་སློང་བར་མི་རིགས་པ་ལའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་དང༌། རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་དགེ་སློང་གོས་ཕྲོགས་པ་ལ་སོགས་པར་མ་གྱུར་པའོ་ཞེས་སྨོས་པས་ནི་དེ་དགེ་སློང་བར་མི་
རིགས་པའི་ཕྱིར་རོ། །སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །གོས་རུང་བ་དང༌། ཚད་དང་ལྡན་པ་ལས་མི་ཆུང་བ་ཞེས་སྨོས་པ་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་རུང་བ་དང༌། མི་ཆོག་པ་ཉིད་སློང་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པ་ཞེས་སྨོས་པ་ནི་གཞན་ཐོབ་པ་དང༌། དེ་ཉིད་མ་ཐོབ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་གོས་གཅིག་གམ། གཉིས་སམ། མང་པོ་ཞིག་ཐོབ་པ་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་རུ་སློང་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བས་བརྩམས་ནས། དངོས་གཞི་ལ་མཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མིའི་འགྲོ་བར་གཏོགས་པ་དང༌། ཁྱིམ་པར་གྱུར་པ་དང༌། སྲོག་དང་ལྡན་པ་དང༌། ཉེ་དུ་མ་ཡིན་པ་ལས་བཟློག་པ་ལ་ཉེས་བྱས་སོ། །མ་གྲུབ་པ་ལ་ཉེས་བྱས་སོ། །སློང་བའི་ཚེ་ཉིད་ན་ཉེས་བྱས་སོ། །མི་རུང་བ་ལ་ཉེས་བྱས་སོ། །ཆུང་དུ་ལ་ཉེས་བྱས་སོ། །རྒྱུ་སྦུན་ལ་ཉེས་བྱས་སོ། །རྒྱུ་སྤུན་གྱི་རང་བཞིན་བལ་དང༌། རས་བལ་ལ་སོགས་པ་ལ་ཉེས་བྱས་སོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་གའམ། གཅིག་མ་ནིང་དང་མཚན་གཉིས་པ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང༌། ཉམས་པ་ལ་ཡང་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། །སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བ་དག་ནི་སློང་བར་རིགས་པ་ཡིན་པས་དེ་དག་ལ་ལྟུང་བ་མེད་དོ། །རིན་ཐང་གཞན་ནམ་ཁ་དོག་
གཞན་ནམ་ཁྲུ་ཚད་གཞན་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་དང་ཁ་ཚར་སློང་བ་ལ་ལྟུང་བ་མེད་དོ། །ཁ་ཚར་བསླངས་པ་ལས་རས་མ་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་བསླངས་ན་རས་ཡུག་ཆེན་དང༌། རས་ཡུག་ཕྲན་དག་འཐོབ་བོ་སྙམ་ནས་བསླངས་ཤིང་ཐོབ་ན་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སློང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སློང་བའི་སྤང་བ་སྟེ་དྲུག་པ་བཤད་ཟིན་ཏོ།། །།སློང་བར་རིགས་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །ཉེ་དགའ་ལ་བློ་སྐྱེས་པ་འདི་དག་ཐམས་ཅད་ཁྱེམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམས་པས་ཕྱིན་ཆད་གང་ནས་ཀྱང་བཅའ་བའི་རིན་ཙམ་ཡང་བསླང་བར་མི་ནུས་ན། འདི་ལྟར་བཅོམ་ལྡན་འདས་ཀྱིས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་ལ་བརྟེན་ནས་བསླབ་པའི་གཞི་བག་ཡངས་སུ་མཛད་པ་ཡོད་པས། བདག་གིས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་སྔོན་དུ་བཏང་སྟེ། རྙེད་པ་བསྒྲུབ་པར་བྱའོ་སྙམ་ནས་དེ་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དགག་ལ་བ་དེར་སོང་བ་དང༌། ཇི་ཙམ་ན་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་རྙང་རྙིང་དག་འཚེམ་ཞིང་འཁོད་པ་མཐོང་ནས་དེས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་གཞན་ཐོས་ལ་གཞན་མཐོང་སྟེ། བདག་ཀོ་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་བསམ་གཏན་དང༌། རྣམ་པར་ཐར་བ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བདེ་བདག་ཉམས་སུ་མྱོང་བར་བྱེད་ཅིང་འདུག་པར་སེམས་ཀྱི། བདག་ཚེ་དང་ལྡན་པ་དག་འདི་ལྟར་རྙང་རྙིང་དག་འཚེམ་ཞིང་འཁོད་པར་ནི་མི་སེམས་སོ། །གནས་བརྟན་བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །ཀྱེ་མ་མ་ལེགས་སོ་མ་ལེགས་སོ། །གནས་བརྟན་སུའི་མྱ་ངན་བྱེད་ཅི་ཁོ་བོ་ཅག་གི་འམ། མ་ཡིན་ཏེ། གང་དག་གིས་ཁྱེད་ཅག་བཅོམ་པའི་མ་བྱིན་པར་ལེན་པ་དེ་དག་སྒྲེན་མོ་ཁོ་ནར་
སྐྱེ་བར་འགྱུར་ཞིང་སྒྲེན་མོ་ཁོ་ནར་དུས་བྱེད་པར་འགྱུར་བས་དེ་དག་གི་མྱ་ངན་བྱེད་དོ། །ཚེ་དང་ལྡན་པ་དག་ཁྱོད་ཅིའི་ཕྱིར་གོས་དག་མི་སློང༌། གནས་བརྟན་སུ་ཞིག་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་སྤངས་ཏེ་ཁོ་བོ་ཅག་ལ་སྤྱིན་པ་དག་བྱ་བར་སེམས་པར་འགྱུར། ཚེ་དང་ལྡན་པ་དག་ཁྱེད་ཅག་བཅོམ་ལྡན་འདས་ཀྱིས་མདོ་སྡེའི་མཐའ་དེ་དང་དེ་དག་ཏུ་ངེས་པར་བསྟོད་པ་དང༌། བཀུར་བ་དང༌། བསྔགས་པ་དང༌། རབ་ཏུ་བསྔགས་པ་དག་མ་ཡིན་ནམ། གནས་བརྟན་ཁོ་བོ་ཅག་གིས་གོས་སུ་ལ་བསླང་བར་ཡང་མི་ཤེས་སོ། །ཚེ་དང་ལྡན་པ་དག་དགེ་སློང་རབ་ཏུ་ཤེས་པ་གང་གིས་ཁྱེད་ཅག་གི་གོས་དག་སློང་བར་འགྱུར་བ་འགའ་ཞིག་ལ་ཅིའི་ཕྱིར་མི་བཅོལ། གནས་བརྟན་དགེ་སློང་རབ་ཏུ་ཤེས་པ་སུ་ཞིག་བདག་ཉིད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་བྱས་ཏེ། ཁོ་བོ་ཅག་གི་དོན་དུ་གོས་དག་སློང་བར་འགྱུར། ཚེ་དང་ལྡན་པ་དག་རེ་ཞིག་ཁོ་བོ་བདག་ཉིད་དང་བཅུ་པ་ལ་ཡང་ཐབས་ཡོད་ལ། གཞན་ཡང་ཁོ་བོ་ཅག་མི་དྲུག་རེ་རེ་ལ་ཡང་བདག་ཉིད་དང་བཅུ་པ་ཡིན་པས་ཁོ་བོ་ཅག་མི་དྲུག་ཅུ་ལ་ཡང་ཐབས་ཡོད་དོ། །གཞན་ཡང་གལ་ཏེ་ཁྱེད་ཅག་ལ་མི་གནོད་ན་ཁོ་བོ་ཅག་ཀྱང་གཞོན་ནུ་དག་གི་དོན་དུ་རས་ཡུག་ཕྲན་དང༌། རས་ཡུག་ཆེན་སློང་བར་བྱེད་དོ། །གནས་བརྟན་དེ་ལ་ཁོ་བོ་ཅག་ལ་གནོད་པ་ཅི་ཡོད། རེ་ཞིག་རེ་རེ་ཀྱང་ཆོས་གོས་གསུམ་གསུམ་སློང་ལ་རག་གོ །ཚེ་དང་ལྡན་པ་དག་ཁོ་བོ་ཅག་གིས་བསོད་སྙོམས་ལ་རྒྱུ་བ་དང༌། གོས་དག་བསློང་བ་གཉི་ག་མི་ནུས་ཀྱི་འདི་ལྟར་གང་གི་ཚེ་ཕྱི་རོལ་དུ་ཟས་ལ་བོས་པ་དེའི་ཚེ་བསླང་བར་བྱའོ་ཞེས་ཉེ་དགའ་དེ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས། གཙུག་ལག་ཁང་གི་ནང་དུ་ཞུགས་ཏེ་འདུག་ནས་དེས་བསམས་པ། ཐ་བས་ཅི་ཞིག་བྱས་ན་དེས་མཉན་ཡོད་ཐམས་ཅད་ཆུབ་པར་འགྱུར་སྙམ་ནས་དེས་ཡང་བས་མས་བ། ཇེ་དང་པོ་ཁོ་ནར་དབུལ་པོའི་སྲང་དུ་འགྲོ་བར་བྱ་ཞིང་དེའི་འོག་ཏུ་ཕྱུག་པོའི་སྲང་དུ་འགྲོ་བར་བྱ། དེའི་འོག་ཏུ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དང༌། བཙུན་མོ་རྒྱལ་རིགས་དབྱར་ཚུལ་མའི་ཁྱིམ་དང༌། བཙུན་མོ་ཕྲེང་ལྡན་མའི་ཁྱིམ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དང༌། བཙུན་མོའི་འཁོར་གྱི་ཞལ་ཏ་བ་དྲང་སྲོང་བྱིན་དང༌། རྙིང་པ་གཉིས་ཀྱི་ཁྱིམ་དང་དགེ་བསྙེན་མ་རི་དགས་འཛིན་གྱི་མ་
ས་གའི་ཁྱིམ་དང༌། དགེ་བསྙེན་མ་ཁྱིམ་བདག་གི་ཆུང་མ་ལེགས་སྐྱེས་ཀྱི་ཁྱིམ་དག་ཏུ་འགྲོ་བར་བྱའོ་སྙམ་མོ། །དེའི་ཚེ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཉེ་དགས་གཞོན་ནུ་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་གལ་ཏེ་ཁྱེད་ཅག་ལ་ལས་སུ་བསྐོ་བ་དག་འོང་བར་གྱུར་ན། ཁྱེད་ཅག་གིས་མི་གནོད་པར་འདི་སྐད་ཅེས་བདག་ཅག་ལ་མཁན་པོ་དང༌། སློབ་དཔོན་དག་གི་བྱ་བ་ཅུང་ཞིག་ཡོད་དོ་ཞེས་བརྗོད་པར་བྱའོ། །ཉེ་དགས་ཕྱི་དེ་ཉིན་པར་གཞོན་ནུ་ཞིག་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་གི་གན་དུ་བཏང་སྟེ། ཆོས་གོས་དག་བསླང་གི་ཚུར་ཤེག་ཤིག་ཅེས་སྤྲིང་ངོ༌། །གཞོན་ནུ་དེ་དེར་མ་སོང་བ་དང༌། ཉེ་དགས་སྨྲས་པ། བཀྲེན་པ་ཁྱོད་བརྩོན་འགྲུས་འདི་ལྟ་བུས་ཟག་བ་ཟད་པ་མངོན་སུམ་དུ་བྱེད་པར་འགྱུར་རམ། ཉེ་དགའ་རང་ཉིད་འགྲོའོ་ཞེས་དེ་སོང་ནས། དཔོང་སའི་ཁང་པའི་སྒོ་གླེགས་ལ་རྟིང་པས་བརྡབས་པ་དང༌། དབོང་སའི་ཁང་བ་ཐམས་ཅད་འགུལ་ནས། དེ་དག་ཏིང་ངེ་འཛིན་དེ་ལས་ལངས་ནས་སྨྲས་པ། ཚེ་དང་ལྡན་པ་དགེ་སློང་བཞི་བཅུ་པོ་དག་ཆོས་གོས་གསུམ་བསླང་བར་བྱ་ན། ཁྱེད་ཅག་སྙིང་ལས་ཆུང་དུར་འཁོད་དམ་ཚུར་ཤེག་འདོང་ངོ༌། །གནས་བརྟན་ཇེ་སོ་ཤིང་པོར་ནས་འདོང་ངོ༌། །ཚུར་ཤེག་ལམ་ཀ་ཉིད་དུ་འོར་ཅིག །དེ་དག་འཕགས་པ་དང་ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ཅག་དྲུག་སྡེ་དག་ནི་བྱ་རོག་དཀར་པོ་དང་འདྲ་བས་ཁོ་བོ་ཅག་གིས་རྒན་རིམས་བཞིན་དུ་འཁོད་པར་མི་བྱ་བར། བར་བར་དུ་རྒན་པ་དག་གིས་འཁོད་པར་བྱའོ། །དེ་དག་དབུལ་པོའི་སྲད་དུ་དོང་ནས་དངར་ཀ་བྱས་ཏེ་བསྡད་པ་དང༌། དེ་དག་གིས་དེ་དག་མཐོང་ནས་ཉམ་པ་བར་གྱུར་ཏེ་སྨྲས་པ། འཕགས་པ་དག་ཉེས་དམིགས་འགའ་ཞིག་མ་བྱུང་ངམ། བཞིན་བཟངས་དག་ཉེས་དམིགས་བྱུང་ངོ༌། །ཅི་ནོངས་ཁྱེད་ཀྱིས་གྲོང་ཕྲེང་བཅན་པའི་དགེ་སློང་བཞི་བཅུ་པོ་གང་དགྲ་བཅོམ་ལྡན་འདས་ཀྱིས་མདོ་སྡེའི་མཐའ་དེ་དང་དེ་དག་ཏུ་བསྟོད་པ། བཀུར་བ། བསྔགས་པ། རབ་ཏུ་བསྔགས་པ་དེ་དག་ཐོས་སམ། ཐོས་སོ། །དེ་དག་ཆོམ་རྐུན་པ་དག་གིས་བཅོམ་མོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་མདའ་གཞུ་ལོང་ཤིག །ཕུབ་དང་དབྱུག་པ་དག་ལོང་ཤིག །
ཆོམ་རྐུན་པ་དག་འཛིན་དུ་འདོང་ངོ༌། །དྲུག་སྡེ་དག་གིས་སྨྲས་པ། དེ་དག་བཅོམ་ནས་ཡུན་རིང་དུ་ལོན་ཅིང་ཡུལ་འཁོར་གཞན་དུ་བཅོམ་པར་གྱུར་རོ། །འོན་ཇི་ལྟར་བགྱི། དེ་དག་ལ་གོས་དག་བྱིན་ཅིག །དེ་དག་གིས་དེ་དག་ལ་གོས་སར་པ་དང་རྙིང་པ་དག་བྱིན་ནོ། །དེ་དག་གིས་གོས་དག་ཁུར་དུ་དྲགས་ཏེ། གཞོན་ནུ་དག་ལ་གཏད་ནས་སྨྲས་པ། དེང་ལ་འདི་དག་གཙུག་ལག་ཁང་དུ་སྐྱོལ་ཅིག །གཞོན་ནུ་དག་གིས་དེ་དག་ཁྱེར་ཏེ། གཙུག་ལག་ཁང་དུ་དོང་བ་དང༌། དེ་དག་ཕྱུག་པོའི་སྲང་དུ་དོང་ནས་དངར་ཀ་བྱས་ཏེ་བསྡད་པ་དང༌། དེ་དག་ཉམ་ང་བར་གྱུར་ཏེ་སྨྲས་པ། འཕགས་པ་དག་ཉེས་དམིགས་འགའ་ཞིག་མ་བྱུང་ངམ། བཞིན་བཟངས་དག་ཉེས་དམིགས་བྱུང་ངོ༌། །ཅི་ནོངས། ཁྱེད་ཀྱིས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་གང་དག་བཅོམ་ལྡན་འདས་ཀྱིས་མདོ་སྡེའི་མཐའ་དེ་དང་དེ་དག་ཏུ་བསྟོད་པ། བཀུར་བ། བསྔགས་པ། རབ་ཏུ་བསྔགས་པ་དེ་དག་ཐོས་སམ། ཐོས་སོ། །དེ་དག་ཆོམ་རྐུན་བ་དག་གིས་བཅོམ་མོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་མདའ་གཞུ་ལོང་ཤིག །ཕུབ་དང་དབྱུག་པ་དག་ལོངས་ཤིག །ཆོམ་རྐུན་པ་དག་འཛིན་དུ་འདོང་ངོ༌། །དྲུག་སྡེ་དག་གིས་སྨྲས་པ། དེ་དག་བཅོམ་ནས་ཡུན་རིང་དུ་ལོན་ཅིང་ཡུལ་འཁོར་གཞན་དུ་བཅོམ་པར་གྱུར་ཏོ། །འོ་ན་ཇི་ལྟར་བགྱི། དེ་དག་ལ་གོས་དག་བྱིན་ཅིག །དེ་དག་གིས་དེ་དག་ལ་ཆེན་པོ་ལ་འོས་པའི་གོས་དག་བྱིན་ནོ། །དྲུག་སྡེ་དག་གིས་གོས་དེ་དག་ཁུར་དུ་དྲགས་ཏེ་གཞོན་ནུ་དག་ལ་གཏད་ནས་སྨྲས་པ། དེང་ལ་འདི་དག་གཙུག་ལག་ཁང་དུ་སྐྱོལ་ཅིག ། གཞོན་ནུ་དག་གིས་དེ་དག་ཁྱེར་ཏེ་གཙུག་ལག་ཁང་དུ་དོང་བ་དང༌། དེ་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དུ་དོང་ནས་དངར་ཀ་བྱས་ཏེ་བསྡད་པ་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་དག་མཐོང་ནས་ཉ་མང་བར་གྱུར་ཏེ་སྨྲས་པ། འཕགས་པ་དག་ཉེས་དམིགས་འགའ་ཞིག་མ་བྱུང་ངམ། ལྷ་ཉེས་དམིགས་བྱུང་ངོ༌། །ཅི་ནོངས། ལྷས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་གང་དག་བཅོམ་ལྡན་འདས་ཀྱིས་མདོ་སྡེའི་མཐའ་དེ་དང་དེ་དག་ཏུ་བསྟོད་པ། བཀུར་བ། བསྔགས་པ། རབ་ཏུ་བསྔགས་པ་དེ་དག་གསན་ཏམ། ཐོས་སོ། །དེ་དག་ཆོམ་རྐུན་པ་
དག་གིས་བཅོམ་མོ། །རྒྱལ་པོས་དམག་དཔོན་འཕགས་སྐྱེས་པོ་ལ་བསྒོ་བ། སོང་ལ་མྱུར་དུ་ཆོམ་རྐུན་པ་དག་དང་རྐུན་རྫས་དག་ཁུག་ཤིག །དྲུག་སྡེ་དག་གིས་སྨྲས་པ། ལྷ་དེ་དག་ནི་བཅོམ་ནས་ཡུན་རིང་དུ་ལོན་ཅིང་ཡུལ་འཁོར་གཞན་དུ་བཅོམ་པར་གྱུར་ཏོ། །འོ་ན་ཇི་ལྟར་བྱ། ལྷ་དེ་དག་ལ་གོས་དག་སྩོལ་ཅིག །རྒྱལ་པོས་དགེ་སློང་རེ་རེ་ལ་ཡོ་བྱད་བཅུ་གསུམ་བཅུ་གསུམ་བྱིན་ནོ། །དྲུག་སྡེ་དག་གིས་གོས་དེ་དག་ཁུར་དུ་དྲགས་ཏེ་གཞོན་ནུ་རྣམས་ལ་གཏད་ནས་སྨྲས་པ། དེང་ལ་འདི་དག་གཙུག་ལག་ཁང་དུ་སྐྱོལ་ཅིག །གཞོན་ནུ་དག་གིས་དེ་དག་ཁྱེར་ཏེ་གཙུག་ལག་ཁང་དུ་དོང་བ་དང༌། གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་གིས་སྨྲས་པ། གནས་བརྟན་དག་ད་ཆོག་གིས་ཐོང་ཤིག །དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཧ་ཅང་བརྟབས་མང་ཤིག །ཁྱེད་ལ་ཁོ་བོ་ཅག་གིས་དང་པོ་ཉིད་ནས་ཚེ་དང་ལྡན་བ་དག་གལ་ཏེ་ཁྱེད་ལ་མི་གནོད་ན་ཁོ་བོ་ཅག་གཞོན་ནུ་དག་གི་དོན་དུ་རས་ཡུག་ཕྲན་དང༌། རས་ཡུག་ཆེན་དག་སློང་ངོ་ཞིས་མ་སྨྲས་སམ། དེ་དག་དགེ་སློང་དབང་ཆེ་བར་གྲགས་པས། བསྒོ་བས་ཅང་མི་སྨྲ་བར་འཁོད་དོ། །དེ་དག་བཙུན་མོ་རྒྱལ་རིགས་དབྱར་ཚུལ་མའི་ཁྱིམ་དང༌། བཙུན་མོ་ཕྲེང་ལྡན་མའི་ཁྱིམ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དང༌། བཙུན་མོའི་འཁོར་གྱི་ཞལ་ཏ་པ་དྲང་སྲོང་བྱིན་དང༌། རྙིང་པ་གཉིས་ཀྱི་ཁྱིམ་དང༌། དགེ་བསྙེན་མ་རི་དགས་འཛིན་གྱི་མས་གའི་ཁྱིམ་དང༌། དགེ་བསྙེན་མ་ཁྱིམ་བདག་གི་ཆུང་མ་ལེགས་སྐྱེས་ཀྱི་ཁྱིམ་དུ་མཐར་གྱིས་སོང་སྟེ། སྔར་བསྟན་པ་སྐད་བརྗོད་པ་དང༌། དེ་དག་གིས་ཀྱང་དགེ་སློང་རེ་རེ་ལ་ཡོ་བྱད་བཅུ་གསུམ་བཅུ་གསུམ་བྱིན་ནོ། །དེ་ནས་དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་བ་དག་གལ་ཏེ་དགེ་སློང་བརྒྱ་གྲལ་དུ་མ་བཀད་ན་གྲལ་སྟོང་པར་འགྱུར་གྱིས་དེང་ལ་གྲལ་དུ་བཀོད་ཅིག །མ་ཉེས་ཏེ་བདག་ཅག་ཀྱང་བསོད་སྙོམས་བླངས་ཏེ་འོང་ངོ༌། །དྲུག་སྡེ་དག་གིས་གཙུག་ལག་ཁང་དུ་དོང་སྟེ། རྙང་རྙིང་དག་ལས་བཞི་བཅུ་ཕུང་པོར་བྱས་ཏེ་གཞག་གོ །དགེ་སློང་བཞི་བཅུ་པོ་དག་ཟས་ཀྱི་བྱ་བ་བྱས་ཏེ་འོངས་པ་དང༌། དྲུག་སྡེ་དག་གིས་ལྷན་ཅིག་གནས་པ་དང༌། ཉེ་གནས་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཚུར་ཤེག་དོན་ཉུང་དུ་དག་པོས་ཤིག །དེ་དག་གིས་
དེ་དག་བོས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་བ་དག་ཅི་ཁོ་བོ་ཅག་ཁྱེད་ཀྱི་གོས་སྲུང་བ་ཡིན་ནམ་རང་གི་གོས་དག་ལོང་ཤིག །དགེ་སློང་བཞི་བཅུ་བོ་དག་གིས་ཕན་ཚུན་གདོང་དུ་བལྟ་བར་བརྩམས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་ཕན་ཚུན་གདོང་དུ་བལྟ། གནས་བརྟན་ཐམས་ཅད་རྙང་རྙིང་ཤ་སྟག་ཡིན་ནོ། །ཚེ་དང་ལྡན་པ་དག་འདི་དག་མདུད་པ་བོར་ཅིག་དང་སྣམ་སྦྱར་ཡིན་ནོ། །འདི་དག་ནི་དྲུབས་ཤིག་དང་བླ་གོས་ཡིན་ནོ། །འདི་དག་ནི་དྲུབས་ཤིག་དང་མཐང་གོས་ཡིན་ནོ། །འདི་དག་ནི་དྲུབས་ཤིག་དང་རྡུལ་གཟན་ཡིན་ནོ། །གལ་ཏེ་མི་དགའ་ན་འདོང་དང་ཡང་བསློང་བར་བྱའོ། །ཀྱེ་མའོ་གནས་བརྟན་དག་འདི་དག་ཉིད་ཀྱང་མ་བསླངས་ཀྱང་རུང་ངོ༌། །དེ་དག་གིས་རྙང་རྙིང་དེ་དག་ཁྱེར་ཏེ་དགོན་བར་དོང་ནས་འཚེམ་ཞིང་འཁོད་དོ། །ཐམས་ཅད་དུ་སྒྲ་གྲགས་པ་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་རེ་རེས་ཀྱང་ཡོ་བྱད་བཅུ་གསུམ་བདུན་བདུན་རྙེད་དོ་ཞེས་གྲགས་སོ། །དེ་དག་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་བ་དག་བདག་ཅག་གིས་གཞན་ཐོས་ལ་གཞན་མཐོང་སྟེ། བདག་ཅག་གིས་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་པོ་དག་རེ་རེས་ཀྱང་ཡོ་བྱད་བཅུ་གསུམ་བདུན་བདུན་རྙེད་དོ་ཞེས་ཐོས་ན། ཚེ་དར་ལྡན་པ་དག་ཀོ་རྙང་རྙིང་དག་འཚེམ་ཞིང་འཁོད་དོ། །དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ལྟ་ཁོ་བོ་ཅག་རང་རང་གིས་ཕྲག་པ་དག་གིས་ཁྱེར་ཞེས་ཀྱང་ཐོས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། གྲོང་ཕྲེང་བ་ཅན་བའི་དགེ་སློང་བཞི་བཅུ་དང་དྲུག་སྡེ་རྣམས་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། །བསླབ་བ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་ཕས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་གོས་བསླང་བར་བྱའོ། །གལ་ཏེ་དེ་ལ་
བྲམ་ཟེའམ་ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་ལ་འདོད་ན་དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པར་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་གྲོང་ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་དང་དྲུག་སྡེ་རྣམས། ཉོན་མོངས་པ་ནི་མ་བརྟགས་པར་སྤྱོད་པ་དང་འདོད་ཞེ་ན། ཉེས་པ་ནི་ལེན་པའི་དྲོད་མི་ཤེས་པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆོམ་རྐུན་པ་དག་གམ། གཡོན་ཅན་དག་གིས་ཕྲོགས་པར་གྱུར་པའོ། །གོས་རླག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་རླག་པར་གྱུར་པའམ། འཁྱམས་པར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་མེས་ཚིག་པར་གྱུར་པའོ། །གོས་རླུང་གིས་ཁྱེར་རམ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་རླུང་གིས་ཁྱེར་བར་གྱུར་པའོ། །གོས་ཆུས་ཁྱེར་ན་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གི་གོས་དག་ཆུས་ཁྱེར་བར་གྱུར་ནའོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་བའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གན་དུ་སོང་ལ་ཞེས་བྱ་བ་ནི་དྲུང་དུ་སོང་ལའོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། རས་བལ་གྱི་གོས་དང༌། དུ་གུ་ལའི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །བསླང་བར་བྱའོ་ཞེས་བྱ་བ་ནི་སློང་མོ་བྱ་བའོ། །གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་ལ་ཞེས་བྱ་བ་ནི་འབུལ་བའོ། །འདོད་ན་ཞེས་བྱ་བ་ནི་དོན་དུ་གཉེར་ནའོ། །དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ་ཞེས་བྱ་བ་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་དང༌། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ།།
དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་སར་པ་ལས་སྣམ་སྦྱར་ཉིས་རིམ་དང༌། རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་པའོ། །ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང༌། རས་ཡུག་ཕྲན་ཁྲུ་བདུན་པ་དང་དོ་པའོ། །དེ་ལས་ལྷག་པར་ལེན་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུ་ས་ཁྱེར་བ་སློང་བར་རིགས་པས་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་བ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་སྟོད་གཡོགས་སྨད་གཡོགས་དང་བཅས་པ་རུང་བ་ཚད་ལས་མི་ཆུང་བ་ཕྲུགས་གཅིག་ལས་ལྷག་པར་ལེན་ན་སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ན་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ཚེ་ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ཕྲུགས་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ཕ་
ལས་ལྷག་པ་ལ་ན་སྨད་པ་མེད་དོ། །ལྷག་པ་སྦྱིན་པར་བྱ་བ་མི་སྦྱིན་པ་ལ་ན་སྨད་པ་མེད་དོ། །རུང་བ་ཉིད་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ཡང་སྔ་མ་བཞིན་ཏེ། མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །དེ་ལ་དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདིའི་བྱེད་པ་པོ་ཡིན་ཞེ་ན། གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་གྱུར་པ་སློང་བར་རིགས་པ་ལའོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང་ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་གྱུར་པ་སློང་བར་རིགས་པ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པ་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་དང༌། སྟོད་གཡོགས་སྨད་གཡོགས་དང་བཅས་པ་གཅིག་གི་མཐར་ཐུག་པ་ལས་ལྷག་པ་དང་ལེན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་དགེ་སློང་གོས་ཕྲོགས་པ་ལ་སོགས་པར་གྱུར་པ་ཞེས་སྨོས་པ་ནི་དེ་དག་སློང་བར་རིགས་པའི་ཕྱིར་ཏེ། དགེ་སློང་གང་ལས་ཆོས་གོས་གསུམ་ལ་སོགས་པ་ཡོ་བྱད་བཅུ་གསུམ་པོ་བྱིན་གྱིས་བརླབ་བར་བྱ་བ་ཐམས་ཅད་དམ། གང་དང་གང་མེད་པ་དེ་སློང་བར་རིགས་པ་ཉིད་དེ་སློང་བར་མི་རིགས་པ་སློང་བར་བྱེད་ན་ནི་སློང་བའི་སྤང་བར་གཏོགས་བའི་ལྟུང་བར་འགྱུར་ལ་སློང་བར་རིགས་པ་སློང་བར་བྱེད་ན་ནི་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་ལས་ལྷག་པ་ལེན་ན་སློང་བར་རིགས་པའི་སྤང་བར་གཏོགས་པའི་ལྟུང་བར་འགྱུར་ཏེ་བྱེ་བྲག་ནི་དེ་ཡོད་དོ། །སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ལས་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །སྟོད་གཡོགས་སྨད་གཡོགས་དང་བཅས་པ་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་ཞེས་སྨོས་པ་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་རུང་བ་དང༌། མི་ཆོག་པ་ཉིད་སློང་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཕྲུགས་ཅིག་གི་
མཐར་ཐུག་པ་ལས་ལྷག་པ་ལེན་པ་ཞེས་སྨོས་པ་ནི་ཕྲུགས་ཅིག་གི་མཐར་ཐུག་པ་ལེན་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི་རྣམ་པ་གཉིས་ཏེ། ཁྱིམ་པ་དང༌། དགེ་སློང་གིའོ། །དེ་གཉིས་སྨོས་པ་ནི་དགེ་སློང་གོས་འཆང་བར་འདོད་པ་རྣམ་པ་གཉིས་ཀྱི་དབང་དུ་མཛད་པའི་ཕྱིར་ཏེ། གོས་མ་དྲས་པ་འཆང་བར་འདོད་པ་དང༌། དྲས་པ་འཆང་བར་འདོད་པའོ། །དེ་ལ་གོས་མ་དྲས་པ་འཆང་བར་འདོད་པ་ནི་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་ངོ༌། །གོས་དྲས་པ་འཆང་བར་འདོད་པ་ནི་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་ངོ༌། །དེ་ལ་ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རས་ཡུག་ཆེན་སྲིད་དུ་ཁྲུ་བཅུ་གཉིས་དང༌། ཞེང་དུ་ཁྲུ་གསུམ་པ་ཡིན་ལ། སྨད་གཡོགས་ཆེ་ཚད་ནི་རས་ཡུག་ཕྲན་སྲིད་དུ་ཁྲུ་བདུན་དང་ཞེང་དུ་ཁྲུ་དོ་པའོ། །དགེ་སློང་གི་སྟོད་གཡོགས་ཆེ་ཚད་ནི་སྣམ་སྦྱར་གྱི་རིམ་པ་ཇི་སྐད་བསྟན་པའོ། །སྨད་གཡོགས་ཆེ་ཚད་ནི་ཤམ་ཐབས་ཀྱི་རིམ་པ་ཇི་སྐད་བསྟན་པའོ། །དེ་ལ་དགེ་སློང་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་བས་དེ་ཐོབ་ན་གལ་ཏེ་ཆུང་ན་ཡང་བསླང་བར་མི་བྱ་ལ་ལྷག་ན་ཡང་སྦྱིན་པར་མི་བྱའོ། །དགེ་སློང་གིས་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སློང་བས་དེ་དག་ཐོབ་ན་ནི་གལ་ཏེ་ཆུང་ན་ཡང་བསླང་བར་བྱ་ལ་ལྷག་ན་ཡང་སྦྱིན་པར་བྱའོ། །སྦྱོར་བ་གཅིག་གིས་སྟོད་གཡོགས་སྨད་གཡོགས་དང་བཅས་པ་གཅིག་གམ་གཉིས་སམ། མང་པོ་ཞིག་ཐོབ་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སློང་བར་རིགས་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མིའི་འགྲོ་བར་གཏོགས་པ་དང༌། ཁྱིམ་པར་གྱུར་པ་དང༌། སྲོག་དང་ལྡན་པ་དང། ཉེ་དུ་མ་ཡིན་པ་ལས་སློང་བ་ལ་ཉེས་བྱས་སོ། །སློང་བའི་ཚེ་ཉིད་ན་ཉེས་བྱས་སོ། །མི་རུང་བ་ལ་ཉེས་བྱས་སོ། །ཆུང་དུ་ལ་ཉེས་བྱས་སོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉིས་ཀའམ། གཅིག་མ་ནིང་དང༌། མཚན་གཉིས་པ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་
དང། མ་ཆགས་པ་དང་ཉམས་པ་དག་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་དག་གིས་སྦྱོར་བ་ནི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་སློང་བར་རིགས་པས་མ་ལྷག་པ་ལེན་པ་ལ་ལྟུང་པ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སློང་བར་རིགས་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སློང་བར་རིགས་པའི་སྤང་བ་སྟེ་བདུན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། ཕམ་པོ་བཅུ་གཉིས་པ། སྤགས་བ་སློང་བའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཁྱིམ་བདག་དེ་གཞན་གྱི་ཆུང་མ་ལ་ཆགས་པར་གྱུར་ནས། དེ་ལ་ཆུང་མས་རྗེའི་སྲས་དེ་ལྟར་མ་མཛད་ཅིག་ཅེས་ཕྱིར་བཟློག་ན། ཇི་ཙམ་དུ་དེ་ཕྱིར་བཟློག་ཀྱང་ཕྱིར་མ་ལོག་པ་དེ་ཙམ་དུ་དེའི་ཆུད་མ་དེ་ཡང་སྐྱེས་པ་གཞན་དག་དང་ལྷན་ཅིག་འཁྲུལ་པ་རྩོམ་པར་བྱེད་དོ། །ཁྱིམ་བདག་དེ་ཡང་བུད་མེད་གཞན་དག་ལ་སྦྱིན་པར་བྱེད་ལ། ཆུང་མ་དེ་ཡང་སྐྱེས་པ་གཞན་དག་ལ་སྦྱིན་པར་བྱེད་པས། དེ་ལྟར་ཁྱིམ་དེ་གཉིས་ཀ་ནས་རྒུད་པར་གྱུར་ནས། དེ་གཉིས་ལ་བུ་མོ་མངག་གཞུག་མ་ཞིག་ཡོད་ནས། ཁྱིམ་བདག་དེས་བུ་མོ་དེ་ལ་འདིས་ཁྱིམ་རྒུད་པར་བྱས་སོ་ཞེས་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་དོ། །བུ་མོ་དེས་སྨྲས་པ། བདག་གིས་ཁྱིམ་རྒུད་པར་གྱུར་པ་
འདི་ཅི་ལས་གྱུར་བ་འཚལ་མོད་ཀྱི་འོན་ཀྱང་བདག་གིས་ཇི་ལྟར་རྗེ་དག་ལ་བསྔགས་པ་མ་ལགས་པར་བརྗོད་པར་བགྱིར་རུང༌། ཉེ་དགས་དེ་ཚོར་ནས་ཁྱིམ་བདག་དེ་དང་ཁྱིམ་བདག་གི་ཆུང་མ་དེའི་གན་དུ་སོང་སྟེ། ཅི་ནས་ཀྱང་དེ་ཉིད་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་བ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་བའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས། དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །ཁྱིམ་བདག་དེ་གཏུམ་པ་བརྟུན་ངས་པ་དྲག་ཤུལ་ཆེ་བ་ཡིན་པས་ཡང་བུ་མོ་དེ་དག་ལ་རྡེག་པར་བརྩམས་པ་དང༌། ཆུང་མས་དེ་ལ་སྨྲས་པ། རྗེའི་སྲས་གང་གི་ཚེ་བདག་ཅག་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་མཁྱེན་པ་དེའི་ཚེ་གོ་རྡེག་པར་མཛད་མོད། ད་བདག་ཅག་དགེ་པའི་བཤེས་གཉེན་འཕགས་པ་ཉེ་དགའ་ལ་བརྟེན་ནས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པས། འདི་ལྟར་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལགས་པས་སུ་ཞིག་སུའི་བྲན་ལགས། བུ་མོ་འདི་ལ་རྡེག་པར་མ་མཛད་ཅིག །བཟང་མོ་ཁྱོད་ཟེར་བ་མ་ཉེས་སོ། །བུ་མོ་ཚུར་ཤོག །ཁྲུས་གྱིས་ལ་ཤོག་ཤིག །བུ་མོ་དེ་ཁྲུས་བྱས་ཏེ་འོངས་པ་དང༌། དེས་དེ་ལ་གོས་ཕྲུགས་ཅིག་བསྐོན་ནས་སྨྲས་པ། བུ་མོ་དགའ་ཞིང་ལས་བྱེས་ཤིག །བུ་མོ་དེས་བསམས་པ། ཁྱིམ་བདག་ཁྱོ་ཤུག་འདི་སྔོན་གཏུམ་བ་བརྟུན་ངས་པ། དྲག་ཤུལ་ཆེ་བ་ཡིན་ཏེ། ཡང་དང་ཡང་དུ་བདག་ལ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་ཅིང༌། ཟས་དང་གོས་ངན་པ་དག་སྦྱིན་པར་བྱེད་ན། ད་འདི་བདག་གི་ཕ་མ་དང་འདྲ་བར་གྱུར་ཏོ་སྙམ་ནས་ཡང་བསམས་པ། གང་ཚུན་ཆད་ནས་འཕགས་པ་ཉེ་དགའི་ཁྱིམ་འདིར་འཇུག་པར་བརྩམས་པ་དེ་ཚུན་ཆད་ནས་ཁྱིམ་བདག་འདི་ཕ་མ་དང་འདྲ་བར་གྱུར་པས་བདག་གིས་འཕགས་པ་ཉེ་དགའ་ལ་ཅི་ཞིག་གིས་དགའ་བར་བྱ་སྙམ་ནས། དེས་བསམས་པ། གལ་ཏེ་བདག་གིས་འདི་ལས་ཅུང་ཞིག་བརྐུས་ཏེ་དབུལ་དུ་ནི་ཁྱིམ་བདག་འདིས་བདག་རྡེག་འཚོག་མང་པོ་བྱས་ཏེ་སྔོན་གྱི་གནས་སུ་གཞག་པར་འགྱུར་རོ་སྙམ་ནས། དེ་སྡོད་ཅིང་འདུག་གོ །ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་བདག་དེ་ལ་སྨྲས་པ། རྗེའི་སྲས་མཁྱེན་པར་མཛོད་ཅིག །འཕགས་པ་ཉེ་དགའ་ནི་བདག་
ཅག་གི་དགེ་བའི་བཤེས་གཉེན་ལགས་ཏེ། འཕགས་པ་ཉེ་དགས་བདག་ཅག་ལས་ཀྱི་མཐའ་དྲི་མ་ཅན་དང་ཕྲལ་ནས་སྐྱབས་སུ་འགྲོ་བ་དང༌། བསླབ་བའི་གཞི་དག་ལ་བཀོད་དེ། ཡང་དང་ཡང་དུ་བདག་ཅག་ལ་ཆོས་ཀྱིས་སྡུད་པར་བྱེད་པས། བདག་ཅག་གིས་ཀྱང་དེ་ལ་ཟང་ཟིང་ཅུང་ཟད་ཀྱིས་བསྡུ་བར་བགྱིའོ། །བཟང་མོ་དེ་བཞིན་བྱའོ། །ཅི་ཞིག་བགྱི། དེ་ལ་རས་ཡུག་ཆེན་ཅིག་དབུལ་བར་བྱའོ། །བུ་མོ་དེས་དེ་ཐོས་ནས་བསམས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགའ་བ་དེ་སྦྲན་པར་བྱའོ་སྙམ་མོ། །ཉེ་དགའ་ཡང་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང༌། བུ་མོ་དེས་ཁྱིམ་ལེགས་པར་བྱུགས་ཤིང་ཕྱག་དར་བོར་ནས་དེས་ཉེ་དགའ་མཐོང་བ་དང༌། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགྱེས་པ་སྦྲན་པར་བགྱིའོ། །ཁྱིམ་བདག་འདི་ཁྱོད་ལ་རས་ཡུག་ཆེན་འབུལ་བར་འགྱུར་རོ། །ཉེ་དགས་བསམས་པ། སའི་སྟེང་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་པ་དེ་དག་དང་བདག་མཉམ་པར་དེང་བུ་མོ་འདིས་ཀྱང་འཕྲིགས་སོ་སྙམ་ནས་དེས་བཤེས་ཏེ་སྨྲས་པ། བུ་མོ་གལ་ཏེ་བདེན་བར་གྱུར་ན་ནི་ངས་ཁྱོད་ལ་གཤེ་བ་དག་ལ་ཤུགས་མ་བྱའོ། །ཅི་སྟེ་བརྫུན་པར་གྱུར་ན་ནི་རྡེག་འཚོག་མང་པོ་བྱེད་དུ་བཅུག་སྟེ། སྔོན་གྱི་གནས་ཇི་ལྟ་བར་གཞག་པར་བྱའོ། །འཕགས་པ་སྤྱོ་བ་མང་དུ་མཛད་ན་བཞུད་ཅིག་དང་ཁྱོད་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །དེ་ཞུགས་ནས་སྟན་བཤམས་པ་ཉིད་ལ་འདུག་པ་དང༌། ཁྱིམ་བདག་ཆུང་མ་དང་བཅས་པས་རྐང་པ་ལ་ཕྱག་འཚལ་ཏེ། སྟན་ཆེས་དམའ་བ་བླངས་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །ཉེ་དགས་སྨྲས་པ། ཁྱིམ་བདག་ཁོ་བོ་ལ་རས་ཡུག་ཆེན་སྦྱིན་པར་བྱས་པ་གང་ཡིན་པ་དེ་བལྟའོ། །དེ་གཉིས་ཀྱིས་ཕན་ཚུན་གདོང་དུ་བལྟ་བར་བརྩམས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །འཕགས་པ་བདག་ཅག་གིས་གསངས་ཏེ་སྨྲས་པ། འཕགས་པ་ལ་སུས་བགྱིས། ཅི་འཕགས་པས་གཞན་གྱི་སེམས་ཀྱང་མཁྱེན་ཏམ། ཉེ་དགས་སྨྲས་པ། ཁོ་བོ་ལྷུང་བཟེད་དུ་ཟོས་ཤིང་སོ་ལྷགས་པ་དང༌། སྐྲ་དཀར་
པོར་གྱུར་པ་ཡིན་ན་ཁོ་བོ་ལ་དེ་ཙམ་ཡང་མི་སྲིད་དམ། ཁྱིམ་བདག་དེས་རས་ཡུག་ཆེན་བླངས་ཏེ་ཉེ་དགའ་ལ་ཕུལ་བ་དང༌། ཉེ་དགས་རས་ཡུག་ཆེན་མཐོང་ནས་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཕྱག་གཉིས་འདྲིལ་བར་མཛད། ཞལ་སྒྱུར་བར་མཛད། ཉེ་དགས་སྨྲས་པ། ཁྱིམ་བདག་འདི་ནི་ཁྱོད་ལ་ཡོངས་སུ་བཏང་བ་ལས་བྱུང་བའི་བསོད་ནམས་ནི་ཡོད་ན། ཡོངས་སུ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ནི་མེད་དེ། རས་ཡུག་ཆེན་འདི་ནི་མཆིལ་ལྷམ་ཕྱི་བའམ་སྐར་ཁུང་ཀླན་པར་རུང་སྟེ། འདི་ནི་ཆོས་གོས་ཀྱི་གདང་ལ་ཡོངས་སུ་ཟད་པ་དང་མཐར་ཐུག་པར་འགྱུར་རོ། །འོ་ན་ཇི་ལྟར་བགྱི། རས་ཡུག་ཆེན་བཟང་པོ་གཞན་བྱིན་ཅིག །རས་ཡུག་ཆེན་གཞན་མ་མཆིས་སོ། །ཚོང་དུས་ནས་ཉོས་ཏེ་བྱིན་ཅིག །རིན་མ་མཆིས་སོ། །དུས་ཐོབ་ལ་བྱིན་ཅིག །ཁྱིམ་བདག་དེས་ཆུང་མའི་གདོང་དུ་བལྟ་བར་བརྩམས་པ་དང༌། ཆུང་མས་སྨྲས་པ། རྗེའི་སྲས་བདག་ཅག་ལ་འཕགས་པ་ཉེ་དགས་ཕན་བཏགས་ཀྱི་རས་ཡུག་ཆེན་འཇོལ་ལ་ཕུལ་ཅིག །ཁྱིམ་བདག་དེ་ཉེ་དགའ་དང་ལྷན་ཅིག་སྲང་དུ་སོད་ནས་ཚོང་ཁང་དུ་ཕྱིན་པ་དང༌། ཉེ་དགས་བསམས་པ། ཚོང་པ་འདི་ང་རྒྱལ་བསྐྱེད་པར་བྱ་སྟེ། དེས་ན་རས་ཡུག་ཆེན་བཟང་པོ་སྟེར་བར་འགྱུར་རོ་སྙམ་ནས། ཉེ་དགས་ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་ཚོང་བ་འདི་ནི་གཅམ་བུ་ཞིག་ཡིན་པས་འདི་ལ་རས་ཡུག་ཆེན་བཟང་པོ་མེད་ཀྱི་གཞན་དུ་འདོང་ངོ༌། །ཚོང་པ་དེས་དེ་ཐོས་ནས་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་བསྟན་ཏེ་སྨྲས་པ། འཕགས་པ་རས་ཡུག་ཆེན་ལ་གཟིགས། རས་ཡུག་ཆེན་འདི་ནི་བཟང་ན་རིན་ཇི་ཙམ་འདི་དང་འདི་ཙམ་མོ། །ཁྱིམ་བདག་འདི་འཇལ་ལོ། །ཁྱིམ་བདག་འཇལ་ལམ། འཇལ་ལོ། །དུས་ཇི་ཙམ་ན། དུས་འདི་ཙམ་ནའོ། །ཚོང་པ་དེས་ཁྱིམ་བདག་དེ་ལ་རས་ཡུག་ཆེན་དེ་བྱིན་ནས་ཁྱིམ་བདག་དེས་ཉེ་དགའ་ལ་ཕུལ་བ་དང༌། ཉེ་དགས་ཁྱིམ་བདག་ཨ་རོག་གྱ་ཞེས་སྨྲས་ནས། ཁྱེད་སྦྱིན་པ་འདིས་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་གོས་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ༌། །ཁྱིམ་བདག་དེ་ལོངས་སྤྱོད་སྲབས་ནས་དེས་རིན་དེ་
དུས་དེ་ཙམ་གྱིས་འབུལ་བར་མ་ནུས་ནས་ཚོང་པ་དེས་ཁྱིམ་བདག་དེ་ཉི་མ་ལ་བཏགས་པ་དང༌། དེ་ཆུང་པོ་གྲོགས་དག་གིས་མཐོང་ནས་སྨྲས་པ། ཇི་ཁྱོད་ཞུན་མར་འཐུངས་སམ། འོན་ཏེ་རིམས་ཀྱིས་བཏབ། བུ་ལོན་པས་བཟུང་སྟེ་འདུག་གོ །ཁྱོད་ཀྱིས་ཕས་ཀྱང་བུ་ལོན་པ་ཡོད་པར་མ་བྱས། མེས་པོ་དག་གིས་ཀྱང་མ་བྱས་ན་བུ་ལོན་པ་ག་ལས་བྱུང༌། དེས་སྨྲས་པ། གང་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ལ་དད་པར་བྱེད་པ་དེ་དག་འདི་ལྟར་འགྱུར་ཏེ། འདི་ལྟར་གང་བྱིན་པ་དེ་མི་ལེན་པར་ལྷག་པ་སློང་བར་བྱེད་དོ་ཞས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉི་དུ་མ་ཡིན་པས་གོས་ཀྱི་རིན་དག་སྤགས་ནས། བདག་གི་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌། དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང༌། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས། འདི་སྐད་ཅེས་ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་བའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྤགས་བ་སློང་བའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གམ་མ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང༌། མེས་པ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་
ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་རམ་དངུལ་ལོ། །སྤགས་ནས་ཞེས་བྱ་བ་ནི་སྟ་གོན་བྱས་ནས་སོ། །བདག་གིས་གོས་ཀྱི་རིན་འདི་དག་གིས་ཞེས་བྱ་བ་ནི་གསེར་རམ་དངུལ་ལ་སོགས་པ་གང་དག་སྤགས་པ་དག་གིས་སོ། །གོས་འདི་དང་འདི་ལྟ་བུ་ཞིག་ཅེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་ཞེས་བྱ་བ་ནི་ལོངས་སྤྱོད་པར་བཟོད་པའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་སྟེའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་རབ་དང་མཆོག་འདོད་པའི་ཕྱིར་རོ། །ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་ཞེས་བྱ་བ་ནི་དྲུང་དུ་སོང་ནས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་ཞེས་བྱ་བ་ནི་ཅིག་ཉོས་ཏེའོ། །བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་ཞེས་བྱ་བ་ནི་སྤགས་པ་སློང་བའི་ཚིག་དེ་སྐད་ཅེས་སྨྲས་ཏེའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྤྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླང་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྤགས་པ་སློང་བའི་ལྟུང་བྱེད་འདི་ནི་སྔར་སློང་བའི་སྤང་བ་བཤད་པའི་རབ་ཏུ་དབྱེ་བར་གྱུར་པ་ཡིན་པས་དེའི་ཕྱིར་སྤགས་པ་སློང་བའི་སྤང་བ་འདིའི་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་
སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པའི་མཚན་ཉིད་རྣམས་ནི་སྔར་སློང་བའི་སྤང་བའི་སྐབས་སུ་བསྟན་པ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །དེའི་བྱེ་བྲག་ཅུང་ཞིག་བརྗོད་པར་བྱ་སྟེ། དེའི་ཕྱིར་སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། སྤགས་པ་མ་ཕུལ་བར་ཤེས་པ་ཞེས་བྱ་བ་ནི་སྤགས་པ་སློང་བའི་སྤང་བ་འདི་ཉིད་ཀྱི་སྐབས་ཡིན་ཏེ། སྦྱིན་བདག་གིས་དགེ་སློང་ལ་གོས་སྤགས་པ་དགེ་སློང་དེ་ལ་མ་ཕུལ་བར་དགེ་སློང་དེས་གང་ཡང་རུང་བ་ཞིག་གིས་ཤེས་པའོ། །མ་སྤགས་པ་དང་འདྲའོ་ཞེས་བྱ་བ་ལ་མ་སྤགས་པ་ཞེས་བྱ་བ་ནི་སྔར་སློང་བའི་སྤང་བ་བཤད་པའི་སྐབས་ཡིན་ཏེ། སྦྱིན་བདག་གིས་དགེ་སློང་ལ་གོས་འབུལ་བར་མ་སྤགས་པའོ། །འདྲའོ་ཞེས་བྱ་བ་ནི་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་བྱ་བ་སྤགས་པ་སློང་བའི་སྤང་བ་འདི་དང༌། མ་སྤགས་པ་ཞེས་བྱ་བ་སློང་བའི་སྤང་བ་སྔར་བསྟན་པ་དེའི་མཚན་ཉིད་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །སྤགས་པའམ་མ་སྤགས་པ་མི་ཤེས་པར་གྱུར་པ་ནི་སློང་བའི་སྤང་བའི་ཡུལ་ཡིན་ལ། སྤགས་པ་ཤེས་པ་ནི་འདིའི་ཡུལ་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར་དེ་ཉིད་གཞན་ཡིན་ནོ་ཞེས་སྨྲས་ཏེ། དེ་ཉིད་ཅེས་བྱ་བ་ནི་གོས་སྤགས་པ་ལྟུང་བ་འབྱིན་པའི་གང་ཟག་གིས་མི་ཤེས་པ་དེ་ཉིད་དོ། །གཞན་ཡིན་ནོ་ཞེས་བྱ་བ་ནི་མ་སྤགས་པ་ཉིད་ཡིན་པའོ། །དེ་ལྟར་ན་བྱེ་བྲག་འདི་ཡོད་དེ། སྤགས་པ་མ་ཕུལ་བར་ཤེས་པ་ནི་སྤགས་པ་སློང་བའི་སྤང་བ་འདིའི་ཡུལ་ཡིན་ལ། སྤགས་ཀྱང་རུང་མ་སྤགས་ཀྱང་རུང་མི་ཤེས་པ་ནི་སློང་བའི་སྤང་བ་སྔར་བསྟན་པའི་ཡུལ་ཡིན་ནོ། །དེ་ལྟར་སྤགས་པ་སློང་བའི་སྤང་བ་དང༌། སློང་བའི་སྤང་བ་གཉིས་ཀྱི་མཚན་ཉིད་སྤྱིར་འདྲ་བ་དང༌། ཁྱད་པར་ཅུང་ཟད་ཡོད་པ་གོ་སླ་བར་བྱ་བའི་ཕྱིར་དང་པོར་བསྟན་ནས། ད་ནི་སྤགས་པ་སློང་བའི་སྤང་བ་ཉིད་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པར་བྱ་སྟེ། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་བ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱར་བར་མ་གྱུར་པ་སློང་བར་མི་རིགས་པས་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་གོས་རུང་
བ་ཚད་དང་ལྡན་པ་ལས་མི་ཆུང་བ་སྤགས་པ་མ་ཕུལ་བར་ཤེས་པ་རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་བསླངས་པ་དེ་ཉིད་ཐོབ་ན་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་སྤགས་པ་མ་ཕུལ་བར་ཤེས་པ་རིན་ཐང་དང་ཁ་དོག་དང་ཁྲུ་ཚད་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དེ་ལྟ་བུ་ཉིད་ཐོབ་པ་ལ་ན་སྨད་པ་མེད་དོ། །རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ཀྱི་དབྱེ་བ་མ་བྱས་པར་སྤགས་པ་མ་ཕུལ་བར་ཤེས་པ་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་པ་ལ་ན་སྨད་པ་མེད་དོ། །རུང་བ་ཉིད་དང་ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་སྤགས་པ་མ་ཕུལ་བར་ཤེས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ཡང་སྔ་མ་བཞིན་ཏེ། མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །དེ་དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདིའི་བྱེད་པ་པོ་ཡིན་ཞེ་ན། གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པར་སློང་བར་མི་རིགས་པ་ལའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་རོ། །དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པ་དང༌། སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་
