ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ།
ཚུལ་ཁྲིམས་བསྐྱངས།
རྒྱ་གར་སྐད་དུ། ཨཱ་ག་མ་ཀྵཱུ་དྲ་ཀ་བྱཱ་ཁྱཱ་ན། བོད་སྐད་དུ། ལུང་ཕྲན་ཚེགས་ཀྱི་རྣམ་ པར་བཤད་པ། བམ་པོ་དང་པོ། བྱང་ཆུབ་སེམས ་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་གི་ཡོན་ཏན་དག་གིས་ཉོན་མོངས་དགྲ་ཡི་ཚོགས་རྣམས་མ་ལུས་འདུལ་མཛད་ཅིང༌། །དོན་རྣམས་མ་ལུས་རིག་པའི་དྲི་མེད་མཁྱེན་ལྡན་བདག་ཉིད་ཐུགས་རྗེས་འདུལ་གསུང་བའི། །སངས་རྒྱས་ཞབས་ཀྱི་པདྨ་ལྷ་ཡི་རིན་ཆེན་ཅོད་པན་ཟེར་གྱིས་རེག་པར་གྱུར་དེ་ལ། །ཕྱག་བྱས་ནས་ནི་ཕྲ་མོའི་རྟོགས་དཀའི་དེ་ཉིད་ཚིག་གི་རྣམ་བཤད་འདི་བརྩམ་བྱ།། ཕྲན་ཚེགས་ཀྱི་གཞིའི་སྡོམ་ཞེས་བྱ་བ་ལ། ཕལ་ཆེར་བསླབ་པའི་གཞི་ཕྲ་ཞིང་ཁ་ན་མ་ཐོ་བ་ཆུང་བ་སྟོན་པར་བྱེད་པའི་ལུང་གང་ཡིན་པ་དེ་ནི་ཕྲན་ཚེགས་ཞེས་བྱའོ། །གཞི་ཞེས་བྱ་བ་ནི་འདི་ལ་བསླབ་པའི་གཞི་བརྗོད་པར་བྱ་བའི་དངོས་པོའི་སྒོ་ནས་གནས་པར་བྱེད་པའི་ཕྱིར་གཞི་ཡིན་ཏེ། དོན་དང་ལྡན་པའི་སྒྲ་བཀོད་པ་ཞེས་བྱ་བའི་དོན་ཏོ། །སྡོམ་ཞེས་བྱ་བ་ནི་སྒྲོ་འདོགས་པ་བསལ་
བ་དང༌། རྣམ་པར་བརྗེད་པ་སྤང་བའི་དོན་ཏོ། །གནོད་པ་ཅན་གྱི་ཡུལ་སྨོས་པ་ལས་བཏུས་ནས་ངག་གང་ལ་བསླབ་པའི་གཞི་བརྗོད་ཅིང་དཔྱོད་པ་ནི་སྡོམ་ཡིན་ཏེ། མདོར་བསྡུ་བ་བྱས་པའི་དོན་སྨོས་པ་ཞེས་བྱ་བའི་བར་དུའོ། །བསྡུས་པའི་སྡོམ་ཞེས་བྱ་བ་ནི་བསྡུས་པར་གྱུར་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས་བཏུས་ཤིང་ངག་གང་ལ་ཁས་བླངས་པའམ། དུམ་བུར་བྱེད་པ་དེ་ནི་བསྡུས་པའི་སྡོམ་ཞེས་བྱའོ། །ཐམས་ཅད་དུ་བསྟན་བཅོས་རྩོམ་པ་ལ་བརྗོད་པར་བྱ་བ་དང༌། དགོས་པ་དེ་དང་འབྲེལ་པ་དང༌། དགོས་པའི་དགོས་པ་དག་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་བརྗོད་པར་བྱ་བ་ལ་སོགས་པ་བཞི་པོ་དག་དང་བྲལ་བའི་སྒྲ་ལ་ཡང་རྟོག་པ་དང་ལྡན་པ་ཡིད་དགའ་བ་སྐྱེད་པས་སྐྱེད་པར་མི་བྱེད་ན་བསྟན་བཅོས་དག་ལ་ཡང་སྨོས་ཀྱང་ཅི་དགོས། དེ་ཕྲན་ཚེགས་ཀྱི་མིང་ཅན་གྱི་ལུང་འདི་ལ་དགེ་སློང་དག་གི་བྱ་བ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། ཅུང་ཞིག་ནི་དོར་བར་བྱ་བ་ཡིན་ཏེ། དཔེར་ན་སོ་ཕག་གིས་ལུས་ལ་བདར་བར་མི་བྱའོ་ཞེས་བྱ་བ་ལྟ་བུའོ། །བསམ་གཏན་དང་འདོན་པ་ལ་སོགས་པ་ཅུང་ཞིག་ནི་བླང་བར་བྱ་བ་ཡིན་ཏེ། དཔེར་ན་དགེ་
སློང་དག་རྒྱགས་པ་མེད་པར་བསམ་གཏན་གྱིས་ཤིག་ཅེས་བྱ་བ་ལྟ་བུའོ། །བརྗོད་པར་བྱ་བ་གཉིས་པོ་དེ་བསྟན་ཅིང་ཁོང་དུ་ཆུད་པ་ནི་བཅོམ་ལྡན་འདས་དང་སྡུད་པ་པོ་དག་གི་དགོས་པ་ཡིན་ནོ། །བསྟན་པ་དེ་ཡང་ཕྲན་ཚེགས་ཀྱི་མིང་ཅན་གྱི་སྒྲའི་བཀོད་པ་འདིས་བསྒྲུབ་པར་ནུས་པ་དེའི་ཕྱིར་སྒྲའི་ཚོགས་འདི་བརྗོད་པར་བྱ་བ་ཁོང་དུ་ཆུད་པའི་ཐབས་སུ་གྱུར་པ་ཡིན་ཏེ། འདི་གཉིས་ནི་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །རབ་ཏུ་ཡང་དག་པར་འཇུག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པ་ཐོབ་པ་ཞེས་བྱ་བའི་ནི་དགོས་པའི་དགོས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ། དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སམ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་བཅོམ་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཏེ། འདོད་ཆགས་བཅོམ་ཞིང་ཞེ་སྡང་བཅོམ། །གཏི་མུག་བཅོམ་ཞིང་ཟག་པ་མེད། །སྡིག་པའི་ཆོས་རྣམས་རྣམ་བཅོམ་པ། །དེ་ཕྱིར་དེ་ནི་བཅོམ་ལྡན་འདས། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྒྲའི་ཉེ་བའི་ཚིག་བཅོམ་ལྡན་འདས་ཞེས་བྱ་བ་ཡིན་ན་ནི་བཅོམ་ལྡན་འདས་ཉིད་བརྗོད་པར་བྱ་བ་མ་ཡིན་ནམ། འདི་ལྟར་མདོ་སྡེ་ལས་དུས་གཅིག་ན་བཅོམ་ལྡན་འདས་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་སྐད་དུ་བརྗོད་པར་ནི་མི་ནུས་ཀྱི་གཞན་དག་ལ་ཡང་བཅོམ་ལྡན་འདས་ཞེས་བརྗོད་དེ། འདི་ལྟར་བཅོམ་ལྡན་འདས་ནོར་ལྷ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་རྣམ་པར་གཅད་པར་བྱ་བའི་ཕྱིར་སངས་རྒྱས་སྨོས་པ་ཡིན་ནོ། །དེ་ལྟ་ན་ནི་མདོ་སྡེ་དག་ལ་ཡང་སངས་རྒྱས་སྨོས་དགོས་སོ་ཞེ་ན། མི་བྱ་སྟེ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་ཡང་སྲིད་པའི་ཕྱིར་ཏེ། དེ་ལྟར་བསླབ་པའི་གཞི་བཅའ་བ་དག་ནི་ཉན་ཐོས་འཕགས་པ་ཤཱ་རིའི་བུ་ལ་ཡང་དབང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདུལ་བ་ལ་བསླབ་པའི་གཞི་བཅས་པ་མཛད་པ་ལ་སྟོན་པ་གཅིག་པུ་གཙོ་པོར་གྱུར་པ་ཡིན་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱི་ཕྱིར་སངས་རྒྱས་སྨོས་སོ། །ཡངས་པ་ཅན་ཞེས་བྱ་བ་ནི་ཁྱིམ་དང་འབྱོར་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་གྲོང་
ཁྱེར་ནི་ཡངས་པ་ཅན་ནམ། མི་རྣམས་བསོད་ནམས་རྒྱ་ཆེ་ཞིང་ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པའི་གྲོང་ཁྱེར་འདི་ལ་ཡངས་པ་ཅན་ཞེས་བྱའོ། །ཡངས་པ་ཅན་དེ་ན་ཞེས་བྱ་བ་ནི་ཉེ་བར་གྱུར་པ་དབང་དུ་བྱེད་པའོ། །བཞུགས་ཏེ་ཞེས་བྱ་བ་ལ་དེའི་སྒྲ་ནི་འདས་པའི་དུས་སྟོན་པར་བྱེད་པའོ། །འདི་ལྟར་བཞུགས་པ་ཡང་བཞེངས་པ་དང༌། བཞུགས་པ་དང༌། གཟིམས་པ་དང༌། འཆག་པ་ཐ་དད་པའི་སྒོ་ནས་རྣམ་པ་བཞི་སྲིད་པ་དེ་ལྟ་ན་ཡང་འདིར་བཞུགས་པ་ཙམ་ཞིག་ཉེ་བར་སྦྱར་བ་ཡིན་ནོ། །སྤྲེའུ་རྫིང་གི་འགྲམ་ཞེས་བྱ་བ་ནི་སྤྲེའུས་བརྐོས་པའི་ཆུའི་རྫིང་གི་འགྲམ་ནའོ། །ཁང་པ་བརྩེགས་པའི་གནས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་མིང་ངོ༌། །དྲུག་སྡེ་ཉིད་ཀྱིས་བྱ་བ་ནི་དྲུག་པོ་ཕན་ཚུན་སྡེ་ཚན་དུ་རྗེས་སུ་མཐུན་པ་དག་ནི་དྲུག་སྡེ་ཡིན་ལ། དྲུག་སྡེའི་དངོས་པོ་ནི་དྲུག་སྡེ་ཉིད་དམ། གང་རྣམ་པ་དྲུག་པོ་ལ་ཕན་པས་ན་དྲུག་སྡེ་ཉིད་དེ། དེ་དག་རེ་རེ་ལ་ཡང་དྲུག་སྡེ་ཁོ་ན་ཉིད་ཅེས་བྱ་སྟེ། དཔེར་ན་བྱ་ལྔ་པ་དང་དགེ་སློང་ལྔ་པ་ཞེས་བྱ་བ་ལྟ་བུའོ། །དྲུག་སྡེ་ཉིད་ནི་ཚོགས་ལ་བྱའོ། །སྔ་དྲོ་ནི་ཉི་མའི་ཐུན་དང་པོ་ཡིན་ལ་དེར་བགོས་ནས་ཞེས་བྱ་བ་ནི་ཤམ་ཐབས་བགོས་སུ་ཟིན་ཀྱང་སྤྱོད་ལམ་སྦ་བའི་ཕྱིར་དང༌། ཡང་མཛེས་པར་བྱ་བ་ནི་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །བསོད་སྙོམས་ཀྱི་ཕྱིར་ཞེས་བྱ་བ་ནི་བསོད་སྙོམས་བླང་བའི་དོན་དུའོ། །བར་ནི་དབུས་སོ། །ཡངས་པ་ཅན་ཞེས་བྱ་བ་ལ་ཡངས་པ་ཅན་གྱི་གྲོང་ཁྱེར་ན་གནས་པ་གང་ཡིན་པ་དེ་དག་ནི་ཡངས་པ་ཅན་གྱིའོ། །ལིཙྪ་བཱི་ཞེས་བྱ་བ་ནི་ལིཙྪ་བཱིའི་མིང་ཅན་གྱི་རྒྱལ་རིགས་དག་གིའོ།། སྐྱེད་མོས་ཚལ་ནི་རྩེད་འཇོའི་གནས་ལ་བྱའོ། །བྱ་སྣ་ཚོགས་སྐད་འབྱིན་པ་ཞེས་བྱ་བ་ནི་འདབ་ཆགས་རྣམ་པ་སྣ་ཚོགས་སྒྲ་སྒྲོགས་པའོ། །དགའ་བའི་ཚལ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པ་དག་སྐྱེད་མོས་ཚལ་གང་ལ་རབ་ཏུ་འཇུག་ན་ལྷ་ངག་གི་འབྱོར་པའི་ཚོགས་ཉམས་སུ་མྱོང་བར་གྱུར་པའོ། །དེ་དང་འདྲ་བ་ནི་དེ་དང་ཆ་འདྲ་བ་དག་ཡིན་ནོ། །རྩོལ་བ་ནི་ལུས་ཀྱི་སྒོ་ནས་དུབ་པར་བྱེད་པ་ཡིན་ལ། རྩོལ་བ་གང་གིས་སྒྲུབ་པར་བྱེད་པ་དེ་ནི་བརྩལ་བའི་ཆ་སྤྱད་ཡིན་ཏེ། རྔ་བོ་ཆེ་ལ་སོགས་པའོ། །གར་དང་གླུ་དང་སིལ་སྙན་གྱི་ཆ་སྤྱད་ནི་པི་ཝང་ལ་སོགས་པ་དག་གོ །ཁྲུས་ཀྱི་ཡོ་བྱད་ནི་སོ་ཕག་ལ་
སོགས་པ་དག་གོ །སུམ་ཅུ་རྩ་གསུམ་གྱི་ལྷ་ཞེས་བྱ་བ་ནི་རྩེ་བའི་ཕྱིར་ལྷ་སྟེ་རྩེ་འཇོ་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་པོ་དེ་དག་ནི་སུམ་ཅུ་རྩ་གསུམ་ཞེས་བྱའོ། །དཔེར་མཛད་ན་ཞེས་བྱ་བ་ནི་དཔེར་གྱུར་པས་ན་དཔེར་མཛད་པ་སྟེ། ཇི་སྐད་དུ་དགེ་སློང་དག་ཁྱེད་ཅག་ལས་སུམ་ཅུ་རྩ་གསུམ་གྱི་ལྷ་མཐོང་བར་མ་གྱུར་པ་གང་ཡིན་པ་དེས་ཡངས་པ་ཅན་གྱི་ལིཙྪ་བཱིའི་སྐྱེད་མོས་ཚལ་གྱི་གནས་སུ་སོང་ལ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཏམ་དུ་བྱས་པ་ཞེས་བྱ་བ་ལ། གཏམ་ནི་ཚིག་གི་སྒོ་ནས་མངོན་པར་འདོད་པའི་འབྲས་བུ་དཔྱོད་པར་བྱེད་པ་ཡིན་ཏེ། གང་གིས་གཏམ་དུ་བྱས་པ་དེ་དག་ནི་གཏམ་དུ་བྱས་པ་སྟེ། མངོན་པར་འདོད་པའི་འབྲས་བུ་འབྱོར་པ་བསྒྲུབས་ནས་ཞེས་བྱ་བའི་བར་དུའོ། །མདའ་བོ་ཆེ་ནི་ལོགས་གཉིས་ནས་ལྕགས་ཀྱི་མདེའུ་ཚད་ཆེན་པོ་ཅན་དབུས་ལག་པས་གཟུང་དུ་རུང་བ་མཚོན་ཆའི་ཁྱད་པར་དག་ཡིན་ཏེ། དེ་ཡང་དང་ཡང་དུ་འཕངས་པ་ལས་བརྩལ་བ་འགྲུབ་པར་འགྱུར་རོ། །རྡོ་སྲད་བུ་ལ་སོགས་པས་བཅིངས་པ་དག་ནི་དྲང་བའི་དོན་གྱི་རྡོ་སྟེ། དེ་འདྲེན་པ་ལས་ཀྱང་བརྩལ་བ་འགྲུབ་པར་འགྱུར་རོ། །བསྣུན་པའི་དོན་གྱི་རྡོ་ནི་སྐྱེས་བུ་སྟོབས་དང་ལྡན་པས་བཏེག་པའི་རྡོ་ཡིན་ཏེ། དེ་བཏེག་ནས་དོར་བ་ལས་ཀྱང་བརྩལ་བ་འགྲུབ་པར་འགྱུར་བའམ། གང་གིས་དཔུང་མགོའི་ཕྱོགས་ལ་བསྣུན་པར་གྱུར་ན་མཁྲང་པོར་འགྱུར་བའི་ཕྱིར་བསྣུན་པའི་དོན་གྱི་རྡོ་ཞེས་བྱའོ། །པི་ཝང་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ། ད་ལྟར་ནི་མི་སྣང་ངོ༌། །ཁ་ཅིག་ནི་པི་ཝང་དུ་རབ་ཏུ་གྲགས་པ་ལ་ཡང་པི་ཝང་ཞེས་ཟེར་རོ། །གླིང་བུ་ནི་འདི་མ་ཡིན་ལ། རྔ་ནི་རྫ་རྔ་ལ་བྱའོ། །འཁར་རྔ་ནི་འཁར་རྔའི་སིལ་སྙན་ཡིན་ལ། སྒྲ་སྙན་པའི་མཆོག་ནི་སིལ་སྙན་ཡིན་ཏེ་ནུབ་པར་གྱུར་ཏོ་ཞེས་བརྗོད་དོ། །བཟོའི་གནས་དང༌། ལས་ཀྱི་གནས་ཞེས་བྱ་བ་ལ། བསླབ་པའི་གནས་ནི་བསླབ་པའི་དངོས་པོ་ཁོང་དུ་ཆུད་པ་སྟེ། ཁོལ་མ་བྱུང་བ་ལ་སོགས་པའོ། །ལས་ཀྱི་གནས་ནི་བསླབ་པའི་རྩོལ་བས་བསྒྲུབ་པ་དག་ཡིན་ཏེ། གླང་པོ་ཆེའི་གཉའ་བ་དང༌། རྟའི་རྒྱབ་དག་ལ་ཞོན་པ་ལ་སོགས་པའོ། །ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་བརྡུང་བར་བྱ་བ་སིལ་
སྙན་གྱི་ཚོགས་ལ་བྱ་ལ། བརྡུང་བར་བྱ་བ་ཡན་ལག་ལྔ་དག་གང་ལ་ཡོད་པ་དེ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། དཔེར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་ལྟ་བུའོ། །བརྡུང་བར་བྱ་བའི་ཡན་ལག་དག་ཀྱང་སིལ་སྙན་ལྔའི་ཁྱད་པར་ཡིན་ཏེ། རྒྱུད་དང༌། རྣམ་པར་རྒྱས་པ་དང༌། མགོ་བཟངས་དང༌། མ་ཐུག་པ་དང༌། འདྲེན་མའི་དབྱེ་བའི་ཕྱིར་རོ། །དེ་ལ་རྒྱུད་ནི་རྒྱུད་ཉིད་ཀྱིས་སྒྲོག་པ་སྟེ་པི་ཝང་ལ་སོགས་པའོ། །རྣམ་པར་རྒྱས་པ་ནི་བགས་པས་གཡོགས་པ་སྟེ། རྔ་བོ་ཆེ་དང་རྫ་རྔ་ལ་སོགས་པའོ། །མགོ་བཟངས་ནི་འོད་མའི་སིལ་སྙན་ནོ། །མཐུག་པ་ནི་གླུ་སྙན་པ་ལ་སོགས་པ་དབྱངས་ཀྱི་ཁྱད་པར་རོ། །འདྲེས་མ་ནི་ཕན་ཚུན་རྗེས་སུ་མཐུན་པ་སྒྲ་འཇམ་པོ་ཡིད་དུ་འོང་བའི་སིལ་སྙན་དག་གི་ཚོགས་ཡིན་ནོ། །སྐྱེས་བུ་མཁས་པས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་སྣ་ཚོགས་ཀྱི་ཁྱད་པར་སྒྲོགས་པར་བྱེད་པ་ལ་མཁས་པ་ཞེས་བྱའོ། །ལེགས་པར་རབ་ཏུ་དཀྲོལ་བ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བ་པོ་དེས་ཡང་དག་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་སོ། །ཁ་ཅིག་ནི་སྒྲ་ཡིད་དུ་འོང་བ་ཅན་རྒྱུད་ལྔ་པ་བརྡུང་བར་བྱ་བའི་ཁྱད་པར་ནི་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་དང༌། གཞན་དག་ཀྱང་ཕན་ཚུན་རྗེས་སུ་མཐུན་པ་སྒྲ་ཡིད་དུ་འོང་བ་ཅན་བརྡུང་བར་བྱ་བའི་ཁྱད་པར་ལྔ་ལ་ཡན་ལག་དང་ལྡན་པ་ཞེས་ཟེར་རོ། །ཡང་ན་སིལ་སྙན་གྱི་རྫས་རྒྱུ་དང་ལྡན་པར་བྱ་བའི་པི་ཝང་ལ་སོགས་པ་དག་སོར་མོ་དག་གིས་བརྡུང་བར་བྱ་བ་གང་ཡིན་པ་དེ་དག་ཡན་ལག་གཅིག་ཡིན་ལ། རྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་གྲུབ་པ་ལག་པ་དང་འབྲེལ་བའི་ཤིང་བུ་དྲུད་པ་དང༌། ཡོངས་སུ་དྲུད་པས་བརྡུང་བར་བྱ་བ་གང་ཡིན་པ་དེ་ནི་གཉིས་པའོ། །གླིང་བུ་ལ་སོགས་པ་ཁའི་དབུགས་ཀྱིས་བུད་པར་བྱ་བ་གང་ཡིན་པ་དེ་ནི་གསུམ་པའོ། །རྫ་རྔ་ལ་སོགས་པ་ལག་པས་བསྣུན་པའི་སྒོ་ནས་བརྡུང་བར་བྱ་བ་གང་ཡིན་པ་དེ་ནི་བཞི་པའོ། །ཆ་ལང་ལ་སོགས་པ་ཕན་ཚུན་བརྡབ་པའི་སྦྱོར་བས་དཀྲོལ་བར་བྱ་བ་གང་ཡིན་པ་དེ་ནི་ལྔ་པའོ། །རྣ་བ་བྱོལ་ཏེ་ཞེས་བྱ་བ་ནི་སྒྲ་དེ་མཉན་པ་ལ་རྣ་བ་དང་ སེམས་དག་རྣམ་པར ་གཏོད་པའོ། །གར་བྱེད་པས་ན་གར་མཁན་ནོ། །བརྟག་པས་མོས་པ་ནི་མངོན་པར་འདོད་པ་ཡིན་ལ། བརྟག་པའི་ཕྱིར་གཞོལ་ཞིང་འབབ་པའི་ཡིད་
གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། །སྒྲ་དེ་མཉན་པའི་ཕྱིར་གནས་དེར་འགྲོ་བར་མངོན་པར་འདོད་པ་དང་བཅས་པས་ཞེས་བྱ་བའི་ཐ་ཚིག་གོ །མྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ལ། རིངས་དྲག་ཏུ་དོང་ནས་སོ། །བཀྲེན་པ་ནི་དམན་པའམ་ཡོན་ཏན་གྱིས་དབུལ་བར་གྱུར་པ་ཡིན་ཏེ། དམན་པ་ཉིད་དང་ཡོན་ཏན་གྱིས་དབུལ་བར་གྱུར་པས་འགའ་ཞིག་ལ་ཡོན་ཏན་ཡོད་པ་དག་ཏུ་སྐྱེད་པར་མི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཁྱེད་ལ་བྱེ་བྲག་ཅི་ཡོད་ཅེས་སྨོས་པ་ཡིན་ཏེ། ཁྱད་པར་ཡོངས་སུ་ཤེས་པའི་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དགེ་སྦྱོང་རྣམས་ཀྱང་འདོད་པའི་ཡོན་ཏན་གྱིས་ཞེས་བྱ་བ་ལ་མཁས་པ་དཀའ་ཐུབ་ཅན་གྱི་འགྲོ་བ་དག་ནི་དགེ་སྦྱོང་ཡིན་ཏེ། དེ་དག་འདི་ཀུན་སྤྱོད་པར་བྱེད་པའི་ཕྱིར་དགེ་སྦྱོང་རྣམས་རྟོགས་པའི་གཡོས་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པ་ཡིན་ཏེ། དཔེར་ན་སོ་པག་བདར་བའི་གཡོས་སྒྲ་ཡིད་དུ་འོང་བ་ལོངས་སྤྱོད་པ་དང༌། རྒྱ་རྗེས་སུ་གནང་བས་གསེར་ལས་བྱས་པ་ལ་སོགས་པའི་སོར་གདུབ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྒྲའི་དོན་དཔྱད་པར་བྱ་སྟེ། འདོད་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་སྟེ། མངོན་པར་འདོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གོམས་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་ཏེ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་གོམས་པར་བྱེད་ཅེས་བྱ་བའི་བར་དུའོ། །རྗེས་སུ་སྟོན་པར་མཛད་པས་ན་སྟོན་པའོ། །སྦ་གོང་བ་ནི་ལན་སྦྱིན་པའི་ནུས་པ་མེད་པར་གྱུར་པ་ཡིན་ནོ། །སྲང་དང་ཞེས་བྱ་བ་ལ་སོགས་པ་ལ། ཤིང་རྟ་བཀྲི་བར་ནུས་པའི་ཁྲི་ལམ་གང་ཡིན་པ་དེ་ནི་སྲང་ཡིན་ནོ། །ཁྲི་ལམ་ནི་ཤིང་རྟ་བསྐྱོད་དུ་རུང་བའི་ཚོང་དུས་ཀྱི་ཁྲི་ལམ་མོ། །བཞི་མདོ་ནི་སྲང་གི་སྣའི་ལམ་གྱི་བཞི་མདོ་དག་གོ །སུམ་མདོ་ནི་སྲང་གི་སྣའི་ལམ་གྱི་སུམ་མདོའོ། །འདས་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་འདས་པར་བྱེད་པ་ནི་འདས་པ་སྟེ། བསླབ་པའི་མཚམས་ལས་ཤིན་ཏུ་རྒལ་བར་བྱེད་པའོ། །འདས་པ་དང་ལྷན་ཅིག་འཇུག་པས་འདས་པ་དང་བཅས་ཤིང་རྒལ་བ་དང་བཅས་པ་སྟེ། ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་དང་བཅས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །དྲི་མའི་འདམ་ནི་དྲི་མས་ཉེ་བར་གོས་པ་འམ་དྲི་
མའི་ཚོགས་ལ་བྱའོ། །དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་གྱུར་པའོ། །སྐབས་ནི་གནས་སྐབས་ལ་བྱའོ། །གང་སོ་ཕག་གིས་ལུས་སྦྱང་བར་མི་བྱའོ་ཞེས་གསུངས་པ་ནི་བཅས་པ་ཡིན་ལ། གང་རྐང་པ་སོ་ཕག་གིས་སྦྱང་བར་བྱའོ་ཞེས་གསུངས་པ་དེའི་ཕྱིར་རྗེས་སུ་གནང་བ་ཡིན་པར་ཤེས་པར་བྱའོ། །མཛུབ་རིས་གསུམ་ཞེས་བྱ་བ་ནི་ས་ཞག་དཀར་པོས་འཕྲལ་བའི་ཕྱོགས་སུ་རི་མོ་གསུམ་བྱས་པ་ནི་མཛུབ་རིས་གསུམ་མོ། །འཕྱ་བར་བྱེད་པ་ནི་ཕྱར་ཁ་གཏོང་བར་བྱེད་པའོ། །གསོང་པོར་སྨྲ་བས་གསོང་བོར་སྨྲའོ་ཞེས་བྱ་བ་ནི་གུས་པའི་ཚིག་ཟློས་པ་ཡིན་ཏེ། གསོང་པོར་སྨྲ་བ་ནི་ལུས་ཀྱིས་ཕྱག་འཚལ་མེད་པའི་སྒོ་ནས་མཆོད་པའི་ཚིག་བརྗོད་པ་ཡིན་ནོ། །མཉམ་ཡོད་ཅེས་བྱ་བ་ལ་སོགས་པ་ལ། དྲང་སྲོང་མཉན་ཡོད་ཀྱིས་བསྒྲུབས་པའི་གྲོང་ཁྱེར་ལ་མཉན་ཡོད་ཅེས་བྱའོ། །བསླབ་པའི་ཚིག་འབྱུང་བས་ན་གཞི་ཞེས་བྱའོ། །གི་ཝང་གི་ཐིག་ལེར་བྱས་ཏེ་ཞེས་བྱ་བ་ནི་གི་ཝང་གིས་འཕྲལ་བའི་ཕྱོགས་སུ་ཐིག་ལར་བྱས་ནས་སོ། །ཆོས་སྟོན་བསྔགས་པར་བྱེད་ཅེས་བྱ་བ་ནི་དེང་བདག་གིས་བཟའ་བ་རྣམ་པ་སྣ་ཚོགས་ཞིམ་ཞིང་བསོད་པ་མང་པོ་རྙེད་པར་གྱུར་ཞེས་པའོ། །བྲམ་ཟེ་དང་ཁྱིམ་བདག་ནི་ཁྱིམ་གྱི་སྐྱེ་བོ་དམ་བ་དག་ཡིན་ཏེ། དམ་པ་བཟུང་བས་དམ་པ་མ་ཡིན་པ་ཡང་སྨོས་པ་ཡིན་ནོ། །གསོང་པོར་སྨྲ་བ་ནི་གསོང་པོར་སྨྲ་བར་འོས་པ་ཡིན་པའི་ཕྱིར་གསོང་པོར་སྨྲ་བར་བྱ་བ་དག་ཡིན་ལ། ཕྱག་བྱ་བར་འོས་པ་ཡིན་པའི་ཕྱིར་ཕྱག་བྱ་བ་དག་ཅེས་བྱའོ། །རྒན་པོ་ནི་ན་ཚོད་ལས་ཤིན་ཏུ་འདས་པ་ཡིན་ཏེ། བྲམ་ཟེ་ནི་གང་ཡིད་ཕྱིར་ཕྱོགས་པ་ཁྱིམ་དག་ཏུ་གནས་པ་བསམ་པ་མེད་པར་གྱུར་པའོ། །བརྒྱན་པ་ནི་སྤྲས་པར་གྱུར་པའོ། །བཞིན་བཟངས་ཞེས་བྱ་བ་ནི་སྙན་པའི་ཚིག་གིས་འབོད་པའོ། །རང་བཞིན་དུ་གནས་པའི་དངོས་པོ་ནི་རང་བཞིན་དུ་གནས་པར་གྱུར་པ་ཉིད་དེ། ནད་མེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཐུགས་རྗེའི་སྤྱོད་པ་མངའ་བའི་ཕྱིར་ཐུགས་རྗེ་ཅན་ནོ། །དྲིས་བྱུགས་ཏེ་ཞེས་བྱ་བ་ནི་ཡང་དག་པར་བསྐུས་ཏེའོ། །གནས་བརྟན་ཞེས་བྱ་བ་ནི་དེ་དག་མཆོད་པའི་ཚིག་གོ །དེ་དག་འཕྱ་བར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་འཕྱ་བ་ནི་མིང་སྨོས་པའི་སྒོ་ནས་ཚུལ་
མ་ཡིན་པ་བརྗོད་པར་བྱེད་པའོ། །སྨོད་པ་ནི་མིང་སྨོས་པ་མེད་པར་སྤྱིར་འགའ་ཞིག་འདི་ལྟར་བྱེད་དོ་ཞེས་ཉེས་པ་བརྗོད་པར་བྱེད་པའོ། །ངན་དུ་ཟེར་བ་ནི་དེའི་སྐྱོན་བརྗོད་པའི་ཕྱིར་འདྲི་བ་ལ་སྦྱོར་བ་ཡིན་ནོ། །འདོད་པ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་འདོད་པ་ལ་ལོངས་སྤྱོད་པའི་ངང་ཚུལ་ཅན་ནོ། །འོངས་ཤིང་ལྷགས་པར་གྱུར་པ་རྣམས་ལ་ཞེས་བྱ་བ་ལ། ཅུང་ཞིག་སྔར་འོངས་པར་གྱུར་པའི་ཕྱིས་ལྷགས་པར་གྱུར་པ་གང་ཡིན་པ་དེ་དག་ནི་འོངས་ཤིང་ལྷགས་པར་གྱུར་པ་དེ་དག་ལའོ། །ཆོས་ནི་སངས་རྒྱས་ཀྱི་བཀའ་ཡིན་ལ། འཆད་པ་ནི་སྟོན་པར་བྱེད་པའོ། །ཀུན་ཏུ་སྤྱོད་པའི་ཆོས་རྣམས་ཞེས་བྱ་བ་ལ་ཁྱད་པར་དུ་བྱ་བ་དང་རྗེས་སུ་མཐུན་པའི་གདོན་མི་ཟ་བར་བྱ་བ་དག་ནི་བཅོམ་ལྡན་འདས་ཀྱིས་དངོས་སམ་བརྒྱུད་པས་སྐབས་ཀྱི་བྱེ་བྲག་ལ་རག་ལུས་པ་བྱ་བར་རྗེས་སུ་གནང་བ་ཡིན་པའི་ཕྱིར་ཀུན་དུ་སྤྱོད་པའི་ཆོས་ཏེ། ཀུན་ནས་རྟག་ཏུ་ཁྱད་པར་དུ་བྱ་བའི་དོན་ཡིན་ནོ། །ཀུན་ཏུ་སྤྱད་པ་ནི་ཀུན་ཏུ་སྤྱོད་པ་སྟེ། དེ་དང་དེ་དག་འདིར་ཀུན་ཏུ་སྤྱད་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན་དགོན་པ་བས་ཁྱི་གསོ་བར་བྱེད་པ་ཁྱད་པར་དུ་བྱ་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བྱ་བ་དག་ཏུ་རྗེས་སུ་གནང་བ་ཡིན་ནོ། །ལག་མཐིལ་དྲི་དང་ལྡན་པས་བྱུགས་ཤིག་ཅེས་བྱ་བ་ནི་ལག་པ་དྲིས་ཉེ་བར་བསྒོས་པས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ལའོ། །ལག་པའི་སོར་མོ་རྣམ་པར་ཕྱེ་བ་གཟུགས་བརྙན་འབྱུང་བ་ཅན་ནི་ལག་པའི་མཐིལ་དྲི་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་དག་སྙིང་པོར་བྱས་པའི་མཆོད་རྟེན་ནི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནོ། །དུས་དུས་སུ་ཞེས་བྱ་བ་ནི་དུས་སྔ་མ་དང་ཀུན་དུ་འབྲེལ་པའི་དུས་ཅིག་ཤོས་ལ་དུས་དུས་ཞེས་བྱའོ། །མིག་ལ་ཕན་འདོགས་པར་བྱེད་པ་ནི་མིག་ལ་ཕན་པའོ། །འདི་ལ་འགྱོད་པ་ཉིད་དུ་མི་བྱ་བའོ་ཞེས་བྱ་བ་ནི་ངན་པར་བྱས་པས་ན་འགྱོད་པ་ཡིན་ལ། འགྱོད་པའི་དངོས་པོ་ནི་འགྱོད་པ་ཉིད་དོ། འདིར་ནི་དེ་ལ་དམིགས་པའི་སེམས་ལས་བྱུང་བའི་འགྱོད་པ་ཞེས་བྱ་བའི་ཆོས་ལ་འགྱོད་པ་ཉིད་དུ་བཤད་ལ་དེ་མི་བྱ་བ་ནི་བསྐྱེད་པར་མི་བྱའོ། །སྲོག་ཆགས་བྱིས་པ་གསོད་ཀྱི་རྣམ་པས་ཉེ་བར་མཚོན་པའི་རི་ནི་བྱིས་པ་གསོད་ཀྱི་རིའོ། །སྲིན་པོ་འཇིགས་པར་བྱེད་པ་རྣམ་པར་གནས་པའི་ནགས་ནི་
འཇིགས་པར་བྱེད་པའི་ནགས་སོ། །རི་དགས་མང་པོ་རྒྱུ་བའི་ཕྱིར་རི་དགས་རྒྱུ་བ་སྟེ། ཤིང་མང་པོ་ཅན་ཚད་ཤིན་ཏུ་མི་ཆེ་བའི་ཤིང་གཞན་དང་གཞན་དག་གིས་ཁྱབ་པའི་ས་ཕྱོགས་ནི་རྒྱུ་བ་ཅན་ནོ། །ཡང་དག་པ་འབྲས་བུ་གདམས་པ་སྒྲོགས་པར་བྱེད་པའི་ཕྱིར་ཉན་ཐོས་ཏེ། དེ་དག་གི་དགེ་འདུན་ནི་ཚོགས་ཡིན་པས་ཉན་ཐོས་ཀྱི་དགེ་འདུན་ནོ། །ཚོན་རྩི་བརྒྱ་ནི་ཁམས་བརྒྱ་ལ་བྱའོ། །ཆགས་པ་ནི་ཞེན་པར་གྱུར་པའོ། །དུས་ལས་ཞེས་བྱ་བ་ལ། དུས་ནི་ཐ་མའི་དུས་ཏེ། དེ་ལས་འདས་པ་ནི་ཉམས་སུ་མྱོང་བར་གྱུར་པའོ། །གང་ལ་སྐེ་བ་ལ་ཝ་བ་ཡོད་པ་དེ་ནི་ཝ་བ་ཅན་ཏེ་ཡི་དགས་ཀྱི་རིགས་ཅན་དག་ཏུའོ། །ཚངས་པའི་སྐུད་པ་ནི་མཆོད་སྦྱིན་གྱི་དག་བྱེད་དོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ལ། བཅའ་བ་ནི་ལྔ་སྟེ། འདི་ལྟར་རྩ་བའི་བཅའ་བ་དང༌། སྡོང་བུའི་བཅའ་བ་དང༌། ལོ་མའི་བཅའ་བ་དང༌། མེ་ཏོག་གི་བཅའ་བ་དང༌། འབྲས་བུའི་བཅའ་བ་ཞེས་བྱ་བའོ། །བཟའ་བ་ནི་ལྔ་སྟེ། འདི་ལྟར་འབྲས་ཆན་དང༌། ནས་ཆན་དང༌། སྣུམ་ཁུར་དང༌། ཉ་དང༌། ཤ་ཞེས་བྱ་བའོ། །སྐུད་པ་གང་ལ་སྔོན་པོ་ལ་སོགས་པ་ཚོན་སྣ་ལྔ་ཡོད་པ་དེ་ནི་ཚོན་སྣ་ལྔ་པའི་སྐུད་པའོ། །འདུས་པར་ཟན་ཟོས་ནས་ཞེས་བྱ་བ་ནི་གང་གི་ཚེ་ཁྱིམ་པའི་བྱིས་པ་བཙས་པའམ། མེ་སྐོར་བྱེད་པ་དེའི་ཚེ་སྐྱེ་བའི་རྩ་ལག་འདུས་པར་གྱུར་པ་གང་ཡིན་པ་དེ་ལ་འདུས་པ་ཞེས་བྱ་བ་འམ། འདུས་པའི་རྒྱུ་མཚན་ལས་བྱུང་བའི་ཟས་བསོད་པ་ལ་ཡང་འདུས་པ་ཁོ་ན་ཞེས་བྱ་སྟེ། དེ་ལ་བརྟེན་ནས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གཞུང་གཞན་ལས་ནི་གནོད་སྦྱིན་གྱི་གཏོར་མ་ཟོས་ནས་ཞེས་འབྱུང་སྟེ། འདིར་དེའི་དོན་ནི་ཁྱིམ་དུ་གནོད་སྦྱིན་གྱི་ཆེད་ཀྱི་གཏོར་མ་བྱས་པ་གང་ཡིན་པ་དེ་ཟོས་ཤིང་དབང་པོ་ཚིམ་པར་བྱས་པ་ཡིན་ནོ། །སྐ་རགས་ནི་ལུས་བཅིང་བའོ། །སྤྲོག་མ་ནི་ལྕུག་མ་ལས་བྱས་པ་སྟེ། མེ་ཏོག་ལ་སོགས་པ་རྫས་གཙང་མའི་གཞིར་གྱུར་པའི་དངོས་པོའོ། །ཤཱཀྱའི་བུ་ནི་དཀའ་ཐུབ་ལ་གནས་པའི་ཕྱིར་ཤཱཀྱའི་བུའོ། །དགེ་སྦྱོང་ནི་ཐར་པའི་ཕྱིར་འཇུག་པའོ། །རབ་ཏུ་ཚིག་པ་ནི་རྣམ་པར་ཉམས་པར་གྱུར་པའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངས་སུ་སྦྱོང་བའོ། །བྲམ་ཟེ་ནི་ལུས་དང་ཡིད་ཀྱི་ཉེས་པར་
སྤྱོད་པ་ལས་ལྡོག་པ་ཡིན་གྱི། དེ་དག་ཐར་པའི་དོན་དུ་ལྡོག་ཅིང་ཡོངས་སུ་སྦྱོང་བ་ནི་མ་ཡིན་ཏེ། གང་ཉེས་པར་སྤྱོད་པ་ལས་ལྡོག་པ་མ་ཡིན་པ་རྒྱའི་ཐ་སྙད་ཀྱི་སྒོ་ནས་རྒྱན་ཡོངས་སུ་ལོངས་སྤྱོད་པ་ཡིན་ནོ། །འདྲེག་མཁན་ཞེས་བྱ་བ་ལ། འདྲེག་མཁན་ནི་སྐྲ་འདྲེག་པར་བྱེད་པ་ཡིན་པའི་ཕྱིར་འདྲེག་མཁན་ཏེ་རུང་བར་བྱེད་པ་ལ་བྱའོ། །ཀུན་ཏུ་སྤྱོད་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་བ་ཡིན་པས་ན་ངེས་པར་ཡང་དང་ཡང་དུ་ནན་ཏན་དུ་བྱེད་པ་གང་ཡིན་པ་དེ་ནི་ཀུན་ཏུ་སྤྱོད་པ་སྟེ། དཔེར་ན་དྲུག་སྡེ་དག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་སྡོད་པ་ལྟ་བུའམ། གཞན་དག་ཀྱང་རྟག་ཏུ་གོམས་པར་བྱ་བའི་བྱ་བ་སྒྲུབ་པར་བྱེད་པ་ལྟ་བུའོ། །ཟླ་བ་ལྟར་ཡུན་རིང་པོ་ཞིག་ལོན་ནས་ཞེས་བྱ་བ་ནི་ཇི་ལྟར་ཡང་ངོའི་ཚེས་གཅིག་གམ་ཚེས་གཉིས་ལ་ཟླ་བ་མཐོང་བར་བྱེད་དོ། །སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན་པ་དེ་བཞིན་དུ་ཁྱེད་ཀྱང་ཡིན་ནོ། །འབྲུའི་སྣ་ཞེས་བྱ་བ་ནི་ལོགས་གཉིས་ནས་རིམ་པ་བཞིན་དུ་བཅད་ཅིང་ལྷག་མ་སེན་མོའི་དབུས་འབྲུའི་སྣ་ལྟར་བྱས་པའོ། །དང་རའི་བང་རིམ་ཞེས་བྱ་བ་ནི་དང་རའི་བང་རིམ་བཞིན་དུ་མཐོ་དམན་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །སྤུ་གྲིའི་སོ་དང་ཞེས་བྱ་བ་ནི་སེན་མོ་ཐམས་ཅད་རིམ་པ་བཞིན་དུ་བཅད་པ་ནི་སྤུ་གྲིའི་སོ་ལྟ་བུའོ། །མཉམ་པོར་བཅད་པ་ནི་སྟེའུའི་སོ་ལྟ་བུ་ཡིན་ཏེ། ལོགས་གཉིས་ནས་མ་བཅད་པའི་ཕྱིར་རོ། །ནན་ཁུགས་ཅན་གྱི་དགེ་སྦྱོང་ཞེས་བྱ་བ་ལ། ང་རྒྱལ་གྱིས་ཚུལ་མ་ཡིན་པའི་བྱ་བ་དག་ཀུན་ཏུ་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་ནན་ཁུགས་ཅན་གྱི་དགེ་སྦྱོང་ཞེས་བྱའོ། །འཕྱ་བ་ལ་ཞུགས་པ་ནི་ཅོ་འདྲི་བའི་བསམ་པས་ཞུགས་པའོ། །ཉེ་བར་ཞི་བ་མེད་དོ་ཞེས་བྱ་བ་ནི་རྒོད་པ་མངོན་དུ་སོང་བ་ཅན་གྱི་ལུས་དང་ངག་གི་འཇུག་པ་རྣམ་པར་ལྡོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཞེས་བྱ་བ་ནི་འབྲེལ་པ་རྣམ་པར་བསྟན་པའི་ཕྱིར་འདི་དྲུག་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བཅོམ་ལྡན་འདས་ཀྱིས་གསན་པ་དང་འབྲེལ་པའི་གཏམ་དགོངས་པ་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཅོད་པ་སྤངས་ཤིང་གཞན་སེན་མོ་མཛེས་པར་བྱེད་པའི་རྣམ་པ་ནི་སེན་མོ་སྤྱིལ་བ་ཡིན་ཏེ། སེན་མོའི་
དྲི་མ་དག་པར་བྱེད་པ་ཉིད་ནི་བྲིས་ཤིང་ཚོན་ལ་སོགས་པས་དྲི་མ་བསལ་བའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་ཁང་པ་བྱས་ཤིང་མི་མ་ཡིན་པ་དག་གིས་བཤིག་པར་གྱུར་པས་ཕྱིས་གང་དང་གང་གིས་ཁང་པ་བྱས་པ་དེ་ཐམས་ཅད་ཀྱིས་དེ་དག་ལ་རྒྱལ་པོའི་ཁབ་ཅེས་རྒྱལ་པོའི་མིང་དུ་བྱས་པས་སྲིན་པོ་མི་སྲུན་པས་བཤིག་པར་མ་གྱུར་པའི་གྲོང་ཁྱེར་ལ་རྒྱལ་པོའི་ཁབ་ཅེས་བྱ་བའི་མིང་དུ་གྱུར་ཏོ། །གཟུགས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་དཔེ་འདི་ལ་ཡོད་པའི་ཕྱིར་གཟུགས་ཅན་ནོ། །སྙིང་པོ་ནི་རྒྱལ་སྲིད་ལ་བརྟེན་པ་བརྟེན་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ཅན་ཡང་དེ་ཡིན་ལ་སྙིང་པོ་ཡང་ཡིན་པའི་ཕྱིར་གཟུགས་ཅན་སྙིང་པོ་ཞེས་བྱའོ། །དུས་ཀྱི་གསར་ཐོག་ཅེས་བྱ་བ་ནི་འབྲས་བུ་གང་དག་དུས་དང་དུས་སུ་ངེས་པར་གྱུར་པ་དག་ནི་ངེས་པར་གྱུར་པ་དག་སྟེ། ཐོག་མར་སྨིན་པར་གྱུར་པའི་འབྲས་བུ་གང་ཡིན་པ་དེ་ནི་དུས་ཀྱི་གསར་ཐོག་གོ །འབྲུ་སར་པ་དག་ནི་འབྲས་སཱ་ལུ་ལ་སོགས་པ་གང་ཡིན་པ་དེ་དག་ལས་བསྒྲུབས་པའི་བཟའ་བ་དག་གོ །འབྲས་བུ་སར་པ་ཞེས་བྱ་བ་ནི་གསར་དུ་རྙེད་པ་འམ། སྔར་སྨིན་པའི་འབྲས་བུ་སྟེ་ཨ་མྲ་ལ་སོགས་པ་དག་གོ །བློན་པོ་ནི་བློའི་གྲོགས་སུ་གྱུར་པའོ། །ཅུང་ཟད་དགོད་པ་ནི་རྣམ་པར་འཛུམ་པའོ། །ཨ་མྲའི་ཤིང་སྟོང་གིས་ཉེ་བར་མཚན་པའི་སྐྱེད་མོས་ཚལ་སྟོང་གི་སྐྱེད་མོས་ཚལ་ཞེས་ཤེས་པར་བྱའོ། །དུས་སྟོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་ལྷ་ལ་མཆོད་པས་ཉེ་བར་མཚོན་པའི་དགའ་སྟོན་ནོ། །མཚམས་སོ་སོ་ན་གནས་པར་གྱུར་པས་ན་མཚམས་ཀྱི་རྒྱལ་པོའོ། །འདི་ལ་འབྲས་བུ་ཀུན་ནས་ཆགས་པར་གྱུར་པ་དེས་ན་འདི་ནི་འབྲས་བུ་ཆགས་པའོ། །ཅི་འོ་ན་ཞེས་བྱ་བ་ལའོ་ནའི་སྒྲ་ནི་ངེས་པའམ་སྲིད་པའི་དོན་ཏོ། །ལྷགས་པར་གྱུར་པ་ཞེས་བྱ་བ་ལ་ལྷགས་པ་ནི་འདིར་འབྲས་བུ་ཡོངས་སུ་ཉམས་པར་གྱུར་པའོ། །ཚི་གུ་ནི་རུས་པ་ལ་བྱའོ། །མཚན་མ་རྣམ་པར་ཕྱེད་པ་ནི་ཨ་མྲ་སྨིན་པར་གྱུར་པའོ། །འོད་མའི་ཚལ་ནི་འོད་མ་རབ་ཏུ་མང་པོ་ཡོད་པའི་ས་ཕྱོགས་དེ་ཉིད་འོད་མའི་ཚལ་ལོ། །བྱ་ཀ་ལན་ད་ཀ་རྩེ་ཞིང་འབབ་པའི་གནས་ནི་ཀ་ལན་ད་ཀའི་གནས་སོ། །རྟག་ཏུ་སྟེར་བ་དེས་ན་ཁྱིམ་བདག་ཅེས་བྱའི་སྤྱིར་ནི་མ་ཡིན་ནོ། །ཕྱུག་པ་ཞེས་བྱ་བ་ལ་ཕྱུག་པ་ནི་
གསེར་ལ་སོགས་པ་ནང་གི་གཏེར་གྱིས་སོ། །ནོར་ཆེ་བ་ནི་མ་ཧེ་ལ་སོགས་པས་སོ། །ལོངས་སྤྱོད་ཆེ་བ་ནི་གྲོ་ལ་སོགས་པའོ། །ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །རྩེ་བ་ནི་རྡོ་འཕེན་པ་དང༌། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པས་སོ། །དགའ་བ་ནི་ཆུང་མའི་ཡུལ་ལ་མགུ་བའི་ སེམས་ཀྱིས་སོ། །དགའ་མགུར་སྤྱོད་པ་ནི་འཁྲིག་པ་ལྷག་པར ་སྤྱོད་པའི་སྒོ་ནས་སོ། ། སེམས་ཅན་དང་ལྡན་པར ་གྱུར་པ་ནི་མངལ་དང་ལྡན་པར་གྱུར་པའོ། །བཅོམ་ལྡན་འདས་ག་ལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གཤེགས་པའི་ག་ལ་བ་དེར་སོང་བ་འམ། བཅོམ་ལྡན་འདས་གང་ན་བཞུགས་པ་དེར་སོང་བའོ། །རིགས་སྒྲོགས་པར་འགྱུར་ལ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་སྒྲོགས་པར་བྱེད་པའོ། །དགྲ་བཅོམ་བ་ཉིད་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ་དེ་མངོན་དུ་བྱེད་པ་ནི་སྐྱེད་པར་བྱེད་ཅིང་མངོན་སུམ་དུ་བྱེད་པའོ། །གཅེར་བུ་ནི་ནམ་མཁའི་གོས་ཅན་ནོ། །བསླངས་ན་སྟེར་བའི་ཁྱིམ་ཞེས་བྱ་བ་ནི་སློང་མོ་རྙེད་པའི་གཞིར་གྱུར་པའོ། །དགེ་སློང་གི་ངང་ཚུལ་དང་ལྡན་པའི་ཕྱིར་དགེ་སློང་ངོ༌། །གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་རིགས་སུ་འཁྲུངས་པ་ཉིད་ཀྱི་ཕྱིར་གཽ་ཏ་མའོ། །རྩིས་ནི་སྐར་མ་ཤེས་པ་ཡིན་ལ། མཁས་པ་ནི་བླངས་པའམ། ཁོང་དུ་ཆུད་པ་དེ་བསྲུང་བའམ། །སྦེད་པའམ་དྲན་པའི་ངང་ཚུལ་འདི་ལ་ཡོད་པའི་ཕྱིར་མཁས་པ་དང་ལྡན་པ་སྟེ་ཤེས་པར་གྱུར་པའོ། །རྗེས་སུ་བསྔགས་པ་ནི་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་རྗེས་སུ་མཐུན་པར་རྗོད་པར་བྱེད་པའོ། །གུས་པ་མེད་པའི་སྒོ་ནས་བཞིན་སྒྱུར་བར་བྱེད་པ་ནི་སྨོད་པར་བྱེད་པའོ། །སྐལ་བ་ཆུང་བ་ནི་བསོད་ནམས་ཆུང་བའོ། །མི་དགའ་བ་ནི་ནང་ན་འགྱོད་པའོ། །བསླབ་པ་ཡང་དག་པར་བླངས་པ་ནི་བསླབ་པའི་གཞི་ཡང་དག་པར་བཟུང་བའོ། །ཐ་མ་སྟེ་ཕྱི་མ་འབྱུང་བར་འགྱུར་བའི་སྲིད་པ་རབ་ཏུ་མི་འབྱུང་བ་འདི་ལ་ཡོད་པའི་ཕྱིར་སྲིད་པ་ཐ་མ་པའོ། །བར་མ་དོ་ནི་དབུས་སུའོ། །འཆི་བ་ནི་སྐད་ཅིག་མས་འཇིག་པ་ཐོབ་པར་འགྱུར་བ་སྐད་ཅིག་མ་གཞན་ལ་དུས་བྱེད་པར་འགྱུར་བའོ། །ཁྱིམ་མཚེས་ནི་ཉེ་བའི་ཁྱིམ་ལ་དབང་བྱེད་ཅིང་གནས་པའི་གཉེན་བཤེས་དག་གོ །གྲོང་ལས་རྒྱང་གྲགས་སུ་གྱུར་པ་ནི་དགོན་པ་སྟེ། སྐྱེ་བོ་རབ་ཏུ་རྒྱུ་
བ་དང་བྲལ་བ་ཉིད་ཀྱི་ཕྱིར་དེར་གསང་བའི་ལས་བསྒྲུབ་ནུས་པར་འགྱུར་བའོ། །གྲོགས་པོ་ནི་མཛའ་བོ་དང་ནེའུ་ལྡངས་དག་གོ །ཀུན་དུ་སྤྱོད་པ་དང་མེ་སྐོར་བྱར་རུང་བ་ཉིད་ཀྱི་ཕྱིར་གཉེན་ནོ། །བདུན་བརྒྱུད་ཀྱི་ནང་དུ་ཆུད་པར་གྱུར་པ་ནི་ཕོ་ནུའོ། །དགའ་བ་ཞེས་བྱ་བ་ལ་སོགས་པ་ལ་བཞིན་དང་བར་འགྱུར་བའི་ཕྱིར་དགའ་བའོ། །ཡིད་དང་བར་འགྱུར་བ་ནི་མགུ་བའོ། །ངག་དང་བར་བྱེད་པའི་ཕྱིར་རངས་པའོ། །རྒྱལ་མཚན་ནི་སེང་གེའི་རྒྱལ་མཚན་ལ་སོགས་པ་འམ། གོས་ཀྱིས་དཀྲིས་པ་འམ། །ལྕུག་མ་རིང་པོ་ལ་བཏགས་པའི་འབྱུང་པོའི་གདོང་ཅན་ལ་རྒྱལ་མཚན་ཞེས་བྱའོ། །གོས་ཁ་དོག་སྣ་ཚོགས་པ་ཅན་ལྕུག་མ་རིང་པོ་ལ་བཏགས་པ་ནི་བ་དན་ནོ། །ལོ་མ་ནི་ཤིང་སྐམ་གྱི་ཤུན་པའམ་ལོ་མ་སྔོན་པོའོ། །མི་མཁྱེན་པ་ནི་ཡེ་ཤེས་ཀྱིས་སོ། །མི་གཟིགས་པ་ནི་སྤྱན་གྱིས་སོ། །མི་རིག་པ་ནི་སྙན་གྱིས་སོ། །རྣམ་པར་མི་མཁྱེན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །ཚེས་ཉིད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བརྗོད་པར་འགྱུར་བ་གདོན་མི་ཟ་བ་མངའ་བར་གྱུར་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་ནི་ཐུགས་རྗེ་ཆེན་པོའི་དབང་གིས་གཞན་གྱི་དབང་དུ་གྱུར་པའོ། །འཇིག་རྟེན་ལ་ཕན་འདོགས་པར་ཞུགས་པ་ཞེས་པ་ནི་འཇིག་རྟེན་ལ་ཕན་པ་མཛད་པ་ལ་གཞོལ་བར་གྱུར་པའོ། །བསྲུང་བ་གཅིག་པ་ནི་ཉོན་མོངས་པའི་དགྲ་ལས་ཡོངས་སུ་སྐྱོབ་པར་མཛད་པའོ། །དཔའ་བོ་གཅིག་པུ་ནི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བའི་ཕྱིར་ཐེག་པ་ཆེན་པོ་ལ་ལྟོས་པ་མེད་པར་དཔའ་བར་གྱུར་པའོ། །ཞི་གནས་དང་ཞེས་བྱ་བ་ལ་ཞི་གནས་ནི་ཏིང་ངེ་འཛིན་ནོ། །ལྷག་མཐོང་ལ་ཞེས་བྱ་བ་ལ་ལྷག་མཐོང་ནི་ཤེས་རབ་ཡིན་ཏེ། དེ་དག་ལ་རྟག་ཏུ་སྤྱོད་པའོ། །བསླབ་པ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་ སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། དེ་དག་ལ་ལེགས་པར ་བསླབས་པར་གྱུར་པའོ། །དུལ་བའི་དངོས་པོ་གསུམ་ནི་གཅིག་ཏུ་འཇམ་པ་དང༌། གཅིག་ཏུ་རྩུབ་པ་དང༌། འཇམ་པ་དང་རྩུབ་པའོ། །དེ་ལ་མཁས་པ་ནི་མཁྱེན་པར་གྱུར་པའོ། །ཆུ་བོ་བཞི་ནི་འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་
པའི་ཆུ་བོ་དང༌། དེ་དག་ལ་རྒལ་བ་ནི་ཕ་རོལ་དུ་བྱོན་པར་གྱུར་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། སེམས་དང༌། བརྩོན་འགྲུས་དང༌། དཔྱོད་པ་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ཁོ་ནའི་ཞབས་ཀྱི་མཐིལ་དེ་ལེགས་པར་རབ་ཏུ་གནས་པར་གྱུར་པའོ། །བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ། དེ་དག་ལ་ཡུན་རིང་པོ་ནས་གོམས་པར་མཛད་པའོ། །མི་འཇིགས་པ་བཞི་ནི་ཀྱེ་མའོ་བདག་ཡང་དག་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བ་ནས་འཁོར་རྣམས་ལ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་བགྱི་བའམ། ཀྱེ་མའོ་བདག་ཟག་པ་ཟད་པར་གྱུར་པ་ན་དང༌། གང་བདག་གིས་ངེས་པར་འབྱུང་བའི་ལམ་བསྟན་པར་བགྱི་བའམ། གང་བདག་གིས་བར་དུ་གཅོད་པའི་ཆོས་དག་བསྟན་པ་ཞེས་བྱ་བའི་བར་དང༌། དེར་བདག་ལ་འགའ་ཞིག་རྩོད་པར་བྱེད་པའི་རྒྱུ་མཚན་ཡང་དག་པར་མ་མཐོང་ཞིང་རྙོག་པ་མེད་པར་གྱུར་པ་དང༌། འཇིགས་པ་མེད་པར་གྱུར་པས་གནས་པ་ནས། འཁོར་རྣམས་ལ་སེང་གེའི་སྒྲ་བསྒྲགས་ པར་བགྱིའོ། །ཞེས་བྱ་བའི་བར་དུའོ། །ཡན་ལག་ལྔ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས ་དང༌། གཉིད་དང་རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དག་སྟེ། སྲིད་པའི་རྒྱུ་ཡན་ལག་ལྔ་པོ་དེ་དག་རྣམ་པར་སྤངས་པ་ནི་རྣམ་པར་དོར་བའོ། །རྒྱུད་ལྔ་ནི་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང༌། མི་ཞེས་བྱ་བ་སྟེ། དེ་དག་ཏུ་ཕྱིར་ཡང་དག་པར་འཇུག་པ་མེད་པ་ནི་ཤིན་ཏུ་འདས་པའོ། །ཡན་ལག་དྲུག་དང་ལྡན་པ་ནི་རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་སྐྱེ་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟག་པ་ཟད་པར ་གྲགས་པ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་
དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བརྙེས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །དྲུག་ལ་རྟག་ཏུ་སྤྱོད་པ་ཞེས་བྱ་བ་ནི་གཟུགས་དང༌། སྒྲ་དང་དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཞེས་བྱ་བའི་ཡུལ་དག་ལ་རྟག་ཏུ་དྲན་པ་དང༌། ཤེས་བཞིན་དང་ལྡན་པ་ནི་དྲུག་པོ་ལ་རྟག་ཏུ་སྤྱོད་པ་སྟེ། མདོ་སྡེ་ལས་མིག་གིས་གཟུགས་མཐོང་བ་ན་ནི་ཡིད་བདེ་བར་ཡང་མི་བྱེད། ཡིད་མི་བདེ་བར་ཡང་མི་བྱེད། ཡིད་མི་བདེ་བར་ཡང་མི་བྱེད་པར་དྲན་པ་དང་ཤེས་བཞིན་གྱིས་རྟག་ཏུ་བཏང་སྙོམས་སུ་སྤྱོད་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེས་རྟག་ཏུ་སྤྱོད་པར་བྱེད་དོ་ཞེས་འབྱུང་ངོ༌། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ཁོ་ནའི་མེ་ཏོག་དེས་རྒྱས་པ་ནི་འབྱོར་པར་གྱུར་པའོ། །ཟག་པ་མེད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་གང་ལ་ཡོད་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་སྟོན་པར་མཛད་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པར་མཛད་པའི་ཕྱིར་དེ་དག་ལ་མཁས་པ་ཞེས་བྱའོ། །སྟོབས་བཅུ་པོའི་སྟོབས་དང་ལྡན་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་མཁྱེན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང༌། མོས་པ་སྣ་ཚོགས་མཁྱེན་པ་དང༌། ཁམས་སྣ་ཚོགས་མཁྱེན་པ་དང༌། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པ་མཁྱེན་པ་དང༌། སྟོབས་བཅུ་པོ་དག་ཡིན་ཏེ་མངའ་བའོ། །གྲགས་པས་ཕྱོགས་
བཅུ་ལ་སྙོམས་པར་གྲགས་པ་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །བརྒྱ་ཕྲག་བཅུ་ནི་འཛམ་བུའི་གླིང་སྟོང་དག་སྟེ། སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །དེ་ལ་དབང་སྒྱུར་བ་སྟེ། རང་དབང་དུ་མཛད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་ཅན་ནོ།། འཁོར་གྱི་བདག་པོ་ཚངས་པ་ཆེན་པོ་དེ་ལས་ཀྱང་ཁྱད་པར་དུ་འཕགས་པར་གྱུར་པའོ། །ཡང་ན་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་གང་ཡིན་པ་དེ་ནི་བརྒྱ་ཕྲག་བཅུ་སྟེ། སྟོང་གི་གྲངས་ལ་དབང་སྒྱུར་བར་མཛད་པའོ། །སྟོང་སྨོས་པ་ཡང་མཐར་ཐུག་པ་མེད་པ་ཉེ་བར་མཚོན་པར་བྱེད་པ་ཡིན་ཏེ། མཐར་ཐུག་པ་མེད་པའི་ཚངས་པ་ཆེན་པོ་དག་ལས་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཉིན་ལན་གསུམ་མཚན་ལན་གསུམ་ཞེས་བྱ་བ་ནི་མཚན་མོའི་ཐུན་དང་པོ་དང༌། ཐུན་བར་མ་དང༌། ཐ་མ་དག་ལ་མཚན་ལན་གསུམ་དུ་གཟིགས་པར་མཛད་པ་ཡིན་ལ། ཉིན་པར་ཡང་སྔ་དྲོ་དང༌། ཉི་མ་གུང་དང༌། ཕྱི་དྲོ་དག་ལ་ཉིན་ལན་གསུམ་དུ་གཟིགས་པ་མཛད་དོ། །སངས་རྒྱས་ཀྱི་སྤྱན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །འཇིག་རྟེན་གསུམ་ལ་གཟིགས་པ་ནི་རྣམ་པར་དཔྱོད་པའོ། །ཡེ་ཤེས་ནི་ཤེས་པར་བྱ་བ་ཡོད་པ་ཡིན་ལ། གཟིགས་པ་ནི་བལྟ་བར་བྱ་བའི་དངོས་པོ་ཡོད་པ་སྟེ། དེའི་ཕྱིར་ཡང་མཚུངས་པ་མེད་པ་ཡོད་པ་ཞེས་བྱའོ། །ཡོད་པ་ལ་ཡང་ཡོད་དོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པར་འགྱུར་རོ་ཞེས་བྱ་བའི་དོན་འདིར་བསྟན་པར་འགྱུར་རོ། །བྲི་བ་ནི་དགེ་བའི་ཆོས་རྣམས་ལས་སོ། །འཕེལ་བ་ནི་དགེ་བའི་ཆོས་ཀྱིས་སོ། །དཀའ་བ་རྙེད་པ་ནི་ལུས་ཀྱི་སྡུག་བསྔལ་ལོ། །ཉམ་ང་བ་ནི་གཉེན་པོས་གསོ་མི་ནུས་པའི་རྒྱུད་པའི་འགྱུར་བའོ། །གནོད་པར་གྱུར་པ་ནི་གཉེན་པོས་གསོ་ནུས་པའི་ནད་དོ། །དཀའ་བ་དང༌། ཉམ་ང་བ་དང༌། གནོད་པར་གྱུར་པ་ནི་སྔར་སྨོས་པ་ཁོ་ནར་ནི་བཤད་པ་དག་བལྟ་བར་བྱའོ། །གཞོལ་བ་ནི་ངན་སོང་གི་ལས་ལ་སྦྱོར་བའི་དུས་སོ། །འབབ་པ་ནི་དངོས་གཞིའི་ལམ་གྱི་ལམ་ཡོངས་སུ་རྫོགས་པའོ། །རབ་ཏུ་འབབ་
པ་ནི་མཇུག་ཡོངས་སུ་རྫོགས་པའོ། །མཐོ་རིས་དང་ཐར་པ་ཞེས་པ་ནི་མཐོ་རིས་ལ་འགོད་པར་བྱེད་པ་ནི་ཐར་པ་ཁོ་ནའི་དོན་དུ་ཁོང་དུ་ཆུད་པར་བྱ་སྟེ། གང་གི་ཚེ་སྔོན་སེར་སྐྱ་ཉར་གྱུར་པ་ངན་སོང་ནས་བཏོན་ནས་མཐོ་རིས་ལ་བཀོད་པ་ཐར་པ་ཁོ་ནའི་ཕྱིར་ཡིན་པ་ལྟ་བུའོ། །འབྲས་བུ་ནི་དགེ་སྦྱོང་གི་འབྲས་བུའོ། །དགེ་བའི་རྩ་བ་མ་བསྐྲུན་པ་ནི་ཐར་པའི་ཆ་དང་མཐུན་པ་བསྐྲུན་པར་མ་གྱུར་པའོ། །ཡོངས་སུ་སྨིན་པར་བྱ་བ་ནི་སྤེལ་བར་བྱ་བའོ། །རྣམ་པར་གྲོལ་བར་བྱ་བ་ནི་འབྲས་བུ་ལ་སྦྱོར་བར་བྱེད་པའོ། །ཆུ་སྲིན་གནས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱིས་གདུལ་བྱ་ལ་སོ་སོར་རྟོག་པ་གདོན་མི་ཟ་བར་བྱ་བ་ཡིན་པས་ན་འདའ་བར་མི་འགྱུར་བ་ཞེས་བསྟན་པ་ཡིན་ནོ། །རྟོག་ཅིང་ཞེས་བྱ་བ་ནི་རྟག་ཏུ་གཉེན་པས་སྲོག་འཇིག་པའི་རྐྱེན་དག་ལས་ཀྱང་སྲོག་སྲུང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་བུ་གཅིག་པ་སྡུག་པ་བཞིན་དུ་རྟག་ཏུ་གཉེན་ པར་མཛད་པས་སེམས ་ཅན་ཐམས་ཅད་ཀྱི་རྒྱུད་འཕགས་པའི་ལམ་དང་འགལ་བའི་རྐྱེན་ལས་བསྲུང་བ་མཛད་ པར་འགྱུར་རོ། །འདིས་ནི་སྐལ་པ་དང་ལྡན་པའི་སེམས ་ཀྱི་རྒྱུད་བསྲུང་བ་དང༌། འབྲས་བུ་ལ་སྦྱོར་བ་རྟོག་པའི་ཕན་འདོགས་པ་ནི་མངོན་སུམ་གྱི་འབྲས་བུ་བསྟན་པ་ཡིན་ནོ། །སོ་སོར་རྟོག་པས་ཕན་པ་སྒྲུབ་པར་བྱེད་པ་འདི་གཉིས་ནི་སྙིང་རྗེ་ཆེན་པོའི་རྒྱུ་ཅན་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་གསུམ་གསུངས་པ་ཡིན་ཏེ། དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པའོ།། ཐམས་ཅད་མཁྱེན་པའི་རྒྱུད་ལ་གནས་པའི་སྙིང་རྗེའི་བ་དྲུས་མ་གང་ཡིན་པ་དེ་གདུལ་བྱའི་བེའུ་ཚོལ་བ་ལ་སྐྱོ་བར་མི་འགྱུར་བ་སྟེ། བ་བེའུ་གསར་བུ་བཙས་པ་ལ་འབད་པ་ཆེན་པོས་ཚོལ་བར་བྱེད་པ་དེ་བཞིན་དུ་གདུལ་བྱ་དག་ལ་སྙིང་རྗེ་ཆེན་པོ་ཡང་ཡིན་པ་དེ་བས་ན་སྙིང་རྗེ་ཆེན་པོའི་བ་དྲུས་མ་ཞེས་བྱ་བ་དང༌། གདུལ་བྱའི་སྐྱེ་བོའི་བེའུ་ཞེས་བརྡར་བཏགས་པ་ཡིན་ནོ། །འཛུམ་པ་ནི་ཅུང་ཞིག་བཤད་པའོ། །སེམས་ཅན་དམྱལ་བའི་རྒྱུད་གང་ལ་ སེམས་ཅན་ཁྱོད་ནི་ཡང་འཚོ་བར་འགྱུར་རོ་ཞེས་བྱ་བའི་སྒྲ་སྒྲོགས་པར ་འགྱུར་བ་དེ་བས་ན་ཡང་སོས་སོ། །ཐིག་ནག་པོས་འདེབས་
ཤིང་འགོག་པར་བྱེད་པས་ན་ཐིག་ནག་གོ །གང་དུ་རི་བོ་དག་གིས་བསྡུས་ཤིང་འཇོམས་ པར་བྱེད་པ་དེ་བས་ན་བསྡུས་འཇོམས་སོ། །གང་དུ་བྱ་བ་བྱས་ན་སེམས ་ཅན་འཇིགས་པས་དུ་བར་བྱེད་པ་དེ་བས་ན་ངུ་འབོད་དོ། །ཀུན་ནས་ལྷགས་པར་གྱུར་པའི་ཕྱིར་ངུ་འབོད་ཆེན་པོའོ། །གང་དུ་ལས་ཀྱི་མེས་གདུང་བར་བྱེད་པ་དེས་ན་ཚ་བའོ། །གང་གི་སྡུག་བསྔལ་གྱི་མཚམས་བར་སྐབས་མེད་པར་གྱུར་པ་དེས་ན་མནར་མེད་པའོ། །གྲང་བས་ན་ཆུ་བུར་རྡོལ་བ་དང་འདྲ་བར་ཡན་ལག་རྡོལ་བས་ན་ཆུ་བུར་ཅན་ནོ། །ཆུ་བུར་རྡོལ་བའི་ནགས་དང་འདྲ་བར་བར་མེད་པར་ཆུ་བུར་རྡོལ་བས་ཆུ་བུར་རྡོལ་བའོ། །གྲང་བས་གནོད་པར་གྱུར་པ་ལ་ཇི་ལྟ་བུའི་སྒྲ་རྒྱུན་མི་འཆད་པར་སྒྲོགས་པར་བྱེད་པའི་སྒྲ་དེས་ཉེ་བར་མཚོན་པར་བྱ་བ་དག་ནི་སོ་ཐམས་ཐམས་དང༌། ཀྱི་ཧུད་ཟེར་བ་དང༌། ཨ་ཆུ་ཟེར་བ་དག་གོ །གྲང་བས་ཨུཏྤལ་དང༌། པདྨ་ཆུང་ངུ་དང༌། པདྨ་ཆེན་པོ་དང་འདྲ་བར་ཡན་ལག་གས་པར་གྱུར་པ་གང་ཡིན་པ་དེ་དག་གི་མིང་ནི་དེ་དག་ཡིན་ནོ། །བསིལ་བར་གྱུར་པ་དང་དྲོ་བར་གྱུར་པ་ཞེས་བྱ་བ་ལ་ཚ་བའི་དམྱལ་བ་དག་གི་མེས་གདུངས་པར་གྱུར་པ་བཟློག་པའི་ཕྱིར་འོད་ཟེར་བསིལ་བར་གྱུར་པ་འབབ་པར་འགྱུར་ཞིང་གྲང་བའི་དམྱལ་བ་དག་གི་ནི་གོ་བཟློག་པ་ཡིན་ནོ། །བྱེད་པའི་ཁྱད་པར་ནི་སྡུག་བསྔལ་ཡིན་ལ། སོ་སོར་ཐར་པར་གྱུར་ཏོ་ཞེས་བྱ་བ་ནི་འཇུག་པ་མེད་པར་གྱུར་པའོ། །གལ་ཏེ་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བ་ལས་དེ་དག་བྱེད་པའི་ཁྱད་པར་ལས་སོ་སོར་ཐར་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་རྟག་ཏུ་སྤྲུལ་པ་དེ་འགྱེད་པར་མི་མཛད། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་པ་ཉིད་ཀྱི་ཕྱིར་དང༌། གཞན་གྱིས་བྱས་པའི་ལས་ཀྱིས་ཀྱང་གཞན་གྱིས་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཐོབ་པར་འགྱུར་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ་དང༌། དམྱལ་བར་སྐྱེས་པ་དག་ལ་ཚོགས་པ་ཕྲད་ན་རྣམ་པར་སྨིན་པ་འབྱིན་ནུས་པ་དང་ལྡན་པ་ལན་གྲངས་གཞན་དུ་ཉམས་སུ་མྱོང་བར་འགྱུར་བའི་ལས་དེ་ནི་ཡོད་ལ། གང་གི་ཚེ་དེ་དག་གིས་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བར་གྱུར་པ་ན་ སེམས་མངོན་པར ་དད་པར་ཡང་བྱེད་པ་དེའི་ཚེ་དེ་དག་ལས་དེ་དང་ལྷན་ཅིག་བྱེད་པའི་རྐྱེན་རྙེད་པ་ལས་རྣམ་པར་སྨིན་པ་འབྱིན་པར་བྱེད་དེ། དེའི་ཚེ་དེ་དག་གི་རྒྱུ་མཐུན་པ་ཅན་ལུས་ཀྱི་བདེ་བ་སྐྱེ་བར་འགྱུར་བ་དེ་
བས་ན་འདི་ལ་ཉེས་པ་མེད་དོ། །དམྱལ་བ་དེ་མྱོང་བར་ལས་དེ་ཟད་ནས་ཞེས་བྱ་བ་ནི་དམྱལ་བའི་འབྲས་བུའི་ལས་བྱས་ཤིང་ངེས་པར་བསགས་པ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ཉམས་སུ་མྱོང་བས་ཟད་ པར་འགྱུར་གྱི། སེམས ་མངོན་པར་དད་པས་བྱས་ཤིང་བསགས་པའི་ལས་ཉམས་པར་གྱུར་པ་ནི་མ་ཡིན་ལ། ལྷ་དང་མིར་སྐྱེས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་ཡུལ་ལ་མངོན་པར་དད་པ་ལས་འབྱོར་པར་འགྱུར་རོ། །རྒྱལ་པོ་ཆེན་པོར་ཞི་པོ་དག་གི་ཡིན་པས་ན་རྒྱལ་ཆེན་རིགས་བཞིའོ། །དབང་པོ་གཅིག་དང་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཏེ། སུམ་ཅུ་རྩ་གསུམ་དེ་དག་ནི་སུམ་ཅུ་རྩ་གསུམ་མོ། །ལེགས་པར་འཐབ་བྲལ་གྱི་ལྷའི་བུ་གཙོར་བོར་གྱུར་པས་ན་འཐབ་བྲལ་ལོ། །ཡོངས་སུ་དགའ་ལྡན་གྱི་ལྷའི་བུ་གཙོ་བོར་གྱུར་པས་ན་དགའ་ལྡན་ནོ། །སྤྲུལ་པས་དགའ་བ་གང་ལ་ཡོད་པ་དེ་དག་ནི་འཕྲུལ་དགའོ། །གཞན་གྱིས་སྤྲུལ་པའི་འདོད་པ་དག་ལ་དབང་སྒྱུར་བར་བྱེད་པའི་ཕྱིར་གཞན་འཕྲུལ་དབང་བྱེད་དོ། །ཚངས་པའི་ཚོགས་ཀྱིས་གནས་པ་གང་ལ་ཡོད་པ་དེ་དག་ནི་ཚངས་འཁོར་རོ། །ཚངས་པའི་མདུན་ན་འཇོག་ཅིང་འཛིན་པའི་ཕྱིར། ཚངས་པའི་མདུན་ན་འདོན་ནོ། །ཚངས་པ་ཆེན་པོའོ་ཚེའི་ཁྱད་པར་ལ་སོགས་པ་ཡོད་པའི་ཕྱིར་ཚངས་ཆེན་ནོ། །ས་གོང་མ་ལ་ལྟོས་ནས་ལུས་ཀྱི་འོད་ཆུད་པའི་ཕྱིར་འོད་ཆུང་ངོ༌། །འོད་ཤིན་ཏུ་ཆེ་བའི་ཕྱིར་ཚད་མེད་འོད་དོ། །གསལ་བར་བྱེད་པའི་ངང་ཚུལ་ཡིན་པས་ན་འདོད་གསལ་ལོ། །རང་གིས་ལ་ལྟོས་ནས་དགེ་བ་ཆུང་བ་གང་ལ་ཡོད་པ་དེ་ནི་དགེ་ཆུང་ངོ༌། །དགེ་བ་ཚད་མེད་པ་དེ་དག་ནི་ཚད་མེད་དགེའོ། །དགེ་བ་རྒྱས་ཤིང་ཁྱབ་པས་ན་དགེ་རྒྱས་སོ། །སྤྲིན་དང་འདྲ་བར་གོང་ནས་གོང་དུ་རྣམ་པར་འཕྲུལ་པས་གནས་པ་མེད་པ་གང་ཡིན་པ་དེ་དག་ནི་སྤྲིན་མེད་དོ། །བསོད་ནམས་རབ་ཏུ་འཕེལ་བ་གང་ལ་ཡོད་པ་དེ་ནི་བསོད་ནམས་འཕེལ་ལོ། །འབྲས་བུ་ཆེ་ནི་གཟུགས་ཁམས་ཀྱི་སོ་སོའི་གནས་གཞན་ལས་ཁྱད་བར་དུ་འཕགས་པའི་འབྲས་བུ་གང་ལ་ཡོད་པ་དེ་ནི་འབྲས་བུ་ཆེའོ། །ཆེན་པོ་མ་ཡིན་པའི་ཕྱིར་མི་ཆེ་བ་ཡིན་ཏེ། གཙང་མའི་རིས་ལ་ལྟོས་ན་འབད་རྩོལ་ཞན་པ་ཉིད་ཀྱི་ཕྱིར་རོ། །གདུང་བ་མེད་ཅིང་གཞན་གྱིས་ཟིལ་གྱིས་གནོན་པར་མི་འགྱུར་བས་ན་
མི་གདུང་བའོ། །ཤེས་པར་བྱ་བ་བདེ་བར་མཐོང་བ་གང་ཡིན་པ་དེ་ནི་གྱ་ནོམ་སྣང་བའོ། །རྣམ་པར་མི་གཡེང་བར་སྒོམ་པའི་རྒྱུ་མཚན་དགེ་བ་གང་ལ་ཡོད་པ་དེ་དག་ནི་ཤིན་ཏུ་མཐོང་ངོ༌། །གང་ལས་འདིར་འོག་མར་འགྱུར་བ་དེ་དག་ལས་གཟུགས་ཅན་གྱི་གནས་ཆེན་པོར་གྱུར་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར་འོག་མིན་ནོ།། །།བམ་པོ་གཉིས་པ། མི་རྟག་པ་ནི་སྐད་ཅིག་མས་འཇིག་པའོ། །སྡུག་བསྔལ་བ་ནི་མི་མཐུན་པར་གྱུར་པའོ། །སྟོང་པ་ནི་བདག་གིས་བྱིན་གྱིས་བརླབས་པའོ། །བདག་མེད་པ་ནི་བདག་གིས་རང་བཞིན་མེད་པ་ཞེས་འགྲོ་བ་མ་ལུས་པ་ལ་འོད་ཟེར་སྒྲོགས་པར་བྱེད་པའོ། །བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་ཡིད་ཀྱི་བྱ་བ་སྤྲོ་བའི་འདུ་ཤེས་ཅན་གྱིས་འབྱུང་བའི་ཕྱིར་བརྩམ་པར་བྱའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་སྲིད་པའི་བཟོས་སྦྱར་བ་སྡུག་བསྔལ་གྱི་གཟེབ་ལས་འབྱུང་བར་བྱ་བའོ། །འབྱུང་བས་ཅི་ཞིག་བྱ་ཞེ་ན་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་མཚན་ཉིད་ཅན་ལ་འཇུག་པར་བྱ་སྟེ། མངོན་པར་སྤྱོད་པར་བྱ་བའོ། །གཞོམ་པར་བྱ་བ་ནི་ཚར་གཅད་པར་བྱ་བའོ། །བདག་ནི་བདག་ཉིད་ཀྱིའོ། །འཆི་བདག་ནི་དགྲ་བོའོ། །དེ་ནི་ཉོན་མོངས་པའི་མིང་ཅན་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པའི་སྡེ་ཅན་གྱི་དབང་གིས་ཡང་དང་ཡང་དུ་འཆི་བར་འགྱུར་ཞིང་ཕམ་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་འཆི་བདག་གི་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་འཆི་བདག་གི་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་ཞེ་ན་སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ། བག་མེད་པ་སྤངས་ནས། ཆོས་འདུལ་བ་འདི་ལ་སྤྱོད་པར་འགྱུར་རོ། །ཆོས་ནི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་པ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདུལ་བ་ནི་ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བའོ། །སྐྱེ་བའི་འཁོར་བ་སྟེ་རྒྱུན་སྤངས་ཤིང་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཐ་མར་གྱུར་པར་འགྱུར་བ་
དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིན་ནོ། །སྟོང་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། རེ་རེ་དག་གི་སྟོང་དང༌། སྟོང་དག་གི་སྟོང་དང༌། སྟོང་སྟོང་དག་གི་སྟོང་ཞེས་བྱ་བ་གསུམ་པོ་དེ་དག་ནི་གླིང་བཞི་པོའི་འདོད་པོའི་འདོད་པའི་སྤྱོད་པའི་ལྷའི་འཁོར་ཅན་ཚངས་པའི་འཇིག་རྟེན་སྟོང་དག་གི་ཚད་གང་ལ་ཡོད་པ་དེ་ནི་སྟོང་གསུམ་ཡིན་ལ། སྟོང་གི་ཚད་འདི་ལ་ཡོད་པའི་ཕྱིར་སྟོང་གསུམ་པའོ། །ཆེན་པོ་ཡང་དེ་ཡིན་ལ་སྟོང་ཡང་དེ་ཡིན་པའི་ཕྱིར་སྟོང་ཆེན་པོ་ཡིན་ལ། སྟོང་གསུམ་ཡང་དེ་ཡིན་ལ་སྟོང་ཆེན་པོ་པ་ཡང་ཡིན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་ཡིན་ཏེ། གླིང་བཞི་པ་བྱེ་བ་ཕྲག་བརྒྱའི་ཚད་ཅེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་གྱི་ཁམས་ནི་གནས་པའི་གནས་སོ། །འདས་པ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ་འདས་པར་གྱུར་པའི་འབྲས་བུ་ཐམས་ཅད་ཁོ་ནའོ། །མ་འོངས་པ་ལུང་སྟོན་པར་བཞེད་ན་ཞེས་བྱ་བ་ནི་གང་དུ་མ་འོངས་པའི་འབྲས་བུ་ཁོ་ནའོ། །ལག་མཐིལ་ཁ་སྦྱར་དུ་བྱས་པས་ནི་ཐལ་མོ་སྦྱར་བའོ། །ཞལ་གྱི་ནང་ནས་ཞེས་བྱ་བ་ནི་ཞལ་གྱི་སྒོ་ནས་སོ། །ཚོགས་ནི་འོད་ཟེར་གྱི་ཚོགས་སོ། །རྒོད་པ་དང་བྲལ་ཞིང་ཞེས་བྱ་བ་ནི་རྒོད་པ་སྤངས་ པར་གྱུར་པའོ། །སེམས ་ཡུལ་ཡུལ་པོར་གྱུར་པ་ནི་ཞུམ་པར་ཡིན་ལ། རང་དང་གཞན་གྱི་ཡོན་ཏན་ལ་ལྟོས་པ་ནི་རྒྱགས་པ་ཡིན་ཏེ། དེ་དག་དང་བྲལ་བ་ནི་ཞུམ་པ་དང་རྒྱགས་པ་སྤངས་པར་གྱུར་པའོ། །མཆོག་གི་རྒྱུར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་མཆོག་གི་རྒྱུར་གྱུར་པའོ། །དུང་དང་པདྨའི་རྩ་ལྟར་དཀར་གྱུར་པ། ཞེས་བྱ་བ་ནི། དུང་དང་པདྨའི་རྩ་སྟེ་པདྨའི་སྐུད་པ་ལྟར་ཤིན་ཏུ་དྲི་མ་མེད་པར་གྱུར་པའོ། །དགྲ་ཐུལ་བ་ནི་བདུད་བཞིའི་དགྲ་ཐུལ་བའོ། །རྒྱལ་བ་ནི་དགྲ་ལས་སོ། །རྒྱུ་མེད་པ་ནི་རྒྱུ་མཚན་མེད་པར་ཏེ། འདིའི་རྒྱུ་གང་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འཛུམ་པ་ནི་བཞད་པའོ། །དེ་ནི་ཞེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བ་ཐ་ཚིག་གོ །ཉིད་ཀྱི་ཐུགས་སུ་ཆུད་ནས་ཏེ། དུས་མཁྱེན་ནས་ཐོས་པར་འཚལ་བའི་འདོད་པ་དང་ལྡན་པའི་ཉན་ཐོས་ཐེ་ཚོམ་སྐྱེད་པ་དག་གི་ཐེ་ཚོམ་བསལ་བར་མཛད་དུ་གསོལ་བའོ། །དཀའ་ཅི་འདྲ་བས་ཤེ་ན་བསྟན་པ་ཞེས་བྱ་བ་སྨོས་ཏེ། བསྟན་པ་
མཆོག་དང་དགེ་བ་དག་གིས་ཏེ། །གཡོ་བ་མེད་པའི་ཕྱིར་བརྟན་པ་ཡིན་ལ། ཟབ་པ་ལ་སོགས་པ་དམ་པའི་དོན་ཉིད་ཡིན་པའི་ཕྱིར་མཆོག་ཡིན་ཞིང་མཛེས་པར་གྱུར་པ་ཉིད་ཀྱི་ཕྱིར་དང༌། ཁ་ན་མ་ཐོ་བ་མེད་པའི་ཕྱིར་དགེ་བའོ། །བསྟན་པའི་ཞེས་བྱ་བ་ནི་འབོད་པ་སྟེ། བསྟན་པ་མཆོག་དང་ལྡན་པའི་ཕྱིར་རོ། །དགེ་སྦྱོང་རྒྱལ་དབང་ཞེས་བྱ་བ་ནི་འབོད་པ་ཉིད་ཡིན་ལ་དེ་ལ་ཞུགས་པ་བཞི་དང༌། འབྲས་བུ་ལ་གནས་པ་བཞི་ཞེས་བྱ་བ་བརྒྱད་པོ་དག་ནི་དགེ་སྦྱོང་རྒྱལ་བ་དག་ཡིན་ཏེ། དེ་དག་གི་དབང་པོ་ནི་གཙོ་བོར་གྱུར་པ་ཡིན་པས་ན་དགེ་སྦྱོང་རྒྱལ་དབང་པོའོ། །ཐུབ་པའི་ཁྱུ་མཆོག་ཅེས་བྱ་བ་ནི་འབོད་པ་ཉིད་ཡིན་ཏེ། དེ་ལ་ཐུབ་པ་ནི་སློབ་པ་དང་མི་སློབ་པ་ཡིན་ལ། དེ་དག་གི་ཁྱུ་མཆོག་ནི་གཙོ་བོ་ཡིན་པས་ན་ཐུབ་པའི་ཁྱུ་མཆོག་གོ །ཅིའི་ཕྱིར་ཐོས་པར་འཚལ་བར་འགྱུར་ཞེ་ན། རྒྱུ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དུའོ། ལན་ཚྭའི་ཆུ་ནི་རྒྱ་མཚོའོ། །རི་རྒྱལ་ནི་རིའི་རྒྱལ་པོ་རི་རབ་སྟེ། དེ་དག་དང་འདྲ་བར་བརྟན་པ་གང་ལ་ཡོད་པ་དེ་ནི་ལན་ཚྭའི་ཆུ་དང་རི་རྒྱལ་བཞིན་དུ་བརྟན་པའོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་རྗེས་སུ་བརྗོད་པ་སྟེ་གུས་པའི་དོན་གྱི་ཟློས་པའི་ཚིག་གོ །རྒྱུ་མེད་པ་ནི་རྒྱུ་མེད་པ་ཉིད་དུའོ། རྐྱེན་མེད་པ་ནི་རྐྱེན་དང་བྲལ་བའོ། །དུལ་བ་ནི་ཡིད་ཀྱི་སྒོ་ནས་སོ། །རྩེ་གཅིག་པ་ནི་ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་ཉེ་བར་ཞི་བའོ། །ཞི་བ་ནི་ལུས་དང་ངག་གི་སྒོ་ནས་སོ། །གྲོལ་བ་ནི་སྲིད་པ་གཞན་སྤངས་པར་གྱུར་པའོ། །དབུགས་འབྱིན་པ་ནི་སྡུག་བསྔལ་མེད་པར་གྱུར་པ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱངས་པའོ། །ཐུལ་པ་ནི་ཚུལ་མ་ཡིན་པའི་སྤྱོད་པ་མེད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ནི་འདོད་པའི་འདོད་ཆགས་མེད་པར་འགྱུར་བའི་ཕྱིར་རོ། །མཛེས་པ་ནི་རྣམ་པར་སྨིན་པའི་གཟུགས་ཀྱིས་མཛེས་པར་གྱུར་པའོ། །ཁྱིམ་ན་གནས་པ་རྣམས་ཀྱི་ཁྱུ་མཆོག་དང༌། དགོན་པ་ན་གནས་པ་དག་གི་གླང་པོ་དང་ནགས་ན་གནས་པ་རྣམས་ཀྱི་སེང་གེ་དང༌། ཆུ་བོའི་ངོགས་ནས་གནས་པ་རྣམས་ཀྱི་ངང་པ་དང༌། རྒྱ་མཚོའི་ངོགས་ན་གནས་པ་རྣམས་ཀྱི་ནམ་མཁའི་ལྡིང་དང༌། འདོན་པར་བྱེད་པ་དག་གི་བྲམ་ཟེ་དང༌། ནད་པ་རྣམས་ཀྱི་སྨན་པ་མཁས་པ་དང་
སྔར་མ་རྣམས་ཀྱི་དཔའ་བོ་དང༌། ལམ་དུ་ཞུགས་པ་རྣམས་ཀྱིས་མཁན་དང༌། དོན་མཐུན་རྣམས་ཀྱི་དེད་དཔོན་དང༌། ཚོང་པ་རྣམས་ཀྱི་ཚོང་དཔོན་དང༌། མཐའ་འཁོབ་ན་གནས་པ་རྣམས་ཀྱི་མཁར་གྱི་རྒྱལ་པོ་དང༌། འཛམ་བུ་གླིང་པའི་འཁོར་ལོས་སྒྱུར་བ་དང༌། བླ་གབ་མེད་པ་དག་གི་ཟླ་བ་དང༌། ཉི་མ་ལ་དད་པ་རྣམས་ཀྱི་ཉི་མ་དང༌། རི་རབ་ཀྱི་བང་རིམ་ལ་གནས་པ་དག་གི་རྒྱལ་པོ་ཆེན་པོ་བཞི་དང༌། རི་གཉའ་ཤིང་འཛིན་ལ་གནས་པ་དག་གི་ཐགས་ཟངས་རིས་དང༌། རི་རབ་ཀྱི་སྟེང་ན་གནས་པའི་བརྒྱ་བྱིན་དང༌། ཚངས་པའི་འཇིག་རྟེན་ན་གནས་པ་དག་གི་ཚངས་པ་ལྟ་བུ་སྟེ། གཙོ་བོར་གྱུར་པའི་ཕྱིར་དང༌། འཁོར་རྣམས་གུས་པར་ཉན་པ་ཉིད་ཀྱི་ཕྱིར་དང༌། དེ་དག་དང་འདིར་མཚུངས་པར་ཤེས་པར་བྱའོ། །མིག་ལ་སོགས་པའི་དབང་པོ་རྒྱུར་གྱུར་པས་ཤིན་ཏུ་དུལ་བ་ནི་ལེགས་པར་དབང་དུ་གྱུར་པའོ། །སྤྱོད་ལམ་དང་སྤྱོད་པ་མ་འཁྲུལ་བ་ནི་འཁྲུལ་པ་མེད་པར་གཤེགས་པ་ལ་སོགས་པའོ། །ཇི་ལྟ་བུར་ཞེ་ན། ཆུ་གཏེར་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཏིང་ངེ་བ་ནི་བརྟན་ཞིང་མི་འགྱུར་བ་སྟེ། ཆུ་བོ་རྣམས་ཀྱི་ཆུ་གཏེར་དང༌། ཞིང་པ་རྣམས་ཀྱི་སྤྲིན་དང༌། དགོན་པ་པ་རྣམས་ཀྱི་གླང་པོ་ཆེའི་གཙོ་བོ་ལྟ་བུའོ། །མ་འདྲེས་པ་ནི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་སྟེ། ཡེ་ཤེས་ཀྱིས་གུས་པར་ཉན་པ་དང༌། གུས་པར་མི་ཉན་པ་དང༌། གཉི་ག་མ་ཡིན་བ་དག་ལ་ཀུན་ཏུ་སྤྱོད་པ་རྣམ་པ་གསུམ་མོ། །སྙིང་རྗེ་ཆེན་པོ་ནི་ཁམས་གསུམ་གྱི་ སེམས་ཅན་ལ་དམིགས་ཤིང་སྡུག་བསྔལ་གྱི་རྣམ་པ་ལ་སྙོམས་པར ་འཇུག་པའི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པ་ཐབས་ཀྱིས་འཇུག་པའི་འཕགས་པའི་ལམ་བསྐྱེད་པ་མྱ་ངན་ལས་དས་པ་ཐོབ་པར་བྱེད་པ་སྟེ། ཟག་པ་དང་བཅས་པའི་བློ་དང་ལྡན་ཟིང་འབྱོར་པའོ། །ཉན་ཐོས་ཆེན་པོ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱིས་སློབ་མིའི་གཙོ་བོར་གྱུར་པའོ། །གང་གི་འོད་འདོམ་གང་བ་ཉི་མ་སྟོང་བས་ལྷག་པར་འཕྲོ་བ་དེ་ནི་ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ་སྟེ། བཅོམ་ལྡན་འདས་བཞེད་པར་གྱུར་པ་ན་འོད་རབ་ཏུ་འབར་བ་དང་བྲི་བར་འགྱུར་བའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་ཞིང་རྒྱུ་བའི་
ནུས་པ་དང་ལྡན་པའོ། །བཅོམ་ལྡན་འདས་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དག་གིས་འཁོར་རྣམས་ལ་ཆོས་སྟོན་པ་ན། གུས་པར་ཉན་པ་ཐམས་ཅད་དང༌། གུས་པར་མི་ཉན་པ་ཐམས་ཅད་ལ་གཅིག་ཏུ་གུས་པར་ཉན་པ་དང༌། གཅིག་ཏུ་གུས་པར་མི་ཉན་པ་དེས་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པ་གཞན་དུ་མི་འགྱུར་བའོ། །ཕ་རོལ་གྱི་དཔུང་གི་ཚོས་འོང་བ་རིག་པར་བྱ་བའི་ཕྱིར་དང༌། ལམ་ཉམ་ང་བ་ཡོངས་སུ་བསྲུང་བའི་ཕྱིར་བཞག་པའི་སྐྱེས་བུ་ནི་ལག་གཅན་ནོ། །ཆུ་བོ་ཆེན་པོའི་ཕ་རོལ་དུ་འགྲོ་བར་བྱ་བའི་ཕྱིར་རྔན་པ་སྟེར་བ་ནི་གྲུ་བཙས་སོ། །བཀའ་ལུང་བསྟན་པ་ནི་དགྲ་བཅོམ་པའི་འབྲས་བུ་ལུང་བསྟན་པའོ། །ལོངས་སྤྱོད་ནི་ཡོངས་སུ་བསྒོ་བར་བྱའོ། །ན་ཚོད་མཉམ་པོར་གྱུར་པ་ནེའུ་ལྡངས་སམ་གྲོགས་པོའོ། །ཤི་ཞིང་ཞེས་བྱ་བ་ལ་ཇི་ལྟར་ཤི་བ་ཡིན་ཞེ་ན། དུས་ལས་འདས་པ་ཞེས་སྨོས་ཏེ། སྐལ་བ་མཉམ་པའི་མཐའི་སྐད་ཅིག་མའི་འདུས་ཞེས་བྱ་བའི་བར་དུ་བྱས་ནས་ཐ་མའི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །ནམ་མཁའ་ནི་མཁའ་དང་བར་སྣང་ངོ༌། །རྒྱ་མཚོ་ཆེན་པོ་ནི་ཆུ་འཛིན་ཆེན་པོའོ། །དྲང་སྲོང་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་དག་ནི་བརྫུན་གསུང་བའི་ངང་ཚུལ་ཅན་དུ་མི་འགྱུར་བའོ། །བཅོམ་ལྡན་འདས་མཆོག་ཏུ་ཞི་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒོད་པ་མི་མངའ་བ་དང་ལྟད་མོ་སྤངས་པའོ། །སྐྱེ་བོ་མང་པོ་ནི་སྐྱེ་བོ་མང་པོ་སྟེ་སྐྱེ་བོའི་ཚོགས་ཀྱིས་བསྐོར་བའོ། །ཚོགས་འདི་ལ་ཡོད་པས་ན་ཚོགས་ཅན་ནོ། །ཕ་རོལ་ཡང་དེ་ཡིན་ལ་ཚོགས་ཅན་ཡང་དེ་ཡིན་པ་ན་ཕ་རོལ་ཚོགས་ཅན་ཏེ། དེའི་རྒོལ་བ་ནི་ཕས་ཀྱི་རྒོལ་བའི་ཚོགས་ཅན་ནོ། །དེ་འཇོམས་པར་མཛད་པའི་ཕྱིར་ཕས་ཀྱི་རྒོལ་བའི་ཚོགས་ཅན་འཇོམས་པར་རོ། །རི་དགས་ཀྱི་རྒྱལ་པོ་ནི་སེང་གེའོ། །མངོན་སུམ་དུ་ཕྱོགས་པ་ནི་དེར་གཞོལ་བ་འམ་བརྩོན་པ་དང་བཅས་པའོ། །འདམ་ནི་ཉེ་བར་གོས་པའམ་ཚོགས་ལ་བྱའོ། །མཐོ་རིས་ཀྱི་གནས་གང་དག་ལ་ཡོད་པ་དེ་དག་ནི་ལྷ་རྣམས་སོ། །ངེས་པ་ནི་གསལ་པོར་རོ། །རྣམ་པར་འཕྲུལ་པ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའོ། །གཞོན་ནུ་ནི་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །བློན་པོ་ནི་རྟག་ཏུ་ཐག་ཉེ་བར་གནས་པ་ཅན་བློའི་གྲོགས་སུ་གྱུར་པའོ། །
གྲོང་ཁྱེར་ན་གནས་པས་ན་གྲོང་ཁྱེར་གྱི་མིའོ། །ལྗོངས་ན་གནས་པས་ན་ལྗོངས་ཀྱི་མི་སྟེ། ལྗོངས་ན་གནས་པའི་ཚུལ་གྱིས་རྒྱལ་པོའི་ཕོ་བྲང་ན་གནས་པ་གང་ལ་ཡོད་པ་དེ་ནི་ལྗོངས་ཀྱི་མིའོ། །འབྱུང་བར་བརྩམས་པ་ནི་འབྱུང་བ་དང་ལྡན་པར་རོ། །ཞལ་འཛུམ་པ་ནི་ཞལ་གྱི་མདོག་དྲི་མ་མེད་པ་འམ། ཞལ་རབ་ཏུ་བཞད་པར་གྱུར་པའོ། །གཟུགས་མཛེས་པ་ནི་ཁ་དོག་གི་སྒོ་ནས་སོ། །བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །སྐྱེ་མཆེད་དང་བར་གྱུར་པ་ནི་བཟང་པོའོ། །གནས་མེད་པ་ནི་མི་སྲིད་པའོ། །སྐབས་མེད་པ་ནི་ངེས་པར་སྦྱོར་དུ་མེད་པའོ། །ཉོན་མོངས་པར་མ་གྱུར་པ་ནི་པགས་པ་ཆིག་པའི་སྒོ་ནས་སོ། །གནོད་པར་མ་གྱུར་པ་ནི་ཤ་ཚིག་པའི་སྒོ་ནས་སོ། །སྐལ་བ་ནི་ཁྱིམ་གྱི་བགོ་སྐལ་ཡིན་ལ། དེ་ལ་སྤྱོད་པའི་ཕྱིར་བགོ་སྐལ་ལ་སྤྱོད་པ་ཡིན་ཏེ། བགོ་སྐལ་ལས་ཉམས་པའམ། བགོ་སྐལ་དང་བྲལ་བར་གྱུར་པ་ནི་སྐལ་བ་ཆུང་བའོ། །བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་ནི་རྒྱ་ཆེ་བའི་ཆོས་བཤད་པའི་རྒྱ་ཆེན་པོ་ཉིད་ལ་མོས་ཤིང་མངོན་པར་འདོད་པར་རོ། །བག་ཉལ་ནི་ཉོན་མོངས་པ་དག་ཅིང་དྲག་པའི་ཀུན་ཏུ་སྤྱོད་པ་སྟེ། ཉོན་མོངས་པ་གང་དང་གང་གིས་གནོད་པར་གྱུར་པ་དེ་དང་དེ་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པའོ། །ཁམས་ནི་རིགས་ཡིན་ཏེ། ཁ་ཅིག་ནི་རྩུབ་པ་མ་ཡིན་པའི་ཆོས་དང༌། ཁ་ཅིག་ནི་རྩུབ་པའི་ཆོས་བསྟན་པས་འདུལ་བའོ། །དམྱལ་བའི་གཏམ་རྒྱུད་ནི་རྩུབ་པ་ཡིན་ལ། མཐོ་རིས་ཀྱི་གཏམ་རྒྱུད་ནི་འཇམ་པའོ། །རང་བཞིན་ནི་དད་པའི་དབང་པོ་ལ་སོགས་པའི་རང་བཞིན་ཏེ། དབང་པོ་རྣོན་པོ་དང་རྟུལ་པོ་དབྱེ་བའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བསྒོམ་པ་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཟག་པ་མེད་པའི་ལམ་གྱིས་སྤངས་པ་ནི་ཕྱིར་མི་འོད་བའི་འབྲས་བུའོ། །སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་མ་ལུས་པར་སྤངས་པ་ནི་དགྲ་བཅོམ་པ་ཉིད་དོ། །དྲོད་དུ་གཏོགས་པའི་དགེ་བའི་རྩ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་མེའི་སྔ་ལྟས་ཡིན་ཏེ། དེས་བསྐྱེད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་
སུ་འགྱུར་བའོ། །རྩེ་མོ་དང་བཟོད་པ་བསྐྱེད་པ་ཡང་དེ་དང་འདྲའོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་ལས་ཐར་པའི་ཆ་དང་མཐུན་པའི་དགེ་བ་བསྐྱེད་པའོ། །དེ་བཞིན་དུ་རང་སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ལས་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་ལ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་དེའི་ནང་དུ་ཆུད་པར་གྱུར་པ་དག་དེ་ལྟ་བུར་གྱུར་བ་ཡིན་ཏེ། བདག་གིས་ཡོན་ཏན་གྱི་ཚོགས་འདི་ཁོང་དུ་ཆུད་པར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་མཐུ་ཡིན་པ་དེ་བས་ན། བཅོམ་ལྡན་འདས་འདི་ནི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པར་གྱུར་པའི་གཞི་དང་འདི་ཉིད་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་ཡོངས་སུ་སྐྱོ་པར་མཛད་པར་སྤྱོད་པ་ཡིན་ལ། དེས་ན་བཅོམ་ལྡན་འདས་ལ་ལྡོག་པ་མེད་པའི་དད་པ་བསྐྱེད་ནས་ཀྱང་བཅོམ་ལྡན་འདས་དེ་ཉིད་ལ་སྐྱབས་ཉིད་དུ་འཛིན་པ་དེའི་ཕྱིར། སངས་རྒྱས་ལ་གཞོལ་བ་ཞེས་བྱའི། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ཐོབ་པ་ཡང་སྐྱེས་བུའི་དོན་བླ་ན་མེད་པ་ཡིན་ཏེ། གང་གི་ཕྱིར་མྱ་ངན་ལས་འདས་པ་དེ་ཡང་གཙོར་དེ་དག་གིས་ཐོབ་པ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་བྱེད་ཡིན་པའི་ཕྱིར་ཤོས་ཤེས་ཤིང་དད་པ་རྙེད་པ་དེ་བས་ན་ཆོས་ལ་བརྟེན་པ་ཞེས་བྱའོ།། རྒྱུན་དུ་ཞུགས་པ་ལ་སོགས་པ་ཡང་དོན་དམ་པའི་དགེ་འདུན་གྱི་རང་བཞིན་ཡིན་པའི་ཕྱིར་དང༌། ཐར་པའི་ཆ་དང་མཐུན་པ་ལ་སོགས་པ་སྐྱེ་བ་ཡང་ཚོགས་དེ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དགེ་འདུན་ལ་ཤེས་ཤིང་དད་པ་རྙེད་པ་དེ་བས་ན་དགེ་འདུན་ལ་རབ་ཏུ་འབའ་པ་ཞེས་བྱའོ། །དེས་པ་དག་ལས་གཞན་དེས་པ་ནི་དེས་ཤིང་དེས་པ་སྟེ། འཕྲལ་དུ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །མའི་མིང་པོ་ནི་ཞང་པོའོ། །ཐ་སྙད་དུ་བྱ་བའི་དངོས་པོ་ནི་ཟོང་ངོ༌། །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ཆེ་བ་ནི་རང་བཞིན་ཉིད་ཀྱི་ཡོན་ཏན་བསྒྲུབས་པའི་སྒོ་ནས་སོ། །མཐུ་ཆེ་བ་ནི་གཞན་ལ་ཕན་པ་བྱེད་པས་སོ། །ཚུལ་ཤིན་བྲིམ་མོ་ཞེས་བྱ་བ་ནི་མིང་བྱང་ཕྱིས་པར་བྱུང་པ་སྟེ། གཉེན་གྱི་ཚོགས་ལ་ཕྱི་རོལ་དུ་བྱེད་ཅེས་བྱ་བའི་བར་དུའོ། །ཁྲག་དྲོན་པོ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག་འཛིན་པར་བྱེད་པ་ཡིན་ལ།
གང་གི་ཕྱིར་འཇིག་རྟེན་པ་ནི་སྟོབས་ཞེས་བརྗོད་དོ། །དགའ་བའི་རྒྱུ་གྱུར་པ་ཉིད་ཀྱི་ཕྱིར་སྡུག་པའོ། །སྐད་ཅིག་མ་གཅིག་ཀྱང་ཡིད་ཡོངས་སུ་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ། །སངས་རྒྱས་ལ་སྐྱབས་སུའི་སོང་བ་ཞེས་བྱ་བ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་ལའོ། །ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། །དགེ་འདུན་ལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དགེ་འདུན་དུ་བྱེད་པ་ལའོ། །གནས་བརྟན་རྣམས་ཀྱི་ཞེས་བྱ་བ་ནི་སྡུད་པ་པོ་རྣམས་ཀྱིས་སོ། །སྐྱེས་བུའི་བྱེད་པ་ལ་བརྟེན་ནས་འཚོ་བར་བྱེད་པའི་སྐྱེས་པ་གནག་ཡིན་པ་དེ་ནི་སྐྱེས་བུར་བཀུར་བའོ། །ཤིང་རིང་པོའི་རྩེ་མོར་བཞག་རས་ཞེས་བྱ་བ་ལ་སོགས་པ་ལ། སྐས་ནི་ཤིང་དག་གི་གོང་ནས་གོང་དུ་ཡང་དགེ་བར་སྦྱར་བའོ། །ཐག་སྐས་ནི་ཤིང་རིང་པོ་ལ་རྐང་པ་ལ་བཞག་པའི་གནས་བྱས་ཤིང་ཐེ་གུས་བཅིངས་པའོ། །མཆིལ་པ་ནི་ལྕགས་ཀྱུ་སྟེ་སྲད་བུས་འཕང་བར་བྱ་བའོ། །འབབ་སྟེགས་སུ་ཉེ་རེག་བྱེད་པས་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབབ་སྟེགས་རྟེན་པར་བྱེད་པས་སོ། །སྤངས་ཤིང་ཞེས་བྱ་བ་ནི་འདས་པར་ཉོན་མོངས་པའི་དགྲ་སྤངས་པའོ། །དོར་ལ་ཞེས་བྱ་བ་ནི། ད་ལྟར་གྱིའོ། །སྒུགས་ལ་ཞེས་བྱ་བ་ནི་མ་འོངས་པའོ། །མངོན་དུ་རྒྱུ་བ་སྤངས་པ་ནི་སོ་སོར་དོར་བ་ནའོ། །ཡང་ན་དེ་དག་ཐམས་ཅད་སྤངས་པའི་རྣམ་གྲངས་ཁོ་ན་ཡིན་ནོ། །གསོལ་བ་ནི་གཞན་གཡོའི་སྒོ་ནས་གསོལ་བར་འདེབས་པར་བྱེད་པའོ། །གནག་གི་ཚེ་ཟངས་མ་ལ་སོགས་པའི་རྒྱུ་ལས་བྱས་པའི་ལྷུང་བཟེད་དག་རྙེད་པར་གྱུར་པ་དེའི་ཚེ། དེ་དག་སྐན་པོར་གྱི་ཚུལ་དུ་ཡོངས་སུ་ལོངས་སྤྱོད་པར་བྱའི། །དེ་ལ་ཆགས་པ་བྱེད་པར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སྨན་ཕོར་དུ་བཅང་བར་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །གཏུམ་པོ་ནི་དྲག་པོའོ། །གནོད་སྦྱིན་གྱི་གནས་ནི་ལྷ་རྟེན་ནོ། །ཉིན་ཞག་ནི་ཚེ་གཅིག་ལ་སོགས་པའོ། །ཚེས་གྲངས་ནི་གཟའ་ལྷག་ལ་སོགས་པའོ། །ཉི་ཚོད་དུ་སྦྱར་བ་ནི་དགེ་བའི་སྦྱོར་བའོ། །བཙོང་བར་བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཇི་ལྟར་རྗེས་སུ་མཐུན་པའི་རིན་རྙེད་པའི་གནས་ནི་ཚོང་དུས་སོ། །རས་ཟུང་གི་རྗེས་སུ་མཐུན་པའི་རིན་མི་ཁུགས་པའི་ཕྱིར་ཚོང་དུས་མ་ཡིན་པར་བསྒྲག་ཏུ་རུང་བར་འགྱུར་བའོ། །
འདྲོན་པོ་ནི་གསར་དུ་འོངས་པའི་ཕྱིར་བསྙེན་བཀུར་བར་བྱ་བའོ། །ལྷན་ཅིག་ནི་རྟག་ཏུ་ལྷན་ཅིག་འདུག་པ་ཉིད་དོ། །དབང་པོ་རྣམས་བསྡུས་པ་ཞེས་བྱ་བ་ནི་ཡུལ་ལས་ཏེ། དབང་པོ་རྣམས་བསྡུས་པའམ། །བཙུམས་པའམ་ཟློག་པར་བྱེད་པའོ། །མནའ་མ་རྣམས་ཞེས་བྱ་བ་ནི་མེ་ལས་སྐྱེས་ཀྱི་ཡུལ་ལ་རྒྱལ་པོའི་སྲས་ཀྱི་མིང་དུ་བྱས་དབང་དུ་བྱས་ནས་མནའ་མ་ཞེས་བྱའོ། །ངོ་མཚར་པ་ནི་ཡ་མཚན་དུ་གྱུར་པའོ། །ཆེས་གྱུར་པ་ནི་ལྷག་པར་གྱུར་པའོ། །བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་ནི་པོ་ཆེའི་རང་བཞིན་གྱིས་གཞི་དེ་ལ་འཁྲུལ་འཁོར་གྱི་སྦྱོར་བས་ཉ་ལ་སོགས་པ་ཆུའི་སྲོག་ཆགས་སྟེང་ན་རྒྱུ་བ་ལྟར་མཐོང་བའི་ཕྱིར་རོ། །བྱེད་པ་ནི་གཙོ་བོར་བྱ་བ་ཡིན་ལ། བྱ་བ་ནི་གཙོ་བོར་མ་ཡིན་པའམ། ཉེ་བ་ན་གནས་པ་ནི་བྱེད་པ་ཡིན་ལ་ཕྱིས་བྱ་བ་ནི་བྱ་བ་ཡིན་ནོ། །སྐྱེངས་པ་ནི་རྣམ་པར་ཞུམ་པ་ཡིན་ཏེ། བྱ་བ་ལ་རྨོངས་ པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །སེམས ་པ་ནི་ཚུལ་མ་ཡིན་པའི་བྱ་བ་བྱེད་པའི་ སེམས་སྐྱེས་པར ་གྱུར་པའོ། །བདག་ཉིད་ཆོས་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་སྲིད་ཡོངས་སུ་སྐྱོང་བར་བྱེད་པའི་ཕྱིར་ཆོས་སྐྱོང་བའི་རྒྱལ་པོའོ། །གྱོན་ཅན་ནི་ངོ་སྦེད་པའི་རྐུན་མའོ། །བསམས་ནས་ཞེས་བྱ་བ་ནི་དོན་དུ་གཉེར་བའི་སེམས་ཀྱིས་སོ། །མཚན་མོ་ནི་ནུབ་མོའོ། །རྒྱལ་པོ་སྡིག་ཅན་ཞེས་བྱ་བ་ནི་སྡིག་པ་འམ་ཚུལ་མ་ཡིན་པ་བྱེད་པ་ཅན་ནོ། །དམན་པ་ནི་སྟོབས་ཀྱིས་དམན་པར་གྱུར་པའོ། །མགོན་མེད་པ་ནི་སྐྱབས་མེད་པའོ། །ཕོགས་པ་ནི་དབུལ་བའོ། །རྒུད་པ་ནི་ནད་ཀྱིས་གཟིར་བར་གྱུར་པའོ། །མཛེས་པར་བཤད་པ་ནི་ལེགས་པར་གསུངས་པ་སྟེ། འབྲེལ་པ་ནི་བརྗོད་པའོ། །ཆོས་འདུལ་བ་གནག་ལ་ཡང་དག་པར་སྒྲུབ་པའམ།འབྲས་བུ་ངེས་པར་མི་འཁྲུལ་བ་ཡོད་པ་དེ་ནི་ལེགས་པར་གསུངས་པའོ། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཚན་ཉིད་དགེ་སློང་གི་དངོས་པོའོ། །ཐོབ་ནས་ཞེས་བྱ་བ་ནི་ཐོབ་པའི་ཕྱིར་རོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་གྱུ་མཚན་ཚུལ་ཁྲིམས་ཡོངས་སུ་སྲུང་བ་ལ་སོགས་པའི་བྱ་བ་ནི་སྤྱད་པའི། །དེ་སྤྱོད་པ་ནི་བསྒྲུབ་པའོ། །ལྷུང་བཟེད་དང་བུམ་པ་ཐོགས་པའི་ལག་པ་གང་
ལ་ཡོད་པ་དེ་ནི་ལག་ན་ལྷུང་བཟེད་དང་བུམ་པ་ཐོགས་པ་ཅན་ནོ། །སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོག་པ་ནི་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གང་ཡིན་པ་དེའི་སྤྱོད་ལམ་ནི་རབ་ཏུ་ཞི་བར་འགྲོ་བ་ལ་སོགས་བའོ། །གནས་པ་ནི་ལྡན་པའི། །ཚུར་ཤོག་ཅེས་བྱ་བ་ནི་འདིར་ཤོག་ཤིག་པའོ། །ལུས་ལ་སྦྱར་མས་གཡོགས་པ་ནི་སྦྱར་མ་བགོས་པའི་ལུས་ཅན་ནོ། དབང་པོ་རབ་ཏུ་ཞི་བ་ཞེས་བྱ་བ་ནི་རྡོག་པའི་ཡུལ་ལས་དབང་པོ་ལྡོག་པའོ། །ཆ་ལུགས་ནི་ཆ་བྱང་ངོ༌། །སངས་རྒྱས་དགོངས་བཞིན་ཞེས་བྱ་བ་ནི་སངས་རྒྱ་བཅོམ་ལྡན་འདས་བཞེད་པ་བཞིན་དུ་སྟེ། བྱར་མ་གོན་པའི་ལུས་ཞེས་བྱ་བ་ལ་སོགས་པ་སྐབས་གསུམ་པོ་ཐམས་ཅད་ལ་སངས་རྒྱས་དགོངས་བཞིན་དུ་ཞེས་བྱ་བ་སྦྱར་བར་བྱའོ། །གདམས་ངག་གི་ལམ་བསྒོམ་པའི་མན་ངག་གོ །བརྩོན་པ་ནི་སྤྲོ་བར་བྱེད་པའོ། །འབད་པ་ནི་ལས་སུ་བྱ་བ་བྱེད་པའོ། །རྩོལ་བ་ནི་བྱ་བ་དེ་ལ་ནན་ཏན་དུ་བྱེད་པའོ། །གཡོ་བ་དག་མི་གཡོ་བ་རིག་ནས་ཞེས་བྱ་བ་ལ་གཡོ་བ་ནི་སྐད་ཅིག་མའི་རྒྱུན་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ནི་འཕགས་པའི་ལམ་མེད་པར་འཁོར་བ་ལ་ལྡོག་པ་མེད་པའི་ཕྱིར་རོ། །འདུས་བྱས་སུ་གཏོགས་པ་ཐམས་ཅད་ནི་དུས་ཀྱི་རྣམ་པ་སྟེ། འདུས་བྱས་སུ་གཏོགས་པ་དེ་དག་ཟིལ་གྱིས་མནན་པ་ནི་ཚར་བཅད་པའོ། །ཇི་ལྟར་ཟིལ་གྱིས་མནན་ནས་ཤེ་ན། ཉམས་པ་ཞེས་སྨོས་ཏེ། ཉམས་པ་ནི་གཞན་གྱི་སྟོབས་ཀྱིས་ཉམས་པའོ། །ལྟུང་བ་ནི་རང་གི་སྟོབས་ཀྱིས་སོ། །རྣམ་པར་འཐོར་བ་ནི་འགྱུར་བ་དང་བཅས་པར་འཇིག་པར་གྱུར་པའི། །རྣམ་པར་འཇིག་པ་ནི་འགྱུར་བ་མེད་པར་འཇིག་པའོ། །ཉམས་པ་ནི་མི་དང་ལྷ་ཁ་ཅིག་གི་དཔེ་ཡིན་ནོ། །ལྟུང་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་དག་གི་དེ་ཡིན་ནོ། །རྣམ་པར་འཐོར་ན་ནི་ཤིང་ལ་སོགས་པའི་དཔེ་ཡིན་ཏེ། ཞིག་ནས་ཐམས་ཅད་ཐལ་བར་འགྱུར་བར་འགྱུར་བ་དེའི་ཕྱིར་འགྱུར་བ་དང་བཅས་པས་འཇིག་པ་ཡིན་ནོ། །རྣམ་ པར་འཇིག་པ་ནི་སེམས ་དང་ སེམས་ལས་བྱུང་བ་དང༌། མེ་མར་གྱི་མེ་ལྕེ་ལ་སོགས་པ་འགྱུར་བ་མེད་པར ་འཇིག་པའི་དཔེ་ཡིན་ནོ། །འདུས་བྱས་སུ་གཏོགས་པའི་
ཆོས་གང་ཡིན་པ་དེ་དག་ནི་ཉམས་པ་དང༌། ལྟུང་བ་དང༌། རྣམ་པར་འཐོར་བ་དང༌། རྣམ་པར་འཇིག་པ་དག་གི་ཆོས་སུ་གདོན་མི་ཟ་བར་འགྱུར་བས་ཡིན་ནོ། །དགྲ་བཅོམ་པ་ནི་མཆོད་པར་བྱ་བ་ཉིད་ཡིན་ཏེ། དེ་རྒྱུ་མཚན་གཞན་ལས་ནི་མ་ཡིན་གྱི། ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཁམས་གསུམ་པའི་ཁམས་གསུམ་གྱི་སྲེད་པ་དང་བྲལ་བར་གྱུར་བའོ། །བོང་བ་དང་གསེར་དུ་མཉམ་པ་ནི་དེ་ལས་དང་གསེར་དུ་མཚུངས་པ་སྟེ། ཅི་ལྟར་ནམ་མཁའ་ལ་ལག་ཐོགས་པ་མེད་པ་བཞིན་དུ་དེ་དང་མཚུངས་པ་ནི་དེའི་སེམས་སོ། །སྟེའུ་ནི་ལག་ན་སྟེའུ་ཐོགས་པའི་སྐྱེས་བུ་ཡིན་ལ་ཙན་དན་ནི་ལག་ན་ཙན་དན་ཐོགས་པའི་སྐྱེས་བུ་སྟེ། །འདི་ལ་སྟེ། །འདི་ལ་སྟེའུ་ཐོགས་པའི་སྐྱེས་བུ་དང༌། ཙན་དན་ཐོགས་པའི་སྐྱེས་བུ་མཚུངས་པ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁོར་བ་མེད་པའི་ཕྱིར་རོ། །རིག་པ་སྟེ་ཡང་དག་པའི་ལྟ་བས་སོ། །བྲལ་བ་གྱུར་པ་ནི་ཕྱེ་བ་སྟེ། གང་གི་ཕྱིར་མ་རིག་པའི་བདག་ཉིད་ཀྱི་སྒོ་ངའི་སྦུབས་དྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་ངས་དང༌། འཆི་འཕོ་དང་སྐྱེ་བ་དང༌། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱེད་པའི་མིང་ཅན་ནོ། །མངོན་ པར་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་དང༌། ལྟའི་རྣ་བ་དང༌། སེམས ་ཀྱིར་ན་གྲངས་ཀྱིར་གང་བཞིན་ཅན་ནོ། །སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་དང་དོན་དད་དེས་པའི་སྡིག་དང་སྤོབས་པ་སོས་སོ་ཡང་དག་པར་རིག་པ་ཐོབ་པའོ། །སོ་སོ་ཡང་དག་པར་རིག་པ་ནི་ཆོས་དང་དོན་དང་ནེས་པའི་ཚིག་དང་སྤོབས་པ་ཡོངས་སུ་ཤེས་པ་ལ་གཟུང་བར་བྱའོ། །འདོད་པ་ནི་ཆགས་པའོ། །རྙེད་པ་ནི་ནོར་རྙེད་པའོ། །བཀུར་སྟི་ནི་བསྙེན་བཀུར་རོ། །རྒྱབ་ཀྱི་ཕྱོགས་པ་ནི་ཡིད་ཕྱིར་ཕྱོགས་པའོ། །དབང་པོ་དང་ཉེ་དབང་དུ་བཅས་པས་འཇུག་པའི་ལྷ་རྣམས་ཀྱིས་མཆོད་པ་ནི་འདུད་པ་དང་སྙེན་པའི་ཚིག་ལ་སོགས་པ་དག་གིས་གུས་པར་བྱེད་པའོ། །རྗོད་པ་ནི་གོས་དང་བསོད་སྙོམས་ལ་སོགས་པ་དག་གིས་བསྙེན་བཀུར་བྱེད་པའོ། །སྔོན་དུ་སྨྲ་བར་གྱུར་པ་ནི་ཕྱག་བྱ་བར་གྱུར་པའོ། །ཐེ་ཚོམ་སྐྱེས་པ་ནི་སོམ་ཉི་སྐྱེས་
པར་གྱུར་པའོ། །ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྟེ་བཅོམ་ལྡན་འདས་ལའོ། །བྱ་ཤིང་བསགས་པ་ནི་བསམས་བཞིན་དུ་བྱས་པ་དང༌། རྫོགས་པ་དང༌། འགྱོད་པ་མེད་པར་བྱ་བ་དང༌། གཉེན་པོ་མ་བསྟན་པ་དང་སྦྱར་བ་དང་མཇུག་དང་ལྡན་བ་དེ་འདྲ་བ་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་ཡིན་པ་དེ་ནི་བསགས་པ་ཞེས་བྱའོ། །ཚོགས་པ་རྙེད་པ་ནི་གཞན་སྙེད་པའོ། །རྐྱེན་ཡོངས་སུ་བསྒྱུར་བ་ནི་རྐྱེན་དག་གིས་ནུས་པ་རྙེད་པར་གྱུར་པའོ། །ཆུ་བོ་ལྟར་ཞེས་བྱ་བ་ནི་ལྡོག་པ་མེད་པའོ། །ཉེ་བར་གནས་པ་ནི་ཐག་ཉེ་བ་ན་གནས་པར་གྱུར་པའོ། །དེ་ལྟར་གྱུར་པ་གདོན་མི་ཟ་བར་འབྲས་བུ་འབྱིན་པ་བྱེད་པ་ནི་འགའ་ཞིག་ཏུ་ཡང་ལྡོག་པར་མི་འགྱུར་བའོ། །གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་ནི་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིན་ཏེ། འདིས་ནི་ཕན་ཚུན་རྒྱུ་ཉིད་མ་ཡིན་པར་བསྟན་ཏོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་ཕྱི་རོལ་ལམ་ཡིན་གྱི་ནང་གི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཆུད་མི་ཟ་བ་ཞེས་བྱ་བ་ནི་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཆུད་ཟ་བར་མི་འགྱུར་བའོ། །གང་བྱས་ནས་འགྱོད་པ་དང༌། གཉེན་པོ་བསྟེན་པས་ཉམས་པ་གང་ཡིན་པ་དེ་ནི་ཚང་བར་བསགས་པ་མ་ཡིན་པ་དེ་ནི་ཕྱིར་མ་བསགས་པའི་ལས་ཁོ་ན་ཟད་པ་ཞེས་བྱའི་བསགས་པ་ངེས་པར་མྱོང་བར་འགྱུར་བ་ཡོང་སུ་ཟད་པ་ནི་མ་ཡིན་ལ། རྒྱལ་པོ་མ་སྐྱེས་དགྲས་སྐྱེ་བ་གང་ཁོ་ན་ལ་བྱས་པའི་ལས་ལ་འགྱོད་པ་དང་མཐོལ་བ་དང་བཤགས་པ་དང་གཉེན་པོ་བསྟེན་པ་དག་གིས་ཉམས་པར་གྱུར་པ་ནི་སྐྱེ་བ་དེ་ཉིད་ཀྱི་ཡིན་པ་དེའི་ཕྱིར་དེ་ནི་ཡོངས་སུ་རྫོགས་པའི་རྣམ་པར་སྨིན་པ་འབྱིན་ནུས་པར་མི་འགྱུར་རོ་ཞེས་བྱ་བ་མ་བསགས་པ་ཉིད་ཡིན་པའི་ཕྱིར་ཟད་པ་ཞེས་གསུངས་པ་ཡིན་ནོ། །སྔོན་བྱུང་བར་གྱུར་པ་ནི་སྔོན་བྱུང་བ་འདས་པའོ། །དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་མ་ཡིན་པ་མི་གསུང་བ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གསུང་བ་ཉིད་ཀྱི་ཕྱིར་དེ་ནི་འདིར་སྟོན་པ་ཉིད་དེ་
སངས་རྒྱས་བཅོམ་ལྡན་འདས་སོ། །གང་དེ་ཁོ་ན་བཞིན་མ་ཡིན་པ་སྟོན་པར་མི་མཛད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་བཞིན་གཤགས་པ་ཉིད་གང་ལས་ཤེ་ན། དགྲ་བཅོམ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྨོས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང༌། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་བའོ། །ཡང་དང་པར་རྫོགས་པའི་སངས་རྒྱས་ནི་འགྲོ་བ་མ་ལུས་པ་མཁྱེན་པར་གྱུར་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འདིས་ནི་བདེན་པ་སྟོན་པའི་རྒྱུ་བསྟན་པ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པས་ཟིལ་གྱིས་ནོན་པ་དང༌། མི་ཤེས་པས་ཟིལ་གྱིས་ནོན་པ་དག་བརྫུན་དུ་སྨྲ་བར་འགྱུར་ལ། ཉོན་མོངས་པ་སྤངས་ཤིང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགས་སུ་ཆུད་པ་དེའི་ཕྱིར། འདིས་ནི་བདེན་པ་མ་ཡིན་པ་སྟོན་པར་མི་མཛད་དོ། །ཉོན་མོངས་པ་སྤངས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ལས་ཤེས་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་སྨོས་ཏེ། རིག་པ་ནི་ཡང་དག་པར་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་ནོ། །དེ་བས་ན་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཉོན་མོངས་པ་སྤངས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱི་མི་ལྡོག་པའི་ཕྱིར་རོ། །འདིས་ནི་ཕྱིར་མི་ལྡོག་པའི་སྟོན་པ་ཉིད་བརྙེས་པར་སྟོན་ཏོ། །བསྐལ་བ་དང་ལྡན་པ་དང་མི་ལྡན་པའི་འཇིག་རྟེན་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པའོ། །འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིན་ནོ། །སྟོན་པའི་མཛད་པ་ནི་རྣམ་པ་གཉིས་ཏེ། སྐལ་བ་དག་ལྡན་པ་དང་སྐལ་བ་དང་མི་ལྡན་པ་སོ་སོར་ཏོག་པ་ནི་དང་པོ་ཡིན་ལ། སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པ་ནི་གཉིས་པ་ཡིན་པ་དེའི་ཕྱིར་འཇིག་རྟེན་རིག་པ་ཞེས་བྱ་བ་འདིས་དང་པོ་བསྟན་པའོ། །གཉིས་པ་བསྟན་པའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁ་ན་གདུལ་བྱ་ཡིན་ཏེ། འདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བའོ། །དེ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པའོ། །ཁ་ལོ་སྒྱུར་བའི་ཁྱད་པར་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར་ཕྲེང་ཅན་ལ་
སོགས་པ་གདུལ་དཀའ་བ་འདུལ་བར་མཛད་པའི་ཕྱིར་དང༌། འདོད་པའི་བསོད་ཉམས་ལ་རྗེས་སུ་སྦྱོར་བ་དང༌། བདག་ཉིད་ངལ་བ་ལ་རྗེས་སུ་སྦྱོར་བ་ཡོངས་སུ་སྤངས་ནས་བདེ་བར་འདུལ་བར་མཛད་པའི་ཕྱིར་དང༌། ཡང་ཕྱིར་ཟློག་པ་མེད་པར་འདུལ་བའི་ཕྱིར་ཁ་ལོ་སྒྱུར་བ་བླ་ན་མེད་བའོ། །འདིས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་ལ་པར་མཛད་པ་སྟོན་པའི་ཕྲིན་པའི་ཕྲིན་ལས་གཉིས་པ་བསྟན་ཏེ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་ལྷ་དང་མི་རྣམས་ནི་སྟོན་པའི་གནག་ཟག་མཛད་པའི་སྣོད་ཡིན་གྱི་གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་སྟོན་པའི་ཕྲིན་ལས་ཀྱིས་སྣོད་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སངས་རྒྱས་།ནི་རབ་ཏུ་གྲངས་པའི་སངས་རྒྱས་ཏ་བཅོམ་ལྡན་འདས་སོ། །དེ་བས་ན་དོན་འདིས་ནི་སངས་རྒྱས་ཞེས་རབ་ཏུ་གྲགས་པ་གང་ཡིན་པའི་དེ་ནི་སྟོན་པ་ཡིན་ཏེ། སྔར་སྨོས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྒྱལ་སྲིད་ནི་བདག་པོའོ། །དེ་བྱེད་བཅུག་པ་ནི་གཞན་བློན་པོ་ལ་སོགས་པའི་སྒོ་ནས་སོ། །འབྱོ་པ་ཞེས་བྱ་བ་ནི་ཞིང་པ་དང་ཕྱུགས་སྐྱོང་བ་ཡུལ་གྱི་ཡོན་ཏན་དང་ཚོང་པ་དང་རྒྱལ་པོ་བསྟེན་པ་བདག་པོའི་ཡོན་ཏན་ལས་གྲུབ་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་འབྱོར་པའོ། །རྒྱས་པ་ཞེས་བྱ་བ་ནི་ཚང་མེད་པ་དང༌། ལེགས་པར་བསྐྱངས་པའི་སྒོ་ནས་གང་དུ་ནང་གི་གཏེར་མངོན་པར་འཕེལ་བར་གྱུར་པ་དེ་ནི་རྒྱས་པའོ། །བདག་པོས་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་རྣམ་པར་ཚེ་བ་ལས་བསྲུངས་པ་ནི་བདེ་བའོ། །ལོ་ལེགས་པ་ཞེས་བྱ་བ་ནི་བདག་པོ་དང༌། ལྗོངས་ཀྱི་མི་དག་ལྷ་དང་ལྡན་པ་ཉིད་ཀྱིས་དུས་ཇི་ལྟ་བ་བཞིན་དུ་ལྷས་ཆར་འདེབས་ཤིང་འབྲུ་རྒྱས་པས་སློང་མོ་ལེགས་པར་རྙེད་པའི་ཕྱིར་རྒྱལ་སྲིད་ལོ་ལེགས་པའོ། །མི་ནི་གཉེན་དང་རྒྱལ་པོས་ཉེ་བར་འཚོ་བ་སྐྱེ་བོ་འཁོར་དང་འགྲོན་པོ་ཡངས་ཤིང་རྒྱ་ཆེ་བ་མང་པོར་གྱུར་པ་གག་ཡིན་པ་དེ་ནི་སྐྱེ་བོ་མང་པོའོ། །གནག་པ་ནི་མང་པོ་དང་ལྡན་པར་གྱུར་པ་སྟེ། གྲོང་པ་ལ་སོགས་པས་མཆད་པའི་རྒྱལ་སྲིད་གང་ལ་ཡོད་པ་དེ་ནི་མི་དང་སྐྱེ་བོ་མང་པོས་གང་བའོ། །འཐབ་མོ་ཞེས་བྱ་བླ་ལ་སོགས་པ་ལ་འཐབ་མོ་ནི་བྱ་བ་མ་ཡིན་པ་ལ་ཆགས་པའམ། གཏོང་བར་དཀའ་བའོ། །འཐབ་པ་ནི་སྐྱེ་བོ་དག་ཁྲོ་བ་ལ་ཕྱིར་ཁྲོ་བའོ། །ནང་འཁྲུག་ནི་འགའ་ཞིག་གིས་རང་གི་
ཚོགས་འཁྲུག་པ་སློང་པ་གང་ཡིན་པ་དེ་ལ་བྱའོ། །ཕྱིའི་དགྲ་ནི་ཕ་རོལ་གྱི་དཔུང་གི་ཚོགས་ཀྱིས་དཀྲུགས་པའོ། །ཆོམ་རྐུན་ནི་རྐུན་པོའོ། །ཕྱུགས་པ་ནི་གསེར་ལ་སོགས་པས་སོ། །ནོར་ཆེ་བ་ནི་མ་ལ་སོགས་པས་སོ། །ལོངས་སྤྱོད་ཆེ་བ་ནི་གྲོང་ལ་སོགས་པས་སོ། །ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་ཡོངས་སུ་བཟུང་པ་ཡངས་ཤིང་རྒྱ་ཆེ་བ་སྟེ། འདིའི་འཁོར་མང་ཞིང་རྒྱས་པ་ཞེས་བྱ་བའི་ཐ་ཚིག་གོ །ནོར་ལ་གྲངས་མེད་པ་ཉིད་ཀྱི་ཕྱིར་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པའོ། །རྟག་ཏུ་གཏོང་བའི་དང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་སྟེ། རྣམ་ཐོས་ཀྱི་བུའི་ནོར་བཏང་བས་ཡོངས་སུ་ཟད་པར་མི་འགྱུར་བ་བཞིན་དུ་འདིའི་ཡང་བཏང་བས་ཟད་པར་མི་གྱུར་བའི་ཕྱིར་འགྲན་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པའོ། །བཀའ་མཆིད་ཀྱིས་ཡང་དག་པར་བསྟན་པ་ནི་བྱ་བ་ལ་བསྟན་པའོ། །ཡང་དག་པར་འཛིན་དུ་བཅུག་པ་ནི་སྦྱིན་པ་ལ་རྣམ་པར་བཀོད་པའོ། །ཡང་དག་པར་གཟེངས་པ་སྟོད་པ་ནི་ཚེ་འདི་ཉིད་སྦྱིན་པ་ལ་སོགས་པའི་ཕན་ཡོན་བརྗོད་པའོ། །ཡང་དག་པར་རབ་ཏུ་དགའ་བར་མཛད་པ་ནི་འཇིག་རྟེན་ཕ་རོལ་གྱི་ཕན་ཡོན་སྟོན་པར་མཛད་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམ་པར་གཟིགས་བཞུགས་པ་གལ་ག་སྟེ། ཕྱོགས་དེ་ལོགས་སུ་ཐལ་མོ་སྦྱར་བ་དང་ལུས་ཀྱི་ཕྱག་འཚལ་ཏེ་ཞེས་བྱ་བའི་བར་དུའོ། །ན་བཟའ་ནི་སྣམ་སྦྱར་ལ་སོགས་པའོ། །གནས་མ། ནི་ཁྲི་དང་ཁྲིའུ་ལ་སོགས་པ་སྟེ། གང་ལ་དགེ་སློང་དག་ཉལ་ཞིང་འདུག་པའོ། །བསྙུན་པ་དག་གི་རྐྱེན་ཏེ་བསྙུན་ཟློག་པར་བྱེད་པའི་རྒྱུ་མཚན་གྱི་སྨན་ནོ། །དེ་བས་ན་བསྙུང་བའི་རྐྱེན་ཡང་དེ་ཉིད་ཡིན་ལ་སྨན་ཡང་དེ་དག་ཡིན་པའམ། བསྙུང་བའི་རྐྱེན་ཏེ་ཚད་མ་དང༌། སྐྱབས་དང་རྟེན་པར་བྱ་བ་ནི་བསྙུང་བའི་རྐྱེན་སྨན་དག་ཉིད་དོ། །འཚོ་བ་ལ་མཁོ་བ་དེ་དག་ཐམས་ཅད་ཀྱང་དེ་དག་གིས་སྲོག་སྐྱོང་བར་བྱེད། ཡོངས་སུ་སྲུང་བར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཡོད་བྱད་ཅེས་བྱའོ། །བཞེས་པར་ཅི་གནང་ཞེས་བྱ་བ་ནི་ཞལ་གྱིས་བཞེས་
པར་རོ། །ཅང་མི་གསུང་བར་ཞེས་བྱ་བ་ནི་ཚིག་གིས་གནང་བ་ནི་ཐ་མ་ལ་པའི་རྟགས་ཡིན་པ་དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེའི་ཉལ་ཐོས་རྣམས་ནི་ཅང་མི་གསུང་སྦས་གནང་བར་མཛད་པའོ། །ལན་དུ་མ་ནི་ལན་མང་དུའོ། །འདོད་རྒྱལ་དུ་མི་གཏོང་བ་ནི་རང་དགར་མེ་གཏོང་བའོ། །བཟང་པོ་ནི་མཆོག་ཡིན་ཏེ། བཟང་པོ་ཁོ་ན་བཟང་པོ་ཉིད་དོ། །བཤོས་དག་གི་བཟང་པོ་ཉིད་ནི་བཤོས་བཟང་པོ་ཉིད་དོ། །གང་དུ་ཤིན་ཏུ་ཁྱད་པར་འཕགས་ཤིང་བསོད་པའི་ཟས་བསྒྲུབ་པར་ནུས་པ་གནག་ཡིན་པ་དེར་བཤོས་གསོལ་བར་བྱ་བའི་དོན་ཏོ། །ཆུར་ནི་ཆུས་ཡོངས་སུ་བཀང་བའི་སྣོད་གཙང་མའི་བྱེ་བྲག་གོ །གང་ལ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེ་བྱ་བ་ལ། ཁྱིམ་གྱི་ནང་དུ་ཡང་དག་པར་གཤེགས་པའི་མཛད་པ་གང་ལ་ད་ནི་ཆོགས་པའི་དུས་ལ་བག་པར་མཁྱེན་ནས་དེ་མཛད་པའི་རིགས་སོ། །ཞེས་བྱ་བ་ལ་ལྟོས་པའོ། །དགེ་སློང་གེ་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་ཞེས་བྱ་བ་ནི་འཁོར་དུ་གྱུར་པའི་དགེ་སློང་དག་གིས་ཁྱབ་པའོ། །འཁོར་འགའ་ཞིག་ནི་སྔོན་ནས་ཀྱང་འགྲོ་བར་བྱེད་ཅིང་ཕྱི་བཞིན་དུ་ཡང་འབྲང་བར་བྱེ་པས་བྱེ་བར་ཏུ་བྱེད་པ་ནི་མདུན་དུ་བདར་ནས་ཞེས་བྱ་བ་སྨོས་སོ། །མདུན་དུ་བདར་བ་ནི་མངོན་དུ་གཤེགས་པའོ། །བཀད་ས་ནི་དེར་ཟས་ཐམས་ཅད་དོགས་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་ནས་བཤོས་གསོལ་བའི་གནས་སོ། །ཚིམ་པར་བྱེད་པ་ནི་དབང་པོའི་འབྱུང་བ་ཆེན་པོ་ཚིམ་པར་བྱེད་པ་འདོད་པའི་ཟས་སྟོབས་པར་བྱེད་པའོ། །སྟོབས་པར་བྱེད་པ་ནི་ལྷག་པར་འདོད་པ་སྟོབས་པར་བྱེད་པའོ། །ཕྱག་བཅས་པ་ནི་ཕྱག་བསིལ་བར་གྱུར་པའོ། །སྟན་ཆེས་དམའ་བ་ནི་ཤིན་ཏུ་དམའ་བའོ། །རྒྱལ་པོའི་བཀས་དྲིལ་དཀྲོལ་ཞིང་དམ་བཅས་པ་གནག་གསལ་པོར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲགས་པ་སྟེ། དབང་ཕྱུག་གི་མཆོག་ཁ་ན་ལ་འོས་པ་ཡིན་ནོ། །འཚོང་བ་ནི་འཕྲལ་བ་ཁོ་ནར་བྱེད་པ་སྟེ། བཅའ་བ་ལ་སོགས་པ་མར་ལ་སོགས་པའི་ནང་དུ་འཚོད་པར་བྱེད་པ་ན་ཚོས་པ་ཉིད་དུ་སྒྲུབ་པར་བྱེད་པ་གནག་ཡིན་པ་དེ་ནི་འཚོད་པར་བྱེད་པའོ། །དེ་རང་གི་འབྱོར་པ་ལེགས་པའི་མཐའ་ཅན་ནི་ཞེས་བྱ་བ་ལ། རང་གི་འབྱོར་པ་ནི་ནོར་ཡིན་ལ། དེའི་
ཁྱད་པར་ནི་ལེགས་པའི་མཐའ་ཅན་ཞེས་སྨོས་ཏེ། འཐབ་རྩོད་ཉེ་བར་ཞི་བའི་ནོར་ལ་ལེགས་པའི་མཐའ་ཅན་ཞེས་བྱའོ། །ནོར་ལག་ནས་སྐབས་གསུམ་སྟེ། སྒྲུབ་པ་དང༌། སྲུང་བ་དང༌། ཡོངས་སུ་ལོངས་སྤྱོད་བའི་གནས་སྐབས་སོ། །དེ་ལ་ནོར་གྱི་ཐ་མ་ཡོངས་སུ་ལོངས་སྤྱོད་པ་འདི་ལ་མཛེས་པའི་མཐའ་ཡོད་པ་ནི་ཟློག་པར་ཡོངས་སུ་ལོངས་སྤྱོད་པ་སྟེ། དེ་འདྲ་བའི་ནོར་ནི་བདེ་བ་ཐོབ་ པར་བྱེད་པ་ཡིན་ནོ་ཞེས་འབྱུང་གོ །སེམས ་འཁྲུགས་པ་ལ་ཤིན་ཏུ་སྡིག་པའི་འབྲས་བུ་དང་ལྡན་པ་རྩུབ་པའོ། །རྡོ་ནི་སོ་ཕག་གི་དུམ་བུའམ། རྡོའི་དུམ་བྱའོ། །བོང་བ་ནི་ས་ལས་བྱས་པའི་རྐང་རྟེན་གྱི་དུ་མ་བུའམ་བོང་བ་ཉིད་དོ། །གཡོ་མོ་ནི་རྫ་དུམ་སོ་བཏང་བའམ། ཁམ་ཕོར་གྱི་དུམ་བུའོ། །དྲི་ཞིམ་པོའི་བདུག་པས་བཀང་བའི་སྣོད་ནི་དྲི་ཞིམ་པོའི་པོག་པོར་རོ། །བཞག་པ་ནི་དཔྱངས་ནས་བཞག་པའོ། །དར་གྱི་ཆུན་པོ་སྟེ་ཕན་ཚུན་ཡོངས་སུ་འབྲེལ་པའི་དར་གྱི་ཆུན་པོའི་ཚོགས་ནི་དར་གྱི་ཆེན་པོ་མང་པོའོ། །དཔྱངས་པ་ནི་ཡོངས་སུ་བསྐོར་ཞིང་གཡོགས་པ་ལ་བྱ་སྟེ། དར་གྱི་ཆུན་པོའི་ཚོགས་དཔྱངས་ཤིང་ཡོངས་སུ་བསྐོར་བར་གྱལ་པོའི་ཕོ་བྲང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱལ་མཚན་ནི་སེང་གེའི་རྒྱལ་མཚན་ལ་སོགས་པའོ། །བ་དན་ནི་ཤིང་ལ་བཏགས་པའི་གོས་ཀྱི་བྱེ་བྲག་གོ །བསྒྲེང་བ་ནི་བསླང་པར་གྱུར་པའོ། །རིན་པོ་ཆེའི་ཁྲི་ནི་གསེར་ལ་སོགས་པ་ལས་བྱས་པའོ། །བེའུ་རས་ཁྲ་བོ་ལ་སོགས་པ་གོས་དེ་དག་གིས་མཛེས་པར་བསྒྲུབས་པ་ནི་གདན་བཤམས་པའོ། །འཇམ་པ་ནི་མཉེན་པའོ། །རྒྱལ་ཆེ་བ་ནི་གཏོས་ཆེ་བའོ། །ཤིན་ཏུ་དྲི་ཞིམ་པ་ནི་དྲི་བཟང་པོའི་དྲི་དང་ལྡན་ཞིང་འབྱོར་པའི་ཟས་སོ། །ཡིད་དུ་འོང་བ་དང་འདྲ་བ་ནི་ཡིད་དང་རྗེས་སུ་མཐུན་པ་སྟོན་པའོ། །རྒྱལ་པོ་ལ་འོས་པའི་གདུགས་རྒྱ་ཆེ་བ་གང་ལ་འོངས་མའི་རྩིབས་བརྒྱ་ཡོད་པ་དེ་ནི་གདུགས་རྩིབས་བརྒྱ་པའོ། །གསེར་དང་ནོར་བུས་སྤྲས་པའི་ཡུ་བ་ཅན་གཡག་རྔ་ལས་བྱས་པའི་རྔ་ཡབ་ནི་གསེར་དང་ནོར་བུས་སྤྲས་པའི་རྔ་ཡབ་བོ། །སྒོར་ངེས་པར་སྦྱོར་བས་ན་སྒོ་བའོ། །ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡིད་ཀྱིས་ཤེས་པར་བྱ་བ་མཐོང་བ་ནི་ཤེས་པའོ། །མིག་གིས་བལྟ་བར་བྱ་བ་མཐོང་བ་ན་བལྟ་བའོ། །རིགས་དང་བཅས་པར་འཇུག་པས་ན་རིགས་དང་ལྡན་པ་
ཡིན་ལ། ཀཽ་ཤི་ཀའི་རྒྱས་དང་བཅས་པ་ནི་ཀཽ་ཤི་ཀའི་རིགས་དང་ལྡན་པ་སྟེ། དྲང་སྲོང་ཀཽ་ཤི་ཀའི་རིགས་ལས་བརྒྱུད་ནས་གང་སྐྱེས་པའོ། །གང་གིས་བྲག་པ་མེད་པའི་ཡེ་ཤེས་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་དག་ནི་བདེན་པ་མཐོང་བ་སྟེ། རྒྱུན་དུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་ནི་མཆོད་པའོ། །ཚེའི་སྒྲ་ནི་ཐམས་ཅད་དུ་འདས་པའི་དུས་བརྗོད་པའོ། །དུས་ནི་ཁྱིམ་བདག་ཉེས་མེད་ཀྱི་གནས་སྐབས་ཉེ་བར་མཚོན་པར་བྱེད་པའི་དུས་ཡིན་ཏེ། དེའི་ཚེ་དེའི་དུས་ཞེས་བྱ་བའི་བར་དུའོ། །ཤུགས་མཉམ་ཞེས་བྱ་བ་ལ་སོགས་པ་ལ། ཤུགས་ནི་མགྱོགས་པ་སྟེ། སངས་རྒྱས་ཉིད་ཀྱི་ལམ་རྒྱུའི་ཚོགས་ལ་སྙིང་རྗེས་ངོན་དུ་སོངས་བ་ཅན་གྱི་འཇུག་པ་འདིར་ཤུག་སྦྱིན་ཏེ། བདག་རྒྱུའི་ཚོགས་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ །སྟོབས་མཉམ་པ་ཞེས་བྱ་བ་ལ། སྟོབས་ནི་འབྲས་བུ་ཕུན་སུམ་ཚོགས་པ་སྟེ། བདག་སྟོབས་ལ་སོགས་པའི་རང་བཞིན་གྱི་འབྲས་བུ་ཕན་སུམ་ཚོགས་པ་ཡང་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །བརྩོན་འགྲུས་མཉམ་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པའི་འབྱོར་པ་ལ་འབད་རྩོལ་གྱི་བརྩོན་འགྲུས་ཏེ། གཞན་ལ་ཕན་པ་བསྐྱེད་པ་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་རྣམ་པ་དེ་གསུམ་གྱིས་མཉམ་ཞིང་མཚུངས་པ་ཐོབ་པར་གྱུར་པའོ། །ཡི་རངས་པ་ནི་ སེམས་དགའ་བའོ། །མངོན་པར ་བསྟོད་པ་ནི་མངོན་པར་བསྟོད་པར་གྱུར་པའོ། །མགར་བ་ནི་ལྕགས་མགར་རོ། །བཞིན་བཟངས་ཁྱོད་ཅེས་བྱ་བ་ལ། བཞིན་བཟངས་ཀྱི་སྒྲས་ནི་ཁ་གདོང་མཚོན་པར་བྱེད་པ་ཡིན་ལ། ཁྱོད་ཅེས་བྱ་བ་ནི་ལས་བྱེད་པའོ། །རིན་མེད་པ་ནི་ཚིག་ཙམ་གྱིས་ལས་བྱེད་དུ་འཇུག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྔན་པ་ནི་དགའ་བཞིན་དུ་སྟེར་བའོ། །བརྒྱངས་པ་ནི་དུས་ཟད་པར་བྱེད་པའོ། །མཛའ་བོ་ནི་བརྩེ་བ་དང་ལྡན་པའོ། །འགྲོ་བར་བྱེད་པས་ན་འགྲོ་བ་སྟེ་དགེ་སློང་ངོ༌། །གཉན་གྱི་ཁྱིམ་ནི་རིགས་རྒྱུད་ཀྱི་ཆོགས་དག་གི་ཁྱིམ་མོ། །ཉེ་བར་འགྲོ་བའི་དགེ་སློང་དང་འདྲིས་པ་དེའི་ཁང་པ་ནི་འདྲིས་པའི་ཁྱིམ་མོ། །ཤེས་པ་ནི་མཁས་པའོ། །དབེན་པ་སྨོས་པ་ནི་འཇིག་རྟེན་མ་དད་པ་སྤང་བའི་ཕྱིར་རོ། །མེ་ཏོག་
པདྨ་ལྟར་དམར་བའི་ཡུལ་བ་ཅན་ཞེས་བྱ་བ་ནི། ཀུན་ནས་བསྐོར་བ་ལས་གྲུབ་པའི་ཤིན་ཏུ་དང་བ་སྟེ། བཀྲ་བ་དང་ཉེ་བར་བཀྲ་བའི་ཡུལ་བ་ཅན་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ཞེས་བྱ་བ་ལ་སོགས་པ་ལ། དགེ་སྦྱོང་གི་ཀུན་དུ་སྤྱོད་པ་གནག་ལ་ཡོད་པ་དེ་ནི་དགེ་སྦྱོང་དག་གོ །འདོད་པའི་ཡོན་ཏན་ནི་འདོད་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་ཡིན་ལ། གོམས་པར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་ཏེ། འདོད་པ་འམ་འདུན་པའི་འདོད་ཆགས་ཀྱི་དེ་གོམས་པར་བྱ་བ་ཡིན་པའི་ཕྱིར་འདོད་པའི་ཡོན་ཏན་ནོ། །གཟིར་བ་ནི་གནོད་པར་གྱུར་པ་སྟེ། ཁྱེད་ཅག་གཞན་གཡོས་འདོད་པ་ལ་ལོངས་སྤྱོད་པར་གྱུར་ཅེས་བྱ་བའི་བར་དུའོ། །ལྕགས་ལས་རྣམ་པར་བསྒྱུར་བ་ནི་ལྕགས་ལས་བྱས་པའོ། །རྨོངས་པ་མེད་པར་ལན་ལྡོན་པར་ནུས་པ་ནི་སྤོབས་པ་ཡིན་ལ་དེ་མེད་པར་གྱུར་པ་ནི་ཉམས་པར་གྱུར་པའོ། །མཚོན་ཆའི་རྣམ་པ་ལྟ་བུས་མ་གནང་བ་ནི་རྩེ་མོ་རྣོ་བ་ཉིད་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །བསྒྲུབ་པར་བྱ་བ་གདགས་པའི་དོན་དང༌། སྲད་བུད་དབང་དུ་བྱ་བའི་དོན་དུ་བུག་པ་གྲུ་བཞིན་ནི་སྲ་བརྐྱང་ཞེས་བྱ་བ་ཡིན་ཏེ། དེ་ལ་གོས་གདིང་བའི་ཚད་ཀྱིར་རྣམ་པ་སྤང་ལེབ་ཀྱི་འཁོར་གྱི་ཚད་ཡིན་ཏེ། མཚན་མའི་རྣམ་པར་ནས་བཟུང་སྟེ་འདྲ་བའོ། །མེ་ལོང་ལ་སོགས་པ་གདོད་མཛེས་པར་བྱེད་པའི་ཐབས་སུ་གྱུར་པའི་དངོས་པོ་བསྒྱུར་པའི་རྫས་སོ། ཆུའི་སྣོས་སློང་ལ་རྨ་ལ་སོགས་པ་ལས་ལྟ་བ་ལ་ཉེས་པ་མེད་པར་གསུངས་པ་ནི་སྐྱོབ་པ་སྐྱེད་པར་རབ་ཏུ་བསྟན་པའི་ཕྱིར་རོ། །སྐྲ་ཤད་པར་བྱེད་པའི་རྫས་ནི་སོ་མངས་སོ། །རྩྭ་པུ་ཤེལ་ཙིལ་སོགས་པ་ལས་བྱས་པའི་ཁྲེས་པོ་ནི་བཤད་སྤྱད་དོ། །ཀཽ་ཤཱམྦཱི་འབའ་ནི་གྲོང་ཁྱེར་རོ། །ཕག་མོའི་མཚན་མའི་ཕུར་ནི་ཕག་མོའི་ཕུག་གོ །སྐྱེད་མོས་ཚལ་ནི་རྩེད་མོའི་གནས་སོ། །བར་མེད་ཅིང་བར་ཆད་མེད་པར་མེ་ཏོག་རྒྱས་པ་ནི་ཀུན་ནས་རྒྱས་པར་གྱུར་པ་སྟེ། གང་དུ་མི་ཏོག་དག་སྐྱེས་པར་གྱུར་པ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །ནགས་ཀྱི་འཁོར་ནི་ནགས་ཀྱི་སོགས་སོ། ནགས་ཉལ་བ་ནི་ཐིབས་པོའི་ཕྱོགས་སོ་སོར་རྟོགས་པའོ། །གནོད་པར་བྱེད་པ་ལ་སོགས་པ་འོངས་བ་ཡོངས་སུ་སྤང་བའི་ཕྱིར་ལ་གཅན་དག་ལ་བཀོད་པའོ། །གང་ལ་ཞེས་བྱ་བ་ལ་སོགས་པ་ལ། ལས་སུ་བྱ་བ་གང་ལ་སྒྲུབ་པར་
བྱེད་པའི་འདུ་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཅི་ལྟར་འདོད་པ་བཞིན་དུ་རབ་ཏུ་རྒྱུ་ཞིང་འཁོད་དོ་ཞེས་བྱ་བ་ལ་རབ་ཏུ་རྒྱུ་བ་ནི་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་རྣམ་པའོ། །གནས་པར་བྱེད་པས་ན་འཁོད་པ་སྟེ། གནས་པར་བྱེད་པ་ནི་བདག་ཉིད་འདོད་པས་རྒྱུག་པ་དང་མཆོང་བ་ལ་སོགས་པའི་བྱ་བ་དང༌། གཉིད་ཀྱིས་ལོག་པ་ལ་སོགས་པའི་བྱ་བ་དང་བྱེད་པ་རྩོམ་པའོ། །བར་བར་དུ་གོས་ཀྱི་དུམ་བུ་གླན་པ་ནི་ཚེམ་བུའོ། །ཆོས་གོས་དང་ཤམ་ཐབས་རལ་བ་ནི་རྙིངས་པར་གྱུར་པའོ། །གསོད་པའི་བསམ་པས་མཚོན་ཆ་འདེབས་པར་བྱེད་པ་ནི་མཚོན་འཕྱར་བའོ། །སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའོ། །འདོད་པ་ནི་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཟག་པ་མེད་པའི་ལམ་གྱིས་སྤངས་པས་ཐོབ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་ཟག་པ་མེད་པའི་ལམ་གྱིས་སྤངས་པས་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཟག་པ་མེད་པའི་ལམ་གྱིས་སྤངས་ནས། ཤེས་པ་སྐད་ཅིག་མ་བཅུ་དྲུག་འདུས་བྱས་དང་འདུས་མ་བྱས་ཀྱི་དབྱེ་བ་ཐ་དད་པ་ཐོབ་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བའི་བདེ་བ་དང་ཡང་དག་ པར་ལྡན་པ་སེམས ་རྩེ་གཅིག་པའི་དགེ་བ་ནི་བསམ་གཏན་དང་པོའོ། །རྟོག་པ་དང་དཔྱོད་པ་དང་བྲལ་བའི་དགའ་བའི་བདེ་བ་དང་ཡང་དག་ པར་ལྡན་པ་སེམས ་རྩེ་གཅིག་པའི་དགེ་བ་ནི་གཉིས་པའོ། །དགའ་བའི་འདོད་ཆགས་དང་བྲལ་བས་དགའ་བ་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པ་ནི་གསུམ་པའོ། །བཏང་སྙོམས་དང་ཡང་དག་པར་ལྡན་པ་ནི་བཞི་པའོ། །ཐོབ་པ་ནི་མཐོང་བའི་སྒོ་ནས་ཐོབ་པའོ། །བོང་ཚོད་ཆེ་བ་དང༌། རྐང་ལག་རིང་བའི་སྲིན་བུ་ནི་རྔ་མོ་ལྟ་བུའི་སྲིན་བུ་སྟེ། རྔ་མོ་ལྟ་བུའི་སྲིན་བུས་གསོན་པོ་ཉིད་དུ་ཟར་བཅུག་པའི་བསམ་པ་དེའི་ལྷག་
པའི་ཚིག་གོ །རྒྱལ་པོ་ལ་ཡང་དེའི་རིགས་ཅན་གྱི་སྲོག་ཆགས་བསྡུས་པ་ཡོད་པ་ཁོ་ན་ཡིན་པ་དེའི་ཕྱིར་འོན་ཅིག་ཅེས་སྨྲ་བ་ཡིན་ནོ། །ཉེས་པ་ཡོད་པ་ཡིན་པའི་ཕྱིར་ཉེས་པ་མེད་པའོ། །གཞན་ལ་གནོད་པ་བྱེད་པར་མ་བརྩམས་པ་ཉིད་ཀྱི་ཕྱིར་གནོད་པ་མ་བྱས་པའམ། གནོད་པ་བྱེད་པ་མ་ཡིན་པའོ། །གཞན་དང་འབྲེལ་པའི་ཕྱིར་བདག་ཉིད་མངོན་སུམ་དུ་གནོད་པ་བྱེད་པ་མ་ཡིན་པས་ན་གནོད་པ་བྱེད་པ་མ་ཡིན་པ་ཅན་ཐར་བར་བྱའོ་སྙམ་མོ། །རི་དགས་གསོད་པའི་ཕྱིར་དགའ་བ་ནི་ཀུན་ནས་འཚེ་བར་བྱེད་པ་ལའོ། །ལྷག་པར་རྨོངས་པས་ཀུན་ཏུ་དཔྱོད་པའི་སྐྱེས་བུ་ནི་བླུན་པོའོ། །སྡུག་བསྔལ་བ་ནི་ལུས་ཀྱིའོ། །ཉམ་ང་བ་ནི་སེམས་ཀྱིའོ། །སོར་གཉིས་ནི་སོར་གཉིས་སོ། །སོར་གཉིས་སུ་འཇུག་ཅིང་ཁྱབ་པའི་ཕྱིར་སོར་གཉིས་ཀྱི་ཚད་དེ་སོར་གཉིས་སླེབ་པ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་གསུམ་པ། །འདོད་པ་སྟེ་གཟུགས་ལ་སོགས་པ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་འདོད་པ་ལ་ལོངས་སྤྱོད་པའོ། །བསྟེན་པར་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བའོ། །ཕྱི་རུབ་ལ་ཞེས་བྱ་བ་ལ་སོགས་པ་ལ་བློ་སྐར་གྱི་རྣམ་པ་ནི་འདི་ཡིན་ཏེ། དེའི་ཕྱི་རོལ་གྱི་ངོས་སུ་རུབ་པ་ནང་གི་ངོས་ཡངས་པ་རྒྱ་མཚོ་ལྟ་བུར་བྱས་པའི་དབྱིབས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རིམ་བཞིན་ཡངས་པ་ཞེས་བྱ་བའི་བར་དུའོ། །གློ་སྐར་ནི་སྐར་ཁུང་དྲ་བ་ཅན་ནོ། །སྒོ་གླེགས་ནི་སྒོ་གླེགས་ཀྱི་མིང་ཅན་གྱི་ཤིང་ལེབ་སྟེ། གང་གི་གློ་སྐར་གྱི་སྒོ་གཅོད་པར་བྱེད་པའོ། །འཁོར་གཏན་ནི་སྒོ་གླེགས་ཕྱིར་མི་ཕྱེད་པའི་ཐབས་སུ་གྱུར་པ་སྟེ། སྒོའི་སྒོ་གླེགས་ཀྱི་དབུས་ཀྱི་ཕྱོགས་སུ་ཁྲུ་གང་གི་ཚད་ཀྱི་ཤིང་གཟེར་བུས་སྦྱར་བ་དེ་འཛིན་པའི་ཤིང་དེ་འཁོར་ལོ་བཞིན་ཡོངས་སུ་བསྐོར་ནས་གཟུང་བར་བྱ་བ་དེ་ལ་འཇོག་པར་བྱེད་པའི་ཕྱིར་འཁོར་གཏན་ཞེས་བྱའོ། །སྒོའི་ཡ་ཕུབས་ལ་ཉེ་བར་བཏགས་པའི་ཕུར་པ་ལ་སོགས་པ་ནི་གནམ་གཟེར་རོ། །རྩིག་པའི་བུ་གའི་ནང་དུ་ཆུད་པའི་ཤིང་བུ་རེད་བུ་ནི་འཕྲེད་གཏན་ཞེས་བྱའོ། །རའི་རྐང་པའི་རྣམ་པ་ཅན་གྱི་ཤིང་བུ་ནི་དབྱུག་གི་སྐམ་ཁ་སྟེ། གང་གི་ཕྱིར་དེས་གློ་སྐར་གྱི་འཕྲེད་གཏན་འཛུད་པ་དང་འབྱིན་པར་བྱེད་པའོ། །སྒོ་ལ་སྒོ་གླེགས་ཆུ་ཤིག་ཅེས་བྱ་བ་ནི་སྒོ་གླེགས་གདགས་པའོ། །སྡེ་མིག་ཀྱོག་པོ་ཞེས་བྱ་བ་ནི་སྒོ་གླེགས་འབྱེད་པ་ཐབས་སུ་གྱུར་པའོ། །ལག་ཟུངས་
ཞེས་བྱ་བ་ནི་ལྕགས་ལས་བྱས་པ་སྒོ་ནང་དུ་འདྲེན་པའི་ཐབས་སུ་འགྱུར་པའོ། །སོ་ཕག་གི་སྟེགས་བུ་ནི་ཕུག་རོན་གྱི་ཕྲེང་བ་ཅན་ནོ། །ཞལ་ཞལ་ནི་རྡོ་ཐལ་གྱི་ཞལ་ཞལ་དུ་རིག་པར་བྱའོ། །ལྕགས་ཀྱི་ཐལ་ཕྱག་ནི་ལྕགས་ལས་བྱས་པའོ། །མཁྲིས་པ་ལ་སོགས་པའི་ཉེས་པས་འཁྲུགས་པ་ནི་རྨྱ་བ་སྟེ། ནང་ན་ཡོད་པའི་མེ་ཉམས་པར་གྱུར་པའོ། །འབྲུ་མར་ལ་སོགས་ཞེས་བྱ་བ་ནི་ཉུངས་ཀར་གྱི་མར་རོ། །སོ་བ་བཏགས་པ་ནི་ཕྱེའོ། །སྦྲུས་པ་ནི་གཉེན་པོར་གྱུར་པའོ། །རྩྭ་སྟེན་ནི་རྩྭ་མུན་རྫ་ལ་སོགས་པའི་སྙིང་པོའོ། །གྱོ་མོ་ནི་ཁམ་ཕོར་ལ་སོགས་པའི་དུམ་བུའོ། །ཁྲུས་ཀྱི་དོན་གྱི་ཁང་པ་ནི་ཁྲུས་ཁང་ངོ༌། །ལྕི་བ་ནི་ལྕི་རློན་ནོ། །ཚ་ཁུག་ནི་ཚའི་སྣད་དོ། །གཡོ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྟོགས་པ་མེད་པས་ཀུན་ཏུ་སྤྱོད་པ་ནི་གཡོ་མེད་པའོ། །གཞན་སླུ་བར་བྱེད་པ་ནི་སྒྱུ་སྟེ་དེ་མེད་པའོ། །ཚིག་ཀུན་ལ་ཡིད་ཆེས་པ་ནི་དྲང་པོ་སྟེ། དེ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དྲང་བའི་རང་བཞིན་ཅན་ལ་རང་བཞིན་གྱིས་དྲངས་པ་ཞེས་གསུངས་པའི་ཕྱིར་རོ། །ཉིན་རེ་ཞིང་ཞེས་བྱ་བ་ནི་ཉིན་རེ་ལ་འམ་ཉིན་རེའི་ཐོ་རངས་ཞིང་ངོ༌། །མི་མཛེས་པ་ནི་མཛེས་པ་མ་ཡིན་པའོ། །མི་རིགས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་ནི་སྤྱོད་པ་ཡིན་པའི་ཕྱིར་ཚངས་པར་སྤྱོད་པའོ། །ཚངས་པར་སྤྱོད་པ་མ་ཡིན་པ་ནི་མི་ཚངས་པར་སྤྱོད་པ་སྟེ། མྱ་ངན་ལས་འདས་པ་དང་འགལ་བའི་ལས་སུ་བྱ་བ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཕས་པ་མ་པ་ཞེས་བྱ་བ་ནི་ལྟུང་བའི་རྗེས་སུ་འགྲོ་བའི་མིང་ཡིན་ཏེ། དེ་དང་ལྡན་པའི་ཕྱིར་གང་ཟག་ལ་ཡང་པས་ཕམ་པ་ཞེས་བྱའོ། །གསོལ་བ་དང་གཉིས་ཀྱི་ལས་རྣམ་པར་བྱེད་པའི་སྒོ་ནས་དགེ་སློང་དག་གང་གིས་ཁྱིམ་ནས་བསོད་སྙོམས་ལེན་པར་བྱེད་པ་དེ་ལ་བརྟེན་ནས། དགེ་སློང་དག་གིས་ལྷུང་བཟེད་ཁ་སྦུབ་པ་ནི་ངེས་པར་ཁ་སྦུབ་པ་ཡིན་པར་བལྟ་བར་བྱའོ། །དྲིས་པའི་ཚིག་གིས་ཞེས་བྱ་བ་ནི་གཎྜཱི་བརྡུངས་བ་ན་ལམ་གྱི་ཕྱོགས་ན་གནས་པའི་དགེ་སློང་གིས་ཅིའི་ཕྱིར་གཎྜཱི་བརྡུངས་པ་སྔོན་དུ་སོང་བ་ཅན་གྱི་འདུས་པ་མཛད་ཅེས་དྲིས་པ་གང་ཡིན་པ་དེ་ལ། དྲིས་ནས་ལན་དུ་བརྗོད་པ་དེ་ནི་དྲིས་པའི་ཚིག་ཡིན་ནོ། །དེས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་བ་སྟེ། རྒྱུ་བརྗོད་པ་སྔོན་དུ་
སོང་བ་ཅན་གྱི་དགེ་འདུན་རྣམས་འདུག་ཅིང་མཐུན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །མཐུན་པ་ནི་འདུས་པ་ཡིན་ལ། འདུས་པ་སྔོན་དུ་སོང་བ་ཅན་གྱི་སྟན་སོ་སོར་སྟོབ་པར་བྱེད་པ་ནི་འདུག་པར་གྱུར་པའོ། །གསོལ་བ་ནི་དགེ་འདུན་ལ་གོ་བར་བྱེད་པའོ། །གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་ཞེས་བྱ་བ་དེ་ལ་ནི་འདྲི་བ་ཡིན་ཏེ། གལ་ཏེ་དགེ་འདུན་གྱི་སྐབས་ལ་བབ་ཅིང་ལྷུང་བཟེད་ཁ་སྦུབ་པ་ལ་རིགས་པར་སྤོབས་པ་ནི་བཟོད་པ་སྟེ། རིགས་པར་དགོངས་སམ་ཞེས་དྲིས་སོ། །གནང་བར་མཛོད་ཅིག་ཅེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། ལས་བྱེད་པས་དགེ་འདུན་ལས་གནང་བ་གསོལ་བ་ནི་གལ་ཏེ་དགེ་འདུན་གྱིས་རིགས་པར་སྤོབས་པ་མཛད་ན་ལྷུང་བཟེད་ཁ་སྦུབས་པའི་ཕྱིར། དེ་དགེ་འདུན་གྱིས་གནང་བར་མཛོད་ཅིག་པའོ། །གང་དག་བཟོད་པ་ཞེས་བྱ་བ་ནི་གང་དག་ལིཙྪ་བའི་ཆེན་པོ་ལ་ལྷུང་བཟེད་ཁ་སྦུབ་པར་རིགས་པས་སྤོབས་པ་དེ་དག་ནི་ཅང་མི་སྨྲ་བར་འདུག་པར་བྱ་བ་ཡིན་ལ། གཞན་དག་ནི་སྨྲ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་དགེ་འདུན་མི་གསུང་བར་བཞུགས་པ་དེའི་ཕྱིར། དགེ་འདུན་གྱིས་ལྷུང་བཟེད་ཁ་སྦུབ་པ་ལ་བཟོད་པ་དང་ལས་བྱེད་པ་ལ་དགེ་འདུན་གྱིས་གནང་བ་སྩལ་བ་ཡིན་ནོ།། །།ཚུལ་ཤིང་བོར་བ་ནི་མིང་བྱང་ལས་མིང་ཕྱིས་པར་གྱུར་པ་སྟེ། དད་པ་ཅན་གྱི་ནང་ནས་གསལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །མི་ཤེས་པ་ནི་ཅི་ཞིག་བྱ་བ་ལ་སོགས་པ་ལ་རྨོངས་པའོ། །སྟན་ལ་སྤྱོད་པ་ནི་འཐད་པའམ་རབ་ཏུ་གྲགས་པ་བཞིན་དུའོ། །གསོལ་བ་འབའ་ཞིག་ཅེས་ཕྱོགས་གང་དུ་བཞག་ན་བྱས་པར་གྱུར་པ་ལས་ཐོབ་པ་ལ་སོགས་པའི་སྒྲ་ཐོས་པར་གྱུར་པ་དེ་ནི་ཐོས་པའི་ཉེ་འཁོར་དེ་ལས་བཀར་བ་ནི་བསྐྲད་པའོ། །མཐོང་བའི་ཉེ་འཁོར་ནི་གང་དུ་འདུག་ན་དགེ་འདུན་མཐོང་བར་གྱུར་པའོ། །གསོལ་བ་འབའ་ཞིག་ཅེས་བྱ་བ་ནི་ལས་ཀྱི་ཚིག་གིས་གཏོང་བར་གོ་བར་བྱེད་པའོ། །གསོལ་བས་བཀག་པ་ལ་ཡང་ཀུན་ཏུ་སྤྱོད་པར་གནང་བ་ནི་སླར་བཟློག་པའོ། །ལས་ལ་ཕན་པ་ནི་ལས་སུ་རུང་བ་སྟེ། རུང་བ་ཞེས་བྱ་བའི་བར་དུའོ། །ཟས་ཀྱི་བྱ་བ་བྱས་ནས་ཞེས་བྱ་བ་ལ། ཟས་ཀྱི་བྱ་བ་བྱས་པ་སྟེ་ཡོངས་སུ་ལོངས་སྤྱོད་ནས་སོ། །ཕྱི་མའི་ཟས་ནི་ཟས་ཀྱི་དུས་ལས་འོག་
ཏུའོ། །བསོད་སྙོམས་ལས་སླར་ལོག་པ་ནི་ཕྱིར་ལོག་པ་སྟེ། ཟས་ཀྱི་ལྷག་མ་སྤངས་པའི་ཕྱིར་རོ། །ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་པ་ནི་གཞག་པའོ། །ཡིད་ལ་བྱེད་པ་ནི་ཏིང་ངེ་འཛིན་གྱི་རྣམ་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཉམ་ང་བ་ནི་ སེམས་ལས་བྱུང་བའོ། །ཀུན་ནས་གཟིར་བ་ནི་མངོན་པར ་འདོད་པ་མ་ཡིན་པའི་གནས་སྐབས་སོ། །འདོད་ཆགས་ཀྱི་རང་བཞིན་པ་ནི་མི་གཙང་བ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་མི་གཙང་པའི་དངོས་པོ་ལ་དམིགས་པ་ཉིད་ཀྱི་ཕྱིར་མི་གཙང་བ་ཞེས་བྱ་བའོ། །བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཡང་དང་ཡང་མངོན་དུ་བྱ་བའོ། །བརྡེག་པར་བྱ་བ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་མདས་ སེམས་ལ་བརྡེག་པར ་བྱ་བའོ། །ལུས་ལ་དམིགས་པའི་དྲན་པ་ནི་ལུས་སུ་གཏོགས་པ་སྟེ། གང་གི་ཚེ་ལུས་དྲན་པ་ཉེ་བར་གཞག་པ་ཐོབ་པར་གྱུར་པ་དེའི་ཚེ་དེ་བསྒོམ་པར་འགྱུར་རོ། །རྩེ་བར་བྱེད་པ་ནི་འོ་དང་འཁྱུད་པ་ལ་སོགས་པས་སོ། །དགའ་བར་བྱེད་པ་ནི་ཆུང་མའི་ཡུལ་ལ་དགའ་བའི་སེམས་ཀྱིས་སོ། །དགའ་དགུར་སྤྱོད་པ་ནི་འཁྲིག་པ་ཀུན་ཏུ་སྤྱོད་པའི་སྒོ་ནས་སོ། །གཟུགས་མཛེས་པ་ནི་ཁ་དོག་གིས་སོ། །བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ནི་དང་བ་དང་དགའ་བའི་རྒྱུ་ཅན་གྱི་ཡིད་དུ་འོང་བའོ། །སྔོན་དང་མི་འདྲ་བར་རྣམ་པར་གྱུར་པས་གཟུགས་མི་སྡུག་པའོ། །གནས་ནི་གནས་ཁང་དུ་འཇུག་པར་བྱའོ། །མདངས་རྒྱས་པ་ཞེས་བྱ་བ་ནི་ཡོངས་སུ་རྒྱས་པར་གྱུར་པ་ཉིད་དོ། །མེ་ལོང་ལྟར་ཞེས་བྱ་བ་ནི་ཇི་ལྟར་མེ་ལོང་ལ་ཅུང་ཟད་ཙམ་གྱིས་མི་སྡུག་པར་གྱུར་པ་དེ་བཞིན་དུ་ཁ་གདོང་དག་ཀྱང་ངོ༌། །ཤོར་བ་ནི་གང་དཔའ་བོར་གྱུར་པ་འདིར་བཟང་པོར་རིག་པར་བྱ་སྟེ་དེ་དག་གི་ཤོར་བའོ། །བཅའ་བའི་རིན་ནི་གསེར་ལ་སོགས་པའོ། །བདག་ཅག་རྗེས་སུ་བཟུང་ན་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་རྗེས་སུ་བརྩེ་ནའོ། །འཕྱ་བར་བྱེད་པ་ནི་མིང་སྨོས་པའི་སྒོ་ནས་འགའ་ཞིག་ལ་ཚུལ་མ་ཡིན་པ་རྗོད་པར་བྱེད་པའོ། །སྨོད་པར་བྱེད་པ་ནི་མིང་སྨོས་པ་མེད་པར་སྤྱིར་འགའ་ཞིག་འདི་ལྟ་བུ་བྱེད་དོ་ཞེས་ཉེས་པ་བརྗོད་པར་བྱེད་དོ། །ངན་དུ་ཟེར་བ་ནི་ཉེས་པ་བརྗོད་པའི་སྒོ་ནས་འདྲི་བ་ལ་སྦྱོར་བའོ། །ཤཱཀྱའི་བུའི་སྡོམ་པ་ལ་གནས་པ་ནི་ཤཱཀྱའི་བུའོ། །
དགེ་སྦྱོང་ནི་ཐར་པའི་དོན་དུ་འཇུག་པའོ། །ཚིག་པ་ནི་རྣམ་པར་ཉམས་པའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཐར་པའི་དོན་དུ་ཡོངས་སུ་སྦྱོང་བའོ། །བྲམ་ཟེ་ནི་ལུས་དང་ངག་གིས་ཉེས་པར་ཡོད་པ་ལས་ལྡོག་པ་ཡིན་གྱི། བྱ་བ་མ་ཡིན་པར་བྱེད་པ་སྣང་བ་གང་ཡིན་པ་དེ་དག་ནི། ཐར་པའི་དོན་དུ་ཡོངས་སུ་སྤྱོད་ཞིང་བྱེད་པ་མ་ཡིན་ནོ། །རྣམ་པར་བརྗེད་པ་དྲན་པར་བྱེད་པ་ནི་སྦྱང་བའོ། །སྤ་གང་བར་གྱུར་པ་ཞེས་བྱ་བ་ནི་སྐྱོ་བས་གདོང་ཐུར་དུ་བལྟས་པའོ། །དེའི་ཚེ་ཞེས་བྱ་བ་ལ་ཁ་ལུའི་སྒྲ་ནི་ངེས་པར་གཟུང་བའམ། ངག་མཛེས་པར་བྱ་བའི་དོན་ཏོ། །ཚེ་ནི་དུས་ཡིན་ཏེ། བདུན་པའི་དོན་གྱི་རྒྱུའི་གསུམ་པ་ཡིན་པ་དེ་བས་ན་དུས་དེ་ནས་ཞེས་བྱ་བའི་དོན་དུ་འགྱུར་རོ། །དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལས་དང་འབྲེལ་བ་དང༌། གཞན་ལས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་སྐྱེས་པར་ཡིད་ཆེས་པ་ནི་དད་པའོ། །སྡིག་པ་ལས་རྣམ་ པར་བཟློག་པའི་ཕྱིར་བཟང་པོའོ། །སེམས ་དགེ་བའི་ལས་ལ་བརྟེན་པ་ནི་དགེ་པའི་བསམ་པ་ཅན་ནོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ཅན་གྱི་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལ་རྣམ་པར་བཀོད་པ་ནི་ངེས་པར་འཇོག་པའོ། །དེ་དག་ཀྱང་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་ནས་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པའི་བར་དུའོ། །ལུས་ཀྱིས་མདངས་སྨད་པར་བྱ་བ་ནི་ཁ་དོག་ངན་པའོ། །ལུས་ཆུང་བ་ནི་ལུས་ཀྱི་ཚད་ཆུང་བའོ། །འདུས་པ་ནི་ཐག་ཉེ་བ་ན་གནས་པའི་ཉེ་དུ་དག་འདུས་པའོ། །ལྷགས་པ་ནི་ཐག་རིང་པོ་ན་གནས་པ་དག་འོངས་པར་གྱུར་པའོ། །ཉི་མ་བདུན་པོའི་ཚོགས་ནི་ཉིན་ཞག་བདུན་པའོ། །གལ་ཏེ་ཡང་ཉི་མ་ཉི་ཤུ་རྩ་གཅིག་པོ་བདུན་པ་གསུམ་དག་ཡིན་པ་དེ་ལྟ་ན་ཡང་བདུན་པ་རེ་རེ་ཡོངས་སུ་རྫོགས་པ་ལ་སྐྱེ་བའི་ཚིག་ཡོད་པ་དེ་མ་བརྗོད་པར་འགྱུར་ལ་བདུན་པ་གསུམ་འབའ་ཞིག་བརྗོད་ན་ཡང་བར་མེད་པའི་ཐེ་ཚོམ་གྱིས་ཉི་མ་ལྷག་པ་སྲིད་པར་འགྱུར་བས་གཉི་ག་སྨོས་པ་ཡིན་ནོ། །གསོས་པ་ནི་ཁྲུས་དང་བསྐུ་མ་ཉེས་ལ་སོགས་པ་ཕྱི་རོལ་གྱི་མཁོ་བའི་ཡོ་བྱད་ཀྱི་སྒོ་ནས་སོ། །བསྐྱེད་པ་ནི་ནང་དུ་གཏོགས་པའི་བཟའ་
བའི་ཁྱད་པར་དག་གིས་སོ། །བསོད་པ་ནི་ཡིད་དང་འཐད་པའོ། །བཅའ་བ་ནི་རྩ་བ་ལ་སོགས་པའོ། །བཟའ་བ་ནི་སྣུམ་ཁུར་ལ་སོགས་པའོ། །མཚན་མ་ནི་སྔོན་སྦྱིན་པ་དྲན་པར་བྱེད་པའི་ཐབས་སོ། །སྒྲ་སྙན་པ་ནི་སྒྲ་མཛེས་པའོ། །ཤེས་པར་བྱས་ནས་ཞེས་བྱ་བ་ནི་དབྱངས་ཀྱི་ཡུལ་ལ་ཕ་རོལ་པོའི་རྣམ་པར་ཤེས་པར་སྐྱེད་པར་བྱེད་པའོ། །ཐར་པའི་ཆ་དང་མཐུན་པ་ནི་ཐར་པ་དང་རྗེས་སུ་མཐུན་པ་སྟེ། གང་ཟག་གང་ལ་སྐྱེས་ན་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་སུ་འགྱུར་བའོ། །བོས་པ་ནི་ཉེ་བར་བསྟན་པའམ་གོ་བར་བྱེད་པ་ཡིན་ཏེ། གང་གི་ཕྱིར་གོ་བར་བྱེད་པ་ནི་འབོད་དོན་ཡིན་པའི་ཕྱིར་རོ། །རི་བྲགས་ནི་མཐའ་འཁོབ་ཀྱི་གྲོང་ངོ༌། །བསྐྱོད་པ་ནི་རབ་ཏུ་བསྒུལ་བའོ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་གང་དག་ཅེས་བྱ་བ་ནི་ཉན་པ་པོའི་སྐྱེ་བོ་དག་ལ་ངེས་ པར་སྦྱོར་བའོ། །འབྱུང་པོས་ནི་སྣང་བ་དང་མི་སྣང་བའི་སེམས ་ཅན་ནོ། །འདིར་ཞེས་བྱ་བ་ནི་ཆོས་ཉན་པའི་ས་ཕྱོགས་སུའོ། །ལྷགས་པར་གྱུར་པ་ནི་འཁོད་པ་སྟེ། ཆོས་ཉན་པའི་ཕྱིར་གནས་པར་གྱུར་པའོ། །སའམ་ཞེས་བྱ་བ་ནི་ས་ལ་གནས་པར་གྱུར་པའོ། །འོན་ཏེ་བར་སྣང་འཁོད་པ་རྣམས་ཞེས་བྱ་བ་ནི་ནམ་མཁའ་བར་སྣང་ལ་གནས་པ་རྣམས་བྱམས་པ་ནི་སྐྱེ་དགུ་རྣམས་ལ་ཕན་པའི་ སེམས་སོ། །བྱེད་པ་ནི་སྒྲུབ་པར ་བྱེད་པའམ། སྒོམ་པར་བྱེད་པའོ། །བསམ་པ་ཕུན་སུམ་ཚོགས་པ་བསྟན་ནས། སྦྱོར་པ་ཕུན་སུམ་ཚོགས་པ་ནི་ཉིན་དང་མཚན་དུ་ཞེས་བྱ་བ་སྨོས་ཏེ། ཉིན་མོ་དང་མཚན་མོ་རྟག་ཏུ་ཆོས་དེ་ལེགས་པར་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །ཆེ་བ་ནི་དངོས་པོ་རྒྱ་ཆེ་བའོ། །མོས་པ་ཅན་ནི་མངོན་པར་འདོད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་དད་པར་རིག་པར་འགྱུར་བ་ནི་ཉམས་སུ་མྱོང་བའམ། གསལ་པོར་གྱུར་པའོ། །རིན་ཐང་ཆ་བར་གྱུར་པའི་ཕྱིར་རིན་ཐང་ཆེ་བ་འམ། མི་ཆེན་པོ་ལ་འོས་པའི་ཕྱིར་ཆེན་པོ་ལ་འོས་པའོ། །སྙན་པ་དང་ཡིད་དུ་འོང་བ་ལས་ཤིན་ཏུ་སྙན་པས་ན་སྙན་ཅིང་མཉེན་པའོ། །འཇིགས་སུ་རུང་བ་ནི་བྱད་ངན་པས། སྐྱོ་བའི་གནས་སུ་གྱུར་པའོ། །དད་པ་འབྲི་བ་ནི་དེ་ལ་མི་ཕྱོགས་པ་སྟེ།
ཡིད་དང་མི་འཐད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚིགས་སུ་བཅད་པ་ནི་སྡེབ་སྦྱོར་གྱི་རང་བཞིན་གྱི་བྱེ་བྲག་སྟེ་ཚིག་གི་བཀོད་པའོ། །གང་དག་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། གསལ་རྒྱལ་ལ་སོགས་པའི་སེམས་ཅན་གང་དག་ལེགས་ཅན་གང་དག་ལེགས་ པར་བཤད་པའི་སེམས ་དང་ལྡན་པ་ཉིད་ཀྱི་ཕྱིར་གཟུགས་ལ་ཚོད་འཛིན་པ་ནི་ཕ་རོལ་པོ་མཐོང་ནས་ཁ་དོག་དང་དབྱིབས་ཙམ་གྱི་སྒོ་ནས་དེ་མཛེས་པ་དང་མི་མཛེས་པ་དག་ལ་ཚོད་འཛིན་པར་བྱེད་པ་སྟེ། ཡོན་ཏན་དང་སྐྱོན་དང་ལྡན་པ་ཉིད་དུ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །ངའི་ཞེས་བྱ་བ་ནི་འཕགས་པ་བཟང་སྙན་བདག་ཉིད་སྨྲ་བ་སྟེ། གང་དག་གིས་ང་ལ་གཟུགས་སུ་ཤེས་པ་ཡོན་ཏན་གྱི་སྒོ་ནས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྒྲའི་རྗེས་སུ་འབྲང་བ་ནི་དབྱངས་སྙན་པའི་རྗེས་སུ་འཇུག་པའོ། །འདུན་པའི་འདོད་ཆགས་དབང་དུ་ལྡན་པ་ནི་འདོད་པའི་འདོད་ཆགས་ཀྱི་འདོད་པས་བྱེད་པ་ཐོབ་པར་འགྱུར་པ་སྟེ། གང་གི་ཕྱིར་དེ་གཞན་གྱི་དབང་དུ་གྱུར་པས་གཟུགས་ལ་སོགས་པ་མཛེས་པ་ཚོལ་བར་བྱེད་དོ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །ཞེས་བྱ་བ་ནི་འདོད་པའི་དབང་དུ་གྱུར་པ་དག་ལ་ཡོན་ཏན་གཞན་ཤིན་ཏུ་རྟོག་པའི་ནུས་པ་མེད་པའི་ཕྱིར་ཇི་ལྟར་ན་དེ་དག་གིས་ང་ཤེས་པར་མི་འགྱུར་པའོ། །ཇི་སྟེ་ནང་ལ་རྣམ་ཤེས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་ནང་གི་བྱེད་པས་དེ་ཚོད་འཛིན་པར་བྱེད་ན་ཕྱི་རོལ་དག་ཀྱང་མ་མཐོང་བའི་ཕྱིར་མིག་གིས་ཀྱང་མི་མཐོང་ངོ༌། །ནང་གི་མཉམ་པར་གཞག་པའི་འབྲས་བུ་ནི་ནང་གི་འབྲས་བུ་སྟེ། དེ་ལྟ་བུའི་དང་ཚུལ་འདི་ལ་ཡོད་པའི་ཕྱིར་དེ་འདིར་ནང་གི་འབྲས་བུ་མཐོང་བའོ། །དེ་ཡང་སྒྲས་ནི་ཁྲིད་པ་ཡིན་ཞེས་བྱ་བ་ནི་ངག་གི་སྒྲའི་སྒོ་ནས་ལམ་ལ་གཞག་པར་གྱུར་པའོ། །ཕྱི་རོལ་འབྲས་བུ་མཐོང་བར་བྱེད་པ་ནི་གཟུགས་ཙམ་སྙིང་པོར་འཛིན་པའི་ངང་ཚུལ་ཅན་ནོ། །ཀུན་ཏུ་བསྒྲིབས་པ་ཞེས་བྱ་བ་ནི་ཀུན་ནས་བསྒྲིབས་པ་འདིས་ནང་དང་ཕྱི་རོལ་དུ་བཅས་པ་ཁོང་དུ་མ་ཆུད་པའི་ཕྱིར་རོ། །ཅི་སྟེ་ནང་ལ་འང་ཞེས་བྱ་བ་ནི་གལ་ཏེ་ཡང་ཟག་པ་མེད་པའི་སྟོབས་སམ། ཤའི་མིག་གིས་ནང་དང་ཕྱི་རོལ་དུ་བཅས་པའི་རྣམ་པར་མཐོང་བའོ། །བསྟན་པ་དེ་ནི་གཞན་དུ་བཀྲིས་མི་འདོད་པ་སྟེ། ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ལས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་
ལས་འབྱུང་བའི་ཤེས་རབ་ཅན་ཞེས་བྱ་བ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་ཁོང་དུ་ཆུད་པའི་བློ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །འཕགས་པའི་ལམ་གྱིས་སྟོབས་ཀྱིས་ཤེས་བཞིན་དད་པ་རྙེད་པ་ལས་ནང་དུ་མི་འདོད་པ་བཤད་པ་ཡིན་ནོ། བལྟ་བས་ཆོག་མི་ཤེས་པ་ཞེས་བྱ་བ་ནི་བལྟ་བས་ངོམས་པར་མི་འགྱུར་བའོ། །ཡིད་ཚིམ་པར་བྱེད་པ་ཞེས་བྱ་བ་ནི་དད་པས་ སེམས་རྒྱས་པར ་བྱེད་པའོ། །ཀུ་ཀུ་ཏ་ཡ་ཞེས་བྱ་བ་ནི། །ཀུ་ཀུ་ཞེས་སྒྲ་འབྱིན་པར་བྱེད་པ་སྟེ། ཁུ་བྱུག་རབ་ཏུ་དགའ་བ་སྐྱེས་པ་ན་སྒྲའི་བྱེ་བྲག་མི་གསལ་བར་ཀུ་ཀུ་ཞེས་སྒྲོགས་པར་བྱེད་དོ། །ལས་དྲུག་ལ་དགའ་བ་ཞེས་བྱ་བ་ལ། མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན་བྱེད་པའོ། །མཆོད་སྦྱིན་བྱེད་དུ་བཅུག་པ་ནི་མཁན་པོར་གྱུར་པའི་སྒོ་ནས་གཞན་མཆོད་སྦྱིན་བྱེད་དུ་བཅུག་པའོ། །འདོན་པ་ནི་བདག་ཉིད་འདོན་པའོ། །འདོན་དུ་བཅུག་པ་ནི་གཞན་འདོན་དུ་བཅུག་པའོ། །སྦྱིན་པ་ནི་བྲམ་ཟེས་བྲམ་ཟེ་ལའོ། །ལེན་པ་ནི་རིགས་གསུམ་པོ་ལས་བྲམ་ཟེ་མི་ལེན་པས་ན་དེ་དག་ནི་ལས་དྲུག་ཡིན་ནོ། །དེ་ལ་དགའ་བ་ནི་མངོན་པར་སྦྱོར་བའོ། །དགེ་བའི་ལས་ཀྱི་འབྲས་བུ་ལ་ཡོངས་སུ་སྡོ་བ་བྱེད་པ་ནི་སྨོན་ལམ་མོ། །གཅིག་ཏུ་གནག་པ་སྟེ་གཅིག་ཏུ་མི་དགེ་བ་དང༌། གཅིག་ཏུ་དཀར་བ་སྟེ་གཅིག་ཏུ་དགེ་བ་དང༌། འདྲེན་མ་སྟེ་དགེ་བ་དང་མི་དགེ་བའི་ལས་འདྲེན་མར་གྱུར་པའོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །སྐོན་པ་ནས་རྒྱ་ཤུག་བྱོ་བ་ལྟར་ཞེས་བ་ནི་ཅི་ལྟར་རྒྱ་ཤུག་གི་འབྲས་བུ་དག་སྐོན་པར་བླུགས་པར་གྱུར་པ་ན་སྒྲ་མི་གསལ་བ་དང་རྣམ་པར་འཁྲུགས་པ་སྙན་པ་དང༌། བྲལ་བ་འབྱིན་པར་འགྱུར་བ་དེ་བཞིན་དུ་ཚིག་གི་རིམ་བ་སྙན་པ་དང་བྲལ་བའི་ཡི་གེ་འདོན་པར་བྱེད་པའོ། །དབྱངས་སྙན་པ་ཞེས་བྱ་བ་ནི་དབྱངས་མཛེས་པར་གྱུར་པ་སྟེ། དེ་གོམས་པར་བྱ་བ་ཡིན་པའི་ཕྱིར་རོ། །དོན་དང་མི་ལྡན་པ་དང་འབྲེལ་པ་མེད་པའི་བརྗོད་པ་ནི་ངན་དུ་སྨྲ་བའོ། །སྟོན་པར་བྱེད་པ་ཞེས་བྱ་བ་ནི་སློབ་པ་འཛིན་དུ་བཅུག་པའོ། །བརྗེད་པའི་དོན་རབ་ཏུ་འདྲི་བར་བྱེད་པ་ནི་ཀུན་ཏུ་འདྲི་བར་བྱེད་པའོ། །གླུ་དང་རོལ་མོའི་སྒྲ་སློབ་པར་བྱེད་པའི་ཁང་པ་ནི་རོལ་མོའི་གནས་སོ། །ཡོན་ཏན་བརྗོད་པ་ནི་
ཡོན་ཏན་སྒྲོགས་པར་བྱེད་པའོ། །རྒྱུད་གསུམ་པོ་ཞེས་བྱ་བ་ལ། རྒྱུད་གསུམ་པོ་དེ་དག་གི་ཚོགས་པ་ནི་རྒྱུད་གསུམ་པ་སྟེ། གྲངས་སྔོན་དུ་འགྲོ་བ་གཉིས་པ་ཡིན་ཏེ་དེ་ཡང་མ་ནིང་གི་རྟགས་ཞེས་བྱ་བའི་དབང་དུ་བྱས་ནས་རྒྱུད་གསུམ་པ་ཞེས་བྱ་བ་སྟེ། རྟ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་ལ་བསྟོད་པ་སྟེ་རྒྱུད་དང་པོ་དང༌། མདོའི་དོན་འཛིན་པར་བྱེད་པའི་གཏམ་སྟེ་རྒྱུད་གཉིས་པ་དང༌། ཡོངས་སུ་བསྔོ་བའི་རྒྱུད་ཡིན་ནོ། །རིགས་པ་ཞེས་བྱ་བ་ནི་དུས་གཞན་དག་ཏུ་ཡང་ངོ༌། །གཞོན་ནུ་ཞེས་བྱ་བ་ནི་དེ་ལ་གསར་དུ་ཞུགས་པར་གྱུར་པའོ། །ཆོས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་འདིས་བཅོམ་ཞིང་ཟིལ་གྱིས་གནོན་པའོ། །ལྷུང་བཟེད་ཀྱི་སྣོད་ནི་ལྷུང་བཟེད་གཞུག་པའི་སྣོད་དོ། །ལུང་ཐག་ནི་མཆན་ཁུང་གི་ཕྱོགས་སུ་དཔྱངས་པའི་ཐབས་སུ་གྱུར་པའོ། །རྒྱུན་ནི་པགས་པའི་འབྲེང་དུའོ། །རྔ་ནི་རྫ་རྔའོ། །ལྟེབས་པར་མི་འགྱུར་པར་བྱ་བའི་ཕྱིར་བྱ་རོག་གི་རྐང་པའི་རྣམ་པ་ལྟར་སྐུད་པས་གནན་པ་ནི་བྱ་རོག་གི་རྐང་པའོ། །བསླབ་པ་འདོད་པའི་ཕྱིར་བསླབ་པ་འདོད་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །བསླབ་པ་ལ་གུས་པར་བྱེད་ཅེས་པའི་བར་དུའོ། །དྲ་བར་འོས་པ་ཡིན་པའི་ཕྱིར་དྲ་བར་བྱ་བ་སྟེ་དེ་མ་ཡིན་པའོ། །གོས་སྤུ་ཅན་ནི་བེའུ་ཕྲུག་གོ །ཕྱིང་པ་ནི་རབ་ཏུ་གྲགས་པའོ། །ལ་བ་མཐུག་པོ་ནི་ཀླམ་མོ། །རས་སེང་བ་ནི་གོས་ཕྲ་མོ་སྟེ། དེ་དག་ནི་དྲ་བར་བྱ་བ་མ་ཡིན་ལ། དགོས་པ་ཡོད་པ་ནི་བྱིན་གྱིས་བརླབ་པར་བྱའོ། །རྒས་པ་ནི་རྒས་པས་གནས་སྐབས་གཞན་ཐོབ་པའོ། །གླགས་བལྟས་པ་ནི་ཟིལ་གྱིས་མནན་པར་བྱ་བར་རོ། །རྐུན་པོ་ནི་མཐུས་འཕྲོག་པར་བྱེད་པའོ། །གཡོན་ཅན་ནི་འཇབ་བུས་རྐུ་བར་བྱེད་པའོ། །སྔ་མ་ནི་རང་གིས་ སེམས་ཀྱིས་ཕྱུང་ལ་ཞེས་བྱ་བ་ནི་ཆོས་གོས་དེ་ལ་ལྟོས་པ་མེད་པར ་བྱ་བའོ། །ངས་སྔར་བཤད་པ་ཞེས་བྱ་བ་ནི་གསོ་སྦྱོང་གི་གཞི་ལས་དགེ་སྦྱོང་གིས་གསོ་སྦྱོང་གི་ཉི་མ་ལ་གནས་མལ་བཤམས་ཏེ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བསྒྲུབས་ནས་གལ་ཏེ་གསོ་སྦྱོང་བྱིན་གྱིས་བརླབ་ཏུ་རུང་བའི་དགེ་སློང་རྙེད་ པར་མ་གྱུར་པ་དེའི་ཚེ། སེམས ་ཀྱིས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་དགག་དབྱེ་བྱ་བ་དང༌། གཅིག་པུས་གོས་བྱིན་
གྱིས་བརླབ་པ་དང༌། མེད་པའི་དུས་སུ་ཆོས་གོས་དབྱུང་བ་དང༌། གང་ཟག་གིས་མགྲོན་དུ་བོས་པ་ལ་གཉིས་པ་ཡོད་ན་སེམས་ཀྱིས་དང་དུ་བླང་བར་བྱའོ། །གདུངས་པ་ནི་གཟིར་བར་གྱུར་པའོ། །བསྐལ་པ་སྟེ་བསྐལ་པ་ཆེན་པོའི་བྱ་བ་ཡིན་ལ་དེ་དག་གི་སྟོང་དེ་ལའོ། །དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་དཀའ་བའོ། །འདྲེན་པ་ནི་མདུན་དུ་གཤེགས་པར་མཛད་པ་ཞེས་བྱ་བ་དེའི་ཕྱིར་འདྲེན་པ་དེ་ལའོ། །སྙིང་རྗེའི་བདག་ཉིད་ཅན་སྙིང་རྗེས་དབང་དུ་བྱས་པའི་ཐུགས་གང་གིས་གཡོ་མེད་པའི་དགོངས་པས་ སེམས་ཅན་ལ་ཐུགས་རྗེ་བ་སྟེ། སྡུག་བསྔལ་དང་བྲལ་བར་བཞེད་པའོ། །སྲིད་པར ་ཆགས་པ་ཞེས་བྱ་བ་ལ་སྲིད་པར་ཆགས་པ་ནི་སྲེད་པ་སྟེ། དེ་རྣམ་པར་སྤངས་པའོ། །འདིས་ནི་སྲེད་པ་བག་ཆགས་དང་བཅས་པར་སྤངས་པར་བསྟན་པ་ཡིན་ནོ། །དེའི་བསྟན་པ་མཆོག་ལ་སྲོག་གཅོད་པ་ལས་སླར་བཟློག་པ་ལ་སོགས་པ་བསླབ་པ་བཟུང་ཞིང་བླངས་ནས་སྲོག་འཚོ་བ་ནི་ཡོངས་སུ་གཏང་པར་བྱའི། འོན་ཀྱང་སྲོག་གཅད་པར་མི་བྱའོ། །མཐུ་ནི་འདིར་ལུས་ཀྱི་ནུས་པ་ལ་བྱའོ། །རྒྱལ་པོ་ཆེན་པོ་བཞི་དག་གི་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་ཏེ། དེ་དག་ཏུ་སྐྱེ་བ་ནི་འབྱུང་བར་འགྱུར་བའོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བའོ། །ཡོངས་སུ་གནས་པ་ནི་ཡོངས་སུ་གནས་པའི་གནས་སྐབས་ཏེ། དེས་གང་གི་ཚེ་མཐོ་རིས་དེ་ན་སྤྱོད་ལམ་བཞི་པོ་གང་ཡང་རུང་བ་གཅིག་གིས་ཡོངས་སུ་གནས་པ་དེའི་ཚེ་ཡོངས་སུ་གནས་པ་སྟེན་པར་འགྱུར་བ་དེ་སྐབས་སྒྲུབ་པར་མི་བྱེད་པའི་བློ་ཅན་གྱི་ལྷའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་བཅོམ་ལྡན་འདས་ལ་བལྟ་པའི་ཕྱིར་ཉེ་བར་འགྲོ་བར་བྱེད་དོ། །ལུས་རབ་ཏུ་གཡོ་བར་བྱེད་པའི་ཕྱིར་རྣ་ཆ་གདུབ་ཀོར་གཡོ་བའོ། །དྲི་མ་མེད་པ་ནི་ཤིན་ཏུ་འཚེར་བའོ། །ལྟོ་བའི་ཕྱོགས་ཁྱབ་པ་ནི་དོ་ཤལ་ལོ། །ནུ་མའི་ཕྱོགས་ཁྱབ་པ་ནི་སེ་མོ་དོའོ། །བརྒྱན་ནི་སྤུད་པའོ། །ལྷའི་འབྱོར་བ་ཡིན་པའི་ཕྱིར་ལྷའི་འོ། །སྣང་བ་ནི་འོད་ཀྱིས་སོ། །བསམ་པ་ནི་རྒྱ་ཆེ་བ་དང༌། རྒྱ་ཆེ་བ་མ་ཡིན་པའི་ཆོས་བསྟན་པ་ལ་མོས་པ་དང་མངོན་པར་འདོད་པའོ། །བག་ལ་ཉལ་བ་ནི་ཉོན་མོངས་པ་དྲག་ཅིང་དྲག་པའི་ཀུན་དུ་སྤྱོད་པ་སྟེ།
གང་ལ་ཉོན་མོངས་པ་གང་གིས་གནོད་པར་གྱུར་པ་དེ་ལ་དེ་དང་རྗེས་སུ་མཐུན་པར་སྟོན་པའོ། །ཁམས་ནི་རིགས་ཡིན་ཏེ། འགའ་ཞིག་ནི་འཇམ་པོ་དང༌། འགའ་ཞིག་ནི་རྩུབ་པའི་ཆོས་བསྟན་པས་འདུལ་བར་འགྱུར་རོ། །དམྱལ་པའི་གཏམ་ནི་རྩུབ་པ་ཡིན་ལ། མཐོ་རིས་ཀྱི་གཏམ་ནི་བཟློག་པའོ། །རང་བཞིན་ནི་དད་པ་ལ་སོགས་པའི་དབང་པོའི་རང་བཞིན་ཏེ། དབང་པོ་རྣོ་རྟུལ་ཐ་དད་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་བྱེད་པ་དེ་ལྟར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པར་རོ། །འཇིག་ཚོགས་སུ་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་དག་གིས་མཐོ་བར་གྱུར་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་དང༌། འཇིག་ཚོགས་སུ་ལྟ་བའི་རྩེ་མོ་ལྔ་ལ་བདག་མ་གཏོགས་པ་ཕུང་པོ་ལྔར་ཡོངས་སུ་བརྟགས་ཏེ། དེ་ལ་རྒྱན་དང་འདྲ་བར་འཛིན་ལ། ཅིག་ཤོས་ལྔ་ལ་བྲན་དང་འདྲ་བར་འཛིན་ཅིང་གཞན་ལྔ་ལ་སྣོད་དང་འདྲ་བར་ལྟ་བར་བྱེད་དོ། །ཡང་ལྔ་ནི་ཇི་སྐད་དུ་གཟུགས་ལ་བདག་དང༌། བདག་གཟུགས་དང་ལྡན་པ་དང༌། གཟུགས་བདག་གི་ཡིན་པ་དང༌། གཟུགས་ལ་བདག་གནས་སོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བདག་འབྱུང་བ་ཡིན་ནོ། །འཇིག་ཚོགས་སུ་ལྟ་བ་ཡང་ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྒྱུའི་གཙོ་བོ་ཉིད་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་དག་གང་གི་གཙོ་བོ་ཡིན་པ་སྟེ་དེ་བས་ན་ཉོན་མོངས་པའི་གཙོ་བོ་བཅོམ་པར་བསྟན་པ་ལས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་བཅོམ་ཞིང་སྤངས་པར་བསྟན་པ་ཡིན་ནོ། །ཁྱོད་མཐུས་ཏེ་ཁྱོད་ཀྱིས་ཕན་འདོགས་པར་མཛད་པའི་ནུས་པས་བཀག་པར་གྱུར་པའོ། །རབ་དྲག་ཅེས་བྱ་བ་ནི་ཤིན་ཏུ་དྲག་པར་གྱུར་པའོ། །ངན་སོང་ཤུལ་ཞེས་བྱ་བ་ནི་ངན་སོང་བའི་ལས་དང་ཉོན་མོངས་པ་ནི་ངན་སོང་གི་རྒྱུ་ཡིན་པའི་ཕྱིར་ངན་སོང་ཤུལ་དང༌། སྲིད་པ་བར་མ་དོའི་ངན་སོང་དེ་གཉི་ག་བཀག་པ་ཡིན་ཏེ། ངན་སོང་བའི་ལས་དང་རྗེས་སུ་མཐུན་པའི་ཉོན་མོངས་པའི་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་དང༌། ངན་སོང་བའི་སྔ་ན་མེད་པའི་ལས་མ་བྱས་པའི་