པ་དང། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སྤགས་པ་མ་ཕུལ་བར་ཤེས་པ་དང༌། རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་དགེ་སློང་གོས་ཕྲོགས་པ་ལ་སོགས་པར་མ་གྱུར་པ་ཞེས་སྨོས་པ་ནི་དེ་དེ་དག་སློང་བར་མི་རིགས་པའི་ཕྱིར་རོ། །སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་བ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ནི་དེ་ལས་བཟློག་པ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་སྨོས་པ་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་རུང་བ་དང༌། མི་ཆོག་བ་སྤགས་པ་མ་ཕུལ་བར་ཤེས་པ་ཉིད་སློང་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པ་ཞེས་སྨོས་པ་ནི་གཞན་ཐོབ་པ་དང༌། དེ་ཉིད་མ་ཐོབ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་གོས་སྤགས་པ་གཅིག་གམ། གཉིས་སམ། མང་པོ་ཞིག་ཐོབ་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྤྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་ཀྱི་སྤྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མིའི་འགྲོ་བར་གཏོགས་པ་དང༌། ཁྱིམ་པར་གྱུར་པ་དང༌། སྲོག་དང་ལྡན་པ་དང༌། ཉེ་དུ་མ་ཡིན་པ་ལས་བཟློག་པ་ལ་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །སྤགས་པ་མ་ཕུལ་བར་ཤེས་པ་སློང་བའི་ཚེ་ཉིད་ན་ཉེས་བྱས་སོ། །སྤགས་པ་མ་ཕུལ་བར་ཤེས་པ་མི་རུང་བ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །སྤགས་པ་མ་ཕུལ་བར་ཤེས་པ་ཆུང་དུ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་གྱི་རང་བཞིན་པ་ལ་དང༌། རས་བལ་ལ་སོགས་པ་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །ཁྱིམ་བདག་གམ་ཁྱིམ་བདག་
གི་ཆུང་མ་གཉི་གའམ་གཅིག་མ་ནིང་དང་མཚན་གཉིས་པ་ལ་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །ཕྱི་རོལ་བའི་རབ་ཏུ་བྱུང་བ་དང༌། ཆོས་འདི་པའི་རབ་ཏུ་བྱུང་བ་མཚམས་མེད་པ་བྱས་བ་ལ་སོགས་པ་གཏན་གྱི་བར་ཆད་ཀྱིས་སྡོམ་པ་དང་པོ་ནས་མ་ཆགས་པ་དང༌། སྡོམ་པ་ཆགས་པ་བསླབ་པ་ཉམས་པ་དག་ལ་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བ་དག་ནི་སློང་བར་རིགས་པ་ཡིན་པས་དེ་དག་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་ལ་ལྟུང་བ་མེད་དོ། །རིན་ཐང་གཞན་ནམ། ཁ་དོག་གཞན་ནམ། ཁྲུ་ཚད་གཞན་སྤགས་པ་མ་ཕུལ་བར་ཤེས་པ་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་དང༌། ཁ་ཚར་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་ལ་ལྟུང་བ་མེད་དོ། །ཁ་ཚར་སྤགས་པ་མ་ཕུལ་བར་ཤེས་པ་བསླངས་པ་ལས་རས་མ་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་སྤགས་པ་མ་ཕུལ་བར་ཤེས་པ་བསླངས་ན་རས་ཡུག་ཆེན་དང༌། རས་ཡུག་ཕྲན་དག་ཐོབ་བོ་སྙམ་ནས་བསླངས་ཤིང་ཐོབ་ན་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་བར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྤགས་པ་སློང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྤགས་པ་སློང་བའི་སྤང་བ་སྟེ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོ་ནས་སྤགས་པ་སློང་བའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་
བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །ཁྱིམ་བདག་དེ་གཞན་གྱི་ཆུང་མ་ལ་ཆགས་པར་གྱུར་ནས། དེ་ལ་ཆུང་མས་རྗེའི་སྲས་དེ་ལྟར་མ་མཛད་ཅིག་ཅེས་ཕྱིར་བཟློག་ན་ཇི་ཙམ་དུ་དེ་ཕྱིར་བཟློག་ཀྱང་ཕྱིར་མ་ལོག་པ་དེ་ཙམ་དུ་དེའི་ཆུང་མ་དེ་ཡང་སྐྱེས་པ་གཞན་དག་དང་ལྷན་ཅིག་འཁྲུལ་བ་རྩོམ་པར་བྱེད་དོ། །ཁྱིམ་བདག་དེ་ཡང་བུད་མེད་གཞན་དག་ལ་སྦྱིན་པར་བྱེད་ལ། ཆུང་མ་དེ་ཡང་སྐྱེས་པ་གཞན་དག་ལ་སྦྱིན་པར་བྱེད་པས་དེ་ལྟར་ཁྱིམ་དེ་གཉིས་ཀ་ནས་རྒུད་པར་གྱུར་ནས་དེ་གཉིས་ལ་བུ་མོ་མངག་གཞུག་མ་ཞིག་ཡོད་ནས་ཁྱིམ་བདག་དེས་བུ་མོ་དེ་ལ་འདིས་ཁྱིམ་རྒུད་པར་བྱས་སོ་ཞེས་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་དོ། །བུ་མོ་དེས་སྨྲས་པ། བདག་གིས་ཁྱིམ་རྒུད་པར་གྱུར་པ་འདི་ཇི་ལས་གྱུར་པ་འཚལ་མོད་ཀྱི། འོན་ཀྱང་བདག་གིས་ཇི་ལྟར་རྗེ་དག་ལ་བསྔགས་པ་མ་ལགས་པ་བརྗོད་པ་བགྱིར་རུང༌། ཉེ་དགས་དེ་ཚོར་ནས་དེས་ཁྱིམ་བདག་དེ་དད་ཁྱིམ་བདག་གི་ཆུང་མ་དེའི་གན་དུ་སོང་སྟེ་ཅི་ནས་ཀྱང་དེ་གཉིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་པའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས་དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །ཁྱིམ་བདག་དེ་གཏུམ་པ་བརྟུན་ངས་པ་དྲག་ཤུལ་ཆེ་བ་ཡིན་པས་ཡང་བུ་མོ་དེ་ལ་རྡེག་པར་བརྩམས་པ་དང༌། ཆུང་མས་དེ་ལ་སྨྲས་པ། རྗེའི་སྲས་གང་གི་ཚེ་བདག་ཅག་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་མཁྱེན་པ་དེའི་ཚེ་ཀོ་རྡེག་པར་མཛད་མོད། ད་བདག་ཅག་དགེ་བའི་བཤེས་གཉེན་འཕགས་པ་ཉེ་དགའ་ལ་བརྟེན་ནས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པས། འདི་ལྟར་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལགས་པས་སུ་ཞིག་སུའི་བྲན་ལགས། བུ་མོ་འདི་ལ་རྡེག་པར་མ་མཛད་ཅིག །བཟང་མོ་ཁྱོད་ཟེར་བ་མ་ཉེས་སོ། །བུ་མོ་ཚུར་ཤོག་ཁྲུས་གྱིས་ལ་ཤོག་ཤིག །བུ་མོ་དེ་ཁྲུས་བྱས་ཏེ་འོངས་པ་དང༌། དེས་དེ་ལ་གོས་ཕྲུགས་ཅིག་བསྐོན་ནས་སྨྲས་པ། བུ་མོ་དགའ་
ཞིང་ལས་བྱོས་ཤིག །བུ་མོ་དེས་བསམས་པ། ཁྱིམ་བདག་ཁྱོ་ཤུག་འདི་སྔོན་གཏུམ་པ་བརྟུན་ངས་པ་དྲག་ཤུལ་ཆེ་བ་ཡིན་ཏེ། ཡང་དང་ཡང་དུ་བདག་ལ་ཁུ་ཚུར་དང་ཐལ་ལྕག་དག་གིས་རྡེག་པར་བྱེད་ཅིང་ཟས་དང༌། གོས་ངན་པ་དག་སྦྱིན་པར་བྱེད་ན། ད་འདི་བདག་གི་ཕ་མ་དང་འདྲ་བར་གྱུར་ཏོ་སྙམ་ནས་ཡང་བསམས་པ། གང་ཚུན་ཆད་ནས་འཕགས་པ་ཉེ་དགའ་ཁྱིམ་འདིར་འཇུག་པར་བརྩམས་པ་དེ་ཚུན་ཆད་ནས་ཁྱིམ་བདག་འདི་ཕ་མ་དང་འདྲ་བར་གྱུར་པས་བདག་གིས་འཕགས་པ་ཉེ་དགའ་ལ་ཇི་ཞིག་གིས་དགའ་བར་བྱ་སྙམ་ནས། དེས་བསྡམས་པ། གལ་ཏེ་བདག་གིས་འདི་ལས་ཅུང་ཞིག་བརྐུས་ཏེ་དབུལ་དུ་ནི་ཁྱིམ་བདག་འདིས་བདག་ལ་རྡེག་བཙོག་མང་པོ་བྱས་ཏེ་སྔོན་གྱི་གནས་སུ་གཞག་པར་འགྱུར་རོ་སྙམ་ནས། དེ་སྡོད་ཅིང་འདུག་གོ །ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་བདག་དེ་ལ་སྨྲས་པ། རྗེའི་སྲས་མཁྱེན་པར་མཛོད་ཅིག །འཕགས་པ་ཉེ་དགའ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ཏེ། འཕགས་པ་ཉེ་དགས་བདག་ཅག་ལས་ཀྱི་མཐའ་དྲི་མ་ཅན་དང་ཕྲལ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་བཀོད་དེ། ཡང་དང་ཡང་དུ་བདག་ཅག་ལ་ཆོས་ཀྱིས་སྡུད་པར་བྱེད་པས་བདག་ཅག་གིས་ཀྱང་དེ་ལ་ཟང་ཟིང་ཅུང་ཟད་ཀྱིས་བསྡུ་བར་བགྱིའོ། །བཟང་མོ་དེ་བཞིན་བྱའོ། །ཅི་ཞིག་བགྱི། དེ་ལ་བདག་ཅག་སོ་སོ་ནས་རས་ཡུག་ཆེན་དག་དབུལ་བར་བྱའོ། །བུ་མོ་དེས་དེ་ཐོས་ནས་བསམས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགའ་བ་དེ་སྦྲན་པར་བྱའོ་སྙམ་མོ། །ཉེ་དགའ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང༌། བུ་མོ་དེས་ཁྱིམ་ལེགས་པར་ཕྱགས་ཤིང༌། ཕྱག་དར་བོར་ནས་དེས་ཉེ་དགའ་མཐོང་བ་དང༌། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་གིས་འཕགས་པ་ཉེ་དགའ་ལ་དགྱེས་པ་སྦྲན་པར་བགྱིའོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་འདི་ཁྱོད་ལ་སོ་སོ་ནས་རས་ཡུག་ཆེན་དག་འབུལ་བར་འགྱུར་རོ། །ཉེ་དགས་བསམས་པ། སའི་སྟང་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་པ་དེ་དག་དང་བདག་མཉམ་པར་དེང་བུ་མོ་
འདིས་ཀྱང་འཕྲིགས་སོ་སྙམ་ནས། དེས་བཤེས་ཏེ་སྨྲས་པ། བུ་མོ་གལ་ཏེ་བདེན་པར་གྱུར་ན་ནི་ངས་ཁྱོད་ལ་གཤེ་བ་དག་ལ་ཤུགས་མ་བྱའོ། །ཇི་སྟེ་བརྫུན་པར་གྱུར་ན་ནི་རྡེག་བཙོག་མང་པོ་བྱེད་དུ་བཅུག་སྟེ་སྔོན་གྱི་གནས་ཇི་ལྟ་བར་གཞག་པར་བྱའོ། །འཕགས་པ་སྤྱོང་མང་དུ་མཛད་ན་བཞུད་ཅིག་དང་ཁྱོད་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །དེ་ཞུགས་ནས་སྟན་བཤམས་པ་ཉིད་ལ་འདུག་པ་དང༌། ཁྱིམ་བདག་དེ་ཆུང་མ་དང་བཅས་པས་རྐང་པ་ལ་ཕྱག་འཚལ་ཏེ་སྟན་ཆེས་དམའ་བ་བླངས་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །ཉེ་དགས་སྨྲས་པ། ཁྱིམ་བདག་ཁོ་བོ་ལ་སོ་སོ་ནས་རས་ཡུག་ཆེན་སྦྱིན་པར་བྱས་པ་གང་དག་ཡིན་པ་དེ་དག་བལྟའོ། །དེ་གཉིས་ཀྱིས་ཕན་ཚུན་གདོང་དུ་བལྟ་བར་བརྩམས་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ཅག་གིས་གསངས་ཏེ་སྨྲས་པ་དེ་འཕགས་པ་ལ་སུས་བགྱིས། ཅི་འཕགས་པས་གཞན་གྱི་སེམས་ཀྱང་མཁྱེན་ཏམ། ཉེ་དགས་སྨྲས་པ། ཁོ་བོ་ཅག་ལྷུང་བཟེད་དུ་ཟོས་ཤིང་སོ་ལྷགས་པ་དང༌། སྐྲ་དཀར་པོར་གྱུར་པ་ཡིན་ན་ཁོ་བོ་ལ་དེ་ཙམ་ཡང་མི་སྲིད་དམ། ཁྱིམ་བདག་དེ་དང་ཁྱིམ་བདག་གི་ཆུང་མ་དེས་སོ་སོ་ནས་རས་ཡུག་ཆེན་བླངས་ཏེ། ཉ་དགའ་ལ་ཕུལ་བ་དང༌། ཉེ་དགས་རས་ཡུག་ཆེན་དེ་དག་མཐོང་ནས་ལག་པ་གཉིས་འདྲིལ་བར་བྱེད། བཞིན་སྒྱུར་བར་བྱེད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཕྱག་གཉིས་འདྲིལ་བར་བྱེད། ཞལ་སྒྱུར་བར་བྱེད། ཉེ་དགས་སྨྲས་པ། ཁྱིམ་བདག་འདི་དག་ནི་ཁྱེད་ལ་ཡོངས་སུ་བཏང་བ་ལས་བྱུང་བའི་བསོད་ནམས་ནི་ཡོད་ན། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་ནི་མེད་དོ། རས་ཡུག་ཆེན་འདི་དག་ནི་མཆིལ་ལྷམ་ཕྱི་བའམ། སྐར་ཁུང་གླན་པར་རུང་སྟེ། འདི་དག་ནི་ཆོས་གོས་ཀྱི་གདང་ལ་ཡོངས་སུ་ཟད་པ་དང་མཐར་ཐུག་པར་འགྱུར་རོ། །འོ་ན་ཇི་ལྟར་བགྱི། རས་ཡུག་ཆེན་བཟང་པོ་གཞན་དག་བྱིན་ཅིག །རས་ཡུག་ཆེན་གཞན་དག་མ་མཆིས་སོ། །ཚོང་དུས་ནས་ཉོས་ཏེ་བྱིན་ཅིག །རིན་དག་མ་མཆིས་སོ། །དུས་ཐོབ་ལ་བྱིན་ཅིག །ཁྱིམ་བདག་དེས་ཆུང་མའི་གདོང་དུ་བལྟ་བར་བརྩམས་པ་དང༌། ཆུང་མས་སྨྲས་པ་
རྗེའི་སྲས་བདག་ཅག་ལ་འཕགས་པ་ཉེ་དགས་ཕན་བཏགས་ཀྱི། རས་ཡུག་ཆེན་དག་འཇོལ་ལ་དེ་ལ་ཕུལ་ཅིག །ཁྱིམ་བདག་དེ་ཉེ་དགའ་དང་ལྷན་ཅིག་སྲང་དུ་དོང་ནས། ཚོང་ཁང་དུ་ཕྱིན་པ་དང༌། ཉེ་དགས་བསམས་པ། ཆོང་པ་འདི་ང་རྒྱལ་བསྐྱེད་པར་བྱ་སྟེ། དེས་ན་རས་ཡུག་ཆེན་བཟང་པོ་སྟེར་བར་འགྱུར་རོ་སྙམ་ནས་ཉེ་དགས་ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་ཚོང་པ་འདི་ནི་གཅམ་བུ་ཞིག་ཡིན་པས་འདི་ལ་རས་ཡུག་ཆེན་བཟང་པོ་མེད་ཀྱི་གཞན་དུ་འདོང་ངོ༌། །ཚོང་པ་དེས་དེ་ཐོས་ནས། དེས་ཆེན་པོ་ལ་འོས་པའི་རས་ཡུག་ཆེན་དག་བསྟན་ཏེ་སྨྲས་པ། འཕགས་པ་རས་ཡུག་ཆེན་དག་ལ་གཟིགས། རས་ཡུག་ཆེན་འདི་དག་ནི་བཟང་ན་རིན་ཇི་ཙམ་འདི་དང་འདི་ཙམ་མོ། །ཁྱིམ་བདག་འཇལ་ལོ། །ཁྱིམ་བདག་འཇལ་ལམ། འཇལ་ལོ། །དུས་ཇི་ཙམ་ན་དུས་འདི་ཙམ་ནའོ། །ཚོང་པ་དེས་ཁྱིམ་བདག་དེ་ལ་རས་ཡུག་ཆེན་དེ་དག་བྱིན་ནས་ཁྱིམ་བདག་དེས་ཉེ་དགའ་ལ་ཕུང་བ་དང༌། ཉེ་དགས་ཁྱིམ་བདག་ཨ་རོག་གྱ་ཞེས་སྨྲས་ནས། ཁྱོད་སྦྱིན་པ་འདིས་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་གོས་དག་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ༌། །ཁྱིམ་བདག་དེ་ལོངས་སྤྱོད་སྲབས་ནས་དེས་རིན་དེ་དག་དུས་དེ་ཙམ་གྱིས་འབུལ་བར་མ་ནུས་ནས། ཚོང་པ་དེས་ཁྱིམ་བདག་དེ་ཉི་མ་ལ་བཏགས་པ་དང༌། དེ་ཆུང་པོ་གྲོགས་དག་གིས་མཐོང་ནས་སྨྲས་པ། ཇི་ཁྱོད་ཞུན་མར་འཐུངས་སམ། འོན་ཏེ་རིམས་ཀྱིས་བཏབ། བུ་ལོ་ན་པས་བཟུང་སྟེ་འདུག་གོ །ཁྱོད་ཀྱི་ཕས་ཀྱང་བུ་ལོན་པ་ཡོད་པར་མ་བྱས། མེས་པོ་དག་གིས་ཀྱང་མ་བྱས་ན་བུ་ལོན་པ་ག་ལས་བྱུང༌། དེས་སྨྲས་པ། གང་དག་ཤཱཀྱའི་བུའི་དགེ་སློང་དག་ལ་དད་པར་བྱེད་པ་དག་འདི་ལྟར་འགྱུར་ཏེ། འདི་ལྟར་གང་བྱིན་པ་དེ་དག་མི་ལེན་པར་ལྷག་པ་དག་སློང་བར་བྱེད་དོ།། ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་
བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དག་སྤགས་ནས། བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང༌། འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་ངག་གི་གན་དུ་སོང་ནས། འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བདག་ཉོས་ལ་གཉི་ག་འདུས་ཏེ། བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སོ་སོ་ནས་སྤགས་པ་སློང་བའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་དང་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ཕྱི་མོ་དང༌། མེས་པོ་དང༌། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཀྱི་རིན་ཅེས་བྱ་བ་ནི་གསེར་རམ་དངུལ་ལོ། །སོ་སོ་བདག་ཅེས་བྱ་བ་ནི་ཐ་དད་པ་དག་གོ །སྤགས་ནས་ཞེས་བྱ་བ་ནི་སྟ་གོན་བྱས་ནས་སོ། །བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཞེས་བྱ་བ་ནི་གསེར་རམ། དངུལ་ལ་སོགས་པ་སོ་སོ་བ་གང་དག་སྤགས་པ་དག་གིས་སོ། །གོས་འདི་དང་འདི་ལྟ་བུ་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་
བའོ། །སོ་སོ་བདག་ཅེས་བྱ་བ་ནི་ཐ་དད་པའོ། །ཉོས་ལ་ཞེས་བྱ་བ་ནི་ཉོས་ཏེའོ། །དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་ཞེས་བྱ་བ་ནི་ལོངས་སྤྱོད་པར་བཟོད་པའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་སྟེའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་རབ་དང་མཆོག་འདོད་པའི་ཕྱིར་རོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་ཞེས་བྱ་བ་ནི་དྲུང་དུ་སོང་ནས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་ཞེས་བྱ་བ་ནི་ཐ་དད་པ་དག་ཉོས་ཏེའོ། །གཉི་ག་འདུས་ཏེ་ཞེས་བྱ་བ་ནི་གཉི་ག་ཚོགས་ཏེའོ། །བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ་ཞེས་བྱ་བ་ནི་སོ་སོ་ནས་སྤགས་པ་སློང་བའི་ཚིག་དེ་སྐད་ཅེས་སྨྲས་ཏེའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འདི་ནི་སྔར་སྤགས་པ་སློང་བའི་སྤང་བ་བཤད་པའི་རྣམ་པ་ཡིན་མོད་ཀྱི། འོན་ཀྱང་སྦྱིན་པར་བྱེད་པའི་སྤུངས་ཀྱི་བྱེ་བྲག་ལས་ལྟུང་བ་ཐ་དད་པར་རྣམ་པར་གཞག་པར་བྱ་སྟེ། འདི་ལྟར་ཚེ་དང་ལྡན་པ་ཉེ་དགས་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་སོ་སོ་ནས་རས་ཡུག་ཆེན་ཡང་དག་པར་སྦྱིན་དུ་གཞུག་པར་བྱ་བའི་ཕྱིར་རོ། །སྤགས་པ་སློང་བར་འདྲ་མོད་ཀྱི་འོན་ཀྱང་བྱེ་བྲག་བརྗོད་པར་བྱ་སྟེ། དེའི་ཕྱིར་སྦྱིན་པར་བྱེད་པ་སྤུངས་ཆེ་བས་སྤགས་པ་
མ་ཕུལ་བར་ཤེས་པ་ཡང་མ་སྤགས་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། སྦྱིན་པར་བྱེད་པ་སྤུངས་ཆེ་བ་ཞེས་བྱ་བ་ནི་ཁྱིམ་གཅིག་ནས་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་གས་སོ་སོ་ནས་ཚམ་ཚོམ་མེད་པར་གོས་ཀྱི་རིན་སྤོག་ཕོད་པའོ། །དེ་ལྟ་བུའི་སྦྱིན་པར་བྱེད་པ་སྤུངས་ཆེ་བར་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་བྱ་བ་ནི་སྔར་སྤགས་པ་སློང་བའི་སྤང་བའི་སྐབས་སུ་སྦྱིན་པར་བྱེད་པ་ཁྱམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉི་གས་སྤྱི་ལ་གོས་ཀྱི་རིན་གཅིག་སྤོགས་པ་སྤུངས་ཆུང་དུའི་བྱེ་བྲག་ལས་ལྟུང་བ་ཐ་དད་པར་རྣམ་པར་གཞག་པར་བྱ་སྟེ། སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འདི་ཉིད་ཀྱི་སྐབས་ཡིན་ནོ། །སྦྱིན་པར་བྱེད་པ་སྤུངས་ཆེ་བས་སོ་སོ་ནས་དགེ་སློང་ལ་གོས་དག་སྤགས་པ་དགེ་སློང་དེ་ལ་མ་ཕུལ་བར་དགེ་སློང་དེས་གང་ཡང་རུང་བ་ཞིག་གིས་ཤེས་པ་ནི་སྦྱིན་པར་བྱེད་པ་སྤུངས་ཆེ་བས་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་བྱའོ། །དེ་ཡང་མ་སྤགས་པ་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། མ་སྤགས་པ་ཞེས་བྱ་བ་ནི་སྔར་སློང་བའི་སྤང་བ་བཤད་པའི་སྐབས་ཡིན་ཏེ། སྦྱིན་བདག་གིས་དགེ་སློང་ལ་གོས་དབུལ་བར་མ་སྤགས་པའོ། །འདྲའོ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པ་སྤུངས་ཆེ་བས་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་བྱ་བ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འདི་ཡང་མ་སྤགས་པ་ཞེས་བྱ་བ་ནི་སློང་བའི་སྤང་བ་སྔར་བསྟན་པ་དེའི་མཚན་ཉིད་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོ་ནས་སྔགས་པའམ། མ་སྔགས་པ་མི་ཤེས་པར་གྱུར་པ་ནི་སློང་བའི་སྤང་བའི་ཡུལ་ཡིན་ལ་སོ་སོ་ནས་སྤགས་པ་ཤེས་པ་ནི་འདིའི་ཡུལ་ཡིན་ནོ། །དོན་དེ་ཉིད་བསྟན་པའི་ཕྱིར་འདིར་ཡང་སྔ་མ་བཞིན་དུ་དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ཅེས་བྱ་བ་ནི་འདིར་སྦྱིན་པར་བྱེད་པ་སྤུངས་ཆེ་བས་གོས་སྤགས་པ་ལྟུང་བ་འབྱིན་པའི་གང་ཟག་གིས་མི་ཤེས་པ་དེ་ཉིད་དོ། །གཞན་ཡིན་ནོ་ཞེས་བྱ་བ་ནི་མ་སྤགས་པ་ཉིད་ཡིན་པའོ། །དེ་ལྟར་ན་སློང་བའི་སྤང་བ་དང༌། སྤགས་པ་སློང་བའི་སྤང་བ་དང༌། སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ལ་བྱེ་བྲག་འདི་ཡོད་དེ། སྦྱིན་པར་བྱེད་པས་སྤགས་ཀྱང་རུང་མ་སྤགས་ཀྱང་རུང༌། མི་ཤེས་པ་ནི་སློང་བའི་སྤོང་བ་སྔར་བསྟན་པའི་ཡུལ་ཡིན་ལ་སྦྱིན་པར་བྱེད་པ་
སྤུངས་ཆུང་དུས་སྤགས་པ་མ་ཕུལ་བར་ཤེས་པ་ནི་སྤགས་པ་སློང་བའི་སྤང་བའི་ཡུལ་ཡིན། སྦྱིན་པར་བྱེད་པ་སྤུངས་ཆེ་བས་སྤགས་པ་མ་ཕུལ་བར་ཤེས་པ་ནི་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འདིའི་ཡུལ་ཡིན་ནོ། །དེ་ལྟར་ན་སྔར་སྤགས་པ་སློང་བའི་སྤང་བའི་སྐབས་སུ་སྤགས་བ་སློང་བའི་སྤོང་བ་དང༌། སློང་བའི་སྤང་བ་གཉིས་ཀྱི་མཆན་ཉིད་སྤྱིར་འདྲ་བ་དང༌། ཁྱད་པར་ཅུང་ཟད་ཡོད་པར་བསྟན་པ་བཞིན་དུ་འདིར་སོ་སོ་ནས་སྤགས་པ་སློང་བའི་སྐབས་སུ་ཡང་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་འདི་ཉིད་དང༌། སྔར་སྤགས་པ་སློང་བའི་སྤང་བ་དང༌། སློང་བའི་སྤང་བ་བསྟན་པ་དག་གི་མཚན་ཉིད་སྤྱིར་འདྲ་བ་དང༌། ཁྱད་པར་ཅུང་ཟད་ཡོད་པ་ཡང་བསྟན་པ་ཡིན་ནོ། །དེ་ལྟར་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་དང༌། སྤགས་པ་སློང་བའི་སྤང་བ་དང༌། སློང་བའི་སྤང་བ་གསུམ་གྱི་མཚན་ཉིད་སྤྱིར་འདྲ་བ་དང༌། ཁྱད་པར་ཅུང་ཟད་ཡོད་པ་གོ་སླ་བར་བྱ་བའི་ཕྱིར་དང་པོར་བསྟན་ནས། ད་ནི་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ཉིད་ཀྱི་མཚན་ཉིད་རྒྱ་ཆེར་བསྟན་པར་བྱ་སྟེ། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པས་སྦྱིན་པར་བྱེད་པ་སྤུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ལས་གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་དག་རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་རྣམ་པ་གང་དག་བསླངས་པ་དེ་དང༌། ཉེད་ཐོབ་ནས། སོ་སོ་ནས་སྤགས་པ་སློང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་སོ་སོ་ནས་སྤགས་པ་སློང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་སྦྱིན་པར་བྱེད་པ་སྤུངས་ཆེ་བས་གོས་སོ་སོ་ནས་སྤགས་པ་ཕུལ་བར་ཤེས་པ་རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་དག་ཀྱང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་དག་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་
སློང་གིས་སོ་སོ་ནས་སྤགས་པ་སློང་བའི་སྤོང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དེ་ལྟ་བུ་ཉིད་ཐོབ་པ་ལ་ན་སྨད་པ་མེད་དོ། །རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ཀྱི་དབྱེ་བ་མ་བྱས་པར་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་པ་ལ་ན་སྨད་པ་མེད་དོ། །རུང་བ་ཉིད་དང་ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྦྱིན་པར་བྱེད་པ་སྤུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པའོ། །དེ་དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདིའི་བྱེད་པ་པོ་ཡིན་ཞེ་ན། གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པ་ལའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང༌། ཆུས་ཁྱེར་བར་མ་གྱུར་པ་སློང་བར་མི་རིགས་པ་དང༌། སྦྱིན་བདག་སྤུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་དང༌། གོས་རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་དང༌། རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དང༌། དེ་ཉིད་ཐོབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་བར་ན་སྨད་དོ། །དེ་ལ་དགེ་སློང་གོས་ཕྲོགས་པ་ལ་སོགས་པར་མ་གྱུར་པ་ཞེས་སྨོས་པ་ནི་དེ་དག་སློང་བར་མི་རིགས་པའི་ཕྱིར་རོ། །སྦྱིན་བདག་སྤུངས་ཆེ་བ་མིའི་འགྲོ་བར་གཏོགས་པའི་ཁྱིམ་པར་གྱུར་པ་སྲོག་དང་ལྡན་པ་ཉེ་དུ་མ་ཡིན་པ་ཞེས་སྨོས་པས་ནི་དེ་ལས་བཟློག་པ་ལ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །གོས་
རུང་བ་ཚད་དང་ལྡན་པ་ལས་མི་ཆུང་བ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་ཞེས་སྨོས་པ་ནི་ཞུ་བ་ལས་ཉེ་དུ་མ་ཡིན་པ་ལས་ཆོས་གོས་མི་རུང་བ་དང༌། མི་ཆོག་པ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་ཉིད་སློང་ན་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །རིན་ཐང་དང༌། ཁ་དོག་དང༌། ཁྲུ་ཚད་ལས་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་རྣམ་པ་གང་བསླངས་པ་དང༌། ད་ཉིད་ཐོབ་པ་ཞེས་སྨོས་པ་ནི་གཞན་ཐོབ་པ་དང༌། དེ་ཉིད་མ་ཐོབ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་གོས་སོ་སོ་ནས་སྤགས་པ་གཅིག་གམ། གཉིས་སམ། མང་པོ་ཞིག་ཐོང་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སོ་སོ་ནས་སྤགས་པ་སློང་བའི་སྤོང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྦྱིན་པར་བྱ་བ་སྤུངས་ཆེ་བ་མིའི་འགྲོ་བར་གཏོགས་པ་དང༌། ཁྱིམ་པར་གྱུར་པ་དང༌། སྲོག་དང་ལྡན་པ་དང༌། ཉེ་དུ་མ་ཡིན་པ་ལས་བཟློག་པ་ལས་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློད་ཕ་ལ་ཉེས་བྱས་སོ། །སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློང་བའི་ཚེ་ཉིད་ན་ཉས་བྱས་སོ། །སོ་སོ་ནས་སྤགས་བ་མ་ཕུལ་བར་ཤེས་པ་མི་རུང་བ་སླང་བ་དང༌། ཐོབ་པ་ལ་ཉེས་བྱས་སོ། །སོ་སོ་ནས་སྤགས་པ་མ་ཕུལ་བར་ཤས་པ་ཆུང་དུ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་གྱི་རང་བཞིན་བལ་དང༌། རས་བལ་ལ་སོགས་པ་སོ་སོ་ནས་སྦགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་གཉིས་ཀའམ། གཅིག་མ་ནིང་དང་མཚན་གཉིས་པ་ལ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་བ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང༌། ཆོས་འདི་པའི་རབ་ཏུ་བྱུང་བ་མཚམས་མེད་པ་བྱས་པ་ལ་སོགས་པ་གཏན་གྱི་བར་ཆད་ཀྱིས་སྡོམ་པ་དང་པོ་ནས་མ་ཆགས་པ་དང༌། སྡོམ་པ་ཆགས་པ་བསླབ་པ་ཉམས་པ་དག་ལ་སོ་སོ་ནས་སྤགས་པ་
མ་ཕུལ་བར་ཤེས་པ་སློང་བ་དང་ཐོབ་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གི་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་དགེ་སློང་གོས་ཕྲོགས་པ་དང༌། རླག་པ་དང༌། ཚིག་པ་དང༌། རླུང་གིས་ཁྱེར་བ་དང། ཆུས་ཁྱེར་བ་དག་ནི་སློང་བར་རིགས་པ་ཡིན་པས་དེ་དག་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་ལ་ལྟུང་བ་མེད་དོ། །རིན་ཐང་གཞན་ནམ་ཁ་དོག་གཞན་ནམ། ཁྲུ་ཚད་གཞན་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་དང་ཁ་ཚར་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་སློང་བ་ལ་ལྟུང་བ་མེད་དོ། །ཁ་ཚར་སོ་སོ་ནས་སྦགས་པ་མ་ཕུལ་བར་ཤེས་པ་ལས་རས་མ་ཐོབ་པ་ལ་ལྟུང་བ་མེད་དོ། །རས་མ་སོ་སོ་ནས་སྤགས་པ་མ་ཕུལ་བར་ཤེས་པ་བསླངས་ན་རས་ཡུག་ཆེན་དང་རས་ཡུག་ཕྲན་དག་ཐོབ་བོ་སྙམ་ནས་བསླངས་ཤིང་ཐོབ་ན་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཆོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལག་ནས་སྐབས་ཐམས་ཅད་དུ་སོ་སོ་ནས་སྤགས་པ་སློང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པ་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སོ་སོ་ནས་སྤགས་པ་སློང་བའི་སྤང་བ་སྟེ་དགུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་བམ་པོ་བཅུ་གསུམ་པ། སྐུར་པ་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སོ། །ཉེ་དགའ་ལ་བློ་སྐྱེས་པ་འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམ་པར་བྱས་པས་ཕྱིན་ཆད་རས་ཡུག་ཕྲན་སྒྲེ་བོ་ཡང་སུ་ལས་ཀྱང་བསླང་བར་
མི་ནུས་ཀྱི་འདི་ན་བདག་དང་ལྷན་ཅིག་ཡི་གེའི་གྲྭ་ན་ཡིག་འབྲུའི་ཡི་གེ་དག་སློབ་པ་བྲམ་ཟེ་དབྱར་ཚུལ་ཡོད་ཀྱིས་དེའི་གན་དུ་སོང་སྟེ་བལྟས་ན་དེ་ནས་ད་ལས་ཆུང་ཟད་འཐོབ་ཀྱང་སྲིད་དོ་སྙམ་ནས་དེ་དེའི་ཁྱིམ་དུ་སོང་བ་དང༌། སྒོ་བས་འཕགས་པ་མ་འཇུག་ཅིག་ཅེས་དགག་གོ །ཉེ་དགས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བདག་ཅག་གི་སྤྱོད་ཡུལ་མ་ཡིན་པ་ནི་རྣམ་པ་ལྔ་གསུངས་ཏེ། རོལ་མོ་མཁན་གྱི་ཁྱིམ་དང༌། སྨད་འཚོང་མའི་ཁྱིམ་དང༌། ཆང་འཚོང་མའི་ཁྱིམ་དང༌། རྒྱལ་པོའི་ཕོ་བྲང་དང༌། གདོལ་པའི་ཁྱིམ་ཡིན་ན། ཇི་འདི་དེ་དག་གཅིག་གེ་ཁྱིམ་ཡིན་ནམ། སྒོ་བས་སྨྲས་པ། འཕགས་པ་ཁྱོད་སྤྱོ་བ་མང་དུ་མཛད་དེ། འདི་ནི་དེ་དག་གང་གི་ཁྱིམ་ཡང་མ་ལགས་ཀྱི། འདི་ལྟར་དེ་ནི་བྲམ་ཟེ་དབྱར་ཚུལ་གྱི་སྡུམ་པ་ལགས་སོ། །ཉེ་དགས་སྨྲས་པ། ཀྭའེ་ནང་རྗེ་སོང་ལ་བྲམ་ཟེ་དབྱར་ཚུལ་ལ་ཉེ་དགས་ཤེས་ལྡན་ལྟ་བར་འདོད་ཅིང་སྒོ་ན་སྡོད་དོ་ཞེས་གྱིས་ཤིག །སྒོ་བས་སྨྲས་པ། ཁྱོད་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྙིང་ཚོམས་གཅེས་བ་ལགས་སམ། ཉེ་དགས་སྨྲས་པ། བཀྲེན་པ་གལ་ཏེ་སྤྲོན་ན་ནི་སྤྲོན་ཅིག །མི་སྤྲོན་ན་ཁྱོད་ལ་མཚམས་ཆེན་པོ་གཅོད་པ་སྦྱིན་པར་བྱའོ། །སྒོ་བས་བསམས་པ། འདི་འདི་ལྟར་འཇིགས་པ་མེད་པ་དང༌། བག་ཚབ་མེད་པར་ཚིག་གཏོང་བ་ལས་ན་མ་སྦྲན་ན་གནོད་པ་བྱེད་ཀྱི་སོང་ལ་སྦྲན་ནོ་སྙམ་ནས་དེ་དེར་སོང་སྟེ་སྨྲས་པ། ཇོ་བོ་བཙུན་པ་ཉེ་དགའ་ཇོ་བོ་ལྟ་བར་འཆལ་ཞིང་ཆབ་སྒོ་ན་སྡོད་དོ། །དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་ལ་སུ་འགོག །བཙུན་པ་ཉེ་དགའ་འཇུག་ཏུ་ཆུག་ཤིག །ཉེ་དགའ་ཞུགས་པ་དང༌། དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །བཙུན་པ་ཉེ་དགའ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཉེ་དགའ་དེའི་མདུན་དུ་འདུག་སྟེ། དེས་སྒྲ་མཐོན་པོ་དང༌། སྒྲ་ཡིད་དུ་འོད་བ་དང༌། སྒྲ་ཟབ་མོས་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་སོ། །གང་གི་ཚེ་ཉེ་དགའ་ཡིད་དགའ་ཞིང་ཡིད་དགའ་ནས་སྦྱིན་པའི་བསྔགས་པ་རྗོད་པར་བྱེད་པ་དེའི་ཚེ་ན་བྲམ་ཟེ་དང་ཁྱིམ་བདག་དད་བ་ཅན་དག་འདི་སྙམ་དུ་ཀྱེ་མ་རང་གི་ཤ་དག་ཀྱང་བཅད་ཅིང་བཅད་ཅིང་སྦྱིན་པར་
བྱའོ་སྙམ་དུ་སེམས་པས། བྲམ་ཟེ་དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་དབྱར་གནས་པ་ལ་ཀཱ་ར་ཥཱ་པ་ཎ་དྲུག་ཅུ་འབུལ་ལོ། །ཉེ་དགས་ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ༌། །དེའི་ཚེ་མཉན་ཡོད་ནས་དགེ་སློང་གཉིས་ཤིག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་རྒྱལ་པོའི་ཁབ་ཏུ་འོངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱི། ཁྱོད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་བ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་དགེ་སློང་རྣམས་ལ་དེ་སྐད་བསྒོའོ། །དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོའི་ཚིག་མཉན་ཏོ། །མཉན་ཡོད་ནས་འོངས་པའི་དགེ་སློང་དེ་གཉིས་ཀྱིས་དེ་ཐོས་ནས་བདག་ཅག་ཀྱང་མཉན་ཡོད་དུ་འགྲོ་དགོས་སོ་སྙམ་ནས། མི་དགའ་བར་གྱུར་ཏོ། །ཉེ་དགས་ཀྱང་དེ་ཐོས་ནས་ཉམ་ང་བར་གྱུར་ཏེ། བདག་ལ་བརྒྱལ་བརྒྱ་ལམ་ན་རྙེད་པ་བྱུང་བ་དེའི་བར་ཆད་བྱུང་ངོ་སྙམ་ནས། དེ་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་སོང་སྟེ་སྒྲ་དམའ་བ་དང༌། སྒྲ་ཡིད་དུ་མི་འོང་བ་དང༌། སྒྲ་མི་ཟབ་པས་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་པ་དང༌། དབྱར་ཚུལ་གྱིས་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་སྔོན་སྒྲ་མཐོན་པོ་དང༌། སྒྲ་ཡིད་དུ་འོང་བ་དང༌། སྒྲ་ཟབ་མོས་སྦྱིན་པའི་བསྔགས་པ་བརྗོད་པར་མཛད་ན། ཁྱོད་ད་ལྟར་སྒྲ་དམའ་བ་དང༌། སྒྲ་ཡིད་དུ་མི་འོང་བ་དང༌། སྒྲ་མི་ཟབ་པས་སྦྱིན་པའི་བསྔགས་པ་བརྗོད་པར་མཛད་ན་འདི་ལ་རྒྱུ་ཅི་མཆིས། ཉེ་དགས་སྨྲས་པ། ཆུང་པོ་གྲོགས་བདག་ཅག་བརྒྱ་ལ་བརྒྱ་ལམ་ན་ཕྲད་པ་བྱུང་ན། དེ་ཡུན་མི་
རིང་བ་ཁོ་ནས་འབྲལ་བར་འགྱུར་བའི་ཕྱིར་རོ། །མ་ག་དྷཱ་པ་ཟུར་གྱིས་གོ །ཀོ་ས་ལ་པ་བརྗོད་ན་ཤེས། །པཉྩལ་པ་ཡིག་ཕྱེད་ཀྱིས། །ནུབ་མི་མ་སྨྲས་མི་ཤེས་སོ། །ཞེས་བྱ་བ་ཡིན་པས་དབྱར་ཚུལ་གྱིས་བསམས་པ་འདི་ནི་ཤཱཀྱའི་རིགས་རྒྱ་ཆེ་བ་སྤངས་ཏེ། རབ་ཏུ་བྱུང་བ་ཡིན་པས་འདི་བདག་དང་འབྲལ་བ་ལ་མྱ་ངན་མི་བྱེད་ཀྱི་ཀཱ་ར་ཥཱ་པ་ཎ་དྲུག་ཅུ་འཚོར་བའི་མྱ་ངན་བྱེད་དོ་སྙམ་ནས་སྨྲས་པ། བཙུན་པ་ཉེ་དགའ་གང་དང་གང་དུ་གནས་པར་བདག་གིས་ཀཱར་ཥཱ་པ་ཎ་དྲུག་ཅུ་བསྐུར་བར་བྱའོ། །ཉེ་དགས་ཨ་རོག་གྱ་དེ་ལྟ་ན་ཕན་ཚུན་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ཡིན་ནོ་ཞེས་སྨྲས་ནས། སྟན་ལས་ལངས་ཏེ་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་བ་འཁོད་མཛེས་པ་དང་ལྡན་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སེང་གི་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་དང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དཔའ་བོ་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ས་མཁན་འགྲོན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དེད་དཔོན་ཚོང་བའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཚོང་དཔོན་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མཁར་གྱི་རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཟླ་བརྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་
ལྟ་བུ། ཉི་མ་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཐགས་བཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ། དབང་པོ་རྣམས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། མཚོ་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་དུ་བཟང་བ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ཡང་དག་པར་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐང་
གྱིས་གནས་པའི་སྙོམས་བར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ། འཁོར་ཉན་ཐོས་ཆེན་པོ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང༌། རླངས་པ་དང། མིང་ཆེན་དང༌། མ་འགགས་པ་དང༌། ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་དང༌། འོད་སྲུངས་དང༌། ཀུན་དགའ་བོ་དང༌། ནམ་གྲུལ་སོགས་པ་ཉན་ཐོས་ཆེན་པོ་དག་དང༌། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས། ཀོས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཏེ། མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ཀྱི་ཚོང་བ་དག་ཟོང་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་དེང་བ་དག་གལ་ཏེ་འགྲོན་པོ་དོན་མཐུན་མང་ན་དེ་ལ་རྒྱལ་པོའམ། བྲམ་ཟེ་དབྱར་ཚུལ་ཤོག་མ་གཅོད་པར་བྱེད་པས་བྲམ་ཟེ་དབྱར་ཚུལ་གྱིས་ཤོ་གམ་པ་དག་ལ་སྨྲས་པ། གང་གི་ཚེ་མཉན་ཡོད་པའི་ཚོང་བ་དག་མཉན་ཡོད་དུ་ཕྱིར་འགྲོ་བ་དེའི་ཚེ་ན་ཁོ་བོ་ལ་སྤྲོན་ཅིག །ཤོ་གམ་བདག་གིས་ཚོང་པ་དག་ལ་བསྒོ་ནས། དེ་དག་གིས་ཟོང་བསྒྱུར་ཏེ་རིན་བླངས་ནས། བྲམ་ཟེ་དབྱར་ཚུལ་གྱི་གན་དུ་དོང་སྟེ། བདག་ཅག་མཉན་ཡོད་དུ་མཆི་ན་བགྱི་བ་ཅི་མཆིས་ཞེས་སྨྲས་པ་དང༌། བྲམ་ཟེ་དབྱར་ཚུལ་གྱིས་ཚོང་བ་ཅིག་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་གཏད་དེ། ཁྱོད་ཀྱིས་འདི་བཙུན་བ་ཉེ་དགའི་གན་དུ་ཁྱེར་ལ་ཕུལ་ཅིག་ཅེས་བསྒོའོ། །ཚོང་པ་དེས་བསམས་པ། གང་བྲམ་ཟེ་དབྱར་ཚུལ་གྱིས་དད་པར་བྱ་བའི་དགེ་སློང་དེ་ནི་གདོན་མི་ཟ་བར་གྲགས་པ་ཡིན་པས་བདག་གིས་ཀྱང་དེ་ལ་དགའ་བ་ཅུང་ཟད་བྱས། གོས་དག་བསྐོན་ནོ་སྙམ་ནས། དེ་འོད་མའི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་ཕྱིན་ནས་དྲིས་པ། འཕགས་པ་དགེ་སློང་གི་ཚུལ་དང་མཐུན་པའི་གོས་དག་ཇི་ལྟ་བུ་ལགས། དགེ་སློང་དེས་སྨྲས་པ། བཞིན་བཟངས་ཇི་ཁྱོད་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་བྱེད་དམ། ཚོང་པས་སྨྲས་པ། འཕགས་པ་བདག་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་མི་བགྱིད་དེ། དེ་ལྟར་བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ། ཀཱར་ཥཱ་པ་ཎ་དྲུག་ཅུ་
བསྐུར་བ་དག་དེའི་གོས་དག་ཏུ་བསྒྱུར་ཏེ་མཆིའོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་གོས་དག་ཀྱང་ལེན་ཅིང༌། ཁྱོད་ཀཱར་ཥཱ་པ་ཎ་དྲུག་ཅུ་ཡང་འབུལ་དུ་འཇུག་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །ཚོང་བ་དེས་བསམས་པ། འདི་ནི་གོར་མ་ཆག་པར་དེ་དང་ཁོན་ཡོད་པ་ཡིན་ནོ་སྙམ་ནས། དེ་དགེ་སློང་གཞན་ཞིག་གི་གན་དུ་སོང་སྟེ་དྲིས་པ། འཕགས་པ་དགེ་སློང་གི་ཚུལ་དང་མཐུན་པའི་གོས་དག་ཇི་ལྟ་བུ་ལགས། བཞིན་བཟངས་ཇི་ཁྱོད་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་བྱེད་དམ། འཕགས་པ་དག་དགེ་འདུན་ལ་རས་ཡུག་ཆེན་གྱི་སྦྱིན་པ་མི་བགྱིད་དེ། འདི་ལྟར་བྲམ་ཟེ་དབྱར་ཚུལ་གྱིས་བཙུན་པ་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་བསྐུར་བ་དག་དེའི་གོས་དག་ཏུ་བསྒྱུར་ཏེ་མཆིའོ། །དགེ་སློང་དེས་སྨྲས་པ། གལ་ཏེ་རྒྱས་མ་བཏབ་པར་ཁྱེར་ན་ཁྱོད་ཡུལ་གྱི་ཁེ་སྤོགས་འབུལ་དུ་འཇུག་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །ཚོང་པ་དེས་བསམས་པ། འདི་དང་དེ་གཉིས་མཐུན་ནོ་སྙམ་ནས། དེ་བྲམ་ཟེ་དབྱར་ཚུལ་གྱི་གན་དུ་སོང་སྟེ་སྨྲས་པ། དབྱར་ཚུལ་ཀཱར་ཥཱ་པ་ཎ་འདི་དག་རྒྱས་ཐོབ་ཤིག །བཞིན་བཟངས་ཡིད་ཆེས་ཀྱི་ཁྱོད་ཉིད་ཀྱིས་ཁྱེར་ཅིག་དབྱར་ཚུལ་བདག་ལ་ཐུགས་ཆེས་མོད་ཀྱི། འོན་ཀྱང་བདག་གིས་ལེགས་པར་བགྱི་བ་བགྱིའོ། །དབྱར་ཚུལ་གྱིས་རྒྱས་བཏབ་ནས་དེས་དེ་དག་ཁྱེར་ཏེ་མཉན་ཡོད་དུ་སོང་ནས་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་བཙུན་པ་ཉེ་དགའི་གཙུག་ལག་ཁང་གང་ལགས། དེ་དག་གིས་དེའི་གཙུག་ལག་ཁང་འདི་ཡིན་ནོ་ཞེས་བསྟན་ནས། དེ་དེར་སོང་བ་དང༌། ཉེ་དགའ་མི་སྣང་ནས་དེས་དེ་དགེ་སློང་ཞིག་ལ་དྲིས་པ། འཕགས་པ་བཙུན་པ་ཉེ་དགའ་གར་བཞུད། དེས་སྨྲས་པ། ཉིན་མོ་སྤྱོད་པའི་ཕྱིར་རོ། །ཚོང་པ་དེས་སྨྲས་པ། བྲམ་ཟེ་དབྱར་ཚུལ་གྱིས་དེ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་བསྐུར་བ་འདི་དག་ཞོག་ལ་དེ་མཆིས་ན་སྩོལ་ཅིག །བཞིན་བཟངས་ཁྱོད་ཀྱིས་སྒྲོན་མ་རབ་ཏུ་འབར་བ་མགོ་བོས་འཛིན་པ་འགའ་མཐོང་ངམ། དེས་བསམས་པ། འདི་ནི་གདོན་མི་ཟ་བར་དེ་དང་ཁོན་ཡོད་པ་ཡིན་ནོ་སྙམ་ནས། དེ་དགེ་སློང་གཞན་ཞིག་གི་གན་དུ་སོང་སྟེ་སྨྲས་པ། འཕགས་པ་བྲམ་ཟེ་དབྱར་ཚུལ་གྱིས། བཙུན་པ་
ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་བསྐུར་བ་འདི་དག་ཞོག་ལ་དེ་མཆིས་ན་སྩོལ་ཅིག །བཞིན་བཟངས་གལ་ཏེ་ཁྱོད་ཀྱིས་རྒྱས་མ་བཏབ་པར་འོངས་ན། ཁྱོད་ཡུལ་གྱི་ཁེ་སྤོགས་འཇལ་དུ་འཇུག་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་བསམས་པ། འདི་དང་དེ་གཉིས་མཐུན་གྱི་ཁྱིམ་དུ་སོང་ལ་དེ་ཉིད་དུ་དེ་འོངས་པ་ལ་བདེ་བར་ཚིག་གི་ལན་གང་བ་བོ་སྙམ་ནས་སྨྲས་པ། འཕགས་པ་བཙུན་པ་ཉེ་དགའ་མཆིས་ན་འདི་སྐད་ཅེས་བདག་གི་སྡུམ་པ་ནི་ཕྱོགས་ག་གེ་མོ་ཞིག་ན་མཆིས་ཀྱི། གལ་ཏེ་ཀཱར་ཥཱ་པ་ཎ་བཞེད་ན་གཤེགས་སུ་གསོལ་ཞེས་གསུངས་ཤིག་ཅེས་སྨྲས་ཏེ་སོང་ངོ། །ཉེ་དགའ་ཡང་གཙུག་ལག་ཁང་དུ་འོངས་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། བཙུན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ་སྟེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་དེ་ལེགས་པར་གསུངས་པ་ཡིན་ཏེ། ཁྱོད་དེང་ཁོ་ནའི་ཉིན་མོ་སྤྱོད་ཡུལ་དུ་སོང་བས་དེང་ཉིད་དུ་ཀཱར་ཥཱ་པ་ཎ་དྲུག་ཅུ་གྲུབ་བོ། །གང་གིས་བཅོམ་ལྡན་འདས་ཀྱི་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་རེ་རེ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་སྦྱིན་པའི་སྦྱིན་བདག་དེ་ལྟ་བུ་གང་ཡིན། བཙུན་པ་ཉེ་དགའ་དགེ་འདུན་ཐམས་ཅད་ལ་མ་ཡིན་གྱི་ཁྱོད་གཅིག་པུ་ལའོ། །གང་གིས་ཉེ་དགའ་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་སྦྱིན་པའི་སྦྱིན་བདག་དེ་ལྟ་བུ་དེ་གང་ཡིན། བྲམ་ཟེ་དབྱར་ཚུལ་གྱིས་བསྐུར་རོ། །དེ་ནི་ཕྱི་རོལ་གྱི་རྙེད་པ་ཁོ་ན་ཡིན་ན། རྒྱ་མ་བྱིད་དམ། མ་ཞུའམ། སྒྱུ་མ་ཞུགས་སམ། སུས་བརྟགས། མ་བརྟགས་པ་ཁོ་ནར་བླངས་སམ། སུས་བླངས། ཁོ་བོ་ནི་དགྲ་བོ་ཤ་སྟག་གི་ནང་ན་འདུག་གོ །དེ་ལ་དགེ་སློང་གཞན་མས་སྨྲས་པ། བཙུན་པ་ཉེ་དགའ་ཡི་ཆད་དུ་ཅི་ཡོད། ཁྱིམ་བདག་དེ་ན་རེ་བདག་གི་སྡུམ་པ་ནི་ཕྱོགས་གེག་མོ་ཞིག་ན་མཆིས་ཀྱི་གལ་ཏེ་ཀཱར་ཥཱ་པ་ཎ་བཞེད་ན་གཤེགས་སུ་གསོལ་ཞེས་ཟེར་རོ། །ཉེ་དགས་སྣམ་སྦྱར་བླངས་ནས་གོམ་པ་བསྐྱེད་དེ་སོང་བ་དང༌། ཁྱིམ་བདག་དེས་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས། དེས་བསམས་པ། དགེ་སྦྱོང་ཧྲལ་པོ་གོམ་པ་འདི་ལྟ་བུས་འོང་བ་འདི་ནི་བཙུན་པ་ཉེ་དགའ་ཡིན་གོར་མ་ཆག་སྙམ་ནས། དེས་ཐག་རིང་པོ་ཁོ་ན་ནས་དེ་ལ་སྨྲས་པ། ཁྱོད་བཙུན་