ཕྱིར་དང༌། བྱས་པའི་ལྷན་ཅིག་བྱེད་པའི་ཕྱོགས་ཟད་པར་གྱུར་པའི་ཕྱིར་ལས་དང་ཉོན་མོངས་པ་བཀག་པ་ཡིན་ལ། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པའི་ཕྱིར་ངན་སོང་བའི་ཕུང་པོའི་སྲིད་པ་བར་མ་དོའི་ལམ་བཀག་པ་ཡིན་ནོ། །མཐོ་རིས་འགྲོ་བ་ཞེས་བྱ་བ་ནི་མཐོ་རིས་སུ་སྐྱེས་པར་གྱུར་པའོ། །བསོད་ནམས་བཟང་པོ་བྱེད་པའི་རྒྱུ་མཚན་གང་དག་ལ་ཡོད་པ་དེ་ནི་བསོད་ནམས་བཟང་པོ་བྱེད་པའོ། །མྱ་ངན་ལས་འདས་པའི་ཤུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །ཤིན་ཏུ་རྣམ་དག་ཁྱོད་བསྟན་བདག་གིས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་ཀྱི་བཀའ་དྲིན་ལས་བདག་གིས་དེ་རིང་དག་པའི་མིག་སྟེ། ཟག་པ་མེད་པའི་ཤེས་རབ་ཀྱི་མཚན་ཉིད་ཐོབ་པར་གྱུར་པའོ། །དག་པའི་རྒྱུ་མཚན་ནི་སྐྱོན་བྲལ་ཞེས་བྱ་བ་སྨོས་ཏེ། རང་གི་ཕྱིར་ཉོན་མོངས་པའི་ཉེས་པ་དང་བྲལ་བར་གྱུར་པའི་ཕྱིར་རོ། །ཤིན་ཏུ་རྣམ་དག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་འབོད་པའོ། །གོ་འཕང་ཞི་བ་ནི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པའི་རྒོད་པ་ཞི་བའི་ཕྱིར་དང༌། འདུས་བྱས་མི་རྟག་པའི་རྒོད་པ་ཞི་བའི་ཕྱིར་རོ། །འཕགས་པ་དགྱེས་པ་ནི་བཞེད་ཅིང་བསྟེན་པར་བྱ་བ་ཡིན་ཏེ། ཡིད་ལ་རེ་བ་ཡོངས་སུ་རྫོགས་པ་ནི་འཕགས་པ་དགྱེས་པ་ཐོབ་པའོ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །ཞེས་བྱ་བ་ནི་སྐྱེ་བ་གཅིག་ན་སྲིད་པ་ལན་བདུན་པ་ལས་སྲིད་པ་གཞན་མེད་པའི་ཕྱིར་རྒལ་བར་གྱུར་པའོ། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བའོ། །ཞེས་བྱ་བ་དང༌། སྲིད་པ་སྟོང་དུ་མཐོང་བར་རབ་ཏུ་དཀོན་པ་ཞེས་བྱ་བ་དང༌། ཐུབ་པ་ཞེས་བྱ་བ་བཞི་དག་ནི་འབོད་པའི་ཚིག་ཡིན་ནོ། །དེ་རིང་ཁྱོད་མཐོང་བའི་བདག་གི་འབྱོར་བ་གང་ཡིན་པ་དེ་ནི་འབྲས་བུ་དང་བཅས་པའི་སྐྱེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མཐོང་བ་ནི་ཐར་པ་ཐོབ་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དོ་ཤལ་རབ་འཆང་བ་ཞེས་བྱ་བ་འདིས་ནི་ལུས་རྒྱན་གྱིས་བརྒྱན་པའི་མཛེས་པ་བསྟན་པ་ཡིན་ནོ། །དགའ་བ་སྐྱེས་གྱུར་ཅེས་བྱ་བ་འདིས་ནི་རངས་པར་གྱུར་པའི་ཡིད་ཀྱིས་མཛེས་པ་སྟོན་པ་ཡིན་ནོ། །བཏུད་དེ་ཕྱག་འཚལ་བ་ཞེས་བྱ་བ་ནི་མགོ་བོ་བཏུད་པར་གྱུར་པས་ཞབས་ལ་མངོན་པར་ཕྱག་བྱས་པ་ཞེས་བྱ་བའི་དོན་
ཏོ། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ཞེས་བྱ་བ་ནི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ཏེ། གཡས་ཕྱོགས་ལ་བརྟེན་ནས་སོང་བའོ། །སྐྱབས་གསུམ་རྙེད་པའི་ཕྱིར་ཚོང་བ་ལྟ་བུ་སྟེ། གང་གི་ཕྱིར། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཡང་དག་པའི་འཚོ་བའི་འབྲུ་འབྱོར་བའི་ཕྱིར་ཞིང་པ་ལྟ་བུའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་དཔའ་བོ་ལྟ་བུའོ། །ཤིན་ཏུ་སྡུག་བསྔལ་གྱི་ནད་དང་ལན་པའི་ངན་སོང་གི་ཕུང་པོ་སྤངས་པར་གྱུར་པའི་ཕྱིར་ནད་ཐམས་ཅད་ལས་ཡོངས་སུ་ཐར་པ་ལྟ་བུའོ། །ཆ་ལུགས་གང་གིས་ཞེས་བྱ་བ་ནི་སྔར་འོངས་པའི་ཆ་ལུགས་དང་མཐུན་པ་ཡིན་མོད་ཀྱི། འདོད་ཆགས་ལ་སོགས་པ་དང་བྲལ་བར་གྱུར་པས། ལྷག་པ་འདི་ལ་ཡོད་པའི་ཕྱིར། །ཞེས་བསྟན་པར་བྱ་བའི་ཕྱིར་ཆ་ལུགས་གང་གིས་ཞེས་སྨོས་པ་ཡིན་ནོ། །སོ་སོར་ཀུན་དགའ་བར་མཛད་པ་ནི་སྙན་པའི་ཚིག་གིས་སོ། །དགེ་སློང་ཁྱོད་གང་ནས་འདིར་འོངས་ཞེས་བྱ་བ་ནི་མདོར་བསྡུས་ཤིང་རང་བཞིན་དང་བྲལ་བའི་སྒྲས་གསུངས་པ་ཡིན་གྱི་རྣམ་པ་གཞན་དུ་ན་འདི་སྐད་དུ་གང་ན་གནས་པ་ནས་འོངས་པར་གྱུར་ཞེས་བརྗོད་པར་བྱ་བ་ཡིན་ནོ། །ཟག་པ་མེད་པའི་ཡེ་ཤེས་ཀྱིས་དངོས་པོའི་རང་བཞིན་ཡོངས་སུ་ཤེས་པ་ནི་ཆོས་ཉིད་མཐོང་བའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །བསླབ་པ་སྟེ་གདོན་མི་ཟ་བར་བསྲུང་བར་བྱ་བ་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པ་གང་ཡིན་པ་དེ་ལས་འདས་པ་ནི་རྣམ་པར་རྒལ་བའོ། །རིལ་བ་ཞབས་ཚགས་ནི། རིལ་ཚགས་ཀྱི་ཁ་གོས་ཀྱིས་གཡོགས་པ་ལ་ཆུ་བཙགས་པར་བྱ་བའོ། །གྲོལ་བར་བྱེད་པའི་རས་ནི་ཟང་ཟིང་མེད་པའི་གོས་ཀྱི་དུམ་བུའོ། །ནང་དང་བཅས་པ་ནི་ཁོན་ཅན་ནོ། །བླ་མའི་ཡུལ་ལ་ངོ་ཚ་བ་ནི་གུས་པའོ། །མངོན་དུ་ཕྱོགས་ནས་འོངས་པའི་ལམ་གྲོགས་གཉིས་པ་ནི་དོན་མཐུན་ནོ། །བྲེལ་བར་མི་འགྱུར་ན་ཞེས་བྱ་བ་ནི་རུང་བའི་ཆུས་སོ། །དྲག་ཏུ་འབབ་པ་ཞེས་བྱ་བ་ནི་མྱུར་དུ་འབབ་པའོ། །རྒྱང་གྲགས་རྒྱང་གྲགས་སུ་ཞེས་བྱ་བ་ནི། རྒྱང་
གྲགས་ཀྱི་མཐའ་དང་རྒྱང་གྲགས་ཀྱི་མཐར་རོ། །བར་དུ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བར་དུའོ། །ཀུན་ནས་འཁྲུགས་པ་ནི་འདྲེས་པར་གྱུར་པའོ། །ཆུ་ལེན་པའི་འཇུག་ཕྱོགས་ནི་ཆུ་འགྲམ་མོ། །ཚུལ་ཁྲིམས་ཀྱིས་རྒུད་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པའོ། །ལྟ་བས་རྒུད་པ་ནི་ལྟ་བ་ཀུན་དུ་སྤྱོད་པའོ། །སྤྱོད་པས་རྒུད་པ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་ཉམས་པར་གྱུར་པའོ། །འགྲོ་བ་དང་འོང་བ་ལ་སོགས་པའི་སྤྱོད་ལམ་གྱིས་རྒྱུའི་སྤྱོད་པ་དེས་རྒུད་པ་སྟེ། ཕྱིན་ཅི་ལོག་ཀུན་དུ་སྤྱོད་པའོ། །འཚོ་བས་རྒུད་པ་ནི་ལོག་པའི་འཚོ་བས་འཚོ་བའོ། །ཁྲོན་པ་ནི་ཆུ་དོང་ངོ༌། །དུས་ཇི་སྲིད་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱུག་མ་ཅན་གྱི་ལོགས་ནས་བསྐོར་ཏེ། མཇུག་མའི་གནས་སུ་ཕྱིན་པར་གྱུར་པའི་དུས་དེ་སྲིད་དུ་བརྟག་པར་བྱའོ། །ཡོངས་སུ་ལོངས་སྤྱོད་པའི་རྗེས་སུ་འགྲོ་བས་ན། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའོ། །སྣོད་སྤྱད་སྦེད་པར་བྱེད་པ་ལ་སོགས་པའི་ལས་དག་ལ་ངེས་པར་སྦྱོར་བས་ན་སྣོད་སྤྱད་འབྲུབ་པའོ། །གསོལ་བ་དང་གཉིས་ཀྱི་ལས་རྗེས་སུ་བསྒྲུབ་པ་ནི་སྤྲོ་བའོ། །སྐབས་དབྱེ་བར་བྱའོ་ཞེས་བྱ་བ་ནི་དེ་ནས་ལས་ལ་ངེས་པར་སྦྱར་བར་བྱའོ། །འཁོར་མེད་པ་ནི་གང་ཞིག་ལྷན་ཅིག་ངས་པ་དང་ཉེ་གནས་མེད་པའོ། །ལག་པ་ལ་ཐོགས་པ་ཞེས་བྱ་བ་ནི་སྐད་གསང་མཐོན་པོས་དགོད་པ་ནི་གད་རྒྱངས་སོ། །ལམ་དུ་འགྲོ་བའི་ཚེ་ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་དུས་གསལ་བའི་ཕྱིར་དང༌། འཕགས་པའི་ལམ་གསལ་བར་བྱ་བའི་ཕྱིར་ལམ་དུ་འགྲོ་བའི་ཚེ་ཞེས་སྨོས་པ་ཡིན་ནོ། །ལྷུང་བཟེད་ལ་བཟུང་བ་ནི་བྱིན་ལེན་འཇིག་པར་འགྱུར་བ་ཡོངས་སུ་སྤང་པའི་ཕྱིར་རོ། །གོང་བུ་ཞེས་བྱ་བ་ནི་བཟའ་བར་བྱ་བའི་གོང་བུར་བྱས་པ་དེའི་མིང་ཡིན་ནོ། །མཆི་མ་དང་བཅས་ཤིང་མྱ་ངན་གྱི་མཆི་མ་དང་ལྡན་པར་གྱུར་པའི་ཕྱིར། མཆི་མས་བརྣངས་བཞིན་དུའོ། །ངོ་ཚ་ནི་ངོ་ཚ་བ་སྟེ་ངོ་ཚ་གང་ལ་ཡོད་པ་དེ་ནི་ངོ་ཚ་བ་དང་ལྡན་པ་སྟེ་དེ་ལའོ། །སྟོན་པར་མཛད་ཅིང་ཕྱིན་ཅི་མ་ལོག་
པར་རྗེས་སུ་སྟོན་པར་མཛད་པའི་ཕྱིར་སྟོན་པ་སྟེ་སྟོན་པ་དེ་ལའོ། །ངོ་ཚ་དང་ཁྲེལ་མེད་པ་ཞེས་བྱ་བ་ནི་ཁྲུས་རས་བགོས་པའི་སྒོ་ནས་སོ། །སྒྲེན་མོ་ནི་འདིར་ཆུའི་ནང་དུ་ཁྲུས་བྱེད་པ་ལའོ། །ཐམས་ཅད་དུ་ཐེ་ཚོམ་སྐྱེས་པར་གྱུར་པའི་ཕྱིར་གང་ཅི་ལ་ཡང་དོགས་པར་གྱུར་པའོ། །དེར་སོང་བ་ནི་དེ་རྒྱུར་བྱས་ནས་སོ། །ཚོས་དཀའ་བ་ནི་གང་མེས་ཀྱང་ཚོས་པར་མ་གྲུབ་པའོ། །རུང་བ་མ་ཡིན་པའི་ས་ནི་མཚམས་ནང་ངོ༌། །དགེ་བའི་རྩ་བ་ནི་ཐར་པའི་ཆ་དང་མཐུན་པའོ། །རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ནི་འདུས་བྱས་སོ། །སྐད་ཅིག་མས་འཇིག་པ་ལ་སྦྱོར་བའི་ཕྱིར་མི་རྟག་པའོ། །ནང་ན་བྱེད་པའི་སྐྱེས་བུས་སྟོང་པའི་ཕྱིར་བདག་མེད་པའོ། །སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་ཞི་བའོ། །ཀ་ཤའི་གནས་ནི་ཀ་ཤའི་འབྱུང་གནས་ཏེ། དེ་བཞིན་དུ་ཀུ་ཤའི་གནས་ཀྱང་དེ་བཞིན་ནོ། །ཟླ་བ་བརྒྱད་དམ་དགུ་ཞེས་བྱ་བ་ལ་མངལ་ཡང་དག་པར་སྨིན་པ་ཅན་ཟླ་བ་དགུ་འམ་བཅུ་ནས་བཙས་པར་འགྱུར་ཏེ། འདིར་ཡང་མངལ་ཡོངས་སུ་སྨིན་པ་དེའི་ཕྱིར་འགའ་ཞིག་ཏུ་ནི་ཟླ་བ་དགུ་དང་འགའ་ཞིག་ཏུ་ནི་ཟླ་བ་བཅུ་ནས་སྐྱེ་བར་འགྱུར་བ་དེ་བས་ན་སྡུད་པ་པོས་ཟླ་བ་བརྒྱད་དམ་དགུ་འདས་ནས་ཞེས་མ་དེབ་པའི་ཚིག་ཏུ་མཛད་ནས། རིད་པ་ཞེས་བྱ་བ་ལ་སོགས་པ་ལ་རིད་པ་ནི་ཤ་ཡོངས་སུ་ཟད་པའོ། །ཉམ་ཆུང་བ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ། །སྐམས་པ་ནི་གཟི་མེད་པར་གྱུར་པའོ། །ལུས་མ་ཐོབ་པ་ནི་ལུས་ཀུན་དུ་བསྐྱོད་པའི་ནུས་པ་ཡང་མེད་པའོ། །རི་རབ་དང་འདྲ་བ་ནི་གང་ཡོན་ཏན་ཆེན་པོས་སོ། །ཟ་བ་ལ་རིང་དུ་ཐོགས་པ་ནི་བདག་ཉིད་འདོད་པས་དལ་གྱིས་ཟ་བའོ། །བ་ལང་རྒན་པོ་བཞིན་དུ་ལྡད་པ་ནི་སྐྱུག་ཅིང་དལ་གྱིས་ལྡད་པའོ། །བྱ་བ་བྱས་པ་ནི་འདིར་ཉོན་མོངས་པ་སྤངས་པར་གྱུར་པའོ། །བྱེད་པ་བྱས་པ་ནི་བྲལ་བར་གྱུར་པ་བསྐྱེད་པའོ། །རྩུབ་པ་ནི་ཤིན་ཏུ་དྲག་པའོ། །འཇིག་པ་ཞེས་བྱ་བ་ནི་ཤིན་ཏུ་རྒལ་བ་དང་གནོད་པ་བྱས་ཞེས་བྱ་བའི་བར་དུའོ། །བསྲབས་པ་ནི་དེའི་སྡུག་བསྔལ་གྱི་འབྲས་བུ་བསྲབས་པའི་ཕྱིར་རོ། །ཡོངས་སུ་ཟད་པ་ནི་འགའ་ཞིག་གི་སྡུག་བསྔལ་
གྱི་མཐའ་ལྡོག་པའོ། །བྱང་བ་ནི་རྣམ་པར་སྨིན་པའི་སྡུག་བསྔལ་མ་ལུས་པ་བཟློག་པར་གྱུར་པའོ། །ཤིན་ཏུ་མཐར་གྱུར་པས་བས་མཐའ་སྟེ། གནས་མལ་ཐག་རིང་པོར་གྱུར་པའོ། །དེ་ན་གནས་པ་ནི་དེ་ལ་དད་པའོ། །ལྷག་པར་གྱུར་པའི་རྒྱལ་པོ་ནི་རྒྱལ་པོའི་རྒྱལ་པོ་ཡིན་ལ། ཤཱཀྱའི་རྒྱལ་པོའི་རྒྱལ་པོ་ནི་ཤཱཀྱའི་རྒྱལ་པོའོ། །ཤིན་ཏུ་སྤྱད་པ་ནི་ལས་སུ་བྱ་བའོ། །བྱས་ཏེ་ཞེས་བྱ་བ་ནི་ སེམས་ཀྱིས་དམིགས་ནས་སོ། །ལྷུང་བཟེད་ཀྱི་གཞི་ནི་གཞི་འམ་རྟེན་ནོ། །འདི་ནི་སྦྱིན་པར ་བྱེད་པ་ཡིན་ལ་བདག་ནི་ལེན་ པར་བྱེད་པ་ཡིན་ནོ་སྙན་པ་ནི་བྱིན་ལེན་བྱེད་པའི་སེམས ་སོ། །དྲ་བ་ནི་ལྷུང་བཟེད་གཞུག་པའི་སྣོད་དོ། །ཚོང་དུས་ནི་བཙོང་བར་བྱ་བའི་རྫས་དགྲམ་པར་བྱ་བའི་གནས་སོ། །འདིར་བཀྲེན་པའི་སྒྲས་ནི་བརྣག་མི་ནུས་པ་བརྗོད་པ་འམ། ཡོན་ཏན་གྱིས་དབུལ་བར་གྱུར་པའོ། །ལན་ལྡོན་པའི་ནུས་པ་མེད་པ་ནི་སྤོབས་པ་མེད་པའོ། །འདིར་ཁར་པའི་སྣོད་བདག་གིར་བྱེད་པ་བཀག་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱ་ཞིང་ནད་བཟློག་པའི་ཕྱིར། ཕུལ་བུའི་བཏུང་ཕོར་རྗེས་སུ་གནང་བ་ཡིན་པར་རིག་པར་བྱའོ། །ཟི་ཟི་ཞེས་ཟེར་བར་གྱུར་པ་ན་ཞེས་བྱ་བ་ནི། སྦྲང་མའི་ཚོགས་ཀྱི་སྒྲ་སྟེ། ཟི་ཟིའི་སྒྲ་དེ་དང་འདྲ་བར་སྒྲོགས་པར་བྱེད་པའི་ཕྱིར་ས་ཕྱོགས་སུ་ཟི་ཟི་ཞེས་ཟེར་བར་གྱུར་པའོ། །རྐང་པ་བཀྲུ་བའི་གནས་གང་ཡིན་པ་དེ་ནི་རྐང་པ་བཀྲུ་བའི་གནས་སོ། །དབུས་སུ་མཐོ་བ་ནི་རུས་སྦལ་གྱི་རྣམ་པ་ལྟ་བུར་རོ། །རྩུབ་པོ་ཞེས་བྱ་བ་ནི་ཧྲུད་ཧྲུད་པོ་སྟེ། དྲི་མ་བསལ་བར་བྱ་བའི་ཕྱིར་དེ་བཤམས་པ་ཡིན་ནོ། །རྐང་པ་བཀྲུ་བའི་སྣོད་ཅེས་བྱ་བ་དེ་ནི་ཆོལ་ཟངས་ཀྱི་མིང་ངོ༌། །རྔ་མོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་རྔ་མོའི་རྒྱབ་ལྟ་བུའོ། །མི་ལྡེག་ཅིང་གནས་པར་བྱ་བའི་ཕྱིར་གླང་པོ་ཆེའི་རྨིག་མཐིལ་ལྟ་བུ་རྗེས་སུ་གང་བ་ཡིན་ཏེ། འོག་གི་ཆའི་མཐིལ་གླང་པོ་ཆེའི་རྨིག་མཐིལ་ལྟ་བུར་བྱའོ། །ཀ་དམ་པའི་མེ་ཏོག་འདྲ་བ་ནི་ཆོལ་ཟངས་ཀྱི་དབུས་སུ་ལྟེ་བ་མཐོན་པོར་བྱ་བའོ། །རྩུབ་པ་ཡང་ཧྲུད་ཧྲུད་པོ་ཡིན་ཏེ། རྐང་པ་གཡས་གནས་པ་གྲུབ་པར་བྱ་བའི་དོན་དུ་ལྟེ་བ་རྗེས་སུ་གནང་བ་ཡིན་ནོ། །ཁང་ཐོག་ནི་ཁང་སྟེང་ངོ༌། །སྒོ་ཕག་ཏུ་ཞེས་བྱ་བ་ནི་སྒོ་དང་རྩིག་པའི་བར་
དུའོ། །རླུང་སྐྱེད་པར་བྱེད་པའི་ཐབས་སུ་གྱུར་པ་ནི་བསིལ་ཡབ་བོ། །ཡུ་བ་གསེར་ལ་སོགས་པས་རྣམ་པར་སྤྲས་པ་ནི་གསེར་ལ་སོགས་པ་ལས་རྣམ་པར་བྱས་པའོ། །ཤིང་ལས་བྱས་པ་ཡང་ངོ༌། །མེ་ཏོག་པདྨ་ལྟར་འཚེར་བ་ནི་འཁོར་ལོས་བསྒྲུབས་པའོ། །རི་མོ་རབ་ཏུ་བྲིས་པ་ནི་བཀྲ་བ་དང་ཉེ་བར་བཀྲ་བ་སྟེ། བཀྲ་བ་ནི་རི་མོ་རགས་པ་གཙོ་བོར་གྱུར་པའོ། །ཉེ་བར་བཀྲ་བ་ནི་རི་མོ་ཕྲ་བ་གཙོ་བོར་གྱུར་པའོ། །རིན་པོ་ཆེས་སྤྲས་པ་ནི་རིན་པོ་ཆེས་བརྒྱན་པའོ། །རྩྭ་བལ་བ་ཛ་ལས་བྱས་པ་ནི་རྩྭ་གྲེས་མའི་རིགས་ལས་བསྒྲུབས་པའོ། །འབྲུམ་བུས་གང་པ་ནི་ཁྱབ་པར་གྱུར་པའི། །ལྡུམ་བུ་ཤ་ནའི་རིགས་བརྡུངས་ནས་སྐུད་པའི་ཚོགས་དང་འདྲ་བའི་སྦྲང་ཡབ་བྱའོ། །འདབ་མ་བསྡུས་པ་ཞེས་བྱ་བ་ནི་འདབ་མའི་ཚོགས་སོ། །འཛེགས་པ་ནི་ལས་ལ་སྤྲོ་བ་དག་གི་བྱ་བ་ལ་འཇུག་པའོ། །ཤམ་ཐབས་ཀྱི་འོག་གི་མདུན་རྒྱབ་ཀྱི་མཐའ་ཕན་ཚུན་བཅིངས་པ་ནི་མདུད་པ་དོར་བའོ། །ཁར་བ་ཆོངས་ཤིག་ཅེས་བྱ་བ་ནི་ཁར་བ་བཅངས་པ་ལ་ཉེས་པ་མེད་པའི་ངེས་པའོ། །སྡུག་བསྔལ་ལས་འདོན་པར་བྱེད་པ་ནི་བརྩེ་བ་སྟེ། བྱ་བ་འདི་ཡང་རྗེས་སུ་བརྩེ་བས་མཛད་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་བརྩེ་བ་ལ་བརྟེན་ནས་དགེ་འདུན་གྱིས་བྱའི། ཕྱིར་ཕན་འདོགས་པ་ལ་ལྟོས་པས་བྱ་བ་མ་ཡིན་པའི་ཕྱིར་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བའི་སླད་དུ་ཞེས་སྨོས་པ་ཡིན་ནོ། །རྒན་པོ་དག་ལས་ཤིན་ཏུ་རྒས་པས་ན་རྒན་པོ་རྒས་པ་སྟེ། གང་ཅུང་ཟད་རྒས་ཤིང་ཉམ་ཆུང་བས་སྐྲ་དཀར་ཅིག་ཙམ་གྱིས་ཀྱང་བདག་རིད་ པར་གྱུར་ཏོ་སྙམ་དུ་སེམས ་པའོ། །གང་དག་རླུང་ཉུང་ཟད་ཅིག་གིས་གནོད་པར་གྱུར་པ་ནི་རླུང་ཉུང་ཟད་ཙམ་གྱིས་གནོད་ པར་གྱུར་པ་ན་བདག་ནད་པའོ་སྙམ་དུ་སེམས ་པའོ། །ཅིག་ཅར་ཁར་བ་དང་འདྲ་བའི་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ཁར་བ་དང་འདྲ་བའི་སྔགས་བརྗོད་པའི་དུས་སུ་ཅིག་ཅར་མིང་སྨོས་པར་བྱའོ། །ཆེན་པོའི་ཆེན་པོ་ནི་བསམ་གཏན་བཞི་པ་ཡིན་ལ། མཐའ་དང་བྲལ་བའི་མཐའི་རྣམ་པ་འདི་ལ་ཡོད་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་མཐར་ཕྱིན་པའོ། །ཁོམ་པར་གྱུར་པ་མཆོག་ཅེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་པ་
སྟེ། དུས་ཀྱི་བྱེ་བྲགས་སངས་རྒྱས་འབྱུང་བ་ལ་སོགས་པའི་ཁོམ་པ་ཡང་དག་པར་འབྱུང་བའོ། །དྲི་ང་བ་མེད་པ་ཞེས་བྱ་བ་ནི་ཡོངས་སུ་བྲལ་བའོ། །འདུས་པ་ནི་གང་དུ་སྐྱེ་བོ་དམ་པ་འདུས་པར་གྱུར་ཏེ། ཇི་ལྟར་གཙུག་ལག་ཁང་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ་དང༌། ཁྱིམ་དུ་ཉེ་བར་རྒྱུ་བ་ལ་སོགས་པ་མ་གནང་བ་དག་ཀྱང་གནང་བ་སྟེ། ལྷག་པར་སྤྱད་པར་བྱ་བ་ཡང་ཡིན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་དང་པོ་རྫོགས་སོ།། །།ཕྱོགས་བཞི་ནི་ཕྱོགས་བཞིའོ། །དེ་ལ་གནས་པས་ན་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ཏེ་དེ་ལ་ཕུལ་བར་གྱུར་པའོ། །བ་ལང་གི་སྦུ་དག་དང་བ་ལང་གི་སྤུ་དང་འདྲ་བ་ནི་བ་ལང་གི་སྤུ་འདྲ་སྟེ། དེ་དང་འདྲ་བར་རོ། །ཇི་ལྟར་བ་ལང་གི་སྤུ་འདྲ་བར་སྐྲ་འདྲེག་པར་བྱེད་པ་དེ་བཞིན་དུ་བྲེག་པར་མི་བྱའོ། །གསང་བའི་ཕྱོགས་ནི་མདོམས་སོ། །དགེ་བའི་ཕྱོགས་ཞེས་བྱ་བ་ལ་དགེ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ནི་དོན་དམ་པར་དགེ་བའོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱོགས་ནི་མི་གཙང་བ་ནས་བརྩམས་ཏེ། ཟད་པ་ཤེས་པའི་བར་དུའོ། །དེའི་བྱེད་པ་ནི་སྒྲུབ་པར་བྱེད་པའམ། དེའི་མངོན་པར་སྦྱོར་བའོ། །བྱིན་པ་དང་ཡན་ལག་བརླའི་སྤུ་བྲེག་ནུས་སམ་ཞེས་བྱ་བ་ལ་སོགས་པ་ལ། བྱེད་ནུས་སམ་ཞེས་བྱ་བ་ནི་ཀུ་རེ་བྱེད་པ་ནི་ཕན་ཚུན་རྣམ་པར་རྩེ་བའོ། །ཡང་དག་པར་རྩེ་བར་བྱེད་པ་ནི་ལག་པ་འདྲེན་པར་བྱེད་པ་ལ་སོགས་པས་དགའ་བར་བྱེད་པའོ། །ཀུན་ནས་ཅ་ཅོ་འདོན་པར་བྱེད་པ་ནི་སྒྲ་མཐོ་ལ་མི་གསལ་བ་འདོན་པའོ། །ལུས་དང་ངག་གིས་འཕྱར་གཡེང་གི་ལས་བྱེད་པ་ནི་འཕྱར་བ་ཡིན་ལ། དེ་ཉིད་རྒྱུན་མི་ཆད་པར་བྱེད་པ་ནི་གཡེང་བའོ། །ལུས་ལ་བརྡེག་པ་ནི་ཀུན་ནས་ཆགས་པའི་ སེམས་ཀྱིས་ལུས་ལ་བསྣུན་པའོ། །ཉེས་པ་ལྷག་པར ་སྤྱོད་པ་ལ་ངོ་ཚ་བ་གང་ལ་ཡོད་པ་དེ་ནི་འདིར་ངོ་ཚ་བ་དང་ལྡན་པར་རིག་པར་བྱའོ། །བག་མེད་པ་ལྷག་པར་སྤྱོད་པའི་ཉེས་པ་ལ་ཕྱིས་གདུང་ཞིང་གཉེན་པོ་བྱེད་པའི་ངང་ཚུལ་ཅན་ནི་འགྱོད་པ་དང་ལྡན་པའོ། །བསླབ་པ་ཡོངས་སུ་སྐྱོང་བ་ལ་མངོན་པར་དགའ་བ་དང་བཅས་པ་གང་ཡིན་པ་
དེ་ནི་བསླབ་པར་འདོད་པའོ། །དྲན་པ་ཉེ་བར་གཞག་པ་ནི་ཕན་ཚུན་ལུས་ལ་རེག་པ་ཡོངས་སུ་སྤང་བའི་ཕྱིར་རོ། །གཏུར་བུ་ནི་ཆོས་གོས་ཀྱི་སྣོད་དོ། །བཏིང་བ་ཞེས་བྱ་བ་ནི་རྩྭ་ལ་སོགས་པའི་གཞི་ལའོ། །གནས་ནི་འདུག་པར་བྱ་བའི་དོན་གྱི་གཞིའོ། །གྲང་བས་ཉེན་པར་གྱུར་ཏོ་ཞེས་བྱ་བ་ནི་གནོད་པར་གྱུར་པའོ། །ཇི་སྲིད་ཕྱིན་པའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་དགེ་སློང་དག་གི་ལུས་ལ་ཁྱབ་པར་གྱུར་པའི་བར་དུའོ། །བཀབ་པ་ནི་ལེགས་པར་བཀབ་པའོ། །གཅིག་ཏུ་བརྩོན་པ་ཞེས་བྱ་བ་ནི་བསྟན་པ་ལ་གཅིག་ཏུ་ངེས་པར་བརྩོན་པ་སྟེ། འབད་པ་དང་ལྡན་པའི་སྐྱེས་བུ་གང་ཡིན་པ་དེ་ནི་གཅིག་ཏུ་བརྩོན་པའམ། ཡང་ན་གཅིག་ཏུ་བརྩོན་པར་བྱེད་པས་ན་གཅིག་ཏུ་བརྩོན་པར་བྱེད་པ་སྟེ། གང་ཟག་གི་ཡིད་ལ་གནས་པའི་བསྟན་པ་དེ་ལ་ཡང་གཅིག་ཏུ་བརྩོན་པ་ཞེས་བྱའོ། །བདེ་བ་ཡང་དག་པར་སྐྱེས་པ་འདི་ལ་ཡོད་པས་ན་བདེ་བ་དང་ལྡན་པའོ། །ཆོས་མངོན་པར་རྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་སྟེ། དེ་དྲན་པའི་ཡུལ་དུ་འོངས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །འཕྱ་བ་ནི་ཉེས་བར་དགོད་པའི་ཚུལ་གྱིས་སོ། །རབ་ཏུ་བྱུང་བ་ལས་བབས་སམ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ཡང་དག་པར་ཐོབ་པ་ཡོངས་སུ་བཏང་བར་གྱུར་པའོ། །རབ་ཏུ་ཞེས་བྱ་བའི་ཚིག་ནི་ལུས་ཀྱིས་རེག་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །གོས་བྱེད་པ་ཞེས་བྱ་བ་ནི་གོས་འཚོང་བ་སྟེ། རང་གི་ཁྱིམ་དུ་སྣལ་མ་བཀལ་བ་འམ་ཚོང་འདུས་སུ་བྱས་པ་འམ། འཐག་པའི་ལག་གིས་གོས་དག་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ནོར་རྫས་ཀྱིས་བསྒྲུབ་པས་གཙུག་ལག་ཁང་ནི་རྫས་ལས་བྱུང་བ་དེ་ཉིད་དེ། དེ་བསྲུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་བཞུགས་པའོ། །ནང་དུ་ཡང་དག་པར་འཇོག་པར་བཞེད་པ་ཞེས་བྱ་བ་ནི་དབེན་པར་སྙོམས་པར་འཇུག་པའི་བདེ་བས་བཞུགས་པར་བཞེད་པའོ། །གཙུག་ལག་ཁང་དེ་ཉིད་དུ་མངོན་དུ་ཕྱོགས་ནས་བསོད་སྙོམས་བླངས་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱི་བསོད་སྙོམས་མངོན་པར་བླངས་པའོ་།ཁྲོས་པ་ནི་ཞེ་སྡང་གི་ཀུན་ནས་དཀྲིས་པས་ཁྱབ་པའོ། །ཟོང་ནི་བཙོང་བར་བྱ་བའི་དངོས་པོའོ། །གདུགས་ནི་
རབ་ཏུ་གྲགས་པའོ། །ཡུ་བ་རིང་པོ་ཞེས་བྱ་བ་ནི་ཤིན་ཏུ་གདུགས་ཀྱི་ཡུ་བ་རིང་པོར་གྱུར་པའོ། །ནོར་ཅན་ནི་མཁར་གྱི་དབང་ཕྱུག་ཡིན་ལ། ཚོང་དཔོན་ནི་ཚོང་པའི་གཙོ་བོ་ཉིད་དུ་དབང་བསྐུར་བར་གྱུར་པའོ། །ཡུལ་ནས་ཡུལ་གཞན་དུ་དོན་མཐུན་དག་གང་གིས་ཁྲིད་པར་བྱེད་པ་དེ་ནི་དེད་དཔོན་ནོ། །ཁ་ཅིག་ནི་ལུས་ལ་རྩིབས་ཞེས་བྱ་བ་དེ་བས་ན་རང་གི་ལུས་ཀྱི་ཚད་དུ་གདུགས་ཀྱི་ཡུ་བ་བྱའོ་ཞེས་བྱ་བ་དང༌། ཁ་ཅིག་ནི་གདུགས་ཀྱི་རྩིབས་ཀྱི་ཚད་དུ་ཞེས་ཟེར་རོ། །རུང་བ་བྱེད་དུ་གནང་བ་ནི་ཐག་ཉེ་བའི་ཟང་ཟིང་དང༌། རེག་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །འཇིག་རྟེན་རྒྱང་འཕེན་ནི་མེད་པ་པའི་གཞུང་ལུགས་ཡིན་ལ། དེ་འདོན་པའི་ཕྱིར་འཇིག་རྟེན་རྒྱང་འཕེན་པའོ། །རྩོད་པ་ནི་ཚིག་རྣམ་པར་དཔྱོད་པའོ། །རྩོད་པའི་གནས་ཞེས་བྱ་བ་ནི་འདྲི་བ་པོ་ཀུན་ནས་ཚོགས་པར་བྱེད་པའོ། །ཕྱོགས་དང་ཕྱོགས་ཅིག་ཤོས་ནི་ཕྱོགས་སྔ་མ་དང་ཕྱི་མའོ། །གསར་དུ་ལྷགས་པ་ཉིད་ཀྱིས་མཆོད་པར་བྱས་པ་ནི་གསར་དུ་འོངས་པའོ། །མི་རིགས་པ་ནི་རྗེས་སུ་དཔག་པ་དང་འགལ་བའོ། །མི་འདྲ་བ་ནི་སྔ་ཕྱི་འགལ་བའོ། །མི་འཐད་པ་ནི་མངོན་སུམ་དང༌། གྲགས་པ་དང༌། རང་གི་ཚིག་དང་འགལ་བའོ། །བྱིས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་ལ་སོགས་པ་བྱང་བར་མ་གྱུར་ཅིང༌། མི་མཁས་པས་ན་བྱིས་པའོ། །བསླབས་པར་གྱུར་ན་ཡང་བསྟེན་པར་མི་ནུས་པ་ནི་གླེན་པའོ། །གཞན་ལ་སྟོན་པར་བྱེད་པའི་ནུས་པ་མེད་པ་ནི་མི་གསལ་བའོ། །དངོས་པོ་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་སྒོ་ནས་རྣམ་པར་བཞག་པའི་ནུས་པ་མེད་པའི་ཕྱིར་མི་ཤེས་པའོ། །མི་འདོད་པ་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བར་འགྲོ་བའི་ངང་ཚུལ་ཅན་ནོ་བདེ་བའི་དུས་ནི་སྔ་དྲོའོ། །བདེ་བ་སྦྱོར་བ་དང་གོ་རིམས་སྒྲོ་བཏགས་ནས་འདོན་པའི་ཕྱིར་བརྩམས་སོ་ཞེས་བྱ་བ་ནི་ཇི་ལྟར་བྲམ་ཟེའི་རིགས་བྱེད་ཀྱི་ཚིག་དང་གོ་རིམས་ཀྱི་རིམ་པའི་ཚིག་དེ་དང་གོ་རིམས་དེ་ལ་སྒྲོ་བཏགས་ནས་རིགས་བྱེད་དང་འདྲ་བར་འདོན་པའི་ཕྱིར་བརྩམས་པའོ། །བར་བར་དུ་གཞུང་བརྗེད་པ་ནི་གཞུང་ཁྲལ་ཁྲུལ་དུ་གྱུར་པའོ། །ཉམས་པ་ནི་ངག་ཉམས་
པའི་སྒོ་ནས་ཉམས་པར་གྱུར་པའོ། །ངེས་པའི་ཚིག་ནི་དཔེར་ན་འགྲོ་བའི་ཕྱིར་བ་ལང་དང༌། སའི་སྟེང་དུ་སྒྲ་སྒྲོགས་པའི་ཕྱིར་རྨ་བྱ་དང༌། གཟུགས་སུ་རུང་བས་ན་གཟུགས་དང༌། རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡུལ་དང་ཡུལ་གྱི་ངེས་པའི་ཚིག་གཞན་ཏེ། རྣམ་པ་གཞན་དུ་ན་ཡུལ་དེ་ན་གནས་པ་དག་གིས་སངས་རྒྱས་ཀྱི་ཚིག་བསྟན་པ་ཉིད་དུ་ནུས་པར་མི་འགྱུར་བ་དེའི་ཕྱིར་ཡུལ་དེ་ན་རབ་ཏུ་གྲགས་པའི་ངེས་པའི་ཚིག་གིས་སངས་རྒྱས་ཀྱི་ཚིག་བརྗོད་ཅིང་བསྟན་པར་འགྱུར་གྱི། སྐད་དེ་དག་ལ་ཚིག་དང་གོ་རིམས་ལ་སོགས་པ་རྣམ་པར་འགྱུར་བ་དེ་མེད་པ་ནི་དེ་དག་ལ་སངས་རྒྱས་ཀྱི་ཚིག་བསྟན་པར་མི་ནུས་པ་དེ་བས་ན་སྐད་དེ་དང་རྗེས་སུ་མཐུན་པའི་ཚིག་དང་གོ་རིམས་ཀྱིས་སངས་རྒྱས་ཀྱི་ཚིག་བརྗོད་ཅིང་བསྟན་པར་འགྱུར་རོ། །བགྲོད་པར་བྱ་བ་མ་ཡིན་པར་སོང་བ་ནི་གནས་མ་ཡིན་པར་འཇུག་པ་སྟེ། གང་གི་ཕྱིར་ཁོ་བོ་ཅག་དེ་དག་གིས་ཟིལ་གྱིས་གནོན་པར་མི་འགྱུར་བའོ། །མི་དགའ་བར་བྱའོ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལ་འཇུག་པར་བྱ་བའོ། །སྣོད་སྤྱད་མང་བ་ཞེས་བྱ་བ་ལ་སོགས་པ་ལ་གང་ལ་འཇོག་པར་བྱེད་པ་སྤྲོག་མ་ལ་སོགས་པ་དེ་དག་ནི་སྣོད་སྤྱད་དོ། །ཡོ་བྱད་ནི་གཞག་པར་བྱ་བའི་རྫས་སོ། །སེང་གེ་ལྟར་བརྩེ་བ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སེང་གེས་ཟོས་པའི་ལྷག་མ་སྤངས་པར་གྱུར་ནས་འགའ་ཞིག་ཏུ་ཡང་ཟ་བར་མི་བྱེད་པ་དེ་བཞིན་དུ་དགེ་སློང་གིས་བརྩེ་བ་མེད་པར་མི་བྱ་སྟེ། འོན་ཀྱང་བཟོད་པར་འོས་པ་ཡིན་པའི་ཕྱིར་བཟོད་པར་བྱ་བ་ཡིན་ནོ། །མུན་པ་རབ་ཏུ་གནག་པ་ཞེས་བྱ་བ་ནི་མུན་པ་མཐུག་པོ་དང་ལྡན་པར་གྱུར་པ་ནི་ཞེས་བྱ་བའི་ཐ་ཚིག་གོ །དལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པོར་མི་འབབ་པའི་ཕྱིར་རོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་དུས་ཀྱིས་ཆོད་ཅིང་ཆོད་ཅིང་འབབ་པའི་ཕྱིར་རོ། །འབབ་པར་གྱུར་པ་ན་ཞེས་བྱ་བ་ནི་བརླན་པར་གྱུར་པ་ནའོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་གདོན་མི་ཟ་བར་འགྱུར་བའོ། །དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ། འདོད་ཆགས་ལ་སོགས་པ་ཉོན་
མོངས་པ་བཅོམ་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ། །ནང་དུ་ཡང་དག་བཞག་པ་ནི་དབན་པར་བཞུགས་པའོ། །འཇིགས་པ་ནི་སྡངས་པའོ། །འཇིགས་སུ་རུང་བ་ནི་འཇིགས་པའི་རྒྱུ་མཚན་ནོ། །སྡང་བ་ནི་སྤོབས་པ་ཉམས་པའོ། །བ་སྤུ་ལྡང་བ་ནི་འཇིགས་པའི་རྒྱུ་སྔོན་དུ་སོང་བ་ཅན་གྱི་བ་སྤུ་ལྡང་བའོ། །རྣམ་པར་དག་པའི་ཆོས་སུ་འགྱུར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བར་འགྱུར་བའོ། །གོས་སྤུ་ཅན་ནི་རས་སྤུ་ཅན་ལ་སོགས་པའོ། །ལ་བའི་མཆོག་ཅེས་བྱ་བ་ནི་ཡུལ་པར་སིག་ལས་བྱུང་བ་ཤིན་ཏུ་རིན་ཆེ་བ་དང་མཐུག་པ་མཛུབ་ཀྱི་ཚད་པས་ལྷག་པའི་སྤུ་ཅན་ལ་ལ་བའི་མཆོག་ཅེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། ཤིན་ཏུ་ཆེ་བ་ཉིད་དང༌། ཉུང་བ་མ་ཡིན་པ་ཉིད་ཀྱིས་གང་ཟག་ལ་བཀག་པ་མཚོན་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་རུང་བ་མ་ཡིན་པ་ནི་རང་ཉིད་ལ་བཀག་པ་ཡོད་པའི་ཕྱིར་རོ། །འཛིན་པར་བྱེད་པའི་ཐབས་སུ་གྱུར་པ་དེ་ནི་སྒྲོ་གུའོ། །གང་གིས་འཛིན་པ་དེ་ནི་སྒྲོག་མདུད་དོ། །སྐ་རགས་ནི་ཤུར་བུར་རབ་ཏུ་གྲགས་པའོ། །དྲ་བའི་རྣམ་པ་ལྟ་བུ་མིག་ཕྲ་མོ་ཅན་ནི་ཤུར་བུ་ཕྲེའུ་འོ། །སྲད་བུ་ཟུར་བཞི་པ་ནི་ལྕག་ཕོད་དོ།། །། བམ་པོ་བཞི་པ། ཞལ་ཏ་པ་ནི་བྱ་བ་བྱེད་པ་སྟེ། གྲོང་ལ་སོགས་པའི་ལས་ སེམས་པར ་བྱེད་པའི་ཕྱིར་རོ། །བྲམ་ཟེའི་བུ་ཞེས་བྱ་བ་ནི་བྲམ་ཟེ་ལོ་བཞི་བཅུ་མ་ལོན་པ་ལ། འདིར་བྲམ་ཟེའི་བུའི་སྒྲས་བསྟན་པ་ཡིན་ནོ། །དཔྱ་ནར་མ་ཞེས་བྱ་བ་ནི་ཡུལ་ལས་བྱུང་བར་རབ་ཏུ་གྲགས་པའོ། །གླ་སྐྱེད་ནི་ཤོ་གམ་དང་གྲུ་བཙས་ལ་སོགས་པ་ལས་བྱུང་བའོ། །ཉི་མ་ནི་ཚེས་གཅིག་ལ་སོགས་པའོ། །ཚེས་གྲངས་ནི་ཟླ་ལྷག་ལ་སོགས་པའོ། །མྱུར་བར་ཡོངས་སུ་གཅོད་པར་བྱེད་པ་ནི་སྒྲིན་ཞིང་མྱུར་བའོ། །སྤྱིར་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་གཅོད་པས་ན་མཁས་པ་ཞེས་བྱ་བའོ། །རྩ་བ་ནི་གླ་སྒང་ལ་སོགས་པའོ། །སྡོང་བུ་ནི་སླེ་ཏྲས་ལ་སོགས་པའོ། །ལོ་མ་ནི་བལ་བུའི་ལོ་མ་ལ་སོགས་པའོ། །མེ་ཏོག་ནི་ཀླུ་ཤིང་གི་མེ་ཏོག་ལ་སོགས་པའོ། །འབྲས་བུ་ནི་སྨན་ཨ་རུ་ར་ལ་སོགས་པའོ།།
མང་དུ་བཏུས་ཏེ་ཞེས་བྱ་བ་ནི་གཞོན་པའི་ཕྱིར་དང༌། བློ་དང་ལྡན་པས་མ་ལུས་པར་བཏུད་ནས་སོ། །དགའ་བ་ནི་ཡིད་དགའ་བའོ། །མགུ་བ་ནི་དགའ་བའི་བྱེ་བྲག་གོ །སྐལ་བ་ཆུང་བ་ནི་བསོད་ནམས་ཆུང་བར་གྱུར་པའོ། །ལག་པའི་མཐིལ་ཏེ་ལག་པའི་དཀྱིལ་ན་ལྕགས་ཀྱུའི་རྣམ་པ་དང༌། འཁོར་ལོའི་རྣམ་པ་དང༌། ཕྲེང་བའི་རྣམ་པ་ལྟ་བུའི་རི་མོ་གང་ལ་ཡོད་པ་དེའི་ཕྱིར་ན་རྒྱལ་པོར་འགྱུར་ཏེ། བདག་པོ་ཉིད་དུ་འཛིན་པར་བྱེད་དོ། །ཤས་རྒྱས་པའི་བཞིན་མཚན་ཐམས་ཅད་དང་ལྡན་པ་ལ་ཞིང་དང་འདྲ་བ་ཞེས་བྱའོ། །གང་གི་རྐང་མཐིལ་ལ་གྲོང་ཁྱེར་དང་རྩིག་པའི་རྣམ་པ་ལྟ་བུའི་རི་མོ་ཡོད་པའོ། །རྟ་བབས་ནི་རྩ་བའི་སྒོ་ལས་ཕྱི་རོལ་གྱི་རྩིག་པ་མ་གཏོགས་པར་ཤིང་གཉིས་བསྒྲེངས་པ་ལ་ཤིང་གཅིག་གིས་སྟེང་ནས་བཀབ་པ་སྒོའི་རྣམ་པ་ལྟ་བུ་ཡིན་ཏེ། འདིའི་མིང་གཞན་ནི་སྒོ་དང་པོ་ཞེས་བྱ་བ་ཡིན་ནོ། །དོགས་པ་མེད་པས་སོང་ཤིག་ཅེས་བྱ་བ་ནི་བྱ་བ་མེད་པར་གྱུར་པས་སོ། །རེག་བྱ་དང་ལྡན་པ་ཞེས་བྱ་བ་ནི་སྐྱེ་བོ་གཞན་དང་ཐུན་མོངས་མ་ཡིན་པ་ཁྱད་པར་དུ་འཕགས་པ་ལ་འདིར་རེག་བྱར་བསམས་པའོ། །རྗེ་བོ་ནི་བདག་པོའོ། །མི་སྙན་པ་སྒྲོགས་པར་འགྱུར་གྱི་ཞེས་བྱ་བ་ནི་གྲགས་པ་མ་ཡིན་པ་དང་ལྡན་པ་ཉིད་ཀྱིས་སོ། །གཅིག་ནས་གཅིག་ཏུ་ཐོས་ཏེ་ཞེས་བྱ་བ་ནི་མཐར་གྱིས་གཏམ་ཐོས་པར་གྱུར་ཏེའོ། །དཔུང་གི་ཚོགས་ནི་དཔུང་གི་འདུས་པའོ། །ཡན་ལག་བཞི་སྟེ། གླང་པོ་དང༌། རྟ་དང༌། ཤིང་རྟ་དང༌། རྐང་ཐང་གི་མིང་ཅན་གང་ལ་ཡོད་པ་དེ་ནི་ཡན་ལག་བཞི་དང་ལྡན་པའོ། །སྐྱེ་བོ་མང་པོའི་སྒྲ་མི་གསལ་བ་ནི་ཅ་ཅོའི་སྒྲའོ། །ཁྲི་ལམ་ཞེས་བྱ་བ་ལ་སོགས་པ་ལ་ལམ་པོ་ཆེ་གང་ལ་ཤིང་རྟ་བསྐྱོད་པར་ནུས་པ་དེ་ནི་ཁྲི་ལམ་མོ། །ཤིང་རྟ་བསྣུར་དུ་རུང་བའི་ལམ་པོ་ཆེ་ནི་ཚོང་དུས་ཀྱི་སྲང་ངོ༌། །བཞི་མདོ་ནི་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་བཞི་པའོ། །སུམ་མདོ་ནི་ཁྲི་ལམ་གྱི་སྣའི་ལམ་ཁ་བྲག་གསུམ་པའོ། །དྲིལ་བསྒྲགས་ཏེ་ཞེས་བྱ་བ་རྒྱལ་པོའི་བཀས་དམ་བཅས་པ་དྲིལ་དཀྲོལ་ཞིང་སྒྲོགས་པར་བྱེད་པ་གང་ཡིན་པ་དེ་ནི་དྲིལ་བསྒྲགས་པའོ། །གྲོང་ན་གནས་པས་ན་གྲོང་མི་རྣམས་སོ། །དཔལ་ཡང་དག་པར་
སྐྱེས་ནས་ཞེས་བྱ་བ་ནི་དཔལ་ཆེ་བ་ཉིད་དམ་སྔ་ན་མེད་པའི་དཔལ་བྱུང་ནས་སོ། །ཆུང་མ་ཉིད་དུ་བྱས་ནས་བདག་ཉིད་ཀྱི་ཁྱིམ་དུ་ཕྱིན་པར་བྱེད་པ་ནི་ཁྲིད་པར་བྱེད་པའོ། །སྨད་པར་བྱ་བའི་བདག་པོ་ཡིན་པས་ན་ཁྱིམ་ཐབ་སྟེ་བྲན་མོའི་ཁྱིམ་ཐབ་བོ། །བུ་ཟ་བར་བྱེད་པས་ན་བུ་ཟན་མོ་སྟེ་སྲིན་མོའོ། །ཁ་ཅིག་ནི་དེའི་བུ་མོ་མཁའ་འགྲོ་མན་ལ་བུ་ཟན་མོ་ཞེས་ཟེར་རོ། །དེ་བལྟ་བར་བགྱི་ཞེས་བྱ་བ་ནི་དེ་བལྟ་བའི་འདོད་པ་དང་བཅས་པའོ། །ཕན་ཚུན་མཐོང་བར་མོས་པ་ནི་ཕྲད་པའི་བརྩོན་པ་དང་ལྡན་པའོ། །དགའ་བ་ནི་སྲེད་པར་གྱུར་པའོ། །དུབ་པར་གྱུར་པ་ལས་ངལ་བ་གང་ཡིན་པ་དེས་བསྐྱེད་པའི་ལེ་ལོ་ནི་ཀུན་ནས་བསྐྱེད་པའི་ལེ་ལོའོ། །ཉེས་དམིགས་ཞེས་བྱ་བ་ནི་ཉེས་པར་གྱུར་པའོ། །ཁྲོ་བ་ཞེས་བྱ་བ་ནི་འཁྲུགས་པའི་ངང་ཚུལ་ཅན་ཏེ་རྩྭའི་མེ་དང་འདྲ་བས་སྐད་ཅིག་གིས་འབར་བར་བྱེད་པའི་ཕྱིར་རོ། །ཁོན་དུ་འཛིན་པ་ཞེས་བྱ་བ་ནི་མདུད་པར་འཛིན་པའོ། །སྙིང་རིངས་པ་ཞེས་བྱ་བ་ནི་ཡིད་བརྟན་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཕན་བཏགས་པ་བརྗེད་པའི་ཕྱིར་བྱས་པ་མི་གཟོ་བའོ། །དུག་རྣོ་བ་ཞེས་བྱ་བ་ནི་དུག་ཕྱིར་གསོ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །བུད་མེད་ཀྱི་ཡུལ་གྱི་འདོད་ཆགས་དྲགས་པ་ནི་དུག་རྣོ་བ་ཞེས་བྱའོ། །དགེ་བའི་རྩ་བ་བསགས་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་བསྐྱེད་པའོ། །སློབ་པའི་སློབ་དཔོན་ནི་སློབ་དཔོན་དང་མཁན་པོ་ལ་བྱ་སྟེ། དེ་གཉིས་མེད་པར་རང་གི་བློ་དང་ནུས་པས་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་པ་ནི་བྱང་ཆུབ་ཡིན་ལ་དེའི་ཕྱོགས་ནི་དེ་དག་གི་ཕྱོགས་སུ་གྱུར་པས་ན་ཕྱོགས་ཏེ་དེ་ཡང་སུམ་ཅུ་རྩ་བདུན་ནོ། །འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་མངོན་དུ་བྱས་པ་ནི་བསྐྱེད་པའོ། །མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ནི་ཡེ་ཤེས་དང་ཐོབ་པ་མངོན་སུམ་དུ་བྱས་པའོ། །འབར་བ་ནི་ལུས་
ལས་མེ་སྦར་བའོ། །གསལ་བ་ནི་འོད་འཕྲོ་བའོ། །ཆར་འབབ་པ་ནི་ཆུ་འབབ་པའོ། །གློག་འགྱུ་བ་ནི་གློག་འཕྲོ་བ་སྟེ། རེ་རེས་ཀྱང་སོ་སོའི་སྐྱེ་བོའི་ སེམས་འཕྲོག་པར ་བྱེད་ཅིང་འདྲེན་པར་བྱེད་པའི་ཕྱིར་ཆོ་འཕྲུལ་ལོ། །ཉོན་མོངས་པའི་འཆིང་བས་བཅིངས་པ་དག་ནི་འཕགས་པ་དག་ལས་ཐ་དད་པར་གྱུར་པའི་ཕྱིར་སོ་སོའི་སྐྱེ་བོ་དག་གོ །བསོད་སྙོམས་ནི་ལུས་གནས་པ་སྒྲུབ་པར་བྱེད་པའོ། །རྗེའི་སྲས་ཞེས་བྱ་བ་ལ། ཁྱིམ་བདག་གི་ཕ་ལ་འདིར་རྗེ་བོ་ཡིན་པར་རིག་པར་བྱ་བ་ཡིན་ལ་དེའི་བུ་ནི་རྗེའི་སྲས་སོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་དག་ནི་བདག་ཉིད་ཆེན་པོའོ། །བརྟུལ་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་བརྟུལ་ཞུགས་གྲུབ་པའོ། །གསོ་བ་ནི་བསྐྱེད་པའོ། །གཟུགས་བཟང་བ་ནི་ཁ་དོག་གི་སྒོ་ནས་སོ། །བལྟ་ན་སྡུག་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ནི་སེམས་དང་བ་བསྐྱེད་པའོ། །གཞི་བརྟག་པ་ནི་ཞིང་དང་ཁྱིམ་དང་ས་གཞི་བརྟགས་པ་དག་ཡིན་ཏེ། ས་གཞི་བཀྲ་ཤིས་པར་སྤྲོ་བར་བྱ་བ་དང༌། བཀྲ་ཤིས་བ་མ་ཡིན་པར་སྤྲོ་བར་བྱ་བ་དེ་བས་ན་བརྟག་པར་བྱ་བ་ཡིན་ནོ། །གོས་དག་ཡོན་ཏན་དང་ལྡན་པ་དང༌། ཡོན་ཏན་མེད་པར་འགྱུར་བ་དེའི་ཕྱིར་བརྟག་པར་བྱ་བ་ཡིན་ནོ། །ཤིང་ཡང་བྱ་བ་དུ་མ་ལ་མཁོ་བའི་ཕྱིར། ནང་དུ་མ་ཞི་བར་བྱེད་པ་དང༌། གསེར་ལ་སོགས་པའི་རིགས་ཡོད་པས་ན་བརྟག་པར་བྱ་བ་ཡིན་ནོ། །གླང་པོ་དང༌། རྟ་དང༌། རིན་པོ་ཆེ་དང༌། སྐྱེས་པ་དང༌། བུད་མེད་བརྟག་པར་བྱ་བ་ཡིན་ཏེ། དགོས་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །འབྱེད་པ་ཞེས་བྱ་བ་ནི་མཚན་ཉིད་མཐོང་ནས་བསྟན་བཅོས་ཀྱི་སྒོར་སྦྱོར་བ་ཉིད་དུ་ནུས་པའི་ཕྱིར་འབྱེད་པའོ། །གཞན་དག་ཀྱང་མ་ལུས་པ་ཁོང་དུ་ཆུད་པས་ན་ཀློག་པའོ། །བརྟག་པ་དེ་དག་ཉིད་མངོན་བར་ཤེས་པས་ན་མཁས་པའོ། །ལས་སུ་བྱ་བ་ཐམས་ཅད་ལ་སྒྲིན་པས་ན་སྤྱོད་པ་གསལ་བའོ། །རྒྱུད་ཐམས་ཅད་ཀྱི་རྒྱུད་ལ་མཁས་པ་ཞེས་བྱ་བ་ནི་བཟོ་ལ་སོགས་པ་ཤེས་པའི་ཡུལ་ཐམས་ཅད་ལ་མཁས་པའོ། །རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་རིགས་སྤྱི་བོར་དབང་བསྐུར་ཞིང་རྒྱལ་ཕྲན་རྣམས་ཀྱིས་སྤྱི་བོས་ཕྱག་བྱས་པར་གྱུར་པ་སྟེ། འདིས་
ནི་གོ་རིམས་བཞིན་དུ་ཐོབ་པ་ཉིད་བསྟན་པ་ཡིན་ནོ། །ལྗོངས་ཀྱི་དབང་ཕྱུག་ནི་གཙོ་བོ་ཉིད་ཡིན་ལ་དེའི་མཐུ་ནི་ནུས་པའོ། །བརྩོན་འགྲུས་ནི་སྤྲོ་བ་ཕུན་སུམ་ཚོགས་པའོ། །ཡན་ལག་ཐམས་ཅད་ལས་ཀྱང་ལྗོངས་ཀྱི་ཡན་ལག་ཤེས་རབ་ཀྱི་ནུས་པ་དང༌། སྤྲོ་བས་སྲུང་བ་དང༌། སྤེལ་བ་དང༌། བསྐྱང་བ་ནི་གཙོ་བོའི་ནུས་པ་ཡིན་ཏེ། གང་གི་ཕྱིར་ལྗོངས་ཀྱི་རང་བཞིན་ཡང་དག་པར་བསྐྱངས་པར་གྱུར་པ་ན། བདག་པོ་བློན་པོ་དང༌། ཆད་པ་དང༌། བང་མཛོད་དང༌། མཁར་དང༌། གྲོགས་བཤེས་ཀྱི་རང་བཞིན་དུ་འགྱུར་བ་དེའི་ཕྱིར་ལྗོངས་ཀྱི་རང་བཞིན་གྱི་དབང་ཕྱུག་ཁོ་ན་ཤེས་རབ་ཀྱི་བདག་ཉིད་དང་ནུས་པ་དང༌། བརྩོན་པས་ལྷག་པར་སྤྱོད་པར་བྱའོ། །ས་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་གློག་པ་དང་ལྗོངས་ཀྱི་དབང་ཕྱུག་ལ་གནས་པའི་གཙོ་བོ་ཉིད་དང་མཁས་པ་ཉིད་དུ་བསྟན་པ་ཡིན་ཏེ། དོན་དེ་ཉིད་འདིར་ཡང་ཤེས་པར་བྱ་སྟེ། དེ་ནི་འདི་སྐད་དུ་ལྗོངས་ཀྱི་དབང་ཕྱུག་མིའི་བདག་པོ་དང༌། རྒྱལ་ཕྲན་ལ་སོགས་པ་གང་ཡིན་པ་དེ་དག་གི་ས་ཆེན་པོའི་དཀྱིལ་འཁོར་ཉིད་གཙོ་བོ་ཁོ་ན་ཡིན་ཏེ། རྒྱལ་པོའི་རྒྱལ་པོ་ཞེས་བྱ་བའི་ཐ་ཚིག་གོ །མངོན་པར་རྒྱལ་བར་བྱས་པ་ནི་རྒྱལ་བར་གྱུར་པའོ། །གནས་པ་རྣམས་ཀྱི་ཞེས་བྱ་བ་ནི་དབང་བྱེད་པ་དང༌། སྲུང་བར་བྱེད་པ་དག་གི་ཞེས་བྱ་བར་དགོངས་སོ། །བཟོའི་གནས་ཞེས་བྱ་བ་ནི་སློབ་པ་པོ་ཁོང་དུ་ཆུད་པའི་གཞི་ནི་བཟོའི་གནས་སོ། །ལས་ཀྱི་གནས་ནི་སློབ་པ་དང་རྩོམ་པ་སྒྲུབ་པ་དག་ཡིན་ཏེ། གནད་ལ་སོགས་པ་ལ་ཕོག་པ་ནི་བསླབ་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ལ། གླང་པོ་ཆེ་ལ་སོགས་པ་ལ་ཞོན་པའི་བསླབ་པ་དང༌། བརྩལ་བའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཐ་དད་པ་ཞེས་བྱ་བ་ནི་ཚུལ་སྣ་ཚོགས་པའོ། །གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་ལ་ཞོན་པ་ཞེས་བྱ་བ་ནི་གནས་གཅིག་ཡིན་ནོ།། རལ་གྲིའི་ཐབས་ནི་རལ་གྲི་ལ་སོགས་པའི་འཛིན་སྟངས་ཏེ། དེ་ལ་མཁས་པ་ཉིད་ནི་འཛིན་སྟངས་ཤེས་པའོ། །གཞུ་ལ་མཁས་པ་ཉིད་ནི་གཞུའི་རིག་པ་ཤེས་པ་སྟེ། འདིས་ནི་མདའ་དང་མཚོན་ཆ་ཤེས་པ་སྟེ། གནས་གཉིས་པ་བསྟན་པ་ཡིན་ནོ། །ཕྱིར་བསྣུར་བ་ནི་གཡུལ་ལས་
ཕྱིར་ལོག་པའོ། །མདུན་དུ་བསྣུར་བ་ནི་རབ་ཏུ་འཇུག་པ་སྟེ། འདི་ལ་མཁས་པ་ཉིད་ནི་གནས་གསུམ་ཡིན་ནོ། །ལྕགས་ཀྱུ་དང་ཞགས་པ་དང༌། མདའ་བོ་ཆེ་འཛིན་པ་ལ་མཁས་པ་ཉིད་ནི། མདའ་དང་མཚོན་ཆ་ཤེས་པ་ཁོ་ནའི་ནང་དུ་འདུའོ། །གཅད་པ་ནི་གོ་ཆའི་མདུད་པ་ལ་སོགས་པའོ། །དྲལ་བ་ནི་ཡ་ལད་ལ་སོགས་པའོ། །དབུག་པ་ནི་གནད་ལ་སོགས་པའོ། །དེ་དག་ལ་མཁས་པ་ཡང་མདའ་དང་མཚོན་ཆ་ཤེས་པའི་ནང་དུ་འདུའོ། །གོམ་སྟངས་ཀྱི་གཡུལ་ཤེས་པ་ནི་བཞི་པའོ། །དེ་ཉིད་ཀྱང་འཛིན་སྟངས་དང༌། གོམ་སྟངས་དང༌། ཐོར་ཚུགས་ཀྱི་འཛིན་སྟངས་ལ་མཁས་པ་ཡིན་ཏེ། ཕ་རོལ་པོའི་རལ་གྲི་འམ་ཤང་ལང་གིས་རབ་ཏུ་བསྣུན་པར་འདོད་པའི་ཁུ་ཚུར་ཇི་ལྟར་གཞན་གྱི་བརྡེག་སྤྱད་པར་འགྱུར་བ་དེ་ལྟར་འཛིན་པ་ཡིན་ལ་དབུག་པའི་གཡུལ་ལ་གོམ་སྟངས་ཉེ་བར་མཁོ་བ་ཡིན་ནོ། །ཐོར་ཚུགས་ཀྱི་འཛིན་སྟངས་ནི་སྐྲའི་འཛིན་ཐབས་ཡིན་ཏེ། གཡུལ་མང་པོ་ཁོ་ན་ཡོད་དོ། །སྒྲའི་རྗེས་སུ་འབྲངས་ནས་རྡེག་པར་བྱེད་པ་ནི་སྒྲ་གྲག་པར་ཕོག་པའོ། །གནད་ལ་རྡེག་པར་བྱེད་པ་ནི་གནད་དུ་ཕོག་པའོ། །འཁྲུལ་པ་མེད་པར་བསྣུན་པ་ནི་མི་འཚོར་བར་ཕོག་པའོ། །གཏིང་དུ་བསྣུན་པ་ནི་ཚབས་ཆེ་བའོ། །གཅད་པ་ལ་སོགས་པས་མཚོན་ཆ་ལྟུང་བར་བྱེད་པ་ཤེས་པ་ནི་གནས་ལྔ་ཡིན་ནོ། གཞན་དག་ནི་གཅད་པ་ལ་སོགས་པ་གནས་གསུམ་དག་ཡིན་ལ། འཛིན་སྟངས་ལ་སོགས་པ་གནས་བཞི་པ་ཡིན་ཞིང༌། དགྲ་ལ་ཕོག་པ་ལ་སོགས་པ་གནས་ལྔ་པ་ཡིན་པར་བརྗོད་དོ། །བྲམ་ཟེའི་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་ལམ་དང་ཆ་ལུགས་ལ་བྱའོ། །ཆོ་ག་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པའི་སྤྱོད་པ་ངང་ཚུལ་སྤྱོད་ཉིད་ཡིན་ཏེ། རྟག་པ་དང༌། འདོད་པ་ཉིད་དང༌། རྒྱུ་མཚན་གྱི་ལས་དག་ལ་ནན་ཏན་དུ་བྱེད་པ་ལ་བྱ་བར་མན་ངག་བརྒྱུད་པ་ལས་བྱུང་བ་ཡིན་ནོ། །གཙང་སྦྲ་ཞེས་བྱ་བ་ནི་གནས་སྐབས་ངང་ཚུལ་མཐུན་པའི་ཡན་ལག་གི་གཙང་སྦྲ་ལ་བྱའོ། །མཚུངས་པར་སྤྱོད་པ་ཞེས་བྱ་བ་ནི་བྲམ་ཟེ་ལ་རིགས་པ་སྔོན་དུ་ལྡང་བ་དང༌། གསོད་པོར་སྨྲ་བ་ལ་སོགས་པ་ཕན་ཚུན་ཀུན་དུ་ཐ་སྙད་དུ་བྱེད་པ་ཁོ་ན་ལ་བྱའོ། །
རིལ་བའི་སྒྲས་ནི་བྲམ་ཟེ་དག་གིས་གཙང་སྦྲ་བྱེད་པའི་སྣོད་ཡིན་ཏེ། སྤྱི་བླུགས་ཞེས་ཀྱང་བརྗོད་པ་གང་ཡིན་པ་དེ་གནས་སྐབས་དང་རྗེས་སུ་མཐུན་པར་འཛིན་པ་བསླབ་པར་བྱ་བ་ཡིན་ནོ། །ཐལ་བ་ལེན་པ་ཞེས་བྱ་བ་ནི་ཐལ་བའི་བྱ་བ་གང་ཡིན་པ་དེའི་དོན་དུ་ལེན་པར་བྱེད་པ་ནི་བྲམ་ཟེ་ལ་རིགས་པ་ཉིད་ཡིན་ནོ། །སས་ཀྱང་གང་གི་ཕྱིར་ཇི་སྲིད་དུ་ཇི་ལྟར་གཙང་སྦྲའི་དོན་དུ་ལེན་པར་བྱེད་པ་ཡིན་པ་དེ་བས་ན་བསྟན་པ་ཡིན་ནོ། །ཡི་གེ་ཨོཾ་དེ་ནི་བྲམ་ཟེས་བསྒོམ་པར་བྱ་བ་དེ་བས་ན་དེ་སྒོམ་པ་དང་རྗེས་སུ་མཐུན་པས་ན་གཟུང་བར་བྱ་བ་དང༌། ཡི་གེ་བྷོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་དུས་སུ་ལེགས་པར་སྦྱར་བས་འབོད་པ་ཡིན་པས་ན་བྲམ་ཟེས་ཇི་ལྟ་བ་བཞིན་དུ་རབ་ཏུ་སྦྱར་བར་བྱ་བ་ཡིན་ནོ། །དེས་བརྗོད་ཀྱི་རིག་བྱེད་ནི་ངེས་བརྗོད་ཤེས་པའི་ངག་གི་ཚིག་གི་ཚད་ངེས་པ་དག་གོ །མཆོད་སྦྱིན་གྱི་རིག་བྱེད་ནི་ཚིག་གི་ཚད་མ་ངེས་པའོ། །སྙན་ཚིག་གི་རིག་བྱེད་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་བསྟོད་པའི་དག་གོ །སྲིད་སྲུང་གི་རིག་བྱེད་ནི་སྐྱེ་དགུ་བསྲུང་བའི་ཐབས་སུ་གྱུར་པའི་ཆེད་དུ་བསྟན་པ་སྟེ། བྲམ་ཟེའི་རིག་བྱེད་བཞིའི་སྒྲའི་དོན་ཡོངས་སུ་ཤེས་པར་བྱ་བ་ཡིན་པ་དང༌། ལས་དང་ཤེས་པ་ལ་ངེས་པར་སྦྱར་བར་བྱ་བ་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དྲང་སྲོང་གར་ག་དང༌། མ་ཐ་རའི་གཞུང་ཞེས་བྱ་བ་ནི་སྐར་མའི་བསྟན་བཅོས་ཡིན་ལ། ས་གཡོ་བ་དང་འབྲས་བུའི་རྣམ་པར་བཤད་པ་ནི་སྐར་མའི་གཞུང་ཉིད་ཡིན་ཏེ། དེ་དག་ལ་མཁས་པའོ། །ནང་ཞེས་བྱ་བ་ནི་བྲམ་ཟེ་དག་གིས་བསྒྲག་པར་བྱ་བ་མ་ཡིན་པའི་གཞུང་ཡིན། ངེས་བརྗོད་ཀྱང་གཞུང་དེ་དག་ཉིད་ཀྱི་བྱེ་བྲག་ཡིན་ཏེ། དེ་ལ་ཡང་མཁས་པའོ། །མཆོད་སྦྱིན་བྱེད་པ་ནི་བདག་ཉིད་མཆོད་སྦྱིན་བྱེད་པའོ། །མཆོད་སྦྱིན་བྱེད་དུ་འཇུག་པ་ནི་ངེས་བརྗོད་མཁན་དུ་གྱུར་པའི་སྒོ་ནས་གཞན་བྱེད་དུ་འཇུག་པའོ།། འདོན་པ་ནི་བདག་ཉིད་ཀློག་པའོ། །འདོན་དུ་བཅུག་པ་ནི་གཞན་འདོན་དུ་བཅུག་པའོ། །སྦྱིན་པ་ནི་བྲམ་ཟེ་རྣམས་ལའོ། །ལེན་པ་ནི་བྲམ་ཟེས་རིགས་གསུམ་པོ་དག་ལ་སྟེ། དྲུག་པོ་དེ་དག་ནི་བྲམ་ཟེའི་ལས་ཡིན་ནོ། །བརྩོན་པ་ནི་མངོན་བར་སྦྱོར་བའོ། །ཁྲོ་བ་ཆེར་སྐྱེས་ནས་
ཞེས་བྱ་བ་ལ་བརྣག་མི་བཟོད་པའི་རང་བཞིན་ནི་འདིར་ཁྲོ་བ་ཡིན་པར་རིག་པར་བྱའོ། །སྐྱེས་བུ་གླ་བ་ཞེས་བྱ་བ་ལ་གླས་པས་བྱེད་པ་གང་ཡིན་པ་དེ་ནི་གླ་བའོ། །ནམ་ངའི་ཡབ་ལྷག་ཉིད་དུ་བཞུད་པར་གྱུར་པ་ན་ཞེས་བྱ་བ་ནི་རིས་མཐུན་པ་སྤངས་ནས་མཐོ་རིས་ཐོབ་པར་གྱུར་པ་ནའོ། །ཕ་རོལ་གནོད་པའི་སྦྱོར་བས་ཞེས་བྱ་བ་ནི་གསོད་པར་བྱེད་པའི་སྦྱོར་བས་སོ། །དགོན་པའི་ནགས་ཀྱི་གནས་ཞེས་བྱ་བ་ལ་སོགས་པ་ལ། གྲོང་ལས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་དགོན་པ་ཡིན་ལ། ནགས་ཀྱི་གནས་ནི་ནགས་ཀྱི་ཕྱོགས་གཅིག་ཡིན་ནོ། །ཁྱད་པར་དུ་མཐར་གྱུར་པ་ནི་བས་མཐའོ། །རྣལ་འབྱོར་བ་འདི་ལ་ཉལ་བའི་ཕྱིར་མལ་ཡིན་ལ། འདི་ལ་འདུག་པའི་ཕྱིར་སྟན་ཡིན་ནོ། །གཙང་བ་ཞེས་བྱ་བ་ནི་རྣམ་པར་དབེན་པའམ། དག་པར་རམ་དགའ་བར་བྱེད་པའོ། །སྡིག་པའི་སྐྱེ་བོ་སྟེ་རྒལ་དཀའ་བའམ། སྨད་པའི་ལས་ནི་སྡིག་པའི་སྐྱེ་བོ་ཡིན་ལ། བྲལ་བ་ནི་མེད་པར་གྱུར་པ་སྟེ། སྡིག་པའི་སྐྱེ་བོ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་སྡིག་པའི་སྐྱེ་བོ་དང་བྲལ་བའོ། ། སེམས་ཅན་རྒྱུ་བ་མེད་པ་ནི་དབེན་པ་ཡིན་ལ། མི་རྣམས་ཀྱིས་དབེན་པ་ནི་མིས་དབེན་པར ་གྱུར་པ་སྟེ། དེའི་ཕྱིར་བསྟེན་པར་བྱ་བའམ། ངེས་པར་སྦྱར་བར་བྱ་བའམ། གནས་པར་བྱ་བའོ། །ནང་དུ་ཡང་དག་འཇོག་ནི་རྣམ་ པར་དབེན་པའི་ས་ཕྱོགས་སུ་གནས་པའི་སེམས ་རྩེ་གཅིག་པ་ཉིད་དོ། །ནང་དུ་ཡང་དག་འཇོག་དང་རྗེས་སུ་མཐུན་པ་ནི་ནང་དུ་ཡང་དག་འཇོག་དང་ཚུལ་མཐུན་པ་ཅན་ནོ། །གནས་མལ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་ནོ། །གུས་པ་སྔོན་དུ་སོང་བ་ཅན་གྱི་ལུས་དང་ངག་གིས་འཇུག་པ་ནི་བསྙེན་བཀུར་རོ། །ཅོད་པན་ནི་རྒྱལ་པོའི་རྟགས་ཡིན་ལ། གཙུག་ཏོར་ནི་སྐྲ་བཅིངས་པ་སྟེ། སྤྱི་བོའི་སྟེང་དུ་གཙུག་ཏོར་གྱི་རྣམ་པ་ལྟ་བུར་བྱས་པའི་ཅོད་པན་ནམ། གཙུག་ཏོར་དེ་བླ་མ་ལ་ཉེ་བར་གཞོལ་བའི་དུས་སུ་དགྲོལ་བར་བྱ་བ་ཉིད་དོ། །གདུགས་ནི་རྒྱལ་པོ་ལ་འོས་པའོ། །རིན་པོ་ཆེས་སྒྲས་པ་གཡག་རྡ་ལས་བྱས་པའི་རྔ་ཡབ་ནི་ནོར་བུའི་ཡབ་བོ། །ལྷམ་རི་མོ་ཅན་ཞེས་བྱ་བ་ནི་རིན་པོ་ཆེས་སྦྲས་པ་ཉིད་ཀྱིས་
རི་མོ་ཅན་ཡིན་གྱི་ཚོན་གྱིས་ནི་མ་ཡིན་ནོ། །གདོང་རྒྱབ་ཕྱོགས་སུ་བལྟས་པ་ནི་གཅིག་པུས་འཇུག་པར་འདོད་པ་སྟོན་པའོ། །གསང་བའི་ལས་ནི་གཅིག་པུས་བསྒྲུབ་པར་བྱ་བའོ། །སྒོ་དོག་པ་ནི་སྒོའུ་ཆུད་དོ། །དལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པའོ། །ཅུང་ཟད་ཅུང་ཟད་ཅེས་བྱ་བ་ནི་ཡང་དང་ཡང་དུ་མ་ཡིན་པའོ། །བཅོམ་ལྡན་འདས་ནི་བདག་གིས་ཡུན་རིང་པོ་ཞིག་ནས་མཐོང་ངོ༌། །བདེ་བར་གཤེགས་པ་ནི་བདག་གིས་ཡུན་རིང་མོ་ཞིག་ནས་མཐོང་ངོ་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་བརྗོད་པ་ཡིན་ནོ། །རྒྱགས་པ་དང༌། ང་རྒྱལ་ཤིན་ཏུ་བཅོམ་པ་ནི་འདིར་དམན་པ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་རྗེས་སུ་འགྲོ་བ་ཅན་ནི་ཆོས་ཀྱི་རྒྱུ་ཅན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་བཞིན་མ་ཡིན་པ་མི་གསུང་བ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གསུངས་པ་ཉིད་ཀྱི་ཕྱིར་དང༌། ཐུགས་སུ་ཆུད་པ་ཉིད་ཀྱི་ཕྱིར་རོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པའོ། །ཡང་དག་པར་འགྲོ་བ་མ་ལུས་པ་ཐུགས་སུ་ཆུད་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཁྱོད་ཀྱི་ཆོས་འདུལ་བ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་སྟོན་པའི་ཆོས་ནི་འདིར་ཆོས་འདུལ་བ་ཡིན་པར་འདོད་ལ། དེ་ཁྱོད་ཀྱིས་ལེགས་པར་གསུངས་པ་ནི་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་བསྟན་པ་སྟེ། གང་ཡང་བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བསྒྲུབ་པའི་ཕྱིར་བྱ་བར་གསུངས་པའི་བྱ་བ་དེ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་པ་ན་འབྲས་བུའི་ངེས་པ་ལ་འཁྲུལ་པ་མེད་པའི་ཕྱིར་ལེགས་པར་གསུངས་པའི་ཆོས་ཞེས་བྱ་བ་འམ། ཡང་ན་ཆོས་ནི་ལམ་ཡན་ལག་ལྔ་པ་དག་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའོ། །འདུལ་བ་ནི་ལམ་གྱི་ཡན་ལག་གསུམ་སྟེ། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་
འཚོ་བ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དག་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ལ་སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་མྱུར་དུ་ཤེས་པ་དང༌། བདེ་བ་ལ་ཆོས་ཤེས་པ་དང༌། བདེ་བ་མྱུར་དུ་ཤེས་པའོ། །ཞུགས་པ་ནི་ལམ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་བའི་སློབ་མ་དགེ་འདུན་དག་ནི་ལམ་ལ་ཡང་དག་པར་སྟེན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག་གོ །དཀའ་ཐུབ་པའི་མཁས་པ་ནི་དགེ་སྦྱོང་ངོ༌། །ཁྱིམ་ན་གནས་པའི་མཁས་པ་ནི་བྲམ་ཟེའོ། །མཁས་པ་ཞེས་བྱ་བ་ནི་བྱད་བའི་ཕྱིར་མཁས་པའོ། །ཅི་དེ་ཡང་དག་པར་གྱུར་པའི་མཁས་པ་ཡིན་ནམ་ཞེ་ན། སྨྲས་པ། མཁས་པར་སྙེམས་པ་ནི་བདག་ཉིད་མཁས་ པར་སེམས ་ཤིང་ཤེས་པའི་ཕྱིར་མཁས་པར་སྙེགས་པ་ཡིན་གྱི་དོན་དམ་པར་ནི་མཁས་པ་མ་ཡིན་ནོ། །རབ་ཏུ་བྱ་བ་བྱས་པས་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ནི་རབ་ཏུ་བྱ་བ་སྟེ། བྱ་བ་ཡང་བསྟན་བཅོས་ཉན་པ་དང༌། སེམས་པ་དང༌། གོམས་པར ་བྱེད་པའོ། །རབ་ཏུ་བྱ་བ་གང་གིས་གོམས་པར་བྱས་པ་དེ་ནི་རབ་ཏུ་བྱ་བ་བྱས་པའོ། །གང་དུ་ཞེ་ན། སྨྲས་པ་དང་བཤད་པ་དང་གཞན་རབ་ཏུ་སྨྲ་བ་དག་ཏུ་སྟེ། རང་གི་གྲུབ་པའི་མཐའ་རྣམ་པར་འཆད་པར་བྱེད་པ་ནི་བཤད་པ་ཡིན་ལ། གཞན་རབ་ཏུ་སྨྲ་བ་ནི་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་བསྟན་བཅོས་ཏེ། བཤད་པ་དང་གཞན་རབ་ཏུ་སྨྲ་བ་ནི་བཤད་པ་དང་གཞན་རབ་ཏུ་སྨྲ་བ་སྟེ། དེ་དག་ལ་མཁས་པར་གྱུར་ཅེས་བྱ་བའི་བར་དུའོ། །བྱིས་པས་གསལ་བར་ཕོག་པའི་ཚུལ་དུ་སྐྱེ་བོ་མང་པོས་བཀུར་བ་ཅན་ཞེས་བྱ་བ་ལ། ཕོག་པ་ནི་བཅད་པའོ། །གསལ་པོ་རྣམ་པར་གསལ་བར་ཕོག་པ་སྟེ་གསལ་པོར་ཕོག་པའོ། །བྱིས་པའི་གསལ་བར་ཕོག་པ་ནི་བྱིས་པས་གསལ་བར་ཕོག་པ་སྟེ། བྱིས་པས་གསལ་བར་ཕོག་པའི་ཚུལ་དུ་བློས་དོན་ཕྲ་བར་ཡོངས་སུ་གཅོད་པར་བྱེད་པ་སྐྱེ་བོ་མང་པོས་བཀུར་བ་སྟེ། འདོད་ཅིང་མངོན་པར་འདོད་པར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་བྱིས་པ་ཞེས་བྱ་བ་ནི་སྤུའི་མིང་གི་བྱེ་བྲག་ཡིན་ལ། དེ་གསལ་བ་ནི་སྦྲངས་པ་ཡིན་ཏེ། དེ་ལ་ཕོག་
པ་ནི་རིང་པོར་བཀས་པ་ཡིན་ནོ། །དེ་ཉིད་ཚུལ་དེ་དཔེར་བྱེད་པ་ཡིན་པ་དེའི་ཕྱིར་སྐྱེ་བོ་མང་པོས་བཀུར་པ་སྟེ་བསྔགས་པའོ། །བདག་ཉིད་ཀྱི་ཤེས་རབ་ཀྱི་སྟོབས་པས་ཞེས་བྱ་བ་ལ། ཤེས་རབ་ནི་ཆོས་རབ་ཏུ་དཔྱོད་པ་ཡིན། དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པ་ཞེས་བྱ་བའི་བར་དུའོ། །གཞན་གྱི་ལྟ་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་པའོ། །རྣམ་པར་བཅོམ་པ་ནི་རྣམ་པར་བཤིག་པར་གྱུར་པའོ། །སྤྱོད་པ་ཞེས་བྱ་བ་ནི་གནས་པར་གྱུར་པའོ། །འདྲི་བ་མངོན་དུ་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བར་བྱེད་པའོ། །རྩོད་པའི་གཞུང་གཟུགས་པར་བྱའོ་ཞེས་བྱ་བ་ནི་རྩོད་པའི་སྒོ་ནས་འབོད་པའོ། །མི་རིགས་པ་ནི་རྗེས་སུ་དཔག་པ་དང་འགལ་བའོ། །མི་འདྲ་བ་ནི་སྔ་ཕྱི་འགལ་བའོ། །མི་འཐད་པ་ཞེས་བྱ་བ་ནི་མངོན་སུམ་དང༌། རང་གི་ཚིག་དང༌། གྲགས་པ་དང་འགལ་བའོ། །ཐོག་མར་མངོན་དུ་གྱུར་པ་ནི་གཟིགས་པའོ། །རྒྱུན་གྱི་རྟོག་པ་ནི་རྣམ་ པར་གཟིགས་པའོ། །ཡིད་དགའ་བ་ནི་སེམས ་ཡོངས་སུ་ཚིམ་པའོ། །མངོན་པར་རངས་པ་ནི་མགུ་བར་གྱུར་པའོ། །སྐྱབས་སུ་སོང་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱོབ་པ་ཉིད་དུ་འཛིན་པ་སྟེ། དེ་བཞིན་དུ་ཆོས་དང་དགེ་འདུན་ལའོ། །བསླབ་པའི་གཞི་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་དགྲ་བཅོམ་པའོ་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་པས་ན་རྣམ་པར་གྲོལ་བའོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔའོ། །རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་ཞིང་ཉམས་སུ་མྱོང་བ་ལ་དེ་སྐད་ཅེས་བྱའོ། །ཅུང་ཟད་ནི་ཅུང་ཟད་དོ། །ཉམས་པ་ནི་གཞན་གྱི་དོན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །རབ་ཏུ་ཉམས་པ་ནི་རང་གི་དོན་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནི་ནད་ལས་གྱུར་པའི་སྐམས་པ་ཞེས་བྱ་བ་ནི་ཤ་ཡོངས་སུ་ཟད་པའོ། །རྗུད་པ་ཞེས་བྱ་བ་ནི་བྱ་བ་བྱེད་པའི་ནུས་པ་མེད་པའོ། །མདངས་མེད་པ་ནི་ལུས་མདངས་གྱ་ནོམ་པ་མ་ཡིན་པའོ། །དབང་པོ་ཉམས་པ་ནི་དབང་པོ་ཞོམ་པའོ། །སྐྱེ་བོ་མང་པོས་ཞེས་
བྱ་བ་ལ་སོགས་པ་ལ། གཟུགས་ཡིད་དུ་མི་འོང་བ་ཉིད་ཡོད་པའི་ཕྱིར་སྐྱེ་བོ་མང་པོའི་མིག་གིས་ཆགས་པའི་གནས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མངོན་པར་མི་དགའ་བ་ཞེས་བྱ་བ་ནི་ཁྱིམ་གྱི་གནས་ལ་འདོད་པ་དང་བཅས་པའོ། །སྨད་པར་བྱ་བ་ཡིན་པས་ན་སྡིག་པ་ཡིན་ལ། འགྲོ་བ་འདོད་པར་བྱ་བ་མ་ཡིན་པར་འདོད་པས་མི་དགེ་བའོ། །འདོད་ཆགས་ཀྱིས་གཟིར་བ་ཞེས་བྱ་བ་ནི་གཟིར་བ་ལ་འཆི་བར་བྱེད་པ་ཡིན་ལ། འཆི་བར་བྱེད་པ་འམ་གཟིར་པ་ནི་འདོད་ཆགས་ཡིན་པ་དེའི་ཕྱིར་འདོད་ཆགས་ཀྱི་འཆིང་བས་བཅིངས་པས་འདོད་ཆགས་དང་འཆིང་བས་བདག་གཟིར་བར་གྱུར་པ་དེ་བས་ན་ཁོ་བོའི་གནས་སྐབས་འདི་འདྲ་བ་འམ། གཞུང་གཞན་ལས་ནི་འདོད་ཆགས་ཀྱི་འཆིང་བ་ཞེས་འབྱུང་བ་སྟེ། འདིར་དོན་དེ་ནི་ཡུལ་གྱིས་དབང་པོ་ཀུན་ནས་བསྐྱོད་པའི་མཚན་ཉིད་འཆི་བ་ཡིན་ལ། དེ་ཉིད་འདོད་ཆགས་ཡིན་ཏེ། ན་ཚོད་ལ་སོགས་པ་འཇོམས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །བསགས་པ་ནི་སྔ་ན་མེད་པ་བདག་གིར་བྱས་པའོ། །མང་དུ་ཐོབ་པ་ནི་རབ་ཏུ་མང་བ་དང༌། རབ་ཏུ་རྒྱ་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ །མང་དུ་ཐོབ་པ་དེ་ཡང་འགའ་ཞིག་ཏུ་གྱུར་པ་དེ་དགག་པའི་ཕྱིར་སྨྲ་བ་བཀག་པ་མེད་པ་རྙེད་པ་སྟེ། སྡུག་བསྔལ་མེད་པས་རྙེད་པ་ཡིན་ཏེ། རྟག་ཏུ་བདག་ཉིད་ཀྱི་འདོད་པ་དང་བདེ་བས་སོ། །ཤིན་ཏུ་མངོན་པར་དགའ་བ་ནི་རབ་ཏུ་དགའ་བའི་ཚུལ་གྱིས་སོ། །དབང་པོ་ཚིམ་པར་གྱུར་པ་ནི་དབང་པོ་རྒྱས་པའོ། །ཚུལ་ཁྲིམས་ཀྱི་གཟི་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་བཞིན་གྱི་མདོག་གསལ་བའོ། །པགས་པའི་སྐྱོན་ཐིག་ལེ་ནག་པོ་དང༌། གཉེར་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་པགས་པའི་མདོག་ཡོངས་སུ་དངས་པའོ། །འབད་པ་ཉུང་བ་ནི་བྱ་བ་ཉུང་བའོ། །གཞན་ལ་རག་ལུས་པས་འཚོ་བའི་ཐབས་ནི་གཞན་ལ་རག་ལུས་པ་སྟེ་དེ་མེད་པའོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་མཐར་ཐུག་པའོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ནི་སྤྱོད་པ་ཡིན་ཏེ། ཚངས་པར་སྤྱོད་པ་དང་འགྲོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་
སྤྱོད་པར་ནུས་པ་ནི་བསྒྲུབ་པར་ནུས་པའོ། །ཚངས་པར་སྤྱོད་པ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། རལ་པ་མེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་རྫོགས་པའོ། །འབྲས་བུ་བསྒྲུབ་པའི་ཕྱིར་དང༌། ཉེས་པ་མ་ལུས་པ་ཡོངས་སུ་སྤོང་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངས་སུ་དག་པའོ། །ཡོན་ཏན་སྒྲུབ་པར་བྱེད་པའི་ཐབས་ཉིད་ཡིན་པའི་ཕྱིར་ཡོངས་སུ་བྱང་བའོ། །འབའ་ཞིག་ཅེས་བྱ་བ་ནི་ཐར་པ་ཐོབ་པར་བྱ་བའི་ཕྱིར་ཕྱོགས་གཞན་ལ་རག་ལུས་པ་མེད་པའི་ཕྱིར་འབའ་ཞིག་གོ །དོན་གྱི་གནས་ཞེས་བྱ་བ་ནི་གང་ལ་གནས་ན་རྒྱལ་པོའི་ནོར་སྐྱེ་བར་བྱེད་པ་དེ་ནི་དོན་གྱི་གནས་སོ། །འདོད་པའི་རྒྱུ་ནི་བག་ལ་ཉལ་མ་སྤངས་པའོ། །གཞི་ནི་ཡུལ་ལོ། །དབང་ནི་རྟེན་ལ་བྱའོ། །རྣམ་པར་རྩོད་པ་ཞེས་བྱ་བ་ནི་སྐྱེས་བུ་ཁྲོ་བ་སྐྱེས་ནས་སྨྲ་བའོ། །ལོག་ པར་བཟུང་ནས་ནི་སེམས ་རབ་ཏུ་འཁྲུགས་པའོ། །རྩོད་པ་འབྱུང་སྟེ་ཞེས་བྱ་བ་ནི་སྣ་ཚོགས་སུ་སྨྲ་བ་ནི་རྩོད་པ་སྟེ། སྨྲ་བ་དང་ཕྱིར་སྨྲ་བ་ཡིན་ལ། དེ་འབྱུང་བ་ནི་ཐོབ་པར་གྱུར་པའོ། །ཉེས་པ་ནི་བསྔགས་པ་མ་ཡིན་པ་སྟེ། འགའ་ཞིག་ཁོ་ན་གནས་ཏེ་སྐབས་སུའོ། །ཀུན་ཏུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་དགེ་སློང་དག་རྩོད་པར་གྱུར་པའོ། །བསླབ་པ་བཏང་སྟེ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ལས་ཉམས་པ་རྗེས་སུ་ཐོབ་པའོ། །འཕྱ་ཞིང་སྨོད་པ་ནི་འཕྱ་ཞིང་སྨོད་པར་བྱེད་པའོ། །ངན་པ་ཞེས་བྱ་བ་ནི་ཡོན་ཏན་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གྲོང་མི་ཞེས་བྱ་བ་ནི་མི་བཤེས་པའི་སྒོ་ནས་སྨད་པའོ། །དཔལ་མེད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་དཔལ་ལས་ཡོངས་སུ་ཉམས་པའི་ཕྱིར་རོ། །གསད་པར་བྱ་བ་ནི་སྲོག་དང་བྲལ་བར་བྱ་བའོ། །རྒྱ་ཆེ་བ་ནི་འཇིག་རྟེན་ཐམས་ཅད་ལ་རབ་ཏུ་གྲགས་པའོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ནི་རྒྱལ་རིགས་ཀྱི་མཆོག་ཏུ་གྱུར་པའོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་སྟེ། མཆོག་ཏུ་གྱུར་པ་དག་མི་འོང་ཞིང་མི་སྡོད་དོ། །གུས་པ་མེད་པ་ནི་བླ་མའི་ཡུལ་ལ་གུས་པ་དང་བྲལ་བའོ། །བསྟི་སྟང་མེད་པ་ཞེས་བྱ་བ་ནི་བླ་མའི་ཡུལ་ལ་གཙོ་བོའི་བློ་དང་བྲལ་བའོ། །སྨྲ་བ་ནི་བརྗོད་པ་ཡིན་ལ་ སེམས་པ་ནི་ཤེས་པར ་བྱེད་པའོ། །གདུལ་བྱའི་སྐྱེ་བོ་འཁོར་བརྒྱ་ཕྲག་མང་པོ་གང་ཡིན་པ་དེ་ནི་འདིར་བརྒྱ་ཕྲག་
དུ་མ་སྟེ་དེའི་འོ། །སྙན་པ་དང་གྱ་ནོམ་པ་དག་ལས་ཤིན་ཏུ་སྙན་པ་ནི་སྙན་ལ་འཇམ་པའོ། །སྦྲང་བུས་རྣམ་པར་སྒྱུར་བ་ནི་སྦྲང་རྩི་སྟེ། ཚིགས་མ་མེད་པ་དེས་ཁ་ཚིམ་པར་བྱེད་པ་ལྟ་བུའོ། །རྫུ་འཕྲུལ་ཆེན་པོ་འདི་ལ་མངའ་བའི་ཕྱིར་རྫུ་འཕྲུལ་ཆེན་པོའོ། །ཤིན་ཏུ་ངོ་མཚར་ཆེ་བར་ཉེ་བར་སྟོན་པར་སྤྱོད་པས་ན་མཐུ་ཆེ་བའོ། །ཏིང་ངེ་འཛིན་ཁྱད་པར་ཅན་རྙེད་པས་ན་སྟོབས་ཆེ་བའོ། །ཆད་པས་མ་ཡིན་ཞེས་བྱ་བ་ནི་རྫས་དང་ངག་གི་ཆད་པ་སྤངས་པས་སོ། །མཚོན་ཆས་མ་ཡིན་ཞེས་བྱ་བ་ནི་མཚོན་ཆས་ཚར་གཅད་པ་སྤངས་པས་སོ། །ཆོས་ཀྱིས་ཞེས་བྱ་བ་ནི་རིགས་པས་སོ། །སྙོམས་པས་ཞེས་བྱ་བ་ནི་འདུལ་བར་བྱེད་པའི་ངན་པ་སྤངས་པའི་ཕྱིར་རམ། ཡང་ན་གཞན་གྱི་སེམས་བསྲུང་བའི་སྒོ་ནས་སོ། །ནོར་གྱི་དབང་དུ་བྱས་པ་ཞེས་བྱ་བ་ནི་རྫས་གཙོ་བོར་བྱེད་པ་སྟེ། ཇི་སྲིད་ལོ་འམ། ཇི་སྲིད་ཟླ་བ་བཅུའི་བར་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་ སེམས་ཀྱིས་ཚངས་པར ་སྤྱོད་པ་སྤྱད་པའི་ཕྱིར་དེ་ནོར་གྱི་དབང་དུ་བྱས་པའམ། མཐོ་རིས་ཀྱི་བདེ་བའི་ཕྱིར་ཚངས་པར་སྤྱོད་པ་སྤྱད་པ་གང་ཡིན་པ་དེ་དག་ནོར་གྱི་དབང་དུ་བྱས་ནས་ཚངས་པར་སྤྱོད་པའོ། །དེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ནི་རབ་ཏུ་བྱུང་བ་དང་རྗེས་སུ་མཐུན་པའི་བྱ་བ་སྟེ། ཀུན་ཏུ་སྤྱོད་པར་གྲགས་པའོ། །རྟགས་ནི་རབ་ཏུ་བྱུང་བའི་ཆ་ལུགས་སོ། །མཚན་མ་ནི་ཉེས་པར་སྤྱོད་པ་ལས་ཟློག་པའོ། །བསྙེན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་རྗེས་སུ་ཞུགས་པའོ། །ལྡན་པར་གྱུར་པ་ཞེས་བྱ་བ་ནི་དེ་དག་དང་ཤིན་ཏུ་འབྱོར་པར་གྱུར་པ་འམ། དེ་དག་ལ་ཤིན་ཏུ་ཆགས་པར་གྱུར་པའོ། །སྲོག་གི་མཐའ་ནི་སྲོག་གི་མ་ཐར་གཏུགས་པའོ། །ཞལ་ཏ་བ་དྲང་སྲོང་བྱིན་དང༌། སྙིང་པ་ཞེས་བྱ་བ་ལ་ཁྱིམ་མམ་རྒྱལ་པོའི་ཕོ་བྲང་ན་མཆོག་ཏུ་ཡིད་བརྟན་པར་བྱ་བ་གང་ཡིན་པ་དེ་ནི་ཞལ་ཏ་བ་ཞེས་བྱའོ། །འདི་གཉིས་འཚོ་བ་དང་ལོངས་སྤྱོད་ཀྱང་ཚོལ་བ་ཞེས་བྱ་བ་ལ། ཚོལ་བ་ནི་ཡོངས་སུ་ཚོལ་བ་ཡིན་ཏེ། འདི་གཉིས་ཀྱི་སྲོག་འཇིག་པའི་རྒྱུ་ལས་ཡོངས་སུ་བསྲུང་བར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ །སྐྲ་དཀར་སྐྱེས་པ་ནི་རྒས་པའོ། །རྒས་པས་རིད་པ་ནི་འཁོགས་པའོ། རྒས་
པས་ཡན་ལག་གི་ཚིགས་ཤིན་ཏུ་ལྷོད་པར་གྱུར་པ་ནི་དགོག་ཏུ་གྱུར་པའོ། །ཟུང་ཤིག་ཅེས་བྱ་བ་ཀླག་པ་དང༌། བཅང་བ་ཞེས་བྱ་བ་ནི་མི་བརྗེད་པའི་སྒོ་ནས་སོ། །གཞན་འཛིན་དུ་བཅུག་པ་ཡང་དོན་གྱི་སྒོ་དང༌། ཀློག་ཏུ་བཅུག་པ་ཡང་ཡི་གེའི་སྒོ་ནས་སོ། །དོན་དང་ལྡན་པ་ཞེས་བྱ་བ་ལ། དོན་དང་འབྱོར་པ་དང་ཆོས་དང་ཡང་འབྱོར་པའོ། །ཚངས་པར་སྤྱོད་པ་དང་རྗེས་སུ་མཐུན་པའི་ཕྱིར། ཚངས་པར་སྤྱོད་པ་དང་ལྡན་པའོ། །མངོན་པར་ཤེས་པའི་ཕྱིར་ཏེ། ཟག་པ་མེད་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །ཡང་དག་པར་བྱང་ཆུབ་པའི་ཕྱིར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཕྱིར་ཞེས་བྱ་བ་ནི། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །སྙིང་རྗེ་སྐྱེ་བའི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་སྙིང་རྗེའི་རྒྱུ་ཅན་གྱི་ཡི་གེའི་རྣམ་པ་དེས་འདུ་བ་དང་སོང་བ་ནི་རྒྱུ་བའོ། །རྒྱལ་པོའི་རིགས་ལས་སྐྱེས་པའི་ཕྱིར་རྒྱལ་རིགས་སོ། །རྒྱལ་ཕྲན་གྱིས་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོར་དབང་བསྐུར་བའོ། །དེ་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་གྲོང་ཁྱེར་མཛེས་པར་བྱས་པ་བས་ལམ་ཤིན་ཏུ་ཁྱད་པར་དུ་འཕགས་པར་མཛེས་པར་བྱས་པའོ། །ཕྱིར་བཅོས་མི་ནུས་པ་ནི་མ་ཞུ་བ་སྟེ་ཡན་ལག་འཁུམས་པའོ། །འཁོར་ལོས་རྣམ་པར་བཅོམ་པས་འཁོར་ལོས་བརྐོས་པའི་སའོ། །ངོ་ནི་ཤི་བའི་ལུས་སོ། །ཤིན་ཏུ་རྣམ་པར་འགྱུར་བ་ནི་གཟིགས་མི་སྡུག་པར་གྱུར་པའོ། །ནུས་པ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པ་ལ་ནུས་པ་ནི་ནང་གི་སྤྲོ་བའོ། །སྟོབས་ནི་ཕན་པར་བྱེད་པ་ཕུན་སུམ་ཚོགས་པས་སོ། །ངན་པ་ནི་རིགས་དམའ་མོར་སྐྱེས་པའོ། །དམན་པ་ནི་སྡུག་བསྔལ་བར་གྱུར་པའོ། །སྙིང་བརྩེ་བར་བྱ་བས་ནི་བཀྲེན་པ་ནོར་འདོད་པའོ། །བདག་ཉིད་གཅིག་པུ་སོ་སོར་སངས་རྒྱས་པས་ན་རང་སངས་རྒྱས་སོ། །བས་མཐའི་གནས་མལ་ལ་ཐ་དད་པ་ཞེས་བྱ་བ་ནི་དབེན་པའི་གནས་བསྟེན་པར་རོ། །སྦྱིན་གནས་གཅིག་པུ་ཞེས་བྱ་བ་ནི་འཇིག་རྟེན་དུ་སངས་རྒྱས་གཉིས་ཅིག་ཅར་མི་འབྱུང་བ་བཞིན་དུ་བསེ་རུ་དང་འདྲ་བར་རང་སངས་རྒྱས་གཅིག་པུ་ཁོ་ན་འབྱུང་བའོ། །གཟུགས་མཛེས་པ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་རབ་ཏུ་དང་བསྐྱེད་པར་བྱེད་
པ་སྟེ། ལུས་ལ་སོགས་པའི་བྱ་བ་ཤིན་ཏུ་ཞི་བ་ཉིད་ཀྱི་སྒོ་ནས་ སེམས་རབ་ཏུ་དང་བ་སྐྱེད་པ་ཉིད་དུ་ཡང་དག་པར ་རྗེས་སུ་དཔག་པའོ། །རྩ་བ་ནས་བཅད་པ་ཞེས་བྱ་བ་ནི་རྩ་བ་ངེས་པར་བཅད་པའོ། །རྩུབ་པ་ནི་ཤིན་ཏུ་དྲག་པའོ། །ཁྱུ་མཆོག་གི་ཚིག་ཅེས་བྱ་བ་ལ་སོགས་པ་ལ་འདི་ལ་ཁྱུ་མཆོག་གི་ཡིན་པས་ན་ཁྱུ་མཆོག་གི་སྟེ། འཇིགས་པ་མེད་པའི་དག་གོ །གཅིག་ཏུ་ཆད་པར་བྱས་ཏེ་ཞེས་བྱ་བ་ནི་གདོན་མི་ཟ་བར་བྱ་བར་དམ་བཅས་པའོ། །འཁོར་ཏེ་སྐྱེ་བོ་མང་པོ་ཚོགས་པའོ། །སེང་གེའི་སྒྲ་བསྒྲགས་པ་ནི་སེང་གེ་ལྟར་སྒྲོགས་པའོ། །གསད་པར་བྱ་བ་ནི་སྲོག་དང་དབྲལ་བར་བྱ་བའོ། །བྱ་བ་ནི་ཐག་ཉེ་བར་གྱུར་པའོ། །བྱེད་པ་ནི་དུས་ཀྱིས་ཆོད་པར་གྱུར་པའོ། །གོ་ཆ་བསྐོན་པ་ནི་གོ་བགོས་པའོ། །ཤིང་ཀ་ཀོ་ཏ་ཀ་ཤུན་པ་བཤུས་པར་རི་ཅན་ཞེས་བྱ་བ་ལ། ཕྱོགས་དང་ཕྱོགས་ལས་ཤུན་པ་གོགས་པར་གྱུར་པའི་ཕྱིར་ཤུན་པ་བཤུས་པའོ། །གནས་དང་གནས་སུ་ཤུན་པ་སྐམས་ཤིང་རྙིངས་པ་ནི་ཕྲ་བར་གྱུར་པ་ཉིད་ཀྱི་ཕྱིར་ར་རི་ཅན་ཏེ། ཤུན་པ་གཟུགས་མི་སྡུག་པར་གྱུར་པ་ནི་ར་རི་ཅན་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །ལྷག་མ་ཙམ་ཆུང་ལ་སྲབ་པ་ནི་ལོ་མ་ཉུང་ལ་སྲབ་པའོ། །ལོ་མ་སྲབ་པ་ཉིད་ཀྱི་ཕྱིར་གྲིབ་མ་ཆུང་བའོ། །བྱམས་པ་ནི་དགྱེས་པའོ། །ཐུགས་བརྩེ་བ་ནི་རྗེས་སུ་བརྩེ་བར་མཛད་པའོ། །ཕྲུ་མ་བཏབ་པ་ནི་དམག་གི་བཀོད་པ་བྱས་ནས་སོ། །བསྐོར་བ་ནི་སྟེང་ནས་གཡོགས་པར་འདོད་པའོ། །འཇིག་རྟེན་ནི་ལས་བདག་གིར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ལས་བདག་པོ་ཡིན་པ་དེའི་ཕྱིར་ལས་བདག་གིར་བྱེད་པའོ། །འཇིག་རྟེན་གྱི་ལས་སྐྱེད་པར་བྱེད་པའི་གནས་ཡིན་པ་དེ་བས་ན་ལས་ལས་སྐྱེས་པའོ། །རང་ཉིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར། ལས་ཀྱི་བགོ་སྐལ་ལ་སྤྱོད་པའོ། །རང་གིས་བྱས་པའི་ལས་ལ་ཉེ་བར་བརྟེན་ནས་འཇུག་པའི་ཕྱིར་ལས་ལ་བརྟེན་པའོ། །ལས་དེ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་ལས་བྱས་ཤིང་བསགས་པའི་འབྲས་བུ་ལ་གཅིག་ཏུ་ཉེ་བར་སྤྱོད་པའི་ཕྱིར་རོ། །གཞུ་རྒྱུད་ནི་འདྲེན་པའི་ཐབས་སུ་གྱུར་པའོ། །ནན་ཐག་ཅེས་བྱ་བ་ནི་རྟ་ལ་སོགས་པའི་གོ་ཆ་འཆིང་བར་བྱེད་པའོ། །འབྲེང་བ་ཞེས་བྱ་བ་
ནི་གླང་པོ་དག་གི་འབྲེང་ཐག་གོ །རྣ་བའི་གཡོགས་མ་ནི་རྣ་བའི་བུག་པ་རྒྱན་དང་བཅས་པའོ། །གོ་ཆ་བཤིག་ནས་ཞེས་བྱ་བ་ནི་གོ་ཆ་དུ་མ་བུར་བྱས་ནས་སོ། །ལས་ཀྱི་མཐའ་ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པའི་ལས་ཀྱི་མཐའོ། །བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ནི་ཡིད་ཀྱི་སྤྲོ་བའོ། །སྟོབས་ནི་ལུས་ཀྱིའོ། །ཕ་རོལ་གནོན་པ་ནི་བྱ་བ་བྱེད་ནུས་པའོ། །འོངས་པ་ནི་ཉེ་བར་ཕྱིན་པའོ། །ཡ་མཚན་དུ་གྱུར་པ་ནི་ངོ་མཚར་དུ་གྱུར་པའོ། །ངོ་མཚར་གྱིས་དེ་དག་གི་མིག་བགྲད་པས་ན་མིག་གདངས་པའོ། །ཁོ་བོ་ནི་དེའི་བང་ཆེན་ཏེ་ཞེས་བྱ་བ་ནི་ཁོ་བོའི་རྗེས་སུ་ཕན་འདོགས་པའི་མཆོག་གིས་སྦྱོར་བར་གྱུར་པའོ། །དགོན་པ་བསྲུང་བར་བྱོས་ཤིག་ཅེས་བྱ་བ་ནི་རི་དགས་གསོད་པའི་གནས་ཤིང་གི་རིབ་མས་ཀུན་ནས་བསྐོར་བའི་རི་དགས་འཇུག་པའི་ས་ཕྱོགས་ཤིག་ནས་བྱས་པའོ། །ངག་འཇམ་པ་ཞེས་བྱ་བ་ལ་སོགས་པ་ལ། ངག་འཇམ་པ་སྟེ། ངང་འཇིག་རྟེན་གྱི་འཇམ་པ་ཞེས་བརྗོད་པའོ། །སྦྱིན་པ་ནི་རྗེས་སུ་སྦྱིན་པའོ། །ཚིག་གི་ངོར་སྔོན་དུ་སོང་བ་ཅན་ནི་འབྱེད་པའོ། །ཀུན་དུ་སྤྱོད་པ་ནི་རིགས་པའོ། །གལ་ཏེ་བསྟན་མ་ཐག་པས་དོན་སྒྲུབ་པ་མ་གྲུབ་པར་གྱུར་པ་དེའི་ཚེ་གསེར་ལ་སོགས་པའི་ཆད་པ་འདིར་རིགས་ཡིན་ཏེ། ཆད་པ་དབབ་པའི་སྒོ་ནས་དོན་བསྒྲུབ་པར་བྱ་བའོ། །སྟོབས་ནི་གླང་པོ་ཆེ་ལ་སོགས་པར་སྒྲུབ་པར་བྱེད་པའི་བྱེ་བྲག་གོ །བྱས་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེའོ། །ཐོབ་ནས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་མཐར་ཕྱིན་ནས་སོ། །དགའ་ན་ཞེས་བྱ་བ་ནི་འདོད་ནའོ། །ལྟ་བ་ནི་ཐོག་མར་སྤྱོད་པའོ། བཙལ་བ་ནི་རྒྱུན་གྱིས་གཙོད་པའོ། །བརྩོན་པའི་མཚོན་ཆ་ཞེས་བྱ་བ་ནི་ཤཱཀྱ་གསོད་པ་ལ་བརྩོན་པས་མཚོན་ཆ་འཕྱར་བར་བྱེད་པའོ། །མའི་ཕ་ནི་འདིར་མེས་པོའོ། །ཚོགས་པ་ནི་འདུས་པ་ཡིན་ལ། ཚོགས་ཀྱི་ཕྱིར་རབ་ཏུ་སྨིན་པ་ནི་ལས་མཐུན་པར་བྱས་པ་སྟེ། ཚོགས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་གྱུར་པའི་ལས་ཞེས་བྱ་བའི་ཐ་ཚིག་གོ །མལ་ལ་བ་ཧི་ནི་རི་བྲག་གི་བྱེ་བྲག་གོ །གྲོང་གི་རྩིག་པ་དང་རིབ་མ་ཡོངས་སུ་བསྐོར་བའི་ཁྱིམ་གྱི་ཚོགས་སོ། །གྲོང་རྡལ་ནི་ཡུལ་འཁོར་ཏེ་རྒྱལ་ཁམས་ཀྱི་ཁྱད་པར་རོ། །རྒྱལ་
པོའི་ཕོ་བྲང་ནི་རྒྱལ་པོའི་ཁབ་ཀྱིས་ཉེ་བར་མཚོན་པའི་གྲོང་ཁྱེར་རོ། །ཨེ་མ་ཧོ་ཤཱ་ཀྱ་ནི་བསྲེགས་སོ་ཞེས་བྱ་བ་ལ་སོགས་པ་ནི། རྗེས་སུ་བརྩེ་བས་ལན་གཉིས་བརྗོད་པའོ། །དོང་བརྐོས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཤཱཀྱའི་གཞོན་ནུ་ཇི་སྙེད་པ་དོང་དེ་སྙེད་པ་ཁོ་ན་བརྐོས་ནས་ཤཱ་ཀྱའི་གཞོན་ནུ་དོང་རེ་རེར་བཅུག་པ་རེ་རེའི་སྟེང་དུ་ལྕགས་ལས་བྱས་པའི་གླང་པོ་ཆེའི་རྐང་པའི་རྣམ་པ་ལྟ་བུས་གཡོགས་པར་བྱ་ཞིང་དེའི་འོག་ཏུ་གླང་པོ་ཆེའི་བརྫིས་ན་གླང་པོ་ཆེའི་རང་པ་ལྕགས་ཀྱི་རྐང་པ་ལྟ་བུས་བསྡིགས་པ་ལས་དེ་དག་ཕྱེ་མར་བརླག་པར་འགྱུར་རོ། །ཡང་ན་ལྕགས་ལས་བྱས་པའི་བཤལ་སྤྱད་ལྕགས་ཀྱི་རྐང་པ་ལྟ་བུ་ཞེས་བྱའོ། །དུ་བ་འཐུལ་བར་བྱེད་ཅིང་ཞེས་བྱ་བ་ནི་དུ་བ་འབྱིན་པར་བྱེད་པའོ། །ཙི་རི་རི་ཟེར་ནས་བྱ་བ་ནི་ཙི་རི་རི་སྒྲ་ཅུང་ཟད་སྒྲོག་པའོ། །སྒྲ་ཡང་འབྱིན་ཏོ་ཞེས་བྱ་བ་ནི་སྒྲ་ཤིན་ཏུ་ཆེ་བ་སྒྲོག་པའོ། །ཕྲིན་ལས་རྣམ་པར་སྨིན་པ་ནི་ཕྲིན་ལས་གྱུར་པ་སྟེ། ཕྲིན་ལས་ཀྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ །རུས་མཚུངས་པ་ནི་རུས་དང་བཅས་པ་ཡིན་ལ། དྲང་སྲོང་དྲོ་ནའི་རིགས་དང་བཅས་པ་ནི་རུས་དྲོ་ནར་བཅས་པའོ། །རང་བཞིན་གྱི་ཉེས་པས་མ་གོས་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་པའོ། །གནོད་པ་མེད་པ་ནི་ཞེས་བྱ་བ་ནི་གནོད་པ་བྱས་པ་མེད་པར་རོ། །ཉམ་ཐག་པའི་སྐད་ནི་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་ཧ་ཧའི་སྒྲ་མཐོན་པོའོ། །ཁྱད་པར་རམ་ཞེས་བྱ་བ་ལ་སོགས་པ་ལ་མངོན་སུམ་གྱིས་ཡོངས་སུ་གཅད་པར་བྱ་བའི་བྱེ་བྲག་ནི་ཁྱད་པར་རོ། །རྗེས་སུ་དཔག་པའི་ཤེས་པས་ཡོངས་སུ་གཅད་པར་བྱ་བ་ནི་བསམ་པའོ། །བྱེད་པ་སྣ་ཚོགས་གསལ་བའི་ཚུལ་གྱིས་རྣམ་པ་གཞན་ཉིད་དོ། །ཤན་པ་ནི་ཕྱུགས་གསོད་པའོ། །མངོན་པར་བསྒྲུབས་ཏེ་ཞེས་བྱ་བ་ནི་གྲུབ་པར་གྱུར་ནའོ། །སྤྱོད་པར་གྱུར་པ་ཞེས་བྱ་བ་ནི་སྐྱོང་བར་གྱུར་པའོ། །ཁྱིམ་བྱ་གསོད་པར་བྱེད་པས་ན་ཁྱིམ་བྱ་གསོད་པའོ། །དེ་བཞིན་དུ་ཕག་གསོད་པ་ཡང་ངོ༌། །བྱ་བ་ཞེས་བྱ་བ་ནི་བྱ་འཛིན་པས་ན་འཚོ་བར་བྱེད་པའི་ཐབས་ཅན་ནོ། །རྒྱ་ནི་རི་བོང་འཛིན་པར་བྱེད་པའི་ཐབས་ཏེ། དེས་བྱ་བ་བྱེད་པའི་ཕྱིར་རི་བོང་ལ་རྒྱས་འདེབས་པའོ། །སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པ་གྱུར་པ་ཞེས་བྱ་བ་ནི་སློབ་པའི་གང་ཟག་རྣམས་ལ་མངོན་པར་
དད་པའི་ལྷས་ཚིག་རྩུབ་པ་པོས་བརྡེགས་པ་འམ། བསྒོམ་པས་སྤང་བར་བྱ་བའི་ཁོང་ཁྲོ་བ་མ་སྤངས་པའི་ཕྱིར་སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པ་ནི་ཚིག་རྩུབ་པོ་ཡོངས་སུ་བརྗོད་པ་འམ། སློབ་པ་དུ་མ་བསད་པར་གྱུར་པ་ལས་སྡིག་པ་དཔག་ཏུ་མེད་པ་དང་ལྡན་པས་སློབ་པ་རྣམས་ཀྱི་གཟི་བརྗིད་ཀྱིས་ཕོག་པར་གྱུར་པའོ། །སྦྲུལ་གྱིས་བལྟས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་སྦྲུལ་མཐོང་བའི་དུག་ཅན་གྱིས་བལྟས་པ་སྟེ། མཐོང་བས་རིགས་ཐལ་བར་འགྱུར་བ་དེ་བཞིན་དུ་ཀོ་ས་ལའི་རིགས་བརྒྱུད་མེད་པར་འགྱུར་རོ། །ཉ་པ་ནི་ཉ་གསོད་པར་བྱེད་པའོ། །གཅད་ཅིང་གཅད་ཅིང་ཞེས་བྱ་བ་ནི་ཟློས་པའི་ཚིག་གཉིས་ཡིན་ལ། བཅད་པ་ནི་གཏུབས་པའོ། །དགྲ་བོ་ཕྱིར་བཟློག་པའི་དོན་དུ་གདུ་བུའི་རྣམ་པ་ལྟ་བུའི་ཁང་པ་སུམ་རྩེག་གམ་ལྔ་རྩེག་གི་ཁང་བཟངས་སོ། །སྐྱེས་པ་མེད་པར་ཞེས་བྱ་བ་ནི་སྐྱེས་བུ་དང་ཤིན་ཏུ་བྲལ་བའོ། །རོལ་མོའི་ཚོགས་ཀྱིས་ཞེས་བྱ་བ་ལ། རོལ་མོ་ནི་འདིར་གར་ལ་བྱའོ། །འདི་ནི་དགར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་འདིར་དགའ་བ་ཉམས་སུ་མྱོང་བར་གྱུར་པའོ། །གཞན་དུའང་དགའ་བར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །དེ་ནི་དགར་འགྱུར་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། དེ་ཉིད་དགའ་བར་འགྱུར་བ་དང་དེ་ཉིད་རབ་ཏུ་དགའ་བར་འགྱུར་བའོ། །གང་གི་ཚེ་ཞེ་ན། སྨྲས་པ། བདག་ཉིད་ལས་ཀྱི་རྣམ་པར་སྨོན་པ་མཐོང་ནས་ཞེས་སྨོས་སོ། །མགུ་གྱུར་ཞེས་བྱ་བ་ནི་མགུ་བ་སྐྱེས་པར་གྱུར་པའོ། །བསྔགས་པར་འགྱུར་བས་ན་བདེ་འགྲོ་སྟེ། གང་གི་ཚེ་དེར་འགྲོ་བར་འགྱུར་བ་དེའི་ཚེ་ཕྱིར་འགྲོ་བར་འགྱུར་རོ། །ངོམ་པ་ནི་སྤྱིར་བདག་ཉིད་སྟོང་བར་བྱེད་པ་སྟེ། འདི་ལྟར་བདག་ནི་སྟོབས་དང༌། བརྩོན་པ་དང༌། ཕ་རོལ་གནོན་པ་ཕུན་སུམ་ཚོགས་པ་ཞེས་ངོམ་པའོ། །རྣམ་པར་ངོམ་པ་ནི་ཁྱད་པར་དུ་བདག་དང་འདྲ་བར་འགའ་ཞིག་ཀྱང་མེད་དེ། གང་གི་ཕྱིར་ཁོ་བོ་འཛམ་བུའི་གླིང་གི་གཙོ་བོར་གྱུར་པའི་ཤཱཀྱ་རྣམས་བརླག་པར་གྱུར་ཅེས་བྱ་བ་ལྟ་བུའོ། །བསླབ་པའི་གཞི་བསྡམས་གྱུར་ཅེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་བསླབ་པའི་གཞིས་བསྡམས་པར་གྱུར་པའོ། །ཀླུ་རྣམས་བསད་བཞིན་ཞེས་
བྱ་བ་ལ་སོགས་པ་ལ། ཀླུ་རྣམས་གསད་པ་སྟེ། སྲོག་དང་བྲལ་བར་གྱུར་ན་ཀླུའི་བུ་མོ་དག་ཀྱང་གསད་པར་བྱ་བ་ཡིན་ཏེ། ཁྱད་དུ་ཞུགས་ནས་གནོད་པར་གྱུར་ན་མི་རུང་བའོ། །དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། སྤྲིན་གྱིས་གཡོགས་བཞིན་དུག་གིས་རབ་གང་བ། །ཞེས་བྱ་བ་སྨོས་ཏེ། སྤྲིན་ཏེ་ཆུ་འཛིན་གྱིས་གཡོགས་ཤིང་ཁྱབ་པ་དེ་བཞིན་དུ་དུག་གིས་ཀྱང༌། ཀུན་ནས་གང་བར་གྱུར་པ་དེའི་ཕྱིར་གསད་པར་བྱ་བ་ཡིན་ན། ཇི་ལྟར་དེ་དག་གསད་པར་བྱ་བ་ཡིན་པ་དེ་བཞིན་དུ་ཤཱཀྱའི་བུ་མོ་དེ་དག་གི་ཡང་ལག་པ་དང༌། རྐང་པ་ཆོད་ཅིག་པའོ། །གང་གི་ཕྱིར་ལག་པ་དང་རྐང་པ་བཅད་པ་ལས་ཤི་བར་གྱུར་པ་དེ་དག་ཉིད་ཀྱི་གཉེན་རྣམས་ཀྱི་ནི་ཕྱི་བཞིན་ཏེ། སླད་བཞིན་འགྲོ་བར་འགྱུར་རོ། །སྡུག་བསྔལ་ནི་མི་མཐུན་པར་གྱུར་པའོ། །དྲག་པ་ཞེས་བྱ་བ་ནི་ཆེན་པོའོ། །རྩུབ་པ་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་བརྣག་པར་དཀའ་བའོ། །ཚ་བ་ཞེས་བྱ་བ་ནི་མཐའ་མར་བརྣག་པར་དཀའ་བའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་དྲན་པའི་ཤེས་པས་ཡུལ་དུ་བྱས་པ་ན་ཡང་ཡིད་མི་བདེ་བ་སྐྱེད་པར་བྱེད་པའོ། །བསམས་པ་ནི་ཡང་དག་པར་བསྐུལ་བའོ། །འཇིག་རྟེན་པའི་ཐུགས་ཞེས་བྱ་བ་ལ་འཇིག་རྟེན་ལ་ཕན་པས་ན་འཇིག་རྟེན་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་ཐུགས་ཤེས་པར་གྱུར་ཅིག་ཅེས་དགོངས་པ་འདིས་བསྐྱེད་པ་ནི་འཇིག་རྟེན་པའི་ཐུགས་སོ། །དེ་ཟག་པ་དང་བཅས་པ་འམ། ཟག་མེད་ཡིན་ཞེ་ན། དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཐུས་སེམས་ཅན་ཐམས་ཅད་ཀྱིས་བདེ་འགྲོ་གཞན་གྱི་ སེམས་ཤེས་པ་ཐོབ་པར ་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའམ། ཟག་པ་དང་བཅས་པའི་ཐུགས་ལ་འཇིག་རྟེན་པའི་ཐུགས་སོ་ཞེས་བྱའོ། །དབུགས་ཕྱུང་ཤིག་ཅེས་བྱ་བ་ནི་དགའ་བ་སྐྱེད་ཅིག་པའོ། །ལས་བདག་གིར་གྱིས་ཤིག་ཅེས་བྱ་བ་ནི་ལས་ལ་རྟེན་ཅིག་པའོ། །ལུང་མནོད་བ་ཞེས་བྱ་བ་ནི་གདམས་ངག་ལེན་པའོ། །ཀློག་པ་ཞེས་བྱ་བ་ནི་ཇི་ལྟར་བཟུང་བ་ལྟར་ཀློག་པའོ། །འདོན་པ་ནི་ཀླགས་པ་མི་བརྗེད་པར་བྱ་བའི་འདོན་པའོ། །ནམ་རྨུས་པར་གྱུར་པ་ནི་ཉི་མ་སྤྲིན་དང་བཅས་པར་གྱུར་པའོ། །རྒྱན་ལ་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་རྩ་བའི་གནས་
ལས་ཕྱི་རོལ་གྱི་ཉེ་འཁོར་དུ་གྱུར་པའི་ས་ནི་ཉེ་བར་སྤྱོད་པ་ཡིན་ཏེ། འཆག་པ་དོན་དུ་གཉེར་བ་རྣམས་ཉེ་བར་སྤྱོད་ པར་བྱེད་པའི་ཕྱིར་རོ། །བུད་མེད་ཀྱི་ཡང་རྒྱན་ཉེ་བར་སྤྱོད་པ་ཡིན་ཏེ། སྐྱེས་བུའི་སེམས ་དགའ་བར་བྱེད་པ་དོན་དུ་གཉེར་བའི་བུད་མེད་དག་རྒྱན་ལ་ཉེ་བར་སྤྱོད་ཅིང་སྟེན་པར་ཉེ་བར་སྤྱོད་པའི་ཕྱིར་རོ། །ཉི་མ་དང་མཐུན་ཞིང་འཕྲོད་པས་ན་ནོར་བུ་མེ་ཤེལ་ཏེ་ཉི་མའི་འོད་དང་ཡང་དག་པར་འབྱོར་པ་ན་མེ་འབྱིན་པར་བྱེད་པའི་ཕྱིར་རོ།། །།བམ་པོ་ལྔ་པ། འདི་ན་ཚིག་འགྱུར་ཞེས་བྱ་བ་ནི་ཚེ་འདིར་རོ། །གཞན་དུ་འང་ཚིག་པར་འགྱུར་ཞེས་བྱ་བ་ནི་ཚེ་ཕྱི་མར་རོ། །གཉིས་ཀར་ཚིག་པར་འགྱུར་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་རྟེན་འདི་དང་གཞན་དུ་ཅིག་ཅར་དེ་ཚིག་པར་འགྱུར་བས་ན་སྡིག་པ་བྱེད་པ་དེ་དང་དེ་དག་ཚིག་པར་འགྱུར་བའོ། །གང་གི་ཚེ་ཞེ་ན། བདག་ཉིད་ལས་ཀྱི་རྣམ་པར་སྨིན་པ་མཐོང་ནས་ཞེས་བྱ་བ་སྨོས་སོ། །སྨད་པ་འམ་དམན་པའི་འགྲོ་བ་ནི་ངན་འགྲོའོ། །གདུང་འགྱུར་ཞེས་བྱ་བ་ནི་ཡིད་ཀྱི་གདུང་བར་འགྱུར་བའོ། །རྒྱན་སྤེལ་མ་ཞེས་བྱ་བ་ལ་སོགས་པ་ལ། གསེར་སྐུད་ཀྱི་ལྕུ་གུ་གསུམ་པ་འམ། བཞི་པའི་ཚོགས་ཀྱི་བར་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་མདུད་ཀྱིས་སྤྲས་པ་ལ་གདུ་བུ་སྤེལ་མ་ཞེས་བྱ་བའོ། །གསེར་གྱི་ཕག་བུའི་དབུས་གྲོག་མོ་ལྟ་བུ་ཅན་གསེར་སྐུད་ཀྱིས་བརྒྱུས་པ་མཐའ་ནས་གཡེར་ཀ་བཏགས་པ་ཅན་དག་ལས་བྱས་པ་གསེར་གྱི་འོག་པག་གང་ཡིན་པ་དེ་ནི་ཕྱང་ཕྲུལ་ཅན་ནོ། །གསེར་ལས་བྱས་པའི་རྒྱན་ཟླ་གམ་གསུམ་པ་དག་ལས་བྱས་པའི་འོག་པག་གང་ཡིན་པ་དེ་ནི་ལུ་གུ་རྒྱུད་དོ། །གསེར་ལས་བྱས་པའི་སྐུད་པ་ནི་རྒྱན་གསེར་སྐུད་ཅན་ནོ། །ལོངས་སྤྱོད་དེ་འདོད་པའི་ལོངས་སྤྱོད་དག་གོ །བདག་ཀྱང་ཡུན་རིང་དུ་ལོན་པ་ནི་རྒས་པའི་གནས་སྐབས་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དྲང་བ་ནི་ཐ་སྙད་དུ་བྱ་བ་ལ་གསལ་པོར་བྱེད་པའོ། །གཡོ་ཀུན་དུ་སྤྱོད་པ་ནི་ལས་ལ་སོགས་པས་གྱ་གྱུར་སྤྱོད་པའོ། །ཤིན་ཏུ་དྲགས་པའི་མི་འཇིགས་པ་ནི་འཇིགས་པ་མེད་པ་ཡིན་མོད་ཀྱི་འདིར་བྱ་བ་མ་ཡིན་པ་ལས་ལོག་པ་ལ་རག་ལུས་པའི་རབ་ཏུ་བྱུང་བའི་མི་འཇིགས་པ་གང་ཡིན་པ་ནི་མི་
འཇིགས་པ་རྒྱ་ཆེ་བ་དང༌། མཆོག་ཏུ་གྱུར་པ་ཡིན་ནོ། །སྤོབས་པ་དགེའོ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཤེས་རབ་སྐྱེས་པ་ནི་སྤོབས་པ་ཡིན་ལ། དེ་དགེ་བ་ནི་ཡོངས་སུ་དག་པ་ཡིན་ཏེ། རབ་ཏུ་བྱུང་བའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །ཕན་ཡོན་རྣམ་པ་ལྔ་ཞེས་བྱ་བ་ནི་ཡོན་ཏན་རྣམ་པ་ལྔའོ། །རང་གི་དོན་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱུང་བ་མོས་པ་ནི་རབ་ཏུ་བྱུང་བར་འདོད་པའོ། །རང་གི་དོན་མ་འདྲེས་པ་ནི་སྐྱེས་བུའི་དོན་ཐུན་མོང་མ་ཡིན་པ་ཡིན་ཏེ། དོན་འདི་ནི་སྐྱེས་བུའི་དོན་ཁ་ཅིག་མང་པོ་དང་ལྷན་ཅིག་བསྒྲུབ་པར་བྱ་བ་ཐུན་མོང་ལ། མྱང་ངན་ལས་འདས་པའི་མཚན་ཉིད་འདི་ནི་རང་གི་དོན་ཐུན་མོང་མ་ཡིན་པ་ཡིན་བས་ན་གཞན་འགའ་ཞིག་གིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གཅིག་པུ་ཁོ་ནས་ཡིན་ནོ། །དེ་ལ་དོན་འདི་ནི་མང་པོ་དང་ལྷན་ཅིག་བསྒྲུབས་པ་གང་ཡིན་པ་འདི་ནི་དོན་དམ་པར་སྐྱེས་བུའི་དོན་མ་ཡིན་གྱི་འོན་ཀྱང་རབ་ཏུ་བྱུང་བ་ཐོབ་པའི་སྒོ་ནས་གཅིག་པུས་བསྒྲུབས་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པ་དང༌། དོན་དམ་པ་དང༌། སྐྱེས་བུའི་དོན་ཡིན་ནོ། །རྗེས་སུ་ཐོབ་པར་འགྱུར་བ་ནི་རྙེད་པར་འགྱུར་བའོ། །བྲན་ཞེས་བྱ་བ་ནི་ཁྱིམ་དུ་སྐྱེས་པ་དང༌། རྙེད་པ་དང༌། ཉོས་པ་དང༌། འཕྲོགས་པ་དང༌། ཁས་བླངས་པ་ཞེས་བྱ་བ་རྣམ་པ་ལྔའོ། །མངག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་ནས་མངག་གཞུག་བྱེད་པའོ། །བསྒོ་བ་ཞེས་བྱ་བ་ནི་ནང་འཁོར་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ། །གཞན་ལ་རག་ལུས་པ་ཞེས་བྱ་བ་ནི་རང་དབང་མེད་པ་ཞང་བློན་ལ་སོགས་པའོ། །འདོད་དགུར་འགྲོར་མེད་པ་ནི་སྣ་ཆེན་པོ་ལ་གཏོགས་པ་སྟེ། གང་གི་ཕྱིར་དེ་ནི་དབང་ཕྱུག་གི་མཆོག་གི་ས་ལས་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་སྟེན་པར་ཡང་མི་བྱེད་པ་དེའི་ཕྱིར་མངག་གཞུག་པ་ལ་སོགས་པ་བཞི་པོ་དེ་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པར་རིག་པར་བྱའོ། །མཆོད་པ་ནི་སྦྱིན་པ་དང་བསྙེན་བཀུར་དང་ཕྱག་ལ་སོགས་པའོ། །བསྟོད་པ་ནི་ཡོན་ཏ་ན་སྨོས་པའི་སྒོ་ནས་སོ། །བླ་ན་མེད་པ་ནི་གོང་ན་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་གྱི་བདེ་བ་ནི་མ་ཐོབ་པ་ཐོབ་པ་དང་ཐོབ་པ་སོ་སོར་སྐྱོང་བའོ། །མྱ་ངན་
ལས་འདས་པ་འཁོར་བ་སྲིད་དུ་མ་ཐོབ་པ་རྙེད་ཅིང་ཐོབ་པ་ཕྱིར་མི་གཏོང་བའི་ཕྱིར་ཁྱད་པར་དུ་འཕགས་པའི་རྣལ་འབྱོར་བདེ་བར་བྱེད་པའོ། །མ་ཐོབ་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་བ་མ་རྙེད་པར་རོ། །བདག་ཅེས་བྱ་ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་རྙེད་པ་ལས་ཉམས་པར་མ་གྱུར་པའོ། །ཉན་ཐོས་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བརྒྱད་དོ། །མཆོག་ནི་དྲང་སྲོང་དག་གོ །ཡང་དག་ པར་སོང་བ་ནི་བྱང་ཆུབ་སེམས ་དཔའོ། །སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་མཁས་པ་རྣམས་ཀྱིས་སོ། །འདིར་མྱ་ངན་ལས་འདས་པ་ཁོ་ན་རང་གི་དོན་མ་འདྲེས་པ་མ་ཡིན་ནམ། དེ་བས་ན་ཅིའི་ཕྱིར་ཕན་ཡོན་དེ་གཉིས་སུ་བྱས་ཤེ་ན། བདེན་ཏེ་མྱ་ངན་ལས་འདས་པ་དེ་ཉིད་ནི་གཅིག་ཏུ་ཁྱིམ་པ་དང་འབྲེལ་པའི་སྒོ་ནས་ཐོབ་པར་ནུས་པ་ནི་མ་ཡིན་གྱི། འོན་ཀྱང་གཅིག་པུ་ཁོ་ནས་ཞེས་བསྟན་པའི་ཕྱིར་ཐ་དད་པར་བྱ་བ་ཡིན་ནོ། །རྣམ་པ་གཞན་དུ་ན་རང་གི་དོན་མ་འདྲེས་པ་ཁོ་ནར་ཐམས་ཅད་འདུས་པའི་ཕྱིར་ལྔ་ཉིད་དུ་མི་འཐད་པར་འགྱུར་བ་དེ་བས་ན་མྱ་ངན་ལས་འདས་པ་ཐོབ་པ་ནི་ཕན་ཡོན་གཅིག་ཡིན་ལ། །དེ་ཐོབ་པའི་རྒྱུ་མཚན་གཅིག་པུ་ཉིད་རབ་ཏུ་བྱུང་བས་རྙེད་པ་ཞེས་བྱ་བ་ནི་ཕན་ཡོན་གཉིས་པ་ཡིན་ནོ། །གང་ཞིག་བདག་ལ་མཆོད་པ་བྱེད་པ་དེ་དག་ལ་བདག་གིས་མཆོད་པ་ཞེས་བྱ་བ་ནི་གསུམ་པ་ཡིན་ལ། མངོན་པར་འདོད་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཐོབ་པ་ནི་བཞི་པ་ཡིན་ཞིང༌། སྐྱེས་བུ་དམ་པས་རབ་ཏུ་བསྔགས་པའི་ལམ་བསྟེན་པ་ནི་འདིར་ཕན་ཡོན་ལྔ་པ་ཡིན་ནོ། །བདག་ཉིད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་ནི་རང་གི་སྤྱོད་ཡུལ་གྱི་སའོ། །ཡབ་བྱོན་པའི་ཡུལ་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་རབ་ཏུ་སྐྱེ་བའི་གནས་ཡིན་པའི་ཕྱིར་ཏེ། བསོད་སྙོམས་ལེན་པས་དགེ་སློང་གི་དངོས་པོར་འགྱུར་བ་ཡིན་གྱི་ཟས་མང་པོ་ཡོངས་སུ་ཚོལ་བ་ལས་ནི་མ་ཡིན་ནོ། ཆུང་མ་རྙིང་པ་ཞེས་བྱ་བ་ནི་ཁྱིམ་པའི་གནས་སྐབས་ན་ལོག་ པར་གཡེམ་པའི་ལས་ལྷན་ཅིག་བྱེད་པ་ཅན་བྱ་བ་མ་ཡིན་པ་ཐམས་ཅད་ལ་སེམས ་འཇུག་པ་དེའི་ཕྱིར། ཁྱོད་ཀྱིས་སེམས་སྲུངས་ཤིག་ཅེས་སྨོས་པ་ཡིན་ནོ། །རེག་པའི་དུག་ཅེས་བྱ་བ་ནི་རེག་པ་ཙམ་གྱིས་འདོད་ཆགས་ཀྱི་དུག་ལྡང་
བར་བྱེད་པའི་ཕྱིར་རོ། །རྒྱགས་པའི་མུན་པ་ཞེས་བྱ་བ་ནི་རྒྱགས་པས་རྣམ་པར་རྨོངས་པར་གྱུར་པའོ། །སྲེད་པའི་མུན་པ་ཞེས་བྱ་བ་ནི་སྲེད་པས་རྨོངས་པར་གྱུར་པའོ། །མགོ་སྤྲ་ཐོག་གི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་སྤྲ་བའི་མེ་ཏོག་བཞིན་དུ་མགོ་དཀར་པོར་གྱུར་པའོ། །རྒན་ཞུགས་ཞེས་བྱ་བ་ནི་ན་ཚོད་རྒས་ནས་རབ་ཏུ་བྱུང་བའོ། །ཕན་པ་བྱས་པ་ཤེས་པར་གྱུར་པ་གང་ཡིན་པ་དེ་ནི་བྱས་པ་གཟོ་བའོ། །བྱས་པ་ཤེས་པ་ཞེས་བྱ་བ་ནི་འདིས་བདག་ལ་ཕན་པ་ཆེན་པོ་བྱས་སོ་ཞེས་གཞན་ལ་སྒྲོག་པར་བྱེད་པའོ། །སྦྱོར་བ་ནི་རབ་ཏུ་སྤྱོད་བ་དང་བྱ་བ་སྟེ། དེས་ཉམས་པ་ནི་རྒུད་པར་གྱུར་པའོ། །དེ་བས་ན་འདི་ལྟར་དགེ་སློང་དག་གིས་མི་ཚངས་པར་སྤྱོད་པ་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་མི་ཤེས་པ་དེའི་ཕྱིར་བསམ་པ་ནི་མ་ཉམས་པའོ། །ཕས་ཕམ་པ་བཞི་ནི་མི་ཚངས་པར་སྤྱོད་པ་ལས་ལྡོག་པ་ལ་སོགས་བདག་ལས་སོ། །བདུད་རིས་ནི་བདུད་ཀྱི་སྡེ་ཡིན་ལ་གཙེས་པ་ནི་གནོད་པ་བྱས་པས་སོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ། དེ་དང་འགལ་བ་ནི་མི་ཚངས་པར་སྤྱོད་པའོ། །བྱ་བ་མ་ཡིན་པ་ཐམས་ཅད་ཚངས་པར་སྤྱོད་པ་མ་ཡིན་པ་དེའི་ཕྱིར་རྒྱ་རྣ་རུ་ཞེས་བྱ་བ་སྨོས་ཏེ། སྐྱེས་པ་དང་བུད་མེད་ཀྱི་ཀུན་དུ་སྦྱོར་བ་ནི་འཁྲིག་པ་ཡིན་ལ། དེ་འབྱུང་བའི་ལས་ནི་རྒྱ་རྣ་རུའོ། །སྐལ་བ་ཡོད་ན་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེར་རུང་བའོ། །ངོ་བཞིན་གནག་ཅིང་མཆི་མ་དང་བཅས་པ་བཞིན་དུ་ཞེས་བྱ་བ་ནི་ཁ་གདོང་ངན་ཅིང་མཆི་མས་ཁྱབ་བཞིན་དུའོ། །བྱ་བ་མ་ཡིན་པ་བྱེད་པ་ནི་བྱ་བ་མ་ཡིན་པ་སྤྱོད་པའོ། །རང་བཞིན་ཏེ་དགེ་སློང་གི་བྱ་བ་ལ་གནས་པས་ན་རང་བཞིན་དུ་གནས་པའོ། །གསོང་པོར་སྨྲ་བ་ནི་ལུས་ཀྱིས་ཕྱག་བྱ་བ་མ་གཏོགས་པ་ཚིག་གིས་ཕྱག་བྱེད་པའོ། །ཕྱག་བྱེད་པ་ནི་ཡན་ལག་ལྔས་གཏུགས་པ་འམ། བྱིན་པ་བཅིང་བའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་སྦྱར་བ་སྔོན་དུ་སོང་བ་ཅན་གུས་པའོ། །འདུད་པའི་ལས་ནི་ལུས་ཀྱིས་ཕྱག་བྱས་པ་སྔོན་དུ་སོང་བ་ཅན་ནོ། །བསུ་བ་ཞེས་བྱ་བ་ནི་གོམ་པའི་རིམ་པ་གཅིག་བསྣུར་བའི་སྒོ་ནས་སོ། །མཉན་པ་དང་ལུང་ནོད་པ་ཉེ་བར་གཞག་པར་མི་བྱའོ། །གཞན་རབ་ཏུ་འབྱིན་པ་དང་དགེ་ཚུལ་ལ་གནས་སྦྱིན་པའི་སྒོ་ནས་ཀྱང་བསྡུ་
བར་མི་བྱའོ། །ཚུལ་ཁྲིམས་ཀྱི་རྒུད་པ་ནི་ཚུལ་ཁྲིམས་ཉམས་པའོ། །ལྟ་བས་རྒུད་པ་ནི་ལྟ་བ་ཕྱིན་ཅི་ལོག་པ་དང་སྨད་པ་ཅན་ནོ། །ཆོ་ག་ས་རྒུད་པ་ནི་སྤྱོད་ཡུལ་མ་ཡིན་པར་འགྲོ་བ་དང་འོང་བ་ལ་སོགས་པའོ། །འཚོ་བས་རྒུད་པ་ནི་ཁ་གསག་དང༌། ཐོབ་ཀྱིས་འཇལ་བ་ལ་སོགས་པ་ལོག་པའི་འཚོ་བས་སོ། །ལྕི་བ་ཤིན་ཏུ་འཇམ་པོས་བྱུགས་ཤིག་ཅེས་བྱ་བ་ནི་ལྕི་བ་སར་པ་བཟང་པོ་དང་ལྡན་པས་བསྒྲུབ་པའོ། །དུས་ཤེས་པ་ཞེས་བྱ་བ་ནི་ཟས་ཀྱི་དུས་སོ། །མཐུ་ནི་ནུས་པའོ། །ཟས་བཤམས་པ་འཇོག་པར་བྱེད་པའི་གནས་ལ་ཟས་ཀྱི་གནས་ཞེས་བྱའོ། །དུས་ཤེས་པར་བྱས་ལ་ཞེས་བྱ་བ་ནི་ཉི་མ་ནུབ་པའི་དུས་ལ་ཚོགས་པའི་དུས་སོ། །འདུག་ཅིང་ཞེས་བྱ་བ་ནི་བྱེད་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །རྒན་རིམས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའི་རིམ་པ་བཞིན་དུའོ། །སོས་སམ་ཞེས་བྱ་བ་ནི་ཁྱེད་ཀྱི་ཁམས་སྙོམས་སམ་ཞེས་བྱ་བའོ། །དུ་བའི་རེང་བུས་ཞེས་བྱ་བ་ནི་དུ་བ་སྐྱེད་པར་བྱེད་པའི་ཐབས་ཡང་དག་པར་སྦྱར་བའོ། །རྫེའུ་ཁ་སྦྱར་ཞེས་བྱ་བ་ནི་རྫེའུ་ཁ་སྦྱར་དུ་བྱས་པས་སོ། །གཅེའུ་ཞེས་བྱ་བ་ནི་ལྕགས་ལས་བྱས་པ་ཅན་དུ་བ་རྔུབ་པའི་ཐབས་སུ་གྱུར་པའོ། །རྣོ་བ་ནི་མཚོན་ལྟར་རོ། །སྣོད་ཅེས་བྱ་བ་ནི་དེ་འཇོག་པར་བྱེད་པའི་རྫས་སོ། །རྒྱལ་སྲིད་ལ་འཁོར་ལོས་འཇུག་པའི་ངང་ཚུལ་ཅན་གྱི་རང་བཞིན་གང་ཡིན་པ་ནི་འཁོར་ལོས་སྒྱུར་བ་ཡིན་ལ། དེའི་གསོ་བ་ནི་ནད་ཞི་བར་བྱེད་པའི་ཐབས་སུ་གྱུར་པའོ། །གང་གིས་སྣ་སྨན་གྱི་ལས་བྱེད་པ་དེ་ནི་བླུགས་སྤྱོད་དོ། །བརྣངས་པ་ནི་ཟོས་པའི་ཁམ་མགྲིན་པའི་ཕྱོགས་སུ་ཐོགས་པའོ། །གང་གིས་ཁམ་ཐོགས་པ་གལ་ཏེ་བསལ་བར་བྱ་བའི་འཕུལ་བའི་སྤྱད་ཀྱིས་བཏུང་བར་བྱེད་པ་ནི་འཕུལ་བའི་བཏུང་ཕོར་རོ། །ཁྱོགས་ཞེས་བྱ་བ་ནི་རྟ་གཡག་རྔའི་ཚོམ་བུས་སྦྱངས་པ་དང༌། དྲིལ་བུ་བཏགས་པའི་ཁྱོགས་བྱས་ནས་སོ། །འཇིག་རྟེན་ལ་བུ་བཞིན་དུ་ སེམས་ཤིང་ཞེས་བྱ་བ་ནི་ཇི་ལྟར་འགའ་ཞིག་བུའི་ནང་དུ་འགྲོ་བར་གྱུར་པ་ན་གུས་པར ་མི་འགྱུར་བ་དེ་བཞིན་དུ་དེས་གུས་པར་འགྱུར་ཞིང༌། དེ་བཞིན་དུ་དེ་དག་ཀྱང་གུས་པར་མི་འགྱུར་བ་ལྟ་བུའོ། །ནགས་དང་ཐག་ཉེ་བའི་ས་ཕྱོགས་ནི་ཤིང་རྩའོ། །བཤང་བ་ཀུན་དུ་སྐྱེས་པས་ན་བཤང་བ་བྲོ་བར་གྱུར་པའོ། །གཅི་བ་ཀུན་དུ་སྐྱེས་པས་ན་
གཅི་བ་བྲོ་བར་གྱུར་པ་སྟེ། གཅི་བའི་དབང་དུ་གྱུར་པ་གང་ཡིན་པ་དེ་ལ་འདི་སྐད་ཅེས་བྱའོ། །ཚེར་མས་ཉེ་བར་མཚོན་པ་ཚེར་མ་དང་ལྡན་པས་ན་ཚེར་མ་ཅན་ནོ། །བཤང་བ་དང་གཅི་བའི་སྐྱབས་ཀྱིས་ཞེས་བྱ་བ་ནི་ཁང་པའི་རྣམ་པ་ལྟ་བུར་རོ། །གདུང་རིངས་ནི་ཤིང་གི་གདུང་མ་ཆེན་པོའོ། །བུ་གུ་གཏོད་པ་ནི་ཕྱིར་ཕྱོགས་པར་རོ། །གཙང་སྒྲ་ཐ་དད་པ་ཞེས་བྱ་བ་ནི་ཕན་ཚུན་གཙང་སྦྲ་ཐ་དད་པ་དེའི་ཕྱིར་ཁོ་བོ་རིལ་བས་ཆུ་བཏུང་བར་མི་བྱ་བའོ། །སྣོད་དབེན་པར་བྲུག་པ་ལ་སོགས་པའི་བྱ་བ་ལ་ལྷག་པར་སྦྱར་བས་ན་སྣོད་སྤྱད་འབྲུག་པའོ། །ཆུ་ཁང་ཞེས་བྱ་བ་ནི་ཆུ་གཞག་པར་བྱ་བའི་དོན་གྱི་གནས་སོ། །སོ་ཕག་གི་ཕག་གུ་སོ་བཏང་བ་ཡིན་པར་རིག་པར་བྱའོ། །གཞི་ཞེས་བྱ་བ་ནི་བུམ་པ་མི་གཡོ་ཞིང་བརྟན་པར་གནས་པས་སྒྲུབ་པར་བྱེད་པའོ། །ས་བླའི་གནོད་སྦྱིན་རྣམས་ཀྱིས་ཞེས་བྱ་བ་ནི་ས་ལ་གནས་པར་གྱུར་བའོ། །སྒྲ་འབྱིན་ཅིང་ཞེས་བྱ་བ་ནི་སྒྲ་ཅུང་ཟད་འདོན་པར་བྱེད་པའོ། །དབྱངས་རྗེས་སུ་སྒྲོགས་པ་ཞེས་བྱ་བ་ནི་ཕ་རོལ་པོའི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྒྲ་མཐོན་པོ་སྒྲོགས་པའོ། །བསྐལ་པར་བཞུགས་ཞེས་བྱ་བ་ནི་བསྐལ་པ་ཆེན་པོར་རོ། །བར་སྣང་ལ་རྒྱུ་བ་རྣམས་ནི་ནམ་མཁའ་ལ་གནས་པའོ། །དེ་ནས་སྐད་ཅིག་ཅེས་བྱ་བ་ནི་བུད་མེད་རས་བལ་གྱི་འདའ་བ་ལས་མྱུར་དུ་འཁལ་བའི་དཔུང་པ་བརྒྱང་བའི་མཐར་ཐུག་པའི་དུས་དེ་ཙམ་ལ་འདིར་སྐད་ཅིག་མར་འདོད་དེ་སྐད་ཅིག་མ་དེས་མྱུར་དུ་སོང་ནས་སོ། །ཐང་ཅིག་ཅེས་བྱ་བ་ནི་ཙ་ཤ་ཀ་གཉིས་ལ་གྲགས་པ་ཡིན་ཏེ་དེའི་ནང་དུ་སོང་ནས་སོ། །ཡུད་ཙམ་ཞེས་བྱ་བ་ནི་ཆུ་ཚོད་གཉིས་ལ་གྲགས་པ་ཡིན་ཏེ་དེས་དལ་གྱིས་སོང་ནས་སོ། །དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱི་ཞེས་བྱ་བ་ནི་འདིར་སྐད་ཅིག་མ་ལ་སོགས་པ་འདུས་པའི་དུས་གང་ཡིན་པ་དེ་ལ་དལ་གྱིས་སོང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་བྱུང་བར་གྱུར་པའོ། །མང་པོ་རྣམས་ལ་བར་ཆད་བྱས་ཞེས་བྱ་བ་ནི་སྒྲ་དེ་ཐོས་པར་གྱུར་པས་ཡིད་རྣམ་པར་འཁྲུགས་ཏེ་དམ་པའི་ཆོས་ཉན་པའི་བར་ཆད་སྐྱེས་པར་གྱུར་པ་འམ། ཡང་ན་བསྐལ་པར་བཞུགས་ཤིག་ཅེས་ཐོས་པ་ལས་དེ་དག་ལྟོས་པ་དང་བཅས་པ་སྐྱེ་བར་འགྱུར་ཏེ། ཡུལ་འདི་ལ་བཅོམ་ལྡན་འདས་བསྐལ་
པར་བཞུགས་པ་དེའི་ཕྱིར་ཐར་པ་དང༌། རྗེས་སུ་མཐུན་པའི་བྱ་བ་བྱེད་པའི་སྤྲོ་བ་ཆུང་བ་སྐྱེ་བར་འགྱུར་ཞིང་ཕྱིས་བྱའོ་སྙམ་པས་དེ་དག་གི་བསོད་ནམས་ཆེན་པོའི་བར་ཆད་དུ་འགྱུར་རོ། །མཐུན་མི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དམ་ཕན་ཚུན་མཐུན་པ་རྗེས་སུ་སྦྱིན་པས་ན་མཐུན་མི་ཕྱེད་པའོ། །དགེ་བའི་ཕྱོགས་འཕེལ་བ་ལ་རབ་ཏུ་དགའ་བས་ན་ཀུན་དུ་དགའ་བའོ། །ཕན་ཚུན་ལྟ་བར་འདོད་པས་ལོག་པའི་རྩོད་པའི་ཚོགས་སྤངས་པས་ན་མི་རྩོད་པའོ། ། སེམས་མཉམ་པར ་མ་བཞག་པ་ལས་རྩེ་གཅིག་པའི་མཉམ་པར་བཞག་པ་ཡོངས་སུ་སྐྱོང་བར་བྱེད་པས་ན་མཆོག་གཅིག་པའོ། །སོ་སོར་ཐར་པ་ཐ་མི་དད་པར་འདོན་པས་དང༌། ཕན་ཚུན་ཀློག་པར་བྱ་བ་ཉིད་ཡིན་པས་ན་འདོན་པ་གཅིག་པའོ། །གཞན་གྱི་དྲིང་མི་འཇོག་པ་ཉིད་ཀྱིས་ན་ཆུ་དང་འོ་མ་གཅིག་ཏུ་འདྲེས་པའོ། །སྟོན་པ་ནི་བཅོམ་ལྡན་འདས་ཡིན་ལ། བསྟན་པ་ནི་བཀའ་ཡིན་ནོ། །གསལ་བར་གྱུར་པ་ནི་རབ་ཏུ་གསལ་བར་གྱུར་པའོ། །དེ་ལ་བལྟས་པ་ཁོ་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ན་ལེགས་པར་ཕྱག་བྱས་པ་ཡིན་ནོ། །སྲུ་ནི་ཡུལ་གྱི་མཆེད་ཟླའོ། །བརྩོན་འགྲུས་བརྩམས་ཤིང་ཞེས་བྱ་བ་ནི་བརྩོན་འགྲུས་དེ་ལ་གཞོལ་བར་གྱུར་པའོ། །བདག་རབ་འཇོག་ཅེས་བྱ་བ་ནི་སེམས་དགེ་བའི་ཆོས་བསྒོམ་པ་ལ་སོ་སོར་འཇོག་པའོ། །བརྟན་པ་ཕ་རོལ་གནོན་པ་ནི་ཐམས་ཅད་དུ་དགེ་བའི་བྱ་བ་ལ་བརྟན་པའོ། །ལུས་འཛིན་པའི་ནུས་པ་དང་ལྡན་པའི་ཡོངས་སུ་མྱ་ནང་ལས་འདས་པ་བདག་ཉིད་འདོད་བས་ན་བརྟུན་ཏེ་མྱ་ངན་ལས་འདས་པ་འཚལ་བའམ། གནས་པ་ཉིད་མི་ནུས་པས་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་ལོ་ཞེས་བྱ་བའི་བར་དུའོ། །ལུས་འཛིན་པར་ནུས་པ་དེ་དག་གིས་ཀྱང་མྱ་ངན་ལས་འདས་པའི་ཡོན་ཏན་འཁོར་བའི་ཉེས་དམིགས་མཐོང་བའི་ཕྱིར་མྱ་ངན་ལས་འདའ་བར་འཚལ་བའོ། །བཅོམ་ལྡན་འདས་དགྱེས་བཞིན་དུ་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་འམ་ཞེས་བྱ་བ་ལ་སོགས་པ་ནི་ལན་གཉིས་བརྗོད་པའོ། །དེ་ལྟ་བུའི་ཆོས་ཅན་ཡིན་ན་ཞེས་བྱ་བ་ནི་རྣམ་པར་མཐོང་བའི་ཆོས་ཅན་ནོ། །མངོན་ པར་བསྟོད་པ་ནི་སེམས ་ཀྱིས་སོ། །
རྗེས་སུ་ཡི་རང་བ་ནི་ངག་གིས་སོ། །རྣམ་པར་མ་འཁྲུལ་པ་ཞེས་བྱ་བ་ནི་བསམ་པ་དང་བག་ལ་ཉལ་དང༌། ཁམས་དང་རང་བཞིན་མ་འཁྲུལ་པའི་སྒོ་ནས་སོ། །ལུས་ལས་འོད་ཟེར་ངེས་པར་འབྱུང་བའི་རྒྱུ་ཅན་གྱི་ཏིང་ངེ་འཛིན་ཏེ། གཟི་བརྗིད་ཀྱི་རྒྱུར་གྱུར་པ་ལའོ། །བཙོད་ཀྱི་མདོག་ཅེས་བྱ་བ་ནི་འོད་ཟེར་གྱི་ཁ་དོག་བཙོད་ཀྱི་རྣམ་པ་ལྟ་བུའོ། །ཟུང་ནི་ཕྲུགས་ལ་བྱ་བའོ། །བསམ་གཏན་དང་པོ་ལ་བརྟེན་ནས་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ སེམས་ཀྱིས་དེ་མ་ཐག་སོ་སོར་ཡོངས་སུ་མྱ་ངན་ལས་འདས་པའོ། །ལུས་ལ་མཆོད་པ་ལྷག་པར ་བྱ་བ་ཞེས་བྱ་བ་ནི་ལུས་ལ་མཆོད་པའི་རྒྱུ་ཅན་ནོ། །ཡིད་བརྟན་པ་དྲང་སྲོང་བྱིན་དང་རྙིང་པ་ཞེས་བྱ་བ་ནི་གྲོང་དང་རྒྱལ་པོའི་ཕོ་བྲང་དུ་མཆོག་ཏུ་ཡིད་ཆེས་པ་གང་ཡིན་པ་དེ་ལ་ཡིད་བརྟན་པ་ཞེས་བྱའོ། །དགེ་སློང་དག་ལྟོས་ཤིག་ཅེས་བྱ་བ་ནི་སྐྱེ་དགུའི་བདག་མོ་ཆེན་མོའི་ལུས་ལ་སོགས་པ་ལའོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཡང་དེ་དག་གི་ལུས་སྟོན་པར་མཛད་ཅེ་ན། འདིར་སྨྲས་པ། འཁོར་བའི་ཉེས་པ་རབ་ཏུ་བསྟན་པའི་ཕྱིར་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ནི་དབང་དུ་གྱུར་པ་བཞིན་དུ་ལུས་འཛིན་པའི་ནུས་པ་དང་ལྡན་ཞིང་ལུས་རྒས་པས་ཉམས་པ་མེད་པ་དེ། གང་གི་ཕྱིར་འདི་དག་གི་ལུས་ནི་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ལུས་ཀྱི་གནས་སྐབས་དང་མཚུངས་པ་དེའི་ཕྱིར་འཁོར་བ་ལ་ཆེར་སྐྱོ་བར་བྱ་བ་དང༌། མྱ་ངན་ལས་འདས་པའི་ཕན་ཡོན་ཆེན་པོ་མཐོང་བ་ལས་མངོན་པར་འདོན་པ་སྤེལ་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། མི་རྟག་པ་དང་ལྡན་པ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང༌། ཡིད་བརྟན་དུ་མེད་པ་ཉིད་དང༌། ཆོས་ཐམས་ཅད་ནི་རྣམ་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པའོ། །ས་བླངས་པ་ནི་ཡོངས་སུ་བསྲུང་བར་བྱ་བའི་དོན་དུ་མགོ་བོའི་ཕྱོགས་སུ་སའི་ཆང་པས་བསྐོར་བའོ། །གོས་སྔོན་པོ་ཅན་ཞེས་བྱ་བ་ནི་ཡོངས་སུ་བགོ་བར་བྱ་བ་སྔོ་བ་སྟེ། ཕྱག་ན་རྡོ་རྗེའི་འཁོར་ཉེ་གནས་རྟག་ཏུ་ཐག་ཉེ་བ་གནས་པ་ལྔ་བརྒྱ་དག་གིས་སོ། །མདངས་ཞེས་
བྱ་བ་ནི་སྙིང་གི་ཕྱོགས་ན་གནས་པ་སྲོག་འཛིན་པར་བྱེད་པའི་རྫས་ཀྱི་བྱེ་བྲག་ཡིན་ལ། དེ་འཕྲོགས་པ་ནི་གནས་ནས་བསྐྱོད་པ་ཡིན་ཏེ། དེ་བསྐྱོད་པ་ནི་སྐྱེ་བོ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འཚོ་བ་ལ་ཆགས་པ་ནི་འཚོ་བའི་བསམ་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ །ངེས་པར་ཞེས་བྱ་བ་ནི་ངེས་པར་བྱེད་པས་ན་ངེས་པ་སྟེ། མཐོང་བའི་ལམ་ཡིན་ཏེ། ཡང་དག་པར་ངེས་པའི་ཕུང་པོ་ངེས་པར་བྱེད་པའི་ཕྱིར་རོ། །དེ་རྩོམ་པ་ནི་སྐྱེད་པར་བྱེད་པ་ཡིན་ཏེ། རྩོམ་པ་དེ་དང་ལྡན་པའོ། །ཁུ་བ་ཐམས་ཅད་ནི་ཉམས་ལ་ཕན་པར་འགྱུར་རོ་ཞེས་བྱ་བ་ལ། ཉམས་ནི་འདིར་སྟོབས་ཀྱི་རྣམ་གྲངས་སོ། །བརྐོས་ཏེ་ཞེས་བྱ་བ་ནི་ཕུར་པ་འདེབས་པ་ལྟར་རྐོ་བར་བྱེད་པ་ནའོ། །ལག་ཟུངས་བཅུག་ན་འཁྲུལ་ཞིང་ཞེས་བྱ་བ་ནི་ལག་ཟུངས་འཛིན་པར་བྱེད་པའི་གཟེར་བུས་སྒོའི་སྒོ་གླེགས་ལ་ཀླན་པ་ལག་པས་བསྐྱོད་པའི་སྒོ་ནས་ཏེ་ཀླན་པ་ཉིད་དུ་འདོད་པའོ།། གསོར་བུ་ཞེས་བྱ་བ་ནི་གསོར་དང་འདྲ་བའི་ཤིང་གི་ཡུ་བ་ཅན་ཏེ་སྲུབ་པའི་ཐབས་ཡིན་ཏེ། དེས་བུག་པ་གཏོད་ནས་ལག་ཟུངས་དང་འབྲེལ་པའི་ལྕགས་ཀྱི་གཟེར་བུ་མེ་ལ་བསྲོས་ནས་བུག་པར་གཞུག་པར་བྱའོ། །རླུང་གིས་གནོད་པར་གྱུར་ཏེ། ཞེས་བྱ་བ་ནི་རླུང་གི་ནད་ཀྱིས་སོ། །འདིར་ཚད་ཆེན་པོའི་ནལ་ཟེལ་སྨན་གྱི་ནལ་ཟེར་ཤེས་པར་བྱ་སྟེ། ཆུ་བསྲོར་ཡང་བཏུབ་པའོ། །ལྕགས་ཀྱི་གཟར་བུ་ནི་ལྕགས་ཀྱི་གཟར་བུ་ཆེན་པོའོ། །ཤིང་གི་ཐལ་ཕྱགས་ཞེས་བྱ་བ་ནི་གཎྜཱིའི་ཐེའུའི་རྣམ་པ་ལྟ་བུར་ཡུ་བ་རིང་པོ་ཅན་དུ་བྱས་པ་ཡིན་ནོ། །ཁྲི་ནི་འདིར་ཁྲིའུ་ཆུང་ངུ་ལ་བྱའོ། །སྔས་ནང་ཚངས་ཅན་ནི་འདིར་ནང་ཚངས་ཀྱི་དབྱིབས་ཆེ་བ་ཡིན་ཏེ། གང་གི་ཚེ་ཉལ་བའི་དུས་ན་རྒྱབ་ཕྱོགས་སུ་གཞག་པ་དེ་ལ་བྱའོ། །གཟོང་བུ་ནི་ཤིང་མཁན་གྱི་རྫས་ཡིན་ཏེ། གང་གིས་ཤིང་གཅོད་པ་དང༌། འབིགས་པར་བྱེད་པའོ། །སྟེའུ་ནི་ཤིང་མཁན་གྱིས་འཇོག་པའི་ཐབས་སུ་གྱུར་པའོ། །སྐས་ནི་གཙུག་ལག་ཁང་ལ་སོགས་པ་བརྩམས་པའི་ལས་སར་གྱི་གྲོགས་སུ་གྱུར་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པ་ཞེས་བྱ་བ་ནི་མདོ་མས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། ལྗགས་རིང་ལ་སྲབ་པ་དག་མ་
གཏོགས་པའོ། །ཤིན་ཏུ་ཆགས་ཞེས་བྱ་བ་ལ་སོགས་པ་ལ་འདོད་པས་འདོད་ཆགས་དགའ་མགུར་སྤྱོད་པས་ན་ཆགས་པ་ཉིད་དོ། །ཉེ་བར་འགྲོ་བར་འདུན་པས་ན་ཞེན་པ་ཉིད་དོ། །ཡན་ལག་འཛིན་པར་འདུན་པས་ན་འཆུམས་པའོ། །གཉིས་ཀྱིས་གཉིས་སྦྱོར་བར་འདུན་པས་ན་མདུད་པའོ། ། སེམས་རྣམ་པར ་རྨོངས་པ་འམ། ལུས་རྣམ་པར་འགྱུར་བས་ན་རྒྱལ་བ་ཉིད་དོ། །འཁྲིག་པའི་བྱ་བ་ཡོངས་སུ་རྫོགས་ནས་ཀྱང་དེ་ལ་ཞེན་པས་ན་ལྷག་པར་ཆགས་པ་ཉིད་དོ། །ལྷག་པར་ཆགས་པར་གྱུར་པ་ནི། གཞན་དག་དེ་ལ་ཉེ་བར་སྤྱོད་པ་བཟློག་པར་འདོད་པའོ། །འོད་ཟེར་ནི་འོད་ལ་བྱའོ། །མཚན་མ་ནི་བདེ་བ་དང༌། མཛེས་པ་ཕུན་སུམ་ཚོགས་པའི་དོན་དུ་དཔྲལ་བའི་ཕྱོགས་སུ་ཐིག་ལེ་བྱས་པའོ། །གསོལ་བར་མ་ནུས་པའི་ཞེས་བྱ་བ་ནི་དཀའ་བར་དེའི་ཞབས་དྲུང་དུ་ཕྱིན་པར་འགྱུར་བའི་ཕྱིར་རོ། །མ་སྤོབས་པ་ཞེས་བྱ་བ་ནི་ཉེ་བར་ཕྱིན་ནས་ཞུ་བའི་སྐབས་དཀའ་བ་ཉིད་ཀྱི་ཕྱིར་རོ། །སྟོབས་ཀྱིས་འཁོར་ལོས་སྒྱུར་བ་དང་འདྲ་བར་ཡན་ལག་བཞི་པོ་དེ་ཉིད་ཀྱིས་རྒྱལ་སྲིད་ལ་དབང་བསྒྱུར་བའི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའོ། །མཁྲིག་མ་ཞེས་བྱ་བ་ནི་གདུ་བུ་འདོགས་པའི་ཕྱོགས་སོ། །འདིར་ཁ་ཅིག་ན་རེ་གལ་ཏེ་དགའ་བོའི་དུས་ཐམས་ཅད་དུ་འབྲོས་པའི་བསམ་པ་དང་ལྡན་པར་གྱུར་པ་ཡིན་ན་དེ་ལ་ཇི་ལྟར་སྡོམ་བ་སྐྱེ་བར་འགྱུར། སྡོམ་པ་སྐྱེ་བ་བརྟན་པ་དང་དགེ་པའི་ སེམས་ལ་རབ་ཏུ་རག་ལུས་པ་ཉིད་ཀྱི་ཕྱིར་རོ་ཞེས་རྗོད་པར ་བྱེད་དེ། དེ་ནི་འདིར་བླ་མའི་ལུང་ལས་དགའ་བོ་ནི་ཤིན་ཏུ་འདོད་ཆགས་དྲག་པས་སེམས་བརྟན་པ་དང༌། །སེམས་ཉོན་མོངས་པ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དང་དགེ་འདུན་དང་ཐག་ཉེ་བར་འདུག་པ་ན་དེའི་སེམས་འདོད་ཆགས་དང༌། ཀུན་ནས་ལྡན་པ་ལྡོག་པ་དང་དགེ་བའི་སེམས་མངོན་སུམ་དུ་གྱུར་པ་ཡིན་པས། དགེ་བའི་སེམས་དང་སྡོམ་པ་སྐྱེ་བ་ཞེས་བྱ་བ་འདི་ལ་འགལ་བ་ཡོད་པ་མ་ཡིན་ནོ། །གཙུག་ལག་ཁང་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ཡང་ཞེས་བྱ་བ་ནི་དགེ་སློང་འགའ་ཞིག་གིས་ཀྱང་གཙུག་ལག་ཁང་གི་ཀུན་དུ་སྤྱོད་པའི་ལས། མ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་
གྱིས་ཤིག་པའོ། །སྐྱོ་བ་ནི་དུབ་པས་སྐྱོ་བའོ། །ལམ་ཕྲན་ནི་གསེབ་ལམ་མོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་གྱུར་པའོ། །དུ་རུ་སྐའི་འབྲུ་མར་ནི་དུ་རུ་སྐའི་དྲིའི་རྫས་ཀྱིས་བསྒོས་པའི་འབྲུ་མར་རོ། །ཡིད་དགའ་བ་ཞེས་བྱ་བ་ནི་སེམས་རབ་ཏུ་དགའ་བའོ། །ཤིན་ཏུ་ཡིད་མགུ་བ་ནི་ཡིད་མགུ་བས་སོ། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མངོན་པར་འདོད་པའི་སྒོ་ནས་གསལ་བར་བྱེད་པའོ། །ཨེ་མ་ཧོ་ངོ་མཚར་ཆེའོ། །སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་དང་ལྡན་པ་ངོ་མཚར་ཆེའོ། །དེ་བཞིན་དུ་ཆོས་དང་དགེ་འདུན་ཡང་ངོ༌། །ལེགས་པར་གསུངས་པའི་ཆོས་ནི་འབྲས་བུ་ངེས་པ་ལ་འཁྲུལ་པ་མེད་པ་ཉིད་དོ། །འཛག་སྣོད་ཅེས་བྱ་བ་ནི་དབང་པོ་རབ་ཏུ་གཞུག་པའི་ཕྱིར་བསྟན་པའོ། །དེ་བཞིན་དུ་བཅངས་པ་དང་ཞེས་བྱ་བ་ནི་ཡོངས་སུ་སྦྱོང་བའི་ལས་མ་བྱས་པའོ། །པུཎྜ་རཱི་ཀ་ལ་རྟོག་བཞིན་དུ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ་དང་ཡང་དག་ པར་ལྡན་པས་སོ། །སེམས ་ཆགས་ཤིང་ཞེས་བྱ་བ་ནི་སྐད་ཅིག་ཙམ་ཡང་དེ་དང་འབྲལ་བར་གནས་པ་ཉིད་དུ་མི་ནུས་པའོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་བརྒྱའི་ཆར་ཏེ་གྲངས་སུ་ཡང་མི་འགྲོའོ། །བརྒྱའི་སྒྲ་ནི་འདིར་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་དོན་ཏོ། །སྟོང་གི་ཆར་ཡང་ཞེས་བྱ་བ་ནི་ཤིན་ཏུ་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། །འབུམ་གྱི་ཆར་ཡང་ཞེས་བྱ་བ་ནི་རབ་ཏུ་མང་པོ་ཉིད་ཉེ་བར་མཚོན་པར་བྱ་བའི་ཕྱིར་རོ། །གྲངས་སུ་ཡང་ཞེས་བྱ་བ་ནི་དྲུག་ཅུ་གནས་གཞན་ལྷག་པར་གྱུར་པ་ལ་ཡང་གྲངས་སུ་ཉེ་བར་མི་འགྲོ་བའོ། །ཆར་ཡང་ཞེས་བྱ་བ་ནི་གྲངས་ཀྱི་ཆ་ཤས་སུ་སྟེ། འདིར་ཆའི་སྒྲ་ནི་ཆ་ཤས་ཀྱི་རྣམ་གྲངས་ཡིན་ནོ། །བགྲང་བར་ཡང་ཞེས་བྱ་བ་ནི་དོན་དམ་པ་ཉིད་དུ་བརྫུས་བ་ནི་བགྲང་བ་སྟེ། སྤྲེའུ་མོ་འདི་ནི་ཡང་དག་པ་ཉིད་དུ་གྱུར་པ་མ་ཡིན་ཏེ། པུཎྜ་རཱི་ཀ་ལ་ལྟོས་ནས་ཞེས་བྱ་བའི་བར་དུའོ། །དཔེར་ཡང་ཞེས་བྱ་བ་ནི་དཔེ་ཉིད་དུ་འགྱུར་བའོ། །རྒྱུར་ཡང་སྟེ། དཔེའི་རྒྱུ་ཙམ་དུ་ཡང་མི་འགྱུར་བའོ། །རྩེ་བ་ནི་པི་ཝང་ལ་སོགས་པ་རོལ་མོའི་ཁྱད་པར་རོ། །
བཞིན་རབ་ཏུ་དང་བའི་ཕྱིར་དགའ་བའོ། །ཡིད་ཀྱི་བདེ་བ་ནི་ཉམས་སུ་མྱོང་བའི་ཕྱིར་མགུ་བའོ། །སྐད་རབ་ཏུ་དང་བའི་ཕྱིར་རངས་པའོ། །ཤིན་ཏུ་ཁྲེལ་བ་ནི་ངོ་ཚ་བའི་རྒྱུ་མཚན་ཡིན་པའི་ཕྱིར་སེམས་ཀྱིས་ཡོངས་སུ་སྤང་བ་ཉིད་དུ་འདོད་པའོ། །ངོ་ཚ་ནི་ངོ་ཚ་བར་གྱུར་པས་གཞན་གྱི་བཞིན་ལ་ཡང་བལྟ་བ་ཉིད་ཀྱི་ནུས་པ་མེད་པའོ། །རྣམ་ པར་འདོར་ཞིང་ཞེས་བྱ་བ་ནི་སེམས ་ཀྱིས་ངོ་ཚ་བའི་དངོས་པོ་ཡོངས་སུ་སྤོང་བར་བྱེད་པའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་ཡོངས་སུ་སྤངས་པའི་འོག་ཏུ་བདག་ཉིད་ལ་སྨོད་པར་བྱེད་པའོ། །དམྱལ་བས་ཁྱབ་པའི་ས་ཕྱོགས་མ་ཡིན་པ་ནི་གནས་མཐོན་པོའོ། །ཕྱུང་བ་ནི་མིག་གོ །བཅད་པ་ནི་ཤའོ། །ཕུག་པ་ནི་རུས་པའོ། །མཚོན་མདུང་ཐུང་ལ་སོགས་པ་ནི་མཚོན་ཆའི་བྱེ་བྲག་གོ །འགའ་ཞིག་ཅུང་ཟད་འབར་བར་གྱུར་པས་ན་ཅུང་ཟད་འབར་བའོ། །ཅུང་ཟད་འབར་བ་དེ་ཉིད་འཕེལ་བར་གྱུར་པས་ན་རབ་ཏུ་འབར་བའོ། །རྒྱུན་མི་འཆད་པར་འབར་བ་ཉིད་ཀྱིས་ན་ཀུན་ནས་རབ་ཏུ་འབར་བ་ཉིད་དོ། །འབར་བ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་པས་ན་གཅིག་ཏུ་འབར་བར་གྱུར་པའོ། །སྐྲག་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་མ་ཡིན་ པར་ཐོས་པའི་ཕྱིར་རོ། །སྐྱོ་བ་ཞེས་བྱ་བ་ནི་སེམས ་སྐྱོ་བ་དང་ལྡན་པ་སྐྱེ་བར་གྱུར་པའོ། །བ་སྤུ་ལྡང་བ་ཞེས་བྱ་བ་ནི་ལུས་ཀྱི་སྤུ་ལྡང་བར་གྱུར་བའོ། །དམན་པ་ནི་ཞུམ་པའོ། །ཞེན་པ་ནི་སྐྱོ་བར་གྱུར་པས་བག་འཁུམས་པ་སྟེ་དུ་བ་ཉིད་དུ་འདོན་པ་ལྟ་བུའོ། །སྨོན་པས་ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པའི་འབྲས་བུའི་དོན་ངེས་པའོ། །ཚེ་དང་ལྡན་པ་མཛེས་དགའ་ཞེས་བྱ་བའི་སྒྲ་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་དག་ལ་མཆོད་པ་ཡིན་ཏེ། མངོན་པར་འདོད་པའི་ཚེ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །ཐོག་མར་ཞེས་བྱ་བ་ནི་འཛིན་པའི་དུས་ཡིན་ལ། དགེ་བ་ཞེས་བྱ་བ་ནི་བཟང་པོ་སྟེ། ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །བར་དུ་ཞེས་བྱ་བ་ནི་སེམས་པའི་གནས་སྐབས་སུའོ། །ཐ་མར་ཞེས་བྱ་བ་ནི་བསྒོམ་པའི་གནས་སྐབས་སུའོ། །དོན་བཟང་པོ་ཞེས་བྱ་བ་ནི་དོན་ཕྱིན་ཅི་མ་ལོག་པ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་སྒྲ་དང་ལྡན་
པའི་ཕྱིར་རོ། །འདི་ཁྱད་པར་དུ་འཕགས་པའི་དགོས་པ་དང་ལྡན་པ་ཉིད་དུ་གསུངས་པ་ནི་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མ་འདྲེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་པ་ལ་ཐེག་པ་ཆེན་པོ་ལ་ལྟོས་པ་མེད་པའི་ཕྱིར་མ་འདྲེས་པ་སྟེ། ཚངས་པར་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི་རལ་པ་མེད་པ་སྟེ། འབྲས་བུ་མ་ལུས་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་ཡང་སྲིད་པར་འབྱུང་བའི་ལས་སྤངས་པའི་ཕྱིར་རོ། །འདིའི་མིང་གང་ཞེ་ན། འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོའི་ སེམས་བསྐྱེད་པའི་བྱེ་བྲག་ལ་རྣམ་པར ་སྦྱར་བའི་ཕྱིར་ཏེ། ཉན་པ་པོ་ཁ་ཅིག་ནི་སྣོད་ཁ་སྤུབ་པ་ལྟ་བུ་ཡོད་ལ། ཁ་ཅིག་ནི་སྣོད་ཞབས་རྡོལ་ལྟ་བུ་ཡོད་ཅིང༌། ཁ་ཅིག་ནི་སྣོད་མི་གཙང་བ་ལྟ་བུ་ཡོད་དོ། །ཁ་སྤུ་བ་ལ་ཆུ་མི་འཇུག་ལ། རྡོལ་བ་ལ་འཇུག་ཀྱང་གནས་པར་མི་འགྱུར་ཞིང་མི་གཙང་བ་ལ་འཇུག་ཅིང་གནས་ཀྱང་བཏུང་བར་བྱ་བ་མ་ཡིན་པར་འགྱུར་བ་དེ་བཞིན་དུ་འགའ་ཞིག་གིས་ཡིད་ལ་ཆོས་བཤད་པར་གྱུར་པ་འཇུག་པར་མི་འགྱུར་ཏེ། རྩེ་གཅིག་ཏུ་ཉན་པ་མེད་པའི་ཕྱིར་རོ། །འགའ་ཞིག་ལ་རབ་ཏུ་འཇུག་ཀྱང་གནས་པར་མི་འགྱུར་ཏེ། བརྗེད་ངས་པའི་ཕྱིར་རོ། །འགའ་ཞིག་ལ་རབ་ཏུ་འཇུག་ཅིང་གནས་སུ་ཟིན་ཀྱང་ལོག་པ་ཉིད་དུ་འཛིན་པར་འགྱུར་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གི་ཕྱིར་རོ། །དེ་ནི་འདིར་བཅོམ་ལྡན་འདས་ཀྱིས་སྣོད་ཁ་སྤུབ་པ་ལ་སོགས་པའི་དཔེས་ སེམས་གསུམ་པོ་དག་ལས་དགེ་སློང་དག་རྣམ་པར ་བཟློག་ཅིང་ཁ་ཡར་བལྟ་བ་དང་སྲ་བ་དང་གཙང་བའི་སྣོད་ཀྱི་དཔེ་ཅན་གྱི་ སེམས་ལ་ངེས་པར ་སྦྱར་བ་ཡིན་ཏེ། །ལེགས་པར་ཟུང་ཤིག་ཤིན་ཏུ་ཟུང་ཤིག །ཡིད་ལ་ཟུང་ཤིག་ཅེས་བྱ་བའོ། །ལེགས་པར་ཉན་པ་ནི་རྩེ་གཅིག་པའི་ཕྱིར་རོ། །ཤིན་ཏུ་ཉན་པ་ནི་བརྗེད་ངས་པ་མེད་པའི་ཕྱིར་རོ། །ཡིད་ལ་ཟུང་ཤིག་པ་
ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིར་རོ། །ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཀུན་ནས་སྤྱོད་པ་མངོན་སུམ་དུ་གྱུར་པའོ། །འདུས་པར་གྱུར་པ་ན་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་དུ་རུང་བའི་གནས་སྐབས་རྙེད་པའོ། །དགེ་བ་ཉིད་ནི་ནད་མེད་པའོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་མངལ་འཛིན་པར་རུང་བའོ། །འཇུག་པར་འདོད་པ་ནི་མངལ་དུ་རབ་ཏུ་འཇུག་པར་འདོད་པའོ། །ཞག་གསུམ་ནི་ཉི་མ་གསུམ་གྱི་མཐར་ཐུག་པ་སྟེ། ཞག་ལྔ་དང་ཞག་བདུན་ཡང་དེ་བཞིན་ནོ། །རྒྱུ་ནི་ནང་གི་ཡན་ལག་དང་གཙོ་བོའི་བྱེད་རྒྱུའོ། །རྐྱེན་ནི་ཕྱིའི་ཡན་ལག་དང་གཙོ་བོ་མ་ཡིན་པའོ། །ཟླ་མཚན་དང་ཟླ་མཚན་དུ་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི་གཅིག་མ་རྫོགས་པར་ཟླ་མཚན་གཞན་འབྱུང་བར་གྱུར་པའོ། །ཉེས་པས་བཅོམ་པ་ནི་མདངས་དང་བྲལ་བ་ཉིད་ཀྱི་ཕྱིར་སྐྱེས་བུ་མི་འདོད་པ་དེ་བས་ན་རྟག་ཏུ་དེའི་སེམས་སྐྱོ་བས་གནས་ པར་འགྱུར་ཞིང་སེམས ་འཁྲུག་པའི་ཕྱིར་མངལ་འཛིན་པར་མི་འགྱུར་རོ། །ཉེ་བར་གདུངས་པ་ཞེས་བྱ་བ་ནི་བདག་པོ་མཚུངས་པའི་ཕྲག་དོག་ལ་སོགས་པས་སོ། །མྱུར་དུ་ཟད་ཅིང་ཞེས་བྱ་བ་ནི་ཁྲག་གི་ལྷག་མ་དང་བཤང་བ་དང་གཅི་བ་འགྲིབ་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་དེངས་པར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དུ་ཡོངས་སུ་ཟད་པར་གྱུར་པའོ། །བདེ་བ་མང་པོས་ཞེས་བྱ་བ་ནི་རྟག་ཏུ་བདེ་བ་ཉིད་དེ། །ཕྲག་དོག་ལ་སོགས་པས་ཉེ་བར་མ་གདུངས་པའོ། །ཕ་མ་དག་པར་གྱུར་པ་ཞེས་བྱ་བ་ནི་ས་བོན་གྱི་ཉེས་པས་སོ། །སྐྱེ་གནས་ཞེས་བྱ་བ་མངལ་གྱི་གནས་སོ། །རླུང་ལ་སོགས་པས་ཉེ་བར་གནོད་པར་གྱུར་པ་ནི་རླུང་ལ་སོགས་པ་གང་གིས་དེ་བཞིན་དུ་རུང་ཐ་མ་ཡིན་པ་འདི་ལ་མངལ་གནས་པར་མི་འགྱུར་རོ། །ཁྲག་གིས་ཉེ་བར་གནོད་པ་ནི་ཁྲག་གིས་ཁྱབ་པར་གྱུར་པ་འམ། ཚིལ་གྱིས་ཁྱབ་པར་གྱུར་པའོ། །མཚམས་ནི་ས་བོན་འཇུག་པའི་གནས་ཡིན་ཏེ། གལ་ཏེ་ཤས་ཁེངས་པར་གྱུར་ན་དེ་ལ་ས་བོན་ཞུགས་པར་མི་འགྱུར་རོ། །ཚ་བར་གནས་པ་ཞེས་བྱ་བ་ནི་སྐྱེ་གནས་གང་ལ་ཚ་བ་སྟེ། ཚིག་པར་བྱེད་པའི་ནུས་པ་དང་ལྡན་བ་སྟེ། ས་བོན་ཞུགས་མ་ཐག་ཏུ་སྐམ་པའི་ཕྱིར་རམ། ཡང་ན་སྨན་གྱིས་
ཏེ་རྫས་ཀྱི་བྱེ་བྲག་གིས་མི་རུང་བ་ཉིད་དུ་བསྒྲུབས་པའོ། །དབུས་ནས་འདྲ་བ་ཞེས་བྱ་བ་ནི་ཅི་ལྟར་ནས་འབྲུའི་མཐའ་གཉིས་ཞུམ་ལ་དབུས་རྒྱས་པ་ལྟ་བུའོ། །དབུས་གྲོག་མ་འདྲ་བ་ཞེས་བྱ་བ་ནི་ཇི་ལྟར་གྲོག་མའི་རྐེད་པ་ཕྲ་ལ་མགོ་དང་མཇུག་མ་རྒྱ་ཆེ་བ་ལྟ་བུའོ། །རྔ་མོའི་མཆུ་ལྟ་བུ་ཞེས་བྱ་བ་ནི་རྔ་མོའི་མཆུ་དང་འདྲ་བར་གལ་ཏེ་མཐའ་ལྷོད་པར་གྱུར་ནའོ། །ཤིང་ནྱ་གྲོ་དྷའི་མྱུ་གུ་ཁ་འབུས་པ་ལྟ་བུ་ཞེས་བྱ་བ་ལ། ཤིང་ནྱ་གྲོ་དྷའི་ལོ་མ་སར་པ་འབྱུང་བའི་ཚེ་རས་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་རྣམ་པ་ལྟ་བུར་རྣམ་པར་གྱུར་བ་ལ་མྱུ་གུ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། གལ་ཏེ་དེའི་རྣམ་པ་ལྟ་བུའི་ཤིང་དུམ་བུ་སྐྱེ་གནས་ཀྱི་སྒོར་སྐྱེས་པར་གྱུར་ནའོ། །གཤོལ་མདའི་ལྟ་བུ་ཞེས་བྱ་བ་ལ་གཤོལ་མདའ་ནི་གཤོལ་ལ་བཏགས་པའི་ཤིང་སྟེ། གལ་ཏེ་གཤོལ་མདའ་དང་འདྲ་བའི་ཤ་དབྱིབས་རིང་པོ་ཅན་སྐྱེ་གནས་ཀྱི་སྒོའི་ནང་དུ་སྐྱེས་ཤིང་བྱུང་བར་གྱུར་ནའོ། །ཤིང་རྟའི་རྩིབས་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་ཤིང་རྟའི་ལོགས་གསུམ་ཡོངས་ལ་གཅིག་དོག་པ་ལྟ་བུའོ། །སྦ་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་སྦའི་ལྕུག་མ་འོག་གི་ཆ་སྦོམ་ལ་དེ་ནས་རིམ་གྱི་ཕྲལ་ཇི་སྲིད་རྩེ་མོའི་ཆ་ཤིན་ཏུ་ཕྲ་བ་ལྟར་གལ་ཏེ་སྐྱེ་གནས་དེའི་རྣམ་པ་དེ་ལྟ་བུར་གྱུར་ནའོ། །ལོ་མ་ལྟ་བུ་ཞེས་བྱ་བ་ནི་གལ་ཏེ་པི་པི་ལིང་གི་ཤིང་ལ་སོགས་པའི་ལོ་མའི་རྣམ་པ་ལྟ་བུར་གྱུར་ནའོ། །ནང་དུ་མཛེར་པ་སྐྱེས་པ་ཞེས་བྱ་བ་ནི་གལ་ཏེ་ནང་གི་ལོགས་སུ་ཤའི་མཛེར་བ་སྐྱེས་པར་གྱུར་ནའོ། །འོག་ཏུ་ཟབ་པ་ཞེས་བྱ་བ་ནི་ཆ་ཤིན་ཏུ་ཟབ་པའོ། །སྟེང་ཟབ་པ་ཞེས་བྱ་བ་ནི་སྟེང་གི་ཆ་ཤིན་ཏུ་ཡངས་པའོ། །ས་བོན་གྱི་སྣོད་དུ་མི་རུང་བ་ཞེས་བྱ་བ་ནི་རང་བཞིན་གྱིས་ས་བོན་འཛིན་པའི་ནུས་པ་མེད་པའོ། །ཁྲག་འཛག་པ་ཞེས་བྱ་བ་ནི་རྟག་ཏུ་འཛག་པར་གྱུར་པའོ། །ཆུང་ངུ་ཞེས་བྱ་བ་ནི་དོག་པའོ། །བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ནི་སྒོ་བྱ་རོག་གི་མཆུའི་རྣམ་པ་ལྟ་བུའོ། །གཡོན་དུ་ཡངས་པ་ནི་གཡས་སུ་དོག་པའོ། །གཡས་སུ་ཡངས་པ་ནི་གཡོན་དུ་དོག་པའོ། །སྟེང་ཡངས་པ་ནི་འོག་ཏུ་དོག་པའོ། །འོག་ཏུ་ཡངས་པ་ཞེས་བྱ་བ་ནི་སྟེང་དུ་དོག་པའོ། །མཐོ་བ་ཞེས་བྱ་བ་ནི་ནང་གི་སྐབས་སུ་ཤའི་ལྷག་ཆགས་པར་གྱུར་པའོ། །དམའ་བ་ཞེས་བྱ་བ་ནི་ནང་ཉེ་བར་མཚོན་པར་བྱེད་
པའོ། །འོག་ཏུ་སྒུར་བར་ཞེས་བྱ་བ་ནི་ཁ་འོག་ཏུ་བལྟས་པའོ། །མཚན་མ་ཙམ་ཞེས་བྱ་བ་ནི་ཚད་ཆུང་བའོ། །ཡོ་བ་ཞེས་བྱ་བ་ནི་ས་བོན་འཇུག་པའི་ཕྱོགས་འཁྱོག་པའོ། །ཉེས་པ་དང་བཅས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཉེས་པ་མ་གཏོགས་པའི་ཉེས་པ་དང་ངོ༌། །སྐ་བ་དང་བཅས་པ་ཞེས་བྱ་བ་ནི་སྐ་བའི་རྫས་ཀྱི་བཏུང་བས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པའོ། །སྲིན་བུ་བེ་ས་ར་ཀའི་རིགས་ཞེས་བྱ་བ་ལ། གལ་ཏེ་དེས་སྐྱེ་གནས་ཟོས་པར་གྱུར་པ་ན་སྟེ། བཤད་མ་ཐག་པའི་ཉེས་པ་དེ་དག་གིས་གལ་ཏེ་སྐྱེ་གནས་ཉམས་པར་མ་གྱུར་པ་དེའི་ཚེ། མངལ་དུ་འཇུག་པར་འགྱུར་རོ། །བསོད་ནམས་ཆེན་པོ་ཞེས་བྱ་བ་ལ། ཁྱེད་ལ་བདག་པོ་ཆེན་པོ་ཞེས་བརྗོད་པའི་རྣམ་པ་དེ་དང་ལྡན་པ་དང༌། ཁྱད་པར་དུ་འཕགས་པའི་རྣམ་པ་དང་རྒྱ་ཆེ་བ་ལ་མོས་པའི་ཕྱིར་བདག་པོ་ཆེན་པོ་ཞེས་བྱ་སྟེ། བདག་ཉིད་ཆེན་པོར་གྲགས་པ་ཡིན་ལ། གཙོ་བོ་ཆེན་པོའི་བློ་ཅི་འདྲ་བར་གྲགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་བསོད་ནམས་ཆེན་པོ་ཞེས་བྱའོ། །དེ་བཞིན་དུ་བདག་པོ་ཆུང་བ་ཞེས་གྲགས་པ་ཡང་རྣམ་པར་བཤད་པར་བྱ་སྟེ། བསོད་ནམས་ཆུང་བའོ། །བུ་རྙེད་པ་སྟེ་སོ་སོར་དམིགས་ཤིང་དེ་བསགས་པ་ནི་སྐྱེད་ པར་བྱེད་པ་ཡིན་པའི་ཕྱིར་བུ་ཐོབ་པའི་ལས་བྱས་ཤིང་བསགས་པའོ། །སྐྱེས་པ་ལ་སེམས ་པ་ཞེས་བྱ་བ་ནི་བདག་སྐྱེས་པའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་དེའི་སེམས་བསྐྱེད་པ་དེའི་ཚེ་ཕ་ཁོང་ཁྲོ་བ་སྐྱེ་བར་འགྱུར་ལ་མ་ནི་རྗེས་སུ་ཆགས་ པར་འགྱུར་རོ། །བུད་མེད་ལ་སེམས ་པ་ཞེས་བྱ་བ་ནི་བདག་ནི་བུད་མེད་དོ་ཞེས་བྱ་བ་དེ་ལྟ་བུ་དེའི་ཚེ་མ་ཞེ་སྡང་སྐྱེ་བར་འགྱུར་ལ་ཕ་ནི་རྗེས་སུ་ཆགས་པར་འགྱུར་རོ། །ལོག་པ་སྟེ་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་གང་ལ་ཡོད་པ་དེ་ནི་ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་ཏེ་དྲི་ཟའོ། །ཡང་དག་པ་མ་ཡིན་པ་སྟེ་ཕྱིན་ཅི་ལོག་གི་འདུ་ཤེས་བཅུ་ཐོབ་པར་འགྱུར་རོ། །ཆར་བབས་པས་ཉིན་མོ་ཀུན་དུ་སྤྱོད་པར་དགའ་བས་ན་ཡུལ་རྨུགས་པའོ། །བྱུང་བ་དང༌། སྐྱེས་པ་དང༌། ཐོབ་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། ཡང་ན་སྔ་ན་མེད་པ་སྐད་ཅིག་མ་དང་པོ་ལ་ཐོབ་པ་ནི་སྐྱེས་པ་ཡིན་ཏེ། སོ་སོར་ཐོབ་པ་ཡིན་ལ། སྐད་ཅིག་མ་གཉིས་པ་ལ་ཐོབ་པ་
ཞེས་བྱའོ། །ནང་ནས་སྐྱེས་ པར་གྱུར་ན་སྐྱེ་བ་ནི་ཞེས་བྱ་བ་ལ། རང་གི་སེམས ་ལ་རག་ལུས་པའི་སྒོ་ནས་སྐྱེས་པ་ནའོ། །རྩིག་པའི་བུ་གུ་ནི་རྩིག་པའི་སེར་གའོ། །རྩིག་པའི་དྲུང་ནི་རྩིག་པའི་རྩ་བའོ། །རབ་ཏུ་འཇུག་པ་ཙམ་གྱི་སྒོ་ནས་དམིགས་པ་ཙམ་མོ། །རྗེས་སུ་འཇུག་པ་ཡིན་པས་ན་བརྟེན་པ་ཙམ་མོ། །རྩྭ་སྔོན་པོ་ལས་སྲིན་བུ་གཞན་དུ་ཡང་ཞེས་བྱ་བ་ནི་རྩྭ་སྔོན་པོའི་རྐྱེན་མ་གཏོགས་པར་སྲིན་བུ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །ཕྲ་བའི་ཕྱིར་མངོན་པར་ཉམས་པར་འགྱུར་ཞེས་བྱ་བ་ནི་ཟད་པར་འགྱུར་བའོ། །རྣམ་པར་བརྟན་པ་ནི་བརྟན་བ་ཉིད་དུ་སྐྱེས་པར་གྱུར་པའོ།། འཕེལ་བ་ནི་རིང་པོ་ཉིད་དུ་འཕེལ་བར་གྱུར་པའོ། །སྐྱེ་བ་ནི་ཞེང་ཉིད་དུ་རྒྱས་པར་གྱུར་པའོ། །ཉེ་བར་འགྲོ་བར་ཞེས་བྱ་བ་ནི་རྣམ་ པར་ཤེས་པ་ཐག་ཉེ་བར་གྱུར་པའོ། །ཉེ་བར་བཟུང་བ་ཞེས་བྱ་བ་ནི་སེམས ་དང་སེམས་ལས་བྱུང་བ་དག་གིས་བྱིན་གྱིས་བརླབས་པ་ཉིད་ཀྱིས་ཉེ་བར་བཟུང་བའོ། །ཁུར་བ་མཁན་མཁས་པ་ཞེས་བྱ་བ་ནི་ཁུར་བ་རྣམ་པ་སྣ་ཚོགས་པ་ལ་མཁས་པའོ། །ཁུར་བ་མཁན་གྱི་སློབ་མ་ཞེས་བྱ་བ་ནི་བཟོའི་སློབ་དཔོན་དང་མཚུངས་པར་གྱུར་པའོ། །ལས་དེས་མ་ཡིན་ཞེས་བྱ་བ་ནི་ལས་གང་གིས་ཁུ་བ་དང་ཁྲག་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་མེར་མེར་པོར་སྐྱེད་པར་བྱེད་པ་མ་ཡིན་པའོ། །རྒྱུ་དེས་མ་ཡིན་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་སྐྱེད་པར་བྱེད་པའི་རྒྱུ་དག་གིས་སོ། །རྒྱུ་འདུས་ཤིང་ཞེས་བྱ་བ་ནི་རྒྱུ་གཅིག་ཏུ་གྱུར་པའོ། །ཚོགས་པ་ནི་འབྲས་བུ་སྐྱེད་པར་རྗེས་སུ་མཐུན་པ་ཉིད་དུའོ། །འདུ་བས་ན་ཞེས་བྱ་བ་ནི་འབྲས་བུ་ཐམས་ཅད་སྐྱེད་པའི་བྱ་བ་བྱེད་པར་མཚུངས་པ་སྟེ། རྒྱུ་རྣམ་པ་གསུམ་པོ་དེ་དག་མངོན་སུམ་དུ་གྱུར་པ་ལས་མངལ་རབ་ཏུ་འཆགས་པར་འགྱུར་རོ། །ཕྱོགས་གཅིག་མ་གྲུགས་པའི་ཕྱིར་མ་ཆག་པའོ། །དུད་འགྲོ་དང་སྲོག་ཆགས་ཀྱིས་མ་ཟོས་པའི་ཕྱིར་དུམ་བུར་མ་གྱུར་པའོ། ཁུག་པ་རིང་པོ་མེད་པའི་ཕྱིར་བུ་གུ་མ་བྱུང་བའོ། །ཆུ་ལ་སོགས་པས་ཉམས་པར་གྱུར་པ་ནི་མ་རུལ་བའོ། །རླུང་དང་ཉི་མ་དག་གིས་ནུས་པ་ཆུང་བ་ཉིད་དུ་མ་བསྐྱེད་པའི་ཕྱིར། རླུང་དང་ཉི་མས་ཉམས་པར་མ་བྱས་པའོ། །ལོ་གཅིག་པ་ཉིད་ཡིན་པའི་ཕྱིར་སར་བའོ། །ནང་གི་སྙིང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་
མཁྲེགས་པའོ། །དུས་མི་བཟད་པས་རྗེས་སུ་གནོད་པར་མ་གྱུར་པ་ཉིད་ཀྱི་ཕྱིར་བདེ་བའི་གནས་སོ། །མེ་ཡོངས་སུ་དབྱུང་བར་འདོད་པ་ཞེས་བྱ་བ་ནི་བྱེད་པར་འདོད་པ་འམ་སྐྱེད་པ་ཉིད་དུ་འདོད་པའོ། །ཀུན་དུ་བསྟན་ཞེས་བྱ་བ་ནི་གཏད་པའོ། །དེ་ལས་སྐྱེས་པ་ཞེས་བྱ་བ་ལ་གཟུགས་དེ་ལ་བརྟེན་ནས་སྐྱེས་པ་ནི་དེ་ལས་སྐྱེས་པ་སྟེ། མིང་ལ་བརྟེན་པའི་གཟུགས་དང༌། གཟུགས་ལ་བརྟེན་པའི་མིང་ཞེས་བྱའོ། །གཟུགས་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་དང་ཞེས་བྱ་བ་ལ་འབྱུང་བ་ནི་སྐྱེ་བ་ཡིན་ལ། གནས་པ་ནི་སྐད་ཅིག་མ་ཙམ་གྱི་གནས་སྐབས་ཡིན་ནོ། །མངོན་པར་འཕེལ་བ་ནི་བར་མདོ་ཉིད་དུ་འབྱུང་བ་ཡིན་ལ། སྐྱེ་བ་ནི་སྔོན་གྱི་དུས་ཀྱི་དངོས་པོའི་སྒོ་ནས་སོ། །ཟུག་རྔུ་དང་འདྲ་བར་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར་མངལ་ཁོ་ན་ཟུག་རྔུ་ཡིན་ལ། འབར་འབུར་དང་སྣོད་མི་གཙང་བས་གང་བའི་ནང་དུ་སོང་བས་ལུས་ཀྱི་དབང་པོ་མ་ལུས་པ་དེ་གདུངས་ཤིང་བསྲེགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒལ་དཀའ་བ་ཉིད་ཀྱི་ཕྱིར་ཉམ་ང་བའོ། །འཇུག་པར་དཀའ་བ་ཉིད་ཀྱི་ཕྱིར་དོག་པའོ། །གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བའོ། །སྡུག་བསྔལ་གྱི་རོ་འབའ་ཞིག་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཅིག་ཏུ་སྡུག་བསྔལ་ཉམས་སུ་མྱོང་བ་དེར་ཕྱོགས་པའི་རྣམ་པར་ཤེས་པའོ། །འབྲས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆུ་ལ་འབྲས་བཙོས་པ་ལྟ་བུའོ། །བཙོས་པ་ནི་བརླན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བའོ། །རབ་ཏུ་བཙོས་པ་ནི་རྒྱུན་གྱི་སྒོ་ནས་སོ། །སྨིན་པ་ནི་བསྲེག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ཡིན་ལ། ཀུན་དུ་སྨིན་པ་ནི་རྒྱུན་གྱི་སྒོ་ནས་ཡིན་ཞིང༌། ཡོངས་སུ་སྨིན་པ་ནི་ཁྱད་པར་དུ་གྱུར་པའི་སྒོ་ནས་སོ། །རི་དགས་ཤ་ར་བྷའི་རྐང་པ་ལྟ་བུ་ཅན་གྱི་སྲིན་བུ་དམར་པོ་ཅན་ཕྲ་མོ་ལ་ཟངས་ཀྱི་ཐུར་མ་ཕྲ་མོ་ཞེས་བྱའོ། །ཐོ་བ་ལྟ་བུ་ནི་མཛུབ་གང་བའི་ཚད་དེ། རྡོའི་བྱེ་བྲག་ཡིན་ཏེ། གཟོང་བུ་བསྣུན་པའི་རྡོ་ཞེས་ཀྱང་བྱའོ། །བདར་ལྟ་བུ་ཞེས་བྱ་བ་ནི་གང་དུ་མཚོན་ཆ་བདར་བར་བྱེད་པའོ། །ཤིང་གི་སྡོང་བུ་ཞེས་བྱ་བ་ནི་མྱུ་གུ་འབྱུང་བའི་ཕྱོགས་ཡིན་ལ་མྱུ་གུ་ནི་ལ་འབུས་པའོ། །ལག་པའི་དྲ་བ་ནས་དཔུང་བའི་རྩ་བའི་འོག་ལ་དཔུང་བ་ཞེས་བྱ་བའོ། །རྩ་དཱུར་བའི་མྱུ་གུ་ནི་རྩ་དཱུར་བའི་ལྗང་བུའོ། །ལག་ངར་ནི་ལག་པའི་མཐིལ་ལ་བྱའོ། །འོག་མ་ཞེས་བྱ་
བ་ནི་འོག་ཏུ་འགྲོ་བའི་ཕྱིར་མཚན་མ་ཕྲ་མོ་འདོད་པའོ། །རྒྱས་པ་ཞེས་བྱ་བ་ནི་འཕེལ་བར་བྱེད་པའོ། །ཀུན་དུ་རྒྱས་པ་ཞེས་བྱ་བ་ནི་བྱེ་བྲག་ཏུའོ། །ཡོངས་སུ་རྒྱས་པ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་ཅན་དུའོ། །རྐྱལ་པ་ནི་ར་ལྤགས་ལས་བསྒྲུབས་པའི་ཆུ་རྒལ་བའི་ཐབས་སུ་གྱུར་པའོ། །སྣོད་གང་བ་ཞེས་བྱ་བ་ནི་གོས་ལ་སོགས་པའི་རྫས་ཀྱིས་ཡོངས་སུ་བཀང་བ་སྟེ། རྐྱལ་བུ་ལ་སོགས་པའི་སྣོད་དོ། །བསྐྱོད་པ་དང༌། ཀུན་དུ་བསྐྱོད་པ་དང༌། ཀུན་དུ་ཡོངས་སུ་བསྐྱོད་པ་ནི་ལས་སུ་བྱས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །རྩོལ་བ་ཆེན་པོ་དང་ལྡན་པ་ནི་དཀའ་བ་ཆེན་པོ་དང་ལྡན་པའོ། །མགར་བའི་སྦུད་པ་ནི་གང་གིས་འབུད་པར་བྱེད་པའོ། །གཡོའོ་ཞེས་བྱ་བ་ནི་འབྱུང་བར་གྱུར་པའོ། །ནང་རོལ་ནི་ཚང་ཆེ་བ་ཡིན་ལ། རྒྱུ་མ་ནི་ཕྲ་བའོ། །ཁུ་བ་འདྲེན་པར་བྱེད་པས་ན་རྩའོ། །མིང་དུ་མ་ཞེས་བྱ་བ་མིང་མང་པོ་ཅན་དང༌། མིང་གི་རྣམ་པ་དུ་མ་ཅན་ནོ། །ཀ་དྲུ་ནི་ཚོན་གྱི་བྱེ་བྲག་གོ །ཁྲ་བོ་ནི་བཀྲ་བ་དང་ཉེ་བར་བཀྲ་བའི་བྱེ་བྲག་གོ །བ་སྤུའི་བུ་ག་ནི་བ་སྤུ་འབྱུང་བའི་ཕྱོགས་སོ། །འཕེལ་ལོ་ཞེས་བྱ་བ་ནི་མིག་གི་རྡུལ་ཕྲ་རབ་གནས་གཅིག་ཏུ་སྡུད་པར་བྱེད་པའོ། །རྣམ་པར་འཕེལ་བར་བྱེད་པ་ནི་ཁྱད་པར་དུ་ཐམས་ཅད་སྡུད་པར་བྱེད་པའོ། །རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་ནི་རང་གི་གནས་སུ་འཇོག་པར་བྱེད་པའོ། །ཀུན་དུ་འཇོག་པར་བྱེད་ཅེས་བྱ་བ་ནི་མིག་གི་འབྲས་བུ་ལ་སོགས་པའི་དབྱིབས་ཀྱི་ཚུལ་དུ་རྣམ་པར་འཇོག་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་བརྟན་པར་བྱེད་པའོ། །ཟས་ནི་བཟའ་བར་བྱ་བའོ། །བཏུང་བ་ནི་བཏུང་བར་བྱ་བའོ། །བཅའ་བ་ནི་བཅའ་བར་བྱ་བའོ། །མྱང་བར་བྱ་བ་ནི་གཞིབ་པར་བྱ་བའོ། །ཀུན་དུ་དང་པར་བྱེད་པ་ནི་དྲི་མ་མེད་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་པ་ནི་དབྱིབས་དྲི་མ་མེད་པ་སྐྱེད་པར་བྱེད་པའོ། །ཀུན་ནས་འཇོག་པར་བྱེད་ཅེས་བྱ་བ་ནི་རྙོག་པ་མེད་པ་བརྟན་པ་ཉིད་དུ་བྱེད་པའོ། །སྒྲིབ་པར་བྱེད་པས་ན་ཐལ་བའོ། །གོས་ཀྱི་དུམ་བུ་བསྒྲིལ་བ་དང་ལྡན་པས་ན་ཕྱི་རས་སོ། །འཇིམ་པའི་རང་བཞིན་གྱིས་གཟུགས་ཅན་སྒྲུབ་པ་ལ་མཁས་པས་ན་འདྲ་གཟུགས་མཁན་ནོ། །དངོས་པོ་འདི་བདག་གིར་གྱུར་ཅིག །གཞན་གྱིར་མ་གྱུར་ཅིག་ཅེས་བྱ་བ་ནི་སེར་སྣ་ཡིན་ལ། དེའི་དངོས་པོ་ནི་སེར་སྣ་ཉིད་
དེ། དེ་ཉིད་དྲི་མ་ཡིན་ལ་ཀུན་ནས་དཀྲིས་པ་དེས་ཁྱབ་པས་སོ། །སྦྱིན་པས་གནས་སྡུད་པར་བྱེད་ཅིང་གཏོང་བ་ཉིད་དུ་མི་འདོད་པ་གང་ཡིན་པ་དེ་ལ་གྱ་གྱུས་སྡུད་པ་ཞེས་བྱ་བར་ཐ་སྙད་དུ་གདགས་པ་ཡིན་ནོ། །དེ་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་འབྱིན་པའི་ཕྱིར། རུང་བ་ཉིད་དུ་གྱུར་པའོ། །ལྷན་ཅིག་ཅེས་བྱ་བ་ནི་འབྲེལ་པའོ། །མང་དུ་ཞེས་བྱ་བ་ནི་རྒྱས་པའོ། །སྒྲིན་པ་ནི་གསལ་བའོ། །ན་བ་ཉམས་པ་ཞེས་བྱ་བ་ནི་ཐོས་པའི་ནུས་པ་ཉམས་པར་གྱུར་པའོ། །སོར་མོ་ཡོངས་སུ་བཅད་པས་སྟོང་པས་ན་ལག་པ་འབྱར་བའོ། །དོར་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་སྤང་བའི་བློ་སྐྱེད་པར་བྱེད་པ་ཅན་ནོ། །ཤེས་པར་མ་གྱུར་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་མ་གྱུར་པའོ། །གཟུགས་བཟང་པོ་ཞེས་བྱ་བ་ནི་ཁ་དོག་གི་སྒོ་ནས་སོ། བལྟ་ན་སྡུག་པ་ཞེས་བྱ་བ་ནི་དབྱིབས་ཀྱི་སྒོ་ནས་སོ། །མཛེས་པ་ཞེས་བྱ་བ་ནི་མདངས་དང་ལྡན་པ་ཉིད་ཀྱི་ཕྱིར་མཛེས་པར་གྱུར་པའོ། །རྒྱབ་ཀྱི་ཚིགས་པར་མདུན་གྱིས་བལྟས་པ་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་པར་གྱུར་པའོ། །མ་ཞུ་བའི་གནས་ཀྱིས་ཁྱབ་པར་གྱུར་པ་ཞེས་བྱ་བ་ནི་རབ་ཏུ་གནོན་པར་གྱུར་པའོ། །ཞུ་བའི་གནས་ཀྱིས་ཕུག་པར་གྱུར་པ་ན་ཞེས་བྱ་བ་ནི་སྟེང་དུ་འཇོག་པའོ། །བཅིང་བ་ལྔས་བཅིངས་པ་ཞེས་བྱ་བ་ནི་ཕུར་པ་ལྔས་རྣམ་པར་རྐོ་བའི་ཚུལ་དུ་བརྐོས་ཤིང་ལག་པ་དང་རྐང་པ་དང་མགོ་བོ་དེ་དག་སོ་སོར་ཐ་དད་པ་བཅོམ་པ་གང་ཡིན་པ་དེ་ནི་བཅིང་བ་ལྔ་པོ་དེས་བཅིངས་པ་བཞིན་དང༌། གསལ་ཤིང་ལ་བསྐྱོན་པ་ཉིད་དུ་གནས་པར་གྱུར་པའོ། །མངལ་རྣམ་པར་གནོད་པར་འགྱུར་ཞེས་བྱ་བ་ནི་གདུང་བར་བྱེད་པའོ། །རྒྱུག་པ་ནི་མྱུར་དུ་འགྲོ་བར་བྱེད་པའོ། །མགྱོགས་པ་ནི་ཤིན་ཏུ་ཤུགས་ཀྱིས་འགྲོ་བར་བྱེད་པའོ། །རྒལ་བ་ནི་གྱུར་བ་ལ་སོགས་པ་ལས་སོ། །མཆོང་བ་ནི་སྟེང་དུ་མཆོང་བར་བྱེད་པའོ། །མི་མཐུན་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་མི་བཟད་པའོ། །ཐོག་མར་བརྣག་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རྩུབ་པའོ། །ཐ་མར་བཟོད་པར་དཀའ་བ་ཉིད་ཀྱི་ཕྱིར་ཚ་བའོ། །དྲན་པའི་ཤེས་པས་ཡུལ་དུ་བྱས་པ་ན་ཡང་ཡིད་མི་བདེ་བ་ཉིད་ཀྱི་ཕྱིར་ཡིད་དུ་མི་འོང་བའོ། །འདུ་ཤེས་
བརྒྱད་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་མངལ་ལ་ཁྱིམ་ལ་སོགས་པའི་འདུ་ཤེས་སོ། །ནག་པོ་ཞེས་བྱ་བ་ནི་སྤྱི་ཙམ་ཡིན་ལ། ཕྱོགས་གཅིག་ངག་པ་གསལ་བར་བྱ་བའི་ཕྱིར་ཁ་དོག་ནག་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ནག་པོ་ལྟ་བུ་ཞེས་བྱ་བ་ནི་དངོས་པོ་ནག་པོ་དཔེར་རམ། དངོས་པོ་ནག་པོ་ཐམས་ཅད་དཔེ་ཉིད་དུ་རུང་བའོ། །ནག་པོར་སྣང་བ་ཞེས་བྱ་བ་ནི་འོད་ནག་པོའོ། །རྩ་ངཱུར་བའི་མྱུ་གུའི་མདངས་ཀྱི་མདོག་ལྟ་བུ་ཞེས་བྱ་བ་ནི་དམར་པོར་སྣང་ཞིང་དཀར་པོའི་མདངས་ཀྱི་མདོག་ཅན་ནོ། །འདོད་པ་ཞེས་བྱ་བ་ནི་འབྱུང་བའི་ཕྱིར་སྤྲོ་བ་དང་བཅས་པའོ། །ཕྱིན་ཅི་མ་ལོག་པ་ཞེས་བྱ་བ་ནི་བདེན་པའི་དོན་ནོ། །རྐང་པ་ལོག་པ་ཞེས་བྱ་བ་ནི་རྐང་པ་ཕྱིན་ཅི་ལོག་ཏུ་གྱུར་པ་འམ་རྐང་པ་ཡོ་བར་གྱུར་པའོ།། །།བམ་པོ་དྲུག་པ། དེ་ཤེས་པའི་བུད་མེད་ཅེས་བྱ་བ་ནི་ལས་དེ་ལ་བཟོ་བའོ། །གཞོན་ནུའི་གསོ་བ་ཤེས་པ་ཞེས་བྱ་བ་ནི་གཞོན་ནུའི་གསོ་བའི་རྒྱུད་ལ་མཁས་པར་གྱུར་པའོ། །དེ་བཤད་ཁང་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་ལ། དྲི་མི་ཞིམ་པ་དང༌། མུན་པ་གནག་པ་དང༌། འཛིངས་པའི་འདམ་ནི་དྲི་མི་ཞིམ་པ་མུན་པ་གནག་པ་འཛིངས་པའི་འདམ་མོ། །སྲིན་བུ་མང་པོའི་རིགས་སྟོང་ཕྲག་མན་པོ་དག་ནི་སྲིན་བུའི་རིགས་སྟོང་སྟེ། དེ་དག་གི་གནས་དེ་ལའོ། །ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླང་ནི་ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླང་རྣམས་ཏེ། ས་བོན་དང་ཁྲག་དང་དྲི་མ་དང་ཁྲག་རླང་དེ་དག་གིས་ཀུན་ནས་ཏེ་ཤིན་ཏུ་རྣམ་པར་རུལ་ཞིང་ཀུན་ནས་རུལ་པ་སྟེ་རྣག་ཏུ་གྱུར་ཅིང་ཟགས་པར་གྱུར་པའོ། །ལུས་ཀྱི་བུ་གུའི་རྨ་ཞེས་བྱ་བ་ནི་ཕྱིས་བཤད་པའོ། །བདག་ཉིད་རྨ་སར་བ་ལྟ་བུ་ཞེས་བྱ་བ་ནི་རྨ་སར་པ་དང་འདྲ་བར་བདག་ཉིད་སྤྱོད་པས་རྨ་སར་པ་ལྟ་བུ་སྟེ། བདག་ཉིད་རྨ་སར་པ་ལྟ་བུར་སྤྱད་པ་གང་ལ་ཡོད་པ་དེ་ནི་འདིར་བདག་ཉི་རྨ་སར་པ་ལྟ་བུའི་རྣམ་པར་གྱུར་པའོ། །བདག་ཉིད་མཚོན་མ་ཡིན་པ་ལ་མཚོན་ལྟར་སྤྱོད་པ་ནི་མཚོན་ལྟ་བུ་དང༌། དེ་བཞིན་དུ་འགྱུར་བྱེད་ལྟ་བུ་ནི་མཚོན་ལྟ་བུ་དང༌། འགྱུར་བྱེད་ལྟ་བུ་སྟེ་ལག་པའི་རེག་པ་ཉིད་ནི་དེ་ལ་འདིར་མཚོན་ཆ་དང་འགྱུར་བྱེད་ལྟ་བུའི་རེག་པ་ནི་ལག་པ་དག་གིས་བཟུང་བ་ནའོ། །སྐྱེས་མ་ཐག་ཏུ་དེ་ལ་མིང་གཉིས་སུ་འགྱུར་ཏེ་
ཞེས་བྱ་བ་ནི་བདག་ཁྱེའུ་འམ་བུ་མོར་ཤེས་པར་འགྱུར་བའོ། །ཤིང་ལེ་བ་ནི་སྤང་ལེབ་ཀྱི་རྣམ་པའོ། །རྩྭ་བ་ཏིང་བ་ནི་རྩྭའི་ཚོགས་སོ། །ལུས་ཚོས་པ་ནི་ཀུན་ནས་རྣག་འཛག་པས་གྱུར་པའོ། །དེ་ལྟར་སྐྱེས་པ་ཞེས་བྱ་བ་ནི་ནུར་ནུར་པོའི་གནས་སྐབས་ཐོབ་པ་འདི་ཉིད་ཡིས་བསྟན་པ་ཡིན་ནོ།། འབྱུང་བ་ཞེས་བྱ་བ་ནི་མེར་པོ་དང༌། ནར་ནར་པོ་དང༌། གོར་གོར་པོ་དང༌། རྐང་ལག་འགྱུར་པའི་གནས་སྐབས་ཐོབ་པར་གྱུར་པའོ། །མངོན་པར་བསྒྲུབས་པ་ཞེས་བྱ་བ་འདིས་ནི་སྲིད་པ་སྔ་མའི་དུས་ཡི་ནས་སྐབས་ཐོབ་པར་གྱུར་པའོ། །སྐྱེད་པ་ནི་འོ་མ་བསྣུན་པས་སོ། །གསོ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པས་སོ། །བསྲིངས་པ་ནི་ཕྱི་རོལ་གྱི་གནོད་པ་བཟློག་པའི་སྒོ་ནས་སོ། །སྙིང་གི་ཕྱོགས་ན་གནས་པ་མཆིན་པ་ལྟ་བུའི་ཤའི་བྱེ་བྲག་ལ་ཤ་ཞེས་བྱའོ། །གདུངས་པ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་གདུངས་པ་ཆུང་ངུ་ལ་སོགས་པ་ཉམས་སུ་མྱོང་བའོ། །སོ་སོར་མྱོང་ངོ་ཞེས་བྱ་བ་ནི་ཁྱད་པར་དུ་མྱོང་བར་འགྱུར་བའོ། །སྙོམ་པ་ནི་ལུས་ཀྱི་ཟུག་གཟེར་རོ། །ལྷའི་གདོན་ལ་སོགས་པ་ནི་གདོན་གྱི་རྣམ་པ་ཀུན་ནས་ལྷའི་གདོན་ཁོ་ན་སྟེ། ས་བླ་ལ་སྤྱོད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའོ། །འཆི་མེད་ཀྱི་གདོན་ནི་རྫུ་འཕྲུལ་ཅན་གྱི་ལྷའོ། །དྲི་ཟ་ལ་སོགས་པ་ནི་ཡི་དགས་མཐུ་ཆེ་བའོ། །མི་འམ་ཅིའི་གདོན་ནི་དུད་འགྲོའོ། །ལྟོ་འཕྱེ་ཆེན་པོའི་གདོན་ནི་འཇོག་པ་ལ་སོགས་པའོ། །གནོད་སྦྱིན་གྱི་གདོན་ནི་ལྷ་རྟེན་གྱི་མཆོད་པའི་གཏོར་མ་ལེན་པའོ། །སྲིན་པོ་ནི་གནོད་སྦྱིན་གྱི་རིགས་ཅན་ཏུ་དམན་པའོ། །ཡི་དགས་ནི་ཡིད་དགས་སུ་སྐྱེས་པའི་ཤིན་ཏུ་ལྟོགས་པའོ། །འདྲེ་ནི་ཡི་དགས་ཤ་ཟ་བའོ། །འབྱུང་པོ་ནི་གཟུགས་སུ་སྣང་བ་མདངས་འཕྲོག་པར་བྱེད་པའོ། །གྲུལ་བུམ་དང་སྲུལ་པོ་ལ་སོག་པ་ནི་ཚད་ཆུང་བ་དྲི་ཟ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་ཅན་ཡི་དགས་ཁོ་ནའོ། །སྐྱེམས་བྱེད་ནི་ལུས་སྐེམས་པར་བྱེད་པའོ། །སྨྱོ་བྱེད་ཀྱི་གདོན་ནི་ཟིན་པའི་དུས་སུ་གང་གིས་སྨྱོ་བར་འགྱུར་བའོ། །བྱའི་གདོན་ནི་བྱའི་གཟུགས་ཅན་ཏེ་དུད་འགྲོའི་རིགས་སོ། །ཡང་དག་པར་བདེ་བ་ལ་གནས་ན་ཞེས་བྱ་བ་ནི་ཡོངས་སུ་སྐྱོང་བར་གྱུར་པ་ནའོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་
ཡིད་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་བྱས་པ་དེ་ཉིད་ངག་ཏུ་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལ་ལོ། །འཁྲུག་པ་ནི་སྡུག་བ་དང་བྲལ་བའི་རྒྱུ་ཅན་གྱི་ལུས་གདུང་བའོ། །སྡུག་བསྔལ་དག་ལས་ཐ་དད་པར་བྱ་བ་དཀའ་བ་ཉིད་ཀྱི་ཕྱིར་གནོད་པའོ། །དུས་ཉུང་ངུར་གནས་པ་ཉིད་ཡིན་པའི་ཕྱིར་ཉུང་བའོ། །རྣམ་པར་འཚེ་བ་དུ་མ་བླངས་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་བ་ཡིན་ལ། ལྡན་པ་ནི་སྐྱེ་བའི་འདུག་བསྔལ་ལ་སོས་པ་དང༌། འགྲོ་བ་འཕོ་བ་ནི་འཇིག་རྟེན་ཕ་རོལ་དུའོ། །བྱོས་ཤིག་པ་ནི་ཡང་དག་པར་བསྒྲུབ་པར་གྱིས་ཤིག་པའོ། །སྤྲོ་བ་ཆུང་བ་ནི་འབད་རྩོལ་ཆུང་བའོ། །དོན་སྤྱོད་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའོ། །དགེ་བ་སྤྱོད་པ་ནི་ལུས་ལ་སོགས་པ་དགེ་བ་ལ་འཇུག་པའོ། །སྡུག་བ་ཞེས་བྱ་བ་ལ་སོགས་པ་ལ་འདོད་པར་བྱ་བའི་ཡུལ་ཡིན་པའི་ཕྱིར་སྡུག་པའོ། །འདོད་པར་བྱ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འདོད་པའོ། །དགའ་བར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་མཛའ་བའོ། །སྐད་ཅིག་ཀྱང་ཡིད་ཀྱིས་ཡོངས་སུ་དོར་བ་མེད་པའི་ཕྱིར་ཡིད་དུ་འོང་བའོ། །དེ་དག་དང་ལྷན་ཅིག་ཡུལ་གཞན་དུ་འགྲོ་བར་བྱེད་པའི་ཕྱིར་བྲལ་བ་ནི་སྣ་སོགས་སུ་འགྱུར་རོ། །འཆི་བའི་ཕྱིར་བྲལ་བ་ནི་རྣམ་པར་མེད་པར་འགྱུར་བའོ། །ཤིན་ཏུ་བསྐལ་བའི་རྒྱུ་ཅན་གྱི་ཁམས་གཞན་དུ་སྐྱེས་པའི་ཕྱིར་བྲལ་བ་ནི་བྲལ་བའོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་བྲལ་བ་ནི་རྣམ་པར་བྲལ་བའོ། །བྱ་བ་ཐམས་ཅད་ལ་ནུས་པ་མེད་པའི་ཕྱིར་ཉམ་ཆུང་བའོ། །དཔྱོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དཔྱོད་པའི་རང་བཞིན་ཅན་ནོ། །བརྟན་པ་ཉིད་ཀྱི་ཕྱིར་མཚམས་ལས་མ་རྒལ་བ་ཡིན་ཏེ། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་གཞུང་ལ་ཚུལ་བཞིན་ཐོབ་པའོ། །དགུ་བཅུ་བ་ཉིད་ཡིན་པའི་ཕྱིར་རྒྱལ་ཚབ་ལྟ་བུའོ། །རྒས་ཐུབ་པ་ཞེས་བྱ་བ་ནི་མྱུར་དུ་འགྲོ་བའི་ངང་ཚུལ་ཅན་ནོ། །འཆི་བའི་ཆོས་ནི་ཆོས་ཅན་ནོ། །སོ་སོར་ཡིད་བརྟན་དུ་མེད་པའི་ཕྱིར་ཡིད་མི་བརྟན་པའོ། །གདོས་ནི་རབ་ཏུ་གྲགས་པ་སྟེ་བཅིང་པའི་ཐབས་སུ་གྱུར་པའོ། །ལྕགས་ནི་རྟག་ལྕགས་སོ། །སྟོང་ནི་སྐེ་བ་ནས་བཅིང་
བའི་ཐབས་སུ་གྱུར་པའོ། །ལག་ལྕགས་ནི་ཤིང་ལས་བྱས་པ་ལག་པ་གཉིས་བཅིང་བའི་ཐབས་སུ་གྱུར་བའོ། །འཆིང་བ་ལྔ་ནི་ལག་པ་ལ་སོགས་པ་སོ་སོར་ཕུར་བ་དག་ལ་བཏགས་པའོ། །རེ་ལྡེ་ལ་སོགས་པ་རེག་བྱ་རྩུབ་པ་ཅན་གྱིས་དཀྲིས་ཤིང་མཉེས་པ་ནི་རེ་ལྡེའི་ནང་དུ་བསྒྲིལ་བའོ། །གསལ་ཤིང་ལ་བསྐྱོན་པ་ནི་གསལ་ཤིང་གིས་ཕུག་པའོ། །ཤིང་གི་རྩང་བཙུགས་པ་ནི་གཞན་གདུང་བར་བྱེད་པའི་བྱེ་བྲག་གོ །བརྡེག་པ་ནི་ཉེ་བར་འཚོ་བའོ། །ཤ་སྤྲང་ནི་སྦྲན་བུ་གདུག་པ་ཅན་ཏེ། གང་བ་ལང་ལ་སོས་པ་དག་ལ་འཛིན་པར་བྱེད་པའོ། །སྦྲུལ་ནི་སྡིག་སྦྲུལ་ལ་སོགས་པའོ། །ཡོངས་སུ་ཚོལ་བའི་རྩ་བས་ཞེས་བྱ་བ་ནི་ཕན་པར་བྱེད་པའི་ཡོངས་སུ་ཚོལ་བའི་བྱེད་རྒྱུ་དག་གིས་སོ། །འདུ་བྱེད་ཀྱི་རྒྱུན་ནི་འདུ་བྱེད་ཀྱི་རྒྱུད་ཡིན་ལ། དེའི་མཚམས་སྦྱོར་བ་ནི་མཚམས་སྦྱོར་བར་བྱེད་པ་སྟེ། ཀུན་དུ་འབྲེལ་བའོ། །སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་མི་རྟག་པའོ། །རྒྱུན་རྒྱུད་ཆད་པའི་ཕྱིར་མི་བརྟན་པའོ། །ཟླ་བའི་དང་ལོའི་བར་དུ་གནས་པར་ངེས་པའི་ཡིད་བརྟན་དུ་མེད་པའི་ཕྱིར་བརྟན་དུ་མི་རུང་བའོ། །སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་འགྱུར་བའི་ཆོས་ཅན་ནོ། །འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱ་བ་ཤིན་ཏུ་ལེགས་པར་རིག་པའོ། །མི་འཆགས་པར་བྱ་བ་ཞེས་བྱ་བ་ནི་ཉོན་མོངས་པར་གྱུར་པ་རྒྱུན་གཅོད་པའི་སྒོ་ནས་སོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྣམ་པར་བྲལ་བ་ཐོབ་པ་སྐྱེད་པར་བྱེད་པའི་སྒོ་ནས་སོ། །རྣམ་པར་སླུ་བ་ཞེས་བྱ་བ་ནི་སླུ་བར་བྱེད་པ་སྟེ། བདེ་བ་ཉམས་སུ་མྱོང་བ་མངོན་པར་འདོད་པ་སྔོན་དུ་སོང་བ་ཅན་གྱི་སྡུག་བསྔལ་སོ་སོར་ཐོབ་པ་ཞེས་བྱ་བའི་བར་དུའོ། །སོ་སོའི་སྐྱེ་བོ་ཁོ་ན་མཚུངས་པའི་ཕྱིར་སོ་སོའི་སྐྱེ་བོར་གྱུར་པའོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་དང་ལྡན་པ་གཞན་གྱི་རྗེས་སུ་མི་འབྲེང་བའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་པའོ། །དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཆོས་གང་ལ་ཡོད་པ་དེ་ནི་དགེ་བའི་ཆོས་ཅན་ཏེ། ཉི་མ་རེ་རེ་ཞིང་ཡོན་ཏན་མངོན་པར་འཕེལ་ཞིང་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་བའི་དངོས་པོ་ལ་འདུན་ཅིང་མངོན་པར་འདོད་པ་གང་ཡིན་པ་དེ་ནི་དགེ་བ་ལ་
འདུན་པའོ། །མཚུངས་པར་སྤྱོད་པར་བྱེད་པས་ན་མཚུངས་པར་སྤྱོད་པ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་མཚན་གྱི་ལུས་ངག་གི་བྱ་བའོ། །སྡོམ་པ་མང་པོ་ཅན་ཞེས་བྱ་བ་ནི་ཁ་ན་མཐོ་བ་བྱས་པ་ལ་བཤགས་པ་ལ་སོགས་པས་ཕྱིར་གསོ་བར་བྱེད་པ་མང་བའོ། །སོ་སོར་རྟོག་པ་མང་པོ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱིས་མི་མཐུན་པའི་ཕྱོགས་འཚལ་བའི་ཚུལ་ཁྲིམས་སེལ་བར་བྱེད་པ་མང་པོའོ། །སྐྱེ་བ་གཉིས་དན་གསུམ་ཐོགས་པ་ནི་རིགས་ནས་རིགས་སུ་སྐྱེ་བར་རིག་པར་བྱའོ། །སྐྱེ་བ་གཅིག་གི་ལྷག་མ་ཡོད་པས་ན། སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ལན་ཅིག་ཕྱིར་འོང་བའོ། །ལས་བདག་གིར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་བྲན་དུ་གྱུར་པའོ། །ལས་ལས་སྐྱེས་པ་ཞེས་བྱ་བ་ནི་ལས་ལས་བྱུང་བར་འགྱུར་པའོ། །ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་ལས་ལས་ཐོབ་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའོ། །ལས་ལ་བརྟེན་པ་ཞེས་བྱ་བ་ནི་ལས་ལས་ཡོངས་སུ་ཐོབ་པའོ། །ཤེས་ཏེ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ སེམས་ལ་ལྟོས་པར ་གྱུར་པའོ། །རྟེན་ཅིང་འབྲེལ་པར་བྱུང་བ་ཞེས་བྱ་བ་ནི་རྐྱེན་གྱི་སྐད་ཅིག་རེ་རེ་ལ་བརྟེན་ཅིང་ལྟོས་ནས་བྱུང་བ་སྟེ། དེ་ལྟ་བུར་གྱུར་པའི་མངལ་གྱི་གནས་སུ་འཇུག་ཅིང་གནས་པར་གྱུར་པའོ། །གནས་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། ལས་བདག་གིར་བྱེད་པ་དང༌། ལས་ལས་སྐྱེས་པ་ཞེས་བྱ་བ་ནས་ཁྲག་དང་ཚིལ་གྱིས་བཀང་བ་ཞེས་བྱ་བའི་བར་དུ་སྨོས་པ་ཡིན་ཏེ། བདུད་ཀྱི་དབང་ཞེས་བྱ་བ་ནི་བདུད་ཀྱི་དབང་དུ་གྱུར་པའོ། །བདུད་ཇི་ལྟར་འདོད་པ་བཞིན་དུ་བདག་པོའི་ཡུལ་དུ་གྱུར་པ་ཡིན་པ་དེའི་ཕྱིར་ལུས་ལ་བདུད་ཀྱི་སྣོད་ཅེས་བྱའོ། །ཁྱིམ་ནི་གནས་ཀྱི་བྱེ་བྲག་གོ །གནས་སྐབས་འགྱུར་བའི་ཕྱིར་མི་བརྟན་པའོ། །འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་སེམས་པ་དག་གི་ སེམས་འཕྲོག་པར ་བྱེད་པའི་རང་བཞིན་ཅན་ནོ། །བྱིས་པ་སྨྲ་བར་བྱེད་པ་ཞེས་བྱ་བ་ནི་བྱིས་པ་སླུ་བར་བྱེད་པའོ། །རྩའི་རྒྱུད་ཅན་ནི་རྩའི་དྲ་བ་ཡིན་ལ་དེ་གཉིས་ཀྱི་རྒྱུད་རུས་པའི་འཁྲུལ་འཁོར་གསལ་ཡོད་པ་དེ་ལ་རུས་པའི་འཁྲུལ་འཁོར་རྩའི་དྲ་བ་ཅན་ཞེས་བྱ་བའོ། །སྦུབས་དང་དྲ་བས་དཀྲིས་པ་ཞེས་བྱ་བ་ནི་ཤིན་ཏུ་
ལྷོད་པར་གཡོགས་པ་ལ་དཀྲིས་པ་ཞེས་བྱ་བ་སྟེ། སྦུབས་ཀྱི་དྲ་བ་དང་རྩའི་བས་དཀྲིས་པར་གྱུར་པའི་གནས་ཏེ། ཤ་ལ་སོགས་པས་བཀབ་པར་གྱུར་པའོ། །རབ་ཏུ་གདུངས་པའི་བུ་སྣོད་དེ། མངལ་མི་གཙང་བས་བསྡུས་ཤིང་བསགས་པའི་གནས་དེ་ལའོ། །སྐྲ་དང་སོ་དང་བ་སྤུ་ལངས་པ་སྟེ། འབྱུང་བར་གྱུར་པ་དེས་རྣམ་པར་གོམས་ཤིང་རྣམ་པར་འགྱུར་བ་སྟེ། གསལ་པོར་གྱུར་པའོ། །ངར་འཛིན་པ་གསལ་པོ་ལ་སོགས་པ་ནི་ཉོན་མོངས་པས་རང་དབང་མེད་པའོ། །རང་དང་མཆིལ་སྣབས་ལ་སོགས་པ་ནི་དྲི་ན་བ་རུང་བར་འགྱུར་པའོ། །ཞག་ལ་སོགས་པ་ནི་མི་གཙང་བས་གང་བར་གྱུར་པའོ། །ཆུ་སེར་ནི་ཆུ་སྨན་པར་གྱུར་པ་སྟེ། དེ་ལྟར་གྱུར་པའི་གནས་དེ་ལ་མངལ་གནས་པར་གྱུར་པའོ། །ཕྱོགས་གང་དུ་གནས་པར་འགྱུར་ཞེ་ན། མ་ཞུ་བའི་ངས་ཀྱི་ནི་འོག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གསོས་ཤིང་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ། །གང་གིས་ཤེ་ན། ཟླ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་ནས་ཟླ་བར་དང༌། ཟླ་བ་ཕྱེད་ནས་ཟླ་བ་ཕྱེད་དན། དུས་དང་དུས་གསུམ་མངལ་གྱི་རི་མི་འབྱུང་བ་དེས་སོ། །ཀུན་ནས་གསོས་པ་ཞེས་བྱ་བ་ནི་འཕེལ་བར་གྱུར་པའོ། །གང་གིས་ཤེ་ན། ཁ་ཟས་ཀྱི་རོས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཁ་ཟས་ཀྱི་རོ་ཁྱད་པར་ཇི་ལྟ་བུས་ཤེ་ན། སྟེང་འོག་གི་སོའི་རིམ་པས་བཅད་ནས་ལྐོག་མའི་མིང་པར་མིད་པ་དང༌། འོག་གི་ཁ་ཆུ་མངོན་པར་འཛག་པ་དང༌། སྟེང་ཀླད་པའི་ཀླད་རྒྱས་ཀྱིས་སྤགས་ཤིང་ཁྱབ་པའི་སྒོ་ནས་སོ། །སྐྱུག་བྲོ་བ་དང་འདྲ་བ་ཞེས་བྱ་བ་ཟས་སྐྱུགས་པ་དང་འདྲ་བས་སོ། །ཟས་དེ་གང་ཡིན་ཞེ་ན། མིའི་ཞེས་སྨོས་པ་ཡིན་ནོ། །གང་མངལ་རྒྱལ་པར་བྱེད་པའི་ཟས་དེ་རབ་ཏུ་འཇུག་པའི་ལམ་གང་ཡིན་ཞེ་ན། ལྟེ་བའི་བུ་གུར་ཞུགས་ནས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ནུར་ནུར་པོ་ལ་སོགས་པའི་དངོས་པོར་ཡོངས་སུ་འགྱུར་བ་ནས་སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་རོ་ཞེས་བྱ་བ་སྦྱར་བར་བྱའོ། །མངལ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། ལག་པ་དང༌། རྐང་པ་དང༌། འགྲམ་པ་མངལ་དུ་སྐྱེ་བའི་ཤ་མས་བཅིངས་པར་གྱུར་པ་སྟེ། མངལ་ཁོ་ན་ཤ་
མ་ཡིན་ཞིང་པགས་པའི་སྣོད་དེས་བཅིངས་པར་གྱུར་པའོ། །སྟེང་འོག་ཏུ་རྒྱུ་བ་ཞེས་བྱ་བ་ནི་གོང་འོག་ཏུ་འགྲོ་བར་བྱེད་པའོ། །གང་དུ་ཞེ་ན། བཤང་ཁང་འདྲ་བར་ཞེས་བྱ་བ་དྲི་ཤིན་ཏུ་མི་ཞིམ་པ། མུན་པ་གནག་པ། འགྲེད་པའི་མངལ་དུའོ། །ཟས་ཀྱི་རོ་མེའི་དུམ་བུ་བཞིན་དུ་གདུང་བ་ནི་རྣམ་པར་མངོན་པར་བརླན་པར་འགྱུར་བའོ། །མེ་མ་མུར་ནི་མེའི་འོ་བས་སོ། །ཕྱི་རོལ་གྱི་རྐྱེན་མེད་པར་མངལ་ཉེ་བར་གདུང་བར་གྱུར་པ་ཡིན་པ་དེ་ནི་མངལ་མ་བརྗེད་པའོ། །གདུང་བས་གཡེངས་པར་གྱུར་པ་ཞེས་བྱ་བ་ནི་བཏུང་བ་ཤིན་ཏུ་བསྟེན་པའི་ཕྱིར་བཏུང་བས་ཟིལ་གྱིས་གནོན་པར་གྱུར་པ་འམ། སྤངས་པར་གྱུར་པའོ། །འདོད་པ་འམ་ཞེས་བྱ་བ་ནི་བདག་པོ་འམ། གཞན་ཤིན་ཏུ་འདོད་པར་གྱུར་པའོ། །རུས་པའི་འཁྲུལ་འཁོར་གཉིས་ཀྱི་སྒོ་ནས་ཏེ། གཅི་བའི་ལམ་གྱི་མིང་ཅན་ལས་གཟིར་བར་གྱུར་པ་ན་ཞེས་བྱ་བ་ལ་སོགས་པ་ལ། གནོད་པའི་རྣམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བའོ། །གནོད་པ་དོགས་པ་ཞེས་བྱ་བ་ནི་གནོད་པ་གཞན་ལས་ཤིན་ཏུ་གནོད་པར་གྱུར་པས་ན་གནོད་པར་དོགས་པ་དེས་སོ། །བཅད་པ་ལ་འགྱུར་བྱེད་ཀྱིས་རེག་པ་ལྟར་ཞེས་བྱ་བ་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་རེག་པ་མཚུངས་པས་སོ། །ཅི་ཞིག་ཅེས་བྱ་བ་ནི་རང་གི་ངོ་བོ་ལ་རྟོག་པའོ། །ཇི་ལྟར་དིའི་ཞེས་བྱ་བ་ནི་ཁྱད་པར་ལ་རྟོག་པའོ། །ཁོ་མ་བ་དང་ལྡན་པ་ཞེས་བྱ་བ་ནི་ཁོ་མ་པ་ཕུན་སུམ་ཚོགས་པ་སྟེ། སངས་རྒྱས་འབྱུང་བ་ལ་སོགས་པ་ཡོན་ཏན་གྱིས་རྣམ་པར་བརྒྱན་པའི་སྐྱེ་བ་ཡོངས་སུ་ལེན་ པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཡོ་ཞེས་བྱ་བ་ནི་སེམས ་ཀྱི་གྱ་གྱུའོ། །གཡོ་སྒྱུ་ཅན་ཞེས་བྱ་བ་ནི་གཞན་སླུ་བར་བྱེད་པའི་ངང་ཚུལ་ཅན་ནོ། །དོན་སྤྱོད་པ་ནི་རང་བཞིན་གྱི་དོན་བྱེད་པའོ། །བསོད་ནམས་སྤྱོད་པའི་སྦྱིན་པའི་རང་བཞིན་གྱིས་བསོད་ནམས་སོ། །དགེ་བའི་སྤྱོད་པ་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ནོ། །ལེགས་པར་སྤྱོད་པ་ནི་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པའོ། །སྦྲང་བུ་ནི་རྨ་ལ་སོག་པ་ཟ་བའི་སྦྲང་བུའོ། །སེམས་ངན་ པར་སེམས ་པ་དང༌། ཚིག་ངན་པར་སྨྲ་བ་དང་ལས་སུ་བྱ་བ་ཉེས་
པར་བྱེད་པ་ཅན་ནི་བྱིས་པའོ། །ཐོས་པ་མེད་པ་ནི་ལུང་གི་ཐོས་པ་དང་བྲལ་བའོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་རྟོགས་པ་དང་བྲལ་བའོ། །དཀའ་བ་ཉེས་བྱ་བ་ནི་སྡུག་བསྔལ་བའོ། །འཁྲུག་པ་ཞེས་བྱ་བ་ནི་རྣ་བ་བཅད་པ་ལ་སོགས་པའི་སྒོ་ནས་ལུས་ཀྱི་གདུང་བའོ། །དགེ་བའི་ཆོས་བསྒྲུབ་པའི་བྱ་བ་དང་བྲལ་བས་ན་ལེ་ལོའོ། །གནས་པ་ནི་ཁྱབ་པར་གྱུར་པའོ། །སྡིག་པ་ནི་སྨད་པར་བྱ་བའོ། །མི་དགེ་བ་ནི་འོད་པ་མ་ཡིན་པའི་འབྲས་བུ་འབྱིན་པའོ། །འདྲེས་པ་ནི་ལྟ་བ་དང་ཏ་བ་མ་ཡིན་པའི་ཀུན་ནས་ཉོན་མོངས་པ་བསྐྱེད་པར་གྱུར་པའོ། །ཡང་སྲིད་པའི་ཞེས་བྱ་བ་ནི་ཡང་སྲིད་དང་རྗེས་སུ་མཐུན་པའོ། །ནད་དང་བཅས་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པ་ཉིད་ཡི་ཕྱིར་རོ། །སྡུག་བསྔལ་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་དམྱལ་བ་ལ་སོག་པའི་རྒྱུད་ཀྱི་སྡུག་བསྔལ་གྱི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་དུ་ཞེས་བྱ་བ་མ་འོངས་པའི་འཇིག་རྟེན་དུའོ། །སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཐོབ་པར་བྱེད་པ་ཉིད་དུ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་གང་ཤིན་ཏུ་བརྩོན་འགྲུས་དང་ལྡན་པར་གྱུར་པའོ། །མཐུན་སྟོན་པ་དང་བཟོད་པ་སྟེ། གྲང་བ་དང་ཚ་བ་དང་ཁྲོ་བ་ལ་སོགས་པས་ཀྱང་གནས་སྐབས་ཉམས་པར་མི་འགྱུར་བའི་ཕྱིར་རོ། །བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དགེ་བའི་བྱ་བ་ལ་བརྩོན་པ་དང་ལྡན་པའོ། །གོང་ནས་གོང་དུ་མཐར་འབྱུང་བའི་བརྩོན་པ་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྲོ་བའོ། །ཐམས་ཅད་བསྙེན་བཀུར་བྱ་བ་ལ་རབ་ཏུ་སྦྱོར་བའི་ཕྱིར་མཐུ་བརྟན་པའོ། །རྟག་ཏུ་སྦྱོར་བའི་ཕྱིར་གཅེས་པ་མི་གཏོང་བའོ། །འདོད་པ་ཞེས་བྱ་བ་ཁས་བླངས་པ་སྟེ། ལུས་ངེས་པར་གྱུར་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །པགས་པ་ཞེས་བྱ་བ་ནི་པགས་པ་དེ་ཙམ་ལ་ཐོགས་པ་སྟེ། ལྷག་མར་གྱུར་པའོ། །གང་གི་ཕྱིར་གཞི་མེད་པར་ནི་མ་ཡིན་ནོ་ཞེ་ན། །རྒྱུས་པ་དང༌། རུས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡོངས་སུ་སྐམས་ནས་ཞེས་བྱ་བ་ནི་ཡོངས་སུ་སྐམས་པར་གྱུར་པས་ཏེ། །གང་གི་ལུས་ཀྱི་ཤ་དང་ཁྲག་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ །འོན་ཀྱང་སྟེ་གང་ཡང་ཞེས་བྱ་བའི་བར་དུའོ། །སྐྱེས་བུས་བརྩོན་འགྲུས་
བརྩམས་པའི་སྒོ་ནས་ཐོབ་པར་བྱ་བ་གང་ཡིན་པ་དེ་ནི་ཐོབ་པ་ཉིད་དུ་མངོན་པར་འདོད་པ་སྟེ། ཐར་པ་དང་དེའི་ལམ་གྱི་བདག་ཉིད་ཅན་དེ་མ་ཐོབ་པར་ཞེས་བྱ་བ་ལ་སོགས་པ་ནས། བར་མ་དོར་བརྩོན་འགྲུས་ཉམས་པར་མི་བྱ་བ་སྟེ། ཡོངས་སུ་གཏང་བར་མི་བྱའོ། །དགའ་བོ་ང་ནི་འཇིག་རྟེན་པ་དང་ལྷན་ཅིག་ཏུ་མི་རྩོད་དོ་ཞེས་བྱ་བ་ལ་སོགས་པ་ལ། བརྗོད་པ་སྣ་ཚོགས་ནི་རྩོད་པ་ཡིན་པ་དེའི་ཕྱིར་ཆོས་སྨྲ་བ་ཁོ་བོ་ནི་རྩོད་པ་དོན་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་མི་རྩོད་ཀྱི་འཇིག་རྟེན་པ་ཉིད་ནི་ཆོས་མ་ཡིན་པ་སྨྲ་བ་ཉིད་ཀྱི་ཕྱིར་ང་དང་ལྷན་ཅིག་རྩོད་པར་བྱེད་དོ། །ང་ནི་དེ་ལྟ་བུ་ཞེས་མི་རྩོད་དོ་ཞེས་བྱ་བ་ལ་སོགས་པ་ལ། རྩོད་པ་དེ་ལ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་ཡང་དང་ཡང་དུ་འཇུག་པ་གང་ཡིན་པ་དེ་ནི་དེ་ལྟ་བུ་ཞེས་བྱ་སྟེ། དཔེར་ན་ཁོ་བོའི་གཞུང་ནི་འདི་ལྟར་མཛེས་པའོ། །ཁྱོད་ཀྱི་ནི་འདི་ལྟར་མི་མཛེས་པའོ་ཞེས་བྱ་བ་དང༌། གཞན་དག་ཀྱང་དེ་ལ་དེ་ལྟར་རྗོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་དང་ཕྱིས་སྨྲ་བ་བརྗོད་པ་དེ་འདིས་ང་མི་འདོད་པ་དེའི་ཕྱིར་དེ་ལྟ་བུ་ཞེས་རྩོད་པར་མི་བྱའོ། །ཡང་ན་དེ་ལྟ་བུ་ཞེས་བྱ་བ་ནི་དེ་ལྟར་འཇིག་རྟེན་པ་རབ་ཏུ་སྨྲ་བ་དང༌། དེ་ལྟར་ནམ་མཁའི་གོས་ཅན་དང༌། དེ་ལྟར་གྲངས་ཅན་དང༌། དེ་ལྟར་བྱེ་བྲག་པ་དང༌། དེ་ལྟར་རིག་བྱེད་སྨྲ་བ་དང་ཞེས་བྱ་བ་དེ་དག་ནི་འདི་ལྟར་ཞེས་བྱ་བ་ཡིན་ཏེ་དེས་སོ། །ལྟ་བ་སྟེ་ལྟ་བར་གྱུར་པ་དེ་ལ་རྟོག་པ་ནི་དཔྱོད་པར་གྱུར་པའོ། །དཔྱོད་པ་དེ་ལ་བཟོད་པར་བྱེད་པ་ནི་བཟོད་པར་གྱུར་པ་སྟེ། འདི་ལྟར་ཁོ་བོའི་ལྟ་བར་གྱུར་པ་ནི་མཛེས་པ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཀྱང་ང་མི་རྩོད་པའོ། །སྐལ་བའི་རང་བཞིན་མེད་པ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བདག་ཉིད་ཀྱི་ཕྱོགས་སུ་གྱུར་པ་ནི་སྐལ་བ་སྟེ། རུང་བ་ཡིན་པའི་ཕྱིར་སྐལ་བའི་རང་བཞིན་ཡིན་ལ། དེའི་དངོས་པོ་ནི་སྐལ་པའི་རང་བཞིན་ཉིད་དེ། དེས་ཀྱང་མི་རྩོད་ཀྱི་ཇི་ཙམ་ངས་མཐོང་བ་ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་སྨྲ་བར་བྱ་བ་ཡིན་ལ། མཐོང་བ་ནི་མིག་གིས་སོ། །ཤེས་པ་ནི་རྣ་བས་སོ། །མངོན་པར་རྫོགས་པར་འཚང་རྒྱབ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མངོན་དུ་བྱས་པ་ནི་ཡེ་ཤེས་ཀྱིས་སོ། །རྣམ་པར་སྨིན་པ་ནི་གཉིས་ཏེ་ཞེས་བྱ་བ་ནི་བདེན་པའི་དོན་དང་བདེན་པའི་
དོན་མ་ཡིན་པའོ། །གནས་མེད་པ་ནི་མི་སྲིད་པ་དང་སྲིད་པར་མི་འགྱུར་བ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་མི་སྲིད་པ་ཞེ་ན། སྐབས་མེད་དོ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྣམ་པར་སྨིན་པ་གཉིས་པོའི་དཔེའི་ཚིག་སྲིད་པ་འདི་ལ་སྐབས་ཉིད་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་པ་གསུང་བ་ཞེས་བྱ་བ་ལ་སོགས་པ་ཡང་དག་པ་གསུང་བ་ཞེས་བྱ་བ་ནི་ཡོད་པའི་དངོས་པོ་གནས་པ་བཞིན་གསུང་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཐོག་པར་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་བདེན་པ་གསུངས་པའོ། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་སྟོན་པར་མཛད་པའི་ཕྱིར་ཆོགས་གསུང་བའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་ཉིད་དང༌། དོན་དམ་པའི་བདེན་པ་ལ་དོན་དམ་པའི་བདེན་པ་ཉིད་དུ་འདོམས་པར་མཛད་པའི་ཕྱིར་དེ་ཁོ་ན་ཉིད་གསུང་བའོ། །ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་འགྱུར་བའི་ཕྱིར་ཕྱིན་ཅི་མ་ལོག་པར་གསུང་བའོ། །མངོན་པར་འདོད་པའི་དོན་སྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར་དོན་བཞད་པའོ། །སྡུག་བསྔལ་ལས་གྲོལ་བར་མཛད་པ་ཉིད་ཀྱི་ཕྱིར་ཕན་པར་བཞེད་པའོ། །ཐར་པའི་བདེ་བ་རྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་བདེ་བར་བཞེད་པའོ། །ཏིང་ངེ་འཛིན་གྱི་བདེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རེག་པར་བཞེན་པའོ། །ཡོན་ཏན་རྙེད་པ་ནི་གྲུབ་པ་ཡིན་ལ། རྙེད་པ་སྐྱོང་པར་བྱེད་པ་ནི་བདེ་བ་ཡིན་ཏེ་དེ་བཞེད་པ་ཉིད་ཀྱི་ཕྱིར་གྲུབ་པ་དང་བདེ་བར་བཞེད་པའོ། །ལམ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ལ་མཁོ་བའི་ལམ་ཡོངས་སུ་མཁྱེན་པ་ཉིད་ཀྱི་ཕྱིར་ལམ་མཁྱེན་པའོ། །རང་རིག་པ་ཉིད་ཀྱི་རྒྱུད་ལ་མངའ་བའི་ལམ་ཡོངས་སུ་མཁྱེན་པའི་ཕྱིར་ལམ་རིག་པའོ། །ཐམས་ཅད་ཀྱི་ཐོག་མར་ལམ་སྟོན་པ་ཉིད་ཀྱི་ཕྱིར་ལམ་སྟོན་པར་མཛད་པའོ། །རྒྱུད་གཞན་ལམ་ལ་རབ་ཏུ་འཛུད་པ་མཛད་པ་ཉིད་ཀྱི་ཕྱིར་ལམ་འཆད་པའོ། །ཡོངས་སུ་འདྲེན་པར་བྱེད་ཅིང་རབ་ཏུ་འདྲེན་པར་བྱེད་པའི་ཕྱིར་ཡོངས་སུ་འདྲེན་པ་ཡིན་ལ། ལམ་གྱི་ཡོངས་སུ་འདྲེན་པ་གང་ལ་མངའ་བ་དེ་ནི་ལམ་ཀུན་དུ་འདྲེན་པ་སྟེ། ལམ་བཤད་པའི་འདྲེན་པའི་སྒོ་ནས་གདུལ་
བྱའི་སྐྱེ་བོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ནི་ལམ་གྱི་འདྲེན་པའོ། །འཇིག་རྟེན་པ་ནི་མ་དད་པ་ཞེས་བྱ་བ་ནི་དད་པའི་ནོར་མེད་པའོ། །དབང་པོ་རྣམས་ཀྱི་བྲན་ཞེས་བྱ་བ་ནི་དབང་པོ་རྣམས་ཀྱི་དབང་དུ་འགྲོ་བ་སྟེ། དབང་པོའི་དབང་གིས་ཡུལ་རྣམས་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །མངོན་སུམ་གྱི་དུས་སུ་གྱུར་པའི་དངོས་པོ་ནི་དེའི་ཚེ་ཉིད་ཡིན་ལ། དེའི་ཚེ་ཉིད་དུ་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་མ་རིག་པ་སྟེ། འཇིག་རྟེན་ཕ་རོལ་གྱི་འབྲས་བུ་ལ་ལྟོས་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ལག་ཏུ་ཆུད་པ་ནི་ལག་པར་འོངས་པ་ཡིན་ལ་ལག་པར་འོངས་པ་ལ་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་ལག་པར་འོངས་པ་ལ་ལྟ་བ་ཅན་ཏེ། ལག་ཏུ་འོངས་པའི་དངོས་པོ་གང་ཡིན་པ་དེ་བརྟན་པོར་འཛིན་པར་བྱེད་ཀྱི། མ་འོངས་པའི་ངན་སོང་ལ་ལྟོས་པར་མི་བྱེད་དོ་ཞེས་བྱ་བའི་བར་དུའོ། །ཟད་པ་མང་ཞིང་ཞེས་བྱ་བ་ནི་དོན་དུ་མི་འགྱུར་པ་མང་བའོ། །བསགས་པ་ཆུང་བ་ཞེས་བྱ་བ་ནི་དོན་ཆུང་བ་སྟེ། །གང་གི་ཕྱིར་སྲོག་གཅོད་ལ་སོགས་པ་བྱས་ན་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་པ་སྟེ། སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམས་སུ་མྱོང་བར་འགྱུར་ལ་ཤ་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའི་བདེ་བ་ནི་ཆུང་བ་ཉིད་ཡིན་པའི་ཕྱིར་རོ། །སླ་བ་ནི་བདེ་བས་བསྒྲུབ་པར་བྱ་བ་སྟེ། ལུས་ལ་སོགས་པའི་ལེགས་པར་སྤྱོད་པ་ཡིན་ལ། དེ་མི་བྱེད་པའོ། །དཀའ་བ་སྟེ་ལུས་ལ་སོགས་པ་ཉེས་པར་སྤྱོད་པས་བདག་སྤྱོད་པར་ཞེས་བྱ་བ་ནི་གནོད་པར་བྱེད་པའོ། །དགའ་བོ་འོང་བས་ནི་ཆོག་གོ་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞིག་ཏུ་དགའ་བོ་ལ་འདི་ལྟ་བུའི་སེམས་སྐྱེ་བར་འགྱུར་ཏ། འདི་ལྟར་ལུང་གི་གཞུང་གི་ཚད་མང་བ་དེའི་ཕྱིར་དེ་ལ་ཤེས་རབ་ཀྱིས་ཉན་པ་དང༌། སེམས་པ་ལ་སོགས་པའི་བྱ་བ་བྱེད་པར ་མི་ནུས་སོ་སྙམ་པ་དེ་ལྟ་བུའི་བློ་སྐྱེ་བའི་ཕྱིར་ཆོག་གོ་ཞེས་པ་ཡིན་ཏེ། ལུང་གིས་ལུས་ལ་མངོན་པར་སྦྱོར་བར་བྱའོ། །ཤེས་རབ་ཀྱིས་ཆོག་གོ་ཞེས་བྱ་བ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའོ། །དངོས་པོ་གང་ཁོ་ན་ཤའི་མིག་གིས་མཐོང་བར་གྱུར་པ་དེ་ཁོ་ན་ཙམ་ལ་བརྟག་པར་བྱའི། དེ་ལ་ཕྱིན་ཅི་ལོག་གི་བློས་བདེ་བ་དང་གཙང་བ་
ལ་སོགས་པར་འགྱུར་བ་ནི་ཡོངས་སུ་བརྟག་པར་མི་བྱའོ། །དེ་ལས་ཀྱང་ཕན་ཡོན་དུ་འགྱུར་བ་གང་ཡིན་ཞེ་ན། དེའི་ཕྱིར་ཇི་ལྟར་མཐོང་བ་བརྟགས་པ་ཁོ་ན་ལས་ཐར་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གལ་ཏེ་དངོས་པོ་དེ་མཐོང་བའི་རྣམ་པ་དེ་ཁོ་ན་ཉིད་ཀྱིས་དཔྱོད་པ་ཉིད་དུ་ནུས་པར་འགྱུར་བ་དེའི་ཚེ་དེ་ཁོ་ན་ཡིད་ལ་བྱེད་པ་སྐྱེད་པའི་ཕྱིར་འཁོར་བ་ལས་ཐར་པར་འགྱུར་རོ། །དགའ་བོ་ཁྱོད་ང་ལ་དད་པའི་ཕྱིར་མ་འགྲོ་ཤིག་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་དེས་བརྗོད་པ་གང་ཡིན་པ་དེ་བདག་གིས་དད་པས་གཟུང་བར་བྱའོ་ཞེས་བྱ་བ་འདི་ནི་དད་པ་སྐྱེས་པ་ཡིན་ཏེ། དད་པའི་ཕྱིར་འགྲོ་བར་བྱེད་པའོ། །བཀའ་འདི་ལ་ཁོ་བོ་ཤིན་ཏུ་འདོད་དོ་ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་མོས་པའི་ཕྱིར་འགྲོ་བའོ། །འདི་ལུང་གིས་ཆེན་པོར་གྱུར་པ་དེའི་ཕྱིར་འདིའི་ལུང་གཞུང་བཞིན་དུ་འཇུག་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་བྱེད་པ་ནི་ཐོས་པའི་ཕྱིར་འགྲོ་བའོ། །སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པས་གཟུགས་ལ་ཡོངས་སུ་རྟོག་པའི་སྒོ་ནས། དེའི་གཞུང་ལ་རྗེས་སུ་ཐ་སྙད་བྱེད་པ་ནི་གཟུགས་ཡོངས་སུ་རྟོག་པའི་ཕྱིར་འགྲོ་བའོ། །འདིར་བཅོམ་ལྡན་འདས་དེ་མཐོང་བས་ཤིན་ཏུ་མོས་པ་ཞེས་བྱ་བའི་རྣམ་པ་འདིས་དཔྱད་ཅིང་རྟོག་པ་ཡིན་ལ། རྟོག་པ་དེ་ལ་བཟོད་པར་བྱེད་པ་ནི་བཟོད་པ་ཡིན་ཏེ། དེས་ཐ་སྙད་དུ་བྱེད་པ་ནི་མཐོང་བ་ལ་རྟོག་པའི་བཟོད་པའི་ཕྱིར་འགྲོ་བའོ། །དགེ་སློང་ཐམས་ཅད་ལ་འདི་བསྙེན་བཀུར་བྱ་བ་ཡིན་པའི་ཕྱིར་བཀའ་འདི་ནི་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་དགེ་སྦྱོང་ལ་གུས་པའི་ཕྱིར་འགྲོ་བའོ། །ཐམས་ཅད་ཀྱི་སྔོན་དུ་འདི་བདག་ཅག་གིས་སྟོན་པ་ཉིད་དུ་ཁས་བླངས་པ་ཡིན་པའི་ཕྱིར་བཀའ་འདི་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པ་འདིས་ཐ་སྙད་དུ་བྱེད་པ་ནི་བླ་མ་ལ་གུས་པའི་ཕྱིར་འགྲོ་བའོ། །གཅིག་པུ་ཞེས་བྱ་བ་འདིས་ནི་ལུས་ཀྱིས་བདེན་པ་བསྟན་པ་ཡིན་ལ་དབེན་ པར་སོང་བླ་ཞེས་བྱ་བ་སེམས ་བདེན་པའོ། །དོན་གྱི་ཡིད་དཔྱོད་པ་ནི་ སེམས་པའོ། །ཡོན་ཏན་དང་ཉེས་པའི་སྒོ་ནས་དཔྱོད་པར ་བྱེད་པ་ནི་འཇལ་བའོ། །ཕྱོགས་གཅིག་ཁོང་དུ་ཆུད་པ་ནི་ཉེ་བར་རྟོག་པའོ། །ཡང་ནས་
ཡང་སོ་སོར་རྟོག་པ་ནི་མང་དུ་བྱོས་ཤིག་པའོ། །མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་གྱུར་པའོ། །ཉེ་བར་བསྒྲུབ་པ་ཞེས་བྱ་བ་ནི་ཤེས་པས་ཡོངས་སུ་རྫོགས་པ་ཆེན་པོ་ཤེས་ཞེས་བྱ་བའི་ཐ་ཚིག་གོ །བདག་གི་གླིང་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་གྱི་རྒྱུ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་གླིང་ཡིན་ལ། སྡུག་བསྔལ་དངོས་ལས་ཡོངས་སུ་སྲུང་བར་བྱེད་པའི་ཕྱིར་སྐྱབས་ཡིན་ནོ། །བདག་ཉིད་གླིང་དང་སྐྱབས་གང་ཡིན་པ་དེ་ནི་བདག་ཉིད་གླིང་དང་བདག་ཉིད་སྐྱབས་སོ། །ཆོས་ནི་དོན་དམ་པའི་ཆོས་སམ་བསྟན་པའི་ཆོས་ཡིན་ཏེ། དེའི་གླིང་དང་སྐྱབས་གང་ཡིན་པ་དེ་ནི་ཆོས་ཀྱི་གླིང་དང་ཆོས་ཀྱི་སྐྱབས་སོ། །གླིང་ཡང་གཞན་མ་ཡིན་ལ་སྐྱབས་ཀྱང་གཞན་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་གཞན་ལ་རག་ལས་པའི་གནས་སྐབས་ལས་ལྡོག་པར་སྟོན་པར་བྱེད་པ་ཡིན་ཏེ། གཞན་ལ་རག་ལས་པས་གནས་པར་མི་བྱའི་འོན་ཀྱང་བདག་ཉིད་ཀྱིས་ལས་སུ་བྱ་བ་ཡིན་ནོ། །དེ་སྐད་དུ་ཡང་དགེ་སློང་དག་དགོན་པའི་ཤིང་དྲུང་འདི་ན་ཞེས་བྱ་བ་ནས་དགེ་སློང་དག་བག་མེད་པར་མ་གྱུར་པར་བསམ་གཏན་གྱིས་ཤིག །ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་འདོམས་པར་བྱེད་དོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ནང་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཞེས་བྱ་སྟེ། རང་གི་ལུས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་མི་གཙང་བའི་ཚོགས་ཀྱི་རྗེས་སུ་ལྟ་བ་ཡིན་ཏེ། དེ་ལྟར་ཡང་ལུས་འདི་ལ་སྐྲ་དང་བ་སྤུ་དང་ཞེས་བྱ་བ་ནས་ཀླད་པ་དང་ཀླད་རྒྱས་འཛག་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །སོ་སོར་རྟོག་པ་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྟོག་པའོ། །བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་ཀུན་ནས་གདུང་བར་བྱེད་པས་ན། གདུང་བ་སྟེ་བརྩོན་འགྲུས་དེ་རྩོམ་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་དྲན་པ་དང་འབྱོར་བར་གྱུར་པའོ། །ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པར་གྱུར་པའོ། །ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་རེངས་ པར་བྱས་པ་སྟེ། དུས་གཞན་གྱི་ཚེ་ཀུན་དུ་རྒྱུ་བར་འགྱུར་བའི་ཕྱིར་རོ། །བརྣབ་སེམས ་ཞེས་བྱ་བ་ནི་གཞན་གྱི་རྫས་ཀྱི་ཡུལ་ལ་སྨོན་པའི་
མཚན་ཉིད་ཅན་ཡིན་ལ། དོན་མ་ཐོབ་པའི་སྔ་རོལ་གྱི་སེམས་ཡོངས་སུ་གདུང་བ་ནི་ཡིད་མི་བདེ་བ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ཞེས་བྱ་བ་ཟིལ་གྱིས་གནོན་པའོ། །ཡུལ་གང་ལ་ཞེ་ན། སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ལའོ། །ཕྱིའི་ལུས་ལ་ཞེས་བྱ་བ་ནི་ཕ་རོལ་པོའི་རྒྱུད་དུ་གྱུར་པའོ། །ཕྱི་ནང་གི་ལུས་ལ་ཞེས་བྱ་བ་ནི་རང་དང་གཞན་གྱི་རྒྱུད་དང་གཅིག་པ་འབྲེལ་པར་གྱུར་པའོ། །ཀུན་འབྱུང་གི་ཆོས་ལ་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་འདི་ལ་ཀུན་འབྱུང་ཞེས་བྱ་བ་སྟེ། འདི་ལས་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཟད་པའི་ཆོས་ལ་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་ལུས་འདི་གདོན་མི་ཟ་བར་འཇིག་པར་འགྱུར་བའོ་ཞེས་དཔྱོད་པར་བྱེད་པའོ། །ལུས་མི་གཙང་བའི་ཚོགས་ཀྱི་བདག་ཉིད་ཅན་ཡིན་ཞིང་ནང་ན་བྱེད་པའི་སྐྱེས་བུས་སྟོང་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་དྲན་པ་སྐྱེད་པར་འཇོག་པ་ཅན་ནི་ལེགས་པར་སོ་སོར་འཇོག་པར་གྱུར་པའོ། །ཇི་ལྟར་ཉེ་བར་འཇོག་པར་འགྱུར་ཞེ་ན། གང་ཁོ་ན་ལ་ཤེས་པ་ཙམ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ངེས་པ་འཛིན་པའི་ཕྱིར་ཤེས་པ་ཡིན་ལ། མངོན་སུམ་དུ་འཛིན་པའི་ཕྱིར་མཐོང་བ་ཙམ་ཡིན་ཞིང་སོ་སོར་ཐ་དད་པར་རམ་ཁྱད་པར་དུ་དྲན་པའི་ཕྱིར་སོ་སོར་དྲན་པ་ཙམ་མོ། །མི་གནས་པ་ཞེས་བྱ་བ་ནི་ཆགས་པ་མེད་པར་རོ། །འཇིག་རྟེན་ཅུང་ཞིག་ཀྱང་མི་ལེན་ཏོ་ཞེས་བྱ་བ་ནི་དངོས་པོའི་རིགས་ཅུང་ཟད་ཙམ་ལ་ཡང་བདག་ཉིད་དུ་འཛིན་པར་མི་བྱེད་པའོ། །ཚོལ་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ཡང་དེ་བཞིན་ནོ། །ཆོས་རྣམས་ལ་རྗེས་སུ་ལྟ་ཞིང་ཞས་བྱ་བ་ནི་འདི་ནི་ཆོས་ཙམ་ཁོ་ན་ཡིན་གྱི་འདི་ལ་བདག་དང་བདག་གི་ཡོད་པ་ནི་མ་ཡིན་ནོ་ཞེའོ། །གཡོ་མེད་པ་ནི་སེམས་ཀྱི་ཀུན་དུ་སྤྱོད་པས་སེམས་ཀྱི་ཀུན་དུ་སྤྱོད་པ་གསལ་བའོ། །སྒྱུ་མེད་པ་ནི་གཞན་སླར་བར་མི་བྱེད་པའོ། །ཚིག་ཐམས་ཅད་ལ་ཡིད་ཆེས་པ་དྲང་པོ་དང་རང་བཞིན་ཅན་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་དུ་དྲང་བ་ལ་བྱའི་ཕྱོགས་གཅིག་གིས་ནི་མ་ཡིན་ནོ། །ཤེས་པ་བརྡ་སྤྲོད་པར་འགྱུར་རོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་དུ་ལུང་བསྟན་པའོ། །ངའི་ལེགས་པར་གསུངས་པའི་ཆོས་ནི་ཞེས་བྱ་བ་ལ་འཕགས་པའི་
བདེན་པ་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཡིན་ལ། དེ་ནི་དེའི་ལེགས་པར་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཡང་དག་པར་མཐོང་བ་ལ་ཕན་པ་ཞེས་བྱ་བ་ཡང་དག་པར་མཐོང་བར་བྱེད་པས་ན་ཡང་དག་པར་མཐོང་བ་སྟེ། ཟག་པ་མེད་པའི་བློ་དེས་དཔྱོད་པ་ཡིན་ལ། ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་མཐོང་བའི་ལམ་གྱི་ཚེ་བཅོམ་ལྡན་འདས་ཀྱི་བདེན་པ་བཞིའི་རང་བཞིན་ཅན་གྱི་ཆོས་མཐོང་བར་བྱེད་པ་ཡིན་པའི་ཕྱིར་ཡང་དག་པ་མཐོང་བ་ལ་ཕན་པ་སྟེ། སླུ་བར་བྱེད་པ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ།། ནད་མེད་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ནད་གདུང་བར་བྱེད་པའི་རང་བཞིན་ཅན་ལས་རྣམ་པར་གྲོལ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་མཚན་ཉིད་ཅན་ནོ། །དུས་ཀུན་དུ་ཞེས་བྱ་བ་ནི་འདིའི་རྩོམ་པ་དང་མཐར་ཕྱིན་པའི་དུས་མཚུངས་པའོ། །དེ་ལྟར་ཡང་གང་ཁོ་ན་ལ་སྡུག་བསྔལ་ལ་དམིགས་པའི་ལམ་སྐྱེས་པར་ཉིད་དུ་ཀུན་འབྱུང་དང༌། འགོག་ཉོན་མོངས་པ་སྤངས་པར་གྱུར་ལ། གང་ཁོ་ན་ལ་ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་དམིགས་པའི་ལམ་སྐྱེས་པར་གྱུར་པ་དེ་ཉིད་དུ་ཀུན་འབྱུང་དང༌། འགོག་པ་དང། ལམ་མཐོང་བས་སྤང་པར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་ལམ་ལ་རྩོམ་པ་དང་འབྲས་བུ་མཐར་ཕྱིན་པའི་དུས་མཚུངས་པ་ཡིན་ནོ། །གོ་བར་སླ་བ་ཞེས་བྱ་བ་ནི་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཐོབ་པར་བྱེད་པ་སྟེ། འཕགས་པའི་བདེན་པ་བཞི་དག་སྟོན་པར་མཛད་པས་ན་བཅོམ་ལྡན་འདས་ཡིན་ལ། དེ་ལས་བྱུང་བ་ནི་གོ་བར་བླ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ལམ་གྱི་རང་བཞིན་ཡིན་ཏེ། དེ་ལྟར་ཡང་གང་གི་ཚེ་ལམ་སྐྱེས་པར་གྱུར་པ་དེའི་ཚེ་འཕགས་པའི་བདེན་པ་བཞི་ལ་ཐེ་ཚོམ་མེད་པར་གྱུར་ཏོ། །ལྟོས་ཤིག་ཅེས་བྱ་བ་ནི་ཚུར་ཤོག་འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་ལྟོས་ཤིག་ཅེས་འཕགས་པའི་ལམ་གྱི་སྐལ་བ་དང་ལྡན་པའི་ཕྱིར་འགྲོ་བ་ལ་ཚུར་ཤོག་ལྟོས་ཤིག་ཅེས་སྟོན་པ་འཕགས་པའི་ལམ་ལས་སྐྱེས་པ་དེ་ཁོ་ན་ཉིད་ལ་བར་ཆད་མེད་ཅེས་བྱ་བའི་ཐ་ཚིག་གོ །མཁས་པས་སོ་སོར་རང་གིས་རིག་པ་ཞེས་བྱ་བ་ལ་མཁས་
བ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོར་ཐོབ་པའི་མཁས་པས་སོ་སོ་ཐ་དད་པའི་རང་གི་ སེམས་ཀྱིས་རྣམ་པར ་ཤེས་པ་ཡིན་ཞིང་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བཏུང་བའི་སྙིང་པོ་ཞེས་བྱ་བ་ལ་སྙིང་པོ་ནི་མཆོག་སྟེ་དྲི་མ་དང་བྲལ་བ་ཡིན་ལ། སྙིང་པོ་ཡང་དེ་ཡིན་ལ་བཏུང་བ་ཡང་ཡིན་པས་ན་བཏུང་བའི་སྙིང་པོ་སྟེ། སྙིང་པོ་ཉིད་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཡིན་པའམ། སྙིང་པོ་འམ་བཅུད་ཀྱིས་ལེན་ནམ་བདུད་རྩི་དང་འདྲ་བར་བཏུང་བར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །གསུང་རབ་ཅེས་བྱ་བ་ནི་བཀར་གཏོགས་པ་ཡན་ལག་བཅུ་གཉིས་པའོ། །ཇི་ལྟར་བཏུང་བའི་སྙིང་པོ་ཡིན་ཞེ་ན། འདི་ལྟ་སྟེ། སྟོན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ནི་མངོན་སུམ་དུ་གྱུར་པ་སྟེ། མཐོང་བའི་ཡུལ་དུ་གྱུར་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །ཅི་འདྲ་བས་ཞེས་བྱ་བ་ནི་ཉེ་བར་ཞི་བར་བྱེད་པ་ཞེས་བྱ་བ་སྨོས་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །ཡོངས་སུ་མྱ་ངན་ལས་འདས་པར་བྱེད་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་རོ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་འཕགས་པའི་ལམ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །བདེ་བར་གཤེགས་པས་གསུངས་པ་ནི་སངས་རྒྱས་ཀྱིས་བསྟན་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་རྒྱུ་དེ་ཁོ་ན་ཉིད་ཀྱི་ཕྱིར་དེའི་ཆེད་དུ་བསླང་བར་བྱའོ་ཞེས་བྱ་བར་རྗེས་སུ་སྦྱར་བར་བྱའོ། །རང་གི་དོན་གྱི་རྗེས་སུ་ལྟོས་ལ་ཞེས་བྱ་བ་ལ་བདག་གི་དོན་འདི་ནི་ནམ་ཞིག་བདག་རབ་ཏུ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གང་རྗོད་པར་བྱེད་པའོ། །གདོན་མི་ཟ་བར་འགྱུར་ཞེས་བྱ་བ་ནི་འབྲས་བུ་མེད་པ་མ་ཡིན་པ་སྟེ། ཇི་ལྟར་ཁས་བླངས་པ་བཞིན་དུ་རྗེས་སུ་སྒྲུབ་པའི་ཕྱིར་རོ། །འབྲས་བུ་དང་བཅས་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པའི་ཕྱིར་རོ། །བདེ་བར་འབྱུང་བ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་བསམ་གཏན་གྱི་འབྲས་བུ་ཐོབ་པའི་ཕྱིར་རོ། །བདེ་བའི་རྣམ་པར་སྨིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་
སྨིན་པའི་བདེ་བ་ཐོབ་པའི་ཕྱིར་རོ། །ཇི་ལྟར་གཞན་གྱི་དོན་དུ་འགྱུར་བ་ཡིན་ཞེ་ན། གང་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཏོང་བ་པོ་དང་སྦྱིན་བདག་གིའོ་།ཀུན་དུ་ལོངས་སྤྱད་པར་བྱ་བ་ནི་ཉེ་བར་ལོངས་སྤྱད་པར་བྱ་བའོ། །གང་ཡོངས་སུ་ལོངས་སྤྱད་པར་བྱ་བ་དག་གང་ཡིན་ཞེ་ན། ཆོས་གོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལ་མཆོད་པ་བྱས་ན་ཞེས་བྱ་བ་ནི་མཆོད་པའི་རྣམ་པའམ་གཏོང་བའི་ཆོས་ཀྱིས་སོ། །འཚོ་བ་ཕུན་སུམ་ཚོགས་པ་འཛིན་པའི་ཕྱིར་འབྲས་བུ་ཆེན་པོར་འགྱུར་བའོ། །ནོར་ལ་སོགས་པ་ཡོ་བྱད་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་ཕན་ཡོན་ཆེན་པོའོ། །ནད་མེད་པ་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་སྣང་བ་ཆེན་པོའོ། །སྡུག་བསྔལ་དང་ཕྲད་པ་ཕུན་སུམ་ཚོགས་པ་འབྱིན་པའི་ཕྱིར་རྒྱ་ཆེན་པོའོ། །དེ་ལྟར་དགའ་བོ་ཁྱོད་ཀྱིས་སློབས་ཤིག་ཅེས་བྱ་བ་ནི་ཤེས་ནས་བསྒྲུབ་པར་བྱ་བའོ། །ཐོབ་མར་ཆགས་པ་ནི་དགའ་བའོ། །རྒྱུན་གྱིས་ཆགས་པ་ནི་མངོན་པར་དགའ་བའོ། །མྱ་ངན་ནི་ནང་གི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་དག་གི་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་ཡིད་ཀྱི་སྡུག་བསྔལ་བའོ། །འཁྲུག་པ་ནི་རྣ་བ་བཅད་པ་ལ་སོགས་པ་ལས་སྐྱེས་པའི་ལུས་ཅན་གྱི་གདུང་བའོ། །སྐད་ཅིག་མས་འཇིག་པའི་སྒོ་ནས་ཡོངས་སུ་འགྱུར་བའོ། །རྒྱུན་ཆད་པའི་སྒོ་ནས་རྣམ་པ་གཞན་དུ་འགྱུར་བའི་ཕྱིར་བདག་གིའོ་ཞེས་ཁས་ལེན་པ་ཞེས་བྱ་བ་ནི་བདག་གི་ཉིད་དུ་འཛིན་པར་འགྱུར་བའོ། །རྣམ་པ་གནག་གི་ཞེ་ན། དེའི་ནི་ངའི་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ནི་གཟུགས་ལ་སོགས་པའི་དངོས་པོ་ཡིན་ལ། ངའི་ཞེས་བྱ་བ་ནི་བདག་གིས་སྟོན་པར་བྱེད་པའོ། །དེ་ལྟར་ན་བདག་གང་ཡིན་ཞེ་ན། དེའི་ཕྱིར་འདི་ནི་བདག་གོ་སྨོས་པ་ཡིན་ཏེ། འདི་ནི་བདག་ཡིན་ལ། བདག་ཅེས་བྱ་བ་དེ་ནི་བདག་ཉིད་སྟོན་པར་བྱེད་པའོ། །འདི་ནི་ངའི་བདག་གོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཆོས་གཞན་ལ་བདག་ཉིད་དུ་འཛིན་པར་བྱེད་པ་སྟེ། འདི་ཡང་བདག་སྟོན་པར་བྱེད་པའོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ། །ཐོས་པ་དང་ལྡན་པ་ཞེས་བྱ་བ་ནི་ལུང་དང་ལྡན་པའོ། །འཕགས་པའི་ཉན་ཐོས་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་དང་ལྡན་པའོ། །སྐྱོ་བ་ཞེས་བྱ་བ་ནི་རྒྱབ་
ཀྱིས་ཕྱོགས་པར་འགྱུར་བའོ། །ཉོན་མོངས་པར་གྱུར་པ་སྤྱད་པའི་ཕྱིར་མི་ཆགས་པའོ། །བྲལ་བར་གྱུར་པ་སྐྱེད་པའི་ཕྱིར་རྣམ་པར་གྲོལ་བའོ། །ཡེ་ཤེས་ནི་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སོ། །མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་འདིས་ནི་སྲིད་པར་སྐྱེ་བཟད་པ་བསྟན་ཏོ། །ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་ནི་རྒྱུད་ལ་འཇོག་པ་ནི་སྤྱོད་པ་སྤྱད་པ་སྟེ་གང་གི་ཚེ་ཉོན་མོངས་པ་ཡང་འབྱུང་བར་འགྱུར་བ་སྤངས་པ་དེའི་ཚེ་ཚངས་པ་སྟེ། ལམ་གྱི་མིང་ཅན་རྒྱུད་ལ་གནས་པར་གྱུར་པའོ། །དེའི་ཕྱིར་འདིས་ནི་ཉོན་མོངས་པ་རྣམས་ཡང་མི་འབྱུང་བར་སྤངས་པ་བསྟན་པ་ཡིན་ནོ། །བྱ་བ་བྱས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་དང་སྐྱེ་བ་སྤངས་པ་ནི་བྱ་བ་ཡིན་ལ་དེས་བྱས་པའོ། །འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་འདི་ནི་གང་གིས་སྲིད་པར་སྐྱེ་བར་འགྱུར་བའི་ལས་ཀྱི་སྲིད་པ་དེ་ནི་བདག་གིས་མི་ཤེས་སོ། །ཞེས་ལས་ཀྱི་སྲིད་པ་བཀག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་དོན་གཅིག་ལ་རྗོད་པར་བྱེད་པའི་སྒྲ་ཕན་ཚུན་ལྟོས་པ་དུ་མ་ནི་རྣམ་གྲངས་ཞེས་བྱ་སྟེ། གཅིག་ལ་ནི་གོ་རིམས་བཞིན་དུ་དུ་མའི་སྒོ་ནས་རྗོད་པར་བྱེད་པའི་ཕྱིར་རོ། །རྡུལ་མེད་པ་ནི་གསལ་པོར་སྣང་བ་ཉིད་ཀྱི་ཕྱིར་རོ། །དྲི་མ་དང་བྲལ་པ་ནི་ཟག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་ཏེ་འཕགས་པའི་བདེན་པ་བཞི་པོ་དག་ལའོ། །ཆོས་ཀྱི་མིག་གིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་གིས་སོ། །ཉེ་བར་ལེན་པ་མེད་ཅིང་ཞེས་བྱ་བ་འདིས་ནི་ལྷག་མ་མེད་པར་སྤངས་པ་བསྟན་ཏོ་།གཞན་ཡང་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ནི་མདོར་གསུངས་པའི་དོན་དང་རྗེས་སུ་མཐུན་པའི་དོན་ཚིགས་སུ་བཅད་པར་སྦྱར་བའི་སྒོ་ནས་བཀའ་སྩལ་པའོ། །ཕུང་པོ་ནི་ཉོན་མོངས་པའི་ཕུང་པོ་ལ་སོགས་པའོ། །དག་པ་ནི་ཟག་པ་མེད་པའོ། །རྣལ་འབྱོར་ནི་ སེམས་མཉམ་པར ་གཞག་པའོ། །སྐྱེ་བ་ནི་རབ་ཏུ་འབྱུང་བར་འགྱུར་བའོ། །འཇིག་པ་ནི་ཉམས་པར་འགྱུར་བའོ། །དག་པ་རྙེད་པར་གྱུར་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་མིང་ཅན་གྱི་དག་པ་གང་གི་ཚེ་ཐོབ་པར་གྱུར་པའོ། །ཡོངས་སུ་སྤོངས་ཤིག་ཅེས་བྱ་བ་ནི་སྐྱེ་བོ་སྡུག་པ་དང་འགྲོགས་པ་དང༌། རྙེད་པ་ལ་སོགས་པའོ། །
ཚོགས་ནི་མཚམས་སོ། །ལྕུག་མ་ལས་བྱས་པའི་ཕྱི་རོལ་ལྕི་བ་དང་སས་ཞལ་ཞལ་བྱས་པའི་རིམ་པ་གཅིག་པ་དང༌། ཉིས་རྩེག་གམ་སུམ་རྩེག་ཅན་འབྲས་ལ་སོགས་པ་གཞུག་པའི་གནས་ནི་སྐོན་པའོ། །མྱ་ངན་ལས་འདས་པ་ཐོབ་པའི་ཆེད་ཀྱི་བྱ་བ་དེ་དག་ཐམས་ཅད་ལ་ཤིན་ཏུ་མཐར་ཐུག་པར་གྱུར་པ་ཡིན་པའི་ཕྱིར་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པའོ། །ཡོན་ཏན་མ་རྙེད་པ་ཐོབ་པ་ནི་གྲུབ་པ་ཡིན་ལ། རྙེད་པ་ཡོངས་སུ་སྐྱོང་བར་བྱེད་པ་ནི་བདེ་བ་སྟེ། འཁོར་བ་ཇི་སྲིད་དུ་མ་རྙེད་པའི་མྱ་ངན་ལས་འདས་པ་རྙེད་ནས་རྙེད་པ་ཡང་མི་འདོར་བའི་ཕྱིར་ཁྱད་པར་དུ་འཕགས་པ་སྟེ། གྲུབ་པ་དང་བདེ་བ་གཅིག་པའོ། །སྦས་ཤིང་བསྲུངས་པའི་སྒོ་གང་ཡིན་པ་དེ་ནི་སྒོ་སྦས་པ་ཡིན་ལ། དབང་པོ་དག་གི་སྒོ་སྦས་པ་ནི་དབང་པོའི་སྒོ་སྦས་པ་སྟེ། མིག་ལ་སོགས་པའི་དབང་པོའི་སྒོ་ནས་ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ཡང་མི་བྱེད་པ་གང་ཡིན་པ་དེ་ནི་འདིར་དབང་པོའི་སྒོ་སྦས་པ་ཡིན་ནོ། །ཉོན་མོངས་པའི་འཆིང་བ་རྣམ་པར་གྲོལ་བའི་དགའ་བ་གང་ཡིན་པ་དང༌། ཟག་པ་མེད་པའི་བདེ་བ་གང་ཡིན་པ་དེ་སོ་སོར་མྱོང་བར་བྱེད་པའི་ངང་ཚུལ་ཅན་དེ་ནི་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་བའོ། །ལྡོང་རོས་ཞེས་བྱ་བ་ནི་འདིར་གུར་ཀུམ་གྱི་མིང་གི་རྣམ་གྲངས་ཡིན་པའམ། དྲི་བཟང་པོའི་རྫས་སྣ་ཚོགས་སྦྱར་བ་ཡིན་གྱི། ལྡོང་རོས་ནི་མ་ཡིན་ཏེ། དྲི་ཡིད་དུ་འོང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྡོང་བུ་ནི་འབྲས་བུའི་རྣམ་པའོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་དང་པོ་ལ་སོགས་པ་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དེ། གཟུགས་ཅན་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ཞེས་བྱ་བ་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་ནི་གསུམ་པའོ། །གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་བརྒྱད་དོ། །ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་
ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ཅིང་དཔྱོད་པ་འང་མེད་པའི་ཏིང་ངེ་འཛིན་ཏོ། །སྙོམས་པར་འཇུག་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། བསམ་གཏན་དང་པོ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་དུའོ། །དྲིའི་ལག་རིས་ནི་དཔུང་རྒྱན་གྱི་རྣམ་པ་ལྟ་བུས་བྲིས་པའོ། །འཇམ་རྩི་བྱོས་ཤིག་ཅེས་བྱ་བ་ནི་མས་གཏོང་བ་དང༌། འཇམ་རྩི་གྱིས་ཤིག་པའོ། །སྒོ་སྟེང་གི་སྟེང་གི་ཁང་པ་ལས་ཁང་པ་གཅིག་པའམ་གཉིས་རྩེག་གཅིག་གིས་ཤིན་ཏུ་མཐོ་བ་རླུང་འཇུག་པ་དང་འབྱུང་བ་དང་ལྡན་པའི་ཁང་པ་ལ་སྒོ་ཁང་ཞེས་བྱའོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ལས་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་གཉིས་པའོ།། །།བམ་པོ་བདུན་པ། ཚལ་བུའི་སྣས་ནོན་པར་མ་གྱུར་པའི་ཕྱོགས་ནི་གླེགས་བུ་ཡིན་ཏེ། གླེགས་བུ་གླེགས་བུ་དང༌། གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པོར་བྱའོ། །མཐེ་བོང་དང་ཉེ་བར་གྱུར་པ་མཛུབ་མོ་གང་ཡིན་པ་དེའི་དབུས་མའི་ཚིགས་གང་ཡིན་པ་དེའི་ཚིགས་ཀྱི་ལོགས་གང་ཡིན་པ་དེའི་སྟེང་དུ་མཐེ་བོའི་ཚིགས་བཞག་པར་གྱུར་པ་ལས་མཐོར་གྲུབ་པ་གང་ཡིན་པ་དེ་ལ་འདིར་བྱ་རོག་གི་མཐོ་ཉིད་དུ་བརྗོད་པ་ཡིན་ལ་བྱ་རོག་གི་རྐང་པ་དང་འདྲ་པའི་སྒོ་ནས་འདི་ལ་ཡང་སོར་བཞི་ཁོ་ནའི་ཚད་དུ་རྣམ་པ་གཞན་གྱི་སྒོ་ནས་བསྒྲུབས་པ་ཡིན་ནོ། །རྩེ་མོ་རྣོན་པོ་ཞེས་བྱ་བ་ནི་བསེགས་ཁར་བཅད་པས་རྣོན་པོར་གྱུར་པའོ། །དྲི་མ་ཅན་དུ་གྱུར་པ་ཞེས་བྱ་བ་ནི་རྔུལ་གྱིས་ཁྱབ་པར་གྱུར་པའོ། །རྙིངས་པ་ནི་དུས་མང་པོ་ཅན་ནོ། །སྲབས་པ་ནི་ཤིན་ཏུ་དེངས་པར་གྱུར་པའོ། །གསོར་མི་རུང་བ་ནི་བཙེམས་པ་ལ་སོགས་པའི་སྒོ་ནས་བཅོས་པར་མི་ནུས་པའི་ཕྱིར་རོ། །ཚལ་བུ་ཚལ་བུ་ཞེས་བྱ་བ་ནི་དུམ་བུ་དུམ་བུར་ཏེ་སྲོག་ཤིང་ལ་གདགས་སུ་རུང་བའོ། །སྤུ་ཅན་ནི་གོས་གཅིག་པུ་སྤུས་ཁེབས་པ་སྟེ་པར་ཏང་ངོ༌། །རལ་བ་བཙེམས་པ་ནི་གོས་ཀྱི་དབུས་ཟད་པར་གྱུར་པ་མཐའ་གཉིས་དཀྱིལ་ཉིད་དུ་བྱེད་པའོ། །གཏུན་ནི་རྫས་བཏགས་སུ་རུང་བའི་རྡོའི་ཁྱད་པར་རོ། །རྩྭའི་ཁང་པ་ལས་ཕྱི་རོལ་དུ་རིམ་པ་གཉིས་པའམ་རིམ་པ་གསུམ་པའི་བྲང་ཁང་གི་ཚོགས་ལ་ཁང་པ་འཁོར་དང་བཅས་པ་ཞེས་བྱའོ། །
རྒྱབ་རིངས་ཞེས་བྱ་བ་ནི་འདིར་སྤྲུལ་གྱི་དོན་དང་རྗེས་སུ་མཐུན་པའི་མིང་ངོ༌། །མེ་མར་གྱི་བྱ་བ་གང་གིས་གྲུབ་པར་འགྱུར་པ་དེ་ནི་མེ་མར་གྱི་འོད་ཁང་ངོ༌། །སྔ་ཁང་ནི་ཕྱོགས་གཅིག་མ་གཏོགས་པར་ལྷག་མ་ཡོངས་སུ་བསྐོར་བའོ། །སྟན་དང་མཉམ་པར་ཞེས་བྱ་བ་ནི་ཁྲེའུ་ལ་སོགས་པ་སྟན་གྱི་སྟེང་གི་ཆ་མཉམ་པར་རོ། །མཚན་མ་ཐོབ་ཤིག་ཅེས་བྱ་བ་ནི་དེའི་རིགས་ཅན་ཁོ་ནའི་ཚོན་གྱིས་ཆོས་གོས་ལ་བྲིས་ཤིང་མཚན་མར་བྱས་པའོ། །རིལ་ཆུང་ཞེས་བྱ་བ་ནི་རིལ་བ་ཆུང་ངུ་ཆུས་ཡོངས་སུ་བཀང་བ་སྐེ་བ་ལ་སྐུད་པས་བཏགས་པ་རྣ་བ་ལ་དཔྱངས་པ་ན། གང་གི་ཚེ་གཉིད་ལོག་པར་གྱུར་པ་རབ་ཏུ་གཡོ་བར་གྱུར་པ་དེའི་ཚེ་ཡོངས་སུ་བོ་བ་གདོང་ལ་བབས་པ་དེས་གཉིད་སད་པར་འགྱུར་རོ། །བྱད་བུའི་རྣམ་པ་ཅན་དུ་ཤིང་བཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ་ཡང་རྣལ་འབྱོར་གྱི་དུས་སུ་སྐུད་པས་རྣ་བ་ལ་དཔྱངས་པའམ། མགོ་བོ་ལ་བཞག་ན་རབ་ཏུ་གཡོ་བའི་ཚེ་དེས་ཀྱང་ཡན་ལག་གི་ཚོགས་ལ་ཕོག་པ་ལས་གཉིད་སངས་པའི་ཐབས་ཡིན་ནོ། །ཕོ་ལོང་ནི་སྐུད་པའི་ཚོགས་ཟླུམ་པོར་བྱས་པ་དེས་གཉིད་བསལ་བའི་ཕན་ཚུན་འཕེན་ པར་བྱེད་པའོ། །བརྩོན་པ་ནི་སེམས ་ཀྱི་འབད་རྩོལ་ལོ། །སྒྲུབ་པ་ནི་ལུས་ཀྱི་སྒོ་ནས་བྱ་བ་བྱེད་པའོ། །རྩོལ་བས་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་མཐར་ཕྱིན་ཕར་བྱེད་པས་སོ། །སྤྱོད་ལམ་ནི་སྐྱིལ་མོ་ཀྲུང་གིས་འདུག་པ་ལ་སོགས་པའོ། །སྤྱོད་པ་ནི་སྤྱོད་ཡུལ་དུ་འགྲོ་བ་ལ་སོགས་པའོ། །གང་ལ་ནན་ཏན་དུ་བྱེད་པ་ཞེ་ན། བསླབ་པ་རྣམས་ལ་གུས་པར་བྱེད་པ་ཉིད་དོ། །གྲོང་གི་སྐྱེ་བོ་མང་པོ་རྣམས་ཀྱིས་ཞེས་བྱ་བ་ནི་གྲོང་གི་དབང་བྱེད་རྣམས་ཀྱིས་སོ། །གཏམ་ནི་གང་གི་རྣམ་པར་གྱུར་པའོ། །མཚན་མ་ཞེས་བྱ་བ་ནི་ལུས་རྣམ་པར་འགྱུར་པའི་ཆོས་ཅན་ནོ། །ཀུན་དགའ་ར་བའི་ནང་ན་ཞེས་བྱ་བ་ལ་ནང་གི་སྒྲ་འདི་ནི་འདིར་དབུས་རྗོད་པར་བྱེད་པ་ཡིན་ནོ། །སྤོངས་ཤིག་ཅེས་བྱ་བ་ནི་དོར་ཞིང་བསལ་བའམ། མངག་པར་བྱེད་པའོ། །རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ནི་འདིར་རང་གི་ངོ་བོ་ཡིན་པར་རིག་པར་བྱ་བ་ཡིན་ལ། རྟགས་ནི་རང་གི་ངོ་བོ་ལ་མི་འཁྲུལ་པའི་མཚོན་པར་བྱེད་པ་ཡིན་ཞིང༌། མཚན་མ་ནི་རང་གི་ངོ་བོ་ཁོང་དུ་ཆུད་པར་བྱེད་
པའི་རྒྱུ་ཡིན་པར་བསྟན་ཏོ། །ཡུལ་མ་ཡིན་པ་ནི་ཁོང་དུ་ཆུད་པར་མི་འགྱུར་བའོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་གིས་འདུ་གནས་སོ། །ལུས་དྲང་པོ་ཞེས་བྱ་བ་ནི་དྲང་པོར་བྱས་ནས་སོ། །བསྲང་བ་ནི་ལུས་ཀྱི་རྐེད་པའི་ཕྱོགས་ནས་བརྩམས་ནས་ལུས་དྲང་པོར་བྱེད་པའོ། །དྲན་བ་མངོན་དུ་ཞེས་བྱ་བ་ནི་བཞིན་ལ་སོ་སོར་གཏད་པས་ན་དྲན་པ་མངོན་དུའོ། །རྣལ་འབྱོར་ཞེས་བྱ་བ་ནི་མིག་དྲང་པོར་ལྟ་བས་ཞུགས་པ་ནི་བསམ་གཏན་བྱེད་པ་ཡིན་ནོ་ཞེས་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡོད་དོ། མིག་སྣའི་རྩེ་མོ་ལ་གཏད་པ་ན་དྲན་པ་ཡང་བསྒོམ་པར་བྱ་བ་དོན་དེ་ཁོ་ན་ཉིད་ལ་བཞག་པ་ཉིད་ཡིན་པ་དེའི་ཕྱིར་འདིས་ནི་བརྩོན་འགྲུས་པ་བརྩམས་པའི་རྒྱུ་མཚན་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁའི་དྲི་མ་དག་པར་བྱ་བའི་ཕྱིར་སོ་ཤིང་དོར་བར་བྱའོ་ཞེས་གསུངས་པ་ལ། དོར་བ་ཡང་ཁའི་དྲི་མ་སྦྱངས་ནས་ཤིང་གི་དུམ་བུ་ཡོངས་སུ་དོར་བར་བྱའོ། །མིག་ལ་ཕན་པ་ནི་མིག་ལ་ཕན་འདོགས་པར་བྱེད་པའོ། །སྐྱེ་བོ་མང་པོ་འདུས་པའི་གནས་ནི་འདིར་མི་དབེན་པའོ། །འཁུམས་པར་གྱུར་པ་ནི་རྣམ་པར་ཞུམ་སྟེ། ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ཞེས་བྱ་བ་ནི་མང་པོས་སོ། །བསོད་ནམས་བརྒྱའི་ཚད་ཀྱང་གང་ཞེ་ན། སྨྲས་པ། འདིར་ཁ་ཅིག་ནི་སེམས་བརྒྱ་ལ་བསོད་ནམས་བརྒྱ་ཞེས་བྱ་བར་འཐོབ་སྟེ། མངོན་དུ་སོང་བ་ཅན་གྱི་ སེམས་ལྔ་བཅུ་མངོན་སུམ་དུ་བྱེད་ཅིང་འཕེན་པར ་བྱེད་ལ། དེའི་མཇུག་གི་སྒོ་ནས་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་ལྔ་བཅུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ལས་ཀྱི་ལམ་བཅུ་ལ་བརྟེན་པའི་ཕྱིར་ལས་ཀྱི་ལམ་རེ་རེ་ལ་ཡང་ལྔར་འགྱུར་ཏེ། འདི་ལྟར་སྲོག་གཅོད་པ་ལས་ལྡོག་པའི་སེམས་དང༌། དེ་ལ་འགོད་ པར་བྱེད་པའི་སེམས ་དང༌། དེའི་བསྔགས་པ་བརྗོད་པའི་སེམས་དང༌། དེ་ལ་རྗེས་སུ་ཡི་རང་བའི་སེམས་དང༌། དེའི་འབྲས་བུ་ཡོངས་སུ་སྡོ་བར་བྱེད་པའི་ སེམས་ཏེ། སངས་རྒྱས་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལོག་པར ་ལྟ་བ་ལས་སླར་ཟློག་པའི་བར་དུ་བརྗོད་ པར་བྱ་སྟེ། ལན་གཉིས་མངོན་
དུ་བྱས་པ་ལས་སེམས ་བརྒྱར་འགྱུར་རོ་ཞེས་བྱ་བ་དང༌། གཞན་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ལས་ལྡོག་པ་ནི་རྒྱུ་རྣམ་པ་ལྡ་དང་ལྡན་པ་ཉིད་ཡིན་ཏེ། དངོས་གཞི་ལས་ཀྱི་ལམ་ཡོངས་སུ་དག་པ་དང༌། དབང་དུ་བྱེད་པ་ཡོངས་སུ་དག་པ་དང༌། རྣམ་པར་རྟོག་པ་བཞིན་དུ་གསོད་པ་མེད་པ་དང༌། དྲན་པས་བསམས་པ་ཉིད་དུ་མ་ཡིན་པ་དང༌། མྱ་ངན་ལས་འདས་པ་ལ་ཡོངས་སུ་སྡོ་བ་ཉིད་ཅེས་བྱ་བ་དེ་ལ་དམིགས་ པར་བྱེད་པའི་སེམས ་ལྔར་འགྱུར་ལ། དེ་བཞིན་དུ་ལས་ཀྱི་ལམ་བཅུ་ལ་དམིགས་པའི་སེམས་ལྔ་བཅུར་འགྱུར་ཏེ། དེ་ལན་གཉིས་མངོན་སུམ་དུ་བྱས་པ་ལས་སེམས་བརྒྱར་འགྱུར་རོ་ཞེས་བྱ་བ་དང༌། ཁ་ཅིག་ནི་སངས་རྒྱས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། བསྐྲུན་པའི་སྐུ་དང༌། ཆོས་ཀྱི་སྐུའོ། །དེ་ལ་བསྐྲུན་པའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ལ། ཆོས་ཀྱི་སྐུ་ཡང་སངས་རྒྱས་གྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིན་ནོ། །དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་བ་ལས་སེམས་ལྔ་བཅུར་འགྱུར་བ་ལ་བདག་ཀྱང་འདི་ལྟ་བུར་གྱུར་ཅིག་ཅེས་བྱ་བ་གཞན་ལྔ་བཅུ་སྟེ། དེ་ལྟར་ན་བསོད་ནམས་བརྒྱར་འགྱུར་རོ་ཞེས་སྨྲས་སོ། །གཞན་དག་ནི་འདོད་པའི་ཁམས་གནས་རིས་ཉི་ཤུ་དང༌། གཟུགས་ཁམས་བཅུ་དྲུག་དང༌། གཟུགས་མེད་པའི་ཁམས་བཞི་དང༌། གྲང་བའི་དམྱལ་བ་བརྒྱད་ཅེས་བྱ་བ་བཞི་བཅུ་རྩ་བརྒྱད་པོ་སྟེ། ཁམས་གསུམ་པོ་མ་ལུས་པ་དེ་ལ་དམིགས་པའི་བྱང་ཆུབ་སེམས་ད་པའི་སྙིང་རྗེའི་ཐུགས་སྐྱེ་བ་དེ་དང་ཡང་དག་ པར་ལྡན་པའི་སེམས ་བཞི་བཅུ་རྩ་བརྒྱད་པོ་དང༌། དེའི་རྗེས་ཐོགས་སུ་སངས་རྒྱས་ལ་དམིགས་པའི་སེམས་སྐྱེ་བར་འགྱུར་ཏེ། ཇི་ལྟར་འདིས་ཁམས་གསུམ་པོ་འདི་ལས་སེམས་ཅན་ཐར་བར་མཛད་དོ་ཞེས་བྱ་བའི་སེམས་འདི་དང་དེའི་འོག་ཏུ་སེམས་གཉིས་པ་སྐྱེ་བར་འགྱུར་ཏེ། བདག་གིས་ཀྱང་དེ་བཞིན་དུ་ཐར་བར་བགྱིའོ་ཞེས་བདག་ལ་དམིགས་པའི་ཕྱིར་དེ་ལྟར་སེམས་ལྔ་བཅུར་འགྱུར་ཞིང༌། དེ་ཡང་ལན་གཉིས་མངོན་སུམ་དུ་བྱས་པ་ལས་སེམས་བརྒྱར་འགྱུར་བ་དེ་ལྟར་ན་བསོད་ནམས་བརྒྱ་ཞེས་སྨྲའོ། །ཨོ་ར་ཊི་ཀ་ནི་ལུས་སོགས་པའི་བྱ་བ་
མ་དད་པ་སྐྱེད་པར་བྱེད་པའོ། །ཆོལ་ཟངས་ནི་འདིར་རྐང་ཁྲུས་སྣོད་ཀྱི་མིང་ངོ༌། །གཙུག་ལག་ཁང་ན་གཉུག་མར་གནས་པ་ནི་གནོད་སྦྱིན་ལ་སོགས་པའོ། །འཁྲུ་བ་ནི་ཨ་རུ་ར་ལ་སོགས་པའི་རྫས་སྔོན་དུ་སོང་བ་ཅན་གྱི་འཆུག་པའོ། །ཤིང་ཞེས་བྱ་བ་ནི་ལྕུག་མའི་ཚོགས་དང་ལྡན་པའོ། །ལྕི་ཕྱེ་ནི་ལྕི་བ་སྐམས་པའི་ཕྱེ་མའོ། །དཀའ་བས་བསླང་བ་ཉིད་ཡིན་པའི་ཕྱིར་གནས་ངན་ཏེ་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཁས་ལེན་པའི་ཕྱིར་གནས་ངན་ལེན་ཡིན་ལ། གནས་ངན་ལེན་ཀུན་ཏུ་སྤྱོད་པ་སྟེ། ལུས་དང་ངག་གི་སྤྱོད་པ་གང་ལ་ཡོད་པ་དེ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པའོ། །དོན་མེད་པར་བྱས་པ་ནི་དབང་དུ་གྱུར་པའོ། །དད་པ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དད་པ་མེད་པར་གྱུར་པའོ། །སྨད་པའི་དངོས་པོ་ལ་འཆོལ་བའི་ཕྱིར་ལེ་ལོ་ཅན་ནོ། །ཚིག་ངན་ནི་ཚིག་བརྣག་པར་མི་ནུས་པའོ། །མི་གུས་པ་ནི་གུས་པར་མི་བྱེད་པའོ། །སྡིག་པ་སྨད་པའི་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ནི་སྡིག་པའི་གྲོགས་པོར་གྱུར་པའོ། །དབྱེན་དུ་གཏོགས་པ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱེན་པ་དང་འབྲེལ་པའོ། །གཟུ་བོ་སྐོས་ཤིག་ཅེས་བྱ་བ་ནི་དྲང་པོར་བྱེད་པ་བསྐོ་བའོ། །ཡོ་བྱད་དྲུག་པོ་ཞེས་བྱ་བ་ནི་ཆོས་གོས་གསུམ་དང་གདིང་བ་དང༌། ལྷུང་བཟེད་དང༌། ཆུ་ཚགས་སོ། །སོ་ཕག་གི་ཕྱེ་མ་ནི་ཕ་གུ་སོ་བཏང་བའི་ཕྱེ་མ་ཤིན་ཏུ་ཞིབ་པ་མ་ཡིན་པའོ། །ཀུན་དུ་ཆགས་པར་བྱ་བ་ནི་གཡོ་བ་བརྟན་པོར་བྱ་བའི་ཕྱིར་ཤིང་ལ་སོགས་པས་ཀུན་ནས་བཅིང་བའི་ཐབས་སུ་གྱུར་པའོ། །ཀ་བའི་བར་དུ་སྤང་ལེབ་ཀྱིས་ཆོད་ཅིག་ཅེས་བྱ་བ་ནི་འདིར་ཤིང་ལེབ་ལ་སྤང་ལེབ་ཀྱི་སྒྲས་བསྟན་པ་ཡིན་ནོ། །བསོད་ནམས་ཀྱི་ཐབས་ནི་བསོད་ནམས་ཀྱི་འབབ་སྟེགས་སོ། །ཁྲེལ་བར་གྱུར་པའི་ངང་ཚུལ་གྱིས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ས་གཞི་སྦྱོངས་ཤིང་བྱི་དོར་བྱས་པའི་སྡིག་པ་བསྔགས་པར་གྱུར་པས་སོ། །ཚིགས་སུ་བཅད་པ་འདོན་པས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་ཀླག་པས་སོ། །མི་ཤེས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ། །ཡུལ་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཡིན་པ་དེའི་ཕྱིར་ཤེས་བྱ་སྟེ། ཤེས་པར་བྱ་བའི་དངོས་པོ་དག་ལ་དབང་
ཐོབ་པའོ། །རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་པའི་ཕྱིར་བདག་པོ་ཐོབ་པར་གྱུར་པའོ། །དད་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ལས་དང་འབྲས་བུའི་འབྲེལ་པ་དང༌། གཞན་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོས་སྐྱེས་པ་ཡིད་ཆེས་པའོ།། སྡིག་པ་ལས་རྣམ་ པར་ལྡོག་པའི་ཕྱིར་བཟང་པོའོ། །བསམ་པ་དགེ་བ་ནི་དགེ་བའི་ཆོས་ལ་འཇུག་པའི་སེམས ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་གཏོང་བར་བྱེད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཡོངས་སུ་གཏོང་བ་ཞེས་བྱ་སྟེ། བདག་ཉིད་ཀྱི་བདེ་བ་ལ་ལྟོས་པ་མེད་པའི་ཕྱིར་རོ། །འདོད་པ་ནི་དད་པའོ། །གསེར་ཕུར་དང་ཞེས་བྱ་བ་ནི་འདིར་གསེར་ཕུར་གྱི་སྒྲས་གསེར་ཏོ་ལོ་འབུམ་སྟོན་ཏོ། །རྒྱལ་པོ་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་བདག་པོའི་རྒྱལ་པོ་ལ་འབོད་པའོ། །འདོད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་ན་ཐོས་བར་འགྱུར་ཞེའོ། །ཀུན་དུ་གདུངས་པར་འགྱུར་བ་ཞེས་བྱ་བྱ་ནི་མ་རྙེད་པས་གདུངས་པ་ཉམས་སུ་མྱོང་བར་གྱུར་པའོ། །གསང་བ་པ་ཞེས་བྱ་བ་ནི་གནོད་སྦྱིན་གྱི་མིང་གི་རྣམ་གྲངས་ཡིན་ལ། གཟུགས་བསྒྱུར་ནས་ཞེས་བྱ་བ་ནི་མིག་ལ་སོགས་པ་འཇིགས་པ་སྐྱེད་པར་བྱེད་པར་བསྒྱུར་བ་དང་ལྡན་པའོ། །ཆོས་སྤྱོད་ཅེས་བྱ་བ་ནི་གྱིས་ཤིག་པའོ། །ཆོས་ལ་རྣམ་པ་མང་བ་ཉིད་ཀྱི་ཕྱིར་མངོན་པར་འདོད་པར་བྱ་བ་ལེགས་པར་སྤྱད་པ་སྨོས་པ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ངོ་བོ་དང༌། སྦྱིན་པ་ལ་སོགས་པ་འཇུག་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཉེས་བྱས་སྤྱོད་པ་མ་སྤྱོད་ཅིག་ཅེས་བྱ་བ་ནི་ཉེས་པར་སྤྱོད་པའི་ཕྱིར་ཚུལ་ཅན་གྱི་ཆོས་ལྷག་པར་སྤྱད་པར་མི་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཆོས་སྤྱོད་བདེ་བར་གནས་པ་ནི། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ལེགས་པར་སྤྱད་པའི་རང་བཞིན་ཅན་གྱི་ཆོས་སྤྱོད་པ་གང་ཡིན་པ་དེ་ནི་འདིར་གྲགས་པ་ལ་སོགས་པའི་སྒོ་ནས་བདེ་བར་གནས་པ་དང༌། ཕ་རོལ་དུ་མངོན་བར་འདོད་པའི་འབྲས་བུ་ཐོབ་པར་གྱུར་པ་དེའི་ཕྱིར་འཇིག་རྟེན་འདི་དང་ཕ་རོལ་དུ་ཞེས་སྨོས་པ་ཡིན་ནོ། །མེ་མུར་དང་ནི་སེང་ལྡེང་གི་མེ་མདག་གིས་ཡོངས་སུ་གང་བར་གྱུར་པའི་མེ་མར་མུར་གྱི་དོང་ངོ༌། །ཆེར་འཇིགས་བྱེད་ཅེས་བྱ་བ་ནི་ཆེར་སྐྲག་པར་བྱེད་པའོ། །ཉི་མ་འཆར་ཀའི་དམར་པོ་བཞིན།།
ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ཤར་མ་ཐག་པའི་འོད་དང་འདྲ་བའམ། མེ་དང་འདྲ་བར་རོ། །ཆོས་ཀྱི་ཕྱིར་ཏེ་ཆོས་ཀྱི་རྒྱུ་མཚན་གྱིས་བོར་བའོ། །ངེས་པ་ཡིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་གྱིས་ཡིན་གྱི། བཅོས་མའི་སེམས་ཀྱིས་ནི་མ་ཡིན་ནོ། །འཇིགས་པ་མེད་ཅེས་བྱ་བ་ནི་སྐྲག་པ་མེད་པའོ། །བདག་ཆོས་ཉན་པའི་རྒྱུ་མཚན་གྱིས་ལུས་བོར་བ་གང་ཡིན་པ་དེ་ནི་བདག་གི་བསོད་ནམས་ཀྱིས་མེ་མར་མུར་གྱི་དོང་འདི་དགེ་བར་འགྱུར་བ་ནི་མེའི་གདུང་བ་དང་ཡོངས་སུ་བྲལ་བའོ། །ཙན་དན་འདམ་སྟེ་ཙན་དན་གྱི་ལྡེ་གུ་དེས་བསྒོས་པ་དང༌། པད་མས་ཆུ་ཁེབས་ པར་གྱུར་པ་ནི་པད་མ་ཅན་ནོ། །བཀུར་སྟི་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་བཀུར་ནི་སེམས ་ཀྱིས་ཆོན་པོ་ཉིད་དུ་འཛིན་པའོ། །བླ་མར་བྱ་བ་ནི་སྟོན་པ་ཉིད་དུ་འཛིན་པའོ། །རིམ་གྲོར་བྱ་བ་ནི་ཆོས་མང་པོ་དག་ལས་ཆེན་པོར་འཛིན་པའོ། །མཆོད་པ་ནི་ཕྱག་ལ་སོགས་པས་སོ། །མི་རིགས་པའི་གཏམ་ནི་ཡང་དག་པ་མ་ཡིན་པའི་གཏམ་སྟེ། བུད་མེད་དང༌། རྐུན་པོ་དང༌། རྒྱལ་པོ་ལ་སོགས་པའི་གཏམ་དག་གོ །དགེ་བའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་བྱེད་པ་ནི་འཕགས་པའི་མི་སྨྲ་བར་གྱུར་པའོ། །མི་བརྟན་པ་ནི་གཡོ་བའོ། །བཟའ་བ་དང་བཏུང་བའི་ཆོ་ག་ལ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བའི་སྒྲུབ་པ་ལའོ། །གནས་མལ་གྱི་ཆོ་ག་ལ་ཞེས་བྱ་བ་ནི་གནས་མལ་བཤམ་པའི་བྱ་བ་ལའོ། །ཁ་ཟས་ལ་ཆགས་པའི་རང་བཞིན་ཅན་ནི་བརྐམ་ཆགས་ཅན་ནོ། །རྒྱགས་ནས་ཞེས་བྱ་བ་ནི་གནོང་སེམས་ཀྱིས་སོ། །སྲོག་ལ་འབབ་པ་ནི་འཆི་བ་དང་ཉེ་བར་གྱུར་པའོ། །གཟིམས་པ་ཞེས་བྱ་བ་ནི་གཉིད་ལོག་པར་གྱུར་པའོ། །གཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ་དགྲ་བཅོམ་པ་ལ་སྐུར་པ་འདེབས་པའི་ལྟ་བ་ཅན་གང་ཡིན་པ་དེ་ནི་རྟག་པར་ལྟ་བ་ཡིན་ཏེ། དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ་ལ་སྐུར་པ་འདེབས་པ་ལས་འཇིག་རྟེན་འདི་རྟག་པ་ཡིན་ནོ་ཞེས་རྟག་པར་ལྟ་བ་དང། འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པ་གང་ཡིན་པ་བདེ་ནི་འཆི་བ་ལས་ཕ་རོལ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་མཐོང་བའི་ཕྱིར་ཆད་ པར་ལྟ་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ལ་སོགས་པ་ལ་སེམས ་ཅན་རྒྱ་ཆེ་བས་བསྟེན་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན་ལ། འཇིགས་པ་མེད་པ་ཉིད་ཀྱི་
ཕྱིར་ཁྱུ་མཆོག་ཡིན་ལ། ཁྱུ་མཆོག་དང་འདྲ་བ་ཡིན་བས་ན་ཁྱུ་མཆོག་ལྟ་བུའོ། །ཆ་གཅིག་གཟུང་སྟེ་ཞེས་བྱ་བ་ནི་གདོན་མི་ཟ་བར་འགྱུར་བ་ཉིད་དུ་ཁས་བླངས་ནས་སོ། །ཚིག་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་སེང་གེའི་སྒྲའོ། །ཕ་མ་དང་འདྲ་བར་ཞེས་བྱ་བ་ནི་ཕ་མ་དང་མཚུངས་པར་རོ། །ཡོངས་སུ་སྐྱོ་བ་ཞེས་བྱ་བ་ནི་དུབ་པའི་གདུང་པ་ཉམས་སུ་མྱོང་བར་འགྱུར་པའོ། །དགེ་བ་འཆབ་པ་ནི་ཡོན་ཏན་སྦེད་པའོ། །ཉེས་པ་སྒྲོག་པ་ཞེས་བྱ་བ་ནི་ཉེས་པ་རབ་ཏུ་གསལ་བར་བྱེད་པའོ། །གནས་གང་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ་གནས་གང་གི་ཕྱིར་སྙོམས་པར་ཞུགས་པ་ནི་གནས་གང་ལ་སྙོམས་པར་ཞུགས་པའོ། །འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཐོབ་པར་བྱེད་པའི་ལམ་དང་བཅོམ་པ་ཉིད་ལའོ། །བསིལ་ཁང་ནི་ཁང་པ་ཉིད་རྩེག་གམ་སུམ་རྩེག་ཅན་སྟེང་ཁང་བཟངས་དང་ལྡན་པའོ། །ཚྭ་ཁུག་ནི་ལན་ཚྭ་འཇོག་པར་བྱེད་པའི་སྣོད་དོ། །བ་ལྕིའི་ནང་དུ་བསྐོལ་ལ་ཞེས་བྱ་བ་ནི་ལྕི་བ་དང་བའི་ཆུའི་ནང་དུ་བསྐོལ་བར་བྱས་ཏེའོ། །སྨན་ཕོར་ཞེས་བྱ་བ་ལ་སྨན་སྦྱིན་པའི་ཕྱིར་ཁར་བ་ལས་བྱས་པའི་སྣོད་ནད་པས་བདག་གིར་བྱས་པ་ལ་ཉེས་པ་མེད་དོ། །དྲི་དག་གིས་བྱུགས་པ་ནི་འདིར་དྲིས་བསྒོས་པ་ཡིན་ནོ། །སེང་རས་ཞེས་བྱ་བ་ནི་གོས་སེང་བའོ། །སྣབས་ནི་སྣ་ནས་འཛག་པའོ། །མཆིལ་མ་ནི་ཁ་ནས་འཛག་པའོ། །གླང་པོ་ཆེའི་རྨིག་མཐིལ་ལྟ་བུ་ཞེས་བྱ་བ་ནི་འོག་གི་ཆ་གླང་པོ་ཆེའི་རྨིག་མཐིལ་ལྟ་བུའོ། །ཟེར་མས་ཕོག་ནས་ཞེས་བྱ་བ་ནི་གོས་ལ་སོགས་པ་ལ་མཆིལ་མའི་དུམ་བུ་དག་བབས་པར་གྱུར་པའོ། །རྩེ་བ་ནི་བུད་མེད་རྣམས་དང་རྡོ་འཕེན་པ་ལ་སོགས་པས་བསྒྲུབ་པའོ། །དགའ་བ་ནི་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པས་སོ། །མགུ་བ་ནི་འཁྲིག་པའི་སྒོ་ནས་སོ། །རྒྱན་ནི་ལུས་མཛེས་པ་སྒྲུབ་པར་བྱེད་པའོ། །ཁྲ་བོར་གྱུར་ཏེ་ཞེས་བྱ་བ་ནི་བཀྲ་བ་དང་ཉེ་བར་བཀྲ་བར་གྱུར་པའོ། །འཇུག་པ་ནི་ཁྲུས་ཀྱི་དོན་དུའོ། །ལྕགས་ཀྱི་གཞོང་རིངས་ནི་ལྕགས་ལས་བྱས་པའི་གཞོང་པའོ། །མེ་ཕྱུང་ལ་ཞེས་བྱ་བ་ནི་བསྐྱེད་ནས་སོ། །དུས་སྟོན་ནི་དུས་ཚིགས་ཀྱིའོ། །སྡིགས་པར་བྱེད་པ་ནི་གཤེ་བ་དང་བཅས་པའི་ཚིག་གིས་ཟིལ་གྱིས་གནོན་
པར་བྱེད་པའོ། །མཐའ་ཟེགས་པ་ཞེས་བྱ་བ་ནི་མཐའི་ཕྱོགས་ནས་ཟད་པར་གྱུར་པའོ། །ཞལ་ཏ་བྱོས་ལ་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་ཉམས་པ་ཡོང་སུ་སྤང་བར་བྱ་བའི་ཕྱིར་རྗེས་སུ་གནང་བར་བྱའོ། །བརྡབས་ཏེ་ཞེས་བྱ་བ་ནི་ཕན་ཚུན་བརྡེག་སྤྱད་ཀྱིས་བརྡབས་པའོ། །རྒྱུན་ནི་མཆིལ་ལྷམ་གྱི་སྒྲོ་གུའོ། །དུལ་བར་མི་བྱེད་པ་ཞེས་བྱ་བ་ནི་ལུགས་མ་ཡིན་པ་དང༌། ཚུལ་མ་ཡིན་པ་བྱེད་པའོ། །རྔ་མའི་སྲད་བུ་ནི་རྟའི་མཇུག་མ་ལ་སོགས་པའི་རྔ་མ་ལ་སོགས་པ་ལས་བྱས་པའོ། །སྤྲུལ་པ་ནི་སྤྲུལ་པའི་ཆ་ལུགས་སོ། །གནས་ནི་ཚང་ངོ༌། །ཁ་དོག་ཤིན་ཏུ་བཟང་བས་ཞེས་བྱ་བ་ནི་མིའི་ཁ་དོག་ལས་ཤིན་ཏུ་འདས་པ་སྟེ། ལྷའི་གཟུགས་སུ་སྤྲུལ་པའི་ཕྱིར་རོ། །སོང་བ་ནི་རབ་ཏུ་ཞུགས་པའོ། །གང་གིས་དྲན་པར་བྱས་པ་དེ་ནི་དྲན་པར་བགྱི་བར་གསོལ་བ་སྟེ། བདག་གིས་བྱ་པ་མ་ཡིན་པ་འདི་མི་བྱའོ་ཞེས་དྲན་པའི་ཕྱིར་རོ། །མི་མཛེས་ཤིང་ཞེས་བྱ་བ་ནི་བཟང་པོ་མ་ཡིན་པའོ། །མི་རིགས་པ་ནི་དགེ་སློང་གི་ཚུལ་མ་ཡིན་པའོ། །ཤུར་བུ་ཞེས་བྱ་བ་ལ་སོགས་པ་ལ་སྐུད་པ་མང་པོ་ལས་ལྷས་པ་སྲབ་པ་ཞིང་ཆེ་བར་གྱུར་པ་ནི་ཤུར་བུའོ། །ལྕག་པོད་ནི་ཟུར་བཞི་བའི་རྣམ་པའོ། །རྒྱ་ཅང་ནི་སྟེང་འོག་ནས་སྐུད་པ་མང་པོ་དང་ལྷས་པ་ཉིད་དོ།། ཤུར་བུ་ཕྲེའུ་ནི་སྐུད་པ་ཕྲ་མོ་དང་ལྷས་པ་ལྔ་འམ་དྲུག་ཏུ་བྱས་པས་དྲ་བ་ལྟར་བར་བར་དུ་འབྲེལ་པ་ཅན་ནོ། །ནགས་ནི་ཐིབས་པོའི་ཕྱོགས་སོ། །རྡོའི་ཡོལ་གོ་ནི་རྡོ་ལས་བསྒྲུབས་པའི་བཟའ་བའི་སྣོད་དོ། །འགྱོད་པ་སྐྱེས་ནས་མ་བླངས་པ་ན་ཞེས་བྱ་བ་ལ། གང་ལས་དེ་དག་འདིར་འགྱོད་པ་སྐྱེས་པར་གྱུར་པ་ཡིན་ཞེ་ན། འདིར་སྨྲས་པ། དགེ་སློང་དག་ལ་བློ་འདི་སྐྱེ་སྟེ། འདི་ལྟར་བདག་ཅག་གིས་སྔར་རྡོའི་སྣོད་དེ་དག་ལ་ཟོས་ཤིང་ཁོ་བོ་ཅག་ལ་རང་གི་ལག་པས་ཀྱང་མ་སྦྱངས་པ་ཉི་མ་ཕྱེད་ལས་གཞན་དུ་ཁྱིམ་པས་བཀྲུས་ནས་ཡང་འགའ་ཞིག་ཏུ་དེས་ཟང་ཟིང་མེད་པར་མ་བྱས་པ་སྲིད་པ་དེའི་ཕྱིར་དེ་ལ་འབགས་པའི་ཟང་ཟིང་ཡེ་བར་གྱུར་པའི་འཇིགས་པས་དེ་དག་འགྱོད་པ་སྐྱེས་པར་གྱུར་པ་ཡིན་ནོ། །ཁྱིམ་པ་ནི་ཡོངས་སུ་དག་པའོ་ཞེས་བྱ་བ་ལ་ཁྱིམ་པའི་སྣོད་དེ་དག་ལ་འདིར་སྦགས་པའི་ལོངས་སྤྱོད་པའི་ཁ་ན་མ་ཐོ་བ་འབྱུང་བ་མེད་པ་དེའི་ཕྱིར་རོ། །འོ་མ་ཅན་ཞེས་བྱ་
བ་ལ་སོགས་པ་ལ། པིབ་པ་ལ་ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ཤུན་པ་ཚོས་ཉིད་དུ་ཉེ་བར་མཁོ་བ་ཡིན་པ་དེའི་ཕྱིར། ཇི་སྲིད་སྐམས་པར་མ་གྱུར་པ་དེ་སྲིད་དུ་ཚོན་ཕྱིན་པར་ནུས་པ་མ་ཡིན་ནོ། །རླམས་པ་ནི་ཧམས་པར་གྱུར་པའོ། །ཉི་གྲིབ་ཕྱེད་པ་ནི་ཉི་མ་གོས་སེང་བས་བར་དུ་བཅད་པའོ། །གྲྭ་ནས་སྐུད་པས་ཐོགས་ལ་ཞེས་བྱ་བ་ནི་མཐའ་མའི་ཕྱོགས་ལ་སྐུད་པས་བཏགས་ཤིང་སྐུད་པ་དེ་ཤིང་བུ་ལ་བསྐྱོན་ཏེ་གཟར་ཐག་ལ་གཞག་པར་བྱའོ། །ཉི་མ་གཞན་ལ་ཆུ་བླུག་པར་བྱའོ་ཞེས་བྱ་བ་དེ་ནི་ཚོས་འཛག་པར་བྱ་བའི་ཕྱིར་རོ། །བསྐུ་ཞིང་བྱུག་པར་བྱའོ་ཞེས་བྱ་བ་ལ་ཕྱོགས་གཅིག་ཞལ་ཞལ་བྱས་པ་ནི་བསྐུས་པའོ། །ཕྱོགས་ཀུན་ཞལ་ཞལ་བྱས་པ་ནི་བྱུགས་པའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་དེ་ནི་རིགས་སོ་རིགས་སོ་ཞེས་ཟློས་བའི་ཚིག་གཉིས་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་གིས་ཁྱིམ་གྱི་བཟའ་བ་སྟོབས་པར་བྱེད་པས་ན་སྟོབས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་བསོད་སྙོམས་པའོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་ཞེས་བྱ་བ་ལ། རྫས་ནི་སྐྱེད་མོས་ཚལ་དང༌། གཙུག་ལག་ཁང་ལ་སོགས་པའི་དོན་གྱི་ནོར་ཡིན་ལ། རྫས་ལས་བྱུང་བ་ནི་རྒྱུ་མཚན་གྱི་མདུན་མའི་དབང་དུ་བྱས་ནས་རྫས་ལས་བྱུང་བའོ། །དགེ་བ་ཉིད་ཡིན་པའི་ཕྱིར་བསོད་ནམས་ཡིན་ལ། ལུས་དང་ངག་གི་ལས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་བྱ་བ་ཡིན་ཞིང་སེམས་ཀྱི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་གཞི་ཡིན་ནོ། །བདུན་པོ་གང་ཞེ་ན། ཀུན་དགའ་ར་བ་འབུལ་བ་དང༌། འདིར་གཙུག་ལག་ཁང་བསྟབས་པ་དང༌། དེ་ཉིད་དུ་མལ་སྟན་གྱི་ཕྱིར་བྱིན་པ་དང༌། སྟན་གྱི་རྐྱེན་རིས་བསྟབས་པ་དང༌། གློ་བུར་དུ་འོངས་པ་དང༌། འགྲོ་བར་ཆས་པ་ལ་བྱིན་པ་དང༌། ནད་པ་དང་གཡོག་ལ་བྱིན་པ་དང༌། རླུང་ལངས་པ་དང༌། ལྷགས་པ་བྱུང་བ་ལ་སོགས་པའི་ཕྱིར་བྱིན་པའོ། །གཙུག་ལག་ཁང་གཞན་གྱི་ཐང་བཞིན་དུ་ཞེས་བྱ་བ་ནི་གང་གཙུག་ལག་ཁང་གཞན་གྱི་དགེ་སློང་དག་གི་ཐང་བཞིན་དུའོ། །སྦའི་ལྕུག་མ་དང་ཀོ་རྒྱུན་དང་ལྷས་པ་ནི་མཁྲེགས་པ་ཉིད་ཀྱི་ཕྱིར་གཅད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནད་པ་ལ་ཡང་པགས་པའི་སྟན་ཉེས་པ་མེད་པ་ཡིན་ནོ། །ལོ་མ་ལྟབ་
བ་ནི་ལོ་མའི་ཚོགས་ཕན་ཚུན་བརྩེགས་པའོ། །འབྲུ་མར་ཚ་བ་ནི་ཡུངས་ཀར་རོ། །སྤགས་པ་ནི་ཟང་ཟིང་ལ་སོགས་པས་ཉེ་བར་གོས་པ་སྟེ། དགེ་སློང་སྤགས་པ་ལ་ཕྱག་མི་བྱ། སྤགས་པས་ཀྱང་ཕྱག་མི་བྱ། སྤགས་པས་ཕྱག་བདག་གིར་མི་བྱ། གཙུག་ཏོར་ཞེས་བྱ་བ་ནི་སྐྲའི་ཚོགས་བཅིངས་པའི་གཙུག་ཏོར་རོ། །ཡན་ལག་ལྔ་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ཆུ་མེད་པར་གྱུར་པ་དང་ནད་པ་ཆོ་ག་འདི་ལ་ཡང་དག་པར་བསྙེན་པར་བྱ་བ་ཉིད་ཡིན་གྱི། འོན་ཀྱང་འདིར་འདོད་པས་འཇུག་པས་ནི་མ་ཡིན་ནོ། །སྔས་སུ་ཞེས་བྱ་བ་སྔས་དྲུང་གི་རྩིག་པ་ལ་ཁབ་བམ་ཕུར་པ་གཙུག་པ་དེ་ལ་གདགས་པར་བྱའོ། །སྟན་བཟང་པོ་ཞེས་བྱ་བ་ནི་སྟན་གྲུ་བཞི་པ་ཆེན་པོ་གོས་གྱ་ནོམ་པ་དང་བཅས་པའོ། །ཤིང་ཟུར་བཞི་པ་རྒྱབ་ཕྱོགས་སུ་བསྒྲེང་བ་དང་ལྡན་པའི་སྟན་ནི་རྒྱབ་རྟེན་དང་བཅས་པའི་སྟན་ནོ། །ངོས་ཁུང་ནི་ལྷུང་བཟེད་གཞག་པའི་ཕྱིར་རྩིག་ངོས་ལ་གློ་སྐར་གྱི་རྣམ་པ་ཅན་གྱི་བུག་པ་གཏོད་པའོ། །སྐོན་བུ་ཁ་སྦྱར་ནི་ལྕུག་མ་ལས་བྱས་པ་ལྷུང་བཟེད་བཞག་པའི་གནས་སོ། །འབྲུ་མར་སྣོད་ཀྱི་ཀོ་སྐུའི་བར་དུ་ཤིང་བཅུག་ནས་དགེ་ཚུལ་དག་གི་ཕྲག་པ་ལ་བསྐྱོན་ནས་བསོད་སྙོམས་ལ་ཞུགས་པར་གྱུར་པ་ནའོ། །དྲུག་ཕུལ་ནི་སྲང་བརྒྱད་ཤོང་བ་ཡིན་ལ། བཞི་པ་ནི་དྲུག་ཕུལ་ཕྱེད་ཡིན་ཏེ། དྲུག་ཕུལ་ཤོང་བའི་ཕྱིར་དྲུག་ཕུལ་ལོ། །འདི་གཉིས་གདོན་མི་ཟ་བར་མི་གཏང་གིས་ཞེས་བྱ་བ་ནི་བདག་ངེས་པར་འདི་གཉིས་ཀྱི་ཕྱི་བཞིན་འབྲང་བར་བྱའོ་ཞེས་པའོ། །འཇིགས་པར་བྱེད་པའི་གཟུགས་སུ་སྤྲུལ་པའི་ཕྱིར་སྐྲ་གྱེན་དུ་བརྫེས་པ་དང་ཐད་ཀར་བརྫེས་པའོ། །བག་ཡོད་འཆི་མེད་གནས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ། །འཆི་མེད་གནས་ཡིན་ཏེ་ཞེས་བྱ་བ་འཆི་མེད་དེ་སྲོག་དང་བྲལ་བ་མེད་པ་གང་ཡིན་པ་དེ་ནི་འཆི་མེད་དེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེའི་གནས་ནི་གོ་འཕང་ཡིན། གང་གི་ཕྱིར་བག་ཡོད་པ་ལ་གནས་ན། མྱ་ངན་ལས་འདས་པ་རྗེས་སུ་ཐོབ་པར་འགྱུར་བའི་ཕྱིར་རོ། །བག་མེད་པ་ཞེས་བྱ་བ་ནི་བག་ཡོད་པ་ལས་བཟློག་པའི་མཚན་ཉིད་ཅན་གྱི་ཆོས་ཡིན་ནོ། །འཆི་བའི་གནས་ཞེས་བྱ་བ་ནི་འཆི་བའི་གོ་འཕང་ཡིན་ཏེ།
གང་གི་ཕྱིར་བག་ཡོད་པ་ལ་གནས་ན་འཁོར་བར་ཡང་དང་ཡང་དུ་འཁོར་བར་མི་འགྱུར་རོ། །བག་ཡོད་འཆི་བར་མི་འགྱུར་ཏེ། །ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་བག་ཡོད་པ་དག་འཆི་བ་མེད་པའི་གོ་འཕང་རྗེས་སུ་ཐོབ་པ་དག་ནི་ནམ་ཡང་འཆི་བར་མི་འགྱུར་ལ། སེར་སྐྱ་ལ་སོགས་པ་བག་མེད་པ་དག་ནི་རྟག་ཏུ་འཆི་བ་ཉིད་དུ་འགྱུར་ཏེ། འཁོར་བར་ཡང་དང་ཡང་དུ་འཁོར་བའི་ཕྱིར་རོ། །གཏུམ་པ་ནི་དྲག་པོ་འམ་རྩུབ་པར་འགྱུར་བའོ། །གནོད་སྦྱིན་གཏུམ་བོ་ནི་ལྷའི་ཕྱོགས་སུ་གཏོགས་པའོ། །གཏུམ་པོ་མི་མ་ཡིན་པ་ཤ་ཟ་དང༌། གྲུལ་བུམ་ལ་སོགས་པ་གཏུམ་པོ་གཉུག་མར་གནས་པ་ནི་ངེས་པ་ཅན་དུ་གནས་པ་འབྱུང་པོའི་བྱེ་བྲག་གོ །ཐོག་མར་གླགས་ཚོལ་བ་ནི་གླགས་ལྟ་བའོ། །རྒྱུན་གྱིས་ནི་སྐབས་ཚོལ་བའོ། །ཆོས་གོས་བྱས་ཤིང་ཟིན་པ་ཞེས་བྱ་བ་ནི་ཆོས་གོས་བཙེམས་པ་དང་ཁ་བསྒྱུར་བ་ལ་བྱས་པ་དང་ཟིན་པ་ཞེས་བྱའོ། །གླང་པོ་ཆེའི་སྣ་ལྟ་བུར་གྱུར་ནས་ཞེས་བྱ་བ་ནི་གླང་པོ་ཆེའི་སྣ་བཞིན་དུ་མི་མཛེས་པར་གྱུར་པའོ། །ཁྱིམ་ནས་ཞེས་བྱ་བ་ནི་གྲོང་ཐ་དད་པའི་གཞན་རྣམས་ལྷགས་པའོ། །ཟོ་བ་ནི་ཁྲོན་པའི་ནང་ནས་ཆུ་བླང་བའི་ཐབས་སུ་གྱུར་པའོ། །ནན་གྱིས་ཞེས་བྱ་བ་ནི་སྟོབས་སམ་ནན་གྱིས་རྣམ་པས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །སེན་མོ་གཅོད་པ་ནི་སེན་མོ་གཅོད་པའི་ལག་ཆའོ། །སྨང་ཚེར་ནི་སྣ་ལ་སོགས་པའི་སྤུ་བཏོག་པའི་ཐབས་སུ་གྱུར་པའོ། །རབ་ཏུ་གཞོན་པའི་རང་བཞིན་ཅན་ནི་ངོ་བོ་ཉིད་ཀྱིས་ཡིན་གྱི་བཅོས་མས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དྲིས་ཡོངས་སུ་བསྒོས་པའི་འཇིམ་པ་ནི་དྲི་དང་ཡང་དག་པར་ལྡན་པ་ནང་ཞི་བར་བྱེད་པ་ཅན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ། ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་གསུམ་པའོ།། །།ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཕྱེད་ཕྱེད་དུའོ། །མི་ནུས་པ་ནི་ནུས་པ་མེད་པར་གྱུར་པའོ། །གསོ་སྦྱོང་མ་བཏང་བར་ཞེས་བྱ་བ་ནི་གསོ་སྦྱོང་གི་དུས་མ་བོར་བར་རོ། །སློབ་དཔོན་ལ་སོགས་པ་བརྒྱུད་པས་གནས་པའི་གནས་རྙིང་པ་འདི་ནི་སློབ་དཔོན་ལ་སོགས་པ་ལ་བརྟགས་པ་ཡིན་པའི་ཕྱིར་དུས་རྟག་པའི་ཕྱིར་ཏེ། འཇིག་
རྟེན་ན་དངོས་པོ་རྙིངས་པར་གྱུར་པ་ལ་དུ་བ་ཆགས་པ་ཞེས་ཐ་སྙད་དུ་བྱེད་པ་དེའི་ཕྱིར་ཁོ་བོ་ཅག་གི་གནས་ཁང་རྙིངས་པ་འདི་ཡང་ཞེས་བྱ་བའི་བློ་འདིས་ཐ་སྙད་དུ་འདོགས་པ་ནི་དུས་རྟག་ཏུ་བའི་ཕྱིར་རོ། །རྒྱལ་བྱེད་ཀྱི་ཚལ་དུ་ཅི་དགར་འགྲོ་ཞིང་ཞེས་བྱ་བ་ནི་རྩ་བའི་དང་ར་མེད་པའི་ཕྱིར་དང༌། ཡོངས་སུ་བགྲང་བར་བྱ་བ་དག་སོ་སོ་ཐ་དད་པར་གནས་པ་དེའི་ཕྱིར་དེའི་ནང་དུ་སྐྱེ་བོའི་ཚོགས་འགྲོ་བར་བྱེད་པའོ། །ཤིང་གི་རི་བ་མ་ནི་ཤིང་གི་ར་བའོ། །ཕྱོགས་གཅིག་བརྡུངས་པའི་ཕྱིར་བཅགས་པ་ཡིན་ལ། ཕྱོགས་གཉི་གནས་བཅགས་པའི་ཕྱིར་བརྡུངས་པའམ། སྐྱེས་བུས་བཅགས་པའི་ཕྱིར་བརྡུངས་པའོ།། བ་སོས་བདར་བ་ཞེས་བྱ་བ་ནི་གླང་པོ་ཆེའི་སོས་ཇི་སྲིད་དུ་གཟུགས་བརྙན་སྣང་བར་གྱུར་པ་དེ་སྲིད་དུ་བདར་ཞིང་བསྒྲུབས་པའོ། །འཚེར་བར་གྱུར་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པར་སྟོན་པ་ལྟ་བུའོ། །འདིར་ཁ་ཅིག་ནི་བཅགས་ཤིང་བརྡུངས་པའི་ཆོས་གོས་ཡོངས་སུ་ལོངས་སྤྱོད་པ་མི་རུང་བར་རྗོད་ལ་འགའ་ཞིག་ནི་བཅགས་པར་ནི་རུང་ལ། བརྡུངས་པ་ནི་མི་རུང་བར་བརྗོད་ཅིང་འགའ་ཞིག་ནི་བ་སོས་དུང་ཕྱིས་བསྒྲུབས་པའི་ཆོས་གོས་གང་ཡིན་བ་ནི་བཀག་པ་ཡིན་པར་བརྗོད་དོ། །གཞན་དག་ནི་བརྡུངས་པ་དང༌། བཅགས་པ་ལ་དགག་པ་ཡོད་པ་མ་ཡིན་ནོ་ཞེས་སྨྲའོ། །ངོ་མཚར་གསལ་པོར་བྱེད་པ་སྟོན་པར་བྱེད་པའི་ཚིག་གང་དུ་ཐོས་པར་བྱེད་པའི་གནས་གང་ཡིན་པ་དེ་ནི་འདུན་ཁང་ཡིན་ཏེ། སྐྱེ་བོ་མང་པོ་འདུས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་འདིས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་རྒྱན་ནི་གཏོང་བ་ལ་གོམས་པ་ཡིན་ཏེ། གང་གི་ཕྱིར་དེས་རྒྱན་གྱིས་བརྒྱན་པའི་བཞིན་དང་འདྲ་བར་ སེམས་མཛེས་བར་བྱེད་པའོ། །ཡོ་བྱད་ནི་ཕྱི་རོལ་གྱི་རྣམ་པར ་འཆེ་བ་ཡོངས་སུ་སྲུང་བ་ལ་ཉེ་བར་མཁོ་བ་ཡིན་ལ། འདིར་སེམས་ཀྱི་ཡོ་བྱད་ནི་སེར་སྣ་དང་བྲལ་བ་ཡིན་ཏེ། གང་གི་ཕྱིར་སེར་སྣ་དང་བྲལ་བས་ནི་རྣམ་ པར་འཚེ་བར་བྱེད་པ་མི་དགེ་བ་མང་པོ་ལས་སེམས ་སྲུང་བར་བྱེད་པའོ།། རྣལ་འབྱོར་ནི་ཞི་གནས་ལྷག་མཐོང་སྟོབས་མཚུངས་པ་དེའི་དོན་དུ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དྲུག་གི་ནང་དུ་འདུས་པར་གཟུང་སྟེ། གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་སྦྱིན་པས་ཟག་པ་མེད་པའི་ལམ་ཞི་གནས་དང་ལྷག་མཐོང་སྐྱེད་པར་བྱེད་པ་བསྡུས་པ་ཡིན་ནོ། །དོན་གྱི་
མཆོག་ནི་མྱ་ངན་ལས་འདས་པ་ཡིན་པ་དེའི་ཕྱིར། ཚིག་བཞི་པོ་འདི་རི་ནི་གཏོང་བ་ལ་གོམས་པ་དང༌། སེར་སྣ་ལྡོག་པ་དང༌། འཕགས་པའི་ལམ་ཐོབ་པ་དང༌། མྱ་ངན་ལས་འདས་པ་ཁོང་དུ་ཆུད་པ་སྟེ། སྦྱིན་པའི་འབྲས་བུ་བསྟན་པ་ཡིན་ནོ། །དེའི་རྣམ་པར་སྨིན་པའི་འབྲས་བུ་གཞན་ཁོ་ན་ཡོད་པ་ཡིན་ནོ། །མ་གུས་པ་ནི་གུས་པ་མེད་པ་ཉིད་ཀྱིས་སོ། །སྒྲོག་རྟེན་ནི་ཀུན་དགའ་གླིང་དེ་ལ་ལྷན་ཐབས་སུ་བཏབ་པའོ། །མདུད་པ་ནི་ཟླུམ་པོར་བརྩེགས་པ་འཛིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཡོངས་སུ་རྫོགས་པ་ཐོབ་པ་ནི་དེའི་བྱ་བ་ཡོངས་སུ་རྫོགས་པར་གྱུར་པའོ། །གཞན་གྱི་ནོར་འཕྲོག་པའི་ངང་ཚུལ་ཅན་ནི་གཞན་གྱི་ནོར་ལ་འཕྲོག་པ་ཡིན་ནོ། །གཞན་གྱི་ནོར་ཞེས་བྱ་བ་ལ་སོགས་པ་ལ། གཞན་གྱི་ནོར་འཕྲོག་པའི་ཕྱིར་སྐྱེས་པ་ནི་ཆགས་པའོ། །དུས་དྲུག་པོ་དག་ལས་དུས་གཞན་ཞིག་ཏུ་ཕྱིན་པས་ན་དུས་ཟད་པར་གྱུར་པའོ། །གོས་ཟེགས་པའི་མཐའ་ལ་སོར་གཉིས་ཀྱི་ཚད་ཀྱི་རས་མས་གླན་པའི་ཕྱིར་ཆ་ག་བཏབ་པའོ། །བརྟན་པོར་རིང་དུ་བཙེམས་པའམ། གནས་གནས་སུ་གནས་པའི་དོན་དུ་བཙེམས་པས་ན་ཟུངས་བཏབ་པའོ། །ཚུལ་ཁྲིམས་ལ་བརྟེན་པ་ཞེས་བྱ་བ་ནི་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཀྱི་ཡུལ་ཆེན་པོ་གང་ཡིན་བ་དེ་ནི་འདིར་ཤེས་རབ་ཆེན་པོའོ། །སྤོབས་པ་ཆེན་པོ་ནི་ལན་ཐམས་ཅད་སྦྱིན་པར་ནུས་པ་དང་ལྡན་པའོ། །དགེ་བའི་རྩ་བ་ཞེས་བྱ་བ་ནི་འདོད་ཆགས་མེད་པའི་དགེ་བའི་རྩ་བ་ཞེས་བྱ་བ་ལ་འདོད་དོ། །གཏོང་བའི་ཆོས་ཡོངས་སུ་བཏང་བ་ནི་སྦྱིན་པའི་དངོས་པོ་འདི་གཏོང་བ་ཡིན་ཏེ་ཆོས་ནི་བསོད་ནམས་ཡིན་ལ་གཏོང་བ་འང་དེ་ཡིན་ལ་ཆོས་ཀྱང་རྒྱུ་ཉིད་ཡིན་པའི་ཕྱིར། གཏོང་བའི་ཆོས་དེ་དེའི་ཡོངས་སུ་གཏོང་བའི་སྒོ་ནས་སོ། །ཤན་པ་བྱེད་ཀྱང་ཞེས་བྱ་བ་ལ་ལུག་གསོད་པའི་ལས་ནི་ཤན་པ་ཡིན་ལ་བྱེད་པ་ནི་སྒྲུབ་པའོ། །བསྡུ་བའི་དངོས་པོ་ཞེས་བྱ་བ་ལ་བསྡུ་བའི་ཕྱིར་དངོས་པོ་སྟེ། རྟེན་ནི་བསྡུ་པའི་དངོས་པོའོ། །དོན་སྤྱོད་པ་ནི་ཕན་པ་ལ་འཇུག་པའོ། །དོན་མཐུན་པ་ནི་དངོས་པོ་མཚུངས་པ་ཡིན་ཏེ། གང་དེའི་བྱ་བ་དེ་བདག་གི་བྱ་བ་དང་མཚུངས་པར་ཡོངས་སུ་སྒྲུབ་པར་བྱེད་པའི་ཕྱིར་རོ། །བྱེད་པར་འདོད་པ་ནི་ལན་དུ་ཕན་འདོགས་པ་འདོད་པའོ། །ལམ་
དུ་ཞུགས་པ་ནི་ལམ་གྱི་རྗེས་སུ་ཞུགས་པ་གང་ཡིན་བ་དེ་ནི་ལམ་དུ་ཞུགས་པ་སྟེ། གང་གནས་པ་ཉིད་དུ་མི་འདོད་དོ། །སྔོན་གྱི་གནས་ལ་གུས་པ་མེད་པ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་ལ་མཉེས་པར་མི་བྱེད་པའོ། །དེ་སྟེ་སློབ་དཔོན་ལྟོས་པ་དང་བཅས་ལ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་འདི་སྙམ་དུ་འདི་ལྟར་འདི་ནི་ཁོ་བོ་ཁོ་ན་ལ་གནས་ཤིང་བརྟེན་པ་ཡིན་ནོ་ཞེས་སེམས་པ་དེའི་ཕྱིར་སློབ་དཔོན་ལྟོས་པ་དང་བཅས་པའོ། །ཉེ་གནས་ལྟོས་པ་མེད་ན་ཞེས་བྱ་བ་ནི་ཉེ་གནས་འདི་སྙམ་དུ་བདག་ནི་ལྗོངས་རྒྱུར་འགྲོ་བར་བྱ་ཞིང་དེར་སོང་ནས་ཁོ་བོ་གདོན་མི་ཟ་བར་སློབ་དཔོན་གཞན་ལ་གནས་དགོས་པ་ཡིན་ནོ་ཞེས་བྱ་བའི་བསམ་པ་འདིས་གང་གི་ཚེ་ཉེ་གནས་ལྟོས་པ་མེད་པར་གྱུར་པ་དེ་ལ་ལྟོས་པ་མེད་པ་ཡིན་ཏེ། འོ་ན་ཡང་འཇིག་པར་གྱུར་པ་ནི་མ་ཡིན་ཏེ། སློབ་དཔོན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ལྟོས་པ་མེད་པ་ལ་སློབ་དཔོན་འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་འགྲོ་བར་བྱའོ་སྙམ་པ་དེའི་ཕྱིར་སློབ་དཔོན་ལྟོས་པ་མེད་པ་ཡིན་ལ། ཉེ་གནས་ཀྱིས་ནི་འདི་ལྟར་ཁོ་བོའི་སློབ་དཔོན་འགྲོ་བར་འདོད་པར་མི་ཤེས་པ་དེའི་ཕྱིར་འདི་ལྟོས་པ་དང་བཅས་པ་ཡིན་པས་དེའི་ཚེ་ཡང་གནས་མི་འཇིག་པར་བརྗོད་པར་བྱ་བ་ཡིན་ལ། སློབ་དཔོན་ལྟོས་པ་དང་བཅས་ཤིང་ཉེ་གནས་ཀྱང་ལྟོས་པ་དང་བཅས་པ་ཡིན་ན་གནས་མི་འཇིག་པ་བརྗོད་པར་བྱའོ། །གང་གི་ཚེ་སློབ་དཔོན་ལྟོས་པ་མེད་པར་གྱུར་ཏེ། འདི་ལྟར་ཁོ་བོ་གཙུག་ལག་ཁང་གཞན་དུ་འགྲོ་བར་བྱའོ་སྙམ་པ་ལ་ཉེ་གནས་ཀྱིས་ཀྱང་ཤེས་ཏེ། འདི་ལྟར་ཁོ་བོའི་སློབ་དཔོན་ངེས་པར་གཙུག་ལག་ཁང་གཞན་དུ་འགྲོ་འདོད་པས་བདག་ཀྱང་གནས་གཞན་ལ་གནས་པར་བྱའོ་སྙམ་པ་དེའི་ཚེ་གཉི་ག་ལྟོས་པ་མེད་པར་གྱུར་པ་ཡིན་བས་སློབ་དཔོན་དང་ཉེ་གནས་མཚམས་གཅིག་གི་ནང་ན་གནས་སུ་ཟིན་ཀྱང་དེ་ལྟ་ན་ཡང་འཇིག་པར་རིག་པར་བྱའོ། །གལ་ཏེ་སློབ་དཔོན་ཡང་རྐྱེན་གཞན་འགའ་ཞིག་གིས་གཙུག་ལག་ཁང་གཞན་དུ་འགྲོ་བ་མ་གྲུབ་ན་ཉེ་གནས་དེས་ཀྱང་སློབ་དཔོན་གྱི་ཐད་དམ་གཞན་དག་ལས་གནས་བླང་བར་བྱ་སྟེ། རྣམ་པ་གཞན་དུ་ན་གནས་མེད་པར་གནས་པར་འགྱུར་རོ། །གལ་ཏེ་ཉེ་གནས་མྱུར་དུ་ལྡོག་པའི་བསམ་པ་མེད་པར་གཙུག་ལག་ཁང་གཞན་དུ་འགྲོ་བར་སྤྲོ་བས། སློབ་དཔོན་ལ་
འདི་སྐད་དུ་གཙུག་ལག་ཁང་གཞན་དུ་གནས་པའི་ཕྱིར་མཆིའོ་ཞེས་སྨྲས་པ་ན། སློབ་དཔོན་གྱིས་ཀྱང་སོང་ཤིག་ཅེས་ཀྱང་སྨྲས་པར་གྱུར་པ་དེའི་ཚི་གནས་འཇིག་པ་ཡིན་ལ། ཅི་སྟེ་སོང་ནས་ཀྱང་དུས་གཞན་དུ་ཡང་འོངས་ན་ཉེ་གནས་དེས་ཡང་གནས་བཅའ་བར་བྱའོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཉེ་གནས་སློབ་དཔོན་མེད་པར་ཉི་མ་ལྔ་ལས་ལྷག་པར་གནས་པས་ཀྱང་གལ་ཏེ་སློབ་དཔོན་དེ་ཉིད་རྙེད་པར་གྱུར་ན་ཡང་དེས་ཀྱང་གནས་བླང་བར་བྱའོ། །དེ་སྟེ་ལེན་པར་མི་བྱེད་ན་དེའི་ཕྱིར་དེ་མི་གནས་པར་གནས་པ་ཡིན་ནོ། །གལ་ཏེ་ཡང་གནས་གཞན་ན་གནས་པའི་ཉེ་གནས་ཀྱི་ཕྱིར་ཡང་སྔོན་སློབ་དཔོན་འདུག་པའི་གནས་སུ་ཕྱིན་པར་གྱུར་པས་ཡང་གནས་གཟུང་ནི་དགོས་སོ་སྙམ་པ་དེ་ནི་གནས་དེ་ཉིད་དམ་འོན་ཏེ། གཞན་དག་གིས་སྦྱིན་པར་བྱའོ་ཞེས་གསུང་བ་གང་ཡིན་བ་དེ་དོན་མེད་པར་འགྱུར་བའི་ཕྱིར་འགྱོད་པ་སྐྱེས་པ་འདི་ཉིད་ལ་འབྲེལ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་སྔར་བཟུང་བའི་གནས་ཁོ་ནས་གནས་པར་འགྱུར་རོ་ཞེ་ན། སྐབས་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་འདི་ལྟར་དུས་དེ་སྲིད་དུ་དེས་གནས་དེ་ཉིད་ཅེས་བཟུང་བ་དེའི་ཕྱིར་དེ་ལ་གནས་དེ་ཉིད་ཅེས་གསུངས་པ་ཡིན་ནོ། །དུས་དེ་སྲིད་སྨོས་པས་ནི་འདི་སྐད་དུ་གལ་ཏེ་བརྟན་པོར་གནས་པའི་སེམས་དེས་གནས་འཛིན་པས་གཟུང་བར་བྱ་བ་དེའི་ཕྱིར་རྣམ་པ་གཞན་དུ་མི་གནས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ཡང་བདག་གི་རང་དགར་སྨྲས་པ་མ་ཡིན་གྱི་འོན་ཀྱང་བླ་མ་མཁས་པའི་ཞལ་ནས་ཐོས་པ་ཡིན་བ་དེའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ། །གལ་ཏེ་ཡང་གནས་གཟུང་བར་བྱ་བ་ངེས་པ་ཡིན་བ་དེའི་ཕྱིར་སྔར་སློབ་དཔོན་ཉིད་དུ་གྱུར་པ་ཡང་ལྡོག་པར་འགྱུར་བ་དེའི་ཕྱིར་ཇི་སྲིད་དུ་དེས་ཀྱང་གནས་མ་བཟུང་བ་དེ་སྲིད་དུ་དེ་ལ་དེས་ཀྱང་སློབ་དཔོན་ཞེས་བྱ་བའི་སྒྲས་བརྗོད་པར་མི་བྱའོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་གཉི་ག་ལྟོས་པ་མེད་པར་གྱུར་པ་ལས་གནས་འཇིག་པར་འགྱུར་བ་བཞིན་དུ་སློབ་དཔོན་ཉིད་ཀྱང་བཟློག་པར་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། འདི་ལ་རིགས་པ་ཅུང་ཟད་ཀྱང་མེད་པ་དེས་བས་ན་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །བློ་ངན་པ་དག་ལ་གནོད་པར་གྱུར་ནས་ཞེས་བྱ་བ་ནི་ཡིད་གཞུངས་པ་ལུང་ནོད་པ་མང་བ་ཉིད་ཀྱི་ཕྱིར་རོ། །
སྐབས་སྐབས་སུ་ཞེས་བྱ་བ་ནི་བར་བར་དུའོ། །ཤིང་ཁྲི་ནི་ཤིང་ཁྲིའུ་ཡིན་ལ་གནོན་པའི་རྣམ་པས་ཐམས་ཅད་སྟན་ལེན་པར་བྱེད་པས་ན་ཅིག་ཅར་འཁོད་པའོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཁ་ན་མ་ཐོ་བ་དང་བཅས་ཤིང་ཉེས་པ་དང་བཅས་པ་ཡིན་པས་ན་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་དང༌། ཆང་མ་གཏོགས་པ་དེ་ལས་གཞན་པས་ནད་པ་བསྐྱང་བར་བྱའོ། །ཤིང་འདི་ལས་མེ་ཏོག་ཡང་དག་པར་སྐྱེས་པས་ན་མེ་ཏོག་གི་ཤིང་ངོ༌། །དབང་བསྐུར་བར་འོས་པ་ཡིན་པའི་ཕྱིར་དབང་བསྐུར་བར་རིག་པར་བྱ་སྟེ། རྒྱལ་ཚབ་དབང་བསྐུར་བར་རིགས་པ་ཡིན་ལ་དབང་བསྐུར་བ་ནི་རྒྱལ་པོ་ཆེན་པོའོ། །དབང་བསྐུར་བ་ཐོབ་པ་ཞེས་བྱ་བ་ནི་མཚམས་སུ་ཕྱིན་པར་གྱུར་པའོ། །བསྲུང་བ་ནི་ནང་གི་རྣམ་པར་འཚེ་བ་ལས་སོ། །བསྐྱང་བ་ནི་ནང་གི་མཁོ་བའི་ཡོ་བྱད་བྱེ་བྲག་གིས་སོ། །ལྟོ་དགེ་བའོ་ཞེས་བྱ་བ་ནི་ཤིན་ཏུ་ཟ་བའི་ངང་ཚུལ་ཅན་ནོ། །བསླུས་ཏེ་ཞེས་བྱ་བ་ནི་གྱོ་བྱས་ནས་སོ། །རྒྱལ་པོས་བཀྲབས་པ་ཞེས་བྱ་བ་ནི་རྒྱལ་པོའི་ནང་གི་འཁོར་རོ། །ཤིན་ཏུ་མྱུར་པར་ཁྲོ་བ་སྐྱེ་བའི་ཕྱིར་མ་རུངས་པའོ། །དཔྱོད་པ་མེད་པར་ཁྲོ་བའི་འབྲས་བུ་སྒྲུབ་པར་བྱེད་པའི་ཕྱིར་མི་རྟོག་པའོ། །རྟག་ཏུ་ཁོར་བ་ཐག་ཉེ་བ་ཉིད་ཀྱི་ཕྱིར་མི་སྲུན་པའོ། །ལག་པ་གཉིས་སམ་ལག་པ་གཅིག་གི་སྦྱོར་བས་མཚོན་ཆ་བརྡེག་པའི་ཕྱིར་རྩུབ་པའོ། །ཚན་པོ་ཆེའི་སྟོབས་ཞེས་བྱ་བ་ལ་ཚན་པོ་ཆེའི་སྟོབས་ཀྱི་ཚད་གང་ཞེ་ན། ཐ་མལ་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་ད་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ལ། སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་བ་དེ་ནི་ཚན་པོ་ཆེའི་སྟོབས་ཀྱི་ཚད་ཡིན་ནོ། །ཡང་ཅིའི་ཕྱིར་དྲུག་སྡེ་ཁྲོས་པས་རྒྱལ་པོ་གསལ་རྒྱལ་གྱི་ཁང་བཟངས་གཡོ་བར་རིགས་ཤེ་ན། འདིར་དྲུག་སྡེ་ལ་མངོན་པར་དད་པའི་ལྷའི་མཐུས་འགུལ་བ་ལ་དྲུག་སྡེ་སྟོབས་དང་ལྡན་པའི་རྐང་པ་ལ་སོགས་པས་བསྣུན་ཅིང་བརྒྱབ་པས་གཡོ་བར་འགྱུར་ཞེས་ཐ་སྙད་དུ་གདགས་པ་ཡིན་ནོ། །ཕྱི་བཞིན་འབྲང་བར་འགྱུར་རོ་ཞེས་བྱ་བ་ནི་འཁོར་དུ་གྱུར་པའོ། །གཞོན་ནུའི་སྤོང་བ་ཞེས་བྱ་བ་ནི་གཞོན་ནུ་དང་འདྲ་བར་ཟིལ་གྱིས་མི་ནོན་པར་གནས་པའོ། །བཙུན་མོའི་སྤོང་བ་ནི་བཙུན་མོ་དག་དང་འདྲ་བར་ཟིལ་གྱིས་མི་ནོན་པར་གནས་པའོ། །ལྷ་ཁྱོད་ཀྱི་བཀའ་
བཅག་ནས་ཞེས་བྱ་བ་ནི་བགྲང་བ་མེད་པ་ཉིད་དུ་ཁྱད་དུ་བསད་པར་གྱུར་ནས་སོ། །བྱ་བ་མ་ཡིན་བ་མ་བྱེད་ཅིག་ཅེས་བྱ་བ་ནི་ཚུལ་མ་ཡིན་པའོ། །གཡང་གཞི་ནི་རི་དགས་ཀྱི་པགས་པའོ། །ཤུན་ལྤགས་ནི་ཤིང་ཤུན་ནོ། །བདག་གི་དོན་ སེམས་པ་ཞེས་བྱ་བ་ནི་རང་ཉིད་ལ་ཕན་པའི་རྒྱུ་མཚན་གྱི་ཡིད་ལ་བྱེད་པ་སྐྱེད་པར ་བྱེད་པ་ནའོ། །དུས་ལས་འདས་པ་ནི་ཤི་བར་གྱུར་པའོ། །དགོས་པ་མེད་པ་ཉིད་ཀྱི་ཕྱིར་དོར་བའི་ཆོས་ཅན་ཞེས་བྱའོ། །ན་བར་གྱུར་པ་ཞེས་བྱ་བ་ནི་ནད་ཀྱི་རིགས་དམར་བྱེད་ཀྱིས་ཁབ་པའམ། སྲོག་ཆགས་ཀྱིས་ཟོས་པར་གྱུར་པའོ། །སྐེ་བ་ལ་ལྦ་བ་ཡོད་པ་གང་ཡིན་པ་དེ་ནི་ལྦ་བ་ཅན་ཏེ། ཡི་དགས་ཀྱི་རིགས་དེ་དག་ཏུའོ། །མི་མ་ཡིན་པས་དེ་རྡོག་པས་བསྣུན་ནས་ཞེས་བྱ་བ་ལ་ཅིའི་ཕྱིར་ལ་བ་ལེན་པར་བྱེད་པའི་དུས་སུ་དེས་རྡོག་པར་མ་བསྣུན་ཞེ་ན། འདིར་སྨྲས་པ། ལེན་པའི་ཚེ་དགའ་བྱེད་ནག་པོ་ལ་བསྙད་པའི་བསམ་པས་ལྟོས་པ་དང་བཅས་པར་གྱུར་པ་དེའི་ཕྱིར་དེས་རྡོག་པས་བསྣུན་མ་ནུས་པ་ཡིན་ཏེ། དེས་པའི་ཚུལ་ལས་ཀྱང་གཏུམ་པོ་དང་མི་མ་ཡིན་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། གང་གི་ཚེ་དགའ་བྱེད་ནག་པོས་བཅོམ་ལྡན་འདས་ཀྱི་བཀའ་ལ་སླར་ཟློག་པར་གྱུར་པ་དེའི་ཚེ་བག་འཁུམས་པར་གྱུར་པ་དེའི་ཕྱིར་མི་མ་ཡིན་བས་ཟིལ་གྱིས་ནོན་པ་ཡིན་ནོ། །གནོད་སྦྱིན་གཏུམ་པོ་མང་པོ་ཞེས་བྱ་བ་ནི་རོ་དང་དྲི་ལ་ཆགས་པ་ལས་གཏུམ་པོ་རྗེས་སུ་འཇུག་པར་འགྱུར་བའོ། །ལན་གཞན་དུ་གླན་ནོ་ཞེས་བྱ་བ་ནི་འབྲེལ་བ་མེད་པའི་ལན་འདེབས་པར་བྱེད་པའོ། །ཤིན་ཏུ་རྙོག་པ་མེད་པའི་ཡོན་ཏན་ནི་སྦྱངས་པའི་ཡོན་ཏན་ནོ། །ལྷག་མ་ནི་ཟས་ཀྱི་ལྷག་མའོ། །ལྷམ་མ་ཕུད་པར་ཟན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི་ལྷམ་དང་བཅས་པས་ཟན་བཟའ་བར་མི་བྱའོ། །ལྷམ་བཀག་པའི་ཕྱིར་རྩྭ་ལས་བྱས་པའི་ལྷམ་ལ་སོགས་པ་ཤིན་ཏུ་ཁྱད་པར་དུ་བཀག་པ་སྟེ། གང་ལས་འདི་སྐད་དུ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དེ་དག་ནི་མི་གཙང་བ་སྟེ། གང་གི་ཕྱིར་ལྷམ་དང་བཅས་པར་ཟན་ཟའོ་ཞེས་སྨོས་པ་ཡིན་ནོ། །གལ་ཏེ་ལྷམ་ཙམ་གྱིས་མི་གཙང་བ་ཉིད་ཡིན་ན། རྩྭའི་ལྷམ་ལ་སོགས་པས་ཤིན་ཏུ་མི་གཙང་བ་ཉིད་མ་ཡིན་ནམ། དེ་བས་ན་ཐམས་ཅད་དུ་ལྷམ་མེད་པས་ཟས་བཟའ་བར་བྱ་བ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ནོ། །དེ་དག་ཆེར་ན་བར་
གྱུར་ཏེ་ཞེས་བྱ་བ་ནི་ས་རླན་དང་བཅས་པ་ལ་རེག་པར་གྱུར་པའི་ཕྱིར་རོ། །ལྷུང་བཟེད་ཀྱི་གནས་ནི་སྐར་ཁུང་གི་རྣམ་པ་ཅན་ལྷུང་བཟེད་འཇོག་པར་བྱེད་པའི་བུ་གུའོ། །བཀའ་བས་ལྡང་བ་ཉིད་ཀྱི་ཕྱིར་གནས་ངན་ཡིན་ལ། དེ་ལེན་པར་བྱེད་པས་ན་གནས་ངན་ལེན་ཏེ། དེ་སྡིག་པ་ལ་འཇུག་པར་བྱེད་ཅེས་བྱ་བའི་བར་དུའོ། །ལུས་དང་ངག་གི་བྱ་བ་གནས་ངན་ལེན་ཀུན་དུ་སྤྱོད་པ་གང་ལ་ཡོད་པ་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པའོ། །ཡོ་བྱད་རྣམ་པ་དྲུག་ཅེས་བྱ་བ་ནི་ཆོས་གོས་གསུམ་དང༌། ལྷུང་བཟེད་དང༌། གདིང་བ་དང༌། ཆུ་ཚགས་སོ། །ཏོ་ལོ་བརྒྱད་ཀྱི་ཚད་ཀྱི་སྲང་ནི་འབྲས་སྲང་བཅུ་དྲུག་བཙོས་པ་སྲན་ཚོད་དང་ཚོད་མ་དང་བཅས་པ་ཤོང་བའི་ལྷུང་བཟེད་དེ་ནི་དགེ་སློང་དག་གི་ལྷུང་བཟེད་ཆུང་བ་ཡིན་ལ་བྲེའུ་ཆུང་དོ་ལས་ལྷག་པར་ཤོང་བ་གང་ཡིན་པ་དེ་ནི་ལྷུང་བཟེད་ཆེན་པོའོ། །སྐྱེ་བ་ནི་ལྷུང་བཟེད་མ་བཙོས་པའོ། །རྒྱལ་མཚན་ཅན་ཞེས་བྱ་བ་ནི་སྐྱེ་པོ་ཐམས་ཅད་ཀྱིས་རབ་ཏུ་ཤེས་པར་གྱུར་པའོ། །རྐུན་པོས་དངོས་པོ་བླངས་པ་གང་ཡིན་པ་དེ་ནི་བརྐུས་པའོ། །ཚོར་བ་ནི་ཤེས་པར་གྱུར་པའོ། །རི་དགས་ཀྱིས་རི་དགས་མི་སོས་ཀྱི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རི་དགས་སུ་གྱུར་པ་བདག་ཉིད་ཀྱི་བྱ་བས་འཚོ་བར་གྱུར་པས་སོ། །ཡབ་བྱོན་པའི་ཡུལ་ནི་ཡབ་ཀྱི་ཡུལ་ཏེ། དགེ་སློང་གི་དངོས་པོ་སྐྱེད་པར་བྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་བསོད་སྙོམས་ལས་དགེ་སློང་གི་དངོས་པོར་འགྱུར་གྱི་བཟའ་བ་མང་པོ་ཚོལ་བར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །གླགས་ལྟ་བ་ནི་ལེགས་པར་རྟོག་པར་བྱེད་པའོ། །བྱ་བ་རྣམས་ཉི་མ་རེ་རེ་ཞིང་བྱ་བ་གང་ཡིན་པ་དེ་ནི་ཉི་མ་རེ་རེ་ཞིང་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་སོགས་པའོ། །དགེ་སློང་བཙལ་བར་བྱའོ་ཞེས་བྱ་བ་ནི་གང་གནས་སྦྱིན་པར་བྱེད་པའོ། །ལས་རེས་སྤངས་ནས་ཞེས་བྱ་བ་ནི་ཡོངས་སུ་སྤོང་བར་བྱེད་པས་ན་སྤངས་པ་སྟེ་བོར་བའོ། །དེའི་ཕྱིར་ལས་རེས་སྐོ་བའི་དུས་སུ་དེ་བོར་ཞིང་གཞན་ལ་ལས་རེས་བསྐོ་བར་བྱའོ། །གནས་ཁང་སྐོ་བ་ཞེས་བྱ་བ་ནི་སྔར་དེ་ལ་གནས་ཁང་བསྐོ་བར་བྱའོ། །མལ་སྟན་ཡང་དེ་བཞིན་བྱའོ། །ནད་གཡོག་བྱེད་པ་སྤོང་བ་ཞེས་བྱ་བ་ནི་དེ་ལ་དགེ་སློང་གཅིག་གི་བསྙེན་བཀུར་བྱིན་པར་བྱའོ། །རྙེད་པ་སྤངས་ཏེ་ཞེས་བྱ་བ་ནི་དེ་ལ་རྙེད་པ་དང་བཅས་པའི་གནས་ཁང་བསྐོ་བར་བྱའོ།།
གསོ་སྦྱོང་གཅིག་ལ་སྡོད་པ་ནི་བཞེས་པར་བྱའོ། །དབྱར་ཉེ་བར་གྱུར་ཅིང་སྟོབས་པར་བྱེད་པའི་ཕྱིར་དབྱར་ཚུལ་དུ་ཞུགས་པའོ། །གཅིག་ལ་གཅིག་དྲི་ཞིང་ཞེས་བྱ་བ་ནི་ཕན་ཚུན་དྲིས་ནས་བྱ་བ་དག་བྱ་བའོ། །སོ་སོར་བརྟགས་ནས་གནས་པར་བྱའོ་ཞེས་བྱ་བ་ནི་རབ་ཏུ་ཤེས་པས་དེར་གནས་པར་བྱ་བ་ཡིན་གྱི། མི་ཤེས་པའི་རྒྱུ་ཅན་ཚུལ་མ་ཡིན་པའི་བྱ་བ་སྒྲུབ་པར་བྱེད་པས་ནི་མ་ཡིན་ནོ། །ཡོ་བྱད་ནི་དགེ་སློང་རྣམས་ཀྱི་འཚོ་བའི་ཐབས་སུ་གྱུར་པའོ། །མ་བྱིན་པར་ལེན་པར་བྱེད་པ་གང་ཡིན་པ་དེ་ནི་མ་བྱིན་པར་ལེན་པའོ། །མ་གུས་ནས་ཞེས་བྱ་བ་ནི་ནོངས་པ་ལ་ལྟོས་ནས་བསྐུལ་བའོ། །ཡོ་བྱད་སྦྱོར་བ་ནི་ལུས་གནས་པ་སྒྲུབ་པར་བྱེད་པའོ། །གསོ་སྦྱོང་སོ་སོར་ཞེས་བྱ་བ་ནི་གསོ་སྦྱོང་ཐ་དད་པའོ། །རྙེད་པ་གཅིག་ཏུ་ཞེས་བྱ་བ་ནི་སྤྱིར་འཚོ་བ་ལ་སོགས་པའི་རྙེད་པ་ལ་འདིར་རྙེད་པར་དགོངས་སོ། །ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་མལ་སྟན་བཤམ་པར་བྱ་བ་ཞིག་གཙུག་ལག་ཁང་ཐ་དད་པར་གསོལ་བ་དང་གཉིས་ཀྱི་ལས་བྱའོ། །མལ་སྟན་ནི་ཁྲི་ལ་སོགས་པ་ཡིན་ལ། སྣོད་ནི་ཟངས་མ་ལ་སོགས་པའི་སྣོད་ཡིན་ནོ། །ཉེ་བར་མཁོ་བ་དེ་དག་ལས་གཞན་པ་དག་ནི་ཡོ་བྱད་ཡིན་ཏེ། གོས་དང་རྒྱན་ལ་སོགས་པའོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་དག་ལ་རྐུ་ སེམས་བསྐྱེད་པར ་གྱུར་པ་དེའི་ཚེ་སྦོམ་པོར་འགྱུར་ལ། འོན་ཏེ་མ་ཡིན་ན་ཉེས་བྱས་སུ་འགྱུར་རོ། །ཕྲག་ཁུར་ནི་ལུས་ཀྱི་ཁུར་བུ་ཡིན་ཏེ། མཐའ་གཉིས་སུ་སྒྲོམ་ལ་སོགས་པའི་རྫས་འཇོག་པར་བྱེད་པའི་ཐབས་སུ་གྱུར་པ་དབྱངས་པའི་ཤིང་གིས་ཁུར་བ་ལ་ཕྲག་ཁུར་ཞེས་བྱའོ། །བུ་མོ་ནི་ཆུང་མའོ། །བྲན་ནི་རྣམ་པ་ལྔ་སྟེ། ཉོས་པ་དང༌། རྙེད་པ་དང༌། ཕྲོགས་པ་དང༌། ཁྱིམ་དུ་སྐྱེས་པ་དང༌། ཁས་བླངས་པ་དག་ཐ་དད་པའི་ཕྱིར་རོ། །བྲན་མོ་ཡང་དེ་དག་དང་འདྲའོ། །ལས་བྱེད་པ་ནི་སྐྱེས་བུ་གླ་བའོ། །སྐྱེས་བུ་བྱེད་པ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ཞོ་ཤས་འཚོ་བའོ། །ཚོང་གི་སྐྱེད་ཀྱིས་འཚོ་བར་བྱེད་པས་ན་ཚོང་བའོ། །དར་གྱི་ཐོད་བཅིངས་པས་ན་རྒྱལ་པོའོ། །ལྷ་ནི་གཉུག་མར་གནས་པ་སྟེ། དེ་དག་ནི་གཏོར་མའི་ཕྱིར་རོ། །མཚུན་ནི་སྔོན་ཤི་བ་སྟེ། དེ་དག་ལ་དད་པས་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་ནི་ཁྱིམ་ན་གནས་པ་སྤོང་བ་དང༌།
མྱ་ངན་ལས་འདས་པའི་ལམ་ལ་མངོན་བར་སྦྱོར་བ་སྟེ། དེ་དག་ལ་སྙོམས་པར་རྗེས་སུ་བ་སྟབས་པའི་ཕྱིར་རོ། །བྲམ་ཟེ་དེ་དག་འཇིག་རྟེན་ན་རིགས་ཀྱི་མཆོག་ཏུ་འདོད་པར་རབ་ཏུ་གྲགས་པ་སྟེ། དེ་དག་ལ་ཡང་སྦྱིན་པའི་ཕྱིར་རོ།། །།བམ་པོ་བརྒྱད་པ། ཁྱིམ་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་བ་དོན་དུ་གཉེར་ཞིང་མངོན་པར་འདོད་པའི་ཕྱིར་རབ་ཏུ་འབྱུང་བར་འདོད་པའོ། །ལྷུང་བཟེད་ཀྱི་འབྲེལ་པས་བྱ་བ་གཞན་བྱེད་པའི་ནུས་པ་མེད་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ལག་ཏུ་ཐོགས་པ་སྟེ། ཁྱིམ་ཡོངས་སུ་སྤངས་ནས་ལྷུང་བཟེད་འཛིན་པ་ཞེས་བྱ་བའི་བར་དུའོ། །ཡུ་བ་སྒྲ་དང་བཅས་པས་ན་ཁར་གསིལ་དཀྲོལ་བའོ། །ཡོན་ཏན་གྱི་སྒོ་ནས་སྐྱེ་བོ་ཐམས་ཅད་ལ་རབ་ཏུ་གྲགས་པར་གྱུར་པ་གང་ཡིན་བ་དེ་དག་ནི་རབ་ཏུ་གྲགས་པའི་དགེ་སློང་ངོ༌། །བསམས་པ་ནི་ཤེས་པར་འདོད་པའོ། །གནས་ཞེས་བྱ་བ་ལ་ཆོས་བཞི་ལ་བརྟེན་ནས་ན་ད་པ་འཚོ་བར་འགྱུར་ཞིང་ཆོས་གསུམ་ལ་བརྟེན་ན་རང་བཞིན་དུ་གནས་པ་ཡིན་ཏེ། བསོད་སྙོམས་དང༌། མལ་སྟན་དང༌། གོས་དག་གིས་ནི་རང་བཞིན་དུ་གནས་པར་འགྱུར་ལ། སྨན་དང་བཅས་པ་དག་གིས་ནི་ནད་པ་འཚོ་བ་ཡིན་པས་དོན་དུ་གཉེར་བ་རྣམས་འཚོ་བའི་དོན་དུ་སྟེན་པར་བྱེད་པའི་ཕྱིར་གནས་ཡིན་ནོ། །ཕྱག་དར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། །འདིར་ཆུ་བོའི་མཐའ་ནི་ངོགས་ཡིན་ཏེ། དེར་མཐར་ཐུག་པའི་ཕྱིར་ལ་གོས་ཀྱི་མཐའ་ནི་ཕྱག་དར་ཡིན་ཏེ། དེའི་མཐར་ཐུག་པ་ཡིན་པ་ཁོ་ནའི་ཕྱིར་རོ། །དེ་བས་ན་ཕྱག་དར་དང་འདྲ་བ་དང༌། ངོགས་དང་འདྲ་བའི་གོས་གང་ཡིན་པ་དེ་ལ་ཕྱག་དར་ཁྲོད་ཅེས་བྱ་སྟེ། ཤིན་ཏུ་རྙིངས་པ་ཉིད་ཀྱི་ཕྱིར་ཉེ་བར་མཁོ་བ་མ་ཡིན་བས་དོན་དུ་མི་འགྱུར་བ་ཉིད་ཀྱིས་ཕྱག་དར་དུ་བོར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྙེད་བླ་བ་ཞེས་བྱ་བ་ནི་འབད་རྩོལ་ཉུང་དུས་རྙེད་པར་འགྱུར་བའོ། །རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་སྒྲུབ་པར་བྱེད་པའོ། །ཁྱིམ་བདག་ལས་ཟས་ལེན་པར་བྱེད་པས་ན་བསོད་སྙོམས་སོ། །འདི་ལ་ཉལ་བར་བྱེད་པའི་ཕྱིར་མལ་ཏེ་ཁྲི་ལ་སོགས་པའོ། །འདི་ལ་གནས་པར་བྱེད་པས་ན་སྟན་ཏེ་ཁྲིའུ་ལ་སོགས་པའོ། །བཀུས་ཏེ་བོར་བ་ཞེས་བྱ་བ་ལ་བཀུས་ནི་བཀུས་ཤིང་ཁུ་བ་བཙིར་བ་ཡིན་ལ། བོར་བ་ནི་ཕྱི་རོལ་དུ་བོར་
བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་བའོ། །ཕ་ཞེས་བྱ་བ་ནི་མངལ་འཛིན་པའི་ཚེ་ཕའི་ཁུ་བ་དང་མའི་ཁྲག་ཕན་ཚུན་འདྲེས་པ་དེ་ལས་ཀྱང་དེའི་ལུས་འགྲུབ་པ་ཡིན་པ་དེའི་ཕྱིར་འདིར་ཕ་ཞེས་བྱ་བར་རིག་པར་བྱའོ། །སྐྱ་བོར་འགྱུར་ཏེ་ཞེས་བྱ་བ་ནི་མདངས་ཞན་ཅིང་ཆུང་བར་འགྱུར་བའོ། །འདི་ལ་གནས་པར་ཤེས་ནས་སོང་ངོ་ཞེས་བྱ་བ་ལ་སོང་བ་ནི་ཁྱིམ་པར་རོ། །ཆུང་མ་བླངས་པ་ནི་མེ་སྐོར་བྱ་བའི་ཕྱིར་དེ་ཡོངས་སུ་རྫོགས་པ་ཉིད་དོ། །བདག་གིས་ནི་ཡོ་བྱད་དྲུག་པོ་རྙེད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་པོ་དག་གི་ཡུལ་བདག་གིས་བཙལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བླངས་སོ་བླངས་སོ་ཞེས་བྱ་བ་ནི་འཁྲུལ་པའི་ཚིག་གཉིས་སོ། །སྦྱོར་བ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྐུ་བའི་བྱ་བ་ཡོངས་སུ་རྫོགས་པར་གྱུར་པའོ། །རྡེག་པ་ནི་སྲོག་འགོག་པར་བྱེད་པའོ། །བཅིངས་པ་ནི་ལྕགས་ལ་སོགས་པས་བཅིངས་པའོ། །བཅད་པ་ནི་ལག་པ་ལ་སོགས་པའོ། །ཕུག་པ་ནི་རུས་པའོ། །སྡུག་བསྔལ་པ་ནི་ཡིད་ཀྱི་གདུང་པའོ། །རྣམ་པ་ཐམས་ཅད་རྫོགས་པར་བྱད་པ་ནི་རྣམ་པ་མང་པོ་བྱས་པས་སོ། །ལྕི་ཕྱེ་ནི་ལྕི་བ་སྐམ་པོའི་ཕྱེ་མའོ། །ཡིད་བརྟེན་པ་ལྔས་བླང་པར་བྱའོ་ཞེས་བྱ་བ་ནི་ཡིད་བརྟན་པའི་སྒོ་ནས་ལེན་པའོ། །མཛའ་བར་གྱུར་པ་ནི་དགའ་བའི་རྒྱུ་ཉིད་དུ་གྱུར་པ་སྟེ། རྫས་ཀྱི་བདག་པོར་འཛིན་པའོ། །ཡིད་དུ་འོང་བ་ནི་ཡིད་དང་རྗེས་སུ་མཐུན་པ་སྟེ། ཐག་རིང་པོ་ན་གནས་སུ་ཟིན་ཀྱང་ སེམས་ཀྱིས་རྟག་ཏུ་དྲན་པའི་ཕྱིར་རོ། །བླ་མ་ནི་སློབ་དཔོན་ལ་སོགས་པའོ། །མཆོད་པར ་བྱ་བ་ཉིད་དུ་འགྱུར་པ་ནི་རྫས་ཀྱི་བདག་པོར་འཛིན་པ་ཡིན་ཏེ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་ཏེ། ཡོན་ཏན་ཁྱར་པར་ཅན་དང་ལྡན་པ་ཉིད་ཀྱི་ཕྱིར་རྟག་ཏུ་ཡིད་ཀྱིས་ཡོན་ཏན་དྲན་པར་བྱ་བ་ཡིན་པས་ན་མཆོད་པར་བྱ་བ་ཉིད་དུ་འགྱུར་བའོ། །ཐོས་ན་དགའ་བར་གྱུར་པ་ཞེས་བྱ་བ་ནི་འདི་ལྟར་བདག་གི་རྫས་ཆེ་གེ་མོ་ཞིག་གིས་ཁྱེར་བ་རྫས་ཀྱི་བདག་པོར་ཐོས་པར་གྱུར་པ་དེའི་ཚེ་ཡོངས་སུ་མགུ་བར་གྱུར་པ་སྟེ། མཆོག་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་ལེན་པར་བྱེད་པའི་རྒྱུ་ཡིད་བརྟན་པ་ལྔ་པོ་དེ་དག་ལས་གཅིག་གིས་ཀྱང་ཡོངས་སུ་ལེན་པ་ལ་མ་བྱིན་པར་ལེན་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །གཙུག་ལག་ཁང་ལ་ཕྱིར་
རོལ་གྱི་སྟེགས་སུ་གྱུར་པ་ནི་བང་རིམ་མོ། །རྡུལ་གྱིས་ཕོག་སྟེ་ཞེས་བྱ་བ་ནི་རྡུལ་གྱིས་ཁྱབ་པར་གྱུར་པའོ། །སས་གཡོགས་པ་ནི་བཀབ་པའོ། །ཡོངས་སུ་སྦྱངས་པ་ཞེས་བྱ་བ་མཚན་མེད་པར་ཡོངས་སུ་སྦྱང་བ་བྱས་པའོ། །བྱུགས་པ་ནི་བ་ལྕིས་བྱུགས་པའོ། །རྡོ་ཐལ་ནི་རྡོའི་ཞལ་ཞལ་གྱི་རྣམ་པར་རབ་ཏུ་བྱུགས་པའོ། །ལུས་འཕགས་ཀྱི་རི་བོ་ཞེས་བྱ་བ་ནི་རི་རྡོའི་བྱེ་བྲག་ཅན་ནོ། །གདུངས་པ་ནི་གཟིར་བར་གྱུར་པའོ། །སྐམས་པ་ནི་ཤི་བར་གྱུར་པའོ། །དེ་ལ་བརྩོན་པར་བྱས་པ་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་བྱ་བའོ། །དགུན་ཟླ་ཐ་ཆུངས་དང༌། དཔྱིད་ཟླ་ར་བ་དག་ནི་དགུན་སྨད་ཀྱི་དུས་སོ། །རྩྭས་གཡོགས་ཤིག་ཅེས་བྱ་བ་ནི་རྩྭའི་སྤྱིལ་པོས་སོ། །ར་བས་བསྐོར་བ་ནི་རྩིག་པས་བསྐོར་བའོ། །རླུང་མི་འཇུག་པ་ནི་རླུང་རབ་ཏུ་རྒྱུ་བ་དང་བྲལ་བར་གྱུར་པའོ། །གློ་སྐར་ནི་ནང་གི་རྩིག་པ་ཀུན་ནས་བུག་པ་གཏོད་པའོ། །མ་རུང་བར་གྱུར་པ་ནི་ཤིན་ཏུ་འདས་པར་གྱུར་པ་ཡིན་ལ། མ་རུང་བར་གྱུར་པས་ན་མ་རུང་བར་གྱུར་པ་སྟེ། །གལ་ཏེ་དུས་དེའི་ཚེ་མ་བྱས་ན་དུས་གཞན་གྱི་ཚེ་བྱ་བར་མི་ནུས་པའི་ཕྱིར་ལས་དེ་མ་རུང་བར་འགྱུར་པ་དེ་ལྟ་བུའི་རྣམ་པས་གདོན་མི་ཟ་བར་ལས་སུ་བྱ་བ་བྱུང་ན་གུས་པ་དང་བཅས་པས་བསྒོས་ཏེ་འགྲོ་བར་བྱའོ། །ཤིང་སྐྱེད་པར་བྱེད་པ་ནི་རུང་བ་བྱེད་པའོ། །རིན་པོ་ཆེ་དང་འདྲ་བར་ཤིན་ཏུ་རིན་ཆེ་བ་ཉིད་ཀྱི་ཕྱིར་དང༌། འོད་གསལ་བ་ཉིད་ཀྱི་ཕྱིར་རྙེད་དཀའ་བའི་ལ་བ་ནི་ཟླ་བ་རིན་པོ་ཆེའོ། །དལ་གྱིས་ཞེས་བྱ་བ་ནི་ཤིན་ཏུ་དྲག་པར་མ་ཡིན་པར་རོ། །བཅས་པ་ནི་ལུས་དང་ངག་གི་སྤྱོད་པར་ཚུལ་མཐུན་པའོ། །སྟོབས་ནི་ལུས་ཀྱིའོ། །བརྩོན་འགྲུས་ནི་ཡིད་ཀྱི་སྤྲོ་བའོ། །མཐུ་ནི་བྱ་བ་བྱེད་པར་ནུས་པའོ། །རྫུ་འཕྲུལ་ཆེན་པོ་གང་ལ་ཡོད་པ་དེ་ནི་རྫུ་འཕྲུལ་ཆེན་པོ་སྟེ། རྫུ་འཕྲུལ་ནི་རྣལ་འབྱོར་གྲུབ་པ་ཡིན་ནོ། །ཐུ་ཆེ་བ་ནི་ངོ་མཚར་རབ་ཏུ་སྟོན་པར་ནུས་པའོ། །རིན་ཆ་བ་འམ་སྐྱེས་བུ་ཆེན་པོ་ལ་འོས་པས་རིན་ཐང་ཆེ་བའོ། །ཟོས་པས་མི་མཁོ་བར་བྱེད་པས་ན་འདི་ལ་སེང་སེང་པོར་གྱུར་པ་ཞེས་བྱའོ། །ཤིང་ན་མེ་རུ་ཀ་ཞེས་བྱ་བ་ནི་ལྕུག་མ་དེའི་ལོ་མ་སྐམས་ལ་ཕྱེ་མར་བྱས་པ་ལ་བའི་བལྟ་བ་ཚིགས་སུ་གཞུག་པར་བྱ་སྟེ། དེས་སྲོག་ཆགས་སྐྱེ་བར་མི་འགྱུར་རོ། །ཤིང་ཀུན་གྱི་ཤིང་གི་ལོ་མ་དང༌།
བ་ཤ་ཀའི་ལོ་མ་ནི་རབ་ཏུ་གྲགས་པ་ཡིན་ནོ། །ནིམ་པ་ནི་ཤིང་འཆི་བ་བསླུ་བའི་ལོ་མའོ། །བལྟ་བ་ཚིགས་སུ་བལྟ་བ་མི་ཆོག་པ་དེའི་ཚེ་གོས་ཀྱི་སྟེང་དུ་ཤིང་ན་མེ་རུ་ཀའི་ལོ་མ་ལ་སོགས་པ་བཅུག་ནས་དེའི་དྲིས་སྲོག་ཆགས་སྐྱེ་བར་མི་འགྱུར་རོ། །ཡང་ན་སྟེང་སྟེངས་སུ་མི་རེག་པར་བཏགས་ནས་དུས་དུས་སུ་སྤྲུག་པ་དང༌། སྐེམ་པར་བྱེད་པའོ། །བསྐུམ་པས་ཉལ་བ་ནི་ལྷགས་པས་ཡན་ལག་བསྐུམས་པར་གྱུར་པས་སོ། །ཤིན་ཏུ་བརྩོན་པ་ཞེས་བྱ་བ་ནི་གཅིག་ཏུ་བརྩོན་པས་བསྒྲུབ་པར་བྱ་བའི་འབྲས་བུ་ཁོང་དུ་ཆུད་པ་དང་བཅས་པས་སོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བཞི་པ་རྫོགས་སོ།། །།རིམ་གྲོ་གྱིས་ཤིག་ཅེས་བྱ་བ་ནི་མཆོད་པ་གྱིས་ཤིག་པའོ། །རྨ་དང་རྨའི་ཁ་འཁོར་ནི་སྣའི་སྦུབས་ལ་སོགས་པའོ། །ས་རྐོས་ལ་ཞེས་བྱ་བ་ལས་ནི་འདིར་མ་འཐས་པའི་ས་ཡིན་པར་རིག་པར་བྱ་སྟེ། དབྱར་རྣམས་སུ་རྒྱུན་མི་འཆད་པར་འབབ་པའི་ཕྱིར་ས་མ་འཐས་པ་འཐས་པར་འགྱུར་རོ། །ས་འཐས་པ་ཡང་མཁྲང་བར་གྱུར་པ་སྟེ། འཇིམ་པའི་གོང་བུ་འཐས་པར་གྱུར་པའོ། །རྩྭའི་བམ་པོ་ནི་རྩྭ་ཆུན་གྱི་ཚོགས་སོ། །ལོ་མ་དང་འདབ་མས་གཡོགས་པ་ནི་མའི་ཚོགས་ཀྱིས་སོ། །རྒྱུད་གསུམ་པ་ཞེས་བྱ་བ་ནི་སངས་རྒྱས་སམ་དཀོན་མཆོག་གི་བསྟོད་པ་ནི་རྒྱུད་གཅིག་ལ། གཞུང་གི་ཆོས་བཤད་པ་ནི་རྒྱུད་གཉིས་པ་ཡིན་ཞིང༌། མདོའི་དོན་རྣམ་པར་བཤད་པའི་གཏམ་རྒྱུད་ནི་རྒྱུད་གསུམ་པ་ཡིན་ནོ། །ཡིན་བསྔོ་བ་ནི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཀུན་དུ་བགོ་བཤའ་བྱེད་པའོ། །དེ་ལྟར་གྱུར་པ་ནི་དེ་སྐད་སྨྲས་ པར་གྱུར་པའོ། །ཀུན་ནས་སྐྱོ་བ་དག་གི་སེམས ་དང་བ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ལ་ཕྱག་བྱ་བ་ནི་རྗེས་སུ་གསང་བའོ། །ཀུན་དུ་སྤྱོད་པ་ནི་གདོན་མི་ཟ་བར་བྱ་བ་ཉིད་ཀྱིས་གོམས་ པར་བྱ་བའོ། །དམྱལ་བར་རྒྱུ་བ་ནི་དམྱལ་བར་རྒྱུ་བ་སྟེ། སེམས ་ཅན་ལ་ཕན་གདགས་པའི་ཕྱིར་འགྲོ་བར་བྱེད་པའོ། །ཡི་དགས་སུ་རྒྱུ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །མཚམས་ནི་སྐབས་ཡིན་ཏེ། ཤིན་ཏུ་སྐབས་མེད་པའི་ཕྱིར་མཚམས་མེད་པ་ཡིན་ལ། དམྱལ་
བ་གཞན་དག་པས་སྡུག་བསྔལ་ཆེ་བ་ཉིད་ཀྱི་ཕྱིར་དང༌། ཤིན་ཏུ་ཚེ་རིང་བའི་ཕྱིར་དམྱལ་བ་ཆེན་པོའོ། །ངལ་བསོ་བར་གྱིས་ཤིག་ཅེས་བྱ་བ་ནི་དམྱལ་བའི་སྡུག་བསྔལ་ལས་དུས་དེ་སྲིད་ཅིག་གྲོལ་བར་གྱུར་པའོ། །མིག་ཙམ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོའི་བུག་པའི་ཚད་དོ། །བར་དུ་སྐོམས་པ་ནི་མཚམས་མེད་པའི་མེས་ཡོངས་སུ་ཟད་པར་བྱས་པའོ། །མོས་པ་ལས་བྱུང་བའི་ཞེས་བྱ་བ་ལ། ལྷག་པར་མོས་པ་སྟེ། ཡང་དག་པ་ཉིད་དུ་མ་ཡིན་བ་ལ་ སེམས་ཀྱིས་ཡང་དག་པ་ཉིད་དུ་སྒྲུབ་པར ་བྱེད་པ་ཡིན་ལ། ལྷག་པར་མོས་པའི་ཕྱིར་འབྱུང་བས་མོས་པ་ལས་བྱུང་བ་སྟེ། མོས་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །འདམ་དུ་གྱུར་པ་ནི་དབྱར་གྱི་ཆུས་བྱས་པའི་འདམ་དུ་གྱུར་པའོ། །གནོད་པ་མེད་ཅེས་བྱ་བ་ནི་སྡུག་བསྔལ་ཆུང་ངུར་གྱུར་ཅིང་རྒྱུ་མཐུན་པའི་བདེ་བ་རབ་ཏུ་སྐྱེ་བར་འགྱུར་བའོ། །དེ་ལྟར་གྱུར་པ་ཡིན་ན་ནི་ལས་གཞན་གྱིས་བྱས་ལ་འབྲས་བུ་གཞན་གྱིས་མྱོང་པར་ཐལ་བར་འགྱུར་རོ་ཞེ་ན། འདི་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། དེ་དག་ཁོ་ན་ལ་རྒྱུ་མཐུན་པའི་བདེ་བ་མྱོང་བར་འགྱུར་བའི་ལས་བསགས་པ་ཡོད་པ་འཕགས་པ་ཤཱ་རིའི་བུའི་ཏིང་ངེ་འཛིན་གྱི་མཐུས་ལྷན་ཅིག་བྱེད་པའི་རྒྱུད་ལ་རག་ལས་པ་དེ་ཉིད་ནི་དུས་དེར་འབྲས་བུ་འབྱིན་པ་དེའི་ཕྱིར་རང་གིས་བྱས་པའི་ལས་ཀྱིས་དེ་དག་ལ་དབང་གི་འབྲས་བུ་སྐྱེ་བར་འགྱུར་རོ། །དེ་སྐད་དུ་ཡང༌། ལས་རྣམ་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་འབྱུང་བ་ཡིན་ནོ། །ཀུན་ནས་ཆོས་ལོག་པར་བསྟན་པ་ནི་ཕྱིན་ཅི་ལོག་གི་ཆོས་བསྟན་པ་སྟེ། ཆོས་མ་ཡིན་པ་ལ་ཆོས་ཉིད་དུ་བསྟན་པའི་ཕྱིར་རོ། །ཀུན་ནས་ཞེས་བྱ་བ་ནི་འདི་ལྟར་འདི་ཁོ་ན་བདེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་བཟུང་ནས་སོ། །མཐུན་པར་སྤྱོད་པས་ཞེས་བྱ་བ་ནི་ལས་དེ་དང་རྗེས་སུ་མཐུན་པར་ནན་ཏན་བྱས་པས་སོ། །བསླུས་ཏེ་ཞེས་བྱ་བ་ནི་རྣམ་པར་སྐྲོད་པའོ། །མཆོད་རྟེན་དེ་ལ་མཆོད་པ་བྱས་པས་དེ་ལ་རབ་ཏུ་གནོད་པ་སྟེ། དྲག་པོའི་ཚོར་བ་མྱོང་བར་ཇི་ལྟར་རིགས་ཏེ། མཆོད་པའི་ལས་གཞན་གྱིས་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ལ་ཡང་དེ་ཉིད་ཀྱིས་ལན་
གདབ་པར་བྱ་སྟེ། གང་པོས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བའི་ལས་དེ་ཉིད་སྔོན་བྱས་ཤིང་བསགས་པ་ཡོད་པ་མཆོད་རྟེན་དེ་ལ་མཆོད་པ་བྱས་པའི་ལྷན་ཅིག་བྱེད་པའི་རྒྱུ་ལ་རག་ལས་པ་ཡིན་པ་དེའི་ཕྱིར་མཆོད་རྟེན་ལ་མཆོད་པ་བྱས་པ་ལས་གང་པོ་ལ་རབ་ཏུ་གནོད་པའི་ཚོར་བ་སྐྱེ་བར་འགྱུར་བ་ཡིན་གྱི། གཞན་གྱིས་བྱས་པའི་ལས་ལས་གཞན་གྱིས་རྣམ་པར་སྨིན་པ་སོ་སོར་མྱོང་བར་གྱུར་པ་ཞེས་སྨྲས་པ་ནི་རིགས་པ་མ་ཡིན་ཏེ། དེ་ཡང༌། གལ་ཏེ་ལས་རྣམས་འཕོ་འགྱུར་ན། དེ་ནི་ངེས་པར་ཁྱེད་ཉིད་གྱི། །ལྷ་སྦྱིན་གྱི་ནི་རྒྱུ་ཉིད་ཀྱིས། །ཐམས་ཅད་ལ་ནི་ངེས་འཇུག་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཀུན་དུ་རྒྱུ་ནི་བརྟུལ་ཞུགས་ལ་གནས་པའོ། །དབྱིག་པ་དང་གཙུག་ཕུད་དང་ལྡན་པ་ཞེས་བྱ་བ་ལ་དབྱིག་པ་ནི་འཁར་བ་ཡིན་ལ། གཙུག་ཕུད་ནི་སྤྱི་གཙུག་སྟེ། དབྱིག་པ་དང་གཙུག་ཕུད་དག་གིས་ལེགས་པར་གྱུར་པ་ནི་དབྱིག་པ་དང༌། གཙུག་ཕུད་ཁོ་ན་ཅན་ཡིན་ལ་དབྱིག་པ་དང་གཙུག་ཕུད་ཁོ་ན་དང་ལྡན་པས་ན་དབྱིག་པ་དང་གཙུག་ཕུད་ཅན་ཉིད་དོ། །དགེ་སྦྱོང་ནི་རང་གི་གྲུབ་པའི་མཐའི་འབྲས་བུ་ཐོབ་པའོ། །འཚོ་བ་དག་ལ་དགེ་སྦྱོང་མེད་པ་སྟེ། ཡོད་པ་མ་ཡིན་ཞིང༌། ཤཱཀྱ་ལ་ནི་དེ་ཡོད་དོ། །དགྲ་བཅོམ་པ་ཡང་ཆགས་ལྡན་མེད། །སོ་སོའི་སྐྱེ་བོ་བྱིས་མིན་མེད། །འོན་ཀྱང་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བྱིས་པ་ཁོ་ན་ཞེས་བྱའོ། །འཚོ་བ་དག་ལ་དགེ་སྦྱོང་ཡོད་ཅེས་བྱ་བ་དེ་ལྟར་ཚིགས་སུ་བཅད་པའི་དོན་དེ་དག་གིས་རྟོགས་པར་གྱུར་པའོ། །སྔོན་གྱི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་གྱི་སྐྱེ་བ་དེས་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པ་སྟེ། རྣམ་པར་སྨིན་པ་འབྱིན་པའི་ཕྱིར་གསལ་པོར་གྱུར་པའོ། །འདི་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལའོ། །དགེ་སྦྱོང་དང་པོ་ཞེས་བྱ་བ་ནི་ལམ་སྟོན་པར་མཛད་པའོ། །དགེ་སྦྱོང་གཉིས་པ་ཞེས་བྱ་བ་ནི་ལམ་གྱིས་རྒྱལ་བའོ། །དགེ་སྦྱོང་གསུམ་པ་ཞེས་བྱ་བ་ནི་ལམ་གྱིས་འཚོ་བའོ། །དགེ་སྦྱོང་བཞི་པ་ཞེས་བྱ་བ་ནི་ལམ་སུན་འབྱིན་པའོ། །དེ་ལ་ལམ་སྟོན་པར་མཛད་པ་ནི་བཅོམ་ལྡན་འདས་ཡིན་ལ། ལམ་གྱིས་
རྒྱལ་བ་ནི་རང་སངས་རྒྱས་དང་དགྲ་བཅོམ་པ་ཡིན་ཞིང༌། ལམ་གྱིས་འཚོ་བ་ནི་འཕགས་པའི་གང་ཟག་བདུན་ཡིན་ནོ། །ལམ་སུམ་འབྱིན་པ་ནི་ཚུལ་ཁྲིམས་འཆལ་བའོ། །ཁ་ཅིག་ནི་དགེ་སྦྱོང་དང་པོ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་དགྲ་བཅོམ་པའི་མཐར་ཐུག་པ་ཡིན་ནོ་ཞེས་ཟེར་རོ། །དགེ་སྦྱོང་ཉིད་དང་ལྡན་པའི་ཕྱིར་དགེ་སྦྱོང་ཡིན་ལ། སྡིག་པ་བསལ་བ་ཉིད་ཀྱི་ཕྱིར་བྲམ་ཟེ་ཡིན་ཏེ། ཕས་ཀྱི་རྒོལ་བ་དག་དེ་དག་གིས་གཏོང་བ་ཡིན་ཏེ། དགེ་སྦྱོང་ལ་སོགས་པ་ཁོང་དུ་ཆུད་པའི་བྱ་བ་དང་བྲལ་བར་གྱུར་ཆེས་བྱ་བའི་ཐ་ཚིག་གོ །མགོ་རེག་ཅེས་བྱ་བ་ནི་མགོ་སྨད་པ་དང༌། ངན་པ་ཡོད་པའོ། །ངན་པ་ཞེས་བྱ་བ་ནི་འདིར་གནད་ལས་བསྐུལ་བའོ། །ངན་དུ་ཟེར་བ་ནི་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པའོ། །ཡན་ལག་ནི་ལག་པ་ལ་སོགས་པའོ། །ཉིང་ལག་ནི་སོར་མོའི་ཚིགས་པ་ལ་སོགས་པའོ། །རིང་ཞིང་ཐོགས་སོ་ཞེས་བྱ་བ་ནི་རིང་པོར་འགོར་བའོ། །གཡོས་པ་ནི་ལན་ཅིག་སྟེ་ཆུང་ངུའོ། །རབ་ཏུ་གཡོས་པ་ནི་རྒྱུན་གྱིས་འབྲིང་དུ་ཡིན་ལ། ཀུན་དུ་རབ་ཏུ་གཡོས་པ་ནི་རྒྱུན་གྱིས་ཆེན་པོར་རོ། །རྫུ་འཕྲུལ་ཆེ་བ་ནི་རྫུ་འཕྲུལ་ཆེ་བ་སྟེ། རྫུ་འཕྲུལ་གྱིས་སྒྲུབ་པར་བྱེད་པ་ལ་མཁས་པ་དག་གིའོ། །མཐུ་ཆེ་བ་དག་གི་ནང་ཞེས་བྱ་བ་ནི་ངོ་མཚར་རབ་ཏུ་སྟོན་པར་ནུས་པ་དང་ལྡན་པ་དག་གི་ནང་ནའོ། །མི་དགའ་བ་ནི་སྐྱོ་བའོ། །གྲོང་ལས་རྒྱང་གྲགས་ཀྱི་མཐའ་ནི་དགོན་པའོ། །ནགས་འདབ་ནི་དགོན་པའི་ནགས་ཀྱི་ཕྱོགས་གཅིག་གོ །བས་མཐར་གནས་བཅས་ཏེ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །རབ་ཏུ་ཁྲོས་པ་ནི་ཀུན་ནས་དཀྲིས་པའོ། །བཙུན་མོ་ནི་སྤྱད་པར་བྱ་བའི་བུད་མེད་དོ། །གཞོན་ནུ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །བློན་པོ་ནི་བློའི་གྲོགས་སུ་གྱུར་པའོ། །གྲོང་ན་གནས་པས་ན་གྲོང་མིའོ། །ལྗོངས་ན་གནས་པས་ན་ལྗོངས་ཀྱི་མིའོ། །མིག་མཆི་མས་ཡོངས་སུ་དཀྲུགས་ནས་ཞེས་བྱ་བ་ནི་མིག་མཆི་མས་ཁྱབ་པར་གྱུར་པའོ། །སྙིང་རྗེའི་ཚིག་ནི་སྙིང་རྗེ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཚིག་ཡིན་ལ། ཡིད་གདུང་བའི་ཚིག་ནི་སྡུག་བསྔལ་སྟོན་བར་བྱེད་པའི་ཚིག་ཡིན་
ཞིང། མི་གསལ་བའི་ཚིག་ནི་མི་གསལ་བ་ཉིད་ཡིན་ཏེ། ཚིག་གསུམ་པོ་དེ་དག་ནི་བྱ་བའི་ཁྱད་པར་ཡིན་ཏེ། བྱ་བ་མི་གསལ་བ་ཁྱད་པར་དུ་བྱེད་པའོ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། ཆུད་མི་ཟ་བ་ཞེས་བྱ་བ་ནི་བསམས་བཞིན་དུ་བྱས་པ་དང༌། བསགས་པར་གྱུར་པའོ། །བསྐལ་པ་བརྒྱར་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར། བསྐལ་བ་བྱེ་བར་ཡང་ལས་བྱས་ཤིང་བསགས་པ་དག་ཆུད་ཟ་བར་མི་འགྱུར་རོ། །ཚོགས་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ལ། དུས་ནི་འདིར་འབྲས་བུ་དེ་ལོངས་སྤྱད་དུ་རུང་བ་ལ་འདོད་དེ། དེ་ལྟར་འཁོར་ལོས་སྒྱུར་བ་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་སྟོང་ཕྲག་བརྒྱད་ཅུའི་འོག་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ལས་ཚེ་ལོ་བརྒྱ་བའི་འོག་ཏུ་རྣམ་པར་སྨིན་པ་འབྱིན་པའི་ནུས་པ་མེད་པ་ལྟ་བུའོ། །མཆི་མ་ཕྱིས་ཏེ་ཞེས་བྱ་བ་ནི་བསལ་ཏེའོ། །འཚོ་བ་ནི་འཚོ་བའི་ཐབས་སུ་གྱུར་པའོ། །རྫུ་འཕྲུལ་གྱིས་ན་བ་སོ་སོར་བསལ་ཏེ་ཞེས་བྱ་བ་ནི་ཆུང་བ་ཉིད་དུ་བྱས་ནས་སོ། །མཛའ་བའི་བག་ཆགས་ནི་སྲིད་པའི་བག་ཆགས་ཡིན་ཏེ། ཇི་ལྟར་མེ་ཏོག་གིས་བསྒོས་པའི་ཏིལ་དག་ལས་མེ་ཏོག་བསལ་དུ་ཟིན་ཀྱང་མེ་ཏོག་དྲི་འབྱུང་བ་དེ་བཞིན་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་དགྲ་བཅོམ་པ་ལ་ཉོན་མོངས་པའི་བག་ཆགས་ཡོད་པ་ལྟ་བུའོ། །ཤིན་ཏུ་ན་བས་ཞེས་བྱ་བ་ནི་ཕྱིར་གསོ་བར་མི་ནུས་པའི་ནད་དོ། །གནོད་པ་དང་ལྡན་ཡང་ཕྱིར་གནོད་པ་ཡིན་ཡང་སྡུག་བསྔལ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྡུག་བསྔལ་ནི་སྡུག་བསྔལ་དུ་འབྱིང་བའོ། །དགེ་སྦྱོང་དུ་སྟོན་པ་ཞེས་བྱ་བ་ལ་དགེ་སྦྱོང་གི་ཕྱོགས་གཅིག་ཡིན་པའི་ཕྱིར་དང༌། དགེ་སྦྱོང་ཡོངས་སུ་མ་རྫོགས་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་དུ་སྟོན་པའོ། །ཡོངས་སུ་མྱ་ནན་ལས་འདས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ། །དབང་དང་ལྡན་པ་ནི་འདིར་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ལ་འདོད་པ་དེ་ཉིད་ཀྱི་ཕྱིར་གང་ཕལ་ཆེར་ཞེས་སྨོས་པ་བྱས་པ་ཡིན་ལ། འགའ་ཞིག་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡང་ཡོད་པ་ཡིན་ནོ། །སོ་སོར་བཞག་ནས་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བཞག་ནས་སོ། །བཙུན་
པ་ནི་མཁན་པོའི་མིང་ནས་སྨོས་པའི་ཉེ་བའི་ཚིག་ཡིན་ཏེ། འདི་ལ་བསླབ་པའི་གཞི་ལ་རགས་པ་ཉིད་ཀྱི་ཕྱིར་བྱས་པ་ཡིན་ནོ་ཞེས་ཤེས་པར་བྱའི། །རྣམ་པར་གཞན་དུ་ན་ཇི་ལྟར་རིགས་ཏེ། སྐུལ་བྱེད་ཀྱིས་བསམས་བཞིན་དུ་བསླབ་པ་ལས་འདས་པ་བྱས་པའི་ཕྱིར་རོ། །རིང་བསྲེལ་བསྲེགས་པའི་རུས་པའོ། །དུག་སྐྱེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དུག་སྐྱེས་ཤིང་འབྱུང་བར་གྱུར་པའི་ལུས་གང་ཡིན་པ་དེ་ནི་དུག་སྐྱེས་པ་སྟེ། དུག་གིས་ཁྱབ་པར་གྱུར་པའི་ཆོས་ལུས་ལས་སྐྱེས་པས་ཞེས་བྱ་བའི་ཐ་ཚིག་གོ །བདག་གིས་ཕྱོགས་མ་འཚལ་ཏོ་ཞེས་བྱ་བ་ནི་ སེམས་རྣམ་པར ་འཁྲུགས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་བདག་གིས་ཤར་ལ་སོགས་པའི་ཕྱོགས་འདི་ལྟར་འདི་ནི་ཤར་ཡིན་ལ། འདི་ནི་ནུབ་ཀྱི་ཕྱོགས་ཡིན་ནོ་ཞེས་བྱ་བའི་སྣང་བ་མ་འཚལ་བའོ། །ད་ལྟར་མི་དྲན་ནོ་ཞེས་བྱ་བ་ནི་དྲན་པའི་ཡུལ་ཉིད་དུ་གྱུར་པ་མེད་པའོ། །ཅི་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཁྱོད་ཤཱ་རིའི་བུ་རབ་ཏུ་བྱུང་བ་ལ་ནན་ཏན་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་མངོན་པར་སྦྱོར་བའི་སྒོ་ནས་མྱ་ངན་ལས་འདས་པ་ལ་ནན་ཏན་བྱེད་པ་དེའི་ཕྱིར་མ་ལགས་སོ་ཞེས་སྨྲས་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕུང་པོ་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡིན་ཏེ། དེ་ཡང་སོ་སོར་ཐར་པ་དང༌། བསམ་གཏན་དང༌། ཟག་པ་མེད་པའི་སྡོམ་པའི་རང་བཞིན་ནོ། །ཏིང་ངེ་འཛིན་གྱི་ཕྱུང་པོ་ནི་ཏིང་ངེ་འཛིན་གྱི་ཚོགས་ཡིན་ཏེ། དེ་ཡང་རྟོག་པ་དང་བཅས་པ་དང༌། སྤྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །ཤེས་རབ་ཀྱི་ཕུང་པོ་ནི་ཤེས་རབ་ཀྱི་ཚོགས་ཡིན་ཏེ། དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་སོགས་པ་དམིགས་པའི་བྱེ་བྲག་གིས་རྣམ་པ་དུ་མ་ཡོད་དེ། རྣམ་བར་གྲོལ་བ་ནི་ སེམས་རྣམ་པར ་གྲོལ་བ་སྟེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། ཉོན་མོངས་པ་སྤངས་པ་ནི་འདུས་མ་བྱས་ཡིན་ལ། ལྷག་པར་མོས་པ་ནི་འདུས་བྱས་ཡིན་ཞིང་དེ་ཡང་འདས་པ་ལ་སོགས་པའི་དབྱེ་བས་ཚོགས་ཉིད་ཡིན་
ནོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ལ་དམིགས་པའི་ཡེ་ཤེས་དང་མཐོང་བ་ཡིན་ཏེ། དེ་ཡང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང༌། མི་སློབ་པའི་ཡང་དག་པའི་ལྟ་བ་ལ་རྣམ་པར་གྲོལ་བ་ལ་ཡེ་ཤེས་མཐོང་བ་ཞེས་བྱ་བའི་དབང་དུ་བྱས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱའོ། །ངས་ཞེས་བྱ་བ་འདིས་ནི་གཞན་གྱི་མན་ངག་ལ་ལྟོས་པ་མེད་པ་ཉིད་སྟོན་པའོ། །མངོན་པར་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སོ། །བཤད་པ་ཞེས་བྱ་བ་ནི་བསྟན་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞག་པ་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པ་སྟེ། འདིས་ཡུལ་དག་ལ་དྲན་པ་ཉེ་བར་འཇོག་པ་དང༌། རབ་ཏུ་འཇུག་པར་བྱེད་པའི་དབང་དུ་བྱས་ནས་འདིར་ཤེས་རབ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་རྣམས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དང༌། སྐྱེས་པ་རྣམས་སྤངས་པའི་ཕྱིར་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་བའི་ཕྱིར་དང༌། སྐྱེས་པ་རྣམས་ཕྱིར་བོགས་དབྱུང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་ པར་བྱེད། སེམས ་རབ་ཏུ་འཛིན་པར་བྱེད། །ཡང་དག་པར་རབ་ཏུ་འཇོག་པར་བྱེད་པའི་ཕྱིར་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ལ། རྐང་པ་ནི་རྟེན་ཡིན་ནོ། །དབང་པོ་ལྔ་ནི། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཅེས་བྱ་བ་ཡིན་ཏེ། དབང་བྱེད་པ་ཐོབ་བ་ཉིད་ཀྱི་ཕྱིར་དེ་དག་ལ་དབང་པོ་ཞེས་བྱའོ། །སྟོབས་ལྔ་ནི། དེ་དག་ཉིད་མི་བརྫི་བ་ཉིད་གྱི་གནས་སྐབས་གཞན་ཐོབ་པར་གྱུར་པ་
ལ་བསྟན་ཏོ། །བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཡིན་ལ། དེའི་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་ཡན་ལག་བདུན་ཡིན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །ལམ་གང་ཡིན་པ་དེ་ནི་ཡན་ལག་བརྒྱད་པ་ཡིན་ལ། འཕགས་པ་ཡང་དེ་ཉིད་ལ་ཡན་ལག་བརྒྱད་པ་ཡང་དེ་ཉིད་ཡིན་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཟག་པ་མེད་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ ། ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཚུལ་ཁྲིམས་དང་ལྡན་པ་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་དང་འབྱོར་པའོ། །མང་དུ་ཐོས་པ་ཞེས་བྱ་བ་ནི་ཐོས་པ་དང་ལྡན་པར་གྱུར་པའོ། །དངོས་པོ་ཆུང་དུས་སྲོག་འཛིན་པར་འདོད་པ་གང་ལ་ཡོད་པ་དེ་ནི་འདོད་པ་ཆུང་བའོ། །སྲོག་འཛིན་པའི་བསོད་སྙོམས་ལ་སོགས་པ་རྙེད་པ་ན་ཤིན་ཏུ་བསོད་པ་དང་ལྷག་པ་མི་འདོད་པ་ཉིད་ཀྱི་ཕྱིར་མགུ་སླ་བའོ། །རབ་ཏུ་དབེན་པ་ནི་ལུས་དང་སེམས་དབེན་པ་ཉིད་དང་ལྡན་པའི་ཕྱིར་ཏེ། ལུས་ཀྱི་སྒོ་ནས་སྐྱེ་པོ་གཞན་དང་འདྲེ་བ་སྤོང་བ་དང༌། སེམས་ཀྱི་སྒོ་ནས་སྡིག་པ་ཅན་གྱི་རྣམ་པར ་རྟོག་པ་སྤངས་ནས་ཞེས་བྱ་བ་ནི་དབང་དུ་བྱས་པ་ཡིན་ནོ། །རྟག་ཏུ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་བརྩམས་པའོ། །ཉེ་བར་འཇོག་པ་སྟེ། རྟག་ཏུ་དྲན་པ་མངོན་དུ་བྱེད་པ་གང་ལ་ཡོད་པ་དེ་ནི་དྲན་པ་ཉེ་བར་འཇོག་པ་སྟེ། སེམས་དྲན་པ་ཉེ་བར་གཞག་པ་དག་ལ་ཉེ་བར་འཇོག་པར ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་ཐུལ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ལ་བྱའོ། །ཤེས་རབ་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་འཆལ་བར་མི་འགྱུར་བའི་ཡོན་ཏན་དང་འབྱོར་ཅིང་ལྡན་པར་གྱུར་པའོ། །ཤེས་རབ་མྱུར་བ་དང༌། མགྱོགས་པ་དང༌། རྣོ་བ་
དང། ངེས་པར་བྱུང་བ་ཞེས་བྱ་བའི་ཚིག་བཞི་པོ་དག་གིས་ཤེས་རབ་ཀྱི་རང་བཞིན་བསྟན་པ་ཡིན་ཏེ། མྱུར་ཞིང་ཆེས་མྱུར་བར་རབ་ཏུ་ཤེས་པར་བྱེད་པའི་ཕྱིར་ཤེས་རབ་མྱུར་བ་སྟེ། ཤེས་བྱའི་དངོས་པོ་ཐག་ཉེ་བ་ན་ཡོད་པ་འགོར་པ་མེད་པར་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཡུལ་ལས་ཡུལ་གཞན་དུ་མྱུར་བར་འཕོ་བར་བྱེད་པའི་ཕྱིར་ཤེས་རབ་མགྱོགས་པའོ། །དམིགས་པར་བྱ་བ་མ་ལུས་པར་ཡོངས་སུ་དག་པར་བྱེད་པའི་ཕྱིར་ཤེས་རབ་རྣོ་བའོ། །དམིགས་པར་བྱ་བའི་མཐར་ཐུག་པར་འགྲོ་བར་བྱེད་པའི་ཕྱིར་ཤེས་རབ་ཀྱིས་ངེས་པར་བྱུང་བའོ། །ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། །ཤེས་རབ་མཚུངས་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བའི་ཚིག་དྲུག་པོ་དག་གིས་ཡུལ་གྱིས་བྱས་པའི་ཤེས་རབ་ཀྱི་དབྱེ་བ་བསྟན་པ་ཡིན་ཏེ། ངེས་པ་ལ་ངེས་པ་ཉིད་དུ་འབྱེད་པ་ནི་ངེས་པར་འབྱེད་པ་ཡིན་ལ་ངེས་པར་འབྱེད་པའི་ཕྱིར་རབ་ཏུ་བྱུང་བས་ན་ངེས་པར་འབྱེད་པ་ཉིད་དེ་གང་ལ་ཡོད་པ་དེ་ནི་ངེས་པར་འབྱེད་པའི་ཤེས་རབ་ཅན་ཏེ། ངེས་པའི་ཡུལ་ལ་ཁོང་དུ་ཆུད་པར་ནུས་པའི་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་བར་དུའོ། །ཡུལ་ཆེན་པོ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཆེ་བའོ། །སྦྱོར་བ་ལ་ལྟོས་པ་མེད་པར་ཡུལ་ཡངས་པ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཡངས་པའོ། །ཤིན་ཏུ་ཟབ་པའི་དངོས་པོ་ཡོངས་སུ་ཤེས་པའི་ཕྱིར་ཤེས་རབ་ཟབ་པ་ཡིན་ལ། ཟབ་པ་ནི་གཏིང་དཔག་དཀའ་བའོ། །དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་འགའ་ཞིག་ལ་ཡང་དེ་འདྲ་བའི་ཤེས་རབ་མེད་པའི་ཕྱིར་ཤེས་རབ་མཚུངས་པ་མེད་པའོ། དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པ་མ་གཏོགས་པ། །འཇིག་རྟེན་ཀུན་གྱི་ཤེས་རབ་གང༌། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་འབྱུང་བ་ཡིན་ནོ། །མྱུར་བར་རྟོགས་པ་ལས་བརྩམས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར། ཤེས་རབ་དེ་ཉིད་རིན་པོ་ཆེ་ཡིན་པ་དང་ལྡན་ཞིང་འབྱོར་པ་ཡིན་ཏེ། རྙེད་པར་དཀའ་བ་དང༌། ནུས་པ་ངོ་མཚར་ཆེ་བས་ན་རིན་པོ་ཆེའོ་ཞེས་བྱ་བའི་དབང་དུ་བྱས་
ནས་སོ། །མི་ཤེས་པ་དག་གོ་བར་བྱེད་པའི་ཕྱིར་ཡང་དག་པར་སྟོན་པ་ཡིན་ཏེ། བྱ་བ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་དང་ལྡན་པའི་ སེམས་ལེ་ལོས་གནོད་པར ་གྱུར་པ་ཡང་དག་པར་འགོད་པ་སྟེ། དགེ་བའི་བྱ་བ་ལ་འགོད་པར་བྱེད་པའི་ཕྱིར་རོ། །མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར་སྦྱོར་བའི་སྤྲོ་བ་སྐྱེད་པར་བྱེད་པའི་ཕྱིར་ཡང་དག་པར་གཟེངས་བསྟོད་པའོ། །མོས་པ་རྒྱ་ཆེ་བ་དག་དང༌། འབྲས་བུ་ཆེན་པོ་བྱེད་པ་ལ་སྤྲོ་བ་སྐྱེས་པ་དག་ལ་འབྲས་བུ་དེའི་ཡོན་ཏན་བརྗོད་པའི་སྒོ་ནས་རབ་ཏུ་དགའ་བསྐྱེད་པའི་ཕྱིར་ཡང་དག་པར་རབ་ཏུ་དགའ་བར་བྱེད་པའོ། །གཞན་གྱིས་བྱས་པ་དེ་དག་ལ་ཡང་རྟག་ཏུ་ཡོན་ཏན་རྗོད་པར་བྱེད་པའི་ཕྱིར་བསྔགས་པ་སྨྲ་བའོ། །འཁོར་རྣམ་བཞི་ནི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དག་གོ །མི་ནུས་པ་མེད་དོ་ཞེས་བྱ་བ་ལ་མི་ནུས་པ་ནི་དུ་བ་པ་ཡིན་ལ། ཆོས་བཤད་པའི་ཕྱིར་ངག་གི་རབ་ཏུ་འཇུག་པ་དུབ་པ་མེད་པས་ན་མི་ནུས་པ་མེད་པའོ། །ཆོས་དང་ཆོས་ཀྱི་ལོངས་སྤྱོད་ངག་ཅེས་བྱ་བ་ལ། ཆོས་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཡིན་ལ། ཆོས་ཀྱི་ལོངས་སྤྱོད་ནི་ཆོས་ཀྱིས་ཡང་དག་པར་རྣམ་པར་འགོད་པའོ། །མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་ལ། མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ནང་གི་གདུང་བའོ། །སྡུག་བསྔལ་བ་ནི་དེ་ཉིད་ཀྱི་རྒྱུ་ཅན་གྱི་ལུས་ཀྱི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་དེའི་རྒྱུ་ཅན་ཁོ་ནས་ཚིག་ཏུ་སྨྲ་བའོ། །འདིར་དེ་དག་གང་ལས་ཐོབ་པ་ཡིན་ཞེས་བྱ་བ་ནི་རྒྱུའི་ཁྱད་པར་གང་ལས་འདི་ཐོབ་པར་གྱུར་པའོ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། །རྒྱུ་བ་དག་གི་སྐྱེ་བ་ལ་སྐྱེས་པ་ཞེས་བྱ་ལ། །རི་ལ་སོགས་པ་གནས་པའི་དངོས་པོ་སྐྱེས་པར་གྱུར་པ་ལ་འབྱུང་བའི་སྒྲས་བསྟན་པ་ཡིན་ནོ། །གཙུག་ལག་ཁང་དང་ཁང་ཁྱིམ་དང༌། ར་བ་ལ་སོགས་པའི་དངོས་པོ་སྐྱེས་བུའི་འབད་རྩོལ་ལས་གྲུབ་པ་ལ་བྱས་པའི་སྒྲས་གསུངས་ལ། རང་གི་རྒྱུ་དང་རྐྱེན་ལས་གྲུབ་པ་བཻ་ཌཱུཪྻ་དང་ཤེལ་ལ་སོགས་པའི་རིན་པོ་ཆེ་མཛེས་པར་བསྒྲུབ་པའི་ཕྱིར་བྱི་དོར་བྱས་པ་ལ། འདུས་བྱས་ཀྱི་སྒྲས་གསུངས་པ་ཡིན་ནོ། །