པ་ཉེ་དགའ་མ་ལགས་སམ་ཁོ་བོ་ཡིན་ནོ། །བྲམ་ཟེ་དབྱར་ཚུལ་གྱིས་ཁྱོད་ལ་ཀཱར་ཥཱ་པ་ཎ་དྲུག་ཅུ་བསྐུར་བ་འདི་ལགས་ཀྱི་བཞེས་ཤིག །ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་ལོངས་སྤྱོད་ཀྱང་ཐོབ་པར་གྱུར་ཅིག །འཕགས་པ་ཅིའི་སླད་དུ་བདག་གི་མིང་གིས་ཕན་ཡོན་བཤད་པ་མཛད། བྲམ་ཟེ་དབྱར་ཚུལ་གྱི་མིང་གིས་ཡོན་བཤད་པ་མཛོད་ཅིག །བཀྲེན་པ་འདི་ལ་འགོད་པ་ཅི་ཡོད། འདི་ལྟར་ཁྱོད་ཀྱིས་ཀྱང་མང་དུ་བྱས་ཏེ་ཁྱོད་ཀྱིས་ཁྱེར་ཏེ་འོངས་པའི་ཕྱིར་རོ། །གང་གིས་འདི་ཁྱེར་ཏེ་སྲང་དུ་འགྲོ་བའི་ཁྱེའུ་ཞིག་རེ་ཞིག་རྙོས་ཤིག །འཕགས་པ་བདག་ཅག་ལ་ཁྱེའུ་མ་མཆིས་སོ། །བཀྲེན་པ་རྒྱལ་པོའི་ཁབ་ནས་ཐག་རིང་པོ་འདི་སྲིད་དུ་ཁྱེར་ཏེ་འོངས་ན་སྲང་དུ་སྐྱེལ་མི་ནུས་སམ། དེས་ཁྱེའུ་ལ་སྨྲས་པ། ཀཱར་ཥཱ་པ་ཎ་ཁྱེར་ཏེ་འཕགས་པའི་ཕྱི་བཞིན་སོང་ལ་ཕྱི་རོལ་དུ་མ་བྱུང་ཤིག །འདིས་ཁྱོད་ལ་བཅའ་བའི་རིན་དག་ཕབ་པ་རེ། ཁྱེའུ་དེས་ཀཱར་ཥཱ་པ་ཎ་དེ་ཁྱེར་ཏེ་དེའི་ཕྱི་བཞིན་སྲང་དུ་སོང་ནས། ཚོང་རྡལ་དང་པོར་ཕྱིན་པ་དང༌། དེས་སྨྲས་པ། འཕགས་པ་ཀཱར་ཥཱ་པ་ཎ་འདི་དག་འདིར་ཐོམས་ཤིག། ཉེ་དགས་ཁྱེའུ་ཁྱོད་ཤིན་ཏུ་ལེགས་པར་བསླབས་སོ་ཞེས་དེས་སྤོས་འཚོར་གྱི་ཁྱེའུ་ཞིག་ལ་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་གཏམས་སོ། །འཕགས་པ་བདག་ནི་བླ་མ་ལ་རག་ལས་པ་ལགས་སོ། །ཁྱོད་ནམ་ཡང་རང་དབང་ཅན་དུ་མ་གྱུར་ཅིག །དེས་སྤོས་འཚོང་གི་ཁྱེའུ་གཞན་ཞིག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་གཏམས་སོ། །འཕགས་པ་བདག་གི་བླ་མ་སླད་རོལ་དུ་མཆིས་སོ། །ནམ་ཡང་ནང་དུ་འཇུག་པར་མ་གྱུར་ཅིག །དེས་སྤོས་འཚོང་གི་ཁྱེའུ་དད་པ་གསར་དང་ལྡན་པ་ཞིག་ཡོང་པ་དེའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་འདི་དག་རེ་ཞིག་གཏམས་སོ། །འཕགས་པ་བདག་མ་ལ་རག་ལས་པ་ལགས་སོ། །ཁོ་བོས་ཁྱོད་དད་པ་དང་ལྡན་པར་ཤེས་ཀྱི། ཁོ་བོས་ཁྱོད་ཇི་ལྟར་རྟུག་པ་ལ་དད་པར་ནི་མི་ཤེས་སོ། །གལ་ཏེ་ཁྱོད་ཀྱིས་དད་པ་མ་ཐོབ་ཏུ་ཟིན་ན་ནི་ཁྱོད་ཀྱིས་ཤིང་ཚལ་བླངས་ཏེ།
དགེ་སློང་སྐྲོད་པར་ཡང་འགྱུར་རོ། །དེ་སྐྱེངས་ནས་སྨྲས་པ། འཕགས་པ་གཞག་ཏུ་གསོལ། ཉེ་དགས་ཀཱར་ཥཱ་པ་ཎ་དེ་དག་དེར་གཏམས་ནས། ཁྱིམ་བདག་གི་ཁྱེའུ་དེ་ཕྱིར་བཏང་སྟེ་སོང་ངོ༌། །དེ་ནས་ཚོང་བའི་ཚོགས་ཀྱིས་ཀྱང་བདག་ཅག་ལས་གང་ནང་པར་སྔར་མི་འདུ་བར་ཉི་མ་ཤར་ནས་འོང་བ་དེ་དག་བདག་ཅག་གིས་ཀཱར་ཥཱ་པ་ཎ་དྲུག་ཅུ་འཇལ་དུ་གཞུག་གོ་ཞེས་ཁྲིམས་སུ་བྱ་བ་བཅས་ནས་སྤོས་འཆོང་གི་ཁྱེའུ་དེ་ལ་མས་སྨྲས་པ། བུ་ཅི་ནས་ཀྱང་བདག་ཉིད་ཀཱར་ཥཱ་པ་ཎ་དྲུག་ཅུ་འཇལ་དུ་མི་བཅུག་པ་དེ་ལྟར་གྱིས་ཤིག །ཉེ་དགའ་མཚན་མོ་འགྱོད་པ་སྐྱེས་ཏེ། སྤོས་འཚོང་གི་ཁྱེའུ་དེ་དད་པ་གསར་དང་ལྡན་པ་ཡིན་པས་ཀཱར་ཥཱ་པ་ཎ་དེ་དག་བསྙོན་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས། དེ་ནང་པར་སྔར་ལངས་ཏེ་ཁྱེའུ་ཞིག་ཁྲིད་ནས་དེའི་ཚོང་རྡལ་དུ་སོང་བ་དང༌། སྤོས་འཚོང་གི་ཁྱེའུ་དེ་ཚོང་རྡལ་འབྱེད་ཅིང་འདུག་པ་དེས་མཐོང་ནས་སྨྲས་པ། བཞིན་བཟངས་ཀཱར་ཥཱ་པ་ཎ་དེ་དག་བྱིན་ཅིག །འཕགས་པ་ཚོང་པའི་ཚོགས་ཀྱིས་བདག་ཅག་ལས་གང་ནང་བར་སྔར་མི་འདུ་བར་གདུགས་ཤར་ན་མཆི་བ་དེ་ཀཱར་ཥཱ་པ་ཎ་དྲུག་ཅུ་འཇལ་དུ་སྩལ་བའི་ཁྲིམས་སུ་བགྱི་བ་བཅས་པས། བདག་ཚོང་པའི་ཚོགས་ཀྱི་ནང་དུ་མཆིས་ཏེ། སླར་མཆིས་ཀྱི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། བཀྲེན་པ་སུ་ཞིག་ཁྱོད་ཀྱི་ལྟོ་གོལ་བ་ཡིན་སྙམ། སུ་ཞིག་བྱིན་པ་གཉིས་སྐྲངས་སྐྲངས་སུ་ཁྱོད་ཀྱི་སྒོ་ན་སྡོད་པར་འགྱུར། གལ་ཏེ་མ་བྱིན་པར་འགྲོ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀཱར་ཥཱ་པ་ཎ་དྲུག་ཅུ་འཇལ་དུ་གཞུག་པའི་གྱོད་ལ་བསྒྲིན་པར་བྱའོ། །སྤོས་འཚོང་གི་ཁྱེའུ་དེ་ཁྲོས་ནས་ཀཱར་ཥཱ་པ་ཎའི་ཐུམ་པོ་དེ་འཕངས་པ་དང༌། དེའི་རྒྱ་གོགས་སོ། །ཉེ་དགས་སྨྲས་པ། རྒྱ་མ་བྱིད་དམ། མ་ཞུའམ། སྒྱུ་མ་ཞུགས་སམ་བལྟའོ། །ཅི་ཁོ་བོ་ལ་ཁྱོད་ཀྱིས་བརྟགས་ཏེ་གཏད་དམ། གལ་ཏེ་ཁྱོད་ཀྱིས་བརྟགས་ཏེ་བླངས་ན་ཅིའི་ཕྱིར་རྒྱ་འཚོག་པར་བྱེད། ཉེ་དགས་སྤོས་འཚོང་གི་ཁྱེའུ་དེ་དེ་སྲིད་དུ་བསྒོར་གྱི་བར་དུ་ཚོང་པའི་ཚོགས་ཀྱིས་དེའི་ཁྱིམ་ནས་ཀཱར་ཥཱ་པ་ཎ་དྲུག་ཅུའི་གཏའ་བཅད་ནས་དེ་ལམས་སྨྲས་པ། བུ་ཁྱོད་ཀྱིས་ལས་ཅི་བྱས་ན་དེས་ཁྱོད་ཀྱིས་བདག་ཉིད་ཀཱར་ཥཱ་པ་ཎ་དྲུག་ཅུའི་གྱོད་ལ་བསྒྲིན་པར་
གྱུར། ཁྱེའུས་སྨྲས་པ། གང་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ལ་མངོན་པར་དད་པར་བྱེད་པ་དེ་དག་འདི་ལྟར་གྱུར་ཏེ། དད་པའི་མྱུ་གུ་སྐྱེས་མ་ཐག་པ་ཉིད་ཉམས་པར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་པ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ་དགེ་སློང་གི་ཕྱིར། རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མེའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉེ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ་བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱི། འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ནས། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན་དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་པའམ་དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་
ཤིག་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌། དེ་ལ་གོས་སུ་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང༌། ཡང་དག་པར་བསྟན་ནས། དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱི་དེའི་གན་དུ་བཞུད་ཅིག་དང༌། དེས་ཁྱོད་ལ་གོས་སུ་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱའོ། །དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན། གལ་ཏེ་གོས་དག་གྲུབ་པ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ། གོས་གྲུབ་ན་སྤང་པའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས། ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཇི་ལྟར་ཡང་མ་གྲུབ་ཀྱི་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ནོར་དང། ཉེས་པ་ནི་མི་མཛེས་པའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །རྒྱལ་བོའམ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་
བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེའི་རིགས་དང༌། རྗེའུའི་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོའམ་ཞེས་བྱ་བ་ནི་རྒྱལ་པོ་ལས་གཞན་པ་བློན་པོ་དང༌། རྩིས་མཁན་དང༌། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པས་གསང་ཚིག་མཐུན་པས་འཚོ་བ་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གོ །བྲམ་ཟེའམ་ཞེས་བྱ་པ་ནི་བྲམ་ཟེ་གཙང་སྦྲ་ཅན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུང་པོའོ། །གྲོང་རྡལ་གྱི་མིའམ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་མིའོ། །ཡུལ་མིའམ་ཞེས་བྱ་བ་ནི་ཡུལ་གྱི་མིའོ། །ནོར་ཅན་ནམ་ཞེས་བྱ་བ་ནི་ནོར་བྱེ་བས་ཕྱུག་པའོ། །ཚོང་དཔོན་ནམ་ཞེས་བྱ་བ་ནི་ཅོད་པན་བཅིང་པའོ། །དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ལན་གཉིས་སམ་ལན་གསུམ་འགྲོན་པ་དོན་མཐུན་བདས་པར་གྱུར་པས་སོ། །ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་གི་ལག་ཏུའོ། །གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར་རམ་དངུལ་དག་གོ །བསྐུར་བར་གྱུར་ལ་ཞེས་བྱ་བ་ནི་བསྲང་བར་གྱུར་པ་ལའོ། །དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱི། འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་ཞེས་བྱ་བ་ནི་ཕོ་ཉས་དགེ་སློང་ལ་སྦྱིན་བདག་གི་གོས་ཀྱི་རིན་བསྐུར་བ་དག་ཕུལ་ནས་ཕྲིན་དེ་སྐད་ཅེས་སྨྲ་ནའོ། །དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་དག་དངོས་པོ་མི་རུང་བ་རུང་བར་མ་བྱས་པ་དག་མི་ལེན་པ་དང༌། གོས་རུང་བ་དུས་སུ་རྙེད་པ་ལེན་དུ་རུང་བའི་ཚུལ་གོ་བར་བྱ་སྟེ། གོས་ཀྱི་རིན་དག་ནི་གསེར་དང༌། དངུལ་ལ་སོགས་པ་མི་རུང་བ་རུང་བར་མ་བྱས་པ་དག་གོ །
གོས་རུང་བ་ནི་སྤྱད་བཟོད་པའོ། །དུས་སུ་རྙེད་བ་ནི་གོས་བགེད་པའི་དུས་དང༌། སློང་བར་རིགས་པའི་དུས་དང༌། བསྟབས་པའི་དུས་སུ་རྙེད་པའོ། །ལེན་ཏོ་ཞེས་བྱ་བ་ནི་བདག་གིར་བྱེད་དོ་ཞེས་བྱ་བ་སྟེ། དེ་སྐད་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན་ཞེས་བྱ་བ་ནི་ཕོ་ཉས་དགེ་སློང་རྣམས་ཀྱི་རུང་བར་བྱེད་པ་སུ་ཡོད་ཅེས་བརྟགས་པ་སྟེ། ཞལ་ཏ་བགྱིད་པ་ཞེས་བྱ་པ་དང༌། ཞལ་ཏ་ཉམས་སུ་ལེན་པ་ཞེས་བྱ་བ་ནི་བརྣན་པའི་ཚིག་གི་གཞི་གཅིག་ཏུ་བསྡུའོ། །དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་རབ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་དགེ་སློང་རྣམས་ཀྱི་རུང་བར་བྱེད་པ་བསྟན་པ་སྟེ། དགེ་སློང་གོས་འདོད་པ་ཞེས་བྱ་པ་ནི་གལ་ཏེ་གོས་དོན་དུ་གཉེར་བས་སོ། །ཀུན་དགའ་ར་བ་པ་ཞེས་བྱ་བ་དང༌། དགེ་བསྙེན་ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་གཞི་ཐ་དད་དེ་གཉིས་ཀ་ཡང་ཞལ་ཏ་བྱེད་པ་དང༌། ཞལ་ཏ་ཉམས་སུ་ལེན་པ་ཡིན་པར་སྤྱར་རོ། །དེ་ལ་ཀུན་དགའ་ར་བ་པ་ཞེས་བྱ་བ་ནི་རུང་བ་བྱེད་པ་སྟེ། ལྷ་འབངས་དང༌། རྩེ་རྒོད་ལ་སོགས་པའོ། །དགེ་བསྙེན་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་བླངས་པ་སྟེ། དགེ་སློང་གི་འཁོར་དུ་གཏོགས་པའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏུ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཕོ་ཉས་གོས་ཀྱི་རིན་དག་ཞལ་ཏ་བྱེད་པ་ལ་གཏད་ཅིང༌། དེ་དག་གོས་རུང་བར་བསྒྱུར་ལ། དགེ་སློང་དེ་ལ་དུས་སུ་ཕུལ་ཅིག་ཅེས་གདམས་ཤིང་རྗེས་སུ་བསྟན་པའི་ཚིག་ཡིན་ནོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང༌། ཡང་དག་
པར་བསྟན་ནས། དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་དེ་ལ་འདི་སྐྲད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་བདེ་ལ། བདག་གིས་ཡང་དག་པར་བསྟན་ལགས་ཀྱི་དེའི་གན་དུ་བཞུད་ཅིག་དང༌། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཡིད་གཅུགས་པའི་ཚིག་གིས་སྔར་མངོན་སུམ་དུ་གཏུགས་པའི་དོན་བསྒྲུབ་པ་ཕྱིར་རྗེས་སུ་གོ་བར་བྱ་བའི་ཚིག་ཡིན་ནོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་བྱ་བའི་ཚུལ་བསྟན་པ་སྟེ། ལན་གཅིག་གིས་གྲུབ་ན་གཉིས་པ་བྱ་མི་དགོས། གཉིས་པས་གྲུབ་ན་གསུམ་པ་བྱ་མི་དགོས། གཉིས་པས་ཡང་མ་གྲུབ་ན་གསུམ་པ་ཡང་བྱ་སྟེ། རེ་ཞིག་དེ་དག་ནི་དུས་དང་པོར་བྱ་བ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་བར་བྱས་ནས་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བ་སྟེ། སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བྱེད་པ་ལ་ཡང་བཏང་བ་ལས་བྱུང་བ་དང༌། ཡོངས་སུ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་འཕེལ་བར་འགྱུར་ལ། དགེ་སློང་ལ་ཡང་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་ཉེས་པ་མེད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་སྤྱད་པའི་ཆོ་ག་ཡིན་ནོ། །ཕྱོགས་སུ་ཞེས་བྱ་བ་ནི་ཕྱོགས་བཞི་པོ་དག་ཏུ་སྟེ་ཕྱོགས་བཞི་པོ་དག་གང་ཞེ་ན། འབོད་གནས་དང༌། ཁྱིམ་གནས་དང༌། ལས་ཀྱི་མཐའ་དང་ལས་ཀྱི་གནས་དག་གོ །དེ་ལ་འབོད་གནས་ནི་རྫ་མཁན་གྱི་གནས་དང༌། འདྲེག་མཁན་གྱི་གནས་སོ། །ཁྱིམ་གནས་ནི་ཁྱིམ་གྱི་གནས་སམ། ཆུའི་གནས་སོ། །ལས་ཀྱི་མཐའ་ནི་བུ་རམ་ཤིང་གི་ལས་ཀྱི་མཐའ་དང༌། འབྲས་སཱ་ལུའི་ལས་ཀྱི་མཐའ་དང༌། ལན་ཚྭའི་ལས་ཀྱི་མཐའ་དག་གོ །ལས་ཀྱི་
གནས་ནི་ཚོང་ཁང་དང་ཚོང་རྡལ་ལོ། །ཅད་མི་སྨྲ་བར་བསྡད་པར་བྱའོ་ཞེས་བྱ་བ་ནི་བསྐུལ་བའི་སྒོ་དྲུག་པོ་དག་གི་སྟེ། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། ཁྱོད་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། འོངས་པ་ལེགས་སོ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། སྟན་འདི་ལ་འདུག་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བ་དང༌། བཅའ་བ་དང༌། བཟའ་བ་ཟོ་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང༌། བཏུང་བ་འཐུངས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་བྱ་བའོ། །བསྐུལ་བའི་སྒོ་དྲུག་པོ་དེ་དག་ཧ་ཅང་མྱུར་བ་དང༌། ཐོགས་པ་མེད་པར་བརྗོད་ཅིང༌། དེ་ལ་གཞན་གྱི་ཚིག་གི་སྐབས་མེད་པར་བྱེད་ན་བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་མ་རྫོགས་པ་ཡིན་པར་རིག་པར་བྱའོ། །བསྐུལ་བའི་སྒོ་དྲུག་པོ་དེ་དག་ཧ་ཅང་མི་མྱུར་བ་དང༌། ཐོགས་པ་དང་བཅས་པར་བརྗོད་ཅིང༌། དེ་ལ་གཞན་གྱི་ཚིག་གི་སྐབས་ཡོད་པར་བྱེད་ན་བསྐུལ་བའི་སྒོ་དྲུག་པོ་དག་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དགེ་སློང་ལ་འདུལ་བ་དང་འགལ་བའི་ཁ་ན་མ་ཐོ་བའི་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ལྟུང་བ་ཡང་མེད་ལ། སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་པ་དག་ལ་ཡང་བཏང་བ་ལས་བྱུང་བ་དང༌། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་གཞི་འཕེལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་དེའི་འོག་རོལ་དུའོ། །གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ་ཞེས་བྱ་བ་ནི་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་འཛེམ་པ་སྤངས་ནས་སོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །ད་ནི་དུས་དང་པོར་བྱ་བ་དང༌། ལྟུང་བ་མེད་པར་བྱ་བའི་ཚིག་སྔར་
བསྟན་པ་དེ་དག་ལ་ཚུལ་བཞིན་དུ་གནས་པའི་དགེ་སློང་བསླབ་པའི་གཞི་འདིའི་ལྟུང་བ་མ་བྱུང་བས་སྦྱིན་བདག་དང༌། ཕོ་ཉ་དང་དགེ་སློང་རང་ཉིད་ཀྱི་འདོད་པ་བཞིན་མ་གྲུབ་ན་ཞལ་ཏ་བྱེད་པས། འཇིག་རྟེན་འདི་དང་ཕ་རོལ་གྱི་དོན་ལ་མ་གཟེམས་པར་སྤྱི་ཐུན་གྱི་རྫས་དང་བསོད་ནམས་བར་དུ་བརྣོགས་པ་ལ་དགེ་སློང་གིས་ཆོས་བཞིན་དུ་བསྒྲུབ་པའི་ཆོ་ག་བསྟན་པར་བྱ་སྟེ། གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་བདག་ཉིད་སྦྱིན་བདག་གི་དྲུང་དུ་བརྡ་སྤྲོད་དུ་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱི་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་བར་བྱ་སྟེ་ཞེས་བྱ་བ་ནི་ཡང་ན་ལྷན་ཅིག་གནས་པའམ། ཉེ་གནས་ལས་དེ་སྐད་ཅེས་སྤྲིང་བར་བྱའོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་སྐབས་དེ་ལ་ཐབས་དེ་ལྟར་བྱ་བ་དེ་ནི་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བའི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པས་གོས་ཀྱི་རིན་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པ་ཕོ་ཉ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་ལས་སྐུར་བ་སྤངས་ནས་ཕོ་ཉས་དགེ་སློང་གི་ཞལ་ཏ་བྱེད་པ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་དྲིས་ཤིང་དགེ་སློང་གིས་བསྟན་པ་ལ་ཕོ་ཉས་བསྒོ་ཞིང་སྨྲས་ཏེ། དགེ་སློང་ལ་ཡང་བརྗོད་པའི་ཞལ་ཏ་བྱེད་པ་དེ་ལ་བསྐུལ་བ་ལན་གསུམ་དང་བསྡད་པ་ལན་གསུམ་ལས་ལྷག་གམ། སྦྱིན་བདག་གི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་པ་ལས་གོས་བླངས་ན་སྐུར་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་བསྐུར་བའི་སྤང་བའི་ལྟུང་བྱེད་
བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བྱེད་པའི་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་ལས་གོས་ཀྱི་རིན་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པ་དང༌། གོས་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་སྐུར་བའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང༌། སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། པོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །འདིའི་རྣམ་པར་གཞག་པ་ནི་སྦྱིན་བདག་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པས་གོས་ཀྱི་རིན་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པ་ཕོ་ཉ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་ལས་སྐུར་པ་ཕོ་ཉས་དགེ་སློང་ལ་ཕུལ་བ་ན་དགེ་སློང་གིས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་རེ་ཞིག་སྤང་བར་བྱའོ། །ཕོ་ཉས་ཀྱང་དགེ་སློང་དེ་ལ་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་དགེ་སློང་གི་ཞལ་ཏ་བྱེད་པ་མིའི་འགྲོ་བར་གཏོགས་པ་ཁྱིམ་པར་གྱུར་པ་ཇི་ཡོད་པ་དྲི་བར་བྱའོ། །དེ་ལ་དགེ་སློང་གིས་ཀྱང་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའ་ར་བ་པའམ། དགེ་བསྟེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་ཀྱང་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་གལ་བ་དེར་འགྲོ་བར་བྱ་ཞིང་བྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་
འོངས་པ་དང༌། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས། དགེ་སློང་དེ་གལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དག་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱི་དེའི་གན་དུ་བཞུད་ཅིག་དང༌། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ནས་ཞལ་ཏ་བྱེད་པ་དེས་ཀྱང་གོས་རུང་བ་དུས་སུ་བསྒྲུབ་ཅིང་དགེ་སློང་ལ་དབུལ་བར་བྱ་སྟེ། རེ་ཞིག་དེ་དག་ནི་སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་པ་ལ་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྒྱ་ཆེན་པོར་འགྱུར་ལ་དགེ་སློང་ལ་ཡང་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་ཉེས་པ་མེད་པར་འགྱུར་བའི་སྦྱོར་བ་བཟང་པོ་ཡིན་ནོ། །གལ་ཏེ་ཞལ་ཏ་བྱེད་པས་དེ་བཞིན་མ་བསྒྲུབས་ན་དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །གལ་ཏེ་དེས་ཀྱང་མ་གྲུབ་ན་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །གལ་ཏེ་ངེས་ཀྱང་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱེད་པའམ། ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱི་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་པར་བྱ་སྟེ། དེ་ལ་དེ་ནི་དུས་དང་པོར་བྱ་བ་དང་ཆོ་ག་ཡིན་ནོ། །དེའི་འོག་ཏུ་དགེ་སློང་གིས་ཞལ་ཏ་བྱེད་པ་ལ་གོས་བསྒྲུབ་པའི་ཕྱིར་སྔར་བསྐུལ་བ་ལན་གསུམ་བྱས་པ་ལས་ལྷག་པ་དང༌། སྔར་བསྡད་པ་ལན་གསུམ་བྱས་པ་ལས་ལྷག་པར་འཚལ་ཏམ། ཞལ་ཏ་བྱེད་པས་སྦྱིན་བདག་གི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་པར་དུས་དེར་གོས་བླངས་ན་བསྐུལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་
གཞིར་རྣམ་པར་གཞག་གོ །སྦྱིན་བདག་དང༌། ཕོ་ཉ་དང་ཞལ་ཏ་བྱེད་པ་མི་ཉིད་དང༌། ཁྱིམ་པ་ཉིད་ལན་སྨད་པ་མེད་དོ། །དེ་གསུམ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དེ་གསུམ་སྐྱེས་པ་དང་བུད་མེད་ཉིད་ལ་ན་སྨད་པ་མེད་དོ། །བསྐུལ་བ་དང་ཕྱོགས་ན་སྡོད་པ་གོ་རིམས་བཞིན་ནམ། སྔ་ཕྱིར་བྱས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་དང་ཁྱིམ་པ་ཉིད་ཡིན་པ་དང༌། བསྐུལ་བ་དང་བསྡད་པ་ལྷག་པ་དང༌། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྤྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་ཡིན་པ་དང༌། གོས་ཀྱི་རིན་རུང་བ་མ་ཡིན་པ་སྤངས་པ་དང༌། བསྐུལ་བ་དང་བསྡད་པ་ལྷག་པ་དང༌། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པར་ཁས་མ་བླངས་པ་དང་གོས་བླངས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་སྦྱིན་བདག་དང༌། ཕོ་ཉ་དང༌། ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་དང༌། ཁྱིམ་པ་ཉིད་ཅེས་སྨོས་པ་ནི་དེ་ལས་བཟློག་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །གོས་ཀྱི་རིན་རུང་བ་མ་ཡིན་པ་སྤངས་པ་ཞེས་སྨོས་པ་ཡང་དེ་ལས་བཟློག་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །འདིར་ཁ་ཅིག་འདི་སྐད་ཅེས་ཟེར་ཏེ། གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་མ་བྱས་པ་དག་ནི་རིགས་པ་འདི་ཉིད་ཀྱིས་ཉེ་བར་སྦྱར་བར་བྱའོ། །གོས་ཀྱི་རིན་གསེར་ལ་སོགས་པ་རུང་བར་བྱས་པ་དག་ནི་བླངས་ཀྱང་ཉེས་པ་མེད་དོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་པར་བྱ་ཞིང་བླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཁོ་བོ་ནི་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་སྦྱིན་བདག་གིས་གོས་ཀྱི་རིན་གྱི་བསམ་པས་སྦྱིན་པར་བྱེད་ཅིང༌། དགེ་སློང་ལ་ཡང་གོས་ཀྱི་དགོས་པ་ཡོད་ན་དེའི་ཚེ་ནི་གོས་ཀྱི་རིན་དེ་དག་སྔར་བསྟན་པའི་རིམ་པ་འདི་ཉིད་ཀྱིས་ཉེ་བར་སྦྱར་བར་བྱའོ། །ཇི་སྟེ་སྦྱིན་པའི་བསམ་པས་སྦྱིན་པར་བྱེད་ཅིང་དགེ་སློང་ལ་ཡང་སངས་རྒྱས་མཆོད་པ་ལ་སོགས་པ་དང༌། དགེ་འདུན་མཆོད་སྟོན་
གསོལ་བ་ལ་སོགས་པ་དག་ལ་དགོས་པ་ཡོད་ན་དེའི་ཚེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་རུང་བ་བྱས་ནས་བདག་གིར་བྱའོ། །བསྐུལ་བ་དང༌། བསྡད་པ་ལྷག་པ་ཞེས་སྨྲས་པ་བསྐུལ་བ་ལན་གསུམ་ལས་མ་ལྷག་པ་དང༌། བསྡད་པ་ལན་གསུམ་ལས་མ་ལྷག་པ་ལ་ཉེས་པ་མེད་པའི་ཕྱིར་ཏེ། བསྐུལ་བ་གསུམ་ནི་ཚིག་གི་བདག་ཉིད་དོ། །བསྡད་པ་གསུམ་ནི་ཕྱོགས་ན་སྡོད་པའི་བདག་ཉིད་དོ། །དེ་དག་ལ་གོ་རིམས་ངེས་པ་ནི་མེད་དེ། གལ་ཏེ་སྔར་ཕྱོགས་ན་སྡོད་པར་བྱེད་ལ་ཕྱིས་སྐུལ་བར་བྱེད་ན་དེ་ལྟ་ན་ཡང་ཉེས་པ་མེད་དོ། །དེ་བཞིན་དུ་གལ་ཏེ་བསྐུལ་བ་གཉིས་བྱེད་ཅིང་སྡོད་པ་བཞི་བྱེད་ན་ཡང་དེ་ལྟ་ན་ཡང་ཉེས་པ་མེད་དེ། སྡོད་པའི་གནས་སྐབས་དམན་པའི་ཕྱིར་རོ། །བསྐུལ་བ་དང་བསྡད་པའི་དོན་ཕ་རོལ་པོས་བརྡ་མ་ཕྲད་ན་བསྐུལ་བ་ཉིད་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བསྐུལ་བའི་སྒོ་དྲུག་པོ་གང་དག་གསུངས་པ་དེ་དག་ནི་མངོན་པར་སྨྲ་བ་དང་ལེགས་པར་སྦྱོར་བ་དང༌། ཟས་སྐོམ་དག་གི་དབང་དུ་བྱས་ནས་རེ་རེ་ལ་ཡང་གཉིས་གཉིས་ཏེ་དྲུག་ཏུ་འགྱུར་རོ། །དེ་ལ་མངོན་པར་སྨྲ་བ་ནི་ཁྱོད་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང༌། ལེགས་པར་འོངས་སམ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ལེགས་པར་སྦྱོར་བ་ནི་སྟན་འདི་ལ་འདུག་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང༌། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ཟས་སྐོམ་གྱི་དབང་དུ་བྱས་པ་ནི་ཟན་ཟོ་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དང༌། སྐོམ་འཐུངས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བ་དེ་དག་ཐམས་ཅད་ཀྱང་སོ་སོར་དབྱེ་བར་བྱ་སྟེ། སྦྱོར་བ་གཅིག་གིས་བྱས་ན་ནི་དྲུག་པོ་ཐམས་ཅད་ཀྱང་བསྐུལ་བའི་སྒོ་གཅིག་ཁོ་ནར་འགྱུར་བས་དེའི་ཕྱིར་སོ་སོར་དབྱེ་བར་བྱའོ། །སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་མ་བླངས་པ་ཞེས་སྨོས་པ་ནི་ཞལ་ཏ་བྱེད་པས་སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་བླངས་པ་ལ་དགེ་སློང་གིས་གོས་ལེན་པ་ལ་ལྟུང་བ་མེད་པའི་ཕྱིར་ཏེ། སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་བླངས་པ་ཞེས་བྱ་བ་ནི་དགེ་སློང་གིས་སྔར་ཇི་སྐད་བསྟན་པའི་རྣམ་པ་དེ་དག་གིས་ཞལ་ཏ་བྱེད་པ་ལས་གོས་ཀྱི་རྙེད་
པ་མ་གྲུབ་ཅིང་རེ་བ་མེད་པར་གྱུར་ནས་སྦྱིན་པར་བྱེད་པའི་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱི་ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲགས་ཤིང་སྤངས་པར་གྱུར་ཟིན་པའི་འོག་ཏུ་ཕྱིས་ཞལ་ཏ་བྱེད་པས་དགེ་སློང་ལ་གོས་འབུལ་བར་བྱེད་ན་དེའི་ཚེ་དགེ་སློང་དེས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཁོ་བོས་སྦྱིན་བདག་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱི་ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་གོས་སྤངས་པ་སྨྲས་ཟིན་ཏོ་ཞེས་རྗེས་སུ་བསྒྲག་པར་བྱ་ཞིང་དེ་ལྟར་གོས་སྤངས་པ་ཤེས་པར་བྱས་ཀྱང་གལ་ཏེ་ཞལ་ཏ་བྱེད་པས་དེ་འདི་སྐད་ཅེས་འཕགས་པ་བདག་ལས་གོས་འདི་ལོང་ཤིག་དང༌། བདག་གིས་སྦྱིན་བདག་གི་སེམས་བསྡུ་བར་བྱའོ་ཞེས་ཁས་ལེན་པར་བྱེད་ན་དེའི་ཚེ་དགེ་སློང་དེས་ཞལ་ཏ་བྱེད་པ་དེ་ལས་གོས་དེ་གླང་བར་བྱའོ། །གོས་བླངས་པའོ་ཞེས་སྨོས་པ་ནི་མ་བླངས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་གོས་གཅིག་གམ་གཉིས་སམ་མང་པོ་ཞིག་ཐོབ་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་བསྐུར་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྦྱིན་པར་བྱེད་པ་དང་ཕོ་ཉ་དང་ཞལ་ཏ་བྱེད་པ་གསུམ་ཆར་མི་ཉིད་མ་ཡིན་པ་དང༌། ཁྱིམ་པ་ཉིད་མ་ཡིན་པ་ལ་ཉེས་བྱས་སོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང༌། མིས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང༌། མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང་མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །མིས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང༌། མི་མ་ཡིན་པས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །མིས་སྦྱིན་པར་བྱེད་ཅིང་མི་མ་ཡིན་པའི་ཕོ་ཉ་དང༌། མིས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་མིའི་ཕོ་ཉ་དང་མིས་རུང་བར་བྱེད་ན་ཡང་ཉེས་བྱས་སོ། །ཁྱིམ་པ་ཉིད་དང་ཁྱིམ་པ་ཉིད་མ་ཡིན་པའི་འགྲེས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཕོ་ཉས་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པ་མ་སྨྲས་པར་དགེ་སློང་གིས་
ཞལ་ཏ་བྱེད་པ་ལ་སྐུལ་པར་བྱེད་ན་ཉེས་བྱས་སོ། །རུང་བ་མ་ཡིན་པ་དབྱིག་ལ་སོགས་པ་ཆོས་གོས་ཀྱི་རིན་དགེ་སློང་ངེས་ཕོ་ཉ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ་སྤངས་པར་ལེན་ན་ཉེས་བྱས་སོ། །བསྐུལ་བར་བྱས་པ་དང༌། ཕྱོགས་སུ་བསྡད་པ་བྱས་པས་སྤང་བ་བྱས་པ་ན་ཞལ་ཏ་བྱེད་པས་གོས་སྦྱིན་པར་བྱེད་པའི་ཚེ་ཁོ་བོས་འདི་ཡོངས་སུ་སྤངས་ཀྱི་སོང་ལ་སྦྱིན་བདག་ཉད་ལ་ཕྱིར་བྱིན་ཅིག་ཅེས་དེ་སྐད་དུ་ཡོངས་སུ་སྤོང་བར་མི་བྱེད་པར་ལེན་ན་ཡང་ཉེས་བྱས་སོ། །ཕོ་ཉས་མ་དྲིས་པར་ཞལ་ཏ་བྱེད་པ་སྟོན་ན་ཉེས་བྱས་སོ། །ཞལ་ཏ་བྱེད་པའི་ལག་ན་གོས་འཐོབ་པའི་ཕྱིར་རེ་བ་མེད་པ་ཉིད་ན་སྦྱིན་བདག་ལ་མ་སྦྲན་ན་ཉེས་བྱས་སོ། །བསྐུལ་བ་དང་བསྡད་པ་ལྷག་པ་རྩོམ་བའི་ཚེ་ཉིད་ན་ཉེས་བྱས་སོ། །གོས་མི་རུང་བ་ལེན་པ་དང་ཐོབ་པ་ལ་ཉེས་བྱས་སོ། །ཆུང་ངུ་ལེན་པ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་ལེན་པ་དང་ཐོབ་པ་ལ་ཉེས་བྱས་སོ། །རྒྱུ་སྤུན་གྱི་རང་བཞིན་བལ་དང་རས་བལ་ལ་སོགས་པ་ལེན་པ་དང་ཐོབ་པ་ལ་ཉེས་བྱས་སོ། །སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བྱེད་པ་གསུམ་ཆར་རམ་གཉིས་སམ་གཅིག་མ་ནིང་དང་མཚན་གཉིས་པ་ལ་ཉེས་བྱས་སོ། །དེ་གསུམ་ཆར་རམ་གཉིས་སམ་གཅིག་གི་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཆོས་འདི་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ་སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ་སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གི་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བསྐུལ་བ་གསུམ་དང་བསྡད་པ་གསུམ་བྱེད་པ་ལ་ལྟུང་བ་མེད་དོ། །སྦྱིན་པར་བྱེད་པའི་སེམས་བསྡུ་བར་རྗེས་སུ་བསྒྲུབ་པ་ཁས་ལེན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང་སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །
བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསྐུར་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །མ་གྲུབ་ན་སྦྱིན་པར་བྱེད་པ་ལ་བསྒྲག་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསྐུར་བའི་སྤང་བ་སྟེ་བཅུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་བཞི་པ། སྡོམ་ལ། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་བྱ་བ་ནི་བཅུ་པ་གཉིས་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་དགོས་པ་དང༌། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །བཅུ་པ་གཉིས་པ་འདིས་ཀྱང་སྤང་བའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། སྲིན་བལ་དང༌། བལ་ན་ག་པོ་འབའ་ཞིག་དང༌། ཆ་གཉིས་བསྲེས་པ་དང༌། ལོ་དྲུག་ཏུ་བཅང་བ་དང༌། མཐོ་གང་དང། བལ་ཐོགས་པ་དང་བལ་རྨེལ་དུ་འཇུག་པ་དང་གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཅན་གྱིས་སྤྱོད་པ་དང༌། ཉོ་ཚོང་བྱེད་པའོ། །དེ་ལ་སྲིན་བལ་གྱི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་སྟེ། དགེ་སློང་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་པ་ན་སྲིན་བལ་དཀོན་ཞིང་རིན་ཆེ་པས་བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་དོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། སྲིན་བལ་འདོད་པ་དང་སྲིན་བལ་གྱི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པར་བྱེད་པ་དག་སྟེ་སྲོག་གཅོད་པ་ལས་མ་ལོག་མ་སྤངས་སོ་སོར་མ་སྤངས་པས་དེས་ན་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་སྟེ། དེ་དག་སྲིན་བལ་གྱི་སྟན་སར་པ་བྱེད་པ་དང་བྱེད་དུ་འཇུག་པས་སྲིན་བལ་འབྱུང་བའི་
སྲིན་བུ་སྲོག་ཆགས་མང་པོའི་ཚོགས་བསྒྲུབས་ཤིང་སྲོག་གཅོད་པར་བྱེད་དེ། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད་ཕྱར་ཁ་གཏོང་པར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་པའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་སྲིན་པ་ལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྲིན་བལ་གྱི་སྟན་སར་པ་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །སྲིན་བལ་གྱི་ཞེས་བྱ་བ་ནི་དར་གྱི་སྲིན་བུ་ལས་བྱུང་བའི་སྲིན་བལ་གྱིའོ། །སྟན་སར་པ་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའོ། །དོན་འདིར་ནི་གཉིས་ཀ་ཡིན་པར་དགོངས་སོ། །སར་བ་ཞེས་བྱ་བ་ནི་སར་པ་གཉིས་ཏེ་གསར་པས་སར་པ་དང་རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སྲིན་པ་ལ་སར་པའི་ཆུན་པོ་དང་འདའ་བ་དང༌། ཕུང་པོ་ལས་སྟན་ནང་ཚངས་ཅན་ནམ། བླིངས་པ་རང་གིས་བྱས་སམ། གཞན་བྱེད་དུ་བཅུག་ན་དང་པོ་བཀྲམ་པ་ཉིད་ཀྱི་ཚེ་ན་སྲིན་བལ་གྱི་སྤང་
བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་སྲིན་བལ་གྱི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་སྲིན་བལ་དང་སྲིན་བལ་གྱི་སྟན་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འབྱུང་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་སྲིན་བལ་གྱི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། །དེ་ལས་ལྟུང་བར་ནི་མི་འགྱུར་རོ། །སྲིན་བལ་སར་པའི་སྟན་ནང་ཚངས་ཅན་དང་བླིངས་པ་ལ་ན་སྨད་པ་མེད་དོ། །གསར་པས་སར་པ་ལ་ན་སྨད་པ་མེད་དོ། །རང་གིས་བྱས་པ་དང་གཞན་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་པས་དེར་དགོས་པའི་སྲིན་བལ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བའི་འོག་རོལ་དུ་དང་པོར་བཀྲམ་པ་ཉིད་ལ་ན་སྨད་པ་མེད་དོ། །སྲིན་བལ་གྱི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །སྲིན་བལ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །སྲིན་བལ་དང་བལ་ནག་པོ་ལ་སོགས་པ་དཀོན་ཞིང་རིན་ཆེ་བ་ཆ་མཉམ་པ་བསྲེས་པ་ལ་ན་སྨད་པ་མེད་དོ། །སྲིན་བལ་རུང་བ་ལ་ན་སྨད་པ་མེད་དོ། །སྟན་གྱི་ཚད་ནི་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །ཆེན་པོའི་སྲིད་ནི་ཁྲུ་ཕྱེད་དང་ལྔ་ཆུང་ངུའི་སྲིད་ནི་ཁྲུ་ཕྱེད་དང་གསུམ། འབྲིང་གི་སྲིད་ནི་དེ་གཉིས་ཀྱི་བར་ཏེ། ཁྲུ་ཕྱེད་དང་བཞིའོ། །དེ་དག་གི་ཞེང་ཚད་ནི་གདིང་བའི་ཞེང་དང་ཚད་མཉམ་སྟེ། ཞེད་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ། ཐ་མལ་པའི་ཁྲུ་དོ་དང་སོར་དྲུག་གོ །སྲིན་བལ་གྱི་སྟན་ཚད་དེ་དག་དང༌། དེ་དག་པས་ལྟག་པ་ལ་ན་སྨད་པ་མེད་དོ། །ཡུལ་གང་ན་བལ་དཀར་པོ་དཀོན་ཞིང་རིན་ཆེ་ལ་སྲིན་བལ་མོད་ཅིང་རིན་ཆུང་བ་དེར་ནི་སྲིན་བལ་གྱི་གནས་སུ་བལ་དཀར་པོ་རིག་པར་བྱ་སྟེ། དེ་ལྟར་ན་སྲིན་བལ་གྱི་སྟན་བྱེད་པ་ལ་ནི་ལྟུང་བ་མེད་ལ་བལ་དཀར་པོའི་སྟན་བྱེད་པ་
ལ་ནི་སྐབས་འདིའི་ལྟུང་བར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྲིན་བལ་སར་པའི་སྟན་ནང་ཚངས་ཅན་དང་བླིངས་པ་ཚད་དང་ལྡན་པའམ། དེ་བས་ལྷག་པར་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྲིན་བལ་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་སྲིན་བལ་ཞེས་སྨོས་པ་ནི་དེ་ལས་གཞན་པ་དག་ལ་ཁ་ཅིག་ལ་ཉེས་པ་མེད་ལ། ཁ་ཅིག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སར་པ་ཞེས་སྨོས་པ་ནི་རྙིང་པ་དང་ཉམས་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྟན་ཞེས་སྨོས་པ་ནི་སྟན་ལས་གཞན་པ་གདིང་བ་ལ་སོགས་པ་དག་ལ་ན་སྨད་པའི་ཕྱིར་ཏེ། གདིང་བ་དང་སྟན་ནི་ཐ་དད་དེ། འདི་ལྟར་གདིང་བ་ནི་གོས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཚིག་རྐྱང་དང་སྦྱར་མ་ཞེས་བྱ་བ་ལ་སོགས་པར་བརྗོད་པའི་ཕྱིར་རོ། །སྟན་ནི་སྟན་གྱི་ངོ་བོ་ཉིད་ཡིན་ཏེ། ནང་ཚངས་ཅན་དང་བླིངས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགོས་པ་ཐ་དད་པའི་ཡང་ཕྱིར་ཏེ། སྟན་ནི་གྲང་བའི་གཉེན་པོ་ཡིན་ཏེ། འདི་ལྟར་འཕྲོག་ཕྱོགས་དག་ཏུ་གྲང་བས་གནོད་པར་གྱུར་པ་དག་གི་དབང་དུ་མཛད་ནས་སྟན་རྗེས་སུ་གནང་བ་ཡིན་ལ། གདིང་བ་ནི་མལ་སྟན་གཡོགས་པ་དང་ཀུན་དུ་བསྲུང་བ་དག་གི་དབང་དུ་མཛད་ནས་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། གདིང་བ་ནི་སོ་སོར་གདིང་བ་དང༌། ཀུན་དུ་གདིང་བ་དང༌། ཉེ་བར་གདིང་བ་ཞེས་རྒྱ་ཆེར་གསུངས་ལ། མདོ་སྡེ་ལས་ཀྱང་གདིང་བ་ཕྲག་པས་བླངས་ནས་འགྲོ་བར་བྱའོ་ཞེས་འབྱུང་སྟེ། ལམ་དུ་འགྲོ་བས་སྟན་ནང་ཚངས་ཅན་དང༌། བླིངས་པ་རས་བལ་ཅན་དང༌། དབྱམ་པོ་དག་ཕྲག་པས་བླངས་ནས་ཁྱེར་བ་ནི་ཚུལ་མ་ཡིན་པས་དེའི་ཕྱིར་གདིང་བ་དང་སྟན་ནི་ཐ་དད་དོ། །བྱས་པ་ཞེས་སྨོས་པ་ནི་མ་བྱས་པ་དང་བྱེད་དུ་མ་བཅུག་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་ཅེས་སྨོས་པ་ནི་སྟན་བྱེད་པ་ལ་དེར་གཏོགས་པའི་བྱེད་པ་ནི་མཐར་ཐུག་པའི་དང་པོ་ནི་སྲིན་བལ་བཀྲམ་པ་ཉིད་ཡིན་ཏེ། དེ་ཙམ་བྱས་ན་དངོས་གཞིར་འགྱུར་ཞིང་དེ་ཕྱིན་ཚད་གང་
བྱེད་པ་དེ་ནི་དེའི་ཁོངས་སུ་འདུས་པ་ཡིན་ལ། བཀྲམ་པ་ཉིད་ཀྱི་སྔོན་རོལ་དུ་འབྱེད་པ་དང་འཇིག་པ་དང༌། རྨེལ་བ་དག་ནི་སྦྱོར་བའི་ཉེས་བྱས་ཡིན་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་སྲིན་བལ་གྱི་སྟན་གཅིག་གམ་གཉིས་སམ་མང་པོ་ཞིག་བྱེད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་སྲིན་བལ་གྱི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྲིན་བལ་དང་བལ་དཀར་པོའམ། ཤ་ནའི་རས་ངལ་ལམ། གསོ་བལ་ལ་སོགས་པའི་རྫས་ཉུང་དུ་དང་བསྲེས་ཏེ་སྟན་བྱེད་པ་ཉིད་ལ་ཉེས་བྱས་སོ། །སྲིན་བལ་རྙིང་པ་དང་ཉམས་པ་ཉིད་ལ་ཉེས་བྱས་སོ། །སྟན་ལས་གཞན་པ་བྱེད་པ་ལ་ཉེས་བྱས་སོ། །བྱེད་པ་མཐར་ཐུག་པའི་དང་པོ་འགྲེམས་པའི་མདུན་རོལ་དུ་འབྱེད་པ་དང༌། འཇིག་པ་དང་རྨེལ་བ་དག་ལ་ཉེས་བྱས་སོ། །རྒྱུ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཚད་པས་ཆུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། གཞན་གྱིས་བྱས་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། རྙེད་པའི་བྱི་དོར་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །སྟན་གྱི་ཕྱི་ཤུན་གྱི་རྫས་གཞན་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྲིན་བལ་གྱི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྟན་ཐ་མལ་པ་ནང་ཚངས་ཅན་དང༌། བླིངས་པ་རས་བལ་ཅན་དང༌། དབྱམ་པོ་ཞེས་བྱ་བ་དག་བཅང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྲིན་བལ་
གྱི་སྤང་བ་སྟེ་བཅུ་གཅིག་པ་བཤད་ཟིན་ཏོ།། །།བལ་ནག་པོ་འབའ་ཞིག་གི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་བྱེད་དུ་འཇུག་སྟེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཤིང་རིན་ཆེ་བས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་བ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་གྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང༌། ལུག་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་བྱེད་དུ་འཇུག་སྟེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང༌། བྱེད་དུ་འཇུག་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང་ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང་ཡིད་ལ་བྱ་བ་དང་ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང༌། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་
ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པའོ། །དེ་ལ་ཡང་དགེ་སློང་གར་ཞེས་བྱ་བ་ནི་ཆོས་འདི་བའོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྔོ་བས་གནག་པ་དང༌། འདམ་ཁ་དང༌། ཁམ་པའོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང༌། བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ་གསར་པས་སར་པ་དང་རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་བལ་ནག་པོ་འབའ་ཞིག་གི་སྤང་བ་འདི་དང། སྔར་སྲིན་བལ་གྱི་སྤང་བའི་རྣམ་པ་བསྟན་པའི་གནས་སྐབས་ཐམས་ཅད་འདྲ་སྟེ། ཁྱད་པར་དུ་ན་སྔར་སྲིན་བལ་ཞེས་བྱ་བ་དེའི་གནས་སུ་འདིར། བལ་ནག་པོ་འབའ་ཞིག་ཅེས་བྱ་བའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་གི་བལ་ནག་པོ་འབའ་ཞིག་དག་གོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་དངོས་གཞིའི་ལྟུར་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ལུག་བལ་ནག་པོ་སར་པ་འབའ་ཞིག་གི་ཆུན་པོ་དང་འདྲ་བ་དང༌། ཕུང་པོ་ལས་སྟན་བླིངས་པ་རང་གིས་བྱས་སམ་གཞན་བྱེད་དུ་བཅུག་ན་དང་པོ་བཀྲམ་པ་ཉིད་ཀྱི་ཚེ་ན་བལ་ནག་པོ་འབའ་ཞིག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་བལ་ནག་པོ་འབའ་ཞིག་གི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་
བཤགས་པར་ལུག་བལ་ནག་པོ་འབའ་ཞིག་དང༌། ལུས་བལ་ནག་པོ་འབའ་ཞིག་གི་སྟན་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་བལ་ནག་པོ་འབའ་ཞིག་གི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ལུག་བལ་ནག་པོ་སར་པ་འབའ་ཞིག་གི་སྟན་བླིངས་པ་ལ་ན་སྨད་པ་མེད་དོ། །ཅི་ཞིག་གིས་ནག་པོར་གྱུར་པ་ཡིན་ཞེ་ན། ནག་པོ་བཞི་སྟེ་རང་བཞིན་གྱིས་གནག་པ་དང༌། རང་བཞིན་གྱིས་སྔོ་བ་དང༌། རང་བཞིན་གྱིས་འདམ་ཁ་དང་རང་བཞིན་གྱིས་ཁམ་པ་སྟེ། དེ་དག་ལ་ན་སྨད་བ་མེད་དོ། །གསར་པས་སར་པ་ལ་ན་སྨད་པ་མེད་དོ། །རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་པས། དེར་དགོས་པའི་ལུག་ནག་པོ་འབའ་ཞིག་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བའི་འོག་རོལ་དུ་དང་པོ་བཀྲམ་པ་ཉིད་ལ་ན་སྨད་པ་མེད་དོ། །ལུག་བལ་ནག་པོ་འབའ་ཞིག་གི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །ལུག་བལ་ནག་པོ་འབའ་ཞིག་མ་ཉམས་པ་ལ་ན་སྨད་པ་མེད་དོ། །ལུག་བལ་ནག་པོ་དང་སྲིན་བལ་ལ་སོགས་པ་དཀོན་ཞིང་རིན་ཆེ་བ་ཆ་མཉམ་པར་བསྲེས་པ་ལ་ན་སྨད་པ་མེད་དོ། །ལུག་བལ་ནག་པོ་རུང་བ་ལ་ན་སྨད་པ་མེད་དོ། །སྟན་གྱི་ཚད་ནི་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །ཆེན་པོའི་སྲིད་ནི་ཁྲུ་ཕྱེད་དང་ལྔ། ཆུང་ངུའི་སྲིད་ནི་ཁྲུ་ཕྱེད་དང་གསུམ། འབྲིང་གི་སྲིད་ནི་དེ་གཉིས་ཀྱི་བར་ཏེ་ཁྲུ་བྱེད་དང་བཞིའོ། །དེ་དག་གི་ཞེང་ཚད་ནི་གདིང་བའི་ཞེང་དང་མཉམ་སྟེ། ཞེང་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ་ཐ་མལ་པའི་ཁྲུ་དོ་དང་སོར་དྲུག་གོ །ལུག་བལ་ནག་པོ་འབའ་ཞིག་གི་སྟན་ཚད་དེ་དག་དང༌། དེ་དག་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །
ཡུལ་གང་ན་བལ་དཀར་པོ་དཀོན་ཞིང་རིན་ཆེ་བ་ལ་བལ་ནག་པོ་མོད་ཅིང་རིན་ཆུང་བ་དེར་ནི་བལ་ནག་པོའི་གནས་སུ་བལ་དཀར་པོར་རིག་པར་བྱ་སྟེ། དེ་ལྟར་ན་བལ་ནག་པོ་ཕྱེད་པས་ལྷག་པ་ལ་ནི་ལྟུང་བ་མེད་ལ། བལ་དཀར་པོ་ཕྱེད་པས་ལྷག་པ་ལ་ནི་སྐབས་འདིའི་ལྟུང་བར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུག་བལ་ནག་པོ་སར་པ་འབའ་ཞིག་གི་སྟན་བླིངས་པ་ཚད་དང་ལྡན་པ་དང༌། དེ་བས་ལྷག་པར་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་ནག་པོ་འབའ་ཞིག་དང༌། སར་པ་དང༌། སྟན་དང་བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་ལུག་བལ་ནག་པོ་འབའ་ཞིག་ཅེས་སྨོས་པ་ནི་དེ་ལས་གཞན་པ་དག་ལ། ཁ་ཅིག་ལ་ཉེས་པ་མེད་ལ། ཁ་ཅིག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སར་པ་ཞེས་སྨོས་པ་ནི་རྙིང་པ་དང་ཉམས་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྟན་ཞེས་སྨོས་པ་ནི་སྟན་ལས་གཞན་པ་གདིང་བ་ལ་སོགས་པ་དག་ལ་ན་སྨད་པའི་ཕྱིར་རོ། །བྱས་པས་ཞེས་སྨོས་པ་ནི་མ་བྱས་པ་དང་བྱེད་དུ་མ་བཅུག་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་ཅེས་སྨོས་པ་ནི་སྟན་བྱེད་པ་ལ་དེར་གཏོགས་པའི་བྱེད་པ་མཐར་ཐུག་པའི་དང་པོ་ནི་ལུག་བལ་ནག་པོ་འབའ་ཞིག་བཀྲམ་པ་ཉིད་ཡིན་ཏེ། དེ་ཙམ་བྱས་ན་དངོས་གཞིར་འགྱུར་ཞིང༌། དེ་ཕྱིན་ཆད་གང་བྱེད་པ་དེ་ནི་དེའི་ཁོངས་སུ་འདུས་པ་ཡིན་ལ། བཀྲམ་པ་ཉིད་ཀྱི་སྔོན་རོལ་དུ་འབྱེད་པ་དང། འཇིག་པ་དང༌། རྨེལ་བ་དག་ནི་སྦྱོར་བའི་ཉེས་བྱས་ཡིན་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་བལ་ནག་པོ་འབའ་ཞིག་གི་སྟན་གཅིག་གམ་གཉིས་སམ་མང་པོ་ཞིག་བྱེད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བལ་ནག་པོ་འབའ་ཞིག་གི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བལ་ནག་པོ་དང་བལ་དཀར་པོའམ་ཤ་ནའི་རས་བལ་ལམ། གསོ་བལ་ལ་སོགས་པའི་རྫས་
ཉུང་དུ་དང་བསྲེས་ཏེ་སྟན་བྱེད་པ་ཉིད་ལ་ཉེས་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་བྱས་སོ། །སྟན་ལས་གཞན་པ་དག་བྱེད་པ་ལ་ཉེས་བྱས་སོ། །བྱེད་པ་མཐར་ཐུག་པའི་དང་པོ་འགྲེམས་པའི་མདུན་རོལ་དུ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བདག་ལ་ཉེས་བྱས་སོ། །རྒྱུ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཚད་པས་ཆུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་བ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། གཞན་གྱིས་བྱས་པ་ལ་ཡོངས་སུ་ལོངས་སྤྱད་པ་དང༌། རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བལ་ནག་པོ་འབའ་ཞིག་གི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྟན་ཐ་མལ་པ་ནང་ཚངས་ཅན་དང་བླིངས་པ་རས་བལ་ཅན་དང༌། དབྱམ་པོ་ཞེས་བྱ་བ་དག་བཅང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བལ་ནག་པོ་འབའ་ཞིག་གི་སྤང་བ་སྟེ། བཅུ་གཉིས་པ་བཤད་ཟིན་ཏོ།། །།ཆ་གཉིས་བསྲེས་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་མི་བྱའོ་ཞེས་གསུངས་པས། དེ་དག་བལ་དཀར་པོ་དང་འཁོབ་བལ་ཅུང་ཞིག་བཅུག་ནས་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་བྱེད་དུ་འཇུག་སྟེ། དེས་ཀྱང་དེ་དག་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང་ཡིད་ལ་བྱ་བ་དང༌།
ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། དེ་འདོད་པ་དང་དེའི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་བལ་དཀར་པོ་དང་འཁོབ་བལ་ཅུང་ཞིག་བཅུག་ནས། ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་བྱེད་དུ་འཇུག་སྟེ། དེས་ཀྱང་བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང་ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། དེ་འདོད་པ་དང་དེའི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ཅེས་སྨོས་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས། རྣམ་གྲངས་དུ་སྟན་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའོ། །དོན་འདིར་ནི་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་པ་ན་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ། གསུམ་པ་ནི་དཀར་པོ་ལས། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་འཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་བལ་དཀར་པོ་དང་འཁོབ་བལ་ཆུང་ཞིག་བཅུག་ནས་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་བས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པར་གསུངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་
པས་སར་པ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ་ཞེས་བྱ་བ་ལ་ཆ་གཉིས་ཞེས་བྱ་བ་ནི་རངས་པ་གཅིག་ལ་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་གཉིས་ཏེ་ཕྱེད་དོ། །ལུག་བ་ལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །ནག་པོ་འབའ་ཞིག་ལས་ཞེས་བྱ་བ་ནི་ནག་པོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། སྔོ་བས་གནག་པ་དང༌། འདམ་ཁ་དང༌། ཁམ་པ་སྟེ་དེ་ལས་སོ། །གཞུག་པར་བྱ་ཞེས་བྱ་བ་ནི་བསྲེ་བར་བྱའོ། །གསུམ་པ་ནི་དཀར་པོ་ལས་ཞེས་བྱ་བ་ལ། གསུམ་པ་ཞེས་བྱ་བ་ནི་རངས་པ་གཅིག་ལ་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་གསུམ་པ་སྟེ་བཞི་ཆ་གཅིག་གོ །དཀར་པོ་ལས་ཞེས་བྱ་བ་ནི་གློའི་བལ་དང་རྒྱབ་ཀྱི་བལ་དང་གཉའ་བའི་བལ་ཏེ་དེ་ལས་སོ།། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ་ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི་རངས་པ་གཅིག་ལ་བཞི་ཆ་བཞིར་བསྲེས་པའི་བཞི་ཆ་བཞི་པ་སྟེ་བཞི་ཆ་གཅིག་གོ །འཁོབ་པ་ལས་ཞེས་བྱ་བ་ནི། རྐང་བའི་བལ་དང༌། མགོ་བོའི་བལ་དང༌། ལྟོ་བའི་བལ་ཏེ་དེ་ལས་སོ། །གཞུག་པར་བྱའོ་ཞེས་བྱ་བ་ནི་བསྲེ་བར་བྱ་བའོ། །དེ་ལྟར་སྟན་རངས་པ་གཅིག་གི་རྒྱུའི་ཕྱེད་ནི་ལུག་བལ་ནག་པོ་བཞི་ཆ་ནི་དཀར་པོ། བཞི་ཆ་ནི་འཁོབ་བལ་ལས་སྤྱིར་བསྲེས་ཏེ་བླིང་བར་བྱའི། སྟན་ཕྱེད་ནག་པོ་བཞི་ཆ་དཀར་པོ་བཞི་ཆ་འཁོབ་པ་ལ་གྱི་ཁ་དོག་ལས་ཁྲ་བོར་བྱ་བ་ནི་མ་ཡིན་ནོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་འཁོབ་བལ་ལས་མ་བཅུག་པར་ཞེས་བྱ་བ་ནི་མ་བསྲེས་པར་རོ། །སྟན་སར་བ་བྱེད་ན་ཞེས་བྱ་བ་ནི་སྟན་བླིངས་པ་གསར་པས་སར་པ་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་
དང། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །ཆ་གཉིས་བསྲེ་བའི་སྤང་བ་འདི་ཡང་སྔར་སྲིན་བལ་གྱི་སྤང་བ་དང་བལ་ནག་པོ་འབའ་ཞིག་གི་སྤང་བའི་རྣམ་པ་བསྟན་པའི་གནས་སྐབས་དང་འདྲ་སྟེ། ཁྱད་པར་དུ་ན་སྔར་སྲིན་བལ་ཞེས་བྱ་བ་དང། བལ་ནག་པོ་འབའ་ཞིག་ཅེས་བྱ་བ་དེའི་གནས་སུ་འདིར་ཆ་གཉིས་བསྲེ་བ་ཞེས་བྱ་བའི་མིང་གཞན་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུག་བལ་ནག་པོ་དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་སྟན་སར་པ་བྱེད་ན་ཕྱེད་ནི་ལུག་བལ་ནག་པོ་བཞི་ཆ་གཅིག་ནི་དཀར་པོ། །བཞི་ཆ་གཅིག་ནི་འཁོབ་བལ་ལས་གཞུག་བར་གསུངས་པའི་སྲང་ཚད་ལས་ལུག་བལ་ནག་པོ་དག་ཕྱེད་པས་ལྷག་པ་ཉིད་ལས་སྟན་བླིངས་པ་གསར་པས་སར་པ་རང་གིས་བྱས་སམ་གཞན་བྱེད་དུ་བཅུག་ན་དང་པོར་བཀྲམ་པ་ཉིད་ཀྱི་ཚེ་ན་ཆ་གཉིས་བསྲེ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ཆ་གཉིས་བསྲེ་བའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ཆ་གཉིས་བསྲེ་བའི་བལ་དང༌། ཆ་གཉིས་པ་སྲེས་པའི་སྟན་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ཆ་གཉིས་བསྲེ་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ལུག་བལ་ནག་པོ་སར་པ་སྟན་ཕྱེད་ཀྱི་སྲང་ཚད་ལས་ལྷག་པ་ལས་སྟན་བླིངས་པ་ལན་སྨད་པ་མེད་དོ། །ཇི་ཞིག་གིས་ནག་པོར་གྱུར་པ་ཡིན་ཞེ་ན། ནག་བོ་བཞི་སྟེ། རང་བཞིན་གྱིས་གནག་པ་དང༌། རང་བཞིན་གྱིས་སྔོ་བ་དང༌། རང་བཞིན་གྱིས་འདམ་ཁ་དང༌། རང་
བཞིན་གྱིས་ཁམ་པ་སྟེ། དེ་དག་ལན་སྨད་པ་མེད་དོ། །དཀར་པོ་དང་འཁོབ་བལ་གཉི་ག་བསྡོམས་པ་ཕྱེད་ཀྱི་ཚད་པས་ཆུང་བ་ལ་ན་སྨད་པ་མེད་དོ། །གསར་པས་སར་པ་ལན་སྨད་པ་མེད་དོ། །རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པའི་དང་པོ་ཡིན་པས་དེར་དགོས་པའི་ལུག་བལ་ནག་པོ་ཕྱེད་པས་ལྷག་པ་དང༌། དཀར་པོ་དང་འཁོབ་བལ་གཉི་ག་བསྡོམས་པ་ཕྱེད་པས་ཆུང་བ་འབྱེད་པ་དང༌། འཇིག་པ་དང་རྨེལ་བའི་འོག་རོལ་དུ་དང་པོ་བཀྲམ་པ་ཉིད་ལ་ན་སྨད་པ་མེད་དོ། །ལུག་བལ་གྱི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །ལུག་བལ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །ལུག་བལ་དང་སྲིན་བལ་ལ་སོགས་པ་དཀོན་ཞིང་རིན་ཆེ་བ་ཆ་མཉམ་པར་བསྲེས་པ་ལ་ན་སྨད་པ་མེད་དོ། །ཡུལ་གང་ན་བལ་དཀར་པོ་དཀོན་ཞིང་རིན་ཆེ་ལ་ནག་པོ་དང་འཁོབ་བལ་མོད་ཅིང་རིན་ཆུང་ན་དེ་ནི་བལ་ནག་པོའི་གནས་སུ་དཀར་པོ་རིག་པར་བྱ་སྟེ། དཀར་པོ་ཕྱེད་པས་ལྷག་ཅིང་ནག་པོ་དང་འཁོབ་བལ་བསྡོམས་པ་ཕྱེད་པས་ཆུང་བ་ལ་ན་སྨད་པ་མེད་དོ། །ཡུལ་གང་ན་འཁོབ་བལ་རིན་ཆེ་ཞིང་དཀོན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཆ་གཉིས་བསྲེ་བའི་བལ་རུང་བ་ལ་ན་སྨད་པ་མེད་དོ། །སྟན་གྱི་ཚད་ནི་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་དུའོ། །ཆེན་པོའི་སྲིད་ནི་ཁྲུ་ཕྱེད་དང་ལྔ། ཆུང་དུའི་སྲིད་ནི་ཁྲུ་ཕྱེད་དང་གསུམ། འབྲིང་གི་ཚད་ནི་དེ་གཉིས་ཀྱི་བར་ཏེ་ཁྲུ་ཕྱེད་དང་བཞིའོ། །དེ་དག་གི་ཞེང་ཚད་ནི་གདིང་བའི་ཞེང་དང་མཉམ་སྟེ། ཞེང་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ། ཐ་མལ་པའི་ཁྲུ་དོ་དང་སོར་དྲུག་གོ །ལུག་བལ་ནག་པོ་ཕྱེད་པས་ལྷག་པའི་སྟན་ཆད་དེ་དག་དང་དེ་དག་པས་ལྷག་པ་ལན་སྨད་པ་མེད་དོ། །ལུག་བལ་དཀར་པོ་ནི་གང་ཡིན། འཁོབ་བལ་ནི་གང་ཡིན་ཞེ་ན། གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་པ་ནི་དཀར་པོའོ། །མགོ་དང་རྐང་པ་དང་ལྟོ་བ་ནས་སྐྱེས་པ་ནི་འཁོབ་བལ་ལོ། །འདིའི་བྱེད་པ་པོ་ནི་ཡུལ་གང་ན་ལུག་བལ་ནག་པོ་དཀོན་ཞིང་རིན་ཆེ་བར་ལུག་བལ་ནག་པོ་སར་པ་ཕྱེད་པས་ལྷག་པ་ཉིད་ཀྱི་སྟན་ཚད་དང་ལྡན་པ་དང༌། དེ་བས་ལྷག་པར་བྱེད་པ་ཉིད་དོ། །འདི་
ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་ནག་པོ་དང་ཕྱེད་པས་ལྷག་པ་ཉིད་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་ལུག་བལ་ནག་པོ་དག་ཕྱེད་པས་ལྷག་པ་ཉིད་ཅེས་སྨོས་པ་ནི་མ་ལྷག་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །སར་པ་ཞེས་སྨོས་བ་ནི་རྙིང་པ་དང་ཉམས་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྟན་ཞེས་སྨོས་པ་ནི་སྟན་ལས་གཞན་པ་གདིང་བ་ལ་སོགས་པ་དག་ལ་ན་སྨད་པའི་ཕྱིར་རོ། །བྱས་པ་ཞེས་སྨོས་པ་ནི་མ་བྱས་པ་དང་བྱེད་དུ་མ་བཅུག་པ་ལ་ན་ལྟུང་བ་མེད་པའི་ཕྱིར་རོ། །བྱེད་པ་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་ཅེས་སྨོས་པ་ནི་སྟན་བྱེད་པ་ལ་དེར་གཏོགས་པའི་བྱེད་པ་མཐར་ཐུག་པའི་དང་པོ་ནི་ལུག་བལ་ནག་པོ་དག་ཕྱེད་པས་ལྷག་པ་བཀྲམ་པ་ཉིད་ཡིན་ཏེ། དེ་ཙམ་བྱས་ན་དངོས་གཞིར་འགྱུར་ཞིང་དེ་ཕྱིན་ཆད་གང་བྱེད་པ་དེ་ནི་དེའི་ཁོངས་སུ་འདུས་པ་ཡིན་ལ་བཀྲམ་པ་ཉིད་ཀྱི་སྔོན་རོལ་དུ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བ་དག་ནི་སྦྱོར་བའི་ཉེས་བྱས་ཡིན་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་བལ་ནག་པོ་དག་བྱེད་པས་ལྷག་པའི་སྟན་གཅིག་གམ་གཉིས་སམ་མང་པོ་ཞིག་བྱེད་ན་ཡང་ལྟུང་བའི་དངོས་གཞིག་ཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཆ་གཉིས་བསྲེ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །འཁོབ་བལ་བས་དཀར་པོ་ལྷག་པར་བྱེད་ན་ཉེས་བྱས་སོ། །ལུག་བལ་རྙིང་པ་དང་ཉམས་པ་ཉིད་ལ་ཉེས་བྱས་སོ། །སྟན་ལས་གཞན་པ་དག་བྱེད་ན་ཉེས་བྱས་སོ། །བྱེད་པ་མཐར་ཐུག་པའི་དང་པོ་འགྲེམས་པའི་མདུན་རོལ་དུ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བ་དག་ལ་ཉེས་བྱས་སོ།། རྒྱུ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཚད་པས་ཆུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་
ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། གཞན་གྱིས་བྱས་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །དཀར་པོ་དང་འཁོབ་བལ་དག་ནི་ལྷག་པར་གྱུར་པ་ལ་བལ་ནག་པོ་དག་ནི་ཉུང་བའམ་མཉམ་པར་གྱུར་པ་ལ་ལྟུང་བ་མེད་དོ། །དཀར་པོའམ་འཁོབ་བལ་ལྷག་པ་ལ་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཆ་གཉིས་བསྲེ་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྟན་ཐ་མལ་པ་ནང་ཚངས་ཅན་དང་བླིངས་པ་རས་བལ་ཅན་དང༌། དབྱམ་པོ་ཞེས་བྱ་བ་དག་བཅང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཆ་གཉིས་བསྲེ་བའི་སྤང་བ་སྟེ་བཅུ་གསུམ་པ་བཤད་ཟིན་ཏོ།། །།ལོ་དྲུག་ཏུ་བཅང་བའི་སྤང་བའི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། དེ་ལ་རེ་ཞིག་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་རྣམས་ལ་སྟན་མང་བ་ཉིད་འདི་ལྟ་བུ་འདི་བྱུང་བར་གྱུར་ཏེ། དེ་དག་སྟན་འདི་ནི་ཧ་ཅང་རིང་ངོ༌། །འདི་ནི་ཧ་ཅང་ཐུང་ངོ༌། །ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་གོ །སྟན་འདི་ནི་ཧ་ཅང་དོག་གོ །འདི་ནི་ཧ་ཅང་ཡངས་སོ། །འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང་བཅོས་དཀའ་བ་ཉིད་ཡིན་ནོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་པས་དགེ་སློང་དེ་དག་སྟན་བྱས་ཤིང་བྱས་ཤིང་འདོར་བ་ན་བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞིག་ནས་གཏོང་བར་བྱེད་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་རྣམས་ལ་སྟན་མང་བ་ཉིད་འདི་ལྟ་བུ་འདི་བྱུང་བར་གྱུར་ཏོ། །འདི་དག་སྟན་འདི་ནི་
ཧ་ཅང་རིང་ངོ༌། །འདི་ནི་ཧ་ཅང་ཐུང་ངོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག །སྟན་འདི་ནི་ཧ་ཅང་དོག་གོ །སྟན་འདི་ནི་ཧ་ཅང་ཡངས་སོ། །འདི་ནི་ཐམས་ཅད་ནས་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང་བཅོས་དཀའ་བ་ཡིན་ནོ་ཞེས་དེ་བོར་ནས་གཞན་བྱེད་དུ་འཇུག་པས་དགེ་སློང་འདི་དག་སྟན་བྱས་ཤིང་བྱས་ཤིང་འདོར་བ་ན། བྱ་བ་མང་བ་དང༌། བྱེད་པ་མང་བར་གྱུར་ཅིང༌། ལུང་ནོད་པ་དང༌། ཀླག་པ་དང༌། ཁ་ཏོན་དང༌། རྣལ་འབྱོར་དང༌། ཡིད་ལ་བྱ་བ་དང༌། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་བ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་སྟན་ལོ་དྲུག་མ་ལོན་པར་སྟན་སར་པ་གཞན་བྱེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་འབྲོག་གནས་ན་འབྲོག་གི་གནས་མཆོག་ན་བཞུགས་སོ། །འབྲོག་གནས་གྲང་ཞིང་རླུང་ཆེ་བས་དགེ་སློང་ལག་གི་བླ་དག་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པ་དེ་དག་གྲང་བ་དག་གིས་མཁར་ལན་དག་རྒྱུན་བཅད་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་ནི་མི་རྨེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་བཟློག་པ་མཛད་པ་ཡིན་ནོ། །དེ་ལ་སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་ལག་གི་བླ་དག་གིས་མཁར་ལེན་དག་རྒྱུན་བཅད་པར་གྱུར། བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང༌། མ་སྤངས་ཀྱང་རུང༌། སྟན་སར་པ་གཞན་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པས། དགེ་སློང་ལག་གི་བླ་དག་དགུང་ལོ་དྲུག་གི་བར་དུ་སྟན་གྱིས་མི་ཐུབ་པ་དེ་དག་གྲང་བ་དག་གིས་མཁར་ལན་དག་རྒྱུན་བཀུམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལག་གི་བླ་གང་ལ་ལ་ལོ་དྲུག་ཏུ་སྟན་གྱིས་མི་ཐུབ་པའི་དགེ་སློང་དེས་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་གསོལ་བར་བྱའོ། །འདི་ལྟར་གསོལ་པར་བྱ་སྟེ། དེ་རང་གི་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་ལག་གི་བླ་དེས་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་བཞིན་དུ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་དྲུག་སྟན་མི་བགྱིད་པ་ལས། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་དགེ་སློང་ལག་གི་བླས་ལོ་དྲུག་ཚུན་ཆད་དུ་དགེ་འདུན་ལས་སྟན་གྱི་གནང་བ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་དེ་དག་
གིས་ཀྱང་དགེ་སློང་ལག་གི་བླ་དེ་ལ་དད་པས་སམ། ཡིད་ཆེས་པས་འགྲོ་བར་མི་བྱ་བར་འདི་ལྟར་དགེ་འདུན་ཐམས་ཅད་དེར་འདོང་བར་བྱ་བ་དང༌། དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་གཏང་བར་བྱ་ཞིང༌། དེ་དག་གིས་སྟན་དེ་རང་གི་མིག་སྔར་བབ་པར་བྱ་བའམ། ཡང་ན་སྟན་དེ་དགེ་འདུན་གྱི་དབུས་སུ་དབྱར་བར་བྱ་སྟེ། གལ་ཏེ་སྟན་དེ་ཧ་ཅང་རིང་བ་ཡིན་ན་དེ་དག་གིས་གཅད་པར་བྱའོ། །གལ་ཏེ་ཧ་ཅང་ཐུང་བ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་ཧ་ཅང་ཡངས་པ་ཡིན་ན་དེ་དེ་དག་གིས་གཅད་པར་བྱའོ། །གལ་ཏེ་ཧ་ཅང་དོག་པ་ཡིན་ན་བ་ལ་སྦྱིན་པར་བྱའོ། །གལ་ཏེ་རལ་བ་དང་རྡོལ་བ་ཡིན་ན་བལ་སྦྱིན་པར་བྱའོ། །གལ་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང༌། བཅོས་དཀའ་བ་ཉིད་ཡིན་ན་དེའི་ཚེ་དགེ་སློང་དེ་དག་གིས་རྒན་པའི་མཐའ་ལོགས་སུ་གུས་པ་དང་བཅས་པས་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །གནས་བརྟན་དག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བའི་སྟན་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང༌། བཅོས་དཀའ་བ་ཉིད་ལགས་ཀྱི་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །དེ་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་ཟླ་མིང་འདི་ཞེས་བགྱི་བ་འདི་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱིས་པ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལོ་དྲུག་ཏུ་སྟན་མི་བགྱིད་པ་ལས། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ལོ་དྲུག་ཚུན་ཆད་དུ་སྟན་གནང་བར་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལག་
གི་བླ་མིང་འདི་ཞེས་བགྱི་བ་འདི་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཚུན་ཆད་དུ་སྟན་གནང་བ་བྱིན་པ་དེས་ལོ་དྲུག་ཚུན་ཆད་དུ་སྟན་བྱེད་དུ་བཞུག་སྟེ་འདི་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་དེ། དགེ་སློང་རྣམས་ལ་ཡང་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟན་སར་པ་གཞན་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་འབྲོག་གནས། གང་ཟག་ནི་དགེ་སློང་ལག་གི་བླ། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང༌། བླིངས་པའོ། །དོན་འདིར་ནི་བླིངས་པ་ཡིན་པར་དགོངས་སོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་ནའོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་མ་དད་བཞིན་དུའོ། །ལོ་དྲུག་ཏུ་བཅང་བར་བྱའོ་ཞེས་བྱ་བ་ནི་ལོ་དྲུག་ཚུན་ཆད་དུ་བཅང་བར་བྱ་བའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་ཞེས་བྱ་བ་ནི་དེ་ཚུན་ཆད་དུའོ།།
སྟན་རྙིང་པ་དེ་ཞེས་བྱ་བ་ནི་སྟན་གང་ཡོད་པ་དེའོ། །སྤངས་ཀྱང་རུང་མ་སྤངས་ཀྱང་རུང་ཞེས་བྱ་བ་ནི་ཡོད་ཀྱང་རུང་མེད་ཀྱང་རུང་སྟེའོ། །སྟན་སར་པ་གཞན་བྱེད་ན་ཞེས་བྱ་བ་ནི་གཉིས་པའོ། །དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་གཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་ལོ་དྲུག་ཚུན་ཆད་དུ་སྟན་སར་པ་བྱ་བའི་ཕྱིར་དགེ་འདུན་ལས་གནང་བ་མ་ཐོབ་པ་སྟན་སྔ་མ་གཞན་ཡོད་པའམ་རང་དགར་བཏང་བས། ལོ་དྲུག་མ་ལོན་པར་སྟན་བླིངས་པ་ཕྱི་མ་གཞན་བྱེད་ན་ཟིན་པའི་མཐའ་ལོ་དྲུག་ཏུ་བཅང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ལོ་དྲུག་ཏུ་བཅང་བའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བར་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ལོ་དྲུག་ཏུ་བཅང་བའི་སྟན་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ལོ་དྲུག་ཏུ་བཅང་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །གནང་བ་མ་ཐོབ་པ་ལ་ན་སྨད་པ་མེད་དོ། །སྟན་སྔ་མ་གཞན་ཡོད་པ་དང་མེད་པ་ལ་ན་སྨད་པ་མེད་དོ། །ལོ་དྲུག་ཏུ་མ་ལོན་པ་ལ་ན་སྨད་པ་མེད་དོ། །སྟན་བླིངས་པ་ལ་ན་སྨད་པ་མེད་དོ། །སྟན་གསར་
པས་སར་པ་ལ་ན་སྨད་པ་མེད་དོ། །རང་གིས་བྱས་པ་དང་གཞན་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །སྟན་ལ་ནི་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པ་འདིའི་དང་པོ་ཡིན་པས་དེར་དགོས་པའི་བལ་དག་འབྱེད་པ་དང༌། འཇིག་པ་དང་རྨེལ་བའི་འོག་རོལ་དུ་དང་པོ་བཀྲམ་པ་ཉིད་ལ་ན་སྨད་པ་མེད་དོ། །བལ་གྱི་རྫས་བཟང་ངན་དང་མཉམ་བ་ལ་ན་སྨད་པ་མེད་དོ། །བལ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །བལ་དང་སྲིན་བལ་ལ་སོགས་པ་དཀོན་ཞིང་རིན་ཆེ་བ་ཆ་མཉམ་པར་བསྲེས་པ་ལ་ན་སྨད་པ་མེད་དོ། །རྒྱུ་རུང་བ་ལ་ན་སྨད་པ་མེད་དོ། །སྟན་གྱི་ཚད་ནི་གསུམ་སྟེ། ཆེན་པོ་དང་འབྲིང་དང་ཆུང་དུའོ། །ཆེན་པོའི་སྲིད་ནི་ཁྲུ་ཕྱེད་དང་ལྔ། ཆུང་ངུའི་སྲིད་ནི་ཁྲུ་ཕྱེད་དང་གསུམ། འབྲིང་གི་ཚད་ནི་དེ་གཉིས་ཀྱི་བར་ཏེ་ཁྲུ་ཕྱེད་དང་བཞིའོ། །དེ་དག་གི་ཞེང་ཚད་ནི་གདིང་བའི་ཞེང་དང་མཉམ་སྟེ། ཞེང་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ། ཐ་མལ་པའི་ཁྲུ་དོ་དང་སོར་དྲུག་གོ །བལ་གང་ཡང་རུང་བ་ལས་སྟན་བླིངས་པ་ཚད་དེ་དག་དང་དེ་དག་པས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གནང་བ་མ་ཐོབ་པས་ལོ་དྲུག་ཚུན་ཆད་དུ་སྟན་བླིངས་པ་ཚད་དང་ལྡན་པ་དང༌། དེ་བས་ལྷག་པ་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གནང་བ་མ་ཐོབ་པ་དང༌། ལོ་དྲུག་མ་ལོན་པ་དང༌། སར་པ་དང༌། སྟན་དང༌། བྱས་པ་དང༌། བྱེད་པ་ཐམས་ཅད་མཐར་ཐུག་པའི་དང་པོ་བཀྲམ་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་གནང་བ་མ་ཐོབ་པ་ཞེས་སྨོས་པ་ནི་གནང་བ་ཐོབ་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །ལོ་དྲུག་མ་ལོན་པ་ཞེས་སྨོས་པ་ནི་ལོ་དྲུག་ལོན་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །སར་པ་ཞེས་སྨོས་པ་ནི་རྙིང་པ་དང་ཉམས་པ་དག་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྟན་ཞེས་སྨོས་པ་ནི་སྟན་ལས་གཞན་པ་གདིང་བ་ལ་སོགས་པ་དག་ལ་མེད་པའི་ཕྱིར་རོ། །བྱས་པ་ཞེས་སྨོས་པ་ནི་མ་བྱས་པ་དང་བྱེད་དུ་མ་བཅུག་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །བྱེད་པ་མཐར་ཐུག་པའི་དང་པོར་བཀྲམ་པ་ཉིད་ཅེས་སྨོས་པ་ནི། སྟན་བྱེད་པ་ལ་དེར་གཏོགས་པའི་བྱེད་པ་མཐར་ཐུག་པའི་དང་པོ་ནི་བལ་བཀྲམ་པ་ཉིད་ཡིན་ཏེ།
དེ་ཙམ་བྱས་ན་དངོས་གཞིར་འགྱུར་ཞིང༌། དེ་ཕྱིན་ཆད་གང་བྱེད་པ་དེ་ནི་དེའི་ཁོངས་སུ་འདུས་པ་ཡིན་ལ། བཀྲམ་པ་ཉིད་ཀྱི་སྔོན་རོལ་དུ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བ་དག་ནི་སྦྱོར་བའི་ཉེས་བྱས་ཡིན་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་ལོ་དྲུག་ཚུན་ཆད་དུ་སྟན་གཅིག་གམ་གཉིས་སམ་མང་པོ་ཞིག་བྱེད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལོ་དྲུག་ཏུ་བཅང་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བལ་རྙིང་པ་དང་ཉམས་པ་ཉིད་ལ་ཉེས་བྱས་སོ། །བྱེད་པ་མཐར་ཐུག་པའི་དང་པོ་འགྲེམས་པའི་མདུན་རོལ་དུ་འབྱེད་པ་དང༌། འཇིག་པ་དང༌། རྨེལ་བ་དག་ལ་ཉེས་བྱས་སོ། །རྒྱུ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཚད་པས་ཆུང་བ་ལ་ཉེས་བྱས་སོ། སྟན་སྔ་མ་མ་ཟིན་པའི་འོག་རོལ་དུ་ཕྱི་མ་རྩོམ་པ་ལ་ཉེས་བྱས་སོ། །སྟན་སྔ་མ་བརྩམས་པ་ཉིད་ན་དེ་དང་ལྷན་ཅིག་ཏུའམ་ཕྱིས་སྟན་གཉིས་པ་རྩོམ་བ་ལ་ཉེས་བྱས་སོ། །སྟན་སྔ་མ་བརྩམས་པ་མ་ཟིན་པར་དེ་ཉིད་དང་ལྷན་ཅིག་ཏུའམ་ཕྱིས་སྟན་གཉིས་པ་ལ་བརྩམས་པ་སྔར་ཟིན་པར་གྱུར་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། གཞན་གྱིས་བྱས་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །སྔར་སྟན་བརྩམས་ནས་བར་དུ་ཁྱིམ་པ་ལ་སོགས་པར་བབས་ཏེ་ཡང་ཕྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ཚེ་མཐར་ཐུག་པར་བྱེད་པ་ལ་ལྟུང་བ་མེད་དོ། །གནང་བ་ཐོབ་པ་ལ་ལྟུང་བ་མེད་དོ། །ལོ་དྲུག་ལོན་པ་ལ་ལྟུང་བ་མེད་དོ། །མ་བྱས་པ་དང༌། བྱེད་
དུ་མ་བཅུག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་བ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལོ་དྲུག་ཏུ་བཅད་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སྟན་ཐམས་ཅད་ཀྱི་ཐམས་ཅད་དུ་བུག་རྡོལ་དང་ཤ་ཟད་པ་དང༌། བཅོས་དཀའ་བ་ཉིད་མ་ཡིན་པས་གནང་བ་གསོལ་བར་མི་བྱའོ། །དགེ་སློང་རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་བཏང་ངོ༌། །རྟོག་པའི་དགེ་སློང་དག་གིས་ཀྱང༌། ཆུ་དང་ཞེང་གཉི་གར་ལྷག་པ་ཉིད་ཡིན་ན་གཅད་པར་བྱའོ། །ཐུང་བ་ཉིད་དང་དོག་པ་ཉིད་དག་ནི་བསྐྱེད་པར་བྱའོ། །རལ་ན་བཙེམ་པར་བྱའོ། །བུག་རྡོལ་དུ་གྱུར་ཏམ་ཤ་ཟད་པ་དག་ནི་སྦྱར་བར་བྱའོ། །བཅོས་དཀའ་བ་ཉིད་ཡིན་ན་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྟན་གྱི་གནང་བ་སྦྱིན་པར་བྱའོ། །ལག་གི་བླ་ནི་གླེང་གཞིའི་དབང་གིས་སྨོས་པར་ཟད་ཀྱི་དགེ་སློང་གཞན་དག་ལ་ཡང་ཆོ་ག་འདྲ་བར་ཤེས་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ལོ་དྲུག་ཏུ་བཅང་བའི་སྤང་བ་སྟེ་བཅུ་བཞུ་པ་བཤད་ཟིན་ཏོ།། །། མཐོ་གང་གི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་ཞེས་གྲག་གོ་ཞེས་སྒྲ་གྲགས་སོ། །བྱང་ཕྱོགས་ན་ཚོང་པ་དག་གིས་ཡུལ་དབུས་སུ་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། གང་དག་དེ་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང༌། ཕན་ཡོན་ཆེ་བ་དང་གསལ་བ་ཆེ་བ་དང༌། རྒྱ་ཆེན་པོར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཟོང་དག་ཐོགས་ཏེ་མཉན་ཡོད་དུ་འདོང་ཞིང༌། དེར་བདག་ཅག་གིས་ཁེ་སྤོགས་ཀྱང་བསྒྲུབ་པར་བྱ། བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱའོ་སྙམ་དུ་རིག་ནས། ཚོང་པ་ལྔ་བརྒྱ་བྱང་ཕྱོགས་
ནས་ཟོང་དག་ཐོགས་ཏེ་ཡུལ་དབུས་སུ་འཕགས་སོ། །དེ་དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས་དེ་དག་གིས་ཟོང་མཁོས་སུ་ཕབ་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བ་དེར་དོང་ནས་ཕྱིན་པ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་བདག་ཅག་སངས་རྒྱས་བཅོམ་ལྡན་འདས་ལྟ་བར་འདོད་དོ། །ཤེས་ལྡན་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་བལྟ་བར་བྱ་བ་རིན་པོ་ཆེ་ཁོན་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལྟ་སྟེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ལྟར་བལྟ་བ་དང་འབྱུང་བ་དཀོན་པ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་པ་ལྔ་བརྒྱ་པོ་དེ་དག་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ་མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཚོང་པ་དེ་དག་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་ཚོང་བ་དེ་དག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་ནས། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་གཙུག་ལག་ཁང་བལྟ་བར་བརྩམས་པ་དང༌། ཚོང་པ་དེ་དག་གིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་མལ་དག་ནི་གདིང་བ་དབུས་རྡོལ་བ་དག་མཐོང་ངོ༌། །མཐོང་ནས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཅིའི་ཕྱིར་དགེ་སློང་གནས་བརྟན་གནས་བརྟན་འདི་དག་གི་གདིང་བ་དག་དབུས་རྡོལ་བར་གྱུར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་ཉིད་ཆེན་པོ་འདི་དག་ནི་ཕལ་ཆེར་མཚན་མོ་སྐྱིལ་མོ་ཀྲུང་གིས་འདའ་བར་བྱེད་དོ། །དེ་དག་སེམས་མངོན་
པར་དད་པར་གྱུར་ནས། དད་པ་སྐྱེས་པ་དེ་དག་གིས་དགེ་སློང་རྣམས་ལ་རས་ཡུག་ཆེན་ལྔ་བརྒྱ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་གདིང་བ་རྙིང་པ་དེ་དག་ཁང་པ་ཆེན་པོའི་གཙུག་ལག་ཁང་བླ་གབ་མེད་པ་ཞིག་ཏུ་གཞག་གོ །དེའི་ཚེ་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང༌། དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབ་པར་མཛད་དེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་ལ་བཞེད་པ་དང་ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་དང༌། ནད་པ་ལ་བལྟ་བར་བཞེད་པ་དང༌། གནས་མལ་ལ་རྟོག་པར་བཞེད་པ་དང༌། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པའོ། །དོན་འདིར་ནི་བཅོམ་ལྡན་འདས་གནས་མལ་ལ་རྟོག་པར་བཞེད་པ་དང༌། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བཞེད་པས་རྫས་ལས་བྱུང་བ་ན་བཞུགས་ཤིང་བསོད་སྙོམས་མངོན་པར་བསྒྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། ལྡེ་མིག་བསྣམས་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆགས་ནས་འཆགས་པ་དང༌། གོལ་བ་ནས་གོལ་བར་གཤེགས་ཤིང་མཐར་གྱིས་གཤེགས་པ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གདིང་བ་རྙིང་པ་རྡོལ་བ་དང་རལ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་གོ །བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་རྡོལ་བ་དང་རལ་བ་ས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་དག་གཟིགས་སོ། །གཟིགས་ནས་ཀྱང་ཨེ་མ་ཞེས་གསུང་ཞིང་སྨད་ནས་འདི་སྙམ་དུ་དགོངས་ཏེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་
པགས་པ་དང་ཤ་དང་ཁྲག་དག་བཙིར་ཞིང་བཙིར་ཞིང་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ་དགེ་སློང་དག་དྲོད་མི་ཤེས་པ་དང༌། སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདིང་བ་རྙིང་པ་དེ་དག་ལེགས་ལེགས་པར་བརྟུལ་ཞིང་སྤྲུགས་ནས་བཏིང་ཞིང་བསྐམས་ཏེ་རྩིག་པ་ལ་མི་རེག་པར་མཛད་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བསིལ་ཏེ། ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་བསོད་སྙོམས་བསྒྲུབས་པས་བསོད་སྙོམས་བླངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་བསོད་སྙོམས་སྒྲུབ་པའི་དགེ་སློང་ལ་དགེ་སློང་ཇི་ལྟར་ཟས་བསོད་དམ་དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་འདིས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་བསོད་སྙོམས་བསྒྲུབ་པ་ལ། དགེ་སློང་ཇི་ལྟར་ཟས་བསོད་དམ། དགེ་སློང་གི་དགེ་འདུན་ཚིམ་པར་བྱས་སམ་ཞེས་སོ་སོར་ཀུན་དགའ་བར་མཛད་པ་དང༌། དེས་གསོལ་པ་དང༌། བཙུན་པ་ཏེ་པོར་ཟས་བསོད་ཅིང་དགེ་སློང་གི་དགེ་འདུན་ཚིམ་པར་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས། གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བསིལ་ཏེ་ནང་དུ་ཡང་དག་འཇོག་གི་སླད་དུ་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་ངས་དགེ་སློང་གི་དགེ་འདུན་སོང་ནས་རིང་པོ་མ་ལོན་པར་ཤེས་ནས། ལྡེ་མིག་ཁྱེར་ཏེ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར། གཙུག་ལག་ཁང་ནས་གཙུག་ལག་ཁང་དུ། ཁང་ཁྱིམ་ནས་ཁང་ཁྱིམ་དུ། འཆགས་ནས་འཆག་སར་དང༌། གོལ་བ་ནས་གོལ་བར་སོང་ཞིང་མཐར་གྱིས་འགྲོ་བ་ན་ཁང་པ་ཆེན་པོའི་གཙུག་ལག་ཁང་ཞིག་གལ་བ་དེར་ཕྱིན་ནས། ངས་ཁང་པ་ཆེན་པོའི་གཙུག་ལག་ཁང་དེ་ན་གདིང་བ་