མངོན་སུམ་དུ་སེམས་ཀྱིས་སྒྲུབ་པ་གང་ཡིན་པ་དེ་ལ་སེམས་པ་ཞེས་བྱ་སྟེ། ཇི་ལྟར་ལུས་དང་ངག་གི་ལས་ལྟ་བུའོ། །རྐྱེན་དེ་དང་དེའི་ཚོགས་པ་རྙེད་ནས། འདུ་བའི་རྒྱུ་ལས་དངོས་པོ་སྐྱེས་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དངོས་པོ་དེ་ཉིད་ལ་སོགས་པའི་བྱེ་བྲག་དང་ལྡན་པར་གྱུར་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །འཇིག་པ་ནི་ཉམས་པ་ཡིན་ལ་དེའི་ཆོས་གདོན་མི་ཟ་བར་འགྱུར་བ་གང་ལ་ཡོད་པ་དེ་ནི་འཇིག་པའི་ཆོས་ཅན་ནོ། །ཀྱེ་མའོ་དེ་ལ་མི་འཇིག་པ་ཞེས་བྱ་བ་ལ། ཀྱེ་མའི་སྒྲ་ནི་སྨོན་པ་ཡིན་ཏེ། འཇིག་པར་མ་གྱུར་ཅིག་ཅེས་སྨོན་པའོ། །འདི་ལ་གནས་མེད་དོ་ཞེས་བྱ་བ་ནི་འདི་ལ་སྲིད་པ་ཡོད་པ་མ་ཡིན་པའོ། །སྔོན་ཆད་ཀྱང་ཞེས་བྱ་བ་ནི་སྔར་རམ། ཡང་ན་འབད་པ་སྟེ། རབ་ཏུ་འབད་པས་གནས་པ་ལ་གུས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །བཤད་པ་ནི་གསུངས་པའོ། །ཐམས་ཅད་ལ་སྡུག་པ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་པའི་སྒྲ་ནི་མ་འོངས་པའི་གཟུགས་ལ་སོགས་པའི་ཡུལ་འདོད་པ་ལ་བྱའོ། །མཛའ་བའི་སྒྲ་ནི་ད་ལྟར་གྱི་ཡུལ་ལ་དགའ་བའོ། །དགའ་བའི་སྒྲ་ནི་འདས་པའི་ཡུལ་ལ་དགའ་བ་ཉིད་ལ་བྱའོ། །ཡིད་དུ་འོང་བའི་སྒྲ་ནི་དུས་ཐམས་ཅད་དུ་ཡིད་དང་རྗེས་སུ་མཐུན་པར་གྱུར་པ་ལ་བྱའོ། །དེ་དག་གིས་སྣ་ཚོགས་སུ་བྱུང་བར་གྱུར་ཏོ་ཞེས་བྱ་བ་ནི་ཚོགས་པ་སྔོན་དུ་སོང་བ་ཉིད་ཀྱི་བྲལ་བ་ནི་སྣ་ཚོགས་སུ་བྱུང་བའོ། །མེད་པར་གྱུར་པ་ཞེས་བྱ་བ་ནི་དེ་དག་མེད་པར་བྱུང་བ་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་འཇིག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་བྲལ་བ་ཞེས་བྱ་བ་ནི་ཤིན་ཏུ་བྱེ་བར་གྱུར་པ་གང་ཡིན་པ་དེ་ལ་བྱའོ། །དུས་དེ་སྲིད་ཙམ་དུ་བྱེད་པར་གྱུར་པ་རབ་ཏུ་བྲལ་བ་ཞེས་བྱ་བའམ། ཡང་ན་འདོད་པའི་ཡུལ་ཉིད་ཡིན་པའི་ཕྱིར་འདོད་པ་ཡིན་ལ། འདོད་པར་བྱ་པའི་གཟུགས་ཉིད་ཡོང་པའི་ཕྱིར་མཛའ་བ་ཡིན་ཞིང༌། སྡུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ། །ཡིད་ཀྱིས་སྐད་ཅིག་ཙམ་ཡང་མི་གཏོང་བའི་ཕྱིར་ཡིད་དུ་འོང་བའོ། །དེ་དང་ལྷན་ཅིག་ཡུལ་གཞན་དུ་སོང་བ་ལས་བྲལ་བ་ནི་སྣ་ཚོགས་སུ་འབྱུང་བ་ཡིན་ལ། གཞན་དང་བྲལ་བ་ནི་མེད་པར་འབྱུང་བའོ། །ཤིན་ཏུ་བསྐལ་པའི་རྒྱུད་
ཁམས་གཞན་དུ་སྐྱེས་པ་ལས་བྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། ཡོངས་སུ་མྱ་ངན་ལས་འདས་པ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ། །ཡང་ན་ལྐོག་ཏུ་ཡང་འདོད་པ་ཉིད་ཀྱི་ཕྱིར་སྡུག་པ་ཡིན་ལ། དབང་པོ་ཐམས་ཅད་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་མཛའ་བ་ཡིན་ཞིང༌། སྐད་ཅིག་མ་ཙམ་ཡང་ཐ་དད་པར་གནས་པས་སྐྱོ་བར་བྱེད་པའི་ཕྱིར་དགའ་བའོ། །ཡིད་ཀྱིས་ཀུན་ནས་འཁྱུད་ཅིང་གནས་པའི་ཕྱིར་ཡིད་དུ་འོང་བ་སྟེ། དེ་དག་དང་ལྷན་ཅིག་མཐོང་བའི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་ཙམ་གྱིས་བྲལ་བ་ནི་སྣ་ཚོགས་སུ་འབྱུང་བ་ཡིན་ལ། ལྡོག་པར་ནུས་པའི་ཡུལ་གཞན་དུ་སོང་ནས་བྲལ་བ་ནི་མེད་པར་བྱུང་བའོ། །ཡུལ་གཞན་དུ་སོང་བའི་སྒོ་ནས་ལྡོག་པར་མི་ནུས་པའི་འབྲལ་བ་ནི་ཤིན་ཏུ་བྲལ་བ་ཡིན་ལ། །འཆི་བ་ལས་བྲལ་བ་ནི་རབ་ཏུ་བྲལ་བའོ། །ཤིང་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ་ནི་ཤིན་ཏུ་ཚད་ཆེན་པོར་གྱུར་པ་ཡིན་ལ། དེའི་རྩ་བ་ཤིན་ཏུ་བརྟན་པ་ཉིད་ཀྱི་ཕྱིར་རྩ་བ་དང་ལྡན་པའོ། །ཡལ་ག་སྐྱེ་བའི་ཕྱོགས་ལས་འོག་ཏུ་གྱུར་པ་དང༌། རྩ་བའི་ཆ་ལས་སྟེང་དུ་གྱུར་པ་ནི་སྡོང་པོའི་སྒྲས་བསྟན་པ་ཡིན་ཏེ། དེ་དང་ལྡན་པ་ཉིད་ཀྱི་ཕྱིར་སྡོང་པོ་དང་ལྡན་པའོ། །ཤིན་ཏུ་གཅད་པར་དཀའ་བ་ཉིད་ཀྱི་ཕྱིར་སྙིང་པོ་དང་ལྡན་པའོ། །གསེར་ལ་སོགས་པའི་རི་ནི་རིན་པོ་ཆེའི་རི་ཡིན་ལ། རྩེ་མོ་ནི་ཕུང་པོར་གྱུར་པའོ། །ཤིན་ཏུ་མཐོ་བའི་འདབ་མ་ལྷགས་པའི་ཕྱིར་དང༌། རིའི་རྩེ་མོ་རྙིལ་བའི་ཕྱིར་ཤིང་དང༌། རི་དེ་བཞིན་དུ་ཡུན་རིང་པོ་གནས་པར་མི་འགྱུར་རོ། །དེ་བཞིན་དུ་ཤིན་ཏུ་མཐོ་བའི་འདབ་མའི་དཔེ་དང༌། རི་ཆེན་པོའི་རྩེ་མོའི་དཔེས་ཤཱརིའི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ལ། དཔག་བསམ་གྱི་ཤིང་གི་དཔེ་དང་རིན་པོ་ཆེའི་རིའི་དཔེས་ནི་བཅོམ་ལྡན་འདས་ཀྱང་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་ཤིང་ལ་སོགས་པ་དཔེར་མཛད་པ་ཡིན་ནོ། །ཕྱོགས་གང་དུ་ཞེས་བྱ་བ་ནི་ཤར་ལ་སོགས་ པར་རོ། །ཐུགས་ལས་ཆུང་ངུར་ཞེས་བྱ་བ་ནི་ཕྲིན་ལས་ཆུང་བར་ཏེ། གང་གི་ཕྱིར་སེམས ་ཅན་ལ་ཕན་གདགས་པའི་མཛད་པ་ནི་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཡིན་ལ། །སེམས་ཅན་ལ་ཕན་གདགས་པ་ཡང་དགེ་སློང་ཤཱརིའི་བུས་བསྒྲུབས་པ་དེའི་
ཕྱིར་བཅོམ་ལྡན་འདས་ཐུགས་ལས་ཆུང་བ་ཡིན་ནོ། །དེས་སྟོང་པར་མ་གྱུར་པར་མཐོང་བ་ནི། །གལ་ཏེ་དགེ་སློང་ཤཱརིའི་བུས་སྟོང་པར་མ་གྱུར་པའི་ཕྱོགས་དེ་ངས་ཀྱང་ སེམས་ཅན་ལ་ཕན་གདགས་པར ་མཛད་པའི་ཕྱིར་སྟོང་པར་མ་གྱུར་པ་ཡིན་ནོ། །བདག་ཉིད་ལ་གླིང་དང་ཞེས་བྱ་བ་ལ་སོགས་པ་ལ་གླིང་ནི་སྡུག་བསྔལ་གྱི་རྒྱུ་ལས་ཡོངས་སུ་བསྲུང་བའི་ནུས་པ་དང་ལྡན་པའོ། །སྐྱབས་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པ་ཉིད་དེ། བདག་ཉིད་གླིང་དང་སྐྱབས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་བསྟན་པའི་ཆོས་དང༌། དོན་དམ་པའི་ཆོས་ཡིན་ཏེ། ཆོས་ཀྱི་གླིང་དང་སྐྱབས་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ། །བདག་ཉིད་དང་ཆོས་མ་གཏོགས་པ་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་མེད་པའི་ཕྱིར་གླིང་གཞན་དང་སྐྱབས་གཞན་ཞེས་གསུངས་ཏེ། དོན་འདི་ནི་གཞན་ལ་རག་ལས་པས་གནས་པར་མི་བྱའི། །འོན་ཀྱང་བདག་ཉིད་ཀྱི་རྩོལ་བས་ཆོས་ལ་སྦྱོར་བར་བྱ་བ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་དགོན་པ་པ་དེ་དག་ལ་ཞེས་བྱ་བ་ནས་དགེ་སློང་དག་བག་མེད་པར་མ་གྱུར་པས་བསམ་གཏན་གྱིས་ཤིག །ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཁོ་བོ་འདོམས་པར་བྱེད་པའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་ང་བཞུགས་པའོ། །ང་ཡོངས་སུ་མྱ་ངན་ལས་འདས་པའི་ཞེས་བྱ་བ་ནི་ང་ཡོངས་སུ་འགོག་པར་གྱུར་པའོ། །བསླབ་པ་འདོད་པ་ཞེས་བྱ་བ་ནི་འདིར་བསླབ་པ་དག་ལ་གུས་པར་བྱེད་པའོ། །ནང་གི་ཞེས་བྱ་བ་ནི་བདག་གི་དབང་དུ་བྱས་ནས་ནང་ཡིན་ཏེ། །རང་གི་ལུས་ཞེས་བྱ་བའི་བར་དུ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ནུ་གཙང་བའི་ཚོགས་སུ་རྗེས་སུ་ལྟ་བ་ཡིན་ཏེ། དེ་སྐད་དུ་ཡང༌། ལུས་འདི་ལ་སྐྲ་དང་བ་སྤུ་དང་སེན་མོ་ནས་ཀླད་རྒྱས་འཛག་པ་ཡོད་དོ་ཞེས་བྱ་བའི་བར་དུ་སོ་སོར་རྟོག་པའམ། སྤྱི་དང་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་བརྟག་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །བརྩོན་པ་དང་ལྡན་པ་ཞེས་བྱ་བ་ནི་གདུང་བར་བྱེད་པས་ན་གདུང་བ་སྟེ། བརྩོན་འགྲུས་ཡིན་ཏེ། བརྩོན་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་དྲན་པ་དང་འབྱོར་པར་གྱུར་པའོ། །ཟིལ་གྱིས་གནོན་པ་ནི་རེངས་ པར་
བྱས་པ་སྟེ། དུས་ཕྱིས་ཀུན་དུ་སྤྱོད་པའི་ཕྱིར་རོ། །བརྣབ་སེམས ་ནི་རང་དང་གཞན་གྱི་ཡུལ་ལ་ཆགས་པའི་མཚན་ཉིད་ཡིན་ལ། ཡིད་མི་བདེ་བ་ནི་ནོར་མ་རྙེད་པ་སྔོན་དུ་སོང་བ་ཅན་གྱི་ཡོངས་སུ་གདུང་བ་སྟེ། བརྣབ་སེམས་དང་ཡིད་མི་བདེ་བ་དག་ནི་བརྣབ་སེམས་དང་ཡིད་མི་བདེ་བ་སྟེ། དེ་དག་ཟིལ་གྱིས་མནན་པའོ། །ཡུལ་གང་ལ་ཞེ་ན། འཇིག་རྟེན་ཞེས་སྨོས་ཏེ། འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་ནོ། །ཕྱིའི་ལུས་ལ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ཀྱིས་བསྡུས་པ་ལའོ། །ཕྱི་དང་ནང་གི་ལུས་ལ་ཞེས་བྱ་བ་ནི་རང་གཞན་གྱི་རྒྱུད་དང་ཅིག་ཅར་འབྲེལ་པར་གྱུར་པ་ལའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དག་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟག་པར་བྱའོ། །ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་འདི་ནི་ཆོས་ཙམ་ཁོ་ན་ཡིན་གྱི་འདི་ལ་བདག་ལ་སོགས་པ་ཡོད་པ་མ་ཡིན་ནོ་སྙམ་དུ་འོ། །མངོན་བར་བསྟོད་པ་ནི་ སེམས་ཀྱིའོ། །རྗེས་སུ་ཡི་རང་བ་ནི་ཡིད་ཀྱིས་སོ། །རབ་ཏུ་ཆགས་པ་ནི་ལྷག་པར ་ཆགས་པར་གྱུར་པའོ། །མངོན་པར་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་མི་སྡུག་པའོ། །སྨད་པར་བྱ་བ་ཡིན་པའི་ཕྱིར་ངན་པར་བརྗོད་པའོ། །བརྩེ་བ་མེད་པའི་ཚིག་གིས་བསྡིགས་པའི་ཕྱིར་སྤྱོས་པའོ། །སྨད་པའི་ངག་གིས་སྤྱོད་པའི་ཕྱིར་སྤྱོད་པ་ངན་པའོ། །ཡལ་བར་དོར་བ་ནི་གུས་པ་མེད་པར་བྱེད་པའོ། །སྐར་མ་བསྟུན་ཏེ་ཁྲུས་བྱས་པ་ནི་སྐར་མ་བཟང་པོ་ལའོ། །སྒྱུ་བྱས་པ་ནི་གཡོ་བྱས་པའོ། །སྲིད་པ་ཐ་མ་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་སྔོན་གྱི་དུས་ཀྱི་སྲིད་པ་ལ་བཞེད་ལ། ཕུར་པོ་ལྔ་འདུས་པའི་ལུས་ལ་ལུས་ཞེས་བྱ་སྟེ། ནད་ལ་སོགས་པ་རྣམ་པར་འཚེ་བའི་བྱེ་བྲག་དུ་མའི་གནས་སུ་གྱུར་པ་ཉིད་ཀྱི་ཕྱིར་གནས་དང་ལུས་ཞེས་བྱའོ། །ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་པ་གཟུགས་ཀྱི་ཕུང་པོ་ཡིན་ཏེ། འདི་བཟའ་བ་ལ་རྟེན་ཅིང་འབྲེལ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བདག་གི་དངོས་པོ་རྙེད་པ་ཞེས་བྱ་བ་ནི་རང་དང་གཞན་གྱི་བསམ་པ་ཉེ་བར་གནོན་པ་དང་ལྡན་པའི་བདག་ཉིད་ཀྱི་དངོས་པོ་འཛིན་པའོ། །གྲང་བ་ནི་ལྷགས་པའི་དུས་ཡིན་ལ། དྲོ་བ་ནི་དྲོ་བའི་དུས་ལ་གང་གི་ཚེ་ན་རླུང་ལྡང་བ་སྟེ། རླུང་རྒྱུ་བ་དང་རླུང་གིས་བསྐྱོད་ན་ཞེས་བྱ་བ་ནི་རླུང་གིས་གྲངས་པར་གྱུར་པ་
ནའོ། །རླུང་སྐོམ་པོ་ཞེས་བྱ་བ་ལ་རླུང་གིས་ཆུ་སྐམས་པར་གྱུར་པ་ནི་ཆུ་རླུང་སྐམས་པའོ། །ཇི་ལྟར་བརྩེ་བ་ན་ཞེས་བྱ་བ་ནི་བྱ་བ་ཁྱད་པར་བྱེད་པ་ཡིན་པས་ན་གནས་པའི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ཏེ། ཇི་སྲིད་འདོད་པ་དེ་སྲིད་དུ་གནས་ཞེས་བྱ་བའི་ཐ་ཚིག་གོ །ཤལ་མ་ལི་ཞེས་བསམ་མི་བྱ། །ཞེས་བྱ་བ་ལ་ཤལ་མ་ལི་སྟེ། མེ་ཏོག་འདི་ཤིང་ཤལ་མ་ལི་ལ་སྐྱེས་པ་ཡིན་ནོ་ཞེས་བསམ་པར་མི་བྱའོ། །འོན་ཀྱང་སྐམ་སར་པདྨ་ལྡན་པར་རླུང་འདི་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། སྟོབས་ལྡན་གྱིས་ནི་དེས་བཟུང་བས། །ཞེས་བྱ་བ་སྟེ། སྟོབས་དང་ལྡན་པས་ཟིལ་གྱིས་མནན་ཅིང་ཁྱབ་པར་གྱུར་པས་སོ། །དེའི་ཕྱིར་ནི་དེས་འབྱུང་རྩོལ་བ་སྟེ་འབྱུང་བར་འདོད་པའོ། །དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་མཛའ་བོ་ཡིན་ལ། ཡིད་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའོ། །བསྙེན་བཀུར་གྱི་གནས་ཉིད་ཡིན་པའི་ཕྱིར་བླ་མ་ཡིན་ལ། རྟག་ཏུ་ཡོན་ཏན་དྲན་པའི་བྱ་བ་ཉིད་ཡིན་པའི་ཕྱིར་མཆོད་པར་འོས་པའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་དག་དོན་འདིས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་དག་རིང་བསྲེལ་མཆོད་པ་ལ་སོགས་པའི་དོན་འདི་དང་ལྡན་པས་མཛེས་པར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་དགེ་སློང་གི་སྡོམ་པ་དང༌། བསམ་གཏན་དང༌། ཟློས་པ་ལ་སོགས་པའི་བསོད་ནམས་ལ་རབ་ཏུ་འཇུག་པ་ནི་ཡོད་པ་མ་ཡིན་གྱི། རབ་ཏུ་བྱུང་བ་དག་ནི་བསོད་ནམས་ཀྱི་རྣམ་པ་དུ་མ་ལ་རབ་ཏུ་འཇུག་པའི་ཕྱིར་འདི་ལ་འཛིན་པར་མི་བྱའོ། །བྱས་པ་ནི་འབྲས་བུ་ཆེན་པོ་བྱེད་པའོ། །རབ་ཏུ་བྱས་པ་ནི་ཕན་འདོགས་པ་ཡིན་ལ། ཤིན་ཏུ་བྱས་པ་ནི་ལན་དུ་ཕན་འདོགས་པའོ། །དགེ་ཚུལ་གྱི་ཕྱིར་ཉེ་བར་གཞག་པ་ནི་རབ་ཏུ་བྱུང་བ་གཞན་ལ་ཀློག་པ་དང༌། འདོན་པ་ལ་སོགས་པས་ཕན་པ་ལ་ཉེ་བར་འགོད་པའོ། །ཇི་ལྟར་འདོན་པ་ཞེས་བྱ་བ་ནི་ཁྱོད་ཇི་ལྟར་གཞུང་འདོན་པ་དེ་གཞན་ལ་གཞུང་གི་སྒོ་ནས་ཀློག་ཏུ་གཞུག་པའོ། །འཛིན་དུ་འཇུག་པ་ནི་དོན་གྱི་སྒོ་ནས་སོ། །སློབ་ཏུ་གཞུག་པ་ནི་བྱ་བ་མ་ཡིན་པ་ལས་ཟློག་པ་དང༌། བྱ་བ་ལ་ཡང་དག་པར་སྦྱོར་བའོ། །བླ་མའི་གནས་ནི་ཁྱིམ་ན་གནས་པའི་ཕུ་བོ་ཡིན་ལ། རབ་ཏུ་བྱུང་བ་དག་གི་ཡང་བསླབ་པས་རྒན་པ་དང་མཁན་པོ་
གཅིག་ལ་ཕན་འདོགས་པར་བྱེད་པའོ། །མ་བཅག་པ་ཞེས་བྱ་བ་ནི་སུན་མ་ཕྱུང་བ་དང༌། མ་བསལ་བའོ། །ཁང་བཟངས་ཞེས་བྱ་བ་ནི་ཁྱིམ་བཟང་པོ་སྟེ། དེ་རབ་ཏུ་མཐོ་བའི་གནས་དེར་རོ། །དྲི་ནི་གོས་ལ་བསྒོས་པའི། །ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ། །མཆོད་པ་དང་བསྙེན་བཀུར་བླངས་ཞེས་བྱ་བ་ནི་མཆོད་བའི་རྒྱུ་ཅན་དྲི་ལ་སོགས་པ་དེ་བླངས་ཤིང་བཟུང་ནས་དུལ་བར་གནས་ཤིང་དེས་འདི་ལ་བསྙེན་བཀུར་བྱའོ་ཞེས་སེམས་ཀྱིས་བསམས་ནས་བསྙེན་བཀུར་བྱ་བ་བསྟན་ཏོ། །གོ་རིམས་བཞིན་དུ་སྲོག་ཤིང་ལ་འཕང་ལོ་ཞེས་བྱ་བ་ལ་སོགས་པ་ལ་དང་པོ་ནི་ཚད་ཆེན་པོར་བྱ་ཞིང་གཉིས་པ་ནི་དེ་ལས་ཅུང་ཞིག་གིས་ཆུད་བ་ཡིན་ལ་གསུམ་པ་དང་བཞི་པ་ཡང་དེ་བཞིན་ཏེ། རིམ་པ་ལྟར་འཕང་ལོ་ཟླུམ་པོར་བྱའོ། །ཆར་ལས་སྐྱོབ་པའི་ཐབས་ཉིད་ཡིན་པའི་ཕྱིར་གདུགས་ཡིན་ཏེ། ཐམས་ཅད་ཀྱི་སྟེང་དུ་གཞག་པར་བྱ་བ་རྫས་ཀྱི་བྱེ་བྲག་གི་རྣམ་པ་ཀུན་ནས་ཟླུམ་པའོ། །སོ་སོར་སྐྱེ་བོ་དག་ཉེས་པ་མེད་པ་ཉིད་ཀྱིས་དགེ་བ་དེ་ཉིད་ཀྱི་ཕྱིར་དགེ་བ་ཅན་ཏེ། ཉིས་བྱས་ཅན་གྱི་ཁ་ན་མ་ཐོ་བ་ཡང་མི་བྱེད་པ་གང་ཡིན་བ་དེ་ལ་སོ་སོའི་སྐྱེ་བོ་དགེ་བ་ཅན་ཞེས་བྱའོ། །བྱི་བོ་ཞེས་བྱ་བ་ནི་རྒྱན་དང་བྲལ་བའོ། །ཇི་ལྟར་བཞུགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡིན་ལ་དེ་དག་གི་ཡང་ཇི་ལྟར་དེ་གཉིས་གྲལ་རིམ་གྱིས་འདུག་པར་གྱུར་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་རྟེན་ཡང་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཤཱ་རིའི་བུ་འདུག་པར་གྱུར་ལ། གཡོན་ཕྱོགས་སུ་ནི་མཽད་གལ་གྱི་བུ་ཞེས་རྗོད་པར་བྱེད་པའོ། །ཤིན་ཏུ་ཡིད་ཆེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡིད་བརྟན་པས་སོ། །གྲུ་བོ་ཆེ་ལེགས་ཏེ་ཞེས་བྱ་བ་ནི་རྙེད་པ་དང་ལྡན་པར་གྱུར་པའོ། །འགྲོ་བར་བྱེད་པའི་དོན་གྱིས་ན་ཐེག་པ་ཡིན་ལ། རྫས་འཛིན་པར་བྱེད་པའི་ཕྱིར་སྣོད་ཡིན་པ་དེ་བས་ན་གྲུ་ཞེས་བྱའོ། །སྦྱིན་པ་ནི་རྗེས་སུ་གཟུང་བའི་དོན་ལ། བསོད་ནམས་ནི་མཆོད་པའི་དོན་ཡིན་བའམ། སྦྱིན་པ་ནི་སྦྱིན་པའི་རང་བཞིན་ཡིན་ལ། བསོད་ནམས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་ནོ། །བརྡུང་བར་བྱ་བ་ནི་བརྡུང་དུ་རུང་བའོ། །ཤིང་འཛམ་བུའི་གྲིབ་མ་ནི་ཤིང་འཛམ་བུའི་གྲིབ་མ་ལ་བྱང་ཆུབ་སེམས་དཔའ་ཟག་བ་མེད་པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་ པར་ཞུགས་ནས་བཞུགས་པ་དེའི་ཚེ་བྱང་ཆུབ་སེམས ་
དཔའི་ལུས་ཅི་འདྲ་བ་དེའི་རྣམ་པ་དང་རྗེས་སུ་མཐུན་པར་བྱས་པའི་སྐུ་གཟུགས་སོ། །སྨད་པར་བལྟ་བས་ན་ཞེས་བྱ་བར་ལྟ་བ་སྟེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་དེ་ལ་རྣམ་པ་གཞན་དུ་ཡོངས་སུ་གཅད་པའི་ཕྱིར་རོ། །ཉེས་པར་ཐོས་པ་དང༌། ཉེས་པར་དོགས་པ་ཡང་དེ་དང་འདྲའོ། །མགོ་འོག་ཏུ་བལྟས་པ་ནི་བག་ཚ་བའོ། །སྐེམ་པ་ནི་ཤ་ཡོངས་སུ་ཟད་པར་གྱུར་པའོ། །རིད་པ་ནི་བྱ་བ་བྱེད་པའི་ནུས་པ་ཆུང་བའོ། །རྙེད་པ་ཞེས་བྱ་བ་ནི་གཟི་དང་བྲལ་བར་གྱུར་པའོ། །ལུས་མ་རྙེད་པ་ཞེས་བྱ་བ་ནི་ལུས་འཛིན་པའི་ནུས་པ་ཡང་མེད་པར་གྱུར་པའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་གྲུབ་པ་ཡིན་ལ། ཡིད་ལ་བྱེད་པ་ནི་མ་གྲུབ་པ་ཡིན་ཞིང་མི་བྱེད་པ་ནི་ཡོངས་སུ་དོར་བར་གྱུར་པའོ། །མ་བརྗེད་པ་ལ་དྲན་པར་བྱེད་པ་ཞེས་བསྟན་ཏོ། །སྐབས་འབྱེད་པ་ནི་ལྟུང་བ་གླེང་བའི་སྐབས་འབྱེད་པར་བྱེད་པའོ། །དམ་བཅའ་བར་བྱེད་པ་ནི་ཉེས་པར་ལྟ་བ་ལ་སོགས་པས་སྒྲོ་འདོགས་པ་བཟློག་པར་རོ། །གདམས་ངག་ནི་ལམ་སྒོམ་པའི་ལུང་ཕོག་པའོ། །སངས་རྒྱས་བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཚངས་པ་ཆེན་པོས་གསོལ་བ་བཏབ་སྟེ། ཆོས་བསྟན་པར་ཞལ་གྱིས་བཞེས་པར་མཁྱེན་ནས་ཀུན་ནས་འཚོ་བྱེད་ཀྱི་མདུན་དུ་བཱ་རཱ་ཎ་སཱིར་གཤེགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ནི་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ལྔ་སྡེ་ལས་བརྩམས་ཏེ། ཐོག་མ་མེད་པའི་དུས་ནས་བརྟས་པའི་འཇིག་ཚོགས་སུ་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ཉོན་མོངས་པའི་ཚོགས་འཇོམས་པར་བྱེད་པའི་མདོ་སྡེ་འདི་གསུངས་པ་ཡིན་ལ། དེ་ལ་བསྐལ་པ་གྲངས་མེད་པ་གསུམ་དང་བགྲང་བར་ཤིན་ཏུ་དཀའ་བ་བརྒྱས་བསྒྲུབས་པའི་ཆོས་ཀྱི་གཏེར་ཆེན་པོ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པས་ཡང་དག་པར་བགོས་པའི་ཕྱིར་རོ། །དེ་བས་ན་མདོ་སྡེ་བསྡུས་པའི་དོན་བརྗོད་པ་འདིས་ནི་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པའི་དགོས་པ་ཡང་གསལ་པོ་ཁོ་ནར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཐམས་ཅད་ནི་སྐྱེ་བོ་གདུལ་བྱ་རྗེས་སུ་གཟུང་བའི་མཆོག་ཀྱང་གདུལ་བྱ་དག་
ཉོན་མོངས་པའི་ཉེས་པ་མ་ལུས་པ་ལས་གྲོལ་བར་མཛད་པ་ཡིན་ཏེ། གདུལ་བྱ་རྣམས་ཀྱིས་འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་ཉོན་མོངས་པའི་ཚོགས་དྲུངས་མ་ཕྱུང་བར་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་ཟད་ཅིང་སྤངས་པའི་ཤེས་པ་ཐོབ་པར་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་སྔོན་གྱི་སྐྱེ་བར་གོམས་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་མ་ལུས་པར་ཟད་པར་བྱ་བའི་ཕྱིར་དད་པ་མཆོག་ལ་སོགས་པ་སྐྱེས་པ་དག་ལ་བརྩམས་ནས་མདོ་སྡེ་འདི་གསུངས་པ་ཡིན་ནོ། །མདོ་སྡེའི་རྗོད་པར་བྱེད་པའི་དགོས་པ་ཡང་དག་པར་བསྟན་ནས། ཚིག་གི་དོན་གྱི་རྣམ་པར་དབྱེ་བ་ཡང་བྱ་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་དགོས་པ་སྟོན་པའོ། །བཱ་རཱ་ཎ་སཱི་ཞེས་བྱ་བ་ནི་ཆུ་བོ་ལ་བཱ་རཱ་ཎ་སཱི་ཞེས་བྱ་སྟེ། གང་ད་ལྟར་ནི་དེ་བཞིན་གཤེགས་པ་དང་འཇིག་རྟེན་པ་དག་གིས་བཱ་རཱ་ཎ་སཱི་ཞེས་ཡང་དག་པར་ཤེས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁྲུངས་པའི་ཚེ་ན་ནི་བ་ར་ཀ་ཞེས་མིང་འདོགས་སོ། །བཱ་རཱ་ཎ་སཱི་དེ་དང་ཐག་མི་རིང་བ་ན་ཡོང་པའི་ཁང་ཁྱེར་དེ་ལ་བཱ་རཱ་ཎ་སཱི་ན་ཞེས་བྱ་སྟེ། ཐག་ཉེ་བ་དབང་དུ་བྱེད་པའོ། །བཞུགས་ཏེ་ཞེས་བྱ་བ་ལ་སྟེའི་སྒྲ་ནི་འདས་པའི་དུས་ཉིད་སྟོན་པར་བྱེད་པའོ། །འདི་ལྟར་བཞུགས་པ་དང་གཟིམས་པ་ལ་སོགས་པའི་དབྱེ་བས་རྣམ་པ་ཡོད་པ་དེ་ལྟ་ན་ཡང་འདིར་བཞུགས་པ་ཙམ་ལ་བྱ་སྟེ། དེ་ལ་བཞུགས་ན་ས་མདོ་སྡེ་འདི་གསུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་བཞུགས་ནས་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཀྱང་བཞུགས་གདན་ཤུགས་ཀྱིས་ཐོབ་པར་འགྱུར་རོ། །དྲང་སྲོང་སྨྲ་བ་ཞེས་བྱ་བ་ལ་དྲང་སྲོང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེ་དག་གང་དུ་ཆོས་གསུངས་བར་མཛད་པ་དེ་ནི་དྲང་སྲོང་སྨྲ་བའི་གནས་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་སོ་སོར་ངེས་པའི་རྡོ་རྗེའི་གདན་ཁོ་ན་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་མཛད་པ་དེ་བཞིན་དུ་སོ་སོར་ངེས་པའི་ཡུལ་དེ་ཉིད་ལ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རྒྱུན་རྣམ་པར་གཅོད་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་
བར་མཛད་པའོ། །ཡང་ན་དྲང་སྲོང་དག་གི་སྤྱོད་པ་དང༌། སྤྱོད་ཡུལ་དང་ལྡན་པ་ཉིད་ཀྱི་ཕྱིར་གནས་ཀྱི་མཆོག་དེ་ལ་དྲང་སྲོང་སྨྲ་བ་ཞེས་བསྟན་ཏོ། །རི་དགས་རྒྱུ་བ་ཞེས་བྱ་བ་ནི་རི་དགས་དག་ཡིད་བརྟན་པས་སྤྱོད་ཅིང་གནས་པའི་དོན་དུ་རྒྱལ་པོས་ས་ཕྱོགས་དེ་བཏང་བའི་ཕྱིར་རི་དགས་རྒྱུ་བ་ཞེས་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་འཆད་པའི་གནས་སྟོན་པ་སྟེ། གནས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གསུངས་པ་ཡིན་གྱི་གཞན་དག་ཏུ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཅོམ་ལྡན་འདས་ཞེས་བྱ་བའི་དོན་དེ་ནི་བཤད་པ་ཡིན་ནོ། །དགེ་སློང་ལྔ་སྡེ་དག་ལ་ཞེས་བྱ་བ་ལ་འདི་ལྟར་ལྔ་སྡེ་ཞེས་བྱ་བ་ཡང་ལྔ་པོ་དེ་དག་གི་གྲངས་བརྗོད་པ་ཡིན་ལ་དེ་ལྟ་ན་ཡང་མིང་དེ་དག་རེ་རེ་ལ་ཡང་གནས་པ་ཡིན་ཏེ། ཇི་ལྟར་དྲུག་སྡེ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འདི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་ལ་བོས་ཏེ་ཞེས་ལྷག་མ་དང་བཅས་པ་འདི་གསུངས་པ་ཡིན་ནོ། །བོས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ སེམས་གཏོད་པ་ལ་རྣམ་པར ་སྤྱོད་པར་མཛད་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་ལ་སོགས་པའི་རྣམ་པར་འཚེ་བས་གཙེས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་པའི་ཕྱིར་མདོ་གཞན་བཤད་པར་འགྱུར་བ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ངས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་ཞེས་གསུངས་པ་ཡིན་ནོ། །སྔོན་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགས་སུ་ཆུང་པའི་གོང་དུའོ། །ཆོས་མ་ཐོས་པ་ཞེས་བྱ་བ་འདིས་ནི་གཞན་གྱིས་ལུང་ཕོག་པ་མེད་པར་ཐུགས་སུ་ཆུད་པ་སྟོན་པ་ཡིན་ནོ། །དེ་ལའོ་སྙམ་དུ་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་བཅད་པར་གྱུར་པ་ན་རང་བཞིན་གྱི་རྣམ་པའི་བྱེ་བྲག་ངེས་པའི་དོན་ཡིན་ཏེ། སྡུག་བསྔལ་ལ་སྡུག་བསྔལ་ཞེས་བྱ་བ་དང༌། འཕགས་པའི་བདེན་པ་ལ་འཕགས་པའི་བདེན་པ་ཞེས་ངའི་མིག་སྐྱེས་སོ་ཞེས་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །ངས་ཞེས་བྱ་བ་ནི་བདག་ལ་སྦྱོར་བ་ཡིན་ཏེ། འདི་བདག་སྟོན་པའི་ཆོས་བསྟན་པ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །མངོན་པར་རྫོགས་
པར་སངས་རྒྱས་ནས་རིང་པོ་མ་ལོན་པར་མདོ་སྡེ་འདི་གསུངས་པ་དེའི་ཕྱིར་དེའི་ཚེ་ན་བདེན་པ་མཐོང་བའམ། དགྲ་བཅོམ་པར་གྱུར་པ་གཞན་འགའ་ཡང་མེད་པས་ལམ་འདིས་བཅོམ་ལྡན་འདས་ཀྱིས་བདེན་པ་གཟིགས་ནས་དགྲ་བཅོམ་པར་གྱུར་ཏོ། །ཞེས་དེ་ཉིད་ཁོ་ན་ལ་སྟོན་པར་མཛད་པ་ཡིན་ཏེ། གང་གི་ཚེ་ལམ་འདིས་ཉན་ཐོས་གཞན་དག་གིས་ཀྱང་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེའི་ཚེ་གཉི་ག་ལ་སྟོན་པའི་ཚེ་འཕགས་པའི་བདེན་པ་སྟོན་པར་མཛད་པར་འགྱུར་རོ། །དགེ་སློང་དག་ཅེས་བྱ་བ་ནི། འབོད་པའི་ཚིག་ཡིན་ཏེ། བོས་པ་ཡང་ སེམས་མཉམ་པར ་གཞག་པ་ལ་སྦྱར་བའི་ཕྱིར། འདིར་འདི་སྐད་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མ་མཐོང་བ་དང༌། གསོལ་བ་དང༌། བཞིའི་ལས་ཀྱིས་བསྙེན་པར་མ་རྫོགས་པ་དག་ལ་ཅིའི་ཕྱིར་དགེ་སློང་ལྔ་སྡེ་དག་ཅེས་གསུངས་ཤེ་ན་འདི་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། སློང་བའི་ཕྱིར་དགེ་སློང་ཞེས་གསུངས། ལྔ་སྡེ་དེ་དག་ཀྱང་ཆོས་བཞིན་གྱིས་སློང་བའི་སྤྱོད་པས་སྲོག་འཛིན་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཅེས་བསྟན་པ་ཡིན་ནོ། །ཡང་ན་དགེ་སློང་གི་དངོས་པོར་གྱུར་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་དག་ཅེས་བོས་པ་ཡིན་ནོ། །སྔོན་ཆོས་མ་ཐོས་པར་ཞེས་བྱ་བ་འདིས་ནི་སློབ་དཔོན་མེད་པར་ང་ལ་ཡང་དག་པའི་ཤེས་པ་སྐྱེས་སོ་ཞེས་སྟོན་པར་མཛད་པའོ། །ཚུལ་བཞིན་ཡིད་ལ་བྱས་པ་ན་ཞེས་བྱ་བ་དེ་ལ་ཚུལ་ནི་ཐབས་ཡིན་ཏེ། ཐབས་ལས་བྱུང་བའི་དོན་ཐོབ་པ་ལ་སྦྱོར་བའི་སྒོ་ནས་འདུ་ཞིང་འདྲེས་ པར་འགྱུར་བའི་ཕྱིར་རམ། ཚུལ་ནི་རིགས་པ་ཡིན་ཏེ། སེམས ་ཀྱིས་ཁོང་དུ་མ་ཆུད་པའི་དོན་རྟོགས་པའི་སྒོ་ནས་འདྲེས་པར་གྱུར་པའི་ཕྱིར་རོ། །དེ་བས་ན་ཐབས་སམ་རིགས་པས་བདེན་པ་རྟག་པ་ཡིད་ལ་བྱེད་ཅེས་པ་འདི་ནི་དག་གི་དོན་ཡིན་ནོ། །མིག་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མིག་ནི་དོན་མངོན་སུམ་དུ་བྱེད་པའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ཡིན་ལ། ཐེ་ཚོམ་མེད་པའི་ཕྱིར་ཡེ་ཤེས་ཡིན་ནོ། །ཡང་དག་པའི་དོན་ཉིད་ཡིན་པའི་ཕྱིར་རིག་པའོ། །རྣམ་པར་དག་པ་ཡིན་པའི་ཕྱིར་བློ་ཡིན་ནོ། །ཡང་ན་ལྟ་བ་ངན་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་མིག་ཡིན་ལ། ཐེ་ཚོམ་གྱི་གཉེན་པོ་ཉིད་ཡིན་པའི་ཕྱིར་
ཡེ་ཤེས་ཡིན་ནོ། །མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རིག་པའོ། །ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་བློ་ཞེས་བྱའོ། །གཞན་དག་ནི་དེ་ལ་མིག་སྐྱེས་སོ། །ཡེ་ཤེས་དང༌། རིག་པ་དང༌། བློ་དང༌། བྱང་ཆུབ་སྐྱེས་སོ་ཞེས་འདོན་ པར་བྱེད་དོ། །དེ་ལ་འདོད་པ་ལ་འདུན་པའི་གཉེན་པོ་ཡིན་པའི་ཕྱིར་མིག་ཡིན་ལ། གནོད་སེམས ་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཡེ་ཤེས་ཡིན་ནོ། །གཉིད་དང་རྨུགས་པའི་གཉེན་པོ་ཡིན་པའི་ཕྱིར་རིག་པ་ཡིན་ལ། རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་བློ་ཡིན་ཞིང༌། ཐེ་ཚོམ་གྱི་གཉེན་པོ་ཡིན་པའི་ཕྱིར་བྱང་ཆུབ་ཅེས་བྱའོ། །དགེ་སློང་དག་ངས་ཞེས་བྱ་བ་དང༌། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ་ཞེས་མདོར་བསྡུས་ནས་བསྟན་པའི་ཚེགས་ཆུང་དུས་ལེགས་པར་བཤད་པའོ། །འདི་ལྟར་སྡུག་བསྔལ་ཀུན་འབྱུང་བ་ཞེས་བྱ་བ་ཡང་གང་ཞེ་ན། དེས་སྨྲས་པ། སྡུག་བསྔལ་གྱི་ཀུན་འབྱུང་བ་ནི་སྡུག་བསྔལ་ཀུན་འབྱུང་བ་སྟེ། གང་གི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་ཅན་གྱི་སྡུག་བསྔལ་མ་ལུས་པ་ལས་མ་ལུས་པ་འབྱུང་བའི་ཕྱིར་ཏེ། ཀུན་འབྱུང་འདི་ལས་ཞེས་བྱ་བའི་དབང་དུ་བྱས་སོ། །སྡུག་བསྔལ་འགོག་པ་ལ་ཞེས་བྱ་བ་ལ་འདིར་སྡུག་བསྔལ་འགོག་པ་གང་ཡིན་ཞེ་ན། སྨྲས་པ། སྡུག་བསྔལ་ཐོབ་པ་འགོག་པ་དང་གཞན་གྱི་སྐྱེ་བ་ནི་སྡུག་བསྔལ་འགོག་པའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཡིན་ཞེ་ན། སྡུག་བསྔལ་གྱི་འགོག་པ་ནི་སྡུག་བསྔལ་འགོག་པ་སྟེ། དེར་འགྲོ་བའི་ལམ་ནི་ལམ་གྱི་བདེན་པ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལན་གསུམ་དུ་བསྐོར་བ་རྣམ་པ་བཅུ་གཉིས་སུ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པའི་བདེན་པ་བཞི་པོ་དག་ལན་གསུམ་དུ་བསྐོར་བ་རེ་རེ་ལ་རྣམ་པ་བཞི་བཞིར་འགྱུར་བའི་ཕྱིར་བཅུ་གཉིས་སུ་འགྱུར་ཏེ། བསྐོར་བ་དང་པོ་ལ་འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་བའོ། །འདི་ནི་འགོག་པའོ། །འདི་ནི་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་དེ་རྣམ་པ་བཞི་ཡིན་ལ། བསྐོར་བ་གཉིས་པ་ལ་སྡུག་བསྔལ་
ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་བྱ་བ་དེ་ཡང་རྣམ་པ་བཞི་ཡིན་ཞིང༌། བསྐོར་པ་གསུམ་པ་ལ་སྡུག་བསྔལ་ནི་ཤེས། ཀུན་འབྱུང་ནི་སྤངས། འགོག་པ་ནི་མངོན་སུམ་དུ་བྱས། ལམ་ནི་བསྒོམས་སོ་ཞེས་བྱ་བ་དེ་དག་ཀྱང་རྣམ་པ་བཞི་ཡིན་པའི་ཕྱིར་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །ཡང་ན་སྡུག་བསྔལ་ཞེས་བྱ་བ་དེ་བསྐོར་བ་ལ་མིག་དང༌། ཡེ་ཤེས་དང༌། རིག་པ་དང༌། བློ་སྐྱེས་པ་ཞེས་བྱ་བ་རྣམ་པ་བཞི་དང༌། སྡུག་བསྔལ་ཤེས་པར་བྱའོ་ཞེས་བྱ་བ་དེ་བསྐོར་བ་ལ་མིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གཞན་རྣམ་པ་བཞི་པོ་དེ་ཉིད་དང༌། སྡུག་བསྔལ་ཤེས་སོ་ཞེས་བྱ་བ་བསྐོར་བ་གསུམ་པ་དེ་ལ་མིག་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཞི་པོ་དེ་དག་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ལན་གསུམ་དུ་བསྐོར་བ་ཉིད་དང་རྣམ་པ་བཅུ་གཉིས་ཉིད་ཡིན་ནོ། །བཅུ་གཉིས་སུ་མཚུངས་པའི་ཕྱིར་རྣམ་པ་བཅུ་གཉིས་ཞེས་བསྟན་ཏེ། ཤིང་ལོ་མ་བདུན་པ་ཞེས་བྱ་བ་ལྟ་བུའོ། །ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་སྨོས་པས་འདིར་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་དག་གཟུང་བ་ཡིན་ཞིང་རིག་པར་བྱ་སྟེ། གང་གི་ཕྱིར་མཐོང་བའི་ལམ་ལ་སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་གྱི་རང་བཞིན་ཡོངས་སུ་ཤེས་པར་འགྱུར་བ་འདི་ནི་སྡུག་བསྔལ་ཞེས་བྱ་བ་ནས་འདི་ནི་ལམ་ཞེས་བྱ་བའི་བར་དུ་བསྐོར་བ་ནི་མཐོང་བའི་ལམ་ཡིན་པར་ཤེས་པར་བྱའོ། །བསྒོམ་པའི་ལམ་ལ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་བསྐོར་བ་འདི་ཡིན་ཏེ། དེ་ལ་གང་གི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤང་པའི་དོན་དུ་བདེན་པ་མཐོང་བ་ཡང་མངོན་སུམ་དུ་བྱ་བ་ཡིན་ནོ། །མི་སློབ་པའི་ལམ་ལ་སྡུག་བསྔལ་ནི་ཤེས་སོ། །ཀུན་འབྱུང་ནི་སྤངས་སོ། །འགོག་པ་ནི་མངོན་སུམ་དུ་བྱས་སོ། །ལམ་ནི་བསྒོམས་སོ་ཞེས་བསྐོར་བ་འདི་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར་དེར་གནས་པ་དག་ལ་བདེན་པ་ཡང་མངོན་སུམ་དུ་བྱ་བ་དགོས་པ་ཡོད་པ་མ་ཡིན་ནོ། །ལམ་ཐམས་ཅད་ཀྱི་ཐོག་མར་རྩོལ་བ་
ཡིན་པར་དགོངས་ནས་ནི་མཐོང་བའི་ལམ་ལ་ལན་གསུམ་བསྐོར་བ་རྣམ་པ་བཅུ་གཉིས་སྨོས་པ་བྱས་པ་ཡིན་ནོ། །དེ་ལ་ངས་ཞེས་བྱ་བ་ལ་སོགས་པ་ལ་མི་ལས་ལྷ་གཙོ་བོར་གྱུར་པའི་ཕྱིར་ལྷ་དང་བཅས་པ་ཞེས་གསུངས་པ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལྷ་དག་ལས་བདུད་ནི་དབང་བྱེད་པའི་སྒོ་ནས་གཙོ་བོར་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བྱའོ། །ཚོགས་པ་དེ་དག་ལས་ཀྱང་ཚངས་པ་ཁྱད་པར་དུ་འཕགས་པ་ཡིན་པ་དེའི་ཕྱིར་ཚངས་པ་དང་བཅས་པ་ཞེས་བྱའོ། །མིའི་འཇིག་རྟེན་དུ་རྣམ་པར་གཞག་པ་ལས་དགེ་སྦྱོང་དང༌། བྲམ་ཟེ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དགེ་སྦྱོང་དང་བྲམ་ཟེར་བཅས་པ་ཞེས་བྱའོ། །གྲོལ་ལོ་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱིས་ཏེ། སྦྱོར་བའི་ལམ་ནི་ཉོན་མོངས་པ་སྤོང་བའི་ཐབས་ཉིད་ཡིན་པའི་ཕྱིར་རོ། །ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་ཏེ། ཉོན་མོངས་པའི་ཐོབ་པ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱིས་ཏེ། བྲལ་བར་གྱུར་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བྲལ་ལོ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་གྱིས་ཏེ། ཉོན་མོངས་པ་སྤངས་པ་ཐག་རིང་དུ་བསྲིང་བའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པའི་ཕྱིར་ཕྱིན་ཅི་ལོག་གི་སེམས་དང་བྲལ་བས་མང་དུ་གནས་པ་ཞེས་གསུངས་པ་ཡིན་ཏེ། ཉོན་མོངས་པ་ཁོ་ན་ཕྱིན་ཅི་ལོག་པའམ། ཉོན་མོངས་པས་བྱས་པ་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་བ་དེ་དང་བྲལ་བའི་ སེམས་ཀྱིས་མང་དུ་སྟེ་ཡང་དང་ཡང་དུའམ། རྒྱུན་གྱིས་གནས་པ་སྟེ་རྣམ་པར ་དཔྱོད་པས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཀུན་ལ་ཕན་པའི་ཡེ་ཤེས་ཡིན་ལ། ཐུགས་སུ་ཆུད་པ་ནི་མཁྱེན་པར་གྱུར་པའོ། །གསལ་པོར་སྣང་བ་ཉིད་ཡིན་པའི་ཕྱིར་རྡུལ་མེད་པ་ཡིན་ལ། ཟག་པ་མེད་པ་ཉིད་ཡིན་པའི་ཕྱིར་དྲི་མ་དང་བྲལ་བའོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དག་ལའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་ཤེས་རབ་ཀྱི་མིག་གོ །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་
འདི་ཀུན་ཤེས་སམ་ཞེས་བྱ་བ་ནི་འདིར་ལན་གཉིས་བརྗོད་པ་ནི་དགའ་བ་སྟོན་པར་མཛད་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་མཛད་པ་ཐམས་ཅད་ཉིད་ སེམས་ཅན་གྱི་དོན་བསྒྲུབ་པར ་བྱ་བའི་ཕྱིར་ཡིན་ལ། སེམས་ཅན་གྱི་དོན་གྲུབ་པ་ཡང་དེའི་ཚེ་རྩོམ་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་མཛད་པ་འབྲས་བུ་དང་བཅས་པར་ཐུགས་སུ་ཆུད་པ་དང་འདྲ་བས་ན་དེའི་ཚེ་ཞེས་བྱ་བའི་ཚིག་ཏུ་བྱས་པ་ཡིན་ནོ། །ས་ལ་གནས་པས་ན་ས་བླ་སྟེ། ས་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །སྒྲ་བསྒྲགས་ཞེས་བྱ་པ་ནི་སྒྲ་དལ་གྱིས་སྒྲོག་པར་བྱེད་པའོ། །སྐད་ཆེ་བ་ཞེས་བྱ་བ་ནི་ཕ་རོལ་པོའི་རྣ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་སྐད་གདངས་མཐོན་པོ་སྒྲོགས་པའོ། །ཚུལ་བཞིན་དུ་ཞེས་བྱ་བ་ནི་ཆོས་དང་མ་བྲལ་བས་ཚུལ་ཡིན་ལ། ཆོས་ནི་མཐོང་བའི་ལམ་ཡིན་ལ། དེ་ཡང་ཁམས་གསུམ་དུ་འཁོར་ལོ་བཞིན་དུ་ཡོངས་སུ་རྒྱུ་པའི་ཚུལ་གྱིས་ན་འཁོར་ལོའོ། །དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་གཞན་དག་གིས་བསྐོར་བར་མི་ནུས་པ་ཉིད་ཀྱི་ཕྱིར་མ་བཤད་པ་ཞེས་བྱའོ། །ཅི་ཙམ་ཞེས་བྱ་བ་ནི་ཚུལ་གྱིས་སོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་བདེ་བ་ཉིད་ཡིན་པའི་ཕྱིར་ཕན་པ་ཞེས་བྱའོ། །ཐར་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་བདེ་བ་ཞེས་བྱའོ། །བཅོམ་ལྡན་འདས་ལན་དུ་ཕན་བཏགས་པ་ལ་རེ་བ་མི་མངའ་བའི་ཕྱིར་འཇིག་རྟེན་ལ་ཐུགས་བརྩེ་བའི་ཕྱིར་ཞེས་བྱའོ། །བདེན་པ་མཐོང་བའི་སྣོད་དུ་གྱུར་པ་ཉིད་ཀྱི་ཕྱིར་ལྷ་དང་མི་རྣམས་ལ་ཞེས་སྨོས་པ་ཡིན་ནོ། །དོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཡིན་ལ། ཕན་པ་དང་བདེ་བ་ནི་སྔ་མ་དང་འདྲའོ། །ལུས་ནི་ཚོགས་པ་ཡིན་ནོ། །སྐད་ཅིག་ཅེས་བྱ་བ་ལ་སོགས་པ་ལ་བུད་མེད་འཁལ་སྐྱེན་པ་རས་བལ་གྱི་འདའ་བ་ལས་དཔུང་པ་བརྐྱང་བའི་མཐར་ཐུག་པའི་སྣལ་མ་དུས་མཉམ་པ་འདི་ལ་སྐད་ཅིག་མར་འདོད་དེ། སྐད་ཅིག་དེ་ལ་མྱུར་དུ་སོང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒ་གྲགས་པར་བྱས་པའོ། །ཐང་ཅིག་ནི་ཙ་ཤ་ཀ་གཉིས་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་འབྲིང་དུ་སོད་བར་གྱུར་པ་ཡིན་ལ། ཡུད་ཙམ་ནི་ཆུ་ཚོད་གཉིས་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་དལ་བུས་སོང་བ་
ཡིན་པས་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ལ་ཞེས་བྱ་སྟེ། འདིར་སྐད་ཅིག་མའི་ཚོགས་པའི་དུས་གང་ཡིན་བ་དེས་ཤིན་ཏུ་དལ་གྱིས་སོང་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་པའོ། །མཚན་ནས་བོས་ཏེ་ཞེས་བྱ་བ་ལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་འདིས་སོ། །གདུང་ནས་བོས་པ་ནི་གཽ་ཏ་མ་ཞེས་བྱ་བར་རོ། །དོན་མེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་མི་འཐོབ་པའོ། །མི་ཕན་པ་ཞེས་བྱ་བ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བའོ་ཞེས་བྱ་བ་ནི་ཐར་པའི་བདེ་བ་ཐོབ་པར་མི་བྱེད་པའི་ཕྱིར་རོ། །གཞོན་རབས་དག་ལས་གཞོན་ནུར་གྱུར་པ་ནི་གཞོན་ནུ་དག་ཡིན་ལ། རྒན་རབས་དག་ལས་རྒན་པོར་གྱུར་པ་ནི་རྒན་པོ་དག་གོ །མིང་ནས་འབོད་པ་ནི་ཉེ་བའི་ཚིག་མེད་པར་བརྗོད་པའོ། །རུས་ནས་བོས་པ་ནི་རུས་སྨོས་པ་སྔོན་དུ་སོད་བ་ཅན་དུ་བརྗོད་པ་ཡིན་ནོ། །ཇི་ལྟར་རྣམ་པར་འབྱེད་པ་ལས་དགེ་སློང་འཕྲལ་བ་དང༌། །དགེ་སློང་མ་གསལ་མའི་བྱུང་བའི་མཐའ་ཁྱིམ་རྣམས་ལ་སོ་སོར་གོ་བར་བྱེད་པའི་བློ་མཐུན་གྱི་སྐབས་སུ་བཅད་པར་བྱ་བ་ཡིན་ནོ། །ཀུ་ཤའི་གྲོང་ཁྱེར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཀུ་ཤ་ཞེས་མིང་དུ་གྲགས་པའི་རྒྱལ་པོ་འདི་ཉིད་དུ་གྱུར་པ་དེའི་ཚེ་ངེས་བཅལ་བའི་གྲོང་ནི་ཀུ་ཤའི་གྲོང་ཁྱེར་རོ། །གྱད་ཅེས་བྱ་བ་ནི་དེ་སྐད་དུ་མིང་དུ་གྲགས་པའི་རྒྱལ་རིགས་ཡིན་ལ། ཉེ་འཁོར་ཞེས་བྱ་བ་ནི་གྲོང་རྡལ་དང་ཐག་ཉེ་བར་གནས་པར་བྱད་པའི་གནས་ཡིན་ཏེ། གང་དུ་འོངས་ནས་གནས་པ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །དེ་དང་ཐག་ཉེ་བ་དབང་དུ་བྱེད་པ་དེ་ནི་དེ་དང་ཉེ་བའི་ཚལ་ཏེ། ཤིང་སཱ་ལ་གཉིས་ཀྱིས་ཉེ་བར་མཚན་པ་གང་ཡིན་པ་དེ་ལ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །གཉིས་ཀྱང་དེ་ཡིན་ལ་སཱ་ལ་ཡང་དེ་ཡིན་ཏེ། དེ་གཉིས་ཀྱིས་ཉེ་བར་མཚན་པ་སྟེ། དགའ་བར་བྱེད་པ་ནའོ། །རྣམ་པར་འབྱེད་པ་ལ་སོགས་པ་འདུལ་བ་རྒྱ་ཆེར་ནི་བཤད་ཀྱི། མདོར་བསྡུ་བ་ཉིད་ཀྱི་ནི་སྐབས་མ་ཡིན་པའི་ཕྱིར་རོ། །ལེགས་པར་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པ་ནི་སྐབས་སྦྱིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །རབ་ཏུ་བཟུང་བ་ནི་ཐོས་པ་མི་བརྗོད་པ་ཡིན་པའི་ཕྱིར་
རོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པར་འབྱུང་བའི་ཕྱིར་ཡིད་ལ་བྱེད་པའོ། །རུང་བ་མ་ཡིན་བ་བསྟེན་ལ་ཞེས་བྱ་བ་ནི། རུང་བ་མ་ཡིན་པའི་ཕྱོགས་སྟེན་པར་བྱེད་པའོ། །རུང་བ་སྤོང་ན་ཞེས་བྱ་བ་ནི་རུང་བ་དང་ལྷན་ཅིག་འགལ་བར་གྱུར་པ་སྟེ། དེ་ལྷག་པར་སྤྱད་པར་མི་བྱའོ། །རུང་བ་བསྟེན་ལ་ཞེས་བྱ་བ་ནི་རུང་བའི་ཕྱོགས་བསྟེན་པ་དང༌། རུང་བ་མ་ཡིན་པ་དང་འགལ་བ་དེ་ནི་ལྷག་པར་སྤྱད་པར་བྱའོ། །ཇི་ལྟར་ཁྲི་རྐང་པ་སྤྲས་པ་ཅན་གྱི་གཞི་ཉིད་དུ་གྱུར་པ་ལ་བཤད་བ་དང་གཅི་བ་མི་བྱ་བ་ཉིད་དང༌། ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་དགག་བ་ཡོད་ཅིང་གང་ཚྭ་དང་འདྲེས་པའི་རྒྱུན་ཆུ་བཏུང་བར་བྱ་བ་ཉིད་དང༌། ཁམ་ཕོར་ལ་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་གནང་བ་ཡོད་པ་དེ་ཐམས་ཅད་ནི་འདིས་གྲུབ་པ་ཉིད་ཡིན་ཏེ། དེ་སྐད་དུ་གང་བཅོམ་ལྡན་འདས་ཀྱིས་མ་བཀག་ལ་མི་རུང་བ་བསྟེན་པ་དེ་ནི་འདིས་དགག་པར་བྱ་བ་ཡིན་ལ། གང་ཡང་རྗེས་སུ་གནང་བ་མེད་ལ་རུང་བ་བསྟེན་པ་དེ་ནི་འདིས་རྗེས་སུ་གནང་བ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤངས་པ་ཞེས་བྱ་བ་ནི་ངེས་པར་འདོར་བ་ནི་སྤངས་པ་ཡིན་ལ་སྤང་བའི་ཕྱིར་ནུས་པ་ཡིན་བས་ན་སྤངས་པ་སྟེ། ཡོངས་སུ་དོར་བ་ཞེས་བྱ་བའི་བར་དུའོ། །རྫས་ལ་ངེས་པར་སྤྱོད་པས་དགེ་སྐོས་ཏེ། གང་གཙུག་ལག་ཁང་དུ་དགེ་འདུན་མངོན་པར་གྱེས་ནས་ལས་སུ་བྱ་བ་སྒྲུབ་པར་བྱེད་པའོ། །མི་ཤེས་པ་ཞེས་བྱ་བ་ནི་ཅུང་ཞིག་ཀྱང་ཡོངས་སུ་ཤེས་པའི་རྣམ་པར་རྟོག་པ་མེད་པའོ། །ཡོངས་སུ་སྒོ་ཤིག་ཅེས་བྱ་བ་ནི། འདི་ལྟར་ཆོས་གོས་འདི་ཕྱིར་ཡང་དེ་ལ་བྱིན་ཅིག་ཅེས་ཤེས་པར་གྱིས་ཤིག་པའོ། །ཤུ་བ་ནི་རྨའི་ཐེན་ཀོར་གྱི་ཁྲག་སྐམས་ཀྱི་ཚོགས་ཡིན་ནོ། །སྦྲང་བུ་བསྐྱབ་པའི་ཕྱིར་གོས་ལ་བྱས་པ་ཅན་ནི་སྤང་སྐྱབས་སོ། །ལྷག་མ་མེད་པར་བྱས་ནས་ཞེས་བྱ་བ་ནི་ཞེང་ཆུང་དུས་བྱས་པའོ། །དྲང་པོར་བྱས་པ་ཞེས་བྱ་བ་ནི་རྣམ་པར་གསལ་བ་དང་མངོན་དུ་ཕྱོགས་པའོ། །སྣོལ་མ་ཞེས་བྱ་བ་ནི་རས་སྣོལ་མར་སྦྱར་བའོ། །དལ་བར་གྱུར་ནས་ཞེས་བྱ་བ་ནི་ཆུ་ཚགས་འདེབས་པར་གྱུར་པས་སོ། །ཆུ་བླང་བར་བསམས་པ་དང་ཞེས་བྱ་བ་ནི་ཆུ་ཚགས་ཀྱི་སྦྱོར་བའི་སྒོ་ནས་ལེན་པར་བསམས་པར་གྱུར་པ་དང༌། འཛིན་པའི་སྣོད་ནི་ཆུ་ཚགས་ལས་
ཕྱི་རོལ་དུ་གདགས་པར་བྱའོ། །མི་ཆགས་པ་ནི་འཛིན་པར་མི་ནུས་པའོ། །ངལ་བར་གྱུར་པ་ཞེས་བྱ་བ་ནི་དེ་དག་དྲན་པ་རབ་ཏུ་ཉམས་པར་འགྱུར་བ་དང༌། ལུས་གདུང་བར་གྱུར་པའོ། །གྲོལ་བར་བྱེད་པའི་སྣོད་ཅེས་བྱ་བ་ནི་གང་སྣོད་བཀང་བས་འཛུད་པར་བྱེད་ལ་སྟོང་པ་ཡང་དག་པར་འབྱིན་པར་བྱེད་པའི་སྣོད་ལ་གྲོལ་པར་བྱེད་པའི་སྣོད་དུ་འདོད་དེ། དེ་ལྟར་གྱུར་པ་ལ་ཁ་དང་ཞབས་སུ་སྲད་བུ་གཉིས་བཏགས་པས་གཞུག་པར་བྱ་བ་ཡིན་ཏེ། ཆུས་ཁྱབ་པར་གྱུར་པ་ན་ཁ་ལ་བཏགས་པའི་སྲད་བུ་ཀློང་པར་བྱ་ཞིང་ཞབས་ལ་བཏགས་པའི་སྲད་བུ་དལ་གྱིས་སྟེང་དུ་དྲངས་པ་གང་ཡིན་པ་དེ་ཁ་འོག་ཏུ་བལྟས་པར་འགྱུར་རོ། །གྲོལ་བར་བྱེད་པ་ཆུའི་ནང་དུ་ལན་གསུམ་མམ་ལན་གཉིས་སུ་བཀྲུ་བར་བྱ་སྟེ། གྲོལ་བར་བྱེད་པའི་སྣོད་གསུངས་པ་ལས་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །འདིས་ཆུ་སྒྲོག་པར་བྱེད་པའམ་འདི་ལ་ཆུ་སྒྲོག་པར་བྱེད་ཅིང་འགྲོ་བ་དང་ལྟུང་བ་དང་འཇུག་པའི་ཕྱིར་སྒྲ་སྒྲོག་གོ །བུམ་པའི་ཚུལ་དུ་བྱས་ལ་ཞེས་བྱ་བ་ནི་བུམ་པ་དང་འདྲ་བའི་རང་བཞིན་གྱི་དབྱིབས་གང་ལ་ཡོད་པ་དེ་ནི་བུམ་པའི་ཚུལ་དུ་བྱས་པའོ། །པདྨའི་སྙིང་པོ་ནི་ལྟེ་བ་ཡིན་ཏེ། ལྟེ་བ་ཇི་ལྟ་བ་དེ་བཞིན་དུ་སྒྲ་སྒྲོག་གི་དབུས་ལ་བུག་པ་མང་པོ་ཅན་ཟླུམ་ལ་མཐོ་བ་བྱའོ། །དེའི་སྟེང་དུ་བུ་གུ་ཆེན་པོ་ཞེས་བྱ་བ་ལ་བུ་གུ་ཆེན་པོ་ནི་འདིར་བུམ་པའི་ཁ་ལ་བལྟ་བར་བྱའོ། །བུག་པ་ལ་ཞུགས་པའི་ཆུ་བསྡུ་བར་བྱ་བའི་དོན་དུའོ་ག་ཏུ་ལྕེའུ་གདགས་པར་བྱའོ། །འདི་ལྟར་བློ་མཐུན་པ་སྔོན་དུ་ཞེས་བྱ་བ་ནི་སྲ་བརྐྱང་གི་གཞི་ལས་གལ་ཏེ་ཆོས་གོས་གསུམ་པོ་མ་རྙེད་པར་གྱུར་པ་དེའི་ཚེ་ཐམས་ཅད་གདིང་པར་བྱ་སྟེ། དགེ་འདུན་ནི་ཚོགས་དུ་མ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང༌། ཆོས་གོས་གསུམ་ཇི་ཙམ་པ་དེ་ཙམ་ཁོ་ནའི་གཏན་པ་བཏིང་བ་འདིར་ཤེས་པར་བྱ་བར་གྱུར་པ་ཡིན་ནོ། །རྣམ་པར་བགོ་བའི་ཆོས་གོས་བགོ་བར་བྱ་བ་ཁོ་ན་ཡིན་བས་ན་བགོ་བར་བྱའོ། །འཆི་བའི་མཐར་གྱུར་པས་ན་འཆི་མཐའ་ཅན་ནོ། །བསགས་པ་ཀུན་གྱི་མཐའ་ཟད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་འཚོ་བ་ཡོ་བྱད་འཚོག་ཆས་དང་བཅས་པ་འཇིག་པའི་མཐའ་ཙམ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཡིན་ནོ། །བསགས་པ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་
གཏེར་གྱི་ཚོགས་ཡིན་ལ། ཀུན་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །ཟད་པའི་མཐའ་གང་ལ་ཡོད་པ་དེ་ནི་མཐའ་ཟད་པ་སྟེ། ཉམས་པའི་མཐའ་དང་བྲལ་བའི་མཐར་ཕྱིན་བའི་ཞེས་བྱ་བའོ། །མཐའ་ལྟུང་འགྱུར་ཞེས་བྱ་བ་ནི་ལྟུང་བའི་མཐར་ཕྱིན་པའོ། །གང་ཡིན་ཞེ་ན། མཐོན་པོ་ཀུན་གྱི་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་གོ་རིམས་ཀྱིས་མཐོན་པོར་བརྩམས་པའི་ཁང་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ནི་ལུས་ལ་མཐོན་པོ་ཀུན་ཞེས་ཟེར་རོ། །ལུས་ཡང་དག་པར་བཏང་བ་ནི་ལྷའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན་ཞེས་སྨོན་ལམ་གྱི་ཚིག་དམིགས་པའི་ཕྱིར་རོ། །འདུ་བ་ཞེས་བྱ་བ་ནི་བཟའ་བའི་སྐྱེ་བོ་ཡང་དག་པར་ཚོགས་པའི་ཕྱིར་རོ། །མཐར་ནི་འབྲལ་བར་འགྱུར་ཞེས་བྱ་བ་ནི་བྲལ་བའི་སྒོ་ནས་བརླག་པར་འགྱུར་བའོ། །མཐར་འཆི་བ་ཡིན་ཞེས་བྱ་བ་ནི་མཐའ་མར་འཆི་བར་འགྱུར་བའོ། །ཡང་གི་སྒྲ་ནི་གང་འདིར་སྔར་སྨོས་པ་འབའ་ཞིག་ནི་མ་ཡིན་གྱི། འོན་ཀྱང་སྲོག་ཀྱང་ཞེས་བྱ་བ་ཡིན་ལ། ཡང་གི་སྒྲ་ནི་ངེས་པར་གཟུང་བ་ཡང་ཡིན་པས་འདི་ཐམས་ཅད་དུ་ཇི་ལྟར་རིགས་པར་སྦྱར་བར་བྱ་སྟེ། མཐའ་ཟད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན། སྨྲས་པ། འཚོ་བ་སྟེ་སྲོག་གོ ། དེའི་ཕྱིར་གང་ལོངས་སྤྱད་པར་བྱ་བ་གཏེར་བསགས་པ་དང༌། གང་དུ་ལོངས་སྤྱད་པར་བྱ་བའི་ཁྱིམ་དང༌། གང་གིས་ལོངས་སྤྱོད་པར་བྱེད་པ་ལུས་དང་གང་དང་ལྷན་ཅིག་ལོངས་སྤྱོད་པ་ཕ་དང༌། མ་དང་བུ་དང༌། ཆུང་མ་ལ་སོགས་པ་དང༌། གང་གི་དོན་དུ་ལོངས་སྤྱོད་པ་སྲོག་གི་ཕྱིར་ཡིན་པ་དེ་དག་ཐམས་ཅད་མཐར་འཇིག་པ་ཡིན་ནོ། །ཞེས་ཁོང་དུ་ཆུད་པར་བྱའོ། །ལོངས་སྤྱོད་བསགས་པ་དང་ཁྱིམ་དང་ལུས་དང་ཆུང་མ་ལ་འཚོ་བས་རྒྱགས་པའི་དྲེགས་པ་དེ་སྤང་བར་བྱ་བའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ནོ། །དུས་ནི་ཐ་མའི་དུས་ཡིན་ཏེ། ཆོས་ན་གདོན་མི་ཟ་བར་འགྱུར་པ་གང་ཡིན་བ་དེ་དུས་ཀྱི་ཆོས་དེ་འཆི་བ་ཡིན་ནོ། །དེ་དང་ཡང་དག་པར་ལྡན་པར་གྱུར་པའོ། ཤིང་ཀྱི་ཆོ་ག་ནི་དད་པས་རྗེས་སུ་སྦྱིན་པ་ལ་སོགས་པའོ། །ནང་གི་སྐྱེ་བོ་ཞེས་བྱ་བ་ནི་ངེས་པར་ཁྱིམ་ན་གནས་པའི་སྐྱེ་བོའོ། །དཀའ་བ་བྱ་བར་ནུས་པ་ཡིན་པའི་ཕྱིར་དཀའ་བ་བྱེད་པ་སྟེ། དེ་
ནི་འདིར་བདག་ལ་མི་སླུ་བར་བྱེད་པའོ། །ལུས་འདི་དེ་གཉིས་ཀྱིས་བསྒྲུབས་པ་ཉིད་ཡིན་པའི་ཕྱིར་བསྐྱོད་པའོ། །གསོས་པ་ནི་ནང་གི་ཕན་འདོགས་པར་བྱེད་པ་བཟའ་བ་དང་བཏུང་བ་ལ་སོགས་པས་སོ། །བསྲིངས་བ་ནི་ཕྱི་རོལ་གྱི་རྣམ་པར་འཆེ་བ་ལས་བསྲུངས་པའི་ཕྱིར་རོ། །ཁྱེར་བ་ནི་བཏེག་པའོ། །ས་ཆེན་པོ་ཞེས་བྱ་བ་ནི་གླིང་བཞི་པའོ། །ནོར་བུ་ནི་སྣང་བའི་བདག་ཉིད་ཅན་དུག་འཇོམས་པར་བྱེད་པའོ། །མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ། ཁྱིམ་གང་ན་ཡོད་པ་དེར་འབྱོར་པ་ཐམས་ཅད་རྒྱས་པར་འགྱུར་རོ། །རིན་པོ་ཆེ་དམར་པོ་ཞེས་བྱ་བ་ནི་པདྨ་རཱ་ག་ཡིན་ནོ། །གཡས་སུ་འཁྱིལ་པ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ཏེ། གང་ན་དེ་ཡོད་པ་དེར་དཔལ་འབྱོར་པ་ལ་རྟག་ཏུ་གནས་པར་འགྱུར་རོ། །བྱས་པ་ཞེས་བྱ་བ་ནི་ཕན་འདོགས་པའོ། །རབ་ཏུ་བྱས་པ་ཞེས་བྱ་བ་ནི་རབ་ཏུ་ཕན་བཏགས་པའོ། །དད་པ་མེད་པ་ཞེས་བྱ་བ་ནི་གང་ལ་ལས་དང་འབྲས་བུ་འབྲེལ་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། དཀོན་མཆོག་གསུམ་ལ་མཆོད་པར་ཡིད་ཆེས་པའི་དད་པ་མེད་པ་ཡིན་པར་རིག་པར་བྱའོ། །ཚུལ་ཁྲིམས་འཆལ་པ་ནི་ཚུལ་ཁྲིམས་རྒུད་པར་གྱུར་པ་སྟེ། སྲོག་གཅོད་པ་ལ་སོགས་པ་ལྔ་པོ་དག་ལས་ལྡོག་པ་མེད་པའོ།། དངོས་པོ་འདི་བདག་གི་ལས་གཞན་གྱིར་མ་གྱུར་ཅིག་ཅེས་བྱ་བ་ནི་སེར་སྣ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱིར་སེར་སྣ་ཡིན་ནོ། །ཤེས་རབ་འཆལ་པ་ཞེས་བྱ་བ་ནི་བློ་དམན་པར་གྱུར་པའོ། །ཕ་དང་མ་དད་པ་མེད་པ་དད་པ་ཕུན་སུམ་ཚོགས་པ་ལ་སྟེ། དད་པའི་འབྱོར་པ་དང༌། ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ཀྱི་འབྱོར་བ་དང༌། སེར་སྣ་ཅན་གཏོང་བའི་འབྱོར་བ་སྟེ། གཏོང་བའི་འབྱོར་པ་ཡང་རྫས་སུ་གཏོང་བའི་མཚན་ཉིད་ཅན་དང༌། འཁོར་བ་ཡོངས་སུ་གཏོང་བའི་མཚན་ཉིད་ཅན་རྣམ་པ་གཉིས་ཡིན་ནོ། །ཤེས་རབ་འཆལ་བ་ཤེས་རབ་ལ་འགོད་པ་ཤེས་རབ་ཕུན་སུམ་ཚོགས་པ་ལ་བྱ་སྟེ། ཁྱད་པར་དུ་འཕགས་པའི་ཤེས་རབ་ཀྱི་རྫས་སྐྱེད་པར་བྱེད་པ་ལའོ། །ཡང་དག་འགོད་པར་བྱེད་པ་དང་ཞེས་བྱ་བ་ནི་དད་པ་ཕུན་སུམ་ཚོགས་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་བྱེད་འཕེན་པར་བྱེད་ཅེས་བྱ་བའི་བར་དུའོ། །འདུལ་བར་བྱེད་ཅེས་བྱ་བ་ནི་ཇི་
ལྟར་དད་པ་ཕུན་སུམ་ཚོགས་པ་ལས་སུ་བྱ་བ་ཡིན་པ་དེ་བཞིན་དུ་སློབ་པར་བྱེད་པའོ། །ངེས་པར་འཇུག་པར་བྱེད་ཅེས་བྱ་བ་ནི་བརྟན་པོར་རབ་ཏུ་འཇུག་པར་བྱེད་པའོ། །སོ་སོར་འཇོག་པར་བྱེད་ཅེས་བྱ་བ་ནི་མཐར་ཕྱིན་ཐོབ་པར་བྱེད་པའོ། །ལྟོས་པ་དང་བཅས་པ་ཞེས་བྱ་བ་ནི་དོན་གྱི་ཡུལ་ལ་ལྟོས་པ་ཡོད་པ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱུང་བ་ནི་ལྟོས་པ་མེད་པ་ཞེས་བྱ་བ་ལ། ཤི་བའི་རྫས་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་བདག་པོ་ཉིད་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་ཕྱིར་དགེ་སློང་དག་ནི་ལྟོས་པ་མེད་པ་ཉིད་ཡིན་ལ་ཁྱིམ་པ་ནང་གི་ཤི་བའི་རྫས་ནི་ཕུ་བོ་ལ་སོགས་པ་དབང་བ་ཉིད་ཡིན་བའི་ཕྱིར་ཁྱིམ་པ་ནི་ལྟོས་པ་དང་བཅས་པ་ཡིན་ནོ། །རུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་མ་གཏོགས་པར་རུང་བ་དེས་གོས་བཅང་བར་བྱ་བ་དག་གོ །ཁྱིམ་པར་བབས་ནས་ཞེས་བྱ་བ་ལ་སོགས་པ་ནི་ཁྱིམ་གྱི་གནས་ཀུན་ནས་བརྟེན་ནས་སོ། །དེ་ཉིད་ཀྱི་མངོན་སུམ་དུ་རུང་བར་མི་བྱ་བ་ནི་ལྐོག་ཏུ་གྱུར་པ་ལའོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་ཡིད་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པའོ། །མིང་ལ་བརྟགས་པའི་ཆོས་གོས་གང་ཡིན་པ་དེ་ནི་འདིར་ཡིད་བརྟན་པ་ཡིན་པར་རིག་པར་བྱ་སྟེ། ཡིད་བརྟན་པ་གང་ལ་ཡོད་པ་དེ་ནི་ཡིད་བརྟན་པ་ཞེས་བྱའོ། །ཤིན་ཏུ་བསྐལ་པ་ཞེས་བྱ་བ་ནི་ཐག་རིང་པོར་གྱུར་པའོ། །འདུན་པ་འབུལ་བར་བྱེད་པ་ཞེས་བྱ་བ་ནི་དགེ་འདུན་གྱི་བྱ་བ་ཆོས་དང་མཐུན་པའི་གནང་བ་གསོལ་བའོ། །གཅིག་ལ་གཅིག་ཅེས་བྱ་བ་ནི་གཅིག་ལ་གཅིག་གམ་ཕན་ཚུན་རྗོད་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བ་ནི། ཕྱེད་ཕྱེད་དེ་བཅོ་ལྔ་པ་དང་བཅུ་བཞི་པར་རོ། །ལས་དང་ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དག་ལས་ན་དགའ་བ་མེད་པར་ཐལ་བར་བྱེད་པའི་ཕྱིར་ཐར་པ་ཡིན་ལ། སོ་སོ་སོ་སོར་ཐར་བར་བྱེད་པའི་ཕྱིར་སོ་སོར་ཐར་པའོ། །དེ་ཉིད་མདོ་ཡང་ཡིན་ཏེ། འདུལ་བ་མ་ལུས་པའི་དོན་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་རོ། །དེ་གདོན་པ་ནི་བརྗོད་པ་ཡིན་ལ། དེ་བྱ་བ་ནི་གདོན་པར་བྱ་བའོ། །ཡོངས་སུ་དག་པ་འབུལ་བ་ནི་བདག་ཉིད་
ལས་དེ་ལ་རུང་བ་ཉིད་དུ་སྒྲུབ་པའོ། །གནས་གསུམ་གྱིས་སྐབས་དབྱེ་བར་བྱའོ་ཞེས་བྱ་བ་ནི་བདག་ལ་ཚེ་དང་ལྡན་པ་ཁྱོད་ཀྱིས་མཐོང་བའམ་ཐོས་པའམ། དོགས་པས་ཉེས་པ་གང་ཡིན་བ་དེང་བརྗོད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་སྐབས་འབྱེད་པ་འབའ་ཞིག་པོ་དེ་ནི་དགེ་འདུན་གྱི་ཕྱིར་སྐབས་འབྱེད་པའོ། །གསོ་སྦྱོང་དང་འདྲའོ་ཞེས་བྱ་བ་ནི་གསོ་སྦྱོང་གི་ཆོ་གའི་འགྲེས་ཀྱི་སྦྱོར་བ་དེ་བཞིན་དུ་སྦྱར་བར་བྱའོ། །གཡུལ་ལ་དཔའ་བ་གང་ཡིན་བ་དེ་དག་ནི་འདིར་བཟང་པོ་ཡིན་པར་རིག་པར་བྱའོ། །སྟོབས་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡིན་ཏེ། བཟང་པོ་དང༌། སྟོབས་ཀྱི་མཆོག་ནི་དེའི་གཙོ་བོར་གྱུར་པའོ། །གཅིག་ལ་སོགས་པ་ཞེས་བྱ་བ་ནི་གཅིག་དང་གཉིས་དང་གསུམ་ལ་སོགས་པར་རོ། །སོར་མོའི་ཚོགས་བགྲང་བར་བྱེད་པའི་ཕྱིར་རམ། སོར་མོས་རབ་ཏུ་སྟོན་ཅིང་རབ་ཏུ་སྟོན་པས་འབྲང་བར་བྱེད་པའི་ཕྱིར་སོར་མོས་བགྲང་བར་བྱེད་པ་ནའོ། །དབྱར་ཉེ་ཞིང་སྟོབས་པར་བྱེད་པའི་ཕྱིར་དབྱར་ཚུལ་དུ་འཇུག་པའི་ཚེ་སྟེ། དབྱར་ཟླ་འབྲིང་པོའི་བཅོ་ལྔའམ་དབྱར་ཟླ་ཐ་ཆུངས་ཀྱི་བཅོ་ལྔའོ། །ཏིང་ངེ་འཛིན་རྫོགས་པའི་བསྒོམ་པ་ནི་འདིར་བསམ་གཏན་ཡིན་ལ་སངས་རྒྱས་ཀྱི་བཀའ་ཀློག་པ་ནི་འདོན་པ་ཡིན་ཞིང་ཏིང་ངེ་འཛིན་མ་གྲུབ་པ་ནི་ཡིད་ལ་བྱེད་པ་ཡིན་ཏེ། དེ་དག་གི་སྦྱོར་བ་ལ་མངོན་པར་བརྩོན་པ་ནི་ལས་སུ་བྱ་བར་རོ། །སྤྱོད་ལམ་ཞེས་བྱ་བ་ནི་སྤྱོད་ལམ་བཞིས་འགྲོ་བ་དང༌། འཆག་པ་དང༌། འདུག་པ་དང༌། གནས་པའི་བདག་ཉིད་ཅན་གྱི་སྤྱོད་ལམ་གྱིས་སོ། །སྤྱོད་པས་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པ་ལ་འཇུག་པའི་སྒོ་ནས་སོ། །ཡང་དག་པར་གྲུབ་པར་བྱེད་ཅེས་བྱ་བ་ནི་ཐམས་ཅད་དུ་བསླབ་པ་ཡོངས་སུ་བསྲུང་ཞིང་ཡང་དག་པར་ནན་ཏན་བྱེད་པར་རོ། །ཅུང་ཟད་ཙམ་ཟོས་པ་ཉིད་ཀྱི་ཕྱིར་ཟང་ཟིང་དང་བཅས་པའོ། །དགེ་འདུན་གྱི་གནས་བརྟན་ཞེས་བྱ་བ་ནི་གང་དེར་སྤྱན་དྲངས་པའི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པའོ། །ན་བའི་གསོས་སྨན་ཞེས་བྱ་བ་ནི་ནད་པ་དག་དང་རྗེས་སུ་མཐུན་པའི་ཡོ་བྱད་རུང་བ་དེ་ཡང་ཨ་རུ་ར་ལ་སོགས་པ་དང༌། ཕན་པའི་ཟས་ལ་སོགས་པའོ། །སྐབས་འབྱེད་དོ་ཞེས་བྱ་བ་
ནི་མགྲོན་དུ་གཉེར་བར་བྱེད་པའོ། །གང་ནད་པའི་བསྙེན་བཀུར་ཏེ་གནོད་པ་མེད་པའི་གཡོག་བྱེད་པའོ། །དགོས་ན་ཞེས་བྱ་བ་ནི་དོན་དུ་གཉེར་བ་སྟེ། སྨན་དགོས་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ །རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུར་འགྱུར་རོ་ཞེས་བྱ་བ་ལ། བཅུ་གང་ཞེ་ན། དགེ་སློང་དག་འདི་ལ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་ཏུ་འདུག་ཅིང་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བར་བྱེད་པ་དེའི་ཚེ་བཙུན་མོས་དགེ་སློང་མཐོང་ནས་འཛུམ་པ་འབྱིན་པར་བྱེད་པ་ན། དེ་ལ་རྒྱལ་པོ་འདི་སྙམ་དུ་ཇི་ལྟར་བཙུན་མོས་དགེ་སློང་མཐོང་ནས་འཛུམ་པ་འབྱིན་པར་བྱེད་པ་ལས། དགེ་སློང་གིས་དབེན་པར་སྡིག་པའི་ལས་བྱེད་པའམ། སྡིག་བའི་ལས་འགའ་ཞིག་བྱ་བར་ སེམས་པར ་མི་འགྱུར་རམ་སྙམ་དུ་ སེམས་པར ་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དང་པོ་ཡིན་ནོ། །གཞན་ཡང་རྒྱལ་པོ་བཙུན་མོའི་གན་དུ་སོང་བ་བརྗེད་དམ་སྦྲུམ་མ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་པར་གྱུར་པ་ན་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན། དེའི་ལས་མ་ཡིན་ནམ་སྙམ་དུ་ སེམས་པར ་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གཉིས་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་སྟོར་བར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལས་ན། དེའི་ལས་མ་ཡིན་ནམ་སྙམ་དུ་ སེམས་པར ་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་གསུམ་པ་ཡིན་ནོ། །གཞན་ཡང་རྒྱལ་པོའི་ཕོ་བྲང་ལས་གསང་ཚིག་ཕྱི་རོལ་དུ་གྲགས་པར་གྱུར་ལ་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་རྒྱལ་པོ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་ སེམས་པར ་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཞི་པ་ཡིན་ནོ། །གཞན་ཡང་རྒྱལ་པོ་གཞོན་ནུ་རྣམས་ལ་གསོད་ པར་སེམས ་ལ། དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན་དེ་ལ་གང་དག་ཡིད་མི་དགའ་བ་དེ་དག་ལ་འདི་སྙམ་དུ་དགེ་སློང་རྒྱལ་པོའི་
ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་ སེམས་པར ་འགྱུར་ཏེ། འདི་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་ལྔ་པ་ཡིན་ནོ། །གཞོན་ནུ་རྣམས་རྒྱལ་པོ་གསོད་ པར་སེམས ་པ་ཡང་དེ་བཞིན་ནོ། །གཞན་ཡང་རྒྱལ་པོས་བློན་པོ་གནས་མཐོན་པོ་ཅན་དག་གནས་དམའ་མོར་འཇོག་པར་བྱེད་པ་དང༌། བློན་པོ་དམའ་མོ་དག་གནས་མཐོན་པོ་ལ་འཇོག་པར་བྱེད་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་གཉིས་ཀྱང་སྔ་མ་བཞིན་ནོ། །གཞན་ཡང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏུ་འགྲོ་བ་དང་ལྡོག་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་སྟེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་དགུ་པ་ཡིན་ནོ། །གཞན་ཡང་མ་ཕེབས་པ་ཕེབས་པར་བྱེད་ཅིང་ཕེབས་པ་གནས་པར་བྱེད་ལ་ཐོབ་རྒྱལ་དུ་བསྒྲགས་ནས། དེའི་འོག་ཏུ་ཆད་པ་ཆེན་པོས་རྗེས་སུ་སྟོན་པར་བྱེད་ཅིང་དགེ་སློང་ཡང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། དེ་ལ་གང་དག་ཡིད་མི་དགའ་བ་དེ་དག་འདི་སྙམ་དུ་དགེ་སློང་རྒྱལ་པོའི་ཕོ་བྲང་འདིར་འགྲོ་བ་ལས་ན་དེའི་ལས་མ་ཡིན་ནམ་སྙམ་དུ་ སེམས་པར ་འགྱུར་ཏེ། དེ་ནི་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཉེས་དམིགས་བཅུ་པ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ནི་གླང་པོ་ཆེའི་གནོད་པ་དང༌། རྟའི་གནོད་པ་དང༌། ཤིང་རྟའི་གནོད་པ་དང༌། དཔུང་བུ་ཆུང་གི་གནོད་པ་འབྱུང་སྟེ། རུང་བ་མ་ཡིན་བ་ཚུལ་དང་མཐུན་པ་མ་ཡིན་པ་དགེ་སྦྱོང་གི་ཚུལ་དང་མཐུན་པ་མ་ཡིན་ཞེས་རྣམ་པར་སྨད་པ་མཛད་དོ། །དྲི་དང་ཐ་སྙད་དུ་བྱེད་པའི་ཕྱིར་སྤོས་འཚོང་གི་ཁྱེའུའོ། །ཁུར་སྐམ་ནི་ནད་པ་ལ་མཁོ་བའི་ཁུར་བ་སྐམ་པོའོ། །ཤ་སྐམ་ནི་ཤའི་དུམ་བུའམ་ཤ་སྐམ་གྱི་ཁུ་བའོ། །ཤ་མཁན་ནི་ཤ་འཚོད་པ་ལ་གོམས་པའོ། །སྐྱེ་བོ་ཆེན་པོ་གནས་པ་ཉོ་ཚོང་གི་གནས་ནི་ཚོང་དུས་སོ། །འཚོ་བ་ནི་སྐྱེང་ལ་བྱའོ། །སྦྱིན་བདག་ལ་ཡིད་བརྟན་པས་ཞེས་བྱ་བ་ནི་ལེན་པ་ལ་སོགས་པའི་ཚེ་གང་གི་ཐད་ལས་བླངས་པ་དེ་ཁོ་ནའི་དེ་ཡིན་ནོ་ཞེས་ སེམས་ཉེ་བར་གཞག་པ་ཡིན་ནོ། །ཚངས་པར ་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པ་ལ་མཁས་པའོ། །ཇི་ལྟར་འདོད་པས་སྤྱོད་པ་ནི་ཇི་ལྟར་འདོད་
པས་ལོངས་སྤྱོད་པ་སྟེ། འདོད་དགར་ཟ་བ་དེ་དག་དང་ངོ༌། །དགེ་སློང་གི་འཁོར་གྱི་ནང་དུ་འདུས་པ་ཉིད་ཡིན་པའི་ཕྱིར་དགེ་ཚུལ་ཡང་འདིར་དགེ་སློང་དུ་བརྗོད་པ་ཡིན་ནོ། །ལོ་གསུམ་གྱིས་ཆོད་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ་ལོ་གསུམ་གྱིས་ཚད་པར་གྱུར་པ་དང་ངོ༌། །ཁྲི་རྐང་པ་མཐོན་པོ་ཅན་སྟེང་མལ་སྟན་གྱིས་ནོན་པ་ནི་ཁྲིའོ། །ཁྲི་རྩྭའི་ཐག་པ་ཅན་ཞེས་བྱ་བ་ནི་མལ་སྟན་མེད་པ་རྩྭ་དག་ལྷས་པའི་ཁྲི་ཡིན་ཏེ། དེའི་ཚུལ་ཆན་གྱི་ཉེས་དམིགས་བྱེད་པ་འདིར་གནས་པ་ཡིན་པར་རིག་པར་བྱའོ། །སྤྱོས་པ་ཞེས་བྱ་བ་ནི་མི་སྨྲ་བ་ལ་སོགས་པས་སྤྱོ་བ་དག་གིས་སོ། །ཕོར་བུ་ནི་ཁ་ཕོར་ཆུང་ངུའོ། །ཡལ་བར་མི་དོར་བ་ནི་འབྲེལ་པ་དང་བཅས་པར་རོ། །བསླུས་ནས་ཁྲིད་པ་ཞེས་བྱ་བ་ནི་བསླུས་ནས་ལམ་མ་ཡིན་པ་ལ་འཇོག་པའོ། །ཁ་དྲངས་པ་ནི་གོས་ལ་སོགས་པ་སྦྱིན་པའི་ཐབས་ཀྱིས་བདག་ཉིད་ཀྱིས་སྒྲུབ་པར་བྱེད་པའོ།། མནའ་དོར་བ་ནི་བདག་གི་ཚིག་འདི་བདེན་པ་ཡིན་ནོ་ཞེས་འདིར་སྒྲུབ་ པར་བྱེད་པའི་ཚིག་ཡིན་ནོ། །བདེན་པའི་བསམ་པ་སྟེ། སེམས ་རབ་ཏུ་བྱུང་བ་གང་ཡོད་པ་དེ་ལ་འདིར་དེ་སྐད་ཅེས་བྱའོ། །རབ་ཏུ་བྱུང་བ་སྨོས་པ་ཁོ་ནས་རབ་ཏུ་བྱུང་བ་དག་ནི་བདེན་པ་སྨྲ་བ་ཉིད་དུ་རྟོགས་པ་ཡིན་གྱི། མནའ་དོར་བར་བྱེད་པའི་སྒོ་ནས་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡལ་འཛུགས་པ་ཞེས་བྱ་བ་ནི་གཏེའུ་འཛུགས་པ་ཡིན་ཏེ། གལ་ཏེ་བདག་གི་ཚིག་འདི་དེ་བཞིན་དུ་མི་འགྱུར་ན། བདག་གིས་གོས་དེ་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཁྱད་པར་དུ་ཐོབ་པར་བྱེད་པས་ན་ཡལ་འཛུགས་པ་སྟེ། ལྟོས་པ་མེད་པར་སྦྱིན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་འཛུགས་པ་ནི་གཏའ་མའི་ཚུལ་གྱིས་ཐ་སྙད་དུ་བྱེད་པའོ། །རུལ་བ་ནི་འདིར་སྟག་གི་གོད་ཀྱི་ཤ་ཡིན་ནོ། །ཁེངས་པ་ཞེས་བྱ་བ་ནི་མི་འདོད་པའི་ངང་ཚུལ་ཅན་ནོ། ང་རྒྱལ་ཅན་ནི་ལྷག་པའི་ང་རྒྱལ་གྱིས་ཁྱད་དུ་གྱུར་པའོ། །གཙེས་པ་ནི་གནས་ཁང་དུ་འཛུགས་པར་བྱེད་པས་སོ། །བཟློག་པར་བྱའོ་ཞེས་བྱ་བ་ནི་བྱ་བ་མ་ཡིན་པས་ཟློག་པར་བྱེད་པའོ། །ཅི་ཁྱེད་ཀྱིས་དགོངས་སམ་ཞེས་བྱ་བ་ནི་ཁྱད་ཀྱིས་དགོངས་པ་ལ་རིགས་ཅུང་ཟད་ཡོད་པ་མ་ཡིན་
ནོ་ཞེས་བྱ་བར་བསམས་པའོ། །ཡང་བགོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རྙེད་པ་འགོད་པའི་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་མ་བྱས་པའི་ཕྱིར་ཉེ་བར་བགོས་པའོ། །ང་སྦས་ཏེ་ཞེས་བྱ་བ་ནི་མི་སྣང་བར་རྣམ་པར་གནས་པའོ། །རྒན་པའི་མཐའ་ནས་གཞོན་པའི་མཐའི་བར་དུ་ཁྱེར་བ་ནི་བྲིམས་པའོ། །གལ་ཏེ་འགའ་ཞིག་སྐལ་བ་ལེན་པར་བྱེད་ན་ཀུན་བལྟས་ཏེ། དེ་ལ་སྦྱིན་པར་བྱ་ཞིང་ཞེས་ཏེ། དགེ་འདུན་གྱིས་བགོ་བར་བྱ་བ་ཡིན་ནོ། །མཆོག་ཏུ་འབྱོར་བ་ནི་ཁྱད་པར་དུ་འཕགས་པའི་ཕུན་སུམ་ཚོགས་པའོ། །གླང་པོ་ཆེའི་འདུལ་སྤྱོད་མཁན་ཞེས་བྱ་བ་ནི་གླང་པོ་ཆེ་སློབ་སྦྱོང་གི་དབང་དུ་བྱས་པའམ། གླང་པོ་ཆེའི་གཙོ་བོ་ལ་ཞོན་པའོ། །སྡོད་ཅིག་ཅེས་བྱ་བ་ནི་དོན་མེད་པར་སྟོན་པར་བྱེད་པའི་ངག་གི་འགྱུར་བའོ། །ཕན་པ་ཆེར་བགྱིས་པར་འགྱུར་བའོ་ཞེས་བྱ་བ་ནི་ལས་སུ་བྱ་བ་ཆེན་པོར་བྱས་པར་གྱུར་བའོ། །གླང་པོ་ཆེ་མཆོག་དང་མཆོག་ཅེས་བྱ་བ་ནི་གཙོ་བོ་གཙོ་བོ་དག་གོ །མེ་ཏོག་ཅན་གྱི་ནགས་ཞེས་བྱ་བ་ནི་ཅུང་ཟད་ཁ་འབུས་པའོ། །གླང་པོ་ཆེ་དག་གི་ནང་ན་རིན་པོ་ཆེ་དང་འདྲ་བ་ནི་གླང་པོ་ཆེ་ཅང་ཤེས་ཏེ། གཟུགས་དང་ཡོན་ཏན་དང་ཡོངས་སུ་ཤེས་པ་དང་ལྡན་པའི་ཕྱིར་རོ། །རྟ་ཅང་ཤེས་བྱ་བ་ཡང་དེ་བཞིན་ནོ། །སྟག་གི་པགས་པའི་ལྷམ་ཞེས་བྱ་བ་ནི་རྐང་པ་སྐྱོབ་པ་ལ་ལྷམ་གྱི་སྒྲས་བརྗོད་པ་ཡིན་ནོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚོགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་ལྔ་པ་རྫོགས་སོ།། །།པགས་པའི་འབྲེང་བུ་ནི་པགས་པའི་རྒྱུན་ནོ། །བྲང་ལྷན་ཞེས་བྱ་བ་ནི་སོར་མོའི་རྩེ་མོ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་ལྷམ་གྱི་མདུན་གྱི་ཆའི་སྟེང་དུ་པགས་པ་སོར་གཉིས་ཙམ་ལ་སྲིད་ཀྱི་ཚད་སོར་བཞི་པའི་པགས་པས་གླན་པ་གང་ཡིན་པ་དེ་ནི་ལྷམ་གྱི་སྣ་གཉིས་སྦྱར་བ་ཅན་ཡིན་ཏེ། བྲང་ལྷན་ཞེས་བསྟན་ཏོ། །དེ་བཞིན་དུ་རྐང་པའི་རྟིང་པའི་ཕྱོགས་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་དཔངས་སོར་གཉིས་སྲིད་དུ་སོར་བཞི་པའི་པགས་པས་ནང་ལྷན་བྱས་པའི་ལྷམ་དེ་ནི་རྟིང་ལྷན་ཅན་ཞེས་གསུངས་སོ། །བོལ་ཅན་ཞེས་བྱ་བ་ནི་རྐང་པ་ནས་ལོངས་མོའི་མཐར་ཐུག་པ་ཁྱབ་པའི་པགས་
བའི་ལྷམ་རྣམ་པ་དུ་མ་ཡོད་དུ་ཟིན་ཀྱང་བོལ་ཅན་ཞེས་བསྟན་པ་ཡིན་ནོ། །ལྷམ་ཡུ་ཐུང་ནི་རྗེ་ངར་གྱི་ཕྱེད་ཁྱབ་པའི་ལྷམ་ཡིན་ནོ། །ཡུ་རིངས་ནི་རྐང་པའི་མཐིལ་ནས་པུས་མོའི་མཐར་ཐུག་པར་ཁྱབ་པའི་ལྷམ་ཡིན་ནོ། །འགྱོད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་རྣམ་ པར་ཕྱེ་བ་བྱས་པ་ཡིན་པའི་ཕྱིར་ཡང་མི་བཤད་དོ། །བྱང་ཆུབ་སེམས ་དཔའ་སྟེ་མངོན་ པར་སེམས ་པ་གང་ལ་ཡོད་པ་དེ་ནི་སེམས་དཔའ་ཡིན་ལ། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཡིན་ནོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔས་བདུད་བཞི་པོ་བཅོམ་པ་མེད་པ་དེ་ལྟ་ན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་པའི་ཕྱིར་བྱང་ཆུབ་དང་ཐག་ཉེ་བའི་བྱང་ཆུབ་སེམས་དཔའ་ལ་བཅོམ་ལྡན་འདས་ཞེས་གཅིག་ཏུ་ཐ་སྙད་དུ་བྱས་པ་ཡིན་ནོ། །གཟིགས་པ་རྣམ་པ་ལྔས་ཞེས་བྱ་བ་ནི་རུས་དང༌། རིགས་དང༌། ཡུལ་དང༌། རྒྱུད་དང༌། བུད་མེད་ལ་གཟིགས་པར་འཆད་པར་འགྱུར་བ་དག་གིས་སོ། །ལན་གསུམ་ཡོངས་སུ་སྦྱང་བ་བྱས་ནས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་དག་ལན་གསུམ་གྱི་བར་དུ་ཡོངས་སུ་སྦྱང་བར་བྱས་པ་སྟེ་སྦྱང་བ་བྱས་པ་དང་རུང་བ་ཉིད་དུ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་ནུས་པ་དང་དེའི་རྗེས་སུ་འཇུག་པ་ཡོངས་སུ་བྱང་ཆུབ་པའི་སྣོད་དུ་རུང་བར་མཛད་པ་ཡིན་གྱི་གཟུགས་ན་སྤྱོད་པའི་ལྷ་དག་ནི་བདེན་པའི་སྣོད་མ་ཡིན་པ་དང༌། སངས་རྒྱས་འབྱུང་བ་མ་མཐོང་བའི་ཕྱིར་ཡོངས་སུ་སྦྱང་བར་བྱ་བ་མ་ཡིན་ནོ། །འགྲོ་བ་རྨི་ལམ་ལ་བཀྲ་ཤིས་པར་འདོད་པ་དེ་བས་ན་འགྲོ་བ་བདག་ཉིད་ལ་བསྟན་པར་བྱ་བའི་ཕྱིར་རྒྱ་ཆེ་བའི་སྣང་བའི་འོད་མཐུ་ཆེན་པོའི་སྣང་བས་ཁྱབ་པར་གྱུར་ཏེ། ཉི་མའི་སྣང་བས་ལྷག་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་ནི་སྣོད་ཀྱི་འཇིག་རྟེན་ཡིན་ལ། འཇིག་རྟེན་གྱི་བར་ནི་ཁོར་ཡུག་གིས་ཟླུམ་པོར་བྱས་པ་བཞི་པོ་དག་གི་ཡང་ཕྲག་ལ་བྱའོ། །མུན་པས་མ་མཐོང་བའི་ཕྱིར་འཇུག་པ་མེད་པར་འགྱུར་བ་མུན་པའི་ཐད་ལས་མུན་ནག་ཏུ་བཙུད་པ་ཡིན་གྱི། མིག་
དང་བྲལ་བའི་ཕྱིར་ནི་མ་ཡིན་ཏེ། མུན་པས་མུན་ནག་ཏུ་གྱུར་པ་ཡིན་གྱི། མུན་པ་གཞན་གྱིས་མུན་པ་དང་ལྡན་པ་མ་ཡིན་ཞིང་རྒྱལ་བ་ལ་སོགས་པས་བྱས་པ་ལས་མུན་ནག་ཏུ་འགྱུར་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་རྒྱལ་བ་ལ་སོགས་པས་བྱས་པས་ཀྱང་མུན་པར་མཐོང་བའི་འཁྲུལ་པ་དེའི་ཕྱིར་མུན་པ་མུན་ནག་ཅེས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ནི་རང་ཉིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཁོ་ནས་སོ། །མཐུ་ཆེན་པོ་ནི་གཞན་ལ་ཕན་འདོགས་པ་ཁོ་ནས་སོ། །འགའ་ཞིག་བདག་ཉིད་ཀྱི་ཕུན་སུམ་ཚོགས་པ་དག་ནི་ཡོད་ཀྱི་གཞན་ལ་ཕན་འདོགས་པ་དག་ནི་མ་ཡིན་ནོ་ཞེ་ན། དེ་དག་ནི་བདག་ཉིད་རྫུ་འཕྲུལ་དང་ལྡན་པ་ཡོད་དང་གཞན་ལ་ཕན་འདོགས་པར་འགྱུར་རོ། །འོད་ཀྱིས་ཞེས་བྱ་བ་ནི་འོད་ཟེར་སྟོང་གི་གཟུགས་ཀྱིས་སོ། །སྣང་བ་ནི་གསལ་བ་ཡིན་ལ། བྱེད་མ་ནུས་པ་ནི་ཟིལ་གྱིས་གནོན་པར་མ་ནུས་པའོ། །གང་གི་ཕྱིར་འོད་སྣང་བར་གྱུར་པས་ཀྱང་དེ་དག་སྣང་བར་བྱ་བ་ཉིད་དུ་ནུས་པ་མེད་པའོ། །ཁྱབ་པ་ནི་གསལ་བར་གྱུར་པའོ། །རང་གི་དཔུང་བ་ནས་ཞེས་བྱ་བ་ནི་ཐག་ཉེ་བ་ནས་སོ། །ལུས་ཀྱི་དབང་པོས་བཟུང་བ་དང་རེག་པ་ན་མཐོང་བར་ཡང་མི་ནུས་ན་འོན་ཀྱང་གཞན་དུ་ལྟ་ཅི་སྨོས། །ཀྱེ་སེམས་ཅན་གཞན་ཡང་ཞེས་བྱ་བའི་ཚིག་གཉིས་ནི་དགའ་བ་ཡིན་ཏེ། གང་གི་ཕྱིར་དེ་དག་དགའ་བར་གྱུར་པ་དེའི་ཚེ་འགྱུར་ཏེ། སེམས་ཅན་གཞན་མཐོང་བའི་ཕྱིར་རམ་སྐྱོ་བ་ཡིན་ཏེ། གཞན་དག་གིས་སྡུག་བསྔལ་མཐོང་བ་ལས་ཀྱང་སྐྱོ་བར་འགྱུར་བ་ཡིན་ནོ། །ཨ་ར་དའི་རྒྱུད་ཡིན་པས་ན་ཚངས་སྦྱིན་ནོ། །གཟུགས་ཅན་སྙིང་པོ་ཞེས་བྱ་བ་ནི་འདི་ལ་གཟུགས་དཔེར་བྱ་བ་ཡོད་པས་ན་གཟུགས་ཅན་ཡིན་ལ། སྙིང་པོ་ནི་རྒྱལ་སྲིད་བརྟན་པོར་བཙུགས་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ལས་ཀྱང་གསལ་ཞིང་དྲི་མ་མེད་པ་ནི་གསལ་ཞིང་གསལ་བ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་ སེམས་དཔའ་སྐྱེས་པར ་གྱུར་པའི་འོད་ཀྱིས་ལྗོངས་མུན་པ་བསལ་བ་བཞིན་དུ་གྲགས་པ་དང་ལྡན་པས་ན་གསལ་རྒྱལ་ཏེ་གསལ་བར་བྱས་པ་ཞེས་བྱ་བའི་བར་དུའོ། །འཇིག་པ་ལ་མཁས་པ་ཞེས་བྱ་བ་ནི་
འཇིག་རྟེན་འཇིག་པ་ལ་མཁས་པ་སྟེ། གང་གི་ཕྱིར་འཇིག་པའི་དུས་སུ་སེམས་ཅན་དག་བསམ་པ་ཅན་གཅིག་ཏུ་འདུ་ཞིང་ཚོགས་པའི་འཇིག་པའོ། །འཇིག་རྟེན་གྱི་ཡང་སྲིད་ལྡོག་པ་དེའི་རྣམ་པར་དཔྱད་པ་ཤེས་པ་ནི་མཁས་པའོ། །ཡང་ཡང་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །ཆེན་པོ་ནི་རྒྱ་ཆེན་པོས་སོ། །ཁྱབ་པ་ནི་གསལ་བར་གྱུར་པས་སོ། །ཅི་ཉི་མ་བདུན་ཅིག་ཅར་ཤར་བར་གྱུར་ཏམ། དེ་དག་གང་ཞེས་དོགས་པ་ལ་སྨྲས་པ། འདི་ལྟར་ཞེས་བྱ་བ་ལ་གང་གི་ཕྱིར་རི་དང༌། ཕུག་ཏུ་བཅས་པ་འོད་ཟེར་ཏེ་འོད་ཀྱིས་གསལ་བར་གྱུར་པ་ཡིན་ཏེ། ཉི་མ་སྟེ་སྣང་བྱེད་ཀྱི་འོད་ནི་རྣོ་ཞིང་སྲེག་པ་ཡིན་ལ་བསིལ་བ་ནི་འོད་འདི་ནི་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ། །ངེས་པ་ནི་དེ་དག་ཐུབ་པའི་འོད་ཡིན་བས་གསལ་བའོ། །དེ་དག་གང་ལས་ཤེ་ན། སྨྲས་པ། གང་གི་ཕྱིར་ལུས་ཏེ་གཟུགས་འདི་ལ་རབ་ཏུ་འཇུག་པ་བཞིན་དུ་ལུས་ཐམས་ཅད་ལ་དགའ་བ་སྐྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གདོན་མི་ཟ་བ་ནི་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་འབྱུང་བའི་དྲི་མ་མེད་པའི་འོད་ཡིན་པས་ཤིན་ཏུ་གསལ་བའོ། །འོད་ཆེན་པོ་ཅན་ཞེས་བྱ་བ་ནི་འོད་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་ཅན་ནོ། །གསེར་གྱི་ཁ་དོག་ལྟ་བུ་ཞེས་བྱ་བ་ནི་གསེར་བཙོ་མའི་མདོག་ལྟ་བུས་སོ། །འཇིག་རྟེན་གསུམ་དུ་ཞས་བྱ་བ་ལ་འཇིག་རྟེན་པའི་གཞུང་གིས་ནི་ལྷ་དང་མི་དང་ཀླུའི་འཇིག་རྟེན་ངག་ཡིན་ལ། གྲུབ་པའི་མཐའི་ཚུལ་གྱིས་ནི་མི་དང་འདོད་པ་ན་སྤྱོད་པའི་ལྷ་དང་གཟུགས་ན་སྤྱོད་པའི་ལྷ་དག་གི་གནས་སྐབས་ནི་འཇིག་རྟེན་གསུམ་ཡིན་ནོ། །མཐུ་ཆེ་བ་མཐུ་ཆེ་བ་ཞེས་བྱ་བ་ནི་གཙོ་བོ་གཙོ་བོར་གྱུར་པའོ། །བལྟ་བར་དཀའ་བ་ནི་བལྟ་བ་ཉིད་དུ་ནུས་པ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་དབང་གིས་སེར་སྐྱའི་གནས་སུ་བསྙེན་བཀུར་བ་ལ་སོགས་པ་སྐྱེས་པ་དེ་དག་ནི་རྣམ་པར་སྨིན་པའི་རང་བཞིན་གྱི་དངོས་པོ་གང་ཡིན་པ་དེ་དག་ཐམས་ཅད་རང་གི་ལས་ཁོ་ན་ལས་གྲུབ་པ་ཡིན་གྱི་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ཉམས་སུ་མྱོང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དགའ་བ་སྐྱེས་པ་ཞེས་བྱ་བ་ནི་
རྙེད་པ་འཕེལ་བར་གྱུར་པའོ། །དོན་ཐམས་ཅད་ཅེས་བྱ་བ་ལ་འབྱོར་པ་ཐམས་ཅད་མ་བསགས་པར་གྲུབ་པ་སྟེ་འབྱོར་པའོ། །ལས་ཀྱི་མཐའ་ཐམས་ཅད་ཅེས་བྱ་བ་འདིས་ནི་ཕུན་སུམ་ཚོགས་པ་རྩོམ་པ་དང་གྲུབ་པའི་རྒྱུ་བསྟན་པ་ཡིན་ནོ། །ཁྱོགས་ནི་འདེགས་པའི་ཁྲིའོ། །ང་རྒྱལ་ཅན་ཞེས་བྱ་བ་ནི་རིགས་ལ་སོགས་པས་བདག་ཉིད་དང་འདྲ་བ་གཞན་མ་མཐོང་བའི་ཕྱིར་རོ། །ཁ་དྲག་པ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའོ། །མི་འཇིགས་པ་ཞེས་བྱ་བའི་ཚིག་གི་འཇུག་པ་ཐམས་ཅད་ལ་གུས་པ་མེད་པར་སྤོབས་པ་སྐྱེ་བའོ། །ཐུབ་པ་ཞེས་བྱ་བ་ནི་ངག་གི་འཇུག་པ་ཉེ་བར་ཞི་བའོ། །གཉུག་མར་གནས་པ་ཞེས་བྱ་བ་ནི་རྟག་ཏུ་གནས་པའོ། །དེའི་དྲུང་དུ་ཞེས་བྱ་བ་ནི་ཤཱཀྱའི་སྐྱེད་བྱེད་ཀྱི་ལྷ་སྟེགས་ལ་མངོན་དུ་ཕྱོགས་པ་དག་གིས་སོ། །མྱུར་བའི་འགྲོས་སུ་སོང་ནས་ཞེས་བྱ་བ་ནི་མགྱོགས་པར་སོང་ནས་སོ། །ལྷ་རྣམས་ཀྱིས་ཀྱང་མཆོད་པ་ཉིད་ཀྱི་ཕྱིར་ལྷའི་ལྷའོ། །རྒྱུ་མཚན་གྱིས་ཐ་སྙད་དུ་བྱེད་པའི་ཕྱིར་མཚན་མཁན་ནོ། །སྐར་མཁན་ནི་སྐར་མའི་བསྟན་བཅོས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པར་གྱུར་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པའོ། །རྣམ་པ་གཉིས་སུ་འགྱུར་རོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཀྱི་གནས་སྐབས་སུ་འགྱུར་བའོ། །ཁྱིམ་པ་ནི་ཁྱིམ་ན་གནས་པའོ། །ཁྱིམ་གྱི་ནང་དུ་གནས་ན་ཞེས་བྱ་བ་ནི་ཆུང་མ་ཡོངས་སུ་ལེན་པར་བྱེད་པའོ། །འཁོར་ལོས་རྒྱལ་སྲིད་སྒྱུར་ཞིང་སྒྲུབ་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་འཁོར་ལོས་སྒྱུར་བའོ། །ལྷུན་པོ་ལ་ལྟོས་ནས་གླིང་བཞི་པའི་མཐའ་གང་ལ་ཡོད་པ་དེ་ནི་གླིང་བཞི་པའི་མཐའ་ལས་སོ། །རྒྱལ་བ་ནི་རྒྱལ་བའི་ངང་ཚུལ་ཅན་ནོ། །ཆོས་སྤྱོད་པར་བྱེད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཀྱི་རྒྱལ་པོ་ཅན་ཡིན་ཏེ། ཆོས་ཀྱི་ཡུལ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་ནི་རྙེད་དཀའ་བ་དང༌། མངོན་པར་འདོད་པའི་དོན་གྲུབ་པར་བྱེད་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་བང་མཛོད་ཀྱི་བདག་པོ་བྱེད་པའོ། །བློན་པོ་རིན་པོ་ཆེ་ནི་སྡེ་དཔོན་ནོ། །སྐྲ་དང་ཁ་སྤུ་
བྲེགས་པ་ཞེས་བྱ་བ་ནི་ན་ཚོད་ལ་བབ་པའི་ནང་གིས་སྤྲས་པ་སྐྲ་དང་ཁ་སྤུ་རྒྱགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྲེགས་ཏེའོ། །གོས་དཀར་པོ་དྲི་མ་མེད་པ་ཕྱི་རོལ་གྱིས་སྤྲས་པ་ཡོངས་སུ་སྤངས་ནས་གོས་དུར་སྨྲིག་སྟེ། སེར་པོ་བགོས་ནས་སོ། །ཡང་དག་པར་དད་པ་ཁོ་ནས་ཞེས་བྱ་བ་ནི་ཡོན་ཏན་ཡོངས་སུ་ཤེས་པ་སྔོན་དུ་སོང་བ་ཅན་གྱི་དད་པ་ནི་ཡང་དག་པའི་དད་པ་ཁོ་ན་ཡིན་ཏེ། དེས་རབ་ཏུ་བྱུང་བར་གྱུར་ནའོ། །འདིར་བྱུང་བ་ནི་ངེས་པར་བྱུང་བ་དང་འགྲོ་བ་ལ་འཇུག་པ་ཡིན་ཏེ། །ཁྱིམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་ཁྱིམ་མེད་པར་འགྲོ་བར་འགྱུར་བ་ཡིན་ལ། ཁྱིམ་ཆུང་དུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ལས་ངེས་པར་བྱུང་བ་དེ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བའི་ཁྱིམ་ཆུང་དུ་ཡང་མེད་པའི་ཕྱིར་ཁྱིམ་མེད་པར་འགྲོ་བར་འགྱུར་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་གསུངས་པའོ། །ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དགྲ་བཅོམ་པའོ། །སྒྲ་གྲག་ པར་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་དུ་གྲགས་པ་གསལ་བར་འགྱུར་བའོ། །བྱང་ཆུབ་སེམས ་དཔའི་མཐུས་དྲང་སྲོང་ནག་པོའི་རྫུ་འཕྲུལ་ཟིལ་གྱིས་མནན་ནས་ཞེས་བྱ་བ་ལ་ཡང་དག་པར་སངས་རྒྱས་པའི་གནས་སྐབས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་དྲང་སྲོང་བརྒྱ་ཕྲག་མང་པོ་འོངས་ཀྱང་གཅིག་གི་རྫུ་འཕྲུལ་ཡང་ཟིལ་གྱིས་མ་མནན་པ་མ་ཡིན་ནམ། བྱང་ཆུབ་སེམས་དཔའི་མཐུ་ལས་བཅོམ་ལྡན་འདས་ཀྱི་མཐུ་ཆེར་འཕགས་པ་ཡིན་པའི་ཕྱིར་དེ་དག་ཇི་ལྟར་རིགས་ཤེ་ན། འདི་ལ་བླ་མ་དག་གཙང་མ་རིས་ཀྱི་ལྷའི་བུ་དག་གིས་དེའི་རྫུ་འཕྲུལ་གྱི་བར་ཆད་བྱས་པ་ཡིན་ཏེ། གང་གི་ཕྱིར་དེ་དག་གིས་དྲང་སྲོང་ནག་པོ་ལ་མངོན་པར་དད་པའི་ལྷ་དང་མིའི་གཙོ་བོར་གྱུར་པ་མང་པོ་དག་དེ་ལ་ཡང་སྟོན་པའི་བློ་ཉིད་སྐྱེད་པར་བྱེད་པ་མཐོང་ནས་དེའི་རྫུ་འཕྲུལ་ཟིལ་གྱིས་མནན་པ་ལས་ཀྱང་དེ་ལ་མངོན་པར་དད་པ་དག་འདི་ནི་ཤིན་ཏུ་ཆེན་པོ་ཡིན་ཏེ། གང་གི་ཕྱིར་འདི་སྐྱེས་པས་དྲང་སྲོང་ནག་པོའི་རྫུ་འཕྲུལ་ཟིལ་གྱིས་མ་ནན་པ་ཡིན་ནོ་ཞེས་གུས་པ་ཆེན་པོ་སྐྱེས་པར་གྱུར་པ་མང་པོ་དག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་ལ་ལྷ་དག་གིས་དེ་ལྟར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་སྟོན་ པར་བྱེད་དོ། །བྱང་ཆུབ་
སེམས ་དཔའི་སྐྱེས་པའི་དུས་ཀྱི་མཚུངས་པ་དེ་མ་ཐག་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་མཐུས་ཞེས་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མཆོད་པའི་ཚིག་ཡིན་ནོ། །མཆོད་པ་ནི་འབྲས་ཡོས་ལ་སོགས་པ་བཀྲ་ཤིས་པ་སྟོབས་པར་བྱེད་པའོ། །རྐང་པ་ལ་མཁོ་བ་ནི་རྐང་པ་ལ་འོས་པའི་ཆུ་ལ་སོགས་པ་བསྟབས་པའོ། །ཐུབ་བ་ནི་ཉོན་མོངས་པས་སྨྲ་བ་ཉེ་བར་ཞི་བའི་ཕྱིར་རོ། །ལྟ་བར་འདོད་པ་ནི་ལྟ་བར་འདུན་པའོ། །འཇིག་རྟེན་མ་ལུས་པས་མཆོད་པར་བྱ་བ་ཉིད་ཡིན་པའི་འཇིག་རྟེན་གཙོ་བོའོ། །སྐྱེ་བོ་གདུལ་བྱ་ཁྱད་པར་དུ་འདྲེན་པར་མཛད་པའི་ཕྱིར་འདྲེན་པའོ། །གང་གི་ཕྱིར་འདིར་འགྱུར་བ་ལ་ཐུབ་པ་ཞེས་བྱ་བ་ལ་སོགས་པའི་མཚན་རབ་ཏུ་སྦྱར་བ་ཡིན་ནོ། །ཉལ་བ་ཞེས་བྱ་བ་ནི་གཉིད་ལོག་པ་སྟེ་ཚིག་དེ་ནི་བཀྲ་ཤིས་སྟོན་པར་བྱེད་པ་ཡིན་ནོ། །མི་འཛུམས་པ་ཞེས་བྱ་བ་ནི་ཕྱེ་བ་དང་འཛུམས་པ་དང་བྲལ་བའོ། །རིགས་དང་ལྡན་པའི་ཞེས་བྱ་བ་ནི་རྟ་ཅང་ཤེས་ཀྱི་ཡོན་ཏན་དང་ལྡན་པའོ། །ནམ་ཕྱེད་ཀྱི་ནི་ཕྱེད་ལྟར་ཞེས་བྱ་བ་ནི་ཐུན་གཅིག་ཙམ་ཉལ་བའོ། །དགོས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ཁྱད་པར་ཅན་བྱེད་ པར་འདོད་པའོ། །བྱང་ཆུབ་སེམས ་དཔའི་མཚན་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་མཚན་ནོ། །ཅི་ཙམ་ན་འཆི་བ་མེད་པ་ཐུགས་སུ་ཆུད་པར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ། བྱང་ཆུབ་ཀྱི་ལམ་གྱིས་མྱ་ངན་ལས་འདས་པ་ཐོབ་ པར་འགྱུར་རོ་ཞེས་བྱ་བའོ། །འདོད་པ་ན་སྤྱོད་པའི་སྲེད་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་སེམས ་སྐྱོ་བས་ཡོངས་སུ་ཟིན་པ་སྟེ། འདོད་པ་ལ་ཡིད་འབྱུང་བའི་ཕྱིར་རོ། །མིག་མཆི་མས་ཡོངས་སུ་ཁྱབ་པར་གྱུར་ཏེ་ཞེས་བྱ་བ་ནི་མིག་ཆུས་ཡོངས་སུ་ཁྱབ་པར་གྱུར་པའོ། །ཀྱེ་སའི་དབང་པོ་རྟོག་གེ་ཞེས་བྱ་བ་ལ་སོགས་པ་ལ་རྟོག་གེ་ནི་སྐར་མའི་རྩིས་ཤེས་པ་ཡིན་ལ། བློ་སྟེ་ཤེས་པ་འཁྲུལ་པ་ནི་ཡོངས་སུ་ཤེས་པ་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་གང་གིས་འདི་ལ་འཁོར་ལོས་སྒྱུར་བ་ཉིད་དུ་དེ་དག་གིས་ལུང་བསྟན་པ་འཁྲུལ་པ་ཡིན་ནོ། །དེ་གང་ལས་ཤེ་ན། རྩོད་དུས་ན་ནི་འཁོར་ལོས་སྒྱུར་བ་ཞེས་སྨོས་སོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། ཚེ་ལོ་བརྒྱ་པའི་དུས་ནི་
རྩོད་པའི་དུས་ཡིན་ན། དེའི་ཚེ་ཇི་ལྟར་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར་བསོད་ནམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡིན་ལ། མཆོག་གི་དམ་པ་ཡིན་པས་ན་བསོད་ནམས་མཆོག་གིའོ། །ཆོས་ནི་བཀར་གཏོགས་པ་ཡན་ལག་བཅུ་གཉིས་པའོ། །འདི་ཆོས་ཀྱི་མཛོད་དང་སྣོད་ཡིན་པའི་ཕྱིར་དེའི་ཆོས་ཀྱི་མཛོད་དོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ། བཅོམ་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པ་སྤངས་པར་གྱུར་ནས་སངས་རྒྱས་དག་ཏུ་འགྱུར་རོ། །འདི་ལྟར་འཁོར་ལོས་སྒྱུར་བར་མི་འགྱུར་བ་དེ་ཅིའི་ཕྱིར་ཞེ་ན། མཚན་མི་གསལ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་ཤིན་ཏུ་གསལ་བ་དག་གིས་མཚན་པ་ནི་འཁོར་ལོས་སྒྱུར་བར་མི་འགྱུར་ལ། ཐུབ་པའི་དབང་པོ་དག་ནི་མཚན་ཤིན་ཏུ་རབ་ཏུ་གསལ་བའི་མཚན་གྱིས་ཉེ་བར་མཚོན་པ་ཡིན་ཏེ། འདིའི་མཚན་ནི་རབ་ཏུ་གསལ་བ་དེའི་ཕྱིར་དེ་ནི་ངེས་པར་སངས་རྒྱས་སུ་འགྱུར་རོ། །ཆོས་ཀྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་འཁོར་ལོས་བསྐོར་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། ། སེམས་དོགས་པར ་འགྱུར་བ་ནི་འདིའི་ སེམས་དོགས་པ་དང་བཅས་པར ་འགྱུར་བའམ། སྐྱོ་བ་ཐོབ་པར་འགྱུར་བའོ། །གང་དུ་ཕྱིན་ན་ཞེས་བྱ་བ་ནི་བྱང་ཆུབ་ སེམས་དཔའ་དང་ཐག་ཉེ་བའི་གནས་སུ་ཕྱིན་པར ་གྱུར་པའོ། །དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པའི་ཡན་ལག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་ཕྱུང་ཞེས་བྱ་བ་ནི་མི་མ་ཡིན་པ་དག་གིས་སམ་ཞེའོ། །དེ་འདི་ད་ལ་མྱུར་སྨྲོས་དགེ་བར་འགྱུར། །ཞེས་བྱ་བ་ནི་དེ་སྨྲས་ན་དགེ་བ་སྟེ་ལེགས་ པར་འགྱུར་བའོ། །གལ་ཏེ་འདི་སྟེང་ཞེས་བྱ་བ་ལ་སོགས་པ་གལ་ཏེ་རྡོ་རྗེ་བྱང་ཆུབ་སེམས ་དཔའི་སྟེང་དུ་རབ་ཏུ་གཏུམ་པ་སྟེ་ཤིན་ཏུ་དྲག་པོ་འབབ་ པར་གྱུར་ཀྱང་ངོ༌། །བྱུང་ཆུབ་སེམས ་དཔའི་ལུས་ཀྱི་བ་སྤུ་གཅིག་ཀྱང་གཡོ་བར་ནུས་པ་མ་ཡིན་ནོ། །རླུང་གི་སྟོབས་ཀྱིས་ཕུལ་བ་དང་ཞེས་བྱ་བ་ནི་འཕངས་པར་གྱུར་པའོ། །དྲག་པ་ནི་མི་བཟད་པའོ། །དུག་ཀྱང་རྣོ་ལ་སྦྲུལ་ཡང་གཏུམ་པས་ནི་ཞེས་བྱ་བ་ནི་རེག་པའི་དུག་གིས་སོ། །ཟད་པ་ནི་ཉམས་པ་ཡིན་ལ་བྱིན་ནུས་མིན་ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའོ། །
ཡང་ཁྱོད་ཅིའི་ཕྱིར་དུ་བར་བྱེད་ཅེས་དོགས་པ་ལ། མི་དབང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདག་གི་རྒུད་པ་སྟེ་ཉམས་པ་མཐོང་བས་གང་གི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པ་མ་ཐོབ་པ་དེའི་ཕྱིར། བྱང་ཆུབ་ སེམས་དཔའ་འདིའི་གན་དུ་ཕྱིན་ནས་དོན་མ་གྲུབ་པར ་ཤི་བར་འགྱུར་རོ་ཞེས་དུ་བ་ཡིན་ནོ། །སྐལ་ལྡན་ཞེས་བྱ་བ་ནི་བསྟེན་པར་བྱའོ། །བསོད་ནམས་ལྡན་ཞེས་བྱ་བ་ནི་སྡིག་པ་དང་བྲལ་ཞིང་དག་བྱེད་དུ་གྱུར་པའོ། །མཚུངས་པ་མེད་པའི་བཞིན་ཏེ་གདོང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དུས་སུ་ཞེས་བྱ་བ་ནི་རྫོགས་པར་སངས་རྒྱས་པའི་གནས་སྐབས་སུའོ། །སྒྲ་མཆོག་ཅེས་བྱ་བ་ནི་སྨྲ་བ་པོ་མ་ལུས་པའི་གཙོ་བོར་གྱུར་པའོ། །མཆོག་ཏུ་ཞི་བར་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །ལོག་པའི་ལྟ་བས་བཅོམ་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་ལྟ་བས་གནོན་པར་གྱུར་པའི་རྒྱུ་ཅན་དག་གོ །གཡོ་སྒྱུའི་ཀུན་ཏུ་སྤྱོད་པ་ལ་འཇུག་ན་ཞེས་བྱ་བ་ནི་ལུས་དང་ངག་གི་གྱ་གྱུའི་འགྱུར་བའོ། །འདོད་ཀྱི་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །མི་འཆི་བའི་ཕྱིར་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །འཆི་བ་མེད་པ་རྩོལ་བ་ནི་ལུས་དང་ངག་གིས་སོ། །བྲམ་ཟེའི་རིགས་ཀྱིས་བདག་ནི་བྲམ་ཟེ་ཡིན་ཞིང་བྲམ་ཟེ་དག་པ་ཡིན་པའི་ཕྱིར་ཅིའི་ཕྱིར་བདག་རིགས་གཞན་གྱི་ཚངས་པར་སྤྱོད་པ་སྤྱད་པར་བྱ་ཞེས་བྱ་བ་ནི་རུས་སྨྲས་པ་ཡིན་ལ། བདག་ནི་བར་དྭ་ཛ་ལ་སོགས་པའི་རྒྱུད་ཡིན་ནོ་ཞེས་བྱ་བ་ནི་རྒྱུད་སྨྲ་བ་ཡིན་ནོ། །ཡིད་ཀྱི་འདོན་པ་དང་ལྡན་པ་སྤྱོད་པ་དང་ལྡན་པ་རིག་བྱེད་ཀྱི་དོན་ལ་མཁས་པ་གང་ཡིན་པ་དེ་སྨྲ་བར་མི་བྱ་ཞིང་ལྷག་པར་སྤྱད་པར་མི་བྱའོ། །གོང་ནས་གོང་དུ་ཞེས་བྱ་བ་ལ་སོགས་པ་ལ་དྲང་སྲོང་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཐབས་རྙེད་ནས་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་དུ་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ནས་རངས་བྱེད་ཀྱི་བུ་ལྷག་སྤྱོད་ལ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་ལུང་མནོས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་བར་དུའོ། །དེ་ཡན་ཆད་ལུང་འབོགས་པ་མེད་པའི་ཕྱིར་སྲིད་པའི་རྩེ་
མོའི་འདོད་ཆགས་དང་བྲལ་བར་མ་ནུས་པ་དེ་བས་ན་འགའ་ཞིག་ཏུ་གཟུགས་མེད་པའི་འདོད་ཆགས་དང་བྲལ་བའི་དོན་གྱི་འདི་ལམ་དུ་འགྱུར་རོ་ཞེས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་བརྩམས་པའོ། །ཅུང་ཟད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་བདེ་བར་དབུགས་ཕྱུང་སྟེ་ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་འགོག་པར་བྱེད་པའི་ནང་གི་བུམ་པའི་བསམ་གཏན་ལས་ལྡོག་པར་འགྱུར་བའོ། །ཞལ་ཟས་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཏིལ་དང་འབྲས་གཅིག་ཙམ་བཞེས་པ་ལས་སོ་སོར་ལྡོག་པར་གྱུར་པའོ། །ཞུན་མར་དང་འབྲུ་མར་གྱིས་ཞེས་བྱ་བ་ནི་དྲི་མ་དང་འདམ་འཆང་བར་མཛད་པའི་དཀའ་ཐུབ་ལས་ལྡོག་པར་གྱུར་པའོ། །ཆབ་དྲོན་པོས་ཞེས་བྱ་བ་ནི་བདག་ཉིད་མེད་པར་གྱུར་པ་ལས་ལྡོག་པར་གྱུར་པ་ཡིན་ལ། ཆུ་དྲོན་པོ་ནི་ཅུང་ཟད་དྲོ་བའོ། །ལན་བཅུ་དྲུག་ཏུ་བཟླས་པ་ཞེས་བྱ་བ་ནི་ལན་བཅུ་དྲུག་ཏུ་བཟླས་ཤིང་གོམས་པར་བྱས་པ་ལ་བཟླས་པ་ཞེས་བྱ་སྟེ། སྟོང་ལ་སོགས་པ་བརྒྱད་པའི་མཐར་ཕྱིན་པའོ། །སྡེ་ཚན་བརྒྱད་ཀྱི་ཚོམས་རེ་རེ་ལ་བླུད་པ་དང་བཞོས་པ་བྱས་པར་གྱུར་པ་ནི་ལན་བཅུ་དྲུག་བཟླས་པ་ཉིད་དུ་འགྱུར་རོ། །རྩྭ་བཀྲ་ཤིས་འཚོང་ཞིང་རྩྭས་སྤྱོད་པ་གང་ཡིན་བ་དེའི་ཐད་ལས་རྩྭ་དག་བཞེས་ནས་སོ། །མ་འཁྲུགས་པ་ནི་རྩྭ་བ་དང་རྩེ་མོ་གཅིག་ཏུ་ལྷགས་པ་ཡིན་པའི་ཕྱིར་རོ། །མཐུག་སྲབ་ཏུ་མ་གྱུར་པ་ནི་ཁྱབ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །གདན་བཤམས་པ་ནི་རྩྭའི་མལ་བཏིང་ནས་སོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་ཀྲུང་བཅིངས་པའོ།། སྐུ་དྲང་པོར་བསྲངས་ནས་ཞེས་བྱ་བ་ནི་མཛད་ནས་སོ། །སྐུ་བསྲང་བ་ནི་རྐེད་པའི་ཕྱོགས་ནས་བརྩམས་ནས་ལྟོ་བའི་བར་རྒྱས་པར་བྱེད་པའོ། །དྲན་པ་མངོན་དུ་ཕྱོགས་པར་བཞག་སྟེ། སོ་སོར་མངོན་དུ་ཕྱོགས་པ་ནི་དྲན་པ་མངོན་དུ་ཕྱོགས་པར་བཞག་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྩེ་མོ་ལ་བལྟ་བའི་འཇུག་པ་ནི་བསམ་གཏན་བྱེད་བའོ་ཞེས་འཇིག་རྟེན་པ་སྨྲ་བ་ཡོད་པས་སྣའི་རྩེ་མོ་ལ་མིག་གཏོད་ན་དྲན་པ་ཡང་བསྒོམ་པར་བྱ་བ་དོན་དེ་ཉིད་ལ་གཞག་པར་འགྱུར་ཏེ། དེ་བས་ན་འདིར་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་ཡང་བརྩོན་འགྲུས་བརྩམས་པའི་རྒྱུ་མཚན་ཏིང་ངེ་འཛིན་
གྱི་ཡན་ལག་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐུགས་བསྐྱེད་པ་ཞེས་བྱ་བས་ནི་ཐུགས་བརྟན་པོར་མཛད་པ་བསྟན་པ་ཡིན་ནོ། །གསུང་བརྗོད་པ་ཞེས་བྱ་བ་ནི་ལྷ་དཔང་པོར་བཞག་པའི་ཕྱིར་གསུང་བརྗོད་པའོ། །གཞན་གྱི་དོན་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ནི་གཙོ་བོར་གྱུར་པ་ཡིན་ལ། གཞན་གྱི་ཡང་ཆོས་བསྟན་པ་མེད་པར་མཛད་མི་སྤྱོད་པ་དེ་བས་ན་ཇི་ལྟར་ན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཆོས་བསྟན་པའི་ཕྱིར་ཚངས་བས་བསྐུལ་བ་ལ་གཞེས་པར་མཛད། འོན་ཀྱང་ཐོག་མ་ཉིད་དུ་ཆོས་སྟོན་ པར་མི་མཛད་ཅེ་ན། འདིར་སྨྲས་པ། ཚངས་པས་བསྐུལ་བ་ལ་གཞེས་པ་ཡང་སེམས ་ཅན་གྱི་དོན་ཁོ་ན་ཡིན་ཏེ། གང་གི་ཕྱིར་གཟུགས་ན་སྤྱོད་པའི་ལྷ་གཅིག་པ་མ་ཡིན་པ་དག་འདི་ལྟར་ཚངས་པ་ལ་ཚངས་པ་དང༌། ཚངས་པ་ཆེན་པོ་དང༌། བྱེད་པ་པོ་དང༌། སྦྲུལ་པ་པོ་ཞེས་བྱ་བ་ལ་སོགས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་འགྱུར་བ་དང༌། འདོད་པ་ན་སྤྱོད་པའི་ལྷ་དང་མི་གཅིག་པ་མ་ཡིན་པ་དག་ཀྱང་ཚངས་པ་ལ་སྟོན་པའི་བློ་སྐྱེ་བར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཆེན་པོ་འོངས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཆོས་སྟོན་པར་བསྐུལ་བར་གྱུར་པ་དེའི་ཚེ་ཚངས་པ་ཆེན་པོ་ཉིད་ཀྱི་བློ་སྐྱེ་བར་གྱུར་པ་དང༌། སྟོན་པའི་བློ་སྐྱེ་བ་གང་ཡིན་པ་དེ་དག་བློ་དེ་དང་བྲལ་བ་དང༌། དེ་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཆེན་པོ་ཉིད་ཀྱི་བློ་དང༌། སྟོན་པའི་བློ་སྐྱེ་སྟེ། ཡོན་ཏན་གང་གིས་འདི་ཤིན་ཏུ་ཆེན་པོ་ཡིན་ཏེ། དེ་ལ་ཚངས་པ་ཆེན་པོ་ཡང་ཕྱག་འཚལ་བར་བྱེད་པ་དང༌། ཆོས་བསྟན་པའི་ཕྱིར་བསྐུལ་ལོ་ཞེས་བཅོམ་ལྡན་འདས་ལ་གུས་པ་སྐྱེ་བར་འགྱུར་ཞིང༌། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་ཤིན་ཏུ་ཆེ་བའི་བྱེ་བྲག་ཁོང་དུ་ཆུད་པར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཚངས་པས་བསྐུལ་བ་ལ་གཞེས་པར་མཛད་པ་ཡིན་ནོ། །རྟག་ཏུ་དུས་སྟོན་ཆེན་པོས་ཞེས་བྱ་བ་ནི་བདེ་བའི་རྒྱུ་དུས་ཚིགས་ཀྱི་དགའ་སྟོན་ཆེན་པོའོ། །རབ་ཏུ་དགའ་བ་ནི་རབ་ཏུ་མགུ་བའོ། །དབང་པོ་ལྔ་ཞེས་བྱ་བ་ནི་གཙོ་བོ་ལྔ་ཡིན་ལ། ཉེ་བའི་དབང་པོ་ལྔ་ཞེས་བྱ་བ་ནི་ཉེས་བའི་གཙོ་བོ་ལྔ་ཡིན་ཏེ། གྲོང་ཁྱེར་རྒྱ་ཆེ་བ་
ཉིད་ནི་གཙོ་བོ་ཉུང་དུ་དག་གི་གཟུང་བར་མི་ནུས་པའི་ཕྱིར་རོ། །ངོས་བཞི་བཞི་སོ་ཕག་གིས་བརྩིགས་པ་དང༌། བང་རིམ་ཅན་དུ་བསྒྲུབས་པའི་རྫིང་བུ་ནི་རྫིང་བུ་ཡིན་ལ། རྫིང་བུ་དེ་དག་ལས་ཀྱང་ཆུ་འཛིན་པའི་ཡུར་བ་རབ་ཏུ་གཡོགས་བ་གྲོང་ཁྱེར་དུ་འཇུག་པ་དེའི་ཕྱིར་ཡུར་བ་ལྔ་བརྒྱ་པོ་དེ་དག་དང་ལྡན་པ་ཡིན་ནོ། །ཡན་ལག་གི་མཆོག་ལྔ་ནི་ཞེས་བྱ་བ་ནི་རྒྱལ་པོའི་ཡན་ལག་གཙོ་བོར་གྱུར་པའོ། །འབྱོར་པ་ནི་རྫས་ལས་བྱས་པའི་ཕུན་སུམ་ཚོགས་པའོ། །ཁམས་མ་སྙོམས་པའི་ཕྱིར་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་མ་སྙོམས་པའི་གནས་སྐབས་ཡིན་པའི་ཕྱིར་རམ། རླུང་ལ་སོགས་པའིའོ། །གཉིད་མེད་པའི་ནད་ཀྱིས་ཞེས་བྱ་བ་ནི་གཉིད་མེད་པར་གྱུར་པའི་ནད་ཁོ་ནས་སོ། །རྫས་སྣ་ཚོགས་བསགས་པའི་བྱེ་བྲག་ཅེས་བྱ་བ་ནི་གཉིད་དང་རྗེས་སུ་མཐུན་པའི་རྫས་རྣམ་པ་དུ་མ་ལ་སོགས་པ་དང་ལྡན་པའི་མར་བླུད་པར་བྱས་ནའོ། །མགོ་བའི་རྩ་ནས་བློན་པར་གྱུར་ནས་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མགྲིན་པའི་ཕྱོགས་ནས་གཅོད་ཅིང་འདོར་བར་འགྱུར་བའོ། །དགྲ་བོས་འོངས་པར་དོགས་པ་ཉམ་ད་བའི་གནས་ལ་སྐྱེས་བུ་ངེས་པར་སྦྱར་བ་ནི་གཅན་པའོ། །བཟོད་པ་ནི་བརྣགས་ པར་གྱུར་པའོ། །ཐུགས་གཟུང་བ་ཞེས་བྱ་བ་ནི་ཐ་སྙད་དུ་བྱེ་དཔའི་སྒོ་ནས་སེམས ་ཡོངས་སུ་མགུ་བར་བྱ་བར་རོ། །དགྲ་བོ་ནི་ཕྱིར་རྒོལ་བའོ། །དོགས་ཤིང་སྐྱོ་ནས་ཞེས་བྱ་བ་ནི་མི་འདོད་པའི་དོགས་པ་གང་ཡིན་པ་དེས་སེམས་སྐྱོ་བར་གྱུར་ནས་སོ། །གལ་ཏེ་ལྷ་ཡིས་ཞེས་བྱ་བ་ནི་འགའ་ཞིག་ཏུ་རྒྱལ་པོའི་སྦྱོར་བ་ལས་སོ། །ལ་བས་དཀྲིས་ཏེ་ཞེས་བྱ་བ་ནི། པུས་འཁྱུད་དང་འདྲ་བར་རྒྱབ་དང་པུས་མོ་གཉིས་དཀྲིས་ཏེའོ། །བློ་ཀུན་ནས་ཉོན་མོངས་པས་ཞེས་བྱ་བ་ནི་སེམས་གདུག་པས་དགེ་བའི་དངོས་པོ་ཅུང་ཟད་ཙམ་ལ་ཡང་ སེམས་པར ་མི་བྱེད་པའོ། །ཅི་དེ་ལྟར་འགྱུར་རམ་ཞེས་བྱ་བ་ལ་ཅིའི་སྒྲ་ནི་སྨོད་པ་འམ་མི་སྲིད་དོ་སྙམ་པ་ཡིན་ཏེ། རྒྱལ་པོས་དེ་ལྟ་བུའི་དངོས་པོ་ཡོད་པ་མ་ཡིན་ནོ་སྙམ་པའོ། མགོ་བོ་ལ་བྱུགས་ནས་ཞེས་བྱ་བ་ནི་མགོ་བཅད་པར་མ་གྱུར་ཏམ་སྙམ་དུ་ སེམས་པར ་གྱུར་ནས་སོ། །སྦྱོར་བ་སྔ་མའི་ཚུལ་དུ་ཞེས་བྱ་བ་
ནི་ལན་གསུམ་གྱི་བར་དུའོ། །ཀྲུང་ཀྲུང་མ་ཡིན་བ་ཞེས་བྱ་བ་ནི་འདིར་རྨ་བྱ་ཡིན་པར་དགོངས་སོ། །གེ་ས་མ་ནི་རྩའི་རིགས་ཡིན་ལ། དེའམ་ཐོ་བས་བརྡུངས་པ་བླངས་ནས་ཞེས་བྱ་བ་ནི་ཐོ་བས་བརྡུངས་པ་ལས་མ་བརྡུངས་པའི་གནས་སྐབས་སྔ་མ་དང་འདྲ་བ་དེའི་ཕྱིར་མཉམ་པར་འགྱུར་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། བརྡུངས་པའི་གནས་སྐབས་ཤིན་ཏུ་ཡང་བར་འགྱུར་རོ། །གང་གི་ཕྱིར་ཐོ་བས་བརྡུངས་པ་ལས་རྩྭའི་རིགས་སྙིང་པོར་མ་གྱུར་པ་མང་པོ་འབྱུང་བར་འགྱུར་བའི་ཕྱིར་རོ། །ནག་མོ་ཞེས་བྱ་བ་ནི་མགོ་བོའི་ཕྱོགས་གནག་པ་ཡིན་པའི་ཕྱིར་དང༌། སྤྲེའུའི་རིགས་པ་ལའང་འཇུག་པ་ཡིན་པའི་ཕྱིར་ནག་མོ་ཞེས་བྱ་བ་ཡིན་ལ། ཕལ་ཆེར་ནི་ཤིང་ལ་གནས་པར་བྱེད་པའི་ཕྱིར་ཤིང་གི་སྤྲེའུ་ཞེས་བྱའོ། །འཇུག་པ་ནི་འཁྲིག་པ་སྒྲུབ་པར་བྱེད་པའི་བྱ་བ་ལའོ། །བྱེ་མས་ཡོངས་སུ་གང་བའི་བུམ་པ་ནི་བྱེ་མའི་བུམ་པའོ། །ཡང་བྱེ་མའི་བུམ་པ་ལ་ཆུ་དེ་དག་ཙམ་ཇི་ལྟར་ཤོང་བར་འགྱུར་ཞེ་ན། འདིར་སྨྲས་པ། བྱེ་མ་ཆུ་ལས་སྐྱེས་པ་ཡིན་པ་དེའི་ཕྱིར་ཆུ་དང་མཚུངས་པར་ལྡན་པ་ན་འཁུམས་པར་འགྱུར་ཞིང་སྐམ་པོའི་གནས་སྐབས་སུ་ནི་མི་འཁུམས་པར་ངེས་པ་དེའི་ཕྱིར་ཆུ་ཤོང་བར་འགྱུར་རོ། །འཇུ་བའི་རྫས་སྲང་སུམ་ཅུ་སོ་གཉིས་ཤོང་བ་དང༌། སྐམ་སྲང་བཅུ་དྲུག་གི་ཚད་བྲེ་ཆུང་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་ལས་གྲགས་པའི་ཚད་ཡིན་ལ། འཇིག་རྟེན་པའི་སྐམ་པོ་ཡང་སྲང་སུམ་ཅུ་རྩ་གཉིས་ཀྱི་ཚད་ཁོ་ན་ལ་བྲེའུ་ཆུང་དུ་འདོད་དོ། །ཆུ་ལ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ལན་ཚྭ་ཆུའི་ལྦུ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར། ཆུ་དང་འབྱོར་པར་གྱུར་པ་ན་ཁུ་བ་ཙམ་གྱི་ལྷག་མར་གྱུར་པའི་ཕྱིར་རོ། །མི་སྐ་བར་འགྱུར་རོ་ཞེས་བྱ་བ་ནི་སླན་ཏེར་འགྱུར་བའོ། །དྲན་པ་ཁྱད་པར་ཅན་དང་ལྡན་པ་ལ་འདིར་དྲན་པ་དང་ལྡན་པ་ཞེས་བྱའོ། །མདངས་འཕྲོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རླུང་གི་མདངས་ནི་ལྷག་མའི་མདངས་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་གཟི་ཕྲོགས་པའི་ཕྱིར་གཅི་བར་འགྱུར་རོ། །སའི་མདངས་འཕྲོགས་པ་ནི་སྙིང་པོ་ལེན་པ་འམ་ཟ་བར་བྱེད་པ་ནའོ། །ཅང་མི་ཟེར་བ་ནི་ཁས་ལེན་པ་ལ་རབ་ཏུ་སྦྱོར་བ་ཡིན་ནོ། །འདུག་པ་
ཞེས་བྱ་བ་ནི་དགོས་པ་མེད་པར་གྱུར་པར་རོ། །བ་ལྕི་ཞིབ་མོ་ཞེས་བྱ་བ་ནི་བ་ལྕིའི་ཕྱེ་མའོ། །བདག་ཉིད་ཀྱི་མངོན་སུམ་དུ་བྱས་པ་ནི་དེ་ལ་འཇུག་པའི་སེམས་ཀྱི་མོས་པས་མངོན་སུམ་དུ་ཉམས་སུ་མྱོང་བར་གྱུར་པའོ། །ཁྲག་གི་ཐིགས་པའི་ལྷག་མ་གཉིས་སམ་གསུམ་ལུས་པ་ནི་ཟླ་མཚན་དང་ལྡན་པར་གྱུར་པའོ། །བྱིན་པ་ཞེས་བྱ་བ་ནི་བཀའ་དྲིན་བྱིན་ནས་སོ། །ནད་དང༌། དེ་ཉེ་བར་ཞི་བར་བྱེད་པའི་སྦྱོར་བའི་རིག་པ་ལ་མཁས་པའི་ཕྱིར་སྨན་པའོ། །རྩྭ་ནི་རྟ་ལ་མཁོ་བའི་ཟས་ཡིན་ཏེ་རུང་བའི་ཟས་མི་རྟའི་ཡོ་བྱད་དོ། །དཔྱ་བར་གྱུར་ན་ཞེས་བྱ་བ་ནི་ཆད་པ་འབུལ་བའི་ཞོ་ཤ་པའོ། །གང་ངམ་དེའི་དོན་དུ་ཞེས་བྱ་བ་ནི་ཉེས་པ་ཆུང་དུ་དག་གིས་ཀྱང་ངོ༌། །ཆང་གི་ཁ་དོག་ལ་སོགས་པ་དང་འདྲ་བའི་མར་སྦྱར་བ་དེ་བསྒྲུབས་ནས་སོ། །དགེ་མཚན་ཞེས་བྱ་བ་ནི་བདག་པོ་དང་བུ་དང་མིང་པོ་ཕོག་པ་ལ་སོགས་པ་ལ་དགེ་བར་ཕྱིར་འོང་བ་ལ་སོགས་པའི་དོན་དུ་བུད་མེད་རྣམས་ཀྱིས་སྲུང་བའི་སྐུད་པ་ལ་སོགས་པ་བཏགས་པ་དང༌། ལུས་ཀྱི་ཕྱོགས་གཅིག་ལ་གི་ཝང་ལ་སོགས་པས་སྐུད་པའོ། །བཀྲ་ཤིས་པ་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་ཞོའི་བུམ་པ་ལ་སོགས་པའོ། །དགེ་ལེགས་སུ་འགྱུར་བ་ནི་བྲམ་ཟེ་དག་ཞི་བར་བྱེད་པའོ། །མཛའ་བོ་དང༌། ནེའུ་ལྡངས་ལ་འགྲོགས་བཤེས་ཞེས་བྱའོ། །གཉེན་ནི་མེ་སྐོར་དང་ཐ་སྙད་འབྲེལ་བ་ཅན་ནོ། །ཕུ་ནུ་ནི་བདུན་རྒྱུད་ཀྱི་ནང་དུ་འདུས་པའོ། །སྙན་པའི་ཚིག་རྗོད་པར་བྱེད་པས་ན་ཀུན་ནས་དགའ་བར་བྱེད་པའོ། །བཟོ་གཟིགས་ལ་ཞུགས་པ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་སྤུན་ཞེས་བྱའོ། །ཇི་ལྟར་འདོད་པར་འདོང་ངོ་ཞེས་བྱ་བ་ནི་རང་གི་འདོད་པས་འཇུག་པའོ། །གོམས་པར་བྱེད་པ་ཞེས་བྱ་བ་ནི་ཡིད་བརྟན་པའི་བྱ་བ་བྱེད་པར་འཇུག་པའོ། །ཡིད་ཆེས་སྐྱེད་པའི་རྒྱུ་མཚན་ཞེས་བྱ་བ་ནི་སྒྱུ་བྱས་ཏེ་ཞེས་བྱ་བ་ནི་བསླུས་པར་གྱུར་ཏེ། འཁྲུས་སོ་ཞེས་བྱ་བ་འཁྲུས་པ་ནི་ནད་དོ། །སོས་པར་གྱིས་ཤིག་ཅེས་བྱ་བ་ནི་ཡོངས་སུ་རྒྱས་པར་གྱིས་ཤིག་པའོ། །གོས་ཆེན་པོ་ཞེས་བྱ་བ་ནི་རས་ཚད་ཤིན་ཏུ་ཕྲ་བ་ཅན་ཕྱི་རོལ་དུ་བགོ་བར་བྱ་བའོ། །ཆོས་ཀྱི་ཡབ་ཏུ་གྱུར་རེ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཀྱི་སྒོ་ནས་འདི་ནི་ངའི་ཡབ་ཀྱི་ཡིན་ལ། ཁོ་བོ་ཡང་
འཕགས་པའི་ལམ་གྱི་ཆོས་ནས་སྐྱེས་པས་དེའི་སྲས་སུ་འགྱུར་བ་ཡིན་ནོ་ཞེའོ། །ཆོས་གོས་གསུམ་ནི་སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་སོ། །དབང་བྱེད་རྒྱལ་པོ་གང་ཞིག་ལ། །ཞེས་བྱ་བ་ལ་སོགས་པ་དྲི་བ་ལ་དྲུག་དང་དབང་བྱེད་རྒྱལ་པོ་ཞེས་བྱ་བའི་སྐབས་སུ་ངེས་པར་སྤྱད་པར་བྱ་བ་ཡིན་པ་དེའི་ཕྱིར་འདིར་མ་བརྗོད་པ་ཡིན་ནོ། །ལྕང་ལོ་ཅན་ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་རྒྱལ་པོའི་ཕོ་བྲང་དུའོ། །འཛིན་པ་ཞེས་བྱ་བ་ནི་རབ་ཏུ་འཇུག་པ་བྱས་ནས་སོ། །ཀུན་ཆུབ་པར་བྱས་ནས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ངེས་པར་བྱས་ནས་སོ། །གསེར་ཏོ་ལོ་འབུམ་གྱི་ཚད་ནི་གསེར་ཕུར་རོ། །ཚོད་ཁང་དང་བཟོའི་གནས་མེད་པ་སྐྱེ་བོའི་ཚོགས་གནས་པ་ནི་གྲོང་ཡིན་ལ། ཚོང་ཁང་དང་བཟོའི་གནས་དང་ལྡན་པའི་སྐྱེ་བོ་དམ་པ་མང་པོ་གནས་པ་ནི་གྲོང་རྡལ་ཡིན་ཞིང༌། ཡུལ་གྱི་ཚོགས་ནི་ཡུལ་འཁོར་ཡིན་ནོ། །རྒྱལ་པོའི་གནས་དང་ལྡན་པའི་གྲོང་ཁྱེར་ནི་རྒྱལ་པོའི་ཕོ་བྲང་འཁོར་རོ། །སྐྱེ་བོ་མཁས་པས་སྦངས་པའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་མ་ཡིན་པ་དང༌། ཚོང་རྡལ་མ་ཡིན་པའོ། །བདག་ཉིད་མཁས་པ་སྙན་པ་ཉིད་ཅེས་བྱ་བ་ནི་མཁས་པའོ་སྙམ་དུ་སེམས་པ་དེའི་དངོས་པོ་ནི་མཁས་པའོ་སྙམ་དུ་ སེམས་པ་དེ་ཉིད་ཀྱིས་སོ། །ལེགས་པར ་རུང་བ་ཉིད་དུ་འདོད་པ་ཞེས་བྱ་བ་ནི་ཤིན་ཏུ་ཡོན་ཏན་དང་ལྡན་པས་ན་ལེགས་པར་རུང་བ་ཡིན་ལ། ལེགས་པར་རུང་བ་ཉིད་དུ་འདོད་པ་ནི་སྐྱེ་བོ་མང་བོ་བློ་མཐུན་པ་དང་མངོན་པར་འདོད་པའོ། །དགའ་བ་ནི་ཡིད་བདེ་བའོ། །མགུ་བ་ནི་རབ་ཏུ་དགའ་བའི་བྱེ་བྲག་གོ །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཞབས་ལེགས་པར་གནས་པ་ལ་སོགས་པ་ཡིན་ལ། དཔེ་བྱས་བཟང་པོ་བརྒྱད་ཅུ་ནི་སེན་མོ་ཟང་ལྟར་དམར་བ་ལ་སོགས་པ་ཡིན་ནོ། །སྐུའི་འོད་ཟེར་གྱིས་སྨྲས་པ་ནི་སྐུའི་འོད་ཀྱིས་སོ། །ཉི་མ་སྟོང་བས་ཤིན་ཏུ་ལྷག་པའི་འོད་འདོམ་གང་གང་ལ་མངའ་བ་དེ་ནི་ཉི་མ་སྟོང་པས་ལྷག་པའི་འོད་ཅན་ནོ། །གཤེགས་པ་ཞེས་བྱ་བ་ནི་ཞབས་ཀྱིས་རྒྱུ་བའོ། །ཀུན་ནས་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་མཛེས་པར་རོ། །ལེགས་པར་ནི་དགེ་བའི་ཆོས་བསྒོམ་དུ་རུང་བ་ཉིད་དོ། །
དགེ་བའི་རྩ་བའི་རྒྱུ་བསགས་པ་ཞེས་བྱ་བ་ལ། དགེ་བའི་རྩ་བ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་འདོད་ལ། དེ་བསགས་པ་ནི་ཡོངས་སུ་སྨིན་པ་ཐོབ་པའོ། །བསམ་པ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔར་བྱས་པ་ཉིད་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཡང་དག་པར་རབ་ཏུ་རྟོགས་པར་འགྱུར་བ་སྟེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པའོ། །འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུའི་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ལེགས་བཤད་རྣམ་ཤེས་སྙིང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། ཤེས་ཤིང་ཁོང་དུ་ཆུད་པའི་སྙིང་པོ་སྟེ། དོན་ལེགས་པར་བཤད་པ་གང་ལ་ཡོད་པ་དེ་དག་ནི་རྣམ་ཤེས་སྙིང་པོའམ་རྣམ་ཤེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་སྙིང་པོ་དེ་ལེགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གང་གི་ཕྱིར་གང་ལས་དེ་ཁོ་ནའི་བློ་སྐྱེ་བར་མི་འགྱུར་བའི་ལེགས་པར་བཤད་པ་དེ་ནི་སྙིང་པོ་དང་ལྡན་པར་མི་འགྱུར་རོ། །ཐོས་པའི་ཡང་རྣམ་པར་ཤེས་པའི་ཡེ་ཤེས་དང༌། ཏིང་ངེ་འཛིན་སྙིང་པོ་ཡིན་པས་སྙིང་པོ་སྟེ། འབྲས་བུ་དེ་གཉིས་ཐོབ་པ་གང་ལ་ཡོད་པ་སྟེ། གང་གིས་ལུང་ཕོག་པ་མེད་པར་ལེགས་པར་བཤད་པའི་དོན་ཁོང་དུ་ཆུད་པར་གྱུར་ཕ་ནི་རང་གི་ཆ་བའི་དབང་དུ་བྱས་ནས་ཚིག་སྔ་མ་བཞིན་གྱིས་ལུང་ཕོག་པའི་སྟོབས་ཀྱིས་ཐོས་པ་ཡིན་ལ། གལ་ཏེ་ལེགས་པར་བཤད་པ་དེ་ཐོས་པའི་སྟོབས་ཀྱིས་ཐོས་པ་ལས་བྱུང་བའི་ཤེས་པ་དང་ཏིང་ངེ་འཛིན་སྐྱེ་པར་འགྱུར་བ། དེའི་ཚེ་འབྲས་བུ་དང་བཅས་པའི་ཐོས་པ་སྐྱེས་པ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། དེ་ཉིད་དེ་དག་དོན་ཆེན་ཤེས་ཐོས་མེད་ཅེས་སྨོས་པ་ཡིན་ནོ། །བརྟགས་པ་ནི་ཐོས་པ་མེད་པར་སྤྱད་པའོ། །བག་མེད་པ་ནི་དགེ་བ་ལ་མངོན་པར་སྦྱོར་བ་ལ་རབ་ཏུ་ལྷོད་པ་ཡིན་ཏེ། དེ་དག་གོ་རིམས་བཞིན་དུ་བདག་དང་གཞན་ལ་ལེགས་པར་བཤད་པས་ཡོངས་སུ་ཤེས་པའི་ཕན་ཡོན་ཆེན་པོར་མི་འགྱུར་ཏེ། དེ་བསྒྲུབས་པས་འབྲས་བུ་སྒྲུབ་པ་མེད་པའི་ཕྱིར་རོ། །སངས་རྒྱས་གསུང་ནི་སྨྲ་ཡོད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱི་བཀའ་ཀློག་མོད་ཀྱི་ཁྱོད་ལ་སྐྱེས་བུ་ཆེན་པོའི་མཚན་མི་སྣང་བ་དེའི་ཕྱིར་ངེ་དེ་ཁོ་བོའི་བློ་རྨོངས་
ཤིང་ཀུན་ནས་རྨོངས་པར་འགྱུར་རོ། །དེ་བས་ན་བདག་གི་ཐེ་ཚོམ་མྱུར་དུ་བཅད་ཅིང་བསལ་བར་གྱིས་ཤིག་ཅེས་བྱ་བའོ། །འདིར་རྩྭ་གཅད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཨེ་ལའི་འདབ་མ་ཤིང་གི་ལོ་མ་མ་བཅད་པའི་བསླབ་པའི་དུས་ལས་འདས་པ་སྟོན་པར་བྱེད་པ་དང༌། བཅོམ་ལྡན་འདས་འབྱུང་བའི་འདྲི་བར་བྱེད་པ་སྐྱེད་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དྲུག་པ་བདག་པོ་རྒྱལ་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། དྲུག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། དྲུག་ཡོངས་སུ་རྫོགས་པ་ཉིད་ཡིན་པའི་ཕྱིར་དེ་ལ་དྲུག་པ་ནི་དྲུག་པ་ཁོ་ན་སྟེ། དྲུག་པ་ཁོ་ན་དབང་བྱེད་པ་ཡིན་ཏེ། རྣམ་པར་རྟོག་པ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ། །བདག་པོ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། ཁམས་གསུམ་པ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་ནི་དབང་སྒྱུར་བ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པ་ཅིག་ཤོས་དག་འཕེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆགས་པར་གྱུར་ཏེ་འདོད་ཆགས་ལ་སོགས་པ་དང་འདི་མཚུངས་པར་ལྡན་པར་གྱུར་པ་ན་སྟེ། ཆགས་པ་དང་བཅས་པར་གྱུར་ན། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཆགས་པ་ན་སྟེ་ཉོན་མོངས་པ་གང་ལ་ཡོད་པ་དེ་ནི་དྲི་མ་ཅན་ཞེས་བྱ་བའི་ཐ་ཚིག་གོ །མ་ཆགས་གྱུར་ན་སྟེ། འདོད་ཆགས་ལ་སོགས་པའི་མིང་ཅན་གྱི་རྡུལ་དྲུག་པ་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟར་གྱུར་པའི་བདག་གི་དངོས་པོ་དེ་ནི་མ་ཆགས་གྱུར་ལ་ཞེས་བྱ་བ་ཡིན་ཏེ། །འདོད་ཆགས་ལ་སོགས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུད་ཆགས་པ་དང་བཅས་པར་གྱུར་པ་ལ་ཉེས་པ་ཅི་ཡོད་ཅེ་ན། འདིར་ནི་ཆགས་པ་བྱིས་པ་དག་ཏུ་བརྗོད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་རྒྱུད་དྲི་མ་ཅན་དུ་བྱས་པའི་དྲུག་པ་བྱིས་པའི་སེམས་ཅན་ཡིན་པ་ནས་བྱིས་པ་ཞེས་བརྗོད་པ་ཡིན་ཏེ། ཉོན་མོངས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །ཆགས་བྲལ་མཁས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཁོང་དུ་ཆུད་པའི་ཕྱིར་མ་བསྟན་པ་དེ་བས་ན་ སེམས་འདུལ་བ་ཁོ་ན་ཞེས་བྱ་བ་ཡིན་ཏེ། དེ་ལྟར་གྱུར་ན་ཕྱོགས་མེད་པར ་རྙེད་པ་ཐོབ་པར་
འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་འདིའི་དོན་ཁོང་དུ་མ་ཆུད་པའི་ཕྱིར་བློ་དམན་པ་སྟེ། བློ་གྲོས་ངན་པ་མྱ་ངན་བྱེད་ལ་དོན་ཁོང་དུ་ཆུད་པའི་ཕྱིར་མཁས་པ་དག་ནི་དགའ་བར་འགྱུར་རོ། །འདི་ལ་ཞེས་བྱ་བ་ནི་དྲུག་པ་ཡིད་གྱི་རྣམ་པར་ཤེས་པ་ལ་འདོད་ཆགས་ལ་སོགས་པས་འབྱོར་ཅིང་འབྲེལ་པ་གང་ཡིན་པ་དེ་དང་བྱེད་པར་འགྱུར་བའི་ཕྱིར་གྲུབ་པ་དང་བདེ་བར་འགྱུར་ཏེ། ཡོན་ཏན་མ་རྙེད་པ་ནི་གྲུབ་པ་ཡིན་ལ། རྙེད་ནས་ཡོངས་སུ་སྐྱོང་བར་བྱེད་པ་ནི་བདེ་བ་ཞེས་བྱའོ། །གསུམ་རིག་པ་ཞེས་བྱ་བ་ནི་རིག་བྱེད་གསུམ་ཀློག་པ་ཡིན་ལ། རིག་བྱེད་གསུམ་ནི། ངེས་བརྗོད་དང༌། སྙན་དང་གས་དང༌། མཆོད་སྦྱིན་གྱི་རིག་བྱེད་དོ། །རབ་ཏུ་རིག་བྱེད་པ་ནི་གསལ་བར་བྱེད་པའམ། ཉམས་སུ་མྱོང་བར་བྱེད་པའོ། །རིན་པོ་ཆེ་སྣ་བདུན་སྔོན་དུ་སོང་བ་ཅན་གྱི་ཞེས་བྱ་བ་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་བུ་སྟོང་གིས་ཟླ་བ་ཚེས་པའི་རྣམ་པ་དང་འདྲ་བར་བསྐོར་བ་སྟེ། བུ་ལྔ་བརྒྱས་ནི་གཡས་ཕྱོགས་སུ་བུ་ལྔ་བརྒྱས་ནི་གཡོན་ཕྱོགས་ནས་ཀུན་ནས་བསྐོར་བར་གྱུར་ནས་སོ། །འདིར་གཏེར་དང་ལྡན་ལ་ཡོངས་སུ་སྤྱོད་པར་བྱེད་པ་དང་བྲལ་བ་ན་བཀྲེན་པའོ། །དམན་པ་ནི་དབུལ་བ་ཡིན་ལ་འདིར་མིའི་མཆོག་ནི་མཁར་གྱི་རྒྱལ་པོ་ཡིན་པར་དགོངས་སོ། །རིན་པོ་ཆེའི་རྩིབས་བརྒྱ་གདུགས་གང་ལ་ཡོད་པ་དེ་ནི་རྩིབས་བརྒྱ་པ་སྟེ། སྐྱེད་གུ་ཆེན་པོ་ལ་འོས་པའི་གདུགས་དཀར་པོའོ། །འོད་ཟེར་སྟོང་གི་སྣང་བས་ཞེས་བྱ་བ་ནི་དེས་སྔ་བར་བྱས་པར་གྱུར་པའོ། །ཟླ་བ་དང་སྐར་མ་དང༌། གཟའི་གཞལ་ཡང་ཁང་བཟང་པོ་ཟིལ་གྱིས་གནོན་པའི་ངག་ཚུལ་གྱི་བདག་ཉིད་གང་ལ་ཡོད་པ་དེ་ནི་ཟླ་བ་དང་སྐར་མ་དང་གཟའི་གཞལ་ཡས་ཁང་བཟང་པོ་རྣམས་ཟིལ་གྱིས་གནོན་པ་ཅན་ཏེ། དེའི་མཛེས་པ་ཟིལ་གྱིས་གནོན་པར་བྱེད་པའོ། །ཉི་མའི་འོད་ཟེར་ཏེ་འོད་ཟིལ་གྱིས་གནོན་པ་སྟེ་གསོལ་བར་གྱུར་པའོ། །རྣམ་པ་རྟོག་པ་སྣ་ཚོགས་སྐྱེས་ཏེ་ཞེས་བྱ་བ་ནི་རྣམ་པ་དུ་མ་སྐྱེས་ཤིང་བྱུང་བར་གྱུར་ཏེའོ། །བསླབ་པའི་དུས་ལས་ཞེས་བྱ་བ་
ནི་བསླབ་པའི་མཚམས་ལས་འདས་པ་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པ་ཡིན་པའི་ཕྱིར་རོ། །སླུ་བར་འདོད་པ་ནི་རྣམ་པར་བགྲོད་པར་འདོད་པ་སྟེ་ལམ་མ་ཡིན་པ་ལ་འཇུག་པར་འདོད་པའོ། །དེའི་རང་གི་རྣག་བཞིན་ནི་སྦྲུལ་གྱི་ལུས་སུ་སྟེ། འདི་ལྟར་དེའི་ལུས་སྔོན་གྱི་ཉེས་པར་སྤྱད་པས་ཐོབ་པ་ཨེ་ལའི་ཤིང་སྐྱེས་པས་ཉེ་བར་མཚོན་པ་མགོ་བོ་དེ་ཤོག་ཤིག་ལ་ནི་སྐྱེ་བའི་ཚོགས་ཆེན་པོ་སྐྱོ་བ་བསྐྱེད་པའི་དོན་དུ་བཅོམ་ལྡན་འདས་ཀྱི་དེ་སྐད་དུ་གསུང་པ་ཡིན་ནོ། །རྣག་དང་ཁྲག་འཛག་པ་ནི་ཀུན་ནས་འཛག་པར་གྱུར་པའོ། །རྣག་དང་ཁྲག་ཁྱད་པར་ཇི་ལྟ་བུ་ཞེ་ན། །སྲིན་བུའི་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིན་བུའི་རིགས་བརྒྱ་ཕག་དུ་མས་གང་བ་དང༌། སྦྲང་བུའི་ཚོགས་དུ་མ་འཕུར་ཞིང་འབབ་པས་ཁྱབ་པར་གྱུར་པ་སྟེ། འཕུར་བ་ནི་སྟེང་དུ་ལྡིང་བ་ཡིན་ལ། འབབ་པ་ནི་འོག་ཏུ་ལྟུང་བར་གྱུར་པའོ། །རབ་ཏུ་མནམ་པ་ནི་རྣག་དང་ཁྲག་ཤིན་ཏུ་དྲིང་བར་གྱུར་པའོ། །ལྟ་མི་འདོད་པ་ནི་ལྟ་བར་དོད་པ་མ་ཡིན་པའོ། །བལྟས་ན་མི་སྡུག་པའོ་ཞེས་བྱ་བ་ནི་བལྟས་པའི་སྒོ་ནས་འདོད་པར་བྱ་བ་མ་ཡིན་པའོ། །ཤིན་ཏུ་འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིགས་པར་བྱེད་པ་དང་སྨད་པར་བྱ་བའི་གནས་ཡིན་ནོ། །འདོད་ཆགས་དང་བྲལ་བ་མ་ཡིན་པ་དེ་དག་ཅེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་མ་སྤངས་པ་ལ་འཇིགས་པར་བྱེད་པ་དང༌། མྱ་ངན་བྱེད་པ་དང༌། སྐྱོ་བར་བྱེད་པའོ། །གས་པ་ནི་བགས་པ་གས་པའི་ཕྱིར་རོ། །རྩུབ་པ་ནི་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་རྩུབ་པ་ནི་མཐོང་ན་ཡིད་དུ་འོང་བ་མ་ཡིན་པའོ། །ཁ་དོག་དུ་མ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཡིན་ལ། དབྱིབས་སྣ་ཚོགས་ནི་ཁ་དོག་རིང་པོ་ལ་སོགས་པའི་འབྱོར་བ་དང་ལྡན་པའོ། །བདེ་བ་ནི་འདོད་པར་བྱེད་པའོ། །ལས་ངན་པས་ཉེས་པར་མངོན་པར་བསྒྲུབས་པ་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་ཉེས་པ་ལས་སྐྱེས་པར་གྱུར་པའོ། །ལུང་བསྟན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམན་པ་ཡིན་པའི་ཕྱིར་ལན་གཉིས་བརྗོད་པའོ། །བདག་དུས་གང་གི་ཚེ་ན་ཀླུའི་གནས་ནས་ཐར་བར་འགྱུར་ཞེས་བྱ་བ་ནི་དེ་ལུང་
བསྟན་དུ་གསོལ་པའོ། །བཅོམ་ལྡན་འདས་ལུང་སྟོན་པར་མི་མཛད་པ་ཞེས་བྱ་བ་ནི་འདིར་རྒྱུད་བརྗོད་པར་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ན་ཅིའི་ཕྱིར་ལུང་སྟོན་པར་མི་མཛད་ཅེ་ན། འདིར་སྨྲས་པ། ལས་བྱས་ཤིང་བསགས་པ་ཆུད་མི་ཟ་བ་དང༌། ཞིང་དམ་པ་ལ་ཁྱད་དུ་བསད་པ་ལས་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བ་བསྟན་པར་བྱ་བར་བཞེད་པ་དང༌། འཁོར་ལོས་སྒྱུར་བའི་འབྱོར་བ་ལ་མངོན་པར་འདུན་པ་དག་གི་དོད་པ་དོར་བར་བྱ་བའི་ཕྱིར་དང༌། ལྷག་མ་འཁོར་བ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་པ་ཡིན་ནོ། །སྡེ་སྣོད་གསུམ་པ་ནི་གཞུང་དོན་གྱི་སྒོ་ནས་འཛིན་པ་གང་ལ་ཡོད་པ་དེ་ནི་སྡེ་སྣོད་གསུམ་པའོ། །སྡོང་པའི་ཕྱིར་འཇུག་པ་ཡིན་པས་ན་སྤོང་སྟེ། གང་ཞིག་ སེམས་འདུལ་བར་བྱ་བའི་ཕྱིར་བརྩོན་པར ་གྱུར་པའོ། །འདི་ལ་སྲོག་མེད་པ་ཞེས་བྱ་བ་ལ་སྲོག་ནི་འདིར་རྣམ་པར་ཤེས་པ་ལ་འདོད་དོ། །འཚོ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་ཡིན་ནོ། །ཀ་ཏྱ་ཡ་ནའི་རྒྱུད་ཡིན་པས་ན་ཞེས་བྱ་བ་ནི་དྲང་སྲོང་ཀ་ཏྱ་ཡ་ན་དེའི་དྲུང་དུ་སྐྱེས་པས་ན་ཀ་ཏྱ་ཡ་ན་ཞེས་བྱའོ། །འཇིག་རྟེན་འདི་ནི་གཉིས་ལ་བརྟེན་ཏེ་ཞེས་བྱ་བ་ལ་སོགས་པ་ལ་བརྟེན་པ་རྣམ་པ་གང་གིས་ཤེ་ན། ཡོད་པ་ཉིད་དང་མེད་པ་ཉིད་ཅེས་བྱ་བ་སྨོས་ཏེ། ཡོད་པ་ནི་རྟག་པར་ལྟ་བ་ཡིན་ལ། མེད་པ་ཉིད་ནི་ཆད་པར་ལྟ་བ་ཡིན་ཏེ། གཅིག་ནི་རྟག་པར་སྨྲ་བ་ཡིན་ཞིང༌། གཅིག་ནི་ཆད་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཕལ་ཆེར་ནི་མང་དུ་སྟེ། ཐམས་ཅད་དེ་ལྟ་བུའི་རྣམ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཡང་དེ་ལྟར་རྟེན་པར་བྱེད་ཅེ་ན། དེའི་ཕྱིར་སྲུང་པོ་དང་ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་འདི་དག་ནི་ཕུང་པོ་དང་ཉེ་བར་ལེན་པས་ཟིན་པ་དེའི་ཕྱིར་གཉིས་ལ་བརྟེན་པ་ཞེས་བྱའོ། །ཕུང་པོ་ནི་ཉོན་མོངས་པ་མ་གཏོགས་པར་སྐྱེ་བའི་ཕུང་པོ་ལ་སོགས་པ་ཡིན་ལ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ཏེ། ཕུང་པོ་དང་ཉེ་བར་ལེན་པ་ནི་ཕུང་པོ་དང་ཉེ་བར་ལེན་པ་སྟེ། དེ་དག་གིས་ཟིན་པ་ནི་གཞན་གྱི་དབང་དུ་གྱུར་པའམ། ཁྱབ་པར་གྱུར་པའོ།།
དེ་ལྟར་དེ་ནི་ཞེས་བྱ་བ་ནི་དེ་ལྟར་ནང་གི་གཉིས་པོ་དེ་དག་འགའ་ཞིག་ཏུ་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བར་སྦྱར་རོ། །གང་ཞེ་ན། སྨྲས་པ། སེམས་ཀྱི་གནས་དང་མངོན་པར ་ཞེན་པའི་བག་ལ་ཉལ་ནི་འདི་ལྟར་ཡུལ་དག་ལ་འདིས་འདི་ནི་བདག་ཉིད་ཀྱིའོ་ཞེས་ལྷག་པར་གནས་པས་ན་གནས་ཏེ་སྲིད་པ་ཡིན་ནོ། །མངོན་པར་ཞེན་པ་སྨོས་པས་ལྟ་བ་དག་བཟུང་བ་ཡིན་ནོ། །ཉེ་བར་མི་འགྲོ་བ་ནི་འདི་ལྟར་དེ་དག་ལ་བདག་ཉིད་ཀྱིས་འགྲོ་བར་མི་བྱེད་པའོ། །ཉེ་བར་མི་ལེན་ཏོ་ཞེས་བྱ་བ་ནི་འཛིན་པར་མི་བྱེད་པའོ། །མི་གནས་པ་ཞེས་བྱ་བ་ནི་གནས་བརྟན་པོར་མི་བྱེད་པའོ། །མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་ནི་འཛིན་པར་མི་བྱེད་པའོ། །བདག་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ནི་སྡུག་བསྔལ་ཙམ་ཁོ་ན་ཡིན་གྱི། བདག་དང་བདག་གི་ནི་མ་ཡིན་ནོ། །འདི་ལ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཞེས་བྱ་བའི་ཡུལ་ལོ། །འདོད་པ་ཞེས་བྱ་བ་ནི་འདོད་པར་བྱེད་པས་སོ། །ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཐེ་ཚོམ་བྱེད་པས་སོ། །ཕྱོགས་གཉིས་ཐོས་ནས་གང་ཞིག་ཡིད་ཆེས་པ་ནི་མངོན་པར་འདོད་པ་སྐྱེས་པར་གྱུར་པ། དེ་ནི་འདིར་འདོད་པ་ཡིན་ལ། ཇི་དེ་ལྟར་ཡིན་ནམ་འོན་ཏེ་དེ་ལྟར་མ་ཡིན། ཞེས་དོགས་པ་ནི་ཐེ་ཚོམ་དུ་གྱུར་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་ཤེས་པ་ཁོ་ན་མ་ཡིན་ནོ་ཞེས་བྱ་བ་ནི་རིམ་གྱིས་དེས་པའི་ཤེས་པ་སྐྱེ་བའི་ཕྱིར་གཞན་ལ་རག་ལས་པ་མ་ཡིན་པའི་ཤེས་པ་གྲུབ་པར་གྱུར་ཏེ། བདག་ཉིད་མངོན་སུམ་དུ་བྱེད་པའི་སྒོ་ནས་མངོན་སུམ་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འདི་ལ་ཀ་ཏྱ་ཡ་ན་ཁྱོད་འདོད་པ་དང་གཞན་གྱི་རྐྱེན་གྱིས་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྡུག་བསྔལ་ལ་སོགས་པ་འདོད་པ་དང་ཐེ་ཚོམ་དུ་གྱུར་པ་ཡིན་ཏེ། ཡུལ་དེ་ལ་ཐེ་ཚོམ་དུ་གྱུར་པ་སྤངས་པའི་ཕྱིར་རོ། །དེ་བས་ན་ཤེས་པ་ན་དེ་ལ་ངེས་པར་བྱེད་པ་ཉིད་ཡིན་པའི་ཕྱིར། གཞན་ལ་རག་ལུས་པར་གྱུར་པ་ཉིད་མ་ཡིན་ནོ། །འདི་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་ཙམ་གྱིས་འདི་ལྟར་བདེན་པ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའི་ཕྱིར། ཡང་དག་པའི་ལྟ་བ་ཡིན་ནོ། །འདི་ཙམ་ལ་ཡང་དེ་བཞིན་གཤེགས་པས་ཡང་དག་པའི་ལྟ་བར་ཐ་སྙད་བཏགས་པ་སྟེ།
ཐ་སྙད་དུ་མཛད་ཅིང་རྣམ་པར་གཞག་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གང་ལས་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་ཀུན་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ལ་འཇིག་རྟེན་དེའི་ཀུན་འབྱུང་བ་ནི་རབ་ཏུ་སྐྱེ་བའོ། །དེ་ཡང་དག་པ་ཇི་ལྟ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུའོ། །ཡང་དག་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་བལྟས་ཤིང་ཡོངས་སུ་གཅད་པར་བྱས་པར་གྱུར་ནའོ། །འཇིག་རྟེན་ནི་མེད་པ་ཉིད་དོ་ཞེས་ཆད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འདི་ནི་ཉེ་པར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཆོས་ཀྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་ལ། འདི་ལས་ཀུན་འབྱུང་བའི་ཕྱིར་ཞེས་བྱ་བའི་དབང་དུ་བྱས་ནས་མ་འོངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་འབྱུང་བ་ཡིན་ཏེ། ཕུང་པོ་ལྔ་པོ་འདི་ལས་གཞན་དང་དེ་ལས་གཞན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེའི་ཕྱིར་མེད་པ་སྤངས་པ་ཡིན་ནོ། །འགོག་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ན་ཡོད་པ་ཉིད་མ་ཡིན་ཏེ། རྟག་པ་ཉིད་དུ་འཛིན་པ་ལྡོག་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་འགོག་པ་མཐོང་བ་དེའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ཡོད་པ་ཉིད་ཀྱི་མཐའ་ཅན་དང་མེད་པ་ཉིད་ཀྱི་མཐའ་ཅན་པ་གཉིས་པོ་དག་གོ །སྤངས་ཏེ་ཞེས་བྱ་བ་ནི་ཡོངས་སུ་དོར་ནས་དེ་གཅིག་པུ་ཡོད་པར་བྱ་བ་མ་ཡིན་ཏེ། རྟག་པར་སྨྲ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་པུ་མེད་པ་ཉིད་དུ་ཡང་མ་ཡིན་ཏེ། ཆད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་དབུ་མའི་ལམ་གྱི་ཆོས་བཤད་དེ་ཞེས་བྱ་བ་ལ། དབུ་མའི་ལམ་ནི་ཤིང་ཏུ་ཡོད་པ་ཉིད་མ་ཡིན་ཞིང་ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། ཤིན་ཏུ་ཡོད་པ་ཉིད་མ་ཡིན་པ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང༌། གཉེན་པོ་རྙེད་པར་གྱུར་པ་ན་རྒྱུན་གྱི་མཐའ་ཡང་ཆད་པར་འགྱུར་བའི་ཕྱིར་རོ། །ཤིན་ཏུ་མེད་པ་ཉིད་ཀྱང་མ་ཡིན་ལ་སྐད་ཅིག་སྐད་ཅིག་ལ་ཡོད་པའི་ཕྱིར་དང༌། གཉེན་པོ་རྙེད་པར་གྱུར་པ་ན་ཚུ་རོལ་གྱི་རྒྱུན་ཡོད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར་སྟོན་པར་བྱེད་པའོ། །འདི་ཡོད་ན་ཞེས་བྱ་བ་ནི་རྒྱུ་ཡིན་ལ། འདི་
ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུར་འགྱུར་བ་སྟེ་འདིས་ནི་རྒྱུར་སྨྲ་བ་བསལ་བ་ཡིན་ནོ། །དེ་ལྟ་ན་ནི་རྒྱུ་རྟག་པ་ལས་འབྲས་བུ་སྐྱེ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་སྐྱེས་པ་ལས་འདི་སྐྱེ་བ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ཞེས་བྱ་བ་རྒྱུ་སྐྱེས་པ་ལས་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདིས་ནི་རྒྱུ་རྟག་པར་སྨྲ་བ་བསལ་བ་ཡིན་ཏེ། རྒྱུ་སྐྱེ་བའི་ཆོས་ཅན་ཉིད་ཡིན་བའི་ཕྱིར་རོ། །འདི་ལྟ་སྟེ། མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་སྐྱེ་བའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་འདིར་མ་རིག་པའི་སྒྲ་དང༌། ལས་ཀྱི་གནས་སྐབས་ལ་འདུ་བྱེད་ཀྱི་སྒྲ་དང༌། ཕུང་པོ་ལྔ་ཉིད་མཚམས་སྦྱོར་བའི་སྐད་ཅིག་མ་རྣམ་པར་ཤེས་པའི་སྒྲས་བསྟན་ཏོ། །རྣམ་པར་ཤེས་པའི་ལས་འོག་ཇི་སྲིད་སྐྱེ་མཆེད་དྲུག་སྐྱེས་པར་མ་གྱུར་པའི་གནས་སྐབས་ལ་མིང་དང་གཟུགས་ཞེས་བྱའོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་གོང་དུ་ནི་སྐྱེ་མཆེད་དྲུག་ཡིན་ལ། ཡུལ་ལ་སོགས་པ་འདུས་པར་གྱུར་པ་ནི་རེག་པ་ཡིན་ནོ། །བདེ་བ་ལ་སོགས་པའི་རྣམ་པ་ཡོངས་སུ་གཅོད་པར་ནུས་པ་ནི་ཚོར་བ་ཡིན་ལ། ལོངས་སྤྱོད་དང་འཁྲིག་པའི་འདོད་ཆགས་ཀྱི་གནས་སྐབས་སྲེད་པ་ཡིན་ནོ། །གང་གི་ཚེ་ལོང་ས་སྤྱོད་ཀྱི་རྒྱུ་མཚན་ཚོལ་བར་རྩོམ་པར་བྱེད་པ་དང་ཀུན་ནས་རྒྱུག་པར་བྱེད་པ་དེའི་ཚེ་ལེན་པའི་གནས་སྐབས་ཡིན་ལ། ཡང་སྲིད་ཀྱི་ལས་ཀྱི་གནས་སྐབས་ནི་སྲིད་པ་ཡིན་ནོ། །མ་འོངས་པའི་ཉིད་མཚམས་སྦྱོར་བ་ཡང་སྐྱེ་བ་ཡིན་ལ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་མ་འོངས་པའི་སྐྱེ་བའི་ཡན་ལག་བཞི་པོ་ལ་རྒ་ཤི་ཞེས་བྱའོ། །དེའི་ཕྱིར་འདུ་བྱེད་ཀྱི་རྒྱུ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འདི་ཡོད་ན་འདུ་བྱེད་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་སྐྱེ་བ་དང་རྒ་ཤིའི་བར་གྱི་རྒྱུ་ཡིན་ཏེ། སྐྱེ་བ་ཡོད་ན་རྒ་ཤི་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་པས་རྒ་ཤི་འགག་པར་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་ཞེས་བྱ་བ་ལ་འབའ་ཞིག་པོ་ཞེས་བྱ་བ་ནི་བདག་གི་མ་གཏོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འགག་པར་འགྱུར་རོ་ཞེས་བྱ་
བའོ། །རིག་བྱེད་ལས་བསྟན་པའི་ཞི་བའི་ལས་བྱ་བ་ནི་ཞི་བ་བགྱི་བའོ། །དགེ་བའི་ཚུལ་དུ་བློ་མཐུན་པ་ཞེས་བྱ་བ་ནི་ཤིན་ཏུ་རིགས་པར་བྱེད་པ་ནི་དགེ་བ་ཡིན་པར་རིག་པར་བྱ་ལ། ཤིན་ཏུ་དགེ་བ་ནི་དགེ་བའི་ཚུལ་དེས་སྐྱེ་བོ་མང་པོ་བློ་མཐུན་པ་སྟེ་འདོད་པའོ། །དབེན་པའི་གནས་ནས་ཞེས་བྱ་བ་ནི་གསང་ལ་སྐྱེ་བོ་འདུ་བ་དང་བྲལ་བའི་ས་ཕྱོགས་ལས་སོ། །སྔོན་གྱི་སྐྱེས་པའི་རབས་ཀྱི་རྗེས་སུ་མཐུན་པའི་འདུ་ཤེས་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་བྱས་པའི་ལས་དང་འདྲ་བའི་འདུ་ཤེས་ཀྱིས་སོ། །དད་པ་སྐྱེས་ཏེ་ཞེས་བྱ་བ་ནི་དད་པ་སྐྱེས་ པར་གྱུར་པའོ། །དགེ་བའི་བསམ་པས་ཞེས་བྱ་བ་ནི་སེམས ་རྙོག་པ་མེད་པའམ། ཁ་ན་མ་ཐོ་བ་མེད་པའི་བསམ་པས་སོ། །སྡིག་པ་སྤངས་ན་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པར་བྱེད་པའི་སྡིག་པ་སྤངས་ནའོ། །གསང་བའི་རྒྱན་ནི་སྦ་བར་བྱ་བ་གང་ཡིན་པ་སྟེ། རྟག་ཏུ་བ་མ་ཡིན་པའོ། །ཕྱི་རོལ་གྱི་རྒྱན་ནི་གང་རྟག་ཏུ་བ་མ་ཡིན་བ་སྦ་བར་བྱ་བ་མ་ཡིན་བདག་ཡིན་ཏེ། གང་དག་གོ་རིམས་བཞིན་དུ་ཉི་མ་ཉི་མར་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱི་རོལ་གྱི་རྒྱན་ཡིན་ནོ། །བྲམ་ཟེ་དབུལ་བ་ཞེས་བྱ་བ་ནི་བྲམ་ཟེ་དག་ལས་ཤིན་ཏུ་དབུལ་བའོ། །བསོད་ནམས་ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ། །སྔ་ན་མེད་པའི་རྟགས་དང་ཆ་ལུགས་འཛིན་པ་ཞེས་བྱ་བ་ནི་རྟགས་ནི་སྔོན་མཐོང་བར་མ་གྱུར་པས་ན་མེད་པའོ། །མཚན་མ་སྟེ་སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པའོ། །ཆ་ལུགས་ནི་གོས་རྣམ་པ་གཞན་དུ་འཛིན་པའོ། །མི་གསང་བའི་ཕྱོགས་ཞེས་བྱ་བ་ནི་མི་དབེན་པའི་ཕྱོགས་སུའོ། །འབྲས་དམར་པོའི་ཆན་ནི་དྲི་མ་ཅན་ལས་བསྒྲུབས་པའི་འབྲས་ཆན་ནོ། །གཞན་མོན་སྲན་སྡེའུ་ལ་སོགས་པ་དང༌། ཆུ་འབའ་ཞིག་གིས་བསྒྲུབས་པ་ལན་ཚྭ་ལ་སོགས་པ་དང༌། མངོན་པར་འདུས་བྱས་པ་དང་བྲལ་བའི་སྲན་ཚོད་ནི་སྲན་ཚོད་ཡན་ལག་གཉིས་པའོ། །རྒྱལ་པོ་ཐ་མ་ཞེས་བྱ་བ་ལ་འདི་ནི་རྒྱལ་པོ་ཀུན་གྱི་ཐ་མར་གྱུར་ཅིང་སྙིང་པོ་མ་ཡིན་པར་གྱུར་པའོ། །ཆོས་མ་ཡིན་པ་ལ་བརྟེན་པ་ཞེས་བྱ་བ་ནི་ཚུལ་མ་ཡིན་པ་ལ་མངོན་པར་ཆགས་པ་ཅན་ནོ། །ཕྱོགས་གཙང་མར་ཞེས་བྱ་བ་ནི་དབེན་ལ་ཆུ་ལུད་དང་བྲལ་བར་རོ། །རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་དགུ་མགུ་བར་
བྱེད། དགའ་བ་བ་བྱེད་པའི་ཕྱིར་རྒྱལ་པོ་ཡིན་ལ། ཟད་ཅིང་གདུང་བར་བྱེད་པ་ལས་སྐྱོབ་པར་བྱེད་པ་ཡིན་པའི་ཕྱིར་རྒྱལ་རིགས་ཡིན་ཞིང༌། ཡ་རབས་ཀྱིས་སྤྱི་བོས་ཕྱག་བྱས་པ་ཉིད་ཀྱི་ཕྱིར་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ། །ཇི་ལྟར་མངོན་པར་འདོད་པའི་ཟས་ནི་ཅི་འདོད་པའི་ཁ་ཟས་སོ། །ལས་བྱེད་ལ་རག་ལུས་པ་ཞེས་བྱ་བ་ལ། ལས་བྱེད་ནི་ཟས་ཀྱི་བྱ་བ་བྱེད་པའི་དབང་བྱེད་དག་གོ །དགེ་སློང་དག་ནི་སྦྱིན་གནས་ཡིན་ཏེ། གང་གི་ཕྱིར་དེ་དག་ནི་བསོད་པ་དང་ངན་པ་དག་ལས་སེམས་འགྱུར་བ་མེད་པ་ཡིན་ཏེ། སེམས་འདུལ་བ་ཉིད་ཡིན་པའི་ཕྱིར་རོ། །དབང་པོ་ཕབ་སྟེ་ཞེས་བྱ་བ་ནི་ཡུལ་དག་ལས་བསྡུས་ནས་སོ། །གང་གིས་མཐོང་བའམ། གང་གིས་ཐོས་པ་དེ་ལ་གར་དང་གླུ་བཟང་བ་ཡིན་ནོ། །གསད་པར་འོས་པ་ཡིན་པའི་ཕྱིར་གསད་པར་བྱ་བ་ཡིན་ཏེ། སྲོག་དང་བྲལ་བར་བྱ་བའོ། །མུ་དང་ཁད་ཆད་དུ་གང་བ་ཞེས་བྱ་བ་ལ་མུ་ཞེས་བྱ་བ་ནི་ཁའི་ཕྱོགས་ཡིན་ལ་དེ་དང་མཉམ་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང་པོ་ཞེས་བྱ་བ་ནི་ལྗོངས་ཐམས་ཅད་ལས་འབྱོར་པ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེའི་ཕྱིར་ལྗོངས་ཐམས་ཅད་ཀྱི་གྲོང་ཁྱེར་བཟང་པོའོ། །བདག་ཅག་དགེ་སློང་གང་དང་ཞེས་བྱ་བ་ལ་སོགས་པ་ལ། གར་ལྟ་བ་ལས་ལྡོག་པ་འཛིན་པ་དང༌། རོལ་མོའི་སྒྲ་ཉན་པ་ལས་ལྡོག་པའི་འཛིན་པས་བསླབ་པ་ཡོངས་སུ་བླངས་ནས་སོ། །འདྲི་བར་མ་སྤོབས་པ་ནི་ཚིག་གིས་དྲིས་པའི་སྒོ་ནས་སྤོབས་པར་དཀའ་བའོ། །བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་བདེ་ལེགས་སུ་བྱེད་པ་ནི་འདིར་བུ་མོ་དོན་དུ་གཉེར་བར་བྱེད་པ་སྟོན་པ་ཡིན་པར་རིགས་པར་བྱའོ། །བླངས་པ་ཞེས་པ་ནི་མེ་སྐོར་བྱས་པའོ། །ཞིམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཞིམ་པོ་ནི་བསོད་པའམ་དྲི་མ་མེད་པའོ། །སྟོད་གཡོགས་ནི་སྟེང་ནས་བགོ་བར་བྱ་བ་ཡིན། སྨད་གཡོགས་ནི་འོག་ཏུ་བགོ་བར་བྱ་བ་ཡིན་ནོ། །ཁ་ཅིག་བཟང་པོ་ནི་གོས་ཡིན་ལ། འདིས་གནས་པར་བྱེད། རྟེན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཟས་ཡིན་ནོ་ཞེས་ཟེར་རོ། །ཉོན་མོངས་པ་སྟེ་འདོད་པ་དེས་ཤིན་ཏུ་གཟིར་བའོ། །སྐྱེས་བུའི་ སེམས་འཛིན་པར ་བྱེད་པ་དེས་བལྟ་ཞིང་གཡོ་བའོ།