རྙིང་པ་རྡོལ་བ་དང༌། རལ་བས་རྡུལ་གྱི་ཕྱེ་མ་དང་འདྲེས་པ་རབ་ཏུ་མང་པོ་དག་ས་ལ་བཀྲམ་ཞིང་འདུག་པ་མཐོང་ངོ༌། །མཐོང་ནས་ཀྱང་ཨེ་མ་ཞེས་བྱས་ཏེ་སྨད་ནས་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་པགས་པ་དང་ཤ་དང་ཁྲག་དག་བཙིར་ཞིང་བཙིར་ཞིང་སྦྱིན་པ་དག་སྦྱིན་བསོད་ནམས་དག་བྱེད་པ་གང་ཡིན་པ་དེ་ལ། དགེ་སློང་དག་དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་དགོངས་ཀྱི། དགེ་སློང་དག་ཁྱེད་ཀྱིས་དད་པས་སྦྱིན་པར་བྱ་བ་ལ་དྲོད་རན་པར་ཡོངས་སུ་ལོངས་སྤྱོད་པ་དང༌། སྤང་ཞིང་ཡོངས་སུ་ལོངས་སྤྱད་པ་དང༌། དུས་སུ་ཡོངས་སུ་ལོངས་སྤྱད་པ་དང༌། བརྟག་ཅིང་བརྟག་ཅིང་ཡོངས་སུ་ལོངས་སྤྱད་པ་དང༌། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་ན་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲོད་རན་པ་དང༌། སྤང་བ་དང༌། དུས་དང༌། བརྟག་པ་དང༌། ཁད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གདིང་བ་སར་པ་སྤྱོད་ནས་རབ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་དྲོད་མི་ཤེས་པ་དང་སོ་སོར་མི་རྟོག་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་པ། ཉེས་པ་ནི་གདིང་བ་སར་པ་ལ་རྙིང་པས་མ་གླན་པར་རྙིང་པ་བོར་བའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་པའོ། །སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང་རྙེད་པས་སར་བའོ། །དོན་འདིར་ནི་གསར་པས་སར་པ་ཡིན་པར་དགོངས་སོ། །བྱེད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱེད་དམ་གཞན་བྱེད་དུ་འཇུག་པའོ། །
སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སར་བ་སྲ་བར་བྱ་བའི་ཕྱིར་རོ། །གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བ་གཞན་ཡོད་ནའོ། །བདེ་བར་གཤེགས་པའི་ཞེས་བྱ་བ་ནི་སྟོན་པའོ། །བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་དོ་ཡོད་དོ། །འཁོར་བས་ཞེས་བྱ་བ་ནི་ཀུན་ནས་མཐོ་རེ་ཡོད་པས་སོ། །གླན་པར་བྱའོ་ཞེས་བྱ་བ་ནི་སྦྱར་བར་བྱ་བའོ། །གལ་ཏེ་དགེ་སློང་གིས་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་ཞེས་བྱ་བ་ནི་མ་སྦྱར་རོ། །གདིང་བ་སར་པ་སྤྱོད་ན་ཞེས་བྱ་བ་ནི་གདིང་བའི་དགོས་པར་སྤྱོད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོམ་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་སར་པ་སྤྱོད་ན་སྤྱད་པར་བརྩམས་པའི་ཚེ་ཉིད་ན་མཐོ་གང་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་མཐོ་གང་གི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་བདེ་བར་གཤེགས་པའི་མཐོ་གང་གིས་གླན་དགོས་པའི་གདིང་བ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་མཐོ་གང་གིས་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་
བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །གལ་ཏེ་གདིང་བ་རྙིང་པ་རིལ་གྱིས་ཡོད་ན་དེས་དེ་ལྟར་བྱ་སྟེ། དེའི་ན་སྨད་པ་མེད་དོ། །གལ་ཏེ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་ཙམ་ཞིག་ཡོད་ན་ཡང་དེས་དེ་ལྟར་བྱ་སྟེ། དེ་ལ་ན་སྨད་པ་མེད་དོ། །གལ་ཏེ་གདིང་བ་རྙིང་པ་མི་སྲ་བ་བཅོས་པར་ནུས་པ་ཞིག་ཡོད་ན་ཡང་དེས་དེ་ལྟར་བྱ་སྟེ། དེ་ལ་ན་སྨད་པ་མེད་དོ། །གལ་ཏེ་གདིང་བ་རྙིང་པ་དམ་དུམ་མཐུད་ཅིང་སྦྱར་དུ་རུང་བ་ཞིག་ཡོད་ན་ཡང་དེས་དེ་ལྟར་བྱ་སྟེ། དེ་ལ་ན་སྨད་པ་མེད་དོ། །གདིང་བ་སར་པ་ཤོས་གསར་པས་སར་པ་ཡིན་ན་དེས་དེ་ལྟར་བྱ་སྟེ། དེ་ལ་ན་སྨད་པ་མེད་དོ། །རང་གིས་བྱས་པ་དང༌། གཞན་བྱེད་དུ་བཅུག་པ་ལན་སྨད་པ་མེད་དོ། །གདིང་པའི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །རྒྱུ་རུང་བ་ལ་ན་སྨད་པ་མེད་དོ། །གདིང་བའི་ཚད་ནི་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། ཞེང་དུ་བདེ་བར་གཤེགས་པའི་མཐོའི་མཐོ་ཕྱེད་དང་དོ་སྟེ། གདིང་བ་གསར་པས་སར་པ་ཚད་དེ་དག་དང་དེ་དག་པས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གདིང་བ་གསར་པས་སར་པ་བྱས་པ་དང༌། གདིང་བ་རྙིང་པ་ཡོད་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གདིང་བ་གསར་པས་སར་པ་དང༌། བྱས་པ་དང་གདིང་བ་རྙིང་པ་ཡོད་པ་དང༌། བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་དང་སྤྱོད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་གདིང་བ་གསར་པས་སར་པ་དང༌། བྱས་པ་ཞེས་སྨོས་པ་ནི། གསར་པས་སར་པ་མ་ཡིན་པ་དང༌། མ་བྱས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །གདིང་བ་རྙིང་པ་ཡོད་པ་ཞེས་སྨོས་པ་ནི་གདིང་བ་རྙིང་པ་མེད་པ་ལ་ལྟུང་བར་མི་འགྱུར་བའི་ཕྱིར་རོ། །བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་ཞེས་སྨོས་པ་ནི་ཆད་དེ་ཙམ་དང༌། དེ་བས་ཆེ་བས་གླན་པ་ལ་ནི་ལྟུང་བ་མེད་ལ། དེ་བས་ཆུང་བས་གླན་པ་ལ་ནི་སྨད་པའི་ཕྱིར་རོ། །སྦྱོར་བ་ཉིད་ཅེས་སྨོས་པ་ནི་རང་གིར་མི་སྦྱོར་བར་ལྟུང་
བ་མེད་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་གདིང་བ་གཅིག་གམ་གཉིས་སམ་མང་པོ་ཞིག་བྱེད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མཐོ་གང་གི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལམ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རྒྱུ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཚད་པས་ཚུང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། གཞན་གྱིས་བྱས་པ་ལ་ཡོངས་སུ་ལོངས་སྤྱོད་པ་དང༌། རྙིང་པའི་བྱི་དོར་མངོན་པར་འདུ་བྱེད་པ་ལ་ལྟུང་བ་མེད་དོ། །གདིང་བ་གསར་པ་ཕ་མ་བྱས་པ་དང༌། རྙིང་པ་མི་བདོག་པ་དང༌། བདེ་བར་གཤེགས་པའི་མཐོ་གང་གིས་གླན་པ་དང་མི་སྤྱོད་པ་ལ་ལྟུང་བ་མེད་དོ། །གདིང་བ་རྙིང་པ་རིལ་གྱིས་མི་བདོག་པ་དང༌། བདེ་བར་གཤེགས་པའི་མཐོ་གང་ཙམ་ཡང་མི་བདོག་པ་དང༌། མི་སྲ་བར་བཅོས་བར་མི་ནུས་པ་དང༌། དམ་དུམ་མཐུད་ཅིང་སྦྱར་དུ་མི་རུང་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མཐོ་གང་གི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གདིང་བ་རྙིང་པ་རིལ་གྱིས་བདོག་གམ། བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཙམ་ཞིག་བདོག་གམ། མི་སྲ་བར་བཅོས་པར་ནུས་པ་ཞིག་བདོག་གམ། དམ་དུམ་མཐུད་ཅིང་སྦྱར་དུ་རུང་བ་ཞིག་བདོག་ན་ཡང་དེ་དག་གིས་ཅི་རིགས་པར་གླན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མཐོ་གང་གི་སྤང་བ་སྟེ་བཅོ་ལྔ་པ་བཤད་
ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅོ་ལྔ་པ། བལ་ཐོགས་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དྲུག་སྡེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང༌། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་བའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང༌། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བ་ག་ལ་འགྱུར་གྱི་ཡུ་བུ་ཅག་ཀྱང་འདོད་ངོ༌། །གང་དུ་འདོང༌། གང་དུ་འདྲོན་པ་དོན་མཐུན་འགྲུབ་པར་རོ། །དེ་དག་གིས་བསམས་པ། གལ་ཏེ་ཐམས་ཅད་འདོང་བར་གྱུར་ན་བདག་ཅག་གི་སློང་མོ་སྟེར་བའི་ཁྱིམ་གང་དག་ཡིན་པ་དེ་དག་ཀྱང་ལྷུང་བཟེད་ནག་པོ་ཅན་དག་གིས་ཁ་ཕྱིན་པར་འགྱུར་གྱིས་བདག་ཅག་གིས་གཅིག་གཞག་སྟེ་འདོང་བར་བྱ་ན་སུ་གཞག་པར་བྱ། བཙུན་པ་འཆར་ཀའོ། །བཙུན་པ་འཆར་ཀ་ཁྱོད་ནི་འདི་ཉིད་དུ་འདུག་ཤིག་དང༌། ཁོ་བོ་ཅག་འདོང་བར་བྱའོ། །དེ་བཞིན་གྱིས་ཤིག་ཅེས་འཆར་ཀ་དེ་ཉིད་དུ་འདུག་གོ །ལྔ་པོ་དག་གིས་འདྲོན་པ་དོན་མཐུན་བཙལ་བར་བརྩམས་པ་དང༌། དེ་དག་གིས་བལ་ཡུལ་དུ་འགྲོ་བའི་འདྲོན་པ་དོན་མཐུན་མཐོང་ནས་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་གང་དུ་འདོང༌། འཕགས་པ་དག་བལ་ཡུལ་དུའོ། །བཞིན་བཟངས་དག་ཁོ་བོ་ཅག་ཀྱང་ཁྱེད་དང་ལྷན་ཅིག་འདོང་ངོ༌། །འཕགས་པ་དག་བལ་ཡུལ་ནི་རྔ་མོའི་རྒྱབ་འདྲ་བ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ཡུལ་མཐོང་པར་འགྱུར་གྱི་འདོང་བར་བྱའོ། །འཕགས་པ་དག་གལ་ཏེ་དེ་ལྟ་ན་ཚུར་སྤྱོན་བཞུད་དོ། །དྲུག་སྡེ་དག་འདྲོན་པ་དོན་མཐུན་དེ་དང་ལྷན་ཅིག་བལ་ཡུལ་དུ་འཕགས་ནས་མཐར་གྱིས་བལ་ཡུལ་དུ་ཕྱིན་པ་དང༌། ཉི་མ་གང་ཁོ་ན་ལ་བལ་ཡུལ་དུ་ཕྱིན་པའི་ཉི་མ་དེ་ལ་མངོན་པར་མི་དགའ་
བར་གྱུར་ནས། དེ་དག་ནང་པར་སྔར་ལངས་ཏེ་ལམ་སྲང་དུ་དོང་བ་དང༌། ཚོང་པ་དག་གིས་དྲུག་སྡེ་དག་མཐོང་ནས་དེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་བལ་ཡུལ་ཇི་འདྲ། ཁྱེད་ཅག་མངོན་པར་མི་དགྱེས་པར་མ་གྱུར་ཏམ། བཞིན་བཟངས་དག་ཉི་མ་གང་ཁོ་ན་ལ་བལ་ཡུལ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ཏོ། །འཕགས་པ་དག་བདག་ཅག་གིས་ཁྱེད་ལ་དང་པོ་ཁོ་ན་ནས་བལ་ཡུལ་ན་ནི་རྔ་མོའི་རྒྱབ་འདྲ་བ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ་ཞེས་མ་བགྱིས་སམ། བཞིན་བཟངས་དག་ཇི་དེ་ལྟ་ན་འགྲོའམ། འདོང་ངོ༌། །འཕགས་པ་དག་བདག་ཅག་གིས་ཟོང་མ་བསྒྱུར་ཏེ། དེ་ལྟར་ལགས་མོད་ཀྱི་འོན་ཀྱང་བདག་ཅག་དང་བཤེས་པའི་ཚོང་པ་གཞན་དག་མཆིས་པ་དེ་དག་གིས་ཟོང་བསྒྱུར་བས། དེ་དག་ལ་གཏད་པར་བགྱི་ཡིས་དེ་དག་དང་ཐབས་ཅིག་ཏུ་བཞུད་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་མ་ནོངས་ཀྱི་དེ་བཞིན་བགྱིའོ། །བལ་ཡུལ་ན་བལ་དང་ལྡོང་རོས་གཉིས་མོད་པས། འདྲོན་པ་དོན་མཐུན་དེ་དག་གིས་བལ་གྱིས་ཤིང་རྟ་བཀྲམ་སྟེ་ཆས་པ་དང༌། དྲུག་སྡེ་དག་ཀྱང་འདྲོན་པ་དོན་མཐུན་པ་དེ་དག་དང་ལྷན་ཅིག་འཕགས་སོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་རྡུལ་གྱིས་འཇིགས་པས་ཡང་ན་ནི་དོན་མཐུན་གྱི་མདུན་དུ་འགྲོ། །ཡང་ན་ནི་ཕྱི་བཞིན་འབྲང་ཞིང་འགྲོ་བས། དེ་དག་དོན་མཐུན་གྱི་ཕྱི་བཞིན་འགྲོ་བར་བརྩམས་པ་དང༌། ཇི་ཙམ་ན་ཚོང་པ་དེ་དག་གི་ཤིང་རྟའི་སྲོག་ཤིང་ཆག་ནས་ཚོང་བ་དེ་དག་གིས་བསམས་པ། གལ་ཏེ་ཤིང་རྟའི་སྲོག་ཤིང་བཅོས་ན། སྒྲས་ཆོམ་རྐུན་པ་དག་འོང་བར་འགྱུར་ཞིང༌། དེ་དག་གིས་དང་པོར་བདག་ཅག་གསང་པར་འགྱུར་ལ་དེའི་འོག་ཏུ་ནོར་ཡང་འཕྲོག་པར་འགྱུར་གྱི། བདག་ཅག་གིས་གཅེས་པ་དག་ཁྱེར་ཏེ་འདོང་ངོ་སྙམ་ནས་ཡིད་མི་དགའ་ཞིང་འཁོད་པ་དང༌། དྲུག་སྡེ་དག་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཡིད་མི་དགའ་ཞིང་འཁོད། འཕགས་པ་དག་ཤིང་རྟའི་སྲོག་ཤིང་ཆག་སྟེ། གལ་ཏེ་ཤིང་རྟའི་སྲོག་ཤིང་བཅོས་ན་སྒྲས་ཆོམ་རྐུན་པ་དག་མཆི་བར་འགྱུར་ཞིང་དེ་དག་གིས་དང་པོར་བདག་ཅག་བཀུམ་པར་འགྱུར་ལ། དེའི་འོག་
ཏུ་ནོར་ཡང་འཕྲོག་པར་འགྱུར་བས་བདག་ཅག་གིས་གཅེས་པ་དག་འཚལ་ཏེ་མཆིའོ་སྙམ་ནས་ཡིད་མི་དགའ་ཞིང་མཆིས་སོ། །བཞིན་བཟངས་དག་ཁྱེད་ཀྱིས་བལ་དག་ཡོངས་སུ་བཏང་ངམ། གལ་ཏེ་ཁྱེད་ཅག་ལ་མི་གནོད་ན་ཞྭ་དང་ལྷམ་སྒྲོ་གུ་ཅན་དང༌། སྟོད་ཀོར་ནང་ཚངས་ཅན་དང་རྒྱ་ཅང་དང་ལྕག་པོད་དང་ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་ཅུང་ཞིག་བསྐུར་རོ། །འཕགས་པ་དག་བདག་ཅག་ལ་འདིས་ཅི་བགྱི། ཐམས་ཅད་སྣོམས་ཤིག །དྲུག་སྡེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་ཕྱག་དར་ཁྲོད་རྙེད་ངོ་ཞེས་དེ་དག་གིས་ལྔ་ཆར་གྱི་ལྷུང་བཟེད་དང་ཆོས་གོས་དག་གཅིག་ལ་བསྐུར་ནས། མི་བཞིས་དེ་ཉིད་ལས་ཐག་པ་བཀལ་ཏེ། ཁུར་པོ་ཆེ་བཞི་དྲགས་ནས་དེ་དག་གིས་དེ་ཁུར་ཏེ་དོང་ངོ༌། །དེ་དག་གིས་ཁུར་དེ་དག་ཁྱེར་ཏེ། འཕགས་པ་དང༌། ཚོང་བ་དེ་དག་གིས་དྲུག་སྡེ་དག་བལ་གྱི་ཁུར་བསླང་སྟེ་ཕྱི་བཞིན་འོང་བ་མཐོང་ནས་སྨྲས་པ། འཕགས་པ་དག་བདག་ཅག་གིས་གླ་མི་དག་ཁྲིད་དེ་མཆིའོ་སྙམ་དུ་བསམས་ན་ཁྱེད་ཅག་གིས་བལ་འདི་ཐམས་ཅད་བསྣམས་ཏེ་བྱིན་གྱིས་འཕགས་པ་དག་ལ་གླ་གསོལ་ལོ། །བཀྲེན་པ་དག་ཁོ་བོ་ཅག་ཁྱེད་ཀྱི་གླ་མི་དག་ཡིན་ནམ། འཕགས་པ་དག་མེད་ཀྱང་བཞད་གད་བགྱིའོ། །དོན་མཐུན་དེའི་ནང་དུ་མུ་སྟེགས་ཅན་དག་ཅིག་འདོང་བ་དེ་དག་གིས་སྨྲས་པ། ཀྱེ་མ་དྲུག་སྡེ་དག་ཁྱེད་ཅག་གང་དུ་ཁུར་འཇིག་པར་འགྱུར། གང་དུ་རྙེད་པ་འགྲུབ་པར་འགྱུར། མུ་སྟེགས་ཅན་དག་ཁྱེད་ཀྱི་མའི་ལྟོ་དྲལ་ཏེ་དེར་འཇིག་པར་འགྱུར་ཞིང༌། དེར་རྙེད་པ་འགྲུབ་པར་འགྱུར་རོ། །དྲུག་སྡེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་གལ་ཏེ་དོན་མཐུན་དང་ལྷན་ཅིག་འདོང་ན་ཐོ་འཚམས་པ་མང་དུ་འབྱུང་གི །དོན་མཐུན་གྱི་མདུན་དུ་འདོང་ངོ་ཞེས་དེ་དག་དོན་མཐུན་གྱི་མདུན་དུ་འཕགས་ཏེ་དོང་བ་དང༌། རི་བྲགས་ཤིག་ན་ཆོམ་རྐུན་པ་བཅད་པའི་ཕྱིར་ཡང་རྒོད་ཀྱི་མི་མང་པོ་བཀོད་ཅིང་འཁོད་པ་དེ་དག་གིས་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ༌། །མཐོང་ནས་ཀྱང་ཉམ་ང་བར་གྱུར་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་གླང་པོ་ཆེ་དང་བཅས་པའི་དམག་བྱུང་ངོ་ཞེས་རི་བྲགས་པ་དེ་དག་ཐམས་ཅད་སྐྲག་
ནས་ནགས་ཁྲོད་དུ་བྱེར་རོ། །དེ་དག་གི་ནང་ནས་ཁ་ཅིག་གིས་སྨྲས་པ། འདི་དག་ནི་གླང་པོ་ཆེ་དང་བཅས་པའི་དམ་ག་མ་ཡིན་གྱི་འདི་ལྟར་རྔ་མོ་དག་ཅིག་འོངས་པ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། འདི་དག་ནི་རྔ་མོ་མ་ཡིན་གྱི་འདི་ལྟར་གླང་དག་ཅིག་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། འདི་དག་གླང་མ་ཡིན་གྱི་འདི་དག་ནི་ཁུར་ཐོགས་པ་དག་ཅིག་ཡིན་ནོ། །དེ་དག་ཐག་ཉེ་བར་གྱུར་པ་དང༌། ཡང་རྒོད་དེ་དག་གིས་ངོ་ཤེས་ཏེ་སྨྲས་པ། འཕགས་པ་དག་ཁྱེད་ཅག་འདི་ལྟ་བུའི་ཁུར་དག་ཐོགས་པས་དེའི་ཕྱིར་རི་བྲགས་པ་ཐམས་ཅད་སྐྲག་སྟེ། ནགས་ཁྲོད་དུ་ཕྱིར་རོ། །བཀྲེན་པ་དག་གལ་ཏེ་ཆོམ་རྐུན་པ་དག་གིས་ཁྱེད་ཅག་དེ་ལྟར་བྲེད་ངས་པར་ཤེས་པར་གྱུར་ན་ཉིན་མོའི་ཉི་མ་ཁོ་ན་ལ་ཡང་བཅིངས་ཏེ་ནགས་ཁྲོད་དུ་ཁྲིད་པར་འགྱུར་རོ། །ཀྱེ་དགའ་བོ་ཉེ་དགའ་གལ་ཏེ་ལམ་དུ་འདོང་ན་ཐོ་འཚམས་པ་མང་དུ་འབྱུང་གི་ལམ་གོལ་བར་འདོད་དོ་ཞེས་དེ་དག་ལམ་གོལ་བར་ཞུགས་ཏེ་དོང་བ་དང༌། ཤོ་གམ་པ་དག་གིས་ཚོང་པ་ཤོ་གམ་འདྲལ་བ་བསྒུགས་པའི་ཕྱིར་འགག་སྒུགས་པའི་མི་མང་པོ་དག་བཀོད་ཅིང་འཁོད་པ་དེ་དག་གིས་དེ་དག་མཐོང་ནས་སྨྲས་པ། ཨེ་མའོ་ཚོང་པ་ཤོ་གམ་འདྲལ་བ་དག་ཅིའི་ཕྱིར་ཤོ་གམ་འདྲལ་ཏེ་འདོང༌། བཀྲེན་པ་དག་ཁོ་བོ་ཅག་ཁྱེད་ཀྱི་ཚོང་པ་ཤོ་གམ་འདྲལ་བ་དག་ཡིན་ནམ། ཁྱེད་ཅག་སུ་ཡིན། འཕགས་པ་དྲུག་སྡེ་དག་གམ། ཡིན་ནོ། །བཞུད་ཅིག །དེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་གལ་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ནས་ཞུགས་ན་ལྷུང་བཟེད་ནག་པོ་ཅན་དག་ལས་ཐོ་འཚམས་བ་མང་དུ་འབྱུང་གི །སྒེའུ་ཆུང་ནས་འཇུག་པར་བྱའོ་ཞེས་དེ་དག་སྒེའུ་ཆུང་ནས་ཞུགས་པ་དང༌། རྒན་ཞུགས་ཞིག་གིས་མཐོང་ནས་དེས་སྨྲས་པ། ཨེ་མ་འོ་ཁུར་ཙ་བ་དག་ཅིའི་ཕྱིར་གྲོང་དྲལ་ཏེ་འཇུག་པར་བྱེད། རྒན་ཞུགས་ཁོ་བོ་ཅག་ཁྱོད་ཀྱི་ཁུར་ཙ་བ་དག་ཡིན་ནམ། དེས་སྨྲས་པ་ཁྱེད་ཅག་སུ་ཡིན། ཚེ་དང་ལྡན་པ་དྲུག་སྡེ་དག་གམ། ཡིན་ནོ། །ཚེ་དང་ལྡན་པ་དག་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །དེ་དག་ནང་དུ་ཞུགས་ནས་དེ་དག་གིས་བལ་གྱི་ཁུར་དེ་དག་བཤིག་པ་དང༌། རི་རབ་ཀྱི་རྣམ་པ་འདྲ་བའི་ཕུང་པོ་ཆེན་པོར་རྣམ་པར་གནས་སོ། །དེ་དག་ལ་དགེ་སློང་རྣམས་
ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཁུར་འདི་ལྟ་བུ་དག་ཐོགས་ན་ཁྱོད་ལ་ཐོ་འཚམས་པ་དག་མི་འབྱུང་ངམ། ཚེ་དང་ལྡན་པ་དག་ཇི་ཁོ་བོ་ཅག་གིས་ཁ་ཟས་བཟའ་བ་ཁོ་ནའི་ཕྱིར་མངོན་པར་བསྒྲུབས་སམ། གང་ཁོ་བོ་ཅག་ལ་ཐོ་འཚམས་བར་བྱེད་པ་དེ་ལ་ཁོ་བོ་ཅག་གིས་ཀྱང་ཉིས་བསྒྱུར་སྦྱིན་པར་བྱའོ་ཞེས་ཟེར་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་ཁེངས་པར་བྱེད་ཅེས་སྨོད་པར་བྱེད། །ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བསྐུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འདོད་ཞེན་དང་ངོ་ཚ་མེད་པ། ཉེས་པ་ནི་རྒྱང་གྲགས་ཀྱི་མཐར་བལ་ཁུར་བའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལམ་དུ་ཞུགས་པས་ཞེས་བྱ་བ་ནི་དགོན་པའི་ལམ་དུ་ཞུགས་པས་སོ། །ལུག་བལ་དག་ཅེས་བྱ་བ་ནི་ལུག་གི་བལ་དག་གོ །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་སློང་དེས་བླང་བར་བྱའོ་ཞེས་བྱ་བ་ནི་མནོད་པར་བྱ་བའོ། །བླངས་ནས་ཁྱེར་བ་མེད་ན་ཞེས་བྱ་བ་ནི་རུང་བར་བྱེད་པ་མེད་ནའོ། །དཔག་ཚད་གསུམ་གྱི་མཐའི་བར་དུ་ཞེས་བྱ་བ་ནི་དཔག་ཚད་གསུམ་གྱི་མཐར་ཐུག་པའི་བར་ཚུན་ཆད་དུའོ། །བདག་ཉིད་ཀྱིས་བསྐུར་བར་བྱའོ་ཞེས་བྱ་བ་ནི་བདག་རང་གིས་བསྐུར་བར་བྱའོ། །དེ་ལས་
འདས་པར་ཁྱེར་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ཅིང་བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་ལས་རྒྱང་གྲགས་གཅིག་གི་མཐའ་ལས་འདས་པར་ཁྱེར་ན་བལ་ཐོགས་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་བལ་ཐོགས་པའི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ལུག་བལ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ་དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་བལ་ཐོགས་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ཁྱེར་བ་མེད་པ་ལ་དཔག་ཆད་གསུམ་ལས་འདས་པའི་མཐའ་ནས་རྒྱང་གྲགས་གཅིག་གི་མཐར་ཕྱིན་པ་ལ་ན་སྨད་པ་མེད་དོ། །ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་གཞི་ཉིད་ནས་བརྩམས་ཏེ་རྒྱང་གྲགས་གཅིག་གི་མཐར་ཕྱིན་པ་ལ་ན་སྨད་པ་མེད་དོ། །ལུག་བལ་གྱི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །བལ་རུང་བ་ལ་ན་སྨད་པ་མེད་དོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང་སྟོད་ཀོར་ནང་ཚངས་ཅན་དང་རྒྱ་ཅང་དང་ལྕག་པོ་དང་ཤུར་བུ་ཕྲེའུ་ལ་སོགས་པ་དེ་ཙམ་
དག་གི་རྒྱུའི་ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ལུག་བལ་རུང་བ་དང་རྒྱང་གྲགས་ཀྱི་མཐར་ཁྱེར་བ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་དང་རུང་བ་དང༌། ཞྭ་རྒྱུ་ལ་སོགས་པའི་ཚད་ལས་ལྷག་པ་དང༌། རང་གིས་ཁྱེར་བ་དང་རྒྱང་གྲགས་ཀྱི་མཐར་ཕྱིན་པའོ། །དེ་དག་ལ་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་ལུག་བལ་དང་རུང་བ་ཞེས་སྨོས་པ་ནི་ལུག་བལ་མ་ཡིན་པ་དང༌། ར་བལ་ལ་སོགས་པ་རུང་བ་མ་ཡིན་པ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །ཞྭ་རྒྱུ་ལ་སོགས་པའི་ཚད་ལས་ལྷག་པ་ཞེས་སྨོས་པ་ནི་དེ་དག་གི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ནི་ཉེས་པ་མེད་ལ་དེ་དག་གི་དོན་མ་ཡིན་པར་དེ་ཙམ་དག་ཁྱེར་བ་ལ་ནི་ན་སྨད་པའི་ཕྱིར་རོ། །རང་གིས་ཁྱེར་བ་ཞེས་སྨོས་པ་ནི་གཞན་གྱིས་བསྐུར་བ་ལ་ཉེས་པ་མེད་པའི་ཕྱིར་རོ། །རྒྱང་གྲགས་ཀྱི་མཐར་ཕྱིན་པ་ཞེས་སྨོས་པ་ནི་རྒྱང་གྲགས་ཕྱེད་དུ་ཕྱིན་པ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་ལུག་བལ་རུང་བ་ཞྭ་རྒྱུ་ལ་སོགས་པའི་ཚད་ལས་ལྷག་པའི་ཆུན་པོ་གཅིག་གམ་གཉིས་སམ་མང་པོ་ཞིག་ཁྱེར་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །རྒྱང་གྲགས་ཀྱི་མཐར་ཕྱིན་པ་ཞེས་སྨོས་པ་དེ་ལ་འདིར་རྒྱང་གྲགས་དང་དཔག་ཚད་ཀྱི་ཚད་རྡུལ་ཕྲ་རབ་ལ་སོགས་པ་ལས་བསྒྱུར་ཏེ་བསྒྲེ་བ་བསྟན་པའི་ཕྱིར་རྡུལ་ཕྲ་རབ་དང་རྡུལ་ཕྲ་མོ་དང༌། ཆུ་དང་ལྕགས་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་རྡུལ་དང༌། སྲོ་མ་དང༌། ཤིག་དང་ནས་དང་སོར་རྣམས་ནི་སྔ་མ་དྲུག་ལས་ཕྱི་མ་གཅིག་ཏུ་བསྒྲེའོ། །སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ༌། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུ་གཅིག་གོ །གཞུ་ལྔ་བརྒྱ་ལ་ཡང་རྒྱང་གྲགས་གཅིག་གོ །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ །དགོན་པའི་དང་པོ་ཡང་རྒྱང་གྲགས་གཅིག་གི་མཐའོ་ཞེས་གསུངས་སོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བལ་ཐོགས་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་
རེ་རེའོ། །བལ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཞྭ་རྒྱུ་ལ་སོགས་པའི་ཚད་དང་དེ་བས་ཆུང་བ་དེ་དག་གི་དོན་མ་ཡིན་པར་ཁྱེར་བ་ལ་ཉེས་བྱས་སོ། །ཁྱེར་བ་མེད་པ་ན་བདག་ཉིད་ཀྱིས་དཔག་ཚད་གསུམ་གྱི་མཐའ་ནས་བརྩམས་ཏེ་རྒྱང་གྲགས་ཕྱེད་དུ་ཁྱེར་ན་ཉེས་བྱས་སོ། །ཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་ནི་རྩོམ་པའི་དུས་ཁོ་ན་ནས་ཉེས་བྱས་གཞན་གཅིག་གོ །རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་གཞན་གཅིག་གོ །རྫུ་འཕྲུལ་ལས་གཞན་པས་ནམ་མཁའ་ལ་ལ་ཁྱེར་ཏེ་འགྲོ་ན་ཉེས་བྱས་སོ། །སྤྲུལ་པས་ཁྱེར་ཏེ་འགྲོ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་ཁྱེར་བ་མེད་ན་བདག་ཉིད་ཀྱིས་དཔག་ཚད་གསུམ་གྱི་བར་དུ་ཁྱེར་བ་ལ་ལྟུང་བ་མེད་དོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང༌། སྟོད་ཀོར་ནང་ཚངས་ཅན་དང་རྒྱ་ཅང་དང་ལྕག་བོད་དང་ཤུར་བུ་ཕྲེའུ་ལ་སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ཉེས་པ་མེད་དོ། །ལས་དང་བོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བལ་ཐོགས་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ལུས་ཀྱི་ཁུར་ཕྲག་རྡང་ཞེས་བྱ་བ་ནི་མི་བསྐུར་རོ། །གློ་དང་རྒྱབ་དང་རྐེད་པ་དང་མགོ་བོ་དག་གིས་ཁུར་བ་ཡང་མི་བསྐུར་རོ། །ཁུར་ཕྱེད་ཀྱི་སྲང་ཚད་ལས་ལྷག་པ་མི་བསྐུར་རོ། །འདིར་དགེ་སློང་དང་དགེ་སློང་མ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བལ་ཐོགས་པའི་སྤང་བ་སྟེ་བཅུ་དྲུག་པ་བཤད་ཟིན་ཏོ།། །།བལ་རྨེལ་དུ་འཇུག་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་སྦྱིན་གྱི་ཀུན་དགའ་ར་བ་ན་
ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཀྱེ་དགའ་བོ་ཉེ་དགའ་བལ་བགོ་བར་བྱའོ། །ཆ་དུར་བྱ། དེ་དག་གིས་སྨྲས་པ། བདག་ཅག་གིས་བཙུན་པ་འཆར་ཀ་འདི་ཉིད་ན་འདུག་འདུག་པ་ལ་ཅིའི་ཕྱིར་སྐལ་བ་སྦྱིན་ཆ་ལྡར་བྱའོ། །འཆར་ཀས་ཐོས་ནས་དེས་སྨྲས་པ་ཚེ་དང་ལྡན་པ་དག་ཁྱེད་ཀྱིས་དེར་རྙེད་པ་གང་གྲུབ་པ་དེ་ཡང་ཁྱེད་ཉིད་ཀྱིར་གྱིས་ཤིག །ཁོ་བོ་འདི་ཉིད་ན་འདུག་འདུག་པས་རྙེད་པ་གང་གྲུབ་པ་དེ་ཡང་ཁོ་བོ་ཉིད་ཀྱིར་བྱའོ། །ཉེ་དགས་བསམས་པ། འདི་འདི་ཉིད་ན་འདུག་འདུག་པས་རྙེད་པ་མང་པོ་གྲུབ་གོར་མ་ཆག་སྙམ་ནས། དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་དུས་ཐམས་ཅད་དུ་དྲུག་སྡེ་ཡིན་ན། དེ་ཅིའི་ཕྱིར་ལྔ་སྡེར་འགྱུར་བར་བྱ། ཆ་དྲུག་ཁོ་ནར་བྱའོ། །སུ་འགོད་དུ་གཞུག །བཙུན་པ་འཆར་ཀ་སྡུམ་པ་ཡིན་གྱིས་དེ་འགོད་དུ་གཞུག་གོ །འཆར་ཀས་ཆ་དྲུག་ཏུ་བྱས་ཏེ་བདག་ཉིད་ཀྱི་སྐལ་བ་རང་གི་གནས་ཁང་དུ་བཅུག་སྟེ་གཞག་གོ །དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་ཀྱིས་རྙེད་པ་གང་གྲུབ་པ་དེ་ཁྱེར་ཤོག་བགོའོ། །འཆར་ཀས་སྨྲས་པ། ཁོ་བོས་དེའི་བར་དུ་ཀ་ཀ་ནི་གཅིག་ཙམ་ཡང་མ་རྙེད་དོ། །ཁྱོད་ཀྱིས་ཁོ་བོ་ཅག་བསླུས་སོ། །འཆར་ཀས་བསམས་པ། བདག་གིས་བལ་ཉུང་དུ་མ་ཞིག་རྙེད་པ་འདི་སུ་རྨེལ་དུ་གཞུག །གལ་ཏེ་ཁྱིམ་བདག་ལ་བཅོལ་ན་ནི་དེ་དག་བསླབ་པ་ཡང་དག་པར་མ་བླངས་པ་ཡིན་པས་ཐམས་ཅད་བརྐུ་བར་འགྱུར་རོ། །གལ་ཏེ་བཅུ་བདུན་སྡེ་དེ་དག་ལ་བཅོལ་ན་ནི་བཅའ་བའི་རིན་དུ་འཇོག་པར་འགྱུར་རོ། །ཆོས་བྱིན་ལ་བཅོལ་དུ་ཡང་ཆོས་བྱིན་ན་མདོ་སྡེའི་མཐའ་པ་ཡིན་ལ། འཁོར་ཡང་མདོ་སྡེའི་མཐའ་པ་དང་ལྡན་པ་ཡིན་པས་དེ་མདོ་སྡེའི་ཚིག་དག་སེམས་པ་ན་དུས་འགྱངས་པར་འགྱུར་རོ། །གཽ་ཏ་མའི་སྐེམ་མོ་ལ་བཅོལ་དུ་ཡང་གཽ་ཏ་མའི་སྐེམ་མོ་ནི་འདུལ་བ་འཛིན་པ་ཡིན་ལ་འཁོར་ཡང་འདུལ་བ་འཛིན་པ་དང་ལྡན་པ་ཡིན་པས་དེ་འདི་ནི་ལྟུང་བ་ཡིན་ནོ། །འདི་ནི་ལྟུང་བ་མ་ཡིན་ནོ་ཞེས་སེམས་པ་ན་དུས་འགྱངས་པར་འགྱུར་རོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ནི་སྤོང་བ་ཡིན་ལ་འཁོར་ཡང་སྤོང་བ་དང་ལྡན་པ་ཡིན་པས་དེ་སེམས་རྩེ་གཅིག་ཏུ་འཇོག་པ་ལ་བལ་རྨེལ་བ་མི་གནོད་ཀྱི། བདག་གིས་
དེ་ལ་བལ་རྨེལ་དུ་བཅོལ་ལོ་སྙམ་ནས། དེ་དེ་སྙམ་སེམས་ཤིང་འདུག་བ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ག་ལ་བལ་བ་དེར་འོངས་པ་དེའི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་སྨྲས་པ། གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱིས་སྨོན་པ་འགྲུབ་སྟེ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་དེ་ལེགས་པར་གསུངས་པ་ཡིན་ཏེ། ད་གཟོད་ཁོ་ན་བདག་ཀྱེ་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འོངས་ན་ཅི་མ་རུང་སྙམ་པའི་བློ་སྐྱེས་ན་ཁྱོད་ཀྱང་འདིར་འོངས་སོ། །བདག་གིས་བལ་ཉུང་དུ་ཞིག་རྙེད་པ་དེ་ཁྱོད་ཀྱིས་རྨེལ་དུ་ཆུག་སྟེ་བྱིན་ཅིག །འཕགས་པ་བདག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་སླར་མཆིས་ནས། དགེ་སློང་མ་གཉིས་གཏང་གི་དེ་གཉིས་ཀྱི་སུག་པར་སྩོལ་ཅིག །འཆར་ཀས་བལ་དེ་དག་གཟར་ཐག་གིས་བམ་པོ་གཉིས་སུ་དམ་རབ་ཏུ་བཅིངས་ཏེ་སྒོ་གླེགས་ཀྱི་ཕག་ཏུ་གཞག་སྟེ། དེ་ནས་སྐྱེ་དགུའི་བདག་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དབྱར་ཁོང་དུ་སོང་ནས་དེས་དེའི་གན་དུ་དགེ་སློང་མ་གཉིས་བ་ཏང་སྟེ། འཕགས་པ་འཆར་ཀའི་གན་དུ་དེང་ལ་བལ་དེ་བསྐུར་དུ་གསོལ་ཞེས་གྱིས་ཤིག་ཅེས་བསྒོའོ། །དེ་གཉིས་དེར་དོང་སྟེ་སྨྲས་པ། འཕགས་པ་གཽ་ཏ་མཱིའི་མཆིད་ནས་བལ་དེ་བསྐུར་དུ་གསོལ་ཞེས་མཆིའོ། །འཆར་ཀས་དེ་གཉིས་ལ་སྨྲས་པ། སྒོ་གླེགས་ཀྱི་ཕག་ན་བམ་པོ་གཉིས་སུ་འདུག་པ་དེ་གཉིས་ཁྱེར་ལ་དེང་ཤིག་དེ་གཉིས་གནས་ཁང་དུ་ཞུགས་ཏེ་གདེག་བར་བརྩམས་པ་དང༌། བསྒུལ་བ་ཙམ་དུ་ཡང་མ་ནུས་ནས་དེ་གཉིས་ཀྱིས་སྨྲས་པ། འཕགས་པ་ཅི་འདིར་རང་ཐག་གི་གོར་མ་དག་སྩལ་ཏམ། གཞོན་ནུ་མ་གཉིས་ཇི་ཁྱེད་གཉིས་གཞོན་ནུ་མ་གཏའ་གམ་པ་ཡིན་ནམ་ཞེས་དེས་མཐེའུ་ཆུང་གིས་གདེག་སྟེ་གཅིག་ནི་གཅིག་གི་མགོར་བསྐུར། གཅིག་ནི་གཅིག་གི་རྐེད་དུ་བསྐུར་རོ། །དེ་གཉིས་མགོ་ཆག་ལ་ཐུག་གོ །རྐེད་པ་ཆག་ལ་ཐུག་གོ་ཞེས་ཟེར་ཞིང་དབྱར་ཁང་དུ་དོང་ནས་ཁུར་ས་ལ་བཞག་སྟེ་ཁྲི་སྟེང་དུ་སྒྱེལ་ཅིང་འདུག་གོ །དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། འཕགས་མ་གཉིས་གཞོན་ནུ་
མ་གཏའ་གམ་པ་ཡིན་ནམ། དེ་གཉིས་ཀྱིས་སྨྲས་པ། ཁྱེད་ཅག་ལས་སྟོབས་དང་ལྡན་པ་གང་ཡིན་པ་དེས་ཇེ་འདི་ཐེགས་ཤིག །དེ་དག་གིས་དེ་གདེག་པར་བརྩམས་པ་དང༌། བསྒུལ་བ་ཙམ་དུ་ཡང་མི་ནུས་ནས་དེ་དག་གིས་སྨྲས་པ། འཕགས་མ་གཉིས་ཇི་འདིར་རང་ཐག་གི་རྡོ་དག་བཅུག་གམ་ཞེས་དེ་དག་གིས་བམ་པོ་དེ་གཉིས་བཤིག་པ་དང༌། ཇི་ཙམ་ན་བལ་དེ་དག་འབོངས་ཏེ་ཕུང་པོ་ཆེན་པོར་རྣམ་པར་གནས་པར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་བལ་ཅུང་ཞིག་ཅེས་ཟེར་བ་ཡང་འདི་ལྟ་བུར་གྱུར་ན། གལ་ཏེ་མང་བར་གྱུར་ན་ཇི་ལྟ་བུར་འགྱུར། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ། ནུ་མོ་དག་མགོ་བྲེགས་ཤིང་མཆན་ཁུང་རལ་བུ་ཅན་དག་ཡིན་ན་དགོད་དུ་ཅི་ཡོད། འཕགས་པ་འཆར་ཀའི་མཆེད་ནས་བལ་ཉུང་ངུ་ཞིག་ཅེས་མཆི་བ་ཡང་འདི་ལྟ་བུར་གྱུར་ན། གལ་ཏེ་མང་བར་གྱུར་ན་ནི་ཇི་ལྟ་བུར་འགྱུར། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སྨྲས་པ། ནུ་མོ་དག་དེ་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་ཡིན་པས་དེ་དག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འདྲུམས་པས་ལྟུང་བས་ལྟུང་བར་བྱེད་དོ། །ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདི་གཉིས་ནི་སྐྱེས་བུ་དམ་པ་ཡིན་ཏེ་ཁུར་མ་བླངས་པ་མི་ལེན་པ་གང་ཡིན་པ་དང༌། ཁུར་བླངས་པ་མཐར་ཕྱིན་པར་བྱེད་པ་གང་ཡིན་པའོ་ཞེས་གསུངས་ཏེ། འདིའི་ཁུར་བླངས་པ་ཡིན་པས་མཐར་ཕྱིན་པར་བྱ་དགོས་ཀྱི། ཁྱེད་ཅག་ལས་གང་གིས་ཇི་ཙམ་རྨེལ་བར་སྤྲོ་བ་དེས་དེ་ཙམ་རྨེལ་བ་དེའི་གན་དུ་ཁྱེར་ཏེ་བྱིན་ཅིག །དེ་དག་ཡུན་རིང་དུ་ཐོགས་པ་དང་འཆར་ཀས་བསམས་པ། དེ་དག་གིས་བལ་དེ་བཅའ་བའི་རིན་དུ་གཞག་གོར་མ་ཆག །བདག་གིས་མ་ལེགས་པ་ཞིག་བྱས་ཏེ། བདག་གིས་བལ་དེ་ནི་ཆར་པས་འཇིག་པ་དང་ལ་ཁར་བཞག་པ་དང་འདྲ་བར་གྱུར་ཏོ་སྙམ་མོ། །དགེ་སློང་མ་གཉིས་ཀྱིས་བལ་ཁ་ཅིག་རྨེལ་ཏེ་ཁྱེར་འོངས་ནས་སྨྲས་པ། འཕགས་པ་འཆར་ཀ་བལ་དག་འཚལ་ཏེ་མཆིས་ན་གང་དུ་གཞག་པར་བགྱི། འཆར་ཀས་བསམས་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་ནོ་
སྙམ་ནས་སྨྲས་པ། གནས་ཁང་དུ་ཆུག་སྟེ་ཞོག་ཤིག །དེ་གཉིས་ཀྱིས་བཞག་སྟེ་སོང་བ་དང༌། གཞན་དག་གིས་ཀྱང་ཁྱེར་ཏེ་འོངས་སོ། །ཇི་ཙམ་ན་ཐམས་ཅད་ཀྱིས་ཀྱང་ཁྱེར་ཏེ་ལྷགས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་གལ་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །དེའི་ཚེན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ལག་པ་གཉིས་འདི་ལྟ་སྟེ་དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་ཤིན་ཏུ་དམར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཅིའི་ཕྱིར་ཁྱོད་ཀྱི་ལག་པ་གཉིས་འདི་ལྟ་སྟེ་དཔེར་ན་བཙོ་བླག་མཁན་གྱི་ལག་པ་དམར་བ་ལྟར་དམར་བ་ཤིན་ཏུ་དམར་བར་གྱུར། བཅོམ་ལྡན་འདས་འདི་ན་བགྱི་བ་གཞན་ལགས་ན་གཞན་བགྱིད་དོ། །ཇི་ལྟར་གྱུར། འཕགས་པ་འཆར་ཀས་བདག་བལ་རྨེལ་དུ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་དག་རྨེལ་དུ་འཇུད་དམ། བཙུན་པ་རྨེད་དུ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུད་དམ་འཚེད་དུ་འཇུད་དམ་རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པར་འདོད་པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་དག་རྨེལ་དུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་པ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་ཕྲུགས་ལ་བརྟེན་པའི་བདུན་
པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལུག་བལ་ཞེས་བྱ་བ་ནི་ལུག་གི་བལ་ལོ། །འཁྲུར་འཇུད་དམ་ཞེས་བྱ་བ་ནི་ཐ་ན་ཆུར་སྨྱུག་པ་བྱེད་དུ་འཇུད་ནའོ། །འཚེད་དུ་འཇུད་དམ་ཞེས་བྱ་པ་ནི་ཐ་ན་ཚོན་དུ་སྨྱུག་པར་བྱེད་དུ་འཇུད་ནའོ། །རྨེལ་དུ་འཇུད་ན་ཞེས་བྱ་བ་ནི་ཐ་ན་འདའ་པ་བྱེད་དུ་འཇུད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་པའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །བལ་རྨེལ་དུ་འཇུད་པའི་སྤང་པ་འདི་ནི་སྔར་འཁྲུར་འཇུག་པའི་སྤང་བར་བསྟན་པ་དང་མཚན་ཉིད་ཐམས་ཅད་འདྲ་བར་ཤེས་པར་བྱའོ། །འདིར་བྱེ་བྲག་འགའ་ཙམ་ཞིག་ཡོད་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་དག་གོ །འཆག་པར་རྨེལ་བའོ་ཞེས་བྱ་བ་སྨྲས་ཏེ། སྔར་འཁྲུར་འཇུག་པའི་སྐབས་སུ་བྱིན་གྱིས་བརླབས་པ་རང་གི་རྙིང་པ་འཁྲུར་གཞུག་པར་འོས་པ་ཆོས་གོས་དང་གདིང་བ་དག་ལས་འགའ་ཞིག་ཅེས་སྨོས་པའི་གནས་སུ་འདིར་ལུག་གི་བལ་དག་ཅེས་བྱ་བའི་མིང་གཞུག་པ་དང༌། སྔར་འཁྲུར་འཇུག་པའི་སྡང་བའི་སྐབས་སུ་འཆག་པ་ཞེས་སྨོས་པའི་གནས་སུ་འདིར་རྨེལ་བ་ཞེས་བྱ་བའི་མིང་གཞུག་པར་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ལུག་བལ་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བསྒོ་བས་འཁྲུར་འཇུག་གམ་འཚེད་དུ་འཇུག་གམ་རྨེལ་དུ་བཅུག་བདག་བྱས་པ་ཉིད་ན། བལ་རྨེལ་དུ་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འཁྲུ་བ་དང་འཚེད་བ་དང༌། རྨེལ་བའི་རིགས་མི་མཐུན་པའི་ཚིགས་རྣམས་དང༌། དེ་དག་གྲུབ་པའི་མཐའ་མན་ཆད་བར་སྐབས་སུ་ཆད་པའི་ཚིགས་རྣམས་ལ་ལྟུང་པ་རེ་རེར་རྣམ་པར་མི་གཞག་པར་སྤྱིར་དངོས་གཞིའི་འབྲས་བུ་གཅིག་རྣམ་པར་གཞག་གོ །དགེ་སློང་ལ་བལ་རྨེལ་དུ་འཇུག་པ་ནི་སྤང་བའི་ལྟུང་བྱེད་བྱུང་ན་དེ་མ་སྤངས་ཤིང་
བྲལ་པར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ལུག་བལ་འཁྲུར་གཞུག་པ་དང་འཚེད་དུ་གཞུག་པ་དང་རྨེལ་དུ་གཞུག་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་བལ་རྨེལ་དུ་འཇུག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །བལ་གྱི་གྲྭ་ལ་སོགས་པ་ཕྱོགས་གཅིག་ལ་བྱས་པ་དང༌། འཁྲུ་བ་ལ་སོགས་པ་ལས་ཕྱོགས་གཅིག་བྱས་པ་ལ་ན་སྨད་པ་མེད་དོ། །ལུག་བལ་གྱི་རྫས་བཟང་ངན་དང་མཉམ་པ་ལ་ན་སྨད་པ་མེད་དོ། །བལ་རུང་བ་ལན་སྤད་པ་མེད་དོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང་སྟོད་ཀོར་ནང་ཚངས་ཅན་དང་རྒྱ་ཅང་དང་ལྕག་བོད་དང་ཤུར་བུ་ཕྲེའུ་ལ་སོགས་པ་དེ་ཙམ་གྱི་རྒྱུའི་ཚད་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་བསྙེན་པར་རྫོགས་པ་མ་ཉམས་པ་ལ་ན་སྨད་པ་མེད་དོ། །བཤང་བ་དང་གཅི་བ་དང་ལྗན་ལྗིན་དང༌། འདམ་རྫ་བ་ལ་སོགས་པས་མ་རུང་བར་གྱུར་པ་འཁྲུ་བ་དང་འཚེད་པ་དང་རྨེལ་དུ་འཇུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ལུག་བལ་དང་དགེ་སློང་མ་ཉེ་དུ་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ལུག་བལ་དང་རུང་བ་དང་དགེ་སློང་མ་ཉེ་དུ་མ་ཡིན་པ་དང་བསྒོ་བ་དང་བྱས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་ལུག་བལ་དང་རུང་བའོ་ཞེས་སྨོས་པ་ནི་ལུག་བལ་མ་ཡིན་པ་དང་ར་བལ་ལ་སོགས་པ་རུང་བ་མ་ཡིན་པ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཞེས་སྨོས་པ་ནི་ཉེ་དུ་ལ་ལྟུང་བ་མེད་པའི་ཕྱིར་རོ། །བསྒོ་བ་ཞེས་སྨོས་པས་ནི་མངགས་པ་ལ་སོགས་པ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །བྱས་པའོ་ཞེས་སྨོས་པ་ནི་དགེ་སློང་མ་ཉེ་དུ་
མ་ཡིན་པས་བཀྲུ་བ་ལ་སོགས་པ་མ་བྱས་ན་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་ལུག་བལ་རུང་བ་ཞྭ་རྒྱུ་ལ་སོགས་པའི་ཚད་ལས་ལྷག་པའི་ཆུན་པོ་གཅིག་གམ་གཉིས་སམ་མང་པོ་ཞིག་འཁྲུ་བ་དང་འཚེད་པ་དང་རྨེལ་བ་དང་བར་སྐབས་སུ་བཅད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་བལ་རྨེལ་དུ་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང་ཉམས་པ་ལ་ཉེས་བྱས་སོ། །བལ་རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །ཞྭ་རྒྱུ་ལ་སོགས་པའི་ཚད་དང་དེ་བས་ཆུང་བ་ལ་ཉེས་བྱས་སོ། །ལུག་བལ་མ་ཡིན་པར་ར་བལ་ལ་སོགས་པ་ལ་ཉེས་བྱས་སོ། །ཚིག་གིས་མ་བསྒོ་བར་མངགས་པ་ལ་སོགས་པ་ནི་ཉེས་བྱས་སོ། །དགེ་སློང་མས་མ་བྱས་པ་ལ་ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་ཉེ་དུ་ལ་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །རུང་བར་བྱས་པ་དང༌། སྤངས་པ་དང་དགེ་འདུན་གྱི་ལ་ཉེས་བྱས་སོ། །ཉེ་དུ་དང་ཉེ་དུ་མ་ཡིན་པའི་མཚན་ཉིད་ནི་སྔར་འཁྲུར་འཇུག་པའི་སྤང་པའི་སྐབས་སུ་བསྟན་པ་བཞིན་ནོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དོ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ཁྱིམ་པའི་རྟགས་ཅན་མོ་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་མ་ཉེ་དུ་ལ་ཉེ་དུ་ཉིད་དུ་འདུ་ཤེས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བལ་རྨེལ་དུ་འཇུག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །
བལ་རྨེལ་དུ་འཇུག་པའི་སྤང་བ་སྟེ་བཅུ་བདུན་པ་བཤད་ཟིན་ཏོ།། །།གསེར་དངུལ་ལ་རེག་པའི་སྤང་བའི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། དེ་ལ་རེ་ཞིག་བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སོ། །དེ་ནས་གྲོད་དཔོན་གཙུག་ན་ནོར་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་གྲོང་དཔོན་གཙུག་ན་ནོར་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་གྱི་གདུགས་རྣམས་ཀྱི་ཆེས་སྔ་བ་ཞིག་ན་རྒྱལ་པོའི་ཕོ་བྲང་ན་རྒྱལ་བོ་དང་བློན་པོའི་འཁོར་མཆིས་ཤིང་མཐུན་པར་གྱུར་པ་རྣམས་ལ་བར་སྐབས་ཀྱི་བཀའ་མཆིད་ཀུན་དུ་བརྗོད་པ་ནི་འདི་ལྟ་བུ་བྱུང་བར་གྱུར་ཏེ། ཤེས་ལྡན་དག་ཇི་ལྟར་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དམ་འོན་ཏེ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་ཅེས་མཆི་ནས་དེ་ན་ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སློང་རྣམས་གསེར་བདག་གིར་མི་བགྱིད་དོ་ཞེས་མཆི་ན་བཙུན་བདེ་ལ་གང་དག་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བགྱིད་དོ་ཞེས་མཆི་ན། བཙུན་པ་ཇི་ལྟར་གང་དག་དེ་སྐད་མཆི་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བགྱིད་པ་ན་བཅོམ་ལྡན་འདས་ལ་སྐུར་པ་འདེབས་པར་མི་བགྱིད་ཅིང་ཧ་ཆང་ཐལ་བར་ཡང་མི་བགྱིད་པ་དང༌། དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་སྨྲ་བ་དང། ཆོས་སྨྲ་བ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བགྱིད་པ་དང༌། གསུངས་པའི་རྗེས་སུ་སྨྲ་བ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་སྨད་པའི་གནས་ལྟ་བུའི་ཆོས་འགའ་ཡང་མི་མཆི་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་དཔོན་གང་དག་
དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་བྱེད་དོ་ཞེས་ཟེར་བ་དེ་དག་དེ་ལྟར་བརྡ་སྤྲོད་པར་བྱེད་ན་ང་ལ་སྐུར་པ་འདེབས་པར་བྱེད་ཅིང་ཧ་ཅང་ཐལ་བར་བྱེད་པ་དང༌། དེ་དག་ངས་སྨྲས་པའི་རྗེས་སུ་སྣང་བ་མ་ཡིན་པ་དང། ཆོས་སྨྲ་པ་མ་ཡིན་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བྱེད་པ་མ་ཡིན་པ་དང༌། སྨྲས་པའི་རྗེས་སུ་སྨྲ་བ་མ་ཡིན་པ་དེ་དག་ལ་གཞན་ལས་ཆོས་དང་མཐུན་པས་ན་སྨད་པའི་གནས་ལྟ་བུའི་ཆོས་ཤིན་དུ་འོང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གྲོང་དཔོན་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དོ། །གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །གྲོང་དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ་གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ། །བཙུན་པ་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སློང་རྣམས་གསེར་བདག་གིར་མི་བྱེད་དོ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་བ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་ཞེས་བཀའ་སྩལ་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ཏོ། །བཙུན་པ་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གྲོང་དཔོན་ངས་ཁྱོད་ལ་དོན་དེ་ཉིད་ཀྱི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དོ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་ཞེས་བཀའ་སྩལ་པའི་བཅོམ་ལྡན་འདས་ཀྱིས་བཀའ་དེ་ནི་
རྒྱ་ཆེར་བཟང་བ་ལགས་སོ། །བཙུན་པ་བདག་ཀྱང་འདི་སྙམ་བགྱིད་དེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བགྱིད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བགྱིད་པ་དེ་ལ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་རུང་བ་ཁོ་ན་ལགས་སོ། །གྲོང་དཔོན་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དེ། གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ། །དེ་ནས་གྲོང་དཔོན་གཙུག་ན་ནོར་བུས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པ་ལ་བཀའ་སྩལ་ནས། འོད་མའི་ཚལ་ཀ་ལན་དཀའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་བརྟེན་ཅིང་གནས་པ་དེ་དག་ཐམས་ཅད་དཔོང་སའི་ཁང་པར་བསྡུས་ཏེ། གྲོང་དཔོན་གཙུག་ན་ནོར་བུས་ཇི་སྐད་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་དག་ཐམས་ཅད་དགེ་སློང་རྣམས་ལ་བཟླས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དེ་ལྟར་གྲོང་དཔོན་གཙུག་ན་ནོར་བུ་དེ་རྒྱལ་པོ་དང་བཅས་པའི་མདུན་དུ་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དོ། །གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་གདོན་མི་ཟ་བར་རུང་བ་ཡིན་ནོ་ཞེས་ཆ་གཅིག་བཟུང་སྟེ། ཁྱུ་མཆོག་གི་ཚིག་རྒྱ་ཆེན་པོ་སྨྲས་ཤིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་བསྒྲགས་སོ། །དགེ་སློང་དག་ངས་ཀྱང་དེ་སྐད་ཅེས་དགེ་སློང་རྣམས་ལ་མངོན་མཚན་ཅན་མི་རུང་ཞིང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་གསེར་བདག་གིར་མི་བྱེད་དོ། །གང་ལ་ལ་ལ་མངོན་མཚན་ཅན་རུང་ཞིང་གསེར་བདག་གིར་བྱེད་པ་དེ་ནི་
དགེ་སྦྱོང་གི་ཆོས་མ་ཡིན་ཞིང་དེ་ནི་ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་ནོ་ཞེས་སྨྲས་སོ། །དགེ་སློང་དག་དེ་ལྟ་བས་ན་ཁྱེད་ལ་ད་དེང་ཕྱིན་ཆད་ཤིང་འདོད་པ་དག་གིས་ནི་ཤིང་ཡོངས་སུ་བཙལ་བར་བྱ། རྩྭ་འདོད་པ་དག་གིས་ནི་རྩྭ། ཤིང་རྟའི་ལས་འདོད་པ་དག་གིས་ནི་ཤིང་རྟའི་ལས། མི་བླས་འདོད་བ་དག་གིས་ནི་མི་བླས་ཡོངས་སུ་བཙལ་བར་བྱ་ཞེས་སྨྲའི། འདི་སྐད་ཅེས་རྣམ་གྲངས་གང་གིས་ཀྱང་གསེར་བདག་གིར་བྱ་བ་ནི་མི་སྨྲའོ། །འདི་ནི་རེ་ཞིག་བྱུང་བ་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ན་མི་མཛད་དེ། ཡུལ་ནི་རྒྱལ་བོའི་ཁབ། གང་ཟག་ནི་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་སྤྱི། ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་ས་གོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་ཁྲིའུ་ཆུང་ངུ་དག་ཏུ་འཇོག་པར་བྱེད་ནས། གཞན་སུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་རང་གི་ལག་གིས་གསེར་དང༌། དངུལ་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་ཁྲིའུ་ཆུང་དུ་དག་ཏུ་འཇོག་པར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད། ཕུང་པོ་གཅིག་ཏུ་བྱེད། ཕུང་པོ་གཉིས་སུ་བྱེད། ཁྲི་དང་ཁྲིའུ་དང་ཁྲིའུ་ཆུང་ངུར་འཇོག་པར་བྱེད་ན། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་བྱ་བ་འདི་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པར་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌།
གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་བའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང་དངུལ་ལེན་ཏམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་འདོད་པ་ཉེས་པ་ནི་རང་གི་ལག་གིས་གསེར་དང་དངུལ་ལེན་པ་དང༌། ལེན་དུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གི་ལག་གིས་ཞེས་བྱ་བ་ནི་རང་གི་ལག་པས་སོ། །གསེར་དང་དངུལ་ཞེས་བྱ་བ་ནི་གསེར་དང་དབྱིག་གོ །ལེན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །སྤང་བའི་ལྟུང་བྱེད་ངོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་བར་གཞག་པ་ནི། དགེ་སློང་གིས་རིན་པོ་ཆེ་ནོར་བུ་དང་མུ་ཏིག་དང་བཻ་ཌཱུཪྻ་དང་ཤང་ཀ་ཤི་ལ་དང་བྱི་རུ་ངང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང་གཡས་སུ་འཁྱིལ་པ་ལ་སོགས་པ་རུང་བར་མ་བྱས་པ་འཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་བདག་གིར་བྱས་པ་དང༌། རང་གི་རིན་པོ་ཆེ་རུང་བར་མ་བྱས་པ་ལ་རྣམ་པ་གང་ཡང་རུང་བས་རེག་གམ་རེག་ཏུ་བཅུག་ན། གསེར་དང་དངུལ་ལ་རེག་པའི་སྤང་བའི་ལྟུད་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་གསེར་དངུལ་ལ་རེག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་བ་
རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་རིན་པོ་ཆེ་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་གསེར་དངུལ་ལ་རེག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྟུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །རྐང་པའི་དྲུང་དང་འཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པའི་རིན་པོ་ཆེ་བ་དག་གིར་བྱས་པ་ལ་ན་སྨད་པ་མེད་དོ། །ལུས་དང་ངག་དང་ཡིད་ཀྱི་རྣམ་པར་རིག་བྱེད་གང་ཡང་རུང་བ་དག་གིར་བྱས་པ་ལ་ན་སྨད་པ་མེད་དོ། །རིན་པོ་ཆེའི་རྣམ་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གང་རིན་པོ་ཆེ་རུང་བར་མ་བྱས་པ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །ལུས་དང་ངག་དང་ཡིད་ཀྱི་རྣམ་པར་རིག་བྱེད་གང་ཡང་རུང་བས་རེག་གམ་རེག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདི་ལོང་ཤིག །འདི་ནས་ལོང་ཤིག །འདི་ཙམ་ལོང་ཤིག་ཅེས་བྱ་བ་དང༌། འདི་ཁྱེར་ཤོག །འདི་ནས་ཁྱེར་ཤོག །འདི་ཙམ་ཁྱེར་ཤོག་ཅེས་བྱ་བ་དང༌། འདི་ཞོག་ཤིག །འདིར་ཞོག་ཤིག །འདི་ཙམ་ཞོག་ཤིག་ཅེས་བྱ་བ་དང༌། དེ་ལོང་ཤིག །དེ་ནས་ལོང་ཤིག །དེ་ཙམ་ལོང་ཤིག་ཅེས་བྱ་བ་དང༌། དེ་ཁྱེར་ཤོག །དེ་ནས་ཁྱེར་ཤོག །དེ་ཙམ་ཁྱེར་ཤོག་ཅེས་བྱ་བ་དང། དེ་ཞོག་ཤིག །དེར་ཞོག་ཤིག །དེ་ཙམ་ཞོག་ཤིག་ཅེས་བྱ་བའི་གཞི་བཅོ་བརྒྱད་ཀྱི་དངོས་གཞི་ལ་ན་སྨད་པ་མེད་དོ། །རིན་པོ་ཆེ་རྡུངས་སུ་བྱས་པ་དང༌། མངོན་མཚན་ཅན་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རིན་པོ་ཆེ་ནོར་བུ་ལ་སོགས་པ་རུང་བར་མ་བྱས་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རིན་པོ་ཆེ་དང་འཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་དང༌། བདག་གིར་བྱས་པ་དང༌། རུང་བར་མ་བྱས་པ་དང༌། རེག་གམ་རེག་ཏུ་བཅུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་རིན་པོ་ཆེ་
ཞེས་སྨོས་པ་ནི་རིན་པོ་ཆེ་ནོར་བུ་དང་མུ་ཏིག་དང་བཻ་ཌཱུ་ཪྻ་དང་ཤང་ཀ་ཤི་ལ་དང་བྱི་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་སྤུག་དང་དམར་པོ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་མ་ཡིན་པ་དེ་དག་ལས་གཞན་པ་ཁ་ཅིག་ལ་ནི་ཉེས་བྱས་སུ་འགྱུར་ལ། ཁ་ཅིག་ནི་ལྟུང་བ་མེད་པའི་ཕྱིར་རོ། །འཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་ཞེས་སྨོས་པ་ནི་འཐོབ་པ་དང་ལག་ཏུ་འོང་བར་ལྕོགས་པ་ཉིད་ཀྱི་ཕྱོགས་ན་འདུག་པ་ལ་བདག་གིར་བྱེད་ན་དངོས་གཞིར་འགྱུར་གྱི། དེ་བས་ཕ་ཟད་ན་འདུག་པ་ལ་བདག་གིར་བྱེད་པ་ནི་ཕྱེད་ཉིད་དུ་ན་སྨད་དེ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །བདག་གིར་བྱས་པ་ཞེས་སྨོས་པ་ནི་བདག་གིར་མ་བྱས་པ་གཞན་གྱི་ལ་ལྟུང་བྱེད་དུ་ན་སྨད་པའི་ཕྱིར་རོ། །རུང་བར་མ་བྱས་པ་ཞེས་སྨོས་པ་ནི་སྦྱིན་པ་དག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ཏ་བྱེད་པ་ལ་སོགས་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་བརླབ་པ་ཞེས་བྱ་བའི་རུང་བ་རྣམ་པ་གསུམ་གང་ཡང་རུང་བ་གཅིག་བྱས་པ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །རེག་གམ་རེག་ཏུ་བཅུག་པ་ཞེས་སྨོས་པ་ནི་རང་གི་རུང་བར་མ་བྱས་པ་ལ་རེག་གམ་རེག་ཏུ་མ་བཅུག་ན་ལྟུང་བ་མེད་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་རིན་པོ་ཆེ་གཅིག་གམ་གཉིས་སམ་མང་པོ་ཞིག་བདག་གིར་བྱས་སམ་རེག་གམ་རེག་ཏུ་བཅུག་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གསེར་དངུལ་ལ་རེག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །འཐོབ་པར་ལྕོགས་པ་ཉིད་ཀྱི་ཕྱོགས་པས་ཕ་ཟད་ན་འདུག་པ་ལ་བདག་གིར་བྱེད་ན་ཉེས་བྱས་སོ། །དོང་ཙེ་དང་པ་ན་ལ་སོགས་པའི་མིང་དང་མཚན་མ་བྱས་པ་ལ་ཡུལ་གྱི་ཐ་སྙད་གདགས་སུ་རུང་བའི་ཟངས་མ་ལ་ཉེས་བྱས་སོ། །རིན་པོ་ཆེ་ཡིན་ཡང་གས་པ་དང་ཆག་པ་དང་དུམ་བུ་དང་ཚིག་པ་དང་མངོན་མཚན་ཅན་སོང་ན་ལན་འགའ་ཉོ་ཚོང་བྱས་པའི་དུས་ཀྱང་འཇིག་རྟེན་ན་མི་གྲག་པ་དང༌། མངོན་མཚན་ཅན་གྱི་ཟོང་དུ་མ་བྱས་པ་དང༌། མཚན་དང་མི་ལྡན་པ་དང༌། ས་དང་རྩྭ་དང་རྡོ་བ་ལ་སོགས་
པ་དག་ལས་ནོར་བུ་དང༌། དོང་ཙེ་དང༌། མངོན་མཚན་ཅན་དང༌། རྒྱན་དང་འགྲོན་བུ་ལ་སོགས་པའི་རྣམ་པར་བཅོས་པ་ཉོ་ཚོང་གི་ཐ་སྙད་གདགས་སུ་མི་རུང་བ་དག་ལ་ཉེས་བྱས་སོ། །འདི་ལོང་ཤིག །འདི་ནས་ལོང་ཤིག །འདི་ཙམ་ལོང་ཤིག་ཅེས་བྱ་བ་ལ་སོགས་པ་གཞི་བཅོ་བརྒྱད་ཀྱི་སྦྱོར་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་དོང་ཙེ་དང་པ་ན་ལ་སོགས་པའི་མིང་དང་མཚན་མ་བྱས་པ་ཡུལ་གྱི་ཐ་སྙད་གདགས་སུ་རུང་བའི་ཟངས་མ་ལས་གཞན་པའི་ཟངས་མ་ལ་ལྟུང་བ་མེད་དོ། །ཞ་ཉེ་དང་ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དང་རག་ན་དང་རྣོ་ལྕགས་དང་ཁ་ར་བ་དག་ལ་ཡང་ལྟུང་བ་མེད་དོ། །དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱིས་རིན་པོ་ཆེ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ལྟུང་བ་མེད་དོ། །སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་བརླབ་པ་ཞེས་བྱ་བའི་རུང་བ་རྣམ་པ་གསུམ་གང་ཡང་རུང་བ་གཅིག་བྱས་པ་བདག་གིར་བྱ་བ་མེད་པ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གསེར་དངུལ་ལ་རེག་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རང་གི་རིན་པོ་ཆེ་རུང་བ་མ་བྱས་པ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ་ཞེས་སྨྲས་ན། རུང་བ་གང་མ་བྱས་ན་རུང་བ་མ་ཡིན་པའི་རུང་བ་དེ་ཇི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ཏེ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་
རུང་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཀྱང་གོས་ཀྱི་རིན་དག་སྦྱིན་པར་བྱེད་ལ། ངའི་ཉན་ཐོས་རྣམས་ཀྱང་གོས་ཀྱི་རིན་དག་འདོད་ཀྱི་ངས་ཉན་ཐོས་རྣམས་ལ་རུང་བར་བྱ་བ་ཅུང་ཞིག་གནང་བར་བྱའོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན། ཆོས་གོས་ཀྱི་རིན་དག་རྙེད་པ་ན་བླང་བར་བྱ་ཞིང་བླངས་ནས་ཀྱང་སྦྱིན་པ་དག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱ་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་དེ་ནི་རུང་བ་དང་པོ་ཡིན་ནོ། །དེ་བཞིན་དུ་དགེ་སློང་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་གང་ཅུང་ཟད་ཅི་སྙེད་པ་དེ་དག་ཐམས་ཅད་ཀུན་དགའ་རབ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་སྤྲོ་བར་བྱ་ཞིང་དེའི་མིང་གིས་བཅང་བར་བྱའོ་ཞེས་གསུངས་པ་དེ་ནི་རུང་བ་གཉིས་པ་ཡིན་ནོ། །སྦྱིན་བདག་དང་ཞལ་ཏ་བྱེད་པ་དེ་གཉིས་ཇི་སྲིད་དུ་གསོན་པ་དང༌། འདུག་པ་དང་འཚོ་བ་དང་སྡོད་པའི་བར་དུ་ཤིན་ཏུ་རིང་དུ་སོང་ཡང་ཆོ་ག་དེ་གཉིས་ཉམས་པ་མེད་དོ། །རུང་བ་གསུམ་པ་ནི་བྱིན་གྱིས་བརླབ་པ་ཞེས་བྱ་བ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་དང༌། བྲམ་ཟེའི་བུ་མོས་ཞུས་པ་ལས་དགེ་སློང་རྣམས་ཀྱིས་ཆོས་གོས་ཀྱི་རིན་དག་རྙེད་ལ་སྦྱིན་བདག་མེད་ནས་དེ་དག་འགྱོད་པ་སྐྱེས་ཏེ་མི་ལེན་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་ཀྱང་དགེ་སློང་གི་མདུན་དུ་འགྲེང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་པོ། །དངོས་པོ་རུང་བ་མ་ལགས་པ་འདིས་དངོས་པོ་རུང་བ་བསྒྲུབ་པར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པར་བྱ་ཞིང༌། འགྱོད་པར་ཡང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིའི་ཆོ་ག་ནི་ལེན་པའི་ཚེ་རང་གི་ལག་གིས་མི་བླང་བར་མདུན་དུ་གཞག་སྟེ། ཆོ་ག་དང་སྔགས་འདིས་བྱིན་གྱིས་བརླབས་པ་ཡིན་ནོ།།
རུང་བ་རྣམ་པ་གསུམ་པོ་དེ་དག་ནི་བདག་གིར་བྱ་བ་སྤང་བའི་ཐབས་ཡིན་ཏེ། དེ་གསུམ་གང་བྱས་ཀྱང་རུང་སྟེ། བདག་གིར་བྱ་བ་མེད་ན་དེའི་ཚེ་དངོས་པོ་རུང་བ་མ་ཡིན་པ་ལ་དགོས་པའི་དབང་གིས་རེག་གམ་རེག་ཏུ་བཅུག་པ་ལ་ལྟུང་བར་མི་འགྱུར་རོ། །ཇི་སྟེ་རུང་བ་གསུམ་ཡང་བྱེད་བཞིན་དུ་རྫས་ད་ལ་བདག་ཉིད་ཀྱིར་བདག་གིར་བྱེད་པ་དང༌། རྗེས་སུ་འབྲེལ་ན་ནི་དེ་ལྟ་ན་ཡང་ཐམས་ཅད་དུ་ལྟུང་བར་འགྱུར་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་དགེ་སློང་གིས་གོས་ཀྱི་རིན་རུང་བ་མ་ཡིན་པ་དག་རྙེད་པ་ན་རུང་བ་འདི་གསུམ་ལས་གང་ཡང་རུང་བ་གཅིག་བྱ་ཞིང་རྫས་དེ་ལ་བདག། ཉིད་ཀྱིར་བདག་གིར་བྱར་མེད་པའི་སེམས་བསྐྱེད་པར་བསླབ་པར་བྱའོ། །རུང་བདེ་དག་གསུམ་ཡང་ཆོས་དང་ལྡན་པའི་དོན་ནི་མི་བདོག་པའི་རྐྱེན་ལས་གཞན་པ་ལ་མི་འཆགས་ཏེ་ཆོས་དང་ལྡན་པའི་དོན་ཅེས་བྱ་བ་ནི་རང་གི་ལྷུང་བཟེད་དང་ཆོས་གོས་དང་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྤོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་དང༌། ན་བའི་རྐྱེན་དང་སྨན་གྱི་ཡོ་བྱད་ལ་སོགས་པ་དག་གོ །དེ་དག་མི་བདོག་པའི་རྐྱེན་ལས་གཞན་པ་ཞེས་བྱ་བ་ནི། གལ་ཏེ་ཆོས་དང་ལྡན་པའི་དོན་བདོག་པ་ཁོ་ན་ཡིན་བཞིན་དུ་རུང་བ་མ་ཡིན་པའི་རྫས་དེ་ལ་རུང་བ་བྱེད་པ་ཡང་མི་འཆགས་ལ། ཆོས་དང་ལྡན་པའི་དོན་མི་བདོག་པ་བཙལ་བའི་རྐྱེན་ལས་གཞན་པ་ཆོས་དང་ལྡན་པའི་དོན་མ་ཡིན་པ་གཞན་གྱི་ཆེད་དུ་རྫས་དེ་རུང་བར་བྱེད་ན་ཡང་མི་འཆགས་སོ། །དེ་ལྟ་བས་ན་ཆོས་དང་ལྡན་པའི་དོན་མི་བདོག་པའི་རྐྱེན་ལས་གཞན་པ་ལ་རུང་བ་དེ་གསུམ་བྱེད་དུ་ཟིན་ཀྱང་དགེ་སློང་དེས་དེ་ལ་རེག་གམ་རེག་ཏུ་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བས། དེ་ལྟ་བུའི་མི་འཆགས་པ་མི་བྱ་བར་བསླབ་པར་བྱའོ། །དགེ་སློང་གཙུག་ལག་ཁང་ནས་གཞན་དུ་འགྲོ་དགོས་པའི་རྐྱེན་བྱུང་ན། དགེ་འདུན་གྱིའམ་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ཏེ་འགྲོ་བར་བྱའོ། །དེ་སྤ་བ་ལ་ཀུན་དགའ་ར་བ་པའམ་དགེ་བསྙེན་ནམ། དགེ་བསྙེན་དང་ཅན་ནམ། དགེ་ཚུལ་དག་མེད་ན་དགེ་སློང་རང་གིས་སྤ་བར་བྱའོ། །དེ་སྤ་བ་ལ་དོང་བརྐོ་དགོས་པ་ལ་ཀུན་དགའ་ར་བ་པའམ། དགེ་བསྙེན་ནམ། དགེ་བསྙེན་དད་པ་ཅན་ནམ། དགེ་ཚུལ་མེད་ན་དགེ་སློང་རང་གིས་བརྐོ་བར་བྱའོ། །སྦས་
པ་དེ་ལ་འཇིགས་བ་དང་བྲལ་བ་ན་ཀུན་དགའ་ར་བ་པ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་ཉིད་ཀྱིས་ཕྱུང་སྟེ་དགེ་འདུན་ལ་དབུལ་བར་བྱའོ། །ཕོངས་པའི་དུས་དག་ཏུ་གནང་བ་གང་ཡིན་པ་དེ་བདེ་བའི་དུས་དག་ཏུ་སྤྱད་པར་མི་བྱ་བར་བསླབ་པར་བྱའོ། །དགེ་སློང་གིས་བདག་ཉིད་ཀྱི་ལུས་འཚོ་བར་བྱ་བའི་དོན་དུ་རྫས་རུང་བར་བྱས་པ་དེས་བཟའ་བཏུང་གི་ཟས་སྦྱོར་དུ་གཞུག་ཏུ་རུང་བས་དེ་ལྟར་བསླབ་པར་བྱའོ། །བཟའ་བ་དེ་བྱེད་པའི་མི་ལ་ཟོང་དབུལ་བའི་ཕྱིར་ཡོན་བདག་ལས་རུང་བ་བྱེད་པའི་ལག་ནས་ཀཱར་ཥཱ་པཎ་བླངས་པ་ཡང་རུང་བས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་ལམ་དུ་འགྲོ་བས་ལམ་བརྒྱགས་ནི་རིན་པོ་ཆེ་མན་ཆད་ལས་བསྐུར་དུ་རུང་བས་དེ་ལྟར་བསླབ་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་གིས་ལམ་བརྒྱགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ལམ་བརྒྱགས་ནི་བཟའ་བ་ལྔ་དང༌། བཟའ་བར་སྨོས་པ་ལྔ་དང༌། རིན་པོ་ཆེ་ལྔ་དང༌། རིན་པོ་ཆེར་སྨོས་པ་ལྔའོ། །བཟའ་བ་ལྔ་གང་ཞེ་ན། འབྲས་ཆན་དང༌། ཟན་དྲོན་དང༌། ཤ་དང༌། ཉ་ཤ་དང༌། སྣུམ་ཁུར་རོ། །བཟའ་བར་སྨོས་པ་ལྔ་གང་ཞེ་ན། ཅི་ཙེ་དང༌། ཁྲེ་རྒོད་དང༌། རྒྱ་སྲན་དང༌། བྲ་རྒོད་དང༌། ཁྲེའོ། །རིན་པོ་ཆེ་ལྔ་གང་ཞེ་ན། གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་དང༌། མུ་ཏིག་གོ །རིན་པོ་ཆེར་སྨོས་པ་ལྔ་གང་ཞེ་ན། ཞེ་ཉེ་དང༌། ཟངས་དང༌། རོ་ཉེ་དང༌། ཁྲོ་ཆུ་དང༌། ལྕགས་སོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་གིས་མེའི་དོན་དུ་མེ་ཤེལ་ཉེ་བར་གཞག་པར་བྱའོ། །དེ་མ་སྦས་པར་གཞག་པར་མི་བྱའོ། །མ་བྱིན་པར་ལེན་པ་ལ་བསྟེན་པར་མི་བྱའོ། །དེས་མེ་ཕྱུང་ནས་མེ་ནི་མ་བྱིན་པར་ལེན་པ་ལ་ཡང་སྦྱིན་པར་བྱའོ། །ཆུའི་དོན་དུ་ཆུ་ཤེལ་ཉེ་བར་གཞག་པར་བྱའོ། །དེ་བསྲུང་བ་ལ་སོགས་པའི་ཆོ་ག་ཡང་སྔ་མ་བཞིན་ནོ། །ཤན་བསྲེ་བའི་ཁ་ན་མ་ཐོབ་བ་དགག་པའི་ཕྱིར་ཡོ་བྱད་རྗེས་སུ་གནང་བར་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱ་ལ་སོགས་པའི་འཚོག་ཆས་ནི་ཡོ་བྱད་དེ། དེ་ནི་རྗེས་སུ་གནང་བ་ཡིན་ནོ། །དེ་རྗེས་སུ་གང་བའི་ཁོངས་སུ་རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བ་གཞུག་པར་མི་བྱ་བ་ཉིད་དུ་བསླབ་པར་བྱའོ། །དེར་ཡང་འདིར་
གཞུང་ནི་ཕྲན་ཚེགས་དག་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གིས་རྒྱ་དང༌། ཁབ་དང༌། སྨན་ཕོར་དང༌། ཕུལ་བའི་བཏུང་བོར་བཅང་བར་བྱ་བ་རྗེས་སུ་གནང་ངོ༌། །དགེ་སློང་གིས་གསེར་དང་དངུལ་དང་བཻ་ཌཱུཪྻ་དང་ཤེལ་ལས་བྱས་པའི་རྒྱལ་སོགས་པ་བཅང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གླེང་གཞི་དག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དུད་པའི་སྨན་གཅེའུ་བཅང་བར་བྱའོ་ཞེས་གསུངས་པ་དང༌། ཞུས་པ་ཇི་ལྟ་བུ་ཞིག་བཅང་བར་བགྱི། བཀའ་སྩལ་པ་ཉེ་བ་འཁོར་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །སྣར་བླུགས་པའི་སྤྱད་དང༌། ཕུལ་བའི་བཏུང་ཕོར་དང༌། ཁབ་དང༌། །བབ་རལ་དང༌། མིག་སྨན་གྱི་ག་བ་ཙེ་དང༌། སྨན་ཕོར་དང༌། རྐང་རྟེན་དང༌། ཁྲིའུ་དང༌། སྨན་གྱི་ནལ་ཟེ་བཅང་བར་བྱའོ། །ལྕགས་ཀྱི་གར་བུ་ལ་ལུ་གུ་རྒྱུད་གདགས་པར་བྱའོ་ཞེས་གསུངས་པ་ཐམས་ཅད་ལ་ཡང་ཇི་ལྟ་བུ་ཞིག་བཅང་བར་བགྱི་ཞེས་བྱ་བ་ནས་ཇི་ལྟ་བུ་ཞིག་གདགས་པར་བགྱི་ཞེས་བྱ་བའི་བར་དུ་ཞུས་པ་དང༌། ཉེ་བ་འཁོར་རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ་ཞེས་བཀའ་སྩལ་པ་དེ་ལྟ་བུའི་ཚིག་ཡོད་དོ། །རག་ན་དང་ཟངས་དང་ཁར་བ་དང་ཤིང་གི་ལྟུང་བཟེད་བདག་གིར་མི་བྱའོ། །ར་གན་ལ་སོགས་པའི་ལྟུང་བཟད་དེ་དག་བསྙེན་པར་རྫོགས་པའི་གནས་སྐབས་ཀྱི་སྔོན་རོལ་བསྙེན་པར་མ་རྫོགས་པའི་ཚེ་བདག་གིར་བྱས་པའམ། བདག་གྲིབ་མ་བྱས་པ་གཞན་དང་འབྲེལ་པ་དག་ཀྱང་རུང་སྟེ་གལ་ཏེ་ཡོངས་སུ་སྤྱད་དགོས་པ་དེ་ལྟ་བུའི་རྐྱེན་ཅིག་བྱུང་བར་གྱུར་ན། སྨན་ཕོར་དུ་བསྡོས་ཏེ་ཡོངས་སུ་སྤྱད་པར་བྱ་ཞིང༌། བསོད་སྙོམས་ལ་སོགས་པ་ལ་བསྐུར་བར་བྱ་བར་བསླབ་པར་བྱའོ། །དེ་ལ་སྔ་མ་ཤོས་ཀྱི་ལུང་ནི་འདི་ཡིན་ཏེ། ཉེ་བར་མ་བཞག་པ་དག་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་གསུངས་པའོ། །ཕྱི་མ་ཤོས་ཀྱི་ལུང་ནི་འདི་ཡིན་ཏེ། ཉེ་བར་བཞག་པ་དག་ནི་སྨན་ཕོར་གྱི་ཡོངས་སུ་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལྟུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཏེ། ལྕགས་ལས་བྱས་པ་དང༌། ས་ལས་བྱས་པའོ། །དེ་གཉིས་བྱིན་གྱིས་བརླབ་པར་བྱའོ། །རིན་པོ་ཆེའི་རྣམ་པ་བསྟན་པའི་ཕྱིར་ནོར་བུ་དང༌།
མུ་ཏིག་དང༌། བཻ་ཌཱུཪྻ་དང༌། ཤང་ཀ་ཤི་ལ་དང༌། བྱི་རུ་དང༌། དངུལ་དང༌། གསེར་དང༌། རྡོའི་སྙིང་པོ་དང༌། སྤུག་དང༌། དམར་པོ་དང༌། གཡས་སུ་འཁྱིལ་པ་ལ་སོགས་པ་ནི་རིན་པོ་ཆེའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་བདག་གིར་མི་བྱ་བ་དང༌། རུང་བར་མ་བྱས་པ་ལ་རེག་གམ། རེག་ཏུ་མི་གཞུག་པར་བསླབ་པར་བྱའོ། །སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་ཡང་དེ་བཞིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གསེར་དངུལ་ལ་རེག་པའི་སྤང་བ་སྟེ་བཅོ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་དྲུག་པ། མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། དེ་ལ་རེ་ཞིག་བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ན་ཐམས་ཅད་དུ་ཡུལ་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་ཞེས་སྒྲ་གྲགས་ཏེ། དེའི་ཉན་ཐོས་རྣམས་འབར་བ་དང་གསལ་བ་དང་ཆར་འབབ་པ་དང༌། གློག་འབྱིན་པའི་ཆོ་འཕྲུལ་དག་བྱེད་པས་གང་དག་དེ་ལ་མཆོད་པ་དག་བྱེད་པ་དེ་དག་གི་མཆོད་པ་བྱས་པ་དེ་དག་ནི་ཤིན་ཏུ་འབྲས་བུ་ཆེ་བ་དང༌། ཕན་ཡོན་ཆེ་བ་དང༌། གསལ་བ་ཆེ་བ་དང༌། རྒྱས་པ་ཆེན་པོ་ཁོ་ནར་འགྱུར་རོ་ཞེས་བྱང་ཕྱོགས་པའི་ཚོང་པ་དག་གིས་ཐོས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཡུལ་དབུས་སུ་འདོང་ངོ༌། །དེར་ཁེ་སྤོགས་མང་པོ་ཡང་བསྒྲུབ་པར་བྱ། སངས་རྒྱས་དང༌། ཆོས་དང་དགེ་འདུན་དག་ལ་ཡང་མཆོད་པ་བྱའོ་ཞེས་བྱང་ཕྱོགས་པའི་ཚོང་པ་དེ་དག་ཟོང་ཐོགས་ཏེ་ཡུལ་དབུས་སུ་འཕགས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏོ། །མཉན་ཡོད་ན་ཤེས་པ་ཅན་རྩིས་མཁན་པ་ཞིག་འདུག་པ་དེས་བྱང་ཕྱོགས་ནས་ཚོང་པ་དོན་མཐུན་དག་འོངས་ཞེས་ཐོས་ནས། དེས་བསམས་པ། སོང་སྟེ་ཇི་བ་ལྟས་ན་དེར་ཅུང་ཟད་འཐོབ་བོ་སྙམ་ནས་དེས་ཅུང་ཟད་དམིགས་པས་ཀྱང་ཤེས། ཅུང་ཟད་རྟོག་གིས་ཀྱང་ཤེས་ནས། དེས་སོང་སྟེ་དེད་དཔོན་ལ་མིང་དང་རུས་ནས་བརྗོད་ཅིང་མིང་འདི་ཞེས་བྱ་བ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱོད་ཀྱི་
མ་ནི་མིང་འདི་ཞེས་བྱ། ཁྱོད་ཀྱི་ཕ་ནི་མིང་འདི་ཞེས་བྱ། ཁྱོད་ཀྱི་རྫས་ནི་འདི་སྙེད་ཅིག་འོངས་སོ། །ཉི་མ་མང་གི་མོ་ཞིག་ལ་ནི་ཁ་ལ་འཇིག་པར་འགྱུར་རོ། །ཁེ་སྤོགས་ནི་འདི་སྙེད་ཅིག་འགྲུབ་པར་འགྱུར་རོ་ཞེས་སྨྲས་པ་དང༌། དེད་དཔོན་དེས་བསམས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་གང་དག་འབར་བ་དང༌། གསལ་བ་དང༌། ཆར་འབབ་པ་དང༌། གློག་འབྱིན་པའི་ཆོ་འཕྲུལ་བྱེད་ཅེས་གྲགས་པ་དེ་དག་ལས་འགའ་ཞིག་འདི་ཡིན་གོང་མ་ཆག་སྙམ་ནས། དེས་དེ་ལ་དད་པས་བྱང་ཕྱོགས་ཀྱི་ནགས་ཀྱི་འབྲས་བུས་སློང་ཕོར་བཀང་སྟེ་བྱིན་ནས། ལ་བ་སྲིན་བུའི་མདོག་ལྟ་བུ་ཅིག་ཀྱང་བསྐོན་ནོ། །ཤེས་པ་ཅན་དེས་དེ་བླངས་ཤིང་གྱོན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་གན་དུ་སོང་བ་དང༌། དེ་དག་གིས་དེ་མཐོང་ནས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱིས་མགོ་བཟློག་སྟེ། ཉལ་བ་གང་ཞིག་ལས་བཟློག །དེས་སྨྲས་པ། བྱང་ཕྱོགས་ནས་ཚོང་པ་དོན་མཐུན་པ་འོངས་ནས་དེར་ཁོ་བོས་དེད་དཔོན་ལ་མིང་དང་རུས་ནས་བརྗོད་ནས། དེས་ཁོ་བོ་ལ་དད་པས་དད་པའི་དབང་དུ་བྱས་པ་ཡིན་ནོ། །དེ་དག་གིས་སྨྲས་པ། ཤེས་པ་ཅན་བདག་ཅག་ལ་ཤཱཀྱའི་བུའི་དགེ་སྦྱོང་དེ་དག་རྟག་ཏུ་ཁྱེད་ཅག་ལ་ཐ་ག་པ་དག་དང་ཕྲེང་རྒྱུད་དག་དང་འབྲུ་མར་མཁན་དག་ལས་གཞན་པ་མི་གཙོ་བོ་འགའ་ཡང་མ་མངོན་པར་དད་པར་མི་བྱེད་དོ་ཞེས་ཐོ་འཚམས་པར་བྱེད་ཀྱི་ཁྱོད་ལ་བ་འདི་གྱོན་ཏེ་སོང་ལ་ཤཱཀྱའི་བུའི་དགེ་སྦྱོང་དེ་དག་གི་སྙིང་དག་གས་པར་གྱིས་ཤིག །དེ་ལྟར་བྱའོ་ཞེས་སྨྲས་ཏེ། དེ་ནས་ཤེས་པ་ཅན་དེ་ལ་པ་དེ་གྱོན་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ༌། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་ནས་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་བར་མི་འཇོག་པས་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཤེས་པ་ཅན་དེ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ༌། །དེ་ནས་ཉེ་དགས་བསམས་པ། གཅེར་བུ་པ་ངན་པ་འདི་ལ་བ་བཟང་པོ་ཞིག་གྱོན་ཏེ་འོངས་ཀྱི། གལ་ཏེ་བདག་གིས་དེ་མ་ཕྲོགས་ན་ཉེ་དགའ་ཞེས་བྱ་བའི་མིང་མི་གཟུང་ངོ་
སྙམ་ནས། དེས་དེ་ལ་སྨྲས་པ། ཤེས་པ་ཅན་ཁྱོད་གཅེར་བུ་པ་ཡིན་ལ་ལ་བ་འདི་ལྟ་བུ་གྱོན་ན་ཕྱིར་བབས་སམ་ཅི། ཁོ་བོས་ཕྱིར་མ་བབས་ཏེ། འདི་ལྟར་བྱང་ཕྱོགས་ནས་ཚོང་པ་དོན་མཐུན་འོངས་ནས་དེར་ཁོ་བོས་དེད་དཔོན་ལ་མིང་དང་རུས་ནས་བརྗོད་ནས་དེས་ཁོ་བོ་ལ་དད་པས་དད་པའི་དབང་དུ་བྱས་པ་བྱིན་ནོ། །མ་ལེགས་སོ་མ་ལེགས་སོ། །ཁྱོད་ཀྱིས་རྒས་པའི་གནས་སྐབས་སུ་ཚུལ་ཁྲིམས་འཆལ་པ་ཀུན་དུ་སྤྱོད་དོ། །ཚུར་ཤོག་འདུག་ཤིག་དང་ཆོས་བསྟན་པར་བྱའོ། །ཤེས་པ་ཅན་དེ་ཉེ་དགའི་མདུན་དུ་འདུག་པ་དང༌། ཉེ་དགའ་ཡིད་དགའ་ཞིང་ཡིད་དགའ་ནས་དེ་ལ་སྦྱིན་པའི་བསྔགས་པ་བརྗོད་པར་བརྩམས་སོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གལ་ཏེ་ཚུལ་ཁྲིམས་ཀྱི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ལྷ་རྣམས་སུ་སྐྱེ་སོ་སྙམ་དུ་སེམས་ལ། གལ་ཏེ་སྦྱིན་པའི་གཏམ་དག་བྱེད་ན། ཉན་པ་པོ་དག་རང་གི་ཤ་གང་ཡིན་པ་དེ་ཡང་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་སོ། །གལ་ཏེ་ངན་སོང་གི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ངན་སོང་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་པར་འགྱུར་བ་ཡིན་པས་ཉེ་དགས་ཤེས་པ་ཅན་དེ་ལ་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱི་སྟོན་པ་ནི་ངན་པ་ལ་མོས་པ་ཡིན་ཏེ། གལ་ཏེ་དེ་བཟང་པོ་འདོད་པར་གྱུར་ན་དེས་ཁྱོད་ཅག་ལ་གོས་འབུམ་རི་བ་དང༌། ཟས་རོ་བརྒྱ་དང་ལྡན་པ་དང་ཁང་པ་བརྩེགས་པ་མིག་ལྔ་བརྒྱ་པ་ཡང་གནང་བར་འགྱུར་བ་ཞིག་ན་མ་གནང་ངོ༌། །ཁོ་བོ་ཅག་གི་སྟོན་པ་ནི་བཟང་པོ་ལ་མོས་པ་ཡིན་པས་དེ་ཁོ་བོ་ཅག་ལ་གོས་འབུམ་རི་བ་དང་ཟས་རོ་བརྒྱད་དང་ལྡན་པ་དང་ཁང་པ་བརྩེགས་པ་མིག་ལྔ་བརྒྱ་པ་ཡང་གནང་ངོ༌། །གལ་ཏེ་ཁྱོད་ལ་བ་འདི་ལྟ་བུ་ཡོན་ཏེ་སློང་མོ་ལ་འགྲོ་བར་གྱུར་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཤེས་པ་ཅན་འདིས་ཚུལ་ཁྲིམས་འཆལ་པ་ཀུན་དུ་སྤྱོད་དོ་སྙམ་དུ་ཤེས་པས་ཁྱོད་ཀྱི་སློང་མོ་ཡང་མི་རྙེད་པར་འགྱུར་གྱི་ཁྱོད་ཀྱི་ལ་པ་འདི་ཁོ་བོ་ལ་བྱིན་ཅིག་དང༌། ཁོ་བོས་ཁྱོད་ལ་ལ་བ་གཞན་ཞིག་སྦྱིན་ནོ། །ཁོ་བོ་ལ་འདི་གྱོན་ཏེ་བསོད་སྙོམས་ལ་འཇུག་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་ཁོ་བོ་མཐོང་ནས་བཙུན་པ་ཉེ་དགས་ལ་བ་འདི་ལྟ་བུ་ག་ལས་རྙེད་ཅེས་ཟེར་ན་ཁོ་བོས་དེ་དག་ལ་འདི་སྐད་ཅེས་ཤེས་པ་ཅན་ཆེ་གེ་མོ་ཞི་
གིས་བྱིན་ནོ་ཞེས་བརྗོད་པར་བྱའོ། །དེས་ན་དེ་དག་གིས་ཤེས་པ་ཅན་དད་པ་དང་ལྡན་པར་གྱུར་ཏོ་སྙམ་དུ་ཤེས་པར་འགྱུར་ཞིང་དེ་དག་གི་ས་ཁྱོད་སློང་མོ་ལ་ཞུགས་པ་ལ་ཆང་དང་ནུར་རྫིས་སློང་ཕོར་བཀང་སྟེ་སྦྱིན་པར་འགྱུར་རོ། །དེས་སྨྲས་པ། བཙུན་པ་ཉེ་དགའ་བ་ཞེས་ཤིག །ཉེ་དགས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་དག་ནི་ཚུལ་ཁྲིམས་འཆལ་པ་ཡིན་པས་ཁྱོད་དེ་དག་གི་ཚིག་ཐོས་ནས་ཡང་ཕྱིར་འཕྲོག་ཏུ་འོང་བར་འགྱུར་བ་དེ་ལྟ་བུའི་གནས་ཡོད་དོ། །བཙུན་པ་ཉེ་དགའ་ཇི་ཁོ་བོའི་ལ་བ་འདི་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་དབང་བ་ཡིན་ནམ། ལ་བ་འདི་ནི་ཁོ་བོ་ཉིད་དབང་བ་ཡིན་གྱི་བཞེས་ཤིག་དང་སླར་འཕྲོག་ཏུ་མི་མཆིའོ། །ཉེ་དགས་ལ་བ་དེ་བླངས་ནས་ཀླམ་རྩུབ་མོ་གཞན་ཞིག་དེ་ལ་བྱིན་ནས་ཤེས་པ་ཅན་དེ་ཀླམ་རྩུབ་མོ་དེ་གྱོན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་གན་དུ་ཕྱིར་སོང་བ་དང༌། དེ་དག་གིས་དེ་མཐོང་ནས་སྨྲས་པ། ཤེས་པ་ཅན་ཁྱོད་ཀྱིས་ཡང་མགོ་བསྒྱུར་ཏེ་ཉལ་བ་གང་ལས་ཐོབ། དེས་སྨྲས་པ། འདི་ནི་བློ་གཞན་ནས་གྲུབ་པ་ཡིན་ནོ། །ཇི་ལྟར་འགྱུར། ཁོ་བོས་ལ་བ་དེ་བཙུན་པ་ཉེ་དགའ་ལ་བྱིན་ནས་དེས་ཀྱང་ཁོ་བོ་ལ་ལ་བ་འདི་བྱིན་ནོ། །དེ་དག་གིས་སྤྱོས་ཏེ་སྨྲས་པ། ཤེས་པ་ཅན་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་ཡུ་བུ་ཅག་གསོན་པས་ཀྱང་མི་དགའ་བ་ཡིན་ནོ། །དྲུག་སྡེ་དག་ཇི་ལྟ་བར་གཞན་དེ་ལྟ་མ་ཡིན་པ་ལ། ཉེ་དགའ་ཇི་ལྟ་བར་དྲུག་སྡེ་གཞན་དེ་ལྟ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་དགེ་སློང་གནས་བརྟན་གཞན་འགའ་ཞིག་ལ་བྱིན་པར་གྱུར་ན། ཁོ་བོ་ཅག་ཀྱང་རྗེས་སུ་ཡི་རང་བར་བྱེད་ན་ཁྱེད་ཀྱིས་ཉེ་དགའ་ལ་བྱིན་ཏེ། དེ་ནི་བདག་ཅག་ལ་ཟོང་གིས་ཀྱང་ཁྲག་གི་ཕྱིས་བུ་ལེན་པར་འདོད་པ་ཡིན་གྱི་གལ་ཏེ་ལ་བ་ཁྱེར་ཏེ་འོངས་ན་དེ་ལྟ་ན་ལེགས། གལ་ཏེ་ཁྱེར་ཏེ་མི་འོང་ན་ཁོ་བོ་ཅག་གིས་ཁྱོད་ཚངས་པ་མཚུངས་པར་སྤྱོད་པའི་ནང་ནས་གནས་ནས་དབྱུང་བར་བྱ་ཞིང༌། ཚུལ་ཤིང་ཡང་དབྱུང་བར་བྱ། སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་བྱ། སློང་ཕོར་ཡང་ཁས་དབུབ་པར་བྱ། ཁར་བ་ཡང་དོར་བར་བྱའོ། །དེ་སྐྲག་ནས་ཉེ་དགའ་ག་ལ་བ་དེར་སོང་བ་དང་ཉེ་དགས་ཐག་རིང་པོ་ཁོ་ན་ནས་དེའོང་བ་མཐོང་ནས། དེས་བསམས་པ། ཤེས་པ་ཅན་འགྲོས་འདི་ལྟ་བུས་འོང་བ་འདི་ནི་བདག་གིལ་བ་
འཕྲོག་བར་བྱེད་བ་ཡིན་ནོ་སྙམ་ནས། དེ་གཙུག་ལག་ཁང་གི་ནང་དུ་ཞུགས་ནས་སྒོ་བཅད་དེ་འདུག་གོ །ཤེས་པ་ཅན་དེས་སྒོ་བརྡུང་བར་བརྩམས་ཏེ། བཙུན་པ་ཉེ་དགའ་བཙུན་པ་ཉེ་དགའ་ཞེས་བོས་པ་དང༌། ཉེ་དགའ་ཅང་མི་སྨྲ་བར་འདུག་གོ །དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཤེས་པ་ཅན་ཁྱོད་ལ་བཙུན་པ་ཉེ་དགས་ཅི་བྱ། དེས་སྨྲས་པ། དེས་ཁོ་བོའི་ལ་བ་ཞིག་ཁྱེར་རོ། །ཤེས་པ་ཅན་གལ་ཏེ་ཁྱོད་ལ་བ་འདོད་ན་སོང་ལ་བཅོམ་ལྡན་འདས་ལ་སྐྱབས་སྒྲུབས་ཤིག །དེ་བཅོམ་ལྡན་འདས་ག་ལ་བདེར་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་ཤེས་པ་ཅན་དེ་ཐག་རིང་པོ་ཁོ་ན་ནས་འོངས་པ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཤེས་པ་ཅན་ཐག་རིང་པོ་ཁོ་ན་ནས་འོང་བ་ལ་ལྟོས་ཤིག །བཙུན་པ་བཀའ་བཞིན་འཚལ། འདི་ནི་ལ་བའི་ཕྱིར་འོངས་ཏེ་གལ་ཏེ་ལ་བ་ཐོབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་ཐོབ་ན་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་རོ། །དེ་ནས་ཤེས་པ་ཅན་དེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཙུན་པ་ཉེ་དགས་བདག་གི་ལ་བ་འཚལ་བ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་སླར་སྩལ་དུ་སྩོལ་ཅིག །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་ལ་བ་སླར་སྩལ་དུ་མ་སྩལ་ན། འདི་ལྟར་བདག་ཚངས་པ་མཚུངས་པར་སྤྱོད་པའི་ནང་ནས་གནས་ནས་ཕྱུང་བར་འགྱུར་ཞིང་ཚུལ་ཤིང་ཡང་ཕྱུང་བར་འགྱུར། སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་འགྱུར། སློང་ཕོར་ཡང་ཁས་ཕུབ་པར་འགྱུར། ཁར་བ་ཡང་བོར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཉེ་དགའི་གན་དུ་སོང་སྟེ་ཤེས་པ་ཅན་གྱི་ལ་བ་ཕྱིར་བྱིན་ཅིག །གལ་ཏེ་མ་བྱིན་ན་ཤེས་པ་ཅན་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བའི་གནས་དེ་ལྟ་བུ་ཡོད་དོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། ཉེ་དགའ་ག་ལ་བ་དེར་སོང་བ་དང༌། ཉེ་དགས་ཚེ་དང་ལྡན་བ་ཀུན་དགའ་བོ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས། དེས་བསམས་པ། ཤེས་པ་ཅན་གྱིས་ཕོ་ཉ་འདི་ལྟ་བུ་ཁྲིད་དེ་འོང་བས་འདིས་ཁོ་བོའི་ལ་བ་
ཕྲོག་པར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཉེ་དགའ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་ཅན་གྱི་ལ་བ་ཕྱིར་བྱིན་ཅིག་གལ་ཏེ་འདིའི་ལ་བ་ཕྱིར་མ་བྱིན་ན། ཤེས་པ་ཅན་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བའི་གནས་དེ་ལྟ་བུ་ཡོད་པར་འགྱུར་རོ་ཞེས་འབྱུང་ངོ༌། །ཉེ་དགས་སྨྲས་པ། བཙུན་པ་ཀུན་དགའ་བོ་སྟོན་པའི་བཀའ་མཉན་པར་ཟད་ཀྱི་གཞན་དུ་ན་སྒྲེ་བྱི་གཅེར་བུ་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བ་ལས། གལ་ཏེ་ཤེས་པ་ཅན་ཤ་སྟག་གིས་འཛམ་བུའི་གླིང་འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འོད་མའི་ཚལ་བཞིན་དུ་གང་བར་གྱུར་ལ། དེ་དག་ཐམས་ཅད་ཁྲག་ཚ་བ་སྐྱུགས་ཏེ་ཁ་དག་ཅིང་དུས་བྱེད་པར་གྱུར་ཀྱང༌། ཉེ་དགའི་སྤུའི་རྩེ་མོ་ཙམ་ཡང་མི་གཡོས་ཏེ། འོན་ཀྱང་བཞུད་ཅིག་དང་སྦྱིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སོང་པ་དང༌། ཉེ་དགས་སྨྲས་པ། ཀྭ་ཡེ་གཅེར་པུ་པ་ཉོན་ཅིག །ཁྱོད་ཀྱི་སྟོན་པ་བརྫུན་མ་དེས་བརྫུན་དུ་སྨྲ་བས་འཇིག་རྟེན་བསླུས་ནས། སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ་དེའི་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨེད་པར་བྱེད་ན། ཁྱོད་ཀྱང་དེ་བས་ཀྱང་བརྫུན་མ་ཆེན་པོ་ཡིན་པས་ཁྱོད་ཀྱི་ལྕེ་ལ་ཡང་ཐོང་གཤོལ་སྟོང་གིས་རྨོ་བར་ཡང་འགྱུར་རོ། །གཞན་ཡང་ཁོ་བོའི་ལ་བ་ཁྱོད་ཀྱིས་སྤྱད་ན་ཅི་ཁོ་བོས་ཀྱང་ཁྱོད་ཀྱི་ལ་བ་སྤྱད་སྙམ་མམ། བཙུན་པ་ཉེ་དགའ་མ་ལགས་སོ། །ཉེ་དགས་དེའི་ལ་བ་དེས་མདོམས་ཀྱི་ཕྱོགས་ཐམས་ཅད་ཕྱིས་ནས་བཞི་བལྟབ་ཏུ་བལྟབ་སྟེ་ལག་པ་གཡོན་པའི་སྟེང་དུ་བཞག་ནས་ལག་པ་གཡས་པས་ཐལ་ལྕག་གིས་བསྣུན་པ་དང་རིམ་པ་ཐམས་ཅད་རྡོལ་བར་གྱུར་ནས་སྨྲས་པ། ཤེས་པ་ཅན་ལག་པ་གཉིས་རྐྱོང་ཤིག །དེས་ལག་པ་གཉིས་བརྐྱང་བ་དང༌། ཉེ་དགའི་ལག་པས་དེ་ཁས་བུབ་ཏུ་སྒྱེལ་བར་འགྱུར་བ་དེ་ལྟ་བུའི་ཤུགས་ཀྱིས་ལ་བ་ལག་ཏུ་བྱིན་པ་དང༌། དེ་ཁས་བུབ་ཏུ་སྒྱེལ་ནས། ཉེ་དགས་རྡོག་པས་བསྣུན་ཏེ་སྨྲས་པ། གཅེར་བུ་བ་སྒྲེ་བྱི་གཙུག་ལག་ཁང་སླད་པས་མ་བསླད་པར་སོང་ཤིག །བཙུན་པ་ཉེ་དགའ་གལ་ཏེ་མ་གུམ་ན་མཆི་སྟེ། སླན་ཆད་རྒྱལ་བྱེད་ཀྱི་ཚལ་དུ་མི་མཆིའོ། །དེ་ནི་རེ་ཞིག་བྱུང་བ་ཡིན་གྱི་བཅོམ་
ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་གཅེར་བུ་པའི་ལ་བ་མངོན་མཚན་ཅན་ཞེ་ནོམ་བྱས་པའོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པར་གཏོང་བར་བྱེད་དོ། །ཇི་ལྟར་ཀུན་དུ་སྦྱོར་བར་བྱེད་ཅེ་ན། ཀུན་དུ་རྩོམ་པར་བྱེད། ཡུལ་ཚོལ་བར་བྱེད། ཤིང་རྟ་སོགས་པར་བྱེད། ཡུལ་དུ་འགྲོ་བའི་རྫས་ཤོམ་པར་བྱེད། ལེའུ་པ་དང༌། གྲོ་བ་དང༌། སྣག་ཙ་དང༌། སྨྱུ་གུ་དང༌། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་ཀུན་དུ་སྦྱོར་བར་བྱེད་དོ། །ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེ་ན། བརྒྱད་ཤས་དང༌། བཅུ་ཤས་དང༌། བཅུ་གཉིས་ཀྱི་ཤས་ཀྱི་ཕྱིར་དཔང་པོ་དང༌། གྲོ་བ་དང༌། སྣག་ཙ་དང༌། སྨྱུ་གུ་དང༌། ཡི་གེ་པ་ཚོལ་བར་བྱེད་དོ། །དེ་ལྟར་རབ་ཏུ་སྦྱོར་བར་བྱེད་དོ། །ཇི་ལྟར་བུན་འགྱེད་པར་བྱེད་ཅེ་ན། ནས་དང་འབྲུ་རྙིང་པ་གསར་བྱེད་དང་ཉེས་སྡེའི་ཕྱིར་གཏོང་བ་དང༌། གཞལ་བའི་སྣོད་དང་བྲེའུ་ཆུང་ངུ་དང༌། ཕུལ་དང༌། གྲོ་བ་དང༌། སྣག་ཙ་དང༌། སྨྱུ་གུ་དང༌། ཡི་གེ་པ་ཚོལ་བར་བྱེད་དེ། དེ་ལྟར་བུན་འགྱེད་པར་བྱེད་དོ། །ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན། དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་དང༌། ནོར་བུའི་ཚོགས་ཀྱི་ཕྱིར་མུ་ཏིག་གི་ཚོགས་གཏོང་བར་བྱེད་པ་དང༌། མུ་ཏིག་གི་ཚོགས་ཀྱི་ཕྱིར་བཻ་ཌཱུཪྻའི་ཚོགས་གཏོང་བར་བྱེད་ཅིང༌། དཔང་པོ་དང་གྲོ་བ་དང༌། སྣག་ཙ་དང༌། སྨྱུ་གུ་དང༌། ཡི་གེ་བ་ཚོལ་བར་བྱེད་དེ། དེ་ལྟར་སྐྱེད་འགྱེད་པར་བྱེད་དོ། །ཇི་ལྟར་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་གྱི་ཕྱིར་མངོན་མཚན་ཅན་གཏོང་བར་བྱེད་དེ། དེ་ལྟར་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་