མ་འདྲེས་པའི་ཆོས་ལྔ་ཞེས་བྱ་བ་ལ་སོགས་པ་ལ་མ་འདྲེས་པའི་ཆོས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཡིན་ཏེ། བུད་མེད་འགའ་ཞིག་ཁོ་ནའི་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མཁས་པའི་རྣམ་པ་དང་འདྲ་བ་སྟེ། སྐྱེས་བུ་ཆགས་པར་གྱུར་པ་དང་ཆགས་པ་དང་བྲལ་བར་གྱུར་པ་ཉིད་ཤེས་པ་སྟེ། གནས་སྐབས་ཀྱི་བྱེ་བྲག་ཤེས་པ་ནི་དང་པོའོ། །ཟླ་མཚན་གྱི་དུས་ནི་མངལ་ཡོངས་སུ་འཛིན་པའི་དུས་ཡིན་ལ། ཟླ་མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་འཛག་པའི་ལྷག་མ་ལས་ཁྲག་གི་ཐིགས་པ་གཉིས་སམ་གསུམ་ཡིན་ཏེ། བུད་མེད་ཀྱིས་དེའི་དུས་ཤེས་པ་ནི་གཉིས་པ་ཡིན་ནོ། །མངལ་ན་གནས་པ་ཞུགས་པ་ཞེས་བྱ་བ་ནི་མངལ་དུ་སེམས་ཅན་ཞུགས་པ་ཤེས་པ་སྟེ་གསུམ་པ་ཡིན་ནོ། །གང་གི་ཐད་ལས་ཞེས་བྱ་བ་ནི་སྐྱེས་བུ་མང་པོ་དག་ཡོངས་སུ་སྤྱོད་པར་གྱུར་པ་ན་མངལ་སྐྱེད་པར་བྱེད་པའི་སྐྱེས་བུ་ཤེས་པ་ནི་བཞི་པ་ཡིན་ནོ། །མངལ་གྱི་བྱེ་བྲག་ཁྱེའུ་དང༌། བུ་མོར་ཤེས་པ་ནི་ལྔ་པ་ཡིན་ནོ། །འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་གདུང་བ་དང་ཡོངས་སུ་བྲལ་བར་གྱུར་པའོ། །བརྟན་པོར་གྱིས་ཤིག་ཅེས་བྱ་བ་ནི་སྐྱོ་བའི་སྒོ་ནས་སྔར་བར་མ་བྱེད་ཅིག་པའོ། །སྟོབས་དང་ལྡན་པར་ཞེས་བྱ་བ་ནི་སྟོབས་དང་བཅས་པར་རོ། །བཅོམ་པ་ཞེས་བྱ་བ་ནི་ཡོངས་སུ་ཕྲོགས་པ་དང་བཅོམ་པ་དང་ཡོངས་སུ་ཟད་པར་བྱས་པ་ཞེས་བྱ་བའོ། །རྒྱལ་བ་ཞེས་བྱ་བ་ནི་གཡུལ་གྱི་སྟོབས་བཤིག་པའི་ཕྱིར་རོ། །འཇིགས་པ་ཞེས་བྱ་བ་ནི་ནུས་པ་བཅོམ་པར་གྱུར་པས་སྐྲག་པའི་ཕྱིར་རོ། །བཅོམ་པ་ནི་ནུས་པ་བཅོམ་པ་དང་སྤངས་པ་ཡིན་ཏེ། །མངོན་དུ་ཕྱོགས་པ་དང་འགྲོ་བ་དང་བསྣུན་པའི་ནུས་པ་མེད་པར་གྱུར་པའོ། །བདག་པོ་དམན་པར་གྱུར་པས་སྡེ་དཔོན་ཡང་དམན་པར་གྱུར་པའི་ཕྱིར་ཕབ་པར་བྱས་པའོ། །དགྲ་བོ་ལ་རྒྱབ་ཀྱིས་ཕྱོགས་པར་གང་གིས་བྱས་པ་དེ་ཕ་རོལ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་པའོ། །རྩིག་པའི་ཁར་སྦྲེངས་ཏེ་འཁོད་དེ་ཞེས་བྱ་བ་ནི་རྩིག་པའི་ཁར་དཔུང་བུ་ཆུང་གིས་ཕྲེང་བ་བཞིན་དུ་རྣམ་པར་བསྐོར་བས་ན་རྩིག་པའི་ཁར་སྦྲེངས་པའོ། །དཔའ་བོ་བཟང་པོ་ཞེས་བྱ་བ་ནི་
གཡུལ་ལ་དཔའ་བའོ། །བློན་པོ་ནི་བློའི་གྲོགས་སུ་གྱུར་པ་ཡིན་ལ། བློན་པོ་དག་ལས་ཤིན་ཏུ་ནང་གི་ཡན་ལག་ཏུ་གྱུར་པ་ནི་བློན་པོ་ཆེན་པོའོ། །ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །ས་བརྐོས་པའི་འདབ་མ་བཏིང་ནས་ཞེས་བྱ་བ་ནི་ས་སྣོད་ཀྱི་རྣམ་པ་ཙམ་དུ་བརྐོས་ནས་ཆུ་ཤིང་ལ་སོགས་པའི་ལོ་མའི་གཞི་བཏིང་བ་དེའི་ཕྱིར་འདབ་མ་བཏིང་བ་ཞེས་བྱ་སྟེ། དེ་ལ་ཡང་འབྲས་ཆན་དང་ཚོད་མ་ལ་སོགས་པ་གཞན་དག་ནས་བཟའ་བར་བྱ་བའི་ཕྱིར་རོ། །སྐྱོ་བ་ནི་དུ་བ་པ་ཡིན་ལ་མི་བདེ་བ་ནི་གདུང་བར་གྱུར་པའོ། །སྐལ་བ་ངན་པ་ནི་དབུལ་བའམ། བསོད་ནམས་ཆུང་བའོ། །གཞུང་གཉིས་པ་ངན་སོང་བ་ཞེས་བྱ་བ་ནི་དོན་ཀྱང་མཚུངས་པ་ཡིན་ནོ། །གུས་པ་སྔོན་དུ་སོང་བ་ཅན་གྱི་ཤེས་པར་བྱེད་པ་ནི་སྨྲས་པའོ། །ཁམ་ཕོར་ཆག་པ་ནི་ཁམ་པོར་གྱི་ཕྱོགས་གཅིག་ཆག་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་རིག་པས་འཇུག་པའི་ཕྱིར་ཤེས་རབ་དང་ལྡན་པའོ། །ཚུལ་དང་ལྡན་པ་ཞེས་བྱ་བ་ནི་འཐད་པས་ཐ་སྙད་དུ་བྱེད་པའོ། །འདུས་པ་ཞེས་བྱ་བ་ནི་ཐ་སྙད་དུ་མཛའ་བོར་གྱུར་གྱིས་ཞེས་བྱ་བ་ལ་མཆད་དུ་ཉལ་བས་ན་ཤིན་ཏུ་མཛའ་བོར་གྱུར་པ་སྟེ། རྟག་ཏུ་སྙིང་དང་མི་འབྲལ་བ་ཞེས་བྱ་བ་དང་སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ ། རྟ་ལ་ཡང་ལྗང་པ་སྟེ། ནས་སོ་བ་ལ་སོགས་པ་ཚད་དུ་བྱས་པའི་རྟའི་ཟས་སུ་རུང་བར་བཟའ་བར་བྱ་བ་རྩྭ་དག་གོ །བྲང་ཕྲད་པ་ནི་ལུས་ཀྱིས་འཁྱུད་པའོ། །བྱ་རོག་དོགས་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་བྱ་རོག་ཐམས་ཅད་ལ་དོགས་པར་འགྱུར་པ་དེ་བཞིན་དུ་ཁོ་བོ་ཡང་ངོ༌། །བཅོམ་པ་ཞེས་བྱ་བ་ནི་ནོར་དང་ཕྲལ་བར་གྱུར་པའོ། །ཕམ་པ་ཞེས་བྱ་བ་ནི་གཡུལ་གྱི་གནས་ལས་བྲོས་པར་གྱུར་པའོ། །རྒྱལ་སྲིད་ཕྲོགས་པ་ཞེས་བྱ་བ་ནི་དབང་བྱེད་ཕྲོགས་པར་གྱུར་པའོ། །ཉལ་བའི་ཁྱིམ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པའི་དོན་གྱི་ཁང་པའོ། །ཕལ་ཆེ་བས་ཞེས་བྱ་བ་ནི་དེ་གསོ་བའི་ཕྱིར་བྱིན་ནོ་ཞེས་བྱ་བ་ནི་གསོ་བའི་དོན་དུ་གཏད་པའོ། །བསྟོད་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་གསལ་བར་བྱ་བའི་ཕྱིར་བསྟོད་པའོ། །བརྙས་པ་ནི་ང་རྒྱལ་གྱི་བརྙས་པས་བརྙས་པར་གྱུར་པའོ། །རིགས་ངན་པ་ལས་སྐྱེས་པ་ནི་རིགས་མེད་པ་ལས་སྐྱེས་པར་གྱུར་པས་སོ། །
འདས་པ་ནི་ཞེས་བྱ་བ་ནི་ཤིན་ཏུ་འདས་པར་གྱུར་པའོ། །ཅི་ཞིག་ལྟ་ཞིང་འདུག་ཅེས་བྱ་བ་ནི་གནས་སྐབས་ཅི་འདྲ་བར་གྱུར་པའོ། །དེ་ལྟར་མི་ནུས་མོད་ཀྱི་ཞེས་བྱ་བ་ནི་ངས་ཐམས་ཅད་དུ་ཁྱོད་ཀྱི་བྱ་བ་བྱེད་པར་མི་ནུས་མོད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །གྱོད་མ་གསོལ་ཅིག་ཅེས་བྱ་བ་ནི་ཉེས་པ་བྱས་པ་སྨྲ་བར་མི་བྱའོ། །ཉིན་ཞག་གི་བཟའ་བ་བསྒྲུབས་ནས་ཞེས་བྱ་བ་ནི་ཉིན་ཞག་གནས་པའི་བཟའ་བ་ནི་ཉིན་ཞག་གི་བཟའ་བ་སྟེ། གང་དེ་ལྟར་བསྒྲུབས་ནས་འཚོ་བར་བྱེད་པའོ། །དན་ཀོང་གིས་ཞེས་བྱ་བ་ནི་འཇིམ་པ་ལས་བྱས་པའི་རི་ལུ་སྐམ་པོ་འཕེན་པར་རུང་བའི་ཕྱིར་དན་ཀོང་ངོ། །གླན་པར་བྱ་བ་ནི་དགག་པར་བྱ་བའོ། །སྐྱེངས་པ་ནི་ངོ་ཚ་བར་གྱུར་ནས་སོ། །བུད་མེད་ལ་ཆགས་པར་གྱུར་ནས་ཞེས་བྱ་བ་ནི་བུད་མེད་ལ་ཤིན་ཏུ་བརྐམ་པར་གྱུར་པས་སོ། །སུམ་ཅུ་རྩ་གསུམ་པས་མཆོད་པ་དང་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ཀྱིས་མཆོད་པའི་ལྷའི་བུ་མོའི་གཟུགས་ལ་སོགས་པའི་བྱེ་བྲག་དང་ལྡན་དུ་ཟིན་ཀྱང་བཟང་མོའི་ཕྱིར་སྣང་བར་ནུས་པ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཉི་མའི་འོད་ཟེར་གྱི་སྣང་བས་གཞན་སྐར་མའི་གཞལ་མེད་ཁང་གི་མཛེས་པ་ཟིལ་གྱིས་གནོན་པ་བཞིན་ནོ་ཞེས་སྨོས་པ་ཡིན་ནོ། །ཐ་མལ་པའི་སྐྱེས་བུ་ནི་སྐྱེས་བུར་ཤེས་པར་མི་འགྱུར་བའོ། །དེའི་ཀུན་དུ་སྤྱོད་པ་ནི་འཐད་པ་སྟེ། གདོན་མི་ཟ་བར་བྱ་བའོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ནི་ལུས་ལ་སོགས་པའི་བྱ་བ་སྨད་པ་དག་ཡིན་ནོ། །དལ་བུས་ཞེས་བྱ་བ་ནི་དོགས་པ་མེད་པར་རོ། །མི་གཙང་བ་ཞེས་བྱ་བ་ནི་མི་གཙང་བས་ཁྱབ་པར་གྱུར་པའོ། །ལྕགས་ཀྱི་ཕུར་པས་བཏབ་པ་ནི་བཤང་བའི་ཁང་པ་ནས་རྐུན་མ་འཇུག་པ་བཟློག་པའི་ཕྱིར་རོ། །དོག་པ་ནི་འཇུག་པར་དཀའ་བ་ཡིན་ལ། གདོན་པ་ནི་རྒལ་དཀའ་བར་གྱུར་པའོ། །ཀུན་ནས་ཉོན་མོངས་པར་གྱུར་པ་ཞེས་བྱ་བ་ནི་གནོད་པ་སྐྱེད་པར་བྱེད་པའི་སྒོ་ནས་སོ། །དེས་རྒྱལ་པོ་ཁྲོས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་དེས་ཁྲོ་བ་སྐྱེད་པར་བྱེད་པའོ། །རྒྱལ་པོའི་མཐུ་ལ་ཞེས་བྱ་བ་ནི་དེའི་མཐུས་ཏེ་སྟོབས་ཀྱིས་ཡུལ་ཡོངས་སུ་བསྲུང་བར་གྱུར་པའོ། །རྒྱལ་བ་དང་ཚེ་རིང་པས་ཞེས་བྱ་བ་ནི་རྒྱལ་བ་དང་ཚེ་རིང་བ་འཕེལ་བར་གྱུར་ཅིག་ཅེས་དུག་མེད་པར་བྱས་ནས་སོ། །
རྔོ་ཐོགས་སོ་ཞེས་བྱ་བ་ནི་རང་གི་ནུས་པས་རྙེད་པའི་མཆོག་དོན་དུ་གཉེར་བར་བྱེད་པའོ། །བཏག་ཏུ་ལ་བ་བརྒྱད་དང་ལྡན་པའི་ཤིང་རྟ་ནི་ཅང་ཤེས་ཀྱི་ཤིང་རྟའོ། །རྡོ་ལེབ་བཟང་པོ་ནི་དྲི་བཟང་པོ་ལ་སོགས་པ་བཏག་ཏུ་རུང་བའི་རྡོ་ལེབ་པོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་དང་རྗེས་སུ་འབྲེལ་བའི་ཚིགས་སུ་བཅད་པ་ཀློག་པའོ། །གཅིག་ཏུ་ཞེས་བྱ་བ་ནི་ལྷན་ཅིག་ཏུའོ། །གཏེའུ་བཟུང་བར་གྱུར་ནས་ཞེས་བྱ་བ་ནི་ཁྱེའུ་དང་བུ་མོ་ལ་སོགས་པ་གཏེའུ་བྱས་པའི་རྒྱུ་ཅན་གྱི་ཆད་པ་བྱས་ནས་སོ། །དཔྱ་ནར་མ་ནི་རིགས་པའི་བབས་ཡིན་ལ། གླ་སྐྱེས་ནི་ཤོ་གམ་གྱི་གནས་ལ་སོགས་པ་ལས་བྱུང་བའོ། །ཤུ་བའི་མིང་ཅན་གྱི་གཡན་པའི་ནད་ཀྱི་དབང་དུ་བྱས་པ་ནི་དེས་བཏབ་པར་གྱུར་པའོ། །རྟ་སྐད་འབྱིན་པ་ནི་རྟའི་སྐད་སྒྲོག་པར་རོ། །ཡོ་བྱད་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་གཟུགས་ཁྱད་པར་དུ་འཕགས་པ་སྒྲུབ་པར་བྱེད་པའི་རིན་པོ་ཆེ་ལ་སོགས་པས་སོ། །གཟུགས་དང་ལྡན་པར་གྱུར་པ་ཞེས་བྱ་བ་ནི་གཟུགས་ཁྱད་པར་ཅན་གྱིས་ཉེ་བར་མཚོན་པར་གྱུར་པའོ། །ཡོལ་བས་བསྐོར་བ་ཞེས་བྱ་བ་ནི་གོས་ཀྱིས་བར་དུ་གཅད་པར་གྱུར་པའོ། །ཆག་པ་དང་བཅས་པས་མཐོང་མ་ཐག་ཏུ་ སེམས་འབྲེལ་པར ་གྱུར་པས་ན་རབ་ཏུ་ཆགས་པའོ། །མ་བསླབས་པར་མཁས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མཁས་པར་གྱུར་པའོ། །ཁྲི་དྲ་བ་ཅན་ནི་རྩྭའི་སྐུད་པ་ལས་བྱས་པའི་ཁྲི་ཡིན་ཏེ། དྲ་བ་དང་འདྲ་བར་སྦྱངས་པར་གྱུར་པའོ། །ང་ཁོ་ནའི་ཕྱིར་གསོལ་བ་བྱས་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་བདག་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་སོང་བ་ཡིན་ནོ། །ཚི་གུ་ནི་རྒྱ་ཤུག་གི་འབྲས་བུ་ཡིན་ལ། བྱས་པ་ནི་བཟླས་པ་ལ་བྱས། བྱས་པ་ཤེས་པ་ནི་བསྲུང་བ་ཡིན་པའི་ཕྱིར་མཁས་པའོ། །རྒྱ་ཤུག་ཚི་གུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་ཤུག་ཚེ་གུའི་རུས་ལྟར་རྙེད་འགྱུར་ཏེ། །ཞེས་བྱ་བ་ནི་ཚི་གུའི་རུས་པས་བྱས་པའི་རྣམ་པར་གཙེས་པ་དང་འདྲ་བར་འདི་ལ་ཡང་རྣམ་པར་གཙེས་པ་རྙེད་པར་འགྱུར་པའོ། །འདིའི་ཡང་ཀུན་ཏུ་སྤྱོད་མིན་ཏེ། །བདག་གིས་བྱས་པའི་ཀུན་ཏུ་སྤྱོད་པ་ཤིན་ཏུ་ཡན་ལག་མང་པོའི་སྒོ་ནས་འདྲ་བར་གྱུར་པ་ཡིན་གྱི་ཉུང་དུའི་སྒོ་ནས་འདྲ་བར་གྱུར་པ་ནི་མ་ཡིན་ནོ་ཞེས་
དགོངས་སོ། །རིགས་དང་ལྡན་པ་ཞེས་བྱ་བ་ནི་རིགས་མཐོན་པོ་ལས་སྐྱེས་པར་གྱུར་པ་ཡིན་ལ། རིགས་འཕེལ་མ་ཞེས་བྱ་བ་ནི་རིགས་འཕེལ་བར་བྱེད་པའོ། །ངོ་ཚ་བ་སྟེ་སྐྱོ་བར་གྱུར་པས་སོ། །གཡོ་བ་ནི་འགྱུར་བའོ། །དབང་པོ་འཕྲོག་པ་ཞེས་བྱ་བ་ནི་ཉེ་བར་འཕྲོག་པར་བྱེད་པའི་ངང་ཚུལ་ཅན་ནོ། །དཔྱད་པར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བར་རོ། །རྒོལ་བ་ནི་ཕྱོགས་སྔ་མ་ཡིན་ལ། ཕྱིར་རྒོལ་བ་ནི་ཕྱོགས་ཕྱི་མ་ཡིན་ནོ། འདུ་བའི་སྒོ་ནི་སྐྱེ་བའི་གནས་ལ་བྱའོ། །སྡིག་པ་ཞི་བ་ཞེས་བྱ་བ་ནི། སྡིག་པའི་ལས་ལྷག་པར་མི་སྤྱོད་པའི་སྒོ་ནས་ཞི་བ་ཡིན་ཏེ། ཉམས་པ་ཞེས་བྱ་བའི་བར་དུའོ། །དྲི་དང་ལྡན་པ་ལ་འདིར་སྣོད་ཀྱི་སྒྲས་བསྟན་པ་ཡིན་ཏེ། དྲིས་ཡོངས་སུ་བཀང་བའམ། སྐུད་པ་ལ་སོགས་པས་བཅིངས་པའི་གྲོ་བའི་སྣོད་དག་ཡིན་ནོ། །བཀྲན་པ་ནི་འདིར་གནས་མ་ཡིན་པར་འདོད་པ་ལ་མངོན་པར་འཇུག་པའོ། །དེ་དག་ནི་དེའི་རྣམ་པ་ཅན་ཡིན་ཏེ་ཞེས་བྱ་བ་ནི་འདི་ལྟར་བུད་མེད་དེ་དག་གི་རབ་ཏུ་འཇུག་པ་ནི་སྐྱེས་བུ་གཞན་དང་དགའ་མགུར་སྤྱོད་པའི་བདག་ཉིད་ཅན་ནོ། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སྐྱེ་བ་དྲན་པ་ཡིན་གྱི་སྨན་དང་སྔགས་ལ་སོགས་པ་མ་ཡིན་ནོ། །ཕ་རོལ་གྱི་སྲོག་གཅོད་པ་སྟེ། གཞན་གྱི་འཚོ་བ་འཇིག་པར་བྱེད་པས་སོ། །དེ་རྟ་བཟང་པོས་ཞེས་བྱ་བ་ནི་རྟའི་ནང་ན་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རྟ་བཟང་པོ་སྟེ་དེས་སོ། །སྦལ་པའི་པགས་པ་ལས་བསྒྲུབས་པའི་འཕོང་ཤུགས་མཐེ་བོང་སྲུང་བར་བྱེད་པ་ལ་འཕོང་ཤུགས་བཅུག་པ་སྟེ། སྦལ་བའི་པགས་པ་སྲ་བ་ཉིད་ཡིན་པའི་ཕྱིར་དེའི་འཕོང་ཤུགས་སུ་བྱས་པ་དེས་སོ། །ཕྱིར་ཁྲོས་པ་ནི་སྨོད་པ་དང་ཀུན་ཏུ་གཤེ་བའི་བར་དུའོ། །སྟོབས་མཆོག་ཅེས་བྱ་བ་ལ། འདིར་སྟོབས་ནི་སྐྱེས་བུའི་ཚོགས་ཡིན་ལ། མཆོག་ནི་གླང་པོ་ཆེ་ལ་སོགས་པའོ། །ཅི་བདེར་སྤྱོད་པ་ནི་ལྷག་པའི་དགའ་བའི་གནས་ལའོ། །གསོད་པར་བྱེད་པ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །མི་མཛའ་བར་བྱེད་པ་ཞེས་བྱ་བ་ནི་རྒྱལ་སྲིད་འཕྲོག་པར་བྱེད་པའི་བསམ་པ་ཅན་ནོ། །ཕས་ཀྱི་རྒོལ་བ་ནི་ནོར་འཕྲོག་པའི་བསམ་པས་དགྲ་བོར་གྱུར་པའོ། །དོན་མེད་པར་བྱེད་པ་ནི་མ་དཔྱད་པར་བྱ་བ་བྱེད་པས་ན་དོན་མེད་པར་བྱེད་པའོ།།
བག་ཡོད་པར་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་སྤངས་པས་སོ། །རང་བཞིན་ནི་གཙོ་བོར་གྱུར་པའོ། །མཚམས་ཆེན་པོ་ཀུན་ནས་བརྟན་པོར་བགྱིའོ་ཞེས་བྱ་བ་ལ་སོགས་པ་ལ་མཚམས་ནི་དེའི་མཚམས་ཡིན་ལ། དེ་ལྟར་ཀུན་ནས་བརྟན་པོར་བྱ་བ་ནི་གལ་ཏེ་བྱ་བ་མ་ཡིན་པ་ལ་འཇུག་པར་མི་འགྱུར་བར་རོ། །འཁྲུལ་འཁོར་གྱི་བཟོ་བྱེད་པ་ལ་མཁས་པས་ན་འཁྲུལ་འཁོར་གྱི་སྒྱུ་རྩལ་མཁན་གྱི་སློབ་དཔོན་ནོ། །དགའ་བ་སྐྱེད་པར་བྱེད་པའི་ཚིག་བརྗོད་པས་ན་བཏམ་སྙན་པའོ། །རབ་ཏུ་དགའ་བ་སྟོན་པར་བྱེད་པའི་རོལ་མོའི་བྱེ་བྲག་སྒྲ་ཤིན་ཏུ་མཐོ་བ་ནི་རྔ་བོ་ཆེ་ཡིན་ཏེ། ཤིན་ཏུ་སྒྲ་དང་ལྡན་པའི་ཕྱིར་འདིར་རྔ་བོ་ཆེ་ཡིན་པར་འདོད་དོ། །བཅོམ་པ་ཞེས་བྱ་བ་ནི་ནོར་འཕྲོག་པའི་སྒོ་ནས་བཤིག་པར་གྱུར་པའོ། །ལེ་ལོ་སྤངས་པའི་ཕྱིར་ལེ་ལོ་མེད་པ་ཡིན་ནོ། །ལུས་ཀྱི་བྱ་བ་བྱེད་པར་རུང་བ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དང་ལྡན་པའོ། །དངོས་པོ་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པས་ན་མཁས་པ་ཡིན་ནོ། །མྱུར་བར་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པས་ན་སྤྱོད་པ་གསལ་བའོ། །མཚན་ངན་པ་བཅོ་བརྒྱད་དང་ལྡན་པས་ན་ཞེས་བྱ་བ་ལ། མགོ་སྐྲ་བྱི་བ་དང༌། ངན་པ་དང༌། དཔྲལ་བ་ཅུང་བ་དང༌། མདོག་སེར་སྐྱ་དང༌། མིག་སེར་བ་དང༌། སྨིན་མཚམས་མ་འབྱོར་བ་དང༌། སྣ་ལེབ་པ་དང༌། སོ་སྟོ་བ་དང༌། དིག་པ་དང༌། མིག་ཟླུམ་པ་དང༌། མིག་ཆུང་བ་དང༌། ཕྱི་ནང་དུ་སྒུར་བ་དང༌། ལྟོ་འཕྱེ་བ་དང༌། དཔུང་པ་དང༌། རྗེ་ངར་ཟུང་བ་དང༌། སྤུ་ཅན་དང༌། ལག་པ་དང༌། རྐང་པ་མི་མཉམ་པ་དང༌། ཚིགས་སྦོམ་པ་དང༌། འདིའི་ཁ་དང་ལུས་ལས་དྲི་ངན་པ་འབྱུང་བའོ། །གཙང་མའི་རྒྱན་ནི་གནོད་པའི་དུས་སུ་རྔན་པར་སྦྱིན་པའི་ཕྱིར་སྦས་ནས་འཇོག་པ་གང་ཡིན་པའོ། །མཆོང་བ་ནི་སྟེང་དུ་མཆོད་པར་བྱེད་པའོ། །སྨྱོ་བའི་ཚིག་ཏུ་ཞེས་བྱ་བ་ནི་འདིར་བརྗོད་པ་ལ་ཚིག་ཅེས་བྱའོ། །བྲོས་པར་བྱ་བའི་སྦྱོར་བའི་ཐབས་བརྩམས་ནས་ཞེས་བྱ་བ་ནི་བྲོས་པར་བྱ་བའི་རིགས་པ་བརྩམས་ནས་སོ། །ཆགས་པས་ཞེས་བྱ་བ་ནི་ཀུན་ནད་འབྲེལ་པ་སྟེ། ཡུལ་ཐག་ཉེ་བར་ཕྱིན་པ་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཁྱོད་ཉིད་ཀྱང་ཞེས་བྱ་བ་ནི་འདི་ལྟར་རིགས་
མཐོན་པོ་ཅན་ཁྱོད་ཉིད་ངའི་ཐབས་ཀྱིས་བརྐུས་པ་ཡིན་ནོ། །ནོར་བརྩི་བའི་ཕྱིར་ཞེས་བྱ་བ་ནི་བསུ་བའི་ཕྱིར་རོ། །འདོད་ཆགས་ཀྱི་མུན་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་དབང་དུ་གྱུར་པས་སོ། །ཁྱོགས་ཞེས་བྱ་བ་ནི་ཁྲི་སྟེང་གཡོགས་དང་ལྡན་པ་སྐྱེས་བུ་བཞིས་བཏེག་པར་གྱུར་པའོ། །ཡུལ་འཕགས་རྒྱལ་དུ་རབ་ཏུ་ཞུགས་སོ་ཞེས་བྱ་བ་ནི་དེ་དག་གིས་འདི་ལྟར་བསམས་ཏེ། གལ་ཏེ་ཁོ་བ་ཅག་ལམ་གསལ་པོ་ནས་འགྲོ་བར་འགྱུར་ན་ནི་དེའི་ཚེ་མྱུར་དུ་བཟུང་བར་འགྱུར་བ་དེའི་ཕྱིར་ཡུལ་འཕགས་རྒྱལ་དུ་རབ་ཏུ་ཞུགས་པས་ཇི་སྟེ་ཚོལ་བར་གྱུར་ན་དེ་དེ་ཉིད་དུ་ཚོལ་བར་འགྱུར་བའི་ཕྱིར་རོ། །ཐལ་མོའི་སྒྲ་ནི་ལག་པའི་ཐལ་མོ་གཉིས་བརྡབས་པའི་སྒྲ་ཡིན་ནོ། །ཇི་ལྟར་སྦྲང་མ་དག་གིས་ཟླ་བ་ཟོས་པ་ཚུལ་མ་ཡིན་ཞིང་སྲིད་པ་མ་ཡིན་པ་དང༌། ནོར་ཐམས་ཅད་ཀྱི་བདག་པོ་ཉིད་ཡིན་པའི་ཕྱིར། རྣམ་ཐོས་ཀྱི་སྲས་ནོར་ཅན་གྱིས་ཕྲོགས་པ་དང༌། འོག་ཏུ་འགྲོ་བར་བྱེད་པའི་ངང་ཚུལ་ཉིད་ཡིན་པའི་ཕྱིར་ས་ནམ་མཁའ་ལ་ལྡིང་བ་ཚུལ་མཐུན་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་བུད་མེད་ཀྱིས་བརྐུས་པ་ཡང་ཚུལ་དང་མཐུན་པ་མ་ཡིན་ཏེ། རྒྱལ་པོ་ལ་སྒྲུབ་པར་བྱེད་པ་དུ་མ་ཉིད་ཡོད་པའི་ཕྱིར་རོ། །གསར་དུ་ཞུགས་པའི་ཚོང་བ་དགའ་སྟོན་ལ་ཚིག་ཏུ་བླངས་པའི་སྒྲས་བརྗོད་པ་ཡིན་ནོ། །རྒྱུད་ནི་རྒྱུས་པའི་སྐུད་པ་ཡིན་ཏེ། དེས་མེ་ཏོག་ཕྲེང་བའི་རྣམ་པ་ལྟ་བུར་མེ་ཏོག་བརྒྱུ་བར་བྱ་བ་ཡིན་ནོ། །གནས་སུ་ཆུད་པར་བསྒོ་ནས་ཞེས་བྱ་བ་ནི་ལས་ཐ་དད་པ་ལ་རྣམ་པར་སྦྱར་བ་སྟེ། གང་གིས་འབྲེལ་པར་གྱུར་པ་ན་རྒྱལ་པོ་གསད་པ་ཤེས་པར་མི་འགྱུར་བའོ། །རང་ཉིད་སྙན་དངགས་འདོད་ཅིང་གར་བྱེད་པ་གང་ཡིན་པ་དེ་དག་ནི་སྙན་དངགས་མཁན་དུ་ཤེས་པར་བྱའོ། །གོས་ཀྱི་དུམ་བུ་ཕན་ཚུན་ཀུན་ནས་སྦྱར་བ་གོས་ལས་བརྩམས་པའི་གདུགས་བྱེད་ཅིང་ཤེས་པ་གང་ཡིན་པ་དེ་ནི་གདུགས་མཁན་ཡིན་ནོ། །གསད་པར་རིགས་ནས་ཞེས་བྱ་བ་ནི་ཉེས་པ་མེད་པ་དེ་སྟོན་པར་བྱེད་པའི་ཕྱོགས་རྙེད་པར་གྱུར་པའོ། །དབུལ་བ་ནི་འདིར་དགེ་བའི་རྩ་བ་ཆུང་བའོ། །དམན་པ་ནི་སྙིང་རྗེ་བར་བྱ་བའི་ཡུལ་ཡིན་ནོ། །ཉེས་པ་མེད་པ་ནི་སྐྱོན་མེད་པའོ། །གནོད་པ་མ་བྱས་པ་ནི་གནོད་པ་
མེད་པའོ། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་ལ། སྒྱུ་རྩལ་རོལ་མོའི་མཚན་ཉིད་དང༌། །སྒྱུ་མའི་གཡུལ་དང་མེ་ཏོག་ལས། །དེ་དཔོན་བྱ་དང་བདག་ཉིད་ཅན། །གཡོས་ཀྱི་བྱ་བ་ཞེས་བྱའོ། །གང་ཞིག་ཚོད་དང་ཁམས་སྨྲ་དང༌། །རྒྱན་དང་ལག་རྩིས་བཅུད་ལེན་དང༌། །འཁྲུལ་འཁོར་སྦྱོར་དང་ཞལ་ཞལ་དང༌། །འཕོང་སྤྱད་དང་ནི་ཅེ་སྤྱང་དང༌། །ཡི་གེ་དང་ནི་ཁྭ་སྐད་དང༌། །སྙན་དངགས་མཚོན་ཆའི་བརྟག་པ་དང༌། །འཁྲིག་ཐབས་དང་ནི་སོག་ལེ་དང༌། །ས་གསོར་དང་ནི་རྐོ་བ་དང༌། །འགྲོ་དང་འོང་བ་ཤེས་པ་དང༌། །ཁྱིམ་གྱི་མཚན་ཉིད་དག་ཀྱང་ངོ༌། །མདུང་ཐུང་རྡོ་རྗེ་བརྟག་པ་དང༌། །ལྡེར་སོ་དག་གི་མཚན་ཉིད་དང༌། །ཟུག་རྔུ་འབྱིན་དང་མིག་འཕྲུལ་གྱིས། །བསྟན་བཅོས་བ་ར་ཏར་ཤེས་བྱ། །བཅིང་བ་བསྣུན་དང་སྡོམ་པ་དང༌། །དེ་བཞིན་རྡོ་རྗེ་འཕེན་པ་དང༌། །ཤ་མཚན་དཔྱད་དང་དྲག་པ་དང༌། །ཆུ་ཡི་སྦྱོར་བ་ཉིད་དང་ནི། །དུང་སྐད་དེ་བཞིན་རིག་བྱེད་འདོན། །གྲོང་རྡལ་དང་ནི་གླེགས་འདྲ་དང༌། །མཚན་མོ་ཆོམ་རྐུན་ཤེས་པ་དང༌། །བྱིས་པ་རྣམས་ནི་གསོ་པ་དང༌། །མི་རྣམས་གཉིད་ནི་ལོག་བྱེད་དང༌། །སྒོ་ལྕགས་འབྱེད་པར་བྱེད་པ་དང༌། །མཚོན་དང་གླིང་བུ་བུད་པ་དང༌། །སྐྱེས་པ་བུད་མེད་གླང་པོ་རྟ། །མཚན་ཉིད་དང་ནི་གར་སློབ་དང༌། །འབྱུང་པོ་རྣམས་ཀྱིས་གསོ་བའོ། །ཟངས་མ་ཁར་བ་གསེར་དང་ནི། །ཤིང་དང་དུང་གི་མིང་ཤེས་དང༌། །རི་མོ་མཚོན་དང་སོ་དག་གི །ལས་རྣམས་དེ་དག་གོ་རིམས་བཞིན། །རྒྱུ་སྐར་གཏན་ཚིགས་རིག་པ་དང༌། །ལྟས་དང་གཞུང་གི་ངེས་ཚིག་ཉིད། །ཤེས་པ་ཞེས་བྱ་དེ་དག་ནི། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་ཤེས། །ནས་དང་འབྲས་ཀྱི་ལྗང་པ་ཐམས་ཅད་དུ་གཞོན་ཞིང་མཐར་ཐུག་པ་ལ་ལྗང་པའི་སྒྲར་བརྗོད་དོ། །ལྷག་པ་ནི་ཟོས་པའི་ལྷག་མར་གྱུར་པའོ། །གོ་བསྐོན་པར་གྱུར་པ་ན་ཞེས་བྱ་བ་ནི་བསྟན་ པར་གྱུར་པའོ། །སེམས ་ཅན་དམ་པ་ཞེས་བྱ་བ་ནི་འཇིགས་པ་མེད་པར་རོ། །སུས་ཀྱང་རྩེ་མི་ནུས་སོ་ཞེས་བྱ་བ་ནི་སྐབས་ལ་བབ་པའི་ལས་བྱེད་པའི་སྒོ་ནས་སོ། །འཇིགས་པ་ཆེན་པོ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རབ་ཏུ་འཇིགས་ཤིང་མི་བཟད་པའི་སྒྲས་
བསྟན་པ་ཡིན་ནོ། །འདིར་འདི་བརྗོད་པར་བྱ་སྟེ། ཇི་སྟེ་རྟ་ཁོ་ན་ཡིན་ནམ། འོན་ཏེ་སྲིན་པོ་ཡིན་ཞེ་ན། དེ་སྲིན་པོ་ཡིན་ཏེ། སྦྱོར་བ་འགའ་ཞིག་གིས་དེ་ལ་རག་ལུས་པ་ཡིན་ནོ་ཞེས་གནས་པའི་སྦྱོར་བ་འདི་ཁོ་ནས་དེ་ཐར་བར་གྱུར་པའི་ཡིན་ནོ་ཞེས་བླ་མ་དག་སྟོན་པར་མཛད་དོ། །བ་ལང་སྐྱོང་གི་མ་ཞི་བ་ཡང་ཇི་ལྟར་སྨྲ་བར་འགྱུར་ཞེ་ན། འདི་ལ་ཡང་ཞི་བ་ལ་ལྷས་རྨི་ལམ་དུ་བསྟན་པའི་དུས་དེ་ཤེས་པ་དེས་སྨྲས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དུས་ཤེས་པ་ཞེས་བྱ་བ་ནི་ཁྲོ་བོའི་དུས་ལ་མཁས་པའོ། །མཚན་ཉིད་དང་ལྡན་པའི་གླང་པོ་ཆེའི་མཚན་ཁུང་གི་ཕྱོགས་སུ་རྐང་པ་གཞག་པར་བྱ་བའི་ཕྱིར་པགས་པའི་རྒྱན་གྱིས་བསྟད་པའི་ཚེའོ། །སྐད་ཕྱུང་བ་ནི་གླང་པོ་ཆེ་སྒྲ་སྒྲོགས་པའོ། །དཔག་ཚད་བརྒྱ་སོང་བའི་འོག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོར་སོང་ནས་ཆུ་བཏུང་བར་བྱའོ་ཞེའོ། །སྨྲས་པ་ནི་གནད་དུ་བསྣུན་པས་སྣུན་པར་བྱེད་པའོ། །བྱའི་རིགས་ཏི་ཏི་ར་དེ་རབ་ཏུ་སྐད་འབྱིན་པའི་ཕྱིར་སྤྱོད་ཡུལ་ནགས་ཐིབས་པོ་ཡིན་པ་དེ་བས་ན་སྤྱོད་ཡུལ་ཞེས་བསྟན་ཏོ། །འདོད་པའི་ཕྱིར་ཞེས་བྱ་བ་ནི་གསད་པར་འདོད་པ་བདག་གིར་བྱེད་པའོ། །གཡོ་བར་བྱེད་ཅེས་བྱ་བ་ནི་ཕྱོགས་གང་གནས་པ་དེ་ཉིད་ལས་ཅུང་ཞིག་གཡོ་བར་བྱེད་པའོ། །རབ་ཏུ་གཡོ་བར་བྱེད་ཅེས་བྱ་བ་ནི་ཕྱོགས་གཞན་དུ་འཕོས་པས་ཀུན་དུ་གཡོ་བར་བྱེད་པའོ། །སོང་བ་ནི་ཆུ་ངེས་པར་འབྱུང་བའི་ཐབས་ཀྱིས་སོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་རིགས་པའི་དོན་ཁོང་དུ་ཆུད་པར་བྱས་པས་སོ། །མངོན་པར་གཙེས་པ་ནི་རྣམ་པར་འཚེ་བར་བྱེད་པའོ། །ནང་ན་གནས་པ་ཞེས་བྱ་བ་ལ་གནས་ནི་ཕྱི་རོལ་གྱི་སྐྱེ་བོ་ཆེན་པོ་འདུག་པའི་གནས་ཡིན། ནང་ནི་ནང་དུ་གྱུར་པ་དག་ཡིན་ནོ། །རིགས་པ་སྨྲ་བ་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་ལ་མཁས་པའོ། །མིའི་ལག་པ་རིག་པས་ཨུཏྤལ་སྔོན་པོའི་ལག་པར་བྱས་ནས་བྱིན་ཏེ། མི་རྟོགས་པ་ནི་མིར་ཡོངས་སུ་སྒྲོགས་པའོ། །གྲོང་གི་སྲང་ནི་ཁང་བཟངས་ཆེན་པོའོ། །མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ལ། སྲིན་མོ་བརྒྱད་ལ་མ་མོར་བརྗོད་ལ། དེའི་དམ་ཚིག་ནི་དཀྱིལ་འཁོར་ཡིན་ཏེ། དེ་ལ་བརྟེན་པའི་ཚོགས་དཀྱིལ་འཁོར་
དུ་འཇུག་པའོ། །མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་སྐྱེད་པར་བྱེད་པའི་ཚིག་ནི་ཤིས་པ་བརྗོད་པའི་ཚིག་ཡིན་ནོ། །ཆོས་མ་ཡིན་པས་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་སོ། །འཚོ་བ་ངན་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་འཚོ་བ་ལ་སྨོད་པར་འགྱུར་བའོ། །མ་རིག་པས་ནི་ཁྱེར་བའི་ཚེ་ཞེས་བྱ་བ་ནི་མི་ཤེས་པའི་ཆུ་བོས་བསླད་ པར་གྱུར་པ་དང༌། གཉའ་བྱེད་པ་ནི་ཞེས་བྱ་བ་ནི་སེམས ་ཅན་དམྱལ་བ་ལས་ཐར་བར་འགྱུར་བའི་གཉའ་བྱེད་པའོ། །དེ་དང་བདག་ཅག་བདེ་འགྲོར་འགྲོ་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ལྷག་མ་རྣམས་ལ་དབུགས་འབྱིན་པར་བྱེད་པའོ། །ཤིས་པ་བྱས་པས་ཞེས་བྱ་བ་ནི་ཤིས་པ་བརྗོད་པ་རྙེད་ནས་སོ། །གདུང་མ་ཞེས་བྱ་བ་ནི་ཁྱིམ་གྱི་སྒོ་ནས་དབུས་སུ་གནས་པའི་གདུང་མའོ། །སྙིང་པོ་མ་ཡིན་པ་ནི་སྙིང་པོ་མ་གཏོགས་པར་རོ། །སློན་པ་ནི་ཡོངས་སུ་སྤངས་པ་ཡིན་ལ། ཟ་བ་སྟེ་སྲིད་པ་གང་ཡིན་པའི་སྲིན་བུ་དེ་ནི་ཟ་ཞིང་སློན་པའི་སྲིན་བུ་སྟེ། སྙིང་པོ་ཙམ་གྱི་ལྷག་མ་ལུས་པའི་ཕྱིར་ཟ་ཞིང་མངོན་པར་འདོད་པ་ལྡོག་པར་གྱུར་པ་ཡིན་ནོ། །ཕྱུང་ལ་ཞེས་བྱ་བ་ནི་ཁྱིམ་དམ་པ་ཉིད་ཡིན་པའི་ཕྱིར་དེའི་རླུང་གིས་ཁྱེད་ལ་གནོད་པར་མ་གྱུར་ཅིག་ཅེས་འདིར་འདིའི་བསམ་པ་ཡིན་ནོ། །ཚུལ་ཁྲིམས་ངན་པ་ནི་ཚུལ་ཁྲིམས་འཆལ་པ་སྟེ་བྱ་བ་མ་ཡིན་པ་བྱེད་པའོ། །སྐམས་པ་ནི་ཆུ་ཉུང་བར་འགྱུར་བའོ། །ཆུ་མེད་ཅིང་ཞེས་བྱ་བ་ནི་ཆུ་ཐམས་ཅད་མེད་པར་གྱུར་པའོ། །སྦལ་པ་ནི་སྒྲ་ངན་ནོ། །གནས་འདི་གཏོང་ནི་མི་ཕོད་ཅེས་བྱ་བ་ལ། གནས་ནི་ཁང་པ་ཡིན་ནོ། །དམུས་ལོང་ཞེས་བྱ་བ་ནི་སྐྱེས་ནས་ལོང་བར་གྱུར་པ་ཡིན་གྱིས་བཅོས་མ་ནི་མ་ཡིན་ནོ། །བུད་མེད་ཚུལ་གྱིས་ཞེས་བྱ་བ་ནི་གྲོང་གི་ནང་ནས་བ་ལང་འབྲོག་ཏུ་སོང་བ་ན། གླང་པོ་ཆེ་གཞན་འདོད་ཆགས་ཀྱིས་གཞན་གྱི་དབང་དུ་གྱུར་པ་གྲོང་གི་ནང་དུ་ཁྱེར་ཏེ་བཅིང་བའི་གནས་སུ་རབ་ཏུ་འཛུད་པར་བྱེད་པའི་ཐབས་དེས་དྲངས་པ་ནི་བུད་མེད་ཀྱི་ཚུལ་དུ་དྲངས་པ་ཞེས་བསྟན་ཏོ། །སྐྱབས་མགོན་ཡང་ནི་མེད་པར་གྱུར་ཞེས་བྱ་བ་ནི་མགོན་སྐྱབས་ཡང་ནི་མེད་པར་གྱུར་པའོ། །རྐང་པས་རེག་པར་བྱེད་ཅེས་བྱ་བ་ལ་ནི་བཟའ་བ་སྟོབས་པའི་དུས་སུའོ། །དེ་དག་བདེ་བར་རྙེད་པ་ནི། །
སྤྱི་བླུགས་མཚོའི་ཐད་དག་ལས། །ཆུ་གང་དག་ནི་རོར་ལྡན་པའོ། །ཞེས་བྱ་བ་ལ། སྤྱི་བླུགས་ཀྱི་མིང་ཅན་གྱི་མཚོ་ལས་ཞེས་བྱ་བར་དགོངས་སོ། །ཡུལ་སིན་དུའི་དབང་བྱེད་ལ་འདིར་ཡ་བ་ནའི་རྒྱལ་པོར་འདོད་དོ། །ཁྱོད་དང་བ་ལང་སྐྱོང་གི་མ་ཞི་བ་ཉིད་ཀྱིས་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་ཞི་བའི་ལག་པས་འཕངས་པའི་ཞོ་རྫིའུ་སྤྱི་བོ་ལ་འབབ་པའི་འབྲས་བུ་དེ་ཞེས་བྱ་བའི་བར་དུའོ། །དགའ་བ་ནི་འདིར་སྦྱོར་བ་དགའ་བ་ཉིད་ཡིན་པའི་ཕྱིར་རོ། །མ་གུ་བ་ཞེས་བྱ་བ་ནི་སྔ་ན་མེད་པའི་འཚོ་བ་རྙེད་པ་དང་འདྲ་བའི་ཕྱིར་རོ། །རངས་པ་ཞེས་བྱ་བ་ནི་སྔ་ན་མེད་པའི་བགོ་བ་དང་ནོར་རྙེད་པའི་ཕྱིར་རོ། །སྐྱེས་ནས་ཞེས་བྱ་བ་ནི་སྟོབས་ཀྱིས་གནས་སྐབས་ཐོབ་པའི་ཕྱིར་རོ། །དགའ་བ་དང་ཡིད་པ་དེ་བ་སྐྱེས་ནས་ཞེས་བྱ་བ་ནི་ཡང་དག་མཆོག་ལྔའི་རྣམ་པར་འཚེ་བ་མི་སྣང་བའི་ཕྱིར་ཏེ། དགའ་བ་ནི་འདིར་སྲིད་པའི་རྣམ་གྲངས་ཡིན་གྱི་ཡིད་མགུ་བའི་རྣམ་གྲངས་ནི་མ་ཡིན་པ་དེ་བས་ན་འདིར་སྲིད་པ་དང་མཚུངས་པར་ལྡན་པའི་ཡིད་བདེ་བ་སྨོས་པ་ཡིན་ནོ། །བསྐལ་པ་བཟང་པོ་ནི་དགེ་བར་གྱུར་པ་ཉིད་ཡིན་ཏེ། དཔལ་གྱི་བསྐལ་པ་བཟང་པོ་ནི་བསྐལ་པ་བཟང་པོའི་དཔལ་ཡིན་ཏེ། དེ་དམ་པས་ཁྱད་པར་དུ་འཕགས་པས་འགྲོ་བར་བྱེད་པས་སོ། །ཕན་པ་ནི་ཕན་འདོགས་པར་བྱེད་པའོ། །འདོད་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་སོ། །རྣམ་པ་མང་པོས་ཕན་བཏགས་པ་བྱས་པའི་ཕྱིར་མང་དུ་མཛད་པའོ། །སྐྱེ་བོ་མང་པོ་ནི་སྐྱེ་བོའི་ཚོགས་ཡིན་ལ། རྗེས་སུ་བརྩེ་བ་ནི་ཐུགས་བརྩེ་བར་གྱུར་པའོ། །སེམས་སེམས་ཀྱིས་ཤེས་ནས་ཞེས་བྱ་བ་ནི་ཡོངས་སུ་ཤེས་པའི་སྒོ་ནས་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་མཉམ་པ་ཉིད་ཐོབ་པར་གྱུར་པའོ། །ལོངས་སྤྱོད་སྤེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དུ་གྱུར་པའི་ལོངས་སྤྱོད་འབྱོར་བར་བྱ་བའི་ཕྱིར་རོ། །གློག་འགྱུ་བ་ཞེས་བྱ་བ་ནི་ཡུད་ཙམ་འབྱིན་པའོ། །རིགས་མེད་པ་ལས་སྐྱེས་པ་འདི་ནི་མཆོག་སྟེ་ཞེས་བྱ་བ་ནི་རིགས་དམའ་བ་ལས་སྐྱེས་ པར་གྱུར་པའོ། །བསད་པ་ནི་སྲོག་དང་བྲལ་བར་གྱུར་པའོ། །འདི་ལ་ཆེར་སེམས ་པ་ཡིན་ཏེ་ཞེས་བྱ་བ་ནི་དགའ་བའོ། །ཚང་ཞེས་བྱ་བ་ནི་
གནས་ཡིན་ནོ། །ཡུལ་རྨུ་གས་པར་གྱུར་པ་ན་ཞེས་བྱ་བ་ནི་སྤྲིན་གྱིས་ཁྱབ་པར་གྱུར་པ་ནའོ། །རླུང་དང་ཉི་མས་ཡོངས་སུ་སྐམས་པ་ནི་རླུང་དང་ཉི་མ་དང་ལྡན་པར་གྱུར་པས་སོ། །རི་མོ་ཅན་ཞེས་བྱ་བ་ནི་སྔོན་པོའི་རྣམ་པའི་མདངས་ཉིད་ཡོད་པའི་ཕྱིར་རོ། །མ་བརྟགས་སྤྱོད་ཅེས་བྱ་བ་ནི་སྤྱོད་པ་མེད་པར་བྱེད་པའོ། །བཟོད་པར་གྱིས་ཞེས་བྱ་བ་ནི་ཚིག་འཇམ་པོས་བཟོད་པར་བྱེད་པའོ། །ཚོགས་ཅན་ཞེས་བྱ་བ་ལ། ཚོགས་ནི་འདུས་པ་ཡིན་ལ། ཚོགས་འདི་ལ་ཡོད་པའི་ཕྱིར་ཚོགས་ཅན་ཏེ་སྡེ་དཔོན་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ །མི་མཁས་པ་ནི་བློ་དང་མི་ལྡན་པའོ། །ཚོལ་བར་བྱེད་པ་ནི་རབ་ཏུ་དོན་དུ་གཉེར་བར་བྱེད་པའོ། །རེ་རེའི་ཚིག་ཏུ་སྨྲ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་ཟག་གསུམ་པོ་ཆ་གཅིག་སྨྲ་བར་མངོན་པར་འདོད་པ་ཡིན་ཏེ། འདི་ལྟར་རྒྱལ་པོ་དང༌། ཡོན་ཏན་དང་ལྡན་པའི་བྲམ་ཟེ་དང༌། དྲང་སྲོང་གི་མཆོག་གོ །གཅིག་ཅེས་བྱ་བ་ནི་རྒྱལ་པོའི་ཚིག་གཅིག་སྨྲ་བར་འགྱུར་གྱི་གཉིས་པ་ནི་མ་ཡིན་ཏེ། ཚིག་གཅིག་གིས་རྒྱལ་པོའི་བཀའ་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །སྐྱེ་དགུ་འདུལ་བར་བྱེད་པ་དེའི་ཕྱིར་རྒྱལ་པོ་དེ་ཉིད་སྟོན་པ་ཉིད་ལ། རང་གི་བདག་པོ་གཉིས་མེད་པ་ཉིད་ཡིན་པ་དེའི་ཕྱིར་དེ་ཉིད་གང་ཟག་གཉིས་མེད་པའོ། །ཆ་གཅིག་སྨྲ་བའི་བློ་གྲོས་ཀྱིས་ཞེས་བྱ་བ་ནི་རྒྱལ་པོ་ཉིད་ངག་གི་ཆ་གཅིག་བརྗོད་ཅིང་སྨྲ་བ་གདོན་མི་ཟ་བར་བྱ་བའི་དོན་སྟོན་པར་བྱེད་པའོ། །གཞན་དག་ནི་གཅིག་ཉིད་ནི་བཅོམ་ལྡན་འདས་ཡིན་ན། འོར་ཅིག་ཚིག་ཏུ་གསུང་གི་ལན་གཉིས་སུ་བསྐོར་བ་མ་ཡིན་པ་དང༌། དེ་ཉིད་སྟོན་པ་ཡིན་ལ། དེ་ཉིད་གང་ཟག་ཟླ་མེད་པ་ཡིན་ཏེ། དེ་ཉིད་ཀྱང་གང་གི་ཆ་གཅིག་གསུང་བར་འགྱུར་བ་ཡིན་ནོ་ཞེས་ སེམས་སོ། །ཆོས་ཀྱི་ཚུལ་ལ་མི་གནས་པ་ཞེས་བྱ་བ་ནི་གང་ཆོས་ལ་ངེས་པར ་གནས་པར་མི་འགྱུར་པའོ། །གང་ཡང་སྡིག་པའི་ལྟ་བ་དང་ཞེས་བྱ་བ་ནི་སྡིག་པའི་ལྟ་བ་ངན་པ་དག་ལོག་པའི་ལྟ་བ་ཅན་དང༌། གང་ཡང་ཚུལ་ཁྲིམས་གཡོ་འགྱུར་བའོ། །བུད་མེད་བདག་མེད་ཅེས་བྱ་བ་ནི་བདག་པོའི་བགོ་བ་དང་བྲལ་བས་ཟིལ་གྱིས་མནན་པར་གྱུར་པ་དེ་ལ་གལ་ཏེ་མིང་པོ་
བཅུ་ཡོད་པར་གྱུར་པ་ནའོ། །ཅི་ཞིག་ཕན་ཞེས་བྱ་བ་ནི་རྫས་ཐམས་ཅད་དང་བྲལ་བར་གྱུར་པའོ། །འདི་གསུམ་ཅུང་ཟད་མི་དགོས་པའོ་ཞེས་བྱ་བ་ནི་སྙིང་པོ་མེད་པ་ཉིད་དང་དགོས་པ་ཡོད་པ་མ་ཡིན་པའོ། །ལོངས་མ་སྤྱད་པར་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་པོ་ཕལ་ཆེར་ཡོངས་སུ་ལོངས་མ་སྤྱད་པ་དང༌། སོལ་བ་དང་ཐ་སྙད་དུ་བྱེད་པའི་ཕྱིར་སོལ་བ་པ་སྟེ། གང་སོལ་བ་བྱས་ནས་འཚོང་བར་བྱེད་པའམ། འདི་ལ་སོལ་བ་དགོས་པའི་ཕྱིར་སོལ་བ་སྟེ་ལྕགས་མགར་རོ། །དེ་གོས་ཉམས་པས་འཇིགས་པས་རྟག་ཏུ་གཅེར་བུ་ཁོ་ན་ལས་བྱེད་པ་དེའི་ཕྱིར་དེའི་གོས་ལོངས་མ་སྤྱད་པར་ཟད་པར་འགྱུར་བ་དང༌། དེ་བཞིན་དུ་ལྷམ་དང་བཙུན་མོ་དག་ཀྱང་ངོ༌། །དཀའ་ཐུབ་ནི་མི་ཚངས་པར་སྤྱོད་པ་ལས་ལྡོག་པའོ། །ཤིང་རྟས་ཐ་སྙད་དུ་བྱེད་པའི་ཕྱིར་ཤིང་རྟ་འདྲེན་པའོ། །གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་པའི་ཕྱིར་གཏུན་ཤིང་གིས་བརྡེག་པའི་རིགས་སོ། །རྔམས་ཆེར་འཇོག་པ་ནི་གཞོགས་མ་ཆེར་འབྱིན་པའི་ཤིང་རླག་པར་བྱེད་པའོ། །ཁ་ལོ་སྒྱུར་བ་ནི་ཉམ་ང་བ་ལ་སོགས་པ་སྤངས་པའི་ཕྱིར་རྩེ་གཅིག་ཏུ་བལྟ་བར་བསྔགས་པ་ཡིན་ན་གང་ཡང་ཡོན་པོར་ལྟ་བར་འགྱུར་བ་གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་ནོ། །ཕོ་ཉས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོའི་ཐད་ལས་ཕྲིན་བླངས་པ་གང་ཡིན་པ་དེ་བྱ་བ་གཞན་གྱིས་བྲེལ་བས་གཞན་ཕོ་ཉར་གཏོང་བར་བྱེད་པ་དེ་གཉི་གཡང་གཏུན་ཤིང་གིས་བརྡེག་པར་འོས་པ་ཡིན་ནོ། །མངག་གཞུག་པ་ནི་ཞོ་ཤས་འཚོ་བ་ཡིན་ཏེ། དེ་བདག་པོས་ལས་ལ་ངེས་པར་སྦྱར་བ་ནི་ཡང་ངེས་ཀྱང་གཞན་སྦྱོར་བར་བྱེད་པ་དེ་ནི་མངགས་པས་མངགས་པ་ཡིན་ནོ། །རིགས་སུན་འབྱིན་པ་ནི་བདག་པོའི་ཁྱིམ་དང༌། ཕའི་ཁྱིམ་དུ་སྤྱོད་པ་མ་ཡིན་པ་ལྷག་པར་སྤྱོད་པར་བྱེད་པའོ། །བ་ལང་རྫི་ནི་ནགས་ན་སྤྱོད་པ་ཡིན་ལ། འདྲེག་མཁན་ནི་གྲོང་ན་སྤྱོད་པ་ཡིན་ན་ཕྱིན་ཅི་ལོག་ཏུ་འཇུག་པའི་ཕྱིར་གཏུན་ཤིང་གིས་བརྡེག་པར་རིགས་པ་ཡིན་ནོ། །རྒྱལ་པོས་སྨྲས་པ་ལན་ཅིག་ཡིན་ཞེས་བྱ་བ་ནི་འོར་ཅིག་ཡིན་ནོ། །བུ་མོ་སྦྱིན་པའང་ལན་ཅིག་ཡིན་ཞེས་བྱ་བ་ནི་ཁྱོ་ཤི་ནས་
ཡང་སྦྱིན་པར་བྱ་བ་མ་ཡིན་ནོ། །འཕགས་པས་གཟིགས་པ་ལན་ཅིག་པས་བསོད་ནམས་ལ་སོགས་པའི་དོན་ཉེ་བར་བསགས་པར་འགྱུར་རོ། །ཕྱོགས་ཆུང་དང་ཞེས་བྱ་བ་ནི་འཁོར་ཉུང་བར་གྱུར་པའོ། །དོགས་པར་གྱུར་ཏོ་ཞེས་བྱ་བ་ནི་གསད་པར་གྱུར་པ་ཞེའམ། འདི་ལྟར་རྒྱལ་སྲིད་དང་བྲལ་བར་དོགས་པར་གྱུར་པའོ། །བརྙས་པར་ནི་གླེན་པར་རོ། །ཁ་ཅིག་ནི་ཡན་ལག་རྒྱས་པར་གྱུར་པའོ་ཞེའོ། །གང་ཅུང་ཞིག་མ་དཔྱད་པར་སྨྲ་བས་ན་འཆལ་བའི་ཚིག་ཏུ་སྨྲ་བ་ཞེས་བྱའོ། །གོས་གྱོན་པ་ནི་འདིར་དབུལ་པོར་གྱུར་པའོ། །བཤེས་མ་ཡིན་པར་ཏེ་འདྲིས་པ་མ་ཡིན་པར་རོ། །ཤིན་ཏུ་སྣང་བས་ན་ཤིན་ཏུ་གཏུམ་པའོ། །ལྷག་པར་སྟེན་པ་ནི་ལྷག་པར་སྟེན་ པར་བྱེད་པའོ། །གཞན་གྱི་ནོར་ལ་སེམས ་པ་ནི་གང་ཞིག་རྟག་ཏུ་གཞན་གྱི་ནོར་ལ་ཆེ་ག་མོ་འདི་ལ་རྫས་འདི་ཡོད་ཅེས་གཞན་གྱི་ནོར་ལ་ སེམས་པར ་བྱེད་ཅིང་བདག་ཉིད་ཀྱི་ནོར་སྒྲུབ་པའི་འབད་རྩོལ་བྱེད་པར་འགྱུར་བ་ཡིན་ནོ། །རྟག་ཏུ་བདག་ཉིད་ལ་སྡུག་དང་ཞེས་བྱ་བ་ལ། སེམས་པ་ཞེས་བྱ་བ་རྗེས་སུ་འཇུག་སྟེ། གང་ཞིག་འབད་རྩོལ་མེད་པར ་བདག་ཉིད་ལ་རྟག་ཏུ་སྡུག་པའི་དངོས་པོར་འདོད་དོ། །ཤིང་རྟའི་འཁོར་ལོས་གསད་པར་བྱ་བ་ཞེས་བྱ་བ་ནི་ཤིང་རྟའི་འཁོར་ལོས་སྲོག་དང་དབྲལ་བར་བྱ་བའོ། །མཚོན་གྱི་དབྱེ་བ་ལ་མཁས་པས་ན་མཚོན་གཏོང་ཤེས་པའོ། །མཚམས་ནི་ཤིང་དག་གི་མཚམས་རྗེས་སུ་མཐུན་པར་སྦྱོར་བའོ། །གྱད་དང་ལྷན་ཅིག་ཇི་ལྟར་བྱ་བའི་དོགས་ནི་རིགས་པའོ། །བདག་པོ་ཉིད་ཀྱི་ཚུལ་དུ་སྐྱེས་བུ་གསུམ་བརྒྱུད་པས་ཡོངས་སུ་ལོངས་སྤྱོད་པས་ན་ལན་གསུམ་བརྒྱུད་པའོ། །གཅིག་དང་གནས་པ་ཞེས་བྱ་བ་ནི་སྐྱེས་བུ་གཅིག་དང་ཡང་དག་པར་མགུ་བར་བྱེད་པའོ། །དྲང་པོར་སྨྲ་བ་ནི་བདེན་པར་སྨྲ་བའོ། །གཞན་གྱི་རྒྱུས་ཞེས་བྱ་བ་ནི་འགའ་ཞིག་ཏུ་རྒྱལ་པོ་བཙུན་མོ་ཏ་རའི་དོན་དུ་བསད་པར་གྱུར་ཏོ་སྙམ་དུ་ སེམས་པར ་འགྱུར་བ་དེ་བས་ན་གཞན་གྱི་རྒྱུས་ཞེས་བསྟན་པ་ཡིན་ནོ། །རྒྱགས་ཞེས་བྱ་བ་ནི་དེས་བདེ་བ་སྤེལ་བར་བྱེད་པ་དང་སྒྲུབ་པར་བྱེད་པས་ན་རྒྱགས་སོ། །འཁོར་བར་འཁོར་ཞེས་བྱ་བ་ནི་འཁོར་
བདག་ཏུ་ཡོངས་སུ་འཁོར་བར་གྱུར་པའོ། །ཚོགས་བསགས་པ་ཞེས་བྱ་བ་ནི་བདེ་བའི་ལོངས་སྤྱོད་ལོངས་སྤྱོད་པ་དང་ལྡན་པའོ། །ཉ་སྒོང་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་མ་སྐྱེས་པ་ཁོ་ནར་འཇིག་པར་འགྱུར་བའོ། །ཡོན་ཏན་མེད་པ་ནི་འགལ་བ་ཡིན་ཏེ། ཉིན་མོ་དང་མཚན་མོ་ཕན་ཚུན་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །གོས་རྣམས་བརྡེགས་པར་གྱུར་ན་ཞེས་བྱ་བ་ནི་བཅགས་པར་གྱུར་ནའོ། །ཆུད་གཞན་པར་བྱ་བའི་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་ཡིན་པར་བྱ་བའོ། །སྐྱེས་བུ་སྨད་པར་བྱ་བ་ཡིན་པས་ན་སྐྱེས་བུ་ངན་པའོ། །མི་འཕྲོད་པ་ནི་ཡོན་ཏན་འཇིག་པར་བྱེད་པའོ། །རྒྱལ་པོ་བརྫུན་དུ་སྨྲ་བ་ཚུལ་དང་མཐུན་པ་མ་ཡིན་ཏེ། འཇིགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །བློ་ལྡན་དོན་རྣམ་པར་དཔྱོད་པར་བྱད་པའི་ཚེ་རྨོངས་པར་གྱུར་པ་ཚུལ་དང་མཐུན་པ་མ་ཡིན་ནོ། །དོན་མེད་པར་ཞེས་བྱ་བ་ནི་དགོས་པ་མེད་པར་རོ། །ཉིན་པར་ནི་ཉི་མའི་འོད་དང་ཉེ་བར་གྱུར་པའོ། །འགྲངས་ལ་ཞེས་བྱ་བ་ནི་ཤིན་ཏུ་ངོམས་པར་རོ། །གྱོད་རྨ་བ་ནི་བསླུ་བར་རོ། །གདམས་ངག་དོན་དུ་གཉེར་བ་མེད་པ་གང་ཡིན་པ་དེ་ནི་མི་འདོད་པའོ། །གཉིད་ཀྱིས་གནོད་པ་ནི་གཉིད་ཀྱིས་གཟིར་བར་གྱུར་པའོ། །གཡུལ་དུ་དཔའ་བོ་བལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ལ་གཡུལ་ངོགས་སུ་དཔའ་བོའི་ནུས་པ་རབ་ཏུ་གསལ་བར་བྱེད་པའོ། །དུག་རྣོ་བ་ནི་ཤིན་ཏུ་རྣོ་བ་སྟེ། དེའི་སྨན་གྱི་ནུས་པ་གསལ་བར་བྱེད་པའོ། །བཟའ་བཏུང་ཡོད་པར་གྱུར་ན་བཟའ་བ་དང་བཏུང་བ་སྦྱིན་པར་བྱ་བའི་ཕྱིར་གཉེན་རྣམས་ལ་བལྟ་བ་ཡིན་ནོ། །དོན་དང་རྣམ་པར་དཔྱད་པའི་དུས་གང་ཡིན་པ་ལ་མཁས་པས་བལྟ་བར་བྱ་བའི་སྐབས་ཡིན་ནོ། །ཁྱིམ་པའི་ལེ་ལོ་ནི་མ་ལེགས་པ་ཆེན་པོ་ཡིན་ལ་འདོད་ལྡན་པ་ཡང་སྟེ། ཁྱིམ་པ་ལེ་ལོས་བཅོམ་པ་མ་ལེགས་པའོ། །མ་བསླབས་ཤིང་དབྱིགས་བྱེད་པ་སྤང་བར་བྱ་བ་ཡིན་ཏེ། ལྷག་པར་རྒྱུག་པ་ཡང་སྐྱེས་མཆོག་ཁྱུ་མཆོག་ལ་སོགས་པ་ལ་གནོད་པར་བྱེད་ཅིང་གདུང་བར་བྱེད་པ་གང་ཡིན་པ་དེ་དག་ཀྱང་སྤང་བར་བྱ་བ་ཡིན་ནོ། །གནོད་པ་
སྟེ་བཞོས་པས་བེའུ་ལ་གནོད་པར་གྱུར་པ་དེ་ཡང་ངོ༌། །བྱ་སྲེག་པ་ཞེས་བྱ་བ་ནམ་མཁའ་ཡོངས་སུ་ཟད་པའི་འཇིགས་པས་ཤིན་ཏུ་མཐོན་པོར་མི་འཕུར་བ་དང༌། ཆུ་སྐྱར་འཇིགས་པར་བྱ་བ་མ་ཡིན་པས་འཇིགས་པར་བྱེད་པ་དང༌། རྡུལ་འབིགས་པར་བྱེད་ཅིང་རྡུལ་ཟ་བར་བྱེད་པའི་སྲིན་བུ་དེ་རྡུལ་ཡོངས་སུ་ཟད་པས་འཇིགས་པའི་ཕྱིར་ཤིན་ཏུ་མང་དུ་མི་ཟ་བ་དང༌། སྲིན་བུ་ལྟ་བུ་ཆེ་གཤེར་ནི་རྟག་ཏུ་འཇིགས་པར་བྱ་བ་མ་ཡིན་པ་ལ་འཇིགས་པར་བྱེད་པའོ། །ཚུལ་ཁྲིམས་འཆལ་བ་ནི་གཞན་གྱི་ཆུང་མ་ལ་འཇུག་པའོ། །རིགས་ཀྱི་ཕྱིར་ནི་གཅིག་བཏང་ཞིང་ཞེས་བྱ་བ་ནི་རིགས་འཇིག་པ་ཡང་དག་ པར་འབྱུང་བར་གྱུར་བ་ན་སེམས ་ཅན་གཅིག་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོའི་དཀོར་མཛོད་མ་བསམས་པར་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོའི་ཡུལ་གྱི་རྒྱལ་པོའི་དཀོར་མཛོད་གང་ཡིན་པ་དེ་ནི་མ་བསམས་པར་འཕེལ་བར་འགྱུར་ཞིང་ལམ་སོང་སྟེ་དོན་མཐུན་སྟོབས་མཆོག་མ་བསམས་པར་འགའ་ཞིག་ཏུ་དེའི་རྐྱེན་གྱིས་དེ་འཇིག་པར་འགྱུར་བའོ། །སྐལ་བ་མེད་པ་ནི་ཚུལ་ངན་པའོ། །ལྟ་བས་མི་ངོམས་པ་ཞེས་བྱ་བ་ནི་ལྟ་བས་ཆོག་པར་མི་བྱེད་པའོ། །རྒྱལ་པོ་ནི་འཁོར་ལོས་རྒྱུར་བའོ། །རི་བོ་ནི་རི་རབ་པོ། །རིགས་ལྡན་ཞེས་བྱ་བ་ནི་རང་བཞིན་གྱིས་འཇམ་པའོ། །བྱིས་པ་དག་དང་ཞེས་བྱ་བ་ལ་སོགས་པ་ལ། བྱིས་པ་ནི་འདིར་བྱིས་པའི་ཁྱེའུའོ། །སྤྲུལ་ནི་བྲང་འགྲོའོ། །གནོད་བྱེད་མ་ནི་སྐྱེས་བུ་གཞན་ལ་རབ་ཏུ་ཆགས་པར་འགྱུར་བའོ། །མི་བརྟེན་པ་ནི་གང་དགའ་བ་ཡུན་རིང་དུ་འཛིན་པར་མི་བྱེད་པའམ། ཅིག་ཤོས་དགའ་བ་སྟེ། ཐ་མལ་པ་སྟེན་པར་བྱེད་པའོ། །དཔའ་བོ་ནི་འདིར་གཡུལ་དོགས་སུ་དགའ་བའོ། །གང་ལ་ཞེ་ན་སྨྲས་པ། ཤིན་ཏུ་གནོད་ པར་གྱུར་པ་དང་ཤིན་ཏུ་ཉམ་ང་བར་ཞུགས་པའི་སེམས ་ཅན་ལའོ། །གཏམ་མི་བྱའོ་ཞེས་བྱ་བ་ནི་ཁྱོད་དང་གཏམ་མི་བྱའོ། །སྦྱིན་པ་མ་མཐོང་ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུ་གང་ཞིག་ལ་འགའ་ཞིག་གིས་སྦྱིན་པ་མ་མཐོང་བ་དེ་ནི་འདིར་ཞེ་སྡང་ཚུལ་དུ་འགྱུར་བའོ། །ཕྲོད་
པ་མི་བྱེད་པ་ནི་གང་ཞིག་རྟག་ཏུ་ཕ་རོལ་པོ་ལ་འགལ་བ་སྤྱོད་པའོ། །མི་མཐོང་སྤྱོད་པ་ནི་གང་ཞིག་འགའ་ཞིག་ལ་རྗེས་སུ་མཐུན་པར་མི་སྤྱོད་ཅིང༌། གཞན་ལ་རྟག་ཏུ་ཉེ་བར་སྤྱོད་པ་སྒྲོགས་པར་བྱེད་པའོ། །སྦྱིན་པ་བྱིན་ནས་ཡང་རིམ་གྱིས་དབྲི་བ་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པར་མི་བྱེད་པའི་བར་དུའོ། །གནས་བརྟན་ནི་འདིར་ལོ་བཅུ་ལོན་པར་འདོད་ལ། རྒན་པ་ཡང་ལུས་རྙིངས་པར་གྱུར་པའོ། །ཚིག་ངན་ནི་གང་ཕ་རོལ་སྨྲ་བ་བརྣག་པར་མི་ནུས་པའོ། །སྨྱིན་ཐབས་ནི་དིག་ཐབས་སུ་སྨྲ་བ་ནི་ཤིན་ཏུ་ཁྲོས་པ་ཉིད་ཀྱི་ཕྱིར་རོ། །བ་སྤུ་གྱེན་དུ་བགྲེང་བ་ནི་བ་སྤུ་གྱེན་དུ་འཇུག་པའོ། །བཞིན་ནི་གཉེར་མར་ལྡན་པ་ནི་བཞིན་གཉེར་མས་ཁྱབ་པར་གྱུར་པ་ཅན་ནོ། །ཁ་སྤུ་ཆུང་བ་ནི་ཁ་སྤུ་བྱི་བའོ། །འདོད་ཆགས་གཅོང་ཅན་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ལྷག་ པར་འདོད་ཆགས་ཀྱི་ཤས་དང་ལྡན་པ་ཡིན་ནོ། །དོན་ལ་སེམས ་པ་ནི་གང་ཞིག་རྟག་ཏུ་ནོར་སྒྲུབ་པའི་ཐབས་ སེམས་པར ་བྱེད་པ་དང༌། གང་ཞིག་ཐ་སྙད་དུ་བྱེད་པའི་སྒོ་ནས་མངོན་ པར་སྦྱོར་བར་བྱེད་པའོ། །འཛགས་པ་ཞེས་བྱ་བ་ནི་སེམས ་ཅན་དམ་པ་མ་ཡིན་པའོ། །སེལ་བ་ནི་ཐོག་འབབ་པ་དང་བཅས་པའི་སེར་པའོ། །མི་རྟག་པ་ནི་སྐད་ཅིག་མས་མི་རྟག་པ་ཉིད་དོ། །དོན་མེད་པར་འདོད་པ་ཞེས་བྱ་བ་ནི་དོན་འཇིག་པར་འདོད་པ་དང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་ཕན་པ་མ་ཡིན་པ་བྱེད་པས་ན་ཕན་པར་མི་འདོད་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ནི་བདེ་བ་སྐྱེས་པ་འཇིག་པར་བྱེད་པའོ། །རེག་པར་མི་འདོད་པ་ཞེས་བྱ་བ་ནི་མ་སྐྱེས་པ་སྐྱེས་པ་དང་གེགས་བྱེད་པའོ། །གྲུབ་པ་དང་བདེ་བར་མི་འདོད་པ་ཞེས་བྱ་བ་ལ། མ་ཐོབ་པ་ནི་གྲུབ་པ་ཡིན་ལ། ཡོན་ཏན་རྙེད་པ་ཡོངས་སུ་སྐྱོང་བར་བྱེད་པ་བདེ་བ་ཡིན་ཏེ། དེ་ཡང་མ་ཐོབ་པ་མི་ཐོབ་པར་བྱ་བའི་ཕྱིར་དང༌། རྙེད་པ་འཇིག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །བྱས་ཞེས་བྱ་བ་ནི་འདས་པའི་དུས་ཡིན་ལ་བྱེད་པ་ནི་ད་ལྟར་གྱི་དུས་ཡིན་ཞིང༌། བྱེད་པར་འགྱུར་བ་ནི་མ་འོངས་པའི་དུས་ཡིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་དུ་ཟིན་ཀྱང་ཡང་དང་ཡང་དུ་སྨྲ་བས་ན་བྱ་རོག་དང་འདྲ་བའོ། །མང་དུ་
དོན་མེད་པར་སྨྲ་བའི་ཕྱིར་མུ་ཅོར་སྨྲ་བ་ཡིན་ལ། ཡང་དང་ཡང་དུ་འབྲེལ་པ་མེད་པ་མི་གསལ་བ་སྨྲ་བའི་ཕྱིར་ཅ་ཅོར་སྨྲ་བའོ། །སོག་པ་ཞེས་བྱ་བ་ནི་སོག་པར་བྱེད་པའི་ངང་ཚུལ་ཅན་ནོ། །སྐད་འབྱིན་པ་ཞེས་བྱ་བ་ནི་དོན་མེད་པའི་སྐད་སྒྲོག་པར་བྱེད་པའོ། །རིགས་པར་མི་བྱེད་པ་ནི་འདིར་ཕྱིན་ཅི་ལོག་གི་རྣམ་གྲངས་ཡིན་ནོ། །ལྷོ་ངོས་སུ་སོང་ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་འགྲོ་བར་བྱེད་པའི་ཕྱིར་ལྷོ་ངོས་སུ་སོང་བ་དང་གམ་དུ་སོང་བར་གྱུར་པའོ། །འོད་ནི་ཉི་མའོ། །མེས་ཚིག་པ་ལ་ཞེས་བྱ་བ་ལ་ཡང་བཀྲ་མི་ཤིས་པའོ་ཞེས་བྱ་བའི་དབང་དུ་བྱས་ནས་ཡང་མེའི་ནང་དུ་བཅུག་ནས་སྲེག་པར་བྱེད་པའོ། །ཟོས་པ་ནི་བཟའ་བར་བྱ་ཞིང་ལོངས་སྤྱད་པར་བྱ་བའོ། །འཐུངས་པ་ནི་བཏུང་བའོ། །བཅའ་བ་ནི་བཅའ་བར་བྱའོ། །མྱངས་པ་ནི་ཨ་མྲ་ལ་སོགས་པ་གཞིབ་པར་བྱ་བའོ། །ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པར་བྱ་བའི་ཡུལ་འགའ་ཞིག་ལ་ཆགས་པ་མེད་པའི་ཐོགས་པ་མེད་པའི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་སྟོབས་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས་སྟོབས་དེས་འཁོར་ལོས་སྒྱུར་བའོ། །དེའི་སྟོབས་བཅུ་དང་ལྡན་པས་ན་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་རྒྱ་ཆེན་པོ་ལ་བརྟེན་པར ་བྱ་བ་ཉིད་ཡིན་པའི་ཕྱིར་རྒྱ་ཆེན་པོ་ཉིད་ཡིན་ལ། འདི་ཁྱུ་མཆོག་གི་ཡིན་པས་ན་ཁྱུ་མཆོག་གིའོ། །དེ་གང་ཞེ་ན། སྨྲས་པ། གནས་ནི་གོ་འཕང་ཞེས་བྱ་བའི་དོན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པར་མཛད་པའི་འཇིགས་པ་མེད་པའི་གོ་འཕང་ཞལ་གྱིས་བཞེས་པར་གྱུར་པའོ། །ཚངས་པའི་འཁོར་ལོ་བསྐོར་བར་མཛད་ཅིང་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པའོ། །ཡང་དག་པར་སེང་གེའི་སྒྲ་སྒྲོགས་སོ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་ཅིང་བདག་མེད་པར་གསལ་བར་བྱེད་པའི་བཀའ་སྒྲོགས་པར་མཛད་པའོ། །གནས་དང་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ་གནས་ནི་སྲིད་པ་ཡིན་ལ་གནས་མེད་པ་ནི་མི་སྲིད་པ་ཡིན་ཏེ། ལུས་ལ་
སོགས་པའི་དགེ་བ་ལས་འབྲས་བུ་འདོད་པ་ནི་སྲིད་པ་ཡིན་ལ་མི་འདོད་པ་ནི་མི་སྲིད་པ་ཡིན་ཞིང་དགེ་བའི་ལས་ཀྱི་འབྲས་བུ་འདོད་པ་མ་ཡིན་པ་ནི་མི་སྲིད་པ་ཡིན་ཏེ། འདོད་པ་ནི་སྲིད་པ་དག་ཡིན་ནོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ནི་དེ་ཁོན་ཉིད་ཇི་ལྟ་བ་བཞིན་དུ་སྟེ་ཕྱིན་ཅི་མ་ལོག་པ་ཉིད་དུའོ། །ལས་དང་ཆོས་ཡང་དག་པར་བླངས་པའི་ཞེས་བྱ་བ་ལ་སོགས་པ་ལ་ལས་ནི་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་རང་བཞིན་ནོ། །དེའི་དབྱེ་བ་བཞི་ལས་ཡང་དག་པར་བླངས་པ་ཞེས་བྱ་སྟེ། ཇི་སྐད་དུ་ལས་ནག་པོ་དང་རྣམ་པར་སྨིན་པ་ནག་པོ་དང༌། དགེ་བ་དང་རྣམ་པར་སྨིན་པ་དགེ་བ་དང༌། གནག་ལ་དགེ་བ་དང་རྣམ་པར་སྨིན་པ་གནག་ལ་དགེ་བ་དང༌། གནག་པ་མ་ཡིན་ལ་དགེ་བ་དང་རྣམ་པར་སྨིན་པ་གནག་པ་མ་ཡིན་ལ་དགེ་བ་ཡོད་དོ་ཞེས་འབྱུང་བ་ཡིན་ནོ། །ཆོས་ཡང་དག་པར་བླངས་པ་ལ་ནི་རྣམ་པ་བཞིར་འགྱུར་ཏེ། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་བ་མ་འོངས་པ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡོད་པ་དང༌། ཆོས་ཡང་དག་པར་བླངས་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བ་ཡོད་པ་དང༌། ཆོས་ཡང་དག་པར་བླངས་པ་ད་ལྟར་སྡུག་བསྔལ་ཞིང་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་སྡུག་བསྔལ་ཡོད་པ་དང༌། ཆོས་ཡང་དག་པར་བླངས་པ་ད་ལྟར་བདེ་ཞིང་མ་འོངས་པ་ན་ཡང་རྣམ་པར་སྨིན་པ་བདེ་བ་ཡོད་པ་ཡིན་ཏེ། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་མཁྱེན་ཏོ། །གནས་ཞེས་བྱ་བ་ནི་འདིའི་དུས་ཏེ། ཚོགས་པ་འགའ་ཞིག་ཡོད་ན་ལས་དང་ཆོས་ཡང་དག་པར་བླངས་པ་གང་དག་གི་འབྲས་བུ་འབྱིན་པར་འགྱུར་རོ་ཞེས་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དངོས་པོ་ཞེས་བྱ་བ་ནི་རྟེན་ཡིན་ཏེ། ལྷ་ལ་སོགས་པའི་འགྲོ་བ་རྟེན་འགའ་ཞིག་ཡོད་ན་དེ་དག་ལས་ངེས་པར་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང༌། རྒྱུ་ཞེས་བྱ་བ་ནི་རྒྱུ་ཇི་སྙེད་པ་དང་རྐྱེན་ཇི་སྙེད་པ་དེ་ཡོད་ན་འབྲས་བུའི་བྱ་བ་བྱེད་པར་འགྱུར་རོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བསམ་གཏན་དང་རྣམ་པར་ཐར་པ་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་ནི་དང་པོ་ལ་
སོགས་པ་བཞི་ཡིན་ལ། རྣམ་པར་ཐར་པ་ནི་བརྒྱད་ཡིན་ནོ། །ཏིང་ངེ་འཛིན་ནི་གསུམ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པ་བཞི་དག་ཡིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་སྙོམས་པར་འཇུག་པའི་གེགས་ཡིན་ཏེ། ཆོས་དག་འདིའི་བགེགས་སུ་འགྱུར་བའི་ཕྱིར་སྲིད་པར་འགྱུར་བའོ། །རྣམ་པར་གནས་པ་ནི་སྙོམས་པར་འཇུག་པ་གནས་པར་བྱེད་པ་སྟེ། ཆོས་གང་དག་གིས་འདི་གནས་པར་བྱ་བའི་ཕྱིར་སྲིད་པར་འགྱུར་བའོ། །རྣམ་པར་བྱང་བ་ཞེས་བྱ་བ་ནི་ཆོས་གང་དག་གིས་འདི་རྣམ་པར་དག་པར་བྱ་བའི་ཕྱིར་སྲིད་པའི་འགྱུར་བ་གསུམ་པོ་དེ་དག་གིས་གོ་རིམས་བཞིན་དུ་སྤངས་པའི་ཆ་དང་མཐུན་པ་དང་གནས་པའི་ཆ་དང་མཐུན་པ་དང༌། ཁྱད་པར་གྱི་ཆ་དང་མཐུན་པ་བསྟན་པ་ཡིན་ཏེ། དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སེམས་ཅན་གང་ཟག་གི་རྣམ་གྲངས་ཡིན་ལ། མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ཞེས་བྱ་བ་ལ། མཆོག་ནི་ཁྱད་ པར་དུ་འཕགས་པ་ཡིན་ཞིང་མཆོག་མ་ཡིན་པ་ནི་དམན་པ་ཡིན་ཏེ། སེམས ་ཅན་འདི་ནི་དབང་པོ་རྟུལ་བ་ཡིན་ལ། འདི་དབང་པོ་འབྲིང་ཡིན། འདི་ནི་དབང་པོ་རྣོན་པོ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དབང་པོ་ཡང་འདིར་དད་པ་ལ་སོགས་པ་ཡིན་པར་འདོད་དོ། །མོས་པ་སྣ་ཚོགས་ཞེས་བྱ་བ་ནི་མོས་པ་ནི་འདོད་པ་དང་མངོན་ པར་བསམས་པ་ཞེས་བྱ་བའི་དོན་ཡིན་ཏེ། སེམས ་ཅན་རྣམས་ཀྱི་མོས་པ་རྣམ་པ་སྣ་ཚོགས་པ་དེ་ཡང་དེ་ཁོ་ན་ཉིད་དུ་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ཉག་གཅིག་གིས་མཁྱེན་པར་འགྱུར་གྱི་གཞན་དག་གིས་མ་ཡིན་ནོ། །ཁམས་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཁམས་ནི་བསམ་པ་དང་རང་བཞིན་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་སེམས་ཅན་དག་གིས་སྐྱེ་བ་གཞན་དུ་གོམས་པའི་དབང་གིས་དེ་སེམས་ཅན་སོ་སོའི་རྒྱུད་ཀྱི་དབྱེ་བ་ལས་ཁམས་སྣ་ཚོགས་ཞེས་སྨོས་པ་ཡིན་ནོ། །གཅིག་ལ་ཡང་ཁམས་དུ་མ་སྲིད་པའི་ཕྱིར་ཁམས་དུ་མ་ཞེས་སྨོས་པ་ཡིན་ནོ། །ཐམས་ཅད་
དུ་འགྲོ་བ་ཞེས་བྱ་བ་ནི་ཐམས་ཅད་དེ་ཡུལ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་འདི་ལ་ཡོད་པས་ན་དེ་ལ་འདི་ཐམས་ཅད་དུ་འགྲོ་བ་ཡིན་ལ། དངོས་པོའི་བྱེ་བྲག་འདིས་རྟོགས་པར་བྱེད་པའི་ཕྱིར་ལམ་ཡིན་ཏེ། ཐམས་ཅད་དུ་འགྲོ་བ་ཡང་འདི་ཡིན་ལ་ལམ་ཡང་ཡིན་པས་ན་ཐམས་ཅད་དུ་འགྲོ་བའི་ལམ་མོ། །དེ་ཡང་ཡེ་ཤེས་ཡིན་ཏེ། དེ་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སྔོན་གྱི་གནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བའི་གནས་སོ། །འཇིག་པའི་བསྐལ་པ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་པའི་བསྐལ་པ་ནི་སེམས་ཅད་དམྱལ་བ་མི་སྲིད་པའི་ཕྱིར་སྣོད་འཇིག་པ་ཡིན་ལ། འཆགས་པའི་བསྐལ་པ་ནི་ཐོག་མར་རླུང་ནས་དམྱལ་བའི་བར་དུ་སྲིད་ པར་གྱུར་པའོ། །འཇིག་པ་ནི་ཉམས་པ་ཡིན་ཏེ། སེམས ་ཅན་རྣམས་ཀྱི་བསམ་པ་གཅིག་ཏུ་གནས་ཤིང་འདུས་པར་བྱེད་པའི་ཕྱིར་རོ། །འཆགས་པ་ཡང་འབྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཅན་དུ་གྱུར་པའོ།། མིང་འདི་ཞེས་བྱ་བ་ལ་སོགས་པ་ལ་མིང་ནི་ཆོས་སྦྱིན་ལ་སོགས་པའོ། །རུས་ནི་བྲམ་ཟེ་ལ་སོགས་པའོ། །རིགས་ནི་གཽ་ཏ་མ་ལ་སོགས་པའོ། །ཁ་ཟས་ནི་ཆང་ཟན་གྱི་རྣམ་པ་ལ་སོགས་པའོ། །བདེ་བ་དང་སྡུག་བསྔལ་བ་ནི་ཉམས་སུ་མྱོང་བའི་ངང་ཚུལ་ཅན་ནོ། །དུས་རིང་པོར་འཚོ་བའི་ཕྱིར་ཚེ་རིང་བའོ། །བྱིས་པའི་གནས་སྐབས་ལ་སོགས་པའི་དུས་རིང་པོར་གནས་པའི་ཕྱིར་ཡུན་རིང་དུ་གནས་པའོ། །ཇི་སྲིད་དུ་ཚེ་འཕགས་པར་གནས་པའི་ཕྱིར་འདི་ལྟར་དེའི་ཚེའི་མཐར་ཐུག་པ་སྟེ། འདིས་ནི་བར་མ་དོར་འཆི་བ་མེད་པར་བསྟན་པ་ཡིན་ནོ། །གནས་དང་བཅས་པ་ནི་ཡུལ་དང་བཅས་པའོ། །རྣམ་པ་དང་བཅས་པས་ཞེས་བྱ་བ་ནི་མིང་དང་དུས་ལ་སོགས་པའི་རྣམ་པ་དང་བཅས་པ་ཡིན་ནོ། །ལྷའི་མིག་ཅེས་བྱ་བ་ལ་ཅི་ལྷའི་མིག་སྤྱི་འམ་འོན་ཏེ་མ་ཡིན་ཞེ་ན། སྨྲས་པ། རྣམ་པར་དག་པ་སྟེ། བསྒོམས་པ་ལས་བྱུང་བའི་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །མིའི་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་མི་ལ་སྐྱེར་རུང་བ་ཉིད་ཀྱིས་སོ། །ཁ་དོག་བཟང་པོ་ཞེས་བྱ་བ་ནི་མདངས་མཛེས་པར་གྱུར་པའོ། །ཁ་དོག་ངན་པ་ནི་མདངས་མཛེས་པ་མ་ཡིན་ནོ། །དམན་པ་ཞེས་བྱ་བ་ནི་བསོད་ནམས་དང་
མི་ལྡན་པའོ། །གྱ་ནོམ་པ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པར་གྱུར་པའོ། །ལས་ཇི་ལྟ་བར་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་འགྱུར་བའོ། །ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་ནི་སྐུར་པ་འདེབས་པའོ། །ལོག་པར་ལྟ་བའི་ལས་ཞེས་བྱ་བ་ལ་སོགས་པ་ལ་ལོག་པར་ལྟ་བ་སྔོན་དུ་སོང་བ་ཅན་གྱི་ལས་དང༌། །ཆོས་ཡང་དག་པར་བླངས་པའི་རྒྱུའི་ཕྱིར་རོ། །དེའི་རྒྱུ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་རབ་ཏུ་འཇུག་པར་བྱེད་པའི་ལས་དང༌། ཆོས་ཡང་དག་པར་བླངས་པའི་རྒྱུའོ། །དེའི་རྐྱེན་ནི་དེ་ཉིད་དང་འདྲའོ། །ལུས་དང་བྲལ་བ་སྟེ་འཇིག་ཅིང་ཤི་བའི་འོག་ཏུ་ངན་སོང་ལ་སོགས་པར་སྐྱེ་བར་འགྱུར་བའོ། །ངན་པར་སོང་བས་ན་ངན་སོང་སྟེ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཡིན་ལ། དེ་ཉིད་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ངན་འགྲོ་ཡིན་ཞིང༌། ལོག་པར་ལྟུང་བའི་གནས་ཉིད་ཡིན་པའི་ཕྱིར་དེ་ཉིད་ལོག་ པར་ལྟུང་བ་ཡིན་ནོ། །སེམས ་ཅན་དམྱལ་བ་སྨོས་པས་དམྱལ་བ་རེ་རེ་བཟུང་བ་ཡིན་ནོ། །ངན་སོང་ངན་འགྲོ་ལོག་ པར་ལྟུང་བ་སེམས ་ཅན་དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་ པར་ལྟུང་བ་སེམས ་ཅན་དམྱལ་བ་སྟེ་དེ་དག་ཏུའོ། །བདེ་འགྲོ་ཞེས་བྱ་བ་ལ་བདེ་འགྲོ་རྣམ་པ་གཉིས་ཡོད་ན་བདེ་འགྲོ་གང་ལ་བྱ་ཞེ་ན། མཐོ་རིས་ཀྱི་འཇིག་རྟེན་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལ་ཡང་ཁ་ཅིག་ཏུ་གནས་སྟོང་པ་དག་ཏུ་སྐྱེ་བར་འགྱུར་རོ་ཞེ་ན། ལྷའི་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཟག་པ་ཟད་པ་ལས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤངས་པར་གྱུར་པ་ལས་སོ། ། སེམས་རྣམ་པར ་གྲོལ་བ་ཞེས་བྱ་བ་ནི་ སེམས་ཉོན་མོངས་པའི་འཆིང་བ་ལས་འགྲོལ་བར་གྱུར་པའོ། །ཤེས་རབ་རྣམ་པར ་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་མ་རིག་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བས་སོ། །མཐོང་བའི་ཆོས་ཁོ་ན་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་པ་ལའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་ལུང་ཕོག་པ་མེད་པའོ། །མངོན་པར་ཤེས་པས་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་
སོ། །མངོན་སུམ་དུ་བྱས་ཤིང་ཞེས་བྱ་བས་ནི་ཐེ་ཚོམ་མེད་ཅིང་ཁོང་དུ་ཆུད་ཅིང་ངོ༌། །ཞུགས་པ་ཞེས་བྱ་བ་ནི་ཐག་ཉེ་བར་བྱས་པའམ། དེ་གཉིས་དང་ལྡན་པར་གྱུར་པའམ་ཆེན་པོ་ཉིད་དུ་ཤེས་པའོ། །རབ་ཏུ་ཤེས་པས་ན་ཞེས་བྱ་བ་ནི་ཤེས་པ་གཞན་གྱིས་ཡོངས་སུ་བཅད་ནས་སོ། །ངའི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ནི་བདག་གི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར་པར་རོ། །སྐྱེ་བའི་སྲིད་པ་ཟད་པ་ཡང་ཅིའི་ཕྱིར་ཞེ་ན། ཚངས་པར་སྤྱོད་པ་ནི་བསྟེན་ཏོ་ཞེས་སྨོས་པ་ཡིན་ཏེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ལ་གང་གིས་སྤྱོད་པ་དེ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ཏེ། དེ་ལ་བདག་ཉིད་ཐམས་ཅད་ཀྱིས་གནས་པར་གྱུར་པ་ནི་བསྟེན་པ་ཡིན་ནོ། །གང་གི་ཚེ་འཕགས་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པ་དེའི་ཚེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུར་བའོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་ནི་ཡང་སྲིད་པའི་ལས་ཀྱི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱལ་པོས་ཞེས་བྱ་བ་ལ་སོགས་པ་ལ་རྒྱལ་པོས་ཐམས་ཅད་དུ་རང་གི་རིགས་དང་འཐད་པའི་ཆོས་གང་ཡིན་པ་དང༌། ཚུལ་ཏེ་ཚུལ་ཁྲིམས་གང་ཡིན་པ་དེ་ལ་བརྟག་པར་བྱ་ཞིང་རྗེས་སུ་འཇུག་པར་བྱ་བ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། འཇུག་དང་རྗེས་འཇུག་ཚུལ་དུ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་རྗེས་སུ་འཇུག་པ་ནི་འཇུག་པ་ཡིན་ལ་སྔ་མས་འདི་ལྟར་བྱས་པ་དེའི་ཕྱིར་བདག་ཀྱང་རྣམ་པ་འདིས་བྱ་བ་ལ་རྗེས་སུ་འཇུག་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་འཇུག་པ་ཡིན་ནོ། །རྒྱལ་པོ་བཟོད་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་བཟོད་པ་ནི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར། ལྷས་བ་ལང་སྐྱོང་གི་མའི་ཉེས་པ་བཟོད་པར་བྱ་བ་ཡིན་ནོ། །འཇིག་རྟེན་འདི་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བར་བྱ་བ་སྟེ། རིན་པོ་ཆེ་གང་ཡིན་པ་དང་མཉམ་པར་བྱ་བ་སྟེ། ལེགས་པར་བཤད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱིས་མ་མཐོང་བ་དང་མ་ཐོས་པ་སྟེ། མཐོང་བ་དང་ཐོས་མོད་ཀྱི་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་ཡང་བདག་གཙོ་བོ་ལ་དད་པས་ཅུང་ཞིག་སྡུག་པ་དང་མཛའ་བ་
དང་ཡིད་བརྟན་པའི་སྒོ་ནས་རབ་ཏུ་ཁྲོས་པ་ཉེས་པ་དང་བཅས་པ་ནི་སྡུག་པས་རབ་ཏུ་ཁྲོས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །བདག་པོའི་བརྟུལ་ཞུགས་ཞེས་བྱ་བ་ལ་ཉེ་བར་ལོངས་སྤྱོད་པ་ལ་འདིར་བརྟུལ་ཞུགས་ཀྱི་སྒྲས་བརྗོད་པ་ཡིན་ཏེ། བདག་པོའི་བརྟུལ་ཞུགས་གང་ལ་ཡོད་པ་དེ་ནི་འདིར་བདག་པོའི་བརྟུལ་ཞུགས་ཅན་ཏེ། བུད་མེད་ལ་བདག་པོ་ཁོ་ན་ལོངས་སྤྱོད་པར་བྱེད་ཀྱི་སྐྱེས་བུ་གཞན་དག་ནི་མ་ཡིན་པ་དེ་འདིར་འདོད་པ་ཡིན་ནོ། །གཟུགས་དང་ཡོན་ཏན་དང་ལྡན་ཞེས་བྱ་བ་ལ་ཡོན་ཏན་སྨོས་པས་འདིར་སྒྱུ་རྩལ་ལ་མཁས་པ་ཉིད་བཟུང་བ་ཡིན་ནོ། །ཆུང་མ་ཡང་མེ་སྐོར་བྱས་པ་དེ་བས་ན་འདི་ཅིག་ཅར་ཡོངས་སུ་སྤང་བར་རིགས་པ་མ་ཡིན་ནོ། །རྗེའི་ཕྱིར་ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱེད་བདག་གི་རྗེར་གྱུར་པ་དེ་བས་ན་བདག་གིས་གདོན་མི་ཟ་བར་ཕན་པ་གསོལ་བ་ཡིན་གྱི། བུད་མེད་ཀྱི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །དོན་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་བཤད་པ་ཡིན་ལ། ཡི་གེ་འགྲེལ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ལེགས་པར་སྨྲས་པའོ། །ངས་ལེགས་པར་སྨྲས་པ་ཁྱོད་ལ་ཡུལ་ཀ་ནྱ་ཀུབ་ཛ་སྦྱིན་ཞིང་ཞི་ལ་ཡང་རྣམ་པ་ཐམས་ཅད་ཀྱིས་བཟོད་པར་བྱའོ། །འདུ་ཞིང་འདུག་པའི་ཁྱིམ་གང་ཡིན་པ་དེ་ནི་འདུ་ཁང་ཡིན་ཏེ། སྐྱེ་བོ་ཆེན་པོ་འདུ་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ །འདུས་པ་ནི་ཚོགས་པ་ཡིན་ཏེ། ལས་སུ་བྱ་བའི་དོན་གཅིག་ཁོ་ན་ལས་འདུས་པར་གྱུར་པའོ། །གཏམ་ལ་སོགས་པ་ཟེར་བ་ནི་གཏམ་ལ་འཇུག་པའོ། །དངོས་པོ་འདོད་པ་གང་ཡིན་པ་དེ་ནི་འདོད་པ་ཆེ་བའོ། །བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པའི་ཕྱིར་རོ། །མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །རྣམ་གྲངས་དུ་མ་ནི་རྣམ་པ་དུ་མས་སོ། །ཡང་དག་པར་གཟེངས་བསྟོད་པ་ནི་རབ་ཏུ་དགའ་བ་སྐྱེས་པ་དང་རྗེས་སུ་མཐུན་པར་རོ། །ཡང་དག་པར་རབ་ཏུ་མགུ་བ་ནི་སྡུག་པ་སྐྱེད་པར་བྱེད་པར་རོ། །བྱས་ནས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱས་ནས་སོ། །དུལ་བ་མ་ཡིན་པའི་ཆ་ལུགས་འཛིན་པ་ཞེས་བྱ་བ་ནི་རྒོད་པའི་ཆ་ལུགས་འཛིན་པའོ། །འཇམ་པའི་སྦྱོར་བས་ཞེས་བྱ་བ་ནི་ངག་འཇམ་
པོས་སོ། །དབྱེ་བའི་སྦྱོར་བས་ཞེས་བྱ་བས་ནི་ཁྱེད་ཅག་འདི་ལྟར་མཛེས་པར་མི་བྱེད་པ་གང་ཡིན་པ་དེས་ནི་ཁྱེད་ཅག་ལ་མངོན་པར་དད་པ་རྣམས་མ་དད་པར་འགྱུར་ལ། དེ་དག་མ་དད་པ་ལས་ནི་ཁྱེད་ཅག་གི་བསོད་སྙོམས་ལ་སོགས་པ་རྣམ་པར་ཉམས་པར་འགྱུར་རོ་ཞེས་བྱ་བ་དེ་ནི་འབྱེད་པའི་ཚིག་ཡིན་ནོ། །མི་མཛེས་པར་བྱས་པ་ནི་ལོག་པར་ཞུགས་པའོ། །ཡན་ལག་ནི་ལག་པ་ལ་སོགས་པའོ། །ཉིང་ལག་ནི་སོར་མོ་ལ་སོགས་པའོ། །ཟིན་པ་ནི་སྐྱེས་བུའི་སེམས་འཛིན་པའི་ལས་མྱུར་བར་བྱེད་པའོ། །སྒྱུ་རྩལ་ཅན་ཞེས་བྱ་བ་ལ་སྒྱུ་རྩལ་ནི་གོང་དུ་རྣམ་པར་བཤད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའོ། །སྤྱོད་པ་ནི་སྒེག་པ་དང་བཅས་པས་འགྲོ་བ་ཡིན་ལ། གནས་པ་ནི་དེ་ཁོ་ན་དང་འདྲའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་འདོད་པ་ལ་བསྐྱོད་པར་མི་ནུས་པ་དེའི་ཕྱིར་དྲང་སྲོང་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་དང་ཞེས་སྨོས་པ་ཡིན་ནོ། །རྩོམ་པའི་དུས་ལ་ཐོག་མ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ཡིན་ལ། བསགས་པ་ནི་གོམས་པར་བྱས་པའོ། །ཉོན་མོངས་པ་ལ་སོགས་པ་སྟེ། འདོད་ཆགས་ལ་སོགས་པའི་ཀུན་དུ་སྤྱོད་པ་རྒྱུན་དུ་སྐྱེས་པར་གྱུར་པའོ། །དེ་ཁྱིམ་གྱི་སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོད་བཟང་པོའོ། །བྱ་བ་ཐམས་ཅད་བཏང་བའི་བློས་ཞེས་བྱ་བ་ནི་ སེམས་སོ་སོར་བསྡུས་པར ་གྱུར་པའོ། །ཡུགས་ས་མོ་ནི་བདག་པོ་ཤི་བར་གྱུར་པའོ། །པའི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་ཕ་དང་མེས་པོ་བརྒྱུད་པ་ལ་སོགས་འོངས་པར་གྱུར་པའོ། །ཁྱོད་དགེ་བ་ལ་དད་པས་ན་ཞེས་བྱ་བ་ལ། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པས་སོ། །ཁྱོད་ཀྱི་ཁྱིམ་དུ་སུ་ཞིག་འོངས་ཞེས་བྱ་བ་ནི་ཁྱོད་ཀྱི་ཁྱིམ་དུ་གཞན་མུ་སྟེགས་ཅན་འཇུག་པར་མི་འགྱུར་གྱི། གལ་ཏེ་དེ་དག་འཇུག་པར་གྱུར་ན་ནི་སྤྱོད་པ་མ་ཡིན་པ་བྱེད་པར་འགྱུར་ལ། དགེ་སློང་དག་འོངས་ན་ནི་དེ་དག་གི་ནང་ན་འགའ་ཞིག་ནི་འདོད་ཆགས་དང་བྲལ་བ་ཡིན་ལ། འགའ་ཞིག་ནི་འཚོ་བའི་རྒྱུས་ཀྱང་བྱ་བ་མ་ཡིན་པ་བྱེད་པར་མི་འགྱུར་བའི་
ཕྱིར་དགོས་པ་མེད་པར་དེ་སློངས་ཤིག་པའོ། །རྫས་ཀྱི་སྙིང་པོ་གཞག་པའི་ཁང་པའི་ལྡེ་མིག་དང༌། སྙིང་པོ་མ་ཡིན་པའི་རྫས་གཞག་པའི་ལྡེ་མིག་ཀྱོག་པོ་དག་གོ །བུད་མེད་ཀྱི་གཡོ་དང་ཞེས་བྱ་བ་ལ་སོགས་པ་ལ། གསུམ་པོ་དེ་དག་ཀྱང་གཡོའི་རྣམ་གྲངས་ཡིན་ལ། ཁྱད་ པར་དུ་ནི་སེམས ་གྱ་གྱུས་འཇུག་པ་དང༌། ཟུར་མིག་གིས་ལྟ་བ་ལ་སོགས་པ་ནི་འདིར་གཡོ་ཡིན་ལ། སྐྱེས་བུའི་སེམས་གཟུང་བར་བྱ་བའི་ཕྱིར་གཡོས་འཇུག་པའི་ངག་གི་ལས་ཉིད་ནི་སྒྱུ་ཡིན་ཞིང༌། དོན་དེ་ཉིད་ལ་ལུས་ཀྱི་འགྱུར་བ་ལ་ཚུལ་འཆོས་ཞེས་བྱའོ། །འདོད་ཆགས་ཀྱི་གནས་བཅུ་ཞེས་བྱ་བ་ལ། གནས་དང་པོ་ནི་འདོད་ཆགས་ཀྱི་དགའ་བ་སྐྱེད་པར་བྱེད་པའོ། །གཉིས་པ་ནི་ཡིད་ཆགས་པའོ། །གསུམ་པ་ནི་ཀུན་དུ་རྟོག་པ་འཕེལ་བར་བྱེད་པའོ། །བཞི་པ་ནི་གཉིད་ལོག་པ་དང་གཉིད་སད་པ་དང་འདྲ་བར་སྐྱེད་པར་བྱེད་པའོ། །ལྔ་པ་ནི་ལུས་ཉམ་ཆུང་བ་སྐྱེད་པར་བྱེད་པའོ། །དྲུག་པ་ནི་ཡུལ་ལ་མངོན་དུ་ཕྱོགས་པས་འཇུག་པར་བྱེད་པའོ། །བདུན་པ་ནི་ངོ་ཚ་སེལ་བར་བྱེད་བའོ། །བརྒྱད་པ་ནི་འདོད་ཆགས་ཀྱི་དབང་དུ་གྱུར་པར་བྱེད་པའོ། །དགུ་པ་ནི་སྐྱེད་པར་བྱེད་པའོ།། གནས་བཅུ་པ་ཐོབ་པས་ན་ནི་ལུས་བརྒྱལ་བར་བྱེད་པ་ཡིན་ལ། བརྒྱལ་བ་ལས་ཀྱང་འཆི་བར་འགྱུར་རོ། ཟད་པ་དང་ཉམས་པ་མེད་པའི་ཕྱིར་འོངས་པའི་ཕྱིར་རྙེད་པ་ནི་སྐྱེས་པ་ཡིན་ལ། དོན་ཐོབ་པ་ནི་ཕྱིར་རྙེད་པ་ཐོབ་ནས་སོ། །ཚུལ་མ་ཡིན་པའི་གནོད་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པར་འཆི་བའི་སྡུག་བསྔལ་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་མདངས་དང་ལྡན་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ལ་རབ་ཏུ་མཛེས་པའོ། །ཚུལ་མ་ཡིན་པར་སྤྱད་བ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་མིང་ཅན་གྱི་ཚུལ་དང་མི་མཐུན་པའི་བྱ་བས་སོ། །མདུད་པ་བོར་ནས་ཞེས་བྱ་བ་ནི་བུས་འཁྱུད་དང་འདྲ་བར་ཆོས་གོས་ཀྱིས་ལུས་དཀྲིས་ནས་སོ། །མི་མ་ཡིན་པ་མང་པོ་སྟེ། གནོད་སྤྱིན་མོ་དྲག་མོས་ཁྱབ་པར་གྱུར་པར་རོ། །ཐོར་བུ་ནི་འབྲུམ་བུའོ། །ཟས་ཀྱི་ཆོ་ག་ཞེས་བྱ་བ་ནི་ཕན་པའི་ཟས་ཀྱི་རྣམ་པའོ། །ཐེ་ཚོམ་ཞེས་བྱ་
ནི་ སེམས་སྐྱོ་བར་རོ། །ཟིལ་གྱིས་མནན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚར་བཅད་པར ་གྱུར་པའོ། །དགའ་བར་བྱས་བ་ནི་མཆོག་ཏུ་དགའ་བ་ལ་སྦྱར་བའོ། །མགུ་བར་བྱས་པ་ཞེས་བྱ་བ་ནི་མགུ་བ་ཉིད་དུ་སྦྱར་བར་གྱུར་བའོ། །རྒྱུ་མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་འདྲེ་ལ་སོགས་པའི་ཁུ་བ་དག་ལས་སྐྱེས་པ་ཡིན་པས་ན་དེ་ནི་རྒྱུ་མཐུན་པར་སྐྱེས་པ་ཡིན་ནོ། །ཤིན་ཏུ་མི་སྡུག་པ་ཞེས་བྱ་བ་ནི་ལག་པ་དང་རྐད་པ་ལ་སོགས་པའི་གཟུགས་ངན་པའོ། །ཡུང་དང་འདྲ་བའི་འཚེར་བའི་སྐྲ་གང་ལ་ཡོད་པ་དེ་ནི་སྐྲ་སེར་བའོ། །རྩྭ་སྔོན་པོའི་ཁ་དོག་དང་འདྲ་བའི་སྐྲ་ཡོད་པས་ན་སྐྲ་སྔོན་པོའོ། །ཁང་པའི་བར་ཏེ་ཁང་པའི་བར་མཚམས་སུའོ། །གྲོང་ཁྱེར་ལས་ཕྱི་རོལ་གྱི་ཐིབས་པོ་དང་བཅས་པའི་ཕྱོགས་ནི་ནགས་སྟུག་པོའི་ཕྱོགས་སོ། །མདངས་ཀྱིས་གསོ་བ་ནི་འཚོ་བའི་ཐབས་སྦྱིན་པའོ། །གཟུགས་མི་གསལ་བ་ཞེས་བྱ་བ་ནི་སྐྱེས་པའི་ཕྱོགས་དང༌། བུད་མེད་ཀྱི་ཕྱོགས་སུ་ཡང་གསལ་བར་མ་གྱུར་པའོ། །ཉེ་བར་སྟོན་ནས་ཞེས་བྱ་བ་ནི་འདིའི་ཞེས་ཕྱོགས་སུ་གསལ་བར་རོ། །ཀུན་ནས་མཛེས་པ་ནི་དད་པ་སྐྱེད་པར་བྱེད་པ་ཡིན་པས་ན་ཀུན་ནས་མཛེས་པའོ། །ཡོངས་སུ་སྨྲ་བས་ན་སྨྲས་པའོ། །ངན་པ་ནི་སྨད་པར་བྱ་བའོ། །ནོར་ལ་སོགས་པ་གཟི་དང་བྲལ་བ་ཉིད་ཀྱི་ཕྱིར་ཐ་མའོ། །ཁྱད་པར་དུ་འཕགས་པའི་གནས་དགོད་པའི་སྒོ་ནས་གདོན་པར་དཀའ་བ་ཉིད་ཡིན་པའི་ཕྱིར་གནོད་པའོ། །སྡིག་པ་བྱེད་པ་ལས་དཀའ་བས་བཟློག་པར་བྱ་བ་ཉིད་ཡིན་པའི་ཕྱིར་གནོད་པར་གྱུར་པའོ། །བཟའ་བ་ལ་སོགས་པ་ཆུང་བ་ཉིད་ཀྱི་ཕྱིར་བཟའ་བཏུང་མི་འབྱོར་པའོ། །སྐྲ་སེར་ཞེས་བྱ་བ་ལ་སོགས་པ་ལ། གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་ཡུང་གིས་ཁ་སྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་སེར་དག་ཡིན་ནོ། །གང་དག་གི་སྐྲ་སེང་གེའི་ལྟ་བུ་ཡོད་པ་དེ་དག་ནི་སྐྲ་སེར་སྐྱའོ། །གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་རམས་ཀྱིས་ཁ་སྒྱུར་བ་ལྟ་བུ་ཡོད་པ་དེ་དག་ནི་སྐྲ་ལྗང་གུ་དག་ཡིན་ནོ། །གང་དག་གི་སྐྲ་སྐྱེས་པ་ཁོ་ན་ནས་དཀར་པོར་ཡོད་པ་དེ་དག་ནི་སྐྲ་དཀར་བ་དག་ཡིན་ཏེ། །ཕྱིས་སྐྲ་དཀར་དུ་གྱུར་པ་ཉིད་ནི་མ་ཡིན་ནོ། །གང་དག་
གི་སྐྲ་གླང་པོ་ཆེ་ལྟ་བུ་ཡོད་པ་དེ་དག་ནི་གླང་ཆེན་སྐྲ་འདྲ་དག་ཡིན་ནོ། །གང་དག་གི་མགོ་ཟངས་མའི་བུམ་པ་ལྟར་འཇམ་ཞིང་སྐྲ་མེད་པ་དེ་དག་ནི་སྐྲ་མེད་དག་ཡིན་ནོ། །གང་དག་གི་མགོ་ལ་སུལ་ཆེན་པོ་གསུམ་མམ་བཞི་ཡོད་ལ། གང་དག་གི་འབར་འབུར་དུ་མངོན་པ་དེ་དག་ནི་མགོ་འབར་འབུར་ཅན་དག་ཡིན་ནོ། །གང་དག་གི་མགོ་ལ་ལྟོས་ནས་མགོ་བོའི་ཚད་ཤིན་ཏུ་ཆེ་བར་མངོན་པའི་ཕྱིར་གླང་པོ་ཆེ་ཡིན་ནོ། །གང་དག་གི་ལུས་ཤིན་ཏུ་སྦོམ་པ་ལས་སུ་མི་རུང་བ་ནི་ཧ་ཅང་སྦོམ་པའོ། །ལུས་གླེབས་པ་འདྲ་བ་ཞེས་བྱ་བ་ནི། གང་དག་གི་ལུས་འབྲས་ཀྱི་སྲུབས་དང་འདྲ་བར་ལེབ་ལེབ་པོར་འདུག་པ་སྟེ། དཔེར་ན་འབྲས་ཀྱི་སྲུབས་གཏུན་ཤིང་གིས་བརྡུངས་པ་ན་ལེབ་ལེབ་པོར་འགྱུར་ཞིང་རྔམས་སྲབ་པ་ཉིད་དུ་གྱུར་པ་དེ་དག་ལ་སྲུབས་ལེབ་ཅེས་བརྗོད་དོ། །དེ་དང་འདྲ་བར་དེ་དག་གི་ལུས་སམ་མགོ་ཡང་དེ་དང་འདྲའོ།། གང་དག་གི་མགོ་བོང་བུ་དང་ཕག་གི་མགོ་འདྲ་བ་དེ་དག་ནི་བོང་བུ་དང་ཕག་གི་མགོ་ལྟ་བུ་ཡིན་ནོ། །གང་དག་ལ་མགོ་གཉིས་ཡོད་པ་དེ་དག་ནི་མགོ་གཉིས་པ་དག་ཡིན་ནོ། །གང་དག་ལ་དཔྲལ་བ་ཡན་ཆད་མ་ཚོགས་མ་མེད་པ་དེ་དག་ནི་མགོ་ཆུང་ཡིན་ལ། ཁ་ཅིག་ནི་མགྲིན་པ་ཡན་ཆད་མེད་དེ་བྲང་ལ་སྣ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེས་བརྗོད་དོ། །གང་དག་གི་རྣབ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་རྣ་འདྲ་དག་ཡིན་ནོ། །གང་དག་གི་རྣ་བ་རྟའི་རྣ་བ་འདྲ་བ་ཡོད་པ་དེ་དག་ནི་རྟ་རྣ་འདྲ་བ་ཡིན་ནོ། །གང་དག་གི་རྣ་བ་བ་ལང་དང་སྤྲེའུའི་འདྲ་བ་ཡོད་པ་དེ་དག་ནི་བ་ལང་རྣ་འདྲ་སྤྲེའུའི་རྣ་འདྲ་བ་དག་ཡིན་ནོ། །གང་དག་གི་རྣ་བ་བོང་བུ་དང་ཕག་འདྲ་བ་ཡོད་པ་དེ་ནི་བོང་བུ་རྣ་འདྲ་ཕག་རྣ་འདྲ་བ་དག་ཡིན་ནོ། །གང་དག་ལ་རྣ་བ་གཅིག་ཡོད་པ་དེ་དག་ནི་རྣ་བ་གཅིག་པ་དག་ཡིན་ནོ། །གང་དག་ལ་རྣ་བ་མེད་པ་དེ་དག་ནི་རྣ་མེད་དག་ཡིན་ནོ། །གང་དག་གི་མིག་ཙན་དན་དམར་པོ་ལྟར་དམར་བ་དེ་དག་ནི་མིག་དམར་བ་དག་ཡིན་ནོ། །གང་དག་གི་མིག་ཚད་ལས་ཤིན་ཏུ་འདས་ཏེ་ཚུལ་དང་མཐུན་པ་མ་ཡིན་པ་དེ་དག་ནི་ཧ་ཅང་མིག་ཆེ་བ་དག་ཡིན་ནོ། །གང་དག་གི་མིག་ཤིན་ཏུ་ཆུང་ཞིང་ཟླུམ་
པོར་ཡོད་པ་དེ་དག་ནི་མིག་ཆུང་བ་དག་ཡིན་ནོ། །ཁ་ཅིག་ནི་གང་དག་གི་མིག་ལྤགས་ཤིན་ཏུ་དམར་ལ་རྫི་མ་མེད་པར་གྱུར་པ་དེ་དག་ནི་མིག་ཚག་པ་ཞེས་བརྗོད་དོ། །གང་དག་གི་མིག་ལ་ཁ་དོག་དམར་པོ་དང་སེར་བོ་འདྲེན་མར་ཡོད་པའི་ཕྱིར་དེ་དག་གི་མིག་ནི་ཧ་ཅང་སེར་བ་དག་ཡིན་ནོ། །གང་དག་གི་མིག་ནོར་བུ་མཆིད་བུ་ལྟར་འཚེར་བ་དེ་དག་ནི་ཤེལ་མིག་དག་ཡིན་ནོ། །གང་དག་གི་མིག་ཆུའི་ཆུ་བུར་ལྟར་ཕྱི་རོལ་དུ་རློ་བར་གྱུར་པ་དེ་དག་ནི་མིག་ཆུ་བུར་ལྟ་བུ་དག་ཡིན་ནོ། །གང་དག་གི་སྐྱེས་པ་ཉིད་ནས་མིག་གཅིག་ལས་མེད་པ་དེ་དག་ནི་མིག་གཅིག་པ་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཞར་བ་ལ་སོགས་པ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་པ་ཡིན་ནོ། །གང་དག་ལ་མིག་མེད་པ་དེ་དག་ནི་མིག་མེད་པ་དག་ཡིན་ནོ། །གང་དག་ལ་སྣ་གླང་པོ་ཆེ་ལ་སོགས་པ་དང་འདྲ་བ་ཡོད་པ་དེ་དག་ནི་གླང་ཆེན་ལ་སོགས་སྣ་འདྲ་ཡིན་ནོ། །གང་དག་ལ་སྣའི་སྦུབས་གཅིག་ཡོད་པ་དེ་དག་ནི་སྣ་སྦུབས་གཅིག་པ་དག་ཡིན་ནོ། །གང་དག་ལ་ཀོས་ཀོ་གླང་པོ་ཆེའི་འདྲ་བ་ཡོད་པ་དེ་དག་ནི་གླང་ཆེན་ཀོས་འདྲ་དག་ཡིན་ཏེ། དེ་བཞིན་དུ་རྟ་ཀོས་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་རིག་པར་བྱའོ། །གང་དག་ལ་ཀོས་ཀོ་གཡས་པའམ། །གཡོན་པ་གཅིག་ཁོ་ན་ཡང་པ་དེ་དག་ནི་ཀོས་སྨྱུང་དག་ཡིན་ནོ། །གང་དག་ལ་ཀོས་ཀོ་མེད་པ་དེ་དག་ནི་ཀོས་མེད་པ་དག་ཡིན་ནོ། །གང་དག་གི་སོ་གླང་པོ་ཆེ་འདྲ་བ་དེ་དག་ནི་གླང་ཆེན་སོ་འདྲ་དག་ཡིན་ནོ། །རྟ་སོ་འདྲ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །གང་དག་གི་མགུལ་ཧ་ཅང་རིང་ཆེས་པ་དེ་དག་ནི་མགུལ་རིང་ཆེས་པའོ། །གང་དག་ལ་མགུལ་མེད་ཅིང་མགོ་ཕྲག་གོང་ལ་འབྱར་བ་དེ་དག་ནི་མཇིང་ནུབ་དག་ཡིན་ནོ། །གང་དག་གི་མིག་མགོ་པོའི་མདུན་དུ་གུག་པ་ཉིད་ཀྱི་ཕྱིར་ཕྲག་པའི་ཕྱོགས་དང་མཉམ་པར་གྱུར་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །ཡང་ན་གང་དག་གི་མིག་ཕྲག་པའི་ཕྱོགས་ཁོ་ན་ལ་ཡོད་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །མི་སྡུག་པར་རབ་ཏུ་སྒུར་བ་ནི་ཆེས་སྒུར་བ་དག་ཡིན་ནོ། །གང་དག་གི་ཕོ་མཚན་ཆད་པ་དེ་དག་ནི་ཕོ་མཚན་ཆད་པ་དག་ཡིན་ཏེ། སྐྱེས་པའི་གཅི་བ་འབྱུང་
བའི་གནས་ལ་ཕོ་མཚན་ཞེས་བྱའོ། །གང་དག་གི་རླིག་པ་རླུང་གིས་རླུགས་པར་གྱུར་པ་དེ་དག་ནི་རླིག་རླུགས་པ་དག་ཡིན་ནོ། །གང་དག་ལ་རླིག་པའི་འབྲས་བུ་གཅིག་ཁོ་ན་ཡོད་པ་དེ་དག་ནི་རླིག་གཅིག་པ་དག་ཡིན་ནོ། །གང་དག་ལ་རླིག་པ་མེད་པ་དེ་དག་ནི་རླིག་མེད་དག་ཡིན་ནོ། །ཚད་ལས་ཤིན་ཏུ་འདས་པ་དག་ཡིན་པས་ན་ཧ་ཅང་རིང་བའོ། །ཧ་ཅང་ཐུང་བ་ཤིན་ཏུ་འབོལ་བུ་ཐུང་དུ་གྱུར་པ་དག་ཡིན་ནོ། །སྐེམ་པོ་ནི་ལུས་སྐམས་པར་གྱུར་པ་དག་ཡིན་ནོ། །གང་དག་ལ་འབད་རྩོལ་ཆུང་དུས་ཀྱང་དབུགས་རྩེག་པ་ལ་སོགས་པའི་སྐྱོན་འབྱུང་བར་འགྱུར་བ་ཡོད་པ་དེ་དག་ནི་མ་འོས་པར་ངལ་སྐྱེན་པ་ཞེས་བྱའོ། །ངལ་བ་ནི་ཆད་པའི་རྣམ་གྲངས་ཉིད་ཡིན་པའི་ཕྱིར་ལས་ཅུང་ཟད་ཀྱང་བྱེད་པར་མི་བཟོད་ཅེས་བྱ་བའི་ཐ་ཚིག་གོ །ཚོ་ཆེས་པའི་ཚིལ་གྱིས་ནོན་པར་གྱུར་པ་ཉིད་ཡིན་པའི་ཕྱིར་ཧ་ཅང་སྦོམ་པོར་གྱུར་པའོ། །ཤ་མདོག་ཁ་དོག་རྣམ་བཞི་དང་ཞེས་བྱ་བ་ནི་སྔོན་པོ་དང༌། དམར་པོ་དང༌། སེར་པོ་དང༌། དཀར་པོ་དག་ཡིན་ཏེ། ཁ་དོག་གི་བྱེ་བྲག་སྨད་པར་བྱ་བ་གང་ཡིན་པ་དེ་དག་འདིར་བཀག་པ་ཡིན་གྱི། ལྷ་རྣམས་ཀྱི་གཟུགས་མཛེས་པ་ལྟ་བུ་དག་ནི་མ་ཡིན་ནོ། །གྱོལ་པོ་ནི་རྐང་པ་ཆག་པ་དག་གམ་རྐང་པ་ས་ལ་དྲུད་བ་དག་ཡིན་ནོ། །གང་དག་གི་རྐང་པ་གཉིས་ཤིན་ཏུ་མདངས་ཏེ་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ནོ། །ཡང་ན་གང་དག་གི་རྐང་པ་གཉིས་གཅིག་གི་སྟེང་དུ་གཅིག་འདོར་ཞིང་འགྲོ་བ་དེ་དག་ལ་ལུས་ཉམས་པ་དག་ཡིན་ནོ། །མཛེས་པར་བྱ་ཞེས་བྱ་བ་འདིས་ནི་ལུས་ཡོངས་སུ་དག་པར་རོ། །ཡོངས་སུ་དག་པ་ཞེས་བྱ་བ་འདིས་ནི་ལས་དག་པ་བསྟན་པ་ཡིན་ནོ། །ལུས་ཡོངས་སུ་དག་པ་དང་ལས་ཡོངས་སུ་དག་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་གཉི་ག་དག་ལ་གཉི་ག་སྦྱར་བར་བྱ་བ་ཡིན་ཏེ། ཡོངས་སུ་དག་པ་དང་མཛེས་པར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བདེན་པའི་མཚན་གང་ཡིན་པ་དེ་ནི་བདེན་པའི་མཚན་ཏེ་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ནོ་ཞེས་བྱ་བའི་དབང་
དུ་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །གཏམ་འདྲེས་པ་ནི་རྒྱུན་མི་འཆད་པར་མཛའ་བའོ། །ཕེབས་པར་སྨྲ་བ་ནི་འབྲིང་དུ་མཛའ་བའོ། །སྨོས་འདྲིན་ནི་དེ་ཡོངས་སུ་བཤེས་པར་གྱུར་བའོ། །འགྲོགས་བཤེས་ནི་ལམ་གཅིག་ཏུ་འགྲོ་བ་ལ་སོགས་པས་ཤིན་ཏུ་མཛའ་བ་སྐྱེས་པར་གྱུར་པའོ། །དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པ་ཞེས་བྱ་བའི་ཚིག་འདིས་ནི་གསལ་པོར་འགལ་བ་བརྗོད་པ་ཡིན་ཏེ། གལ་ཏེ་དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་བྱེད་པ་དེའི་ཚེ་བསྙེན་པར་རྫོགས་པ་དག་བསྙེན་པར་རྫོགས་པ་མི་སྐྱེ་ཞིང་བསྙེན་པར་རྫོགས་པར་བྱེད་པ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་གང་སྔར་འོངས་པ་ཞེས་བྱ་བ་ལ། གང་འགའ་ཞིག་སྔར་འོངས་པར་གྱུར་པ་དེས་རྙེད་པ་སྔར་བླང་བར་བྱ་བ་ཡིན་པ་ལས་ཕྱིས་བསྐོ་བར་བྱ་བ་ཡིན་ནོ། །དྲན་པ་ཉམས་པར་བྱས་པ་སྟེ། གང་དག་ལས་སུ་བྱ་བའི་དུས་སུ་དྲན་པའི་རིགས་ཅུང་ཟད་སྐྱེ་བར་མི་འགྱུར་བ་ཡིན་ནོ། །གང་དག་གིས་སྐྱེས་པར་གྱུར་ཀྱང་ཉམ་ཆུང་བར་གྱུར་པ་དེ་དག་ནི་དྲན་པ་ཞན་པ་ཡིན་ནོ། །གྲོང་ཁྱེར་ཆེན་པོ་དྲུག་ནི་འདི་ལྟ་སྟེ། གྲོང་ཁྱེར་ཙམ་པ་དང༌། གྲོང་ཁྱེར་བཱ་རཱ་ཎ་སཱི་དང༌། རྒྱལ་པོའི་ཁབ་དང༌། ཡངས་པ་ཅན་དང༌། མཉན་ཡོད་དང༌། སེར་སྐྱ་དག་ཡིན་ནོ། །སེམས་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ཡིན་པའི་ཕྱིར་བཀུར་སྟིར་བྱས་པའོ། །བླ་མར་བྱས་པ་ཞེས་བྱ་བ་ནི་ལུང་འབོགས་པའི་སྒོ་ནས་བླ་མའི་གནས་སུ་གྱུར་པ་ཡིན་ནོ། །རི་མོར་བྱས་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གནས་སུ་གཞག་པར་གྱུར་པ་ཡིན་ནོ། །མཆོད་པར་བྱས་ཞེས་བྱ་བ་ནི། ལུས་བཏུད་པས་ཕྱག་བྱས་པ་ལ་སོགས་པས་སོ། །གང་དག་གིས་ཤེ་ན། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱལ་པོ་ནི་དབང་བསྐུར་བར་གྱུར་པའོ། །གང་གི་ཚད་རྒྱལ་པོ་དང་འདྲ་བ་ཙམ་དུ་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོ་དང་འདྲ་བ་ཙམ་མོ། །རྒྱལ་པོའི་བློན་པོ་དམ་པའམ་རྒྱལ་ཚབ་ཡིན་ནོ། །ཁྱིམ་བདག་ནི་གང་ཞིག་རྟག་ཏུ་མགོན་མེད་པ་དག་
ལ་ཟས་སྦྱིན་པ་སྦྱིན་པར་བྱེད་པ་སྟེ། དཔེར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའོ། །གྲོང་རྡལ་གྱི་གཙོ་བོ་ལ་འདིར་གྲོང་རྡལ་གྱི་མི་དང༌། ལྗོངས་ཀྱི་མི་གཙོ་བོ་ལ་ལྗོངས་ཀྱི་མིར་འདོད་དོ། །བྱེ་བ་ཕྲག་བརྒྱའི་དབང་ཕྱུག་ཡིན་པས་ན་ནོར་ཅན་ནོ། །ཚོང་དཔོན་ནི་ཚོང་པའི་གཙོ་བོར་གྱུར་པའོ། །དེད་དཔོན་ནི་གང་གི་ཡུལ་ནས་ཡུལ་གཞན་དུ་དོན་མཐུན་དེད་པར་བྱེད་པའོ། །བརྙེས་པ་ཡང་བཅོམ་ལྡན་འདས་ཀྱིས་ཆོས་གོས་ལ་སོགས་པ་བརྙེས་པར་གྱུར་པའོ། །ཡུན་རིང་པོ་ཤིག་ལས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གོམས་པ་རྩོམ་པ་ལ་སོགས་པ་ནས་སོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ཅེས་བྱ་བ་ལ་རྫོགས་བྱེད་ཅེས་བྱ་བ་ནི་མིང་ཡིན་ལ། འོད་སྲུངས་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །ཀུན་དུ་རྒྱུ་ཞེས་བྱ་བ་ནི་མིང་ཡིན་ལ། གནག་ལྷས་ཀྱི་བུ་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་ཡང་མིང་ཙམ་ཡིན་ལ། སྨྲ་འདོད་ཀྱི་བུ་མོའི་བུ་ཞེས་བྱ་བ་ནི་རྒྱུད་ཡིན་ནོ། །མི་ཕམ་ཞེས་བྱ་བ་ནི་མིང་ཡིན་ལ། སྐྲའི་ལ་བའི་ཆ་ལུགས་འཛིན་པ་ཉིད་ཀྱི་ཕྱིར་སྐྲའི་ལ་བ་ཅན་ནོ། །ནོག་ཅན་ཞེས་བྱ་བ་ནི་མིང་ཡིན་ལ། ཀ་ཏྱ་ཡའི་བུ་ཞེས་བྱ་བ་ནི་རིགས་ཡིན་ནོ། །གཅེར་བུ་བ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱི་རིགས་ཅན་འགའ་ཞིག་གི་མིང་ཡིན་ལ། གཉེན་གྱི་བུ་ཞེས་བྱ་བ་ནི་རིགས་ཡིན་ནོ། །ཐམས་ཅད་མཁྱེན་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་ལོག་པའི་ང་རྒྱལ་ཡོད་པའི་ཕྱིར་བདག་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་དེ་ལྟར་རློམ་སེམས་པ་དག་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་དེ་ནས་བསོད་སྙོམས་ལ་སོགས་པ་ཚོལ་བར་བྱེད་པའི་ཕྱིར་རོ། །མིའི་ཆོས་ལས་བླ་མར་གྱུར་པ་ཞེས་བྱ་བ་ནི་མིའི་ཆོས་ཐ་མལ་པ་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་མངོན་པར་ཤེས་པ་ལ་སོགས་པ་ནི་མིའི་ཆོས་ལས་བླ་མར་གྱུར་པ་ཡིན་ནོ། །གང་ཞིག་མིའི་ཆོས་ལས་བླ་མར་གྱུར་པའི་རྒྱུ་མཚན་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེས་བདག་གིས་དགུག་པ་སྟེ། བདག་གིས་མངོན་པར་སྦྱར་བར་བྱའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་མངོན་པར་བསྒྲུབས་པའོ། །ཤེས་པ་སྨྲ་བ་ཞེས་བྱ་བ་ནི་བདག་ལ་ཤེས་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་ཡོད་དོ་ཞེས་སྨྲ་བའི་ངང་ཚུལ་ཅན་ཡིན་ནོ། །བདག་ཉིད་
སེམས་པ་ཞེས་བྱ་བ་ནི་མངོན་པའི་རྒྱལ་གྱིས་ཤེས་པ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལམ་གྱི་ཕྱེད་ཅེས་བྱ་བ་ལ་སོགས་པ་ལ་བདག་ཉིད་ཀྱིས་གཙུག་ལག་ཁང་ལས་དེ་ལམ་ཕྱེད་དུ་ཤོག་ཤིག །བདག་ཉིད་ཀྱང་རང་གི་གནས་ཁང་ལས་ལམ་ཕྱེད་དུ་མཆིའོ། །དེའི་གན་དུ་བདག་དང་དེའི་གཙུག་ལག་ཁང་དང་བདག་གི་གནས་ཁང་དུ་ཡང་མི་འོང་ངོ་ཞེས་བྱ་བའོ། །རོ་དང་འདྲ་བ་ཞེས་བྱ་བ་ལ། འཕགས་པའི་ལམ་གྱི་འཚོ་བའི་ཐབས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཡིན་པའམ། བཅོམ་ལྡན་འདས་ཀྱི་ཐད་ལས་ཁྱོད་རོ་དང་འདྲ་བ་ཡོན་ཏན་མེད་པའི་ཕྱིར་རོ་དང་འདྲ་བ་ཡིན་ནོ། །གཅིག་ཏུ་ཞེས་བྱ་བ་ནི་གཅིག་ཏུ་མངོན་པར་དད་པ་འཁྲུལ་པ་མེད་པའོ། །ཚར་གཅད་པའི་ཕྱིར་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་རོ། །ཀུན་དགའི་ཕྱིར་ཞེས་བྱ་བ་ནི་མཚོག་ཏུ་དཀའ་བ་དང་ལྡན་པར་བྱ་བར་རོ། །སྐྱེ་བོ་དམ་པ་ནི་འདིར་ཐར་པའི་ཆ་དང་མཐུན་པ་ལ་ཕན་པ་ཡོད་པ་ཡིན་པར་འདོད་དོ། །མགུ་བའི་ཕྱིར་ཞེས་བྱ་བ་ནི་ཀུན་དུ་མགུ་བ་དང་ལྡན་པར་མཛད་པར་རོ། །དགེ་བ་རྣམས་ནི་བཅབ་པར་བྱའོ་ཞེས་བྱ་བ་ལ། དགེ་བའི་ཡོན་ཏན་གྱི་རྣམ་གྲངས་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ་ཐམས་ཅད་དུ་ཡོན་ཏན་བཅབ་པར་བྱ་བ་མ་ཡིན་གྱི། གང་གི་ཕྱིར་ད་ཤ་དང་ཀ་པ་ལ་དག་གི་ལྟ་བ་རྣམ་པར་དཔྱད་པར་བྱ་བའི་ཕྱིར་ཆོ་འཕྲུལ་བསྟན་པར་བྱའོ་ཞེས་གསུངས་པ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་རྫས་སུ་གནང་བ་དང་ཉེས་པ་ཐམས་ཅད་དུ་བསྒྲག་པར་བྱ་བ་མ་ཡིན་ཏེ། འཇིག་རྟེན་མ་དད་པ་རྙེད་པར་འགྱུར་ན་མི་རུང་ངོ༌། །གང་དུ་ཡོན་ཏན་བསྒྲགས་པར་བྱས་པར་གྱུར་ན་ཕན་པ་ཆེན་པོ་འབྱུང་བར་མི་འགྱུར་བས་དེའི་ཚེ་གདོན་མི་ཟ་བར་དགེ་བ་བཅབ་པར་བྱ་བ་ཡིན་པ་དང༌། གང་གི་ཚེ་ཉེས་པ་བསྒྲགས་པ་ན་ཕ་རོལ་པོ་མ་དད་པ་སྐྱེ་བར་མི་འགྱུར་བ་དེའི་ཚེ་བསྒྲགས་པར་བྱ་བ་ཡིན་ལ། ཕ་རོལ་མ་དད་པ་སྐྱེ་བར་འགྱུར་ན་བསྒྲག་ པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྔོན་དང་ཐ་མ་མ་ཡིན་པའི་སེམས ་ཅན་ལ་ཞེས་བྱ་བ་ནི་གང་བྱང་ཆུབ་ཀྱི་སེམས་སྐྱེས་པ་དང༌། བཅོམ་ལྡན་འདས་མ་གཏོགས་པ་གཞན་འགའ་ཞིག་བསྐྱེད་པའི་ནུས་པ་མེད་པ་དེ་ལྟ་བུ་ལ་འདིར་སྔོན་དང་ཐ་མ་མ་ཡིན་པའི་སེམས་ཅན་དུ་འདོད་དོ། །དགེ་བའི་རྩ་བ་བསགས་པ་ཞེས་བྱ་བ་ནི་གང་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པ་ཡོངས་སུ་རྫོགས་པ་ཡོད་པ་དེ་ལ་
འདིར་དགེ་བའི་རྩ་བ་བསགས་པ་ཡིན་པར་འདོད་དོ། །ཇི་ལྟར་རིགས་པར་རྗེས་སུ་སྒྲུབས་ཤིག་ཅེས་བྱ་བ་ནི་ཁྱོད་ཇི་ལྟར་འདོད་པ་དེ་བཞིན་དུ་མཛེས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །སྐྲ་དཀར་དང་སྟོབས་མེད་པའི་ཕྱིར་རྒས་པ་ཡིན་ནོ། །དབང་པོ་ཡོངས་སུ་ཉམས་པའི་ཕྱིར་འཁོགས་པ་ཡིན་ནོ། །ཡན་ལག་དང་ཉིད་ལག་ཐམས་ཅད་ལྷོད་པར་གྱུར་པ་ཉིད་ཀྱི་ཕྱིར་གཏུགས་པ་ཡིན་ནོ། །འདི་ནི་དགྲ་བཅོམ་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་སྐྱེ་བོ་མང་པོ་བློ་མཐུན་པར་གྱུར་པ་ནི་དགྲ་བཅོམ་པར་བློ་མཐུན་པ་ཡིན་ནོ། །མཐུན་པར་ཚངས་པའི་རྒྱུ་མཚན་ལ་སྤྱོད་པ་ཡིན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ནོ། །ཤིན་ཏུ་མི་འཐད་པ་ནི་རིགས་པ་མ་ཡིན་པའོ། །གཡོས་ཀུན་དུ་སྤྱོད་པས་ཞེས་བྱ་བ་ནི་འདིས་བདག་ཅག་གི་བསམ་པ་ཤེས་པར་མ་གྱུར་ཅིག་ཅེས་བྱ་བའི་བཅོས་པའི་བསམ་པའོ། །ཟག་པ་ཟད་པ་མ་གཏོགས་པར་མངོན་པར་ཤེས་པ་ལྔ་གང་ལ་ཡོད་པ་དེ་ནི་མངོན་པར་ཤེས་པ་ལྡ་དང་ལྡན་པ་དག་ཡིན་ཏེ། དེ་ཡང་ལྷའི་མིག་དང༌། ལྷའི་རྣ་བ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་དག་ཡིན་ནོ། །རིའི་ཕྲག་ནི་རིའི་སྐྱབས་ཅན་ནོ། །དེ་དག་གིས་ཇི་ལྟར་ན་ཉི་མ་བདུན་གྱིས་ས་འདི་ཙམ་བསྐོར་བར་ནུས་ཤེ་ན། འདིར་ཁ་ཅིག་ནི་བདུད་ཀྱི་སྟོབས་ལ་ཞེས་རྗོད་པར་བྱེད་ལ། གཞན་དག་ནི་རྐང་མགྱོགས་ཀྱི་སྨན་གྱི་སྟོབས་ལ་ཞེས་རྗོད་པར་བྱེད་དོ། །མཛའ་བ་དང་མི་མཛའ་བ་དང་ཐ་མལ་པའི་ཞེས་བྱ་བ་ལ། འཇིག་རྟེན་པ་ཐམས་ཅད་ལ་ཕྱོགས་གསུམ་ཡོད་པ་ཡིན་ཏེ། འདི་ལྟར་མཛའ་བོའི་ཕྱོགས་དང༌། མི་མཛའ་བའི་ཕྱོགས་དང༌། ཐ་མལ་པའི་ཕྱོགས་ཞེས་བྱ་བའོ། །བདེན་པའི་ཚིག་གསོལ་ཅིག་ཅེས་བྱ་བ་ནི་བདེན་པ་སྔོན་དུ་སོང་བ་ཅན་གསོལ་བ་སྟེ་དོན་དུ་གཉེར་བར་བྱེད་པ་ཡིན་ནོ། །དབུགས་ཕྱུང་བ་ཞེས་བྱ་བ་ནི་དེ་དག་ཡིད་ཆེས་པ་སྐྱེས་པར་གྱུར་པའོ། །བདེན་པའི་ཚིག་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་སྨོས་པས་བཅད་མ་ཐག་པའི་ཚིག་དངོས་པོ་ལ་གནས་པའི་བདེན་པ་ཉིད་བསྟན་པ་ཡིན་ལ། བདེན་པའི་ཚིག་སྨོས་པས་ནི་མི་ལས་བདེན་པ་ཉིད་དུ་བསྟན་པ་ཡིན་ནོ། །གཟུགས་མེད་པ་ནི་གཟུགས་མེད་པ་གསུམ་ལས་སྐྱེས་པ་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོར་སྐྱེས་པ་ཡིན་ནོ། །འདུ་ཤེས་མེད་པ་ཞེས་བྱ་བ་ནི་འགོག་
པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་འདུ་ཤེས་ཡང་དག་པ་གསལ་བ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དོན་དམ་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཐར་པའི་ཐབས་ཁས་བླངས་པ་སྔོན་དུ་སོང་བ་ཅན་གྱི་མཐུན་པས་འདུས་པ་ནི་དགེ་འདུན་དག་ཡིན་ནོ། །འདི་ལྟར་འགའ་ཞིག་ཏུ་བློ་མི་བརྟན་པས་འདུས་པ་ནི་ཚོགས་དག་ཡིན་ནོ། །རིགས་མཐུན་པས་བསྡུས་པ་ནི་འདུས་པ་དག་ཡིན་ནོ། །མང་པོ་དག་གི་ནང་ནས་འགའ་ཞིག་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སློབ་མ་ཉིད་དུ་འདུས་པ་ནི་འཁོར་ཡིན་ནོ། །ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པའི་རང་བཞིན་ཡིན་ལ། བརྟུལ་ཞུགས་ནི་དུས་མ་ཡིན་པའི་ཟས་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་ལྡོག་པ་ཡིན་ནོ། །དེ་དག་གིས་ལུས་གདུང་བར་བྱེད་ཅིང་མེ་ལྔ་སྟེན་པ་ལ་སོགས་པ་ལུས་གདུང་བར་བྱེད་པའི་ཕྱིར་དཀའ་ཐུབ་ཡིན་ནོ། །ཚངས་པར་སྤྱོད་པ་ལ་གནས་པ་ནི་མི་ཆངས་པར་སྤྱོད་པ་འགའ་ཞིག་ལས་ལྡོག་པར་གྱུར་པའོ། །འཕགས་པ་དགྱེས་པའི་ཞེས་བྱ་བ་ནི་ཟག་པ་མེད་པའོ། །བདེན་པའི་ཚིག་གསོལ་བ་དེའི་ཡན་ལག་དང་ཉིང་ལག་ཇི་ལྟར་སྔོན་གྱི་བཞིན་དུ་གྲུབ་པར་གྱུར་ཏོ་ཞེས་བྱ་བ་དེ་ཇི་ལྟར་རིགས་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཞིག་ནས་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེ་ན། འདི་ལ་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བདེན་པའི་ཚིག་གི་སྟོབས་དང་རྒྱུ་མཐུན་པའི་འབྱུང་བ་ཆེན་པོ་བཞི་པོ་དག་གི་ལུས་ཀྱི་དབང་པོ་དེ་ཡན་ལག་དང་ཉིད་ལག་རབ་ཏུ་བསྐྱེད་པ་ཡིན་ནོ་ཞེས་བརྗོད་ལ། ཁ་ཅིག་ནི་སངས་རྒྱས་རྣམས་ཀྱི་དམིགས་པའི་ཁྱད་པར་ནི་བསམ་གྱིས་མི་ཁྱབ་པ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་བྱས་པ་འདི་ལ་ངོ་མཚར་མེད་དོ་ཞེས་རྗོད་པར་བྱེད་དོ། །ཅ་ཅོའི་སྒྲ་ནི་དགོད་པའི་རྣམ་པ་ཡིན་ཏེ། ཅ་ཅོའི་སྒྲ་དབྱུག་སྒྲ་ཞེས་བྱ་བ་སྒྲ་ཆེར་བསྒྲགས་པའོ། །འདི་ནས་ཐོས་མ་ཐག་ཏུ་བདེན་པ་མངོན་པར་རྟོགས་ནས་ཞེས་བྱ་བ་ནི་བདེན་པ་ཁོང་དུ་ཆུད་མ་ཐག་ཏུ་ཤིན་ཏུ་དབང་པོ་རྣོ་བ་ཉིད་ཀྱི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་པ་ཡིན་ནོ། །བར་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དང་ཐག་ཉེ་བར་ཀ་བ་བཞི་བསྒྲེང་སྟེ། སྟེང་བླ་རེས་ཕུབ་པ་ནི་གོས་ཀྱིས་བླ་གང་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་ལ་སོགས་
པ་ལ་གསེར་ལས་བྱས་པའི་སེང་གེའི་ཁྲི་རྡོ་རྗེ་དང༌། བཻ་ཌཱུཪྻ་དང༌། རིན་པོ་ཆེ་ལ་སོགས་པས་བརྒྱན་པ་བཤམས་སོ། །གནོད་པ་ཆུང་ངམ་ཞེས་བྱ་བ་ལ་སོགས་པ་ལ་གནོད་པ་ནི་ཕྱི་རོལ་གྱི་རྣམ་པར་འཚེ་བས་གཟིར་བ་ཡིན་ནོ། །ཁ་ན་མ་ཐོ་བ་ནི་ལུས་ལས་སྐྱེས་པའི་ནད་ཀྱིས་གཟིར་བའོ། །ཉམ་ང་བ་ནི་ཡིད་སྐྱོ་བའི་ནད་ཡིན་ནོ། །བསྐྱོད་པ་ཡང་བ་ནི་ལུས་ཀྱི་བྱ་བ་ལེ་ལོ་མེད་པ་ཉིད་ཡིན་ནོ། །འཚོ་བ་ནི་བསོད་སྙོམས་ཀྱིས་གནས་པ་ཡིན་ནོ། །སྟོབས་དང་ལྡན་པ་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད་ཡིན་ནོ། །བདེ་བ་ནི་ལུས་ཀྱི་ཡིན་ནོ། །བདེ་བ་ལ་རེག་པར་གནས་པ་ནི་མངོན་པར་དགྱེས་པ་དང་བཅས་པས་གནས་པ་ཡིན་ནོ། །གལ་ཏེ་ཇི་སྟེ་ཡང་རྣམ་པ་དེ་དག་གིས་ཁྱིམ་པ་དག་སོ་སོར་ཀུན་དགའ་བར་འགྱུར་ལ། བཅོམ་ལྡན་འདས་ཀྱང་རི་མོར་བྱས་པ་དེས་དགྱེས་པར་འགྱུར་བ་ཁོ་ན་ཡིན་ནོ། །ཡལ་ག་ནི་སྡོང་པོ་ལས་གྱེས་པ་ཡིན་ལ། ཡལ་ག་ཕྲ་མོ་ཡང་ཡལ་ག་ལས་གྱེས་པ་ཡིན་ནོ། །དེས་རྒྱས་པ་ནི་ཡངས་པར་གྱུར་པའོ། །མངོན་པར་འདུས་བྱས་པ་ཞེས་བྱ་བ་ནི་བྱས་པ་དང་བཅས་པར་རོ། །གཡོས་ཞེས་བྱ་བ་ལ་སོགས་པས་ནི་ཆུང་དུ་དང་འབྲིང་དང་ཆེན་པོར་གཡོས་བསྟན་པ་ཡིན་ནོ། །གནོད་པའི་གཏམ་ནི་ཧ་ཧའི་སྒྲ་འདོན་པའམ། སྒྲོག་པར་བྱེད་པ་ཡིན་ནོ། །འདི་ལ་ཡང་ཆུང་དུ་ལ་སོགས་པའི་དབྱེ་བ་ཤེས་པར་བྱའོ། །དྲང་སྲོང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། ཉི་མ་ཤར་མ་ཐག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕྲལ་དུ་ཤར་མ་ཐག་པ་ནི་ཉི་མ་ཤར་མ་ཐག་པ་ཡིན་ལ། དེའི་འོད་ཀྱིས་མཛེས་པའི་དཀྱིལ་འཁོར་གང་ཡིན་པ་དང༌། གསེར་བཙོ་མའི་མདོག་ནི་གསེར་བཏུལ་བ་སྟེ་དྲི་མ་མེད་པ་དེ་གཏུབས་པའི་དུམ་བུ་སྤུངས་ཤིང་ཕུང་པོར་བྱས་པ་གང་ཡིན་པ་དེ་དང་འདྲ་བར་དམར་བ་དག་ཡིན་ནོ། །མེ་ཏོག་ཀུ་རན་ད་ཀའི་ཚོགས་དང༌། ཨ་ཤོ་ཀའི་ཕུང་པོ་ལྟར་དམར་བ་ཡིན་ནོ། །ཆུ་འཛིན་ཆུ་བཅས་ཀྱི་ཟབ་པའི་སྒྲ་དང༌། རྒྱ་མཚོ་དང༌། སྟོན་ཀའི་ཁྱུ་མཆོག་དང༌། རྔ་བོ་ཆེའི་སྒྲ་ལྟར་གསུང་ཟབ་པ་ཡིན་ནོ། །ཤིན་ཏུ་གསལ་བས་ན་རྣམ་པར་གསལ་བ་ཡིན་ལ་ཐོས་ན་བདེ་བ་ནི་རྣ་བའི་རྣམ་པར་ཤེས་པ་བདེ་བསྐྱེད་པ་ཡིན་ཏེ། རྣམ་པར་གསལ་བ་དང༌། ཐོས་ན་བདེ་བ་དང༌། སྙན་
པའི་གསུང་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །འོ་མའི་མཚོ་ནི་འོ་མའི་རྒྱ་མཚོ་ཡིན་ལ། དེའི་དབུ་བ་ནི་དབུ་བའི་ཕྲེང་བ་ཡིན་ཏེ། འོ་མའི་མཚོ་དབུ་བའི་ཕྲེང་བ་དང་འདྲ་བར་དཀར་བའི་མཛོད་སྤུ་དེས་རྣམ་པར་སྤྲས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གྲངས་མེད་པ་ནི་བགྲང་བའི་ཕྱིར་མི་ནུས་པ་ཡིན་ལ། གཞན་ལ་མ་མཐོང་བའི་ཕྱིར་ངོ་མཚར་ཡིན་ཞིང་བསམ་པར་བྱ་བ་མ་ཡིན་པའི་ནུས་པ་མངའ་བའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གནས་ནི་གྲངས་མེད་པ་ལ་སོགས་པའི་ཡོན་ཏན་གྱི་རྟེན་ཡིན་ནོ། །སྲིད་པར་དགའ་བ་སྟེ་ཞེན་པ་གང་ཡིན་པ་དང༌། བདེ་བ་གང་ཡིན་པ་དང༌། གཞན་གྱིས་བཀུར་སྟི་བྱས་པ་དེ་དག་ལ་རེ་བ་སྟེ། དེ་ལ་མངོན་པར་འདོད་ཅིང་ཆགས་པ་གང་ཡིན་པ་དེ་ཉིད་དྲི་མའི་འདམ་དང་ཉེས་པ་ཡིན་ཏེ། ཉེས་པ་དེ་དང་བྲལ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔག་ཏུ་མེད་པའི་དུས་བསགས་པ་ཞེས་བྱ་བ་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་བསགས་པ་ཡིན་ནོ། །གང་ཞེ་ན། སོགས་ཞེས་བྱ་བ་སྨོས་ཏེ། ཚོགས་དེས་ཐོབ་པར་གྱུར་པའི་བླ་ན་མེད་པའི་ཡེ་ཤེས་དམ་པ་གང་ཡིན་པ་དེ་ཁོ་ན་རྒྱན་ཡིན་པ་དེའི་ཕྱིར་སྙན་པའི་རྒྱན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་དེའི་ཅོད་པན་ཏེ། ཅོད་པན་ལ་རིན་ཆེན་རྒྱན་བཏགས་པ་དེས་ཞབས་གཉིས་ལ་བྲིས་པར་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཅོད་པན་མཛེས་པར་བྱ་བའི་ཕྱིར་མཐའི་ཕྱོགས་སུ་གསེར་གྱི་ལྕུ་གུ་དང༌། རིན་པོ་ཆེ་འོད་གསལ་བ་བཏགས་པ་ནི་རིན་པོ་ཆེའི་རྒྱན་གྱི་སྒྲས་བརྗོད་པ་ཡིན་ནོ། །མཆོད་པར་འོས་པ་སྟེ། མཆོད་པར་བྱ་བ་ལྷ་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་མཆོད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་རྒྱལ་པོ་ཆེན་པོ་སྐུལ་བར་བྱེད་པ་གང་ཡིན། ཅིའི་ཕྱིར་བཅོམ་ལྡན་འདས་སྐུལ་བར་བྱེད་པ་ཞལ་གྱིས་བཞེས་པར་འགྱུར་ཞེ་ན། འདིར་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ང་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་དོན་དུ་གཉེར་བ་མ་ཡིན་གྱི། གལ་ཏེ་སྐྱེས་བུ་གཙོ་བོ་འགའ་ཞིག་སྐུལ་བར་བྱེད་པ་དེའི་ཚེ་ སེམས་ཅན་ལ་ཕན་འདོགས་པ་ཆེན་པོ་སྔོན་དུ་མཛད་ནས་ཆོ་འཕྲུལ་ཆེན་པོ་རྣམ་པར ་བསྟན་པར་བྱའོ་ཞེས་བསྟན་པ་དང༌། སྐྱེས་བུ་དམ་པ་ནི་བསྐུལ་ནས་བྱ་བ་
ཆེན་པོ་ལ་འཇུག་ པར་འགྱུར་བ་ལྟར་བཅོམ་ལྡན་འདས་སེམས ་ཅན་ཐམས་ཅད་ཀྱི་དམ་པར་གྱུར་པ་དེའི་ཕྱིར་གཞན་གྱིས་བསྐུལ་བ་ཞལ་གྱིས་བཞེས་པ་ཡིན་ནོ། །དོན་ནི་མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་རོ། །ཕན་པ་ནི་འཇིག་རྟེན་གཉིས་དང་མི་འགལ་བའི་འབྲས་བུ་འབྱོར་པར་བྱ་བའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ སེམས་རྩེ་གཅིག་པའི་མཉམ་པར ་གཞག་པ་ཐོབ་པས་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་རིག་པར་བྱའོ། །བླ་ན་མེད་པའི་ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ་ནི་ཆོ་འཕྲུལ་གང་ཞིག་དེ་བཞིན་གཤེགས་པ་མ་གཏོགས་པ་འཇིག་རྟེན་ཐམས་ཅད་ཀྱིས་བསྐྱེད་པ་ཉིད་དུ་མི་ནུས་པ་དེ་ནི་དེ་བཞིན་གཤེགས་པའི་ཐུན་མོང་མ་ཡིན་པ་ཡིན་ནོ། །ཤིང་རྟའི་འཁོར་ལོ་ཙམ་ཞེས་བྱ་བ་ལ། ཤིང་རྟའི་འཁོར་ལོ་ཙམ་གྱིས་ནི་པདྨའི་གེ་སར་བསྟན་པ་ཡིན་ནོ། །སྡོང་བུ་ཞེས་བྱ་བ་ནི་པདྨའི་ཡུ་བ་ཡིན་ནོ། །དགོངས་པའི་སེམས་ཀྱིས་ཤེས་ནས་ཞེས་བྱ་བ་ནི་དུས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྟོབས་ཀྱིས་དེ་དག་ཐམས་ཅད་ཀྱིས་དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའི་ སེམས་དང་ལྡན་པར ་གྱུར་པའོ། །སངས་རྒྱས་ཀྱི་ཚོགས་ནི་མཛེས་པའི་རྒྱུ་ཡིན་ཏེ། དཔེར་ན་རྣ་བ་ལ་མེ་ཏོག་ལ་སོགས་པའི་ཚོགས་བཏགས་པ་བདེ་བ་དང་མཛེས་པ་བསྒྲུབ་པར་བྱ་བའི་དོན་ཡིན་བ་དེ་དང་འདྲ་བར་ཕྱོགས་མཚམས་ཀྱི་སྒོ་ཐམས་ཅད་མཛེས་པ་འབྱོར་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་མཐར་ཐུག་པའི་བར་དུ་སངས་རྒྱས་ཀྱི་ཚོགས་སྤྲུལ་པ་མཛད་པ་ནི་ལྷ་དང་མི་དུ་མ་མཐོ་རིས་དང་ཐར་པ་ལ་བློ་འཛེག་པར་བྱ་བའི་ཕྱིར་རོ། །བཀའ་ལུང་སྟོན་པ་ནི་འདིར་གཞན་ལ་ཡོན་ཏན་ཁྱད་པར་ཅན་ཁོང་དུ་ཆུད་པ་བརྡ་སྤྲོད་པ་ཡིན་ནོ། །མིག་མི་འཛུམས་པ་ཞེས་བྱ་བ་ནི་འབྱེད་པ་དང་འཛུམས་པ་སྤངས་པའི་མིག་གིས་ལྟ་བར་བྱེད་པའོ། །རྒྱུན་མི་འཆད་པར་ཕྱག་འཚལ་བ་ཞེས་བྱ་བ་ནི་ལྡོག་པ་མེད་ པར་སྦྱོར་བ་ལ་བརྩོན་པ་ཡིན་ནོ། །སྒྲ་འབྱིན་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བར་འགྱུར་བའི་སེམས ་ཀྱིས་རང་གི་རིས་དང་སྐལ་བ་མཉམ་པ་ལ་རབ་ཏུ་གྲགས་པའི་ཡིད་དུ་འོང་བའི་སྒྲ་སྒྲོག་པར་བྱེད་པའོ། །མཆོད་པ་ལྷག་པར་ཞེན་པ་བྱ་བ་ནི་མཆོད་པའི་རྒྱུ་མཚན་ཡིན་
ལ། །སྤྲོ་བ་སྐྱེས་པ་ནི་ལས་སུ་བྱ་བ་ལའོ། །བསྐུལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞུག་པར་བྱ་བའི་ཕྱིར་རམ། སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་རོ། །བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་སྤྲོ་བའི་མིང་ཅན་གྱི་ཡིད་ལ་བྱེད་པའི་བྱ་བས་འབྱུང་བར་བརྩམ་པར་བྱ་བ་ཡིན་ནོ། །དབྱུང་བར་བྱ་ཞེས་བྱ་བ་ནི་སྲེད་པས་སྦྱར་བའི་ཕོངས་གཟེབ་ལས་དབྱུང་བར་གྱིས་ཤིག་པ་ཡིན་ནོ། །བྱུང་ནས་ཇི་ཞིག་བྱ་བ་ཡིན་ཞེ་ན། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ཅན་ལ་འཇུག་ཅིང་མངོན་པར་སྦྱར་བར་བྱ་བ་ཡིན་ནོ། །ཁོ་བོ་སྟེ་བདག་གི་འཆི་བའི་དགྲ་བོའི་སྡེ་གཞོམ་ཞིང་བཅོམ་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉོན་མོངས་པའི་མིང་ཅན་གྱི་ཉོན་མོངས་པའི་སྡེའི་དབང་གིས་བདག་འཆི་བདག་གི་སྡེས་ཡང་དང་ཡང་དུ་ཕམ་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་འཆི་བདག་སྡེ་ཕམ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་སྦྱོར་བར་བྱ་བ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་གང་ཞིག་རབ་ཏུ་བག་ཡོད་པ་སྟེ་བག་མེད་པ་སྤངས་པས་ཆོས་འདུལ་བ་འདི་ལ་སྤྱོད་པར་འགྱུར་བའོ། །ཆོས་ནི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། འདུལ་བ་ནི་ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་ཡིན་ནོ། །སྐྱེ་བའི་འཁོར་བ་སྟེ་རྒྱུན་སྤངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱ་བ་ཡིན་ནོ། །ཇི་སྲིད་ཉི་མ་མ་ཤར་བ་ཞེས་བྱ་བ་ནི་ཇི་སྲིད་དུ་ཉི་མ་ཤར་བར་མ་གྱུར་པར་རོ། །དེ་སྲིད་སྲིན་བུ་མེ་ཁྱེར་སྣང་ཞེས་བྱ་བ་ནི་དེ་སྲིད་དུ་ཕྱོགས་འགའ་ཞིག་གསལ་བར་བྱེད་པ་ཡིན་ནོ། །མཁའ་ལ་སྣང་བྱེད་འཆར་ན་ནི་ཞེས་བྱ་བ་ནི་གང་གི་ཚེ་ཡང་མཁའ་སྟེ་ནམ་མཁའ་ལ་སྤྲིན་ལ་སོགས་བའི་སྒྲིབ་པ་མེད་པའི་ཕྱིར་སྣང་བྱེད་ཤར་ཞིང་དེ་གནས་པར་གྱུར་པ་ན་སྲིན་བུ་མེ་ཁྱེར་སྔོན་པོ་ཉིད་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྣང་བར་བྱེད་པས་ན་སྣང་བྱེད་ཡིན་ཏེ། མཉམ་པ་དང་མི་མཉམ་པ་རབ་ཏུ་སྣང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གམ། གསལ་བར་བྱེད་པ་ཐམས་ཅད་ཟིལ་གྱིས་གནོན་པའི་སྒོ་ནས་གསལ་བར་བྱེད་པ་ཡིན་
པས་ན་སྣང་བྱེད་ཡིན་ནོ། །སྔོན་པོ་ཉིད་དུ་འགྱུར་བ་ནི་ནམ་མཁའ་ལ་འོད་ཟེར་སྟོང་དང་ལྡན་པ་ཅན་གནས་པར་གྱུར་པའི་ཚེ་སྲིན་བུ་མེ་ཁྱེར་འོད་མེད་པར་གྱུར་ཏེ། མངོན་པར་འདོད་པ་མ་ཡིན་པའི་ཁ་དོག་ཙམ་ལ་གནས་པའི་ཕྱིར་རོ། །འདིར་དེའི་རྒྱུ་ནི་གང་གི་ཕྱིར་འོད་མེད་པ་དང༌། དེའི་སྔོན་བཞིན་དུ་འབར་བ་མ་ཡིན་པས་སོ། །དཔེ་བསྟན་ནས་དེ་བསྒྲུབ་པར་བྱ་བའི་ཕྱིར་སྨྲས་པ། སྣང་བར་གྱུར་ཅེས་བྱ་བ་ནི་སྣང་བར་བྱེད་པས་ན་སྣང་བྱེད་དེ། དངོས་པོའི་རྐྱེན་ཡིན་པའི་ཕྱིར་རོ། །གྱུར་པ་ནི་རང་གི་གྲུབ་པའི་མཐའ་ཙམ་གསལ་བར་བྱས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །གང་དག་གིས་ཤེ་ན། རྫོགས་བྱེད་ལ་སོགས་པ་འཇིག་རྟེན་འདོད་གཞུང་རྟོག་པར་བྱེད་པའི་རྟོག་གེ་པ་དག་གིས་སོ། །གང་ཇི་སྲིད་ཅིག་ཏུ་ཞེ་ན། སྨྲས་པ། ཇི་སྲིད་དེ་བཞིན་གཤེགས་པ་མ་ཤར་བ་སྟེ་དུས་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་མ་གྱུར་པར་རོ། །འཇིག་རྟེན་རྫོགས་སངས་རྒྱས་ཤར་བ། །ཞེས་བྱ་བ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་གདུལ་བྱའི་འཇིག་རྟེན་གྱི་པདྨ་དང་ལྡན་པའི་ཕྱོགས་དེ་ཉིད་དྲི་མ་མེད་པར་སྣང་བའི་སྒོ་ནས་རབ་ཏུ་གསལ་བར་བྱས་པའམ། རབ་ཏུ་སད་པར་བྱས་པ་ཡིན་ནོ། །རྟོག་ཅེ་ན་ཉན་ཐོས་བཅས་མི་སྣང་ཞེས་བྱ་བ་ནི་མང་པོ་དེ་དག་ལས་འགའ་ཞིག་ཀྱང་མཛེས་པར་གྱུར་པ་མ་ཡིན་ཏེ། ཉན་ཐོས་འདི་དང་རྟོག་གེ་པ་འདིའི་ཚིག་གི་རྗེས་སུ་འབྲང་བར་འགྱུར་རོ། །དགེ་སློང་དག་མཚན་མ་ཟུང་ཤིག་ཅེས་བྱ་བ་ནི་ཡང་དང་ཡང་དུ་བསྒོམ་པར་བྱ་བའི་ཕྱིར་མཚན་མ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་བཅབ་པའི་སྤང་བ་མཛད་པའི་སྒོ་ནས་བསྐྱོད་པ་མཛད་པ་ཡིན་ནོ། །ཅང་མི་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་ཞུམ་པའི་ཕྱིར་ཅུང་ཟད་ཞིག་ཀྱང་སྨྲ་བའི་ནུས་པ་མེད་པ་དེ་བས་ན་ཅང་མི་སྨྲ་བ་ཡིན་ནོ། །ངོ་ཚ་དང་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པའི་ཕྱིར་བག་འཁུམས་པར་གྱུར་པ་ཡིན་ནོ། །ཕྲག་པ་ཕབ་པ་ཞེས་བྱ་བ་ནི་ཤིན་ཏུ་ངོ་ཚ་བས་ཕྲག་པའི་ཕྱོགས་འཕྱངས་པར་གྱུར་པ་ཡིན་ནོ། །གདོང་སྨད་པ་ཞེས་བྱ་བ་ནི་མགོ་ཐུར་དུ་བལྟས་པ་ཡིན་ནོ། །སྤོབས་པ་མེད་པ་ཞེས་བྱ་བ་ནི་ལན་ལྡོན་པ་ཙམ་གྱིས་ནུས་པ་མེད་པ་ཡིན་ནོ། །ཤིན་ཏུ་སེམས་ཤིང་ཞེས་བྱ་བ་ནི་
བྲོས་པའི་ཐབས་ སེམས་པར ་གྱུར་པ་ཡིན་ནོ། །ཀུན་དུ་བསྐྲད་པར་བྱའོ་ཞེས་བྱ་བ་ནི་ཆེར་བསྐྲད་པས་འབྱེར་བར་འགྱུར་བར་བྱ་བར་རོ། །སྐྲག་པ་ནི་རྣམ་པར་འཁྲུགས་པའི་སྒོ་ནས་འཇིགས་པར་བྱེད་པ་ཡིན་ནོ། །འདུན་ཁང་ཞེས་བྱ་བ་ནི་ཁྱིམ་པའི་ལུས་ཀྱི་ཚད་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་གྱི་འདུན་ཁང་དང་སྐྱེ་བོ་ཆེན་པོའི་ཚོགས་ཅུང་ཞིག་ཀྱང་འགྱུར་བ་མེད་པ་དེ་ལྟར་བྱིན་གྱིས་བརླབས་པ་ཡིན་ནོ། །རི་བོ་དང་ནི་ནགས་དག་དང༌། །ཞེས་བྱ་བ་ལ་སོགས་པ་ལ། སྐྱབས་ཀྱི་སྟོབས་ལས་དྲི་མ་མེད་པའི་ཡོན་ཏན་རྙེད་པར་འགྱུར་བའི་ཕྱིར་དེ་ཉིད་མང་ཞིག་ཅེས་སྨོས་པ་ཡིན་ནོ། །ཆོ་འཕྲུལ་ཆེན་པོ་བསྟན་པ་ལས་མུ་སྟེགས་བྱེད་འགའ་ཞིག་ནི་རི་བོ་དང༌། གཞན་དག་ནགས་དང༌། ཀུན་དགའ་ར་བ་དང༌། ལྷའི་ཁང་པ་དང༌། ཤིང་དྲུང་དག་ཏུ་གནས་པ་དེ་མཐོང་ནས་ཚིགས་སུ་བཅད་པ་ལྔ་པོ་དེ་དག་བྱུང་བ་ཡིན་ནོ། །མང་པོ་ནི་དུ་མ་ཡིན་ལ་སྐྱབས་སུ་སོང་བར་གྱུར་པ་ནི་རྟེན་འཛིན་པར་གྱུར་པ་ཡིན་ནོ། །རི་བོ་ནི་ཁ་བ་ཅན་ལ་སོགས་པས་འཛིན་ནོ། །ནགས་ནི་ཤིང་ཐིབས་པོ་དག་ཡིན་ནོ། །ཀུན་དགའ་ར་བ་ནི་ཁྱིམ་དང་ཉེ་བའི་ནགས་ལ་སོགས་པ་ཡིན་ནོ། །མཆོད་རྟེན་དང་ཤིང་དྲུང་ཞེས་བྱ་བ་ལ་མཆོད་རྟེན་ནི་ལྷའི་ཁང་པ་སོ་ཕག་ལ་སོགས་པ་བསགས་པ་ཉིད་ཡིན་པའི་ཕྱིར་རོ། །ཤིང་ནི་ཤིང་གི་དབྱིབས་ལ་སོགས་པ་དང་ལྡན་པའམ། སོ་ཕག་ལ་སོགས་བ་བསགས་པའི་གོང་བུའི་ཚུལ་དུ་གང་གིས་རྩ་བའི་ཕྱོགས་ཤིང་གི་དབྱིབས་སུ་ཡོད་པ་དེ་ནི་མཆོད་རྟེན་ཤིང་ཞེས་བྱ་བ་ཡིན་ནོ། །དེ་དག་ལ་སྐྱབས་སུ་འགྲོ་བ་གང་དག་ཡིན་ཞེ་ན། སྨྲས་པ། མི་དག་འཇིགས་པས་བསྡིགས་པ་སྟེ། །མུ་སྟེགས་བྱེད་ལ་སོགས་པ་འཇིགས་པས་བཅོམ་པར་གྱུར་པ་དག་ཡིན་ནོ། །དེ་དག་སྐྱབས་ཀྱི་མཆོག་མ་ཡིན་ཏེ། དེ་དག་མངོན་པར་འདོད་པའི་རི་ལ་སོགས་པ་ཉེ་བའི་རྟེན་དག་ནི་ངན་སོང་དག་ལས་སྐྱོབ་པ་ཉིད་དུ་ནུས་པ་ཉིད་མ་ཡིན་པའི་ཕྱིར་རོ། །དམ་པའི་སྐྱབས་ནི་དེ་མ་ཡིན་ཏེ། དེ་དག་གི་ཉེ་བའི་རྟེན་གྱིས་འཁོར་བ་ཡོངས་སུ་སྤོང་བ་ཉིད་དུ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར། །སྐྱབས་དེ་དག་ནི་ཐོབ་གྱུར་པས། །སྡུག་བསྔལ་ཀུན་ལས་ཐར་མི་འགྱུར། །ཞེས་བྱ་བ་དེ་དག་ནི་གསལ་བས་མ་བཤད་དོ། །དེ་ལྟར་སྐྱབས་
གང་ཡིན་ཞེ་ན། གང་གིས་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སངས་རྒྱས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་གྱི་ཕུང་པོ་ཅན་ཡིན་ནོ། །ཆོས་ནི་དོན་དམ་པའི་ཆོས་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡིན་ཏེ། དགོས་པའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དགེ་འདུན་ནི་ཉན་ཐོས་ཀྱི་རྒྱུད་ལ་གནས་པའི་འཕགས་པའི་ལམ་ཡིན་ནོ། །དེ་དག་ལས་འགའ་ཞིག་ལ་སྐྱབས་སུ་སང་ན་ཡང་གསུམ་ལ་སྐྱབས་སུ་སོང་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དང༌། སྒྲ་གསུམ་ཆར་ལ་གསུངས་པ་ཡིན་ནོ། །དེ་དག་ཕན་ཚུན་ཐ་དད་པ་ཡིན་པའི་ཕྱིར་དེ་ཙམ་གྱི་སྐབས་སུ་སོང་བ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་ནས་དད་པ་རྙེད་པ་ལས་ཡིན་ཏེ། དེ་ཡང་བདེན་པ་མཐོང་བ་ལས་འགྱུར་བའི་ཕྱིར་འཕགས་པའི་བདེན་པ་བཞི་པོ་ལ་སྨོས་པ་ཡིན་ནོ། །ཤེས་རབ་སྟེ་ཟག་པ་མེད་པའི་ཤེས་རབ་ཀྱིས་སོ། །བདེན་པའི་མིང་བརྗོད་པར་བྱ་བའི་ཕྱིར། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང༌། །ཞེས་སྨོས་པ་ཡིན་ཏེ། །ཤེས་རབ་ཀྱིས་ནི་མཐོང་གྱུར་པ། །ཞེས་བྱ་བ་རྗེས་སུ་འཇུག་པ་ཡིན་ནོ། །ཡན་ལག་བརྒྱད་ཅེས་བྱ་བ་ལ་ཡན་ལག་ནི་ཆ་ཡིན་ཏེ། ཡན་ལག་བརྒྱད་གང་ལ་ཡོད་པ་སྟེ། ཚོགས་པ་ཡན་ལག་དང་ལྡན་པ་ཡིན་ཏེ། ཡན་ལག་དྲུག་དང་ལྡན་པའི་ཕྱི་མ་ལྟ་བུའོ། །ལམ་ཇི་ལྟ་བུར་གྱུར་པ་ཤེས་རབ་ཀྱིས་མཐོང་བ་ཡིན་ཞེ་ན། སྨྲས་པ། འཇིགས་པ་མེད་པའི་གནས་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བདེ་བ་ཡིན་ནོ། །དེ་དག་ཁོ་ན་ལ་མྱ་ངན་འདས་འགྲོ་བ་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །སྔར་བཤད་པ་དེ་དག་ཁས་བླངས་པའི་ཚུལ་གྱིས་ལམ་མངོན་སུམ་དུ་བྱེད་པ་དང༌། དེ་དག་ཉིད་སྐྱབས་ཀྱི་མཆོག་ཡིན་པ་དང༌། སྐྱབས་ཀྱི་མཆོག་ཡིན་པས་དེ་དག་ལ་བརྟེན་པས། སྡུག་བསྔལ་མ་ལུས་པ་བསལ་བར་འགྱུར་བའི་ཕྱིར་རོ། །དེའི་བྱིན་གྱི་རླབས་ལས་ཞེས་བྱ་བ་ནི་ཆོ་འཕྲུལ་ཆེན་པོའི་གནས་ལས་སོ། །ཁྱད་པར་ཆེན་པོ་ཁོང་དུ་ཆུད་དེ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞིན་བལྟ་བར་བྱའོ། །འཇིག་རྟེན་འདི་རྟག་ཅེས་བྱ་བ་ནི་འཇིག་རྟེན་འགྱུར་བ་མེད་པས་རྟག་པ་ཡིན་ནོ། །མི་རྟག་པ་ཞེས་བྱ་བ་ནི་
འཕགས་པའི་ལམ་མེད་པར་རྒྱུན་ཆད་པར་གྱུར་པ་ཡིན་ནོ། །རྟག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་རྟག་པ་ཉིད་མ་ཡིན་པ་སྟེ། མུ་སྟེགས་བྱེད་ཀྱིས་ཀུན་དུ་བརྟགས་པའི་སྐྱེ་གནས་ལས་སྐྱེས་ནས་དེ་ཀུན་དུ་བརྟགས་པའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ཞིང་འཁོར་བའི་མཐར་བྱེད་པ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་མི་རྟག་པ་ཉིད་མ་ཡིན་པ་སྟེ། འཁོར་བ་ལ་ཡུན་རིང་དུ་འཁོར་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་རྟག་པ་དང་མི་རྟག་པ་ཞེས་བྱ་བ་ལ། གང་དག་གཞན་གྱིས་བཅོམ་པའི་སྒོ་ནས་འཆི་བ་མེད་པ་དེ་དག་ནི་རྟག་པ་ཉིད་ཡིན་ནོ། །གང་དག་ཡོད་པ་དེ་དག་ནི་མི་རྟག་པ་ཉིད་ཡིན་ནོ། །མཐའ་དང་ལྡན་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་ཀྱིས་ཀུན་དུ་བརྟགས་པའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ནས་འཇིག་པའི་ཕྱིར་རོ། །མཐའ་དང་མི་ལྡན་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་མང་བ་ཉིད་ཀྱི་ཕྱིར་དང༌། ཡུན་རིང་དུ་གནས་པ་ཡིན་པའི་ཕྱིར་རོ། །མཐའ་དང་ལྡན་པ་དང་མཐའ་དང་མི་ལྡན་པ་ཞེས་བྱ་བ་ནི་ཕ་རོལ་གྱིས་བཅོམ་པའི་འཆི་བ་མཐའ་དང་ལྡན་པ་ཡིན་ལ། ཕ་རོལ་གྱིས་བཅོམ་པ་འཆི་བ་མེད་པ་ནི་མཐའ་དང་མི་ལྡན་པ་ཡིན་ནོ། །མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། གཅིག་ཏུ་མཐའ་དང་ལྡན་པ་མ་ཡིན་བ་སྟེ། འཁོར་བའི་དུས་རིང་བ་ཉིད་ཀྱི་ཕྱིར་རོ། །མཐའ་དང་མི་ལྡན་པ་ཡང་མ་ཡིན་ཏེ། གདོན་མི་ཟ་བར་ཆད་པའི་ཕྱིར་རོ། །སྲོག་གང་ཡིན་པ་དེ་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ནི་འདིར་བདག་ལ་འདོད་པ་ཡིན་ནོ། །བདག་འདིར་ཞེས་བྱ་བ་ལ་སོགས་ལ། བདག་ཀྱང་བདག་ཉིད་དུ་འདོད་པ་ཡིན་ནོ། །ཡོད་ཅེས་བྱ་བ་ནི་དུས་ཅུང་ཞིག་གནས་པ་ཡིན་པའི་ཕྱིར་རོ། །མེད་ཅེས་བྱ་བ་ནི་དུས་ཅུང་ཟད་གནས་ནས་ཡང་མེད་པ་ཡིན་ནོ། །ཡོད་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་ནི་གཅིག་ཏུ་ཡོད་པ་མ་ཡིན་ཏེ་ཆང་པ་ཡིན་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། གཅིག་ཏུ་མེད་པ་ཡིན་པས་ན་གནས་སྐབས་གཞན་ངག་ཀྱང་སྲིད་པ་ཡིན་པའི་ཕྱིར་རོ། །འདི་ཉིད་བདེན་གྱི་ཞེས་བྱ་བ་ནི་དོན་དམ་པར་རོ། །གཞན་ནི་གཏི་མུག་གོ་ཞེས་བྱ་བ་ནི་གཞན་གྱི་གཞུང་བརྫུན་པའོ། །དྲག་ཏུ་སོང་ངོ་ཞེས་བྱ་བ་ནི་མགྱོགས་པར་སོང་བ་ཡིན་ནོ། །རྭ་ལས་གྱུར་
པའི་དྲེགས་པ་ནི་རྭའི་དྲེགས་པ་ཡིན་ཏེ། རྭའི་དྲེགས་པ་ཆགས་པ་གང་ལ་ཡོད་པ་དེ་ནི་རྭའི་དྲེགས་པ་ཆགས་པ་འདྲ་བ་སྟེ། ཁྱོད་དེ་དང་འདྲ་བར་རོ། །སྐྱེ་བོ་བསེང་བསེང་པོར་ཞེས་བྱ་བ་ནི་གཟི་དང་བྲལ་ཞིང་མདངས་མེད་པར་གྱུར་པའོ། །ཤཱཀྱ་ནི་བཅོམ་ལྡན་འདས་ཡིན་ལ། དེའི་ཆོས་ནི་བསྟན་པའི་ཆོས་སམ། དམ་པའི་ཆོས་དེ་མ་ཤེས་པས་སོ། །ངོ་ཚ་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེ་མེད་པ་གང་ཡིན་པ་དེ་ནི་འཛེམ་མེད་ཡིན་ནོ། །ཀྱེ་འཛེམ་མེད་བོང་བུ་བཞིན་དུ་ཞེས་བྱ་བ་ནི་བོང་བུ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་འཁྱམ་པ་སྟེ་རྒྱུ་བར་གྱུར་པ་ཡིན་ནོ། །བདག་གི་མདུན་འདུག་ཁྱོད་ནི་བདུད་དུ་ངེས། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་བདག་གི་མདུན་དུ་འདུག་པའི་འཆི་བདག་ངེས་པར་ཏེ་གདོན་མི་ཟ་བར་ལྷག་མའི་དེ་མ་ཐག་ཏུ་གྱུར་པ་ཡིན་པས་ན་ཁོ་བོ་འཆི་བའི་ཕྱིར་ཡང་དག་པར་གནས་པར་གྱུར་པ་ཡིན་ནོ། །མཐུ་ནི་ལུས་ཀྱི་སྟོབས་ཡིན་ལ། བརྩོན་པ་ནི་སྤྲོ་བ་ཡིན་ནོ། །དངོས་པོ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ། འགའ་ཞིག་འདུས་བྱས་ཀྱི་དངོས་པོར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཉིད་སྐྱིད་སྡུག་གི་སྐལ་བ་ཅན་ཡིན་ལ། བདག་གིས་ཀྱང་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ནས། ད་ནི་སྡུག་བསྔལ་ལས་བདག་གྲོལ་བ་ཡིན་ནོ། །བདེ་བའི་ཕྱིར་ནི་ཐར་པའི་ཕྱིར་འགྲོ་བ་ཡིན་ནོ། །གཟིར་ཏེ་འོད་ཟེར་རབ་ཏུ་ཚ་བས་སོ། །དེ་གང་གི་འོད་ཟེར་ཡིན་ཞེ་ན། ཉི་མ་ཞེས་སྨོས་པ་ཡིན་ནོ། །མི་སྲུན་པ་ནི་སེམས་རབ་ཏུ་རྩུབ་པ་ཡིན་ལ་དེ་སྤངས་པ་སྟེ་ཡོངས་སུ་བཏང་ནས་རྫིང་བུ་དེ་དག་ན་ཡོད་པ་དེ་མྱུར་དུ་སྟོན་ཅིག་ཅེས་བྱ་བ་ཡིན་ནོ། །ཆུ་གཙང་བ་ནི་ཆུ་ཡོངས་སུ་དག་པ་ཡིན་ལ། བསིལ་བ་ཉིད་ཀྱི་ཕྱིར་གངས་ཀྱི་ཆུ་ལྟ་བུའོ། །ཆུ་ལ་གནས་པ་ནི་ངང་པ་ཡིན་ལ། པདྨ་ནི་མེ་ཏོག་ཡིན་ཏེ། པདྨ་དང་ལྡན་པ་ནི་པདྨ་ཅན་ཡིན་ནོ། །རབ་ཏུ་གཙང་བ་ནི་ཤིན་ཏུ་གཙང་བའོ། །ཀྱེ་སྐྱེས་བུ་ཐ་མ། ཀྱེ་སྐྱེས་བུ་སྡིག་ཅན། ཀྱེ་སྐྱེས་བུ་བདེན་པ་མེད་པས་སོ། །མ་ནིང་ཉིད་ཡིན་པའི་ཕྱིར་ཕོ་མིན་པ་ཡིན་ལ། སྐྱེས་པའི་གཟུགས་ཡོད་པ་ཉིད་ཀྱི་ཕྱིར་སྐྱེས་པའི་ཆུང་མ་མིན་པ་ཡིན་ནོ། །རྣམ་པ་སྣ་ཚོགས་སུ་སྟོན་པ་ཞེས་བྱ་བ་ནི་ཕན་ཚུན་འགལ་བར་ལུང་འབོགས་པའི་ཕྱིར་རོ། །ཆོས་ཀྱི་གོས་ཀྱིས་གཡོགས་པ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་
རང་བཞིན་ཅན་གྱི་གོས་ཀྱིས་གཡོགས་པར་གྱུར་པའོ། །གཟར་བུ་གཅིག་གིས་ཟས་ཡོངས་སུ་ལོངས་སྤྱོད་པའི་བརྟུལ་ཞུགས་ཡོད་པ་ཉིད་ཀྱི་ཕྱིར་གཟར་བུའི་ཟས་ཀྱི་བརྟུལ་ཞུགས་ཅན་ཞེས་བྱ་བའམ་བསོད་སྙོམས་ལ་ཞུགས་ནས་ཇི་ལ་བ་བཞིན་དུ་རྙེད་པའི་བསོད་སྙོམས་སྦྱིན་བདག་མངོན་སུམ་དུ་སོང་བཞིན་དུ་ལག་པ་ཁོ་ན་ཟ་བར་བྱེད་པའི་ཕྱིར་གཟར་བུ་ཟས་ཀྱི་བརྟུལ་ཞུགས་ཅན་ཡིན་ནོ། །ངན་སོང་ཞེས་བྱ་བ་ནི་སྤྱིར་རིམ་པ་བཞིན་ངན་འགྲོ་གསུམ་དུ་ངེས་པ་ཡིན་ནོ། །ད་ལྟར་ནི་དམྱལ་བ་ པར་ངེས་པ་ཉིད་ཡིན་པའི་ཕྱིར་སེམས ་ཅན་དམྱལ་བ་པ་ཡིན་ནོ། །རྒྱུ་བར་བྱད་པས་ན་འགྲོ་བ་སྟེ། འགྲོ་བར་བྱེད་པ་ཡིན་ལ། བསོད་སྙོམས་ལ་ལག་པ་འཕྱང་བ་སྟེ། ལག་པ་བརྐྱང་བས་འགྲོ་བར་བྱེད་པས་ན་ལག་པ་འཕྱང་ཞིང་འགྲོ་བ་ཅན་ཡིན་ནོ། །རྐང་ལག་སྐྱ་བོར་གྱུར་པས་ཉེ་བར་མཚོན་པས་ཆུ་ཡིས་གཡེངས་པར་གྱུར་པ་ཡིན་ནོ། །དེ་ནི་ཆོས་སྤྱོད་ཅེས་བྱ་བ་ནི་ཆོས་བྱེད་པའོ། །འདིས་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ་སྐྱེས་པའི་དབང་པོ་ཡིན་ལ། མཚན་དེའི་མཚན་ཉིད་ཀུན་ནས་སྐྱས་པ་ཡིན་ཏེ། དེ་སྐྱེས་པ་གང་ལ་ཡོད་པ་དེ་ནི་སྐྱེས་པའི་མཚན་གྱི་མཆན་ཉིད་ཅན་ཡིན་ནོ། །གནས་སྐབས་ནི་འདི་སྐྱེས་བུའི་དབང་པོ་བྱིན་གྱིས་བརླབས་པ་ལ་བྱའོ། །མདེའུ་སྤུ་གྲིའི་ཁའི་རྣམ་པ་ཅན་ཡངས་པ་ཅན་གྱིས་མདའི་རྣམ་པ་ནི་མདའི་སྟེ་བུ་ཁ་ཡིན་ནོ། །བཅད་པ་ནི་དུམ་བུར་བྱས་པ་ཡིན་ནོ། །འདི་ཉིད་ཁོ་ན་བདེན་པ་སྟེ། གང་སྔར་ཤི་བར་གྱུར་པ་དེ་ཁོ་ན་ཉིད་དོ་ཞེས་རིག་ནས་དེ་དག་ཀྱང་དེ་བཞིན་དུ་དུས་ལས་འདས་པར་གྱུར་པ་ཡིན་ནོ། །མིའི་ཆོས་ལས་བླ་མར་གྱུར་པའི་ཡུལ་ལ་མུ་སྟེགས་ཅན་དག་གིས་འགྲེན་པ་སྟེ་རྩོད་པར་གྱུར་པ་ལས་སོ། །མུ་སྟེགས་ཅན་ཐམས་ཅད་བཅོམ་པར་བྱས་ཞེས་བྱ་བ་ནི་བརྩོན་པ་བཅོམ་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་ཕམ་པར་བྱས་ཞེས་བྱ་བ་ནི་ཕ་རོལ་གནོན་པ་བཤིག་པ་ཡིན་པའི་ཕྱིར་རོ། །རྒྱབ་ཀྱིས་ཕྱོགས་པར་བྱས་ཞེས་བྱ་བ་ནི་རབ་ཏུ་བྲོས་པར་བྱེད་པ་ལ་གཞོལ་བར་བསྒྲུབས་པ་ཡིན་ནོ། །སྤ་གོང་བར་གྱུར་པ་ཞེས་བྱ་བ་ནི་ལན་གླན་པ་མེད་པར་བྱས་པར་གྱུར་པ་ཡིན་ནོ། །བསོད་སྙོམས་བདེ་བར་རྙེད་པ་ནི་ལོག་ལེགས་པ་ཡིན་ནོ། །ངེས་པར་སྐྱེས་པ་ཞེས་བྱ་བ་ནི་ལེགས་པར་བྱང་བར་སྐྱེས་པ་ཡིན་ནོ། །བྱ་བ་ཐམས་ཅད་ལ་སྤྲོ་བ་དང་བཅས་
པ་ཉིད་ཀྱི་ཕྱིར་དཔའ་བོ་ཡིན་ནོ། །བདག་བཅོམ་པ་མེད་པར་བྱ་བ་ལ་འཇུག་པ་ནི་རྟུལ་ཕོད་པ་ཡིན་ནོ། །དྲག་པ་ཉིད་ཀྱི་ཕྱིར་གཏུམ་པ་ཡིན་ལ། བྱ་བ་བྱེད་པར་ནུས་པ་ཉིད་ཀྱི་ཕྱིར་རྣམ་པར་གནོན་པ་དང་ལྡན་པར་གྱུར་པ་ཡིན་ནོ། །མི་དགེས་པ་ཞེས་བྱ་བ་ནི་ཀྱེ་མའོ་རྒྱལ་མོ་འདི་བཀའ་སྒྲུབ་པར་བྱེད་དམ་ཞེས་དེ་སྙམ་དུ་མི་དགྱེས་པར་གྱུར་པའོ། །གདུངས་པར་གྱུར་པ་ནི་དེའི་རྒྱུ་མཚན་གྱིས་གདུང་བ་ཉམས་སུ་མྱོང་བར་གྱུར་པའོ། །དེས་སྨྲས་པ། ཕྱིན་ཅི་ལོག་ཏུ་བཟུང་བའི་ཕྱིར་མི་ཉན་པ་ཡིན་ནོ། །ཆུང་བ་ཞེས་བྱ་བ་ནི་འདི་ནུས་པ་ཆུང་བའམ་བློ་ཆུང་བར་གྱུར་པའོ། །མ་བརྙོངས་ཤིག་ཅེས་བྱ་བ་ནི་ཡིད་ཆེས་པར་རམ། ལས་སུ་བྱ་བ་མེད་པར་རོ། །བུ་མོ་ལས་སྐྱེས་པའི་བུ་ནི་བུ་མོའི་བུའོ། །སྒྲིན་པ་ནི་སྐྱེས་བུ་ཐམས་ཅད་ཀྱི་གནས་སྟོན་པ་ལ་མཁས་པ་ཉིད་དོ། །རྩོམ་པ་དང་ལྡན་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་མཁོ་བའམ། ཡོན་ཏན་དག་ལ་འབད་པ་དང་ལྡན་པའོ། །མཐུན་པར་སྐྱེས་པ་ཞེས་བྱ་བ་ནི་བདག་གི་བྱ་བ་དང་ངོ༌། །ཡང་ན་མཐུན་པར་སྐྱེས་པ་ནི་མཛེས་པར་གྱུར་པ་ཡིན་ནོ། །མོ་གཤམ་ནི་འདིར་སྐྱེ་བའི་ཆོས་ཅན་མེད་པ་ཡིན་ནོ། །བསྐུ་མཉེ་ནི་བསྐུ་བྱུག་ལ་སོགས་པ་བྱས་པ་ཡིན་ནོ། །འཇིགས་པ་ནི་དོན་མེད་ པར་འགྱུར་བའི་དོགས་པ་སྐྱེས་པ་ཡིན་ནོ། །སྐྲག་པ་ནི་ཆོས་སྡངས་པ་དང་ལྡན་པ་ཡིན་ནོ། །སེམས ་མི་དགའ་བ་ནི་སྐྱོ་བ་དང་བཅས་པ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་མངོན་པར་འདོད་པར་བྱ་བར་རོ། །བསྔགས་པ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པ་མངོན་པར་འདོད་པའོ། །སྡུག་བསྔལ་བཞིན་དུ་སྨྲེ་བ་ཞེས་བྱ་བ་ནི་རང་གི་ སེམས་ཀྱི་སྐྱོ་བ་སྒྲོགས་པར ་བྱེད་པ་ཡིན་ནོ། །བརྒྱལ་བ་ནི་ཁྱབ་པར་གྱུར་པའོ། །འདི་ལ་ཉལ་བས་ན་མལ་སྟན་ཡིན་ལ། སྐྱེས་བུ་ཆེན་པོ་འོས་པ་ཡིན་པས་ན་ཆེན་པོ་ལ་འོས་པའོ། །རྩྭའི་རྣམ་པ་ལས་བྱས་པའི་གོས་ནི་དུ་གུ་ལའི་གོས་ཡིན་ཏེ། གཙང་བ་ངང་ཡང་བ་བགོས་ན་རང་གི་འདོད་པའི་ལྷ་མཆོད་པ་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱིར་དེ་ཡང་མལ་གྱི་གམ་དུ་གཞག་པར་འོས་པ་རིགས་པ་ཡིན་གྱི། ཆེན་པོ་ལ་འོས་པ་ནི་མ་ཡིན་ནོ། །བཏིང་བས་ཉེ་བར་མཛེས་པ་ཞེས་བྱ་བ་ནི་ཆེན་པོ་ལ་འོས་པའི་གོས་རྣམ་པ་སྣ་ཚོགས་ཀྱིས་གཡོགས་པར་གྱུར་པས་སོ། །གོས་གཅིག་པར་ཞེས་བྱ་བ་ནི་ས་
ཕྱོགས་གོས་ཀྱིས་ཆོད་པར་རོ། །མདངས་ཅན་ཞེས་བྱ་བ་ལ། མདངས་ནི་འདིར་དྲེགས་པའི་རྣམ་གྲངས་ཡིན་ཏེ། དྲེགས་པ་དང་བཅས་པའི་ལུས་ཀྱིས་ཞེས་བྱ་བའི་བར་དུའོ། །ཐེག་པ་ནི་ཤིང་རྟ་དང་ཁྱོགས་ལ་སོགས་པ་ཡིན་ནོ། །བཞོན་པ་ནི་གླང་པོ་ཆེ་ལ་སོགས་པ་ཡིན་ནོ། །རྒྱལ་པོ་བཞིན་དུ་ཞེས་བྱ་བ་ནི་རྒྱལ་པོ་ལ་རུང་བ་ཡིན་ནོ། །འཇིག་རྟེན་ཐོབ་ནས་ཞེས་བྱ་བ་ནི་ཁྱེད་ཀྱིས་འཇིག་རྟེན་ཐོབ་པ་སྟེ་གྲུབ་པ་དེའི་ཚེ་སྐྱེ་དགུ་མང་པོ་སྐྱེ་བོའི་ཚོགས་ཀྱིས་ཐལ་མོ་སྦྱར་ནས་མཆོད་པ་ཡིན་ནོ། །ཁྱད་པར་གྱུར་པ་གང་དག་གིས་ཤེ་ན། རྔ་སྒྲ་དྲག་པོ་དང༌། གླུ་དབྱངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མིའི་དབང་པོའི་དབང་གི་རྗེས་འགྲོ་བ། །ཞེས་བྱ་བ་ནི་རྒྱལ་རིགས་ཀྱིས་དབང་དེས་ཐོབ་པའི་མཚན་ཉིད་འདི་ཡིན་ཏེ། འདི་ལྟར་བདེ་བར་གྱུར་པ་དེས་དགའ་བར་མི་བྱ་བ་དང༌། སྡུག་བསྔལ་ལ་ནད་དུ་སེམས་པས་གདུང་བར་མི་བྱ་བ་ཡིན་ནོ། །བརྟན་པ་ཞེས་བྱ་བ་ལ་སོགས་པ་ལ། རུས་པ་དང་ཚིགས་ལེགས་པར་འབྲེལ་པས་རྗེས་སུ་ཞུགས་པའི་ཕྱིར་བརྟན་པ་ཡིན་ནོ། །ཕ་རོལ་པོ་ལ་ཆེར་བསྣུན་པ་ཉིད་ཀྱི་ཕྱིར་མ་ཁྲང་བ་ཡིན་ནོ། །ཤ་ཀུན་ནས་བསགས་པ་ཉིད་ཀྱི་ཕྱིར་ལེགས་པར་འབྲེལ་བ་ཡིན་ནོ། །འདི་ལྟ་བུ་སུ་ཞིག་ཅེས་བྱ་བ་ནི་བཟང་པོ་འགའ་ཞིག་ཅེས་བྱའོ། །དགའ་བའི་གཏམ་ཞེས་བྱ་བ་ནི་ཕན་པ་དང་བདེ་བའི་ཚིག་ཤེས་པར་བྱེད་པའོ། །ལྗོངས་ཀྱི་ཕྱོགས་གཅིག་ནི་ཡུལ་ཡིན་ནོ། །རོ་སྟོང་སེང་གེ་ལྟ་བུ་ཞེས་བྱ་བ་ནི་ལུས་ཀྱི་སྟོད་ཀྱི་ཆ་སེང་གེ་ལྟར་ཡངས་པར་གྱུར་པ་ཡིན་ནོ། །སྐད་གདངས་མཐོན་པོས་དུ་བ་ནི་རབ་ཏུ་ངུ་བ་ཡིན་ནོ། །དུ་བ་ནི་སྐད་གདངས་དམའ་བ་ཡིན་ནོ། །དེའི་ཡོན་ཏན་བརྗོད་པའི་ངག་གི་བརྗོད་པ་ནི་སྨྲེ་སྔགས་འདོན་པ་ཡིན་ནོ། །རྫེའུ་ནི་ཕྲུ་བ་ཡིན་ནོ། །ཐབས་གཞན་ཞིག་གིས་ཞེས་བྱ་བ་ནི་གཡོ་གཞན་ཞིག་གིས་སོ། །གང་ཞིག་མགོ་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་རྒྱལ་པོར་འགྱུར་རོ་ཞེས་སྨྲ་ན། དེས་མགོ་ཟོས་པ་ལས་རྒྱལ་པོར་འགྱུར་བ་ཡིན་ནམ། འོན་ཏེ་རང་གི་བསོད་ནམས་ཀྱིས་འགྱུར་ཞེ་ན། སྨྲས་པ། རང་གི་བསོད་ནམས་ཀྱིས་འགྱུར་བ་ཡིན་ཏེ། མགོ་ཟ་བ་ནི་རྒྱལ་སྲིད་ཐོབ་པའི་རྒྱུ་མཚན་ཙམ་མམ། ལྷན་ཅིག་བྱེད་པའི་རྐྱེན་དུ་སྨྲས་པ་ཡིན་ནོ། །འཇམ་བོའི་ཚིག་
གིས་ཞེས་བྱ་བ་ནི་མཉེན་པར་གྱུར་པས་སོ། །ཚུལ་ནི་ལུས་ཀྱི་འགྱུར་བ་ཡིན་ལ། ཟུར་ནི་ངག་གི་རྣམ་པར་འགྱུར་བ་ཡིན་ནོ། །བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་གཅོད་པར་བྱེད་པ་ནི་མཁས་པ་ཡིན་ལ། མཛངས་པ་ནི་ཀུན་དུ་སྤྱོད་པ་ལ་བྱང་བར་གྱུར་པ་ཡིན་ནོ། །དཔྱོད་པ་དང་ལྡན་པ་ནི་འབྲས་བུའི་མཐར་ཐུག་པར་དཔྱོད་པ་ལ་མཁས་པ་ཡིན་ནོ། །བསམས་ནས་ཞེས་བྱ་བ་ནི་རྩོལ་བར་བྱེད་པའམ་ཆེས་པར་གྱུར་པའོ། །ཕའི་ཕ་ནི་མེས་པོ་ཡིན་ལ། མེས་པོའི་རྒྱལ་སྲིད་ནི་མེས་པོའི་རྒྱལ་སྲིད་དོ། །སྨན་ཆེན་པོ་ཞེས་བྱ་བ་ནི་སྨན་ཐམས་ཅད་པས་ཡོན་ཏན་ཆེན་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་སྨན་ཆེན་པོ་ཞེས་བྱའོ། །ཉའི་རུས་པ་ཞེས་བྱ་བ་ནི་ཉ་ནག་པོའི་སྒལ་པའི་དུམ་བུ་ཡིན་ནོ། །རིན་ཆེན་འདྲ་བར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་རིན་པོ་ཆེ་ནི་མ་ཡིན་གྱི། འོན་ཀྱང་ཉའི་རུས་པ་བསྒྱུར་བ་ཡིན་ནོ། །བསྒྱུར་བ་ཞེས་བྱ་བ་ནི་དམར་པོར་གྱུར་པའོ། །ལས་ནི་མ་བྱས་པར་ཞེས་བྱ་བ་ལ་འགྲོ་བའི་ལས་སོ། །མིག་མི་འཛུམས་པ་ནི་ཉ་ཉིད་དོ། །བརྟག་པ་ཞེས་བྱ་བ་ནི་དཔྱད་པའོ། །རྣམ་ཐོས་བག་མེད་སྤྱོད་པ་ཡིན། །ཞེས་བྱ་བ་ལ། རིན་པོ་ཆེ་བསྡུ་བ་ལ་རྣམ་ཐོས་ཀྱི་བུ་བག་མེད་པས་གནས་པ་མ་ཡིན་པ་དེའི་ཕྱིར་རིན་པོ་ཆེ་མ་ཡིན་ནོ། །འདུག་པ་ཞེས་བྱ་བ་ནི་འཁོད་པར་གྱུར་པའོ། །བྱ་དཀར་ནི་བྱའི་རིགས་དཀར་པོའོ། །རྙེད་པར་འགྱུར་ཞེས་བྱ་བ་ནི་ཀུན་དུ་ལྟ་བ་དང༌། འཕུར་བས་གནོད་པར་འགྱུར་བའི་ཕྱིར་པདྨའི་འདབ་མ་རྙིངས་པར་གྱུར་པ་ཡིན་ནོ། །འཕུར་བ་ནི་ནམ་མཁའ་ལ་འགྲོ་བར་གྱུར་པའོ། །ཁར་བའི་སྣོད་ནི་ཁར་པ་ལས་བྱས་པའི་སྣོད་ཆེན་པོའོ། །བུམ་པ་ནི་མིང་རབ་ཏུ་གྲགས་པ་ཡིན་ནོ། །བྱེའུ་ནི་བྱའི་བྱེ་བྲག་ཡིན་ནོ། །ལུག་ཐུག་ཅེས་བྱ་བ་ནི་རྭ་ཤིན་ཏུ་ཆེ་བའི་ལུག་ཐུག་ཡིན་ནོ། །ཀྲུང་ཀྲུང་ཞེས་བྱ་བ་ནི་ཆུ་དོགས་ནི་རྒྱུ་བ་དཀར་ལ་ཆེ་བའི་བྱའི་བྱེ་བྲག་ཡིན་ནོ། །རབ་ཏུ་སྤྱོད་པའི་ས་ནི་འདིར་བཤད་པའི་ས་ལ་འདོད་དོ། །ངན་པ་ཞེས་བྱ་བ་ནི་ཁྱོད་གཟུགས་བྱད་མཛེས་པ་ལ་སོགས་པའི་དངོས་པོར་ཡོད་ན་ཞེས་སྨོས་པ་ཡིན་ནོ། །ཁྱོད་འགྲོ་བས་དུབ་པས་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཞན་ཉིད་དུ་ཤེས་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བྲམ་ཟེ་མ་ཡིན་པས་བྱས་སོ་
ཞེས་བྱ་བ་ནི་བྲམ་ཟེ་ལ་ལེགས་པ་ནི་བྲམ་ཟེ་ཡིན་ལ། བྲམ་ཟེར་མ་གྱུར་པ་ནི་བྲམ་ཟེ་མ་ཡིན་པ་སྟེ། འདིས་ནི་བྲམ་ཟེ་དང་འགལ་བའི་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །བརྫུན་ནི་བདེན་པ་མ་ཡིན་པའོ། །ཆུང་མ་ནི་འདིར་མི་སྐོར་བྱས་པ་ཡིན་ནོ། །བརྟག་པའི་ཕྱིར་ཞེས་བྱ་བ་ནི་དཔྱད་པར་བྱ་བའི་ཕྱིར་རོ། །ནན་གྱིས་ཞེས་བྱ་བ་ནི་སྟོབས་ཀྱིས་སོ། །ལྟད་མོ་ནི་མཐོང་བ་ཉིད་དུ་མངོན་པར་འདོད་པའོ། །ཨརྒ་ནི་ཆུའི་ནང་དུ་འབྲས་དཀར་པོ་བཅུག་པ་རྐང་པའི་འོག་ཏུ་འཇོག་པའི་སྒོ་ནས་མཆོད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །རྐང་པའི་མཆོད་པ་ནི་རྐང་པ་ལ་འོས་པའི་མཆོད་པའོ། །ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ནི་འདི་བདག་ལ་ཕན་འདོགས་པར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །རྐུན་པོ་ལྔ་བརྒྱ་སའི་དོང་དུ་བཅུག་པས་སོ་ཞེས་བྱ་བ་ནི་སའི་ཐབས་སུ་བཅུག་པར་གྱུར་པས་སོ། །མཐོང་ནས་ཞེས་བྱ་བ་ནི་རྐུན་པོའི་མངོན་སུམ་དུ་གྱུར་པ་ཡིན་ནོ། །མཐོང་པར་འདོད་དེ་ཞེས་བྱ་བ་ནི་ཇི་ལྟར་ཀྱང་རུང་སྟེ། བདག་གི་དོན་བསྒྲུབ་པར་ནུས་པར་གྱུར་རོ་ཞེས་ངག་སྒྲུབ་པར་བྱེད་པའི་ཡུལ་ལ་འདོད་པ་ཡིན་པར་རིག་པར་བྱའོ། །བློ་རྩིང་ལ་ཞེས་བྱ་བ་ནི་བློ་དམན་པ་ཡིན་ནོ། །སྤྱོད་པ་ནི་གསལ་བ་ཞེས་བྱ་བ་ནི་ཡོངས་སུ་གཅོད་པར་བྱེད་པ་བུལ་པ་ཡིན་ནོ། །ཐེམ་པ་ནི་འདིར་སྒོ་གཏན་ཡིན་པར་ཤེས་པར་བྱའོ། །པགས་པ་ལས་བྱས་པ་བཅུག་པ་དུ་མ་ཅན་བཙག་པའི་ཐབས་སུ་གྱུར་པ་ནི་ཀོ་ཚགས་ཡིན་ནོ། །རྟོགས་པ་ནི་ཕྱོགས་གཅིག་ཁོང་དུ་ཆུད་པས་དོན་མང་པོ་རྟོགས་པར་ནུས་པ་ཡིན་ལ། སེལ་བ་ནི་དོན་དེ་དག་ཁོ་ན་ཡོངས་སུ་གཅོད་པར་བྱེད་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ནི་ཚུལ་དང་ལྡན་པ་ཡིན་ནོ། །དུལ་བར་གྱུར་པ་ནི་ཆོ་ག་དང་ལྡན་པ་ཡིན་ནོ། །གང་ན་འབྲས་བུ་ཅན་གྱི་ཤིང་ཡོད་པ་དེ་ནི་སྐྱེད་མོས་ཚལ་ཡིན་ལ། ནགས་ནི་འབྲས་བུ་མེད་པའི་ཤིང་གི་ཚོགས་ཡིན་ནོ། །ཤིན་ཏུ་གཞོན་ནུར་གྱུར་པ་ཞེས་བྱ་བ་ནི་ལེགས་པར་ཤིན་ཏུ་གཞོན་ནུར་གྱུར་པ་སྟེ། སྨེས་ཀྱི་ཀུན་ནས་སློང་བའམ་ལུང་འབོགས་པ་ཉིད་ལའོ། །བླུན་ཏེ་ཞེས་བྱ་བ་ནི་དམན་པར་གྱུར་པའོ། །རྒྱལ་ཆོས་བྱིན་གྱིས་བརླབས་པ་ལས་བྱུང་བ་ནི་བསྒྲུབས་པ་ཡིན་ནོ། །སྨྲ་ཞིང་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་སྒྲས་བརྗོད་པར་བྱེད་པ་ཡིན་ནོ། །ལུས་ལ་ཆད་པ་ཞེས་བྱ་བ་ནི་
བྲོས་པར་གྱུར་ན་དུས་ཕྱིས་ཁྱོད་ཀྱི་ལུས་ཐམས་ཅད་དུ་གཟུང་བར་བྱ་བའོ། །ད་ནི་དི་ལ་མི་རུང་ཞེས་བྱ་བ་ནི་སྔ་མ་དེ་དག་ཐམས་ཅད་ལ་ཐབས་ཉིད་ཡོད་ཀྱི་འདི་ལ་ནི་ཐབས་ཡོད་པ་མ་ཡིན་ནོ། །ཐག་ཉེ་བར་ཞེས་བྱ་བ་ནི་གམ་ཕྱི་དག་ཏུའོ། །རྣམ་པ་བདུན་དུ་བསྐོར་བ་བྱས་ནས་ཞེས་བྱ་བ་ནི་སོ་སོར་ཐ་དད་པར་བསྐོར་བའི་ཕྱིར་དེ་དག་རྣམ་པ་བདུན་དུ་བགོ་བ་ཡིན་ནོ། །བཙག་ལས་སོགས་པས་སྐྲའི་མཚམས་ཀྱི་གནས་བསྒྱུར་བ་དང་མར་གྱིས་བསྐུས་ནས་སོ། །ཕས་བུ་གྲགས་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་གསལ་བར་བྱེད་པ་ཡིན་ནོ། །འདིའི་བློ་མི་འཇིགས་པ་ཅན་ཞེས་བྱ་བ་ནི་འདིའི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པའོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མང་དུ་བྱས་པའི་མཁས་པའི་ལས་དག་ལ་མཁས་པར་གྱུར་པ་ཡིན་ནོ། །རིག་བྱེད་བཞི་ནི་ངེས་བརྗོད་དང༌། སྙན་དངགས་དང༌། མཆོད་སྦྱིན་དང༌། སྲིད་སྲུང་གི་རིག་བྱེད་ཡིན་ནོ། །རིག་བྱེད་ཀྱི་ཡན་ལག་དྲུག་ནི་སྐར་མའི་བསྟན་བཅོས་དང༌། བརྡ་སྤྲོད་པ་དང༌། སྡེབ་སྦྱོར་དང༌། ངེས་བརྗོད་ལ་སོགས་པ་ཡིན་ནོ། །གསེར་གྱི་དོང་ཙེ་གནའ་མ་ནི་རྙིང་པ་ཡིན་ནོ། ། སེམས་ཀྱི་དོགས་པས་ཞེས་བྱ་བ་ནི་དོགས་པས་བཅོམ་པར ་གྱུར་པའོ། །ཚེས་གྲངས་ནི་ཚེས་བརྒྱད་དང་བཅུ་བཞི་ལ་སོགས་པ་ཡིན་ནོ། །དུས་ཚིགས་ནི་ཟླ་བའི་མཐའ་འམ། ལོའི་མཐའ་འམ། ལྷ་ལ་སོགས་པའི་ཉི་མ་ཡིན་ནོ། །དགའ་སྟོན་ནི་འབའ་ཞིག་པ་ཡིན་ནོ། །ཉེ་རེག་བྱས་ཏེ་ཞེས་བྱ་བ་ནི་རིག་བྱེད་ལས་བརྗོད་པ་སྙིང་གའི་ཕྱོགས་ཁྱབ་པ་ཅན་གྱི་ཆུས་ཐ་སྙད་དུ་བྱེད་སྒྲ་དང་བྲལ་བ་ལན་གསུམ་བྱས་ནས་སོ། །བརྡའི་ཚིག་ཏུ་ཞེས་བྱ་བ་ནི་ཟོལ་པའི་ཚིག་ཏུའོ། །མགོ་རྡུལ་གྱིས་འདྲེས་པ་ཞེས་བྱ་བ་ནི་མགོ་བོ་ལ་རྡུལ་བསྐུས་ནས་སོ། །མིག་ཟུར་ནི་འདིར་སྨིན་མ་བསྐྱོད་པ་དང༌། ཟུར་མིག་ལྟ་བ་ལ་སོགས་པ་ལུས་ཀྱི་འགྱུར་བ་ཡིན་ནོ། །རྒོད་པའི་ཚིག་ནི་འདིར་འདོད་ཆགས་ཀྱིས་འཇུག་པ་ཡིན་ནོ། །ལྡན་པ་ནི་ཀུན་ནས་འབྲེལ་པའོ། །ལྷག་པར་འདྲི་བ་ནི་བསྙེན་པར་བཀུར་ཡིན་ནོ། །སྡིག་པ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི་བདག་རྐུ་བར་བྱེད་པའི་སྡིག་པ་ཞི་བར་གྱུར་པ་ཡིན་པས་ན་ཁོ་བོ་ལས་འདི་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཁྱབ་པར་གྱུར་ཅེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་ཉིད་དུ་གྲགས་
པ་སྐྱེས་ཤིང་འཕེལ་བར་གྱུར་པ་ཡིན་ནོ། །བལྟ་བའི་ཕྱིར་ཞེས་བྱ་བ་ནི་བལྟ་འདོད་པའི་ཕྱིར་རོ། །དབང་དུ་ནི་ཤིན་ཏུ་དབང་དུ་བྱེད་པའོ། །མི་མཐུན་པར་བྱོས་ཤིག་ཅེས་བྱ་བ་ནི་དྲང་པོ་མ་ཡིན་པར་གྱིས་ཤིག་པ་ཡིན་ནོ། །མི་འཇིགས་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ལ་འཇིགས་པར་མེད་པའི་ཕྱག་རྒྱ་དང༌། རྣམ་པར་འཚེ་བ་སྤངས་པའི་ཕྱག་རྒྱ་བྱིན་པ་ཡིན་ནོ། །དམན་པ་ནི་དབུལ་བ་ཡིན་ནོ། །གཏེར་ཡོད་པ་ལ་ལོངས་སྤྱོད་པ་དང་བྲལ་བ་ནི་བཀྲེན་པ་ཡིན་ནོ། །ལུས་ལ་སྙོམས་པར་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་རྗེས་སུ་མཐུན་པའི་ལོངས་སྤྱོད་དག་གིས་འཕེལ་བར་བྱས་པ་ཡིན་ནོ། །ཡིད་བརྟན་པར་བྱ་བ་ནི་ཡིད་ཆེས་པར་བྱ་བ་ཡིན་ནོ། །མཐོང་བ་ནི་རྒྱལ་པོ་དང་འགལ་བའི་ལས་སོ། །ཕ་ལ་དཔྱད་ནས་ཞེས་བྱ་བ་ནི་ལྐོག་ཏུ་སྐྱོན་པའི་སྒོ་ནས་ཉེས་པ་དང་བཅས་པར་བྱེད་པའོ། །རིགས་ངན་པ་ལས་སྐྱེས་པ་ནི་རིགས་ཆུང་བ་དང་ངན་པ་ལས་སྐྱེས་པ་ཡིན་ནོ། །ཐམས་ཅད་ལས་སྡུག་པ་ཞེས་བྱ་བ་ནི་བློན་པོ་ཐམས་ཅད་ལས་སྡུག་པའམ། རྣམ་པ་ཐམས་ཅད་དུ་སྡུག་པ་ཡིན་ནོ། །དོན་བརྟགས་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་བརྟག་པར་བྱ་བའི་ཕྱིར་རོ། །ངན་སོང་བ་ནི་མཆོག་ཏུ་བུལ་བ་ཡིན་ནོ། །གཡུང་པོ་ནི་དམངས་རིགས་ཡིན་ནོ། །ཤེས་པ་དང་ལྡན་པ་སྨོས་པས་ནི་བློ་ཕུན་སུམ་ཚོགས་པ་ཡིན་ནོ། །རྣམ་པར་ཤེས་པ་དང་ལྡན་པ་སྨོས་པས་ནི་གཙོ་བོ་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ནོ། །སའི་བདག་པོར་གྱུར་པས་ནས་བདག་ཡིན་ནོ། །རྒྱལ་སྲིད་སྨོས་པས་ནི་ཡུལ་བཟུང་བ་ཡིན་ནོ། །སྟོབས་སྨོས་པས་ནི་མཁར་དང་འགྲོགས་བཤེས་བཟུང་བ་ཡིན་ནོ། །བང་མཛོད་ནི་དཀོར་མཛོད་ཡིན་ནོ། །ཆང་བ་ནི་ནོར་ཡིན་ལ། གཙོ་བོ་ནི་རྒྱལ་པོ་བདག་ཉིད་ཁོ་ན་ཡིན་ནོ། །བློན་པོ་སྨན་ཆེན་པོ་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་རང་བཞིན་བདུན་ཡིན་ནོ། །ཆ་ལུགས་ཀྱི་རྟགས་ཡིན་ནོ། །གཡང་གཞི་ནི་རི་དགས་ཀྱི་པགས་པ་ཡིན་ནོ། །རིགས་མཐོན་པོ་ཅན་ཡིན་པས་ན་གཟུགས་བཟང་བ་ཡིན་ཏེ། རིགས་མཐོན་པོ་ཅན་དེའི་མཚན་ཉིད་དེས་མཐོན་པར་གྱུར་ནས་སོ། །གྲོང་ཐམས་ཅད་ཀྱི་ཤིང་བླངས་ནས་འཇོག་པར་བྱེད་པ་གང་ཡིན་པ་དེ་ནི་ཇི་སྲིད་དུ་གྲོང་གི་ཤིང་ལེན་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དེའི་དོན་ཡིན་ནོ། །བུ་གུ་རྣ་ཅན་ནི་འདིར་རྣ་བ་གཉིས་ལ་འདོད་པ་ལ་བཀབ་པ་ཡང་མཛེས་པའི་
ཕྱིར་ཡིན་ནོ། །གྲོང་མི་ནི་གཙོ་བོ་ཡིན་ནོ། །ཞིང་ཐོགས་ཏེ་ས་བོན་ཚོལ་དུ་སོང་ངོ་ཞེས་བྱ་བ་ལ། རང་གི་བུད་མེད་ཀྱི་དབང་པོ་བྱིན་གྱིས་བརླབས་པ་ནི་ཞིང་གི་གནས་ཡིན་ལ། སྐྱེས་བུའི་མི་གཙང་བ་ནི་ས་བོན་ཡིན་པ་དེ་བས་ན་སྐྱེས་བུ་གཞན་གྱི་ཐད་དུ་སོང་ངོ་ཞེས་བྱ་བའི་བར་དུའོ། །ཐིབས་པོ་མེད་པ་ཞེས་བྱ་བ་ནི་རྩྭ་ལ་སོགས་པ་དང་བྲལ་བར་འགྱུར་པའོ། །བདེ་བ་ཞེས་བྱ་བ་ནི་འཚེ་བ་མེད་པ་མེད་པ་ཡིན་ནོ། །ཆུའི་རྩྭ་སྲབ་མོ་གྱོན་པར་བྱེད་པ་ཉིད་ཀྱི་ཕྱིར་མ་བཀལ་ཞིང་མ་བཏགས་པ་ཡིན་ལ། རས་བལ་གྱིས་གོས་མེད་པ་ཉིད་ཀྱི་ཕྱིར་རས་བལ་མ་ཡིན་པའི་གོས་གྱོན་པ་ཡིན་ནོ། །མིག་གཡས་པ་བཙུམས་པ་ཉིད་ཀྱི་ཕྱིར་གཡོན་པའི་མིག་གཅིག་པ་ཡིན་ནོ། །གང་གིས་ཟ་བ་ཞེས་བྱ་བ་ནི་ལག་པ་གཡས་པས་ཟ་བ་དེའི་ཕྱིར་གཡས་ནས་སོང་ཤིག་ཅེས་བྱ་བ་ཡིན་ནོ། །གང་གིས་ཟ་མིན་ཞེས་བྱ་བ་ནི་གཡོན་པས་ཟ་བ་མ་ཡིན་པ་དེའི་ཕྱིར་གཡོན་པའི་ལམ་སྤང་བར་བྱ་བ་ཡིན་ནོ། །ཁམ་གྱི་ནགས་ཅན་ནི་ནས་ཀྱི་ཞིང་ཡིན་ཏེ། གང་གི་ཕྱིར་ཟས་ཀྱི་ཆང་བུ་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱིར་རོ། སཱ་ལུའི་ནགས་ནི་སཱ་ལུའི་ཞིང་ཡིན་ནོ། །ཚེ་བསྒྲུབ་པར་བྱ་བའི་དོན་དུ་ནས་དངོས་པ་ནི་ཡོས་བརྗོད་པ་ཡིན་ནོ། །པ་ལ་ཤ་ནི་ཤིང་པ་ལ་ཤ་ཡིན་ནོ། །ཁྲོས་ནས་ཞེས་བྱ་བ་ནི་ཁྲོས་པའི་ཚིག་གིས་རུང་བར་བྱས་པ་ཡིན་ནོ། །བསྙེན་པ་ནི་ཉུང་ཟད་ཀྱིས་སོ། །རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ སེམས་གཟུང་བར་བྱ་བའི་ལུས་དང་ངག་གི་འགྱུར་བ་རྗེས་སུ་མཐུན་པར ་བྱ་བ་ཡིན་ནོ། །བསྟན་བཅོས་མང་དུ་ཞེས་བྱ་བ་ནི་བསྟན་བཅོས་མང་པོ་ལ་ཟློ་སྦྱངས་པར་གྱུར་པ་ཡིན་ནོ། །བུ་མོ་བླང་བར་བྱས་སོ་ཞེས་བྱ་བ་ནི་རིག་བྱེད་ལས་ཇི་སྐད་དུ་བསྟན་པ་བཞིན་དུའོ། །བར་དུ་བཅིངས་ན་ཞེས་བྱ་བ་ནི་གཏུམས་པ་ཡིན་ནོ། །ཡིད་བརྟན་པས་ལེན་པ་ཞེས་བྱ་བ་ནི་ཡིད་བརྟན་པར་གྱུར་པས་ལེན་པ་ཡིན་ནོ། །སྦྱང་ཞེས་བྱ་བ་ནི་ནས་ལ་སོགས་པ་གཞུག་པའི་གནས་སྤོར་རུང་བ་ཡིན་ནོ། །གང་དུ་བྱ་བ་དང་བྱ་བ་ཤེས་པ་ནི་འཇོག་མཁས་པ་དག་དང་མཚུངས་པ་ཡིན་ནོ། །གྲངས་ཀྱི་ཆ་ནི་བཞི་དག་ཡིན་ཞེས་བྱ་བ་ནི་གྲངས་དག་གི་ཆ་བཞི་དག་ཡོད་པ་ཡིན་ནོ། །ཇི་སྟེ་དེའི་ཆ་གཅིག་མེད་ཅེས་བྱ་བ་ནི་ཆ་གཅིག་བྱིན་པར་མ་གྱུར་པ་ཡིན་ནོ། །ནགས་ཀྱི་སྒྲོག་ཏུ་གཞུག་པར་གྱིས་ཞེས་བྱ་བ་ནི་ཤིང་
སྐམ་པོ་ལས་བྱས་པའི་གདོས་ཀྱི་མིང་ཅན་ལ་གཞུག་པར་བྱ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བྲམ་ཟེ་དེ་གདོས་སུ་བཅུག་ནས་གྲངས་ཀྱིས་བླང་བར་བྱ་བ་ཡིན་ནོ། །གཙང་སྦྲ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་སྦྱོང་བ་ཡིན་ནོ། །ང་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། བདག་གཅིག་པུ་མ་གཏོགས་པ་ཉིད་ནི་ཐམས་ཅད་ཀྱི་མཆོག་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཉེ་བར་མ་ཆོད་པས་ཞེས་བྱ་བ་ནི་པོས་པར་གྱུར་པའོ། །བཙོང་བར་བྱ་བ་ཡིན་ཞིང་ཐ་སྙད་དུ་བྱ་བ་ཡིན་པས་ན་ཟོང་ཞེས་བྱ་བ་ཡིན་ནོ། །རིགས་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་པ་ནི་འདིར་སྐྱེས་བུའི་ སེམས་མགུ་པར ་བྱེད་པ་ལ་མཁས་པ་ཉིད་གཟུང་ངོ༌། །དུལ་བ་ནི་ལུས་ངག་གི་སྤྱོད་པ་དུལ་བ་ཡིན་ནོ། །རྒྱ་ཆེ་བ་ནི་རྒྱ་ཆེ་བ་ལ་མོས་པ་ཉིད་ཡིན་ནོ། །ནོར་བྱེད་པའི་ངང་ཚུལ་ཅན་ཉིད་ནི་མཐུན་པ་ཡིན་ནོ། །བརྩེ་བ་ནི་རྣམ་པར་བརྩེ་བ་ཡིན་ནོ། །ཁ་གསག་ཅེས་བྱ་བ་ནི་ཡལ་འཛུགས་པར་བྱེད་པས་ན་གཞན་སླུ་བར་བྱེད་པའི་ཚིག་བརྗོད་པ་ཡིན་ནོ། །བརྫུན་ནི་བརྫུན་དུ་སྨྲ་བར་བྱེད་པའོ། །སྐྱེས་བུ་མཁས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་བྱང་བ་ཡིན་ནོ། །འཕྱིས་པ་ནི་ཡུན་རིང་པོར་འགྲོ་བ་ཡིན་ནོ། །དཔྱོད་པ་ནི་རྣམ་པར་འབྱེད་པའོ། །བསླུས་ནས་ཞེས་བྱ་བ་ནི་ནོར་སྦྱིན་པའི་ཁས་བླངས་པའི་སྒོ་ནས་ཆགས་པ་བསྐྱེད་པ་སྟེ་བསླུས་པ་ཡིན་ནོ། །ནོངས་པ་ཞེས་བྱ་བ་ནི་རང་གི་གཙོ་བོ་ལ་རྒྱབ་ཀྱིས་ཕྱོགས་པ་བས་པ་ཡིན་ནོ། །ང་མི་བདེའོ་ཞེས་བྱ་བ་ནི་ང་ནའོ་ཞེས་སོ། །མཐོ་བཙམས་པར་བགྱིའོ་ཞེས་བྱ་བ་ནི་གཙོད་པར་བགྱི་བའོ། །མེ་ཏོག་ཕྲེང་གིས་ཞེས་བྱ་བ་ནི་མེ་ཏོག་གི་ཕྲེང་བས་བརྒྱན་པར་གྱུར་ནས་སོ། །ཁ་སྦུ་བྲེགས་པ་ནི་ཁ་སྤུ་བྲེགས་པ་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ལ་འཇུག་པ་ཡིན་ནོ། །གློ་བ་ལྕོགས་སོ་ཞེས་བྱ་བ་ནི་བློ་སྒྲིན་པ་ཡིན་ནོ། །ཁྱིམ་གྱི་རྒྱུད་ཅེས་བྱ་བ་ནི་གཉེན་གྱིས་འབྲེལ་པ་ཡིན་ནོ། །དྲན་པ་ནི་སྔོན་བྱས་པ་དྲན་པ་དང་བྱ་བ་དྲན་པ་ཡིན་ནོ། །ཤེས་བཞིན་ནི་ལས་སུ་བྱ་བ་ཡོངས་སུ་གཅོད་པར་བྱེད་པ་ཡིན་ནོ། མཁས་པ་ནི་འདིར་བྱ་བ་ལ་བྱང་བ་ཡིན་ནོ། །གསལ་བ་ནི་རྟོག་པ་ལ་མཁས་པ་ཡིན་ནོ། །ཡིད་གཞུངས་པ་ནི་མྱུར་དུ་ཡོངས་སུ་ཤེས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་ཅན་ནི་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ཡིན་ནོ། །བརྩོན་པ་ནི་ལེ་ལོ་མེད་པ་ཡིན་ནོ། །སྐྱེ་གནས་གཞན་དུ་འགྲོ་བར་བྱེད་པའི་རྣམ་གྲངས་ཀྱིས་
ཞེས་བྱ་བ་ལ། ཇི་ལྟར་རིག་ཕྱེད་ལས་བརྒྱུད་པས་འོངས་པའི་ཆོ་ག་ལས་སྐྱེ་གནས་གཞན་ལས་སྐྱེས་པ་ལ་སྐྱེ་གནས་གཞན་ནས་སྐྱེས་པས་མེ་སྐོར་བྱས་པ་ཡིན་པ་དེ་ལྟར་བྱས་པ་ཡིན་ནོ། །དེ་བག་མེད་པས་ལོགས་ཤིག་ཏུ་སོང་བ་ལས་ཁྲས་ཁྱེར་ཏེ་ཞེས་བྱ་བ་ནི་སྟོབས་ཀྱིས་ཁྱེར་ཞིང་ཕྲོགས་པར་གྱུར་པའོ། །ལྕགས་ཀྱི་དོག་ལེ་ནི་ཁུར་བ་ལ་སོགས་པ་འཚོད་པའི་ཐབས་སུ་གྱུར་པ་ཡིན་ནོ། །ཁུར་བ་རྣམ་པ་མང་པོ་ནི་ཁུར་བ་ཡིན་ནོ། །དྲུག་དང་སྦྱར་བ་ཞེས་བྱ་བ་ནི་དེ་དག་དུག་བསྲེས་པར་གྱུར་པ་ཡིན་ནོ། །གྲགས་ཟིན་ན་ཞེས་བྱ་བ་ནི་སྒྲ་འདི་གསལ་པོར་གྱུར་པ་ཡིན་ནོ། །ལྟོ་ཅི་ནི་རང་བཞིན་ཡོངས་སུ་བཅད་པར་དཀའ་བ་ཡིན་ནོ། །བློ་གྲོས་ངན་པ་ཞེས་བྱ་བ་ནི་བློ་གྲོས་མི་བཟང་པར་གྱུར་པ་ཡིན་ནོ། །མཐོང་བ་ནི་མིག་གིས་ཡིན་ནོ། །ཐོས་པ་ནི་རྣ་བས་ཡིན་ནོ། །ཤེས་པ་ནི་ཡིད་ཀྱིས་ཡིན་ནོ། །དོན་ཡོངས་སུ་སྒྲུབ་པ་ཞེས་བྱ་བ་ནི་འགྲོ་བའི་དོན་བསྒྲུབས་པ་ཡིན་ནོ། །བདག་ལམ་བརྙས་ཤིག་ཅེས་བྱ་བ་ནི་བདག་ལ་བརྙས་པ་མེད་པར་གྱུར་པར་ཤོག་ཤིག་ཅེས་བྱ་བ་ཡིན་ནོ། །ཡུལ་ལུས་ངན་གྱི་རྒྱལ་པོའི་ཕྱིར་ཞེས་བྱ་བ་ནི་ཡུལ་ལུས་ངན་གྱི་རྒྱལ་པོ་ཐག་ཉེ་བར་རོ། །དམག་གིས་བསྐོར་ནས་ཞེས་བྱ་བ་ནི་ཡུལ་དང་ཉེ་བར་དམག་གིས་བསྐོར་བ་ཡིན་ནོ། །འཐབ་པ་ཞེས་བྱ་བ་ནི་གཡུལ་འགྱེད་པར་མངོན་དུ་ཕྱོགས་པ་ཡིན་ནོ། །བློ་མཁས་པ་ཞེས་བྱ་བ་ནི་སྨན་ཆེན་པོའི་བློ་ཆེན་པོར་གྱུར་པས་སོ། །སྟོབས་ཐམས་ཅད་ཀྱིས་ཅིག་ཅར་ལྷགས་པ་ནི་དཔུང་གིས་ལྷགས་པར་གྱུར་པ་ཡིན་ནོ། །མངོན་པར་བསྒྲགས་པ་ནི་ཉམ་ང་བའི་གནས་སུ་བཞག་པའི་སྒོ་ནས་ཀུན་ནས་བསྒྲགས་པ་ཡིན་ནོ། །ཕན་འདོགས་པར་བྱེད་པས་ཁྲིད་ནས་ཞེས་བྱ་བ་ནི་སྨན་ཆེན་པོས་རྒྱལ་པོའི་མཛོད་དུ་འཛུད་པར་བྱེད་པ་གང་ཡིན་པ་དེ་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡིན་ཏེ་དེས་སོ། །འཁོར་བསྐྱུངས་པ་ཞེས་བྱ་བ་ནི་ཚོགས་སྤངས་པ་སྟེ། གཅིག་པུ་ཞེས་བྱ་བའི་བར་དུའོ། །ཕྱུང་ནས་ཞེས་བྱ་བ་ནི་ཐ་དད་དུ་བྱས་ནས་ཕའི་ཁྱིམ་ལས་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ཡིན་ནོ། །གྱོད་ནི་ཉེས་པ་བརྗོད་པ་སྔོན་དུ་སོང་བ་ཙམ་གྱི་འོས་སུ་སྨྲ་བ་ཡིན་ནོ། །དམ་བཅས་ཞེས་བྱ་བ་ལ་སོགས་པ་ལ། མནའ་འདོར་བ་སྔོན་དུ་སོང་བ་ཅན་གྱི་ཡིད་ཆེས་པས་བཏང་བ་ཡིན་ནོ། །གསེ་བ་ནི་ལྷའི་གཟུགས་བརྙན་
གྱི་བུ་གུ་ཡིན་ནོ། །ལྷའི་མཆོད་པ་བྱེད་པ་ནི་ལྷའི་སྲི་ཞུ་བྱེད་པ་ཡིན་ནོ། །གཏོར་མ་ནི་འདིར་ཚོན་སྣ་སོགས་སྔོན་དུ་སོང་བ་ཅན་གྱི་ལ་དུ་རྣམ་པར་སྟོབས་པ་ཡིན་ནོ། །ཁུར་བ་ལ་སོགས་པའི་ལྷ་བ་ཤོས་སྦྱིན་པ་ནི་ཟས་ཀྱིས་མཆོད་པ་ཡིན་ནོ། བྱས་པ་ཞེས་བྱ་བ་ནི་ལོ་མ་བཤུས་པ་ལྟར་གནོད་པ་ཡིན་ནོ། །ལན་དུ་བྱས་པ་ནི་འཁོར་དང་བཅས་པའི་སྐྲ་དང་ཁ་སྤུ་བྲེགས་པ་ཡིན་ནོ། །ཟས་ངན་པ་ནི་སྨད་པའི་ཟས་ཏེ་ཟས་ཤིན་ཏུ་ངན་པ་ཞེས་བྱ་བའི་ཐ་ཚིག་གོ །བདག་ལྟོགས་དྲིས་དེའུ་བཀུམ་མོ་ཞེས་བྱ་བ་ནི་ཁྱིམ་དེ་ལྟ་བུའི་ཚུལ་ཅན་གྱི་ཚིག་བརྗོད་པ་ཡིན་ནོ། །དེའི་ནུས་པ་འདི་ཡང་ཅིའི་ཕྱིར་ཞེ་ན། འདིར་བླ་མ་དག་ནི་ཁྱིམ་དེ་གཅིག་པུ་དུས་ཀྱི་མཐར་བཏགས་ནས་བཞག་པ་དང༌། ལྟོགས་ པར་གྱུར་པ་དེས་རང་གི་རིས་དང་སྐལ་པ་མཉམ་པའི་ཁོངས་སུ་གཏོགས་པའི་སེམས ་ཅན་མ་མཐོང་བ་དེའི་ཕྱིར་འདིའི་ སེམས་བདག་ནི་རྟག་ཏུ་ལྟོགས་པར ་གྱུར་ན་ནམ་ཞིག་ན་བསོད་པའི་བཟའ་བ་རྙེད་པར་གྱུར་སྙམ་པ་དེས་གཞན་གོམས་པར་གྱུར་པ་ཉིད་ཀྱི་ཕྱིར་དུས་དེའི་ཚེ་ཚིག་གཅིག་པོ་དེ་ཉིད་མངོན་དུ་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །སྡུམ་ཟན་ནི་འབྲེལ་པའི་སྡེ་ཚན་ཡིན་ནོ། །སྔགས་ཀྱིས་རེངས་པར་བྱས་པ་ནི་སྔགས་ཀྱིས་རྡོའི་འོག་ཏུ་ནུབ་པར་བྱེད་པའི་ནུས་པ་རེངས་པར་བྱས་པ་དང། རྡོ་བདག་ཉིད་འཕྱོ་བའི་ནུས་པ་དང༌། བྱ་བ་བྱེད་པའི་ནུས་པ་ཅན་དུ་བདག་ཉིད་བསྐྱེད་པ་ཡིན་ནོ། །གཏམ་སྔོན་དུ་སོང་བ་ཅན་ཞེས་བྱ་བ་ནི་སྐབས་འབྱེད་པ་སྔོན་དུ་སོང་བ་ཅན་ཡིན་ནོ། །རིགས་པའི་གནས་བཅོ་བརྒྱད་ལ་མཁས་པ་ཞེས་བྱ་བ་ལ་རིག་པའི་གནས་བཅོ་བརྒྱད་ནི། རོལ་མོ་དང། འཁྲིག་ཐབས་དང༌། སོ་ཚིགས་དང༌། གྲངས་ཅན་དང༌། སྒྲ་དང༌། གསོ་བ་དང༌། ཆོས་ལུགས་དང༌། བཟོ་དང༌། འཕོང་དཔྱད་དང༌། གཏན་ཚིགས་དང༌། སྦྱོར་བ་དང༌། ཐོས་པ་དང༌། དྲན་པ་དང༌། སྐར་མའི་དཔྱད་དང༌། རྩིས་དང༌། མིག་འཕྲུལ་དང༌། སྔོན་གྱི་རབས་དང༌། སྔོན་བྱུང་བ་དག་ཡིན་ཏེ། རིག་པ་བཅོ་བརྒྱད་དེ་དང་དེ། །སྔོན་གྱི་དྲན་སོང་དག་གིས་བཤད། །མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་བློ་གང་ལ་ཡོད་པ་དེ་ནི་བློ་རྣོ་བ་ཡིན་ལ། བྱེ་བྲག་ཁོང་དུ་ཆུད་པར་བྱེད་པ་ནི་གསལ་བ་ཡིན་ནོ། །ཁ་དོག་མི་སྡུག་པ་བཅོ་བརྒྱད་ཅེས་བྱ་བ་ནི་མཚན་ངན་པ་བཅོ་བརྒྱད་སྔར་བཤད་པ་ཡིན་
ནོ། །སྐབས་ཕྱེའོ་ཞེས་བྱ་བ་ནི་ཀླག་པར་བགྱིའོ་ཞེས་བྱ་བ་དེ་ཁས་བླངས་པ་ཡིན་ནོ། །གཟི་ཕྲོགས་པར་གྱུར་པས་ཞེས་བྱ་བ་ནི་ཉི་མ་ཐག་ཉེ་བའི་སྲིན་བུ་མེ་ཁྱེར་དང་འདྲ་བར་དེའི་གཟུགས་མཛེས་པས་ཟིལ་གྱིས་གནོན་པར་གྱུར་པ་ཡིན་ནོ། །འཕྲལ་དུ་ཕྱེ་དང་སྦྱར་བའི་བཏུང་བས་ཚིམ་པར་བྱེད་པ་ཡིན་པས་ན་ཆུ་སྐྲོག་ཡིན་ནོ། །བསྟན་བཅོས་བྱེད་པ་ནི་གང་གིས་ཆོས་ཀྱི་བསྟན་བཅོས་བྱས་པ་དེ་ལ་དིར་བསྟན་བཅོས་བྱེད་པར་འདོད་དོ། །དྲང་སྲོང་ནི་དྲན་པའི་བསྟན་བཅོས་བྱེད་པ་ཡིན་ནོ། །འཇམ་པོར་སྨྲ་བ་ཞེས་བྱ་བ་ནི་ཡིད་དུ་འོང་བར་སྨྲ་བའི་ངང་ཚུལ་ཅན་ཡིན་ནོ། མིག་མཛེས་པ་གང་ལ་ཡོད་པ་དེ་ནི་འདིར་མིག་ཤིན་ཏུ་ལེགས་པ་ཡིན་ནོ། །ནགས་ཀྱི་ལྷ་མོ་ནི་འདིར་ལྷའི་གནས་ཀྱི་བྲན་མོ་ཡིན་ཏེ། ལྷ་མོ་ནི་རང་གི་སྒྲས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ངང་པའི་སྒྲ་ལྟར་ཡིད་དུ་འོང་བའི་རྐང་གདུབ་པའི་རྐང་གདུབ་ཀྱི་སྒྲ་གང་ལ་ཡོད་པ་དེ་ནི་འདིར་ངང་པའི་རྐང་གདུབ་དབྱངས་སྙན་ཅན་ཡིན་ནོ། །དཔེར་ན་སྤྲིན་མཐུག་པོ་གློག་འགྱུ་བ་མཛེས་པར་གྱུར་པ་དེ་དང་འདྲ་བར་ཁྱེད་ཀྱང་ཤིང་ཐིབས་པོ་དག་ལས་ཞེས་བྱ་བ་ཡིན་ནོ། །ལྟེ་བ་མཛེས་པ་གང་ལ་ཡོད་པ་དེ་ནི་འདིར་ལྟེ་བ་མཛེས་པ་ཅན་ཡིན་ནོ། །སྨིན་མ་མཐུག་པའམ་མ་འདྲེས་པ་གང་ལ་ཡོད་པ་དེ་ནི་འདིར་སྨིན་མ་མཐུག་པ་ཡིན་ནོ། །ལས་བྱེད་ཅེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ན་སྟོབས་ཀྱི་རྣམ་པ་ལས་བྱེད་པ་གང་ཡིན་པ་དེ་ལས་བྱེད་ཅེས་བྱའོ། །རྡོ་ཞེས་བྱ་བ་འདིར་རྡོའི་མིང་གི་རྣམ་གྲངས་ཡིན་ནོ། །གཏམ་གཞན་གྱིས་ཞེས་བྱ་བ་ནི་སྐབས་གཞན་གྱིས་སོ། །དེའི་ཚེ་དེའི་ཆུང་མ་དེ་རྒྱལ་པོ་དང་ལྷན་ཅིག་ཨུག་ཤུད་རྩེ་བ་དེ་ལ་གཞོལ་ནས་འདུག་པའོ། །དེས་གཞི་ནི་གསེར་ལས་བྱས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། གསེར་ལས་བསྒྱུར་བ་ནི་གསེར་ལས་བྱས་པ་ཡིན་ལ། གསེར་ལས་བྱས་པའི་ཨུག་ཤུད་རྩེ་བའི་རྟེན་དུ་གྱུར་པའི་གཞི་ནི་གསེར་ལས་བྱས་པ་སྟེ་དེ་ལའོ། །གནས་བརྒྱད་ཀྱི་གནས་བྱས་པ་ཞེས་བྱ་བ་ནི་རེག་ལ་སོགས་པས་རྣམ་པས་བརྒྱད་དུ་བགོས་པའི་ཕྱིར་རོ། །བཟང་པོ་བདག་ལ་མི་དགའ་འམ་ཞེས་བྱ་བ་ནི། དང་ལ་དགའ་བསྐྱེད་པར་མི་བྱེད་དམ་ཞེས་བྱ་བ་ཡིན་ནོ། །འཇོག་མཁན་ནི་རྡོ་མཁན་ལ་བྱ་བ་སྟེ། རྡོ་ལ་མཁས་པའམ། འཇོག་པའི་ལས་ལ་མཁས་པ་ཡིན་ནོ། །
གཡོག་གཞན་གྱིས་ཀྱང་གང་འདི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །འདོར་ཞིང་འཇོག་པར་བྱེད་པ་ཞེས་བྱ་བ་ལ་དེ་དག་ནི་ཨུག་ཤུད་པར་རབ་ཏུ་ཆགས་པའི་སྦས་པའི་ཚིག་ཡིན་ཏེ། འདི་ལྟར་འཇོག་པར་བྱེད་པ་ལ་རྔ་དང་ཙུན་ཙ་ཞེས་བྱ་བ་ལྟ་བུའོ། །ཡང་བྲམ་ཟེས་ཀྱང་འབིགས་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གང་གཱ་དང་ཉེ་བའི་ནགས་ཡིན་པས་ན་ཉེ་བའི་ནགས་ཡིན་ནོ། །ཡང་བུད་མེད་ཀྱིས་ཀྱང་ཁྱོད་ལ་དྲིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བྲམ་ཟེས་མང་ཐོས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྣ་ཚོགས་པ་གཏམ་སྨྲ་པ་ཞེས་བྱ་བ་ལ་གཏམ་མཛེས་པ་རྣམ་པ་མང་པོ་ལ་མཁས་པ་ལའོ། །གསེར་གྱི་འོད་དང་མཚུངས་པ་ལ། །ཞེས་བྱ་བ་ནི་གསེར་གྱི་འོད་དང་མཚུངས་པ་ལའོ། །ཡང་བུད་མེད་ཀྱིས་སློབ་དཔོན་དྲུང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བྲམ་ཟེས་ཀྱང་རི་བོའི་རྩེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ཡང་བུད་མེད་ཀྱིས་ཀྱང་རི་བོའི་རྩེ་ནས་བདག་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །ང་འདོད་ཚེ་ན་ཁྱོད་མ་འདོད། །ཅེས་བྱ་བ་ནི་དེའི་ཚེ་ཁྱོད་ཀྱི་ཡུལ་ལ་ང་འདོད་པར་གྱུར་པ་ན་ཁྱོད་མ་འདོད་ལ་ད་ལྟར་ནི་ཁྱོད་འདོད་དུ་ཟིན་ཀྱང་ང་འདོད་པ་སྐྱེས་པར་མ་གྱུར་པ་ཡིན་ནོ། །རྔ་ཆེན་གནས་ཀྱིས་བཅིངས་པར་གྱུར། །ཅེས་བྱ་བ་ནི་རྔ་ཆེན་དུ་བརྡར་བཏགས་པའི་ཨུག་ཤུད་ཀྱི་ཆ་བྱད་དེས་གནས་དེ་རྟེན་དུ་བཅིངས་པར་གྱུར་པ་ཡིན་ནོ། །དེའི་ཟློས་པ་ཞེས་བྱ་བ་ནི་རིག་བྱེད་ཀློག་པ་ཡིན་ནོ། །མ་རུངས་པས་མི་ཚུགས་པར་བྱ་བ་ཞེས་བྱ་བ་ནི་འདི་ལ་ཁྱེད་ཀྱིས་བརྩེ་བ་མེད་པ་ཉིད་དུ་མི་བྱ་ཞིང་འདི་ལ་ཅུང་ཟད་ཀྱང་མི་སྙན་པའི་ཚིག་བརྗོད་པར་མི་བྱའོ། །སྔགས་ཀྱི་སྟོབས་ཞེས་བྱ་བ་ནི་སྔགས་ཀྱི་ནུས་པ་དང་ལྡན་པ་འགའ་ཞིག་ཏུ་ཡང་དཀར་བ་ལ་སོགས་པ་རྣམ་པར་འཚེར་བའི་རྒྱུ་ཅུང་ཟད་ལ་འཇུག་པར་འགྱུར་བ་ཡིན་ནོ། །རྣམ་པར་རྒྱལ་བའི་གནས་ན་ལྷ་མོ་བདེ་སོགས་བཞིན་དུ་ཞེས་བྱ་བ་ལས་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་གནས་ན་བརྒྱ་བྱིན་ལྟ་བུར་རོ། །སྔགས་ཀྱིས་རེངས་པ་བཞིན་དུ་ཞེས་བྱ་བ་ནི་སྔགས་ཀྱིས་ནུས་པ་ཕྲོགས་པ་ལྟར་རོ། །ཐམས་ཅད་ལ་སྨད་པར་བྱ་བའི་བྲན་མོ་ཆུ་ཆུན་མ་ཡིན་ནོ། །རྒྱ་ཆེར་བརྗོད་པར་བྱའོ་ཞེས་བྱ་བ་ནི་མཐར་གྱིས་ཚུལ་དང་
མཐུན་པ་མ་ཡིན་པའི་ཁང་པ་རྒྱས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྲང་པོ་ཞེས་བྱ་བ་ལ། ཟས་ཀྱི་ལྷག་མ་ནི་གོང་བུ་ཡིན་ལ། དེ་ལེན་པར་བྱེད་པའམ་སྡུད་པར་བྱེད་པའམ། ཕྱེད་ཟོས་པ་དང༌། བོར་བ་ཡོངས་སུ་ལེན་ཅིང་ཟ་བར་བྱེད་པ་གང་ཡིན་པ་དེ་ནི་སྤྲང་པོ་ཡིན་ནོ། །བརྩོན་ར་ནི་བཅིང་བར་བྱེད་པའི་ཁང་པ་ཡིན་ནོ། །བཤང་བར་བྱས་སོ་ཞེས་བྱ་བ་ནི་ལུས་ཀྱི་ངོར་བྱས་པ་ཡིན་ནོ། །འདོད་པའི་རྒྱུད་ན་འདོད་པའི་ཡོ་བྱད་ཡིན་ནོ། །སྟོབས་ཆུང་བར་འགྱུར་རོ་ཞེས་བྱ་བ་ནི་གཟི་ཆུང་བ་དང༌། སྤྲོ་བ་ཆུང་བར་འགྱུར་རོ། །གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནི་གཅིག་ཏུ་ཚོགས་པ་ཡིན་ནོ། །འཇིག་རྟེན་གྱི་སྤྱོད་པ་ནི་འདིར་མི་ཚངས་པར་སྤྱོད་པ་ཡིན་ནོ། །བློན་པོ་དྲུག་གིས་རྣམ་པ་གཞན་གྱི་སྒོ་ནས་གཙང་གཏམ་གསལ་པོར་བྱས་པ་ཡིན་ནོ། །དེའི་མཚན་མ་མཐོང་སྟེ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཁོང་དུ་ཆུད་པར་གྱུར་པ་ཡིན་ནོ། །གང་ན་བདག་མི་གནས་མི་དབང་བ་ཞེས་བྱ་བ་ནི་གང་ན་བདག་གི་ནུས་པ་ཡོད་པ་མ་ཡིན་པར་རོ། །འཚོ་བ་ནི་འཚོ་བའི་ཐབས་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་བཟོའི་རིགས་སུ་གྱུར་པ་ཡིན་ནོ། །དེ་འདྲ་བའི་སྣོད་ཅེས་བྱ་བ་ལ། དེའི་བཟོ་བོས་བསྒྲུབ་ཏུ་རུང་བའི་སྣོད་ཡིན་ནོ། །སེན་མོ་བཅད་པ་ཞེས་བྱ་བ་ནི་སེན་མོ་གཅོད་པར་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨང་མོ་ནིག་ལྟ་བུའི་རྡོ་ལེབ་ནི་རབ་ཏུ་བྱུང་བ་དང་རྗེས་སུ་མཐུན་པའི་བདེ་བའི་གནས་ཡིན་ནོ། །དབྱར་ཚུལ་དུ་ཞུགས་པ་ཞེས་བྱ་བ་ནི་དབྱར་གནས་པ་ཉིད་དུ་ཁས་བླང་བར་བྱས་པ་ཡིན་ནོ། །འཁོར་བཞི་ཞེས་བྱ་བ་ནི་དགེ་སློང་དང། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མའི་འཁོར་ཡིན་ནོ། །ཤིན་ཏུ་སྒོམ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བའི་ཕྱིར་བདག་རབ་ཏུ་འདོད་པས་གནས་པར་གྱུར་པའོ། །རིགས་ཤིང་ལེགས་པ་ཞེས་བྱ་བ་ནི་ལེགས་ཏེ་བདག་ཉིད་ཀྱི་སྤོབས་པ་ལ་གནོད་པ་མ་ཡིན་ནོ། །རྫུ་འཕྲུལ་ཞེས་བྱ་བ་ནི་གང་གི་ཚེ་བདག་ཅག་སུམ་ཅུ་རྩ་གསུམ་གྱི་ལྷར་འགྲོ་བར་འགྱུར་བ་ལའོ། །མཐུ་ནི་གང་གནས་འདི་ཉིད་ནས་བདག་ཉིད་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ལ་བལྟ་བར་བགྱི་བ་ལའོ། །བསྙེན་བཀུར་ནི་རྗེས་སུ་མཐུན་པའི་སྒོ་ནས་ཐག་ཉེ་བར་གནས་པ་ཡིན་ནོ། །ལེགས་
སོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །བསྐུམ་པ་ཞེས་བྱ་བ་ནི་བསྡུས་པ་ཡིན་ལ། བརྐྱང་བ་ཞེས་བྱ་བ་ནི་ཁྱབ་པའམ་ཡངས་པར་བྱས་པ་ཡིན་ནོ། །རང་གི་འདུས་བྱས་པ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱ་བས་ནི་མ་ཡིན་ནོ། །ལྷ་རྣམ་པ་མང་པོ་འདུས་པའི་ཕྱིར་རྣམ་པ་སྣ་ཚོགས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཤེས་ཤིང་ཁོང་དུ་ཆུད་པའི་གཅིག་ཏུ་དད་པ་རྙེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ལ་ཤེས་ཤིང་དད་པ་ཡིན་ནོ། །ཆོས་དང་དགེ་འདུན་དག་ཀྱང་དེ་བཞིན་ནོ། །ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་པའི་སྒོ་ནས་ཟག་པ་མེད་པའི་སྡོམ་པ་ཞེས་བྱ་བ་དེའི་ཚེ་དེ་ཚུལ་ཁྲིམས་ཡིན་ནོ། །གཅིག་ལ་དད་པ་གང་ཡིན་པ་དེ་གདོན་མི་ཟ་བར་ཐམས་ཅད་ཁོ་ན་ལ་ཡང་སངས་རྒྱས་ཀྱིས་གསུངས་པས་ལྷག་པར་མངོན་པར་ཞེན་པར་འགྱུར་བ་ལ་དགོངས་ནས་རེ་རེ་ལ་སྨོས་པ་མཛད་པ་ཡིན་ནོ། །ལྷའི་འཁོར་མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་ལྷས་གཏོང་བ་ཡིན་ནོ། །ཅིའི་ཕྱིར་ཡང་བཅོམ་ལྡན་འདས་འོག་མིན་གྱི་མཐར་ཐུག་པའི་བར་དུ་གཤེགས་པར་མཛད་ཅན། འདིར་སྨྲས་པ། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷ་དག་གི་དགེ་བའི་རྩ་བ་བསྐྲུན་པར་བྱ་བའི་ཕྱིར་ཏེ། གང་གི་ཕྱིར་གཟུགས་ན་སྤྱོད་པའི་ལྷའི་ཚེ་ལོ་བསྐལ་པ་དུ་མར་གྱུར་པ་དགེ་པའི་ཆོས་རྣམས་ལས་ཉམས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་མ་མཐོང་བ་དང༌། དམ་པའི་ཆོས་མ་ཐོས་པའི་ཕྱིར་དང༌། གང་དག་ཚངས་པ་ལ་སོགས་པ་གོང་མ་ལ་ཆེན་པོའི་བློ་ཡོད་པ་དེ་དང་དེ་དག་གི་བཅོམ་ལྡན་འདས་ལ་ཚངས་པ་ལ་སོགས་པ་མཆོད་པ་བྱེད་པ་མཐོང་བ་དེས། ཚངས་པ་ལ་སོགས་པ་ཆེན་པོའི་བློ་སྐྱེས་པ་གང་ཡིན་པ་དེས་ཉམས་པར་འགྱུར་བ་དང༌། བཅོམ་ལྡན་འདས་ལ་དད་པ་འཕེལ་བར་འགྱུར་རོ། །དད་པ་སྐྱེས་པར་གྱུར་ན་འཕགས་པའི་ལམ་གྱི་ཚོགས་ལ་འཇུག་པར་འགྱུར་བ་དེའི་ཕྱིར་དེ་དག་ཁྱད་པར་ཤིན་ཏུ་ཆེན་པོར་འགྱུར་བས་བཅོམ་ལྡན་འདས་འོག་མིན་གྱི་བར་དུ་གཤེགས་པ་ནི་དོན་དང་བཅས་པ་ཡིན་ནོ། །ལུས་ཀྱི་ནི་ལུས་ཀྱི་དྲི་ཡིན་ནོ། །སྐད་ཅིག་མས་འཇིག་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ། །རྒྱུན་ཆད་པ་དང་ལྡན་པའི་ཕྱིར་མི་བརྟན་
པ་ཡིན་ནོ། །ཡིད་བརྟན་དུ་རུང་བའི་དངོས་པོ་ཉིད་མ་ཡིན་པའི་ཕྱིར་ཡིད་བརྟན་དུ་མེད་པ་ཡིན་ནོ། །སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུ་སྐྱེས་པ་ཉིད་ཀྱི་ཕྱིར་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ། །ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་འདོད་ཆགས་དང་བྲལ་པ་ཡིན་ནོ། །བྲལ་བའི་ཐོབ་བ་སྐྱེད་པར་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་ཡིན་ནོ། །མི་རྟག་པའི་རྣམ་པས་ཞེས་བྱ་བ་ནི་མི་རྟག་པའི་རྣམ་པ་གཙོ་བོར་གྱུར་པ་ཡིན་ནོ། །ཆེ་ཞིང་ཆེ་བ་ཞེས་བྱ་བ་ནི་གཙོ་བོ་གཙོ་བོར་གྱུར་པ་ཡིན་ནོ། །སྟོན་པའི་སྤྱན་སྔར་དགེ་སློང་མ་དག་རྫུ་འཕྲུལ་སྟོན་པ་བཟློག་པར་མཛད་པ་ནི་དགེ་སློང་མ་ཀུན་ནས་ཉོན་མོངས་པ་ཅན་དག་གི་ང་རྒྱལ་སྤང་བར་བྱ་བའི་ཕྱིར་ཏེ། གལ་ཏེ་ཟློག་པར་མ་གྱུར་ན་དེའི་ཚེ་གང་གིས་བདག་ཅག་གི་འཁོར་གྱི་ནང་དུ་འདུས་པ་ཁོ་མོ་ཅག་འདྲ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་བྱེད་དོ་ཞེས་དེས་ང་རྒྱལ་སྐྱེ་བར་འགྱུར་ལ། ང་རྒྱལ་ལས་ཀྱང་ཚུལ་དང་མཐུན་པ་མ་ཡིན་པའི་བྱ་བ་བྱེད་པར་འགྱུར་བ་དེའི་ཕྱིར་བཟློག་པ་མཛད་པ་ཡིན་ནོ། །ས་རྣམས་གཅིག་གིས་ཐོབ་པ་སྨོས་པས་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངོན་པར་འདོད་པ་དག་བཟློག་པ་མཛད་པ་ཡིན་ལ། ལྷ་རྣམས་སུ་ཡང་འགྲོ་བ་ཞེས་བྱ་བས་ནི་ལྷའི་འཇིག་རྟེན་ལ་མངོན་པར་དགའ་བ་ཡིན་ནོ། །ཡང་ཏིང་ངེ་འཛིན་ཐོབ་པ་སྨོས་པས་ནི་འཇིག་རྟེན་པའི་སྙོམས་པར་འཇུག་པ་མངོན་པར་འདོད་པས་བཟློག་པ་མཛད་པ་ཡིན་ནོ། །ཆུ་སྲིན་ཉ་ལྟ་བུ་ནི་ཆུ་སྲིན་ཉའི་རིགས་ཡིན་ནོ། །མཐུན་པའི་རླུང་གིས་ཞེས་བྱ་བ་ནི་ཤ་ཀེ་རུའི་གླིང་དུ་ཕྱིན་པར་བྱེད་པ་དང་རྗེས་སུ་མཐུན་པ་ཡིན་ནོ། །ཚུལ་ཁྲིམས་འཆལ་བར་གྱུར་པ་ཞེས་བྱ་བ་ནི་སྐྱེས་བུ་གཞན་ལ་རབ་ཏུ་ཆགས་པར་གྱུར་པ་ཡིན་ནོ། །ལེགས་ཀྱིས་ཞེས་བྱ་བ་ནི་མཛེས་པའི་ཀུན་དུ་སྤྱོད་པ་ཡིན་ནོ། །མི་འཇིགས་བཞིན་དུ་སྐུར་བར་བྱེད་དོ་ཞེས་བྱ་བ་འདིས་ནི་འདབ་བཟངས་དང་མེ་ཏོག་ཡོངས་སུ་ལོངས་སྤྱོད་པར་བྱེད་པའི་ཚེའོ། །སྦྱིན་སྲེག་གི་མེ་འབར་བར་བྱེད་པའི་རྒྱུ་མཚན་ཤིང་པ་ལ་ཤ་ལ་སོགས་པ་ཁྲུ་གང་གི་ཚད་དུ་བྱས་པ་ནི་ཡམ་ཤིང་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བུ་ལའོ། །འཚོ་བ་ཞེས་བྱ་བ་ནི་འཚོ་བའི་ཐབས་སུ་གྱུར་པ་ཡིན་ནོ། །བཀྲེས་པའི་བདུད་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་བཀྲེས་པ་ཁོ་ན་བདུད་དེ་འཆི་བར་བྱེད་པ་དེས་
སོ། །མཉན་གྱིས་ཞེས་བྱ་བ་ནི་སྒྲའི་ཡུལ་དེ་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་ནོ། །མཆོང་རྒལ་བ་ཞེས་བྱ་བ་ནི་སྟེང་དུ་མཆོང་ཞིང་རྒལ་བ་ཡིན་ནོ། །འཕྱིས་པར་གྱུར་པ་ཞེས་བྱ་བ་ནི་ཡུན་རིང་དུ་ལོན་ པར་གྱུར་པ་ཡིན་ནོ། །སེམས ་བསང་བར་གྱུར་པ་ནི་ སེམས་དགའ་བ་སྐྱེད་པར ་བྱེད་པ་ཡིན་ནོ། རྡོའི་སྦྱོར་བ་བྱེད་པ་རྩོམ་པ་ཞེས་བྱ་བ་ནི་འདབ་བཟངས་ལ་མི་པས་ལྷག་པའི་ཁུར་བསྐུར་བར་ཁོང་དུ་ཆུད་པར་བྱ་བའི་དོན་ཡིན་ནོ། །མིག་ཞར་བ་ཞེས་བྱ་བ་ནི་ཤིན་ཏུ་དྲག་ཏུ་འགྲོ་བས་དེའི་མིག་ཞར་བར་གྱུར་པ་ཡིན་ནོ། །རྡོའི་སྦྱོར་བ་བྱེད་པའི་གླུ་ཞེས་བྱ་བ་ནི་ཤ་ཀེ་རུའི་གླིང་དུ་ཉམས་སུ་མྱོང་བར་གྱུར་པའི་རབ་རིབ་སེལ་བའི་མེ་ཏོག་དང་མཐུན་པ་ཡིན་ནོ། །བསྐྱོད་པ་ནི་ཞེས་བྱ་བ་ནི་འཕངས་ཤིང་འཕངས་ པར་གྱུར་པ་ཡིན་ནོ། །སེམས ་དགའ་བར་བྱེད་པ་ཡིན་པའི་ཕྱིར་གླིང་དགའ་བ་ཡིན་ནོ། །འདི་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། ས་དཔག་ཚད་བརྒྱ་པ་འདི་ལས་ཕ་རོལ་དུ་ཚད་ཆེན་པོའི་རྒྱ་མཚོ་ནི་ཆུ་འཛིན་ཡིན་ཏེ། དེ་འདས་པའི་ནི་ཤ་ཀེ་རུའི་གླིང་ཡིན་ནོ། །ཡིད་འཕྲོག་པ་ཞེས་བྱ་བ་ནི་ཡིད་ཀྱི་དགའ་བ་འཕྲོག་པར་བྱེད་པའི་ཕྱིར་ཡིད་འཕྲོག་པ་ཡིན་ནོ། །བརླ་སྟེ་བརླ་གཉིས་ལ་དཔལ་གྱི་བེའུ་ཞེས་བྱ་བའི་མཚན་མ་ཡོད་པ་ཡིན་ནེ། །ནུ་མའི་བར་ལ་ཞེས་བྱ་བ་ལ། བ་སྤུ་ཕྲ་མོ་འཁྱིལ་བ་ཡོད་པ་ཡིན་ནོ། །གྲོང་ཁྱེར་གྱི་གནས་གང་ན་ཡོད་པ་མ་ཡིན་པ་དེ་ནི་གྲོང་ཁྱེར་མེད་པ་ཡིན་ནོ། །དོགས་པ་སྐྱེས་པ་ནི་དོགས་པར་གྱུར་པ་ཡིན་ནོ། །བཤེས་མིན་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བཤེས་ནི་འདྲེས་པ་དང་ཤིན་ཏུ་ཡིད་བརྟན་པ་ཡིན་ནོ། །བཤེས་མ་ཡིན་པ་སྟེ། བདག་གིས་ཡུན་རིང་པོར་ཀུན་ནས་བརྟེན་པར་ནུས་པ་མ་ཡིན་པ་དེའི་ཕྱིར་ཁོ་བོ་ཡང་ཁྱོད་ལས་དངོས་སུ་ཡིད་ཆེས་པར་ནུས་པ་མ་ཡིན་ནོ། །གཉིས་ཀའི་མཐའ་ལས་ཉམས་པ་ཞེས་བྱ་བ་ནི་ཤའི་མཐའ་དང་ཉའི་མཐའ་ལས་སོ། །རྩྭའི་ང་ན་གནས་པ་གང་ཞེས་བྱ་བ་ནི། ཆུ་བོ་དང་ཐག་ཉེ་བར་སྐྱེས་པའི་རྩྭའི་རིགས་སུའོ། །སྤྱར་མ་ནི་འདིར་ཉེས་པ་སྤྱོད་པ་ཅན་ཡིན་ནོ། །བདག་པོའི་མཐའ་ལས་ཉམས་པ་དང༌། བྱི་པོ་པའི་མཐའ་ལས་ཉམས་པ་དེའི་ཕྱིར་གཉི་གའི་མཐའ་ལས་ཉམས་གྱུར་པ་ཞེས་བྱའོ། །རིགས་སུན་འབྱིན་པ་ཞེས་བྱ་བ་ནི་སྐྱེས་བུ་གཞན་ལ་ཞེན་པས་རག་ལུས་
པ་ཅན་ཡིན་ནོ། །སླར་ལོག་ཅིང་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འབབ་པར་གྱུར་པ་ཡིན་ནོ། །ཞོའི་ཁ་དོག་ཅེས་བྱ་བ་ནི་དཀར་པོ་ཡིན་ལ། ཤིང་འཛམ་བུ་དང་ཤིང་ཏ་ལ་གང་གི་ཚེ་འབྲས་བུ་འབྱིན་པར་བྱེད་པ་དེའི་ཚེ་ཁྱོད་ཚུལ་ཁྲིམས་བཟང་བོ་དང་ལྡན་པར་འགྱུར་རོ། །དགུན་གྱི་བགོ་བར་གྱུར་པ་ནི་ཞེས་བྱ་བ་ནི་ཁ་བ་བབ་པའི་དུས་སུ་ཉེ་བར་མཁོ་བ་ཡིན་ནོ། །སྡོང་བུ་ནི་མྱུ་གུ་ཡིན་ནོ། །ལེགས་པར་ཡང་ནི་མེ་འབར་ལ། །ཞེས་བྱ་བ་ནི་གང་གི་ཚེ་རྒྱ་མཚོའི་དབུས་སུ་དུ་བ་མེད་པའི་མེ་འབར་བར་གྱུར་པ་ན་སྟེ། དེ་ནི་དཔེར་ན་ཆུ་བོ་གང་གཱ་བཟློག་ཕྱོགས་སུ་འབབ་པ་དང༌། རུས་སྦལ་གྱི་སྦུ་བགོ་བར་བྱེད་པ་ལ་སོགས་པའི་དངོས་པོ་དེ་དག་སྲིད་པ་མ་ཡིན་པ་དེ་བཞིན་དུ་ཁྱོད་ཀྱི་ཚུལ་ཁྲིམས་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གསོལ་པ་ཞེས་བྱ་བ་ནི་སྒྲ་ཆེར་བསྒྲགས་པ་ཡིན་ནོ། །ཝའི་སྐད་ལ་མཁས་པ་ཞེས་བྱ་བ་ནི་ཝའི་མིང་ཅན་གནོད་སྦྱིན་མོའི་བྱེ་བྲག་གི་ཚིག་གི་དོན་ཡོངས་སུ་ཤེས་པ་ལ་མཁས་པ་ཡིན་ནོ། །བཏང་བ་ནི་ཡོངས་སུ་དོར་བ་ཡིན་ནོ། །དམར་སྐྱ་ཞེས་བྱ་བ་དེ་ནི་བགོ་བ་དང་རྗེས་སུ་མཐུན་པ་དེའི་མིང་ཡིན་ཏེ། སྐྱུར་རྩི་ཆུང་ངུའི་མདོག་གི་བྱེ་བྲག་དང་འདྲ་བར་དམར་སྐྱ་ཡིན་ནོ། །ཆེད་དུ་ཞེས་བྱ་བ་ནི་གཙོ་བོའི་བྱ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་བསམས་བཞིན་དུ་ལྟ་བར་བྱེད་པ་ཡིན་ནོ། །གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། །གླང་པོ་ཆེ་ལ་སོགས་པ་དང་འདྲ་བར་ཕན་ཚུན་དུ་གཡུལ་འགྱེད་པ་དང༌། གཞན་བྱེད་དུ་བཅུག་པ་ཡིན་ནོ། །བྱ་བརྟ་ཀ་ནི་སྲན་མ་ཤ་ལ་སོགས་པའི་ཞིང་ན་ཕལ་ཆེར་འདུག་པ་ལུས་ཤིན་ཏུ་ཆུང་བ་མ་ཡིན་པའི་བྱ་ཡིན་ནོ། །དེ་ལས་ལུས་ཤིན་ཏུ་ཆུང་བ་ནི་བྱ་ལ་བ་ཀ་ཡིན་ནོ། །བསོད་སྙོམས་སྦྱིན་ པར་བྱ་བར་སེམས ་པ་ཞེས་བྱ་བ་ནི་བསོད་སྙོམས་སྦྱིན་པར་བྱ་བའི་ཕྱིར་ སེམས་བསྐྱེད་པར ་འགྱུར་བ་ཡིན་ནོ། །བྱ་བ་སེམས་པ་ཞེས་བྱ་བ་ནི་ཕྱག་ལ་སོགས་པའི་བསྙེན་བཀུར་བྱ་བའི་ཕྱིར་ སེམས་ཀྱང་བསྐྱེད་པར ་འགྱུར་བ་ཡིན་ནོ། །མིའི་འགྲོ་བ་ཅན་ལེགས་པར་བཤད་པ་དང༌། ཉེས་པར་བཤད་པའི་དོན་ཡོངས་སུ་ཤེས་པ་ལ་མཁས་པ་དང༌། རྣམ་པ་ཐམས་ཅད་དུ་རུང་བ་ལ་འདིར་བུད་མེད་ཀྱི་ཡུལ་དུ་བཞེད་པ་ཡིན་ནོ། །དགེ་སྦྱོང་ནི་འཕགས་པའི་ལམ་ཡིན་ལ། དེའི་འབྲས་
བུ་ནི་དགེ་སྦྱོང་གི་འབྲས་བུ་ཡིན་ནོ། །བཞི་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཡིན་ལ། ཐོབ་པ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ལ་འཇུག་པ་ཡིན་ནོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཚེའི་མཐར་ཐུག་གི་བར་དུའོ། །ཚུལ་ཁྲིམས་འཆལ་པའི་རྒྱུ་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་མ་བཅོམ་པ་ཉིད་ཀྱི་ཕྱིར་ཡོངས་སུ་རྫོགས་པ་ཡིན་ནོ། །འཆལ་པའི་ཚུལ་ཁྲིམས་ཀྱིས་གནོད་པར་མ་གྱུར་པ་ཉིད་ཀྱི་ཕྱིར་ཡོངས་སུ་དག་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་བསྒོམ་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཡོངས་སུ་བྱང་བ་ཡིན་ནོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ནི་ཚངས་པར་སྤྱོད་པ་ཡིན་ནོ། །གཅིག་ཏུ་མྱ་ངན་ལས་འདས་པའི་ཐབས་ཉིད་ཡིན་པའི་ཕྱིར་འབའ་ཞིག་ཡིན་ནོ། །དོན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་རོ། །ཕན་པ་ནི་འཇིག་རྟེན་འདི་དང་ཕ་རོལ་དུ་མི་འགལ་བའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་བསྒྲུབ་པའི་ཕྱིར་རོ། །ཤཱཀྱའི་བུ་མོ་ཞེས་བྱ་བ་ནི་ཤཱཀྱ་དག་གི་བུ་མོ་ཡིན་ནོ། །གནས་པར་བྱ་བ་ཡིན་པས་དགོངས་མལ་ཏེ་བཅོམ་ལྡན་འདས་མཉེལ་བསོ་བའི་གནས་ཡིན་ནོ། །དགོངས་མལ་གྱི་རྗེས་བཞིན་ནམ་ཡོངས་སུ་སྤངས་པས་ན་དགོངས་མལ་གྱི་རྗེས་བཞིན་ཏེ། དགོངས་མལ་གྱི་རྗེས་སུ་འགྲོ་པའི་བྱ་བ་གང་ལ་ཡོད་པ་དེ་ནི་འདིར་དགོངས་མལ་གྱི་རྗེས་བཞིན་འབྲང་བ་ཡིན་ཏེ་དེས་སོ། །དགོངས་མལ་གཅིག་གི་དུས་ཕྱིས་དོང་ངོ་ཞེས་བྱ་བའི་བར་དུའོ། །དྲང་སྲོང་ཀུཉྫི་ཀས་བྱས་པའི་གནས་ནི་ཀུཉྫི་ཀའི་གནས་ཡིན་ནོ། །ངལ་བསྐྱེས་པ་ནི་ལུས་ངལ་བ་ཡིན་ལ། ཤིན་ཏུ་ངལ་བ་ལས་སྙོམ་པར་གྱུར་པ་ནི་ལུས་དུབ་པ་ཡིན་ནོ། །ལུས་གུག་པ་སྔོན་དུ་སོང་བ་ཅན་གྱི་ཆེར་དུབ་པ་ནི་ལུས་བབ་པ་ཡིན་ནོ། །མཆི་མ་ཕྱུང་ངོ་ཞེས་བྱ་བ་ནི་སྒྲ་མེད་པར་དུ་བར་བྱེད་པ་དག་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་འཁོར་རྣམ་བཞི་མངའ་བ་མ་ཡིན་ནམ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་ཡུལ་རབ་ཏུ་འབྱུང་བར་དཀའ་བས་གནང་བར་མཛད་ཅེ་ན། འདི་ལ་བླ་མ་དག་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ཤཱཀྱའི་དུ་མོ་ལྔ་བརྒྱ་དང་བུད་མེད་གཞན་དག་སྐྱོ་བ་སྐྱེད་པའི་ཕྱིར་ཏེ། གང་གི་ཕྱིར་དེ་དག་ནི་འདི་སྙམ་དུ་གལ་ཏེ་
ཁོ་བོ་ཅག་ཤིན་ཏུ་སྨད་ པར་འགྱུར་པ་མ་ཡིན་ན་ཅིའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་སེམས ་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་དེ་ལ་རབ་ཏུ་བྱུང་བ་ནི་ཤིན་ཏུ་ཉམ་ང་བས་རྙེད་པར་འགྱུར་བ་དེའི་ཕྱིར་དེ་དག་འགྱོད་པ་སྐྱེ་བར་འགྱུར་ལ། འགྱོད་པར་གྱུར་པ་ལས་ཀྱང་ཤིན་ཏུ་དཀའ་བས་རྙེད་པར་གྱུར་པའི་རབ་ཏུ་བྱུང་བའི་འབྲས་བུ་དོན་མེད་པར་མ་གྱུར་ཅིག་ཅེས་ལམ་གྱི་ཚོགས་ལ་ཁྱད་པར་དུ་འཇུག་པར་འགྱུར་བས་ན་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་ཡང་མ་གནང་བ་དོན་དང་བཅས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །རྐུན་པོ་ནི་ཐ་མལ་པའི་རྐུན་མ་ཡིན་ལ། མི་རྐུ་བ་ནི་སྐྱེས་བུ་རྐུ་བར་བྱེད་པ་ཡིན་ནོ། །ཀུན་དུ་ཚོམས་པར་འགྱུར་ཞེས་བྱ་བ་ནི་ལེགས་པར་ཟིལ་གྱིས་གནོན་པར་འགྱུར་བའོ། །རབ་ཏུ་ཆོམས་པར་འགྱུར་རོ་ཞེས་བྱ་བ་ནི་བྱ་བ་ཉུང་ངུས་འཇིག་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ཡང་བུད་མེད་ཀྱི་ཡུལ་རབ་ཏུ་ཕྱུང་བ་ལས་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱ་བ་ཉུང་དུས་འཇིག་པར་འགྱུར་རོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་འབྱོར་པ་དང་ལྡན་པ་ཡིན་ལ། འཁོར་ལོ་མི་བཟད་པ་ནི་ཐོག་འབབ་པ་ཅན་ནོ། །ཉམས་པ་ནི་འཇིག་པའི་རྣམ་པ་ཆུང་དུ་ཡིན་ཏེ། ལོ་མ་ལ་སོགས་པ་དུམ་བུར་ལྷགས་པར་འགྱུར་བའི་ཕྱིར་རོ། །རྣམ་པར་ཉམས་པ་ནི་འཇིག་པའི་རྣམ་པ་འབྲིང་ཡིན་ཏེ། འབྲས་བུ་ལ་སོགས་པ་དུམ་བུར་ལྷགས་པར་བྱེད་པའི་ཕྱིར་རོ། །ཚུལ་མ་ཡིན་པས་ཞེས་བྱ་བ་ནི་གོ་རིམས་མ་ཡིན་པས་ཉམས་པ་ཡིན་ཏེ། རྩ་བ་ལ་སོགས་པ་ཉམས་པར་འགྱུར་བའི་ཕྱིར་རོ། །བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་འབྲུ་ཉམས་པར་བྱེད་པ་ཡིན་པའི་ཕྱིར་སེར་བའི་འཁོར་ལོ་མི་བཟད་པ་དང་འདྲ་བ་ཉིད་ཡིན་ནོ། །ནད་ཀྱི་རིགས་དམར་པོ་ནི་བུ་རམ་ཤིང་རྡོ་གུ་ལ་རེ་ག་དམར་པོར་འགྱུར་བ་དང༌། དེ་ཁོ་ན་འཇིག་པར་བྱེད་པ་ཡིན་ཏེ། བུད་མེད་ཀྱི་ཡུལ་ནི་སྙན་པའི་ནད་མེད་པ་འཇིག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ནད་དང་འདྲ་བ་ཉིད་ཡིན་ནོ། །ལྕི་བའི་ཆོས་ཞེས་བྱ་བ་ལ་ལྕི་བ་ཡང་དེ་ཉིད་ཡིན་ལ་སྡུག་བསྔལ་གྱིས་ཡོངས་སུ་བསྐྱང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཆོས་ཀྱང་ཡིན་པས་ན་ལྕི་བའི་ཆོས་ཡིན་པའམ། དགེ་སློང་གི་ཡུལ་ལ་གུས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ལྕི་བའི་ཆོས་ཡིན་ནོ། །དགག་པའི་ཕྱིར་
ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་ལས་བཟློག་པར་བྱ་བའི་ཕྱིར་རོ། །མི་འདའ་བར་སྤྱོད་ཕྱིར་ཞེས་བྱ་བ་ནི་བསླབ་པའི་མཚམས་ལས་མི་རྒལ་བའི་ཕྱིར་རོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་འཚོ་བའི་བར་དུ་བསླབ་པར་བྱ་བ་དང༌། བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བཅོས་མ་མ་ཡིན་པར་འབབ་པ་དང་རྟག་ཏུ་འབབ་པའི་དང་ཚུལ་ཅན་ནི་ཆུ་བོ་ཡིན་ལ། བཅོས་མ་དང་རྟག་ཏུ་འབབ་པའི་ངང་ཚུལ་ཅན་མ་ཡིན་པ་ནི་ཡུར་བ་ཡིན་ནོ། །ཆུ་ལོན་ནི་ཆུ་བཟློག་པར་བྱ་བའི་ཐབས་སུ་གྱུར་པ་ཡིན་ནོ། །གདམས་ངག་ནི་ལམ་གྱི་ཚོགས་བསྒོམ་པར་ལུང་འབོགས་པ་ཡིན་ལ། འདི་ནི་བྱ་བ་ཡིན་ལ་འདི་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་བསྟན་པ་ཡིན་ནོ། །དགེ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི་མཚམས་པོ་ཆེས་བསྐོར་བའི་ཚུལ་དུ་གལ་ཏེ་དགེ་སློང་མའི་དབྱར་ཁང་མཚམས་ནང་དུ་ཞུགས་པར་གྱུར་པ་དེའི་དགེ་སློང་གི་གནས་དང་བཅས་པར་མཚམས་གཅིག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པའི་གནས་ཉིད་ཡིན་ནོ། །ཁ་ཅིག་ནི་གལ་ཏེ་མཚམས་ཀྱིས་བསྐོར་བ་མ་བྱས་སུ་ཟིན་ཀྱང་དེ་ལྟ་ན་ཡང་ཅི་སྟེ་དཔག་ཚད་ཀྱི་ནང་དུ་ཡང་དགེ་སློང་གི་གཙུག་ལག་ཁང་ཡོད་པར་གྱུར་ན་གནས་སྐབས་འདི་ལ་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པ་ཉིད་དུ་བལྟ་བར་བྱའོ་སྙམ་དུ་ སེམས་སོ། །དགེ་སློང་གི་དགེ་འདུན་ལ་འདུན་པ་ཕུལ་བས་དེ་དག་གིས་གསོ་སྤྱོང་འགྲུབ་པར ་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་གསོ་སྦྱོང་བརྗོད་པར་གྱུར་པས་སྐབས་འབྱེད་པ་འབའ་ཞིག་ནི་དགག་དབྱེ་ཡིན་ནོ། །དགག་ཅིང་ཞེས་བྱ་བ་ནི་བཟློག་པ་ཡིན་ནོ། །གཤེ་བ་ནི་འཇིག་རྟེན་དུ་རབ་ཏུ་གྲགས་པ་ཡིན་ནོ། །ཁྲོ་བ་བསྐྱེད་པར་མི་བྱ་བ་ནི་ཁྲོ་བ་བསྐྱེད་པར་མི་བྱ་བའོ། །ཚིག་རྩུབ་པོ་ནི་ཡོངས་སུ་རྗོད་པར་བྱེད་པ་ཡིན་ནོ། །གཉིས་ཀའི་དགེ་འདུན་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མའི་དགེ་འདུན་གྱི་གན་དུའོ། །དེང་བསྙེན་པར་རྫོགས་པ་ནི་ཉི་མ་དེ་ཉིད་ལ་བསྙེན་པར་རྫོགས་པར་གྱུར་པའོ། །ཤེས་པར་འདོད་ཀྱི་ཞེས་བྱ་བ་ནི་ཤེས་པ་ཉིད་དུ་འདོད་པ་ཡིན་ནོ། །སྐྲ་དང་སེན་མོ་མཛེས་པར་བསྒྲུབས་པ་ནི་སྒྲ་དང་སེན་མོ་བྱི་བྱད་བྱས་པ་ཡིན་ནོ། །ཡི་རངས་ཤིང་ སེམས་མགུ་བ་ལས་རངས་པར ་གྱུར་པས་ན་ཡིད་དགའ་ཞིང་རངས་པར་གྱུར་པ་ཡིན་
ནོ། །བར་ཆད་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་ལ་བར་ཆད་ནི་ཐར་པའི་ལམ་གྱི་གེགས་སུ་གྱུར་པའམ། སྡོམ་པ་སྐྱེ་བའི་གེགས་སུ་གྱུར་པ་ཡིན་ཏེ། འདིར་སྡོམ་པ་སྐྱེ་བའི་གེགས་སུ་གྱུར་པ་གཟུང་ངོ༌། །བར་དུ་གཅོད་པའི་ཕྱིར་ནུས་པ་མ་ནིང་དང༌། ཟ་མ་དང༌། མཚན་གཉིས་པ་དང༌། དགེ་སློང་མ་སུན་ཕྱུང་བ་ལ་སོགས་པ་གང་ཡིན་པ་དེ་དག་དྲིས་ནས་གཟུང་བར་བྱ་སྟེ། ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ། །སྐྱབས་ཀྱི་དོན་ནི་སྡུག་བསྔལ་ལས་ཡོངས་སུ་བསྲུང་བའི་དོན་ཡིན་ཏེ། ཇི་སྐད་དུ། དེ་དག་ལ་ནི་སྐྱབས་མི་འགྲོ། །སྡུག་བསྔལ་ཀུན་ལས་འགྲོལ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ནི་སངས་རྒྱས་སུ་བྱེད་པ་མི་སློབ་པའི་ཆོས་ཡིན་ནོ། །ཆོས་ནི་མྱ་ངན་ལས་འདས་པ་ཡིན་ནོ། །དགེ་འདུན་ནི་དགེ་འདུན་དུ་བྱེད་པ་སློབ་པ་དང་མི་སློབ་པའི་ཆོས་ཡིན་ནོ། །རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ནི་བཅོམ་ལྡན་འདས་ཡིན་ཏེ། ཕན་འདོགས་པར་མཛད་པ་ཉིད་དང༌། ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འདོད་ཆགས་དང་བྲལ་བ་ལས་ཟག་པ་མེད་པའི་ལམ་ཐོབ་པའི་འདོད་ཆགས་དང་བྲལ་བ་ནི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་མཆོག་ཡིན་ནོ། །ཚོགས་དག་ལས་ཀྱང་དེ་བཞིན་གཤེགས་པའི་ཉན་ཐོས་དང་དགེ་འདུན་མཆོག་ཡིན་ཏེ། ཡོན་ཏན་དང་ལྡན་པ་ཉིད་དང༌། ཕན་འདོགས་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཕན་འདོགས་པར་མཛད་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་ཆོས་སྟོན་པར་མཛད་པ་དང༌། རྒྱུའི་བསོད་ནམས་ཀྱི་ཞིང་ཉིད་ཡིན་པའི་ཕྱིར་རོ། །མཆོག་ནི་གཙོ་བོ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་བསྙེན་ཏེ་གནས་པའི་ཕྱིར་དགེ་བསྙེན་ཡིན་ནོ། །སློབ་པར་བྱེད་པས་ན་བསླབ་པ་ཡིན་ལ། དེའི་གཞི་ནི་བསླབ་པར་བྱ་བའི་དངོས་པོ་ཡིན་པས་ན་བསླབ་པའི་གཞི་ཡིན་ཏེ། དེ་ཡང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་ཡིན་ནོ། །ལྔ་ཞེས་བྱ་བ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། །བརྫུན་དུ་སྨྲ་བ་ལ་སོགས་པ་ལས་ལྡོག་པ་ཡིན་ནོ། །ཇི་ལྟར་འཕགས་པ་དགྲ་བཅོམ་བ་དེ་དག་ཅེས་བྱ་བ་ལ། ཇི་ལྟར་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཅན་གྱི་དགྲ་བཅོམ་པ་སེམས་ཅན་ཐམས་ཅད་ལ་དམིགས་པའི་
ལྡོག་པའི་བསམ་པའི་སྒོ་ནས་ལྡོག་པ་དེ་བཞིན་དུ་བདག་ཀྱང་སླར་ལྡོག་པ་ཡིན་ནོ། །སྲོག་གཅོད་པ་ནི་སྲོག་ཆགས་དག་ཤིན་ཏུ་གསོད་པར་བྱེད་ཅིང་འཇིག་པར་བྱེད་པ་ཡིན་ནོ། །སྤངས་ཏེ་ཞེས་བྱ་བ་ནི་ཡིད་ཀྱིས་སྲོག་གཅོད་པར་བྱེད་པ་སྤངས་པ་ཡིན་ཏེ། ལུས་དང་ངག་གིས་དོར་བ་ནི་སླར་ལྡོག་པ་ཡིན་ཏེ། ཡིད་ཀྱིས་གང་བྱ་བ་མ་ཡིན་པར་དཔྱད་ནས་དོར་བ་ན་བསོད་ནམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་ཞེས་བྱ་བ་ལ། ཇི་ལྟར་དགྲ་བཅོམ་པའི་བསླབ་པ་ཐར་པའི་བསམ་པ་སྔོན་དུ་སོག་བ་ཅན་ཡིན་པ་དེ་བཞིན་དུ་བདག་ཀྱང་ཐར་པའི་བསམ་པ་སྔོན་དུ་སོང་བས་སློབ་པ་དང༌། ཐར་པའི་བསམ་པས་ སེམས་ཅན་གཅིག་ལ་ཡང་འཚེ་བར་མི་བྱེད་པ་དེ་བཞིན་དུ་བདག་ཀྱང་ཞེས་བསྟན་པར ་བྱ་བའི་ཕྱིར་རྗེས་སུ་བསྒྲུབ་པོ་ཞེས་སྨོས་པ་ཡིན་ནོ། །ཇི་ལྟར་དགྲ་བཅོམ་པ་བཅོམ་ལྡན་འདས་ཀྱིས་སྟོན་པར་བྱེད་པ་ཡིན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཀྱིས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་བགྱིད་དོ་ཞེས་སྨོས་པ་ཡིན་ནོ། །དེའི་ཕྱིར་འདིས་ནི་ སེམས་ཅན་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཉེས་པར ་སྤྱོད་པ་ལས་སླར་ལྡོག་པའི་བསམ་པ་དང༌། ཐར་པའི་བསམ་པའི་སྒོ་ནས་སྡོམ་པ་ཡིན་ལ། ཐར་པའི་བསམ་པ་ཡང་དཀོན་མཆོག་གསུམ་སྐྱབས་སུ་ཡོངས་སུ་བཟུང་བ་ལས་འགྱུར་རོ་ཞེས་བསྟན་པ་ཡིན་ཏེ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་ཐོབ་ལ། ཐར་པའི་བསམ་པ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་མེད་པར་མི་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སྦྱར་བའི་ཆང་ནི་འབྲུ་ལས་བྱས་པ་ཡིན་ལ། བཅོས་པའི་ཆང་ནི་མེ་ཏོག་ལ་སོགས་པ་ལས་བསྒྲུབས་པ་ཡིན་ནོ། །དེ་དག་མྱོས་པར་བྱེད་པ་ཡིན་པས་ན་མྱོས་པར་བྱེད་པ་ཡིན་ལ། བག་མེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་ཉིད་བག་མེད་པའི་གནས་ཡིན་ནོ། །གླུ་དང་ག་ར་དང་རོལ་མོའི་སྒྲ་ཞེས་བྱ་བ་ལ། ལུས་དང་ངག་གི་འགྱུར་བ་རྒོད་པས་བྱས་པ་ནི་གླུ་ལ་སོགས་པ་ཡིན་ཏེ། །དེ་ལས་སླར་ལྡོག་པ་ནི་བསླབ་པའི་གཞི་གཅིག་ཡིན་ནོ། །ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་ལས་སླར་ལོག་པ་ནི་བསླབ་པའི་གཞི་གཉིས་པ་ཡིན་ནོ། །ལུས་དྲི་བཟང་པོའི་ཚོན་གྱིས་དྲིལ་ཕྱིས་
བྱས་པ་ལ་ཁ་དོག་གི་སྒྲས་བརྗོད་པ་ཡིན་ནོ། །མལ་མཐོན་པོ་ནི་པུས་མོའི་ཚད་ལས་མཐོན་པོར་གྱུར་པ་ཡིན་ལ། མལ་ཆེན་པོ་ནི་རིན་པོ་ཆེས་སྤྲས་པ་ཆེན་པོ་ལ་འོས་པ་ཡིན་ནོ། །གསེར་ནི་ས་ལེ་སྦྲམ་ཡིན་ལ། དངུལ་ནི་དངུལ་ཉིད་ཡིན་ཏེ། དེ་དག་ནི་རིན་པོ་ཆེ་གཞན་དག་གི་ཉེ་བར་མཚོན་པ་ཡིན་ནོ། །དེ་ལེན་པ་ནི་བདག་གིར་བྱེད་པ་ཡིན་ཏེ། དེ་ལས་སླར་ལྡོག་པ་ནི་བསླབ་པའི་གཞི་གཅིག་ཡིན་ནོ། །ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང༌། གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་དགེ་སློབ་མའི་བསླབ་པ་སྦྱིན་པར་བྱེད་པ་ཡིན་ནོ། །དང་པོར་ཞེས་བྱ་བ་ལ། དགེ་སློང་མའི་སྡོམ་པ་སྦྱིན་པ་ལ་མཐའ་འཁོབ་མ་ཡིན་པར་བཅུ་གཉིས་ཀྱི་ཚོགས་ཉིད་ལ་དགེ་སློང་མའི་ཚོགས་ཀྱི་མཐའ་ཡིན་པར་རིག་པར་བྱ་ཞིང༌། མཐའ་འཁོབ་ཏུ་ནི་དགེ་སློང་མ་དྲུག་གི་ཚོགས་ལ་ཡང་དགེ་སློང་མའི་བསླབ་པ་སྦྱིན་པར་དགེ་སློང་མ་དག་གི་ཚོགས་ཡིན་ནོ། །གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང༌། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་བྱེད་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ། ཆོས་ཀྱི་དེ་མ་ཐག་ཏུ་བསྟན་པའི་ཕྱིར་རྗེས་སུ་བྱེད་པའི་ཆོས་ཡིན་ནོ། །སྐྱེས་པ་དང་ནི་འདུག་མི་བྱ། །ཞེས་བྱ་བ་ནི་སྟེང་གཡོགས་དང་སྟན་གཅིག་ལ་སོགས་པའི་བྱ་བ་སྐྱེས་པ་དང་ལྷན་ཅིག་བྱ་བ་མ་ཡིན་ནོ། །སྨྱན་དུ་འགྱུར་བ་ཞེས་བྱ་བ་ལ། སྨྱན་བྱེད་པས་ན་སྨྱན་ཏེ། དེའི་དངོས་པོའམ་ལས་ནི་སྨྱན་བྱེད་པ་ཡིན་ཏེ། དེ་ཡང་ཕོ་ཉ་ཡིན་ཏེ། སྐྱེས་པ་དང་བུད་མེད་སྦྱོར་བའི་རྒྱུ་མཚན་གྱི་ཕྲིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དགེ་སློང་མ་དག་གི་ཉེས་པར་སྤྱོད་པ་མཐོང་བ་དེ་ལ་དེ་བློས་བཅབ་པར་བྱ་བ་མ་ཡིན་ནོ། །མདོམས་ནི་གསང་བའི་ཕྱོགས་ཡིན་ནོ། །གནས་པར་གྱུར་པ་ལ་ཞེས་བྱ་བ་ནི་ཐག་ཉེ་བར་གྱུར་པ་ལའོ། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ལ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་དོན་གྱི་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པ་ཡིན་ནོ། །དེ་ལ་ཉེ་བར་གནས་པ་ནི་ཉེ་བར་བསྐྱེད་པ་སྟེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་ཆེད་གྱི་སྡོམ་པ་ནི། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡིན་ཏེ། རྟེན་ལ་བསྙེན་པར་རྫོགས་པ་བྱུང་བའི་སྐལ་བ་
དང་ལྡན་པར་ངེས་པར་བྱས་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱ་བ་ཡིན་ནོ། །ཆོས་གོས་གསུམ་དང༌། རྡུལ་གཟན་དང༌། རྡུལ་གཟན་གྱི་གཟན་ཞེས་བྱ་བ་ནི་ལྔ་ཡིན་ནོ། །དཀྱིལ་འཁོར་བ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱེད་པའི་ལས་ཀྱི་གནས་ཡིན་ནོ། །དྲང་སྲོང་གི་སྣོད་ཅེས་བྱ་བ་ལ་དྲང་སྲོང་སྟེ་ཡང་དག་པར་རྫོགས་བའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་དག་ནི་སྣོད་ནི་དྲང་སྲོང་གི་སྣོད་ཡིན་པ་དེའི་ཕྱིར་བསླབ་པ་དོན་དུ་གཉེར་ཞིང་དྲང་སྲོང་གི་རྗེས་སུ་འགྲོ་བ་བདག་གི་སྣོད་དུ་བྱིན་གྱིས་བརླབ་ཅིང་ཡང་དག་པར་གཟུང་བར་བྱ་བ་ཡིན་ནོ། །བཟའ་བ་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི། བཟའ་བའི་བྱ་བ་ཉེ་བར་ལོངས་སྤྱོད་དུ་རུང་བ་ཡིན་ལ། སློང་བ་ལ་ཡང་འདིས་ལེན་པར་བྱེད་པ་ཡིན་ཏེ། བཟའ་བའི་བྱ་བས་ཞེས་བྱ་བའི་ཕྱིར་རོ། །གསོལ་བ་འབའ་ཞིག་ཅེས་བྱ་བ་ནི་ལས་བརྗོད་པ་མེད་པའི་ཕྱིར་གསོལ་བ་འབའ་ཞིག་ཡིན་ནོ། །བདེན་པའི་དུས་ཞེས་བྱ་བ་ནི་བདེན་པ་སྨྲ་བར་བྱ་བའི་འོ། །བྱུང་བའི་དུས་ཞེས་བྱ་བ་ནི་གང་བྱུང་བ་ནི་འདས་པ་ཡིན་ཏེ། དེའི་ཚིག་གི་དུས་ཡིན་ནོ། །གོ་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་ནོ། །ཡང་ན་དོར་བར་བྱ་བ་ནི་བྱུང་བ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་ནི་ད་ལྟར་ཡིན་ཏེ། དོར་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ །བྲན་མོ་ནི་ཁྱིམ་དུ་སྐྱེས་པ་ཉིད་ཡིན་ནོ། །བརྐུས་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྐུན་མ་ལ་སོགས་པས་འགའ་ཞིག་ནས་ཁྱེར་ཏེ་འོངས་ནས་བདག་གིར་བྱས་པ་ཡིན་ནོ། །བཙོངས་པ་ནི་གང་འགའ་ཞིག་གིས་རིན་ལས་བྱིན་པར་གྱུར་པ་ཡིན་ནོ། །རྙེད་བཙོན་ནི་དེ་ལྟ་དེ་ལྟར་རྙེད་པར་གྱུར་པ་ཡིན་ནོ། །རྩོད་པ་ཅན་ནི་སྐྱིན་པོ་ལ་སོགས་པ་བསྲབ་པ་ཉིད་དུ་མི་ནུས་པའི་ཕྱིར་དེ་བྲན་མོར་བྱས་པ་ཡིན་ནོ། །རྒྱལ་པོས་བཀྲབས་པ་ནི་བློའི་གྲོགས་བྱེད་པ་ལ་གཙོ་མོར་གྱུར་པའི་ཕྱིར་ཏེ། རྒྱལ་སྲིད་བསྐྱང་བའི་གྲོགས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ་ཞེས་བྱ་བ་ནི་གང་ཞིག་རྒྱལ་པོའི་དགྲ་བོའི་དངོས་པོར་གནས་པ་ཡིན་གྱི། འོན་ཀྱང་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ནི་མ་ཡིན་ནོ། །གནོད་པའི་ལས་བྱེད་པ་ནི་གང་ཞིག་གནོད་པའི་ལས་བྱེད་པ་ཉིད་དུ་རྩོམ་པ་ཡིན་ནོ། །བྱས་སམ་བྱེད་དུ་བཅུག་པ་ནི་གང་ཞིག་གིས་སྔོན་བྱས་
པའམ། ད་ལྟར་བྱེད་པ་ལས་ལྡོག་པ་མེད་པ་ཡིན་ནོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་ངག་གི་སྤྱོད་པ་རྩུབ་པར་གྱུར་པ་ཡིན་ནོ། །མྱ་ངན་གྱིས་གཟིར་བ་ནི་བདག་པོ་ལ་སོགས་པའི་མྱ་ངན་གྱི་ལས་སུ་རུང་བ་མ་ཡིན་པའོ། །སྦྲུམ་མ་ཞེས་བྱ་བ་ནི་ སེམས་ཅན་དང་ལྡན་པར ་གྱུར་པའོ། །མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་བུད་མེད་ཀྱི་དབང་པོ་དང༌། སྐྱེས་པའི་དབང་པོ་ཡོད་པ་ཡིན་ནོ། །རྟག་ཏུ་ཟླ་མཚན་འཛག་པ་ཞེས་བྱ་བ་ནི་གང་གི་སྐྱེ་གནས་ཀྱི་སྒོ་ནས་རྟག་ཏུ་ཟླ་མཚན་འཛག་པར་གྱུར་པ་དེ་ལ་བྱའོ། །ཟླ་མཆན་མི་འཛག་པ་ནི་སྐྱེ་བའི་ཆོས་ཅན་མེད་པ་ཡིན་ནོ། །མཚན་མ་ཙམ་ཡོད་པ་ནི་མཚན་མ་ཙམ་ཡོད་པ་ཡིན་ནོ། །དགེ་སློང་ཕ་སུན་ཕྱུང་བ་ཞེས་བྱ་བ་ནི་གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་ཕ་སུན་ཕྱུང་བར་གྱུར་པ་ཡིན་ནོ། །མུ་སྟེགས་ཅན་ཞེས་བྱ་བ་ནི་ལྟ་བ་གཞན་དང་ལྡན་པ་ཡིན་ནོ། །གང་འགའ་ཞིག་གིས་དེ་བཞིན་གཤེགས་པས་གསུངས་པའི་རབ་ཏུ་བྱུང་བ་ཡང་དག་པར་བླངས་ནས་མུ་སྟེགས་ཅན་གྱི་ལྟ་བས་འདི་པའི་ཆོས་གོས་ཡོངས་སུ་སྤངས་ནས་མུ་སྟེགས་ཅན་གྱི་རྟགས་བླངས་ཏེ། མུ་སྟེགས་ཅན་གྱི་རྟགས་དེས་མུ་སྟེགས་བྱེད་ཀྱི་གནས་དེར་སྐྱ་རེངས་དང་པོ་ཉིད་དུ་འཆར་བར་བྱེད་ན་དེ་ནི་མུ་སྟེགས་ཅན་ཞུགས་པ་ཡིན་བར་རིག་པར་བྱའོ། །ཆོམ་རྐུན་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པའི་རྒྱལ་མཚན་འཆང་བ་ཡིན་ནོ། །བདག་ཉིད་ཀྱིས་བསྙེན་པར་རྫོགས་པའི་ལས་མ་ཆགས་པ་ཁོ་ནར་ཤེས་བཞིན་དུ་དགེ་སློང་མའི་དགེ་འདུན་དང་ལྷན་ཅིག་ལས་གཉིས་ཀྱི་བར་དུ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་རྐུ་ཐབས་སུ་གནས་པ་ཡིན་ནོ། །ཐ་དང་དུ་གནས་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པ་དག་ནི་ཐ་དད་དུ་གནས་པ་ཡིན་ནོ། །གནས་པར་མི་བྱ་བ་ཞེས་བྱ་བ་ནི་ཕམ་པ་བྱུང་བར་གྱུར་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སོང་ཤིག་ཅེས་བྱ་བ་ནི་གནས་འདི་ཁོ་ན་ལས་སོང་ཤིག་པ་ཡིན་ནོ། །བརྗོད་པ་ནི་ཚུལ་ཁྲིམས་འཆལ་བ་སྐྱེ་བ་གཅོད་པར་བྱེད་པ་ཡིན་ནོ། །ཐུགས་བརྩེ་བ་ཅན་ཞེས་བྱ་བ་ནི་བརྩེ་བས་དམ་པའི་ཡུལ་ལ་གཞུག་པར་བྱ་བ་ཡིན་ནོ། །སྔ་ན་མེད་པའི་སྡོམ་པ་སྦྱིན་པ་ནི་རྗེས་སུ་གཟུང་བར་བྱ་བ་ཡིན་ནོ། །མཛེ་ནི་རབ་ཏུ་གྲགས་པ་ཡིན་ནོ། །ཆད་ཆེན་པོའི་འབྲུམ་བུ་ནི་འབྲས་ཡིན་ནོ། །ཤ་བཀྲ་ནི་མཛེའི་རྣམ་པ་ཁོ་ན་ཡིན་ཏེ། ལུས་ཀྱི་སྐབས་སྐབས་
སུའོ། །འབྲུམ་བུ་ཕྲ་མོ་ནི་མིང་རབ་ཏུ་གྲགས་པ་ཡིན་ནོ། །རང་འཛག་པ་ནི་ཁྱི་རྔོ་ཡིན་ནོ། །གཡན་པ་ནི་རྟག་འཛག་པ་མེད་པ་ཡིན་ནོ། །གློག་པ་ནི་སྐྱ་བོར་གྱུར་པ་ཉིད་ཡིན་ནོ། །རྐང་ཤུ་ནི་རབ་ཏུ་འཕོ་བར་བྱེད་པ་ཡིན་ནོ། །སྐེམ་ནད་ཅེས་བྱ་བ་ནི་ཁ་སྐམ་པ་ཡིན་ནོ། །བཀྲེས་དབ་ནི་བཀྲེས་པའི་ནད་ཡིན་ནོ། །ཉིན་མོ་འམ་མཚན་མོ་ལ་ལེན་གཅིག་ཅིག་འོང་བའི་རིམས་གང་ཡིན་པ་དེ་ནི་ཉིན་གཅིག་པ་ཡིན་ནོ། །གལ་ཏེ་མཚན་མོ་འོང་ཞིང་ཉིན་མོ་མི་འོང་བའམ། ཉིན་མཚན་དུ་མི་འོང་བ་གང་ཡིན་པ་དེ་ནི་ཉིན་གཉིས་པ་ཡིན་ནོ། །ཉི་མ་གཅིག་ལ་འོང་ཞིང་གཉིས་པ་ལ་མི་འོང་ལ། ཡང་གསུམ་པ་ལ་འོང་བ་དེ་ནི་ཉིན་གསུམ་པ་ཡིན་ནོ། །ཉིན་བཞི་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལྷན་ཅིག་འཁྲུགས་པར་གྱུར་པ་གང་ཡིན་པ་དེ་ནི་འདུས་པ་ཡིན་ནོ། །རྟག་པའི་རིམས་ནི་གང་རྟག་ཏུ་འཛིན་པར་བྱེད་པ་ཡིན་ནོ། །ཆོས་གསུམ་གྱིས་ཞེས་བྱ་བ་ལ། ཆོས་གསུམ་པོ་དག་ཀྱང་གང་ཞེ་ན། དུས་སྔ་མར་བྱ་བ་བྱས་པ་ཉིད་ནི་ཆོས་གཅིག་ཡིན་ལ། སེམས་མཉེས་པར ་བྱེད་པ་ནི་གཉིས་པ་ཡིན་ཞིང༌། བར་ཆད་ཀྱི་ཆོས་ཡོངས་སུ་དག་པ་ནི་གསུམ་པ་ཡིན་ཏེ། རྒྱུར་གྱུར་པ་གསུམ་པོ་དེ་དག་གིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱ་བ་ཡིན་ནོ། །གྲིབ་ཚོང་གཞལ་བར་བྱའོ་ཞེས་བྱ་བ་ལ། ཤིང་བུ་སོར་བཞི་པ་ཐུར་མའི་མིང་ཅན་ནི་སྐྱེས་བུ་ཡིན་ལ། དེ་ལ་སྐྱེས་བུའི་གྲངས་ཀྱིས་གྲིབ་མ་གཞལ་བར་བྱ་བ་ཡིན་ཏེ། ཐུར་མ་ཇི་ཙམ་པའི་གྲིབ་མ་དེ་ཙམ་ལ་སྐྱེས་བུ་ཞེས་བྱའོ། །དགུན་ཟླ་ར་བ་དང༌། འབྲིང་པོ་དང༌། ཐ་ཆུངས་དང༌། དཔྱིད་ཟ་ར་བ་ཞེས་བྱ་བའི་ཟླ་བ་བཞི་ནི་དགུན་གྱི་དུས་ཡིན་ནོ། །དཔྱིད་ཟླ་འབྲིང་པོ་དང༌། ཐ་ཆུངས་དང༌། དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་སྟེ་བཞི་པོ་དེ་དག་ནི་དཔྱིད་ཀྱི་དུས་ཡིན་ནོ། །དབྱར་ཟླ་ཐ་ཆུངས་ཀྱི་ཟླ་བ་ནི་དབྱར་ཡིན་ནོ། །དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུ་ཡིན་ནོ། །དབྱར་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་དོར་བའི་སྟོན་ཟླ་ར་བ་དང༌། སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་ཞེས་བྱ་བའི་ཟླ་བ་གསུམ་ནི་དབྱར་རིང་པོ་ཡིན་ནོ། །དུས་ཞེས་བྱ་བ་ནི་འཁོར་བའི་དུས་ཡིན་ནོ། །གནས་ཞེས་བྱ་བ་ལ། ཆོས་བཞི་བསྟེན་པས་ནད་
པ་འཚོ་བར་བྱེད་པ་དང༌། ཆོས་གསུམ་བསྟེན་པས་རང་བཞིན་དུ་གནས་པ་ཡིན་ཏེ། རང་བཞིན་དུ་གནས་པའི་ནི་བསོད་སྙོམས་དང༌། གནས་མལ་དང༌། བགོ་བ་དག་ཡིན་ལ། ནད་པའི་ནི་སྨན་དང་བཅས་པ་ཡིན་ཏེ། འཚོ་བའི་ཕྱིར་དོན་དུ་གཉེར་བར་བྱ་བ་དང༌། བསྟན་པར་བྱ་བ་ཡིན་པའི་ཕྱིར་གནས་ཡིན་ནོ། །མཁྱེན་ཅིང་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཡེ་ཤེས་ཀྱིས་སོ། །གཟིགས་ཏེ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སོ། །འདིར་རླུང་གི་མཐར་ཐུག་པ་ནི་དོགས་ཡིན་ཏེ། དེར་རྫོགས་པའི་ཕྱིར་དང༌། གོས་ཀྱི་མཐར་ཐུག་པ་ནི་ཕྱག་དར་ཡིན་ཏེ། དེར་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཕྱག་དར་དང་ངོགས་གང་ཡིན་པ་དེ་ཕྱག་དར་ཁྲོད་པ་ཡིན་ཏེ། ཤིན་ཏུ་རྙིངས་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་དུ་མི་རུང་བ་ཕྱག་དར་དུ་བོར་བ་དོན་དུ་འགྱུར་བ་ཉིད་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པར་གྲུབ་པ་ཡིན་ནོ། །རྙེད་སླ་བ་ཞེས་བྱ་བ་ནི་འབད་རྩོལ་ཆུང་དུས་རྙེད་པར་འགྱུར་བ་ཡིན་ནོ། །དར་ནི་སྲིན་བལ་གྱི་རིགས་ཀྱི་བྱེ་བྲག་གི་རྒྱུ་ལས་བཏགས་པ་ཡིན་ནོ། །དར་ལ་ནི་རྒྱུ་དང་སྤུན་ཐག་རན་མ་ཞག་པ་མཐོང་བ་ལ་སྒྲིབ་བར་ནུས་པ་མ་ཡིན་པའི་གོས་ལ་བྱའོ། །ཤ་ན་ལས་བྱས་པ་ནི་ཤ་ནའི་རས་ཡིན་ནོ། །མོན་དར་ཞེས་བྱ་བ་ནི་རྩྭའི་རིགས་ཀྱི་ཤུན་པ་ལས་བྱས་པའི་གོས་ཡིན་ནོ། །མེན་གོས་ཞེས་བྱ་བ་ནི་སྲིན་བུའི་རྣམ་པ་ཅན་གྱི་སྲོག་ཆགས་ཀྱིས་བྱས་པའི་སྲིན་བལ་ལས་ཡང་དག་པར་འབྱུང་བ་ཡིན་ནོ། །བེའུ་རས་ཡུག་ཆེན་དང༌། བེའུ་རས་ནི་གཅིག་ཏུ་ངོས་གཉིས་ཀ་ནས་སྤུས་ཁེབས་པར་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །ལ་མར་ཞེས་བྱ་བ་ནི་ལ་བའི་རིགས་དེ་དག་སྲིན་བུའི་ཁ་དོག་དང་འདྲ་བར་གྱུར་པ་ཡིན་ནོ། །ཡུལ་ཀ་ཤི་ཀའི་རས་ཕྲན་ནི་ཀ་ཤི་ཀའི་གོས་སུ་རྣམ་པར་བཏགས་པ་ཡུལ་བཱ་རཱ་ཎ་སཱི་ཉིད་དུ་བཏགས་པ་ལ་བྱའོ། །ཟར་མའི་རས་ཕྲན་ནི་ཟར་མ་རྣམ་པར་བཏགས་པ་ཡིན་ནོ། །དུ་གུ་ལའི་རས་ཕྲན་ནི་དུ་གུ་ལར་རྣམ་པར་བཏགས་པ་ཡིན་ནོ། །ཟར་མ་དང་དུ་གུ་ལ་དག་ཀྱང་རྩྭའི་རིགས་ལས་བྱས་པ་ཡིན་ནོ། །རས་བལ་གྱི་རྒྱུ་དང་སྲིན་བལ་གྱི་སྤུན་ལས་གང་བྱས་པའི་གོས་ཕྲ་མོ་ནི་ཀོ་ཏམ་པའི་རས་ཞེས་བྱའོ། །རུང་བ་ཞེས་བྱ་བ་ནི་དེ་ལ་རུང་བ་མ་ཡིན་བ་བླང་བར་
བྱ་བ་མ་ཡིན་ཞིང་ལོངས་སྤྱད་པར་བྱ་བ་མ་ཡིན་ལ། གང་བླང་ཞིང་ལོངས་སྤྱད་པར་འོངས་པ་དེ་ལོངས་ལ་ཚོད་ཟིན་པར་བྱ་བ་ཡིན་ནོ། །དེ་ལ་ལྷག་པར་རྙེད་པར་གྱུར་ན་དུས་སུ་བླང་ཞིང་ཚོད་དེ་ཚད་ཟིན་པར་བྱ་བ་ཡིན་ནོ། །དམ་འཆའ་འམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བའི་ཐ་ཚིག་གོ ། ཁྱིམ་དག་ལས་བསོད་སྙོམས་ལེན་པར་བྱེད་པས་ན་བསོད་སྙོམས་ཡིན་ནོ། །སྤྲོ་འམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བ་ཡིན་ནོ། །འབྲས་ཆན་ནི་འབྲས་ཁྲོལ་ལ་སོགས་པའི་བཟའ་བ་ཡིན་ནོ། །སྐྱོ་མ་ནི་ཆུའི་བསྒྲལ་མ་ཡིན་ནོ། །ཐུག་པ་ཁོ་ན་བཏུང་བར་བྱ་བ་ཡིན་པའི་ཕྱིར་ཐུག་པ་ཡིན་ནོ། །རྟག་རེས་འཁོར་ནི་རྟག་ཏུ་འབྱུང་བའི་སྟོན་མོ་ཡིན་ནོ། །མགྲོན་དུ་བོས་པ་ནི་ངེས་པར་བྱས་པའི་ཟས་ཡིན་ནོ། །ཚེས་བརྒྱད་ལ་ངེས་པར་སྦྱོར་བའི་སྟོན་མོ་ནི་བརྒྱད་སྟོན་ཡིན་ནོ། །དེ་བཞིན་དུ་བཅུ་བཞི་སྟོན་དང༌། ཉ་སྟོན་ཡང་ཤེས་པར་བྱའོ། །རུང་བ་ཞེས་བྱ་བ་ལ། རུང་བ་མ་ཡིན་པ་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང་རུང་བ་བླངས་ལ་ཚོད་ཟིན་པར་བྱ་བ་ཡིན་ནོ། །བཀུས་ཏེ་བོར་བ་ཞེས་བྱ་བ་ལ་བཀུས་པ་ནི་བསྐོལ་བ་ཡིན་ལ། ཁུ་བ་བཀུས་ཤིང་བཙིར་ནས་ཕྱི་རོལ་དུ་བོར་བ་གང་ཡིན་པ་དེ་ནི་བཀུས་ཏེ་བོར་བ་ཡིན་ནོ། །ལྟུང་བ་ནི་སྡོམ་པ་འཇིག་པ་ཡིན་ནོ། །ལྟུང་བ་དང་རྗེས་སུ་མཐུན་པས་ན་ཕམ་པར་གྱུར་པའི་ཆོས་བརྒྱད་པོ་དག་ནི་ལྟུང་བར་འགྱུར་བ་ཡིན་ནི། །དགེ་སློང་མར་མི་རུང་ཞེས་བྱ་བ་ནི་དགེ་སློང་མ་སྨད་པ་ཡིན་ཏེ། དགེ་སློང་མ་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པའི་སྐལ་བ་མེད་པའི་ཕྱིར་རོ། །དགེ་སྦྱོང་མའི་སྣོད་དུ་རིས་མཐུན་པ་པར་འགྱུར་བའི་ཆོས་བརྒྱད་པོ་དག་གི་ནད་ནས་མ་ངེས་པའི་ཆོས་གཅིག་ནི་གང་ཡང་རུང་བ་ཡིན་ནོ། །དགེ་སློང་མར་མི་རུང་ཞེས་བྱ་བ་ནི་དགེ་སློང་མ་སྨད་པ་ཡིན་ཏེ། དགེ་སློང་མ་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པའི་སྐལ་བ་མེད་པའི་ཕྱིར་རོ། །དགེ་སྦྱོང་མའི་སྣོད་དུ་རིས་མཐུན་པ་ལས་སྐལ་བ་ཉིད་དང་མི་ལྡན་པའི་ཕྱིར་དགེ་སྦྱོང་མར་རུང་བ་མ་ཡིན་ནོ། །ཤཱཀྱའི་སྲས་ཀྱི་འབྲེལ་པ་མེད་པས་བསྟན་པ་དེ་ལ་ཉམས་སུ་ལེན་པ་མེད་པའི་ཕྱིར་ཤཱཀྱའི་སྲས་མོར་མི་རུང་བ་ཡིན་ནོ། །འགའ་ཞིག་ཏུ་ཕྱིར་བཅོས་པ་བྱས་ནས་ཀྱང་དགེ་སློང་མར་འགྱུར་རམ་ཞེ་ན། དགེ་སློང་མའི་
དངོས་པོ་ལས་ཉམས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱིར་བཅོས་པས་ཀྱང་དགེ་སློང་མའི་དངོས་པོ་ཡང་དག་པར་སྐྱེ་བའི་ནུས་པ་མེད་པ་དེ་ལྟར་འདིར་ཡང་དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་པ་ཡིན་པས་ན་དགེ་སློང་མར་མི་རུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་དགེ་སློང་མར་མི་རུང་བ་ཡིན་ཞེ་ན། དེའི་དགེ་སློང་མའི་ཚུལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་པར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དགེ་སྦྱོང་མའི་ཚུལ་ཉིད་དུ་མི་རུང་བ་རྗོད་པར་བྱེད་པའི་རྣམ་གྲངས་ཡིན་ནོ། །དེ་ལ་དགེ་སྦྱོང་མ་ཐོབ་ཏུ་ཟིན་ཀྱང་ཐོབ་པའི་ཕྱིར་རུང་བར་གྱུར་པའི་གང་ཟག་ད་ལྟར་དགེ་སྦྱོང་སོ་སོ་ཐོབ་པ་ཉིད་དུ་རུང་བ་ལས་ཉམས་པ་དེའི་ཕྱིར་འདི་ལ་དགེ་སྦྱོང་བྱེད་པ་དེར་རུང་བར་མ་གྱུར་པ་ཞེས་བྱ་བ་དེ་ནི་རུང་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྣམ་གྲངས་དེ་དག་གིས་བརྗོད་བ་ཡིན་ནོ། །ལུས་དང༌། ཚུལ་ཁྲིམས་དང༌། སེམས་དང༌། ཤེས་རབ་མ་བསྒོམས་པས་ཡོངས་སུ་ཟད་པ་ཉིད་ཀྱི་ཕྱིར་ཉམས་པའི་ཆོས་དང་ལྡན་པ་རྣམ་གྲངས་ཡིན་ནོ། །སྔོན་པོར་འགྱུར་བ་ནི་རློན་པ་ཉིད་དུ་འགྱུར་བའོ། །འཕེལ་བ་ནི་མྱུ་གུ་སྐྱེ་བ་ཡིན་ནོ། །རྒྱས་པ་ནི་སྲིད་དུ་འཕེལ་བ་ཡིན་ནོ། །ཡངས་པར་འགྱུར་བ་ནི་ཞེང་དུ་རྒྱས་པ་ཡིན་ནོ། །འདོད་པར་བྱ་བ་ཡིན་པས་ན་འདོད་པ་དག་ཡིན་ལ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་འདུན་པའི་འདོད་པ་ལ་སོགས་པ་ཡིན་ཏེ། འདོད་པ་ལ་ཡོན་ཏན་དུ་འཛིན་པར་འདོད་པ་ནི་འདུན་པ་ཡིན་ནོ། །འདོད་པ་དག་ལ་ཉེས་པ་ཡོད་དུ་ཟིན་ཀྱང་བདག་གིར་བྱེད་པ་ནི་ཆགས་པ་ཡིན་ནོ། །སེམས་རྩུབ་པ་གསལ་བ་ནི་འཆུམས་པ་ཡིན་ནོ། །ཉེས་པའི་ཆ་འདོར་ཞིང་དུས་ཡང་དང་ཡང་དུ་རྗེས་སུ་འབྲེལ་བའི་ཆགས་པ་སྐྱེས་པ་ནི་སྡུག་པ་ཡིན་ནོ། །འདོད་པའི་ཡུལ་གཞན་ལ་ལྷག་པར་ཆགས་པ་ནི་འདོད་པ་ལ་གནས་པ་ཡིན་ནོ། །ཡུལ་མང་པོ་དག་ལ་འདིར་ཡུལ་གང་དང་གང་གི་རོ་ལ་ངོམས་པར་བྱེད་པའི་ཆགས་པ་ནི་ཡུལ་དེ་ལ་གདོན་མི་ཟ་བ་ཡིན་ནོ། །ཡུལ་གཞན་ཐམས་ཅད་ལས་ལྡོག་པའི་ཡུལ་གང་ལ་འཚོགས་པ་བཞིན་དུ་ཆགས་པ་དེ་ནི་ལྷག་པར་ཞེན་པ་ཡིན་ནོ། །མ་འོངས་པ་ཁོ་ན་དོར་བ་ནི་སྤངས་བ་ཡིན་ལ། མ་གོམས་པའི་ཀུན་དུ་སྤྱོད་པ་ཡོངས་སུ་དོར་བ་ནི་བོར་བ་
ཡིན་ནོ། །སེམས་ཀྱིས་སྤངས་པ་ཡང་གསལ་བ་ཡིན་ནོ། །རྒྱུན་དུ་ཞུགས་པས་སྤངས་པ་གང་ཡིན་པ་དེ་ནི་ཟད་པ་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དག་ནི་འགོག་པ་ཡིན་ནོ། །དགྲ་བཅོམ་པ་ནི་ཉེ་བར་ཞི་བ་ཡིན་ནོ། །ཕུང་པོ་ལྷག་མ་མེད་པ་ནི་ནུབ་པ་ཡིན་ནོ། །བསྟོད་པ་ནི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །བཀུར་བ་ནི་དགེ་འདུན་དང་སྦྱོར་བ་ཡིན་ཏེ། མང་པོ་དག་གིས་གཟུང་བ་ཉིད་ཡིན་པའི་ཕྱིར་རོ། །བསྔགས་པ་ནི་གཞན་གྱིས་དྲིས་པ་ན་ཡོན་ཏན་རྗོད་པར་བྱེད་པ་ཡིན་ནོ། །སྙན་པར་བརྗོད་པ་ནི་གཞན་གྱིས་དྲིས་པ་ན་ཉེས་པ་སེལ་བར་བྱེད་པ་ཡིན་ནོ། །མིག་གཏད་དེ་མིག་གིས་ཞེས་བྱ་བ་ལ། གལ་ཏེ་འགའ་ཞིག་ཏུ་ཐོག་མར་མིག་གཏད་དེ་མིག་འབྲུ་ཚུགས་སུ་གཏད་པའི་རྒྱུ་དེས་ཀྱང་གང་གི་ཚེ་མིག་ལ་གཏད་དེ་ལྟ་བར་བྱེད་པ་དེའི་ཚེ་ཉེས་པ་དེ་དག་ཏུ་འགྱུར་ལ། གང་གི་ཚེ་ཐུག་ཕྲད་དུ་སྐྱེས་བུའི་མིག་ལ་གཏད་དེ་ལྟ་བ་དེའི་ཚེ་ལྟ་བ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །གཉིས་ཏེ་བུད་མིད་དང་སྐྱེས་པ་ཡིན་ལ། གཉིས་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཡིན་ཏེ། གང་ཕྲད་པ་ནི་འདུས་པར་འགྱུར་པ་ཡིན་ནོ། །ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་དེ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ལ། དེ་དང་འགལ་བ་ནི་མི་ཚངས་པར་སྤྱོད་པ་ཐམས་ཅད་དུ་བྱ་བ་མ་ཡིན་པ་ཁོ་ན་ཡིན་ནོ། །འཁྲིག་པ་ནི་གཉིས་ལས་བྱུང་བའི་ཆོས་ཡིན་ནོ། །གཉིས་ཕྲད་པ་ལས་སྐྱེས་པའི་འཁྲིག་པ་ནི་སྡིག་པ་འཛིན་པར་བྱེད་པའི་ཆོས་མ་ཡིན་པ་ལས་སྐྱེས་པའི་ཆོས་ཞེས་བསྟན་པ་ཡིན་ནོ། །ཡང་དགེ་སློང་ཞེས་བྱ་བ་ནི་ལས་དང་པོ་པ་བཟློག་པར་བྱ་བའི་ཕྱིར་ཚིག་དེ་སྨོས་པ་ཡིན་ནོ། །གང་ཞེས་བྱ་བ་ནི་གཅིག་བྱེད་ན་དེ་ལ་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་མཚུངས་པར་གྱུར་པ་ནི་བསྙེན་པར་རྫོགས་ནས་ལོག་བརྒྱ་ལོན་པ་དང༌། དེང་བསྙེན་པར་རྫོགས་པ་དག་བསླབ་པ་མཚུངས་པ་ཡིན་ཏེ། བསླབ་པ་མ་ཉམས་པ་ཉིད་ཡིན་པའི་ཕྱིར་རོ། །བསླབ་པ་མ་ཕུལ་བ་ཞེས་བྱ་བ་ནི་བསླབ་པ་ཕུལ་བར་མ་བྱས་པ་ཉིད་ཡིན་ནོ། །བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ནི་བསླབ་པ་ཉམས་པ་གསལ་པོ་མ་བྱས་པ་ཉིད་ཡིན་ནོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་ཀྱེས་པ་དང་ཞེས་བྱ་བ་ནི་དུད་འགྲོའི་
སྐྱེ་གནས་སུ་གཏོགས་པའི་མཐར་ཐུག་པར་གྱུར་ན་ནས་མིར་གསུང་བའི་པར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་དེང་ཕན་ཆད་ཁྱོད་ཅེས་བྱ་བ་ནི་འཁྲིག་པའི་ཆོས་དེ་ལ་མི་སྤྱོད་པར་སྦྱོར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྤྱད་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱོར་བ་ལས་ལྡོག་པ་ཡིན་ལ། བྱ་བ་མ་ཡིན་པ་ཞེས་བྱ་བས་ནི་དངོས་གཞི་ལས་ལྡོག་པ་ཡིན་ཞིང༌། སྤྱད་པ་མ་ཡིན་པ་སྤོང་བ་ཞེས་བྱ་བ་ནི་མཇུག་ལས་ལྡོག་པ་ཡིན་ནོ། །སྤྱད་པ་མ་ཡིན་པ་སྦྱོར་བ་དང༌། དངོས་གཞི་དངོས་པོར་དེ་དག་བཅས་པར་ལོག་པ་དང་མཇུག་གི་དངོས་པོ་དེ་དག་ནི་སྤོང་བ་ཡིན་ནོ། །དྲན་པ་དང་བག་ཡོད་པ་དེ་ནི་དྲན་པ་དང་བག་ཡོད་པ་ཡིན་ལ། དྲན་པ་དང་བག་ཡོད་པས་ཀུན་ནས་སྲུང་བ་དེ་ནི་དྲན་པ་དང་བག་ཡོད་པའི་ཀུན་དུ་སྲུང་བ་ཡིན་ནོ། །སེམས་ཀྱིས་ཡོངས་སུ་སྲུང་བར་བྱེད་པ་ནི་དྲན་པ་དང་བག་ཡོད་པ་ཡིན་ནོ། །དྲན་པས་དགེ་བ་བསྒོམ་པར་བྱ་བ་རྗོད་ཅིང་བག་ཡོད་པའི་སྒོ་ནས་དགེ་བ་སྒོམ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡང་དགེ་བ་བསྒོམ་པར་བྱ་བ་ཡོངས་སུ་སྲུང་བ་དང༌། དགེ་བ་བསྒོམ་པར་བྱ་བ་སྒོམ་ པར་བྱེད་པའི་ཕྱིར་སེམས ་ཤིན་ཏུ་བསྲུང་བར་འགྱུར་རོ། །དེ་ལ་སེམས་ཤིན་ཏུ་སྲུང་བར་བྱེད་པའི་དྲན་པ་དང་བག་ཡོད་པ་དང་ལྡན་པ་དེ་ནི་བསྡུས་པའི་དོན་ཡིན་ནོ། །བསྟོད་པ་ནི་བསམ་པའི་སྒོ་ནས་ལྡོག་པ་ཡིན་ལ། བཀུར་པ་ནི་སྦྱོར་བ་ལྡོག་པ་ཡིན་ཞིང༌། བསྔགས་པ་ནི་དངོས་གཞི་ལྡོག་པ་ཡིན་ཏེ། སྙན་པར་བརྗོད་པ་ནི་མཇུག་ལྡོག་པ་ཡིན་ནོ། །ཏིལ་གྱི་ཕུབ་མ་ནི་ཏིལ་གྱི་ཤུན་པ་ཡིན་ནོ། །མ་ཤ་ཀ་ལྔ་ནི་བཙོང་པའི་རིན་གང་ལ་ཡོད་པ་དེ་ནི་མ་ཤ་ཀ་ལྔ་ཡིན་ནོ། །མ་ཤ་ལ་ལྔ་ཡང་དེ་ཡིན་ལ་ལྷག་པ་ཡང་ཡིན་པས་ན་མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། མ་ཤ་ལ་ལྔ་ལས་རིན་ཐང་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ །གང་ཡང་འདི་ལྟ་བུ་བྱུང་བར་གྱུར་ན་དགེ་སློང་མ་ཉིད་དུ་མི་རུང་ངོ་ཞེས་བྱ་བར་སྡུད་པར་བྱའོ། །གཞན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང༌། བུད་མེད་དང་མ་ནིང་དག་དང་འབྲེལ་པ་དག་ཡིན་ནོ། །གྲོང་ན་འདུག་པ་ནི་ར་བ་ནི་ནང་ན་འདུག་པ་ཡིན་ནོ། །དགོན་པ་ན་འདུག་པ་ནི་ར་བ་ལས་ཕྱི་རོལ་དུ་འདུག་པ་ཡིན་ནོ། །མ་བྱིན་པ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དེ་དག་གིས་ཏེ། འདིས་ནི་མི་ལ་ཡོད་པའི་བརྐུས་པ་བརྗོད་པ་ཡིན་ནོ། །
རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་རྐུས་ཤིང་ཕྲོགས་པའི་གྲངས་སུ་གཏོགས་ པར་འདོད་དེ། འདིས་ནི་རྐུ་སེམས ་དང་མིས་ཡོངས་སུ་བཟུང་བར་འདུ་ཤེས་པ་བརྗོད་པ་ཡིན་ནོ། །ཅི་ཙམ་ཞེས་བྱ་བ་འདིས་ནི་མ་ཤ་ཀ་ལྔ་ཉིད་ལ་སོགས་བརྫས་ཀྱི་ཚད་དུ་བསྟན་པ་ཡིན་ནོ། །རྒྱལ་པོ་ནི་རྒྱལ་སྲིད་ཉིད་ཀྱི་ཕྱིར་ཅོད་པན་བཏགས་པར་གྱུར་བ་ཡིན་ནོ། །བློན་པོ་ཆེན་པོ་ནི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ནོ། །རྐུན་མ་ནི་གཞན་གྱི་རྫས་འཕྲོག་པར་བྱེད་པའི་ཕྱིར་རོ། །བྱིས་པ་ནི་ཚར་གཅོད་པར་སྣང་བ་མ་མཐོང་བའི་ཕྱིར་རོ། །བླུན་པ་ནི་ཅར་བཅད་ པར་སྣང་བ་མཐོང་བ་ཡིན་པའི་ཕྱིར་རོ། །རྐུ་བ་ནི་རྐུ་སེམས ་མངོན་དུ་ཕྱོགས་པའི་ཕྱིར་རོ། །གསོད་པ་ནི་གཞན་པ་ཉིད་དང་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཅིངས་པ་ནི་དད་པ་ཡོད་དུ་ཟིན་ཀྱང་ཞེན་པ་ཉིད་ཡིན་པ་འམ། རྒྱ་ཆེ་བ་ཡོད་དུ་ཟིན་ཀྱང་དད་པ་མེད་པ་ཉིད་ཀྱིས་སོ། །སྤྱུག་པ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང༌། དད་པ་ཉིད་ཡིན་པའི་ཕྱིར་རོ། །དགེ་སློང་མའི་དངོས་པོ་ལས་ཉམས་པ་ཞེས་བྱ་བ་ནི་བསླབ་པ་ལ་ནན་ཏན་དུ་བྱེད་པ་ལྷོད་པ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་འཇིག་པར་འགྱུར་བ་ནི་བཤགས་པའི་བསམ་པ་མ་སྐྱེས་པའི་ཕྱིར་རོ། །ཉམས་པ་ནི་བཤགས་པའི་བསམ་པ་ཡོད་དུ་ཟིན་ཀྱང་བཤགས་པའི་ནུས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཅོམ་པ་ནི་སྐལ་བ་མཉམ་ཞིང་རིས་མཐུན་པ་དེས་ཉོན་མོངས་པ་བཟློག་པའི་ནུས་པ་མེད་པའི་ཕྱིར་རོ། །ལྟུང་བ་ནི་རྒྱུད་ལ་དེ་སྐྱེས་པའི་ནུས་པ་མེད་པའི་ཕྱིར་རོ། །ཕམ་པར་འགྱུར་བ་ནི་ཉོན་མོངས་པ་ཚར་གཅད་པ་ཉིད་ཀྱི་ཕྱིར་རོ། །ཕྱིར་བསླང་དུ་མེད་པར་གྱུར་པ་ནི་ཐབས་སུ་གྱུར་པ་གཞན་མེད་པའི་ཕྱིར་རོ། །བསམས་བཞིན་དུ་སྲོག་ཆགས་གྲོག་སྤུར་ལ་སོགས་པ་ཞེས་བྱ་བ་ལ་བསམས་བཞིན་དུ་སྟེ། ཕྲ་མོར་ལྟ་བར་བྱེད་པས་ན་ལྟ་བར་བྱེད་པ་ཡིན་ནོ། །སྲོག་ཆགས་གྲོག་སྤུར་གྱི་མིང་ཅན་སྲོག་གཅད་པར་མི་བྱ་ཞིང་ཐ་དད་པར་བྱ་བ་མ་ཡིན་ནོ། །མི་ནི་དབང་པོའི་གྲོང་ཐ་དད་པ་གྲུབ་པ་ཡིན་ནོ། །མིར་ཆགས་པ་ནི་སྒོ་ངར་གཏོགས་པའམ། མངལ་ནས་སྐྱེས་པར་གཏོགས་པའི་དབང་པོའི་གནས་སྐབས་ཡོངས་སུ་མ་རྫོགས་པ་ཡིན་ནོ། །རང་གི་ལག་དར་ཏེ་ཞེས་བྱ་བ་ནི་རང་གི་ལག་གིས་དེ་ལ་མཚོན་ཆ་བྱིན་
པ་ནི་དགེ་སློང་མ་བདག་ཉིད་ཀྱིས་བསྟབས་པ་ཡིན་ནོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་དེས་མཚོན་སྟོབས་པར་བྱེད་པ་གཉེར་བ་ཡིན་ནོ། །དེ་འཆིར་བཅུག་པ་ནི་སྡིག་པ་བྱེད་པ་འཆི་བའི་ཕྱིར་ཡང་དག་པར་བཀོད་པ་ཡིན་ནོ། །སྡུག་བསྔལ་བ་འགའ་ཞིག་འཆི་བའི་བསྔགས་པ་བརྗོད་པ་སྟེ། སྡིག་བྱེད་པ་ནི་ལས་ཀྱི་རྣམ་པར་སྨིན་པར་འདོད་པ་མ་ཡིན་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཚོ་བ་ངན་པ་ནི་ལྷག་པར་སྡུག་བསྔལ་བ་ཉིད་ཡིན་པའི་ཕྱིར་རོ། །མི་གཙང་བ་ནི་འཇིག་རྟེན་པས་སྨད་ པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །སེམས ་ཀྱི་འདོད་པ་ནི་འཆིང་བའི་རྒྱུ་མཚན་བདག་ཉིད་ཀྱིས་རྙེད་པར་རྟོག་པར་བྱེད་པའི་ཕྱིར་ཐོག་མར་འཆི་བར་ཀུན་དུ་རྟོག་པར་བྱེད་ལ་འཆི་བའི་འོག་ཏུ་བདག་ཉིད་ཐོབ་ པར་རྟོག་པའི་ཕྱིར་སེམས ་ཀྱི་འདོད་པ་ཡིན་ནོ། །སེམས་ཀྱིས་ཕ་རོལ་པོ་འཆི་བར་རྟོག་པའི་ཕྱིར་སེམས་ཀྱིས་ཀུན་དུ་རྟོག་པ་ཡིན་ནོ། །ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །མེད་པ་ནི་ཐོབ་པ་ཡིན་ལ་མེད་བཞིན་པ་ནི་མངོན་སུམ་བྱེད་པའི་སྒོ་ནས་ཡིན་ནོ། །མིའི་ཆོས་ཀྱི་རང་བཞིན་བླ་མ་སྟེ་ཁྱད་པར་དུ་འཕགས་པ་སྨྲ་བར་འདོད་པ་ནི་བདེན་པ་མ་ཡིན་པ་སྨྲ་བར་འདོད་པ་ལ་ཞེས་བྱ་བ་ཡིན་ནོ། །མངོན་པར་མི་ཤེས་པ་ནི་འཇིག་རྟེན་པའི་ཤེས་པའི་སྒོ་ནས་ཡིན་ལ། ཡོངས་སུ་མི་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་སྒོ་ནས་ཡིན་ནོ། །འཕགས་པ་ནི་ཟག་པ་མེད་པའི་བྱེ་བྲག་ཁོང་དུ་ཆུད་པའི་ཁྱད་པར་ཐོབ་པའམ་ཤེས་པ་ཡིན་ནོ། །སྡུག་བསྔལ་ཤེས་པ་ལ་སོགས་པ་ནི་མཐོང་བ་སྟེ་བཟོད་པ་ཡིན་ནོ། །རེག་པར་སྤྱོད་པ་ནི་བསམ་གཏན་བཞི་ཡིན་ནོ། །འདི་ཤེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ་འཕགས་པའི་བདེན་པ་བཞི་ནི་ཤེས་པར་བྱ་བ་ཡིན་ལ། ལྷ་ལ་སོགས་པ་ནི་མཐོང་བར་བྱ་བ་ཡིན་ནོ། །ཀླུ་ནི་ཀླུ་ཕྲ་མོ་དག་ཡིན་ནོ། །ལྟོ་འཕྱེ་ཆེན་པོ་ནི་ཀླུ་ཆེན་པོ་ཡིན་ནོ།། ཡང་ན་ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་མི་བཟད་པ་ལ་བྱ་སྟེ། །མཐུ་ཆེ་བ་གང་ཡིན་པ་དེ་ལ་འདིར་གཟུང་ངོ༌། །གཏམ་འདྲེ་བར་བྱེད་པ་ཞེས་བྱ་བ་ནི་གཏམ་འདྲེ་བ་ནི་གཏམ་ལ་སོགས་པ་འདྲི་བ་ཡིན་ནོ། །ཕེབས་པར་སྨྲ་བར་བྱེད་པ་ནི་དེ་རྒྱུན་གྱི་གཏམ་འདྲི་བ་ཡིན་ནོ། །སོ་སོར་ཀུན་དགའ་བར་བྱེད་པ་ནི་ཕ་རོལ་པོའི་བདེ་བ་
ཐོབ་པར་གྱུར་པ་ན་བདག་སྟོན་པར་བྱེད་པ་ཡིན་ནོ། །རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་བྱ་བ་ནི་ལྷ་ལ་སོགས་པ་དང་རྟག་ཏུ་ལྷན་ཅིག་འདུག་པར་བྱེད་ཅེས་བྱ་བའི་བར་དུ་སྟེ། གཟུགས་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་དག་ཡིན་ནོ། །མི་རྟག་པའི་འདུ་ཤེས་ནི་མི་རྟག་པ་ཉིད་དུ་འཛིན་པ་ཡིན་ནོ། །མི་རྟག་པར་ལྟ་བ་ནི་སྡུག་བསྔལ་གྱི་གཉེན་པོའི་ཕྱོགས་མ་ཡིན་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་འདུ་ཤེས་ཡིན་ནོ། །སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ནི་ཇི་ལྟར་གང་ཡང་སྡུག་བསྔལ་གྱི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང༌། སྡུག་བསྔལ་གང་ཡིན་པ་དེ་ནི་བདག་མེད་པའི་འདུ་ཤེས་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཟས་ལ་མི་མཐུན་པའི་འདུ་ཤེས་ནི་རོ་ལ་བརྐམ་པ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་ལ་མངོན་བར་མི་དགའ་པའི་འདུ་ཤེས་ནི་ཆགས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤོང་བའི་འདུ་ཤེས་ནི་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཟློག་པ་ལ་དམིགས་པ་ཡིན་ནོ། །འདོད་ཆགས་དང་བྲལ་པའི་འདུ་ཤེས་ནི་གང་དག་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་སྤངས་པ་དེ་དག་གིས་སྤངས་པ་དེ་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། འདུན་པའི་འདོད་ཆགས་ལ་སོགས་པ་ལྡོག་པ་ཐོབ་པའི་ཕྱིར་རོ། །སྤངས་པ་དག་ལ་ཡང་ཀུན་དུ་སྤྱོད་པའི་འགོག་པའི་ཀུན་དུ་སྤྱོད་པ་ནི་འགོག་པ་ཡིན་ཏེ། དེ་ནི་འདིར་རང་བཞིན་གྱིས་འགོག་པ་དང༌། དགེ་བ་ཟག་པ་དང་བཅས་པའི་ཉོན་མོངས་པ་དག་གི་ཀུན་དུ་སྦྱོར་བ་འགོག་པ་དང༌། དགེ་བ་དང་ཀུན་ནས་ཉོན་མོངས་པ་ནི་ལུང་དུ་མ་བསྟན་པའི་ཀུན་དུ་སྤྱོད་པའི་འགོག་པ་ཞེས་བྱ་བ་འགོག་པ་གསུམ་དུ་བསྟན་པ་ཡིན་ནོ། །རྣམ་པར་བསྔོས་པའི་འདུ་ཤེས་ནི་ལུས་ཀྱི་ཁ་དོག་གནག་ཏུ་དམིགས་པ་ཡིན་ནོ། རྣམ་པར་རྣགས་པའི་འདུ་ཤེས་ནི་རྩ་བའི་གནས་སྐབས་འདྲུལ་བར་གནས་པ་ཡིན་ནོ། །རྣམ་པར་བམ་པའི་འདུ་ཤེས་ནི་ལུས་སྐྲངས་པར་དམིགས་པ་ཡིན་ནོ། །རྣམ་པར་འབུས་གཞིགས་པའི་འདུ་ཤེས་ནི་འབུས་གང་བར་དམིགས་པ་ཡིན་ནོ། །རྣམ་པར་ཟོས་པའི་འདུ་ཤེས་
ནི་ལུས་ཀྱི་ཤ་དང་པགས་པ་ཟོས་པར་དམིགས་པ་ཡིན་ནོ། །རྣམ་པར་དམར་བའི་འདུ་ཤེས་ནི་ལུས་ཀྱི་ཤའི་ལྷག་མ་ཉུང་བ་ལ་དམིགས་པ་ཡིན་ནོ། །རྣམ་པར་འཐོར་བའི་འདུ་ཤེས་ནི་ཡན་ལག་དང་ཉིད་ལག་ཕྱོགས་དང་ཕྱོགས་མཚམས་སུ་གཏོར་བར་དམིགས་པ་ཡིན་ནོ། །རུས་གོང་གི་འདུ་ཤེས་ནི་ཤ་མེད་པའི་རུས་པ་ཙམ་དུ་དམིགས་པ་ཡིན་ནོ། །སྟོང་པ་ཉིད་ལ་སོ་སོར་རྟོག་པའི་འདུ་ཤེས་ནི་བདག་ཉིད་ལ་སྟོང་པ་ཉིད་དུ་འདུ་ཤེས་པ་ཡིན་ནོ། །བསམ་གཏན་དང་པོ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཡིན་ལ། གཉིས་པ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཡིན་ལ། གསུམ་པ་ནི་དགའ་བ་མེད་པའི་བདེ་བ་ཡིན་ལ། བཞི་བ་ནི་སྡུག་བསྔལ་མེད་ཅིང་བདེ་བ་མེད་པ་ཡིན་ནོ། །གཞན་དག་ལ་ཕན་འདོགས་པའི་སེམས་ནི་བྱམས་པ་ཡིན་ལ། གཞན་སྡུག་བསྔལ་བ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་ཡིན་ནོ། །གཞན་དག་གི་ཕན་པ་དང་མ་གུ་པ་ལ་དམིགས་པ་དགའ་བ་ཡིན་ལ། གཞན་དག་གི་བདེ་སྡུག་ལ་བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་ཡིན་ཏེ། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཚད་མེད་པ་བཞི་པོ་དེ་དག་ཐག་ཉེ་བར་བྱས་པ་ཡིན་ནོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་ནམ་མཁའ་མཐའ་ཡས་པ་ཡིན་ནོ། །རྣམ་ཤེས་མཐའ་ཡས་པ་ཞེས་བྱ་བ་དང༌། ཅི་ཡང་མེད་པ་ཞེས་བྱ་བ་ལ་སྦྱོར་བའི་ སེམས་ཀྱིས་ཀུན་ནས་སློང་བ་ནམ་མཁའ་དང་རྣམ་པར ་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་དག་ཡིན་ནོ། །འདུ་ཤེས་ཀྱི་ཆེ་བའི་བདག་ཉིད་ནི་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ནོ། །ཟག་བ་མེད་པའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་འདུས་བྱས་དང་འདུས་མ་བྱས་ཐ་དད་པའི་དབྱེ་བས་སེམས་ཀྱི་སྐད་ཅིག་བཅུ་དྲུག་ཐོབ་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་པས་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པས་ཐོབ་པ་གང་ཡིན་པ་
དེ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡིན་ནོ། །སྲིད་པའི་རྩེ་མོའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་སྤངས་པས་འདུས་བྱས་དང་འདུས་མ་བྱས་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་དགྲ་བཅོམ་པའི་འབྲས་བུའོ། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བར་བྱེད་པ་ཡིན་ལ། དེའི་ཡུལ་ནི་ཏིང་ངེ་འཛིན་གང་ལས་རྫུ་འཕྲུལ་འགྲུབ་པར་འགྱུར་བ་ཡིན་ནོ། །ལྷའི་རྣ་བ་ནི་ཡུལ་ཐག་རིང་བ་དང་ཕྲ་བ་དང་བར་དུ་ཆོད་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ཡིན་ནོ། །སྔོན་གྱི་སྐྱེ་བར་གནས་དང་དེར་སྐྱེས་པའི་ཕྱིར་སྔོན་གྱི་གནས་ཡིན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་སྔོན་གྱི་གནས་ཞེས་བྱའོ། །འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་དེ་ལ་དམིགས་པའི་ལྷའི་མིག་ལ་ཡང་འཆི་འཕོ་དང་སྐྱེ་བ་ཞེས་བྱའོ། །ཟག་པ་ཟད་པ་དང་བཅས་པའི་ཤེས་པ་ཉིད་ལ་ཡང་ཟག་པ་ཟད་པའི་མངོན་པར་ཤེས་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་ནས་ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དགེ་བའི་རྣམ་པར་ཐར་པ་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ཡིན་ནོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང༌། སྙོམས་པར་འཇུག་པའི་སྒྲིབ་པའི་ཆ་དག་ལས་རྣམ་པར་གྲོལ་བས་ན་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །དབང་པོ་རྣོན་པོས་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་ནི་དགྲ་བཅོམ་པ་ཞེས་བྱའོ། །ཆགས་བཞིན་དུ་ཞེས་བྱ་བ་ནི་སྐྱེས་པ་དེ་ལ་འདོད་པའི་འདོད་ཆགས་ཀྱི་སྒོ་ནས་ཆགས་པར་གྱུར་པ་ཡིན་ནོ། །ཆགས་ནས་ཞེས་བྱ་བ་ནི་སྐྱེས་བུ་ཀུན་ནས་ཆགས་པར་འགྱུར་བའི་སྒོ་ནས་སོ། །ཅུང་ཞིག་ནི་ཕྱོགས་གཅིག་ཡིན་ལ། རེག་པ་ནི་ཉུག་པར་བྱེད་པ་ཡིན་ཞིང་ཀུན་ནས་རེག་པ་ནི་ཡོངས་སུ་ཉུག་པར་བྱེད་པ་ཡིན་ནོ། །འཇོ་སྒེག་བྱེད་པ་ནི་ཕན་ཚུན་རྔོད་པར་བྱེད་པའོ། །འཕྱར་གཡེང་ནི་འདོད་པ་དང་རྗེས་སུ་མཐུན་པའི་ཚིག་བརྗོད་པའོ། །རྩབ་ཧྲལ་ནི་འདོད་པ་དང་རྗེས་སུ་མཐུན་པའི་སྐད་གསང་མཐོ་ལ་མི་གསལ་བསྒྲོག་པར་བྱེད་པའོ། །གང་གི་ཚེ་ཁོ་བོ་སྔ་དྲོ་ལ་སོགས་པ་མཐོང་བར་གྱུར་
པ་དེའི་ཚེ་བདག་གྲུབ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཡུལ་ཕྱོགས་སྟོན་པར་བྱེད་པ་ཡིན་ནོ། །གང་གི་ཚེ་ཁོ་བོ་སྦྱར་མ་དམར་སེར་བགོས་པ་དང་ལྷུང་བཟེད་ཐོགས་པར་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་ཡིན་ནོ། །གཉི་ག་མངོན་པར་འདོད་པའི་གནས་སུ་འགྲོ་བ་ནི་བརྡ་ཡིན་ནོ། །དངོས་པོ་བརྒྱད་ཅེས་བྱ་བ་ནི་ཡན་ལག་བརྒྱད་དང་ལྡན་པའི་ལུས་བཀན་པ་ཡིན་ཏེ། དེ་ཡང་ཀུན་ནས་ཆགས་པ་ཉིད་ནི་ཡན་ལག་གཅིག་ཡིན་ལ། འཇོ་སྒེག་བྱེད་པ་ནི་གཉིས་པ་ཡིན་ནོ། །འཕྱར་གཡེང་བྱེད་པ་ནི་གསུམ་པ་ཡིན་ནོ། །རྩ་བ་ཧྲལ་བྱེད་པ་ནི་བཞི་པ་ཡིན་ནོ། །ཡུལ་ཕྱོགས་ནི་ལྔ་པ་ཡིན་ནོ། །མཚན་མ་ནི་དྲུག་པ་ཡིན་ནོ། །བརྡ་ནི་བདུན་པ་ཡིན་ནོ། །འོང་བ་བདག་གིར་བྱེད་པ་ནི་བརྒྱད་པ་ཡིན་ནོ། །ལུས་བཀན་པ་ཁོ་ན་ལས་ཕམ་ པར་འགྱུར་བ་སློང་བར་བྱེད་པ་ཡིན་ལ་སེམས ་ཀུན་ནས་ཆགས་པ་དང་གཡོ་ལ་སོགས་པ་ནི་ཐམས་ཅད་དུ་སྦོམ་པོར་འགྱུར་རོ། །སྨྲ་བའི་ཡན་ལག་ཡོད་པ་དགེ་སློང་མས་དགེ་སློང་མའི་ཕམ་པར་འགྱུར་བ་ཞེས་བྱ་བའི་ཁ་ན་མ་ཐོ་བ་འཆབ་པར་བྱེད་པ་དེའི་ཚེ་དེ་ཉིད་ཀྱི་ཕམ་པར་འགྱུར་བའི་ཁ་ན་མ་ཐོ་བ་སློང་བར་འགྱུར་རོ། །བཟློག་པར་བྱ་བ་ནི་ཟློག་པ་དང་རྗེས་སུ་མཐུན་པའི་ལས་ཡིན་ཏེ། བཟློག་པ་ཡང་དགེ་འདུན་ལས་ཕྱི་རོལ་དུ་བྱས་པ་ཡིན་ནོ། །ལངས་པ་ནི་མི་མཐུན་པ་ལ་བྱ་ལ། བསྙལ་བ་ནི་མཐུན་པ་ཡིན་ཏེ། ལངས་པར་གྱུར་ནས་བསྙལ་བ་བཞིན་གྱུར་པ་ནི་ལངས་པ་དང་བསྙལ་བའམ། སྐྱོ་བས་སྒྲ་ལངས་པར་གྱུར་པ་གང་ཡིན་པ་དེ་ནི་ལངས་པ་ཡིན་ལ། འོག་ཏུ་བསྙལ་བས་ན་ཉལ་བ་ཡིན་ནོ། །ཤིན་ཏུ་འོག་ཏུ་འཇུག་པར་བྱེད་པས་ན་སྤུ་སྙོལ་བར་བྱེད་པ་ཡིན་ནོ། །ཉེས་པ་དེ་ལས་བཟློག་པའི་ཕྱིར་འཇུག་པ་ནི་འབྱུང་བའི་ཕྱིར་འཇུག་པ་ཡིན་ལ། དགེ་འདུན་དང་ལྷན་ཅིག་བྱ་བ་མཚུངས་པར་ཁས་བླངས་པས་ན་མཚུངས་པ་སྟོན་པར་བྱེད་པ་ཡིན་ནོ། །དོར་བ་ནི་བཟློག་པར་བྱ་བའི་ལས་དང་བྲལ་བའི་ཕྱིར་རང་བཞིན་དུ་གནས་པ་ཐོབ་པར་གྱུར་པ་སྟེ། ཤིན་ཏུ་དམའ་བར་འཇུག་པ་ཡིན་ནོ། །དེ་དང་འདྲ་བར་ཡིད་ལ་བྱེད་པ་སྒོམ་པ་ནི་འདིར་སྦྱོར་བ་ཡིན་ལ་མོས་པ་ཡིད་ལ་བྱེད་པ་སྐོམ་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །
ཡང་དག་པར་རྗེས་སུ་སྦྱོར་བར་བྱ་བ་ནི་དགེ་བ་ལ་འཇུག་པར་བྱ་བ་ཡིན་ལ། ཡང་དག་པར་རྗེས་སུ་བསྟན་པར་བྱ་བ་ནི་མི་དགེ་བ་ལས་བཟློག་པ་ལའོ། །དགེ་སྦྱོང་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། དགེ་སྦྱོང་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། དགེ་སྦྱོང་ནི་དགེ་སྦྱོང་བྱེད་པ་ཡིན་ནོ། །གང་གི་ཕྱིར་བཟོད་པས་དགེ་སྦྱོང་དུ་གྱུར་པ་ཡིན་ཏེ། བཟོད་པའི་རང་བཞིན་དག་ཀྱང་དགེ་སྦྱོང་བྱེད་པ་ཡིན་ལ། ཁྲོ་བ་དང་གཤེ་བ་དང༌། བརྡེག་པ་དང་མཚང་འདྲུ་བ་བཟོད་པ་དག་ནི་དགེ་སྦྱོང་དུ་བྱེད་པའི་ཆོས་དག་ཡིན་པས་སླར་མི་ཁྲོ་བ་དང༌། སླར་མཚང་མི་འབྲུ་བའི་བཟོད་པ་དང་ལྡན་པ་ནི་དགེ་སྦྱོང་མར་འགྱུར་བ་ཡིན་ནོ། །གང་ཁྱོད་སྔོན་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་མངོན་པར་འདོད་པའི་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །མི་གཡོ་བ་ནི་ཡང་བྱ་བ་མ་ཡིན་པའོ། །གཞག་པར་མི་འོས་པ་ནི་ཆོ་ག་བརྩམས་པ་ཁོ་ན་འཇིག་པ་མེད་པའི་ཕྱིར་གཞག་པར་འོས་པ་མ་ཡིན་པ་ཞེས་བྱའོ། །གང་བསྙེན་པར་རྫོགས་ནས་ཞེས་བྱ་བ་ལ་སོགས་པས་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་བ་ཉིད་དུ་ངེས་པར་སྦྱོར་བ་སྟོན་པ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་མཉམ་པ་ཉིད་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང༌། དེང་བསྙེན་པར་རྫོགས་པ་དག་ཚུལ་ཁྲིམས་ཉིད་ཀྱིས་མཚུངས་པ་སྟེ། སོ་སོར་ཐར་པའི་སྡོམ་པ་ཉིད་ཀྱིས་མཉམ་པ་ཡིན་ནོ། །བསླབ་བ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ལ། ཀུན་ཀྱང་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་བསླབ་པར་བྱ་བས་མཉམ་པ་དག་ཡིན་ནོ། །སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་ཀུན་ཀྱང་རྗེས་སུ་བསྟན་པའི་མཆོག་ལ་རག་ལས་པར་མཚུངས་པ་ཡིན་ཏེ། ཀུན་ཀྱང་མཐར་ཚུལ་ཁྲིམས་རྣམ་པར་དག་པས་མཉམ་པ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཕ་དང་མའི་འདུ་ཤེས་ཞེས་བྱ་བ་འདི་ནི་འཇིག་རྟེན་པའི་ཕ་མ་ལ་སོགས་པའི་ཐ་སྙད་ཀྱིས་སྒྲོ་འདོགས་པ་ལ་ངེས་པར་སྦྱར་བར་བྱ་བ་ཡིན་ནོ། །དེས་པར་སྦྱོར་བའི་འབྲས་བུ་ཡང་ནད་གཡོག་ལ་སོགས་པ་ཡིན་པར་བསྟན་པ་ཡིན་ནོ། །གུས་པ་ནི་ཡོན་ཏན་དོན་དུ་གཉེར་བ་སྔོན་དུ་སོང་བ་ཅན་གྱི་ཡོན་ཏན་དང་ལྡན་པ་དག་ལ་གུས་པ་ཡིན་ཏེ། དེ་དག་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དེའི་ཕྱིར་གུས་པ་དང་བཅས་པས་འཇུག་པར་བྱ་བ་ཡིན་ནོ་ཞེས་ནི་གཙོ་
བོ་གཉིས་པ་ལ་བྱ་སྟེ་བདག་ཉིད་གཙོ་བོ་གཉིས་པ་མཐོང་བས་བྱ་བ་མ་ཡིན་པ་ལས་སླར་ལོག་ པར་འགྱུར་རོ། །གཉི་གའི་དབང་ལ་རག་ལུས་པ་ཉིད་ཀྱིས་གནས་པ་ནི་འཇིགས་པའི་དབང་གི་སེམས ་གནས་པ་ཡིན་ལ། སེམས་འཇིགས་པ་དང་བཅས་པའི་དབང་གིས་འཇུག་ཅིང་གནས་པའི་ཕྱིར་འཇིགས་པ་དང་བཅས་པའི་དབང་དུ་གྱུར་པར་བྱ་བ་ཡིན་ཏེ། རྒན་རབས་རྣམས་ལ་ཡང་ཡོན་ཏན་དོན་དུ་གཉེར་བས་གུས་པར་བྱ་བ་དང་གཙོ་བོར་བྱ་བ་དང་ སེམས་མཉེས་པ་མེད་པས་འཇིགས་པར ་བྱ་བ་ཡིན་ནོ། །ཇི་ལྟར་གནས་བརྟན་དང་བར་མ་དང་གསར་བུ་རྣམས་ལ་དེ་བཞིན་དུ་བྱའོ། །ལུང་མནོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བྱ་བ་ལ་ངེས་པར་སྦྱར་བ་ཡིན་ནོ། །མ་ཐོབ་པ་ཐོབ་པར་བྱ་བ་ནི་རྙེད་པ་འགྱུར་བ་ཡིན་ལ། མ་རྟོགས་པ་རྟོགས་པར་བྱ་བ་ནི་ཁོང་དུ་ཆུད་པ་ཡིན་ནོ། །མངོན་དུ་མ་བྱས་པ་མངོན་སུམ་དུ་བྱས་པ་ནི་མངོན་དུ་བྱས་པ་ཡིན་ནོ། །བརྩོན་པ་མི་དོར་བར་བྱའོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམ་པར་བྱ་བ་ལ་ངེས་པར་སྦྱར་བ་ཡིན་ནོ། །གཏམ་འདྲེས་པ་ནི་རྒྱུན་མི་འཆད་པར་མཛའ་བ་ཡིན་ནོ། །ཕེབས་པར་སྨྲ་བ་ནི་འབྲིང་དུ་མཛའ་བ་ཡིན་ནོ། །སྨོས་འདྲིན་ནི་བཤེས་པར་གྱུར་པ་ཡིན་ལ། འགྲོགས་བཤེས་ནི་ལམ་གཅིག་ཏུ་ཞུགས་པ་ལ་སོགས་པས་ཀུན་ནས་བསྐྱེད་པ་སྡུག་པ་གཡོ་བ་ཅན་ཡིན་ནོ། ཤེས་རབ་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱོད་བསྙེན་པར་རྫོགས་པར་གྱུར་པས་ཇི་ལྟར་དལ་འབྱོར་ཏེ། དགེ་བའི་ལས་ཀྱི་གནས་སྐབས་འབྱོར་བར་གྱུར་པ་ལྡོག་པ་མེད་པར་འགྱུར་བ་དེ་ལྟར་བྱ་བ་ཡིན་ནོ། །མཛེས་པ་ཞེས་བྱ་བ་འདིས་ནི་ལུས་དག་པ་དང༌། ཡོངས་སུ་དག་པ་ཞེས་བྱ་བ་འདིས་ནི་ལས་དག་པ་བསྟན་པ་ཡིན་ནོ། །ལུས་ཡོངས་སུ་དག་པ་དང་ལས་ཡོངས་སུ་དག་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་གྱུར་ཏེ་མཛེས་པ་དང་ཡོངས་སུ་དག་པ་གཉི་ག་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉི་ག་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་ནི་བག་ཡོད་པ་ལ་ངེས་པར་སྦྱར་བ་ཡིན་ནོ། །སྐྱེ་དགུའི་བདག་མོ་ཆེན་མོ་རབ་ཏུ་བྱུང་བས་འཕེལ་བ་ཡིན་ལ།
གཞན་དག་རབ་ཏུ་བྱུང་བས་རྒྱས་པ་ཡིན་ཞིང་ཕྱོགས་ཕྱོགས་སུ་རབ་ཏུ་རྒྱུ་བའི་ཕྱིར་ཡངས་པར་གྱུར་པ་ཉིད་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་དོན་དུ་གཉེར་བ་ལ་འཇུག་པ་ཡིན་ནོ། །གསར་དུ་འོངས་པས་བསྟན་པའི་བྱ་བ་ལ་གོམས་པ་མེད་པའི་ཕྱིར་གསར་བུ་ཡིན་ནོ། །གསར་བུ་བསྙེན་པར་རྫོགས་པས་ན་བར་མ་ཡིན་ནོ། །ན་ཆོད་ཆུང་བ་ཉིད་ཀྱི་ཕྱིར་གཞོན་རབས་ཡིན་ནོ། །དུས་ཉུང་བ་ཉིད་ཀྱི་ཕྱིར་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཡིན་ནོ། །དྲ་བ་བཀང་སྟེ་ཞེས་བྱ་བ་ནི་དྲ་བར་བ་ཅུག་པ་ཡིན་ཏེ་དེ་ནི་དགེ་སློང་དག་བསོད་སྙོམས་ལ་རྒྱུ་བས་དུ་བ་བ་ཡོངས་སུ་སྤང་བའི་ཕྱིར་རང་གི་ཁྱིམ་ནས་འབྲས་ཆན་ལ་སོགས་པའི་བསོད་སྙོམས་འཛིན་པར་བྱེད་པའི་དྲ་བ་དག་ཏུ་བསོད་སྙོམས་བཅུག་ནས་བདག་ཉིད་ཁོ་ན་གཙུག་ལག་ཁང་དུ་འོངས་ནས་བསོད་སྙོམས་སྟོབས་པར་འགྱུར་བ་དེ་བུད་མེད་རབ་ཏུ་བྱུང་བ་ལས་རྙེད་པའི་བར་ཆད་དུ་འགྱུར་རོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཉི་མ་གཅིག་ཀྱང་ལོངས་སྤྱོད་པར་མ་གྱུར་པ་ནི་མ་བགོས་པ་ཡིན་ལ། ཐག་པས་བཏགས་མ་ཐག་པ་ནི་སར་པ་ཡིན་ནོ། །འདིའི་སྟེང་དུ་གཤེགས་ཤིག་པ་ནི་རྐང་པ་དག་གིས་གནོན་པར་རེག་ཅེས་བྱ་བ་ཡིན་ཏེ། འདིས་ནི་བསྙེན་བཀུར་བ་ཉམས་པ་ཡིན་ནོ། །ཡན་ལག་གི་མཆོག་ལས་སྐྱེས་པ་ནི་མགོ་ལས་སྐྱེས་པ་ཡིན་ཏེ། འདིས་ནི་ཤིན་ཏུ་གུས་པར་ཕྱག་བྱེད་པ་ཉམས་པ་བསྟན་པ་ཡིན་ནོ། །གཟི་བརྗིད་ཀྱི་འོད་ཀྱིས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་གཟི་བརྗིད་ཀྱིའོ། །ཟིལ་གྱིས་གནོན་པ་ནི་ཁྱབ་པར་གྱུར་པའམ་ཡོངས་སུ་ཟད་པ་སྒྲུབ་པར་འགྱུར་བ་ཡིན་ཏེ། འདིས་ནི་ཚུལ་ཁྲིམས་ཡོངས་སུ་ཉམས་པར་བསྟན་པ་ཡིན་ནོ། །རོ་ཞེས་བྱ་བ་ནི་ཤི་བ་དང་འདྲ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་འཚོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཉམས་པ་མེད་པ་ཞེས་བྱ་བ་ནི་ལྟུང་བས་བྲལ་བའི་ཉེས་པ་མེད་པ་ཡིན་ནོ། །ཉམས་པ་མེད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་འཁྲིག་པ་དང་འབྲེལ་བའི་ཁ་ན་མ་ཐོ་པ་མེད་པ་ཡིན་ཏེ། བསྟན་པ་འཕགས་པའི་གང་ཟག་བརྒྱད་རྒྱས་པའི་རྒྱུན་ཡོད་པར་ཡང་འགྱུར་རོ། །འདིས་ནི་བུད་མེད་ཀྱི་ཡུལ་རབ་ཏུ་བྱུང་བ་ཡོན་ཏན་འཇིག་པའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །དགེ་སློང་ཕ་མ་རྣམས་ཀྱི་ཐུན་མོང་དུ་གྱུར་པའི་ལམ་ནི་དགག་དབྱེ་ལ་སོགས་པ་ཡིན་ནོ།
གཟིར་བ་ནི་གནོད་བར་གྱུར་བ་ཡིན་ནོ། །ལན་ཅིག་བཅགས་པ་ནི་དགེ་སློང་མའི་དངོས་པོ་ཡང་ལན་ཅིག་བཏང་ནས་ཡང་ནོད་པའི་མཐུ་མེད་པ་ཞེས་བྱ་བ་ནི་སྡོམ་པ་སྐྱེ་བའི་ནུས་པ་མེད་པ་སྟེ། སྐྱེ་བའི་ཆོས་ཅན་མེད་པ་ཞེས་བྱ་བའི་བར་དུའོ། །མཛའ་བ་ལས་མཛའ་བ་སྐྱས་པར་གྱུར་ཏོ་ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་འཕེལ་བར་གྱུར་པ་ཡིན་ནོ། །འདས་ཤིང་དུས་འདས་པ་ཞེས་བྱ་བ་ལ་དུས་མ་ཡིན་པའི་འཆི་བས་འཆི་བ་ནི་འདས་པ་ཡིན་ལ། དུས་སུ་འཆི་བ་ནི་དུས་ལས་འདས་པ་ཡིན་ནོ། །མཛའ་བོའི་འབྲེལ་པ་སྔོན་དུ་སོངས་བ་ཅན་ནི་འདིར་གྲོགས་པོ་ཡིན་ནོ། །བུ་དང་ཚ་བོའི་འབྲེལ་པ་ནི་བུ་དང་ཚ་བོའི་འབྲེལ་པས་སོ། །བུ་མོའི་བུ་ནི་སྣག་གི་ཚ་བོ་ཡིན་ལ། དེའི་ཡང་བུ་ནི་ཡང་ཚ་ཡིན་ཏེ། སྣག་གི་ཚ་བོ་དང་ཡང་ཚ་དག་གི་འབྲེལ་པས་སོ། །རྙེད་ པར་སྨོན་པ་ཞེས་བྱ་བ་ནི་བུ་མོ་ལ་འབབ་ཅིང་གཞོལ་བའི་སེམས ་ཡིན་ནོ། །རིད་ཅིང་ཞེས་བྱ་བ་ནི་ཤ་ཆུང་བར་གྱུར་བའོ། །ཉམ་ཆུང་བ་ཞེས་བྱ་བ་ནི་ལུས་ཀྱི་བྱ་བའི་ནུས་པ་དམན་པའོ། །ཚོགས་ཆེན་མ་ནི་སྨད་འཚོང་བ་ཡིན་ཏེ། ཚོགས་ཀྱིས་ཡོངས་སུ་ལོངས་སྤྱོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཀྲེན་པ་ནི་འདིར་ཡོངས་སུ་ཤེས་པ་དང་བྲལ་བ་ཡིན་པར་ཤེས་པར་བྱའོ། །སྟེང་གཡོགས་ནི་ཁྱིམ་གྱི་སྟེང་དུ་ཁྱིམ་གཞན་བྱས་པ་ཡིན་ནོ། །ཤེས་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་མི་ཤེས་པའོ། །སྣོད་ནི་ཟངས་དང་བུམ་པ་ལ་སོགས་པ་ཡིན་ལ་སྤྱད་ནི་ཁ་ཕོར་དང་ནལ་ཟེ་ལ་སོགས་པ་ཡིན་ནོ། །རླུང་གི་ཤུགས་དང་འདྲ་བར་ཞེས་བྱ་བ་ནི་རླུང་མགྱོགས་པ་དང་མཚུངས་ པར་རོ། །མནའ་མ་བླངས་མ་ཐག་བཤེས་པ་མི་བརྟན་པ་ནི་འདྲིས་པ་མི་བརྟན་པའོ། །སེམས ་དང་སེམས་ལས་བྱུང་བའི་རྒྱུ་བ་ནང་དུ་བསྡུས་ཏེ་ཞེས་བྱ་བ་ནི་ཡིད་མི་བདེ་བ་རྣམ་པ་དུ་མས་བསྲུངས་པར་གྱུར་པའོ། །རབ་ཏུ་གཞོན་ཞིང་ཞེས་བྱ་བ་ནི་གཞོན་ནུ་གཞན་དག་ལས་ཤིན་ཏུ་གཞོན་ནུར་གྱུར་པའོ། །བྲལ་བ་ནི་ཡོངས་སུ་དོར་བའོ། །བྱག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་འདྲིམ་པར་བྱེད་པས་བླངས་པའི་དྲིའི་མཆོག་བྱུག་པ་ལ་སོགས་པ་དང༌། གུས་པའི་ཚིག་དང༌། དགའ་བ་སྐྱེད་པར་བྱེད་པའི་ཚིག་གིས་ངལ་བསོས་ནས་ཁྱིམ་དུ་འཇུག་པ་ཡིན་ནོ།།
སྦྲུལ་གདུག་པས་ཟིན་པ་ཞེས་བྱ་བ་ནི་སྦྲུལ་གྱིས་སྙིང་གནས་བཟུང་བའམ། སོར་མོ་གཉིས་པ་ལ་རེག་པའི་སྒོ་ནས་བཟུང་བ་ཡིན་ནོ། །ལག་པས་བསྒུལ་ཏེ་ཞེས་བྱ་བ་ནི་ལག་པས་བསྒྱུར་ཏེའོ། །ཆུ་ངོགས་ཆད་པས་ཞེས་བྱ་བ་ལ་སོགས་པས་དེ་ཉི་ག་ཡངས་ཡིན་ནོ། །ཕྱི་ཕྱིར་ཞེས་བྱ་བ་འདི་ནི་སྨྲེ་སྔས་འདོན་པའི་ཚིག་གི་སྒོ་ནས་ཀྱི་ཧུད་ཅེས་འབོད་པའོ། །རྣམ་པ་ཞེས་བྱ་བ་ནི་རྣམ་པ་དང་རྣམ་པ་ནི་རྣམ་པ་སྟེ། རྣམ་པ་མང་པོ་ཞེས་བྱ་བའི་བར་དུའོ། །རྣམ་པ་ཆེན་པོའི་སྒོ་ནས་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་འཕེལ་ཞིང་ཡོངས་སུ་རྒྱས་པར་གྱུར་པའོ། །དེའི་ཕ་དང་མ་ལ་སོགས་པ་འཆི་བ་ནི་ཕ་དང་མ་ལ་སོགས་པའི་ལས་ཁོ་ན་ལས་གྲུབ་པ་ཡིན་ཏེ། དེའི་སྡིག་པའི་ལས་ཀྱང་ཕ་དང་མ་ལ་སོགས་པ་དེ་དག་གི་ལས་ཀྱི་ལྷན་ཅིག་བྱེད་པ་ཡིན་པ་དེའི་ཕྱིར་འགའ་ཞིག་ཀྱང་གཞན་གྱི་ལས་ཀྱིས་འཆི་བར་མི་འགྱུར་ཞིང་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིན་ནོ། །ཅིག་ཅར་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་རྒྱུ་བ་དང་བྲལ་བའམ་གཙང་བ་དག་ཡིན་ནོ། །བདེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་གཞན་ལ་རག་ལུས་པ་མེད་པར་བདེ་བར་གནས་པའི་ངང་ཚུལ་ཅན་དུ་འགྱུར་བའོ། །གླགས་བལྟས་པར་ཞེས་བྱ་བ་ནི་ཅི་ལྟར་འདོད་པར་ཡོངས་སུ་ལོངས་སྤྱོད་པའི་སྒོ་ནས་ཟིལ་གྱིས་གནོན་ པར་འགྱུར་བའོ། །གནོད་སེམས ་ཀྱིས་ཀུན་ནས་དཀྲིས་པར་གྱུར་ཏེ་ཞེས་བྱ་བ་ནི་གསོད་ སེམས་འཇུག་པར ་བྱེད་པའི་ཉོན་མོངས་པ་ཡིན་ནོ། །ཐབ་ནི་མེ་འབུད་པའི་གནས་ཡིན་ཏེ། གང་འཇིག་རྟེན་པས་མེ་ཐབ་ཅེས་ཐ་སྙད་དུ་བཏགས་པ་ཡིན་ནོ། །ཟངས་ནི་སྣོད་ཀྱི་བྱེ་བྲག་གོ །བྱིས་པ་ནི་ན་ཚོད་དང་པོ་ལ་བབ་པའོ། །འདོད་ཆགས་ཀྱི་ཁ་ན་མ་ཐོ་བ་ཆུང་མོད་ཀྱི་ཞེས་བྱ་བ་ལ་ནི་གསོད་པ་ལ་སོགས་པ་སྲིད་པ་དེའི་ཕྱིར་སྡིག་པ་ཆུང་བ་ཡིན་ནོ། །འབྲལ་བར་ནི་དཀའོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེས་ལྟ་བུས་ཤིན་ཏུ་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཞེ་སྡང་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་ལ་ཞེས་བྱ་བ་ནི་ཞེ་སྡང་གིས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་སྲིད་པའི་ཕྱིར་ཞེ་སྡང་ནི་སྡིག་པ་ཉིད་ཆེ་བ་ཡིན་ནོ། །བྲལ་བར་སླ་བ་ཞེས་བྱ་
བ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་མ་ལུས་པར་སྤངས་པའི་ཕྱིར་རོ། །རོ་འཇོག་པར་བྱེད་པའི་ཁྱིམ་རྐུ་བར་བྱེད་པ་ལ་བྱང་ཕྱོགས་པའི་མི་དུར་རྐུ་བ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ནོ། །སྨྱོས་པའི་ནད་ཀྱིས་ནོན་པར་གྱུར་པས་ན་སྨྱོས་པར་གྱུར་པ་སྟེ། བར་བར་དུ་རང་གི་ སེམས་རྙེད་པར ་གྱུར་པ་ཡིན་ནོ། །རྒྱུན་མི་འཆད་ པར་སེམས ་ པར་གྱུར་པ་གང་ཡིན་པ་དེ་ནི་སེམས ་གཡེངས་པ་ཡིན་ནོ། །ལག་པ་དང་རྐང་པ་གས་ཤིང་རྩུབ་པ་སྟེགས་ཤིང་རྩུབ་ལ་སྐྲ་རིང་པར་གྱུར་པའོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་པའི་ཡུལ་ལས་ཤིན་ཏུ་འདས་པ་ཡིན་ཏེ། ཇི་ལྟར་ལས་འདི་ལས་འབྲས་བུ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་བསམ་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཤིན་ཏུ་ངོ་ཚ་བ་དང་ལྡན་པས་ན་ངོ་ཚ་བའི་ཚུལ་དུ་གྱུར་པ་ཡིན་ནོ། །ཕན་ཚུན་དུ་རྣ་བའི་ནང་དུ་སྨྲ་བར་བྱེད་པའི་ཕྱིང་གཅིག་ལ་གཅིག་རྣ་བར་བཤུབ་པའོ། །ལས་ཀྱི་རྣམ་པར་སྨིན་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུན་ཡིན་ནོ། །བདག་ཉིད་ཐར་བར་བྱའོ་ཞེས་བྱ་བ་ནི་བདག་ཉིད་ཉེས་པ་ལས་གྲོལ་བར་བྱ་བར་རོ། །ཕྱེས་བཏུལ་བའི་བཏུང་བ་ནི་ཆུ་གྲང་མོའི་སྐྱོ་མ་ཡིན་ནོ། །རབ་ཏུ་ཁྲོས་པའི་སེམས་ཀྱིས་སྨྲ་བ་དང་ཕྱིར་སྨྲ་བ་ནི་འཐབ་མོ་ཡིན་ནོ། །རབ་ཏུ་ཁྲོས་པའི་ སེམས་ཀྱིས་འཁོར་གྱི་ནད་དུ་བསྒྲག་པར ་བྱ་བ་མ་ཡིན་པའི་དངོས་པོ་སྒྲོག་པར་བྱེད་པ་ནི་མཚང་འདྲུ་བའོ། །ཕན་ཚུན་གནོད་པར་བྱེད་པ་ནི་འཁྲུག་པ་ཡིན་ནོ། །ཕྱི་མིའི་མདུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནི་རྩོད་པའོ། །གཡོའི་ཀུན་དུ་སྤྱོད་པས་ཞེས་བྱ་བ་ནི་བཅོས་མ་དང་གྱ་གྱུའི་བསམ་པས་སོ། །སྐྱེ་གནས་དག་པར་གྱུར་ཏེ་ཞེས་བྱ་བ་ནི་སྐྱེ་གནས་ཚིལ་གྱིས་གཡོགས་པ་ཉིད་ལས་ཕྲག་དོག་གིས་དེ་རིད་པར་གྱུར་པར་རོ། །ཚིལ་དང་བྲལ་བར་གྱུར་པ་དེའི་ཕྱིར་འདིའི་མང་ལ་ཡོངས་སུ་དག་པར་གྱུར་པ་ཡིན་ནོ། །མངལ་རླུགས་བ་ནི་མངལ་མེད་པའི་ཐབས་སུ་གྱུར་པ་ཡིན་ནོ། །གཏད་པར་བྱའོ་ཞེས་བྱ་བ་ནི་བཅོལ་བའི་ཚུལ་གྱིས་སྦྱིན་པར་བྱའོ། །ལོག་པའི་རྣམ་པར་རྟོག་པ་སྐྱེས་ཏེ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པའི་མ་རབ་ཏུ་འབར་བར་གྱུར་ཏེའོ། །བསྣུན་ཏེ་ཞེས་བྱ་བ་ནི་ཤིན་ཏུ་བརྩུགས་ཀྱིས་བསྣུན་པའོ། །དགའ་བར་བྱ་བ་སྟེ་མགུ་བར་བྱེད་པར་རོ། །ངན་པར་སྨོད་པས་ཞེས་བྱ་བ་ནི་སྨོད་པའི་ཚིག་
གིས་ཀུན་ནས་ཁྱབ་པར་གྱུར་པའོ། །བྲང་རྡུང་བ་ནི་བྲང་དང་བཅས་པ་ལ་རྡེག་ཅིང་བསྣུན་པ་ཡིན་ནོ། །བདག་གི་ཁྱོ་སྦྲུལ་གྱིས་ཟོས་ནས་དུས་བྱེད་པར་ཤོག་ཤིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་མནའ་འདོར་བར་བྱེད་པ་གང་ཡིན་པ་དེ་མནའ་འདོར་ཚིག་དེས་དེ་དོན་མེད་པ་འདིར་གྱུར་པ་མ་ཡིན་གྱི། འོན་ཀྱང་གང་དེས་དེའི་བུ་ཉེས་པ་མེད་པར་བསད་པ་དང་བསམ་པ་དྲག་པོས་བརྫུན་དུ་སྨྲས་པ་དེའི་ཕྱིར་དེས་དོན་མེད་པ་དུ་མ་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ། །མནའི་ཚིག་ནི་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་ཡོངས་སུ་གྱུར་པ་ཙམ་ཡིན་ཏེ། དཔེར་ན་འགའ་ཞིག་གིས་བསོད་ནམས་བྱས་ནས་བདག་འདི་ལས་འདི་ལྟ་བུའི་འབྲས་བུ་འབྱོར་པར་གྱུར་ཏོ་ཞེས་སྨྲས་བ་ལྟ་བུའོ། །ཟོང་ནི་ཟོང་དུ་ཐ་སྙད་དུ་བྱ་བའོ། །ཅུང་ཟད་ཀྱང་མི་ནུས་པ་ཞེས་བྱ་བ་ནི་ཅུང་ཞིག་ཙམ་ཡང་བྱེད་པའི་ནུས་པ་མེད་པའོ། །དྲིལ་བུའི་སྦྲ་དང་འདྲ་བ་ཞེས་བྱ་བ་ནི་དཔེར་ན་དྲིལ་བུའི་སྒྲ་ཐོག་མར་དྲག་ལ་ཕྱིས་གོ་རིམས་བཞིན་དུ་དལ་གྱིས་ཆེས་དལ་བའི་རིམ་བཞིན་དུ་སྐྱེ་གནས་ཐམས་ཅད་ཀྱི་ཐམས་ཅད་དུ་ཉམས་པར་གྱུར་པ་དེ་དང་འདྲ་བར་ཚོར་བ་དག་ཀྱང་ཡིན་ནོ། །གཟུང་བར་དཀའ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་བདག་ཉིད་རྙོག་པ་མེད་པར་གཟུང་བ་ཉིད་དུ་དཀའ་བས་ནུས་པ་ཡིན་ནོ། །སླུ་བར་བགྱིད་ན་ཞེས་བྱ་བ་ནི་བགྲོད་པར་བྱེད་པ་ཡིན་ནོ། །འཕྱོན་མ་པ་ནི་བྱི་པོ་པར་རབ་ཏུ་གྲགས་པ་ཡིན་ནོ། །ནལ་གྱི་བུ་ནི་བྱི་བོ་པའི་བུར་གྲགས་པ་ཡིན་ནོ། །ཡང་ན་ཐམས་ཅད་དུ་བྱི་པོ་བ་ལ་དྭའི་སྒྲ་དང་འཇུག་པ་ཡོངས་སུ་མི་ཤེས་པ་ལ་ནལ་གྱི་བུར་བརྗོད་པ་ཡིན་ནོ། །བདེ་བ་ཆུད་ལ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ནི་འདིར་ཡིད་བདེ་བའི་བདེ་བ་ཡིན་ནོ། །སྡུག་བསྔལ་ནི་ཚེ་འདི་ཉིད་ཀྱི་ཡིད་མི་བདེ་བའི་སྡུག་བསྔལ་ཡིན་ནོ། །ཉེས་དམིགས་ནི་དམྱལ་པ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་ཉམས་སུ་མྱོང་བའོ། །མི་རིགས་སོ་ཞེས་བྱ་བ་ནི་འཐད་པ་མ་ཡིན་པའོ། །འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་བསྟེན་པར་འདོད་པ་དང་ལོངས་སྤྱོད་པར་འདོད་པའོ། །ཀུན་དུ་སྦྱོར་བ་དག་འཕེལ་བར་འགྱུར་བ་ཞེས་བྱ་བ་ནི་རྒྱས་པར་འགྱུར་བའོ། །གཏོང་བ་ནི་ལྡོག་པའོ། །ངོམས་པ་ནི་ཡིད་མགུ་བར་གྱུར་པའོ། །མཐར་ཐུག་པར་འགྲོ་བས་ན་ཆོག་པའོ། །སྡིག་པའི་ལས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ལ་
སོགས་པའོ། །ཉན་ཐོས་པ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བརྒྱད་པོའོ། །དམ་པ་དག་ཅེས་བྱ་བ་ནི་དྲང་སྲོང་ཆེན་པོའོ། །ཡང་དག་ པར་སོང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས ་དཔའ་དག་གོ །སྐྱེས་བུ་དམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་དགེ་བ་དག་གོ ། དད་པའི་ཤུགས་ཀྱིས་ལུས་ཀྱི་སྤུ་གྱེན་དུ་ལྡང་བར་གྱུར་པས་ན་བ་སྤུ་ལྡང་བར་གྱུར་པའོ། །ཆུ་འགྲམ་གྱི་གད་པ་བཞིན་དུ་ཞེས་བྱ་བ་ནི་གང་གི་ཚེ་ཀླུང་གི་ངོགས་གོ་རིམས་བཞིན་དུ་དུམ་བུ་དུམ་བུར་ཆད་ཅིང་རྡིབ་པར་གྱུར་པ་དེ་བཞིན་དུ་དེ་དག་གིས་བསྟན་པ་ཉམས་པར་བྱེད་པ་ཡིན་ཏེ། བསྟན་པ་དང་འགལ་བར་བྱ་བ་མ་ཡིན་པ་ཡང་ལྷག་པར་སྤྱོད་པའི་ཕྱིར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་གཅོད་པར་བྱེད་པ་ཡིན་ནོ། །བསོད་སྙོམས་སྤྱོད་པའི་གནས་ལ་འདིར་སྤྱོད་ཡུལ་དུ་ཤེས་པར་བྱའོ། །བསྟན་བཅོས་གྱི་དོན་ཡོངས་སུ་ཤེས་པའི་ནུས་པ་མེད་པས་ན་གླེན་པ་ཡིན་ལ། ལྷག་པར་ཆེ་བས་ན་རབ་ཏུ་གླེན་པ་ཡིན་ནོ། །ཡི་གེའི་སྒོ་ནས་འཛིན་པའི་ནུས་པ་མེད་པས་ན་རྨོངས་པ་ཡིན་ནོ། །ལྷག་པར་ཆེ་བ་ནི་མཆོག་ཏུ་རྨོངས་པ་ཡིན་ནོ། །རིགས་པ་ཞེས་བྱ་བ་ནི་ཆེད་མ་དག་པའི་རྗེས་སུ་འགྲོ་བའོ། །གྲོལ་བ་ཞེས་བྱ་བ་ནི་ཆགས་པ་མེད་པ་དང་ཉམས་པ་མེད་པའི་ཚིག་ཡིན་ནོ། །བཤད་པར་བརྩམས་པ་ཞེས་བྱ་བ་ནི་ཉེ་བར་བཀོད་པའམ། སྐབས་ཀྱིས་རྣམ་པར་བཤད་པ་ཡིན་ནོ། །ལུས་འཛིན་པའི་ནུས་པ་མེད་པ་སྐྱེད་པ་ནི་བརྒྱལ་བ་ཡིན་ནོ། །དགེ་སློང་དག་ཉི་མ་ནི་ཤར་ཞེས་བྱ་བ་ལ་སོགས་པ་ལ། ཤར་བར་བྱེད་པའི་ཕྱིར་ཤར་བ་སྟེ། །མཚན་མོས་བྱས་པའི་མུན་པ་སེལ་བར་བྱེད་པའི་ཕྱིར་རོ། །བྱ་རོག་ནི་ཟེར་ཞེས་བྱ་བ་ནི་སྒྲ་འབྱིན་པར་བྱེད་པའོ། །ཞིང་རྨོད་པ་ཞེས་བྱ་བ་ནི་ས་བོན་འདེབས་པར་བྱེད་པའོ། །དུ་བ་ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པ་འམ་དུ་བར་བྱེད་པའོ། །མ་ལུས་པར་འཕྲོག་པར་བྱེད་པ་གང་དག་ཡིན་པ་དེ་ནི་མི་རྒོད་པ་ཡིན་ནོ། །ཉེ་མ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལྷག་པའི་ཚིག་ཡིན་ཏེ། ཉི་མའི་དཔེས་དེ་བཞིན་གཤེགས་པ་བསྟན་པར་རིག་པར་བྱའོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བས་མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་ཡང་འདིར་
མཚུངས་པ་ཡིན་ནོ། །བྱ་རོག་ཟེར་བ་ཞེས་བྱ་བས་ནི་ཆོས་ཀྱི་སྣོད་ཅན་བསྟན་པ་ཡིན་ཏེ། དཔེར་ན་ཉི་མ་ཤར་བར་གྱུར་པ་ན་བྱ་རོག་ཟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཤར་བར་གྱུར་བ་ན་བཅོམ་ལྡན་འདས་ཀྱིས་ཐོག་མར་ཆོས་བསྟན་ནས་ཞེས་བྱ་བའི་དབང་དུ་བྱས་ནས་ཆོས་ཀྱི་སྣོད་ཅན་ཆོས་སྨྲ་བར་འགྱུར་རོ། །ཞིང་པ་སྨོས་པས་ནི་གཏོང་བ་པོ་དང་སྦྱིན་བདག་བསྟན་པ་ཡིན་ཏེ། དཔེར་ན་ཞིང་པས་ནི་ཞིང་བསྒྲུབས་ནས་ས་བོན་འདེབས་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་བྱུང་བར་གྱུར་པ་ན་གཏོང་བ་པོ་དང་སྦྱིན་བདག་དག་གིས་སྦྱིན་གནས་ཀྱི་ཞིང་བསྒྲུབས་ནས་སྦྱིན་བའི་ས་བོན་གྱི་ཆར་འབེབས་པར་འགྱུར་རོ། །མི་རྒོད་སྨོས་པས་ནི་བདུད་དང་བདུད་ཀྱི་འཁོར་བསྟན་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་ཉིན་པར་མི་རྒོད་དག་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་དུ་བར་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་པ་ན་བདུད་ཀྱི་སྤྱོད་ཡུལ་སྐྱེ་བོ་ཆེན་པོ་མངོན་པར་འདས་པའི་ཕྱིར་བདུད་དང་བདུད་ཀྱི་འཁོར་ཀུན་ནས་དུ་བར་བྱེད་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པར་རྗེས་སུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་སྟོན་པ་ཡིན་ལ། སྟོན་པ་དེས་བྱ་བ་གང་ཡིན་པ་གདོན་མི་ཟ་བར་མཛད་པ་བྱ་བ་དེ་ནི་བྱ་བ་ཡིན་ཞིང༌། བྱས་པ་ཡང་བདེན་བ་བཞི་བསྟན་པ་ཡིན་ཏེ། ངས་ཁྱེད་རྣམས་ཏེ་ཁྱེད་ཅག་ལ་བྱ་བ་དེ་བྱས་པ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྟོན་པ་ཁྱད་ པར་ཇི་ལྟ་བུས་ཤེ་ན་རྗེས་སུ་བརྩེ་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས ་ཅན་སྡུག་བསྔལ་བ་མཐོང་བ་ན་རྗེས་སུ་སྟེ་ཕྱིས་བརྩེ་བར་གྱུར་པ་གང་ཡིན་པ་དེ་ནི་རྗེས་སུ་བརྩེ་བ་ཅན་ཏེ། གཞན་གྱི་སྡུག་བསྔལ་བཟོད་པར་མི་སྤྱོད་ཅེས་བྱ་བའི་ཐ་ཚིག་གོ །སྙིང་རྗེ་སྤྱོད་པའི་ཕྱིར་ཐུགས་རྗེ་ཅན་ཏེ། གང་ཞིག་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱི་སྡུག་བསྔལ་བའི་ཐབས་དགོངས་པར་མཛད་པའོ། །དོན་དུ་བཞེད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་བསྒྲུབས་པར་བརྩོན་པའོ། །ཕན་པར་བཞེད་པ་ཞེས་བྱ་བ་ནི་འཇིག་རྟེན་གཉིས་དང་མི་འགལ་བའི་ཕན་པ་སྒྲུབ་པར་མཛད་པའོ། །ཐུགས་བརྩེ་བར་གྱུར་པ་ནི་ཞེས་བྱ་བ་ནི་རྟག་ཏུ་ཐུགས་བརྩེ་བ་དང་ཉེ་བར་ལྷག་པར་སྤྱོད་པ་སྟེ། ལན་དུ་ཕན་བཏགས་པ་ལ་ལྟོས་པ་འཇུག་པ་མེད་པའི་ཕྱིར་རོ། །ད་ནི་ཁྱེད་ཅག་གིས་ཞེས་བྱ་བ་འདིས་
ནི་འདི་སྐད་དུ་འདི་ལྟར་ངས་འགའ་ཞིག་ལ་མཆོག་གསལ་བའི་སྒོ་ནས་ཕན་གདགས་པར་མཛད་པའི་ནུས་པ་མི་མངའ་བ་སྟེ། དཔེར་ན་ང་ལ་ནུས་པ་མི་མངའ་བ་དེ་བཞིན་དུ་ལྷ་དང་བཅས་པའི་འཇིག་རྟེན་དག་ལ་ཡང་མཆོག་སྦྱིན་པའི་ནུས་པ་མེད་པ་དེའི་ཕྱིར་ཁྱེད་ཅག་གིས་བདག་ཉིད་ཁོ་ནའི་ཉེས་པ་ཡོངས་སུ་དོར་བ་དང་ཡོན་ཏན་བསྒྲུབ་པར་བྱ་བ་བྱོས་ཤིག་ཅེས་བྱ་བ་བསྟན་པར་འགྱུར་རོ། །རིའི་ཕྲག་ནི་ལུང་པའོ། །ཕུག་ནི་ཁྱིམ་གྱི་རྣམ་པ་ཅན་སྐྱེས་བུའི་འབད་རྩོལ་ལ་ལྟོས་པ་མེད་པར་གྲུབ་པའོ། །སོག་མའི་ཚོགས་ནི་སོག་མའི་ཕུང་པོ་ཡིན་ནོ། །བག་མེད་པ་ཞེས་བྱ་བ་ནི་བག་མེད་པར་མ་བྱེད་ཅིག་པའོ། །ཕྱིས་ཞེས་བྱ་བ་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའམ། བཞུགས་གདན་གྱི་ཐ་མ་བརྙེས་པར་གྱུར་པ་ནའོ། །འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་ངའི་གདམས་པའོ། །མཚོ་ནི་ཀླུང་ཡིན་ལ་སྐྱེད་མོས་ཚལ་ནི་མེ་ཏོག་དང་འབྲས་བུའི་ཤིང་དང་ལྡན་པའི་ཕྱོགས་ཡིན་ནོ། །འབབ་ཆུ་ནི་འབྲུག་པའི་ཆུའོ། །ཆུ་བོ་དང་ཤིང་ལ་སོགས་པ་དེ་དག་གིས་བརྒྱན་པའི་སའི་སྟེང་སྟེ་ས་ཕྱོགས་སོ། །དགའ་བའི་ཞེས་བྱ་བ་ནི་དགའ་བ་སྐྱེད་པར་བྱེད་པའོ། །བུད་མེད་དང་མཐུན་པ་ནི་བུད་མེད་ཀྱི་ཡིད་ལ་བྱེད་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བུད་མེད་དུ་སྟོན་པར་བྱེད་པ་ནི་བུད་མེད་ཀྱི་དབང་པོས་བྱིན་གྱིས་བརླབས་པ་ཡིན་ཏེ། དེས་བུད་མེད་ཀྱི་དངོས་པོར་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ། །ལོངས་སྤྱོད་ཟད་པ་ཞེས་བྱ་བ་ནི་བཟའ་བ་ལ་སོགས་པ་ཉེ་བར་ལོངས་སྤྱད་པར་བྱ་བའི་དངོས་པོ་ཡོངས་སུ་ཟད་པའམ། གྲོང་ལ་སོགས་པ་ཡོངས་སུ་ཟད་པའོ། །སྐྱེ་བོ་ཀུན་གྱིས་ཡོངས་སུ་ཤེས་པར་གྱུར་པ་ནི་གྲགས་པར་གྱུར་པའོ། །འབད་པ་མེད་པར་གོས་དང་བསོད་སྙོམས་ལ་སོགས་པ་རྙེད་པའི་ཕྱིར་བསོད་སྙོམས་ཆེན་པོའོ། །བཟའ་བ་དཀའ་བས་རྙེད་པའི་ཕྱིར་མུ་གེའི་དུས་ཡིན་ནོ། །གློ་བུར་པ་ཞེས་བྱ་བ་ནི་མ་བསམས་པར་འཕྲལ་ལ་འབྱུང་བ་ཡིན་ནོ། །བཞག་པ་ཞེས་བྱ་བ་ནི་སྔ་དྲོའི་དུས་སུ་ཟས་ཙམ་བྱིན་ལེན་བྱས་ནས་ཉི་མ་ཕྱེད་ལས་འདས་པའི་ཕྱིར་ཡིན་ཏེ། དེ་ལ་བྱིན་ལེན་བྱས་ནས་དྲོ་ལས་འདས་པར་གྱུར་པ་ནི་བཞག་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་བར་ཆད་ནི་གླེ་འདམས་པ་ལ་སོགས་པའོ། །དགེ་སློང་མ་བར་དུ་ཞོག་ལ་
ཞེས་བྱ་བ་ནི་ལས་བྱེད་པས་དགེ་སློང་མ་ལ་དྲི་བར་བྱས་ཤིང༌། དགེ་སློང་མས་བསྙེན་པར་རྫོགས་པར་འདོད་པ་ལ་དྲི་བར་བྱ་བ་ཡིན་ནོ། །ཁྲག་ནི་ཟླ་མཚན་གྱི་དུས་ཀྱི་ཁྲག་ཡིན་ནོ། །ཇི་ལྟ་བུའམ་དེ་ལྟ་བུས་ཞེས་བྱ་བ་ནི་ཐབས་གང་གིས་སམ་དེ་ཡིས་སོ། །དགེ་སློང་གི་མལ་སྟན་གྱི་ལྷག་མ་ཞེས་བྱ་བ་ནི་གང་དགེ་སློང་ལས་བསྟབས་པ་དེ་དག་ལས་ལྷག་མར་གྱུར་པ་གང་ཡིན་པའོ། །རིམ་བཞིན་དུ་ཞེས་བྱ་བ་ནི་མཐར་གྱིས་གཞོལ་བ་དང༌། འགྲོ་བ་མེད་པར་རོ། །ཐེ་ཚོམ་དགྲོལ་བ་ཙམ་དུ་ཞེས་བྱ་བ་ནི་ཐེ་ཚོམ་ཟློག་པ་ལ་འཇུག་པའམ་ཡང་ན་ཁོང་དུ་ཆུད་པ་ཙམ་གྱི་ཕྱིར་ཏེ། ཁོང་དུ་ཆུང་པ་ནི་གོ་བ་ཡིན་ཏེ། ཡོངས་སུ་ཤེས་པའི་རྒྱུས་འདྲི་བར་བྱེད་པ་ཞེས་བྱ་བའི་བར་དུའོ། །རྐེད་ཆིངས་ཞེས་བྱ་བ་ནི་ཐམས་ཅད་དུ་གློ་བཅིང་བར་བྱ་བའི་དོན་གྱི་གོས་ལ་སོགས་པ་ཁོ་ན་ལ་རྐེད་ཆིངས་སུ་བསྟན་པ་ཡིན་ནོ། །བྲང་ཆིངས་ཞེས་བྱ་བ་ནི་ནུ་མ་ལ་ལྷོད་པའི་དངོས་པོར་མི་འགྱུར་བར་སྒྲུབ་པར་བྱེད་པ་ནུ་མ་བཅིང་བའི་ཐབས་སུ་གྱུར་པའི་ཆིངས་མ་ཐམས་ཅད་ལ་བྲང་ཆིངས་ཉིད་དུ་བརྗོད་པ་ཡིན་ནོ། །མཛེས་གྱུར་གྱི་བར་ཆད་ཅེས་བྱ་བ་ནི་ནུ་མ་ཕན་ཚུན་མི་འབྱར་བར་བྱ་བའི་དོན་དུ་གོས་ལས་བྱས་པའི་བར་ཆད་ནི་མཛེས་གྱུར་གྱི་བར་ཆད་ཡིན་ཏེ། དེའི་ནུ་མ་དག་མཛེས་པའི་གནས་སྐབས་སྒྲུབ་པར་འགྱུར་རོ། །མི་གཙང་བ་འཛག་ཅིང་འབྱུང་བའི་ས་ཕྱོགས་ནི་ལྗན་ལྗིན་ནོ། །མི་དགའ་བར་གྱུར་པ་ནི་འདིར་ཅོ་འདྲི་བའམ། གདུང་བ་སྐྱེ་བར་བྱེད་པའོ། །མཚན་བཟངས་མ་ཞེས་བྱ་བ་ནི་བུད་མེད་དག་ལ་སྙན་པའི་ཚིག་ཡིན་ཏེ། དཔལ་གྱིས་མཚན་པའི་མཛེས་པའི་མཚན་ཉིད་གང་ལ་ཡོད་པ་དེ་ནི་འདིར་མཚན་བཟངས་མའོ། །ཀྱེ་མཚན་བཟངས་མ་ཞེས་བྱ་བ་དེ་ནི་བོད་པའི་ཚིག་ཡིན་ནོ། །བདག་མི་དགའ་བས་གཟིར་བ་ཞེས་བྱ་བ་དེ་ནི་ཁོ་མོ་སེམས་སྐྱོ་བས་གཟིར་བར་གྱུར་པའོ། །ལྷུང་བཟེད་ཆེན་པོ་ནི་ལྷུང་བཟེད་ཚད་ཆེན་པོའོ། །བརྒྱད་པ་ཞེས་བྱ་བ་ནི་མངོན་སུམ་དུ་བསྡིགས་པའོ། །སྨད་པ་ཞེས་བྱ་བ་ནི་སྨོད་པ་ཡིན་ནོ། །དགེ་སློང་མ་མི་སྲུན་པ་ཁྱེད་ཀྱི་ཞེས་བྱ་བ་ནི་ཁྱེད་ཅག་ལས་གཞན་དག་གིས་ཚུལ་མ་ཡིན་པའི་ལས་བྱས་པ་དེའི་ཕྱིར་ཁྱེད་ཅག་ཀུན་གྱི་མཐོང་བ་ཁོ་ན་ཞེས་བྱ་བ་དེ་ལྟ་བུ་ཡིད་ལ་བྱས་ནས་ཚིག་རྗོད་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པ་འགའ་
ཞིག་གིས་དེ་སྐྱེད་པར་གྱུར་ཅེས་བྱ་བའི་དངོས་པོ་དེ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ལས་ཀྱི་ནུས་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་དྲུག་པ་རྫོགས་སོ།། །།རྩྭ་ཆུན་ཞེས་བྱ་བ་ནི་དུབ་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་དེ་རྗེས་སུ་གནང་ངོ་ཞེས་བྱ་བའི་དབང་དུ་བྱས་ནས་རྩྭའི་ཁྲེས་པོ་འཇམ་པོ་ལ་བྱའོ། །གཉུག་མར་གནས་པ་ཞེས་བྱ་བ་ནི་གང་རྟག་པར་གནས་པའོ། །སྲུང་བ་དང༌། སྐྱོབ་པ་དང་སྦེད་པར་བྱེད་དོ་ཞེས་བྱ་བ་ལ། ཕ་རོལ་པོའི་དཔུང་གི་ཚོགས་ཀྱི་འཇིགས་པ་ལས་སྲུང་བ་དང༌། ཡམས་ལས་སྐྱོབ་པར་བྱེད་པ་དང༌། རང་གི་དཔུང་གི་ཚོགས་ཀྱི་འཇིགས་པ་ལས་ཡོངས་སུ་སྲུང་བའི་སྦེད་པར་བྱེད་པ་ཡིན་ནོ། །གནོད་སྦྱིན་འདུས་པར་ཞེས་བྱ་བ་ནི་གནོད་སྦྱིན་འདུས་ཤིང་ཚོགས་པར་གྱུར་པར་རོ། །རང་གི་རིགས་དང་སྐལ་བ་མཉམ་པའི་རྒྱུད་ཀྱིས་ཞེས་བྱ་བ་ནི་རང་གི་རིགས་རྒྱུད་ལས་འོངས་པའི་ཆོ་གས་སོ། །བཙས་པ་ཞེས་བྱ་བ་ནི་མེ་སྐོར་གྱི་ཆ་བྱད་དམ་བུ་བཙས་པ་ཡིན་ཏེ། དེ་འདུས་བྱས་ཤིང་མཛེས་པར་བྱས་པ་ཡིན་ནོ། །རི་སྟེ་རི་བོ་ལས་བྱ་ཀྲུང་ཀྲུང་སྐད་འབྱིན་ཅིང་སྒྲོག་པར་བྱེད་དོ། །སྤྱོད་ཡུལ་ཞེས་བྱ་བ་ནི་ངེས་པར་ཡོངས་སུ་ཚོལ་བར་བྱེད་པའི་གནས་ཡིན་ནོ། །གཅུགས་པ་ནི་ཡིད་བརྟན་པའོ། །མཛའ་བ་ནི་མཛའ་བོར་གྱུར་པའོ། །དགའ་བ་ནི་གཉིས་ཀྱིས་གཉིས་སྙོམས་ པར་འཇུག་པའོ། །ཡིད་བདེ་བ་ནི་ཕན་ཚུན་སེམས ་རྗེས་སུ་མཐུན་པ་ཡིན་ནོ། །གནག་གི་ཚེ་བདག་པོའི་ཡུལ་གཅུགས་པ་ལ་སོགས་པ་ལྷག་པར་ཀུན་དུ་སྤྱོད་པ་དེའི་ཚེ་དེ་གཅུགས་པ་ལ་སོགས་པ་མང་པོར་གྱུར་པ་ཡིན་ནོ། །ནགས་མའི་གནས་ལ་སོགས་པ་དབང་བ་གང་ཡིན་པ་དེ་དག་ནི་འདིར་གནས་ཐམས་ཅད་ལ་དབང་བྱེད་པ་ཡིན་ནོ། །རྟག་ཏུ་བསམ་པའི་སྒོ་ནས་གནོད་པ་ལ་འཇུག་པའི་ཕྱིར་ཁོ་ན་ཡིན་ནོ། །གསལ་པོར་གནོད་པ་རྩོམ་པར་བྱེད་པ་ཉིད་ཀྱི་ཕྱིར་དགྲ་ཡིན་ནོ། །ཕགས་ནས་གནོད་པར་བྱེད་པ་གང་ཡིན་པ་དེ་ནི་སྙིང་རིང་བར་གྱུར་པའོ། །སྨྱོས་ནས་ངུ་ཞིང་ཞེས་བྱ་བ་ནི་སྨྱོས་ནས་སྨྲ་བའོ། །འགྱེལ་བ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ཏུ་ནི་འགྱེལ་བར་བྱེད། ཁ་ཅིག་ཏུ་ནི་ས་ལ་ལྟུང་བར་བྱེད། ཁ་ཅིག་ཏུ་ནི་སྟེང་དུ་མཆོང་ཞིང་རྒལ་བར་
བྱེད། ས་ལ་འགྲེ་བ་ནི་ཀུན་ནས་འགྲེ་ཞིང་ཡོངས་སུ་འགྲེ་བར་བྱེད་པའོ། །ཁ་ཅིག་ཏུ་ནི་པུས་མོ་གཉིས་ཀྱིས་འགྲོ་བར་བྱེད་པའོ། །ཁ་ཅིག་ཏུ་ནི་ཙོག་པུར་འགྲོ་བར་བྱེད་པའོ། །ཡི་ཆད་པར་གྱུར་ཏེ་ཞེས་བྱ་བ་ནི་བུ་དང་བྲལ་བས་སྤྲོ་བ་མེད་པར་གྱུར་པའོ། །ཡང་ན་བསམ་པ་མེད་པས་གྱུར་པ་སྟེ། བུ་རྙེད་པའི་བསམ་པ་དང་འབྲལ་བར་གྱུར་པའོ། །རྗེས་སུ་སོམས་ཤིག་ཅེས་བྱ་བ་ནི་དཔྱད་པར་བྱ་བའམ། །ཡོངས་སུ་དཔྱོད་ པར་གྱིས་ཤིག་པའོ། །མངལ་ནི་ནང་ན་སེམས ་ཅན་གནས་པའོ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འཕགས་པ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་ཚོགས་པས་འཕངས་པས་ཐོབ་པར་གྱུར་པའོ། །སོགས་མ་ལ་སོགས་པའི་རྩྭ་ལས་བསྒྲུབས་པའི་ཨ་མྲའི་འབྲས་བུ་འཁྱེར་པའི་ཐབས་སུ་གྱུར་པ་ནི་སྣོད་ཡིན་ནོ། །གཏུམ་པོ་ནི་དྲག་པོའོ། །ཚོན་དུར་སྨྲིག་གིས་ཁ་སྒྱུར་བའི་གོས་ནི་དུར་སྨྲིག་གོ །ཚངས་ནི་གོས་ཀྱི་དུམ་བུའོ། །ཉོས་པ་ནི་ཐར་པའི་ཕྱིར་རིན་བྱིན་པའོ། །གཏོར་མ་ཞེས་བྱ་བ་ནི། དེ་དག་གི་ཆེད་དུ་ས་ཕྱོགས་གཙང་མར་བཟའ་བ་དོར་བ་གང་ཡིན་པ་དེ་ནི་གཏོར་མའོ། །ལྟ་བར་བྱེད་པ་ཞེས་བྱ་བ་ནི་གློ་སྐར་ལ་སོགས་པ་ལས་སོ། །བ་ལྕིས་སྐྱང་ནུལ་བྱས་པ་ལ་སོགས་པ་འདིར་ཡོངས་སུ་སྦྱངས་པར་བཞེད་དོ། །སྐྱེས་པའི་ཆུ་ངོགས་ཞེས་བྱ་བ་ནི་སྐྱེས་པ་ཁྲུས་བྱེད་པའི་ས་ཕྱོགས་ཡིན་ནོ། །ལམ་གྱི་བཞི་མདོ་ནི་ལམ་བཞི་འདུས་པའོ། །སྡོམ་པ་སྐྱེ་བའི་སྣོད་མ་ཡིན་པ་ནི་སྐྱེ་བའི་ཆོས་ཉིད་མེད་པའོ། །བུད་མེད་ཀྱི་མཚན་དང་བཤང་བའི་ལམ་དང་བཅས་པ་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་འདིར་གླེ་འདམས་པ་ཡིན་ནོ། །བུད་མེད་ཀྱི་དབང་པོ་ལས་རྟག་ཏུ་ཁྲག་འཛག་པ་གང་ཡིན་པ་དེ་ནི་རྟག་ཏུ་ཟླ་མཚན་འཛག་པ་ཡིན་ནོ། །གང་གི་མངལ་གནས་པའི་གནས་ན་ཟླ་མཚན་མེད་པ་དེ་ནི་ཟླ་མཚན་མེད་པ་སྟེ་ཟླ་མཚན་ནི་ཁྲག་ཡིན་པར་བསྟན་ཏོ། །མཚན་མ་ཙམ་ཞེས་བྱ་བ་ནི་གང་གི་མཚན་མ་ཙམ་ཡོད་པ་ཡིན་ཏེ། ཡོངས་སུ་མ་རྫོགས་པའོ། །གསང་བའི་ཕྱོགས་དགབ་པའི་ཐབས་སུ་གྱུར་པ་ནི་སྨེ་གབ་པོ། །ཐུ་ཞེས་བྱ་བ་ནི་མཆིལ་མ་གཏོར་བའོ། །བཤགས་པར་བྱ་བའི་ཁ་ན་མ་ཐོ་བ་བྱུང་བས་ཕྱིར་བཅོས་པའི་བསམ་པར་རང་གི་ངོ་བོ་འབྲལ་བ་ཡིན་ལ། གནག་དི་མདུན་དུ་བཤགས་པར་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་མེད་པའི་ཡུལ་ལ་ཇི་ལྟ་བ་བཞིན་དུ་ཤེས་
པ་སྐྱེད་ པར་བྱེད་པ་ནི་བཤགས་པ་ཡིན་ནོ། །སེམས ་ཀྱིས་ཀྱང་འཆབ་པའི་བློ་མེད་པ་ནི་མི་འཆབ་པ་ཞེས་བྱའོ། །རེག་པར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཉེས་པ་མེད་པ་ཐོབ་པ་ལས་བདག་གི་ སེམས་ཀྱི་བདེ་བ་ཆེན་པོར་འགྱུར་རོ། །སྐྱེངས་པར ་གྱུར་ཏོ་ཞེས་བྱ་བ་ནི་ངོ་ཚ་བར་གྱུར་པ་སྟེ། ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་དག་པ་ཞེས་བྱ་བ་ནི་ལྟུང་བ་མེད་པར་གྱུར་པའོ། །ལྟ་བ་མཐུན་པ་ཞེས་བྱ་བ་ནི་གང་གི་ལྟ་བ་རྣམ་པ་འགའ་ཞིག་ཀྱང་ཐ་དད་པ་མེད་པ་དེ་འདིར་ལྟ་བ་མཐུན་པར་བཞེད་དོ། །ཐུན་མོང་ནི་བསྙེན་པར་རྫོགས་པའི་ལས་སོ། །འཇིགས་པར་གྱུར་ཏེ་ཞེས་བྱ་བ་ནི་ལས་བྱེད་པའི་ཕྱིར་དག་གི་བྱེད་པ་མི་གསལ་བ་ཡིན་ནོ། ། སེམས་གཞན་དུ་མི་འགྱུར་བས་དཔྱོད་པར ་བྱེད་པ་ནི་ངེས་པར་བརྟགས་པ་ཡིན་ནོ། །བརྟུལ་བ་ནི་འདིར་སྐེམས་པར་བྱེད་པའོ། །མལ་སྟན་གྱིས་སྟོང་པའི་རྩྭའི་ལྷས་མ་ཅན་ནི་ཁྲིའུ་མ་གཡོགས་པའོ། །དྲན་པ་ཉེ་བར་གཞག་པ་མ་ཡིན་པ་ནི་དྲན་པ་རྨོངས་པ་ཅན་ཡིན་པར་བཞེད་དོ། །ལེགས་པར་བགོས་ཤིང་ཤེས་བྱ་བ་ནི་སྟོད་གཡོགས་སོ། །ལེགས་པར་གཡོགས་པ་ནི་འོག་ཏུ་བགོ་བའོ།།ལེགས་པར་བརྒྱན་པ་ཞེས་བྱ་བ་ནི་རྒྱན་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ། །ཆང་གི་བཏུང་བ་ལ་མཁོ་བའི་གནས་ནི་ཆང་འཚོང་གི་གནས་སོ། །ཐབས་འདི་ནི་ལེགས་པ་ཞིག་སྟེ་ཞེས་བྱ་བ་ནི་ནོར་སྒྲུབ་པའི་ཐབས་འདི་ནི་བཟང་པོ་ཞིག་གོ །ཟོང་ནི་ཆང་སྒྲུབ་པ་ལ་ཉེ་བར་མཁོ་བའི་རྫས་ཏེ་ཕབས་སམ། །རིན་གྱི་རྣམ་གྲངས་ཡིན་ནོ། །སེམས་ཀྱི་བྱ་བས་ཉེ་བར་མཚོན་པ་ནི་ཕྲག་དོག་ཡིན་ལ། མི་བཟོད་པ་ནི་བརྣག་པའི་ནུས་པ་མེད་པའོ། །རྙེད་པ་དག་འཕེལ་བར་གྱུར་ཏོ་ཞེས་བྱ་བ་ནི་རྒྱས་པར་གྱུར་པའོ། །མི་མཛའ་བ་རྣམས་ཀྱི་གཉའ་བར་རྡོག་པས་མནན་ལ་ཞེས་བྱ་བ་ནི་གནོད་པར་བྱེད་པ་ལ་གཞོལ་བ་ཁྱོད་ཚར་བཅད་ནས་སྟོངས་ཀྱིས་ཆང་འཚོང་གི་གནས་ལ་འཇུག་པར་བགྱིའོ་ཞེས་བྱ་བ་ཡིན་པར་དགོངས་སོ། །འདིར་འཇུད་པར་བྱེད་པས་ན་འཇུད་པ་སྟེ། བུད་མེད་ཀྱི་ཟག་བྱེད་ཀྱི་ལམ་ཡིན་ལ། གཞུག་པར་རུང་བས་ན་འཇུད་མཐུན་པ་ཡིན་པའམ། འཇུད་པའི་ལས་ནི་འཇུད་མཐུན་མ་སྟེ་དེ་ལ་བསྒྲུབ་པར་བགྱི། འཇུག་པར་དབྱི་ལས་སུ་བགྱིའོ་ཞེས་བྱ་བའི་བར་དུའོ། །བཞིན་
བྱད་དང་ལྡན་པ་ཞེས་བྱ་བ་ནི་མདངས་དང་ལྡན་པར་གྱུར་པའོ། །ཇི་ལྟར་རུང་བ་ཞེས་བྱ་བ་ནི་སྐྱེས་བུ་ངན་པ་དང་འབྲིང་དང༌། མཆོག་ལ་རུང་བ་ཉིད་དུ་འགྱུར་བའོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པར་གྱུར་པའོ། །བྲན་མོ་སྤྱོད་པའི་གནས་དེ་ལ་འཇུག་པར་བྱེད་པ་ནི་ཞིབ་བསྒྲུབ་པར་བྱ་བའོ། །རས་ལས་བྱས་པའི་སྦྲ་ནི་ཇ་ཏོར་རོ། །སྲད་བུ་ལས་བྱས་པ་དེ་ལ་ཉེ་བར་མཁོ་བའི་སྣོད་བསྐུར་བའི་ཐབས་སུ་གྱུར་པ་ནི་དྲ་བ་ཡིན་ནོ། །དེའི་ཞལ་ཏ་བྱེད་པ་ཡིན་པའི་ཕྱིར་དྲ་བ་ཆེན་པོའི་ཞལ་ཏ་བྱེད་པའོ། །དགོས་པ་བྱུང་ན་ཞེས་བྱ་བ་ནི་རྐུན་པོ་ལ་སོགས་པ་ཐག་ཉེ་བར་གྱུར་ནའོ། །དགོན་པ་ན་གནས་པ་ཞེས་མཐུན་པ་ཞེས་བྱ་བ་ནི་རིན་ཐང་ཆུང་བའོ། །ངན་དུ་བརྗོད་པ་ནི་སྐུར་པ་བཏབ་པའོ། །བྱ་བ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་ནི་འདིར་བསླབ་པ་ཡིན་ལ། གུས་པ་མེད་པར་ཁོང་དུ་ཆུད་པར་བྱས་པ་དག་བསླབ་པའི་ཡུལ་ལ་རབ་ཏུ་བཅུག་པ་ནི་རྗེས་སུ་བསྟན་པ་ཡིན་ནོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་དགེ་སློང་མ་ལ་རེག་པ་ཙམ་ཁོ་ན་ལ་ཉེས་བྱས་ཀྱི་ཉེས་པ་དང་ལྡན་པར་འགྱུར་ཞིང༌། རེག་པ་བདག་གིར་བྱེད་པ་ནི་ཇི་ལྟར་ལུས་ཀྱི་ཀུན་ནས་རེག་པའི་བྱ་བ་བསྟན་པ་དེ་ནི་འདིར་ཡང་བྱ་བ་ཡིན་པར་རིག་པར་བྱའོ། །གནོད་པར་གྱུར་པ་ལ་སྦྱིན་པ་རྗེས་སུ་གནང་བའི་གོས་ནི་ཤམ་ཐབས་ཀྱི་གཟན་ཡིན་ནོ། །དྲན་པ་ཉེ་བར་ཞོག་ལ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་གཙོ་བོར་གྱུར་པའི་དྲན་པ་མངོན་སུམ་དུ་བྱས་པས་སོ། །བུད་མེད་སྡུག་པ་དང་བྲལ་བ་དག་ལག་པ་གཉིས་ཀྱིས་རང་གི་དཔུང་པའི་རྩ་བ་ལ་སྣུན་པར་བྱེད་པ་ནི་བྲང་རྡུང་བར་བྱེད་པའོ། །སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་ལ་སོགས་པའི་ཤིང་གིས་ཉེ་བར་མཚན་པ་ནི་སྐྱེད་མོས་ཚལ་ཡིན་ནོ། །དྲང་སྲོང་གི་གནས་ནི་དཀའ་ཐུབ་ཀྱི་གནས་ཡིན་ནོ། །གྲོང་ཁྱེར་ལས་ཕྱི་རོལ་གྱི་ཉེན་ཀོར་གྱིས་ནི་ཉེན་ཀོར་ཡིན་ནོ། །སྟོན་ཟླ་འབྲིང་པོ་ཉའི་དུས་སྟོན་ཆེན་པོ་ནི་དགའ་སྟོན་དུ་རབ་ཏུ་གྲགས་པ་ཡིན་ནོ། །དེ་དང་འདྲ་པའི་དུས་ནི་དུས་མ་ཡིན་པའི་དུས་སྟོན་ནོ། །སྔོན་གྱི་ལེགས་པར་སྤྱད་པ་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱི་སྐྱེ་བ་སྔ་མ་ལ་ལེགས་པར་སྤྱད་པ་སྟེ། ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་ཉིད་བསོད་ནམས་ཀྱི་ལས་ཀྱི་ཚོགས་སྡུག་པར་བྱེད་ཅིང་དགའ་སྟོན་འདིའི་རྒྱུར་གྱུར་པ་ཡིན་ནོ། །གནས་མ་
ཡིན་ཏེ་ཞེས་བྱ་བ་ནི་འདི་ལ་ཡོད་པ་མ་ཡིན་ཏེ། འདོད་པ་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ཉོན་མོངས་པ་སྤངས་པ་ཡིན་པའི་ཕྱིར་རོ། །ཉེ་བར་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བ་ནི་བདག་གིར་བྱས་ནས་ཡོངས་སུ་ལོངས་སྤྱོད་པའོ། །རྫུ་འཕྲུལ་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་དབང་པོ་རྣོ་བ་དེ་ཉིད་ཀྱི་ཕྱིར་དེའི་རྫུ་འཕྲུལ་བསྐྱེད་པ་ཡིན་ཏེ། དེས་ནི་འདི་སྐད་དུ་ཐམས་ཅད་དུ་ཕྱིར་མི་འོང་བའི་རྫུ་འཕྲུལ་བསྐྱེད་པ་ཉིད་དུ་རུང་བར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་དག་པར་བྱུང་བ་ཞེས་བྱ་བ་ནི་ཤུགས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ཁམས་གསུམ་ལས་བྱུང་བ་ཡིན་ནོ། །རྙེད་པ་ནི་ངེས་ཁམས་གསུམ་པོའི་གཉེན་པོ་ཐོབ་པའོ། །རང་གི་དོན་ཕུན་སུམ་ཚོགས་པའི་ཕྱིར་བརྙེས་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་རྙེད་པ་རྙེད་པའོ། །རུས་པའི་འཁྲུལ་འཁོར་ཞེས་བྱ་བ་ནི་ཕན་ཚུན་དུ་འབྲེལ་པའི་རུས་པའི་ཚོགས་སོ། །རྒྱན་མེད་པ་ཞེས་བྱ་བ་ནི་ནང་ག་མཛེས་པའི་དངོས་པོ་དང་བྲལ་བར་གྱུར་པའོ། །སེམས་ཟློགས་ཤིག་ཅེས་བྱ་བ་ནི་འདོད་ཆགས་དང་ཀུན་ནས་འབྲེལ་པའི་སེམས་ཡོངས་སུ་སྤོངས་ཤིག་པའོ། །སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཡུལ་ལ་ཞེ་སྡང་གི་སེམས་བསྐྱེད་པ་ལས་སེམས་ཅན་དམྱལ་བ་ཞིག་ཏུ་ལྟུང་བར་འགྱུར་རོ། །ཁྱིམ་པའི་ལས་ཞེས་བྱ་བ་ལ་སོགས་པ་ལ། ཁྱིམ་པའི་ལས་ཁྱོད་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤངས་ནས་སོ། །ཁྱོད་ཀྱིས་བསྙེན་ པར་རྫོགས་པ་དང་ཁས་བླངས་པ་འདི་ལྟར་ཀུན་ནས་ཆགས་པའི་སེམས ་ཀྱིས་སྐྱེད་པ་ལ་ལྟ་བ་ལ་སོགས་པ་སོམས་ཤིག་པའོ། །ཅུང་ཟད་འབབ་པ་ནི་ཆར་འཕྲལ་དུ་འབབ་པར་འདོད་པའམ། ཅུང་ཟད་ཅུང་ཟད་བབ་པའི་ཕྱིར་ཅུང་ཟད་འབབ་པའོ། །མི་བསྲུན་པ་ཞེས་བྱ་བ་ནི་ནོར་བྱེད་པ་མེད་པའི་ངང་ཚུལ་ཅན་ཡིན་ནོ། །གཡུལ་འགྱེད་པ་ལ་བརྩོན་པ་ནི་གྱད་ཡིན་ལ། རས་གཅིག་བཅིངས་པས་ན་གྱད་པར་གོ་ཆ་བགོས་པའོ། །གྱད་ཆེན་པོ་ཞེས་བྱ་བ་ནི་གཞུང་གཞན་ཡིན་ཏེ། ཆེན་པོ་ནི་ཡན་ལག་ཤིན་ཏུ་རྒྱས་པ་དང༌། ལུས་ཆེ་བ་ཡིན་ནོ། །རྡོ་ལེབ་ཀྱིས་ཞེས་བྱ་བ་ནི་རྡོའི་དུམ་བུས་སོ། །གོས་གཅུས་པས་ཞེས་བྱ་བ་ནི་གོས་བསྒྲིལ་བས་སོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་
ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་སྟེ་སྒོ་བདུན་པ་རྫོགས་སོ།། །།མཆོད་རྟེན་ནི་རུས་པ་བཞག་པའི་དོན་གྱིས་འཇིམ་པའི་ཕུང་པོའོ། །རང་བཞིན་ཡོངས་སུ་ཉམས་པས་ཞེས་བྱ་བ་ནི་སྐྱེ་བོ་དམ་པའི་རང་བཞིན་ལས་ལྷུང་བར་གྱུར་པའོ། །སྦྱར་མ་བྱིན་གྱིས་བརླབས་པར་ཞེས་བྱ་བ་ནི་མཚོན་གྱིས་ཀུན་ནས་བསྣུན་དུ་མི་རུང་བར་སྙོམས་པར་འཇུག་པར་བྱས་པའོ། །ནང་དང་བཅས་པར་འགྱུར་བས་ཞེས་བྱ་བ་ནི་འཁོན་པར་གྱུར་པས་སོ། །དེ་ལ་མ་བལྟས་པར་ཞེས་བྱ་བ་ནི་དགེ་སློང་མ་ལུས་འདུད་པའི་ལུས་བོར་ནས་སོ། །གཟུ་བོ་བྱེད་པ་ཞེས་བྱ་བ་ནི་དྲང་པོར་བྱེད་པའོ། །དགག་དབྱེ་ལ་གསོ་སྦྱོང་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དགག་དབྱེ་བྱས་ནས་གསོ་སྦྱོང་བྱ་བ་མ་ཡིན་པའོ། །རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་ལྟུང་བའི་དྲི་མ་རྣམ་ པར་སྦྱོང་བའི་ཕྱིར་རོ། །སེམས ་གཏོང་བ་ཞེས་བྱ་བ་ལ་གཏོད་པ་ནི་འདིར་ཁོ་ན་ཡོངས་སུ་སྤངས་པ་ཡིན་ནོ། །གླགས་པ་ནི་གླགས་སམ་དྲལ་བའམ་ཕུག་པར་གྱུར་པའོ། །ཤད་ཀྱིས་སྦྱོང་བར་བྱེད་པ་ཞེས་བྱ་བ་ནི་དབང་དུ་བྱེད་པ་ལ་འཇུག་པར་བྱེད་པ་པོ་ཡིན་ནོ། །ཁོ་བོ་ཕྱོགས་དེ་ཉན་པར་ཡང་མི་འདོད་ན་ཞེས་བྱ་བ་ནི་ཁོ་བོ་ཕྱོགས་དེ་སྔར་མཐོང་བ་ཉིད་ཀྱི་སྒོ་ནས་མཐོང་བ་ཉིད་མྱོང་བར་ཡང་མི་འདོད་དོ། །མཐར་ཐུག་པ་ཞེས་བྱ་བ་ལ་ཐ་མར་གྱུར་པའམ་མཐར་ཐུག་པ་སྟེ། ཐ་མར་གདོན་མི་ཟ་བར་འདི་ལྟར་འགྱུར་རོ་ཞེས་ངེས་པའི་སྒོ་ནས་ཤེས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ །འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བ་མང་དུ་བྱས་པའི་ཕྱིར་མ་ཆགས་པ་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་ལ། ཆགས་པ་མེད་པ་ལ་སོགས་པ་མང་དུ་བྱས་པ་ལས་འདོད་ཆགས་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་ནོ། །ཕན་ཚུན་དགའ་ཞེས་བྱ་བ་ནི་མཛའ་བའི་ཚིག་བརྗོད་པ་སྔོན་དུ་སོང་བའི་སྒོ་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །གཙུག་ཕུད་འབྲེག་པའི་དུས་སྟོན་ཞེས་བྱ་བ་ལ་སོགས་པ་ལ་ཉི་མ་གང་ལ་བྱང་ཆུབ་སེམས་དཔས་དབུ་སྐྲ་བྲེགས་ཏེ་སྟེང་གི་ནམ་མཁའ་ལ་བོར་བ་དང༌། བརྒྱ་བྱིན་གྱིས་བླངས་ནས་མཐོ་རིས་ཀྱི་གནས་སུ་བཞག་པར་གྱུར་པའི་ཉི་མ་དེ་ལ་དད་པ་དང་བྲམ་ཟེ་དང་ཁྱིམ་བདག་གིས་དུས་སྟོན་བྱས་པ་དེ་ལ་གཙུག་ཕུད་བྲེགས་པའི་དུས་སྟོན་དུ་རྣམ་ པར་གཞག་པ་ཡིན་ནོ། །