མངོན་མཚན་ཅན་གྱི་ཕྱིར་མངོན་མཚན་ཅན་མེད་པ་གཏོང་བར་བྱེད་དེ། དེ་ལྟར་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་མ་བྱས་བའི་ཕྱིར་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་མ་ཡིན་པའི་ཕྱིར་མངོན་མཚན་ཅན་གཏོང་བར་བྱེད་དེ། །དེ་ལྟར་མ་བྱས་པའི་ཕྱིར་བྱས་པ་གཏོང་བར་བྱེད་དོ། །ཇི་ལྟར་མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ཅེ་ན། གསེར་མངོན་མཚན་ཅན་མ་ཡིན་པའི་ཕྱིར་མངོན་མཚན་ཅན་མ་ཡིན་པ་གཏོང་བར་བྱེད་དེ། དེ་ལྟར་མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ནས་གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང༌། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་བའི་ཕྱིར་མ་བྱས་པར་གཏོང་བར་བྱེད་དོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱང་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་དེ། ཀུན་དུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། བུན་འགྱེད་པར་བྱེད། སྐྱེད་འགྱེད་པར་བྱེད། བྱས་པའི་ཕྱིར་བྱས་པ་དང༌། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་ན། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་ད་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།
ཡང་དགེ་སློང་གང་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་མངོན་མཚན་ཅན་གྱིས་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མངོན་མཚན་ཅན་གྱིས་སྤྱོད་པ་ཞེས་བྱ་བ་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ན་དང་རིན་པོ་ཆེ་ལ་སོགས་པ་མངོན་མཚན་ཅན་གྱིས་སྤྱོད་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱེད་ན་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བར་བྱེད་པ་དང༌། རབ་ཏུ་སྦྱོར་བར་བྱེད་པ་དང༌། བུན་འགྱེད་པར་བྱེད་པ་དང༌། སྐྱེད་འགྱེད་པར་བྱེད་པ་དང༌། བྱས་པའི་ཕྱིར་བྱས་པ་དང༌། བྱས་པའི་ཕྱིར་ན་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བ་ལྷག་པར་སྤྱོད་པར་བྱེད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་སྤང་བ་སྔ་མ་དང་འདི་དང་འོག་མ་གསུམ་གྱི་ཡུལ་ལ་བྱེ་བྲག་ནི་འདི་ཡིན་པར་རིག་པར་བྱ་སྟེ། སྔ་མ་ནི་རིན་པོ་ཆེ་ལ་སོགས་པ་ལ་རེག་པ་ལས་སོ། །འདི་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ན་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སོ། །འོག་མ་ནི་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དེ་ལྟར་བྱེ་བྲག་བསྟན་ནས། ད་ནི་སྤང་བའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བསྟན་པར་བྱ་སྟེ། དགེ་སློང་གིས་རྙེད་པ་འདོད་པས་ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ལ་པ་ན་དང་རིན་པོ་ཆེས་སྤྱོད་པ་ལས་སྐྱེད་ཕྱིན་ན་སྐྱེད་དེ་ལས་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་
ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བམ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བམ་བཤགས་པར་མངོན་མཚན་ཅན་གྱིས་སྤྱོད་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ཀུན་དུ་སྦྱོར་བར་བྱེད་པ་དང༌། རབ་ཏུ་སྦྱོར་བར་བྱེད་པ་དང༌། བུན་འགྱེད་པར་བྱེད་པ་དང༌། སྐྱེད་འགྱེད་པར་བྱེད་པ་དང༌། བྱས་པའི་ཕྱིར་བྱས་པ་དང༌། བྱས་པའི་ཕྱིར་མ་བྱས་པ་དང༌། མ་བྱས་པའི་ཕྱིར་བྱས་པ་དང༌། མ་བྱས་པའི་ཕྱིར་མ་བྱས་པ་གཏོང་བར་བྱེད་པ་ལ་ན་སྨད་པ་མེད་དོ། །རྙེད་པ་འདོད་པ་སྐྱེད་འདོད་པས་པ་ན་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སྐྱེད་ཕྱིན་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་ཀྱི་དོན་དུ་རྙེད་པར་འདོད་པ་ཉིད་ཀྱི་དངོས་གཞི་ལ་ན་སྨད་པ་མེད་དོ། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ལ་ན་སྨད་པ་མེད་དོ། །རྩ་བ་བས་སྔོན་ནམ་ཕྱིས་སྐྱེད་ཐོབ་པ་ལ་ན་སྨད་པ་མེད་དོ། །བཤགས་པའི་དུས་ན་ཡང་སྐྱེད་ཉིད་སྤང་བར་འོས་པ་ཉིད་ཡིན་གྱི་རྩ་བར་གྱུར་པའི་རྫས་ནི་མ་ཡིན་ནོ། །གང་གི་ཚེ་སྐྱེད་དང་རྩ་བ་གཉིས་དུས་གཅིག་ཏུ་བྱུང་ན་དེའི་ཚེ་ཆ་གང་ལས་ལྟུང་བ་འབྱིན་པ་པོའི་གང་ཟག་སྐྱེད་དུ་གྱུར་པ་ཉིད་དུ་ལྷག་པར་ཆགས་པ་སྐྱེ་བ་དེ་ཉིད་སྤང་བར་བྱ་བ་ཡིན་ནོ། །སྐྱེད་ཕྱིན་པ་ལ་ན་སྨད་པ་མེད་དོ་ཞེས་སྨྲས་ན་སྐྱེད་ཕྱིན་པ་ནི་ཚོང་ལ་སོགས་པ་ལས་ཀྱང་འབྱུང་ལ་ཁེ་སྤོགས་འདོད་པ་ཉིད་ལས་ཀྱང་འབྱུང་ན་དེའི་ཕྱིར་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་འདི་ལ་སྐྱེད་གང་ལས་ཕྱིན་ན་དངོས་གཞིའི་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་པ་ནའམ་རིན་པོ་ཆེས་སྤྱོད་པ་ལས་སོ་ཞེས་བྱ་བ་སྨྲས་ཏེ། པ་ན་དང་རིན་པོ་ཆེ་དག་གིས་རྙེད་པའི་དོན་དུ་སྐྱེད་སྐྱེ་ཞིང་སྤྱོད་པ་གང་ཡིན་པ་དེ་ལས་སྐྱེད་གང་ཕྱིན་པ་དེ་ལ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བར་
འགྱུར་རོ། །གལ་ཏེ་དགེ་སློང་གིས་མངོན་མཚན་ཅན་གྱིས་སྤྱོད་པའི་ཕྱིར་རིན་པོ་ཆེ་ལ་སོགས་པ་ལ་རེག་གམ་གཞན་རེག་པར་བྱེད་དུ་འཇུག་ན་དེ་དེ་ལྟ་ན་ནི་རེག་གམ་རེག་ཏུ་འཇུག་པ་ལས་བྱུང་བའི་སྤང་བའི་ལྟུང་བྱེད་སྔ་མས་བསྡུས་པ་ཡིན་པར་རིག་པར་བྱའི་འདིར་གཏོགས་པར་བྱ་བ་ནི་མ་ཡིན་ནོ། །དགེ་སློང་གང་གིས་ཉོ་ཚོང་མ་བྱས་པར་སྔ་མ་བསྐྱེད་པ་ཙམ་ཁོ་ན་ལས་རྙེད་པ་གྲུབ་ན་ཡང་འདིར་གཏོགས་པའི་ཁ་ན་མ་ཐོ་བའི་དངོས་གཞིར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་རྣམ་པར་རིག་བྱེད་གང་ཡང་རུང་བས་བསྐྱེད་པ་ལ་ན་སྨད་པ་མེད་དོ། །པ་ན་དང་རིན་པོ་ཆེའི་རྣམ་པ་གང་ཡང་རུང་བས་སྤྱད་པ་ལ་ན་སྨད་པ་མེད་དོ། །རིན་པོ་ཆེ་རྡུངས་སུ་བྱས་པ་དང་མངོན་མཚན་ཅན་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རྙེད་པ་འདོད་པ་དང་ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་དང༌། པ་ན་དང་རིན་པོ་ཆེས་སྤྱད་པ་དང༌། སྐྱེད་ཕྱིན་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙེད་པ་འདོད་པ་དང༌། ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་དང༌། པ་ན་དང་རིན་པོ་ཆེས་སྤྱད་པ་དང༌། སྐྱེད་ཕྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པ་ན་སྨད་དོ། །དེ་ལ་རྙེད་པ་འདོད་པ་ཞེས་སྨོས་པ་ནི་རྙེད་པ་འདོད་པའི་ལྟུང་བ་འབྱིན་པ་པོ་དེ་ལ་ལྟུང་བ་འདི་རྣམ་པར་གཞག་གི་ཐོབ་པ་ཙམ་ལ་ན་སྨད་པའི་ཕྱིར་རོ། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཅེས་སྨོས་པ་ནི་ཕ་རོལ་པོ་གང་དང་ལྷན་ཅིག་ཏུ་མངོན་མཚན་ཅན་གྱིས་སྤྱོད་པ་འདི་བྱེད་པ་དེ་གལ་ཏེ། ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དེའི་ཚེ་དངོས་གཞིའི་ལྟུང་བར་འགྱུར་གྱི་དེ་ལས་གཞན་པ་ལ་ན་སྨད་པའི་ཕྱིར་རོ། །པ་ན་དང་རིན་པོ་ཆེས་སྤྱད་པ་ཞེས་སྨོས་པ་ནི་པ་ན་དང་རིན་པོ་ཆེ་དག་གིས་རྙེད་པའི་དོན་དུ་སྐྱེད་བ་ཀྱེ་ཞིང་སྤྱོད་པ་གང་ཡིན་པ་དེ་ལས་སྐྱེད་གང་ཕྱིན་པ་དེ་ལ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བར་འགྱུར་གྱི། ཉོ་ཚོང་ལ་སོགས་པ་ལས་སྐྱེད་ཕྱིན་པ་ནི་ཉོ་ཚོང་བྱེད་པའི་སྤང་བའི་སྐབས་ཡིན་པའི་ཕྱིར་རོ། །སྐྱེད་ཕྱིན་པའོ་ཞེས་སྨོས་པ་ནི་གང་གི་ཚེ་སྐྱེད་ཕྱིན་པ་དེའི་ཚེ་ན་དངོས་གཞིའི་ལྟུང་བར་འགྱུར་གྱི། སྐྱེད་མེད་ན་ནི་སྦྱོར་བ་ཙམ་དུ་ཟད་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་མངོན་མཚན་ཅན་གཅིག་གམ་གཉིས་སམ་མང་པོ་ཞིག་གིས་སྤྱད་ན་ཡང་ལྟུང་
བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལམ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གལ་ཏེ་བདག་ཉིད་ཀྱི་དོན་དུ་རྙེད་པ་འདོད་པ་ཉིད་ཡིན་ན་ནི་སྦྱོར་བ་ལ་ཉེས་བྱས་སོ། །གཞན་གྱི་དོན་དུ་ན་ནི་དངོས་གཞིའི་གནས་སྐབས་ལ་ཉེས་བྱས་སུ་འགྱུར་ལ། སྦྱོར་བ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །ཕ་རོལ་པོ་ཁྱིམ་པ་ཉིད་མ་ཡིན་པ་དང་ཉེ་དུ་ཉིད་ལ་ཉེས་བྱས་སོ། །སྐྱེད་མ་ཕྱིན་ན་ཉེས་བྱས་སོ། །རྙེད་པ་མ་གྲུབ་ན་ནི་དེའི་ཚེ་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སུ་འགྱུར་ཏེ། འདི་ལ་ཉོ་ཚོང་ནི་ཡན་ལག་མ་ཡིན་པའི་ཕྱིར་རོ། །སྐྱེད་གྲུབ་པ་བས་མདུན་རོལ་དུ་དགེ་སློང་གིས་རྙེད་པ་བསྒྲུབ་པའི་ཕྱིར་བརྩལ་བ་གང་ཅུང་ཟད་བྱེད་ན་བརྩལ་བ་དེ་དག་ཐམས་ཅད་ནི་གཅིག་པ་ཉིད་ཡིན་པས་དེའི་ཕྱིར་སྦྱོར་བ་ལ་ནི་གཅིག་པ་ཉིད་དོ་ཞེས་སྨྲས་ཏེ། དེ་ལྟར་ཡང་འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་སྒྲུབ་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱས་སོ། །རྙེད་པ་བསྒྲུབས་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་བསམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །གཞན་གྱི་དོན་དུ་རྙེད་པ་འདོད་པ་ཉིད་ཡིན་ན་སྦྱོར་བ་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དཀོན་མཆོག་གི་དོན་དུ་བསྐྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་འདུན་གྱི་ཕྱིར་མཁར་ལན་གྱི་རྒྱུ་མི་ཟད་པ་བླང་བར་བྱའོ། །དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་ནི་སུམ་
རྩེག་ཏུ་བྱའོ། །དགེ་སློང་མའི་དགེ་འདུན་གྱི་དབྱར་ཁང་ནི་ཉིས་རྩེག་ཏུ་བྱའོ། །དགེ་འདུན་གྱི་ཕྱིར་མཁར་ལན་གྱི་རྒྱུ་མི་ཟད་པ་རབ་ཏུ་སྦྱར་བར་བྱའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་མི་ཟད་པ་རབ་ཏུ་སྦྱར་བར་བྱ་ཞིང་དེ་ལས་སྐྱེད་གང་གྲུབ་པ་དེས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆོད་པར་བྱའོ། །ཡོན་བདག་དེ་དག་ཉིད་དང་ཕྱུག་པོ་དག་དང་དབུལ་པོ་དག་ལ་གཏང་བར་མི་བྱའོ། །ཀུན་དགའ་ར་བ་པའམ། དགེ་བསྙེན་དག་ཡོད་ན་བསྒོ་བས་དཀོན་མཆོག་གི་དོན་དུ་བསྐྱེད་པར་བྱའོ། །གཏའ་ཉི་རིར་བླང་བར་བྱའོ། །དཔང་པོ་དང་ལོ་དང་ཟླ་བ་དང་ཉི་མ་དང་དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་དང་ལེན་པ་པོ་དང་རྫས་དང་སྐྱེད་རྣམས་དཔང་རྒྱར་བྲིས་ནས་སྐྱེད་དུ་གཏང་བར་བྱའོ། །རྒྱུས་ཤེས་པས་དེ་གཞན་ལ་ཡང་ཁོང་དུ་ཆུད་པར་བྱའོ། །འདིར་དེ་དག་གི་གཞུང་ནི་མ་མོ་ལས་འདི་ལྟ་སྟེ། ཡངས་པ་ཅན་གྱི་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ཡང་བྱེད་དུ་བཅུག །གཙང་ཁང་ཕྱུར་བུ་ཡང་བྱེད་དུ་བཅུག་ནས་དགེ་སློང་རྣམས་ལ་མཆོད་རྟེན་དང༌། གཙང་ཁང་ཕྱུར་བུ་དག་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་རྗེས་སུ་གཏད་པ་ན་དགེ་སློང་དག་འགྱོད་ཅིང་ལེན་པར་མི་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ར་བ་པའམ། དགེ་བསྙེན་དག་གིས་མཆོད་རྟེན་ཞིག་རལ་དུ་མི་འགྱུར་བའི་ཡོ་བྱད་བླང་བར་བྱ་ཞིང་བླངས་ནས་ཀྱང་བསྐྱེད་པར་བྱ་སྟེ། དེ་ལས་རྙེད་པ་ཇི་ཙམ་བྱུང་བ་དེས་མཆོད་རྟེན་ལ་མཆོད་པ་བྱ་བར་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་དང། གཞན་ལས་ཀྱང་དགེ་སློང་གཉུག་མར་གནས་པ་དག་གིས་དགེ་སློང་གློ་བུར་དུ་ལྷགས་པ་དག་ལ་གང་ཟག་ཆེ་གེ་མོ་ལས་ཟླ་བ་རེ་རེ་ཞིང་འདི་ཙམ་ཞིག་མནོད་དོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་སྟེ་བཅུ་དགུ་པ་བཤད་ཟིན་ཏོ།། །།ཉོ་ཚོང་བྱེད་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མིད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་སྡེ་དག་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད།
གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་དོ། །ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ་ལྗོངས་སུ་ལོ་ལེགས་ཤིང་གྲོང་ཁྱེར་དུ་ལོ་ཉེས་པ་དེའི་ཚེ་ལྗོངས་ནས་གྲོང་ཁྱེར་དུ་ལེན་པར་བྱེད་དེ། དེ་ལྟར་ལེན་པར་བྱེད་དོ། །ཇི་ལྟར་གཏོང་བར་བྱེད་ཅེ་ན། གང་གི་ཚེ་གྲོང་ཁྱེར་དུ་ལོ་ལེགས་ཤིང་ལྗོངས་སུ་ལོ་ཉེས་པ་དེའི་ཚེ་ན་གྲོང་ཁྱེར་ནས་ལྗོངས་སུ་གཏོང་བར་བྱེད་དེ། དེ་ལྟར་གཏོང་བར་བྱེད་དོ། །ཇི་ལྟར་ཉོ་བར་བྱེད་ཅན། གང་གི་ཚེ་རིན་ཆུང་བ་དེའི་ཚེ་ན་ཉོ་བར་བྱེད་དེ། དེ་ལྟར་ཉོ་བར་བྱེད་དོ། །ཇི་ལྟར་འཚོང་བར་བྱེད་ཅེ་ན། གང་གི་ཚེ་རིན་ཆེ་བ་དེའི་ཚེ་ན་འཚོང་བར་བྱེད་དེ། དེ་ལྟར་འཚོང་བར་བྱེད་ནས་གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་མ་ལོག་མ་སྤངས་སོ་སོར་མ་སྤངས་པ་ཡིན་ཏེ། འདི་ལྟར་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱང་ཉོ་ཚོང་རྣམ་བ་སྣ་ཚོགས་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉོ་བར་བྱེད། འཚོང་བར་བྱེད་ན། ཤཱཀྱའི་བུའི་དགེ་སྦྱོང་རྣམས་དང་བྲམ་ཟེ་དང་ཁྱིམ་བདག་འདི་དག་ལ་བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང༌། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་རྣམས་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གར་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་དག་གམ། གཞན་ཡང་དེ་ལྟ་
བུ་གང་ཡིན་པའོ། །ཉོ་ཚོང་ཞེས་བྱ་བ་ནི་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོད་བྱེད་པའོ། །རྣམ་པ་སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱེད་ན་ཞེས་བྱ་བ་ནི་ལེན་པར་བྱེད་པ་དང༌། གཏོང་བར་བྱེད་པ་དང༌། ཉོ་བར་བྱེད་པ་དང༌། འཚོང་བར་བྱེད་པ་དག་ལྷག་པར་སྤྱོད་པར་བྱེད་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །ཉོ་ཚོང་བྱེད་པའི་སྤང་བ་འདི་ནི་སྔར་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་པ་བསྟན་པའི་བྱེ་བྲག་ཡིན་ཏེ། དེའི་ཕྱིར་སྔར་སྐྱེད་ཕྱིན་ན་དངོས་གཞིའོ་ཞེས་སྨྲས་ན། འདིར་གང་གིས་སྐྱེད་ཕྱིན་ན་བསྟན་པའི་ཕྱིར་གཞན་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། སྔར་བསྟན་པའི་སྤྱོད་པ་ལས་གཞན་གྱིས་སྐྱེད་ཕྱིན་ན་འདིའི་དངོས་གཞིའོ་ཞེས་བྱ་བར་སྦྱར་རོ། །གཞན་གྱིས་སོ་ཞེས་བྱ་བ་ནི་སྔར་བསྟན་པའི་པ་ན་དང་རིན་པོ་ཆེ་དག་ལས་གཞན་པ་གཞལ་བར་བྱ་བ་ལ་སོགས་པའི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །ཡང་ན་གཞན་གྱིས་སོ་ཞེས་བྱ་བ་ནི་བསྐྱེད་པའི་ཁེ་སྤོགས་འདོད་པ་ལས་གཞན་པ་ཉོ་ཚོང་གི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །དེ་ལྟ་བས་ན་སྤང་བ་སྔ་མ་གཉིས་དང༌། འདི་དང་གསུམ་གྱི་ཡུལ་ལ་བྱེ་བྲག་ནི་འདི་ཡིན་པར་རིག་པར་བྱ་སྟེ། གསེར་དངུལ་ལ་རེག་པའི་སྤང་བ་ནི་རིན་པོ་ཆེ་ལ་སོགས་པ་ལ་རེག་པ་ལས་སོ། །མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་ནི་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ན་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སོ། །ཉོ་ཚོད་བྱེད་པའི་སྤང་བ་ནི་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ནའོ། །དེ་ལྟར་བྱེ་བྲག་བསྟན་ནས། ད་ནི་ཉོ་ཚོང་བྱེད་པའི་སྤང་བའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བསྟན་པར་བྱ་སྟེ། དགེ་སློང་གིས་རྙེད་པ་འདོད་པས་ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ལ་ཉོ་ཚོང་ལ་སོགས་པས་སྤྱོད་པ་ལས་སྐྱེད་ཕྱིན་ན་སྐྱེད་དེ་
ལས་ཉོ་ཚོང་བྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ཉོ་ཚོང་བྱེད་པའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ཉོ་ཚོང་བྱེད་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ཉོ་ཚོང་བྱེད་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྟུང་བཟེད་དམ་ཆོས་གོས་སམ་དྲ་བའམ་པོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ལེན་པར་བྱེད་པ་དང༌། གཏོང་བར་བྱེད་པ་དང༌། ཉོ་བར་བྱེད་པ་དང༌། འཚོང་བར་བྱེད་པ་ལན་སྨད་པ་མེད་དོ། །རྙེད་པ་འདོད་པ་སྐྱེད་འདོད་པས་ཉོ་ཚོང་ལ་སོགས་པས་སྐྱེད་པ་ལས་སྐྱེད་ཕྱིན་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་ཀྱི་དོན་དུ་རྙེད་པ་འདོད་པ་ཉིད་ཀྱི་དངོས་གཞི་ལ་ན་སྨད་པ་མེད་དོ། །ཕ་རོལ་པོ་ཁྱིམ་པ་ཉིད་དུ་མ་ཡིན་པ་ཉིད་ལ་ན་སྨད་པ་མེད་དོ། །རྩ་བ་བས་སྔོན་ནམ་ཕྱིས་སྐྱེད་ཐོབ་པ་ལ་ན་སྨད་པ་མེད་དོ། །བཤགས་པའི་དུས་ན་ཡང་སྐྱེད་ཉིད་སྤང་བར་འོས་པ་ཉིད་ཡིན་གྱི་རྩ་བར་འདོད་པའི་རྫས་ནི་མ་ཡིན་ནོ། །གང་གི་ཚེ་སྐྱེད་པ་དང་རྩ་བ་གཉིས་དུས་གཅིག་ཏུ་བྱུང་ན་དེའི་ཚེ་ཆ་གང་ལས་ལྟུང་བ་འབྱིན་པ་པོའི་གང་ཟག་སྐྱེད་དུ་གྱུར་པ་ཉིད་དུ་ལྷག་པར་ཆགས་པ་སྐྱེ་བ་དེ་ཉིད་སྤང་བར་བྱ་བ་ཡིན་ནོ། །སྐྱེད་ཕྱིན་པ་ལ་ན་སྨད་པ་མེད་དོ་ཞེས་སྨྲས་ན། སྐྱེད་ཕྱིན་པ་ནི་ཚོང་ལ་སོགས་པ་ལས་ཀྱང་འབྱུང་ལ། ཁེ་སྤོགས་འདོད་པ་ཉིད་ལས་ཀྱང་བྱུང་ན་དེའི་ཕྱིར་ཉོ་ཚོད་བྱེད་པའི་སྤང་བ་འདི་ལ་སྐྱེད་གང་ལས་ཕྱིན་ན་དངོས་གཞིའི་ལྟུང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། པན་དང་རིན་པོ་ཆེ་དག་ལས་གཞན་པ་གཞལ་བར་བྱ་བ་ལ་སོགས་པའི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །ཡང་ན་གཞན་གྱིས་སོ་ཞེས་བྱ་བ་ནི་བསྐྱེད་པའི་ཁེ་སྤོགས་འདོད་པ་ལས་གཞན་པ་
ཉོ་ཚོང་གི་སྤྱོད་པ་ལས་སྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ། །གལ་ཏེ་དགེ་སློང་གིས་ཉོ་ཚོང་བྱ་བའི་ཕྱིར་རིན་པོ་ཆེ་ལ་སོགས་པ་ལ་རེག་གམ་གཞན་རེག་པར་བྱེད་དུ་འཇུག་ན་དེ་ལྟ་ན་ནི་གསེར་དངུལ་ལ་རེག་པའི་སྤང་པའི་ལྟུང་བྱེད་སྔ་མས་བསྡུས་པ་ཡིན་པར་རིག་པར་བྱའི་འདིར་གཏོགས་པ་ནི་མ་ཡིན་ནོ། དགེ་སློང་གིས་ཁེ་སྤོགས་འདོད་པ་ཉིད་ཀྱིས་པ་ན་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སྐྱེད་ཕྱིན་ན་ནི་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བར་འགྱུར་རོ། །དགེ་སློང་གིས་གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་བྱས་ནས་སྐྱེད་པར་བྱེད་པ་ལས་སྐྱེད་ཕྱིན་པ་ནི་ཉོ་ཚོང་བྱེད་པའི་སྤང་བ་འདིར་གཏོགས་པའི་དངོས་གཞིའི་ཁ་ནམ་ཐོ་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་རྣམ་པར་རིག་བྱེད་གང་ཡང་རུང་བས་བསྐྱེད་པ་ལ་ན་སྨད་པ་མེད་དོ། །ཉོ་ཚོང་གི་དམ་པ་གང་ཡང་རུང་བས་སྤྱད་པ་ལ་ན་སྨད་པ་མེད་དོ། །ཟོང་གི་རྣམ་པ་གང་ཡང་རུང་བས་སྤྱད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རུང་བ་འདོད་པ་དང་ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་དང༌། ཉོ་ཚོང་གིས་སྤྱད་པ་དང་སྐྱེད་ཕྱིན་པ་ཉིད་ཡིན་ནོ། །འདི་ལ་ཡན་ལག་སྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་རྙེད་པ་འདོད་པ་དང༌། ཕ་རོལ་པོ་ཁྱིམ་པ་ཉིད་དང༌། ཉེ་དུ་མ་ཡིན་པ་ཉིད་དང༌། ཉོ་ཚོང་གི་ས་སྤྱད་པ་དང༌། སྐྱེད་ཕྱིན་པའོ། །དེ་དག་ལས་ཡན་ལག་མཚང་ན་ཅི་རིགས་པར་ན་སྨད་དོ། །དེ་ལ་རྙེད་པ་འདོད་པ་ཞེས་སྨོས་པ་ནི་རྙེད་པ་འདོད་པའི་ལྟུང་བ་འབྱིན་པ་པོ་དེ་ལ་ལྟུང་བ་རྣམ་པར་གཞག་གི་ཐོབ་པ་ཙམ་ལ་ན་སྨད་པའི་ཕྱིར་རོ། །ཕ་རོལ་པོ་ཁྱིམ་པ་ཉིད་དང་ཉེ་དུམ་ཡིན་པ་ཉིད་ཅེས་སྨོས་པ་ནི་ཕ་རོལ་པོ་གང་དང་ལྷན་ཅིག་ཏུ་ཉོ་ཚོང་བྱེད་པ་འདི་གལ་ཏེ་ཁྱིམ་པ་ཉིད་དང་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་དེའི་ཚེ་དངོས་གཞིའི་ལྟུང་བར་འགྱུར་གྱི། དེ་ལས་གཞན་པ་ལ་ན་སྨད་པའི་ཕྱིར་རོ། །ཉོ་ཚོང་གིས་སྤྱད་པ་ཞེས་སྨོས་པ་ནི་ལེན་པ་དང་གཏོང་བ་དང༌། ཉོ་བ་དང་འཚོང་བས་རྙེད་པའི་དོན་དུ་སྐྱེད་བཀྱེ་ཞིང་སྤྱོད་པ་གང་ཡིན་པ་དེ་ལས་སྐྱེད་གང་ཕྱིན་པ་དེ་ལ་ཉོ་ཚོང་བྱེད་པའི་སྤང་བར་འགྱུར་གྱི། པ་ན་དང་རིན་པོ་ཆེ་ལ་སོགས་པས་སྤྱད་པ་ལས་སྐྱེད་ཕྱིན་པ་ནི་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་པའི་སྐབས་ཡིན་པའི་ཕྱིར་རོ། །སྐྱེད་ཕྱིན་པའོ་ཞེས་སྨོས་པ་ནི་གང་གི་ཚེ་སྐྱེད་ཕྱིན་པ་དེའི་ཚེ་ན་དངོས་གཞིའི་ལྟུང་བར་འགྱུར་གྱི། སྐྱེད་མེད་ན་ནི་སྤྱོར་
བ་ཙམ་དུ་ཟད་པའི་ཕྱིར་རོ། །སྦྱོར་བ་གཅིག་གིས་ཉོ་ཚོང་གཅིག་གམ་གཉིས་སམ་མང་པོ་ཞིག་གིས་སྤྱོད་ན་ཡང་ལྟུང་བའི་དངོས་གཞི་གཅིག་རྣམ་པར་གཞག་གོ །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཉོ་ཚོང་བྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གལ་ཏེ་བདག་ཉིད་ཀྱི་དོན་དུ་རྙེད་པ་འདོད་པ་ཉིད་ཡིན་ན་ནི་སྦྱོར་བ་ལ་ཉེས་བྱས་སོ། །གཞན་གྱི་དོན་དུ་ནི་དངོས་གཞིའི་གནས་སྐབས་ལ་ཉེས་བྱས་སུ་འགྱུར་ལ་སྦྱོར་བ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ། །ཕ་རོལ་པོ་ཁྱིམ་པ་ཉིད་མ་ཡིན་པ་དང་ཉེ་དུ་ཉིད་ལ་ཉེས་བྱས་སོ། །སྐྱེད་མ་ཕྱིན་ན་ཉེས་བྱས་སོ། །རྙེད་པ་མ་གྲུབ་ན་ནི་དེའི་ཚེ་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སུ་འགྱུར་ཏེ། འདི་ལ་ཉོ་ཚོང་ཉིད་ཡན་ལག་ཡིན་པའི་ཕྱིར་རོ། །སྐྱེད་གྲུབ་པས་མདུན་རོལ་དུ་དགེ་སློང་གིས་རྙེད་པ་བསྒྲུབ་པའི་ཕྱིར་བརྩལ་བ་གང་ཅུང་ཟད་བྱེད་ན་བརྩལ་བ་དེ་ཐམས་ཅད་ནི་གཅིག་པ་ཉིད་ཡིན་པས་དེའི་ཕྱིར་སྦྱོར་བ་ལ་ནི་གཅིག་པ་ཉིད་དོ་ཞེས་སྨྲས་ཏེ། དེ་ལྟར་ཡང་འདིར་གཞུང་ནི་ཇི་སྲིད་དུ་རྙེད་པ་སྒྲུབ་པར་མི་བྱེད་ཀྱི་བར་དུ་ནི་ཉེས་བྱས་སོ། །རྙེད་པ་གྲུབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །གཞན་གྱི་དོན་དུ་རྙེད་པ་འདོད་པ་ཉིད་ཡིན་ན་སྦྱོར་བ་ལ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དཀོན་མཆོག་གི་དོན་དུ་ཉོ་ཚོང་བྱེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཉོ་ཚོང་བྱེད་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟན་པར་བསླབ་པར་བྱའོ།།
དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་ལ་སོགས་པ་རིམ་གྱིས་ཉོ་བ་ལ་སྦྱིན་པར་བྱའོ། །གལ་ཏེ་དེ་ཉིད་ཀྱིས་དགེ་འདུན་གྱི་བཤོས་ཀྱི་ཕྱིར་ཉོ་བར་བྱེད་ན། འཐེབ་དང་བཅས་པར་བསྐྱེད་དེ་སྦྱིན་པར་བྱའོ། །དགེ་འདུན་གྱི་འབྲས་ལ་སོགས་པ་ཟད་ན་ནི་རིན་དེས་འབྲས་ལ་སོགས་པ་གཞན་དག་ཉོ་བར་བྱའོ། །དགེ་འདུན་གྱི་འབྲས་ལ་སོགས་པ་འབྲུ་སར་པ་ཡང་ཉོ་བར་བྱའོ། །དགེ་འདུན་གྱི་འབྲས་ལ་སོགས་པ་འབྲུ་རྙིང་པ་དག་ལ་གལ་ཏེ་སྲོག་ཆགས་མེད་ན་བཙོང་བར་བྱའོ། །རིན་ཐང་མི་གདབ་པོ། །ཁྱིམ་པའི་ཉོ་ཚོང་དག་ཏུ་ལག་གཞུག་པར་མི་བྱའོ། །ཆོས་གོས་ལ་སོགས་པ་དག་ཁྱིམ་པ་ཉོར་གཞུག་གོ །གལ་ཏེ་ཁྱིམ་པ་མེད་ན་རང་གིས་རྫས་དེའི་རིན་ཐང་ངེས་པར་གཅད་པར་བྱ་ཞིང་རིན་འདི་ཙམ་གྱིས་བྱིན་ཅིག་ལན་གསུམ་གྱི་བར་དུ་ཚིག་བརྗོད་པར་བྱའོ། །ཟོང་ལ་རྩེག་པ་ནི་གཞན་གྱི་དོན་དུ་ཡང་མི་བྱ་ན་རང་གི་དོན་དུ་ལྟ་ཅི་སྨོས་ཏེ། དཀོན་མཆོག་གསུམ་ནི་མ་གཏོགས་སོ། །ཡལ་ཟུག་འཁྲ་ཞིང་གཏའ་གཞུག་པར་མི་བྱའོ། །དགེ་འདུན་གྱི་སྦྱིན་པར་བྱའོ་ཞེས་སྨྲས་ན། དེ་ལ་ཇི་ལྟར་སྦྱིན་པར་བྱ། སུས་རྗེས་སུ་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིས་རྫས་དེ་སྤོགས་པ་ལ་དགེ་འདུན་གྱི་ལས་བྱེད་པ་ལ་གཏད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་མངའ་བདག་ཏུ་གྱུར་པས་དགེ་འདུན་གྱི་ལས་བྱེད་པ་ལ་དགེ་སློང་སྤོགས་པ་འདི་ལ་དབྱིག་ལ་སོགས་པ་པོ་གཅིག་ཅེས་བཀའ་སྩལ་བར་བྱ་ཞིང་དམ་ཞག་པ་ལ་སོགས་པ་ལས་བྱེད་པ་དེས་དགེ་སློང་སྐྱེད་མཁན་ལ་སོགས་པ་སྤོགས་པ་དེ་ལ་དབྱིག་ལ་སོགས་པ་གཏད་པར་བྱ་སྟེ། དགེ་སློང་སྤོགས་པ་དེས་ཆོས་བཞིན་ཚུལ་བཞིན་དུ་དགེ་འདུན་གྱི་རྙེད་པ་བསྒྲུབ་པར་བྱའོ། །དགེ་སློང་སྔོགས་པ་དེའི་ཀུན་དུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དེས་རྒན་རབས་རྒན་རབས་དག་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་བརྩོན་པར་མི་བྱའོ། །དེའི་ཚིག་ཡི་གེ་བྲི་བའི་དམ་ཞག་ལ་ནན་ཏན་བྱའོ། །དེ་དག་ནི་གཞན་གྱི་ཁའི་སྐབས་བརྩལ་བ་དང༌། བདག་ཉིད་ཀྱིས་དྲན་པར་བྱ་བ་དང༌། འགྱོད་པ་མི་བསྐྱེད་པར་བྱ་བའི་ཕྱིར་རོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཉོ་ཚོང་བྱེད་པའི་སྤང་པ་སྟེ་ཉི་ཤུ་པ་བཤད་ཟིན་ཏོ།། །།སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུངས་དང༌། །
དགོན་པ་པ་དང་རས་ཆེན་དང༌། །བསྡོས་པ་དང་ནི་གསོག་འཇོག་གོ །ཞེས་བྱ་བ་ནི་བཅུ་པ་གསུམ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་དོགས་པ་དང་ཚིག་གི་དོན་ནི་སྣ་མ་བཞིན་ནོ། །བཅུ་པ་གསུམ་པ་འདིས་ཀྱང་སྤང་པའི་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། ལྷུང་བཟེད་འཆང་བ་དང༌། ལྷུང་བཟེད་འཚོལ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐག་པ་སྐྱེད་པ་དང༌། འཕྲོག་པ་དང༌། བརྟད་པ་ལས་བྱུང་བ་དང༌། ཞག་བདུན་གྱིས་འབྲལ་བ་དང༌། དབྱར་གྱི་རས་ཆེན་དང༌། བསྡོས་པ་ལ་བསྒྲུབ་པ་དང་གསོག་འཇོག་གོ །དེ་ལ་ལྷུང་བཟེད་འཆང་བའི་སྤང་བའི་གླེང་གཞི་ནི་བྱུང་པ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚོལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཉེ་དགའ་འདི་སྙམ་དུ་སེམས་ཏེ། འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་ཁྱབ་པར་བྱས་པས་ཕྱིན་ཆད་གང་ནས་ཀྱང་རྙེད་པ་བསྒྲུབ་པར་མི་ནུས་སོ་སྙམ་ནས། དེ་དེ་སྙམ་དུ་སེམས་པ་ན་དགའ་འདུན་དྲུག་ཅུ་སྐྱེད་མོས་ཚལ་དུ་དོང་བ་དེ་དག་ཉེ་དགས་མཐོང་ངོ༌། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་ལས་རྙེད་པ་མ་གྲུབ་ན་ཉེ་དགའ་ཞེས་བྱ་བའི་མིང་གཟུང་བར་མི་བྱའོ་སྙམ་མོ། །དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་གལ་ཏེ་སྦྱིན་པའི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་གིས་རང་གི་ཤ་དག་ཀྱང་བཅད་ཅིང་བཅད་ཅིང་སྦྱིན་པར་བྱའོ་སྙམ་དུ་སེམས་ལ། གལ་ཏེ་ཚུལ་ཁྲིམས་ཀྱི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་སྙམ་དུ་སེམས་སོ། །གལ་ཏེ་ངན་སོང་གི་གཏམ་དག་བྱེད་ན་ཉན་པ་པོ་དག་བདག་ཅག་ངན་སོང་རྣམས་སུ་སྐྱེས་སོ་སྙམ་དུ་སེམས་པ་ཡིན་པས་དེས་ལྷུང་བཟེད་གསལ་བཟླུམ་པ་ལོངས་སྤྱད་པར་བཟོད་པ་མཆན་ཁུང་གིས་ཁྱེར་ཏེ། དགའ་འདུན་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགའ་འདུན་གཅིག་ལ་ཅི་ནས་ཀྱང་དེའི་སེམས་མངོན་པར་དད་པར་འགྱུར་བ་དེ་ལྟར་སྦྱིན་པའི་གཏམ་བྱས་ནས། །དེ་སེམས་དད་པར་གྱུར་ཏེ་སྨྲས་པ། འཕགས་པའི་སླད་དུ་བྱོན། ཉེ་དགས་སྨྲས་པ། བཞིན་བཟངས་བདག་ལ་ལྷུང་བཟེད་དགོས་སོ། །འཕགས་
བ་བདག་ལ་ལྷུང་བ་ཟེད་མ་མཆིས་ཏེ། གལ་ཏེ་རིན་གྱིས་རྙེད་ན་བདག་གིས་འཇལ་ཏེ་གསོལ་ལོ། །ཉེ་དགས་ལྷུང་བཟེད་མཆན་ཁུང་ནས་ཕྱུང་སྟེ། དེ་བསྟན་ནས་སྨྲས་པ། བཞིན་བཟངས་ལྷུང་བཟེད་འདི་ཡང་རིན་གྱིས་རྙེད་པ་ཡིན་ནོ། །འཕགས་པ་འདིའི་རིན་ཅི་ཙམ། ཀཱར་ཥཱ་པ་ཎ་དྲུག་ཅུའོ། །བདག་གིས་འདིའི་རིན་ཀཱར་ཥཱ་པ་ཎ་དྲུག་ཅུ་འབུལ་ལོ། །བཞིན་བཟངས་ཨ་རོག་བྱ་དེ་དག་ཁྱོད་ཀྱིར་གྱུར་ཅིག །སྦྱིན་པ་འདིས་ཁྱོད་ཀྱི་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང་དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་ནང་དུ་སྣོད་དུ་འགྱུར་བར་འགྱུར་ཅིག་དེ་བཞིན་དུ་དེས་དགའ་དུན་དྲུག་ཅུ་པོ་དག་རེ་རེ་ཡང་ཀཱར་ཥཱ་པ་ཎ་དྲུག་ཅུ་དྲུག་ཅུ་སྦྱོར་དུ་བཅུག་ནས་སོང་ངོ༌། །དགའ་འདུན་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ནས། དེ་ན་དགའ་འདུན་གཅིག་གིས་སྨྲས་པ། ཤེས་ལྡན་དག་ཁོ་བོས་བཙུན་པ་ཉེ་དགའ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་ཆོས་སྒྲོག་པའི་རིགས་པ་དང་གྲོལ་པའི་སྤོབས་པ་དང་ལྡན་པ་ལ་ལྷུང་བཟེད་ཀྱི་རིན་དུ་ཀཱར་ཥཱ་པཱ་ཎ་དྲུག་ཅུ་ཕུལ་གྱི་རྗེས་སུ་ཡི་རང་བར་གྱིས་ཤིག །གཞན་ཞིག་གིས་སྨྲས་པ། ཁོ་བོས་ཀྱང་ཕུལ་ལོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོས་ཀྱང་དབུལ་ལོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ཁོ་བོས་ཀྱང་དབུལ་ལོ། །ཁོ་བོས་ཀྱང་དབུལ་ལོ་ཞེས་སྨྲས་ནས། དེ་དག་ཕན་ཚུན་བལྟ་བར་བརྩམས་ཏ། ཤེས་ལྡན་དག་དགེ་སློང་གཅིག་ལ་ལྷུང་བཟེད་དུ་དགོས་ཞེས་དེ་དག་གིས་དགེ་སློང་ཞིག་ལ་དྲིས་པ། འཕགས་པ་དགེ་སློང་གཅིག་ལ་ལྷུང་བཟེད་དུ་འཚལ་།དེས་སྨྲས་པ་བཞིན་བཟངས་དག་གཅིག་ཁོ་ན་དགོས་སོ། །དེ་དག་གིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ནི་རྙེད་པ་འདོད་པས་ཟིལ་གྱིས་ནོན་པ་དག་ཡིན་ནོ་ཞེས་སྨད་པར་བརྩམས་སོ། །དེ་ནི་རེ་ཞིག་བྱུང་བ་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ལྷུང་བཟེད་ཀྱི་རིན་སློང་བའོ། །བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་
དག་ལྷུང་བཟེད་རྙེད་དོ་ཅོག་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད་པར་བྱེད་དེ། དགེ་སློང་གཞན་དག་ལ་སྦྱིན་པར་མི་བྱེད་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ལྷུང་བཟེད་རྙེད་དོ་ཅོག་སོགས་པར་བྱེད་ཅིང༌། བདག་ཉིད་ཀྱང་སྤྱོད་པར་མི་བྱེད། དགེ་སློང་གཞན་དག་ལ་ཡང་སྦྱིན་པར་མི་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅད་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྷུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན་པ་བྱེད་འདོད་པ། ཉེས་པ་ནི་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་འཆང་བའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་ལས་ལྷག་པའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཉིན་མཚན་བཅུའི་མཐའི་བར་དུའོ། །བཅད་པར་བྱའོ་ཞེས་བྱ་བ་ནི་བདག་གིར་བྱ་བའོ། །དེ་ལས་འདས་པར་འཆང་ན་ཞེས་བྱ་བ་ནི་དེ་ལས་ཐལ་བར་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་ལྷུང་བཟེད་འཆང་བའི་སྤང་བ་འདིའི་མཚན་ཉིད་ནི་སྔར་གོས་འཆང་བའི་སྤང་བའི་མཚན་ཉིད་བསྟན་པ་དང་ཐམས་ཅད་འདྲ་སྟེ། བྱེ་བྲག་ཏུ་ན་སྔར་གོས་ཞེས་
སྨོས་པའི་གནས་སུ་འདིར་ལྷུང་བཟེད་ཅེས་བྱ་བའི་མིང་གཞུག་པར་བྱ་བ་དང༌། སྔར་འཁོར་གསུམ་ཁེབས་པའི་མཐའི་ཚད་དང་ལྡན་པ་ཞེས་སྨོས་པའི་གནས་སུ་འདིར་བྱིན་གྱིས་བརླབ་ཏུ་རུང་བ་ཆུང་ངུ་དང༌། འབྲིང་དང་ཆེན་པོའི་མཐའི་ཚད་དང་ལྡན་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་མཚན་ཉིད་འདྲ་བ་དང་མི་འདྲ་བར་བསྟན་ནས། ད་ནི་ལྷུང་བཟེད་འཆང་བའི་སྤང་བ་འདིའི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་བསྟན་པར་བྱ་སྟེ། དགེ་སློང་གིས་རང་གི་ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ཅུང་དུའམ། འབྲིང་ངམ་།ཆེན་པོའི་མཐའི་ཚད་དང་ལྡན་པ་ཡོད་ལ་བྱིན་གྱིས་མ་བརླབས་པར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ཡིན་ན་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་ཉིན་མཚན་གྱི་རིམ་གྱིས་སྔ་ཕྱིར་གཞན་ལས་བྱུང་བའི་ལྷུང་བཟེད་རྙེད་ལ་སྔ་མ་བྱིན་གྱིས་མ་བརླབས་ཤིང་ཕྱི་མ་བྱིན་གྱིས་བརླབས་ན་སྔ་མ་ཤོས་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའི་ཤན་གྱིས་ཕྱི་མ་ཤོས་བྱིན་གྱིས་བརླབས་པ་ཡང་སྔ་མའི་དུས་དེ་ཁོ་ནར་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་ཉིན་ཞག་གཅིག་ཁོ་ནར་དུས་གཅིག་ཏུ་གཞན་ལས་བྱུང་བའི་ལྷུང་བཟེད་གཉིས་རྙེད་ན་གང་ཡང་རུང་བ་ཅིག་བྱིན་གྱིས་བརླབས་ཤིང་གཅིག་ནི་མ་བརླབས་ན། གཉི་ག་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་ན་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་དགེ་འདུན་མངའ་བའི་ལྷུང་བཟེད་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པ་ལྷུང་བཟེད་འཆང་བའི་སྤང་བར་གཏོགས་པ་ཞག་བཅུ་གཅིག་པའི་སྐྱ་རེངས་ལས་འདས་པར་བྱེད་ན་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་ལྟུང་བྱེད་ཞག་བཅུ་པར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་
འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བ་འམ་ཕོར་བུའམ་སྐར་གས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ལྷུང་བཟེད་བཟང་ངན་དང་མང་ཉུང་ལ་ན་སྨད་པ་མེད་དོ། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ལ་ན་སྨད་པ་མེད་དོ། །ལྷུང་བཟེད་བྱིན་གྱིས་མ་བརླབས་པ་དང་བྱིན་གྱིས་བརླབས་པ་ཡོད་པ་ལན་སྣད་པ་མེད་དོ། །རང་གི་ཉིད་ལན་སྨད་པ་མེད་དོ། །ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ལ་ན་སྨད་པ་མེད་དོ། །ཞག་བཅུ་གཅིག་པའི་ཉི་མའི་དང་པོ་ལན་སྨད་པ་མེད་དོ། །འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ལས་ན་སྨད་པ་མེད་དོ། །ཚེ་གྲངས་གཅིག་ནས་བཅུའི་བར་དང་གཉིས་ནས་བཅུ་གཅིག་གི་བར་ལྟ་བུ་ལ་སོགས་པ་ལ་ན་སྨད་པ་མད་དོ། །ལྷུང་བཟེད་རུང་བ་ཉིད་ན་ཚད་དང་ལྡན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་གི་ལྷུང་བཟེད་དང་བྱིན་གྱིས་མ་བརླབས་པའོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་དང༌། ལྷུང་བཟེད་དང༌། བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་མཐའི་ཚད་དང༌། ཡོ་བྱད་དང༌། བྱིན་གྱིས་མ་བརླབས་པ་དང༌། ཞག་བཅུར་རྗེས་སུ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལྷུང་བཟེད་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་སྤྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྐྱ་བ་དང་དཀར་བ་དང་ཆེ་བ་རྣམ་ནི་རུང་བ་ཉིད་མ་ཡིན་ཏེ། བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པས་དེ་དག་འཆང་བ་ལ་ཉེས་བྱས་སོ། །མ་ཚོས་པ་ལ་ཡང་ཆུང་དུ་ཉིད་ཡིན་ཏེ། ལྷུང་བཟེད་ནག་པོར་གྱུར་ཀྱང་མ་ཆོས་ན་ཆུང་དུ་ཉིད་དང་རུང་བ་མ་ཡིན་པ་ཉིད་ཡིན་པས་དེ་འཆང་ན་ཉེས་བྱས་སོ། །རུང་བ་མ་ཡིན་པ་དང་ཚད་ལས་ཆུང་བ་དང༌། ཆེ་བ་འཆང་བ་ལ་ཉེས་བྱས་
སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པའི་སྤང་བ་ནི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་བར་བྱའོ། །ལྟུང་བ་མེད་པ་ནི་རང་གི་མ་ཡིན་པ་དང༌། ལྷུང་བཟེད་མ་ཡིན་པ་དང༌། མེད་པ་དང༌། བྱིན་གྱིས་བརླབས་པ་དང༌། ཞག་བཅུར་རྗེས་སུ་མ་ཞུགས་པ་དང༌། ཞག་བཅུ་གཅིག་པའི་སྐྱ་རེངས་མ་ཤར་བ་ལ་ལྟུང་བ་མེད་དོ། །རབ་ཏུ་འབྱུང་བ་ལ་ལྟོས་པའི་དོན་ཉིད་དུ་ངེས་པར་བྱས་ཕ་ནི་སྤང་བ་ཉིད་ཡིན་པས་དེ་འཆང་བ་ལ་ལྟུང་བ་མེད་དོ། །ལྷུང་བཟེད་ཆུང་དུ་དག་སྨན་ཕོར་དུ་ཡོངས་སུ་ཕྱད་པའི་བསམ་པས་འཆང་བ་ལ་ལྟུང་བ་མེད་དོ། །ལྷུང་བཟེད་ཆུང་དུ་གཅིག་ལ་ནི་ཉེས་པ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ལྷུང་བཟེད་འཆང་བའི་སྤང་བ་སྟེ་ཉི་ཤུག་གཅིག་པ་བཤད་ཟིན་ཏོ།། །།ལྷུང་བཟེད་འཚོལ་བའི་སྤང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེས་ལྷུང་བཟེད་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ཞིག་རྙེད་དོ། །བསོད་སྙོམས་པ་ཞིག་ཀྱང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེས་བསོད་སྙོམས་བརྒྱུས་ཏེ་སྲང་དུ་ཕྱིན་པ་དང༌། སྤོས་འཚོང་གི་ཁྱེའུ་དེས་དེ་མཐོང་ནས་སྨྲས་པ། འཕགས་པ་བདག་གིས་ལྷུང་བཟེད་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ཀྱི་གལ་ཏེ་བཞེད་ན་སྣོམས་ཤིག །བཞིན་བཟངས་བདག་ལ་ལྷུང་བཟེད་ཡོད་དོ། །འཕགས་པ་གལ་ཏེ་དགེ་སློང་གཞན་འགའ་ཞིག་ལྷུང་
བཟེད་འཚལ་བ་མཆིས་ན་དེ་གཏང་དུ་གསོལ། གཏང་བར་བྱའོ། །དེ་ནས་བསོད་སྙོམས་པ་དེས་མཉན་ཡོད་དུ་བསོད་སྙོམས་ལ་བརྒྱུས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། དེས་ཟས་ཟོས་ནས་ལྷུང་བཟེད་འཁྲུ་བ་ན་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་སྲང་ཆེ་གེ་མོ་ཞིག་ན་སྤོས་འཚོང་གི་ཁྱེའུ་ཞིག་འདུག་པ་དེས་ལྷུང་བཟེད་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ཀྱི་ཁྱེད་ཅག་ལས་གང་ལྷུང་བཟེད་འདོད་པ་དེ་སོང་ཤིག །དེ་དང་ཧ་ཅང་ཐག་མི་རིང་བ་ན་ཉེ་དགའ་འདུག་པ་དེས་དེ་ཐོས་ནས་དེས་བསམས་པ། དེ་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་ཐོས་ནས་རབ་ཏུ་རྒྱུག་པར་གྱུར་ན་མི་རུང་གི་སྨད་པར་བྱའོ་སྙམ་ནས། དེས་དེ་ལ་སྨྲས་པ། ཆོ་དང་ལྡན་པ་ཁྱོད་དད་པས་བྱིན་པ་ཟོས་ནས་ལྷུང་བཟེད་ཀྱི་གཏམ་དང་ཆོས་གོས་ཀྱི་གཏམ་ལས་གཞན་འགའ་ཡང་མེད་མོད། དེས་བསམས་པ། འཇིག་རྟེན་ན་འདོད་པའི་བདག་ཉིད་ཅན་གང་ཇི་སྙེད་པ་དེ་དག་དང་ཉེ་དགའ་མཚུངས་པ་ཡིན་ན་འདིས་ཀྱང་རེ་ཞིག་བདག་སྨད་པར་གྱུར་ན་གལ་ཏེ་དགེ་སློང་གནས་བརྟན་གནས་བརྟན་གཞན་ཞིག་གིས་ཐོས་པར་གྱུར་ན་དེས་རྒྱ་ཆེར་སྨད་པར་འགྱུར་རོ་སྙམ་ནས་དེ་ཅང་མི་སྨྲ་བར་འདུག་གོ །ཉེ་དགས་དེ་བཀར་ཏེ་སྨྲས་པ་ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་ཁོ་བོ་བཤེས་པས་དེའི་ཕྱིར་ཁོ་བོས་ཁྱོད་སྨད་ཀྱི་མ་གཤེ་ཤིག །གནས་བརྟན་གལ་ཏེ་བདག་ཡང་སྨྲ་བར་གྱུར་ན་ཁྱོད་ཀྱིས་བདག་ལ་ཡང་སྨད་པར་མཛོད་ཅིག །ཚེ་དང་ལྡན་པ་ཁོ་བོ་ཡང་ཉེ་བར་མ་ཞི་བ་ཙམ་དུ་ཟད་ཀྱི་ཇི་ལྷུང་བཟེད་དེ་ལྷུང་བཟེད་མ་ཡིན་ནམ། གནས་བརྟན་སྔ་མ་ཉིད་ཀྱང་སྨྲ་བར་མི་བགྱི་བ་ལགས་ཀྱི་འཚལ་ཏོ། །ཚེ་དང་ལྡན་པ་དེ་ལྟ་མོད་ཀྱི་འོན་ཀྱང་རེ་ཞིག་སྨྲོས་ཤིག་གནས་བརྟན་སྲང་ག་གེ་མོ་ཞིག་ན་སྤོས་འཚོང་གི་ཁྱེའུ་ཞིག་མཆིས་པ་དེས་ལྷུང་བཟེད་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ཞིག་རྙེད་ནས། དེའི་མཆིད་ནས་གལ་ཏེ་དགེ་སློང་ལྷུང་བཟེད་འཚལ་བ་འགའ་མཆིས་ན་དེ་གཏང་དུ་གསོལ་ཞེས་མཆིའོ། །དེ་ནི་དེ་ཙམ་དུ་ཟད་དེ། དེ་ཡང་ཉེ་བར་མ་ཞི་བ་ཙམ་ཁོ་ནར་ཟད་དོ། །དེ་ནས་ཉེ་དགས་སྣམ་སྦྱར་གྱོན་ཏེ་འགྲོས་བསྐྱེད་ནས་ཕར་སོང་བ་དང༌། སྤོས་འཚོང་གི་ཁྱེའུ་དེས་དེ་འགྲོས་བསྐྱེད་དེ་འོང་བ་
ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་བསམས་པ། དགེ་སློང་ཧྲལ་པོ་འགྲོས་འདི་ལྟ་བུས་འོང་བ་འདིས་བདག་གི་ལྷུང་བཟེད་འདི་འཕྲོག་པར་འོང་ངོ་སྙམ་ནས་དེས་ལྷུང་བཟེད་དེ་བླངས་ཏེ། འཇོང་ཙེའི་འོག་ཏུ་བཅུག་སྟེ་གཞག་པ་དང༌། ཉེ་དགས་དེ་སྦེད་པའི་ཚེ་མཐོང་ནས། དེས་སྨྲས་པ་བཞིན་བཟངས་ཅི་ལྷུང་བཟེད་འདི་ནལ་གྱི་བུ་ཡིན་ནམ། ཅི་ན་དེའི་ཕྱིར་སྦེད་པར་བྱེད་ཅེས་དེ་ལ་ལག་པ་བརྐྱང་སྟེ། ལྷུང་བཟེད་བླངས་ནས་སྨྲས་པ། བཞིན་བཟངས་ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་ཀྱི་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་ནང་ན་སྣོད་དུ་འགྱུར་བར་གྱུར་ཅིག །འཕགས་པ་བདག་ཅག་ཚོང་པ་དག་ནི་ཁེ་སྤོགས་འཚལ་བས་འཚོ་བ་ལགས་པས་འདིར་རིན་མ་མཆིས་པར་མི་འབུལ་ཏེ་འདི་ལྟར་རིན་གྱི་ཕྱིར་འབུལ་ལོ། །བཞིན་བཟངས་ཅི་ཁྱོད་དྲང་སྲོང་གི་སྣོད་འཚོང་བར་བྱེད་དམ། ཚིགས་སུ་བཅད་པ་ཡང་སྨྲས་པ། གལ་ཏེ་སྐྱེས་བུས་ས་སྣོད་ཀྱིས། །གསེར་གྱི་སྣོད་ནི་ཐོབ་གྱུར་ན། །དེ་ཡིས་མྱ་ངན་ཅི་ཕྱིར་བྱ། །བསླུས་པ་མེད་པར་ཁོ་བོས་མཐོང༌། །འཕགས་པ་ཁྱོད་མང་དུ་གསུངས་མོད་ཀྱི་འོན་ཀྱང་རིན་མ་མཆིས་པར་མི་འབུལ་ལོ། །ཉེ་དགས་སྨྲས་པ། ཁྱོད་ཀྱིས་ལྷུང་བཟེད་ལ་ལྷག་པར་ཆགས་པ་འདིས་ཡི་དགས་ཝ་བ་ཅན་དག་གི་ནང་དུ་སྐྱེ་བར་བྱ་དགོས་སོ་ཞེས་དེ་དེ་སྐད་སྤྱོ་བར་བྱེད་པ་ན། ཁྱིམ་བདག་ཅིག་ཕྱོགས་དེར་འོངས་ནས་དེས་སྨྲས་པ། འཕགས་པ་ཕྱག་འཚལ་ལོ། །བཙུན་པ་ཉེ་དགའ་ཕྱག་འཚལ་ལོ། །ཉེ་དགས་སྨྲས་པ། བཞིན་བཟངས་དག་ཁྱོད་ཀྱི་ཕྱག་སྐམ་པོ་འདིས་ཇི་བྱ། འཕགས་པ་བདག་ལ་བཙུན་པ་ཉེ་དགས་བཀའ་སྩལ་པ་གང་ཞིག་བདག་གིས་མ་བསྒྲུབས། ལྷུང་བཟེད་འདི་ཉོས་ཏེ་བྱིན་ཅིག །ཁྱིམ་བདག་དེས་སྤོས་འཚོང་གི་ཁྱེའུ་དེ་ལ་སྨྲས་པ། བཞིན་བཟངས་ལྷུང་བཟེད་འདི་རིན་ཇི་ཙམ། འདི་དང་འདི་ཙམ་མོ། །ཁོ་བོས་ཁྱོད་ལ་སྦྱིན་ནོ། །སྤོས་འཚོང་གི་ཁྱེའུ་དེས་ལྷུང་བཟེད་དེ་ཁྱིམ་བདག་དེ་ལ་བྱིན་ནས། ཁྱིམ་བདག་དེས་ཀྱང་ཉེ་དགའ་ལ་ཕུལ་ལོ། །ཉེ་དགས་སྨྲས་པ། ཨ་རོག་གྱ་སྦྱིན་པ་འདིས་ཁྱོད་ཀྱི་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། དོན་གྱི་མཆོག་ཐོབ་པ་དང༌། ལྷ་དང་མི་རྣམས་ཀྱི་ནང་ན་སྣོད་དུ་འགྱུར་བར་
གྱུར་ཅིག །ཁྱིམ་བདག་དེ་སོང་བ་དང༌། ཉེ་དགས་སྤོས་འཚོང་གི་ཁྱེའུ་དེ་ལ་སྨྲས་པ། བཀྲེན་པ་ཁྱོད་ཀྱིས་ཉེ་དགས་ལྷུང་བཟེད་ཀྱི་རིན་སྦྱོར་དུ་འཇུག་མི་ནུས་སྙམ་དུ་ཤེས་སམ། ཁྱོད་ཀྱིས་ལྷུང་བཟེད་ལ་ལྷག་པར་ཆགས་པ་འདིས་ཡི་དགས་སྤ་བ་ཅན་དག་གི་ནང་དུ་སྐྱེ་བར་བྱ་དགོས་སོ། །འཕགས་པ་ཇི་ཞིག་སྦྱོར་མཆིས། ཁྱོད་ཀྱིས་ཀྱང་ལྷུང་བཟེད་ཐོབ་ལ། བདག་གིས་ཀྱང་རིན་ཐོབ་ཀྱི་བཞུད་ཅིག །ཉེ་དགས་ཡང་ལྷུང་བཟེད་དེ་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས། དེས་ལྷུང་བཟེད་དེ་དགེ་སློང་རྣམས་ལ་བསྟན་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་ལྟོས་ཤིག །ཁོ་བོའི་ལྷུང་བཟེད་ཇི་འདྲ། གཞོན་ནུ་ཞིག་གིས་སྨྲས་པ། གནས་བརྟན་ཇི་ཁྱོད་ལ་ལྷུང་བཟེད་གཞན་མ་མཆིས་སམ། ཡོད་དོ། །འོ་ན་གནས་བརྟན་གྱིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་དུ་རུང་ངམ། དགྲ་བོ་རྣམས་ཀྱི་གྲེ་བར་རྐང་བས་མནན་ནས་སོ། །གནས་བརྟན་ལ་དགྲ་བོ་དག་ཀྱང་མཆིས་སམ། གང་གི་ཕྱིར་ཁྱོད་ཁོ་བོའི་ལྷུང་བཟེད་གཉིས་པ་ཡང་མི་བཟོད་པས་ཇེ་ཁྱོད་ཁོ་བོའི་དགྲ་ཐུ་བོ་ཡིན་ནོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་འཚོལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ་ཞེས་བཀའ་སྩལ་ནས། བསོད་སྙོམས་པ་ཞིག་གི་ལྷུང་བཟེད་ཅུང་ཞིག་རྡོལ་ནས་དེས་དེ་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། དེས་ཕྱེ་དག་རྙེད་ནས་དེས་དེ་དག་ལྷུང་བཟེད་ཀྱི་སྣོད་ཀྱིས་མནོས་སོ། །འབྲས་ཆན་གཤེར་བ་དག་རྙེད་ནས་དེས་དེ་དག་ལྷུང་བཟེད་ཀྱིས་མནོས་པ་དང༌། དེ་ནས་ཟགས་
པས་ཕྱེ་དག་གཤེར་བར་གྱུར་ཏེ། དེ་དག་གིས་ལྷུང་བཟེད་ཀྱི་སྣོད་མ་རུང་བར་གྱུར་ནས། དེ་སྦྲང་བུ་དག་གིས་ཡོངས་སུ་བསྐོར་བར་གྱུར་པ་ན། དེ་ལ་ཁྱེའུ་དང་བུ་མོ་དག་གིས་མཐོ་བཙམས་ཤིང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཅིའི་ཕྱིར་ལྷུང་བཟེད་གཞན་མི་ཚོལ་ཞེས་བསྐུལ་བ་ན་བསོད་སྙོམས་པ་དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་བཙལ་བར་མི་བྱའོ་ཞས་དགག་པ་མཛད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། འཕགས་པ་ཁྱོད་ཀྱི་ལྷུང་བཟེད་འདི་འདྲ་བ་ཡོད་ཅིང་བདོག་པ་ཡིན་ནམ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ལྷུང་བཟེད་རྡོལ་བ་དེས་གླན་པར་བྱའོ། །ལྷན་པ་སྙི་བ་ལྔ་པོ། བུ་རམ་དང༌། རྒྱ་སྐྱེགས་ཀྱི་ཚིགས་མ་དང༌། སྤྲ་ཚིལ་དང༌། རོ་ཉེ་དང༌། ཚོན་མོ་སྟེང་དག་གིས་མི་གླན་པར་ལྷན་པ་སྲ་བ་ལྔ་པོ། ལྷན་རིངས་དང༌། ཐམ་ཕྲན་དང༌། ལྷན་པ་དང༌། ཆུ་སྲིན་གྱི་སོ་ལྟ་བུ་དང༌། ཕྱེ་མས་གླན་པར་བྱའོ། །ཕྱེ་མ་གཉིས་ཏེ། ལྕགས་ཀྱི་ཕྱེ་མ་དང༌། རྡོའི་ཕྱེ་མའོ། ལྕགས་ཀྱི་ལྷུང་བཟེད་ལ་ནི་ལྕགས་ཀྱི་ཕྱེ་མས་གླན་པར་བྱའོ། །སའི་ལྷུང་བཟེད་ལ་ནི་རྡོའི་ཕྱེ་མས་གླན་པར་བྱའོ། །ལྕགས་ཀྱི་ཕྱེ་མ་ནི་འབྲུ་མར་དང་སྦྱར་ཏེ་ལྕགས་སམ་ཀུ་རུ་བི་ན་དས་བདར་ཞིང་སྤྲ་ཚིལ་འདྲ་བར་གྱུར་པས་ལྷུང་བཟེད་དྲོ་བ་ལ་གླན་ཞིང་གྲོ་བས་གཡོགས་ཏེ་འཇིམ་པས་བསྐུས་ལ་ཇི་རན་ཙམ་དུ་བསྲོ་ཞིང༌། འབྲུ་མར་གྱིས་སྤངས་ལ་རྡོ་འཇམ་པོ་ལ་སོགས་པས་བདར་རོ། །རྡོའི་ཕྱེ་མ་ནི་བུ་རམ་དང་འཇིམ་པ་དང་སྦྱར་ཏེ་སྔ་མ་བཞིན་བྱའོ། །ལྕགས་ཀྱི་ལྷུང་བཟེད་རྟག་ཏུ་སྤྱོད་པ་ཉིད་ཡིན་ན་ཟླ་བ་དྲུག་ཅིང་བསྲེག་གོ །སའི་ལྷུང་བཟེད་ནི་ཟླ་བ་ཕྱེད་ཅིང་བསྲེག་གོ །ལྷུང་བཟེད་ལ་ཟས་མེད་པར་བྱའོ། །ལྷུང་བཟེད་ཆག་པ་ལ་སྲད་བུས་བརྒྱུ་བར་མི་བྱའོ་ཞེས་བཀའ་སྩལ་པ་ནས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། བསླབ་པ་
པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ལྷུང་བཟེད་ཡོད་ཅིང་བདོག་བཞིན་དུ་ལྷུང་བཟེད་གཞན་ཚོལ་བར་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ལྷུང་བཟེད་ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི་ལྷུང་བཟེད་ལྷན་པ་ལྔ་མ་ཚང་བའོ། །སྤྱད་བཟོད་པ་ཡོད་བཞིན་དུ་ཞེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བཟོད་པ་ཡོད་བཞིན་དུའོ། །བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པའི་ཕྱིར་རམ། ཡང་དང་ཡང་དུ་འདོད་པའི་ཕྱིར་རོ། །ལྷུང་བཟེད་སར་པ་ཞེས་བྱ་བ་ནི་སར་པ་གཉིས་ཏེ། གསར་པས་སར་པ་དང༌། རྙེད་པས་སར་པ་སྟེ། དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །གཞན་ཞེས་བྱ་བ་ནི་གཉིས་པའོ། །ཚོལ་ཞིང་ཞེས་བྱ་བ་ནི་ཚོལ་བར་བྱེད་ཅིང་ངོ༌། །ལྷུང་བཟེད་གྲུབ་ན་ཞེས་བྱ་བ་ནི་ལྷུང་བཟེད་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི་མན་ཆད་ནི་ལྷུང་བཟེད་འབྲེལ་བ་མེད་པ་བྲིམ་པ་དང་སྤྱད་པ་ལ་སོགས་པའི་ཆོ་ག་སྟོན་ཏེ། དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ལྷུང་བཟེད་དེ་ཞེས་བྱ་བ་ནི་ལྷུང་བཟེད་འབྲེལ་པ་མེད་པའོ། །དགེ་སློང་གི་འཁོར་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་ལའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་ཕ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་
བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པ་བ་སྟེ་ཞེས་བྱ་བ་ལ། དེའི་རྣམ་པར་གཞག་པ་ཞེ་བྱ་བ་ནི་དགེ་སློང་གི་དགེ་འདུན་གྱིས་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱས་པ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱི་བསྒོ་ཞིང༌། དེས་ཀྱང་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་དུ་དགེ་འདུན་ལ་ཞག་གཅིག་གི་མདུན་རོལ་ནས་བསྒོ་ཞིང༌། དགེ་འདུན་ཚོགས་པའི་དུས་སུ་བྲིམས་ཏེ་དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གིས་ཀྱང་དེ་སྣོད་བཟང་པོར་གཞུག་པ་དང། འབྲས་ཆན་སྐམ་པོ་བླང་བ་དང༌། དེ་དཀྱིལ་འཁོར་གྱི་སྟེང་དུ་གཞག་པ་དང༌། དེ་བྱི་དོར་སྔར་བྱ་བ་དང༌། དེ་ངོས་ཁུང་བཟང་པོར་གཞུག་པ་དང༌། དེ་བསྲེགས་པ་ལ་སོགས་པའི་བྱི་དོར་གཅེས་པར་བྱ་བ་དང༌། དེ་བདག་གིས་བསྐུར་བ་དང༌། ཕྲག་པ་གཡས་པས་བསྐུར་བ་དང༌། དེ་ཇི་སྲིད་འཚོའི་བར་དུ་འཆང་བ་ལ་སོགས་པ་གཞུང་ལས་ཇི་སྐད་གསུངས་པ་བཞིན་དུ་བྱའོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པ་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་དེ་ལ་ལྷུང་བཟེད་ལྷན་པ་བཞི་མན་ཆད་ནས་དེ་དག་རུང་ཞིང་ཡོངས་སུ་སྤྱད་པ་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས། ངག་གི་རྣམ་པར་རིག་བྱེད་ཀྱི་བསླང་བས་ཡོངས་སུ་བཙལ་ཏེ་གྲུབ་ན་ལྷུང་བཟེད་ཚོལ་བའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་ལྷུང་བཟེད་ཚོལ་བའི་སྤང་བའི་ལྟུང་བྱེད་བྱུང་
ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་པ་མ་བཤགས་པར་ལྟུང་བཟེད་ཚོལ་བར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་ལྷུང་བཟེད་འཚོལ་བའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བ་འམ་ཕོར་བུའམ་སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ལྷུང་བཟེད་བཟང་ངན་དང་མང་ཉུང་ལ་ན་སྨད་པ་མེད་དོ། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་ལ་ན་སྨད་པ་མེད་དོ། །ལྷུང་བཟེད་ཡོད་པ་ཉིད་དང། ཆད་དང་ལྡན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་པ་དང༌། བཟད་པོ་འདོང་པའི་ཕྱིར་ལྷུང་བཟེད་སར་པ་གཞན་འཚོལ་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་པར་གྱུར་ཏེ། ལྷུང་བཟེད་ཡོད་པ་ཉིད་དང༌། བཟང་པོ་འདོད་ཕ་དང། ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ཚོལ་བ་དང༌། ངག་གི་རྣམ་པར་རིག་བྱེད་ཀྱི་བསླང་བས་ཚོལ་བ་དང༌། ལྷུང་བཟེད་ཐོབ་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ལྷུང་བཟེད་ཚོལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ལྷུང་བཟེད་མི་རུང་བ་ཉིད་དང༌། ཚད་དང་ལྡན་པ་མ་ཡིན་པ་ལ་ཉེས་བྱས་སོ། །ལྷུང་བཟེད་ཚོལ་བ་ཙམ་ཉིད་ལ་ཉེས་བྱས་སོ། །ལྷུང་བཟེད་མེད་པ་ཉིད་ལ་ཡོང་པའི་བློ་ཅན་གྱིས་གཞན་ཚོལ་བ་ལ་ཉེས་བྱས་སོ། །ངག་གི་རྣམ་པར་རིག་བྱེད་ཀྱི་བསླང་བ་མ་ཡིན་པ་རང་གི་ཡོ་བྱད་དག་གིས་ལྷུང་བཟེད་གཞན་ཚོལ་ན་ཉེས་བྱས་སོ། །རང་གི་ཡོ་བྱད་ལྷུང་བཟེད་ཀྱི་རིན་དུ་རུང་བ་དག་ཡོད་པ་ཉིད་ན་ལྷུང་བཟེད་མེད་ཅིང་མི་ཉོ་བར་ལྷུང་བཟེད་གཞན་སློང་བར་བྱེད་ན་
ཉེས་བྱས་སོ། །ལྷུང་བཟེད་བཟང་པོ་འདོད་པས་བརྗེས་ན་བྱས་སོ། །ཉེ་དུ་དང་རབ་ཏུ་བྱུང་བ་ལས་ཆོ་ལ་ན་ཉེས་བྱས་སོ། །བདག་པོ་མེད་པའི་ལྷུང་བཟེད་བཙལ་བ་ལས་གྲུབ་ན་ཉེས་བྱས་སོ། །སྦྱོར་བའི་སྤྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལས་སྦྱོར་བའི་སྦྱོར་པ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་ལྷུང་བཟེད་མེད་པ་ཉིད་ན་སློང་བ་ལ་ལྟུང་བ་མེད་དོ། །བཟང་པོ་འདོད་པ་ཉིད་མེད་པར་ལྷུང་བཟེད་རིན་གྱིས་ལེན་པ་དང་བརྗེ་བས་ལེན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ལྷུང་བཟེད་ཚོལ་བའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དངོས་པོ་ཐམས་ཅད་ལ་ཧ་ཅང་ཆགས་པར་མི་བྱའོ། །ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱའོ། །གང་ལ་ཞེན་པ་དེ་བཅང་བར་མི་བྱའོ། །ཆོས་གོས་དང་ལྷུང་བཟེད་ཀྱང་མེད་ན་བསླང་བར་བྱའོ། །ཕྱིར་བཅོས་བའི་སྦྱོར་བ་གཞན་ནི་སྔ་མ་བཞིན་ནོ། །འདིར་བཤགས་པའི་སྦྱོར་བའི་བྱེ་བྲག་གཞན་བསྟན་པར་བྱ་སྟེ། དེའི་ཕྱིར་དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་པའི་བར་དུ་ཁད་ཀྱིས་ངལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་གསུངས་ཏེ། དགེ་སློང་ལྷུང་བཟེད་ལྷག་པ་ཚོལ་བ་དེས་ལྷུང་བཟེད་དེ་སེམས་ཀྱིས་སྤངས་ཤིང་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱས་ཏེ། དེའི་འོག་ཏུ་ལྟུང་བ་བཤགས་པར་བྱའོ། །དེའི་ལྷུང་བཟེད་དགེ་འདུན་ལ་ཕུལ་ནས་དེ་ལ་ཆད་པར་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་
ལས་གང་ཐ་ཆད་དུ་གྱུར་པ་སྙིགས་ཏེ་བྱིན་པའི་ལྷུང་བཟེད་དེའི་མིང་ནི་ལྷུང་བཟེད་འབྲེལ་པ་མེད་པ་ཞེས་བྱ་སྟེ། དེ་ཡང་དགེ་སློང་རྣམས་ཀྱིས་ལྷུང་བཟེད་ཀྱི་ཡུལ་འབྲེལ་པ་ནི་གཉིས་ཏེ། བྱིན་གྱིས་བརླབ་པ་བདག་ཉིད་ཀྱིས་སྤྱད་པ་དང༌། ཡོངས་སུ་སྤང་བའི་དུས་ན་ཡང་རང་དབང་ཉིད་དུ་བསྟན་པར་བྱ་བ་ཡིན་ན་ལྷག་པའི་ཆད་པ་ཅན་གྱི་ལྷུང་བཟེད་དེ་ལ་དགེ་སློང་དེ་འབྲེལ་པ་དེ་གཉིས་ཀྱི་རང་དབང་མེད་དེ། བདག་ཉིད་ཀྱིས་བྱིན་གྱིས་རློབ་ཏུ་ཡང་མི་དབང་ལ། གཞན་ལ་གཏོང་ཞིང་སྦྱིན་དུ་ཡང་མི་དབང་བས་དེའི་ཕྱིར་ལྷུང་བཟེད་དེའི་མིང་ནི་འབྲེལ་པ་མེད་པ་ཞེས་བྱའོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་ཞིང་དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་འབྲེལ་པ་མེད་པ་དེ་དགེ་སློང་དེ་ལ་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དང་པོར་དགེ་འདུན་གྱི་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་བསྐོ་བར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང༌། ཞེ་སྡང་གིས་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་དང༌། འཇིགས་པས་འགྲོ་བ་དང༌། ལྷུང་བཟེད་འབྲེལ་པ་མེད་པ་བྲིམས་པ་དང་མ་བྲིམས་པ་མི་ཤེས་པའོ། །ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང༌། ཞེ་སྡང་གིས་མི་འགྲོ་བ་དང༌། གཏི་མུག་གིས་མི་འགྲོ་བ་དང༌། འཇིགས་པས་མི་འགྲོ་བ་དང༌། ལྷུང་བཟེད་འབྲེལ་བ་མེད་པ་བྲིམས་པ་དང་མ་བྲིམས་པ་ཤེས་པའོ། །འདི་ལྟར་བསྒོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་ལྟུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་སྤྲོའམ་ཞེས་འདྲི་བར་བྱའོ། །གལ་ཏེ་སྦྲོ་ན་དེས་སྤྲོའོ་ཞེས་རྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུད་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ།
འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མེད་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲི་མ་པར་བསྐོ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་དུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅན་མི་གསུངས་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་གི་ཀུན་དུ་སྦྱར་བའི་ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་གིས་དགེ་འདུན་ཚེ་དང་ལྡན་པ་དག་སང་དགེ་འདུན་ལ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པར་འགྱུར་གྱི་ཁྱེད་ཅག་ནང་པར་གཎྜཱི་བརྡུབས་པ་ན་རང་རང་གི་ལྷུང་བཟེད་དག་ཐོགས་ལ་དགེ་འདུན་གྱི་ནང་ན་གཤེགས་པར་མཛོད་ཅིག་ཅེས་བསྒོ་བར་བྱའོ། །དེ་ནས་ལྟུང་བཟད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་གིས་ཕྱི་དེ་ཉིན་པར་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཀྱང་རང་རང་གི་ལྷུང་བཟེད་དག་བྱིན་གྱིས་བརླབས་པ་ཕྱུང་ཞིང་ཐོགས་ཏེ་དགེ་འདུན་གྱི་ནང་དུ་འཇུག་པར་བྱའོ། །དེ་ནས་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་གིས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ལྷུང་བཟེད་འབྲེལ་བ་མེད་པ་ཐོགས་ཏེ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས་
དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ། དབྱིབས་ལེགས་པ། ལོངས་སྤྱད་པར་བཟོད་པ་ལགས་ཀྱི་གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་བརྗོད་དེ་དབུལ་བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་གལ་ཏེ་འདོད་ན་བླང་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་དེ་བླངས་ནས་དགེ་འདུན་གྱི་གནས་བརྟན་གྱི་ལྷུང་བཟེད་གང་ཡིན་བ་དེ་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ། །གནས་བརྟན་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་གནས་བརྟན་གསུམ་བ་ལ་དབུལ་བར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གཉིས་པའི་ལྷུང་བཟེད་གང་ཡིན་པ་དེ་དགེ་འདུན་གྱི་གསར་བུ་ལ་དབུལ་བའི་བར་དུ་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་བླངས་ན་གནས་བརྟན་གཉིས་པ་ལ་དབུལ་བར་བྱའོ།། གལ་ཏེ་གནས་བརྟན་གཉིས་པས་མ་བླངས་ན་གནས་བརྟན་གསུམ་པ་ལ་དབུལ་བར་བྱའོ། །གལ་ཏེ་གནས་བརྟན་གསུམ་པས་བླངས་པན་དགེ་འདུན་གྱི་གནས་བརྟན་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང༌། བརྗོད་པ་གཉིས་པ་ལ་ཡང་སྤྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གསར་བུ་གསུམ་པས་མ་བླངས་ན་གསར་བུ་གཉིས་པ་ལ་དབུལ་བར་བྱའོ། །གལ་ཏེ་གསར་བུ་གཉིས་པས་མ་བླངས་ན་གསར་བུ་ལ་དབུལ་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གསར་བུས་བླངས་པ་ན་གསར་བུ་གསུམ་པ་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱ་ཞིང༌། བརྗོད་པ་གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་སྦྱིན་པར་བྱ་སྟེ། དགེ་འདུན་གྱི་གསར་བུ་གསུམ་པས་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པའི་བར་དུ་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་
དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱའོ། །ལྷུང་བཟེད་འབྲེལ་པ་མེད་པ་འཆང་བའི་དགེ་སློང་གི་ཀུན་དུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། ལྷུང་བཟེད་འབྲེལ་པ་མེད་པ་འཆིང་བའི་དགེ་སློང་གིས་ལྷུང་བཟེད་ཀྱི་སྣོད་གཉིས་ཉེ་བར་གཞག་པར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང༌། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །དེས་ལྷུང་བཟེད་གཉིས་ཀ་ཐོགས་ཏེ་བསོད་སྙོམས་ལ་འཇུག་པར་བྱ་ཞིང༌། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་པ་མེད་པས་བླང་བར་བྱའོ། །གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ལྷུང་བཟེད་བྱིན་གྱིས་བརླབས་པས་བླང་བར་བྱའོ། །གཙུག་ལག་ཁང་དུ་འོངས་ནས་དཀྱིལ་འཁོར་བྱས་ཏེ་ལྷུང་བཟེད་འབྲེལ་པ་མེད་པ་མདུན་དུ་གཞག་ནས་ལྷུང་བཟེད་བྱིན་གྱིས་བརླབས་པར་བཟའ་བར་བྱའོ། །ཟོས་ཟིན་ནས་བྱི་དོར་དང་ཁ་ཟས་འབགས་པའི་དྲིལ་ཕྱི་བྱ་བ་ཡང་དང་པོར་ལྷུང་བཟེད་འབྲེལ་པ་མེད་པ་ལ་བྱ་ཞིང་དེའི་འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་བྱའོ། །བཀྲུ་བ་དང་བསྐམ་པ་དང་ལྕི་བས་དྲུད་པ་ལ་ཡང་དེ་བཞིན་བྱའོ། །གལ་ཏེ་ལྷུང་བཟེད་ཀྱི་ངོས་ཁུང་གཉིས་ཡོད་ན་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་གཞུག་པར་བྱ་ཞིང༌། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ངོས་ཁུང་གཅིག་ཡོད་ལ་གལ་ཏེ་ཤོད་བཟང་ན་ཤོད་དུ་ལྷུང་བཟེད་འབྲེལ་བ་མེད་པ་གཞག་པར་བྱ་ཞིང་ངོས་ཁུང་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །གལ་ཏེ་ངོས་ཁུང་བཟང་ན་ངོས་ཁུང་དུ་ལྷུང་བཟེད་འབྲེལ་བ་མེད་པ་གཞུག་པར་བྱ་ཞིང་ཤོད་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །ལྷུང་བཟད་ཀྱི་ལས་ཕྱེད་པ་ན་གལ་ཏེ་རྫ་བོ་གཉིས་ཡོད་ན་རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་བསྲེག་པར་བྱ་ཞིང༌། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྲེག་པར་བྱའོ། །གལ་ཏེ་རྫ་བོ་གཅིག་ཡོད་ན་གལ་ཏེ་འོག་མ་ལེགས་པར་ཚོས་པར་འགྱུར་ན་འོག་ཏུ་ལྷུང་བཟེད་འབྲེལ་བ་མེད་པ་གཞག་པར་བྱ་ཞིང༌། སྟེང་དུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞག་པར་བྱའོ། །གལ་ཏེ་སྟེང་དུ་གཞག་པ་ལེགས་པར་ཚོས་པར་འགྱུར་ན་སྟེང་དུ་ལྷུང་བཟེད་འབྲེལ་པ་མེད་པ་གཞག་པར་
བྱ་ཞིང་འོག་ཏུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །ལམ་དུ་འགྲོ་ན་ལྷུང་བཟེད་ཀྱི་སྣོད་གཉིས་བསྐུར་བར་བྱ་སྟེ། དེ་ལ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་པ་མེད་པ་གཞུག་པར་བྱ་ཞིང༌། ཅིག་ཤོས་སུ་ལྷུང་བཟེད་བྱིན་གྱིས་བརླབས་པ་གཞུག་པར་བྱའོ། །གལ་ཏེ་ཁུར་ཙ་བ་འགའ་ཞིག་ཡོད་ན་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྐུར་བར་བྱ་ཞིང༌། བདག་ཉིད་ཀྱིས་ལྷུང་བཟེད་འབྲེལ་པ་མེད་པ་བསྐུར་བར་བྱའོ། །གལ་ཏེ་ཁུར་ཙ་བ་འགའ་ཡང་མེད་ན་ཕྲག་པ་གཡོན་པས་ལྷུང་བཟེད་འབྲེལ་པ་མེད་པ་བསྐུར་བར་བྱ་ཞིང་ཕྲག་པ་གཡས་པས་ལྷུང་བཟེད་བྱིན་གྱིས་བརླབས་པ་བསྐུར་བར་བྱའོ། །འདི་ནི་དེའི་ཆད་པའི་ལས་ཡིན་ཏེ་ཚུལ་ཁྲིམས་ཡང་དག་པར་རྗེས་སུ་བསྲུང་བས་ཇི་སྲིད་འཚོའི་བར་དུ་བཅད་བར་བྱའོ། །དེ་ལྟར་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་བསྐོ་བའི་རིམ་གྱིས་དགེ་སློང་ལྟུང་བ་འབྱིན་པ་དེ་ལ་ལྷུང་བཟེད་དུ་མ་ཡོད་པ་ཉིད་ཡིན་ན་མཆོག་ཏུ་འདོད་པ་གཅིག་དགེ་འདུན་ལ་སྤང་བ་དང་གཞན་ནི་རབ་ཏུ་བྱུང་བ་འདི་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱ་ཞིང་དེ་ལ་ལྷུང་བཟེད་ཐ་ཆད་འབྲེལ་པ་མེད་པ་སྦྱིན་པར་བྱ་སྟེ། དེའི་ཆོ་ག་དང་ལས་ཟིན་པའི་རྗེས་ལ་དེས་ལྟུང་བ་སྔ་མ་དག་བཞིན་དུ་ཆོས་བཞིན་ཕྱིར་བྱའོ། །ལྷུང་བཟེད་ཚོལ་བའི་སྤང་བ་སྟེ་ཉི་ཤུ་གཉིས་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཅུ་བདུན་པ། འཐག་ཏུ་འཇུག་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ན་བཞུགས་སོ། །ཉེ་དགས་བསམས་པ། འདི་དག་ཐམས་ཅད་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསླབ་པའི་གཞི་དག་གིས་བསྡམས་པས་ཕྱིན་ཆད་རས་ཡུག་ཕྲན་སྦོམ་བོ་གཅིག་གི་རིན་ཡང་ག་ལས་ཀྱང་བསླང་བར་མི་ནུས་ཀྱི། སོང་སྟེ་བལྟས་ན་གལ་ཏེ་ལ་ལས་བསླང་བར་ནུས་སོ་སྙམ་ནས་དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་ཡུགས་ས་མོ་ལྔ་བརྒྱ་དོག་པ་འཁལ་ཞིང་འདུག་པ་དག་ལས་དོག་པ་ཤས་ཤས་ཀྱིས་བསླངས་ནས། བུ་མོ་བདེ་གནས་མ་ཞིག་དང་ལག་བརྗེས་ཏེ་
དོག་པ་ཕྲ་མོ་བསླངས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཡིད་བརྟན་པའི་མི་ཆེ་བ་ཞེས་བྱ་བ་དང་བསྡོངས་ཏེ། ཐ་ག་པའི་སྣ་བོ་སྤྱི་ཐེར་ནན་ཁུགས་ཀྱིས་འཐག་ཏུ་བཅུག་ནས། དེ་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། པའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རང་གིས་བསླངས་པའི་དོག་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གིས་བསླངས་པའི་ཇོག་པས་ཞེས་བྱ་བ་ནི་འདུན་པས་ལ་ལ་ལས་སྲང་གཅིག །ལ་ལ་ལས་སྲང་ཕྱེད། ལ་ལ་ལས་ཞོ་གཉིས། ལ་ལ་ལས་ཞོ་གཅིག་བསླངས་པའི་དོག་པས་སོ། །ཐ་ག་པ་ཞེས་བྱ་བ་ནི་ཐགས་མཁན་ནོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང༌། མས་པོ་དང༌། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་འཇུག་ན་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་ལས་གང་ཡང་རུང་བའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌།
བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རིན་མེད་པར་ངག་གིས་བསྒོ་བས་སམ། ཕོ་ཉ་ལ་སོགས་པ་གཞན་གྱིས་ཀྱང་གོས་འཐག་ཏུ་བཅུག་ན་འཐག་ཏུ་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་འཐག་ཏུ་འཇུག་པའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་དྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་འཐག་ཏུ་འཇུག་པར་གཏོགས་པ་དེ་ལྟ་བུ་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཐག་ཏུ་འཇུག་པའི་སྤང་བའི་ལྟུང་བྱེད་བྱུང་ལ། ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་ར་གས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྦ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །ཐ་ག་པ་ཁྱིམ་པ་དང་ཉེ་དུ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །རིན་མེད་པར་ངག་གིས་བསྒོ་བ་ལ་ན་སྨད་པ་མེད་དོ། །ཕོ་ཉ་ལ་སོགས་པ་གཞན་གྱེས་འཐག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་ན་སྨད་པ་མེད་དོ། །ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་གཉི་གས་ཅིག་ཅར་གྲུབ་པ་ལ་ན་སྨད་པ་མེད་དོ། །ཐ་ག་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉི་གས་ཅིག་ཅར་གྲུབ་པ་ལ་ནི་སྨད་པ་མེད་དོ། །བདག་ཉིད་དང་ཉེ་དུ་མ་ཡིན་པར་བཅས་པས་འཐག་པ་ལ་ན་སྨད་པ་མེད་དོ། །རིན་བྱིན་པ་དང་མ་བྱིན་པ་གཉི་གས་འཐག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་དང་རིན་མེད་པར་བསྒོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་འཇུག་པའོ། །འདི་ལ་ཡན་
ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་དང་རིན་མེད་པ་དང༌། ངག་གི་རྣམ་པར་རིག་བྱེད་དམ་གཞན་གྱིས་བསྒོ་བ་དང༌། གོས་རུང་བ་ཚད་དང་ལྡན་པ་དང༌། འཐག་ཏུ་བཅུག་པ་དང༌། གོས་གྲུབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འཐག་ཏུ་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཐ་ད་པ་ཇི་སྙེད་བརྩམས་པ་ལ་རེ་རེ་ལ་ཉེས་བྱས་སོ། །ཐ་ག་པ་ཕྱི་རོལ་པ་དང༌། འདི་བའི་རབ་ཏུ་བྱུང་བ་དང༌། མ་ཆགས་པ་དང་ཉམས་པ་དག་ལ་ཉེས་བྱས་སོ། །རྫས་མི་རུང་བ་ཉིད་དང་ཚད་དང་ལྡན་པ་མ་ཡིན་པ་ལ་ཉེས་བྱས་སོ། །འཐག་ཏུ་བཅུག་པའི་དོན་མ་གོ་ན་ཉེས་བྱས་སོ། །གོས་མ་གྲུབ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་ཐ་ག་པ་ཉེ་དུ་ལ་ལྟུང་བ་མེད་དོ། །བདག་ཉིད་ལ་ལྟུང་བ་མེད་དོ། །རིན་བྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འཐག་ཏུ་འཇུག་པའི་སྤང་བར་འབྱུང་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འཐག་ཏུ་འཇུག་པའི་སྤང་བ་སྟེ་ཉི་ཤུ་གསུམ་པ་བཤད་ཟིན་ཏོ།། །།འཐག་པ་བསྐྱེད་པའི་སྤང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་
ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་བཟའ་བྲན་གཉིས་ཤིག་འདོད་པ་ལ་ལོག་པར་སྤྱོད་པས་བུ་མོ་མངག་གཞུག་མ་ཅིག་ཡོད་པ་ལ་རྟག་ཏུ་བརྡེགས་ནས་ཉེ་དགས་དེ་ཚོར་ནས་ཁྱིམ་བདག་བཟའ་བྲན་གཉིས་ཅ་ནས་ཀྱང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་གནས་པར་འགྱུར་བ་དེ་དེ་ལྟར་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་ཅིང༌། ཚུལ་ཁྲིམས་འཆལ་པའི་བསྔགས་པ་མ་ཡིན་པ་ཡང་བརྗོད་ནས། དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་གནས་པར་བྱས་སོ། །དེ་ཕྱིན་ཆད་དེ་གཉིས་བུ་མོ་དེ་ལ་ཡང་མི་བརྡེག་ཅིང་ཉེ་དགའ་ལ་ཡང་དོག་པ་འཇམ་བོ་དག་ཅིག་ཐ་ག་པ་ཆེ་གེ་མོ་ཞིག་ལ་རས་ཡུག་ཆེན་འཐག་ཏུ་བཅུག་སྟེ་བསྐོན་པར་གླེངས་པ་བུ་མོ་དེས་ཐོས་ནས། ཉེ་དགའ་ལ་སྨྲས་པ་དང༌། ཉེ་དགའ་སྔ་དྲོ་བསོད་སྙོམས་ལ་རྒྱུ་བ་ན་བཙུན་མོ་ཕྲེང་ལྡན་མའི་ཁྱིམ་ནས་ཧྭགས་ཀྱི་ལ་དུ་དག་ཐོབ་པ་ཁྱེར་ཏེ། ཐ་ག་པ་དེའི་གན་དུ་སོང་ནས་སྨྲས་པ། བཞིན་བཟངས་ལ་དུ་འདི་དག་ཟོ་ལ་ཁོ་བོའི་རས་ཡུག་ཆེན་འདི་ཞིང་ཆེ་བ་དང༌། ཁྲུན་རིང་བ་དང༌། ཐར་གྱིས་ཞག་པ་དང༌། ཐག་རན་བཟང་བར་ལེགས་པར་གྱིས་ཤིག་ཅེས་འཐག་པ་བསྐྱེད་དུ་བཅུག་ནས། ཁྱིམ་བདག་བཟའ་བྲན་གཉིས་ཀྱི་དོག་པ་ཡང་གྲོན་སྐྱེས། ཐ་ག་པས་ཀྱང་ཁྱིམ་བདག་བཟའ་བྲན་གཉིས་ལས་གླ་མ་ཐོབ་ནས། ཉེ་དགའ་ལ་བདས་པ་དང༌། ཉེ་དགས་ཐ་ག་པ་དེ་ཉི་ཚན་ལ་བཏགས་ཏེ་བཏང་ནས་དེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་
འཇུག་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་འདི་བྱུང་ནས་ཐག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གི་ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞིང་ཆེ་བ་དང༌། ཁྲུན་རིན་བ་དང༌། ཐར་གྱིས་ཞག་པ་དང་ཐག་རན་བཟང་བར་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ན། དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ་བཟའ་བའམ་བཟའ་བ་ཙམ་མ་མ་བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་གོས་འཐག་པ་བསྐྱེད་པའོ། །དེ་ལ་དགེ་སློང་གི་ཕྱིར་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཐ་ག་པ་ཞེས་བྱ་བ་ནི་ཐགས་མཁན་ནོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་དང་ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་འཐག་ཏུ་བཅུག་པ་ལས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དང༌། ཟར་མའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཀོ་ཏམ་པའི་གོས་དང༌། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །དེ་ན་གལ་ཏེ་དགེ་སློང་དེ་ལ་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་ལའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་བོས་པར་རོ། །རྣམ་པར་རྟོག་པ་འགའ་ཞིག་བྱུང་ཞེས་བྱ་བ་ནི་བསྙེན་བཀུར་བྱེད་པ་འགའ་ཞིག་བྱུང་ནས་སོ། །ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ཞེས་བྱ་བ་ནི་དྲུང་དུ་སོང་སྟེའོ། །དེ་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ཁོ་བོའི་ཕྱིར་འཐག་གི་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་
པའིའོ། །ཞིང་ཆེ་བ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། །ཁྲུན་རིང་བ་ཞེས་བྱ་བ་ནི་ཆུ་རིང་བའོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པའོ། །ཐག་རན་བཟང་བ་ཞེས་བྱ་བ་ནི་བྱེར་ཟུར་སྙོམས་པ་དང༌། ཤས་བཟང་བ་དང་སང་སེང་མེད་པར་རོ། །ལེགས་པར་གྱིས་ཤིག་ཅེས་བྱ་བ་ནི་ལག་བྱད་བཟང་པོར་རོ། །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔ་ན་འདི་ལྟ་སྟེ་ཞེས་བྱ་བ་ནི་འོག་མ་ལྟ་བུ་དག་སྦྱིན་ནོ་ཞེས་དམ་བཅས་པའོ། །བཟའ་བའམ་ཞེས་བྱ་བ་ནི་བཟའ་བ་ལྔ་པོ་དག་གོ །བཟའ་བ་ཙམ་མམ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དག་གོ །བཟའ་རྒྱུ་ཞེས་བྱ་བ་ནི་བཟའ་བའི་རྒྱུའོ། །ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས་ཞེས་བྱ་བ་ནི་ཁས་བླངས་ནས་སོ། །དེ་ལ་གལ་ཏེ་དགེ་སློང་དེས་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགས་སོ། །གོས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ། །གླ་རྔན་འདི་ལྟ་སྟེ་བཟའ་བའམ་བཟའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་ཞེས་བྱ་བ་ནི་བཙུན་མོ་ཕྲེང་ལྡན་མའི་ཁྱིམ་ནས་ཐོབ་པའི་ཧྭགས་ཀྱི་ལ་དུ་ལ་སོགས་པ་ལྟ་བུའོ། །གོས་གྲུབ་ན་ཞེས་བྱ་བ་ནི་གོས་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བ་སྟེ། དེས་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་རྣམ་པར་གཞག་པ་ནི་སྦྱིན་བདག་དང་ཐ་ག་པ་ཉེ་དུ་མ་ཡིན་པས་དགེ་སློང་གི་ཕྱིར་གོས་བཏགས་པར་བསམས་པའི་འཐག་པ་བསྐྱེད་ནས། གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པ་དང༌། ཐ་ག་པ་ལ་གླ་རྔན་མ་བྱིན་པར་གོས་གྲུབ་ན་འཐག་པ་བསྐྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ལ་འཐག་པ་བསྐྱེད་པའི་སྤང་བའི་ལྟུང་བྱེད་བྱུང་ན། དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བམ་བཤགས་པར་རམ། སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་རམ། སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་འཐག་པ་བསྐྱེད་པར་གཏོགས་པ་དེ་ལྟ་བུ་གཞན་
ཞིག་རྙེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །དགེ་སློང་གིས་འཐག་པ་བསྐྱེད་པའི་སྤང་བའི་ལྟུང་བྱེད་བྱུང་ལ་ཇི་སྲིད་དུ་སྤང་བའི་དངོས་པོ་ལས་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་གཞན་ཉེ་བར་འཇོག་པར་བྱེད་ན་དེ་ཡང་སྔ་མའི་ཤུགས་ཀྱིས་སྤང་བར་འགྱུར་ཏེ། དེ་ལས་ལྟུང་བར་ནི་མི་འགྱུར་རོ། །སྦྱིན་བདག་དང་ཐ་ག་པ་ཁྱིམ་པ་དང་ཉེ་དུ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་དེའི་ཕྱིར་གོས་བཏགས་པ་བསམས་པ་ལས་བྱུང་བ་ཉིད་ལ་ན་སྨད་པ་མེད་དོ། །ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱར་བ་ལ་ན་སྨད་པ་མེད་དོ། །གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པར་གྱུར་པ་ལ་ན་སྨད་པ་མེད་དོ། །ཐ་ག་པ་ལ་རྔན་པ་མ་བྱིན་པ་ལ་ན་སྨད་པ་མེད་དོ། །སྦྱིན་པར་བྱེད་པས་དགེ་སློང་གོས་ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་དུ་བྱ་བའི་དོན་དུ་རྗེས་སུ་མ་གནང་བས་དེ་དག་བྱས་པ་ལ་ན་སྨད་པ་མེད་དོ། །གོས་རུང་བ་ཉིད་དང་ཚང་དང་ལྡན་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་དང༌། ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་གཉི་གས་ཅིག་ཅར་འཐག་པ་བསྐྱེད་པ་ལ་ན་སྨད་པ་མེད་དོ། །སྦྱིན་བདག་དང་ཐ་ག་པ་ཁྱིམ་པ་རང་རབ་ཏུ་བྱུང་བ་གཉི་གས་ཅིག་ཅར་འཐག་པ་བསྐྱེད་པ་ལ་ན་སྨད་པ་མེད་དོ། །བདག་ཉིད་དང་སྦྱིན་བདག་དང་ཐ་ག་པ་ཉེ་དུ་མ་ཡིན་པར་བཅས་པས་འཐག་པ་བསྐྱེད་པ་ལ་ན་སྨད་པ་མེད་དོ། །རྔན་པ་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་སྟེ། བཅོལ་བས་འཐག་པ་བསྐྱེད་པ་ཉིད་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་དེའི་ཕྱིར་བཏག་པར་བྱ་བ་བསམས་པ་ལས་བྱུང་བ་ཉིད་དང༌། ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་ལ་འཐག་པ་ངེས་པར་སྦྱར་བ་དང༌། སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྦྱིན་བདག་དང་ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་ཉིད་དང༌། དགེ་སློང་དེའི་གོས་འཐག་ཏུ་བཅུག་པ་དང༌། དགེ་སློང་གིས་འཐག་པ་བསྐྱེད་པ་དང༌། གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པ་དང༌། ཐ་ག་པ་ལ་གླ་རྔན་མ་བྱིན་པ་དང་གོས་གྲུབ་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱིན་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་
འཐག་པ་བསྐྱེད་པའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གོས་གྲུབ་པའི་མདུན་རོལ་དུ་གོས་བསྒྲུབ་པ་དེའི་ཕྱིར་བསོད་སྙོམས་ལ་འགྲོ་བ་དང། བཅའ་བ་ལ་སོགས་པ་ཚོལ་ཞིང་དེར་ཁྱེར་བ་དང༌། ལག་པ་དག་སྙོལ་བར་བྱེད་པ་དང༌། ལྷུང་བཟད་དག་འཁྲུ་བར་བྱེད་པ་དང༌། འགྲོ་བ་དང་འོང་བ་དང༌། བསོད་སྙོམས་ཐོབ་ནས་ཐ་ག་པ་ལ་སྦྱིན་པར་བྱེད་པ་ལ་སོགས་པ་བསམས་པ་ལས་བྱུང་བ་རྗེས་སུ་བསྒྲུབ་པ་ཐ་དད་པ་དག་ནི་ཉེས་བྱས་སོ། །སྦྱིན་བདག་གིས་མ་བསྒོ་བར་དགེ་སློང་སྦྱིན་བདག་དང་ཐ་ག་པའི་གན་དུ་འགྲོ་བ་ལ་ཡང་ཉེས་བྱས་སོ། །སྦྱིན་བདག་དང་ཐ་ག་པ་མ་ནིང་དང་མཚན་གཉིས་པ་དག་ལ་ཉེས་བྱས་སོ། །སྦྱིན་བདག་དང་ཐ་ག་པ་ཕྱི་རོལ་པ་དང༌། འདི་པའི་རབ་ཏུ་བྱུང་བ་དང༌། མ་ཆགས་པ་དང་ཉམས་པ་དག་ལ་ཉེས་བྱས་སོ། །རྫས་མི་རུང་བ་ཉིད་དང་ཚད་དང་ལྡན་པ་མ་ཡིན་པ་ལ་ཉེས་བྱས་སོ། །འཐག་པ་བསྐྱེད་པའི་དོན་མ་གོ་ན་ཉེས་བྱས་སོ། །གོས་མ་གྲུབ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །དེ་ཡང་དང་པོ་ཡིད་ལ་སེམས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཕྲ་མོའོ། །དེ་ནས་ལུས་དང་ངག་གིས་སྦྱོར་བ་ནི་སྦྱོར་བའི་ཉེས་བྱས་དངོས་སོ། །དེ་ནས་མཐར་ཐུག་པ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའོ་ཞེས་བྱ་བར་ཤེས་པར་བྱའོ། །ལྟུང་བ་མེད་པ་ནི་སྦྱིན་བདག་དང་ཐག་པ་ཉེ་དུ་ལ་ལྟུང་བ་མེད་དོ། །བདག་ཉིད་ལ་ལྟུང་བ་མེད་དོ། །གླ་རྔན་བྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ། གནས་སྐབས་ཐམས་ཅད་དུ་འཐག་པ་བསྐྱེད་པའི་སྤང་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འཐག་པ་བསྐྱེད་པའི་སྤང་བ་སྟེ་ཉི་ཤུ་བཞི་པ་བཤད་ཟིན་ཏོ།། །།