བྱང་ཆུབ་སེམས ་དཔའ་ཁྱིམ་གྱི་གནས་ནས་ལོ་ལྔ་པ་ལས་བྱུང་བའི་ལྔ་སྟོན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པར་གྱུར་པ་ནི་དུས་སྟོན་ཆེན་པོ་ཞེས་བྱའོ། །སྲེད་པ་ལ་སྤྱོད་པ་ཞེས་བྱ་བ་ལ། སྲེད་པ་ནི་སེམས་ཀྱི་ཞེན་པའོ། །གཉིས་སམ་གསུམ་ཞེས་བྱ་བ་ནི་དགེ་སློང་མའི་གནས་བརྟན་དག་གོ །འཁོར་དང་མཛའ་པོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་འཁོར་གྱི་རྣམ་པར་དབྱེད་པ་དང༌། སྨོས་འདྲིན་ལ་སོགས་པ་རྣམ་པར་དབྱེ་བ་སྟེ། གང་གི་འཁོར་ཡིན་པའི་འཁོར་དང་བཅས་པ་དེས་ཕྱོགས་གཅིག་ཏུ་འཁོར་ཅིང་འཁོར་མེད་ན་ནི་སྨོས་འདྲིན་ལ་སོགས་པ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་རྣམ་པར་འབྱེད་པ་ལས་ལྟུང་བྱེད་རྣམས་ཀྱི་བཅུ་ཚུན་གསུམ་པ་བརྩམས་པ་ན་དགེ་སློང་མའི་སྟོན་པའི་བློ་མཐུན་བྱས་པ་དེ་ཁོ་ན་བཞིན་འདིར་ཡང་ཡིན་པས་འདིར་གཞུང་མངས་པའི་འཇིགས་པས་སྤྲོས་ནས་མ་བྲིས་སོ། །ཡོངས་སུ་དག་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་མའི་གསོ་སྦྱོང་གི་བར་དུ་གཅོད་པར་བྱེད་པ་ཉེས་པའི་དྲི་མ་དང་བྲལ་ལོ་ཞེས་བྱ་བ་དེ་ལྟར་བརྗོད་པར་བྱ་བ་ཡིན་ནོ། །ཕྱི་བཞིན་འབྲངས་ཏེ་ཞེས་བྱ་བ་ནི་རྗེས་བཞིན་དུ་སོང་བའོ། །དུམ་བུ་ལྔ་པ་ཞེས་བྱ་བ་ལ་ སེམས་ཅན་དམྱལ་བ་ལ་སོགས་པའི་རྣམ་པར ་དབྱེ་བ་ལྔ་དང་ལྡན་པ་འཁོར་ལོ་དང་འདྲ་བས་ན་འཁོར་པའི་འཁོར་ལོའོ། །གསོ་སྦྱོང་ནི་དགེ་སློང་མའི་དགེ་འདུན་གྱིའོ། །དེ་མི་གསལ་བ་ཞེས་བྱ་བ་ནི་བརྡ་ལ་མི་མཁས་པའོ། །དེ་དག་གིས་དགེ་སློང་གཞན་ལ་མ་གསོལ་བར་ཞེས་བྱ་བ་ནི་དགེ་སློང་མས་ལུང་སྟོན་པའི་སྒོ་ནས་བློ་མཐུན་མེད་པར་རོ། །མ་སྤོབས་ཏེ་ཞེས་བྱ་བ་ནི་ཟིལ་གྱིས་ནོན་པར་སླ་བའོ། །སྐྱེས་བུ་ཐ་མལ་པ་ཞེས་བྱ་བ་ནི་སྤྱོད་པ་དམན་པར་གྱུར་པའོ། །བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་བདག་ཉིད་བསོད་ནམས་མ་ཡིན་པ་ཉིད་དུ་རུང་བ་མང་དུ་བྱེད་པར་འགྱུར་བའོ། །མཚན་བཟངས་མོ་ཞེས་བྱ་བ་ནི་མཚན་མཛེས་པ་ཡིན་ནོ། །ཅུང་ཞིག་ཅེས་བྱ་བ་ནི་རྣམ་པར་འཚེ་བ་ཅུང་ཟད་དུ་མ་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །ལེགས་པར་གསོལ་ལོ་ཞེས་བྱ་བ་ནི་དངོས་པོར་གསོལ་བར་བགྱི་བའོ། །ཤིན་ཏུ་གསོལ་ལོ་ཞེས་བྱ་བ་ནི་ཁྱེད་ལ་བདེ་བ་སྐྱེད་པར་བྱེད་པ་གསོལ་བར་བགྱི་བའོ། །དགའ་བར་
གྱུར་ན་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་དེར་མེ་ཏོག་གི་ཕྲེང་བ་བརྒྱུས་པ་དེ་བཞིན་དུ་ཁྱིམ་གཞན་དག་ཏུ་ཤིན་ཏུ་མཛེས་པར་བརྒྱུས་པར་གྱུར་པའོ། །རྙེད་པ་སྐྱེས་ཤིང་བརྙེས་པ་ཐོབ་པ་ཞེས་བྱ་བ་ལ་སྐྱེས་པ་ནི་འདིར་བསྙེན་བཀུར་ཡིན་པར་འདོད་ལ། བཅའ་བའི་རིན་ཐོབ་པའོ། །གཞན་གྱིས་འཚོ་ཞེས་བྱ་བ་ནི་གཞན་གྱིས་འཚོ་བའི་ཐབས་སུ་གྱུར་པའོ། །ཁྱིམ་གྱི་བྱ་བ་ནི་ཁྱིམ་གྱི་བྲེལ་བ་ཡིན་ནོ། །ཆང་མནན་པ་ཞེས་བྱ་བ་ནི་སྦྱར་བའི་ཆང་ལ་སོགས་པའི་མྱོས་པའི་ཚོགས་སྣོད་གཅིག་ཏུ་བཅུག་པ་ཡིན་ནོ། །ཆང་ཉམས་པ་ཕྱིས་ཆང་ཉིད་དུ་རེད་པ་ནི་སླར་རུང་བར་གྱུར་པའོ། །གཞན་གྱི་འཚོ་བ་ཉམས་པའི་རྒྱུ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བའི་སྦོམ་པོ་འདི་ནི་མ་བྱིན་པར་ལེན་པའི་ཕམ་པ་གཅོད་པར་གྱུར་པ་ཉིད་ཡིན་ནོ། །ཁ་བསྟོད་པ་བྱས་ནས་ཞེས་བྱ་བ་ནི་བསམ་པའི་ཁ་རིང་དུ་བསྲིངས་ནས་སོ། །གླ་བྱིན་གྱིས་ཞེས་བྱ་བ་ནི་གླའི་སྒོ་ནས་སྦྱིན་པར་བྱེད་པའོ། །ཚོང་དུས་ཀྱིས་ཐ་སྙད་དུ་བྱེད་པའི་ཕྱིར་ཚོང་པའོ། །ཆོང་གླས་ནས་ཞེས་བྱ་བ་ནི་ཇི་ལྟར་དགོས་པའི་དངོས་པོ་ཉོས་ནས་སོ། །མ་འོངས་པ་ལུང་སྟོན་པའི་སྒོ་ནས་འཚོ་བ་རྟོག་པར་བྱེད་པ་དང༌། །ཁྱེའུ་དང་བུ་མོ་དག་གཏོར་མ་དང་གླ་ཟན་བྱིན་པའི་སྒོ་ནས་སྲུང་བར་བྱེད་པ་གང་ཡིན་པ་དེ་ནི་ལྷ་བོན་མོའོ། །དྲིལ་བུ་དཀྲོལ་ཞིང་ཞེས་བྱ་བ་ནི་དྲི་མ་མེད་པ་དགྲོལ་བར་བྲེལ་བར་གྱུར་པའོ། །ཅིའི་ཕྱིར་ཞེ་ན། སྟོན་པའི་ཕྱིར་ཞེས་སྨོས་པ་ཡིན་ནོ། །སྔོན་གྱི་ལས་ཀྱིས་ནི་འཕྲལ་དུའམ་ལས་ཀྱི་ཤུགས་ཀྱིས་སོ། །དཀྱིལ་འཁོར་དང་མེ་ཏོག་ལ་སོགས་པ་ལུང་སྟོན་པར་བྱེད་པ་ལ་ཉེ་བར་མཁོ་བ་ནི་ལྷའི་གཟུགས་བརྙན་མེ་ཏོག་དང་བདུག་པ་དང་དྲིལ་བུ་ལ་སོགས་པའི་ཚོགས་དང་ལྡན་པ་ནི་ལྷ་རྟེན་ཡིན་ནོ། །སྐྲ་འཆད་ཅིང་ཞེས་བྱ་བ་ནི་རྣམ་པར་འཆད་པའི་སྒོ་ནས་འཆད་པར་བྱེད་པ་ཡིན་ནོ། །འདག་རྫས་ཀྱི་ཕྱེ་མས་ཞེས་བྱ་བ་ནི་སྐྱུ་རུ་རའི་ཕྱེ་མ་ལ་སོགས་པའོ། །རྒྱུན་ལ་གནས་ནས་ཞེས་བྱ་བ་ན་རྒྱུན་ལས་བཟློག་པའི་རེག་པ་བདག་གིར་བྱེད་པ་སྟེ། མི་ཚངས་པར་སྤྱོད་པའི་ཕམ་པ་གཅོད་པར་གྱུར་པའི་ཉེས་པ་སྦོམ་པོར་འགྱུར་རོ། །རིའི་རྩེ་མོའི་ཚུལ་ལམ་ཞེས་བྱ་བ་ནི་རིའི་རྩེ་མོའི་རྣམ་པར་རོ། །བྱང་ཆུབ་ཀྱི་ཤིང་གི་ལོ་མོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཤིང་
ནི་པི་པ་ལའི་ཤིང་ཡིན་ཏེ། དེའི་ལོ་མ་དང་འདྲ་བ་ནི་གཅིག་ཡིན་ནོ། །ཤིང་ནྱ་གྲོ་དྷའི་ལོ་མ་དང་འདྲ་བའམ་ལག་མཐིལ་གྱི་རྣམ་པ་ལྟ་བུ་སྟེ་ཟུར་བཞི་པ་ལྟ་བུ་ནི་གཉིས་པ་ཡིན་ནོ། །དགའ་བ་འཕེལ་ནས་ཞེས་བྱ་བ་ནི་རྙེད་པ་འཕེལ་བའི་དོན་དུའོ། །རྨི་ལམ་དུ་རྨིས་པ་ནི་རྨི་ལམ་དུ་ཟན་ནི་སྦྲུ་མའོ། །ཞག་མ་བུད་ནས་ཞེས་བྱ་བ་ནི་ཞག་མ་ཡོངས་སུ་བུད་པར་གྱུར་པའོ། །ཁར་གསིལ་ནི་སྒྲ་སྒྲོགས་པར་བྱེད་པའོ། །ལོ་མའི་བཀད་ས་ནི་ལོ་མས་གཡོགས་པ་ཡིན་ནོ། །ཏིལ་དྲུས་མ་དང་བསྲེས་པའི་འབྲས་ཀྱི་ཕྱེ་མ་ལས་སྦྲུས་ཤིང་མར་གྱི་ནང་དུ་བཙོས་ཤིང་སྐམས་ལ་སྲབ་པ་བཟའ་བའི་བྱེ་བྲག་གི་འབྲས་ཁུར་ཡིན་ནོ། །འབྲས་ཆན་ཞེས་བྱ་བ་ལ་སོགས་པ་ལ་འབྲས་ཆན་དང་བཏུང་བ་འདི་བཏུང་བར་བྱེད་པ་ནི་སྒྲ་ཁྲོག་ཁྲོག་ཟེར་བ་དང༌། འབྲས་ཁུར་ནི་ཁྲུམ་ཁྲུམ་ཟེར་བའོ། །ལ་ཕུག་ནི་ཆོམ་ཆོམ་ཟེར་བའོ། །ལོ་མ་ལ་སོགས་པ་ནི་ལྕབ་ལྕབ་ཟེར་བའོ། །མཛེས་པ་ནི་གར་མཁན་ཡིན་ནོ། །དགེ་འདུན་གྱི་ནང་ནས་བྱུང་ནས་ཐ་དད་པར་ཡོངས་སུ་ལོངས་སྤྱོད་པ་ནི་བ་ཤོས་ཚུར་འདྲེན་པའོ། །འབྲས་བུ་ལ་སོགས་པས་བཀོལ་བ་ནི་བསྐ་བ་ཡིན་ནོ། །ཕྱོགས་གཅིག་ཚིག་པའི་ཕྱིར་ཚིག་པའོ། །ཀུན་ནས་ཚིག་པའི་ཕྱིར་རབ་ཏུ་ཚིག་པའོ། །རྣམ་པར་ཁྱབ་པ་ཞེས་བྱ་བ་ནི་རྨ་ཉམས་པར་གྱུར་པའོ། །སེན་མོས་ཞིག་པར་འགྱུར་རོ་ཞེས་བྱ་བ་ནི་ཟད་པར་བྱེད་པའོ། །སླར་འཚོ་བར་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་སྒོ་ནས་གྱུར་པའོ། །བ་མོ་ནི་ཁྱིམ་སྤྱོད་པའམ་བྱེད་པ་ཞེས་བྱ་བའི་བར་དུའམ། ཡང་ན་བྱི་བའོ། །འཕངས་པ་ཉིད་དུ་བརྩམས་པ་ཞེས་བྱ་བ་ནི་ཤིང་ལ་ཡོངས་སུ་རྒྱུ་བ་ཉིད་དུ་བརྩམས་པ་ལ། །ཆོས་གོས་ལ་ཁྱད་པར་མེད་པ་ཡོངས་སུ་ལོངས་སྤྱད་པ་ཞེས་བྱ་བ་ནི་སྣམ་སྦྱར་ཡོངས་སུ་མ་བརྟུལ་བ་ཡིན་ནོ། །རྒྱལ་པོའི་གནས་ལྟ་བུ་ཞེས་བྱ་བ་ནི་ཆོས་གོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་དེ་ཡོངས་སུ་བརྟུལ་བར་བྱ་བ་ཡིན་ནོ། །ལམ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་དག་ནི་ལམ་གྱིས་འཚོ་བ་སྟེ། ཚིག་སྐྱེལ་ལ་སོགས་པའོ། །གསེབ་ལམ་གྱིས་འཚོ་བ་ནི་རྐུན་པོ་ལ་སོགས་པའོ། །བརྡེགས་ཤིང་རབ་ཏུ་བརྡེགས་ཏེ་རྣམ་པར་བཤིག་པ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོས་རིམ་པས་ཟིལ་གྱི་ས་གནོན་པའོ། །བརྡེགས་པ་ལ་སོགས་པས་གང་
ལས་འཇིགས་པ་མེད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་སྐྲག་པ་མེད་པའོ། །དགེ་སློང་གི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི་དགེ་སློང་གི་ཐ་སྙད་ལ་མཁས་པའམ་བཀའ་ལ་མཁས་པའོ། །སླུ་བར་བྱེད་པ་ཞེས་བྱ་བ་ནི་རྔོད་པར་བྱེད་པ་ཡིན་ཏེ། རྣམ་པ་གཞན་ཉིད་དུ་སྟོན་པའི་ཕྱིར་རོ། །འཕེལ་ནས་ཞེས་བྱ་བ་ནི་ལྷག་མའི་ཚིག་ཡིན་ནོ། །རིགས་པ་སྨྲ་བ་ལ་མཁས་པ་ཞེས་བྱ་བ་ནི་རིགས་པས་ལན་ལྡོན་པ་ལ་མཁས་པའོ། །རྒྱུད་འཇམ་པ་ལ་མཁས་པ་ཞེས་བྱ་བ་ནི་སེམས་བརྩེ་བས་འཇམ་པོར་གྱུར་པའོ། །གྲོང་ཁྱེར་ཨི་ཙ་ཨ་ནང་ཀ་ལ་དེ་དང་ཐག་ཉེ་བ་ན་གནས་པ་ན་ཨུད་ཀ་ཊ་ཞེས་བྱ་བའི་གྲོང་རྡལ་ཏེ། ཨུད་ཀ་ཊ་དེ་ཀུན་ནས་ལོངས་སྤྱོད་པར་བྱེད་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྒྱས་པ་ཞེས་བྱ་བ་སྨོས་ཏེ། རྫས་ལ་སོགས་པའི་ཡོ་བྱད་དང་ལྡན་པའོ། །གླ་སྐྱེད་དང་བཅས་པ་ཞེས་བྱ་བ་ནི་གླ་སྐྱེད་དང་བཅས་པས་འཇུག་པའི་ཕྱིར་གླ་སྐྱེད་དང་བཅས་པ་ཉིད་དོ། །གླ་སྐྱེད་ནི་ཤོ་གམ་གྱི་གནས་ལས་བྱུང་བའོ། །རྩྭ་དང་ཤིང་དང་ཆུ་དང་བཅས་པ་རྣམས་ཞེས་བྱ་བ་ནི་རྩྭ་ལ་སོགས་པ་དང་ཤིན་ཏུ་འབྱོར་ཅིང་ལྡན་བའོ། །འདོན་པ་དང་ལྡན་པས་ན་བྲམ་ཟེའི་བུའོ། །བསྟན་བཅོས་དུ་མ་ཐོས་པའི་ཕྱིར་མང་དུ་ཐོས་པའོ། །ཐམས་ཅད་དུ་རུང་བའི་ཚིག་ལ་འཇུག་པའི་ཕྱིར་རིགས་པའི་ཚིག་སྟེ། ལན་ལྡོན་པའི་དུས་སུ་རབ་ཏུ་རིགས་པའི་ཚིག་འདི་ལ་ཡོད་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །སྐབས་དང་ལྡན་པ་འབྲེལ་པའི་ཚིག་སྙན་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་སྙན་པར་སྨྲ་བ་ཅན་ཏེ། སྙན་བ་ཞེས་བྱ་བ་འདི་ནི་སྐད་ཀྱི་དབྱིངས་ཀྱི་ཚུལ་འདི་ཡིན་པ་དེའི་ཕྱིར་རང་གི་གནས་རབ་ཏུ་འཕོ་བ་དང་འབྲེལ་པའི་ཚིག་སྨྲ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྨྲང་ཞེས་བྱ་བ་ནི་རིག་བྱེད་རྣམ་པར་འབྲེལ་པའི་ངང་ལ་འདིར་སྨང་དུ་བཞེད་དོ། །ཕྱོགས་ཞེས་བྱ་བ་ནི་ཕྱོགས་བཞིའོ། །མཚམས་ཞེས་བྱ་བ་ནི་ཕྱོགས་མཚམས་བཞིའོ། །དགེ་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྙན་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཞེས་བྱ་བ་ན་ཚིག་གསུམ་པོ་དེ་དག་ནི་དོན་གཅིག་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཅིག་ཅར་གཅིག་ལ་རབ་ཏུ་སྦྱོར་བར་འགྱུར་བ་དེའི་ཚེ་ཚིག་གསུམ་པོ་འདི་དག་ཐ་དད་པའི་བྱེ་བྲག་སྟོན་པར་བྱེད་པ་ཡིན་པར་རིག་པར་
བྱའོ། །དེའི་ཁྱད་པར་ནི་འདི་ཡིན་ཏེ། མཆོག་ཏུ་ཕན་འདོགས་པར་བྱེད་པ་ཆོས་བསྟན་པ་ལ་སོགས་པ་ཡོན་ཏན་གཙོ་བོར་གྱུར་པ་དག་གི་གྲགས་པ་རྣམ་པར་རྒྱས་པ་ནི་སྙན་པའི་སྒྲས་བརྗོད་པ་ཡིན་ཏེ། དེ་ལྟར་ཡང་དེ་ཆོས་སྟོན་པ་ནི་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རང་གི་དོན་གཙོ་བོར་གྱུར་པའི་ཡོན་ཏན་དག་གི་སྙན་པ་རྣམ་པར་རྒྱས་པ་ནི་སྒྲ་སྨོས་པས་བཟུང་བ་ཡིན་ཏེ། དེ་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འབྲེལ་པ་དང་རྗེས་སུ་མཐུན་པའི་གྲགས་པ་རྗོད་པར་བྱེད་པ་ནི་ཚིགས་སུ་བཅད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་བྱོན་པ་ཉིད་ཀྱི་ཕྱིར་རོ། །འདིར་གང་ཕྱིན་ཅི་མ་ལོག་པ་སྟོན་པར་མཛད་པ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་དེ་ནི་སྟོན་པ་ཉིད་ཡིན་ནོ། །གང་ལས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་ཞེ་ན། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྨོས་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་དང༌། ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ཡིན་ལ། འགྲོ་བ་མ་ལུས་པར་ཡང་དག་པར་ཞུགས་པའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། འདིས་ནི་བདེན་པ་རྟོགས་པར་མཛད་པའི་རྒྱུ་ཉིད་བརྟེན་པ་ཡིན་ནོ། །ཉོན་མོངས་པས་ཟིལ་གྱིས་གནོན་པ་དང༌། མི་ཤེས་པས་ཟིལ་གྱིས་གནོན་པ་ནི་ལོག་པར་སྨྲ་བ་ཡིན་ཏེ། ཉོན་མོངས་པ་སྤངས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐུགས་སུ་ཆུད་པ་དེའི་ཕྱིར་འདིས་མི་བདེན་པ་མ་ཡིན་པར་བརྗོད་པ་ཡིན་ནོ། །ཉོན་མོངས་པ་སྤངས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ལས་ཤེ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་སྨོས་ཏེ། རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་ལམ་གྱི་ཡན་ལག་བདུན་ཡིན་པ་དེའི་ཕྱིར་འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉོན་མོངས་པ་སྤངས་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པར་བསྟན་ཏོ། །བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། ཡང་ཕྱིར་མི་ལྡོག་པའི་ཕྱིར་འདིས་ནི་ལྡོག་པ་མེད་པའི་སྟོན་པ་ཉིད་བརྙེས་
པར་བསྟན་ཏོ། །འཇིག་རྟེན་སྐལ་བ་དང་ལྡན་པ་དང་མི་ལྡན་པ་མཁྱེན་པའི་ཕྱིར་འཇིག་རྟེན་རིག་པའོ། །འདིས་ནི་སྟོན་པའི་མཛད་པ་དང་པོ་བསྟན་པ་ཡིན་ནོ། །སྟོན་པའི་མཛད་པ་ཡང་རྣམ་པ་གཉིས་ཏེ། སྐལ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པ་སོ་སོར་རྟོག་པ་ནི་དང་པོ་ཡིན་ལ། སྐལ་བ་ཇི་ལྟ་བ་བཞིན་དུ། འདོན་པར་མཛད་པ་གཉིས་པ་ཡིན་པ་དེ་བས་ན། འཇིག་རྟེན་རིག་པ་ཞེས་བྱ་བ་འདིས་ནི་དང་པོ་བསྟན་ཏོ། །གཉིས་པ་བསྟན་པའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་ཁོ་ན་འདུལ་བར་བྱ་བ་དང་འདུལ་བར་འོས་པ་ཉིད་ཡིན་པའི་ཕྱིར་སྐྱེས་བུ་འདུལ་བ་སྟེ། དེ་དག་གི་ཁ་ལོ་སྒྱུར་བ་ནི་འདུལ་བར་མཛད་པ་པོ་ཡིན་ནོ། །སྐྱེས་བུ་འདུལ་བ་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ། སོར་ཕྲེང་ཅན་ལ་སོགས་པ་གདུལ་དཀའ་བ་རྣམས་འདུལ་བར་མཛད་པའི་ཕྱིར་དང༌། འདོད་པའི་བསོད་ཉམས་ལ་རྗེས་སུ་སྦྱོར་བ་དང༌། བདག་ཉིད་ཀྱི་སྙོམ་ལས་ལ་རྗེས་སུ་སྦྱོར་བ་ཡོངས་སུ་སྤངས་པའི་སྒོ་ནས་བདེ་བར་འདུལ་བར་མཛད་པའི་ཕྱིར་དང༌། ཕྱིར་ལྡོག་པ་མེད་པར་འདུལ་བར་མཛད་པའི་ཕྱིར་ཁ་ལོ་སྒྱུར་བ་བླན་མེད་པ་ཡིན་ཏེ། འདིས་ནི་སྐལ་བ་ཇི་ལྟ་བ་བཞིན་དུ་འདོན་པར་མཛད་པ་སྟོན་པའི་ཕྲིན་ལས་གཉིས་པ་བསྟན་པ་ཡིན་ནོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་སྟོན་པའི་མཛད་པའི་སྣོད་ཡིན་ཏེ། འདིས་ནི་སྟོན་པའི་མཛད་པའི་སྣོད་ལྷ་དང་མི་རྣམས་ཡིན་གྱི། གཞན་འགའ་ཞིག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ། སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སུ་རབ་ཏུ་གྲགས་པ་ཡིན་པ་སྟེ། དེ་ལ་སངས་རྒྱས་ཞེས་རབ་ཏུ་གྲགས་པ་གང་ཡིན་པ་དེ་ནི་སྟོན་པ་སྟེ། གོང་དུ་སྨོས་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །འཇིག་རྟེན་ལྷ་དང་བཅས་པ་ཞེས་བྱ་བ་ནི་ལྷ་གཙོ་བོར་གྱུར་པའོ། །བདུད་དང་བཅས་པ་ཞེས་བྱ་བ་ནི། འདོད་པའི་ཁམས་མ་ལུས་པའི་བདུད་གཙོ་བོར་གྱུར་པ་དེའི་ཕྱིར་བདུད་དང་བཅས་པ་ཞེས་བསྟན་ཏོ། །ཚངས་པ་དང་བཅས་པ་ཞེས་བྱ་བ་ནི་འཁོར་དང་འབྲེལ་པ་རྣམས་ཀྱི་ཚངས་པ་གཙོ་བོར་གྱུར་པ་དེའི་ཕྱིར་ཚངས་པ་དང་བཅས་པ་ཞེས་བསྟན་ཏོ། །བྲམ་ཟེ་དང་
དགེ་སྦྱོང་དུ་བཅས་ཞེས་བྱ་བ་ནི་མི་རྣམས་ལས་དགེ་སྦྱོང་དང་བྲམ་ཟེ་གཙོ་བོར་གྱུར་པ་དེའི་ཕྱིར། དགེ་སྦྱོང་དང་བྲམ་ཟར་བཅས་པའི་སྐྱེ་དགུ་ཞེས་སྨོས་སོ། །ལྷ་དང་མིར་བཅས་པའི་ཞེས་བྱ་བ་ནི་རྒྱུད་ལྔར་སྐྱེས་པའི་སེམས་ཅན་དག་ལས་ལྷ་དང་མི་རྣམས་ཁོ་ན་བདེན་པ་བཞིའི་སྣོད་དུ་གྱུར་པ་ཡིན་གྱི། གཞན་དག་ནི་མ་ཡིན་པ་དེའི་ཕྱིར་ལྷ་དང་མིར་བཅས་པ་ཞེས་བསྟན་ཏོ། །མཐོང་བའི་ཆོས་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་སྐྱེ་བ་ལའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་གཞན་གྱིས་ལུང་ཕོག་པ་མེད་པར་རོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ། །མངོན་སུམ་དུ་བྱས་ཤིང་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཤེས་པས་སོ། །ཐོབ་པས་ན་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཀུན་ནས་འགེངས་པའམ། ཆེན་པོ་ཉིད་དུ་ཡོངས་སུ་གཅོད་པའོ། །རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཤེས་པར་འགྱུར་བའམ། གཞན་དག་ལ་བཙལ་བར་བྱེད་པ་ཡིན་ནོ། །ཅི་ཞིག་རབ་ཏུ་ཤེས་པ་ཡིན་ཞེ་ན། ངའི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་སྨོས་ཏེ། ཁོ་བོའི་སྐྱེ་བའི་སྲིད་པ་རྫོགས་པར་གྱུར་པའོ། །སྐྱེ་བའི་སྲིད་པ་ཟད་པ་ཡང་གང་ལས་ཤེ་ན། ཚངས་པར་སྤྱོད་པ་སྤྱད་དོ་ཞེས་བྱ་བ་སྨོས་ཏེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། གང་གིས་དེ་ལ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་ལམ་ཡིན་ཞིང༌། དེ་ལ་སྤྱད་པ་ནི་བདག་ཉིད་ཐམས་ཅད་ཀྱིས་གནས་པར་གྱུར་པའོ། །གང་གི་ཚེ་འཕགས་པའི་ལམ་ཡོངས་སུ་རྫོགས་པ་ལ་གནས་པར་བྱེད་པ་དེའི་ཚེ། མི་མཐུན་པའི་ཕྱོགས་ཐམས་ཅད་ལྡོག་པར་འགྱུར་རོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ལུས་པར་ལྡོག་པར་རུང་བའི་ཚངས་པར་སྤྱོད་པ་ལ་གནས་པ་དེའི་ཕྱིར་སྐྱེ་བོའི་སྲིད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་ཟད་པར་བྱས་པ་ནི་མ་ཡིན་ལ། བྱས་པ་ནི་སྐྱེས་བུའི་དོན་ཡིན་ནོ། །སྐྱེ་བ་ཟད་པར་གྱུར་ཀྱང་བར་མདོར་ཡོངས་སུ་མྱ་ངན་ལས་འདས་པའི་སྲིད་པ་བར་མ་དོའི་བྱ་བ་ཉོན་མོངས་པ་ཟད་པ་ཡང་ཡོང་པ་མ་ཡིན་ནམ་ཞེ་ན། འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོད་ན་སྲིད་པ་བར་མ་དོའི་བྱ་བར་འགྱུར་ཏེ། དེ་ཉིད་ཀྱང་ཡོད་པ་མ་ཡིན་ན། གང་ལ་བྱ་བ་ཡོད་པར་འགྱུར། དེས་ཆོས་བསྟན་པ་ནི་བསྟན་པའི་ཆོས་སོ། །ཐོག་
མར་དགེ་བ་ཞེས་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པས་ཡོངས་སུ་བཅད་པའི་དུས་སུ་བདེ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བར་དུ་དགེ་བ་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་པས་ཡོངས་སུ་བདེ་བ་སྐྱེད་པ་ཉིད་ཀྱི་ཕྱིར་རོ། །ཐ་མར་དགེ་བ་ཞེས་བྱ་བ་ནི་བསྒོམས་པའི་དུས་སུ་བདེ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དག་པར་བྱེད་པའི་དོན་ཉིད་ཡིན་པའི་ཕྱིར་དོན་བཟང་པོའོ། །ཚིག་འབྲུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཚིག་འབྲུ་བཟང་པོའོ། །དེ་ལྟ་བུའི་རྣམ་པའི་ཆོས་བཤད་པ་ན། དོན་ཅི་ཞིག་སྟོན་པར་བྱེད་ཅེ་ན། སྨྲས་པ། ཚངས་པར་སྤྱོད་པ་སྟོན་པར་བྱེད་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཚངས་པར་སྤྱོད་པ་ཡིན་ཞེ་ན། ཡོངས་སུ་རྫོགས་པ་ཞེས་བྱ་བ་སྨོས་ཏེ། དུམ་བུར་མ་གྱུར་པ་ཉིད་ཀྱི་ཕྱིར། ཡོངས་སུ་རྫོགས་པ་དང༌། སྐྱེས་བུའི་དོན་སྐྱེད་པར་བྱེད་པའི་ཕྱིར་ཡོངས་སུ་རྫོགས་པའོ། །ཉེས་པ་ཡོངས་སུ་སྤོང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཡོངས་སུ་དག་པའོ། །རྟག་པའི་གནས་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡོངས་སུ་བྱང་བའོ། །མངོན་པར་འདོད་པའི་དོན་ཐོབ་པ་ཕྱེད་ཀྱི་གྲོགས་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་འབའ་ཞིག་གོ །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཕགས་པའི་ལ་མ་མོ། །ལྗོངས་རྒྱུ་ཞིང་ཞེས་བྱ་བ་ནི། དགོས་པའི་དབང་གིས་འགྲོ་ཞིང་འཇུག་པར་བྱེད་པའོ། །རྣམ་པ་གཉིས་སུ་འགྱུར་རོ་ཞེས་བྱ་བ་ནི་རྒྱུད་གཉིས་སུ་འགྱུར་བའོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་འཁོར་ལོས་རྒྱལ་སྲིད་ལ་འཇུག་པའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་འཁོར་ལོས་སྒྱུར་བའོ། །རི་རབ་ལ་ལྟོས་པའི་མཐའ་བཞི་གང་ལ་ཡོད་པ་དེ་ན་མཐའ་བཞི་བ་སྟེ། གླིང་བཞི་པའི་བདག་པོ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །རྣམ་པར་བཏུལ་ནས་ཞེས་བྱ་བ་ནི་རྣམ་པར་རྒྱལ་བའི་ངང་ཚུལ་ཅན་ཏེ། འདི་ལ་མི་རྒྱལ་བའི་ཡུལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཆོས་སྤྱོད་པའི་ཕྱིར་ཆོས་དང་ལྡན་པའོ། །ཆོས་ཀྱི་རྒྱལ་བ་ཅན་ནི་ཆོས་ཀྱི་རྒྱལ་པོ་སྟེ། ཆོས་ཀྱི་རྒྱལ་སྲིད་བྱེད་པའི་ཕྱིར་རོ། །རྙེད་དཀའ་བ་དང༌། འདོད་པའི་དོན་གྱི་འབྲས་བུ་ཅན་ཡིན་བས་ན་རིན་པོ་ཆེ་ཞེས་བསྟན་ཏོ། །བང་མཛོད་ལ་དབང་བྱེད་པ་ན་ཁྱིམ་བདག་རིན་པོ་ཆེ་ཡིན་ནོ། །དམག་དཔོན་རིན་པོ་ཆེ་ནི། སྒྲུབ་པར་བྱེད་པའི་བདག་པོའོ། །མཆོག་ཏུ་སྤྲོ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །ལུས་ཀྱི་བྱ་བས་ཕ་རོལ་གྱི་སྟོབས་ཟིལ་གྱིས་གནོན་པའི་ནུས་པ་དང་ལྡན་པ་ཉིད་
ཀྱི་ཕྱིར་བརྟན་པའོ། །ཡན་ལག་དང་ཉིད་ལག་མཛེས་པ་ཉིད་ཀྱི་ཕྱིར་དང༌། གཟུགས་ཁ་དོག་བཟང་བ་ཉིད་ཀྱི་ཕྱིར་ཡན་ལག་མཆོག་གི་གཟུགས་སོ། །ཁ་ཅིག་ནི་དེ་ཡན་ལག་གི་མཆོག་གི་སྟོབས་དང་ལྡན་པ་ཞེས་བྱ་བར་འདོད་དོ། །ཕ་རོལ་གྱི་དཔུང་གི་ཚོགས་རྣམ་པར་འཇོམས་པ་ཡིན་པའི་ཕྱིར། ཕ་རོལ་གྱི་སྡེ་རབ་ཏུ་འདུལ་བར་བྱེད་པ་རྣམས་སོ། །ས་ཆེན་པོ་སྨོས་པས་ནི་གླིང་བཞི་པ་ཡོངས་སུ་བཟུང་བ་ཡིན་ནོ། །ས་ཆེན་པོ་དེ་མངོན་པར་བཀུག་ནས་ཞེས་བྱ་བ་ནི་དབང་དུ་བྱས་ནས་ཏེ། ཀུན་ནས་གནོན་ཅེས་བྱ་བའི་ཐ་ཚིག་གོ །གནས་པར་བྱེད་ཅེས་བྱ་བ་ནི། བདག་པོ་བྱེད་པའི་སྒོ་ནས་གནས་པར་བྱེད་པའམ། ལོངས་སྤྱོད་པར་བྱེད་པའམ། སྲུང་བར་བྱེད་པའོ། །ཁྱད་པར་ཅི་ལྟ་བུ་ཅན་ཞིག་ཅེ་ན། མ་ལུས་པ་ལ་སོགས་པ་སྨོས་ཏེ། ལྗོངས་ཐམས་ཅད་ལས་རྒྱལ་བའི་ཕྱིར་མ་ལུས་པའོ། །རྒྱལ་སྲིད་ཀྱི་དགྲ་ཚེར་མ་མེད་པའི་ཕྱིར་དགྲ་མེད་པ་སྟེ། གནོད་པའི་རྩོམ་པ་དང་ལྡན་པའི་རྒྱལ་ཕྲུག་ལ་སོགས་པ་ནི་རྒྱལ་སྲིད་ཀྱི་དགྲར་གྱུར་པ་ཡིན་ནོ། །ངག་རྩུབ་མོའི་སྒོ་ནས་གནོད་པ་མེད་པའི་ཕྱིར་གནོད་པ་མེད་པའོ། །རྣམ་པ་གང་གིས་མངོན་པར་བཀུག་པ་ཡིན་ཞེ་ན། ཆད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་ཆད་པས་གཅོད་པ་ལ་འཇུག་པ་མེད་པའི་ཕྱིར་ཆད་པ་མེད་པས་སོ། །མཚོན་ཆས་ཚར་གཅོད་པ་མེད་པའི་ཕྱིར་མཚོན་ཆ་མེད་པས་སོ། །ཆོས་ཀྱི་ཞེས་བྱ་བ་ནི་ཚུལ་གྱིས་ཏེ། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོ་སོར་འགོད་པར ་མཛད་པའི་ཕྱིར་རོ། །སྙོམས་པར་ཞེས་བྱ་བ་ནི་བག་མེད་པ་སྟེ། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །གང་འཇིག་རྟེན་པ་ནི་སྙོམས་པར་ཞེས་བྱ་བ་སྙན་པའི་ཚིག་གིས་ཞེས་རྗོད་པར་བྱེད་དོ། དེ་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་ཞེས་བྱ་བ་ལ། ན་ཚོད་ལ་བབ་པའི་སྐྲ་དང་ཁ་སྤུ་ནང་གི་སྤྲས་པ་ཡོད་ན་རྒྱགས་པ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་བྲེགས་པ་ཡིན་ལ། ཕྱི་རོལ་གྱི་སྤྲས་པ་གོས་དཀར་པོ་དེ་ཡོངས་སུ་སྤངས་ནས་ངུར་སྨྲིག་གིས་ཁ་བ་སྒྱུར་བའི་གོས་བགོས་ནས་སོ། །ཡང་དག་པ་ཁོ་ནའི་དད་པས་ཞེས་བྱ་བ་ནི་ཡོན་ཏན་སྔོན་དུ་སོང་བའི་དད་པ་ནི། ཡང་དག་པའི་དད་པ་སྟེ། དེས་རབ་ཏུ་བྱུང་བར་གྱུར་ནའོ། །འདིར་བྱུང་བ་ནི། བྱུང་བ་དང་འགྲོ་བ་ལ་
འཇུག་པ་སྟེ། ཁྱིམ་ནས་འབྱུང་བར་བྱ་ཞིང༌། ཁྱིམ་མེད་པར་འགྲོ་བར་གྱུར་ནའོ། །གནས་ཆུང་ངུ་ནི་ཁྱིམ་ཡིན་ཏེ། ཁྱིམ་ནས་བྱུང་བ་ལ་ཆུང་མ་དང་འདྲེ་བ་ཞེས་བྱ་བ་ཁྱིམ་ཆུང་དུ་དེ་ཡང་མེད་པའི་ཕྱིར། ཁྱིམ་མེད་པར་འགྲོ་བར་འགྱུར་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་ལ། ཉོན་མོངས་པ་ལ་སོགས་པའི་དགྲ་ངེས་པར་བཅོམ་པའི་ཕྱིར་དང༌། ཁམས་གསུམ་པོ་མ་ལུས་པས་མཆོད་པར་འོས་པ་ཉིད་ཡིན་པའི་ཕྱིར་དགྲ་བཅོམ་པ་ཡིན་ཞིང༌། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །སྒྲ་གྲགས་པར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་མ་ལུས་པར་སྙན་པར་རབ་ཏུ་གྲགས་པར་གྱུར་པའོ། །མཆོག་ཏུ་བརྩམས་ལ་ཞེས་བྱ་བ་དེ་ནི་འབྲས་བུ་གཙོ་བོར་གྱུར་པ་ལའོ། །རབ་ཏུ་རྒན་པ་དག་དང་ཞེས་བྱ་བ་ནི་རྒན་པ་དག་ལས་ཀྱང་ཤིན་ཏུ་རྒན་པ་སྟེ། རྒན་ཞིང་རྒན་པ་དེ་དག་དང་ངོ། །བཅོམ་ལྡན་འདས་གང་ན་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱོགས་གང་ན་བཞུགས་པའི་ཕྱོགས་རྒྱུར་གྱུར་པ་དེར་སོང་བའོ། །མངོན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། །ཡང་དག་པར་དགའ་བ་ནི་ཕན་ཚུན་དགེ་བའི་གཏམ་འདྲི་བར་བྱེད་པའོ། །ཡང་དག་པར་མགུ་བ་ནི་ཕན་ཚུན་ཡོན་ཏན་རྗོད་པར་བྱེད་པའི། །བྱས་ནས་འཁོད་དོ་ཞེས་བྱ་བ་ནི་རྫོགས་པར་བྱས་ནས་སྤངས་པའམ་འཕངས་པར་གྱུར་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་དང་བྲལ་བར་མ་གྱུར་པའོ། །ཡང་དག་པར་བསྟན་ཞེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ཤེས་པར་བྱེད་པ་ནི་ཡང་དག་པར་སྟོན་པར་བྱེད་པ་སྟེ། བྱ་བ་ལུང་ཕོག་པ་ཞེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་ཤེས་པ་དང་ལྡན་པ་ལེ་ལོས་བཅོམ་པ་དག་ཡང་དག་པར་བཀོད་པ་ཡིན་ནོ། །བྱ་བའི་སྒོ་ནས་དགེ་བ་ལ་ཡང་དག་པར་བཀོད་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་གཟེངས་བསྟོད་པ་ནི་མོས་པ་དམན་པ་དག་དངོས་པོ་ཁྱད་པར་དུ་འཕགས་པ་ལ་མངོན་པར་སྦྱོར་བ་སྐྱེད་པར་བྱེད་པའོ། །ཡང་དག་པར་དགའ་བར་བྱས་པ་ནི་མོས་པ་རྒྱ་ཆེ་བ་དག་ཀྱང་ལས་སུ་བྱ་བ་ཆེན་པོ་ལ་སྤྲོ་བ་ཡང་དག་པར་སྐྱེད་པའི་ཕྱིར་ལས་སུ་བྱ་བ་དེ་བརྗོད་པ་ཡིན་ནོ། །སྐབས་སྐབས་སུ་གཏམ་ཟེར་བ་ལ་ཞེས་བྱ་བ་ནི་བར་བར་དུ་གཏམ་
རབ་ཏུ་འཇུག་པར་བྱེད་པའོ། །བླ་མའི་ཡུལ་ལ་གུས་པ་མེད་པའི་ཕྱིར་མ་གུས་པ་ཡིན་ལ། བདག་ཉིད་འགའ་ཞིག་ལ་ཡང་བདག་པོ་ཉིད་དུ་ལྟ་བ་མེད་པའི་ཕྱིར་ཞེས་གུས་པ་མེད་པ་སྟེ། རང་དབང་གིས་འཇུག་ པར་བྱེད་ཅེས་བྱ་བའི་བར་དུའོ། །སེམས ་སོ་ཞེས་བྱ་བ་ནི་སྨྲ་བར་འདོད་པའོ། །རིག་པ་གསུམ་གང་ལ་ཡོད་པ་དེ་ནི་གསུམ་རིག་པ་ཡིན་ཏེ། དེ་ཡང་ངེས་བརྗོད་དང༌། སྙན་དངགས་དང༌། མཆོད་སྦྱིན་གྱི་རིག་བྱེད་དོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི། ཡང་དག་པར་བརྗོད་པ་ལ་འཇུག་པ་ཡིན་ནོ། །རྣམ་པ་གང་གིས་འགྲོ་བ་དང་འོང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་རྗོད་པར་བྱེད་པ་ན་གུས་པ་མེད་པ་མ་ཡིན་ནོ། །གང་དེ་དག་ཅེས་བྱ་བ་ལ་སོགས་པ་ལ། གཙུག་ཕུད་བསལ་བས་སྒྲ་མེད་པ་ཉིད་ཀྱི་ཕྱིར་མགོ་རེག་སྟེ་སྨད་པ་ཡིན་ལ། མགོ་རེག་སྨོད་པའི་དགེ་སྦྱོང་དག་ནི་དགེ་སྦྱོང་ངན་པ་མགོ་རེག་གོ །གཉེན་ནག་གི་ཚོགས་གང་ལ་ཡོད་པ་དེ་དག་ནི་གཉེན་ནག་པོ་ཅན་ཡིན་ཏེ། དེ་ལྟར་ཡང་བྲམ་ཟེའི་རིགས་ནི་དཀར་པོ་ཡིན་ལ། རིགས་གཞན་དག་ནི་ནག་པོ་ཡིན་ནོ་ཞེས་འབྱུང་སྟེ། ཁྱེད་ཤིན་ཏུ་རིགས་གཞན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་དགུ་རྣམས་ཀྱི་བདག་པོ་ནི་སྐྱེ་བའི་སྒོ་ནས་བུད་མེད་ཀྱི་ཡུལ་སྐྱེ་དགུའི་བདག་པོ་ཡིན་ཏེ། སྐྱེ་དགུའི་བདག་པོ་ཡོངས་སུ་ལེན་པ་གང་དག་ཡོད་པ་མ་ཡིན་པ་དེ་དག་ནི་སྐྱེ་དགུའི་བདག་པོ་མེད་པ་སྟེ། བུ་མོ་ཡོངས་སུ་འཛིན་པ་གང་ལ་ཡོད་པ་མ་ཡིན་པ་དེ་དག་ནི་འཇིག་རྟེན་པ་རྣམས་ཀྱིས་ཤིན་ཏུ་སྨད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་དག་དང་ལྷན་ཅིག་ཏུ་ང་འདི་ལྟར་གུས་པ་མེད་པའི་གཏམ་ཡང་དག་པར་འདྲེ་བར་བྱེད་པའོ། །དོན་དེ་དགོས་པ་གང་ལ་ཡོད་པ་དེ་ལ་ནི་དོན་དང་ལྡན་པ་སྟེ། དོན་དང་ལྡན་པ་ཡང་ཡིན་ལ་འོངས་པ་ཡང་ཡིན་པས་ན་དོན་དང་ལྡན་པས་འོངས་པའོ། །གང་ཞིག་དགོས་པས་རབ་ཏུ་འཇུག་པ་དེ་ནི་དོན་དང་ལྡན་པས་འོངས་བ་ཡིན་ནོ། །ཁྱོད་དགོས་པས་ད་ལྟར་ཡང་བླ་མའི་ཁྱིམ་དུ་གནས་བཅས་པ་དེའི་ཕྱིར་གཞན་གྱི་དབང་དང་མངགས་པ་ཡིན་པའམ། ཡང་ན་བླ་མའི་ཁྱིམ་དུ་གནས་བཅས་པ་དག་གི་བླ་མར་བྱེད་པ་སྔོན་དུ་སོང་བ་ཅན་གྱི་ཀུན་དུ་སྤྱོད་པ་མི་གནོང་བ་དེ་ནི་རིགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ནི་གནས་མ་བཅས་པ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་དག་ནི་བླ་མའི་སྐྱེ་བོ་
ལ་བསྙེན་བཀུར་མ་བྱས་པར་འདིར་འོངས་པ་ཡིན་ཏེ། བྲམ་ཟེའི་བུ་ཨམྦསྟ་བླ་མའི་ཁྱིམ་དུ་གནས་པའི་འབྲས་བུ་བླ་མར་བྱེད་པ་མེད་པའི་ཕྱིར་བླ་མའི་ཁྱིམ་ན་འདུག་པ་མ་ཡིན་ནོ། །མ་མགུ་བ་ནི་ཐོག་མར་ཁྲོ་བས་ཟིལ་གྱིས་མནན་པ་ཡིན་ནོ། །ཁྲོ་བ་སྔོན་དུ་སོང་བ་ཅན་གྱིས་ལུས་འགྱུར་བར་བྱེད་པའི་ཕྱིར་ཁྲོས་པ་ཡིན་ནོ། །ཁྲོ་བའི་ཚིག་བརྗོད་ པར་འདོད་པ་ནི་གཏུམ་པོར་གྱུར་པ་ཡིན་ནོ། །ཡི་མ་རངས་པ་ནི་སེམས ་མགུ་བར་མ་གྱུར་པ་ཡིན་ནོ། །སྨྲ་བར་འདོད་པ་ཞེས་བྱ་བ་ནི་ཚིག་ངན་པའོ། །སྨོད་པར་འདོད་པ་ཞེས་བྱ་བ་ནི་ཚར་གཅོད་པར་བྱེད་འདོད་པའོ། །གླེང་བར་འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་མ་ཡིན་པའི་ཚིག་སྨྲ་བར་འདོད་པའོ། །དྲན་པར་བྱ་བ་ཉིད་དུ་འདོད་པ་ཞེས་བྱ་བ་ནི་དྲན་པ་མེད་པ་དྲན་པ་བསྐྱེད་པར་མངོན་པར་འདོད་པའོ། །ད་ལྟར་གྱི་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་མེད་པར་སྐྱེས་པ་ད་ལྟར་གྱི་དུས་སུ་བྱུང་བ་སྟེ། གོ་རིམས་གཞན་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་གླང་པོ་ཆེ་འོས་པ་གང་ཡིན་པ་དེ་དག་ནི་རྒྱལ་རིགས་ཡིན་ཏེ། བྲམ་ཟེ་དག་ལས་དམན་པར་གྱུར་པ་ཡིན་ནོ། །བསྙེན་བཀུར་མི་བྱེད་ཅེས་བྱ་བ་ནི་འདི་ཆེན་པོ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ སེམས་ཀྱིས་འཛིན་པར ་མི་བྱེད་པའོ། །བླ་མར་མི་བྱེད་ཅེས་བྱ་བ་ནི་ཁོ་བོ་ལ་བླ་མའི་གནས་སུ་ལྟ་བར་མི་བྱེད་པའོ། །བཙུན་པར་མི་བྱེད་ཅེས་བྱ་བ་ནི་རིགས་བཟང་པོ་ཡིན་ནོ་ཞེས་དེ་ལྟར་ལྟ་བར་མི་བྱེད་པའོ། །མཆོད་པར་མི་བྱེད་ཅེས་བྱ་བ་ནི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པའི་མཆོད་པ་མི་བྱེད་པའོ། །ཁུག་རྟ་ཞེས་བྱ་བ་ནི་བྱའི་རིགས་ལུས་ཀྱི་ཚད་ཆུང་བའོ། །བདག་ཉིད་ཅེས་བྱ་བ་ནི་ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་རོ། །བདག་ཉིད་ཀྱིས་ཞེས་བྱ་བ་གཉིས་པ་སྨོས་པས་ནི་གྲོང་ཁྱེར་བདག་ཉིད་ཀྱིས་བྱས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་གྱི། གྲོང་ཁྱེར་དེ་དག་གཞན་གྱི་སྟོབས་ཀྱིས་བཟུང་བར་གྱུར་པ་ནི་མ་ཡིན་ནོ། །རྒྱུད་བཙལ་བ་ནི་དང་པོར་རྒྱུད་བསྒྲུབ་པའོ། །ཤིན་ཏུ་བྱ་བ་ནི་ཤིན་ཏུ་རྒལ་བའི་དོན་དང༌། བརྫུན་བ་ཞེས་བྱ་བའི་བར་དུའོ། །སྐབས་ཞེས་བྱ་བ་ནི་གནས་སྐབས་ཡིན་ནོ། །ཆོས་བཞིན་དུ་ཞེས་བྱ་བ་ནི་ཚུལ་གྱིས་སོ། །རབ་ཏུ་འདུད་པ་ནི་ཚར་བཅད་ཅིང་གནས་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །ལྗོངས་ཐ་མལ་པ་ནི་ཡུལ་འཁོར་ཡིན་ལ། ལྗོངས་ཀྱི་
ཕྱོགས་གཅིག་ནི་ཡུལ་ཡིན་ནོ། །གངས་རིའི་དྲུང་ཞེས་བྱ་བ་ནི་ཁ་བ་ཅན་གྱིས་བསྐོར་བའི་རི་བོའི་གམ་དག་གོ །ཆུ་བོ་བྷ་གི་ར་ཐ་དེ་དུས་དེའི་ཚེ་དྲང་སྲོང་གི་དམོད་པས་དེར་ཁྲིད་པས་དེའི་ཕྱིར་བྷ་གི་ར་ཐའི་འགྲམ་ཞེས་བྱའོ། །ད་ལྟར་ནི་དཔག་ཚད་བདུན་ཅུས་བར་དུ་ཆོད་པར་ཆུ་བོ་གང་གཱ་འབབ་པ་ཡིན་ནོ། །སྤྱིལ་བོ་ནི་རྩྭའི་སྤྱིལ་བུའོ། །དེར་འདོད་ཆགས་དེས་ཤིན་ཏུ་གནོད་པར་གྱུར་པས་སྐྱ་བོ་བསེང་པོར་གྱུར་པ་ན་དྲང་སྲོང་སེར་སྐྱས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟ་བུའི་རྣམ་པ་སྐྱེས་པར་གྱུར་ཅེས་དྲིས་པ་ན། དེ་དག་གིས་ཇི་ལྟར་གྱུར་པ་སྨྲས་པ་དང༌། དྲང་སྲོང་གིས་འདི་ལྟ་སྟེ་མས་དབྱེའི་སྲིང་མོ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་སྨྲས་པ་དང༌། དེ་དག་གིས་དྲང་སྲོང་གི་ཚིག་ཚད་མར་བྱས་ནས་མས་དབྱེའི་སྲིང་མོ་དག་དང་དགའ་མགུར་སྤྱོད་པར་གྱུར་ཅེས་བྱ་བའི་བར་དུའོ། །གཞོན་ནུ་དག་གིས་དེ་ལྟར་བྱེད་ནུས་སམ་ཞེས་བྱ་བ་ལ་མས་དབྱེའི་སྲིང་མོ་དག་དང་འཚོས་པ་ལ་སོགས་པ་ལས་ངན་པར་གྱུར་པའོ། །ཆེད་དུ་རྗོད་པ་ཆེད་དུ་བརྗོད་དེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་ཚིག་མངོན་པར་འདོད་པ་ཉིད་ཀྱི་སྒོ་ནས་རབ་ཏུ་སྒྲོགས་པར་བྱེད་པའོ། །ཨེ་མའོ་ནུས་སོ་ཞེས་བྱ་བ་ལ་ཨེ་མའི་སྒྲ་ནི་འདིར་རབ་ཏུ་དགའ་བ་ཡིན་ལ། ལས་ནུས་པ་གང་ལ་ཡོད་པ་དེ་དག་ནི་ཤཱཀྱ་ཡིན་ལ། བསོད་ནམས་ཆེན་པོ་ནི་ཡོན་ཏན་དང་བསོད་ནམས་ཀྱིས་ཆེན་པོར་གྱུར་པའོ། །ཐོག་མ་ནི་དུས་རྩོམ་པ་ཡིན་ནོ། །རྒྱུད་ནི་རུས་ཀྱི་རྒྱུད་ཀྱི་འབྲེལ་པའོ། །གདོལ་པའི་རིགས་ལས་སྐྱེས་པ་ནི་གདོལ་པའི་རིགས་ཅན་ནམ། གཞན་འགའ་ཞིག་གི་རྒྱུད་ཀྱི་རིགས་ཡིན་ནོ། །ཀྱེ་ཞེས་བྱ་བ་ནི་འདིར་བོད་པའི་ཚིག་ཡིན་ནོ། །དྲིལ་ཕྱིས་ནི་དྲི་བཟང་པོའི་རྫས་ཀྱི་ཕྱེ་མས་སོ། །རྡོ་རྗེ་གང་གི་ཕྱག་ན་མངའ་བ་དེ་ནི་ཕྱག་ན་རྡོ་རྗེའོ། །ཀུན་དུ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ་འགའ་དང་འགའ་ཞིག་ན་ཆུང་ངུ་འབར་བ་སྲིད་པས་ན་ཀུན་དུ་ཡིན་ནོ། །འབར་བ་དེ་དག་ཉིད་འབྲེལ་པར་གྱུར་པ་ནི་རབ་ཏུ་འབར་བ་ཉིད་ཡིན་ནོ། །རྒྱུན་མི་འཆད་པ་ཉིད་དུ་འབར་བས་ན་ཀུན་དུ་རབ་ཏུ་འབར་བ་ཉིད་ཡིན་ནོ། །ཀུན་དུ་འབར་བ་དག་གཅིག་ཏུ་གྱུར་པ་ནི་གཅིག་ཏུ་འབར་བར་གྱུར་པ་ཉིད་ཡིན་ནོ། །བསམས་པ་ནི་ཚིག་པར་གྱུར་པར་རོ། །དུས་ལས་འདས་
པ་ནི་དུས་ལ་བབ་པར་གྱུར་པའོ། །ཐོག་མར་དངངས་པའི་ཕྱིར་འཇིགས་པ་ཡིན་ནོ། །སྐྲག་པའི་རྒྱུ་མཐོང་བའི་ཕྱིར་དངངས་པ་ཡིན་ནོ། །ལོག་པར་ལྟུང་སྲིད་པའི་ཕྱིར་ཀུན་ནས་སྐྱོ་བའོ། །ཡོངས་སུ་སྐྱོ་བར་གྱུར་པ་དམིགས་པའི་ཕྱིར་བ་སྤུ་ལྡང་བར་གྱུར་ནས་སོ། །ཁྱེད་བདེན་ནོ་ཞེས་བྱ་བ་ནི་གཽ་ཏ་མ་ཁྱོད་ཀྱིས་གསུངས་པ་འདི་ལྟ་སྟེ། བྲམ་ཟེའི་བུ་ཨམྦསྟ་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ནི་བདེན་པའོ། །རྫུ་འཕྲུལ་ཆེ་བ་ནི་ཏིང་ངེ་འཛིན་གྲུབ་པའོ། །མཐུ་ཆེ་བ་ནི་ངོ་མཚར་ཉེ་བར་སྟོན་པའི་ནུས་པ་དང་ལྡན་པའོ། །བྲམ་ཟེའི་དམོད་པས་ཞེས་བྱ་བ་ནི་ཚིག་རྩུབ་པོས་སོ། །ངོ་ཚ་བ་ནི་ཞུམ་པས་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པའོ། །ཕྲག་པ་གཉིས་འོག་ཏུ་ལྟུང་བར་གྱུར་པ་ཉིད་ཀྱི་ཕྱིར་ཕྲག་པ་ཕབ་པའོ། །ངོ་ཚ་བས་མགོ་ཐུར་དུ་བལྟས་པ་ནི་གདོང་སྨད་པའོ། །བསམ་པ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་གྱུར་པ་ནི་རབ་ཏུ་སེམས་པའོ། ཚིག་སྨྲ་བའི་ནུས་པ་མེད་པ་ནི་ཅང་མི་སྨྲ་བར་འདུག་པའོ། །སྨྲ་བར་བྱའོ་ཞེས་བྱ་བ་ནི་ཚིག་བརྗོད་པར་བྱའོ། །ལྷན་ཅིག་འཚོས་པ་ལས་ཞེས་བྱ་བ་ནི་སྐྱེས་པ་དག་བུད་མེད་སྦྱོར་བའི་རྒྱུར་གྱུར་པའོ། །སྟན་ཞེས་བྱ་བ་ནི་ཉེ་བར་འདུག་པའི་དུས་ཀྱིའོ། །ཆུ་ཞེས་བྱ་བ་ན་ཐོག་མ་ཆུའམ། རྐང་བཀྲུས་ཀྱི་ཆུའོ། །སྔགས་ཞེས་བྱ་བ་ལ་རིག་བྱེད་ཀྱི་དོན་རྣམ་པར་འབྲེལ་པ་ནི་སྔགས་ཡིན་ནོ། །ཀློག་པ་ཞེས་བྱ་བ་ནི་རིག་བྱེད་ལ་སོགས་པ་ཀློག་པར་བྱེད་པའོ། །རྒྱལ་རིགས་སུ་དབང་བསྐུར་བ་ནི་རྒྱལ་རིགས་དག་གི་ཆོ་ག་སྔོན་དུ་སོང་བ་ཅན་ཉེ་བར་ཐོབ་པ་འམ། རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ནོ། །ཕའི་སྤུན་ཟླ་ནི་ཁུ་བོ་ཡིན་ཏེ། དེའི་བུ་ཡིན་ནོ། །རྒྱལ་རིགས་ཕན་ཚུན་རིགས་མཚུངས་པའི་ཕྱིར་སྤུན་ཟླ་ཡིན་ཏེ། སྤུན་ཟླའི་བུ་ཞེས་བྱ་བ་ནི་གཞུང་གཞན་ནོ། །སྲིང་མོའི་བུ་ནི་སྣག་གི་ཚ་བོ་ཡིན་ནོ། །ཐམས་ཅད་ཚངས་པ་ཉིད་ལས་སྐྱེས་པ་དེའི་ཕྱིར་རྒྱལ་རིགས་མ་ཡིན་བྲམ་ཟེའི་ཕྱི་མོ་ཡིན་ནོ། །རྣམ་པ་ཀུན་ལས་བྲམ་ཟེ་དག་ལས་ཕྱི་རོལ་དུ་བྱས་པའི་ཕྱིར་བྲམ་ཟེའི་རིགས་ངན་ཡིན་ནོ། །རུས་ལས་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱལ་རིགས་པས་ཕྱི་རོལ་དུ་བྱས་པ་བྲམ་ཟེ་དག་ལས་སྟན་ལ་སོག་པ་ཐོབ་པ་ཡིན་ལ། བྲམ་ཟེའི་གཞོན་ནུ་ནི་བྲམ་ཟེ་དག་གིས་
ཕྱི་རོལ་དུ་བྱས་པ་བྲམ་ཟེ་དག་ལས་ཀྱང་སྟན་ལ་སོགས་པ་ཐོབ་པ་མ་ཡིན་པ་དེའི་ཕྱིར་རུས་ལ་སོགས་པ་བྲམ་ཟེ་དག་ལ་རྒྱལ་རིགས་གཙོ་བོར་གྱུར་པ་ཡིན་ནོ། །ཕན་ཚུན་བརྒྱུད་པས་སྐྱས་པ་ནི་རྒྱུད་ཡིན་ལ། གཽ་ཏ་མ་ལ་སོགས་པ་ནི་རིགས་ཡིན་ཏེ། རྐང་གཉིས་གང་དག་རིགས་ཀྱི་རྗེས་སུ་འབྲང་ཞིང་རིགས་དང་འབྲེལ་པ་དེ་དག་ནི་རྐང་གཉིས་ནང་ན་རྒྱལ་རིགས་མཆོག་སྟེ་གཙོ་བོར་གྱུར་པ་ཡིན་ནོ། །ལྷ་དང་མིར་བཅས་པའི་འཇིག་རྟེན་དག་གི་ཡང་རིག་པ་དང་ཞབས་སུ་ལྡན་པ་ནི་མཆོག་སྟེ་གཙོ་བོར་གྱུར་པ་ཡིན་ནོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་ཤེས་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པའོ། །རྐང་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་པའམ། ཡང་ན་རིག་པ་ནི་ཟག་པ་མེད་པའི་ཡང་དག་པའི་ལྟ་བ་ཡིན་ལ། རྐང་པ་ནི་ལམ་གྱི་ཡན་ལག་བདུན་ཡིན་ནོ། །ལེགས་པར་བཤད་པ་ནི་དོན་བཟང་པོ་དང་ལྡན་པའོ། །གོ་འཕང་བཟང་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་བདེ་འགྲོའོ། །རང་གི་བུ་མོ་སྟེར་བ་ནི་བག་མར་བཏང་བ་ཡིན་ལ། གཞན་གྱི་བུ་མོ་ལེན་པར་བྱེད་པ་ནི་བག་མ་ལེན་པ་ཡིན་ནོ། །རུས་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ལ་རུས་ནི་རྒྱལ་རིགས་ལ་སོགས་པ་ཡིན་ནོ། །རིགས་ནི་གཽ་ཏ་མ་ལ་སོགས་པ་ཡིན་ནོ། །བྲམ་ཟེའི་བུ་འདོན་པ་དང་ལྡན་པ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་རིག་པ་གང་ཡིན་པ་དེ་འདི་ཏ་སྟེ་བྲམ་ཟེའི་རུས་དག་པར་འགྱུར་གྱི། གཞན་རྒྱལ་རིགས་ཀྱི་རུས་འགའ་ཞིག་ཅེའམ། གཽ་ཏམ་མའི་རིགས་དག་པ་འགྱུར་གྱི། རིགས་མ་ཡིན་ནོ་ཞེས་སྨྲ་བའོ། །བྲམ་ཟེའི་བུ་འདོན་པ་དང་ལྡན་པ་དག་པར་འགྱུར་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ཞེས་དེ་སྐད་སྨྲ་བ་དེ་དག་ལ་ཆགས་ཤིང་ཞེན་པ་གག་ཡིན་པ་དེ་དག་ནི་སྐལ་བ་མེད་པ་སྟེ་རུང་བ་མ་ཡིན་ནོ། །འདི་དག་ནི་ཞེས་བྱ་བ་ནི་ཤད་པ་གྱུར་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའོ། །རིག་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་རྐང་པར་འབྱོར་པའོ། །མངོན་སུམ་དུ་བྱས་པའི་སྒོ་ནས་ཁོང་དུ་ཆུད་པའོ། །སྤོངས་ཤིག་ཅེས་བྱ་བ་ནི་ཡོངས་སུ་དོར་བའོ། །འདི་ལྟར་མངོན་པར་དད་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་བཅོམ་ལྡན་འདས་ཀྱི་ཡུལ་ལ་ཤིན་ཏུ་མངོན་པར་
དད་པར་གྱུར་པ་སྟེ། ཡོན་ཏན་ལ་ སེམས་པ་སྐྱེས་པར ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །ཡོན་ཏན་སེམས་པ་ཉིད་བསྟན་པའི་ཕྱིར་གང་ཡང་མ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་ཁྱོད་དང་ཡོན་ཏན་གྱི་སྒོ་ནས་མཚུངས་པའི་སེམས་ཅན་གྱི་རིགས་འགའ་ཞིག་འདས་པའི་དུས་སུ་མ་བྱུང་ལ། མ་འོངས་པའི་དུས་སུ་ཡང་འབྱུང་བར་མི་འགྱུར་ཞིང༌། ད་ལྟར་ཡང་སངས་རྒྱས་གཉིས་པ་མེད་པའི་ཕྱིར་འཁོར་བའི་དཀྱིལ་འཁོར་མ་ལུས་པ་ན་ཁྱོད་དང་ཡོན་ཏན་གྱི་སྒོ་ནས་མཚུངས་པ་ད་ལྟར་གྱི་དུས་ན་ཡང་ཡོད་པ་མ་ཡིན་ནོ། །ལེགས་ཀྱིས་ཞེས་བྱ་བ་ནི་ཆོས་བསྟན་པ་རིགས་པ་ཡིན་ནོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་བྱ་བའི་ཚིག་གསུམ་པོ་དེ་དག་ནི་ཉན་པ་པོ་རྣམས་སེམས་བསྐྱེད་པའི་བྱེ་བྲག་ལ་ངེས་པ་སྦྱར་བ་ཡིན་ཏེ། ཉན་པ་པོ་ཁ་ཅིག་སྣོད་ཁ་སྤུབ་པ་དང་འདྲ་ལ། ཁ་ཅིག་སྣོད་ཞབས་རྡོལ་བ་དང་འདྲ་ཞིང། ཁ་ཅིག་སྣོད་མི་གཙང་བ་དང་འདྲ་བ་ཡིན་ནོ། །ཀ་སྤུབ་པ་ལ་ཆུ་འཛག་པར་འགྱུར་ཞིང༌། ཞབས་རྡོལ་བ་ལ་འཇུག་ཏུ་ཟིན་ཀྱང་གནས་པར་མི་འགྱུར་ལ། མི་གཙང་བ་ལ་འཇུག་ཅིང་གནས་སུ་ཟིན་ཀྱང་བཏུང་བར་བྱ་བ་མ་ཡིན་པ་དེ་བཞིན་དུ། འགའ་ཞིག་གི་ཡིད་ལ་ཆོས་བཤད་པར་གྱུར་པ་ན། འཇུག་པར་མི་འགྱུར་ཏེ། འཛིན་པར་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ལ་འཇུག་ཏུ་ཟིན་ཀྱང་གནས་པར་མི་འགྱུར་ཏེ་བརྗེད་པའི་ཕྱིར་རོ། །ཁ་ཅིག་ལ་འཇུག་ཅིང་གནས་ཀྱང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་དབང་གིས་ལོག་པར་གཟུང་བར་འགྱུར་བ་དེའི་ཕྱིར། འདིར་བཅོམ་ལྡན་འདས་ཀྱིས་སྣོད་ཁ་སྤུབ་པ་ལ་སོགས་པའི་དཔེ་གསུམ་པོ་དག་གིས་དགེ་སློང་དེ་དག་གི་སེམས་རྣམ་པ་བཟློག་ནས། ཁ་གྱེན་དུ་བལྟ་བ་དང༌། བརྟན་པ་དང༌། གཙང་མའི་སྣོད་ཀྱི་དཔེ་ཅན་གྱི་ སེམས་དག་ལ་ངེས་པར ་སྦྱར་བ་ཡིན་ནོ། །ལེགས་པར་གྱིས་རབ་ཏུ་གྱིས་ཡིད་ལ་གྱིས་ཞེས་བྱ་བ་ཡིན་པས་རྩེ་གཅིག་པའི་ཕྱིར་ལེགས་པ་ཡིན་ལ། མི་བརྗེད་པའི་ཕྱིར་རབ་ཏུ་ཉན་པ་ཡིན་ཞིང་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པའི་ཕྱིར་ཡིད་ལ་བྱེད་པ་བཞིན་ནོ། །སྟོན་པར་མཛད་པས་ན་སྟོན་པ་སྟེ། གང་རྗེས་སུ་མཐུན་པར་ལུང་འབོགས་པ་སྦྱིན་པར་མཛད་པ་ལ་མཁས་པའོ། །
ཁྱིམ་བདག་ཅེས་བྱ་བ་ནི་གང་འགའ་ཞིག་རིགས་བཞི་པོ་དག་ལས་ཁྱིམ་གྱི་བདག་པོར་གྱུར་པའོ། །ཁྱིམ་བདག་གི་བུ་ཞེས་བྱ་བ་ནི་ན་ཚོད་རྒས་པར་གྱུར་པ་མ་ཡིན་པ་གག་ཡིན་པ་དེ་ཡང་ངོ༌། །ཁྱིམ་བདག་སྨོས་པས་ཇི་སྐད་དུ་སྨོས་པའི་བྲམ་ཟེ་དག་པ་འགྱུར་ཞིང་བྲམ་ཟེ་མ་ཡིན་ནོ་ཞེས་སྟོན་ཅིང་སྨྲ་བ་དེ་དག་བསལ་བ་ཡིན་ཏེ། རིགས་ཐམས་ཅད་དག་པ་དམིགས་བ་སྲིད་པའི་ཕྱིར་རོ། །ཁྱིམ་བདག་གི་བུ་སྨོས་པས་གང་འདི་སྙམ་དུ་འདི་ལྟ་སྟེ་གཞོན་ནུའི་སྐབས་སུ་ཐར་པ་ཐོབ་པ་མེད་དོ་ཞེས་སེམས་ཤིང་སྨྲ་བ་དེ་དག་བཀག་པ་ཡིན་ཏེ། ན་ཚོད་གཞོན་པ་དག་ལ་ཡང་དག་པ་ཉིད་མཐོང་བའི་ཕྱིར་རོ། །ཡོན་ཏན་ལ་ སེམས་པ་ནི་དད་པ་ཡིན་ཏེ། སོ་སོར་ཐོབ་པའོ། །སོ་སོ་ཡང་དག་པར ་སློབ་པ་ནི་དཔྱོད་ པར་བྱེད་པའམ་སེམས ་ངེས་པར་འཛིན་པའོ། །གནོད་པ་ཞེས་བྱ་བ་ནི་བུ་དང་ཆུབ་མ་ལ་སོགས་པ་གསོ་བའི་སྒོ་ནས་ཤིན་ཏུ་ཉམ་ང་བར་གྱུར་པའོ། །རྡུལ་གྱི་གནས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་མང་པོ་སྐྱེ་བའི་གནས་སམ། སྡུག་བསྔལ་དང་སྤྱོད་བའི་རྣམ་པ་དུ་མའི་གནས་སུ་གྱུར་པའོ། །རབ་ཏུ་བྱུང་བ་ནི་དྲི་མ་མེད་པ་ཞེས་བྱ་བ་ལ་ཁྱིམ་གྱི་གནས་རྣམ་པ་མང་པོས་དཀྲུགས་པ་དང་རྣམ་པར་དཀྲུགས་པར་རོ། །བྲལ་བ་ནི་ཉོན་མོངས་པའི་སྒོ་དུ་མ་སྐྱེ་བ་དང་བྲལ་བས་དོགས་པ་མེད་པའོ། །བྱ་དཀའ་བ་ཞེས་བྱ་བས་ནི་དཀའ་བས་བསྒྲུབ་པ་ཉིད་དུ་མི་ནུས་པ་ཡིན་ནོ། །ཁྱིམ་ན་གནས་པའི་ཕྱིར་ཁྱིམ་པའོ། །ཁྱིམ་ན་གནས་པ་ཞེས་བྱ་བ་ནི་ཆུང་མ་ཡོངས་སུ་འཛིན་པར་བྱེད་པར་གྱུར་པས་སོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་འཚོ་བའི་མཐར་ཐུག་པའི་བར་དུའོ། །གཅིག་ཏུ་རྙོག་པ་མེད་པར་གྱུར་པ་ཞེས་བྱ་བ་ནི་གཅིག་ཏུ་དྲི་མ་མེད་པར་བསྒྲུབས་པ་སྟེ། །རྙོག་པ་ཐམས་ཅད་དང་བྲལ་བར་གྱུར་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་རྫོགས་པ་ཞེས་བྱ་བའི་བཤད་པ་ནི་སྔ་མ་བཞིན་ནོ། །དེས་འདི་སོ་སོར་བརྟགས་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཡོངས་སུ་དཔྱད་པའམ། སེམས་ལ་རབ་ཏུ་འབྱུང་བ་བཟོད་པ་ཉིད་དུ་བྱས་པར ་གྱུར་པའོ། །ལོངས་སྤྱོད་ཀྱི་ཕུང་པོ་ནི་དབྱིག་དང༌། གསེར་དང༌། གྲོང་ལ་སོགས་པའི་ཚོགས་སོ། །གཉེན་གྱི་འཁོར་ཞེས་བྱ་བ་ནི་གཉེན་བརྒྱུད་པའམ་གཉེན་གྱི་ཚོགས་ཡིན་ནོ། །
ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚུལ་ཁྲིམས་དང་འབྱོར་པ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱ་བ་ནི་དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་དང་ལྡན་པའོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ལ་ཀུན་དུ་སྤྱོད་པ་ནི་སྤྱོད་པ་སྟེ། གནས་ན་གནས་པའི་དགེ་སློང་གི་བྱ་བ་དེ་དང་ལྡན་ཞིང་འབྱོར་པའོ། །སྤྱོད་ཡུལ་དང་ལྡན་པ་ཞེས་བྱ་བ་ནི་བསོད་སྙོམས་ལ་སོགས་པའི་རྒྱུ་མཚན་གྱིས་འགྲོ་བར་བྱེད་པ་དགེ་སློང་གི་བྱ་བ་དང་ལྡན་པའོ། །རྡུལ་ཙམ་ལ་ཡང་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཆུང་ངུ་ཡིད་ཀྱིས་བསྡམ་པར་བྱ་བ་དག་ལའོ། །འཇིགས་པར་ལྟ་བ་ཞེས་བྱ་བ་ནི་འཇིགས་པར་ལྟ་བའི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་འཇིགས་པར་ལྟ་བ་སྟེ། གང་འཇིག་རྟེན་པ་དང་བདག་གི་ཆོས་ཀྱི་དབང་དུ་བྱེད་པས་ཁ་ན་མ་ཐོ་བ་ཆུང་ངུ་ལ་ཡང་སྤྱོད་པར་མི་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་ཡིན་ཞེ་ན། སྲོག་གཅོད་པ་སྤངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཤིན་ཏུ་ལྟུང་བར་བྱེད་པས་གཅོད་པ་ཡིན་ལ། སྲོག་དག་གཅོད་པར་བྱེད་པས་ན་སྲོག་གཅོད་པའོ། །སྲོག་ཀྱང་སྲོག་གི་དབང་པོ་ཡིན་ཏེ། དབུགས་འབྱུང་བ་དང་རྔུབ་པ་ཡིན་ནོ། །དེ་འགོག་པ་ནི་འཇིག་པ་ཡིན་ནོ། །དེ་སྤངས་པ་ནི་འདི་ལྟ་སྟེ། ཁོ་བོས་འདི་བྱ་བ་མ་ཡིན་པར་ཡིད་ཀྱིས་ལྡོག་པ་ལ་གཟུང་བར་བྱའོ། །སྲོག་གཅོད་པ་ལས་སླར་ལྡོག་པར་འགྱུར་ལ་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པའི་དུས་སུ་ལུས་དང་ངག་གཞན་གྱི་སྲོག་འགོག་པར་བྱེད་པ་ལས་རྣམ་པར་ལྡོག་པར་འགྱུར་བ་ཡིན་ནོ། །དབྱིག་པ་སྤངས་ཤིང་ཞེས་བྱ་བ་ནི་མཚོན་ཆ་མ་གཏོགས་པའི་གཞན་ལ་འཚེ་བར་བྱེད་པའི་ཐབས་སུ་གྱུར་པ་དང་བྲལ་བ་ཡིན་ནོ། །མཚོན་ཆ་སྤངས་པ་ཞེས་བྱ་བ་ནི་མཚོན་ཆ་ལས་གྱུར་པའི་འཚེ་བ་ཡོངས་སུ་དོར་བ་ཡིན་ནོ། །འདི་ལ་ངོ་ཚ་བ་ཡོད་པའི་ཕྱིར་ངོ་ཚ་ཅན་ཏེ། གང་ཡོན་ཏན་དང༌། གུས་པ་དང་ལྡན་པ་དང༌། སྡིག་པས་འཇིགས་པར་གྱུར་པའོ། །སྙིང་བརྩེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་བརྩེ་བ་ཅན་ཡིན་ནོ། །ཡུལ་གང་ལ་བརྩེ་བ་དང་ལྡན་པ་ཡིན་ནོ། སེམས་ཅན་སྲོག་ཆགས་འབྱུང་པོར་གྱུར་པ་ཐམས་ཅད་ལ་ཞེས་བྱ་བ་སྨོས་ཏེ། ཐ་སྙད་བྱེད་
དུ་རུང་བ་ལ་འདིར་སེམས་ཅན་དུ་བཞེད་ལ། གང་དུ་ཐ་སྙད་དུ་རུང་བ་མ་ཡིན་པ་དུད་འགྲོའི་རྒྱུད་དུ་སྐྱེས་པ་ལ་སོགས་པ་གཟུང་ཞིང༌། གང་དུ་གཟུགས་མི་སྣང་བར་གནས་པ་གནོད་སྦྱིན་དང༌། ཤ་ཟ་ལ་སོགས་པ་དེ་དག་འབྱུང་པོ་ཉིད་དུ་བསྡུས་པ་ཡིན་ནོ། །ཤིན་ཏུ་ཆུང་བ་ཉིད་ཀྱི་ཕྱིར་སྦུར་མས་ཉེ་བར་མཚོན་དུ་རུང་བའི་སྲོག་ཆགས་ཕྲལ་འཇོམ་པ་དག་ནི་གྲོག་སྦུར་ཡིན་ཏེ། དེ་ཡན་ཆད་གསད་པར་བྱ་བའི་ཕྱིར་ཡིད་ལ་བྱས་པའམ། དེ་ལ་སོགས་པའི་སྲོག་ཆགས་གསོད་པ་ལས་སླར་ལྡོག་པ་ཡིན་ནོ། །དེས་མ་བྱིན་པར་ལེན་པ་ཞེས་བྱ་བ་ལ། །དེ་ཀུན་ནས་ལེན་པའི་ཕྱིར་ལེན་པ་ཡིན་ལ། །མ་བྱིན་པར་ལེན་པ་ནི་མ་བྱིན་པར་ལེན་པ་སྟེ། མ་བྱིན་ པར་རྐུ་བའི་སེམས ་ཀྱིས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ལྡོག་པར་འགྱུར་ཞེ་ན། བྱིན་པ་ལེན་པ་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་སྨོས་ཏེ། བྱིན་པ་ལེན་པ་ནི་དངོས་པོ་ཀུན་ནས་ལེན་ཅིང་འཛིན་པར་བྱེད་པའི་ཕྱིར་བྱིན་པ་ལེན་པའོ། །བྱིན་པའི་དངོས་པོ་ལ་ སེམས་ཀྱི་སྒོ་ནས་རྟག་ཏུ་མངོན་པར ་དགའ་བས་ན་བྱིན་པ་ལ་དགའ་བ་ཡིན་ནོ། །དངོས་པོ་བྱིན་པ་དང༌། སྤངས་པ་དང༌། བཏང་བ་ལེན་པར་འདོད་པའི་ངང་ཚུལ་ཅན་ནི་བྱིན་པ་དང་སྤངས་པ་དང༌། བཏང་བ་ལ་རེ་བར་གྱུར་པ་ཡིན་ཏེ། ལྟོས་པ་མེད་པའི་ སེམས་ཀྱིས་བྱིན་པ་གང་ཡིན་པ་དེ་ནི་བྱིན་བ་ཡིན་ཞིང༌། གྲོང་ལ་སོགས་པར ་གང་དུ་དུས་དེ་སྲིད་དུ་བྱིན་པ་ནི་སྤངས་པ་ཡིན་ལ། གང་མུ་གེ་ལ་སོགས་པར་བང་མཛོད་ལ་སོགས་པ་དག་ཇི་ལྟར་བདེ་བར་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཡོངས་སུ་བཏང་བ་ནི་བཏང་བ་ཡིན་ནོ། །མི་རྐུ་བ་ཞེས་བྱ་བ་ནི་འདི་ལ་རྐུ་བའི་སེམས་མེད་པ་ཡིན་ལ། གཞན་གྱི་རྫས་ཀྱི་ཡུལ་ལ་འདོད་པ་མེད་པའི་ཕྱིར་ཆགས་པ་མེད་པ་ཡིན་ནོ། །བདག་ཉིད་དོར་བ་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བ་ལས་སྲུང་བར་བྱེད་པའོ། །དག་པ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པའི་དྲི་མ་མེད་པའི་ཕྱིར་རོ། །གཞན་གྱི་ནོར་ལ་ཆགས་པ་མེད་པའི་ཕྱིར་བཏང་བ་ཡིན་ནོ། །མ་བྱིན་པར་ལེན་པའི་རྐྱེན་གྱི་བར་གྱིས་ཉེས་པ་འབྱུང་བ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །མི་ཚངས་པར་སྤྱོད་པ་སྤངས་ཏེ་ཞེས་བྱ་བ་ལ་ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུ་མཚན་གྱི་སྤྱོད་པ་སྟེ། མྱ་ངན་ལས་འདས་པའི་བྱ་བ་ཅན་ནོ། །ཚངས་པར་
སྤྱོད་པ་མ་ཡིན་པ་ནི་མི་ཚངས་པར་སྤྱོད་པ་སྟེ་འཁོར་བའི་འབྲས་བུའི་བྱ་བ་ཅན་ནོ། །ཇི་ལྟར་སྲོག་གཅོད་པ་ལ་སོགས་པ་དག་ཀྱང་སྤྱིར་ཚངས་པར་སྤྱོད་པ་མ་ཡིན་པ་ཉིད་དུ་ཟིན་ཀྱང་མིང་འདི་ནི་འཁྲིག་པའི་ཡུལ་ལ་གྲགས་པའི་སྒྲ་ཡིན་ཏེ། གྲགས་པ་ནི་ཡུལ་ཕྲོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་མི་ཚངས་པར་སྤྱོད་པ་སྤངས་པ་ཡིན་ཞེ་ན། ཚངས་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚངས་པའི་རྒྱུ་མཚན་དུ་སྤྱོད་པར་བྱེད་པའི་ཕྱིར་ཚངས་ པར་སྤྱོད་པ་ཡིན་ལ། སེམས ་ཀྱིས་ཀྱང་དྲན་པ་མེད་པའི་ཕྱིར་རིང་དུ་སྤྱོད་པའོ། །སྐྱེས་པ་དང་བུད་མེད་ཀྱི་ཀུན་དུ་སྦྱོར་བའི་དྲི་མ་མེད་པའི་ཕྱིར་དག་པ་ཡིན་ནོ། ། སེམས་ཀྱི་སྒོ་ནས་ལྷག་པར ་ཆགས་པ་མེད་པའི་ཕྱིར་གཙང་བ་ཡིན་ནོ། །འཁྱུད་པ་དང༌། འོ་བྱེད་པ་དང༌། ཁྱིམ་གཅིག་ཏུ་འཇུག་པ་ལ་སོགས་པ་མེད་པའི་ཕྱིར་དྲི་ང་མ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྒྱའི་རྣ་རུ་ལས་ལྡོག་པ་ཞེས་བྱ་བའོ། །གང་བུད་མེད་ཀྱི་ཡུལ་ལ་ཆགས་པའི་སེམས་འགའ་འཇུག་པ་དེ་ཐམས་ཅད་གྲོང་བའི་ཆོས་ཡིན་ལ། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་སྨད་པ་ཡིན་ཏེ། དེ་དང་བྲལ་བ་དང༌། དབེན་པ་དང༌། སྤངས་པ་དང༌། ལྡོག་པ་ཞེས་བྱ་བའི་བར་དུའོ། །བརྫུན་དུ་སྨྲ་བ་སྤངས་ནས་ཞེས་བྱ་བ་ལ། གང་ཞིག་བདེན་པ་མངོན་པར་ཤེས་པའི་ཡུལ་ལ་ཡང་དག་པའི་ཡེ་ཤེས་རྣམ་པར་གཞག་པའི་ཚིག་རྗོད་པར་བྱེད་ཅིང་དེ་ལ་སྨྲ་བ་ཡིན་ནོ། །ཇི་ལྟར་ན་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་འགྱུར་ཞེ་ན། བདེན་པར་སྨྲ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདེན་པར་སྨྲ་བར་བྱེད་པ་དང༌། དེའི་ངང་ཚུལ་ཅན་ནི་བདེན་བར་སྨར་བའོ། །བདེན་པ་ལ་དགའ་བ་ཞེས་བྱ་བ་ནི་ སེམས་ཀྱི་སྒོ་ནས་ཀྱང་བདེན་པའི་ཚིག་ལ་མངོན་པར ་དགའ་བའོ། །དད་པར་གྱུར་པ་ཞེས་བྱ་བ་ལ། གང་ཟག་འདི་ལ་གཞན་དག་དད་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་བདེན་པར་སྨྲ་བ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་དད་པར་འགྱུར་བའི་ཚིག་ཅན་ཡིན་ནོ། །གང་ལ་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ནི་ཡིད་ཆེས་པ་ཡིན་ཏེ། བདེན་པར་སྨྲ་བ་ཉིད་ཀྱིས་གཞན་ཡིད་ཆེས་པའི་གནས་ཉིད་ཡིན་པའི་ཕྱིར་རོ། །བརྟན་པ་ཞེས་བྱ་བ་ནི་བདེན་
པའི་ཚིག་སྨྲ་བ་ལ་བརྟན་ཞིང་གཡོ་བ་མེད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་གང་སྨྲས་པ་དེ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་འཇིག་རྟེན་ལ་མི་སླུ་བར་བྱེད་པ་ཡིན་ནོ། །དེས་ཕྲ་མ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་དབྱེ་བའི་བསམ་བས་སེམས་ཉོན་མོངས་པ་ཅན་གྱི་ཚིག་བརྗོད་པ་དེ་ནི་ཕྲ་མ་ཡིན་ལ། ཕྲ་མའི་ལས་སམ་ཕྲ་མའི་དངོས་པོ་ནི་ཕྲ་མ་ཉིད་ཡིན་ནོ། །དེ་དག་ལས་བྱ་བ་ཚོགས་གཞན་དུ་རྣམ་པར་གཞག་པ་དག་ལས་སོ། །དེ་དག་ལ་ཞེས་བྱ་བ་ནི་ཚོགས་གཞན་དུ་རྣམ་པར་དག་པས་ན་དག་པའོ། །སྡུམ་པར་བྱེད་ཅེས་བྱ་བ་ནི་འབྲེལ་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །རྗེས་སུ་འཆོས་པར་བྱེད་པ་ཞེས་བྱ་བ་ནི་གཅིག་ཏུ་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །འདུས་པ་དག་ལ་དགའ་བ་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་སོ། །འདུས་པ་དག་ལ་མགུ་བ་ཞེས་བྱ་བ་ནི་སེམས་ཀྱི་སྒོ་ནས་སོ། །འདུ་བར་བྱེད་པའི་ཚིག་སྨྲས་ཏེ་ཞེས་བྱ་བ་ནི་རྟག་ཏུ་འདུས་པ་བྱེད་པའི་ཚིག་བརྗོད་པ་ཡིན་ནོ། །དེས་ཚིག་རྩུབ་པོ་སྤངས་ནས་ཞེས་བྱ་བ་ལ། ཚིག་སྙན་པ་མ་ཡིན་པ་ནི་ཚིག་རྩུབ་པོ་ཡིན་ཏེ། དེ་སྤངས་ནས་སོ། །ཇི་ལྟར་སྤངས་ནས་ཤེ་ན། དེ་དག་གདུག་པའི་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་ནས་བར་བྱེད་པས་ན་གདུག་པ་སྟེ། སྦྲུལ་གྱིས་ཟོས་པ་དང་འདྲ་བར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཚིག་གམ། ཤིན་ཏུ་གནོད་པ་ནི་གདུག་པ་ཡིན་ནོ། །རང་བཞིན་གྱིས་དྲག་པ་ཉིད་ཀྱི་ཕྱིར་རྩུབ་པའོ། །གཞན་སྡུག་བསྔལ་སྐྱེད་པ་ཉིད་ཀྱི་ཕྱིར་གཞན་ལ་གནོད་པའོ། །གཞན་ལ་མངོན་བར་ཞེན་པ་ཞེས་བྱ་བ་ནི་མངོན་པར་འཛིན་པ་བག་འཁུམས་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ཏེ། གཞན་བག་འཁུམས་པ་སྐྱེད་པར་བྱེད་པའམ། གཞན་ཞེ་སྡང་སྐྱེད་པར་བྱེད་པ་ཡིན་ནོ། །འདོད་པའི་ཡུལ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར་མི་འདོད་པའོ། །འདོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་མི་དགའ་བའོ། །དགའ་བའི་རྒྱུད་ཉིད་མ་ཡིན་པའི་ཕྱིར་མི་མགུ་བའོ། །ཡིད་ཀྱི་སྐད་ཅིག་མར་ཡང་བསམ་པར་བྱ་བ་མ་ཡིན་པས་ན་ཡིད་དུ་མི་འོང་བའོ། །ཏིང་ངེ་འཛིན་དང་མི་མཐུན་པ་ཉིད་ཀྱི་ཕྱིར་གཡེང་བའོ། ། སེམས་འཁྲུག་པར ་བྱེད་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་མི་
མཐུན་པའོ། །ཡིད་དུ་འོང་བ་ཉིད་ཡིན་པས་ན་མགུ་བར་བྱེད་པའོ། །རྣམ་བར་འོང་བ་ནི་རྣ་བའི་རྣམ་པར་ཤེས་པའི་བདེ་བ་སྐྱེད་པར་བྱེད་པའོ། །ཡིད་དང་འཐད་པ་ཉིད་ཀྱི་ཕྱིར་དང༌། རྟག་ཏུ་སྙིད་ལ་འབབ་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བའོ། །རབ་ཏུ་མགུ་བ་སྐྱེ་བ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་དགའ་བར་བྱ་བའོ། །གྲོང་ཁྱེར་དུ་བྱུང་བས་ན་གྲོང་ཁྱེར་པ་སྟེ། གྲོང་ལ་བརྟེན་པའི་སྐྱེ་བོ་དམ་པའི་ཞེས་བྱ་བའི་བར་དུའོ། །མཛེས་པ་ལ་གསལ་བ་ཞེས་བྱ་བ་ནི་ཡི་གེ་མཛེས་ཤིང་གསལ་བར་གྱུར་པའོ། །དོན་མཛེས་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་ནི་ཐོས་པ་དང་རྗེས་སུ་མཐུན་པ་ཡིན་ནོ། །དོན་དུ་གཉེར་བའི་སྒོ་ནས་འགའ་ཞིག་ལ་ཡང་གནས་པ་མེད་པའི་ཕྱིར་མི་གནས་པའོ། །སྐྱེ་བོ་ཐམས་ཅད་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་མི་འགལ་བ་སྟེ། རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །རྣམ་པ་གང་གི་སྒོ་ནས་ཀྱང་ཉོན་མོངས་པ་དག་གིས་མ་ཟིན་པའི་ཕྱིར་མཐའ་མེད་པའོ། །མི་འདོད་པ་ལ་སོགས་པ་བཟློག་པས་འདོད་པ་ལ་སོགས་པ་དག་ཏུ་འགྱུར་བར་རིག་པར་བྱའོ། །ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའམ། བདེན་པ་ཉིད་ཀྱིས་མ་གཡེངས་པའོ། །གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དང་མཐུན་པ་ཡིན་ནོ། །དེས་ཚིག་ཀྱལ་བ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ། དོན་འབྲེལ་པ་མེད་ཅིང་དོན་སྨད་པ་དུ་མ་འདྲེན་པར་གྱུར་པའི་ཚིག་ནི་ཀྱལ་བ་ཡིན་ལ། དེ་རྗོད་པར་བྱེད་པའི་ཕྱིར་ཚིག་ཀྱལ་བ་སྟེ། དེ་སྤངས་པ་ཡིན་ནོ། །ཇི་ལྟར་སྤངས་པ་ཡིན་ཞེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐབས་དང་ལྡན་པའི་ཚིག་བརྗོད་པའི་ཕྱིར་དུས་སུ་སྨྲ་བ་ཡིན་ནོ། །ཡོད་པའི་དངོས་པོ་བརྗོད་པའི་ཕྱིར་བདེན་པར་སྨྲ་བ་ཡིན་ནོ། །དོན་དང་ལྡན་པའི་ཚིག་བརྗོད་པའི་ཕྱིར་དོན་སྨྲ་བ་ཡིན་ནོ། །དངོས་པོའི་རྣག་གི་ངོ་བོ་རྗོད་པར་བྱེད་པའི་ཕྱིར་དེ་ཁོ་ན་ཉིད་སྨྲ་བ་ཡིན་ནོ། །ཆོས་རྗོད་པར་བྱེད་པའི་ཕྱིར་ཆོས་སྨྲ་བ་ཡིན་ནོ། །ཤེས་པས་ཡོངས་སུ་བཅད་པ་སྨྲ་བའི་ཕྱིར་བརྟགས་པ་སྨྲ་བ་ཡིན་ནོ། །གཞན་གྱི་རྒྱུད་ཀྱི་དོན་དཔྱོད་པར་ནུས་པ་རིག་པར་བྱེད་པ་ཡིན་པའི་ཕྱིར་བརྟགས་པ་དང་
ལྡན་པའོ། །ཉན་པ་པོ་སྐྱེ་བོ་མངོན་པར་འདོད་པའི་དུས་སུ་ཚིག་བརྗོད་པའི་ཕྱིར་དུས་སུའོ། །ཡོངས་སུ་བསྡུས་པའི་དོན་འབྲེལ་ཅན་རྗོད་པར་བྱེད་པའི་ཕྱིར་ཅལ་ཅོལ་མ་ཡིན་པའོ། །རྒྱུ་ལས་སྐྱེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རྒྱུ་དང་བཅས་པ་ཡིན་ནོ། །རིག་པ་དང་དཔེ་དང་མ་བྲལ་བས་ན། ལུང་དང་བཅས་པའོ། །ཆོས་ལས་མ་གཡོས་པ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་པའོ། །དོན་དང་འབྱོར་པ་ཉིད་ཀྱི་ཕྱིར་དོན་དང་ལྡན་པའོ། །ཉོ་ཚོང་སྤངས་ནས་ཞེས་བྱ་བ་ལ་གོས་ལ་སོགས་པ་དག་ལ་བརྐམ་ཞིང་ཆགས་པས་ཡུལ་དང་རྗེས་སུ་མཐུན་པ་དང༌། དུས་དང་རྗེས་སུ་མཐུན་པར་རིན་ཡང་བར་ཉོས་པའི་སྒོ་ནས་ལེན་པའི་ཉོས་པ་ཡིན་ཞིང༌། རིན་ཤིན་ཏུ་མང་པོའི་སྒོ་ནས་ཡོངས་སུ་གཏོང་བ་ནི་བཙོངས་པ་ཡིན་ཏེ། དེ་སྤངས་ནས་ཀུན་དུ་སྤྱོད་པའི་དུས་སུ་ལུས་དང་ངག་དང་ཡིད་སླར་ལྡོག་པ་ཡིན་ནོ། །དེས་བྲེ་ལ་སོགས་པའི་སྒྱུ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་ལ་གྲོ་ལ་སོགས་པ་འཇལ་བའི་སྣོད་ནི་འདིར་བྲེ་ཡིན་ལ། གསེར་ལ་སོགས་པ་འཇལ་བའི་ཐབས་སུ་གྱུར་བ་ནི་སྲང་ཡིན་ཞིང༌། འཇུ་བའི་རྫས་མར་དང་ཏིལ་མར་ལ་སོགས་པ་འཇལ་བར་བྱེད་པའི་ཐབས་སུ་གྱུར་པ་ནི་འཇལ་བྱེད་ཡིན་ཏེ། བྲེལ་སོགས་པ་གཞན་སླུ་བར་བྱེད་པ་བྲེ་ལ་སོགས་པའི་སྒྱུ་ཡིན་པ་དེའི་ཕྱིར་སྨོས་པ་ཡིན་ནོ། །དེས་གསུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་གསུག་ནི་ལྐོག་ཏུ་གྱུར་པའི་ཆད་པ་ཡིན་ནོ། །སླུ་བ་ནི་ཐ་སྙད་དུ་གྱུར་པའི་སྒོ་ནས་བསླུས་ནས་ནོར་ལེན་པ་ཡིན་ནོ། །ཆད་པ་ནི་ཚར་བཅད་པ་སྔོན་དུ་སོང་བ་ཅན་གྱི་ཆད་པ་ལེན་པ་ཡིན་ནོ། །གསུག་ལ་སོགས་པའི་ནོར་ལེན་པ་བདག་གིར་བྱེད་པ་ལས་སླར་ལྡོག་པ་ཡིན་ནོ། །དེས་གསོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་གསོད་པ་ནི་གཞན་གྱི་སྲོག་འཕྲོག་པར་བྱེད་པ་ཡིན་ནོ། །བཅིང་བ་ནི་གདོས་དང་ལྕགས་ལ་སོགས་པའི་གནོད་པའོ། །གཅད་པ་ནི་ལག་པ་ལ་སོགས་པ་ཡན་ལག་དང་ཉིང་ལག་དག་གོ །ཕུག་པ་ནི་རྐང་པ་ལ་སོགས་པའི་རུས་པ་དག་གོ །རྡེག་པ་ནི་ལྕག་ལ་སོགས་པ་དག་གིས་གཞན་གདུང་བ་སྐྱེད་པར་བྱེད་པ་ཡིན་ཏེ། གསོད་པ་ལ་སོགས་པ་དག་ལ་མཆོག་ཏུ་གཞོལ་ཞིང་སྤྲོ་བར་བྱེད་པ་
གང་ཡིན་པ་དེ་སྤངས་པ་ཡིན་ནོ། །སྣང་བ་དང་བཅས་པའི་ཁྱིམ་དུ་ཉལ་བ་སྤངས་ནས་ཞེས་བྱ་བ་ནི་མཚན་མོ་ཁྱིམ་ལ་སོགས་པ་ཉི་མ་དང་ཟླ་བ་མ་ཡིན་པའི་སྣང་བ་དག་དང་ལྡན་པར་ཉལ་བ་གང་ཡིན་པ་དེ་ཡོངས་སུ་སྤངས་པ་ཡིན་ནོ། །དེ་ཡོངས་སུ་དོར་བ་བསྟན་པ་ནི་རྒྱགས་པ་སྐྱེ་བ་ཟློག་པར་བྱེད་པའི་ཕྱིར་རོ། །དེས་ཞིང་དག་གི་གཞི་ཞེས་བྱ་བ་ལ་སོགས་པ་ལས་འབྲུ་ལ་སོགས་པའི་རྫས་ཀྱི་རིགས་འདི་ལ་རྟེན་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཞིང་ཁོ་ན་གཞི་ཡིན་པས་ན་ཞིང་གི་གཞི་ཡིན་ཏེ། འདིས་ནི་ཞིང་ལ་སོགས་པ་ལས་ལྡོག་པར་བསྟན་པ་ཡིན་ནོ། །ཁྱིམ་གྱི་གཞི་ཡོངས་སུ་སྤངས་པས་ཡུལ་དེ་ལ་ཆགས་པ་སྤངས་པར་བསྟན་པ་ཡིན་ནོ། །ཚོང་དུས་ནི་ཚོང་ཁང་ཡིན་ཏེ། དེ་ཉིད་ཀྱི་གཞི་ཡིན་ཏེ། དེ་ཡོངས་སུ་དོར་བར་བསྟན་པས་ཚོང་བའི་ཐ་སྙད་དུ་བྱེད་པ་ལས་ལྡོག་པར་བསྟན་པ་ཡིན་ནོ། །བླང་པོ་ཆེ་ལ་སོགས་པའི་ཡོངས་སུ་འཛིན་པ་རྣམ་པར་འཁྲུག་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཡོངས་སུ་འཛིན་པ་དེ་སྤངས་པར་བསྟན་པ་ཡིན་ནོ། །བྲན་དང་བྲན་མོ་ཞེས་བྱ་བ་ལ་སོགས་པ་ལ། བྲན་རྣམ་པ་ལྔར་གྲགས་པ་དེ་བཞིན་དུ་བྲན་མོ་ཡང་དེ་ཡིན་ནོ། །ལས་བྱེད་པ་ནི་སྐྱེས་བུ་ཞོ་ཤས་འཚོ་བ་ཡིན་ནོ། །སྐྱེས་བུ་རང་གི་བྱེད་པ་ལ་བརྟེན་ནས་འཚོ་བར་བྱེད་པ་གང་ཡིན་པ་དེ་དག་ནི་གཡོག་དག་ཡིན་ནོ། །བུད་མེད་ཅེས་བྱ་བ་ལ་སོགས་པ་ལ་འདིས་ནི་རྣམ་པ་གང་དང་གང་གིས་ཀྱང་བུད་མེད་ཡོངས་སུ་འཛིན་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་བཀག་པ་སྨོས་པ་ཡིན་ནོ། །སྐྱེས་བུ་ཉེ་དུ་འཆད་ཞིང་གསོ་བ་ལ་སོགས་པ་ཡོངས་སུ་གཟུང་བ་ཡང་བཀག་ཅིང་འདིས་ནི་ཉེ་དུའི་ཁྱེའུ་དང་བུ་མོ་ཡོངས་སུ་འཛིན་པ་ཡང་བཟློག་པ་ཡིན་ནོ། །གསེར་ནི་ས་ལེ་སྦྲམ་ཡིན་ལ། དངུལ་ནི་དངུལ་ཉིད་ཡིན་ཏེ། འདིས་ནི་ཡུལ་དེ་བདག་གིར་བྱེད་ཅིང་ལེན་པ་སྤངས་པ་བསྟན་པ་ཡིན་ལ། འབྲས་དང༌། ནས་དང༌། གྲོ་ལ་སོགས་པ་བཙོས་པ་མ་ཡིན་པ་དེ་བྱིན་ལེན་བྱེད་པ་རབ་ཏུ་བྱུང་བའི་ཚུལ་མ་ཡིན་པ་དེ་བས་ན་མི་བྱའོ། །ཟག་ཅིག་པ་ཞེས་བྱ་བ་ལ་སོགས་པ་ལ་གཅིག་ཀྱང་དེ་ཡིན་ལ་ཟ་བ་ཡང་དེ་ཡིན་པས་ན་ཟ་གཅིག་སྟེ། དེ་གང་ལ་ཡོད་པ་དེ་ནི་ཟ་གཅིག་པ་སྟེ། གང་འོར་གཅིག་ཟ་བའོ། །ནུབ་
མོ་ཞེས་བྱ་བ་ནི་ནུབ་མོའི་ཟས་ཀྱི་བྱ་བ་ལས་རྣམ་པར་ལྡོག་པ་ཡིན་ནོ། །འགའ་ཞིག་ཏུ་ཉི་མ་ཕྱེད་ཀྱི་འོག་ཏུ་ཟ་བར་འགྱུར་རོ་ཞེ་ན། དུས་མ་ཡིན་པའི་ཟས་ལས་སླར་ལྡོག་པ་སྨོས་པ་ཡིན་ནོ། །དུས་སུ་བསོད་སྙོམས་ལ་སོགས་པའི་དོན་དུ་རྒྱུ་བའི་ཕྱིར་དུས་སུ་སྤྱོད་པ་སྟེ། སྔ་དྲོའི་དུས་སུ་སྤྱོད་ཡུལ་ལ་སྤྱོད་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དུས་སུ་སྤྱོད་པའི་སྦྱོར་བ་དང་ལྡན་པ་ཡིན་ཏེ། གང་གི་ཕྱིར་དུས་མ་ཡིན་པར་རྣམ་པ་གང་གིས་ཀྱང་སྤྱོད་པར་མི་བྱེད་པའོ། །ཡང་ན་དུས་སུ་སྤྱོད་པའི་སྦྱོར་བ་སྟེ། རིགས་པ་དང་ཚུལ་ཡིན་ལ། དེ་དང་ལྡན་པ་ནི་རྗེས་སུ་སོང་བ་ཡིན་ཏེ། དུས་སུ་སྦྱོང་དུ་ཟིན་ཀྱང་ཚུལ་མ་ཡིན་པས་མི་སྤྱོད་དེ་འོན་ཀྱང་ཇི་ལྟར་སོ་སོར་ཐར་བའི་མདོ་ལས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དེ་བཞིན་དུ་སྤྱོད་པར་བྱེད་དོ། །ལུས་ནི་ལུས་པོ་ཡིན་ནོ། །བགོ་བ་ནི་ལྷགས་པ་ལ་སོགས་པ་རྣམ་པར་འཚེ་བ་ལས་སྲིང་བར་བྱེད་པ་ཡིན་པས་ན་ལུས་ལ་བགོ་བའི་ཆོས་གོས་མ་རྙེད་པ་རྙེད་པ་དེས་མགུ་ཞིང༌། ལྷག་པ་དང་གྱ་ནོམ་པ་ལ་སོགས་པ་མངོན་པར་འདོད་པ་མེད་པའི་ཕྱིར་རབ་ཏུ་མགུ་བ་ཡིན་ནོ། །ལྟོ་འགྲངས་པ་ཞེས་བྱ་བ་ནི་ལྟོ་ཡོངས་སུ་འགྲངས་པར་བྱེད་པའི་བསོད་སྙོམས་འགྲངས་པར་བྱེད་པ་ཙམ་གྱིས་བསོད་སྙོམས་ལ་རྒྱུ་བར་བྱེད་པ་དེས་མགུ་བ་ཡིན་ནོ། །ལྷུང་བཟེད་དང་བཅས། ཆོས་གོས་དང་བཅས་ཏེ་ཞེས་བྱ་བ་ནི་འདོད་པ་ཆུང་བ་ཉིད་ཀྱིས་སྣོད་གཞན་མེད་པའི་ཕྱིར་དང༌། ལྷུང་བཟེད་དང་ཆོས་གོས་ཀྱིས་ལུས་གནས་པ་སྒྲུབ་པ་ཡིན་པའི་ཕྱིར་རོ། །བྱ་གཤོག་པ་ཅན་ཞེས་བྱ་བ་ནི་བྱ་གཤོག་ལ་སྐྱེས་པར་གྱུར་བའོ། །གཤོག་པ་མ་གཏོགས་པའི་འདབ་མ་ནི་རྣུས་བུའི་སྒྲས་བརྗོད་པ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་ལ་ཕྱི་རོལ་གྱི་རབ་ཏུ་བྱུང་བ་ལས་རིགས་གཞན་ཡིན་པ་ལ་འདིར་དགེ་སྦྱོང་གི་སྒྲ་དང༌། བྲམ་ཟེའི་རིགས་ལས་ཁྱིམ་གྱི་གནས་ཡོངས་སུ་བོར་བ་ལ་བྲམ་ཟེའི་སྒྲ་བརྗོད་པ་ཡིན་ནོ། །ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག་ཡིན་གྱི་ཐམས་ཅད་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡོན་ཏན་ལ་སེམས་པ་སྔོན་དུ་སོང་བ་ཅན་གྱི་སེམས་དང་བ་ནི་དད་པ་ཡིན་ཏེ། དེས་བཟའ་བ་ལ་སོགས་པ་བྱིན་པ་གང་ཡིན་པ་དེ་ནི་དང་བས་བྱིན་པ་
དག་ཡིན་ནོ། །ས་བོན་གྱི་ཚོགས་ནི་ས་བོན་གྱི་ཚོགས་ཡིན་ལ། འབྱུང་པོའི་གནས་ནི་འབྱུང་པོ་དག་གི་གཞི་ཡིན་ཏེ་སྐྱེ་བ་ལ་སོགས་པའོ། །ཀུན་ནས་རྩོམ་པ་ནི་ས་བོན་འདེབས་པ་ལ་སོགས་པའི་བྱ་བས་རྣམ་པར་དཀྲུགས་པར་གྱུར་པའོ། །ཀུན་ནས་རྩོམ་པ་ལ་རྗེས་སུ་བརྩོན་པ་ནི་དེ་ལ་གཞོལ་བ་དང༌། དེ་ལ་སྦྱོར་ཞིང་འབྲེལ་པར་གྱུར་པའོ། །རྩ་བའི་ས་བོན་ནི་སྒྲེའུ་གཤེར་དང་ཡུང་བ་ལ་སོགས་པའོ། །སྡོང་བུའི་ས་བོན་ནི་སེའུ་དང་ལྕང་མ་ལ་སོགས་པའོ། །རྩེ་མོའི་ས་བོན་ནི་བུ་རམ་ཤིང་ལ་སོགས་པའོ། །བཀས་པའི་ས་བོན་ནི་འབྲུ་མ་ཤ་ལ་སོགས་པའོ། །ས་བོན་གྱི་ས་བོན་ནི་གྲོ་ལ་སོགས་པའོ། །རྩེ་མོའི་སྒྲས་ནི་ཚིགས་བསྟན་པ་ཡིན་ལ། འབྲས་བུའི་སྣོད་བཀས་པ་ལས་ས་བོན་བྱུང་བ་ནི་བཀས་པའི་ས་བོན་ཡིན་ནོ། །བཟའ་བ་ལ་སོགས་པ་དག་བསགས་པའི་སྒོ་ནས་རྣམ་པར་གཞག་པ་ནི་སྩོགས་པ་ཡིན་ལ་དེ་ལ་རྩོམ་པའི་བྱ་བས་རྣམ་པར་དཀྲུགས་པ་སྟེ། དེ་ལ་བརྩོན་ཞིང་དེ་དང་ལྡན་པས་གནས་པ་ཡིན་ནོ། །མལ་སྟན་མཐོན་པོ་ནི་པུས་མོའི་ཚད་ལས་མཐོ་བ་ཡིན་ལ། མལ་སྟན་ཆེན་པོ་ནི་རིན་ཐང་ཆེ་ཞིང་རིན་པོ་ཆེས་སྒྲས་པ་ཡིན་ནོ། །ཁྲིའུ་སྨོས་པས་ཁྲིའི་རིགས་ཐམས་ཅད་གཟུང་ངོ༌། །ཁྲི་ཆེན་པོ་ནི་ཁྲི་ཡིན་ལ་ཐི་གུས་ལྷས་པ་ནི་ཁྲི་ལྷས་མ་ཡིན་ནོ། །གང་ཁྲི་ནང་ཚངས་ཅན་གྱི་འོག་ཏུ་བཏིང་ཞིང་བཅུག་པ་དེ་ནི་གོ་ནི་ག་ཞེས་བྱའོ། །སྟ་ན་ནང་ཚངས་ཅན་ནི་རབ་ཏུ་གྲགས་པ་ཡིན་ནོ། །པ་ལ་གོས་ཆེན་པོ་ནི་གོས་ཀྱི་བྱེ་བྲག་ཡིན་ནོ། །གླང་པོ་ཆེའི་ཐབས་སྟན་ནི་གླང་པོ་ཆེའི་སྟེང་ནས་གཡོགས་པའོ། །རྟའི་སྟན་ནི་སྒ་ལ་བཀབ་པ་རིན་ཐང་ཆེ་བ་གཞན་གོས་ཀྱི་ཁྱད་པར་དག་ཡིན་ནོ། །སྤུ་ཕྱོགས་གཅིག་པ་ནི་མེ་ཏོག་ཟས་ལ་སོགས་པའོ། །གཉི་གའི་ཕྱོགས་ལ་སྤུ་ཡོད་པ་ནི་བེའུ་ཕྲུག་ལ་སོགས་པའོ། །སྤུ་གྱེན་དུ་ལྟ་བ་ནི་མཐའ་ལོགས་ན་སྤུ་ཡོད་པའོ། །གོས་སྤུ་མཐུག་པ་ནི་གོས་ཀྱི་བྱེ་བྲག་སྤུ་དང་བཅས་པ་ཉིད་ཡིན་ནོ། །ཡུལ་ཀ་ལིང་ཀ་ལས་བྱུང་བའི་གོས་ནི་ཀ་ལིང་ཀའི་གོས་ཡིན་ལ། དེ་ཉིད་གདིང་བ་ཡིན་ནོ། །མགོ་བོའི་མཐའ་དང་རྐང་པའི་མཐར་སྡས་དམར་ལ་ཆེ་བ་དེ་ནི་སྔས་ཡིན་ནོ། །རྒྱན་ནི་ཁྲུས་ལ་སོགས་པས་ལུས་མཛེས་སུ་སྒྲུབ་པར་བྱེད་པ་
ཡིན་ནོ། །ལྷབ་ལྷུབ་ནི་ཕྱི་རོལ་གྱི་ཆ་སྤྱད་ཕྲེང་བ་དང་དྲི་དང་བྱུག་པ་ལ་སོགས་པ་ལུས་མཛེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ཇི་ལྟར་རྒྱན་སྒྲུབ་པ་ཡིན་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐུ་བ་ནི་ཏིལ་མར་དྲི་མ་ཅན་ལ་སོགས་པས་ལུས་ཀྱི་དྲི་མ་བསལ་བར་བྱ་བའི་ཕྱིར་བསྐུ་མཉེ་བྱེད་པའོ། །ཀུན་དུ་བསྐུ་བ་ནི་དྲིའི་རྫས་ཀྱིས་ཀུན་ནས་བསྐུ་བའོ། །ཁ་དོག་གི་སྒྲས་ལུས་ཀྱི་ཁ་དོག་མཛེས་པ་བསྒྲུབ་པའི་དོན་དུ་དྲི་བཟང་པོའི་ཚོན་གྱིས་ལུས་ལ་བྱུགས་པ་བརྗོད་པ་ཡིན་ནོ། །སེན་མོ་བདར་བ་ནི་སེན་མོ་མཛེས་པ་སྒྲུབ་པར་བྱེད་པའོ། །སོ་བདར་བ་ནི་སོ་མཛེས་པ་སྒྲུབ་པར་བྱེད་པའོ། །ཁའི་དྲི་ནི་ཁ་དྲི་བཟང་པོ་ཅན་དུ་བྱ་བའི་ཆེད་ཀྱི་དྲི་བཟང་པོའི་ཕྱེ་མའོ། །གདོང་ཤི་རྒྱན་ནི་ཁ་གདོང་མཛེས་པ་སྒྲུབ་པར་བྱེད་པའོ། །གདོང་གི་མེ་ལོང་ནི་གདོང་བལྟ་བའི་ཕྱིར་མེ་ལོང་འཆང་བར་བྱེད་པའོ། །ལག་པའི་གདུ་བུ་ཞེས་བྱ་བ་ནི་མཛེས་པ་སྒྲུབ་པར་བྱེད་པའི་དོན་དུ་ལག་པ་གཉིས་ལ་གདུ་བུ་རྒྱན་ཅན་དང༌། སོར་གདུབ་ལ་སོགས་པ་རྒྱན་འདོགས་པར་བྱེད་པའོ། །སྤྱི་བོ་བཅིངས་པ་ཞེས་བྱ་བ་ནི་གཙུག་ཕུང་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་འདོགས་པར་བྱེད་པའོ། །གདུགས་ཡུ་བ་སྦུ་གུ་ཅན་ཞེས་བྱ་བ་ནི་གདུགས་ཀྱི་ཡུ་བ་ནང་ཤིང་ལ་ཕྱི་རོལ་གསེར་ལས་བྱས་པའོ། །རལ་གྱི་ཞེས་བྱ་བ་ནི་རལ་གྱི་ཆང་གཟུངས་ཀྱི་ཕྱོགས་རིན་པོ་ཆེས་སྤྲས་པའམ། ཤུབས་སྤྲས་པ་ཡིན་ནོ། །ནོར་བུའི་རྔ་ཡབ་ནི་རྔ་ཡབ་ཀྱི་རྔ་ཡབ་ཀྱི་ཡབ་རིན་པོ་ཆེས་སྤྲས་པ་ཡིན་ནོ། །ལྷམ་རི་མོ་ཅན་ནི་ལྷམ་རིན་པོ་ཆེས་སྤྲས་པར་གྱུར་པའོ། །མ་བགོས་པ་ནི་ཡོངས་སུ་ལོངས་མ་སྤྱད་པའོ། །སར་པ་ནི་ཐབས་ལས་འཕྲལ་དུ་བཏོན་པའོ། །གླང་པོ་ཆེ་འཐབ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་ཁྱིམ་བྱ་དང༌། སྲེག་པ་དང༌། འུར་བ་དང་ཚོགས་ནས་འཐབ་པར་བྱེད་པ་དེའི་ཚེ། ཁྱིམ་བྱ་དང༌། སྲེག་པ་དང༌། འུར་བ་དག་འཐབ་པ་ཡིན་ནོ། །ཡ་ཏོག་སྨྱིག་མ་ཅན་ནི་སྨྱིག་མ་ལ་སོགས་པ་ལ་བྱ་བར་ཏ་ཀ་དག་སྐྱོན་པར་བྱེད་པའོ། །གྲོང་ཁྱེར་མཛེས་པར་བྱས་པ་ཞེས་བྱ་བ་ནི་གར་མཁན་གྱི་ཚོགས་དག་གིས་སོ། །བཞད་གད་ཀྱི་ཕྱིར་གཞན་གྱི་ཕྲག་པ་ལ་འཛེགས་པར་བྱེད་པ་ནི་ཕྲག་པ་ནས་མཆོང་བའོ། །རྒྱལ་མཚན་
གྱི་མཆོག་ཅེས་བྱ་བ་ནི་དཔུང་གི་ཚོགས་འགྲོ་བའི་སེང་གེའི་རྒྱལ་མཚན་ལ་སོགས་པའོ། །སྟོབས་ཀྱི་མཆོག་ནི་སྟོབས་ཀྱི་ཚོགས་ཀྱི་མཆོག་ཏུ་གྱུར་པའོ། །དཔུང་གི་ཚོགས་ནི་དཔུང་དཀོད་པའི་ཁྱད་པར་ཡིན་ཏེ། །འབྲུའི་ཕུར་མ་ལ་སོགས་པ་ལྟ་བུའོ། །ཆོམས་ནི་དཔུང་གི་ཆ་ཡིན་ཏེ། གླང་པོ་ཆེ་ལ་སོགས་པ་བཅུ་ལ་སོགས་པའི་ཚོམས་ཡིན་ནོ། །སྐྱེ་བོ་ཆེན་པོའི་ཚོགས་པར་གྱུར་པ་ནི་འདུས་པ་ཆེན་པོ་ཡིན་ཏེ། གྱད་འཐབ་པ་དང༌། ལྟད་མོའི་གནས་ལ་སོགས་པའོ། །གླང་པོ་ཆེའི་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། བུད་པའི་སྒྲ་ནི་བརྡུང་བར་བྱ་བ་མི་བཟད་པའི་ཚོགས་བརྡུངས་པའོ།། སིལ་སྙན་ཤིན་ཏུ་ཡིད་དུ་འོང་བའི་བྱེ་བྲག་ནི་ཤམ་མྱ་ཡིན་ནོ། །སོར་མོ་གཉིས་ཀྱི་སྦྱོར་བ་ལས་བྱུང་བ་ནི་ཡིད་དང་རྗེས་སུ་མཐུན་པའི་སྒྲ་ཡིན་ནོ། །རྫ་རྔའི་སྒ་ནི་རྫ་མའི་ཁ་པགས་པས་གཡོགས་པའམ། རོལ་ཆའི་བྱེ་བྲག་གཞན་ཡིན་ནོ། །སྙན་དང་གས་ནི་ཚིགས་སུ་བཅད་པ་སྦྱོར་བའོ། །ཡི་གེ་མཛེས་པ་ཉིད་ཀྱི་ཕྱིར་ཡི་གེ་སྣ་ཚོགས་པའོ། །ཚིག་གི་གོ་རིམས་མཛེས་པ་ཉིད་ཀྱི་ཕྱིར་ཚིག་གི་འབྲུ་སྣ་ཚོགས་པ་ཉིད་དོ། །འཇིག་རྟེན་གྱི་དོན་དང་འབྲེལ་པ་ཉིད་ཀྱི་ཕྱིར་འཇིག་རྟེན་ལ་རག་ལུས་པ་དང་ལྡན་པའོ། །གཏམ་ནི་འཇིག་རྟེན་པའི་གཏམ་རྒྱུད་ཡིན་ནོ། །ཨུག་ཤུད་ཅེས་བྱ་བ་ལ་སོགས་པ་ལ་རྒྱན་རྩེ་བའི་ཐབས་སུ་གྱུར་པ། །ཆ་བཞི་བ་དང༌། ཆ་དྲུག་པ་ན་ཨུག་ཤུད་ཅེས་བྱའོ། །ན་ཡ་ནི་ཡན་ལག་བཞི་དང་རྩེ་བའི་ཐབས་སུ་གྱུར་པའོ། །རྒྱན་ནི་ཐ་མལ་པའི་རྒྱན་རྩེ་བའི་ཐབས་སུ་གྱུར་པའོ། །གནས་བརྒྱད་དང་གནས་བཅུ་ཞེས་བྱ་བ་དེ་ནི་རྒྱན་གྱི་རྟེན་གྱི་འགྱུར་བ་བརྗོད་པ་ཡིན་ནོ། །དྲང་བའི་གནས་ལ་སོགས་པ་དག་ནི་རྒྱན་ལ་གོམས་པ་དག་ལས་ངེས་པར་བྱ་བ་ཡིན་ནོ། །རྒྱལ་པོའི་གཏམ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་དང་སོ་སོར་འབྲེལ་པའི་གཏམ་ནི་རྒྱལ་པོའི་གཏམ་ལ་སོགས་པ་ཡིན་ནོ། །རྩོད་པ་ཞེས་བྱ་བ་ལ་སོགས་པ་ལ་ཞེ་སྡང་ལ་སོགས་པས་དཀྲུགས་པའི་སེམས་ཀྱིས་ཕན་ཚུན་དུ་སྨྲ་བ་དང་ཕྱིར་སྨྲ་བ་ནི་རྩོད་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་བྱ་བ་མ་ཡིན་པ་ལས་ལྡོག་པ་ནི་ཆོས་ཡིན་ལ། ཡང་དག་པར་ལེན་པ་སྔོན་དུ་སོང་བའི་བྱ་བ་ལ་འཇུག་པ་ནི་འདུལ་བ་ཡིན་ནོ།
བདག་ལ་རིགས་པ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་དང་མི་འགལ་བ་ཡིན་ནོ། །ཁྱོད་ལ་མི་རིགས་སོ་ཞེས་བྱ་བ་མངོན་སུམ་ལ་སོགས་པ་དང་འགལ་བ་ཡིན་ནོ། །ཕན་པ་དང་བཅས་པ་ཞེས་བྱ་བ་ནི་སྔ་ཕྱི་མི་འགལ་བ་དང་འབྲེལ་པ་ཡིན་ནོ། །དེ་ལས་བཟློག་པའི་ཕྱིར་ཕན་པ་དང་བཅས་པ་མ་ཡིན་པའོ། །ཤིན་ཏུ་མྱུར་བ་ཞེས་བྱ་བ་ནི་ཤིན་ཏུ་གྲགས་པའོ། །མཆོག་ཏུ་སྨྲ་བ་ཞེས་བྱ་བ་ནི་དོན་གྱི་དེ་ཁོ་ན་རྗོད་པར་བྱེད་པའམ། ཤིན་ཏུ་མྱུར་དུ་སྨྲ་བའི་སྒོ་ནས་དོན་གསལ་བ་ཉིད་ཀྱི་ཕྱིར་མཆོག་ཏུ་སྨྲ་བའོ། །རྩོད་པའི་ཕྱིར་ཞེས་བྱ་བ་ནི་རྩོད་པའི་རྒྱུ་མཚན་ཡིན་ལ། བསྐྱེད་པ་ནི་རབ་ཏུ་འཇུག་པ་ཡིན་ནོ། །རྩོད་པ་ལས་རྣམ་པར་ཐར་པའི་ཕྱིར་ནི་རྩོད་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །རྩོད་པ་ཞི་བར་བྱའོ་ཞེས་བྱ་བ་ལ། རྩོད་པ་ཉེ་བར་ཞི་བ་ནི་རྩོད་པའི་ལེན་སྦྱིན་པའི་སྒོ་ནས་རྩོད་པ་ཉེ་བར་ཞི་བར་བྱེད་པའོ། །ཚར་གཅད་པར་བགྱིའོ་ཞེས་བྱ་བ་ནི་ཕམ་པར་བྱ་བའོ། །ཕོ་ཉར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལས་དང་པོ་བླངས་ནས་དེ་ལ་སྐྱེལ་བར་བྱེད་པ་དང༌། དེ་ལས་བླངས་ནས་འདིར་ལེན་པར་བྱེད་པའི་དོན་དུ་གཉེར་བའི་མངག་གཞུག་གང་ཡིན་པ་དེ་ནི་འདིར་ཕོ་ཉ་ཡིན་པར་རིག་པར་བྱའོ། །གང་དག་མི་འདོད་དུ་ཟིན་ཀྱང་མངགས་པ་དེ་ནི་མངག་གཞུག་པ་ཡིན་ནོ། །ཕོ་ཉར་འགྲོ་བ་དེ་ཉིད་ཀྱི་རྒྱུ་མཚན་གྱིས་འཚོ་བར་བྱེད་པ་ནི་ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལོག་པའི་འཚོ་བ་ཡིན་ཏེ། དེས་འཚོ་བར་བྱེད་ཅིང་སྒྲུབ་པར་བྱེད་པའོ། །དེ་གང་གི་ཕོ་ཉར་འགྲོ་བ་ཡིན་ཞེ་ན། རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་པོ་ནི་དབང་བསྐུར་བ་ཐོབ་པ་ཡིན་ཏེ། རྒྱལ་ཚབ་ཏུ་དབང་བསྐུར་བ་ནི་བློན་པོ་ཡིན་ནོ། །གྲོང་འདབ་ཀྱི་མི་ནི་གྲོང་འདབ་ཀྱི་གཙོ་བོར་གྱུར་པའོ། །ལྗོངས་ཀྱི་མི་ནི་ལྗོངས་ཀྱི་གཙོ་བོར་གྱུར་པའོ། །ནོར་ཅན་ནི་མཁར་གྱི་དབང་ཕྱུག་ངག་ཡིན་ནོ། །ཚོང་དཔོན་ནི་ཚོང་བདག་གི་གཙོ་བོར་གྱུར་པའོ། །དེད་དཔོན་ནི་གང་དག་འདྲེན་པར་བྱེད་པའི་སྒོ་ནས་དོན་མཐུན་དག་འདོན་པར་བྱེད་པའོ། །ཚུལ་འཆོས་པ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་འཆོས་པ་ནི་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟི་འདོད་པས་ཕ་རོལ་ལ་ཡོན་ཏན་སྲིད་པའི་བསམ་པས་གཞན་ལ་སྤྱོད་ལམ་སྟོན་པར་བྱེད་པ་དང༌། དབེན་
པར་བྱེད་པའི་ཕྱོགས་སུ་གནས་པ་དང༌། སན་ནི་ཁ་ཡང་དག་པར་སྟོན་པའོ། །ཁ་གསག་ནི་རྣམ་པ་གསུམ་སྟེ། རྙེད་བ་དང་བཀུར་སྟིའི་བསམ་པ་ཅན་གྱིས་སྙན་པར་སྨྲ་བ་དང༌། བདག་གི་ཡོན་ཏན་བརྗོད་པ་དང༌། ཆོས་སྨྲ་བའོ། །གཞོགས་སློང་ནི་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱི་གནོད་པའི་གཞི་ཡང་དག་པར་སྟོན་པ་དང༌། མངོན་པར་འདོད་པའི་དངོས་པོ་ཚིག་གིས་མངགས་པ་དང༌། ཕྱི་རོལ་གྱི་རྒྱུ་མཚན་ལུང་སྟོན་པའོ། །རྙེད་པའི་བསམ་པ་ཅན་གྱིས་སེར་སྣ་ཅན་ལ་སོགས་པ་ལ་གཏོང་བ་ལ་རྒྱ་ཆེར་བསྔགས་པ་བྱེད་པ་ནི་ཐོབ་ཀྱིས་འཇལ་བ་ཡིན་ནོ། །གཞན་ལས་རྙེད་པའི་རྙེད་པ་གང་ཡིན་པ་དེ་རྙེད་པ་གཞན་གྱི་དོན་དུ་སྦྱིན་པར་བྱེད་པ་འམ། ཟང་ཟིང་ལ་སོགས་པ་རྙེད་པའི་དོན་དུ་སྟོབས་པར་བྱེད་ཅིང༌། ཇི་ལྟར་ན་རྙེད་པ་རྙེད་པར་འགྱུར་ཞེས་རྙེད་པས་རྙེད་པ་བསྒྲུབ་པར་འདོད་པ་ཡིན་ནོ། །རིག་པ་ངན་པ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་འདིའི་འབྲས་བུ་འཇིག་རྟེན་པའི་བཟོའི་བྱེ་བྲག་ནི་མཐོ་རིས་དང་ཐར་པའི་འབྲས་བུ་སྒྲུབ་པར་བྱེད་པ་མ་ཡིན་པས་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་དང༌། དེ་བཞིན་གཤེགས་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཉིད་ཀྱི་ཕྱིར་རིག་པ་ངན་པ་ཡིན་ནོ། །ལོག་པའི་འཚོ་བ་དེ་ཉིད་ལོག་པའི་ལས་ལ་བརྟེན་པའི་སྒོ་ནས་འཚོ་བར་བྱེད་པས་ན་ལོག་པས་འཚོ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ལྟས་ངན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕྲལ་དུས་གས་པ་ལས་གང་བྱུང་ཞིང་སྐྱེ་བ་ནི་ལྟས་ངན་ཡིན་ཏེ། ལྟས་ངན་དེའི་འབྲས་བུ་གང་ཡིན་པ་དེ་ལུང་སྟོན་པར་བྱེད་ཅིང་ལུང་བསྟན་པ་དེས་ནོར་གྱི་ཚོགས་གང་རྙེད་པ་དེས་འཚོ་བར་བྱེད་པ་ཡིན་ནོ། །རྨ་ཞེས་བྱ་བ་ནི་རྨ་ཅུང་ཞིག་སྐྱེས་པ་ནི་དོན་སྒྲུབ་པར་བྱེད་པ་ཡིན་ལ། ཁ་ཅིག་ནི་དོན་མ་ཡིན་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་རྨའི་མཚན་ཉིད་ལུང་བསྟན་པ་ལ་མཁས་པར་གྱུར་པའོ། །རྨི་ལམ་གྱི་མཚན་ཉིད་དང༌། མེས་ཚིག་པ་དང༌། ཆུས་རེག་པ་ལས་འཕྲལ་དུ་གོས་སམ་ལུས་ལ་ཆུའི་ཐིགས་པ་ལྷུང་བ་ནི་ཆུས་རེག་པ་ཞེས་བྱ་བ་དང༌། བྱི་བས་ཟོས་པའི་འབྲས་བུ་ལུང་སྟོན་པ་ལ་མཁས་པ་དེས་ཀྱང་འཚོ་བར་བྱེད་པ་ཡིན་ནོ། །གདོན་བབས་ནི་ཞུགས་པའོ། །དབྱངས་རྟོགས་པ་ཞེས་བྱ་བ་ལ། དབྱངས་སོ་སོ་ཐ་དད་
པའི་འགྱུར་བའི་འབྲས་བུ་ལུང་བསྟན་པ་ལ་མཁས་པའོ། །འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བ་ལ། འབྱུང་པོ་ཐམས་ཅད་ཀྱི་སྐད་ཡོངས་སུ་ཤེས་པའི་ནུས་པ་རྙེད་པར་བྱེད་པའི་བསྟན་བཅོས་ཡོད་ལ། བསྟན་བཅོས་དེ་ལ་མངོན་པར་གོམས་པ་ལ་བྱའི་སྐད་ཀྱི་དོན་རྣམ་པར་འབྲེལ་པ་ལ་ཡང་མཁས་པར་འགྱུར་རོ། །ཡན་ལག་རིག་པ་ནི་གང་གིས་ལུས་ཀྱི་མཚན་ཉིད་ཤེས་པའོ། །གོས་རིག་པ་ནི་གང་གིས་ཡོན་ཏན་དང་ལྡན་པ་དང་ཡོན་ཏན་ཡོད་པ་མ་ཡིན་ནོ་ཞེས་གོས་ཀྱི་མཚན་ཉིད་ཤེས་པའོ། །ནེ་ཙོ་རིག་པ་ནི་གང་གིས་ནེ་ཙོའི་མཚན་ཉིད་ཤེས་པའོ། །དགོས་པའི་དོན་དུ་འགྲོ་བ་ལ་བསྔགས་པའི་མཚན་ཉིད་འབྱུང་བར་འགྱུར་བའི་ཤིས་པ་དེའི་མཚན་ཉིད་གང་གིས་ཤེས་པ་དེ་ནི་ཤེས་པའི་རིག་པའམ། །ནེ་ཙོ་མ་གཏོགས་པ་བྱ་གཞན་གྱི་མཚན་ཉིད་ལ་མཁས་པར་གྱུར་པའོ། །མཐེ་བོའི་རིག་པ་ནི་གང་གིས་མཐེ་བོ་ལ་འཇུག་པ་ལ་སོགས་པ་བྱེད་པ་ཡིན་ནོ། །ཡུད་ཙམ་དག་ལ་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། དུས་འདི་ནི་བཟང་ལ། འདི་ནི་བཟང་པོ་མ་ཡིན་པས་ཡུད་ཙམ་འདི་ལ་ལས་འདི་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྐར་མ་དག་ཤར་བ་ནི་སྐར་མ་བཟང་པོ་བྱུང་བ་ཡིན་ཏེ། དོན་དེ་ནི་རྒྱུ་སྐར་འགྲོ་བ་དང་འོང་བ་ལ་མཁས་པ་དང༌། བྱ་བ་རྩོམ་པའི་རྒྱུ་སྐར་གྱི་མིང་ལ་མཁས་པ་ཞེས་བྱ་བ་འདི་ཡིན་ནོ། །རོ་བརྟག་པ་ལ་ཞེས་བྱ་བ་ནི་མི་ཤི་བའི་ལུས་མ་སྣད་པ་ནི་རོའི་སྒྲས་བརྗོད་དེ། དེའི་བརྟག་པ་ནི་རོ་ལངས་ལ་སོགས་པའི་ལས་དེ་ལ་མཁས་པར་གྱུར་པའོ། །འཚེ་བ་ལ་སོགས་པ་ཞི་བའི་དོན་གྱི་ལས་ནི་ཞི་བའི་ལས་ཡིན་ཏེ། རིག་བྱེད་ལས་བསྟན་པའམ་གཞན་པའོ། །རྒྱས་པའི་ལས་ནི་སྤེལ་བ་དང་འབྱོར་པ་རྒྱས་པར་བྱེད་པའི་ལས་ཤེས་བྱའི་བར་དུའོ། །དྲག་པོའི་ལས་ནི་གཞན་གྱི་སྲོག་ལ་གནོད་པར་བྱེད་པ་མགར་བ་ལ་སོགས་པའི་ལས་སམ། བཅུད་ཀྱིས་ལེན་གྱི་ལས་ཡིན་ནོ། །འགའ་ཞིག་གིས་ནད་ཞི་བར་བྱེད་པའི་ཕྱིར་སྔགས་བཟླས་པའི་ཆུས་བརླན་པའི་གཏོར་མའི་ལས་ཡིན་ནོ། །ཡི་གེའི་རིག་པ་ནི་ཡི་གེའི་གྲངས་དང༌། རྩིས་དང༌། སྐར་མའི་བསྟན་བཅོས་རིག་པའོ། །དགོད་པ་ནི་ཡན་ལག་རྣམ་པར་དགོད་པའོ། །བཞི་པ་དང༌། ལྔ་པ་དང༌། ཉི་ཤུ་པ་
དག་ཅི་ཙམ་དུ་འགྱུར་ཞེས་དྲིས་པ་ལ་མྱུར་དུ་ཡོངས་སུ་ཤེས་པ་ནི་གྲངས་ལ་མཁས་པ་ཡིན་ནོ། །ལག་པས་ཕྱག་རྒྱའི་རྣམ་པ་བཅིང་བའམ། ལག་རྩིས་ཀྱི་བརྡ་ནི་ལག་བརྡ་ཡིན་ནོ། །ལམ་རིག་པ་ནི་གང་གིས་ལམ་དུ་འཇུག་པའི་འབྲས་བུ་ཤེས་པའོ། །ནད་ཞི་བའི་ཐབས་སུ་གྱུར་པའི་མན་ངག་ནི་གསོ་བ་ཡིན་ནོ། །བུད་མེད་དག་གི་ཐུན་མོང་མ་ཡིན་པའི་ནད་ཉེ་བར་ཞི་བའི་ཐབས་སྟོན་པ་ནི་བུད་མེད་ཀྱི་གསོ་བ་ཡིན་ལ། དེ་བཞིན་དུ་སྐྱེས་པའི་གསོ་བ་དང༌། གཞོན་ནུའི་གསོ་བ་དང༌། གཞོན་ནུ་མའི་གོས་བདག་ཀྱང་ཡིན་ནོ། །སྨན་དག་གི་སྦྱོར་བ་ཞེས་བྱ་བ་ནི་སྨིན་པ་ལ་སོགས་པའི་རྫས་བྱིན་པས་འཚོ་བར་བྱེད་པའོ། །ནོར་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ། གང་དུ་ནོར་བུ་དུག་ལ་སོགས་པ་སེལ་བར་བྱེད་པའི་ནུས་པ་དུ་མ་དང་ལྡན་པ་དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བའི་སྒོ་ནས་ཤེས་པ་ཡིན་ནོ། །དབྱིག་པ་ལ་བཟང་པོ་དང་བཟང་པོ་མ་ཡིན་པའི་མཚན་ཉིད་ཡོད་པ་ཉིད་ཀྱི་ཕྱིར་དབྱིག་པའི་མཚན་ཉིད་ལ་མཁས་པར་གྱུར་པའོ། །རལ་གྲི་ནི་རལ་གྲི་ཡིན་ཏེ། རལ་གྲི་ལ་སོགས་པའི་མཚོན་དག་གི་བཟང་པོ་དང་བཟང་པོ་མ་ཡིན་པའི་མཚན་ཉིད་ལ་མཁས་པར་གྱུར་པའོ། །གླང་པོ་ཆེ་ལ་སོགས་པ་ནས་གཞོན་ནུ་མའི་མཐར་ཐུག་པ་དག་གིས་མཛེས་པ་དང་མཛེས་པ་མ་ཡིན་པའི་མཚན་ཉིད་ཡོད་པའི་མཚན་ཉིད་གང་དང་ལྡན་པ་དག་ཁྱིམ་དུ་གཞག་པ་ལས་དགེ་བ་དང༌། མི་དགེ་བར་འགྱུར་བ་དེའི་མཚན་ཉིད་དང༌། མཚན་ཉིད་འདི་དང་ལྡན་ན་ཚེ་ཐུང་ཞིང་འདིས་ཚེ་རིང་བར་འགྱུར་བ་དང༌། འདིས་ལོངས་སྤྱོད་ཆུང་ཞིང་འདིས་ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། བསོད་ནམས་ཆུང་བའི་མཚན་ཉིད་འདི་ཡིན་ཞིང་བསོད་ནམས་ཆེ་བ་འདི་ཡིན་པ་དང༌། འདི་ལུས་ཆུང་ལ་ལུས་བོང་ཆེ་བ་དང༌། འདི་རྗེ་བོའི་མཚན་ཉིད་ཡིན་ལ། འདི་བྲན་གྱི་མཚན་ཉིད་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་ནོ། །མགྱོགས་པ་ཞེས་བྱ་བ་ལ་སོགས་པ་ནི་རུ་ཧ་དང༌། མས་གཏོང་བ་དང༌། ཡན་ལག་མ་ལུས་པ་དུགས་བྱས་པ་ནི་མགྱོགས་པའི་སྒྲས་བསྟན་ཏོ། །སྐྱུག་པ་དང༌། འཁྲུ་བ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གྱེན་དུ་བཤལ་བ་ནི་སྨན་སྔོན་དུ་སོང་བ་ཅན་གྱི་སྣ་ལ་སོགས་པ་ལས་འཛག་པར་གྱུར་པའོ། །སྣའི་ལས་
ནི་དུ་བ་རྔུབ་པའོ། །ཡན་ལག་གི་ཕྱོགས་གཅིག་གི་དུགས་ཀྱང་རབ་ཏུ་གྲགས་པ་ཡིན་ནོ། །སྙིང་གའི་ཕྱོགས་ན་ཡོངས་སུ་གནས་པའི་ནད་ཀྱི་གསོ་བ་བསྟན་པ་ནི་མ་ཞུ་བའི་གནས་བརྗོད་པའོ། །སྙིང་གའི་འོག་མན་ཆད་ཀྱིས་ནི་ཞུ་བའི་གནས་བརྗོད་པའོ། །ལུས་ཀྱི་ཕྱོགས་ལས་བྱུང་བ་འབྲུམ་པ་འབྲས་བུའི་རྣམ་པ་ལྟ་བུ་བཤད་པ་དག་ནི་འབྲུམ་བུའོ། །བརྗོད་ལེའུ་ལག་པ་ལ་སོགས་པ་ལས་བྱུང་བ་འབྲས་ཀྱི་བྱ་བ་འཆད་པ་དག་ནི་འབྲས་ཀྱི་བརྗོད་ལེའུ་ཡིན་ནོ། །རི་དག་རྣམས་འཁོར་ལོ་བཞིན་དུ་རྒྱུ་བ་ནི་རི་དག་འགྲོ་བ་ཡིན་ཏེ། དེའི་འབྲས་བུ་ལུང་བསྟན་པ་ལ་མཁས་པར་གྱུར་པའོ། །ཁྭ་དག་ནམ་མཁའ་ལ་ཚོགས་ཤིང་རྒྱུ་བ་ནི་ཁྭའི་ཚོགས་ཡིན་ཏེ། དེའི་འབྲས་བུ་ཡང་ཤེས་པར་གྱུར་པའོ། །ཀོས་ཀོའི་ཕྱོགས་འགུལ་བ་ལ་སོགས་པ་གྱུར་པ་སྲིད་པ་ནི་ཀོས་ཀོ་ཞོམ་པ་སྟེ། དེའི་འབྲས་བུ་ལུང་སྟོན་པ་ལ་མཁས་པར་གྱུར་པའོ། །འཕྲལ་དུ་སོའི་ཕྲེང་བ་དག་གིས་ལྕེ་ལ་འབྱོར་པར་གྱུར་པ་ནི་ལྕེ་བཞར་བ་ཡིན་ནོ། །རོ་ལངས་ནི་འཁོར་ལོ་གཉིས་དང་ལྡན་པའི་ཤིང་རྟ་ལ་ཞོན་པ་ལག་པ་གཉིས་ཀྱིས་རལ་གྲི་སོ་སོར་འཛིན་པའོ། །རོ་ལངས་ཕྱེད་ནི་འཁོར་ལོ་གཅིག་པའི་ཤིང་རྟ་ལ་ཞོན་ཅིང་རལ་གྲི་གཅིག་འཛིན་པས་ཉེ་བར་མཚོན་པའོ། །དགུག་པ་ཞེས་བྱ་བ་ལ་སོགས་པ་ལ། དགུག་པ་ནི་འབྱུང་པོ་དག་འདྲེན་པར་བྱེད་པའོ། །སླར་གཏོང་བ་ནི་ཨ་རྒ་ལ་སོགས་པ་སྦྲེངས་ནས་གཏོང་བར་བྱེད་པའོ། །ཀུན་ནས་རྨོངས་པར་བྱེད་པ་ནི་སྔས་ཀྱིས་གཞན་གྱི་ སེམས་རྣམ་པར ་རྨོངས་པ་སྐྱེད་པར་བྱེད་པའོ། །རྣམ་པར་རྨོངས་པ་ནི་ཁྱད་པར་སྔགས་ཀྱིས་གཞན་གྱི་ཡན་ལག་རྣམ་པར་བཤིག་ཅིང་འགྱུར་བའོ། །རྣམ་པར་བཤིག་པ་ནི་སྔགས་ཁོ་ནས་རོ་རྒྱབ་ལ་སོགས་པ་འཇིག་པར་འགྱུར་བའོ། །སྔགས་ཁོ་ནས་བདེ་བ་བསྐྱེད་པ་ནི་བདེ་བར་བྱས་པ་ཡིན་ལ། དེ་བཞིན་དུ་སྡུག་བསྔལ་བར་བྱས་པ་ཡིན་ནོ། །སྨན་ལ་སོགས་པས་མངལ་བསྐྱེད་པ་ནི་སྦྲུམ་པར་བྱས་པ་ཡིན་ནོ། །མེ་ལ་ཏིལ་ལ་སོགས་པའི་སྦྱིན་སྲེག་བྱིན་པ་ནི་ཏིལ་ལ་སོགས་པའི་སྦྱིན་སྲེག་ཡིན་ནོ། །གསེར་ལ་སོགས་པ་བཅུག་པ་ནི། རྫས་ཀྱི་སྦྱིན་སྲེག་ཡིན་ནོ། །ཏིལ་མར་དང་མར་བཅུག་པ་ནི་སྦྱིན་སྲེག་གི་སྦྱིན་སྲེག་
ཡིན་ནོ། །ཉི་མ་ལ་བསྙེན་པའམ་རབ་ཏུ་ཆགས་པར་གྱུར་པ་དེ་ནི་བསྙེན་པའི་ཆོ་ག་ལ་མཁས་པའོ། །རྒྱུ་སྐར་ལ་ཕྱོགས་པ་དང༌། ལྷ་ལ་ཕྱོགས་པ་དག་ཀྱང་དེ་དང་འདྲའོ། །དབང་ཕྱུག་གི་མཆོག་གི་འདུས་པ་སྒྲུབ་པར་བྱེད་པ་ནི་སྤོང་བ་ཆེན་པོ་དེ་ལ་མངོན་པར་སྦྱོར་བ་དེས་འཚོ་བར་བྱེད་པ་ཡིན་ནོ། །འཇིགས་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པར་འགྲོ་བའི་མཚན་ཉིད་ཤེས་པ་དང༌། བདེ་བར་འགྱུར་བའི་མཚན་ཉིད་ཤེས་ཤིང་ལོ་ཉེས་དང་ལོ་ལེགས་པའི་མཚན་ཉིད་ཤེས་པར་འགྱུར་བའོ། །ངན་པར་འབབ་པས་ན་ཆར་མི་འབབ་པ་སྟེ་འབྲུ་ཉམས་པར་བྱེད་པའོ། །དགེ་བར་འབབ་པས་ན་ཆར་འབབ་པར་འགྱུར་བ་སྟེ་འབྲུ་སྒྲུབ་པར་བྱེད་པའོ། །ལྷ་འཁྲུགས་པ་དང་བདུད་ལ་སོགས་པའི་རྣམ་པར་འཚེ་བ་ལས་བྱུང་བ་ནི་ཡམས་ཡིན་ནོ། །ཅིག་ཤོས་ནི་བཟློག་པའི་མཚན་ཉིད་ཡིན་ནོ། །ནང་གི་ཞེས་བྱ་བ་ལ་སོགས་པ་ལ་གཞན་གྱི་འདོད་པས་འགྲོ་བ་ནི་བྲོས་པར་གྱུར་པ་ཡིན་ལ། རང་གི་འདོད་པས་འགྲོ་བ་ནི་སྙེགས་པར་གྱུར་པའོ། །ལམ་ཞེས་བྱ་བ་ལ་སོགས་པ་ལ་ལམ་ནི་རབ་ཏུ་གྲགས་པའི་ལམ་པོ་ཆེ་ཡིན་ལ། རབ་ཏུ་གྲགས་པ་མ་ཡིན་པ་ནི་ལམ་གོལ་བ་ཡིན་ནོ། །སྐར་མའི་གཟུགས་ལྟུང་བ་ནི་སྐར་མདའ་ལྟུང་བའོ། །ཕྱོགས་དང་ནམ་མཁའི་ཕྱོགས་ཤིན་ཏུ་འོད་གསལ་བར་གྱུར་པ་ནི་ཕྱོགས་ཚིག་པའོ། །བར་སྣང་ལ་མི་བཟད་པའི་སྒྲ་འབྱུང་བ་ནི་ལྷའི་རྔ་བོ་ཆེ་དག་ཡིན་ནོ། །རང་གི་ཡོན་ཏན་སྒྲུབ་པ་ནི་རྫུ་འཕྲུལ་ཆེ་བའོ། །གཞན་ལ་ཕན་འདོགས་པར་བྱེད་པའི་སྒོ་ནས་མཐུ་ཆེ་བ་ཡིན་ནོ། །ཤར་བ་ནི་ཤར་གྱི་རི་ལས་འབྱུང་བའོ། །ནུབ་པ་ནི་ནུབ་ཀྱི་རིར་ཞུགས་པར་གྱུར་པའོ། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཡིན་ལ། །རྣམ་པར་བྱང་བ་ནི་ཤིན་ཏུ་དང་བར་གྱུར་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་རྣམ་པར་གཞག་བའི་ལམ་གྱིས་རྣམ་པར་གཞག་པའི་ལམ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་སྨིན་པ་དང་ཞེས་བྱ་བ་དེ་ལྟ་བུའི་འབྲས་བུ་ཡིན་ནོ། །དེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ནི་བསྟན་མ་ཐག་པའི་རབ་ཏུ་བྱུང་པའོ། །འཕགས་བ་ཞེས་བྱ་བ་ལ་སོགས་པ་ལ། ཟག་པ་མེད་པའི་ལམ་གྱི་ཚོགས་ཡིན་པའི་ཕྱིར་ཟག་པ་དང་བཅས་
པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ཡང་འཕགས་པ་ཞེས་བྱའོ། །ནང་གི་ཞེས་བྱ་བ་ལ། བདག་ཉིད་ལྷག་པར་བྱས་པས་ན་ནང་ཡིན་ནོ། །གཞན་གྱི་སྐྱོན་བརྗོད་པའི་སྐབས་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། དེའི་བདེ་བ་ནི་གང་ཚུལ་ཁྲིམས་ཡོངས་སུ་དག་པའི་རྒྱུར་གྱུར་པ་ཡིན་ནོ། །སོ་སོར་མྱོང་བ་ནི་ཡོངས་སུ་རྫོགས་པར་ཉམས་སུ་མྱོང་བའོ། །སྒོ་སྦས་པ་ཞེས་བྱ་བ་ལ། གང་གི་སྒོ་སྦས་པ་ཞེས་བྱ་བ་ནི་སྒོ་སྦས་པའོ། །གང་གི་སྒོ་སྦས་ཤེ་ན། དབང་པོའི་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་དག་དགག་པའི་ཡུལ་ལ་འཇུག་པ་ལས་བཟློག་པ་གང་ཡིན་པ་དེ་ནི་དབང་པོའི་སྒོ་སྦས་པ་ཡིན་ནོ། །རྟག་ཏུ་མངོན་སུམ་དུ་གྱུར་པའི་སྒོ་ནས་དྲན་པ་ཀུན་ནས་བསྲུངས་པ་གང་ཡིན་པ་དེ་ནི་དྲན་པ་ཀུན་ནས་བསྲུངས་པའོ། །གུས་པས་མངོན་སུམ་དུ་བྱེད་པས་ན་དྲན་པ་ངེས་ པར་བསྲུངས་བ་ཡིན་ཏེ། སེམས ་མི་དགེ་བའི་རྣམ་པའི་རྟོག་པ་དག་ལས་ངེས་པར་ཏེ། ཁྱད་པར་དུ་སྲུང་ཞིང་སྦེད་པར་བྱེད་པའི་ཕྱིར་ངེས་པར་བསྲུངས་པ་སྟེ། ངེས་པར་བསྲུངས་པ་གང་ཡིན་པ་དེ་ནི་དྲན་པ་ངེས་པར་བསྲུངས་པའོ། །དེ་ཉིད་ཀྱི་ཕྱིར་དྲན་པ་བསྲུངས་པའི་ཡིད་ཡིན་ཏེ། རྒྱུན་གྱིས་དྲན་པ་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རོ། །གནས་སྐབས་མཉམ་པར་སྤྱོད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་དག་ཡུལ་འཛིན་པའི་གནས་སྐབས་ལ་ཇི་ལྟར་ཉེས་པ་དང་ལྡན་པར་མི་འགྱུར་བ་དེ་ལྟར་མཉམ་པོར་དཔྱོད་ཅིང་འཇོག་པར་བྱེད་པའོ། །ཇི་ལྟར་གནས་སྐབས་མཉམ་པར་དཔྱོད་པར་འགྱུར་ཞེ་ན། དེ་མིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མཚན་མར་མི་འཛིན་པ་ཞེས་བྱ་བ་ནི་གསད་པ་ལ་སོགས་པ་ཉིད་དུ་མཚན་མར་མི་འཛིན་གྱི། འོན་ཀྱང་ཇི་ལྟར་གཟུགས་དེའི་རང་བཞིན་ཁོ་ན་བཞིན་དུ་འཛིན་པར་བྱེད་དོ། །མཚན་མར་འཛིན་པ་སྔོན་དུ་སོང་བ་ཅན་གྱི་དངོས་པོ་གཞན་དང་འབྲེལ་པའི་མིང་གི་མཚན་མ་འཛིན་པ་སྟེ། དཔེར་ན་ཨུཏྤལ་ལ་སྔོན་པོ་དང་འབྲེལ་པའི་མིག་དང༌། རི་བོང་ཅན་དང་འབྲེལ་པའི་གདོང་དང༌། པད་མ་དང་འབྲེལ་པའི་ལག་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུ་མཚན་གྱིས་སོ། །སྡིག་པ་མི་དགེ་བའི་ཆོས་ནི་འདོད་ཆགས་ལ་སོགས་པ་ཡིན་ལ།
སེམས་རྗེས་སུ་འཇུག་པ་ནི་སེམས་ལ་བརྟེན་ནས་རབ་ཏུ་འཇུག་པའམ། སེམས་ཡོངས་སུ་དོར་བར་མི་བྱེད་པ་ཡིན་ནོ། །གང་ལ་ སེམས་འཇུག་པར ་འགྱུར་བ་ཡིན་ཞེ་ན། མིག་གི་དབང་པོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མིག་གི་དབང་པོའི་སྒོ་ནས་སྡོམ་པ་མ་ཡིན་པ་དེ་སྡོམ་པ་དེ་དང་ལྡན་ཞིང་འབྱོར་པ་གང་ཡིན་པ་དེ་ལའོ། །ཅི་ཞིག་ཡོད་ པར་གྱུར་ཞེ་ན། སྨྲས་པ། བརྣབ་སེམས ་དང་གནོད་ སེམས་ཡོད་པར ་གྱུར་ནའོ། །ཡུལ་གང་ལ་བརྣབ་སེམས་དང་གནོད་སེམས་འབྱུང་བ་ཡིན་ཞེ་ན། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཡུལ་ལའོ། །གཞན་གྱི་ཡུལ་ལ་ཆགས་པ་ནི་བརྣབ་ སེམས་ཡིན་ལ་མངོན་པར ་འདོད་པའི་དོན་མ་འབྱོར་པ་སྔོན་དུ་སོང་བ་ཅན་ནི་ཡིད་མི་བདེ་བ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་ནི་བརྣབ་ སེམས་དང་ཡིད་མི་བདེ་བའོ། །དེ་ཡོད་པར ་གྱུར་ན་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་སྡིག་པ་དག་ཡིན་ལ། འདོད་པ་མ་ཡིན་པའི་འགྲོ་བ་འདོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མི་དགེ་བ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་དེ་དག་སྡོམ་པའི་ཕྱིར་ཏེ། མི་སྐྱེ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་ཅིང་སྒྲུབ་པར་བྱེད་པའམ། ཚུལ་བཞིན་མ་ཡིན་པའི་རྒྱུ་མཚན་འཛིན་པ་ལ་སོགས་པ་དབང་དུ་བྱེད་པའི་ཚུལ་དེ་སྡོམ་པའི་ཕྱིར་ནན་ཏན་དུ་བྱེད་པ་ཡིན་ནོ། །གནོད་པ་མེད་པའི་བདེ་བ་ཞེས་བྱ་བ་ནི་རང་གི་ སེམས་ཤིན་ཏུ་ཡོངས་སུ་མགུ་བར་གྱུར་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པའོ། །མངོན་པར ་འདོད་པའི་གནས་སུ་འགྲོ་བར་བྱེད་པ་ནི་འགྲོ་བ་སྟེ། མངོན་དུ་ཕྱོགས་ནས་འགྲོས་བྱེད་པ་ཡིན་ནོ། །འོང་བ་ནི་ཕྱིར་ལྡོག་པའོ། །ཤེས་བཞིན་དུ་གནས་པར་གྱུར་པ་ཞེས་བྱ་བ་ནི་ཤེས་རབ་སྔོན་དུ་བྱེད་པའི་སྒོ་ནས་འགྲོ་བ་དང་འོང་བའི་རྒྱུ་མཚན་ལ་ཁ་ན་མ་ཐོ་བ་ལ་ཀུན་དུ་སྤྱོད་པ་མ་ཡིན་པའོ། །མངོན་དུ་ཕྱོགས་པས་ལྟ་བར་བྱེད་པ་ནི་ལྟ་བ་ཡིན་ལ། ཟུར་གྱིས་ལྟ་བར་བྱེད་པ་ནི་ཀུན་དུ་ལྟ་བ་ཡིན་ནོ། །བསྐུམ་པ་ནི་དཔུང་བ་ལ་སོགས་པའི་ཡན་ལག་སྡུད་པར་བྱེད་པའོ། །བརྐྱང་བ་ནི་དོན་རབ་ཏུ་གྲགས་པ་ཡིན་ནོ། །སྦྱར་མ་ནི་གོས་ཀྱི་མཆོག་ཡིན་ནོ། །ཆོས་གོས་ནི་གོས་ལྷག་མ་དག་ཡིན་ནོ། །འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་ལམ་བཞི་སྟོན་པ་ཡིན་ནོ། །གཉིད་ལས་གྱུར་པའི་རྨྱ་བ་ནི་གཉིད་ཀྱིས་རྨྱ་བའོ།།
ལུས་རྨྱ་བས་གཟིར་བ་ནི་རྨྱ་བ་དེ་ཅུང་ཟད་གཉིད་ལོག་པས་སོ་སོར་བསལ་ཅིང་ཡོངས་སུ་སྤངས་པ་སྟེ། དེ་ལ་ཤེས་བཞིན་དུ་གནས་པ་ཡིན་ནོ། །ཤེས་བཞིན་ནི་ཤེས་རབ་ཡིན་ནོ། །ཕོངས་པ་མེད་པའི་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་རྣམ་པ་སྣ་ཚོགས་ལ་ཡིད་ལྟུང་བར་བྱེད་པ་ནི་ཕོངས་པ་ཡིན་ཏེ། ཕོངས་པ་མ་ཡིན་པ་ནི་ཕོངས་པ་མེད་པ་སྟེ། ཡུལ་གཅིག་ལ་འཇུག་པ་ཞེས་བྱ་བའི་ཐ་ཚིག་སྟེ། བདེ་བ་དེ་ཉིད་སོ་སོར་མྱོང་བར་གྱུར་པའོ། །དབེན་ པར་ཞེས་བྱ་བ་ནི་ལུས་དང་སེམས ་དབེན་པ་དང་ལྡན་པའོ། །འདི་ལ་ཉལ་བར་བྱེད་པའི་ཕྱིར་མལ་ཡིན་ནོ། །འདི་ལ་འདུག་པར་བྱེད་པའི་ཕྱིར་སྟན་ཡིན་ནོ། །དགོན་པ་ནི་གྲོང་ལས་རྒྱང་གྲགས་ཀྱི་མཐར་གྱུར་པའོ། །སྐྱིལ་མོ་ཀྲུང་བཅས་པ་ནི་སྐྱིལ་མོ་ཀྲུང་བཅས་པར་གྱུར་པའོ། །ལུས་དྲང་པོར་བསྲང་ཞེས་བྱ་བ་ནི་ལུས་བསྲང་བ་ཉིད་ཡིན་ཏེ། རྩིབ་ལོགས་ཀྱི་ཕྱོགས་ནས་བརྩམས་ནས་ལྟོ་བརྒྱས་པར་བྱས་པའོ། །མངོན་དུ་གཞག་པ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པར་གྱུར་པ་སྟེ་དྲན་པ་མངོན་དུ་གཞག་པ་ཡིན་ཏེ། རྣལ་འབྱོར་པས་སྣའི་རྩེ་མོ་ལ་མིག་གིས་བལྟས་ཏེ་བསམ་གཏན་བྱའོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡོད་པས་ན་སྣའི་རྩེ་མོ་ལ་མིག་གཏད་ན་དྲན་པ་ཡང་སྒོམ་པར་བྱེད་པའི་དོན་དེ་ཉིད་ལ་གཞག་པར་འགྱུར་བ་དེའི་ཕྱིར་འདིས་ནི་ལུས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཕྱིན་ཅི་མ་ལོག་པར་རྩོམ་པའི་རྒྱུ་མཚན་ཏིང་ངེ་འཛིན་གྱི་ཡན་ལག་ཅེས་བསྟན་ པར་འགྱུར་རོ། །བརྣབ་སེམས ་ཞེས་བྱ་བ་ལ་སོགས་པ་ལ། བརྣབ་སེམས་ནི་ཕ་རོལ་པོའི་ཡུལ་འདོད་པའི་མཚན་ཉིད་ཅན་ནོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་ཅན་ཡིན་ནོ། །སྤངས་པ་ནི་རེངས་ པར་བྱེད་པ་སྟེ། འདིར་སྤངས་པའི་སྒྲས་བསྟན་པ་ཡིན་ནོ། །བརྣབ་སེམས ་དང་བྲལ་བ་ཞེས་བྱ་བ་ནི་གང་གི་ཕྱིར་མངོན་སུམ་དུ་གྱུར་པའི་སྒོ་ནས་བརྣབ་སེམས་དང་བྲལ་བའི་སེམས་ཡིན་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །རྒྱུན་གྱི་སེམས་དེ་ལ་མངོན་དུ་ཕྱོགས་པའི་ཕྱིར་མང་དུ་བྱས་པ་ཞེས་བསྟན་ཏོ། །བརྣབ་སེམས་ཀྱི་ སེམས་ཡོངས་སུ་སྤྱོད་པར ་བྱེད་དོ་ཞེས་བྱ་བ་ནི་བརྣབ་སེམས་སྤང་པའི་ཕྱིར་ཤིན་ཏུ་འབྲེལ་ པར་གྱུར་པའོ། །གནོད་སེམས ་ནི་ སེམས་
ཅན་ལ་རྣམ་པར ་ཞེ་སྡང་པའི་མཚན་ཉིད་ཅན་དང༌། རྨུགས་པ་ནི་ལུས་དང་ སེམས་ལས་སུ་མི་རུང་བ་དང༌། རྨོངས་པར ་གྱུར་པའོ། །གཉིད་ནི་ སེམས་མངོན་པར ་བསྡུས་པ་སྟེ། འདི་གཉིས་ནི་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་ པར་གཞག་པ་ཡིན་ནོ། །རྒོད་པ་ནི་སེམས ་མ་ཞི་བ་ཡིན་ལ། འགྱོད་པ་ནི་ སེམས་རྣམ་པར ་སྐྱོ་བར་གྱུར་པ་སྟེ། འདི་གཉིས་ཀྱང་ཕན་ཚུན་རྗེས་སུ་མཐུན་པ་ཁོ་ན་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཏུ་རྣམ་པར་གཞག་པ་ཡིན་ནོ། །ཡང་ན་མི་མཐུན་པའི་ཕྱོགས་གཅིག་ཉིད་ཡིན་པའི་ཕྱིར་དང༌། རྟེན་གཅིག་ཉིད་ཡིན་པའི་ཕྱིར་དང༌། བྱ་བ་གཅིག་བྱེད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་གཅིག་ཉིད་ཡིན་ནོ། །རྨུགས་པ་དང་གཉིད་དག་ནི་སྣང་བའི་འདུ་ཤེས་མི་མཐུན་པའི་ཕྱོགས་ཀྱི་ཆོས་ལྔའི་རྟེན་ཏེ། ལེ་ལོ་དང༌། དགའ་བ་མེད་པ་དང༌། གླལ་བ་དང༌། ཟས་ལ་མི་དད་པ་དང༌། སེམས་ཞུམ་པ་ཉིད་ཡིན་ལ། གཉི་ག་ཡང་ སེམས་ཞུམ་པ་ཉིད་སྐྱེད་པར ་བྱེད་པ་ཞེས་བྱ་བ་གཅིག་བྱེད་པ་ཡིན་ནོ། །རྒོད་པ་དང་འགྱོད་པ་དག་ཀྱང་ཆོས་བཞིའི་རྟེན་བྱེད་པ་ཡིན་ཏེ། ཉེ་དུའི་རྣམ་པར་རྟོག་པ་དང༌། ལྗོངས་ལ་རྣམ་པར་རྟོག་པ་དང་མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་དགོད་པ་དང༌། དགའ་བ་དང༌། རྩེ་བ་དང༌། ཀུན་དུ་སྤྱོད་པ་དང་རྗེས་སུ་དྲན་པ་ཡིན་ལ། འདི་གཉི་ག་ཡང་སེམས་མ་ཞི་བ་སྐྱེས་པ་ལ་རབ་ཏུ་འཇུག་པ་ཉིད་ཡིན་པའི་ཕྱིར་ཡང་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་བྱ་བ་གཅིག་བྱེད་པ་ཡིན་ནོ། །རེ་བ་དང་བྲལ་བ་ལ་སོགས་པ་ཞེས་བྱ་བ་ལ། ཨེ་མའོ་བདག་གི་དོན་འདི་ཤེས་པར་བྱའོ་ཞེས་བྱ་བ་ནི་རྣམ་པ་འདི་ཞེས་བྱ་བའི་དངོས་པོ་དག་ལ་ཐོག་མར་རེ་བ་སྐྱེ་བར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པ་ལས་ཅི་དོན་འདི་ལྟ་བུ་ཡིན་ནམ་འོན་ཏེ་འདི་ལྟ་བུ་མ་ཡིན་ཞེས་ཐེ་ཚོམ་སྐྱེ་བར་འགྱུར་རོ། །རེ་བ་དང༌། ཐེ་ཚོམ་དང་བྲལ་ཞིང་ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་རེ་བ་དང་བྲལ་བ་དང། ཐེ་ཚོམ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་དད་པ་ལ་སོགས་པ་དགེ་བའི་ཆོས་དག་ལ་ཅི་ལྟ་ཅི་ལྟ་བུ་ཅན་ནི་ངེས་པའི་དོན་ཁོང་དུ་ཆུད་པའི་ཕྱིར་རོ། །ཅི་ལྟ་ཅི་ལྟ་བུའི་ཚིག་ནི་ཐེ་ཚོམ་ཁོ་ནའི་རྣམ་གྲངས་བརྗོད་པ་ཡིན་ལ། ཅི་ལྟ་ཅི་ལྟར་གང་ལ་ཡོད་པ་དེ་ནི་ཅི་ལྟ་ཅི་ལྟ་བུ་ཅན་ཡིན་ཏེ། ཅི་ལྟ་ཅི་ལྟ་བུ་ཅན་མེད་
པ་ནི་ཅི་ལྟ་ཅི་ལྟ་བུ་ཅན་མ་ཡིན་པའོ། །སེམས་ཡོངས་སུ་སྦྱོང་བ་ནི་འདིར་ཡང་ཐེ་ཚོམ་ཤིན་ཏུ་སྤང་བའི་ཕྱིར་རོ། །འཕགས་པའི་ལམ་དང་དེའི་སྦྱོར་བ་དགེ་བའི་རྩ་བ་དག་ལ་སྒྲིབ་པར་བྱེད་པའི་ཕྱིར་སྒྲིབ་པ་ཡིན་ཏེ། སྒྲིབ་པ་དེ་དག་ནི་ངེས་པ་ཉིད་དུ་རྣམ་པར་འཆིང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །བུན་ཞེས་བྱ་བ་ནི་སྐྱིན་པོ་བླངས་པའི་ཚུལ་གྱིས་དབྱིག་ལ་སོགས་པ་ལེན་པ་ཡིན་ནོ། །ལས་ཀྱི་མཐའ་ཞེས་བྱ་བ་ནི་སཱ་ལུ་ལ་སོགས་པ་ལས་ཀྱི་མཐའ་འམ། ཚོང་པའི་ཐ་སྙད་དུ་བྱེད་པ་ལ་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །འབྱོར་པར་གྱུར་ན་ཞེས་བྱ་བ་ནི་འབྱོར་བ་ཡོངས་སུ་རྫོགས་པར་གྱུར་ནའོ། །རང་གི་ནོར་ཙམ་ཞེས་བྱ་བ་ལ་རང་གི་ནོར་ནི་གཏེར་ཡིན་ལ། བུད་མེད་ནི་ཆུང་མའོ། །ཙམ་གྱི་སྒྲ་ནི་ཉུང་ངུའི་ཉེ་བར་མཚོན་པ་ཡིན་ནོ། །ཡོད་པ་ནི་ཐོབ་པར་གྱུར་པའོ། །བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོའོ། །ཡིད་དགའ་བར་འགྱུར་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །ནད་ཀུན་ནས་སྐྱེས་པའི་ཕྱིར་ནད་བུ་ཅན་ནོ། །ནད་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལོ། །ནད་ཚབས་ཆེ་བ་ཞེས་བྱ་བ་ནི་ནད་རྒྱས་པ་ཉིད་ཀྱི་ཕྱིར་རོ། །ལུས་ལ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ནོན་པར་བྱེད་པ་སྟེ། ཤིན་ཏུ་ལྕི་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་ཅེས་བྱ་བ་ནི་ནད་སྐྱེད་པར་བྱེད་པའོ། །ནད་མེད་པ་ནི་ནད་དང་བྲལ་བར་གྱུར་པའོ། །ནད་མེད་པ་ཐོབ་པའི་ཕྱིར་སྟོབས་དང་ལྡན་པར་གྱུར་པའོ། །བྲན་ཞེས་བྱ་བ་ལ་སོགས་པ་ལ། བྲན་རྣམ་པ་ལྔ་ཉིད་ནི་མདོ་འདི་ཁོ་ན་ལས་བཤད་ཅིང་བསྟན་པ་ཡིན་ནོ། །མངག་གཞུག་པ་ཞེས་བྱ་བ་ནི་ནོར་གྱིས་གསོས་པའི་མངག་གཞུག་བྱེད་པ་ལ་བྱའོ། །བསྒོ་བ་ཞེས་བྱ་བ་ནི་ནང་མི་དང་ཆོས་གྲོགས་ལ་སོགས་པ་ལ་བྱའོ། །བཀོལ་བར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་ཡ་རབས་ལ་སོགས་པ་རང་དབང་ཅན་མ་ཡིན་པ་དག་གོ །རིགས་པའི་སྒོ་ནས་འདོད་པས་འཇུག་པ་ནི་དབང་བྱེད་པ་ཡིན་ཏེ། དབང་ཕྱུག་གི་མཆོག་གིས་ལས་དེ་གཞན་དུ་འགྲོ་བའི་ནུས་པ་མེད་ཅིང་རྟག་ཏུ་སྟེན་པར་བྱེད་པ་ཡང་མ་ཡིན་པའོ། །དེ་བས་ན་མངག་གཞུག་པ་ལ་སོགས་པ་ནོར་གྱིས་འཚོ་བ་བཞི་པོ་འདི་དག་ནི་ཕྱི་མ་ཕྱི་མ་ཞིང་ཁྱད་པར་དུ་འཕགས་པ་ཡིན་པར་རིག་པར་བྱའོ། །དམ་དུ་བཅིངས་པ་ནི་ཤིན་ཏུ་བཅིངས་
པར་གྱུར་པའོ། །བཅིངས་པའི་དུས་ན་རྣམ་པར་འཚེ་བ་མེད་པའི་ཕྱིར་བཀྲ་ཤིས་པའོ། །དེའི་རྒྱུ་མཚན་གྱི་དུས་ཕྱིས་ཀྱང་རྣམ་པར་འཚེ་བ་མེད་པའི་ཕྱིར་བདེ་བའོ། །ནོར་ཡོངས་སུ་བཏང་བ་མེད་པའི་ཕྱིར་གོད་མེད་པའོ། །འཇིགས་པ་ལས་ཞེས་བྱ་བ་དེ་ནི་དེ་འཇིགས་པ་དང་བཅས་པའི་གནས་དག་ལས་བདེ་བར་གྱུར་ཅེས་བྱ་བ་ནི་འཚེ་བ་མེད་པའི་གནས་ཡིན་ནོ། །ཇི་ལྟར་བུན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། བུན་དུ་གྱུར་པ་ནི་བརྣབ་སེམས་ཀྱི་སྒྲིབ་པ་ཡིན་ཏེ། དེ་ཡོད་ན་འདོད་པའི་ཁམས་ལས་མ་འདས་པའི་ཕྱིར་རོ། །ནད་ནི་གནོད་སེམས་ཀྱི་སྒྲིབ་པ་ཡིན་ཏེ། གནོད་པ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །བྲན་དུ་གྱུར་པ་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཡིན་ཏེ། སེམས་རང་དབང་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འཆིང་བར་གྱུར་པ་ལ་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པ་ཡིན་ཏེ། འདོད་པའི་ཁམས་ལས་འདས་པ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འཇིགས་པ་ནི་ཐེ་ཚོམ་གྱི་སྒྲིབ་པ་ཡིན་ཏེ། མ་ངེས་པའི་རང་བཞིན་ཉིད་ཀྱིས་འཁོར་བ་པའི་འཇིགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་བུ་ལོན་ལ་སོགས་པ་ནི་གནོད་ སེམས་ནས་ཐེ་ཚོམ་གྱི་བར་དག་ཡིན་ནོ། །ཉེ་བར་ཉོན་མོངས་པར ་བྱེད་པ་ཞེས་བྱ་བ་ནི་དྲི་མ་ཅན་དུ་བྱེད་པའམ། ཉེ་བར་གདུང་བར་བྱེད་པ་ཡིན་ནོ། །སེམས་ཉེ་བར་ཉོན་མོངས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཉམ་ཆུང་བ་སྟེ། དེ་བྱེད་པའི་ཕྱིར་ཤེས་རབ་ཉམ་ཆུང་བར་བྱེད་པའོ། །དགེ་བའི་ཆོས་སྐྱེ་བའི་བགེགས་བྱེད་པ་ཡིན་པའི་ཕྱིར་གནོད་པའི་ཕྱོགས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་དང་མི་མཐུན་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ལམ་དུ་འཇུག་པར་བྱེད་པའི་གེགས་བྱེད་པ་ཡིན་པའི་ཕྱིར་རོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ནས་གནས་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་བསམ་གཏན་དང་པོ་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུན་པའི་འདོད་ཆགས་ལ་འདིར་འདོད་པའི་སྒྲས་བསྟན་པ་ཡིན་ནོ། །ཡུལ་རྣམ་པ་སྣ་ཚོགས་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་འདོད་པ་དག་ཅེས་བྱ་བ་མང་པོའི་ཚིག་ཏུ་བྱས་པ་ཡིན་
ལ། འདོད་པའི་སྒྲས་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་བཟུང་བ་ཡིན་ཏེ། དེ་དག་ལ་དབེན་པ་ནི་སྤངས་པ་དང་འདོད་པའི་རྣམ་པ་དང་བྲལ་བར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །འདོད་པ་ན་སྤྱོད་པའི་མི་དགེ་བ་མ་ལུས་པ་སྤངས་པ་ཉིད་ཀྱི་ཕྱིར་སྡིག་པ་མི་དགེ་བ་དག་ལས་དབེན་པར་གྱུར་པ་དང༌། རྟོག་པ་དང་དཔྱོད་པ་དང༌། མཚུངས་པར་ལྡན་ པར་སྨྲས་པ་ཡིན་ནོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ལ། ལུས་དབེན་པ་དང་སེམས ་དབེན་པ་ལས་འདིར་སེམས་དབེན་པ་ཉིད་གཟུང་སྟེ། དེ་ལས་སྐྱེས་པས་ན་དབེན་པ་ལས་སྐྱེས་པའོ། །དགའ་བ་དང་བདེ་བ་ནི་རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བ་ཡིན་ཏེ། སྣ་དང་ལྕེའི་རྣམ་པར་ཤེས་པ་དག་མེད་པའི་ཕྱིར་རོ། །ཡང་ན་འདིས་རྣམ་པར་འབྱེད་པ་ན་དབེན་པ་སྟེ། ཐ་དད་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ །གང་ལས་རྣམ་པར་འབྱེད་པ་ཡིན་ཞེ་ན། འདོད་པ་དག་ལས་ཏེ། བགྲོད་པར་བྱ་བ་མ་ཡིན་པའི་ས་ཟག་པ་དང་བཅས་པའི་ལམ་དབེན་པ་དེ་ལས་སྐྱེས་པ་ནི་དབེན་པ་ལས་སྐྱེས་པ་ཞེས་བྱའོ། །ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཤེས་པས་ཡོངས་སུ་རྫོགས་པར་ཤེས་ནས་སོ། །མངོན་པར་བརླན་ཏོ་ཞེས་བྱ་བ་ནི་ཀུན་ནས་འགེངས་པར་བྱེད་པའམ་ཁྱབ་པར་བྱེད་པའོ། །ཡོངས་སུ་བརླན་ཏོ་ཞེས་བྱ་བ་ནི་ཤིན་ཏུ་འགེངས་པར་བྱེད་པ་འམ། ཤིན་ཏུ་ཁྱབ་པར་བྱེད་པའོ། །ཀུན་ནས་ཚིམ་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་དགའ་བར་བྱེད་པའམ་ཉེ་བར་སོགས་པར་བྱེད་པའོ། །ཀུན་ནས་ཁྱབ་པར་བྱེད་དོ་ཞེས་བྱ་བ་ནི་ཀུན་ནས་ཤིན་ཏུ་ཁྱབ་པར་བྱེད་དོ། །ཁྱབ་པར་མ་གྱུར་པ་ཞེས་བྱ་བ་ནི་གསལ་བར་མ་གྱུར་པའོ། །ཁྱབ་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དེས་ཁྱབ་པར་མི་ནུས་པའི་ལུས་ཀྱི་ཕྱོགས་ཀྱི་གཞི་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ། །སློབ་མ་ནི་འདིར་བཟོའི་ཡོན་ཏན་སློབ་དཔོན་དང་མཚུངས་པར་གྱུར་པའོ། །མཁས་པ་ནི་རང་གི་ལས་ལ་མཁས་པར་གྱུར་པའོ། །ཁར་ཕོར་ནི་ཁར་བའི་སྣོད་ཆེན་པོ་ཡིན་ལ། གཞོང་བུ་ནི་ཁར་སྡེར་གྱི་རྣམ་པའོ། །ཉ་ཕྱིས་ནི་ཁྲུས་ཀྱི་ཕྱེ་མའི་སྣོད་ཀྱི་རྣམ་པ་གཞན་ཡིན་ནོ། །ཆུས་བཏབ་པ་ཞེས་བྱ་བ་ནི་བརླན་པར་བྱས་པ་སྟེ། ཟློས་པའི་ཚིག་གཉིས་ཡིན་ནོ། །གཤེར་བར་བྱས་པ་ནི་བངས་པར་བྱས་པའོ། །སྣུམ་
པ་ནི་ཆུས་སོ། །སྣུམ་པར་གྱུར་པ་ནི་དབུས་ཀྱི་ཆར་རླན་ཞུགས་པར་གྱུར་པའོ། །སྣུམ་པས་ཁྱབ་པ་ནི་སྣུམ་གྱིས་ཀུན་ནས་ཟིན་པར་གྱུར་པའོ། །གསལ་བ་ནི་རྣམ་པ་ཐམས་ཅད་དུ་ཁྱབ་པ་ཡིན་པ་དེའི་ཕྱིར་ནང་དང་ཕྱི་དང་བཅས་པ་སྣུམ་པས་ཞེས་བྱ་བ་སྨོས་པ་ཡིན་ནོ། །སོ་སོར་མི་འགྱེས་པ་ཞེས་བྱ་བ་ནི་འབྲུལ་བར་མི་འགྱུར་པའི་ངང་ཚུལ་ཅན་ཡིན་ནོ། །འཐོར་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྲ་མོ་ཉིད་དུ་འཐོར་ཞིང་གནས་པར་མི་འགྱུར་བའོ། །དེ་བཞིན་དུ་ཞེས་བྱ་བའི་དཔེས་བསྟན་པའི་དོན་ལ་སྦྱོར་བར་བྱེད་པ་ཡིན་ཏེ། ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པའི་སེམས་དེ་ནི་ཏིང་ངེ་འཛིན་ལས་ སེམས་མ་འཕྲོས་ཤིང་ཕྱི་རོལ་དུ་གཡེང་བ་མེད་པའི་ཕྱིར་འཐོར་བར་མི་འགྱུར་བ་ཡིན་ནོ། །རྣམ་པར ་རྟོག་པ་དང༌། རྣམ་པར་དཔྱོད་པ་ཉེ་བར་ཞི་བའི་ཕྱིར་ཞེས་བྱ་བ་ནི་སྤངས་པའི་ཕྱིར་རོ། །ནད་རབ་ཏུ་དང་བའི་ཕྱིར་ཞེས་བྱ་བ་ལ། ནད་རབ་ཏུ་དང་བའི་ཆོས་དེ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ལ་རྣལ་འབྱོར་པ་འདི་སྙམ་དུ་མཉམ་པར་མ་བཞག་པའི་ས་ལས་དེ་འབྱུང་བ་མ་ཡིན་གྱི། འོན་ཀྱང་མཉམ་པར་གཞག་པ་ལས་ཀྱང་ཡིན་ནོ་ཞེས་ སེམས་པར ་འགྱུར་ཏེ། དེ་ལྟ་བུའི་རྣམ་པ་མངོན་ པར་ཡིད་ཆེས་པའི་དད་པའི་རང་བཞིན་ལ་ནད་རབ་ཏུ་དང་བ་ཞེས་བྱའོ། །སེམས ་གཅིག་ཏུ་དམིགས་པའི་ཕྱིར་ཞེས་བྱ་བ་ཤིན་ཏུ་དམིགས་པ་གཅིག་ལ་འཇུག་པའི་ཕྱིར་རྣམ་པར་རྟོག་པ་དང་རྣམ་ པར་དཔྱོད་པ་དང་བྲལ་བའི་ཕྱིར་སེམས ་ཤིན་ཏུ་དམིགས་པ་གཅིག་པ་འཇུག་པ་ཡིན་ནོ། །ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་ནི་འདིར་བསམ་གཏན་གཉིས་པ་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དེ་ལས་སྐྱེས་པ་སྟེ། གང་གི་ཕྱིར་བསམ་གཏན་གཉིས་པ་གཙོ་བོར་གྱུར་པ་ལ་བརྟེན་ནས་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་གྱུར་པ་ཡིན་ནོ། །རི་བོའི་རྩེ་མོ་ཞེས་བྱ་བ་ནི་རི་བོའི་སྟེང་ཆུ་གནས་སུ་རུང་བའི་གནས་ནི་རི་བོའི་རྩེ་མོ་ཡིན་ནོ། །བཀོད་མ་ཞེས་བྱ་བ་ནི་ཆུ་འབྱུང་བའི་བུ་གུ་དང་ལྡན་པའོ། །མཚེའུ་ཞེས་བྱ་བ་ནི་ལྟེང་ཀ་ཡིན་ནོ། །ཆུའི་རྫིང་བུ་ཞེས་བྱ་བ་ནི་ཆུ་འབྱུང་བའི་སེར་ག་འོ། །ཆུའི་བུ་གུ་ཞེས་བྱ་བ་ནི་དབུས་ན་ཆུ་འབྱུང་བའི་སེར་ག་ཡོད་པའོ། །ཆུའི་ཕུང་པོ་ཞེས་བྱ་བ་ནི་ཆུ་ཆེན་པོ་འབྱུང་བའི་སེར་ག་ཡིན་ནོ། །དེས་དགའ་བ་སྤངས་ནས་ཞེས་བྱ་བ་ནི་དགའ་
བའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ལ་གནས་སོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་བཏང་སྙོམས་ཀྱིས་སེམས་དགེ་བ་ལ་འཇུག་པའི་ཕྱིར་བཏང་སྙོམས་ཞེས་བསྟན་ཏོ། །དྲན་པ་དང་ཤེས་བཞིན་ཞེས་བྱ་བ་ནི་དྲན་པ་དང་ཤེས་རབ་གཙོ་བོར་གྱུར་པའོ། །བདེ་བ་ལུས་ཀྱིས་ཞེས་བྱ་བ་ནི་ལུས་དང་ཡིད་ཀྱི་སྒོ་ནས་བདེ་བ་ཁྱད་པར་དུ་འཕགས་པ་ཉིད་ཡིན་པ་དེ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་བས་ན་ཆགས་པའི་གནས་སྐབས་འདི་ལ་འཕགས་པས་ཐ་སྙད་དུ་བསྟན་པ་ཡིན་ནོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང༌། དེའི་ཉན་ཐོས་དག་ཡིན་ནོ། །ཐམས་ཅད་ཀྱི་ཐམས་ཅད་དུ་ནུབ་པར་གྱུར་པ་ནི་རྩ་བ་ནུབ་པ་ཡིན་ནོ། །དེས་བདེ་བ་ཡང་སྤངས་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བ་སྤངས་པ་བཞིན་ནོ། །དྲི་མ་ལུས་པ་དང་བྲལ་བའི་ཕྱིར་སྡུག་བསྔལ་སྤངས་པ་ཡིན་ཏེ། བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བའི་དུས་ཁོ་ན་ལ་བསྟན་ལ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ན་ལས་ནི་སྡུག་བསྔལ་སྤངས་པར་གྱུར་པ་ཡིན་ནོ། །ཡིད་བདེ་བ་དང་ཡིད་མི་བདེ་བ་ཞེས་བྱ་བ་ལ། བསམ་གཏན་གཉིས་པའི་འདོད་ཆགས་དང་བྲལ་བས་ཡིད་བདེ་བ་སྤངས་པ་དང༌། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ཉིད་མི་བདེ་བ་སྤངས་པ་ཡིན་ནོ། །བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་འདིར་དྲི་མ་ལས་གྲོལ་བ་ཉིད་དང༌། ལེགས་པར་ཡོངས་སུ་རྫོགས་པ་ཉིད་ཡིན་པར་རིག་ པར་བྱའོ། །ས་འོག་མའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་སེམས ་དེས་ཡོངས་སུ་དག་པ་ཡིན་ལ། རང་གི་ས་པའི་དྲི་མ་མེད་པའི་ཕྱིར་ཡོངས་སུ་དཀར་བ་ཡིན་ནོ། །མོས་པ་བྱས་ནས་ཞེས་བྱ་བ་ནི་དམིགས་པར་བྱས་པའོ། །ཁྱབ་པར་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པར་བྱས་པའོ། །ཉེ་བར་བསྒྲུབས་ནས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་རམ། ཀུན་ནས་ལོངས་སྤྱོད་པའམ། ཤེས་པར་བྱས་ནས་སོ། །སྐྱེས་བུ་བརྒྱད་ཀྱིས་བཏགས་པའི་གོས་གང་ཡིན་པ་དེ་ནི་བརྒྱད་ཀྱིས་བཏགས་པ་སྟེ། ཤིན་ཏུ་ཚད་ཆེ་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ཤིན་ཏུ་ཉུང་དུས་བཏག་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་མཚན་ཉིད་
སྔ་མ་བཞིན་དུ་སྐྱེས་བུ་དགུའི་བྱ་བས་བསྒྲུབས་པ་ནི་དགུས་བཏགས་པ་ཡིན་ནོ། །མི་མཐོ་ཞེས་བྱ་བ་ནི་དེ་ཡན་ཆད་གཟུགས་ཅན་གྱི་ས་མེད་པའི་ཕྱིར་གནས་གོང་མ་ལ་མངོན་ པར་འདོད་པའི་སེམས ་མེད་པ་ཡིན་ནོ། །གཟུགས་ཀྱིས་ཐམས་ཅད་ཀྱི་སྟེང་ན་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་མི་དམའ་བ་ཡིན་ནོ། །མི་གཡོ་བ་ཐོབ་ཅེས་བྱ་བ་ནི་གཡོ་བ་མེད་པའི་གནས་སྐབས་ཐོབ་པར་གྱུར་པའོ། །ཁང་པ་བརྩེགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤིང་དང་གུར་ཐབས་སུ་བསྒྲུབས་པའི་ཁང་པ་ཆུང་ངུ་ནི་ཁང་པ་བརྩེགས་པ་ཡིན་ལ། ཁང་པ་བརྩེགས་པ་ཆེན་པོ་ནི་ཀ་བ་ཡིན་ཏེ། དེས་ཉེ་བར་མཚོན་པའི་ཁང་པ་ལ་ཁང་པ་བརྩེགས་པ་ཞེས་བྱའོ། །འབྲུ་མར་གྱི་མར་མེ་ནི་གསལ་བྱེད་དོ། །མ་བསྒུལ་པ་ཞེས་བྱ་བ་ནི་ཕྱོགས་གཅིག་བསྒུལ་པའི་སྒོ་ནས་མ་བསྒུལ་པའོ། །མ་བསྐྱོད་པ་ཞེས་བྱ་བ་ནི་ཀུན་ནས་དཀྲུགས་པའི་སྒོ་ནས་བསྐྱོད་པར་མ་གྱུར་པའོ། །བདག་གི་ལུས་འདི་ནི་ཞས་བྱ་བ་ལ་སོགས་པ་ལ། གཟུགས་སུ་རུང་ཞིང་གནོད་པ་བྱར་རུང་བའི་ཕྱིར་གཟུགས་ཅན་ཡིན་ལ་རགས་པ་ཉིད་ཀྱི་ཕྱིར་རྒྱ་ཆེ་བ་ཡིན་ཞིང་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ཉིད་ཀྱི་ཕྱིར་འབྱུང་བ་རྒྱུར་བྱས་པའོ། །འདི་ལ་བརྟེན་ཞིང་ཞེས་བྱ་བ་ནི་རང་གི་ས་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་པའི་སྒོ་ནས་སྐྱེས་པའི་ཕྱིར་རོ། །འདི་ལ་གནས་ཏེ་ཞེས་བྱ་བ་དེ་ནི་ས་གཞན་ལ་ཡང་འདི་ལ་བརྟེན་ནས་སྐྱེས་པའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ནི་ཞུགས་པ་ཡིན་ནོ། །ལུས་གཞན་ཞེས་བྱ་བ་ནི་ཁམས་གཞན་ཡིན་ནོ། །གཟུགས་དང་བ་དང་ལྡན་པ་ཉིད་ཀྱི་ཕྱིར་གཟུགས་ཅན་ནོ། །ཡིད་ཙམ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང༌། ཁུ་ཁྲག་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལ་ལྟོས་པ་མེད་པར་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བའོ། །ཞར་བ་དང་འཁྲུལ་པ་མེད་པའི་ཕྱིར་མ་ཚང་བ་མེད་པའོ། །དབང་པོ་ཐམས་ཅད་ཆོགས་པ་ཉིད་ཀྱི་ཕྱིར་དབང་པོ་མ་ཉམས་པའོ། །ཉེས་པ་མེད་པའི་ཕྱིར་དགེ་བའོ། །བྱས་པ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རིགས་དང་ལྡན་པའོ། །གདོད་སྣང་བ་ཉིད་ཀྱི་ཕྱིར་གསལ་བའོ། །རྙོག་པའི་དྲི་མ་རགས་པ་གཞན་དང་གཞན་མེད་པའི་ཕྱིར་རྣམ་པར་དང་བའོ། །དྲི་མ་ཕྲ་མོ་ཡང་མེད་པའི་ཕྱིར་དྲི་མ་མེད་པའོ། །ཉག་མ་ནི་གྲེས་མའི་སྙིང་པོའོ། །དེས་
འདི་ལྟར་མཉམ་པར་གཞག་པའི་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་མཉམ་པར་གཞག་པའོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི་ས་འོག་མའི་ཉེས་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་དཀར་བ་ཞེས་བྱ་བ་ནི་རང་གི་ས་པའི་དྲི་མ་ཡང་མེད་པའི་ཕྱིར་རོ། །ཉེས་པ་མེད་པ་ཞེས་བྱ་བ་ནི་ཉེས་པ་དང་བྲལ་བའི་ཕྱིར་ཏེ། ཉོན་མོངས་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སེམས་དེ་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཡིན་ནོ། །གསལ་བར་སྤྱོད་པའི་ཕྱིར་དྲང་པོར་གྱུར་པའོ། །ཤིན་ཏུ་སྦྱངས་པ་དང་ལྡན་པའི་ཕྱིར་ལས་སུ་རུང་བ་ཡིན་ལ། ལས་ལ་ཕན་པ་ནི་ལས་སུ་རུང་བ་སྟེ། དགེ་བའི་ཆོས་ཐམས་ཅད་སྐྱེད་པར་རུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མི་གཡོ་བ་ཐོབ་སྟེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སོགས་པས་མི་བསྐྱོད་པ་ཡིན་ནོ། །རྫུ་འཕྲུལ་གྱི་ཡུལ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ལ། རྫུ་འཕྲུལ་གྱི་ཡུལ་ནི་རྫུ་འཕྲུལ་གྱི་ཡུལ་ཏེ། སྤྲུལ་པ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །དེ་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་ཡིན་ལ། དེ་མངོན་སུམ་དུ་གྱུར་པ་ནི་མངོན་སུམ་དུ་གྱུར་པའོ། །མངོན་པར་ཤེས་པར་བྱེད་པས་ན་མངོན་པར་ཤེས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཤེས་པ་དེ་ཉིད་མངོན་པར་ཤེས་པ་སྟེ་དེ་ལའོ། ། སེམས་མངོན་པར ་འཇུག་གོ་ཞེས་བྱ་བ་ནི་དབེན་པར་བྱེད་པ་སྐྱེད་པར་བྱེད་པའི་ཕྱིར་འཇོག་པར་བྱེད་པའོ། །སོ་སོར་མྱོང་བ་ཞེས་བྱ་བ་ནི་ཤེས་པས་ཁྱབ་པའམ་བྱེད་པ་ཡིན་ནོ། །མངོན་པར་སྣང་བ་གསལ་བའི་ཚུལ་གྱིས་གནས་པའོ། །མི་སྣང་བ་ནི་ནུབ་པར་གྱུར་པའོ། །ཡེ་ཤེས་ནི་འདིར་ཐག་པ་དང་བཅས་པ་བསྒོམས་པ་ལས་བྱུང་བའོ། །མཐོང་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བའོ། །རྩིག་པ་ལས་ཐལ་བ་ཞེས་བྱ་བ་ནི་རྩིག་པས་ཆོད་པ་ཡིན་ལ། དེ་བཞིན་དུ་རིས་ཆོད་པ་དང༌། རྩིག་པས་ཆོད་པའི་གནས་སུ་ཆགས་པ་མེད་པ་སྟེ། ཐོགས་པ་མེད་པར་ལུས་ཀྱིས་འགྲོ་བ་ཡིན་ནོ། །ནུབ་པ་ནི་འོག་ཏུ་འགྲོ་བར་བྱེད་པའོ། །འབྱུང་བ་ནི་ཡང་ཕྱིར་འོང་བར་བྱེད་པའོ། །རྒྱུན་གྱི་སྟེང་ན་ཞེས་བྱ་བ་ནི་ནུབ་པ་མེད་པའི་ཕྱིར་རོ། །ཀུན་ནས་རེག་པ་ཞེས་བྱ་བ་ནི་ཅུང་ཟད་ཡིན་ལ། རབ་ཏུ་ཞེས་བྱ་བ་ནི་ཀུན་ནས་ཡིན་པའི་ཕྱིར་རོ། །
ལུས་ཀྱིས་དབང་སྒྱུར་བར་བྱེད་དོ་ཞེས་བྱ་བ་ནི་ལུས་ཀྱིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་བདག་པོ་བྱེད་པ་ཡིན་ཏེ། བསམ་གཏན་དང་པོའི་ས་པའི་རྫུ་འཕྲུལ་གྱིས་ཚངས་པའི་འཇིག་རྟེན་ལ་སོགས་པའི་བར་དུ་འགྲོ་བར་བྱེད་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །གསེར་མགར་ནི་གསེར་བཟོ་བྱེད་པའོ། །མགོར་རུང་བའི་རྒྱན་ནི་གླེགས་མའོ། །རྣ་རྒྱན་ནི་རྣ་བའི་རྒྱན་ཆུང་དུ་ཡིན་ལ། རྣ་ཆ་ནི་རྣ་བའི་རྒྱན་ཆེན་པོ་ཡིན་ནོ། །མགྲིན་པའི་ཕྱོགས་ལ་རུང་བའི་རྒྱན་ནི་མགུལ་རྒྱན་ཡིན་ནོ། །ལག་པའི་རྒྱན་ནི་གདུ་བུ་རྒྱན་ཅན་ལ་སོགས་པའོ། །རྐང་རྒྱན་ནི་གཡེར་ཀ་ཅན་ལ་སོགས་པའོ། །སོར་གདུབ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གསེར་གྱི་ཕྲེང་བ་ནི་གསེར་ལས་བྱས་པའི་མགོ་བོའི་རྒྱན་ཡིན་ནོ། །མྱུར་ཞིང་མྱུར་བར་ཞེས་བྱ་བ་ནི་བྱ་བ་མང་པོ་མེད་པའི་སྒོ་ནས་སྐྱེན་པར་བྱེད་པ་ཡིན་ནོ། །ལྷའི་རྣ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྷའི་ཡུལ་དུ་བྱུང་བས་ན་ལྷ་ཉིད་ཡིན་ཏེ། སྤྱིར་ལྷ་ཉིད་ཀྱི་ནི་མ་ཡིན་གྱི་འོན་ཀྱང་བསྒོམས་པ་ལས་བྱུང་བ་རྣམ་པར་དག་པའི་སྒོ་ནས་ཡིན་ནོ། །མིའི་ལས་འདས་པ་ཞེས་བྱ་བ་ནི་འདི་ནི་མིའི་ཡིན་ལ། མིའི་ལས་ཤིན་ཏུ་འདས་པ་ནི་མིའི་ལས་འདས་པ་ཡིན་ཞིང་གཟུགས་ན་སྤྱོད་པའི་བསྒོམས་པ་ལས་བྱུང་བའི་རྣ་བ་ཞེས་བྱ་བའི་བར་དུ་སྟེ་རྣ་བ་དེས་སོ། །མཚན་མོའི་མུན་པར་གྱུར་པ་སྟེ། མཚན་ཕྱེད་ཀྱི་དུས་སུ་སྐྱེ་བོ་འདུས་པའི་སྒྲ་དང་བྲལ་བ་ཉིད་ཀྱི་ཕྱིར་ཕྱོགས་དེར་དུང་གི་སྒྲས་ཐ་དད་པའི་ཕྱོགས་ཁྱབ་ཅིང་འཕྲོ་བར་བྱེད་པ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ལ། རྣམ་གྲངས་ནི་རྣམ་པའམ་རིམ་པ་ཡིན་ལ། སེམས་ཀྱི་རྣམ་གྲངས་ནི་ སེམས་ཀྱི་རྣམ་གྲངས་ཡིན་ཏེ། འདིས་མངོན་པར ་ཤེས་པ་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས། དེ་ལ་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཁོ་ན་མངོན་ པར་ཤེས་པ་ཡིན་ནོ། །སེམས ་པ་ཅག་ཅེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་རང་གི་སེམས་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ནི་གང་ཟག་གི་རྣམ་གྲངས་ཡིན་པའམ། ཡང་ན་སྐད་ཅིག་རེ་རེའི་ཕུང་པོ་ལྔའི་ཚོགས་ སེམས་ཅན་ཡིན་ནོ། །རིས་མཐུན་པའི་རྒྱུན་མ་ལུས་པ་ནི་གང་ཟག་ཡིན་ནོ། །རྣམ་པར ་བརྟགས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བྱ་བ་དང་ལྡན་པའོ། །
རྣམ་ པར་དཔྱོད་པ་ཞེས་བྱ་བ་དཔྱོད་པའི་བྱ་བ་དང་ལྡན་པའོ། །ཡིད་ཀྱིས་ཏེ་སེམས ་ཀྱིས་ཡིད་དེ་ སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཡོངས་སུ་གཅོད་པར ་བྱེད་དོ། །ཇི་ལྟར་རབ་ཏུ་ཤེས་ཤེ་ན། འདོད་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་བཅས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ལྡན་པ་མ་ཡིན་པའོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང༌། གཏི་མུག་དང་བྲལ་བའོ། །གཡེངས་པ་ནི་ཉོན་མོངས་པ་ཡིན་ཏེ། རྣམ་པར་གཡེངས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་གཡེང་བ་ནི་དགེ་བ་ལ་དམིགས་པ་ལ་མངོན་པར་གཡེང་བ་མེད་པའི་ཕྱིར་རོ། །ལྷག་པར་ལེ་ལོའི་ཚོགས་དང་མཚུངས་ པར་ལྡན་པའི་ཕྱིར་སེམས ་ཉོན་མོངས་པ་ཅན་ནི་ཞུམ་པ་ཡིན་ནོ། །ལྷག་པར་བརྩོན་འགྲུས་ཀྱི་ཚོགས་དང་མཚུངས་ པར་ལྡན་པའི་ཕྱིར་སེམས ་དགེ་བ་ལ་རབ་ཏུ་འཛིན་པ་ཡིན་ནོ། །འཕྱར་བ་ནི་ཉོན་མོངས་པ་ཅན་ཏེ། རྣམ་པར་བྱང་བ་ལས་འཕྱར་བ་དག་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །མི་འཕྱར་བ་ནི་དགེ་བ་སྟེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །རྒོད་པ་ནི་ཉོན་མོངས་པ་ཅན་ཏེ། རྒོད་པའི་ཚོགས་དང་ལྷག་པར་མཚུངས་པར་ལྡན་པའི་ཕྱིར་རོ། །མི་རྒོད་པ་ནི་དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །ཉེ་བར་ཞི་བ་དང༌། ཉེ་བར་མ་ཞི་བ་ཡང་དེ་བཞིན་ནོ། །མཉམ་པར་མ་བཞག་པ་ནི་ཉོན་མོངས་པ་ཅན་ཏེ། ལྷག་པར་གཡེངས་བའི་ཚོགས་དང་ལྡན་པའི་ཕྱིར་རོ། །མཉམ་པར་བ་ཞག་པ་ནི་དེའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་དགེ་བའོ། །མ་བསྒོམས་པ་ནི་ཉོན་མོངས་པ་ཅན་ཏེ། དམིགས་པ་ལ་བརྟེན་པ་དང༌། སྒོམ་པ་མ་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །བསྒོམས་པ་ནི་དགེ་བ་ཡིན་ཏེ། དེ་གཉིས་བསྒོམས་པ་ཉིད་ཀྱི་ཕྱིར་རོ། །མ་གྲོལ་པ་ནི་ཉོན་མོངས་པ་ཅན་ཏེ། རང་བཞིན་དང་རྒྱུད་ཀྱིས་རྣམ་པར་གྲོལ་བ་དག་ལས་མ་གྲོལ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གྲོལ་བ་ནི་དགེ་བ་སྟེ། དེ་གཉིས་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །རིག་པ་གང་ཞེས་ན་ཞེས་བྱ་བ་ལ་སོགས་པ་ལ།
སྔོན་གྱི་སྐྱེ་བའི་གནས་ནི་སྐྱེ་བའི་གནས་སམ། གནས་སྐབས་ཡིན་ནོ། །འཇིག་པའི་དུས་ནི་འཇིག་པའི་བསྐལ་པ་ཡིན་ལ། གནས་པའི་དུས་ནི་ཆགས་པའི་བསྐལ་བ་ཡིན་ཏེ། འཇིག་པའི་བསྐལ་པ་ནི་སེམས་ཅན་དམྱལ་བ་མི་སྲིད་པའི་ཕྱིར་སྣོད་ཟད་པ་ཡིན་ནོ། །ཆགས་པའི་བསྐལ་པ་ནི་ཐོག་མར་རླུང་ནས་སེམས་ཅན་དམྱལ་བའི་བར་སྲིད་པ་ཞེས་བྱ་བ་ཡིན་ནོ། །འདི་ལྟ་བུ་ཞེས་བྱ་བ་ལ། འདི་ལྟ་བུའི་ཚུལ་དུ་བདག་གི་མིང་བརྗོད་པ་རིགས་ནི་རྒྱལ་རིགས་ལ་སོགས་པའོ། །རུས་ནི་ཤུད་ལ་ལ་དང་བ་ར་དྭ་ཛ་ལ་སོགས་པའོ། །ཟས་ནི་ཁམ་གྱི་རྣམ་པའི་ཟས་ལ་སོགས་པའོ། །འདི་ལྟ་བུར་ཚེ་ནི་རིང་ཞེས་བྱ་བ་ལ་བདག་ཟླ་བའི་མཐར་ཐུག་པའམ། ལོའི་མཐར་ཐུག་པར་ཚེ་རིང་བར་གྱུར་ཅེས་བྱ་བ་ལ་སོགས་པའོ། །རིང་དུ་གནས་ཏེ་ཞེས་བྱ་བ་ནི་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གནས་སྐབས་ནི་རིང་དུ་གནས་པ་ཡིན་ནོ། །ཚེའི་མཐར་ཐུག་པ་ཞེས་བྱ་བ་ནི་ཀུན་ནས་འཕངས་པའི་ཚེའི་མཐར་ཐུག་པ་དང་ལྡན་པར་གྱུར་པའོ། །རྣམ་པ་དང་བཅས་པ་ཞེས་བྱ་བ་ནི་མིང་དང་རིགས་དང་རིགས་དང་རུས་ལ་སོགས་པ་རྗེས་སུ་དྲན་པའི་རྣམ་པའོ། །གནས་དྲན་པ་ནི་ཡུལ་ཡིན་ནོ། །ཡང་ན་རྣམ་པའི་སྒྲས་སྲིད་པ་བར་མ་དོར་བརྗོད་པ་ཡིན་ཏེ། དེ་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །སྔོན་གྱི་དུས་ཀྱི་གནས་ནི་ཡུལ་གྱི་སྒྲས་བརྗོད་པ་ཡིན་ནོ། །དེ་ལ་རྒྱལ་རིགས་ལ་སོགས་པའི་རིགས་ཀྱིས་བསྟན་པ་ནི་སྲིད་པ་བར་དོ་དང་བཅས་པ་དང༌། སྔོན་གྱི་དུས་ཀྱི་གནས་དང་བ་པ་ཞེས་བྱ་བ་བསྟན་པར་འགྱུར་རོ། །འཆི་འཕོ་བ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་སྟེ་དེ་ཡོངས་སུ་ཤེས་པའི་ཆེད་ཀྱི་ཤེས་པ་འཆི་འཕོ་དང་སྐྱེ་བ་ཞེས་པ་ཡིན་ལ། དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་བའོ། །འཆི་བར་གྱུར་བ་ནི་འཕོ་བར་གྱུར་པའོ། །སྐྱེ་བར་གྱུར་པ་ནི་སྲིད་པ་བར་དོའི་གནས་སྐབས་ལ་རྣམ་པར་གནས་པའོ། །ཁ་དོག་སྡུག་པ་ནི་བདེ་འགྲོར་འགྲོ་བར་རོ། །ཁ་དོག་མི་སྡུག་པ་ནི་ངན་འགྲོར་འགྲོ་བར་རོ། །དམན་པ་ཞེས་བྱ་བ་ནི་སྡིག་པ་བྱེད་པར་རོ། །གྱ་ནོམ་པ་ཞེས་བྱ་བ་ནི་བསོད་ནམས་བྱེད་པར་རོ། །ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་ལས་བྱས་པར་གྱུར་པའི་འབྲས་བུ་ལ་སྤྱོད་པར་རོ།
སྐུར་པ་ནི་ཚིགས་སུ་བཅད་པ་མ་ཡིན་པ་མི་འདོད་པའི་ཚིག་གིས་གཤེ་བ་ཡིན་ནོ། །ལོག་པའི་ལྟ་བ་ལས་དང་ཆོས་ཡང་དག་པར་ལེན་པ་དེའི་རྒྱུས་ཞེས་བྱ་བ་ལ། ལས་ཡང་དག་པར་ལེན་པ་ལས་ཡང་དག་པར་ལེན་པ་བཞི་ཡོད་དེ། གནག་པ་དང་གནག་པའི་རྣམ་པར་སྨིན་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཡང་དག་པར་ལེན་པ་ལ། ཆོས་ཡང་དག་པར་ལེན་པ་བཞི་ཡོད་དེ། ད་ལྟར་བདེ་བ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པའོ། །ལོག་པའི་ལྟ་བས་འཇུག་པའི་ལས་ལ་དམ་བཅའ་བ་དང༌། ཆོས་ལ་དམ་བཅའ་བ་དེའི་རྒྱུས་སོ། །དེའི་རྒྱུ་ཞེས་བྱ་བ་ནི་ལོག་པའི་ལྟ་བ་དེ་ཉིད་རྒྱུར་གྱུར་པ་གང་ལ་ཡོད་པ་དེ་ནི་དེའི་རྒྱུ་ཡིན་ནོ། །དེ་ཉིད་རྐྱེན་དུ་གྱུར་པ་གང་ལ་ཡོད་པ་དེ་ནི་དེའི་རྐྱེན་ཞེས་བྱ་བའི་བྱེ་བྲག་ཡིན་ཏེ། དེ་དག་སྒྲུབ་པར་བྱེད་པའི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ནོ། །ལུས་དང་བྲལ་ནས་ཞེས་བྱ་བ་ནི་ཞིག་ནས་སོ། །འཆི་བའི་འོག་ཏུ་ནི་སྲོག་རྣམ་པར་ཉམས་པར་གྱུར་པའི་འོག་ཏུའོ། །ངན་སོང་ནི་ཡི་དགས་ཀྱི་འགྲོ་བའོ། །ངན་འགྲོ་ནི་དུད་འགྲོ་བའོ། །ལོག་ པར་ལྟུང་བ་ནི་དམྱལ་བའི་འགྲོ་བ་སྟེ། སེམས ་ཅན་དམྱལ་བ་རེ་རེར་དམྱལ་བ་དག་ཡིན་ནོ། །ངན་སོང་དང༌། ངན་འགྲོ་དང། ལོག་པར་ལྟུང་བ་དང༌། དམྱལ་བ་ནི་ངན་སོང་ངན་འགྲོ་ལོག་ པར་ལྟུང་བ་སེམས ་ཅན་ཞེས་བྱ་བ་དག་ཡིན་ནོ། །ལས་ཇི་ལྟ་བ་བཞིན་དུ་འགའ་ཞིག་ནི་ངན་སོང༌། འགའ་ཞིག་ནི་ངན་འགྲོ། འགའ་ཞིག་ནི་ལོག་ པར་ལྟུང་བ། འགའ་ཞིག་ནི་སེམས ་ཅན་དམྱལ་བ་ཞེས་བྱ་བ་དེ་དག་ཏུ་སྐྱེ་བར་འགྱུར་རོ། །བདེ་འགྲོ་ཞེས་བྱ་བ་ལ་སོགས་པ་མཛེས་པར་འགྲོ་བས་ན་བདེ་འགྲོ་སྟེ། དེར་སྐྱེ་བར་འགྱུར་རོ། །མིའི་འཇིག་རྟེན་ཡང་བདེ་འགྲོ་སྨོས་པས་བཟུང་བ་ཡིན་པ་དེའི་ཕྱིར་མཐོ་རིས་ཀྱི་འཇིག་རྟེན་སྨོས་པ་ཡིན་ལ། མཐོ་རིས་ནི་དུད་འགྲོའི་འགྲོ་བ་སྲིད་པའི་ཕྱིར་ལྷར་སྐྱེ་བར་འགྱུར་རོ་ཞེས་སྨོས་པ་ཡིན་ནོ། །ཟག་པ་ཟད་པའི་ཞེས་བྱ་བ་ལ་སོགས་པ་ལ། ཟག་པ་ནི་འདོད་ཆགས་ལ་སོགས་པ་ཡིན་ལ་དེ་དག་ཟད་པ་ནི་སྤངས་པ་ཡིན་ནོ། །དེ་ལ་འམ་དེའི་ལྡོག་པར་བྱེད་པའི་ཤེས་པ་དེ་མངོན་སུམ་དུ་བྱེད་པ་ནི་མངོན་དུ་བྱེད་པའོ། །འདི་ནི་སྡུག་བསྔལ་འཕགས་པའི་
བདེན་པའོ་ཞེས་བྱ་བ་ནི་འབྲས་བུའི་རང་བཞིན་ཡིན་ལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ་ཞེས་བྱ་བ་ནི་རྒྱུར་གྱུར་པའི་ཕུང་པོ་ལྔའི་བདག་ཉིད་ཡིན་ནོ། །འགོག་པ་ནི་ཟད་པ་ཡིན་ལ། ལམ་ནི་ཟད་པ་ཐོབ་པར་འགྱུར་བའི་ཐབས་སུ་གྱུར་པ་ཡིན་ནོ། །འཕགས་པའི་བདེན་པའོ་ཞེས་བྱ་བ་ལ། འཕགས་པ་དག་གིས་རང་གི་ངོ་བོའི་སྒོ་ནས་གཟིགས་པ་དེའི་ཕྱིར་འཕགས་པ་དག་ལ་དེ་དག་བདེན་པ་ཡིན་པས་ན་འཕགས་པའི་བདེན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་སོ། །མཐོང་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱིས་སོ། །འདོད་པའི་ཟད་པ་ལས་ སེམས་རྣམ་པར ་གྲོལ་བ་ཞེས་བྱ་བ་ནི་འདོད་པའི་ཟག་པ་སྤངས་པའི་ཕྱིར་ སེམས་རྣམ་པར ་གྲོལ་པ་ཡིན་ཏེ། མ་རིག་པ་མ་གཏོགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་དུ་འཆིང་བ་དང་བཅས་པ་ནི་འདོད་པའི་ཟག་པའོ། །མ་རིག་པ་དོར་བའི་གཟུགས་དང་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་པ་ཀུན་དུ་འཆིང་བ་དང་བཅས་པ་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་པའི་མ་རིག་པ་ནི་མ་རིག་པའི་ཟག་པའོ། །རྣམ་པར་གྲོལ་བ་ལ་ཞེས་བྱ་བ་ནི་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བའོ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ཡང་དག་པའི་ལྟ་བའོ། །ཚོང་དུས་དང༌། ཚོང་ཁང་དང་བྲལ་བའི་སྐྱེ་བོའི་ཚོགས་ཀྱི་གནས་ནི་གྲོང་ཡིན་ལ། ཚོང་དུས་དང་ཚོང་ཁང་དང་ལྡན་པ་ནི་གྲོང་འདབ་ཡིན་ནོ། །གཏིང་ཟབ་པ་ནི་དཀའ་བའོ། །ཤིན་ཏུ་དང་ས་པ་ཉིད་ཀྱི་ཕྱིར་གསལ་བའོ། །རྡུལ་རགས་པ་མེད་པའི་ཕྱིར་རྣམ་པར་དང་ས་པའོ། །རྡུལ་ཕྲ་མོ་ཡང་མེད་པའི་ཕྱིར་རྙོག་པ་མེད་པའོ། །ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་ཡན་ལག་དང་འབྲེལ་པ་ཅན་ནི་ཕྱིས་ཡིན་ལ། དེ་དག་ཁོ་ནའི་རུས་པའི་དུམ་བུ་ནི་ཤམ་བུ་ཀ་ཡིན་ནོ། །ཐབས་མ་ཡིན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་ཐབས་སུ་གྱུར་པ་མ་ཡིན་པ་ནི། བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་དེ་དག་སྐྱེད་པར་བྱེད་པར་ཐབས་སུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་
ཐ་ཚིག་གོ །ཁ་ཅིག་ཅེས་བྱ་བ་ནི་འགའ་ཞིག་གོ །སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར་སོང་ནས་སོ། །ཡལ་ག་དང་ལོ་མའི་གནས་ཁང་ནི་སྤྱིལ་བུའོ། །རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནས་རིག་པ་དང་རྐང་བར་ལྡན་པ་འདོད་དུ་ཟིན་ཀྱང་རྙེད་ པར་མི་འགྱུར་རོ། །ཇི་སྙམ་དུ་སེམས ་ཞེས་བྱ་བའི་སྒྲ་ནི་འདྲི་བ་ལ་འཇུག་པ་ཡིན་ཞིང་སྙམ་སེམས་པ་ནི་ཤེས་ཤིང་ཀུན་ནས་མཐོང་བ་ལ་སོགས་པའོ། །དེར་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུའི་ཟས་ཟ་བའི་ཐབས་ལ་ཁྱོད་སློབ་དཔོན་དང་བཅས་ཤིང་སློབ་དཔོན་དང་ལྷན་ཅིག་པར་མཐོང་བ་སྟེ། རྩ་བ་དང་འབྲས་བུའི་ཟས་ཞེས་བྱ་བའི་ཐབས་ལ་རིག་པ་དང་རྐང་པར་ལྡན་པའི་བདག་ཉིད་སློབ་དཔོན་དང་ལྷན་ཅིག་ཏུ་གནས་པར་མཐོང་སྙམ་མོ་ཞེས་བྱ་བའི་ཐ་ཚིག་གོ །རྩ་བ་དང་འབྲས་བུའི་ཁ་ཟས་ཀྱིས་འཚོ་བའི་སྒོ་ནས་རིག་པ་དང་ཞབས་སུ་ལྡན་པར་མངོན་པར་ཁོང་དུ་ཆུད་པས་རྩ་བ་དང་འབྲས་བུའི་ཟས་བཏང་ཞིང་ཡོངས་སུ་སྤངས་ནས་ལོ་མའི་ཟས་འདི་ནི་འགའ་ཞིག་ཏུ་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པའི་ཐབས་སུ་བསྒྲུབ་པར་འགྱུར་རོ། །ཤིང་ལ་སོགས་པའི་འདབ་མ་འཇམ་པོ་ལ་ལོ་མའི་སྒྲས་བསྟན་པ་ཡིན་ནོ། །གང་གི་ཚེ་ལོ་མའི་ཟས་ཀྱིས་ཀྱང་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པར་མི་ནུས་པ་དེའི་ཚེ་ངེས་པ་མེད་པར་གྱུར་པས་ལོ་མའི་ཟས་དེ་ཡང་ཡོངས་སུ་སྤངས་ནས་སྔགས་ཀྱི་གཞུང་ལ་གཞོལ་བར་འགྱུར་རོ། །གཞུང་ནི་ཚིག་ཡིན་ནོ། །འབྲེལ་པ་ནི་སྔ་ཕྱི་འགལ་བ་མེད་པར་རྣམ་པར་གཞག་པའི་སྒོ་ནས་རྣམ་པར་གཞག་པ་ཡིན་ནོ། །འགའ་ཞིག་ཏུ་རིག་པ་དང་རྐང་པར་ལྡན་པ་མངོན་སུམ་དུ་བྱེད་པ་ལ་འདི་ཐབས་སུ་འགྱུར་རོ་ཞེས་བྱ་བའི་བསམ་པ་འདིས་སྦྱོར་བ་ཡིན་ནོ། །གང་གི་ཚེ་ཐབས་དེས་ཀྱང་ཁོང་དུ་ཆུད་པར་མ་གྱུར་པ་དེའི་ཚེ་གྲོང་གི་ནང་སྟེ་སྐྱེ་བོ་ཆེན་པོའི་ནང་དུ་ལྷགས་པ་སྟེ། འོངས་པའམ་ཕྱིན་པར་གྱུར་ནས་སོ། །སྦྱིན་པ་བྱིན་ཞིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱས་པའོ། །བསོད་ནམས་བྱས་ཏེ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱས་པའོ། །འོངས་ཤིང་འོངས་པའི་ཞེས་བྱ་བ་ནི་ཟློས་པའི་ཚིག་གཉིས་ཡིན་ཏེ། འོངས་ནས་རིང་དུ་ལོན་པ་དག་ལས་གང་དག་ཕྱིས་འོངས་
པ་དེ་ནི་འོངས་ཤིང་འོངས་པ་ཡིན་ནོ། །ནུས་པ་ནི་རྫས་ཀྱི་ནུས་པ་ཡིན་ལ། སྟོབས་ནི་སྤྲོ་བ་དང་ལྡན་པ་ཡིན་ནོ། །ཁ་ཅིག་ནི་རྫས་ཡོད་ཀྱང་སྦྱིན་པའི་གནས་ལ་བསྙེན་བཀུར་གྱི་བྱ་བ་བྱེད་པའི་ལུས་ཀྱི་སྤྲོ་བ་དེ་ལ་ཡོད་པ་མ་ཡིན་ལ། ཁ་ཅིག་ལ་ནི་བྱེད་པར་ནུས་པ་དང་བཅས་པ་གཉི་ག་ཡོད་པ་དེ་བས་ན། ནུས་པ་ཇི་ལྟ་བ་སྟོབས་ཇི་ལྟ་བ་བཞིན་དུ་ཞེས་བསྟན་པ་ཡིན་ནོ། །ཐབས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ་རིག་པ་དང་རྐང་པར་ལྡན་པའི་ཐབས་མ་ཡིན་པ་བཞི་པོ་གང་ཡིན་པ་དེ་དག་ལ་ཡང་ཁྱོད་སློབ་དཔོན་དང་བཅས་པར་གནས་ཤིང་འཇུག་པ་མ་ཡིན་ནོ། ཅིའི་ཕྱིར་ཡང་ཁྱོད་ཀྱིས་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མང་པོ་དང་ལྡན་པའི་ཤཱཀྱ་ལ་དམན་པར་སྨྲ་བའི་སྒོ་ནས་ཀུན་དུ་སྤྱོད་པར་བྱེད་དོ། །བྲམ་ཟེའི་དྲང་སྲོང་ཞེས་བྱ་བ་ལ་སོགས་པ་ལ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་དཀའ་ཐུབ་གྲུབ་པ་ལ་བྲམ་ཟེའི་དྲང་སྲོང་ཞེས་བྱའོ། །རབ་ཏུ་འཇུག་པར་བྱེད་པ་ནི་འཇུག་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །བསྟོད་པ་ཞེས་བྱ་བ་ནི་བསྔགས་པའམ་བསྟོད་པ་དང་འབྲེལ་པའི་སྔགས་ཀྱི་ཚིག་དག་ཡིན་ནོ། །དབྱངས་ཞེས་བྱ་བ་ནི་ཚིག་གི་དབྱེ་བའི་སྒོ་ནས་ཀློག་པའོ། །ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་འབྲེལ་པར་རྣམ་པར་འཇོག་པའི་སྒོ་ནས་རྣམ་པར་འཇོག་པ་ཡིན་ནོ། །རྗེས་སུ་གླུར་ལེན་པ་ཞེས་བྱ་བ་ནི་ཡི་གེའི་སྒོ་ནས་དེ་དང་འདྲ་བར་ཀློག་པའོ། །རྗེས་སུ་རྗོད་པར་བྱེད་པ་ནི་དོན་གྱི་སྒོ་ནས་སོ། །གྲོང་ཁྱེར་ན་གནས་པ་ཞེས་བྱ་བ་ལ། ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་གྲོང་ཁྱེར་ཞེ་ན། འོབས་ཀྱིས་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བརྐོས་པའི་འོབས་སུ་བརྐོས་པས་ཀུན་ནས་བསྐོར་བའི་གྲོང་ཁྱེར་གང་དག་ཡིན་པ་དེ་དག་ནི་འོབས་ཀྱིས་བསྐོར་བའོ། །རྩང་བཙུགས་པ་ནི་འོབས་ཀྱི་འོག་ཏུ་རྣམ་པར་འཁྲུགས་ཤིང་མང་པོ་བཙུགས་ཤིང་ཕ་རོལ་གྱི་དཔུང་བཟློག་པར་བྱ་བའི་དོན་དུ་ལྕགས་ཀྱི་གཟེ་མ་བྱས་ནས་གང་གི་ཚེ་ཕ་རོལ་པོའི་སྟོབས་གྲོང་ཁྱེར་དང་ཐག་ཉེ་བར་འོང་བར་འདོད་པ་དེའི་ཚེ་ལྕགས་ཀྱི་གཟེ་མ་ས་ལ་གཏོར་བ་དེས་ཕ་རོལ་གྱི་སྟོབས་བཟློག་པར་འགྱུར་བ་དང༌། རྩང་གཟེ་མ་དང་ལྡན་པ་དག་ཕ་རོལ་པོའི་སྟོབས་འཇུག་པའི་གེགས་བྱེད་པའི་ཕྱིར་གྲོང་ཁྱེར་ཉིད་འགོག་པར་བྱེད་པའམ། འོབས་
ཀྱིས་ཀུན་ནས་བསྒགས་པ་ཉིད་ཀྱི་ཕྱིར་འགོག་པར་བྱེད་པའི་གྲོང་ཁྱེར་ཡིན་ནོ། །ཕྲག་པར་གཟར་ཞིང་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་སྔ་མ་དང་འདྲའོ། །བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་དུ་བདར་ནས་ཞེས་བྱ་བ་ནི་སྔོན་དུ་འགྲོ་བས་མཆོད་པ་ཡིན་ནོ། །སྤྱི་བོ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་ལ། སྤྱི་བོ་བཅིངས་པ་ནི་གཙུག་ཏོར་གྱི་རྣམ་པ་ལ་སོགས་པས་སྐྲའི་བཀོད་པ་མཛེས་པར་བྱས་པའོ། །ལག་པ་ཀུ་བའི་སྤུ་ཅན་ཞེས་བྱ་བ་ལ། ཇི་ལྟར་ཀུ་བ་གཞོན་ནུ་ལུང་ལས་མ་གཏོགས་པ་བ་སྤུ་ཕྲ་མོ་ཡོད་པ་དེ་བཞིན་དུ་དེ་དག་གི་ལག་པ་དག་ཀྱང་ངོ༌། །ལྟོ་དང་འདྲ་བར་ཀུན་ནས་ཟླུམ་པ་དང༌། མཐོ་ལ་མི་ལྷོད་པའི་ནུ་མ་གང་ལ་ཡོད་པ་དེ་ནི་ལྟོ་དང་འདྲ་བའི་ནུ་མ་ཅན་ནོ། །བསྐུ་བ་ནི་དྲིའི་རྫས་སམ་འབྲུ་མར་གྱིས་ལུས་བྱུགས་པའོ། །དཔུང་པའི་རྒྱན་ནི་དཔུང་རྒྱན་ནོ། །དོ་ཤལ་ནི་མགུལ་རྒྱན་གྱི་བྱེ་བྲག་གོ །ཤིན་ཏུ་བརྒྱན་པ་ནི་ལེགས་པར་ཀླུབས་པ་ཡིན་ནོ། །རྐང་པ་བརྐྱང་སྟེ་ཞེས་བྱ་བ་ནི་རྐང་བ་རྐྱོང་བར་བྱེད་པས་སོ། །ཉེས་པ་དག་ཅེས་བྱ་བ་ནི་དྲང་སྲོང་རྙིང་པའི་ཆོས་ལས་བསྐྱོད་པ་དེའི་ཕྱིར་མཁན་པོའི་ཉེས་པ་ཞེས་བྱའོ། །རྩིག་པས་བསྒྲིབས་པའམ་ཞེས་བྱ་བ་ལ། ང་རྒྱལ་གྱིས་མངོན་སུམ་དུ་སྦྱིན་པར་མི་ནུས་པ་དག་དང་རྗེས་སུ་མཐུན་པའི་སྒྲུབ་པ་མི་བྱེད་པ་དེ་བས་ན་རྒྱལ་པོ་བདག་གི་མདངས་ཀྱིས་གནོད་པར་མ་གྱུར་ཅིག་སྙམ་པ་དེའི་ཕྱིར་གོས་ཀྱིས་བསྒྲིབས་ཤིང་བར་དུ་གཅད་པ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྟེ། སྔ་ཕྱི་སྤྱོད་པ་ལ་མཁས་པའོ། །ལོངས་སྤྱོད་ལ་བཙོས་པའི་ཟས་ཡོངས་སུ་ལོངས་སྤྱོད་པའི་སྙིང་པོ་ཉིད་ཡིན་པ་དེའི་ཕྱིར་བཙོས་པ་སློང་བ་ཞེས་བསྟན་ཏོ། །ཤིན་ཏུ་ང་རྒྱལ་བ་ཉིད་ཀྱིས་འདིར་ཉེས་པ་ཡིན་ནོ། །དཔྱོད་པར་བྱོས་ཤིག་ཅེས་བྱ་བ་ནི་ངེས་པར་དཔྱད་པར་བྱ་བའོ། །ལྐོག་ཏུ་བྱ་བ་ནི་རྒྱལ་པོས་སྟོང་པ་གཙང་བ་གྱ་ནོམ་པའོ། །སྨྲས་པ་ནི་ཡི་གེའི་སྒོ་ནས་སོ། །སྨྲ་བ་ནི་དོན་གྱི་བདག་ཉིད་ཀྱི་སྒོ་ནས་སོ། །རྒྱལ་པོར་གྱུར་པའམ་ཞེས་བྱ་བ་ནི་རྒྱལ་པོར་དབང་བསྐུར་བ་ཐོབ་པའོ། །རྒྱལ་པོ་ཉིད་དུ་ཞུགས་པར་འགྱུར་བའམ་ཞེས་བྱ་བ་ནི་དབང་བསྐུར་དུ་རུང་བར་སྐྱེས་པའོ། །དྲང་སྲོང་ཉིད་དུ་ཞུགས་པར་འགྱུར་རམ་ཞེས་བྱ་བ་ནི་དྲང་སྲོང་གི་ལམ་ཐོབ་པར་གྱུར་པའོ། །ཤིན་ཏུ་
ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་དུ་ལེགས་པར་རྩེ་གཅིག་ཏུ་གཏོད་པའི་སྒོ་ནས་ཡིད་ལ་བྱེད་པའོ། །དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཐོབ་པའི་ཕྱིར་རོ། །ཕན་པ་དང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་གྱི་ཕུན་སུམ་ཚོགས་པའི་ཕྱིར་རོ། །བདེ་བའི་ཕྱིར་ཞེས་བྱ་བ་ནི་ཐར་པའི་བདེ་བ་ཐོབ་པའི་ཕྱིར་རོ། །འདོད་ཅིང་ཞེས་བྱ་བ་ནི་ཨེ་མའོ་བདག་གིས་མཚན་ཉིད་ཀྱིས་རང་གི་ངོ་བོ་ཤེས་པར་བྱའོ་ཞེས་དེ་ལྟར་འདོད་པ་དང་བཅས་པར་འགྱུར་བའོ། །ཐེ་ཚོམ་དུ་གྱུར་པས་ཞེས་བྱ་བ་ནི་ཅི་འདི་ལ་མཚན་དེ་གཉིས་ཡོད་དམ་མེད་ཅེས་སོ། །གསང་བའི་ཕྱོགས་ཀྱི་སྦ་བ་ནི་གསང་བའི་སྦ་བ་ཡིན་ལ། སྦུབས་སུ་ནུབ་པ་ནི་ཞུགས་པའམ་གཡོགས་པས་སྦུབས་སུ་ནུབ་པ་སྟེ། སྦུབས་སུ་ནུབ་པ་ཡང་དེ་ཡིན་ལ། གསང་བའི་སྦ་བ་ཡང་ཡིན་པས་ན་གསང་བའི་སྦ་བ་སྦུབས་སུ་ནུབ་པའོ། །ཡངས་པ་ཉིད་ཀྱི་ཕྱིར་དང་སྲབ་པ་ཉིད་ཀྱི་ཕྱིར་ལྗགས་རིང་ལ་སྲབ་པའོ། །འདིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་ཡིན་པས་ན་མཚན་ཏེ། ཞབས་ལེགས་པར་གནས་པ་ཡིན་ནོ། །མིའི་རྒྱུད་དུ་འཁྲུངས་པ་ཉིད་ཀྱི་ཕྱིར་མི་མཆོག་ཅེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་འཁོར་བའི་ནང་དུ་འདུས་པའི་སེམས་ཅན་མ་ལུས་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །བུད་མེད་ལྟ་བུ་ཞེས་བྱ་བའི་དབང་དུ་བྱས་ནས། ལྕེ་བུད་མེད་དང་འདྲ་བ་ཞེས་བྱ་བ་ཡིན་ནོ། །བརྐྱང་མཛད་པ་ཞེས་བྱ་བ་ལ་ཞལ་ནས་ཕྱུང་བར་མཛད་ནས་སོ། །བདག་གི་ཐེ་ཚོམ་བསལ་བ་དོར་བར་རོ། །སྙན་པར་གྲགས་པ་ཞེས་བྱ་བ་ནི་གྲགས་པས་འཁོར་བ་མ་ལུས་པར་གྱུར་བའོ། །དཀའ་བས་རྙེད་པར་ནུས་པའི་ཕྱིར་རྙེད་པར་ཤིན་ཏུ་དཀའ་བའོ། །རྒྱུ་མཚན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བའི་རྟགས་ཡིན་ནོ། །དེ་ལ་གསལ་བ་ནི་མ་གཡོགས་པར་ཏེ། གསང་བའི་སྦ་བ་སྦུབས་སུ་ནུབ་པར་མཐོང་བར་གྱུར་པའོ། །རྗེས་སུ་ཡི་རངས་ཏེ་ཞེས་བྱ་བ་ནི་ཚིག་གིས་སོ། །མངོན་ པར་བསྟོད་པ་ཞེས་བྱ་བ་ནི་སེམས ་ཀྱིས་སོ། །ཁྱིམ་གྱི་མཆོག་ཅེས་བྱ་བ་ནི་ཁང་པའི་མཆོག་གོ །མངོན་པར་འདོད་པའི་བྱ་བ་བྱེད་པའི་སྒོ་ནས་འདུས་ཤིང་རྟེན་སོ་སོར་འཇོག་པའི་སྒོ་ནས་འཁོད་པ་ཡིན་ནོ། །མང་དུ་ཞེས་བྱ་བ་ནི་བྲམ་ཟེའི་ཁྱེའུ་ཨམྦསྟ་འོང་བ་ལ་སྡོད་པའོ། །ཕྱག་
འཚལ་ཏེ་ཞེས་བྱ་བ་ནི་ཚིག་གི་སྒོ་ནས་ཕྱག་བྱས་ནས་སོ། །ཇི་ལྟར་བརྗོད་པ་ནི་ཇི་ལྟར་འཇུག་པ་དང༌། ཇི་ལྟར་རབ་ཏུ་འཇུག་པར་བྱེད་པའོ། །ཁྲོས་ཤིང་ཞེས་བྱ་བ་ནི་ཐོག་མར་ཁྲོས་པའི་ཕྱིར་ཁྲོས་པའོ། །འཁྲུགས་པ་ནི་ལུས་འགྱུར་བའི་ཕྱིར་རོ། །གཏུམ་པ་ནི་ངག་གིས་འགྱུར་བའི་ཕྱིར་རོ། །ཡི་མ་རངས་པ་ཞེས་བྱ་བ་ནི་རྒྱུན་གྱིས་སེམས་རངས་པ་མེད་པའོ། །ཨེ་མའོ་ཕོ་ཉ་བྱེད་པ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཕོ་ཉའི་ལས་ཆེན་པོ་བྱས་པ་ཡིན་ཏེ་ངས་གཞན་ཁོ་ན་སྨྲས་པ་ཁྱོད་ཀྱིས་གཞན་ཁོ་ན་བྱས་པ་ཡིན་ནོ། །མི་འདོད་དུ་ཟིན་ཀྱང་མངོན་པར་འདོད་པའི་གནས་སུ་མངག་གཞུག་ལ་འགྲོ་བར་བྱེད་པ་གང་ཡིན་པ་མངག་གཞུག་པའོ། །ང་ཡང་ངན་སོང་དུ་ལྟུང་ངོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་དེ་འདྲ་བའི་དྲང་སྲོང་ཆེན་པོ་ལ་བསྙེན་བཀུར་ལ་སྦྱོར་བར་མི་བྱེད་པས་ངག་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་དང་དེར་ཞེས་བྱ་བ་ནི་སྨད་པའི་ཟློས་པའི་ཚིག་གཉིས་ཡིན་ནོ། །བདག་ཀྱང་ཚོད་བཟུང་བར་གྱུར་ཏོ་ཞེས་བྱ་བ་ལ། ཁོ་བོ་སྐབས་ཐམས་ཅད་དུ་ཉེས་པ་དང་ལྡན་པར་བྱེད་པའོ། །གུས་པ་མངོན་དུ་སོང་བའི་ལུས་དང༌། ངག་གི་འཇུག་པ་ནི་བསྙེན་བཀུར་ཡིན་ནོ། །བཅའ་བར་བྱ་བ་ནི་རྩ་བ་ལ་སོགས་པ་ལྔ་ཡིན་ལ། བཟའ་བར་བྱ་བ་ནི་ཁུར་བ་ལ་སོགས་པ་ལྔ་ཡིན་ནོ། །ཡི་རངས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚིག་གིས་སྤྲོ་བར་མཛད་པའོ། །མཆོད་སྦྱིན་ནང་ན་སྦྱིན་སྲེག་མཆོག །ཅེས་བྱ་བ་ལ་སོགས་པ་ལ། མེ་ལ་སྦྱིན་སྲེག་སྦྱིན་པ་ནི་མེའི་སྦྱིན་སྲེག་ཡིན་ལ། མཆོད་སྦྱིན་གང་དག་ལ་མེའི་སྦྱིན་སྲེག་གི་ཁ་ཡོད་པ་དེ་དག་ནི་སྦྱིན་སྲེག་ཁ་ཡིན་ཏེ། མེ་ནི་ལྷའི་ཁ་ཡིན་ནོ་ཞེས་བྱ་བའི་ཚིག་དེས་ལྷའི་ཆེད་དུ་ཅུང་ཟད་མེ་ལ་སྦྱིན་སྲེག་བྱས་པ་དེ་ཐམས་ཅད་ལྷའི་ཁར་འཇུག་པ་ཡིན་ནོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པ་ཡིན་ནོ། །ཡང་ན་མཆོག་ནི་གཙོ་བོར་གྱུར་པ་ཡིན་ལ། མཆོད་སྦྱིན་ནི་གཏོང་མཆོད་ཡིན་ཏེ། གང་བསོད་ནམས་ཀྱི་དོན་དུ་ལྷའི་ཆེད་དུ་སྦྱིན་པར་བྱའོ། །རིག་བྱེད་ཐམས་ཅད་ཀྱི་ནང་ན་སྐྱོད་བཅས་ཀྱི་རིག་བྱེད་གཙོ་བོར་གྱུར་པ་ཡིན་ནོ། །གང་དེ་དག་གི་ནང་ན་རྒྱལ་པོ་དེ་འདི་མཆོག་སྟེ། བསོད་ནམས་དང་བདག་པོའི་སྒོ་ནས་གཙོ་བོར་གྱུར་པ་ཡིན་ནོ། །རྒྱུ་སྐར་ཐམས་ཅད་ཀྱི་ནང་ན་ཟླ་བ་ནི་གདུང་
ཞིང་གསལ་བར་བྱེད་པའི་ཕྱིར་གསལ་བྱེད་དེ། དེ་དག་ཐམས་ཅད་ཀྱི་ནང་ན་ཉི་མ་ཁོ་ན་དཀྱིལ་འཁོར་དང་གསལ་བའི་སྒོ་ནས་མཆོག་སྟེ། གཙོ་བོར་གྱུར་པ་ཡིན་ནོ། །སྟེང་དུ་འོག་མིན་གྱི་མཐར་ཐུག་པ་ནས་ཐད་ཀར་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པ་དང༌། འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་བར་དུའོ། །ཇི་སྙེད་འགྲོ་བར་འགྲོ་བ་དག །ཅེས་བྱ་བ་ལ། ཇི་སྙེད་འགྲོ་བའི་རྣམ་པའམ། སྲོག་ཆགས་རྒྱུ་བའི་བར་དུ་འཇུག་པའོ། །འཇིག་རྟེན་ལྷ་དང་བཅས་པའི་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཁོར་མ་ལུས་པ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་དང་གཙོ་བོར་གྱུར་པ་ཡིན་ཏེ། དཔེར་ན་སྦྱིན་སྲེག་ལ་སོགས་པ་མཆོད་སྦྱིན་ལ་སོགས་པའི་ནང་དུ་གཙོ་བོར་གྱུར་པ་ཡིན་པ་དེ་བཞིན་དུ། བཅོམ་ལྡན་འདས་ནི་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེའི་ཕྱིར་མཆོད་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་མཆོད་པ་ནི་ཚད་མེད་པ་དང༌། འབྲས་བུ་མེད་པ་མ་ཡིན་པ་དང༌། འདོད་པའི་འབྲས་བུ་ཅན་ཡིན་བས་ན་རྟག་ཏུ་མཆོད་པར་བྱ་བ་ཡིན་ནོ། །ཏིལ་དྲུས་མ་དང་འབྲས་ཀྱི་བག་ཕྱེ་བསྲེས་པ་ལས་སྲབ་མོར་བྱས་ཤིང་མར་གྱི་ནང་དུ་བསྐོལ་བའི་ཟས་ཀྱི་བྱེ་བྲག་ནི་ཁུར་བ་ཡིན་ནོ། ། སེམས་མཉེས་པར ་བགྱིད་དམ་ཞེས་བྱ་བ་ནི་ཚུལ་མཐུན་པའི་སྒྲུབ་པས་ སེམས་དང་རྗེས་སུ་མཐུན་པར ་འགྱུར་བའོ། །ཆོས་འདོད་པ་ཞེས་བྱ་བ་ནི་ཆོས་ལ་གུས་པ་དང་བཅས་པའོ། །བྱིས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལུང་ཐོས་པ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་བྱིས་པའོ། །སྐབས་ནི་གནས་སྐབས་ཡིན་ཏེ། སྐབས་ཤེས་པའི་ཕྱིར་སྐབས་འཚལ་བ་ཡིན་ལ། སྐབས་འཚལ་བ་མ་ཡིན་པ་ནི་སྐབས་མ་འཚལ་བའོ། །དེ་ལྟར་ནི་ངས་འདི་ལྟར་སོང་ལ་བཅོམ་ལྡན་འདས་ཀྱི་མི་ཆེན་པོའི་མཚན་དག་ཡང་དག་པར་བསྟན་པའི་སྐབས་གཞན་ཁོ་ནར་གྱུར་པ་སྨྲས་པ་ཡིན་གྱི། འདི་ལྟར་ངས་བསྙེན་བཀུར་མི་བྱེད་པ་ནི་མ་ཡིན་པ་དེ་བས་ན། དེས་བསྙེན་བཀུར་མ་བྱས་པ་དེའི་ཕྱིར་དེ་ནི་སྐབས་མི་ཤེས་པ་ཡིན་ནོ། །སྲབ་སྐྱོགས་ཞེས་བྱ་བ་ལ་སོགས་པ་ལ། རྟ་བཟློག་པའི་ཐབས་སུ་གྱུར་པ་ནི་སྲབ་སྐྱོགས་ཡིན་ལ། དེ་གཏོང་བ་ནི་འཕྲལ་དུ་ཡོངས་སུ་སྤོང་བའོ། །བསྒྲེང་བ་ནི་གྱེན་དུ་བསྒྲེང་བར་བྱེད་པའོ། །གནོད་པ་ཉུང་ངམ་ཞེས་བྱ་བ་ལ་སོགས་པ་ལ།
གནོད་པ་ནི་ཕྱི་རོལ་གྱི་རྣམ་པར་འཚེ་བས་གཟིར་བའོ། །ཁ་ན་མ་ཐོ་བ་ནི་ལུས་ལས་བྱུང་བའི་ནད་ཀྱིས་གཟིར་བའོ། །མི་བདེ་བ་ནི་ཡིད་སྐྱོ་བར་གྱུར་པའི་ནད་དོ། །བསྐྱོད་པ་ཡང་བ་ནི་བྱ་བ་ལ་ལུས་ཡང་བ་ཉིད་དོ། །འཚོ་བ་ནི་བསོད་སྙོམས་ཀྱི་སྒོ་ནས་གནས་པར་གྱུར་པའོ། །སྟོབས་ནི་འཚོ་བའི་འབྲས་བུ་ནུས་པ་ཉིད་དོ། །བདེ་བ་ནི་ལུས་ཀྱིའོ། །རེག་པར་གནས་པ་ནི་མངོན་པར་དགའ་བ་དང་བཅས་པས་གནས་པའོ། །ཕུད་པ་ནི་ཡོངས་སུ་དོར་བའོ། །གོས་བགོས་པ་ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་རེག་པ་ནི་རེག་པར་བྱེད་པའོ། །དོ་ཀེར་ནི་སྐྲ་གཙུག་ཕུད་དུ་བཅིངས་པའོ། །གྲགས་པ་ལས་རྙེད་པ་ཞེས་བྱ་བ་ནི་ཐོབ་བར་གྱུར་བ་སྟེ། དེ་དག་ནི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །མཉམ་པ་དེས་ལོངས་སྤྱོད་དག་གི་བགོ་བཤའ་བྱའོ་ཞེས་བྱ་བ་དེ་ལྟ་བུ་ནི་གྲགས་པ་ལས་རྙེད་པ་དག་ཡིན་ནོ། །གྲགས་པ་ཁོ་ནས་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ་ཞེས་བྱ་བ་ལ། རིགས་གཞན་ལ་ཕྱག་བྱས་པ་དེའི་ཚེ་བདག་ལ་སྙན་པར་མི་འགྱུར་རོ་སྙམ་པ་དེས་གཞན་གཡོའི་སྒོ་ནས་ཕྱག་བྱེད་པ་ཡིན་ནོ། །ཤིན་ཏུ་ང་རྒྱལ་ཅན་ཞེས་བྱ་བ་ནི་ལྷག་པའི་ང་རྒྱལ་དང་ལྡན་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་དང་ལྡན་པའི་གཏམ་ནི་སྦྱིན་པའི་གཏམ་མོ། །ཚུལ་ཁྲིམས་ཀྱི་ཕན་ཡོན་གསལ་བར་བྱེད་པའི་གཏམ་ནི་ཚུལ་ཁྲིམས་ཀྱི་གཏམ་མོ། མཐོ་རིས་ཀྱི་བསྔགས་པ་བརྗོད་པའི་གཏམ་ནི་མཐོ་རིས་དང་རྗེས་སུ་མཐུན་པའི་གཏམ་མོ། །འདོད་པའི་ཡོན་ཏན་ལྔའི་རོ་མྱོང་བ་གསལ་བར་བྱེད་པའི་གཏམ་ནི་རོ་མྱོང་བའི་གཏམ་ཡིན་ཏེ། ཇི་སྐད་དུ་གལ་ཏེ་བདག་འདོད་པའི་ཡོན་ཏན་ལྔ་ལ་བརྟེན་པའི་བདེ་བ་སྐྱེ་ཞིང་སྐྱེས་པའི་འདོད་པ་དག་གི་རོ་མྱོང་བར་བརྗོད་པ་འདོད་པ་དེ་དག་གི་རོ་མྱང་བ་ནི་ཤིན་ཏུ་ཆུང་ལ་འོན་ཀྱང་དེ་དག་གི་ཉེས་དམིགས་ནི་ཆེ་བར་བསྟན་པ་ཡིན་ནོ། །འདོད་པའི་ཉེས་དམིགས་གསལ་བར་བྱེད་པའི་གཏམ་ནི་འདོད་པའི་ཉེས་དམིགས་ཀྱི་གཏམ་ཡིན་ཏེ། ཇི་སྐད་དུ་འདོད་པའི་རྒྱུ་དང༌། འདོད་པའི་གཞི་དང༌། འདོད་པའི་རྟེན་གྱིས་མ་བུ་དང་ལྷན་ཅིག་རྩོད་པར་བྱེད་པས་ན། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཉེས་ པར་སྤྱོད་པ་ཆེན་པོ་སྤྱོད་པས་སེམས ་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ནི་
འདོད་ཆགས་ལ་སོགས་པ་ཡིན་ལ། འདིར་ཀུན་ནས་ཉོན་མོངས་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཀུན་ནས་ཉོན་མོངས་པ་ནི་འཁོར་བ་ཡིན་ནོ། །རྣམ་པར་བྱང་བས་ན་རྣམ་པར་བྱང་བ་སྟེ། ཐར་པ་ཡིན་པའམ། འདིས་རྣམ་པར་བྱང་བར་བྱེད་པས་ནི་རྣམ་པར་བྱང་བ་སྟེ།། འཕགས་པའི་ལམ་ཡིན་ཞིང་དེའི་ཕྱོགས་ནི་དད་པ་ལ་སོགས་པ་ཡིན་ནོ། །ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དེ། ཁྱིམ་གྱི་གནས་ཡོངས་སུ་སྤངས་པའམ། འདིས་ངེས་པར་འབྱུང་བ་སྟེ་ཞེས་བྱ་བའི་དབང་དུ་བྱས་ནས་འཕགས་པའི་ལམ་ངེས་པར་འབྱུང་བ་ཡིན་ཏེ། དེའི་དངོས་པོ་ནི་ངེས་ པར་འབྱུང་བ་ཉིད་དོ། །རབ་ཏུ་དབེན་པ་ནི་ལུས་དང་སེམས ་ཀྱི་སྒོ་ནས་དབེན་པའི་གནས་སྐབས་ཡིན་ཏེ། དེ་དག་གི་བསྔགས་པ་ནི་ཡོན་ཏན་གྱི་གཏམ་ཡིན་ནོ། །ཡིད་བདེ་བ་ཁྱད་ པར་དུ་འཕགས་པ་དང་ལྡན་པའི་ཕྱིར་དགའ་བའི་སེམས ་སོ། །འཕགས་པའི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར་དགེ་བའི་སེམས་སོ། །རབ་ཏུ་དགའ་བ་དང་ལྡན་པའི་ཕྱིར་མགུ་བའི་སེམས་སོ། །ལམ་སྐྱེ་བའི་འཆི་བ་མ་ཡིན་པའི་ཕྱིར་སྒྲིབ་པ་མེད་པའི་སེམས་སོ། །མ་འོངས་པའི་ཡོན་ཏན་སྐྱེ་བའི་སྐལ་བ་དང་ལྡན་པའི་ཕྱིར་སྐལ་བ་ཡོད་པའོ། །མཐུ་ཞེས་བྱ་བ་ནི་ནུས་པའོ། །ཀུན་ནས་བསྟོད་པ་ནི་སྐྱེས་བུའི་དོན་བླ་ན་མེད་པ་ཡིན་ཏེ། ཡང་དག་པར་བསྟོད་པའི་ཕྱིར་མཐུ་ཡོད་པས་ན་ཀུན་ནས་བསྟོད་པ་ཅན་ནམ། འདི་ལ་ཀུན་ནས་བསྟོད་པའི་དགོས་པའི་ཆོས་བསྟན་པ་ཡོད་པ་དེ་ནི་འདིར་ཀུན་ནས་བསྔགས་པ་ཅན་གྱི་ཆོས་བཤད་པ་སྟེ། འཕགས་པའི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ །དག་པ་ཞེས་བྱ་བ་ནི་དཀར་པོའོ། །ནག་པོ་དང་བྲལ་བ་ཞེས་བྱ་བ་ནི་དྲི་མ་མེད་པའོ། །བཙོར་རུང་བ་ཞེས་བྱ་བ་ནི་བཙོར་རུང་བར་གྱུར་བའོ། །ལེགས་པར་ཚོན་འཛིན་པ་ཞེས་བྱ་བ་ནི་ཤིན་ཏུ་ཚོན་ཆགས་པར་གྱུར་པའོ། །ཤིན་ཏུ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཟག་པ་མེ་པའི་ཤེས་པས་ཡོངས་སུ་གཅད་པའམ་མཐོང་བར་གྱུར་པའོ། །ཆོས་མཐོང་བ་ནི་སྡུག་བསྔལ་གྱི་བདེན་པའོ། །རྙེད་པ་ནི་འགོག་པའོ། །རིག་པ་ནི་ཀུན་འབྱུང་ངོ༌། །ཁོང་དུ་ཆུད་པ་ནི་ལམ་མོ། །འདོད་པ་དང་བྲལ་བ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་ཆོས་དག་ཁོང་དུ་ཆུད་པའི་འདོད་པ་དང་བྲལ་བའོ། །དེ་བཞིན་དུ་
བདེན་པ་བཞིའི་ཡུལ་ལ་ཐེ་ཚོམ་དང་བྲལ་བར་གྱུར་པའོ། །གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་གཞན་ཚད་མར་གྱུར་པ་མ་ཡིན་པའི་ཆོས་དག་རང་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །གཞན་གྱིས་མི་བཀྲི་བ་ནི་ཆོས་གཞན་དེ་ཡང་ཁོང་དུ་ཆུད་པ་ཉིད་ཀྱི་ཕྱིར་རོ། །སྟོན་པའི་བསྟན་པ་སྟེ་བཤད་པའི་ཆོས་དང༌། གཞན་རྣམ་པར་གནས་པའི་ཆོས་དག་ལ་མི་འཇིགས་པ་སྟེ། འཇིགས་པ་མེད་པ་ཉིད་ཐོབ་པའོ། །ཤིན་ཏུ་འདས་པ་ཞེས་བྱ་བ་ནི་ཆོས་ལ་རབ་ཏུ་ཞུགས་པ་ཡིན་ནོ། །འདས་པའི་ཚིག་གཉིས་པ་ནི་ཕྱིར་འཇིག་པར་མི་འགྱུར་བ་ཐོབ་པར་བགྱིའོ་ཞེས་བསྟན་པ་ཡིན་ནོ། །ཡང་ན་དགའ་བའི་ཡུལ་ལ་ལེན་གཉིས་བརྗོད་པ་ཡིན་ནོ། །སྐྱབས་སུ་མཆི་སྟེ་ཞེས་བྱ་བ་ནི་ཡངས་སུ་སྐྱོབ་པར་མཛད་པའི་སྒོ་ནས་རྟེན་སྒྲུབ་པར་བྱེད་པའོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་མཐར་ཐུག་པའི་བར་དུའོ། །སྲོག་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྲིད་བདག་སྲོག་དང་ལྡན་པ་དེ་སྲིད་དུ་འགྲོ་བ་ཡིན་ནོ། །ཟས་བཟའ་བར་བྱ་བ་ནི་ཟས་ལོངས་སྤྱོད་པར་བྱའོ། །དཔྱ་བ་ནི་འདོད་པ་མ་ཡིན་པ་སྟོན་པའི་ཚིག་བརྗོད་པའོ། །གཞོན་རབས་ཀྱི་དུས་ཡོལ་བར་གྱུར་ཅེས་བྱ་བ་ལ་སོགས་པ་ལ། མང་བ་ཉིད་ཀྱི་ཕྱིར་ཇི་སྲིད་དགེ་སློང་དག་དང༌། གཞོན་རབས་སུ་རྣམ་པར་གནས་པ་དག་གིས་ཟས་ཐོབ་པར་གྱུར་པ་དེ་སྲིད་དུ་དགེ་འདུན་གྱི་གནས་བརྟན་གྱིས་ཟས་ཟོས་ཤིང་ཟས་ཟོས་ནས་ཀྱང་ཡོན་བཤད་པར་བྱེད་པ་དང༌། དགེ་སློང་གཞོན་པ་དག་ཡོན་བཤད་པར་གྱུར་པ་ན་ཟས་མ་ཟོས་ལ། ཡོན་བཤད་པ་ཡོངས་སུ་རྫོགས་པ་ན་ཡང་ཟས་ཀྱི་དུས་ལས་འདས་པར་གྱུར་པ་དེའི་ཕྱིར་དུས་ལས་འདས་པ་ཞེས་བསྟན་ཏོ། །དོན་མི་གོ་བ་ཞེས་བྱ་བ་ལ་དོན་ཡོངས་སུ་ཤེས་པའི་ངང་ཚུལ་ཅན་མ་ཡིན་པའོ། །སྒྲ་མི་ཐོས་པ་ནི་སྒྲ་སོ་སོར་རིག་པ་མ་ཡིན་པའོ། །གྲལ་ཚར་གཉིས་སུ་ཞེས་བྱ་བ་ལ། ཇི་ལྟར་གྲལ་བཤམས་པ་དེ་བཞིན་དུ་གྲལ་གཉིས་པས་རྒན་རབས་དང་ཉེ་བའི་མཐར་སོན་པར་གྱུར་པ་དེ་བས་ན་ཤིན་ཏུ་ཐག་ཉེ་བར་གནས་པའི་གསར་བུ་དོན་སོ་སོར་རིག་པར་འགྱུར་ཞིང་སྒྲ་སོ་སོར་རིག་པར་འགྱུར་བའོ། །རིབ་མའི་རྩ་ཞེས་བྱ་བ་ནི་མེ་ཏོག་གི་རིབ་མའི་མཐའ་ཕྱོགས་སུ་གྱུར་པའམ། རིབ་མའི་རྩ་བ་ནི་ཁྱིམ་གྱི་ཚར་དང་ཉེ་བའོ། །མི་དགེ་བ་ཞེས་བྱ་བ་ནི་རྣམ་པར་
སྨིན་པ་མི་འདོད་པ་ཉིད་ཀྱི་ཕྱིར་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྟེ། མི་དགེ་བ་དེ་ལ་རྣམ་པར་རྟོག་པར་བྱེད་དོ། །འཕགས་པའི་སྐྱེ་བོས་སྨད་པ་ཉིད་ཀྱི་ཕྱིར་སྡིག་པ་ཡིན་ལ། འདུན་པའི་འདོད་ཆགས་ལ་བརྟེན་ནས་སྐྱེས་པའི་ཕྱིར་ཆགས་པ་ལ་བརྟེན་པ་ཡིན་ནོ། །ས་བོན་ཚ་བ་ལྟ་བུ་ཞེས་བྱ་བ་ལ། ཚ་བ་ནི་ཁ་བའམ་རྣོ་བ་ཡིན་ཏེ། ཚ་བའི་ས་བོན་ནི་ཚ་བའི་ས་བོན་ཡིན་པས་ན་བདག་ཉིད་ཚ་བའི་འབྲས་བུའི་ས་བོན་ལྟར་ཞེས་བསྟན་པར་འགྱུར་ཏེ། ས་བོན་ཚ་བ་བྱེད་པ་མ་ཡིན་པ་ས་བོན་ཚ་བར་བྱེད་པ་ཡིན་པའི་ཕྱིར་བདག་ཉིད་ས་བོན་ཚ་བ་ལྟར་རང་ཉིད་ཀྱི་ སེམས་གྱུར་པ་ཡིན་ནོ། །འདོད་པའི་ཡོན་ཏན་ལྔའི་རྣམ་པར ་རྟོག་པ་དང་ལྡན་པའི་ཕྱིར་བདག་ཉིད་དྲིང་བ་ཡིན་ལ། རེག་པའི་སྐྱེ་མཆེད་དྲུག་གིས་སྡོམ་པ་མ་ཡིན་པས་བསྡམས་པའི་ཕྱིར་བདག་ཉིད་ཟག་པ་ཡིན་ནོ། །རེག་པའི་སྐྱེ་མཆེད་དྲུག་པོ་དག་གིས་རྟག་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟག་པར་བྱེད་པའི་ཕྱིར་སྡིག་པའི་ཆོས་འདོད་ཆགས་ལ་སོགས་པ་ནི་སྦྲང་བུ་ཡིན་ཏེ། རང་དབང་དུ་གནས་པའི་རོ་མྱོང་བར་བྱེད་དོ། །རང་གི་འདོད་པས་ཡོངས་སུ་ལོངས་སྤྱོད་པ་ནི་མངོན་པར་བལྡགས་པའམ། རྒྱུན་གྱིས་དེ་ལ་གནས་པའོ། །འདི་ལ་གནས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལ་གནས་ཡོད་པ་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་མ་བསྟན་པའི་གཙོ་བོར་གྱུར་པའི་དགེ་སློང་འགའ་ཞིག་གོ །དེའི་ཚིག་བླ་དག་སོ་ཞེས་བྱ་བ་ནི་དེའི་མིང་སྟོན་པར་བྱེད་པའོ། །འདུན་པའི་འདོད་ཆགས་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ནི་འདོད་པའི་རྣམ་པར་རྟོག་པ་ཡིན་ནོ། །གནོད་ སེམས་དང་མཚུངས་པར ་ལྡན་པ་ནི་གནོད་ སེམས་ཀྱི་རྣམ་པར ་རྟོག་པ་ཡིན་ནོ། །གཞན་ལ་ཅོ་འདྲི་བ་དང་འཚེ་བ་དག་དང་མཚུངས་པར་ལྡན་པ་ནི་འཚེ་བའི་རྣམ་པར་རྟོག་པ་ཡིན་ནོ། །དགའ་བར་བྱེད་མངོན་པར་འདོད་པར་བྱེད་པ་ཡིན་པས་ན་འདོད་པ་ཡིན་ལ། འདུན་པའི་འདོད་ཆགས་ཀྱི་སྒོ་ནས་ཡོན་ཏན་དུ་བྱེད་ཅིང་ཡང་དང་ཡང་དུ་གོམས་པར་བྱེད་པས་ན་ཡོན་ཏན་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་ཡུལ་ལ་འདུན་པའི་འདོད་ཆགས་ནི་དོན་དུ་གཉེར་བའི་འདོད་ཆགས་སོ། །མིག་གིས་རེག་པའི་སྐྱེ་མཆེད་ཅེས་བྱ་བ་ལ་རེག་པའི་
སྐྱེ་མཆེད་སྐྱེད་པར་བྱེད་པའི་གནས་ཡིན་པས་ན་རེག་པའི་སྐྱེ་མཆེད་ཡིན་པ་ལ་མིག་ཁོ་ན་རེག་པའི་སྐྱེ་མཆེད་ཡིན་པས་མིག་གི་རེག་པའི་སྐྱེ་མཆེད་ཡིན་ཞིང༌། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། གསུམ་འདུས་པ་ནི་རེག་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་སྐྱེ་མཆེད་ཀྱང་རིག་པར་བྱའོ། །སྡོམ་པ་མ་ཡིན་པ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་ལྡོག་པ་མེད་པ་ནི་སྡོམ་པ་མ་ཡིན་པ་ཡིན་ཏེ། དེས་བསྡམས་པ་དང་ལྡན་པའོ། །སྡིག་པ་མི་དགེ་བའི་ཆོས་ལ་སེམས་རྗེས་སུ་འཇུག་པ་ནི་ སེམས་ལ་བརྟེན་ནས་འཇུག་པར ་འགྱུར་བའོ། །ཅི་ཞིག་ཡོད་ཅེ་ན། སྨྲས་པ། བརྣབ་སེམས་དང་ཡིད་མི་བདེ་བ་ཡོད་ནའོ། །དེ་དག་ཡུལ་གང་ལ་ཞེ་ན། སྨྲས་པ། འཇིག་རྟེན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མིག་དང་རྣ་བ་གང་མ་སྦས་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་རྣ་བ་ཡུལ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་མིག་དང་རྣ་བ་མ་སྦས་པ་ཡིན་ནོ། །འདུན་པའི་འདོད་ཆགས་ཀྱིས་གཟིར་བ་ནི་གནོད་པར་གྱུར་པའོ། །དེ་ལ་གནས་པ་ནི་བདེ་བར་གནས་པ་སྟེ། མྱ་ངན་ལས་འདས་པ་ལ་གནས་པ་ཡིན་ལ། བདེ་བར་གནས་པ་ལས་དགེ་སློང་དེ་རིང་དུ་གྱུར་པ་ཡིན་ནོ། །གནོད་པ་ནི་འཁོར་བའི་སྡུག་བསྔལ་ཏེ་སྐྱེ་བ་ལ་སོགས་པ་ཡིན་ལ། དེའི་ནང་ན་གནས་པའི་སྒོ་ནས་དེ་ནི་གནོད་པ་ལ་ཉེ་བར་གྱུར་པ་ཡིན་ནོ། །གང་འདི་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་སྟོན་ པར་བྱེད་པ་ཡིན་ནོ། །ནང་གི་གནས་ནི་རང་གི་སེམས ་རྩེ་གཅིག་པ་ཡིན་ལ། སྦྱོར་བར་བྱེད་པ་ནི་བཅོམ་ལྡན་འདས་ལ་སྦྱོར་བར་བྱེད་པ་པོས་བདག་ཉིད་ངེས་པར་སྦྱོར་བའོ། །ཅི་ཞིག་བྱས་ནས་ཤེ་ན། སྨྲས་པ། མངོན་ཤེས་ཏེ་ཤིན་ཏུ་ཤེས་ནས་སོ། །དེ་གང་ཞེ་ན། བསམ་པ་ལ་སོགས་པ་ཤུགས་ཀྱིས་རྟོགས་པར་གྱུར་པའོ། །བདེ་བར་གནས་ཞེས་བྱ་བ་ནི་བདེ་བར་ཉལ་བ་སྟེ། འདི་ནི་ཡང་སྲིད་པར་མི་འཇུག་པའི་ཕན་ཡོན་གཞན་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། སྨྲས་པ། ཡང་དག་པའི་བཀའི་གོ་འཕང་གིས་སོ། །གོ་འཕང་ཁྱད་པར་ཇི་ལྟ་བུ་ཞེ་ན། སྐྱེས་བུ་ངན་པས་མ་བསྙེན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྨད་པར་བྱ་བའི་སྐྱེས་བུ་ནི་སྐྱེས་བུ་ངན་པ་སྟེ། ལེ་ལོ་ལ་སོགས་པའི་ཉེས་པར་སྤྱོད་པ་དང་ལྡན་པའི་ཕྱིར་རོ། །དེས་
ཐོབ་པར་བྱ་བ་མ་ཡིན་པའི་ཕྱིར་མ་བརྟེན་པའོ། །གོ་འཕང་ནི་ཐར་པ་ཞེས་བྱ་བའི་གནས་ཡིན་ནོ། །འཕགས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ། །ལེགས་བཤད་ནི་མཛེས་པར་རབ་ཏུ་བཤད་པ་ཡིན་ནོ། །སྤྱོད་ཡུལ་མ་ཡིན་པ་ལྔ་ཞེས་བྱ་བ་ནི་དགེ་སློང་འགྲོ་བ་ཚུལ་མ་ཡིན་པའི་ཕྱིར་སྤྱོད་ཡུལ་མ་ཡིན་པའོ། །རོལ་མོའི་གནས་ནི་རོལ་མོ་མཁན་གྱི་གནས་སོ། །སྨད་འཚོང་མའི་གནས་ནི་འདིར་འདོད་པ་དག་འཇུག་པར་བྱེད་པའི་ཞེས་བྱ་བ་དེའི་དབང་དུ་བྱས་ནས་སྨད་འཚོང་མའི་ཁྱིམ་ཡིན་ནོ། །ཆང་འཚོང་གི་གནས་ནི་མྱོས་བྱེད་ཀྱི་བཏུང་བའི་ཁང་པ་ཡིན་ནོ། །གདོལ་པའི་གནས་ནི་གདོལ་པའི་ཁྱིམ་ཡིན་ནོ། །ཇི་ལྟར་བཤམས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བའི་དགེ་སློང་དེས་བཤམས་པར་གྱུར་པ་དེ་ཁོ་ན་བཞིན་དུ་དེས་བཏང་སྙོམས་སུ་གཞག་པར་གྱུར་པའོ། །སྔོན་གྱི་ལས་ཀྱིས་ཞེས་བྱ་བ་ལ། སྔོན་གྱི་ལས་ནི་འདིར་ལས་རྙིང་པ་ཡིན་པར་རིག་པར་བྱའོ། །སྦྲུལ་ནི་སྦྲུལ་གྱི་སོ་གང་ཡིན་པ་དེ་གཞན་ལ་གནོད་པར་བྱེད་པའི་ཚེ་དུག་ཡོད་པའི་ཕྱིར་སྦྲུལ་གདུག་པའོ། །འབྲུ་མར་ཞེས་བྱ་བ་ནི་རྐང་པ་བསྐུ་བའི་ཕྱིར་རོ། །གང་སྔོན་གྱི་སྐྱེ་བ་དེས་ཚེ་ཐུང་བར་འགྱུར་བའི་ལས་བྱས་པ་དེ་ལེན་པ་ཉིད་ཀྱི་ཉེས་པ་ཡིན་ཏེ། དེས་བསྐྱེད་པ་ནི་འཕངས་པར་གྱུར་པའོ། །ནོན་པ་ནི་གཡོ་འགུལ་བྱེད་པའི་ནུས་པ་ཆུང་བའོ། །ལུས་མ་ནུས་པ་སྡུག་བསྔལ་གྱི་ཚོར་བས་གནོད་པ་ནི་གཟིར་བའོ། །ཤི་བར་གྱུར་པ་ནི་དུས་ལས་འདས་པར་གྱུར་པའོ། །དེ་གཉིས་ཀྱིས་ཞེས་བྱ་བ་ནི་ངེས་པར་གཟུང་བའི་དྲུག་པ་ཡིན་ཏེ། དེ་གཉིས་ལས་གཅིག་གིས་སོ། །རྡུལ་གཟན་བྱིན་བཞིན་དུ་ཞེས་བྱ་བ་ནི་དེས་རྡུལ་གཟན་མཚན་མོའི་གོས་ཀྱི་ཚུལ་དུ་བགོས་པ་དེའི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །དེ་ལྟར་མི་སྡུག་པར་གྱུར་པ་ཞེས་བྱ་བ་ནི་དེ་ལྟར་འགྱུར་བ་ཐོབ་པར་གྱུར་པའོ། །བསྡུམ་པར་རུང་བ་ཞེས་བྱ་བ་ནི་སྦྱོར་དུ་རུང་བས་ན་བསྡུམ་དུ་རུང་བའོ། །འདུམ་པར་མི་འགྱུར་གྱི་ཞེས་བྱ་བ་ནི་དེ་ཉེས་པ་གཞན་ཡོད་པའི་ཕྱིར་འདུམ་པར་བྱ་བ་མ་ཡིན་པའོ། །གོས་གཅིག་གང་ལ་ཡོད་པ་དེ་ནི་གོས་གཅིག་པ་སྟེ། གོས་གཅིག་གོན་པས་གཞན་ལ་ཕྱག་མི་བྱ་ཞིང་གོས་གཅིག་གྱོན་པ་ལ་ཡང་ཕྱག་མི་བྱ་ལ། གོས་གཅིག་གྱོན་པས་ཀྱང་གཞན་གྱི་ཕྱག་བདག་གིར་
མི་བྱའོ། །གང་དེ་ལ་ཞེས་བྱ་བ་ནི་ཐ་མལ་པའི་གནས་ལའོ། །མངོན་སུམ་དུ་ཕྱོགས་པས་འདུག་ཤིག་ཅེས་བྱ་བ་ནི་བསྟན་པའི་གནས་ལ་མངོན་སུམ་དུ་ཕྱོགས་པས་འདུག་པར་བྱ་བ་ཡིན་ནོ། །ལས་བདག་གིར་བྱེད་པ་ལ་དམིགས་ནས་ཞེས་བྱ་བ་ལ། བདག་ཉིད་ཀྱི་ལས་ལ་རག་ལུས་པའམ། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་དུ་རུང་བར་བདག་ཉིད་ཀྱིས་ཤེས་ནས་ཟས་ལ་སོགས་པའི་ཚོད་རིག་པར་བྱ་བ་ཡིན་ནོ། །རྡུལ་གྱིས་གང་བ་ནི་རྡུལ་གྱིས་ཁྱབ་པར་གྱུར་པའོ། །ལག་པ་ནས་བཟུང་བའི་སྒོ་ནས་ཉམ་ང་བ་ལས་བཏོན་པ་ནི་ལག་པ་ནས་བཟུང་བ་ཡིན་ནོ། །སྲན་མ་ཤ་ལས་བྱས་པའམ་ཞེས་བྱ་བ་ནི་སྲན་མ་ཤ་ལ་སོགས་པ་ལས་བྱས་པའམ། འབྲས་བཏགས་པ་ལས་བསྒྲུབས་པའི་བཅའ་བའོ། །ཚོད་རིག་པར་བྱོས་ཤིག་ཅེས་བྱ་བ་ནི་ལེན་པ་ན་ཇི་ལྟར་ཉེ་གནས་དང་སློབ་མ་ལ་གནོད་པར་མི་འགྱུར་བ་དེ་ལྟར་ཚོད་ཤེས་པར་བྱ་བ་ཡིན་ནོ། །གཙང་སྦྱོར་བ་ནི་ཟས་ཀྱི་ཞལ་ཏ་པའོ། །འབྲུ་མར་གྱི་སྣོད་ཅེས་བྱ་བ་ནི་པགས་པ་ལས་བྱས་པ་འབྲུ་མར་གྱི་སྣོད་ཀྱི་ཀོ་སྐུའོ། །ཁ་ཏོན་ཀློགས་ཤིག་ཅེས་བྱ་བ་ནི་ཀློག་ཏུ་བཅུག་པ་ཡིན་ནོ། །ཨུཏྤལ་ལ་འམ་ཞེས་བྱ་བའམ་གྱི་སྒྲ་ནི་གཞན་གྱི་དོན་དུ་བལྟ་བར་བྱའོ། །ཇི་ལྟར་ཆུ་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་ཆུ་ལ་འཕེལ་བར་འགྱུར་བདེ་ལྟ་དེ་ལྟར་ཨུཏྤལ་ལ་ཡང་འགྱུར་རོ། །ཁྱིམ་སྟེ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་བཤད་པར་གྱུར་པའི་ཉེས་པ་གང་དག་གིས་སུན་འབྱིན་པར་བྱེད་ཅིང་མ་དད་བར་བྱེད་པ་དེ་དག་གི་ནི་ཁྱིམ་སུན་འབྱིན་པ་ཡིན་ནོ། །ཇི་ལྟར་དེ་དག་ཁྱིམ་སུན་འབྱིན་པ་ཡིན་ཞེ་ན། སྨྲས་པ། གང་གི་ཕྱིར་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ནོ། །ཇི་ལྟར་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཞེ་ན། དེ་དག་བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། །འདུ་འཛི་ལ་སོགས་པའི་ཚིག་གི་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །སྣོད་གཅིག་གི་ནང་དུ་ཞེས་བྱ་བ་ནི་སྣོད་ཆེན་པོ་གཅིག་གི་ནང་དུའམ། རྡོའི་སྣོད་གཅིག་ལའོ། །མེ་ཏོག་ཐོགས་པ་ནི་ཐོད་དམ་རྣ་བ་དག་ལའོ། །བྱ་དགའ་འབྱིན་པ་ནི་མང་དུ་བྱིན་པས་དགའ་བར་གྱུར་པའོ། །རྒྱུག་པ་ནི་ཤུགས་ཀྱིས་འགྲོ་བའོ། །མཆོང་བ་ནི་རྒལ་བའོ། །རབ་ཏུ་མཚང་བ་ནི་སྟེང་དུ་མཆོང་བའོ། །བརླ་གཅིག་གཡོབ་པ་ནི་བརླ་སྒྱུར་བྱེད་པའོ། །
དཔུང་པ་གཅིག་བསྐྱོད་པ་ནི་དཔུང་པ་སྒྱུར་བར་བྱེད་པའོ། །ཉ་བཞིན་དུ་སྒྱུར་བར་བྱེད་པ་ནི་ཉ་ལྟར་འགྱུར་ཞིང་འཕར་པའོ། །ཆུ་ལ་རྡོ་འཕར་འཕེན་པ་ནི་ཆུའི་སྟེང་དུ་རྡོའི་དུམ་བུ་འཕེན་པར་བྱེད་པའོ། །ལག་པ་གཅིག་གིས་བསྣུན་པས་ཆུའི་སྟེང་དུ་བསྣུན་པ་ནི་ཆུ་སྒྲ་འབྱིན་པའོ། །ལག་པ་གཉིས་ཀྱིས་རྡེག་ཅིང་བསྣུན་པ་ནི་ཆུ་རྔ་རྡུང་བ་ཡིན་ནོ། །ཁ་རླུང་གིས་བཀང་བ་ལ་ལག་པའི་ཐལ་མོ་གཅིག་གིས་རྡེག་ཅིང་བསྣུན་པ་ནི་ཁའི་རྔ་རྡུང་བའམ། ཁའི་སྒོ་ནས་རྔ་བོ་ཆེའི་སྒྲ་ལྟར་སྒྲོགས་པ་ནི་ཁའི་རྔ་རྡུང་པ་ཡིན་ནོ། །ཁ་དང་ལག་པའི་སྦྱོར་བ་ལས་དུང་གི་སྒྲ་འབྱིན་པ་ནི་ཁའི་དུང་འབུད་པའོ། །ཁའི་སྒོ་ནས་རྔའི་སྒྲ་སྒྲོགས་པ་ནི་ཁའི་རྔ་ལེན་པར་བྱེད་པའམ། ཁ་རླུང་གིས་བཀང་བ་ལག་པ་གཉིས་ཀྱིས་བརྡེགས་ཤིང་བསྣུན་པའོ། །དགེ་སྦྱོང་གི་ལས་མ་ཡིན་པ་ཞེས་བྱ་བ་ནི་དགེ་སྦྱོང་དང་ཚུལ་མཐུན་པ་མ་ཡིན་པའོ། །སྤྱོད་ལམ་ཞེས་བྱ་བ་ནི་ལུས་ཀྱི་སྤྱོད་ལམ་མོ། །སྤྱོད་པ་ཞེས་བྱ་བ་ནི་ལོག་པའི་སྤྱོད་ཡུལ་ལ་སྤྱོད་པའོ། །ལོག་པར་ཞུགས་པས་ན་ཞེས་བྱ་བ་ནི་ཚུལ་མ་ཡིན་པའི་བྱ་བ་ལ་ཀུན་དུ་སྤྱོད་པའོ། །སྤངས་ཏེ་ཞེས་བྱ་བ་ནི་ཡོངས་སུ་དོར་བའོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་འགའ་ཞིག་ཏུ་དགེ་འདུན་ལྷག་མའི་གནས་ངན་ལེན་སྨྲ་བ་ལ་སོགས་པ་དང༌། འགའ་ཞིག་ཏུ་ཇི་ལྟར་གོས་ཀྱིས་བར་དུ་ཆོད་པའི་བུད་མེད་ཀྱི་ཡུལ་གྱི་ལུས་ལ་རེག་པ་བདག་གིར་བྱེད་པའི་ཉེས་པ་སྦོམ་པོ་དང༌། ཁ་ཅིག་ཏུ་མྱོས་པར་བྱེད་པ་འཐུང་བ་ལ་སོགས་པ་ལྟུང་བྱེད་འབའ་ཞིག་པ་དང༌། ཁ་ཅིག་ཏུ་གར་ལ་སོགས་པའི་ཉེས་བྱས་དག་ལ་འདིར་ཅི་རིགས་པར་འགལ་ཚབས་ཅན་གྱི་དོན་དུ་བལྟ་བར་བྱའོ། །ཉམས་པར་བྱེད་པ་ནི་འདིར་ཞིང་འཇིག་པར་བྱེད་པའོ། །རྣམ་པར་འཇིག་པར་བྱེད་པ་ནི་ཀུན་དགའ་ར་བ་དང༌། སྐྱེད་མོས་ཚལ་འཇིག་པར་བྱད་པའོ། །གསོད་པར་བྱེད་པ་ནི་འདིས་ཕོངས་པར་བྱེད་པའོ། །ཡང་ན་ཉམས་པར་བྱེད་པ་ནི་ཕྱི་རོལ་གྱི་ཆ་བྱད་འཇིག་པར་བྱེད་པ་ཡིན་ལ། རྣམ་པར་བཤིག་པ་ནི་ནང་གི་ཡོ་བྱད་འཇིག་པ་ཡིན་ཞིང་སྲོག་བཅད་པ་འདིས་ཕོངས་པར་བྱེད་པའོ། །གནོད་པ་ཆུང་ངམ་ཞེས་བྱ་བ་ལ་སོགས་པའི་བཤད་པ་སྔ་མ་དང་འདྲའོ། །ཕྱིན་ཅི་མ་ལོག་པ་གསུངས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ངག་གི་འབྲས་བུ་སྟོན་པར་མཛད་པའི་
ངང་ཚུལ་ཅན་ཏེ། བདེན་པ་གསུང་བ་ཞེས་བྱ་བར་དགོངས་སོ། །གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདིར་ཁྱོད་མངོན་པར་འདོད་པའི་དངོས་པོ་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཇི་ལྟར་ཁྱོད་འདོད་པ་དེ་ཁོ་ན་བཞིན་དུ་ལུང་བསྟན་པར་ནུས་པ་མ་ཡིན་ནོ། །རྩ་བ་ལའི་མཆོད་རྟེན་ཞེས་བྱ་བ་ལ་རྩ་བ་ལ་ཞེས་བྱ་བ་ནི་མི་འགའ་ཞིག་གིས་བྱས་པའི་མཆོད་རྟེན་ནོ། །བྲི་བ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་དང་མཐུན་པས་ན་བྲི་བ་ཡིན་ལ། བྲི་བ་མ་ཡིན་པ་ནི་མི་འབྲི་བ་སྟེ་ཡོངས་སུ་བྲི་བ་དང་འགལ་ཞེས་བྱ་བའི་ཐ་ཚིག་གོ །བྲི་བ་ནི་འདིར་འབྱོར་པ་ཉམས་པ་ཡིན་ནོ། །ཡི་དམ་དུ་བཅས་ནས་ཞེས་བྱ་བ་ནི་ སེམས་ཀྱིས་ལྷག་པར ་སྤྱད་པར་བྱ་བ་ཉིད་དུ་འཛིན་པའོ། །འཇུག་པར་བྱེད་པ་ན་ཞེས་བྱ་བ་ནི་དེའི་ཡུལ་དང་མཐུན་པར་འཇུག་པར་བྱེད་པའོ། །སྣང་ན་ཞེས་བྱ་བ་ནི་འཐད་པ་ཀུན་དུ་སྤྱོད་པའི་སྒོ་ནས་ཡུལ་བྲི་ཛི་དག་ལ་དེ་དག་གསལ་བར་སྣང་བར་གྱུར་པའོ། །ཕྱོགས་གཅིག་ལ་ཀུན་དུ་སྤྱོད་པའི་དོགས་པ་བཟློག་པའི་ཕྱིར་ཚིག་གཉིས་པ་བཟུང་བ་ཡིན་ནོ། །འཕེལ་ཞེས་བྱ་བ་ནི་འབྱོར་པ་རྣམ་པར་འཕེལ་བ་ལ་འདིར་འཕེལ་བའི་སྒྲས་བསྟན་ཏོ། །ལེགས་སོ་ཞེས་བྱ་བ་ནི་འདིར་རིགས་པའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བོས་ནས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་བཅོམ་ལྡན་འདས་འཕགས་པ་ཀུན་དགའ་བོ་ལ་འདྲི་བ་མཛད་དེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པ་ནི་གཞན་ལ་འདྲི་བ་མཛད་པ་རེགས་པ་མ་ཡིན་ནོ་ཞེ་ན། འདི་ལ་བླ་མ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དང༌། གང་དག་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་མ་གྲུབ་པ་དེ་དག་ཡིད་ཆེས་པར་བྱ་བའི་དོན་དང༌། འཕགས་པ་ཀུན་དགའ་བོའི་སྤོབས་པ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་སྟོན་པར་མཛད་དོ། །ཡང་དང་ཡང་དུ་འདུ་བ་ཞེས་བྱ་བ་ནི་ཡུལ་གྱི་བྱ་བར་དཔྱོད་པར་གྱུར་པས་ཡང་དང་ཡང་དུ་གནས་ལ་གཅིག་ཏུ་འདུ་བར་བྱེད་དོ། །མང་དུ་འདུ་བ་ལས་ཀྱང་གནས་པར་འགྱུར་རོ་ཞེས་བྱ་བ་ནི་རྟག་ཏུ་གནས་པའམ་རྟག་ཏུ་གནས་པ་ལས་གནས་པར་འགྱུར་ཞིང་ལྡང་བར་ཡང་འགྱུར་རོ། །མཐུན་པ་ཞེས་བྱ་བ་ནི་འདུ་བ་དང་ལྡན་པ་བློ་གཅིག་ཏུ་གྱུར་པ་སྟེ། ཐམས་ཅད་རང་བཞིན་གཅིག་ལ་བརྩོན་པར་ཕན་ཚུན་རྗེས་སུ་མཐུན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །བྱ་བ་ནི་ཐག་
ཉེ་བ་དང་གཙོ་བོར་གྱུར་པ་ཡིན་ནོ། །བྱེད་པ་ནི་ཐག་རིང་བ་དང་ཕྱིས་བྱ་བ་ཡིན་པ་ཉིད་ཀྱིས་གཙོ་བོར་གྱུར་པ་ཡིན་ནོ། །མི་རིགས་པ་ནི་རྣམ་པར་གཞག་པ་མ་ཡིན་བ་སྟེ། སྔོན་གྱི་ཆེན་པོ་དེ་དག་གིས་དངོས་པོའི་རང་བཞིན་རྣམ་པར་གཞག་པ་དེ། འཛིན་བར་མི་བྱེད་ཅིང་རྣམ་པར་འཇོག་པར་མི་བྱེད་པའོ། །གང་ཡང་སྔོན་གྱི་ཆེན་པོ་དག་གིས་རྣམ་པར་གཞག་པ་དེ་གཅོད་པར་མི་བྱེད་པ་སྟེ། ཀུན་ནས་གཅོད་པར་བྱེད་པར་མི་འགྱུར་བའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དེ་དག་རིགས་བརྒྱུད་པས་འོངས་པའི་རྗེས་སུ་མཐུན་པའི་ཚེས་བདེན་པ་དང་གཙང་སྦྲ་ལ་སོགས་པ་ཡང་དག་པར་བླངས་ནས་གནས་པར་གྱུར་པའོ། །ཡུལ་བྲི་ཛིའི་བུད་མེད་ཅེས་བྱ་བ་ལ་སོགས་པ་ལ། བུད་མེད་ནི་མེ་སྐོར་བྱས་པ་ཡིན་ལ་གཞོན་ནུ་མ་ནི་མནའ་མ་བྱས་པ་ཡིན་ནོ། །ཡང་ན་བུད་མེད་ནི་བདག་པོ་བདག་པོ་དང་བྲལ་བར་འགྱུར་བའོ། །པ་ལ་སོགས་པས་བསྲུངས་པ་དང༌། གཉེན་བཤེས་ཀྱིས་བྱ་བ་མ་ཡིན་པ་ལས་བཟློག་པའོ། བདུན་གྱི་རྒྱུད་ཀྱི་ནང་དུ་འདུས་བར་གྱུར་པས་ན་གཉེན་ཡིན་ནོ། །རིགས་ཞེས་བྱ་བ་ནི་སྤྱིར་བ་ར་དྭ་ཛ་ལ་སོགས་པའི་རིགས་སུ་ཆུད་པར་གྱུར་པའོ། །ཆད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པའི་ཡུལ་དེ་ནི་འདིར་ཆད་པས་གཅད་པར་བྱ་བ་ཡིན་ནོ། །སྒྲིབ་པ་དང་བཅས་པ་ཞེས་བྱ་བ་ལ། འདོད་པས་ལོག་པར་གཡེམ་པའི་ཡུལ་དེ་ནི་ཆད་པ་མ་གཏོགས་པར་ཚོར་གཅད་པར་འོས་པའམ། སྲུང་མ་དང་བཅས་པ་སྟེ། སྲུང་པ་དང་སྐྱོབ་པ་རྣམ་པ་དུ་མ་དང་ལྡན་པར་གྱུར་པའོ། །གཞན་གྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་མནའ་མ་བྱས་པ་མེད་པར་གཞན་གྱི་དབང་གིས་ཐོབ་པར་གྱུར་པའོ། །ཕྲེང་བའི་རྒྱུད་ནི་བོར་བ་ཞེས་བྱ་བར་ཐམས་ཅད་ཀྱིས་དང་པོར་བུ་མོ་དེ་སྦྱིན་པའི་རྒྱུ་མཚན་མེ་ཏོག་ལེན་པའི་སྒོ་ནས་བཟུང་བ་དག་ཡིན་ཏེ། གང་གི་ཕྱིར་གང་འགའ་ཞིག་བུ་མོ་སྦྱིན་པར་འདོད་བ་དེས་ཐོག་མར་མག་པར་འགྱུར་བ་ལ་ཕྲེང་བ་བྱིན་ནས་ཕྱིས་བུ་མོ་སྦྱིན་པར་བྱེད་པ་དེའི་ཕྱིར་བུ་མོ་དེ་ཕྲེང་བའི་རྒྱུད་བོར་བཞེས་བྱའོ། །བརྟུན་ཏེ་ཞེས་བྱ་བ་ནི་ཅི་བགྲོད་པར་བྱ་བ་འམ་མ་ཡིན་ཞེས་དཔྱོད་པ་མེད་པའོ། །མཐུས་ཞེས་བྱ་བ་ནི་ཟིལ་གྱིས་མནན་པའོ། །སྤྱོད་པ་ནི་འདིར་འདོད་པའི་ཡུལ་གྱི་ལས་སུ་བྱ་བ་སྟོན་པ་ཡིན་ནོ། །འདིར་རིགས་མཐུན་པ་ནི་སས་ཀྱིས་རྒན་པ་ལ་རྒན་པོའི་སྒྲས་བརྗོད་པ་ཡིན་ནོ། །ཕའི་ཕ་ནི་འདིར་རྗེའི་
སྒྲས་བརྗོད་པ་ཡིན་ལ། རྗེ་དང་འདྲ་བ་ཞེས་བྱ་བ་ནི་རྗེ་དང་ན་ཆོད་འདྲ་བར་གྱུར་པའོ། །ཕ་དང་འདྲ་ཞེས་བྱ་བ་ནི་ཕ་དང་འདྲ་བར་གྱུར་པའོ། །བཙུན་ པར་བྱེད་ཅེས་བྱ་བ་ལ་སོགས་པ་ལ་ནི་སེམས ་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཙུན་པར་བྱེད་པ་ཡིན་ནོ། །ལུང་འབོགས་པར་བྱེད་པའི་སྒོ་ནས་ཚད་མར་གྱུར་པར་འཛིན་པ་ནི་བླ་མར་བྱེད་པ་ཡིན་ནོ། །གནས་མཐོན་པོར་འཇོག་པར་བྱེད་པ་ནི་རི་མོར་བྱེད་པ་ཡིན་ནོ། །སྔོན་དུ་ལྡང་བ་དང་ཕྱག་ལ་སོགས་པས་བླ་མར་བྱེད་པ་ནི་མཆོད་པ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་དད་པ་སྔོན་སུ་སོང་བ་ཅན་གྱི་གུས་པས་སོ། །མཉན་ པར་བྱ་བར་སེམས ་པ་ནི་ཚིག་རྗོད་པར་བྱེད་པའི་ཚེའོ། །བྱེད་པ་ནི་སྒྲུབ་པའི་དུས་སོ། །ཡུལ་བྲི་ཛིའི་མཆོད་རྟེན་ཞེས་བྱ་བ་དག་ནི་གང་དག་སྔོན་གྱི་བྲི་ཛི་དག་གིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆེད་དུ་བྱས་པའམ། སྔོན་གྱི་བྲི་ཛིའི་རུས་པའི་ཕུང་བོ་དག་ལ་འདིར་མཆོད་རྟེན་གྱི་སྒྲས་བརྗོད་པ་ཡིན་ནོ། །དེ་དག་གིས་རིགས་ཀྱི་གཙོ་བོ་ཟད་པ་ཉིད་ཀྱིས་དེ་དག་གིས་མཆོད་པ་དང༌། བླ་མར་བྱེད་པ་དང༌། ལུང་འབོགས་པར་བྱེད་པ་དང་འདྲ་བར་གུས་བའི་སྒོ་ནས་འཛིན་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉེས་པ་ཟད་པར་གྱུར་པའོ། །དྲག་པ་ཞེས་བྱ་བ་ནི་ཆེན་པོ་ཡིན་ནོ། །དྲན་པ་ཉེ་བར་འཇོག་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡུལ་དེ་ལ་སྐྱེས་པར་གྱུར་པའོ། །དྲན་པ་ཁྱད་ པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྨྲས་པ། །སེམས ་ཅན་ཀུན་དུ་བསྲུངས་པ་སྟེ། །བག་མེད་པ་ལས་ སེམས་ཡོངས་སུ་བསྲུངས་པར ་གྱུར་ཅེས་བྱ་བར་དགོངས་སོ། །འགྱུར་བ་ཞེས་བྱ་བ་ནི་གནོད་པར་བསྟན་པར་མི་འགྱུར་བའོ། །བགྲོད་པར་མི་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པར་གྱུར་པ་མ་ཡིན་པའོ། །དེ་ནི་ང་ལྟར་ཞེས་བྱ་བའོ། །གསོ་སྤྱོད་གཙོ་བོར་གྱུར་བའི་གཙུག་ལག་ཁང་གི་ནང་ལ། འདིར་སྐེད་པའི་སྒྲས་བརྗོད་པ་ཡིན་ནོ། །ཡང་དང་ཡང་དུ་འདུས་པར་འགྱུར་བའི་དགེ་སློང་དག་ཅེས་པ་ནི་ལས་བརྒྱ་རྩ་གཅིག་གི་ནང་དུ་འདུས་པ་དགེ་འདུན་གྱི་བགྱི་བ་བྱུང་བར་གྱུར་པ་ནའོ། །ཕལ་ཆེར་འདུས་པ་ནི་འདུ་བ་སྦྱིན་པ་ལ་འདྲ་བར་གྱུར་པའོ། །ལམ་ཚོགས་དང་བཅས་པ་ནི་འདིར་དགེ་བའི་ཆོས་ཡིན་པར་རེག་པར་བྱའོ། །མཐུན་བཞིན་དུ་ཞེས་བྱ་བ་ནི་བློ་གཅིག་ཏུ་གྱུར་པའོ། །བྱ་བ་ནི་བསྟན་པ་ལ་ཕན་འདོགས་པར་བྱེད་པ་དང༌། ཉེ་བར་གནས་པ་གཙོ་བོར་གྱུར་པའོ། །བྱེད་པ་ནི་
དུས་ཕྱིས་འགྱུར་བའོ། །སྲིད་པའི་དབང་དུ་འགྲོ་བ་ནི་མི་རིགས་ཤིང་ཚུལ་མ་ཡིན་པའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་སྲེད་པས་ཤེ་ན། སྐྱེ་ཞིང་འབྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དང་ཡང་དུ་སྐྱེས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཟློས་པའི་ཚིག་གཉིས་ཡིན་ནོ། །སྤྱིར་ཡང་སྲིད་པ་དང་རྗེས་སུ་མཐུན་པ་ནི་སྲེད་པ་ཡིན་ཞིང༌། དེ་མ་ཐག་པའི་སྐྱེ་བ་དོན་དུ་གཉེར་བའི་འདོད་ཆགས་ནི་དགའ་བའི་འདོད་ཆགས་ཡིན་ལ། དེ་དང་ལྷན་ཅིག་པར་གྱུར་པ་ནི། ལྷན་ཅིག་འབྱུང་བ་ཡིན་ནོ། །དེ་དང་དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་ནི་ཐམས་ཅད་དུ་དོན་དུ་གཉེར་བའི་ངང་ཚུལ་ཅན་ཡིན་ནོ། །དབང་དུ་འགྲོ་བ་ཞེས་བྱ་བ་ནི་དེའི་དབང་དུ་འགྲོ་བར་གྱུར་པའོ། །གནས་བརྟན་ཞེས་བྱ་བ་ལ་སོགས་པ་ལ། གནས་བརྟན་ནི་འདིར་ལོ་བཅུ་ལོན་པ་ཡིན་ལ། རྒྱལ་ཚབ་ལྟ་བུ་ནི་ལོ་ཉི་ཤུ་ལོན་པ་ཡིན་ནོ། །རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཡང་ལོ་སུམ་ཅུ་ལ་སོགས་པ་ལོན་པ་ཡིན་ནོ། །གོམས་པ་ནི་འཕགས་པའི་ལམ་ཡིན་ལ། མངོན་པར་སྤྱོད་པ་ནི་ཚངས་པར་སྤྱད་པ་ཡིན་ནོ། །སྟོན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །བསྔགས་པ་ནི་དེ་དག་ནི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པས་བསྔགས་པ་ཡིན་ནོ། །དེ་གང་གིས་བསྔགས་པ་ཡིན་ཞེ་ན། མཁས་པས་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པར་བྱེད་པས་ན་མཁས་པ་སྟེ། ཤིན་ཏུ་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །བསླབ་པ་ཞེས་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་ཡིན་ནོ། །རྗེས་སུ་སྟོན་པ་ཞེས་བྱ་བ་ནི་ལམ་སྒོམ་པའམ། ཚོགས་ཀྱི་ལམ་ལུང་འབོགས་པ་ཡིན་ནོ། །བག་ཡོད་པ་ནི་དགེ་བའི་ཆོས་སྒོམ་པའོ། །རབ་ཏུ་ཡངས་པ་ནི་ཕན་འདོགས་པ་སྟེ། གང་གི་ཕྱིར་ཆོས་སོ་སོར་རྒྱས་པ་ཐོབ་ པར་གྱུར་པ་དེ་ལ་འདིར་སོ་སོར་རྒྱས་པའི་སྒྲས་བརྗོད་པ་ཡིན་ནོ། །ཏིང་ངེ་འཛིན་ནི་སེམས ་རྩེ་གཅིག་པའོ། །ལས་ལ་དགའ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། བསམ་གཏན་དང། འདོན་པ་དང༌། ཆོས་དང་ལྡན་པའི་དགེ་འདུན་གྱི་ལས་མ་གཏོགས་པ་འདི་ལྟར་བྱ་བ་ལ་སོགས་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲས་བརྗོད་པ་ཡིན་ནོ། །དགའ་བར་བྱ་བ་ཡིན་པས་ན་དགའ་བ་ཡིན་ལ། ལས་ལ་དགའ་བ་ནི་ལས་ལ་དགའ་བ་ཡིན་ཏེ། ལས་རྣམ་པ་སྣ་ཚོགས་ནི་འབྲེལ་པར་
གྱུར་ཅེས་བྱ་བའི་ཐ་ཚིག་གོ །དོན་དེ་ཉིད་ལ་ཡི་གེའི་ཡུལ་གྱིས་སྨྲ་བ་དང༌། ཕྱིར་སྨྲ་བ་དང༌། ཕྱིར་སྨྲ་བས་རྩོད་པར་བྱེད་པ་ནི་འདིར་སྨྲ་བའི་སྒྲས་བརྗོད་པ་ཡིན་ནོ། །གཉིད་ལ་དགའ་བ་ཞེས་བྱ་བ་ནི་རྟག་ཏུ་གཉིད་ལ་ཕྱོགས་པར་གྱུར་པའོ། །རྒྱལ་པོ་དང་རྐུན་པོ་དང་གཡུལ་ལ་སོགས་པའི་གཏམ་ནི་བྲེ་མོ་གཏམ་ཡིན་ནོ། །འདྲེ་བ་ནི་རབ་ཏུ་བྱུང་བ་དང་ཁྱིམ་པ་དང་ཤིན་ཏུ་འདྲེས་པར་གྱུར་པའམ། འདོད་པའི་རྣམ་པར་རྟོག་པ་དང་འདྲེས་ པར་གྱུར་པའོ། །རྙེད་པ་ནི་ནོར་ཐོབ་པའོ། །སེམས ་ཀྱིས་ཆེན་པོ་ཉིད་དུ་འཛིན་པ་ནི་བཀུར་སྟི་ཡིན་ནོ། །ཚིགས་སུ་བཅད་པ་ནི་གྲགས་པའོ། །གཞན་གྱི་འདུ་ཤེས་ནི་གཞན་ཁོང་དུ་ཆུད་པ་སྟེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་ཆེད་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་དོན་ནི་གཞན་གྱི་འདུ་ཤེས་ཏེ་སྤངས་པའི་སྦྱོར་བའི་རྗེས་སུ་ལྡན་པར་སྤྱོད་པ་ནི་མ་ཡིན་ཏེ། ཉོན་མོངས་པ་སྤངས་ཤིང་དོར་བའི་སྦྱོར་བ་ནི་སྤངས་པའི་སྦྱོར་བ་ཡིན་ལ། དེ་དང་རྗེས་སུ་འབྲེལ་པ་དེའི་ཕྱིར་འབྲེལ་པར་གྱུར་པ་ཡིན་ནོ། །ཅུང་ཟད་ཙམ་དང་ཆེས་ཅུང་ཟད་ཙམ་གྱིས་བྱ་བ་ལ་ཤིན་ཏུ་ཆུད་པ་ནི་ཅུང་ཟད་ཙམ་ཡིན་ལ། གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཡོན་ཏན་གོང་མ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ནི་ཆེས་ཅུང་ཟད་ཙམ་ཡིན་ཏེ། དཔེར་ན་རང་གི་མཚན་ཉིད་འཛིན་པའི་ཉོན་མོངས་པ་ཟིལ་གྱིས་གནོན་པ་ནི་གནས་ཀྱི་རྒྱུ་མཚན་ལྟ་བུའོ། །དེ་ཉིད་ཁྱད་པར་རྟོགས་པ་ཡིན་ཏེ། རྟོགས་པའི་ཁོང་དུ་ཆུད་པ་མ་ཡིན་པ་དེའི་ཕྱིར་རོ། །བར་ནི་དབུས་ཡིན་ནོ། །ཡོན་ཏན་གོང་མ་བརྙེས་ པར་བྱེད་པའི་བྱ་བའི་ཕྱིར་སེམས ་བཟོད་པ་མེད་པའི་སྐྱོ་བ་དང༌། ཡིད་འབྱུང་བ་ནི་རྣམ་གྲངས་ཡིན་ནོ། །གོང་མའི་བྱ་བ་ཡོད་ན་ཞེས་བྱ་བ་ལ། ཉོན་མོངས་པ་མ་ལུས་པ་སྤངས་པ་ནི་འདི་གོང་མའི་བྱ་བ་ཡིན་ཏེ། དེ་ཡོད་པར་གྱུར་ནའོ། །དད་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། དད་པ་ཁྱད་པར་ཅན་དང་ལྡན་པར་གྱུར་པ་ནི་དད་པ་དང་ལྡན་པར་གྱུར་པའོ། །ངོ་ཚ་ནི་གུས་པ་དང་ལྡན་པ་ཡིན་ལ། ངོ་ཚ་གང་ལ་ཡོད་པ་དེ་དག་ནི་ངོ་ཚ་དང་ལྡན་པ་སྟེ། གུས་པ་དང་བཅས་པ་ཞེས་བྱ་བར་དགོངས་སོ། །ཁ་ན་མ་ཐོ་བ་དག་ལ་འཇིགས་པར་ལྟ་བ་ཉིད་ནི་ཁྲེལ་ཡིན་ཏེ་དེ་གང་ལ་ཡོད་པ་དེ་དག་ནི་ཁྲེལ་ཡོད་པའོ། །དགེ་བའི་ཆོས་བསྐྱེད་པ་དང༌། མི་དགེ་བའི་ཆོས་སྤང་བའི་ཕྱིར་གང་དག་བརྩོན་འགྲུས་རྩོམ་པ་དེ་དག་ནི་བརྩོན་འགྲུས་བརྩམས་པ་ཡིན་ནོ། །གང་དགེ་
བའི་ཆོས་ལ་དྲན་པ་ཉེ་བར་གནས་ཤིང་དྲང་པོར་གྱུར་པས་འཇུག་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་ཡིན་ནོ། ། སེམས་རྩེ་གཅིག་པ་ཐོབ་པ་ནི་མཉམ་པར ་གཞག་པ་ཡིན་ལ། ཤེས་རབ་ཅན་ནི་ཤིན་ཏུ་ཤེས་རབ་དང་ལྡན་པར་གྱུར་པའོ། །ཆོས་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། མདོ་སྡེ་ལས་ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡིན། འདི་ལ་དགེ་སློང་ཆོས་ཤེས་པ་ཡིན་ཏེ། དཔེར་ན་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱ་བ་ལ་སོགས་པ་དང༌། ཇི་ལྟར་ན་དོན་ཤེས་པ་ཡིན། འདི་ལ་དགེ་སློང་དོན་ཤེས་པ་ཡིན་ཏེ། སྨྲས་པ་འདི་དང་འདིའི་དོན་འདི་དང་འདི་ཡིན་ནོ་ཞེས་ངག་གི་དོན་ཡོངས་སུ་ཤེས་པར་ནུས་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དུས་ཤེས་པ་ཞེས་བྱ་བ་ནི་འདི་ནི་བདག་གི་ཞི་གནས་ཀྱི་རྒྱུ་མཚན་དང༌། འདི་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་དང༌། འདི་ནི་བཏང་སྙོམས་ཀྱི་རྒྱུ་མཚན་གྱིས་དུས་ཡིན་ནོ་ཞེས་འདི་ལ་དགེ་སློང་གིས་ཤེས་པ་སྟེ། ཏིང་ངེ་འཛིན་བསྒོམ་པའི་དུས་ནི་དགེ་བ་དང་བརྩོན་འགྲུས་ཀྱི་དུས་དགེ་བ་དང༌། བཏང་སྙོམས་ཀྱི་དུས་དགེ་བ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཚོད་ཤེས་པ་ཞེས་བྱ་བ་ནི་བཟའ་བ་དང༌། བཏུང་བ་དང༌། བཅའ་བ་དང༌། མྱང་བ་དག་གི་ཚོད་རིག་པ་ཡིན་ནོ། །བདག་ཤེས་པ་ཞེས་བྱ་བ་ནི་ཁོ་བོའི་ཚུལ་ཁྲིམས་དང༌། ཐོས་པ་དང༌། ཤེས་རབ་དང༌། ལུང་དང༌། རྟོགས་པ་ལ་སོགས་པ་འདི་ཙམ་དང་ལྡན་པར་བདག་འཇལ་བ་ལ་མཁས་པ་ཡིན་ཏེ། བདག་ཤེས་པས་གཞན་ལ་སྨོད་པར་མི་འགྱུར་རོ། །འཁོར་ཤེས་པ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་འཁོར་དང་མཐུན་པར་ཐ་སྙད་དུ་བྱེད་པ་ལ་མཁས་པ་ཡིན་ནོ། །དེ་སྐད་དུ་ཡང་དེ་ལ་བདག་གིས་འདི་ལྟར་གཞུག་པར་བྱ། འདི་ལྟར་གནས་པར་བྱ་ཞེས་བྱ་བ་ལ་སོགས་པར་བསྟན་པ་ཡིན་ནོ། །གང་ཟག་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ཞེས་བྱ་བ་ལ། གནག་ཟག་ཐམས་ཅད་ཀྱི་ཡུལ་ཁྱད་པར་དུ་འཕགས་པ་དང༌། ཁྱད་པར་དུ་འཕགས་པ་མ་ཡིན་པའི་བྱེ་བྲག་ཡོངས་སུ་ཤེས་པ་ལ་མཁས་པར་གྱུར་པ་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ལྷག་མ་མེད་པ་དང་བྲལ་བའི་ཕྱིར་དང༌། བྱ་བ་བྱས་པ་ཁོང་དུ་ཆུད་པའི་ཕྱིར་དང༌། ཡང་བྱ་བ་མེད་པ་ཁོང་དུ་ཆུད་པའི་ཕྱིར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ་དྲན་པ་ལ་སོགས་པ་དེ་དག་
ནི་དེ་དང་མཐུན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དྲན་པ་ནི་དོན་མངོན་པར་བརྗོད་པ་སྟེ། བྱས་པ་དང༌། བྱ་བ་དང༌། བྱེད་པར་འགྱུར་བའི་ཆོས་བརྗོད་པར་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །དྲན་པ་ཁོ་ན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། དབེན་པ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབེན་པ་ནི་འདིར་ལུས་དབེན་པ་དང༌། སེམས་དབེན་པ་ཡིན་ལ། དབེན་པ་ལ་བརྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་དབེན་པ་ལ་བརྟེན་པའོ། །འདོད་པའི་ཁམས་ལ་སོགས་པའི་འདོད་ཆགས་དང་བྲལ་བ་བརྟེན་ཅིང་རབ་ཏུ་འཇུག་པའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་བརྟེན་པའོ། །ཉོན་མོངས་པ་སྤངས་པ་ལ་གནས་པས་རབ་ཏུ་འཇུག་པའི་ཕྱིར་འགོག་པ་ལ་བརྟེན་པའོ། །ཡོན་ཏན་གོང་ནས་གོང་དུ་འཕེལ་པ་ལ་གནས་པས་རབ་ཏུ་འཇུག་པའི་ཕྱིར་འདུ་འཛིན་དང་བྲལ་བ་སྟེ། ཡོན་ཏན་ཆུང་ངུའི་རྣམ་པ་སྔ་མ་སྔ་མ་དོར་ཞིང་སྔ་ན་མེད་པའི་ཡོན་ཏན་འབྲིང་དང་ཆེན་པོ་སྐྱེད་པ་ནི་འདུ་འཛི་དང་བྲལ་བ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཡང་ན་དབེན་པ་ལ་བརྟེན་པ་ཞེས་བྱ་བ་ནི་སྦྱོར་བའི་ལས་ལ་བརྟེན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ལ་བརྟེན་པ་ནི་བར་ཆད་མེད་པའི་ལམ་ལ་བརྟེན་པ་ཡིན་ཏེ་དེས་ཉོན་མོངས་པ་ཐོབ་པ་གཅོད་པའི་ཕྱིར་རོ། །འགོག་པ་ལ་བརྟེན་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་ལ་བརྟེན་པ་ཡིན་ཏེ། དེའི་བྲལ་བ་ཐོབ་པ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདུ་འཛི་དང་བྲལ་བ་ཞེས་བྱ་བ་ནི་ཁྱད་པར་གྱི་ལམ་ལ་བརྟེན་པ་ཡིན་ཏེ། ཁྱད་པར་ཁོང་དུ་ཆུད་པའི་སྒོ་ནས་ཡོན་ཏན་ཁྱད་པར་ཅན་དུ་ཡོངས་སུ་གྱུར་པའི་ཕྱིར་རོ། །ཆོས་རྣམ་པར་འབྱེད་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དུ་ཁོང་དུ་ཆུད་པ་དག་ཆོས་རྣམ་པར་འབྱེད་པ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ཆོས་སྐྱེད་ཅིང་འགོག་པ་ལ་མངོན་ པར་སྤྲོ་བ་ནི་བརྩོན་འགྲུས་ཡིན་ནོ། །དགའ་བ་ནི་ཡིད་བདེ་བའོ། །ཤིན་ཏུ་སྦྱངས་པ་ནི་སེམས ་ལས་སུ་རུང་བ་ཉིད་ཡིན་ནོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཡིན་ནོ། །བཏང་སྙོམས་ནི་དགེ་བའི་ཆོས་ལ་འཇུག་པ་ལ་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །ཡང་དག་པར་སྡུག་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་ལ་དགའ་བ་དང་མཚུངས་པར་ལྡན་པའི་འདོད་ཆགས་ནི་ཡང་དག་པར་སྡུག་པ་ཡིན་ལ། ཡང་དག་པར་དགའ་བ་དང་རྗེས་
སུ་མཐུན་པ་ནི་ཡང་དག་པར་སྡུག་པར་འགྱུར་བ་ཡིན་ནོ། །བྱམས་པ་དག་གི་གནས་པ་ནི་བྱམས་པའི་གནས་པའོ། །དེ་གང་ཞེ་ན། སྨྲས་པ། ལུས་ཀྱི་ལས་ཏེ་ལུས་ཅན་གྱི་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་གྲོགས་པོ་རབ་ཀྱི་ལུས་ཀྱི་ལས་དང་འཇུག་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །སྟོན་པ་དང་ཉེ་བར་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པར་བསྙེན་བཀུར་བྱེད་པའི་ཕྱིར་རོ། །ཁྱད་པར་ཤེས་པར་བྱེད་པས་ན་མཁས་པའོ། །ཤེས་པའི་སྒོ་ནས་རྟག་ཏུ་དགེ་བ་ལ་ཀུན་དུ་སྤྱོད་པའི་ངང་ཚུལ་ཅན་དུ་གྱུར་པ་ཞེས་བྱ་བའི་མཁས་པ་མ་ཡིན་གྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། དེ་དག་གི་ཡང་ཉེ་བར་བྱེད་པའོ། །ཆོས་འདི་ནི་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལུས་ཀྱི་ལས་ལ་འདིར་ཆོས་ཀྱི་སྒྲས་བསྟན་པ་ཡིན་ནོ། །འདིས་མགུ་བར་བྱེད་པས་ན་མགུ་བར་བྱེད་པའོ། །ཡུལ་གང་ལ་བྱམས་པའི་ལུས་ཀྱི་ལས་འཇུག་པར་འགྱུར་བ་དེ་ལ་གདོན་མི་ཟ་བར་བླ་མའི་བློ་ཉིད་ཀྱང་འཇུག་པར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་བླ་མར་བྱེད་པས་ན་བླ་མར་བྱེད་པ་ཡིན་ནོ། །ཡིད་མགུ་བས་ན་ཡིད་མི་མགུ་སྟེ། ཡིད་མགུ་བར་བྱེད་པས་ན་ཡིད་མགུ་བར་བྱེད་པའོ། །མགུ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མགུ་བ་ལ་སོགས་པ་ནི་རྒྱུ་མཚན་ཡིན་ནོ། །ཡུལ་གང་ལ་བྱམས་པའི་ལུས་ཀྱི་ལས་བྱེད་པ་དེ་ལ་ཡང་བྱེད་པ་པོའི་བླ་མའི་བློ་སྐྱེད་པར་བྱེད་དེ། དེ་ལ་འདིར་བླ་མར་དགོངས་སོ། །བསྒོམ་པའི་ཕྱིར་ཞེས་བྱ་བ་ལ། བྱམས་པའི་ལུས་ཀྱི་ལས་ཀྱི་ཡུལ་གང་ཡིན་པ་དེའི་ཡོན་ཏན་བསྒོམ་པ་སྟེ། ཡང་དང་ཡང་མངོན་སུམ་དུ་བྱེད་པའམ་བསྒོམ་པ་ཡིན་པར་དགོངས་སོ། །བསྡུ་བའི་ཕྱིར་ཞེས་བྱ་བ་ནི་འདྲེ་བར་བྱ་བའི་ཕྱིར་རོ། །མཐུན་པའི་ཕྱིར་ཞེས་བྱ་བ་ནི་སེམས་གཅིག་ཏུ་གྱུར་པའི་ཕྱིར་རོ། ། སེམས་ཀྱིས་གནོད་པ་བྱེད་པའི་དངོས་པོ་འཛིན་པ་མེད་པའི་ཕྱིར་མི་འཐོབ་པར ་བྱ་བའི་ཕྱིར་རོ། །རྩུབ་མོ་སྨྲ་བ་དང༌། ཕྱིར་སྨྲ་བ་མེད་པའི་ཕྱིར་མི་རྩོད་པར་བྱ་བའི་ཕྱིར་རོ། །གཅིག་ཏུ་འགྱུར་བ་ནི་རོ་གཅིག་ཏུ་འགྱུར་བའོ། །བྱམས་པའི་ངག་གི་ལས་དང༌། བྱམས་པའི་ཡིད་ཀྱི་ལས་ཞེས་བྱ་བ་ནི་བྱམས་པའི་ལུས་དང་ངག་གི་ལས་དང་ལྡན་པ་ནི་གསལ་བ་ཉིད་ཀྱི་ཕྱིར་མགུ་བར་བྱེད་པ་ལ་སོགས་པ་ཉིད་ཡིན་ལ། ཡིད་ཀྱི་ལས་ནི་གསལ་བ་ཉིད་ཀྱི་ཕྱིར་ཇི་ལྟར་རིགས་ཤེ་ན། འདིར་
བླ་མ་དང་བྱམས་པའི་གནས་ཐམས་ཅད་ནི་མགུ་བ་དང་བླ་མར་འགྱུར་བ་ཡིན་ཞིང་ཡོངས་སུ་མི་ཤེས་པའི་རང་བཞིན་ཡང་མ་ཡིན་པ་དེའི་ཕྱིར་འདི་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །ཆོས་དང་ལྡན་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ལས་མ་བྱེ་བས་ན་ཆོས་དང་ལྡན་པ་སྟེ། རྣམ་པ་ཐམས་ཅད་དུ་རུང་བ་ཞེས་བྱ་བའི་པར་དུའོ། །རིགས་པས་ཐོབ་པའི་ཆོས་ཀྱི་རྙེད་པ་ཡིན་གྱི་ཆོས་ཚུལ་འཆོས་པ་དང་ཁ་གསག་ལ་སོགས་པ་ལོག་པའི་འཚོ་བའི་སྒོ་ནས་རྙེད་པར་གྱུར་པ་ནི་མ་ཡིན་ནོ། །ཐ་ན་ལྷུང་བཟེད་དུ་འོངས་པ་ཞེས་བྱ་བ་ནི་ལྷུང་བཟེད་དུ་བྱིན་གྱིས་བརླབས་ཤིང་ཐོབ་པར་གྱུར་པའོ། །ལྷུང་བཟེད་དུ་ཆུད་པ་ཞེས་བྱ་བ་ནི་ལྷུང་བཟེད་དུ་ཟས་ཞུགས་པར་གྱུར་པའོ། །གཞན་ལ་འགོད་པར་བྱེད་པའི་ཕྱིར་ཐུན་མོང་དུ་སྤྱོད་པར་བྱེད་པའོ། །གསལ་པོར་ཟ་བའི་ཕྱིར་བསྣོགས་ཏེ་མི་སྤྱོད་པ་སྟེ། ཕ་རོལ་པོ་ལ་འགོད་པར་བྱེད་པས་འཇིགས་པའི་ཕྱིར་ཕག་ཏུ་ཟ་བར་མི་བྱེད་པ་ཞེས་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ་ཉེས་བྱས་ཙམ་གྱི་འཚལ་བའི་ཚུལ་ཁྲིམས་ཀྱིས་ཀྱང་མ་གནོང་བ་ཉིད་ཀྱི་ཕྱིར་མ་ཉམས་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ཅན་གྱི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་མ་གནོད་པ་ཉིད་ཀྱི་ཕྱིར་མ་རལ་བ་ཡིན་ནོ། །བདག་གི་ཚུལ་ཁྲིམས་འདིས་འདོད་པ་ན་སྤྱོད་པ་འདོད་པའི་འབྲས་བུར་གྱུར་ཅིག་ཅེས་དེ་ལྟ་བུ་སྔོ་བར་མི་བྱེད་པའི་ཕྱིར་མ་སྦགས་པ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འབྲས་བུ་ཉིད་དུ་སྔོ་བར་མི་བྱེད་པའི་ཕྱིར་མ་འདྲེས་པ་ཡིན་ནོ། །གང་གི་ཕྱིར་ཚུལ་ཁྲིམས་ཀྱིས་འཁོར་བའི་འབྲས་བུ་དོན་དུ་གཉེར་ན་ཚུལ་ཁྲིམས་དེ་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་བ་དེའི་ཕྱིར་མ་སྤགས་པ་དང་མ་འདྲེས་པ་ཞེས་བསྟན་ཏོ། །རང་དབང་ཅན་ཞེས་བྱ་བ་ནི་གཞན་ལ་རག་མི་ལུས་ཤིང་རང་དབང་དུ་གྱུར་པ་ཡིན་ནོ། །གང་ཚུལ་ཁྲིམས་ཀྱི་རང་བཞིན་ཁོ་ནས་སྲུང་བར་བྱེད་ཀྱི་གཞན་གྱི་ངོར་མ་ཡིན་པ་དེ་ནི་ཕན་པ་ཞེས་བྱའོ། །མ་འདྲེས་པ་ཞེས་བྱ་བ་ནི་ཁྱིམ་པའི་སྐྱེ་བོ་དང་འདྲེ་བས་ཟིལ་གྱིས་གནོན་པར་མི་འགྱུར་རོ། །ལེགས་པར་བླངས་པ་ཞེས་བྱ་བ་ནི་འཛིན་པའི་དུས་སུ་ཆེན་པོའི་ སེམས་ཀྱིས་བླངས་པ་ཡིན་ནོ། །ལེགས་པར ་བརྩམས་པ་
ཞེས་བྱ་བ་ནི་ཉི་མ་རེ་ཞིང་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མཁས་པས་བསྔགས་པ་ཡིན་ནོ། །གང་གི་ཕྱིར་མྱ་ངན་ལས་འདས་པར་བསྡོས་པ་ཉིད་ཀྱི་ཕྱིར་མ་སྨད་པའོ། །གང་ལྟ་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ལྟ་བ་ནི་འདིར་ཟག་པ་མེད་པའི་ཤེས་རབ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་འཕགས་པ་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཡང་མི་ལྡོག་པ་ཐོབ་པར་བྱེད་པའམ། ངེས་པར་འགྲོ་བ་ཡིན་ལ་ངེས་པར་འབྱུང་བའི་ཕྱིར་ནུས་པ་ཡོད་པས་ན་ངེས་པར་འབྱུང་བར་འགྱུར་བ་ཡིན་ཏེ། ངེས་པར་འབྱུང་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་བར་དུའོ། །ངེས་པར་ཁོང་དུ་ཆུད་པ་ནི་ངེས་པར་རྟོགས་པ་ཡིན་ལ། ངེས་པར་རྟོགས་པའི་ཕྱིར་དེ་ཡོད་པས་ན་ངེས་པར་རྟོགས་པར་འགྱུར་བའོ། །གང་གིས་ཤེ་ན། ལྟ་བས་ངེས་པར་འབྱུང་བ་སྟེ། འཁོར་བའི་འཆིང་བའི་གནས་ནས་ངེས་པར་འགྲོ་བར་བྱེད་པ་ཡིན་ནོ། དེ་གང་ཞེ་ན། དེ་བྱེད་པ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ལྟ་བ་དེ་བྱེད་ཅིང་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ངེས་པར་འབྱུང་བར་བྱེད་ཅེ་ན། ཡང་དག་པར་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ཟད་པ་ཡང་ཕྱིར་མི་ལྡོག་པར་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པར་སྡུག་བསྔལ་ཟད་པ་སྟེ། དེ་ནི་དགེ་སློང་དག་སྤངས་ཤིང་གང་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སྤངས་པ་ཞེས་བྱ་བའི་བར་དུའོ། །འདིས་ནི་ཕུང་པོ་ལྷག་ཕྱིར་རོ། །གང་གི་སྡུག་བསྔལ་ཟད་པར་བྱ་བ་ཡིན་ན། སྨྲས་པ་བསྔལ་མཐར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བསྟན་པའམ། དེ་བྱེད་པ་ངེས་པར་འབྱུང་བ་ཡིན་ནོ། །ཤེས་རབ་དེ་ཉིད་ངེས་པས་བྱུང་བ་དེ་ཉིད་ངེས་པར་འབྱུང་བ་ཡིན་ཏེ། ཉོན་མོངས་པའི་དྲི་མ་རབ་ཏུ་འབྱིན་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱིན་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱིན་པར་བྱེད་ཅེ་ན། ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང༌། སྡུག་བསྔལ་མཐར་བྱ་བའི་ཕྱིར་རོ། །གང་གི་སྡུག་བསྔལ་ཟད་པར་བྱ་བ་ཡིན་ཞེ་ན། སྨྲས་པ་དེ་བྱེད་པ་སྟེ། དེ་མངོན་སུམ་དུ་བྱེད་པའི་ཞེས་བྱ་བའི་དོན་ཏོ། །དོང་བ་ཞེས་བྱ་བ་ནི་སོང་ཤིག་པའམ། ཁོ་བོས་ཇི་སྲིད་པ་ཏ་ལའི་གྲོང་དུ་ཕྱིན་གྱི་བར་དུ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་དུའོ། །འོད་མའི་སྲོག་ཤིང་ཅན་ཞེས་བྱ་བ་ནི་གྲོང་ཡིན་ནོ། །
རྒྱལ་པོས་བྱས་པའི་གནས་ནི་རྒྱལ་པོའི་གནས་ཏེ་དེར་རོ། །འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་ཐོས་པ་ལས་བྱུང་བའི་ཤེས་པས་མི་ཤེས་པའི་ཕྱིར་དང༌། མཐོང་བའི་ལམ་གྱིས་མ་མཐོང་བའི་ཕྱིར་དང༌། སློབ་པའི་ལམ་གྱིས་ཁོང་དུ་མ་ཆུད་པའི་ཕྱིར་དང༌། མི་སློབ་པའི་ལམ་གྱིས་སོ་སོར་མི་རིག་པའི་ཕྱིར་རམ། སྦྱོར་བའི་ལམ་ལ་སོགས་པས་མི་ཤེས་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །དུས་རིང་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཡིན་ནོ། །རྒྱུག་ཅིང་ཞེས་བྱ་བ་ནི་ལྷ་དང་མིའི་འགྲོ་བ་རང་གི་འདོད་པས་འགྲོ་བའི་སྒོ་ནས་འཕངས་པའམ་སྐྱེད་པ་ཡིན་ནོ། ། སེམས་ཅན་དམྱལ་བའི་འགྲོ་བ་ལ་སོགས་པར ་མི་འདོད་བཞིན་དུ་འགྲོ་བས་ན་ཀུན་དུ་འགྲོ་བའོ། །རྗེས་སུ་རྟོགས་ཤིང་ཞེས་བྱ་བ་ནི་སློབ་པའི་ལམ་གྱིས་སོ། །སོ་སོར་རྟོགས་པས་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱིས་སོ། །སྲིད་པར་འཁྲིད་པ་ནི་ཡང་སྲིད་ཀྱི་སྲེད་པའམ་འདོད་ཆགས་ལ་སོགས་པ་ཐམས་ཅད་ཉིད་དོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུན་སྤངས་པ་ཡིན་ནོ། །ཡང་སྲིད་པ་མེད་དེ་ཞེས་བྱ་བ་འདིས་ནི་ཡང་སྲིད་ཀྱི་འཁོར་བ་མེད་པར་བསྟན་པ་ཡིན་ནོ། །ཤིང་པ་ལའི་མཆོད་རྟེན་ན་ཞེས་བྱ་བ་ནི་ཤིང་པ་ཏ་ལས་ཉེ་བར་མཚོན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཡིན་ནོ། །འདུས་པ་ལས་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། རིགས་ཐ་དད་པའི་ཚོགས་ནི་འདིར་འདུས་པ་ཡིན་ལ། རིགས་གཅིག་ཏུ་གྱུར་པ་དག་གི་འདུས་པ་ནི་ཚོགས་ཡིན་ནོ། །སོང་སྟེ་ཞེས་བྱ་བ་ནི་ཡང་དག་པར་འོངས་པར་གྱུར་པའོ། །དྲུང་དུ་ཕྱིན་པ་ནི་ སེམས་གཅིག་ཏུ་འདྲེས་པར ་གྱུར་པའོ། །ཁྱིམ་བདག་གི་སྒྲས་ནི་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོར་གྱུར་པ་གཟུང་ངོ༌། །ཉེས་དམིགས་ནི་ཉེས་པ་ཡིན་ནོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཕན་པ་ལ་བརྩོན་པས་མི་གཞོལ་བ་ཉིད་ནི་བག་མེད་པ་ཡིན་ལ། བག་མེད་པ་དང་ལྡན་པའི་ཕྱིར་ སེམས་ཅན་ཡང་བག་མེད་པ་ཡིན་པར ་རིག་པར་བྱའོ། །བག་མེད་པ་ཁོ་ན་གནས་དང་རྟེན་དང་གཞི་ཡིན་པས་བག་མེད་པར་གནས་པའོ། །དེ་ཉིད་རྒྱུ་ཡིན་དེའི་རྒྱུས་ལོངས་སྤྱོད་ཆེན་པོ་ཉམས་པ་སྟེ། ལོངས་སྤྱོད་འཇིགས་པར་འགྱུར་བ་ཐོབ་
པར་འགྱུར་རོ། །བག་མེད་པའི་རྒྱུས་ཞེས་བྱ་བ་དེ་ཙམ་གྱིས་ཆོག་མོད། ཅིའི་ཕྱིར་གནས་ཀྱི་སྒྲ་བྱས་ཤེ་ན། འདིར་གནས་ཀྱི་སྒྲ་སྨོས་པས་རྟག་ཏུ་བག་མེད་པ་ལ་འཇུག་པ་སྟོན་པར་བྱེད་དེ། རྟག་ཏུ་བག་མེད་པ་ལ་འཇུག་ན་ནི་ལོངས་སྤྱོད་ཉམས་པ་འགྲུབ་པར་འགྱུར་ལ། བར་དུ་བག་མེད་བ་ཡོངས་སུ་སྤངས་ན་ནི་ལོངས་སྤྱོད་ཉམས་པར་མི་འགྱུར་བའི་ཕྱིར་ཐག་ཉེ་བའི་རྟེན་བསྟན་པར་བྱ་བའི་ཕྱིར་གནས་སྨོས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །འཁོར་ཞེས་བྱ་བ་ནི་འདིར་རིགས་གཅིག་པ་དང་ཚོགས་ཀྱི་སྒོ་ནས་ཉེ་བར་ཞི་བ་ཡིན་ནོ། །རྒྱལ་རིགས་དང་བྲམ་ཟེ་མ་གཏོགས་པ་འགྲོ་བ་གཙོ་བོ་འདུས་པ་ནི་ཁྱིམ་བདག་གི་འཁོར་ཡིན་ནོ། །དཀའ་ཐུབ་དང་མཁས་པ་དག་འདུས་པ་ནི་དགེ་སྦྱོང་གི་འཁོར་ཡིན་ནོ། །ཐུར་དུ་ལྟ་བ་ནི་འཁུམས་པའོ། །མགོ་སྨོད་པ་ནི་འདིར་ཞུམ་པ་ཡིན་ཏེ། མཆོག་གི་སྒྲས་མགོ་བོ་བརྗོད་པ་ཡིན་ཏེ། ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར་རོ། །མཆོག་ཏུ་འཕགས་པར་གྱུར་པ་གང་ལ་ཡོད་པ་དེ་ནི་མ་ཞུམ་པ་ཡིན་ལ། མ་ཞུམ་པ་མེད་པ་ནི་ཞུམ་པ་ཡིན་ནོ། །ཡང་ན་ཞུམ་པ་ནི་གཟི་མེད་པར་གྱུར་པ་སྟེ། ཚིག་གི་འཇུག་པ་ལ་སྤོབས་པ་མེད་པར་གྱུར་པའོ། །ཕྱོགས་དང་ཕྱོགས་མཚམས་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བཤད་པ་བྲམ་ཟེའི་བུ་ཨཾ་བསྟའི་མདོ་བཤད་པ་དཔྱད་པ་ཡིན་ནོ། །ནག་པོའི་རྣམ་གྲངས་ཉིད་ཡིན་པས་ན་འདིར་ཡོན་ཏན་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་ཡིན་ནོ། །དན་པ་ཉིད་ཡིན་པའི་ཕྱིར་དང༌། སྡིག་པའི་སྐྱེ་བོས་བསྟེན་པ་ཉིད་ཁྱི་ཕྱིར་སྡིག་པ་ཞེས་བྱའོ། །འགྱོད་པ་ནི་ཕྱིས་གདུང་བར་གྱུར་པ་ཡིན་ལ། འགྱོད་པ་གང་ལ་ཡོད་པ་དེ་ནི་འགྱོད་པར་གྱུར་པ་སྟེ། ཁོ་བོས་གང་བག་མེད་པའི་དབང་གིས་དགེ་བ་མ་སྤྱད་པ་དེ་བཟང་པོ་མ་བྱས་སོ་ཞེས་བྱ་བ་ལ་སོགས་པས་ཕྱིས་གདུང་བ་དང་ལྡན་ པར་འགྱུར་རོ། །ཉེས་དམིགས་བཞི་པོ་དེ་དག་ནི་མཐོང་བའི་ཆོས་ཡིན་ལ། སེམས ་ཅན་དམྱལ་བར་སྐྱེ་བར་འགྱུར་བ་ནི་ཚེ་ཕྱི་མ་ཡིན་ནོ། །ནག་པོའི་རྣམ་གྲངས་ལས་བཟློག་པ་ནི་དཀར་པོའི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །གནས་ནི་གནས་ཀྱི་བྱེ་བྲག་ཡིན་ནོ། །བློན་པོ་ཆེན་པོ་ཞེས་བྱ་བ་ནི་བདག་པོའི་སྒོ་ནས་ཆེན་པོའི་ཚད་ཙམ་གང་ལ་ཡོད་པ་དེ་ནི་བློན་པོ་ཆེན་པོ་ཡིན་ཏེ། ཡུལ་མ་ག་དྷཱའི་བློན་པོ་ཆེན་པོ་ནི་ཡུལ་མ་ག་དྷཱའི་བློན་པོ་ཆེན་པོའོ། །
གནོད་པ་བྱ་བའི་ཕྱིར་ཞེས་བྱ་བ་ནི་བཟློག་པར་བྱ་བའི་ཕྱིར་རོ། །གཞན་པར་འདོད་པ་ནི་བསྒྲུབ་པར་འདོད་ཅིང་བྱེད་འདོད་པའོ། །བསོད་ནམས་བྱ་བ་ནི་བསོད་ནམས་དང༌། བདག་པོའི་སྒོ་ནས་དེ་ཆེ་བར་བརྗོད་ལ། མཐུ་ཆེ་བ་གཞན་དག་ལས་ཤིན་ཏུ་མཐུ་ཆེ་བ་དེ་ནི་མཐུ་ཆེ་ཞིང་བསོད་ནམས་ཆེ་བ་ཡིན་ནོ། །གནས་ཀྱི་དངོས་པོ་འཛིན་པ་ཞེས་བྱ་བ་ནི་རྟེན་འཛིན་པར་བྱེད་པའོ། །སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་དག་ཀྱང་དེར་འཁོར་གཞག་པར་བྱ་བའི་ཕྱིར་གནས་ཀྱི་དངོས་པོ་འཛིན་པར་བྱེད་པ་དེའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལྷན་ཅིག་ཏུ་འགྲོ་བ་བཞིན་ནོ་སྙམ་དུ་དེ་དག་དང་ལྷན་ཅིག་བརྡ་བྱས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གཞན་དུ་ན་ཇི་ལྟར་དེ་དག་འདིར་གནས་ཀྱི་དངོས་པོ་འདི་ན་པར་འགྱུར། མིའི་འཁོར་བསྲུང་བར་བྱ་བའི་དོན་དུ་ལྷ་རྣམས་ཀྱི་དངོས་པོ་འཛིན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །ཇི་སྲིད་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྲིད་འཛམ་བུའི་གླིང་མ་ལུས་པ་འཕགས་པའི་ཐ་སྙད་དང༌། འཕགས་པའི་ཚོང་གི་ལམ་ཡོད་པ་དེ་དག་ནི་འཕགས་པའི་གནས་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་ཡུལ་པ་ཏ་ལི་ཕུ་ཏྲ་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་དོན་འདིར་འགྱུར་རོ། །འགྲོ་བ་འཕག་སའི་སྤྱོད་པས་གནས་པའི་ཕྱིར་འཕགས་པའི་གནས་ཡིན་ལ། ཚུལ་མ་ཡིན་པ་དང་བྲལ་བ་ཉིད་ཀྱི་ཆོས་དང་ལྡན་པ་ཉིད་ཀྱི་ཕྱིར་འཕགས་པའི་ཐ་སྙད་ཡིན་ནོ། །ཚོང་བའི་ལམ་ནི་ཚོང་བའི་ལམ་སྟེ། ཚོང་བ་རབ་ཏུ་རྒྱུ་བའི་ལམ་ཡིན་ལ། ཆོས་དང་ལྡན་པའི་ཤོ་གམ་དང༌། གྲུ་བཙས་ལེན་པའི་ཕྱིར་དང༌། དོར་ཐབས་ཀྱི་མཛད་པ་མེད་པའི་ཕྱིར་འཕགས་པའི་ཚོང་བའི་ལམ་མོ། །ཐབས་གང་ཡིན་པ་དེས་ཁུར་བུར་བཅིངས་པ་ནི་ཐུམ་པོར་བརྗོད་དེ། གང་དུ་ཐུམ་པོར་འབྱེད་ཅིང་བཤིག་པར་བྱེད་པ་དེ་ནི་ཐུམ་པོར་བྱེད་པ་སྟེ། ཐུམ་པོ་འབྱེད་པ་ལ་རྣམ་པར་འཚེ་བ་མེད་པ་དེ་ཉིད་ཀྱི་ཕྱིར་ཡུལ་པ་ཊ་ལི་པུ་ཏྲ་ལ་མཆོག་ཉིད་དུ་བསྟན་པ་ཡིན་ནོ། །འདིར་བར་ཆད་གསུམ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། འཇིགས་རྟེན་པའི་རྐྱེན་པར་ཆད་ཡིན་པའམ། འཇིག་པ་ཁོ་ན་བར་ཆད་ཡིན་ནོ། །མེ་ཞེས་བྱ་བ་ནི་མེའི་ཐད་ལས་
སོ། །ཆུ་ཞེས་བྱ་བ་ནི་ཆུ་ལས་ཀྱང་ངོ༌། །གཅིག་ལ་གཅིག་འབྱེད་པ་ནི་ནང་ཕན་ཚུན་འབྱེད་པ་ལས་ཀྱང་ངོ༌། །ཅིའི་ཕྱིར་ཡང་བཅོམ་ལྡན་འདས་འཇིག་པའི་རྐྱེན་གཅིག་ཁོ་ན་སྟོན་པར་མི་མཛད་དེ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། འདིར་བླ་མ་དག་འཇིག་པའི་རྒྱུ་གཞན་ཡོངས་སུ་སྲུང་བ་ལ་ཕྱོགས་པ་དག་གི་གཞན་གྱི་འཇིག་པ་དག་བཅོམ་ལྡན་འདས་ཀྱིས་མཁྱེན་པ་དེའི་ཕྱིར་གསུམ་པོ་དེ་དག་ལ་དག་ཡོད་པར་གྱུར་པ་དེ་དག་འཇིག་པར་ཡང་མི་ནུས་སོ་སྙམ་པའི་ངེས་པ་དེས་སྟོན་པར་མཛད་ཀྱི་མི་མཁྱེན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །བསྙེན་བཀུར་ཞེས་བྱ་བ་ནི་གུས་པའི་ཚུལ་གྱིས་ལུས་དང་ངག་གི་འཇུག་པས་ཉེ་བར་སྤྱོད་པ་ཡིན་ནོ། །གསེར་ལས་བསྒྱུར་པ་ནི་གསེར་ལས་བྱས་པའོ། །བྱ་ནི་སྣོད་ཀྱི་བྱེ་བྲག་ཡིན་ནོ། །གསོལ་བ་འདེབས་པར་གྱུར་པ་ནི་དོན་དུ་གཉེར་བར་གྱུར་པའོ། །བསོད་ནམས་ཀྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ། རྒྱུན་ནི་རབ་ཏུ་འབབ་པ་ལ་བྱའོ། །བསོད་ནམས་ནི་སྤྱིན་པའི་རང་བཞིན་ཏེ། སེམས་གང་གི་སྤྱོན་པ་དང༌། དངོས་པོ་གང་ཡང་རུང་བ་སྦྱིན་པ་དང༌། དེ་དང་འབྲེལ་བའི་ལུས་དང་ངག་གི་བྱ་བ་དེ་དག་ཐམས་ཅད་སྤྱིན་པའི་ནང་དུ་འདུས་པ་ཁོ་ན་ཡིན་ནོ། །དགེ་བ་སྨོས་པས། སྦྱིན་པ་མ་གཏོགས་པ་ནུས་པ་སྔོན་དུ་ལྡང་བ་ལ་སོགས་པ་དང༌། ངག་གི་ལས་སྙན་པའི་ཚིག་ལ་སོགས་པ་དང༌། དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་ལས་གང་ཡིན་པ་དེ་དག་ཐམས་ཅད་བཟུང་ངོ༌། །བསོད་ནམས་དེ་ཉིད་མ་འོངས་པའི་བདེ་བ་སྐྱེད་པར་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་བདེ་བའི་གཞི་ཞེས་བསྟན་ཏོ། །དོན་དང་ཞེས་བྱ་བ་ནི་མངོན་པར་འདོད་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཕན་པ་དང་ཞེས་བྱ་བ་ནི་མངོན་ པར་འདོད་པའི་སེམས ་ཀྱི་བདེ་བ་གནས་པའི་ཕྱིར་རམ། རབ་ཏུ་བརྩམས་པའི་ལས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་བདེ་བའི་ཕྱིར་རོ། །ཡོན་ཤོད་ཅིག་ཅེས་བྱ་བ་ནི་སྤྱིན་པའི་འབྲས་བུ་ཡོངས་སུ་བདོ་བའོ། །དད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ། སྲོག་གཅོད་པ་མ་གཏོགས་པ་འགའ་ཞིག་ལྷ་ལ་མཆོད་པ་བྱེད་པ་དེ་ནི་དད་པ་ཅན་ཡིན་པར་རིག་པར་བྱའོ། །སྐྱེས་བུ་གང་ཟག་ཅེས་བྱ་བ་
ནི་ཁྱིམ་པ་ཡིན་གྱི་རབ་ཏུ་བྱུང་བའི་སྐྱེས་བུ་མ་ཡིན་ནོ། །སྟོན་པའི་བཀའ་བཞིན་བྱེད་པར་འགྱུར། །ཞེས་བྱ་བ་ནི་བཀའ་ལྟར་བྱེད་པ་ཡིན་ཏེ། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་མཆོད་པ་བྱེད་པའི་ཁྱིམ་པ་ལ་བསྔགས་ཤིང་བསྟོད་པ་ཡིན་ནོ། །བསྟན་བཅོས་ཡོངས་སུ་ཤེས་པ་ལ་མཁས་པ་ནི་ཡིད་གཞུངས་པ་ཡིན་ལ། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པ་ནི་མཁས་པ་ཡིན་ནོ། །རྟོག་ཅེས་བྱ་བ་ནི་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་གང་ལ་ཡོད་པ་དེ་དག་ནི་ཚུལ་ཁྲིམས་དང་ལྡན་པའོ། །ཡོན་གྱི་བཤད་པ་ཞེས་བྱ་བ་ནི་ཟས་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ལྷ་རྣམས་ལ་ཡོངས་སུ་བསྔོ་བར་བྱ་བ་ཡིན་ནོ། །རི་མོར་བྱས་དང་ཞེས་བྱ་བ་ནི་གནས་མཐོན་པོ་ཐོབ་པར་འགྱུར་བའི་བསྙེན་བཀུར་གྱིས་དེའི་ཚེ་ཡང་སྦྱིན་པ་པོའི་ཕྱིར་རི་མོར་བྱེད་པ་དང༌། མཆོད་པར་གྱུར་པས་ཀྱང་མཆོད་པར་བྱེད་དོ། །དེ་ལྟར་སྦྱིན་པ་པོ་ལ་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པར་མཛད་པའི་སྒོ་ནས་ཐུགས་བརྩེ་བར་མཛད་དོ། །རྟག་ཏུ་གྲོད་པར་ཉལ་བའི་ཕྱིར་མི་ལས་སྐྱེས་ཏེ། བུའི་སྡུག་ཡིན་ཏེ། དཔེར་ན་མ་དེ་ལ་རྗེས་སུ་བརྩེ་བར་བྱེད་པ་དེ་བཞིན་དུ་བརྩེ་བར་མཛད་དོ། །བཟང་པོ་མཐོང་བར་འགྱུར་ཞེས་བྱ་བ་ནི་ཐམས་ཅད་དུ་ཤིས་པ་མྱོང་བར་འགྱུར་རོ། །དོར་བའི་ཆོས་ཅན་ཞེས་བྱ་བ་ནི་ཟས་ལ་སོགས་པ་དོར་བའི་རང་བཞིན་དུ་འོ། །བཏང་བའི་ཆོས་ཅན་ཞེས་བྱ་བ་ལ། སྦྱིན་པས་ཡོངས་སུ་དོར་བའི་ཆོས་ཅན་དུའོ། །ཕྱི་བཞིན་དུ་ཞེས་བྱ་བ་ནི་རྒྱབ་ཀྱི་ཕྱོགས་སུ་ཕྱི་བཞིན་དུའོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་སྔོན་དུ་གཤེགས་ཤིང་དེ་ནས་དགེ་སློང་དག་ཕྱིས་ཆར་གྱི་རྣམ་པ་ལྟ་བུའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་འདུ་ཤེས་པ་རྣམ་པར་གཞག་པའི་སྒོ་ནས་བསྒྲུབ་པར་བྱའོ། །ཆུ་བོ་ཆེན་པོར་འཇུག་པའི་གནས་ནི་ཆུ་དོགས་ཡིན་ནོ། །སོ་ཕག་ལ་སོགས་པའི་འཇུག་པའི་ཐབས་སུ་གྱུར་པའི་ཐེམ་པ་བྱེད་བ་ནི་ཐེམ་པ་སྦྱར་བ་ཡིན་ནོ། །དབུས་ཀྱི་ཐོག་ནས་ཞེས་བྱ་བ་ནི་ཤིན་ཏུ་དབུས་ཀྱི་ཆ་ནས་སོ། །ཤིང་ཤལ་མ་ལི་བཞོགས་པ་ནི་ཤིང་ཤལ་མ་ལིའི་སྤང་ལེབ་ཡིན་ཏེ། དེ་ཤིན་ཏུ་ཡང་བ་ཉིད་ཀྱིས་ཆུ་རྒལ་བའི་ཐབས་ཉིད་ཡིན་པ་དེའི་ཉེ་བར་སྦྱོར་བར་བྱེད་དོ། །གུ་བའི་ཚོགས་ཕན་ཚུན་སྦྲེལ་བ་ནི་ཀུ་བའི་གཟིངས་
སོ། །ཤིང་བལ་གྱིས་བཀང་བའི་ནང་ཚངས་ཅན་ནི་ཤིང་བལ་གྱི་ཁྲེས་པོ་ཡིན་ནོ། །རྐྱལ་པ་ནི་པགས་པ་ལས་བྱས་པའི་རྒལ་བའི་ཐབས་སུ་གྱུར་པའོ། །ཕ་རོལ་དུ་འགྲོ་བར་བྱེད་པ་ནི་ཕར་རྒལ་བ་ཡིན་ནོ། །ཚུ་རོལ་དུ་རྒལ་བར་བྱེད་པ་ནི་ཚུར་རྒལ་བ་ཡིན་ནོ། ཤ་ཆུ་ཟབ་མོའི་ནང་དུ་འགྲོ་བ་བསྒྲུབ་པར་བྱ་བའི་ཕྱིར་ཆུའི་རྒྱུན་ཉིད་ལས་ས་དང་འདྲ་བར་མི་འབྱིང་བ་ཡིན་ནོ། །དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་གྱུར་པ་ཡིན་ནོ། །གང་དག་ཅེས་བྱ་བ་ལ་སོགས་པ་ལ། གང་དག་རྒལ་བ་ནི་གང་ཞིག་ད་ལྟར་རྒལ་བའི་ཕྱིར་སྤོབས་པ་ཡིན་ནོ། །རྒྱ་མཚོ་ནི་ཆུ་འཛིན་ཡིན་ལ། མཚོ་འམ་རྒྱ་མཚོར་འཇུག་པའི་ཆུ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཟམ་པ་དང་བཅས་པ་ནི་ཆུ་ལོན་བརྩིགས་པ་ལ་སོགས་པའི་ཚུལ་དུ་ཟམ་པ་བཏགས་ནས་འདམ་རྫབ་སྤངས་པ་ཡིན་ནོ། །རྒལ་བ་ནི་ལྟེང་ཀ་ལ་སོགས་པ་ཆུས་ཁྱབ་པའི་ཕྱོགས་ལས་སོ། །དེའི་འོག་ཏུ་ཅི་ཞིག་བྱེད་ཅེ་ན། སྨྲས་པ་གཟིངས་བཅས་པ་ནི་རྩ་བ་དང་ཡལ་ག་དང་ལོ་མ་ལ་སོགས་པ་བཙགས་ནས་སྔོན་དུ་ཆུ་ལ་འཇལ་བར་བྱེད་པའམ། གྲུ་ལ་སོགས་པ་ལ་སྐྱེ་བོ་དེ་དག་ཡང་དག་པར་བརྟེན་ནས་སོ། །ཁ་ཅིག་ནི་ཆུ་བོ་གང་གྲ་རྒལ་བར་འདོད་པ་དེའི་ཕྱིར་གྲུ་ལ་སོགས་པ་ཡོངས་སུ་ལེན་པའི་སྒོ་ནས་སོ། །རྒལ་བ་ནི་ཕ་རོལ་གྱི་འགྲམ་དུ་ཕྱིན་པའོ། །གང་ཞེ་ན། སྐྱེ་བོ་ཡིད་གཞུངས་པ་སྟེ། གང་དག་མཁས་པ་དང་གསལ་བ་དེ་དག་མི་འགྲོ་བར་བྱེད་པ་ཉིད་ཀྱི་ཕྱིར་དང་པོར་རྒལ་བ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐྱེ་བོ་ཡིད་གཞུངས་པ་ཐམས་ཅད་ཀྱིས་གཅེས་པ་འཛིན་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ནི་རྒལ་ནས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར་གོ་རིམས་བཞིན་དུ་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐམས་ཅད་ཀྱི་དང་པོར་རྒལ་བ་དེ་ཡང་ཚངས་པ་ཡིན་ལ། རྒྱུན་མི་འཆད་པར་ཚིག་གི་དོན་ལ་གཞོལ་བར་བྱེད་པའི་སྒོ་ནས་ཕྱི་རོལ་དུ་ཡིད་ཕྱོགས་པ་ཉིད་ཀྱི་ཕྱིར་ཐུགས་
མཆོག་ཅེས་བྱའོ། །སྐམ་ལ་བཞུགས་པ་ནི་ཆུ་བོ་གང་གཡའི་ངོགས་ན་བཞུགས་པ་ཡིན་ནོ། །དགེ་སློང་དག་འདིར་ཁྲུས་བྱེད་ཅེས་བྱ་བ་ནི་དགེ་སློང་དག་ཕ་རོལ་གྱི་འགྲམ་དུ་རྒལ་ནས་ཆུས་ལུས་ཡོངས་སུ་རླན་པར་བྱེད་པའོ། །གཟིངས་འཆའ་བ་ནི་ཉན་ཐོས་གང་དག་ད་ལྟར་ཡང་མ་རྒལ་བ་ཕྱིས་འོངས་པའི་དགེ་སློང་དེ་དག་གཟིངས་ལོན་པར་བྱེད་པ་ཡིན་ནོ། །འདི་ལྟར་དེ་ལ་འདི་སྐད་དུ་བརྗོད་པའི་ཚིགས་སུ་བཅད་པའི་དོན་དེ་ལྟར་འདིར་ཡང་དོན་མཚོན་པར་བྱ་བ་ཡིན་ཏེ། གང་དག་རྒལ་བར་བྱེད་པ་ནི་རྒལ་བར་འདོད་པའོ། །རྒྱ་མཚོ་ནི་འཁོར་སྐྱེད་པར་བྱེད་པའི་མཚོའི་དབའ་གློང་ཡིན་ནོ། །ཟམ་པ་དང་བཅས་པ་ནི་མཐོང་བའི་ལམ་མངོན་དུ་བྱས་པ་ཡིན་ནོ། །འདམ་རྫབ་སྤངས་པ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་ཡིན་ནོ། །སྐྱེ་བོ་གཟིངས་འཆའ་བ་ནི་དེའི་བག་ལ་ཉལ་སྤང་བར་བྱ་བའི་ཕྱིར་བསྒོམ་པའི་ལམ་སྒོམ་པར་བྱེད་པ་ཡིན་ནོ། །ལམ་གཉིས་ཀྱིས་ཀུན་ནས་འཆིང་བའི་ཚོགས་སྤངས་པའི་ཕྱིར་རྒལ་བ་ཡིན་ནོ། །ཡིད་གཞུངས་པ་ནི། འཕགས་པའི་གང་ཟག་དག་ཡིན་ནོ། །རྒལ་བའི་གཙོ་བོ་གང་ཡིན་ཞེ་ན། སྨྲས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པས་རང་བྱུང་ཉིད་བསྟན་ཏོ། །སྐམ་སར་བཞུགས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། མདོ་སྡེ་ལས་ཕ་རོལ་གྱི་དོགས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་དེའི་ཚིག་བླ་དག་ཡིན་ནོ་ཞེས་བསྟན་ཏོ། །བཞུགས་པ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་སྟོན་པར་བྱེད་པ་ཡིན་ཏེ། དེ་མེད་པར་བཅོམ་ལྡན་འདས་སྲིད་པར་སྐད་ཅིག་ཀྱང་བཞུགས་པར་མི་འགྱུར་རོ། །དགེ་སློང་དག་འདིར་ཞེས་བྱ་བ་ལ་སོགས་པས་མཐོང་བའི་ཆོས་ལ་བདེ་བར་གནས་པ་བསྟན་ཏོ། །གཟིངས་འཆའ་ཞེས་བྱ་བས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་གནས་ནས་མཐོང་བའི་ལམ་ལ་སོགས་པ་མངོན་སུམ་དུ་བྱེད་པ་ཡིན་པ་དེ་བས་ན་འདིས་ནི་ཞུགས་པ་སྟོན་པ་ཡིན་ནོ། །དེའི་ཕྱིར་ཞུགས་པ་བཞི་དང་འབྲས་བུ་བཞི་ལ་གནས་པའི་དགེ་སློང་དེ་དག་ནི་ཡོན་གནས་རིག་པ་དང་རྐང་པ་དང་ཏིང་ངེ་འཛིན་དང་ལྡན་པ་ཡིན་ནོ། །ཆར་གྱི་འབྱུང་གནས་ནི་ཞིང་ཁྱད་པར་ཅན་སྒྲུབ་པར་བྱེད་པའི་ཕྱིར་དགའ་བ་སྐྱེད་པར་བྱེད་དོ། །ཚུལ་ཁྲིམས་འདི་ཞེས་
བྱ་བ་ནི་མངོན་སུམ་དུ་གནས་པ་དག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །སོ་སོར་ཐར་པ་དང༌། བསམ་གཏན་དང༌། ཟག་པ་མེད་པའི་སྡོམ་བའི་རང་བཞིན་དག་ཡིན་ནོ། །ཏིང་ངེ་འཛིན་ཞེས་བྱ་བ་ལ། ཏིང་ངེ་འཛིན་གསུམ་སྟེ། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའོ། །ཤེས་རབ་འདི་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་དང༌། ཟག་པ་མེད་པའོ། །ཚུལ་ཁྲིམས་ཡོངས་སུ་བསྒོམས་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་བསྒོམས་པ་སྟེ། རྒྱུད་ལ་ཚུལ་ཁྲིམས་རྣམ་པར་དག་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རིང་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་གཞོམ་པའི་ཕྱིར་རུང་བར་འགྱུར་བ་ཡིན་ནོ། །ཤེས་རབ་བསྒོམས་པ་ནི་བསྟན་པ་ཞེས་བྱའོ། །ཡང་དག་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཡིན་ཏེ། དེ་ལྟར་དགེ་སློང་དག་གང་སྤངས་པ་དེ་ནི་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཀུཉྫི་ཀའི་གནས་ཞེས་བྱ་བ་ནི་དྲང་སྲོང་ཀུཉྫི་ཀས་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །འོག་མའི་ཆ་དང་མཐུན་པ་ཞེས་བྱ་བ་ལ། འོག་མའི་ཆ་དང་མཐུན་པ་ནི་མི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་འདོད་པའི་ཁམས་ཡིན་ལ། དེ་དག་ཀྱང་དེ་དང་རྗེས་སུ་མཐུན་པ་ཡིན་པ་དེ་བས་ན་འོག་མའི་ཆ་དང་མཐུན་པ་ཡིན་ཞེས་བྱའོ། །དེ་དག་ཀྱང་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། འཇིག་ཚོགས་སུ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དག་ཡིན་ནོ། །རྫུས་ཏེ་སྐྱེ་བ་ཞེས་བྱ་བ་ནི་དེ་ན་སྐྱེ་གནས་གཞན་མེད་པའི་ཕྱིར་རོ། །དེ་ཉིད་ལ་རྩོལ་ལོ་ཞེས་བྱ་བ་དང་བརྩོན་འགྲུས་རྩོམ་མོ། །སེམས་འཛིན་ཏེ། །རབ་ཏུ་འཛིན་ཏོ་ཞེས་བྱ་བ་སྨོས་ཏེ། བརྩོན་འགྲུས་བརྩམས་པ་ནི་མི་དགེ་བའི་ཆོས་རྣམས་སྤང་བར་བྱ་བའི་ཕྱིར་དང༌། དགེ་བའི་ཆོས་རྣམས་བསྒོམ་པར་བྱ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དང་བཅས་ པར་འགྱུར་བའོ། །སེམས ་འཛིན་པ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་བཟློག་པར་བྱེད་པ་དང༌། ཡུལ་ལ་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །རབ་ཏུ་འཛིན་པ་ཞེས་བྱ་བ་ནི་རྒྱུན་གྱིས་ཡུལ་ལ་ སེམས་འཛིན་པར ་
བྱེད་པ་ཡིན་ནོ། །དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་འདོད་པ་ཉིད་ཀྱི་ཕྱིར་དགེ་པ་ཡིན་ནོ། །གནས་པ་ནི་བརྟེན་པར་གྱུར་པའི་ཕྱིར་རོ། །མི་བརྗེད་པའི་ཕྱིར་ཞེས་བྱ་བ་ནི་དྲན་བ་རྨོངས་པའི་ཉེས་པ་བཟློག་པར་བྱ་བའི་ཕྱིར་རོ། །གོམས་པར་བྱེད་པ་ནི་བསྒོམ་པ་ཡིན་ལ། བསྒོམ་པ་དག་ཡོངས་སུ་རྫོགས་པ་ནི་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་ཏེ། བསྒོམ་པ་འགྲུབ་པ་དེའི་ཕྱིར་རོ། །ཡང་དང་ཡང་དུ་བསྒོམ་པ་ནི་ཕྱི་ཕྱིར་བསྒོམ་པ་ཡིན་ཏེ། ཆུང་དུའི་རྣམ་པ་གྲུབ་པའི་ཕྱིར་ཡང་ནས་ཡང་མངོན་སུམ་དུ་བྱེད་དོ། །འཕེལ་བ་ནི་འབྲིང་གི་རྣམ་པ་གྲུབ་པ་ཡིན་ནོ། །རྒྱས་པ་ནི་ཆེན་པོའི་རྣམ་པ་གྲུབ་པ་ཡིན་ནོ། །ཡང་ན་བསྒོམ་པ་ཡོངས་སུ་རྟོགས་པ་ནི་ཆུང་དུའི་རྣམ་པ་གྲུབ་པ་ཡིན་ནོ། །ཕྱི་ཕྱིར་བསྒོམ་པ་ནི་འབྲིང་གི་རྣམ་པ་གྲུབ་པ་ཡིན་ནོ། །འཕེལ་བ་ནི་ཆེན་པོའི་རྣམ་པ་གྲུབ་པ་ཡིན་ནོ། །དུས་རིང་པོར་རྒྱུན་གྱིས་རྗེས་སུ་འཇུག་པ་ནི་རྒྱས་པ་ཡིན་ཏེ། དུས་རིང་པོར་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །འགྲོ་བ་དང་འོང་བ་ཞེས་བྱ་བ་ལ་སོགས་པ་དག་གི་རྣམ་པར་བཤད་པ་ནི་བྲམ་ཟེའི་ཁྱེའུ་ཨཾ་བ་སྟའི་མདོའི་རྣམ་པར་བཤད་པར་བལྟ་བར་བྱའོ། །ནང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི་མདོ་བཤད་པ་ལྟ་བུར་རིག་པར་བྱའོ། །ཤིང་རྟ་རེ་རེ་ལ་ཞོན་ཏེ་ཞེས་བྱ་བ་ནི་ཤིང་རྟ་སོ་སོ་ཐ་དད་པ་ལ་ཞོན་ནས་སོ། །རྟ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་རྟ་བཟློག་པའི་ཐབས་སུ་གྱུར་པ་སྲབ་ཡིན་ནོ། །ལྕག་ནི་འགྲོ་བར་བྱེད་པའི་ཐབས་སུ་གྱུར་པའོ། །དོ་ཀེར་ནི་སྤྱི་བོའི་དབུས་ན་འདུག་པའི་སྤྱི་བཅིངས་ཏེ། གཙུག་ཏོར་གྱི་རྣམ་པ་ཉིད་དམ་ཅོད་ཕན་ལ་དོ་ཀེར་གྱི་སྒྲས་བརྗོད་དོ། །ཡུ་བ་ནོར་བུ་ལས་བྱས་པའམ། ཡུ་བ་ནོར་བུས་སྤྲས་པའི་རྔ་ཡབ་པོ། །ཅི་ལྟར་ན་དེ་དག་སྔོན་པོ་ལ་སོགས་པ་ཉིད་དུ་འགྱུར་བ་ཡིན་ཞེ་ན། འདིར་ཁ་ཅིག་ནི་ངོ་བོ་ཉིད་ཀྱིས་སྔོན་པོའི་རྟ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་དོ། །ཁ་ཅིག་ནི་ནོར་བུའི་འོད་ཀྱི་ཕྱིར་རོ་ཞེས་བརྗོད་དོ། །ཅོད་པན་གསལ་བར་བྱེད་པའི་བདག་ཉིད་ཅན་གྱི་ནོར་བུ་མཐོན་ཀ་ཡོད་པའི་ཕྱིར་འཁོར་དང་བཅས་པ་སྔོན་པོ་ཉིད་དུ་གྱུར་པ་ཡིན་ནོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་ནོར་བུའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་གསུངས་ཏེ། ནོར་བུ་སེར་པོའི་མཐུས་སེར་པོ་དང༌། ནོར་བུ་
དམར་པོའི་མཐུས་དམར་པོ་དང༌། ནོར་བུ་དཀར་པོའི་མཐུས་དཀར་པོར་གྱུར་པ་ཡིན་ནོ། །ཕར་ཁྱེད་ཅེས་བྱ་བ་ལ་སོགས་པ་ལ། མངོན་དུ་ཕྱོགས་པས་རྣམ་པར་གནས་པ་ནི་གནས་པ་འདི་ལས་ཚུར་མི་འོང་བ་ནི་ཕར་ཁྱེད་ཅེས་བྱ་བའི་སྒྲ་བྱིན་ལ་མངོན་དུ་ཕྱོགས་ནས་འོང་བ་ནི་ཕ་རོལ་ནས་མངོན་དུ་ཕྱོགས་ནས་ཚུར་འོང་བར་བྱེད་པས་ན་ཚུར་གྱི་སྒྲ་ཡིན་ནོ། །སྒྲོགས་པར་གྱུར་པ་ནི་བརྗོད་པར་གྱུར་པ་སྟེ། དེས་ཉེ་བར་མཚོན་པ་དག་གིས་འབྱུང་བ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། སྒྲ་མཐོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐག་རིང་དུ་ཁྱབ་པར་བྱེད་པའི་སྒྲ་ནི་སྒྲ་མཐོན་པོ་ཡིན་ནོ། །སྐྱེ་བོ་མང་པོའི་སྒྲ་ནི་སྒྲ་ཆེན་པོ་ཡིན་ཏེ། སྒྲ་མཐོན་པོ་དང༌། སྒྲ་ཆེན་པོ་གང་ཡིན་པ་དེ་དག་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་ཡིན་ནོ། །ཡངས་པ་ཅན་ནས་ཞེས་བྱ་བ་ནི་ཡངས་པ་ཅན་དག་ལས་སོ། །འདི་ལྟ་བུའི་འབྱོར་བ་ཞེས་བྱ་བ་ལ། འབྱོར་པ་ནི་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་ནི་སྐྱིད་པའི་འབྱོར་པ་གསལ་བར་བྱེད་པ་ཡིན་ནོ། །ཆ་ལུགས་ནི་ཆ་བྱད་དོ། །སྟན་སོ་སོར་འཇོག་པའི་སྒོ་ནས་འཁོད་པའོ། །བྱ་བ་གཅིག་གི་སྒོ་ནས་འདུས་པ་ཡིན་ནོ། །བདག་སྤོབས་སོ་ཞེས་བྱ་བ་ནི་བདག་མངོན་པར་འདོད་པའི་ཚིག་སྨྲ་བར་འདོད་པའི་ཕྱིར་སྤོབས་པ་སྐྱེས་པ་སྟེ། རབ་ཏུ་དགའ་བས་ལེན་གཉིས་བརྗོད་པ་ཡིན་ནོ། །སྤོབས་པར་བྱོས་ཤིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱ་བའི་ཚུལ་དུ་སྤོབས་པའི་ཕྱིར་གནང་བ་སྩོལ་བ་ཡིན་ནོ། །ཨངྒའི་ཞེས་བྱ་བ་ལ་སོགས་པ་ལ། རྙེད་པ་རབ་རྙེད་པ་ཞེས་བྱ་བ་ནི་ཤིན་ཏུ་མཛེས་པར་རྙེད་པ་ནི་རབ་ཏུ་རྙེད་པའོ། །གང་གི་ཞེ་ན། སྨྲས་པ། ཨངྒའི་རྒྱལ་པོ་སྟེ། ཡུལ་ཨངྒའི་རྒྱལ་པོ་ནི་ཨངྒའི་རྒྱལ་པོ་ཡིན་པས་ན་དེའི་ཨུ་ཏྲ་ཡ་ནས་བཏང་བའི་ནོར་བུའི་གོ་ཆ་འཆང་བའི་ཕྱིར་ནོར་བུའི་གོ་ཆ་འཆང་བ་ཅན་ཏེ། དེའི་ཡུལ་མ་ག་དྷཱ་དེའི་རིམ་པས་ཐོབ་པ་ཡིན་པ་དེའི་ཕྱིར་ཡུལ་མ་ག་དྷཱའི་དབང་ཕྱུག་ཅེས་བྱ་བ་སྨོས་པ་ཡིན་ནོ། །ཡུལ་ཨངྒའི་རྒྱལ་པོ་གཟུགས་ཅན་སྙིང་པོས་གཞོན་ནུའི་གནས་སྐབས་སུ་སྟོབས་ཀྱིས་གནོན་པ་ཉིད་ཀྱི་ཕྱིར་རིམ་པས་ཐོབ་བ་མ་ཡིན་ནོ། །ཇི་ལྟར་ན་དེའི་རྙེད་པ་རབ་ཏུ་རྙེད་པ་ཡིན་ཞེ་ན། །རྣམ་རྒྱལ་གང་དུ་སངས་རྒྱས་འབྱུང་བ་ནི། །ཞེས་བྱ་བ་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་དེའི་རྣམ་པར་རྒྱལ་བའི་ཡུལ་དུ་སངས་
རྒྱས་བཅོམ་ལྡན་འདས་འབྱུང་བ་དེའི་ཕྱིར་དེའི་རྙེད་པ་རབ་ཏུ་རྙེད་པ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྒྲ་སྒྲོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་ལ་དྲི་མ་མེད་པའི་སྙན་པས་ཁྱབ་པར་གྱུར་པ་ནི་སྒྲ་གྲགས་པས་ཁྱབ་པ་ཡིན་ནོ། །གངས་ཅན་རི་ཞེས་བྱ་བ་ནི་ཇི་ལྟར་རིའི་རྒྱལ་པོ་གངས་ཅན་འགྲོ་བ་ཐམས་ཅད་ལ་མཐོན་པོ་ཉིད་དུ་གྲགས་པར་གྱུར་པ་དེ་བཞིན་དུའོ། །ཆུ་སྐྱེས་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ལས་སྐྱེས་པས་ན་ཆུ་སྐྱེས་སོ། །དེ་གང་ཞེ་ན། སྨྲས་པ། མེ་ཏོག་ཀོ་ཀ་སྟེ་པད་མ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། སྨྲས་པ། མཛེས་སྐྱེས་ཏེ་ཁ་དོག་དང་དབྱིབས་མཛེས་པའོ། །ཐོ་རངས་ཏེ་ཐུན་དང་པོ་ཁོ་ན་ལ་ཆུ་ལས་ངེས་པར་བྱུང་བ་ནི་ཐོ་རངས་ཁ་འབུས་པ་ཡིན་ཏེ། ཐོ་རས་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཐོ་རས་ཀྱི་དུས་སུ་ཆུ་ལས་བྱུང་བའི་ཕྱིར་ཤིན་ཏུ་རྒྱས་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་ཉི་མ་ཤར་བའི་ཚེ་ཁ་བྱེ་བར་འགྱུར་ཞེས་འབྱུང་ངོ༌། །དྲི་དང་ལྡན་པ་སྟེ་ཞེས་བྱ་བ་ཤིན་ཏུ་དྲི་དང་འབྱོར་པ་ཡིན་ནོ། །ཇི་ལྟར་པད་མ་དེ་དྲི་དང་མདངས་ཀྱིས་རྣམ་པར་གསལ་ཞིང་མཛེས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་དྲི་དང་ཤིན་ཏུ་འབྱོར་པ་དང༌། འོད་འདོམ་མ་གང་བས་གསལ་བར་གྱུར་པས་ན་རྣམ་པར་མཛེས་པར་གྱུར་པ་ལ་ལྟོས་ཤིག །བཅོམ་ལྡན་འདས་ཀྱང་ཉི་མའི་རིགས་ལས་འཁྲུངས་པ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཉིད་ཉི་མ་ཡིན་ནོ། །ལྟོས་ཤིག་ཅེས་བྱ་བ་ནི་ཀུན་དུ་ལྟོས་ཤིག་པ་ཡིན་ནོ། །ཉི་མ་འཆར་བ་བཞིན་ཞེས་བྱ་བ་ནི་ཇི་ལྟ་བར་སྣང་སྟེ། ནམ་མཁའ་ལ་ཉི་མ་གཟི་བརྗིད་འབར་བར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་ངོ༌། །དེ་བཞིན་གཤེགས་པ་ནི་འདས་པ་དང༌། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཤེས་རབ་སྟོབས་ཞེས་བྱ་བ་ནི་ཤེས་རབ་ཀྱི་སྟོབས་ནི་ཤེས་རབ་སྟོབས་ཏེ། ཤེས་རབ་ཀྱི་ནུས་པ་ཡིན་ནོ། །དེ་དག་གིས་ཅི་ཞིག་མཛད་ཅེ་ན། གང་གིས་འདིར་ལྷགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་ཐ་མ་དག་ལ་མང་པོའི་ཚིག་ཏུ་བྱའོ་ཞེས་བྱ་བའི་རིགས་པས་གང་དག་གིས་ཞེས་བྱ་བ་མང་པོའི་ཚིག་འདིས་བཅོམ་ལྡན་འདས་ཁོ་ན་ལ་སྨྲས་པ་ཡིན་ལ། མིག་ལ་མང་པོའི་ཚིག་མི་རིགས་པ་དེའི་ཕྱིར་གང་
དག་གིས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ད་ལྟར་བྱུང་བའི་བླ་མ་གང་དག་ཤེས་རབ་སྟོབས་ཀྱིས་འདིར་ལྷགས་པ་དག་གིས་ཐེ་ཚོམ་དང་ཡིད་གཉིས་བསལ་བར་མཛད་པའམ། འདུལ་བར་མཛད་པའམ། འཇིག་པར་མཛད་པ་ཡིན་ནོ། །དེ་དག་ཉིད་མིག་བྱེད་པ་ཡིན་ཏེ་སྐྱེ་བོ་གདུལ་བྱའི་བླ་ན་མེད་པའི་ཤེས་རབ་ཀྱི་མིག་སྐྱེད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་ཉི་སྣང་བར་བྱེད་པ་ཡང་ཡིན་ཏེ། ཤེས་རབ་ཀྱིས་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཅི་དང་འདྲ་བར་ཞེ་ན། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཚན་མོ་མུན་པ་དག་མེ་རབ་ཏུ་འབར་བས་གསལ་བར་བྱེད་པ་ཡིན་ཏེ། ཕྱི་རོལ་གྱི་མུན་པ་འཇོམས་པར་བྱེད་པའི་ཕྱིར་རོ། །མིག་ཡུལ་ལ་འཇུག་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་མིག་བྱེད་པར་འགྱུར་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ཡིན་ནོ། །ལེགས་པར་སྨྲས་སོ་ཞེས་བྱ་བ་ནི་དོན་དང་ཚིག་དང་ཡི་གེ་མཛེས་པ་ཉིད་ཀྱི་ཕྱིར་དང༌། སྐབས་དང་ལྡན་པ་ཉིད་ཀྱི་ཕྱིར་འདིར་ཡང་དགའ་བས་ལེན་གཉིས་བརྗོད་པ་ཡིན་ནོ། །མཛེས་པར་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་ལ། ལེགས་པར་སྨྲས་པ་དེ་དག་གི་དགོས་པ་ཡིན་པས་ན་ལེགས་པར་སྨྲ་བའི་ཕྱིར་ཏེ། ལེགས་ པར་བཤད་པ་ཀློག་པས་སེམས ་མགུ་བ་བདག་གིས་མགུ་བ་སྦྱིན་པ་ཡིན་ནོ། །མ་དང་འདྲ་བས་ཞེས་བྱ་བ་ལ་སོགས་པ་ལ། མ་ནི་མ་ཉིད་ཡིན་ནོ། །མ་དང་མཚུངས་པས་ན་མ་དང་འདྲ་བ་སྟེ། བུ་སྐྱེར་རུང་བའི་བུད་མེད་ཡིན་ནོ། །དེ་ནི་སྐྱེས་བུ་མཉེས་པར་བྱེད་པའི་ཤེས་རབ་དང་ལྡན་པ་ཡིན་ལ། ཡུལ་གཞན་དང་ནི་མ་ཡིན་ཏེ། བློ་ཆུང་བས་དེ་ཐམས་ཅད་དུ་ཤེས་རབ་སྒྲུབ་པའི་ནུས་པ་མེད་པ་ཞེས་བསྟན་ཏོ། །འོན་ཀྱང་དོན་དང་དེ་ལ་བདག་ཅག་བསླུས་པས་དེ་བས་ན་བདག་ཅག་ལ་ཤིན་ཏུ་ཚུལ་མི་མཐུན་པ་བྱས་པ་ཡིན་ནོ། །ཡང་ན་བདག་པོ་ངན་པ་ཉིད་ཀྱི་ཕྱིར་མ་དང་འདྲ་བ་ཡིན་ནོ། །ཤེས་རབ་ཆུང་བ་ཉིད་ཀྱི་ཕྱིར་ཤེས་རབ་བ་ཆུང་བ་ཅན་ནོ། །གཞན་ཡིས་སྔར་མ་མཐོང་བ་ནི་མཆད་པ་ཡིན་ནོ། སྔར་མ་ཐོས་པ་ནི་སྨད་དུ་བྱུང་བ་ཡིན་ནོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་དག་གི་བཤད་པ་ནི་སྔ་མ་བཞིན་ནོ། །གུས་པར་ཉན་པ་ཞེས་བྱ་བ་ནི་གུས་པ་བསྐྱེད་ནས་ཉན་པའི་ཕྱིར་གུས་པར་ཉན་པ་ཡིན་ནོ། །ཆོས་སམ་ཆོས་སྨྲ་བ་ལ་སྟོན་པ་ཉིད་དུ་ལྟ་ཞིང་འཛིན་པས་ཉན་པའི་ཕྱིར་བླ་མར་བྱས་པ་ཡིན་ནོ། །རུ་ཤིང་
དུ་བྱས་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི་ཕྱིར་བདག་གིས་གདོན་མི་ཟ་བར་དེ་དག་རྟོགས་ པར་བྱའོ་ཞེས་གུས་པ་ཉེ་བར་གཞག་པ་ཡིན་ནོ། །ཐོས་པ་སེམས ་ཀྱིས་འཛིན་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །སེམས་དམིགས་པ་གཅིག་ལ་འཇུག་པ་ནི་ སེམས་རྩེ་གཅིག་པ་ཡིན་ནོ། །མཉན་པར ་བྱ་བ་མ་ཡིན་པའི་ཡུལ་ཐམས་ཅད་ལས་ལྡོག་པ་དང་མཉན་ པར་བྱ་བ་དེ་ལ་གཏོང་བ་ནི་རྣ་བའོ། །སེམས ་ཅན་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བ་ནི་ཡུལ་གཞན་ལ་རྣམ་པར་ཤེས་པ་འཇུག་པ་བཟློག་པ་དང༌། དེའི་ཡུལ་གཅིག་ལ་རྣ་བའི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་ནོ། །ཁོང་དུ་ཆུད་པ་ནི་ཐོབ་པར་གྱུར་པའོ། །དགའ་བ་ནི་ཡིད་བདེ་བ་ཡིན་ནོ། །ཉེས་པའི་གཉེན་པོའི་ཕྱོགས་ཚོལ་བ་ན་དེ་རྙེད་པ་ལས་ཡིད་ཡོངས་སུ་མགུ་བར་གྱུར་པ་དེ་ནི་མགུ་བ་ཡིན་ནོ། །འབྲས་བུ་འདོད་པ་ཉིད་ཀྱི་ཕྱིར་དགེ་བ་ཡིན་ནོ། །འབྲས་བུ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཆེ་བ་ཡིན་ནོ། །ཁྱིམ་ལ་སོགས་པའི་འཆིང་བ་ལས་ངེས་པར་འབྱུང་བ་དང་མཐུན་པ་ཉིད་ཀྱི་ཕྱིར་དང༌། འཕགས་པའི་ལམ་དང་མཐུན་པའི་ཕྱིར་ངེས་པར་འབྱུང་བ་ལྡན་པ་ཡིན་ལ། འདིས་ངེས་པར་བྱུང་བས་ན་ངེས་པར་བྱུང་བ་སྟེ་འཕགས་པའི་ལམ་ཡིན་ནོ། །ངེས་པར་འབྱུང་བའི་དངོས་པོ་ནི་ངེས་པར་འབྱུང་བ་ཉིད་དོ། །དེ་ལྟ་དེ་ལྟར་ནན་ཏན་བྱེད་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པའི་སྒྲུབ་པ་བྱེད་པ་ཡིན་ནོ། །དོན་ལ་ནན་ཏན་བྱེད་བའི་གནས་ནི་དོན་ཆེན་པོའི་གནས་ཡིན་ནོ། །ཟབ་ཅིང་གཏིང་རིང་བ་ཉིད་ཀྱིས་ན་རྟོགས་པར་དཀའ་བའོ། །སོ་སོར་རིག་པ་ནི་ཤེས་པར་གྱུར་པའོ། །གང་གི་ཕྱིར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་ཡོན་ཏན་རིན་པོ་ཆེ་དང་ལྡན་པ་དེ་བས་ན་བྱས་བཤེས་པ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་མཆོད་པ་དེ་ལྟར་མཆོད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་བྱས་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱས་པས་ཏེ་ཕན་བཏགས་པ་ཤེས་པར་བྱེད་པས་ན་བྱས་བ་ཤེས་པ་ཡིན་ཏེ། སྦྱོར་བའི་དུས་ཡོངས་སུ་ཤེས་པས་སོ། །དངོས་གཞི་ཕན་བཏགས་པའི་འབྲས་བུ་བདག་ཉིད་ཀྱིས་མངོན་སུམ་དུ་བྱེད་པའི་སྒོ་ནས་གང་དག་གིས་ཚོར་བ་དེ་དག་ནི་བྱས་པ་འཚོར་བ་ཡིན་ནོ། །ཡང་ན་བདག་ཉིད་ཀྱིས་ཡོངས་སུ་ཤེས་པའི་ཕྱིར་བྱས་བ་ཤེས་པ་ཡིན་ལ། འདི་ལྟ་སྟེ་འདི་ནི་བདག་ཉིད་ལ་ཕན་
འདོགས་པ་ཡིན་ནོ་ཞེས་གཞན་ལ་སྨྲས་པའི་ཕྱིར་བྱས་པ་འཚོར་བ་ཡིན་ནོ། །དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་ནོ། །དགེ་སློང་གི་ཚོགས་ཀྱིས་བསྐོར་ནས་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །མདུན་དུ་བདར་བའི་ཚིག་གིས་ནི་བསྙེན་བཀུར་བསྟན་བ་ཡིན་ནོ། །བྱིན་ན་དགའ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་སྦྱིན་པ་དགའ་བའི་ལམ་ལ་བརྟེན་པ་དང་འདྲ་བར་སྐྱེ་བོ་རྣམས་རྟེན་པར་བྱེད་དོ། །དེ་ལ་གྲགས་པ་ཡང་དག་འཐོབ་ཅིང་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བ་ཡིན་ནོ། །ཡོན་ཏན་གཞན་ལས་བྱུང་བའི་གྲངས་པ་ནི་སྙན་པའི་སྒྲས་བརྗོད་པ་ཡིན་ནོ། །ཞུམ་པ་མེད་པ་ནི་ངོ་ཚ་བ་མེད་པ་དང་མགོ་འཕང་མཐོ་བ་ཡིན་ནོ། །འདུས་པའི་ནང་དུ་འགྲོ་བ་ཞེས་བྱ་བ་ནི་འཁོར་གྱི་ནང་དུ་འཇུག་པ་ཡིན་ནོ། །འཇིགས་པ་མེད་པར་གྱུར་ཞེས་བྱ་བ་ནི་སྐྲག་པ་མེད་པར་འགྱུར་བའམ། སྤོབས་པ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མཁས་པ་བློ་དང་ལྡན་པ་སྤྱིན་པ་སྦྱིན་པར་བྱེད་དོ། །འདིར་ཞེས་བྱ་བ་ནི་མིའི་འཇིག་རྟེན་ཡིན་ཏེ། ལེན་པ་པོ་སྲིད་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཤེ་ན། སེར་སྣའི་དྲི་མ་སྤངས་ཤིང་ཞེས་བྱ་བ་སྨོས་ཏེ། ནོར་ལ་ཆགས་པ་ནི་ཆགས་པ་ཡིན་ལ། དེ་ཉིད་དྲི་མ་ཡིན་པས་ན་སྤངས་ཤིང་ཡོངས་སུ་བོར་ནས་སོ། །བདེ་བ་ཚོལ་བ་ཞེས་བྱ་བ་ནི་མ་འོངས་པའི་སྐྱེ་བའི་བདེ་བ་མངོན་པར་འདོད་པ་སྟེ། བདེ་བ་ཚོལ་བའི་ངང་ཚུལ་ཅན་གྱི་རང་བཞིན་གང་ཡིན་པ་དེ་དག་ནི་བདེ་བ་ཚོལ་བ་ཅན་ཡིན་ནོ་ཞེས་དབང་དུ་བྱས་ནས་སོ། །འདི་ལས་འབྲས་བུ་ཅིར་འགྱུར་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་པོ་དེ་དག་ཡུན་རིང་པོར་རྩེད་འཇོའི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །གང་དུ་ཞེ་ན། སྨྲས་པ། སུམ་ཅུ་རྩ་གསུམ་ལྷའི་རིས་སུ་གནས་པ་སྟེ་འདུག་པར་འགྱུར་རོ། །དེར་གནས་སུ་ཟིན་ཀྱང་འགའ་ཞིག་ཏུ་དུད་འགྲོ་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་འགྱུར་བའང་སྲིད་པ་ཡོད་པའི་ཕྱིར་དེ་རྣམ་པར་གཅད་པའི་དོན་དུ་སྨྲས་པ། ལྷ་རྣམས་དང་སྐལ་བ་མཉམ་པ་ཉིད་ནི་ལྷ་དང་སྐལ་བ་མཉམ་པ་ཉིད་དེ། དེའི་ནང་དུ་སྐྱེ་བར་འགྱུར་རོ། །སྐབས་ཕྱེ་ཞེས་བྱ་བ་གང་དག་གིས་སྦྱིན་པ་ལ་སོགས་པས་ཐར་པའི་གྲོང་ཁྱེར་གྱི་སྐབས་འབྱེད་པ་
དེ་དག་ནི་སྐབས་ཕྱེ་བ་ཡིན་ནོ། །གང་དག་གིས་ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམ་པའི་རང་བཞིན་གྱི་དགེ་བ་བྱས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །འདི་ནས་འཆི་འཕོ་ཞེས་བྱ་བ་ནི་མིའི་སྐྱེ་བ་ལས་རང་གི་ལུས་ལས་བྱུང་བའི་འོད་ཀྱིས་གསལ་བར་བྱས་པ་ཉིད་ཀྱི་ཕྱིར་རང་གི་འོད་དག་གིས་སོ། །དགའ་བས་དགའ་བའི་སྐྱེད་མོས་ཚལ་གྱི་ནགས་སུ་རྗེས་སུ་སྤྱོད་པ་སྟེ། རང་གི་འདོད་པས་གནས་པར་འགྱུར་རོ། །རྩེ་བ་ནི་ཡོ་བྱད་གཙོ་བོར་གྱུར་པ་མ་ཡིན་པ་དང༌། དགའ་བ་ནི་གཙོ་བོར་གྱུར་པའི་ཡོ་བྱད་ཀྱིས་བདག་ཉིད་མགུ་བ་སྐྱེད་པའོ། །གཉི་ག་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པའི་ཡོ་བྱད་ཀྱིས་རྩེ་ཞིང་དགའ་བར་གྱུར་པའོ། །ལྡན་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡིན་ནོ། །གཞན་ཅི་ཞིག་བྱས་ནས་ཤེ་ན། གྲོལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པའི་འཆིང་བ་བག་ཆགས་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ནི་རྣམ་པར་གྲོལ་པ་ཡིན་ལ། དེའི་གསུང་ཐོས་པ་ནི་གསུང་ནན་ཏན་དུ་བྱས་སོ། །སྐྱོབ་པ་ཞེས་བྱ་བ་ནི་ཡོངས་སུ་སྐྱོང་བར་མཛད་པ་སྟེ། གདུལ་བྱའི་སྐྱེ་བོ་ཉོན་མོངས་པའི་དགྲ་བོ་མ་ལུས་པ་ལས་ཡོངས་སུ་བསྲུང་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཐོས་པ་སྒྲོགས་པར་བྱེད་པའི་ཕྱིར་ཉན་ཐོས་དེ་སློང་མ་ཉིད་ཡིན་ནོ། །མཐོ་རིས་དགའ་བ་ནི་ལྷའི་འཇིག་རྟེན་གྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བའོ། །མུ་གེ་ཞེས་བྱ་བ་ལ་སོགས་པ་ལ་དུས་གང་གི་ཚེ་བཟའ་བ་དཀའ་བ་རྙེད་པར་གྱུར་པ་དེ་ནི་མུ་གེའི་དུས་ཡིན་ནོ། །སྐྱེ་བོ་ཐམས་ཅད་འབྲུ་ཉུང་བས་འཚོ་བའི་ཕྱིར་དཀའ་བའི་དུས་ཡིན་པའམ། གལ་དགའ་བས་ན་དཀའ་བ་ཡིན་ནོ། །དུས་རིང་པོ་དང་རྗེས་སུ་འབྲེལ་པའི་ཕྱིར་འབྲོག་དགོན་པ་ཡིན་ནོ། །ཤེས་པ་ནི་འདྲིས་པ་ལ་བྱའོ། །ཕེབས་པར་སྨྲ་བ་ནི་ཡིད་བརྟན་པ་ཡིན་ཏེ། མཛའ་བ་བར་མའི་གནས་ཡིན་ནོ། །མཛའ་བ་བཞག་པར་བྱ་བ་ནི་འགྲོགས་བཤེས་ཡིན་ཏེ་མཛའ་བའོ། །གནས་ཆེན་པོ་ཡིན་ཏེ་ཇི་ལྟར་བཤེས་པ་ཉིད་དུ་དབྱར་གནས་པར་བྱ་བ་ཡིན་ནོ། །ཇི་ལྟར་བཤེས་བ་ཞེས་བྱ་བའོ་དོན་གང་གི་གང་མཛའ་བའི་གནས་ཡིན་པ་དེས་དེ་ལ་བརྟེན་ནས་དབྱར་ཚུལ་དུ་འཇུག་པར་བྱ་བའི་ཞེས་བྱ་བ་འདི་ཡིན་ནོ། །བསོད་སྙོམས་ཀྱིས་འབྲེལ་
བར་འགྱུར་རོ་ཞེས་བྱ་བ་ནི་བསད་སྙོམས་ཀྱི་གནོད་པས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དབྱར་གྱི་གནས་དེར་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མར་བརྣག་དཀའ་བ་ཉིད་ཀྱི་ཕྱིར་རྩུབ་པ་ཡིན་ནོ། །སྐུ་ལ་ཤིན་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་བཟོད་དཀའ་བ་ཡིན་ནོ། །གྲོངས་པ་ལ་ཐུག་པ་ལ་ཙམ་དུ་གྱུར་པས་ན་གྲོངས་པ་ལ་ཐུག་པ་ཙམ་སྟེ། གྲོངས་པ་དང་འདྲ་བར་ཞེས་བྱ་བའི་ཐ་ཚིག་གོ །བརྩོན་འགྲུས་ཀྱིས་སོ་སོ་སྦྱངས་ཏེ་ཞེས་བྱ་བ་ནི་ནུས་པ་མེད་པར་བྱས་པ་ཉིད་དམ། ཚར་བཅད་པའི་སྒོ་ནས་འབྲང་བ་མེད་པར་བྱས་པ་ཡིན་ནོ། །མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། མཚན་མ་ནི་བཅུ་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་སྟེ་ལྔ་དང༌། སྐྱེ་བ་དང༌། རྒ་བ་དང༌། མི་རྟག་པ་དང༌། སྐྱེས་པ་དང༌། བུད་མེད་ཀྱི་མཚན་མ་ཞེས་བྱ་བ་ལྔ་ཡིན་ནོ། །ཡིད་ལ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དུ་མི་བྱ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་དམིགས་པ་ནི་ཏིང་ངེ་འཛིན་ཡིན་ལ། མཚན་མ་མེད་པ་ནི་མཚན་མ་བཅུ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་མཚན་མ་མེད་པ་ཞེས་བསྟན་ཏོ། །ལུས་ལ་བརྟེན་ནས་སྐྱེས་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱས་ནས་ཞེས་བསྟན་ཏོ། །ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཡོངས་སུ་རྫོགས་པར་མཁྱེན་ནས་སོ། །གནས་པ་ནི་དབྱར་ལ་མངོན་དུ་ཕྱོགས་པར་གྱུར་པས་བཅོམ་ལྡན་འདས་ལ་བསྙུན་དྲག་པོ་སྐྱེ་བ་མི་རིགས་ཏེ། གང་གི་ཕྱིར་འཕགས་པ་བ་ཀུ་ལས་འཕགས་པའི་དགེ་འདུན་ལ་དད་པའི་སེམས་ཀྱིས་ཨ་རུ་ར་གཅིག་ཕུལ་བ་དེ་ལས་ནི་རིགས་མཐུན་པ་ཟད་པའི་ཕྱིར་སྐྱེ་བ་གཞན་དུ་ནི་ལུས་ལ་ནད་མེད་པ་དང༌། དེ་སྐད་ཅིག་མ་གཅིག་ཀྱང་མགོ་བོ་ཟུག་རྔུ་བསྟེན་ པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་མ་ཡིན་ནམ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས ་དཔའི་གནས་སྐབས་སུ་སངས་རྒྱས་དང་དགེ་འདུན་ལ་རྫས་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་མཛད་པ་ཡིན་ལ། འོན་ཀྱང་བཅོམ་ལྡན་འདས་བསྙུན་གྱིས་གཙེས་པར་གྱུར་པ་དེ་ཇི་ལྟར་རིགས་ཏེ། འདིར་སྨྲ་བར་བྱའོ་ཞེ་ན། འདིར་བླ་མ་དག་ནི་འཕགས་པ་བ་ཀུ་ལ་ཨ་རུ་ར་དེ་སྦྱིན་པའི་རྣམ་པར་སྨིན་པ་ལ་བརྟེན་པར་འགྱུར་བ་མ་ཡིན་པ་དེ་བས་ན་ཕྱིས་རྣམ་པར་སྨིན་པ་འབྱིན་པར་འགྱུར་བ་ད་དང་
རྣམ་པར་སྨིན་པ་མཐའ་དག་འབྱིན་པའི་སྒོ་ནས་སྦྱིན་པ་དེ་ལས་བྱུང་བའི་རྣམ་ པར་སྨིན་པ་ལ་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ནི་བྱང་ཆུབ་སེམས ་དཔར་གྱུར་ནས་གང་སྨན་གྱི་སྦྱིན་པ་དེ་ནི་སྐྱེ་བ་དུ་མར་རྣམ་པར་སྨིན་པ་ཡིན་ཏེ། དེ་ཉིད་ཀྱི་ལྷག་མ་ཁོ་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་སྐབས་ན་བཅོམ་ལྡན་འདས་བསྙུན་ཉུང་བར་བཞུགས་ཏེ། གང་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་བསྙུན་ལྕི་བ་སྐྱེ་བར་འགྱུར་བ་དེ་ནི་ སེམས་ཅན་ལ་ཕན་གདགས་པར ་མཛད་པར་རུང་བ་གཅིག་ཏུ་ངེས་པར་རུང་བར་འགྱུར་བའི་ལས་ཀྱི་འབྲས་བུ་ཡིན་པར་རིག་ པར་བྱ་སྟེ། གང་བྱང་ཆུབ་སེམས ་དཔའི་མི་དགེ་བའི་ལས་ལས་གྱུར་པ་ སེམས་ཅན་ལ་ཕན་འདོགས་པར ་མཛད་ པར་རུང་བ་མ་ཡིན་པའི་འབྲས་བུ་དེ་ཐམས་ཅད་ནི་བྱང་ཆུབ་སེམས ་དཔའི་གནས་སྐབས་ཁོ་ན་ལ་འབྲས་བུ་སྨིན་པ་ཡིན་ལ། གང་དུ་བྱང་ཆུབ་ སེམས་དཔའི་ཕན་གདགས་པར ་མཛད་དུ་རུང་པའི་འབྲས་བུ་དེ་ནི། སངས་རྒྱས་ཀྱི་གནས་སྐབས་སུ་འབྲས་བུ་འབྱིན་ པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་སེམས ་ཅན་ལ་ཕན་འདོགས་པ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །ཇི་ལྟར་ན་བསྣུན་དེ་ སེམས་ཅན་ལ་ཕན་འདོགས་པར ་བྱེད་པར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀྱི་རྒྱུན་ཅན་གྱི་བསྙུན་ཡང་དག་པར་འཁྲུད་པ་བསྟན་པས། ལྷ་དང་མིའི་ངེས་པར་མྱོང་བར་འགྱུར་བའི་ལས་ཆུད་མི་ཟ་བར་འགྱུར་བ་མཐོང་ལ་ཆུད་མི་ཟ་བར་འགྱུར་བ་དེ་མཐོང་བ་ལས་འཁོར་བ་ལས་འཇིགས་པ་ཆེན་པོ་དང་སྐྱོ་བ་དང་བཅས་པ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་འདི་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ཤིང༌། ཡོན་ཏན་ཐམས་ཅད་ཀྱི་འབྱོར་པ་རབ་ཀྱི་མཐའ་བརྙེས་པར་གྱུར་པ་ཡིན་ཡང་ལས་ཀྱི་འབྲས་བུ་འདོད་པ་མ་ཡིན་པ་ཉམས་སུ་མྱོང་བར་འགྱུར་བ་དེ་བས་ན་ཁོ་བོ་ཅག་སྲིད་པའི་འདམ་གྱི་ནང་དུ་བྱིང་བར་གྱུར་པ་དག་ཅི་འདྲ་བའི་གནས་སྐབས་སུ་འགྱུར་སྙམ་དུ་ཤེས་ནས་དགེ་བའི་ལས་ལ་རྩོལ་པ་དང་བཅས་པར་འགྱུར་རོ། །འཁོར་བ་ཡོངས་སུ་གཏོང་བ་དང༌། མྱ་ངན་ལས་འདས་པ་བརྙེས་པར་བྱེད་པ་ལ་བརྩོན་པ་དང་བཅས་པ་ཉིད་ནི་ཕྱིར་སྨྲས་པ་དག་གི་གོ་རིམས་ཀྱིས་འཁོར་བའི་བདེ་
བ་ཉམས་སུ་མྱོང་ཞིང་ཐར་པ་ཐོབ་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདོད་པར་བྱ་བ་མ་ཡིན་པའི་ཕྲིན་ལས་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གནས་སྐབས་སུ་འབྲས་བུ་འབྱིན་ པར་བྱེད་པ། སེམས ་ཅན་ལ་ཕན་འདོགས་པར་བྱེད་པ་ཁོ་ན་ཡིན་གྱི། བསྙུན་གྱི་འབྲས་བུ་འབྱིན་པར་བྱེད་པ་ཅན་གྱི་ལས་ཁོ་ན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །བཟོད་པ་དང་རྗེས་སུ་མཐུན་པས་ན་བཟོད་པར་བྱ་བ་ཡིན་ཏེ། བརྣག་དཀའ་བ་ཞེས་བྱ་བའི་ཐ་ཚིག་གོ །འཚོ་བ་དང་རྗེས་སུ་མཐུན་པ་ནི་འཚོ་བར་གྱུར་པ་སྟེ། དུས་དེ་སྲིད་བསྙུན་པར་མཛད་པ་ནུས་པ་མེད་པར་མཛད་ཅེས་བྱ་བའི་བར་དུའོ། །མ་དུ་ར་ཀར་སྐྱེས་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་ཤཱ་རིའི་བུ་མྱ་ངན་ལས་འདས་པའི་སྐབས་སུ་དཔྱད་པར་བྱའོ། །དབུགས་ཕྱུང་བ་ཙམ་ཞེས་བྱ་བ་ནི་དབུགས་ཕྱིར་ཕྱུང་བ་ཙམ་མོ། །གསུང་བ་གསུང་བར་འགྱུར་བ་ཞེས་བྱ་བ་དོན་དང་འབྲེལ་པ་གསུང་གིས་བཤད་པར་འགྱུར་བའོ། །ངའི་དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་སོགས་པ་ལ། འཇིག་ཚོགས་སུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དག་ནི་འདི་ལྟར་ང་ཡིར་མི་འགྱུར་བ་ནི་ངའི་དགེ་སློང་གི་དགེ་འདུན་ཡིན་ནོ། །ངའི་ཕྱིར་ཞེས་བྱ་བ་ནི་ངའི་རྗེས་སུ་སྟོན་པ་སྟེ། གང་ཁོ་ན་རྗེས་སུ་སྟོན་པར་བྱེད་པ་དེ་ཐམས་ཅད་ངས་བྱ་བ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ་ཞེས་དགོངས་སོ། །ཡོངས་སུ་ལྟ་བའོ་ཞེས་བྱ་བ་ནི་ལུང་ཕོག་པ་སྦྱིན་པའི་སྒོ་ནས་གནས་པར་བྱ་བའམ་ཡོངས་སུ་བསྐྱང་བར་བྱ་བའོ། །རེ་བ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །ངས་བསྒོའོ་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཕྱི་རོལ་ལ་མངོན་སུམ་དུ་བྱ་ཞིང་དུས་ཐམས་ཅད་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ། །སློབ་དཔོན་དཔེ་མཁྱུད་ཅེས་བྱ་བ་ནི་སློབ་དཔོན་ཆོས་སྟོན་པ་ལ་མཁས་པ་དག་གི་དཔེ་མཁྱུད་ནི་སློབ་དཔོན་དཔེ་མཁྱུད་དེ། ཆོས་ཀྱི་སེར་སྣ་ཡིན་ལ་རང་གི་ངོ་བོའི་སྒོ་ནས་སྟོན་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཉེར་མ་དང་སྐྲ་དཀར་སྐྱེས་པའི་ཕྱིར་བགྲེས་པ་ཡིན་ནོ། །རྒས་པས་ལུས་མ་རུང་བ་ཉིད་ཀྱི་ཕྱིར་འཁོགས་པ་ཡིན་ནོ། །གནས་སྐབས་གཞན་ཐོབ་པ་ཉིད་ཀྱི་ཕྱིར་གཏུགས་པ་ཡིན་ནོ། །རྣམ་པ་གཉིས་ལ་བརྟེན་ནས་ཞེས་བྱ་བ་ལ། སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ནི་རྟེན་
གཅིག་ཡིན་ལ། །བཟའ་པ་དང་བཏུང་བ་དང༌། བསྐུ་མ་ཉེ་ལ་སོགས་པའི་ཡོ་བྱད་ནི་གཉིས་པ་ཡིན་ཏེ། དེ་གཉིས་ཀྱིས་གནས་པར་བྱེད་པའི་ཕྱིར་རོ། །ཤིང་རྟ་རྙིང་པ་ནས་གཞི་རྟེན་གཅིག་ཡིན་ཏེ། རྙིངས་པ་ཉིད་ཀྱི་ཕྱིར་ཉི་མ་རེ་རེ་ལ་པགས་པ་དང༌། རྒྱུས་པ་དང་ཤིང་ལ་སོགས་པས་འཆོས་པར་བྱེད་པ་དེ་ནི་སྟན་གཉིས་པ་ཡིན་ནོ། །མྱ་ངན་མ་བྱེད་ཅིག་ཅེས་བྱ་བའི་བཤད་པ་ནི་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་སུ་བལྟ་བར་བྱའོ། །བསླབ་པ་དག་ལ་གུས་པར་བྱེད་པ་ནི་བསླབ་འདོད་པ་ཡིན་ཏེ། བདག་ཉིད་གླིང་དུ་འཇོག་པའི་བསླབ་པ་དག་ལ་ཤིན་ཏུ་སྲུང་པར་བྱེད་པ་དེ་བས་ན་དེ་སྐད་ཅེས་བསྟན་པ་ཡིན་ནོ། །ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་ལ། བྲི་ཛིའི་མིང་ཅན་གྱི་རྒྱལ་རིགས་དག་གི་ཡུལ་གྱི་ས་གཞི་ནི་བྲི་ཛིའི་གནས་ཡིན་ནོ། །རྩྭ་བ་ལའི་མིང་ཅན་གྱི་མཆོད་རྟེན་དེས་ཉེ་བར་མཚོན་པའི་ཡུལ་ཕྱོགས་ལ་སྒྲ་དེས་གཟུང་བ་ཡིན་ནོ། །ཨ་མྲའི་ཤིང་ཆེན་པོ་བདུན་གྱིས་ཉེ་བར་མཚོན་པ་ནི་ཤིང་ཨ་མྲ་བདུན་པའོ། །བུ་མང་པོའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་གནས་ནི་བུ་མང་པོ་པ་ཡིན་ཏེ། འདི་ལ་བུད་མེད་འགའ་ཞིག་ལས་བུ་མང་པོ་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་རང་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ཏེ། ས་ཕྱོགས་དེ་ཉིད་དུ་འོངས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ལུས་ཀྱི་མཆོད་རྟེན་བྱས་པ་ཉིད་ཀྱི་ཕྱིར་བུ་མང་པོ་པ་ཞེས་བསྟན་པའམ། བུ་མང་པོ་པ་ཞེས་བྱ་བའི་མིང་གི་སྒྲ་ཡིན་ནོ། །དྲང་སྲོང་གཽ་ཏ་མས་བརྟེན་པའི་ཤིང་ནྱ་གྲོ་དྷས་ཉེ་བར་མཚོན་པའི་གནས་ནི་གཽ་ཏ་མའི་ནྱ་གྲོ་དྷ་ཡིན་ནོ། །ཤིང་སཱ་ལ་ཆེན་པོ་གཉིས་ཀྱིས་ཉེ་བར་མཚོན་པའི་ཡུལ་ལ་ཤིང་སཱ་ལ་གཉིས་ཀྱི་སྒྲས་བསྟན་ཏོ། །གཅེར་བུ་པ་འདོར་བའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་ལ་དེ་སྐད་ཅེས་བྱའོ། །ཅོད་པ་ན་བཏགས་པའི་མཆོད་རྟེན་གྱིས་ཉེ་བར་མཚོན་པའི་ཡུལ་དགའ་བར་བྱེད་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པའི་བུ་ཀུན་གྱི་ཐ་ཆུངས་བདག་གིས་ཡུན་རིང་པོ་ནས་རྒྱལ་སྲིད་འཐོབ་བར་འགྱུར་རོ་སྙམ་པས་རབ་ཏུ་བྱུང་ངོ༌། །རབ་ཏུ་བྱུང་ནས་ཀྱང་ངེས་པར་རྒྱལ་བའི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ན་དེའི་མས་མཆོད་རྟེན་བྱས་པ་ན། རྒྱལ་པོ་ཆེན་པོ་བལྟ་ན་སྡུག་གིས་བྱུང་བའི་མཐའ་རྙེད་ནས་རང་གི་ཅོད་པ་ན་མཆོད་རྟེན་ལ་བཏགས་
བས་ན་ཅོད་པ་ན་བཏགས་པའི་མཆོད་རྟེན་ཞེས་བྱ་བའི་བར་དུའོ། །གནས་དེ་དག་ཐམས་ཅད་ཡངས་པ་ཅན་ཁོ་ནའི་མ་ཡིན་གྱི། འོན་ཀྱང་ཇི་ལྟར་སྲིད་པར་གཞན་དུ་ཡང་ཡིན་ནོ། །འཛམ་བུའི་གླིང་སྣ་ཚོགས་ཞེས་བྱ་བ་ལ་སྣ་ཚོགས་པ་བརྗོད་པ་ནི་དགའ་བར་བྱ་བ་ཉིད་ཀྱི་ཁྱད་པར་བྱེད་པ་ཡིན་པར་རིག་ པར་བྱའོ། །དགའ་བར་བྱ་བ་ནི་སེམས ་དགའ་བ་དང་མཐུན་པས་ན་དགའ་བར་འགྱུར་བའོ། །ཤིན་ཏུ་འདོད་པར་བྱ་བ་ཡིན་པས་ན་མདྷུ་ར་ཞེས་བརྗོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་ནོ། །བསྙེན་ཅིང་བསྒོམས་པ་ནི་བསྒོམས་པས་ཀུན་ནས་བསྙེན་པ་སྟེ། གུས་པར་བསྒོམ་པ་ཡིན་པར་བསྟན་ཏོ། །རྟག་ཏུ་བསྒོམ་པ་ནི་མང་དུ་བྱས་པ་ཡིན་པར་བསྟན་ཏོ། །བསྐལ་པ་ནི་འདིར་བསྐལ་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །བསྐལ་པ་བས་ལྷག་པ་དང༌། ཆ་དང༌། དུམ་བུ་དུས་གང་ལ་ཡོད་པ་དེ་ནི་བསྐལ་པ་ལས་ལྷག་པའི་དུས་ཡིན་ཏེ་བསྐལ་པ་དུ་མས་ཉེ་བར་མཚོན་པའི་དུས་ཞེས་བྱ་བའི་ཐ་ཚིག་གོ །ཀུན་དགའ་བོ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་ཡངས་པ་ཅན་ལ་སོགས་པའི་ཚིག་གི་དགོས་པ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་དགོངས་པས་སྟོང་པའི་ཚིག་གསུང་བར་མི་འགྱུར་རོ་ཞེ་ན། འདིར་འཛམ་བུའི་གླིང་གི་མི་རྣམས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པ་དེ་བས་ན་བྱས་པ་ཤེས་པ་ཉིད་མངོན་དུ་མཛད་ནས་འཛམ་བུའི་གླིང་གི་གདགས་པ་གསུང་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཐོག་མ་ཁོ་ནར་ཡངས་པ་ཅན་གྱི་མིང་སྨོས་པ་མཛད་པ་ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་ཡངས་པ་ཅན་ན་བཞུགས་ནས་བཀའ་འདི་གསུངས་པ་ཡིན་པར་བརྗོད་དོ། །གཞན་གང་འགའ་ཞིག་འདི་ལ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་མི་མངའ་བ་དེ་བས་ན་འདི་ལྟར་འཛམ་བུའི་གླིང་སྣ་ཚོགས་པ་ཡང་སྤངས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་དུ་ སེམས་པ་དེའི་ཚེ་ཐེ་ཚོམ་བཟློག་པར ་བྱ་བའི་ཕྱིར་གང་འགའ་ཞིག་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་པ་ལས་ལྷག་པའི་དུས་སུ་བཅོམ་ལྡན་འདས་བཞུགས་པའི་ནུས་པ་དང་ལྡན་དུ་ཟིན་ཀྱང་གང་དུས་ལྷག་པར་མི་བཞུགས་
བ་དེ་ནི་འཁོར་བ་དེའི་ཉེས་དམིགས་བསྟན་པར་བྱ་བའི་ཕྱིར་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་རབ་ཏུ་གསལ་བར་བྱེད་པའི་དོན་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ་འཁོར་བ་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་རྣམ་པར་འཚེ་བའི་བྱེ་བྲག་དུ་མ་དང་ལྡན་པ་དེའི་ཕྱིར་ཡོན་ཏན་གྱ་འབྱོར་པ་རབ་ཀྱི་མཐར་བརྙེས་ཤིང་བག་ཆགས་དང་བཅས་པའི་ཉེས་པ་སྤངས་པས་གནས་པའི་སྐལ་པ་ཅན་ཡིན་དུ་ཟིན་ཀྱང་གནས་པར་མི་བྱ་ཞིང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཁོ་ནར་འཇུག་པ་དེ་བས་ན་འཁོར་བ་འདི་ལ་ཆགས་པར་མི་བྱའི། འོན་ཀྱང་ཚུལ་ཁྲིམས་དང༌། ཐོས་པ་དང༌། བསྒོམ་པའི་ཐབས་ཀྱི་ལམ་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དེས་ཁོ་བོ་ཅག་གིས་ཀྱང་ཐར་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་ཤེས་ནས་ལྷ་མང་པོ་འཁོར་བ་ལས་སྐྱོ་ཞིང་མྱ་ངན་ལས་འདས་པ་དང་བརྩོན་པ་དང་བཅས་པ་སྐྱེ་བར་བསྟན་པ་ཡིན་ནོ། །གདུལ་བའི་འབྲས་བུ་མེད་པ་ནི་མཛད་པ་རྫོགས་པ་ཡིན་པས་བཅོམ་ལྡན་འདས་མི་བཞུགས་པ་ཡིན་ནོ་ཞེས་བརྗོད་པ་ལ། ཀུན་དགའ་བ་གལ་ཏ་རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་ཀུན་དགའ་བོ་དང་ལྷན་ཅིག་གཏམ་བརྗོད་པ་མཛད་པ་དེ་ནི་ཀུན་དགའ་བོ་ཁོ་ན་ལ་ཉེས་པ་སྦྱོར་བའི་སྒོ་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱ་བའི་དོན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ནས་གནས་བརྟན་ཆེན་པོ་འོད་སྲུངས་འཕགས་པ་ཀུན་དགའ་བོ་ལ་སྤྱོད་བརྒྱད་ཀྱིས་སྤྱོས་པ་དེ་ལས་ཉེས་ཏེ། གང་འཕགས་པ་ཀུན་དགའ་བོ་ཁོ་ནས་འདི་ལྟ་སྟེ། བཅོམ་ལྡན་འདས་བསྐལ་པར་བཞུགས་སུ་གསོལ། བསྐལ་པ་ལས་ལྷག་པར་བཞུགས་སུ་གསོལ་ཞེས་མ་གསོལ་བའི་ཉེས་པ་འདི་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། ཉེས་པ་དེས་ཀྱང་སྲིད་པ་ལས་སྐྱོ་བ་དང་ལྡན་པར་འགྱུར་ཞིང་སྐྱོ་བ་ལས་ཀྱང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ་པར་འགྱུར་རོ་ཞེས་གཟིགས་པ་ཡིན་ནོ། །ཁེབས་པར་ཞེས་བྱ་བ་ནི་བར་དུ་གཅོད་པས་ཁྱབ་པར་འགྱུར་རོ། །ཤིན་ཏུ་གསལ་བ་ཉིད་ཀྱིས་ནི་རྒྱ་ཆེ་བ་ཡིན་ནོ། །ངག་ཏུ་བརྗོད་པའི་སྤོབས་པ་ནི་འདིར་སྣང་བའི་སྒྲས་བརྗོད་པ་ཡིན་ནོ། །རྒྱུ་མཚན་སྣང་བའི་རྒྱུ་ཡིན་ཏེ། དེ་ཡང་ཀུན་དགའ་བོ་ཡངས་པ་ཅན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །སོ་སོར་
རྟོགས་པ་ནི་ཁོང་དུ་ཆུད་པའོ། །འཁྲུགས་པར་མི་འགྱུར་བ་ཞེས་བྱ་བ་ན་རྣམ་པར་མི་འཁྲུགས་པས་གནས་པ་དང་ལྡན་པའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་རོ། །ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་སྙམ་དུ་དོགས་པ་ལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པ་ལ་འདིར་མཁས་པར་རིག་པར་བྱའོ། །མདོ་སྡེ་ལ་སོགས་པ་ནང་ཕན་ཚུན་འདྲེས་པ་དག་གི་མཚན་ཉིད་རྣམ་པར་འབྱེད་པའི་ནུས་པ་དང་ལྡན་པ་གསལ་པ་ཡིན་ནོ། །དོན་མྱུར་དུ་གཅོད་པའི་ནུས་པ་དང་ལྡན་པ་ནི་ཡིད་གཞུངས་པའོ། །ཆོས་དང་བཅས་པས་ཞེས་བྱ་བ་ནི་རིགས་པས་སོ། །རང་གི་རྒོལ་བའི་ཡོངས་སུ་གསལ་བར་བྱེད་པའི་ཕྱིར་ཡོངས་སུ་དག་པར་བྱེད་པའོ། །རྒྱས་པར་འབྱུང་བ་ནི་རྒྱས་པའོ། །དེ་གང་ཞེ་ན། སྨྲས་པ། ཚངས་པར་སྤྱོད་པ་སྟེ། མི་མང་པོ་དག་གིས་འཕགས་པའི་ལམ་བསྐྱེད་པ་དེ་ཉིད་ཀྱི་ཕྱིར་རྒྱས་པར་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་ཡིན་ཏེ། སྐྱེ་བོ་མང་པོ་དག་ལ་ཕན་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །མཐའ་མེད་པ་དག་གིས་མངོན་སུམ་དུ་བྱས་པ་དེ་ཉིད་ཀྱི་ཕྱིར་ཡངས་པར་གྱུར་པ་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། ཇི་སྲིད་ལྷ་དང་མི་དག་ལ་ཡང་དག་པར་རབ་ཏུ་བསྒྲགས་པ་སྟེ། །ཤིན་ཏུ་གསལ་བ་དང་རབ་ཏུ་གསལ་བར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ །བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ནི་རྩོལ་བ་ཆུང་བའོ། །མངོན་པར་འདོད་པའི་དགོས་པ་གྲུབ་པར་ཐོས་པའི་ཕྱིར་དགའ་བ་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཕྱིར་མངོན་པར་འདོད་པ་ཡིན་ལ། མངོན་པར་འདོད་པའི་འབྲས་བུ་གྲུབ་པར་དབུགས་ཕྱུང་བའི་ཕྱིར་མགུ་བ་ཡིན་ལ། འཇིག་རྟེན་གྱི་འབྲས་བུ་རང་གི་དབང་གིས་གནས་པ་དེ་ནི་མངོན་པར་འདོད་པ་ཡིན་ལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ལས་ཀྱང་ཕལ་ཆེར་འཇིག་རྟེན་གྱི་བདུད་ཀྱི་དབང་དུ་འགྱུར་ཏེ། འབྲས་བུ་དེ་གཉིས་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་དགའ་བ་སྟེ་ཤིན་ཏུ་དགའ་བ་ལྡན་པ་ཡིན་ནོ། །ཡི་རངས་པ་ནི་འདིར་དགའ་བ་ཡིན་
པར་རིག་པར་བྱ་སྟེ། དེ་ཉིད་ཡིད་བདེ་བ་ཡིན་ནོ། །འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བར་བྱས་པའི་རྣམ་པར་སྨིན་པའི་འཚོ་བ་ལས་ཀྱི་རྣམ་པར་སྨན་པའི་ལྷག་མ་བར་མ་དོར་འཆི་བའི་ཏིང་ངེ་འཛིན་གྱིས་དྲངས་ནས་ལྷག་མར་བྱས་པ་ཡིན་ནོ། །ཚེའི་འདུ་བྱེད་ནི་སྤངས་སོ་ཞེས་བྱ་བ་དེས་དེ་སྐད་དུ་བསྟན་པ་ཡིན་ནོ། །མཉམ་དང་མི་མཉམ་ཞེས་བྱ་བ་ལ་སོགས་པ་ལ་སྲང་གིས་བཅལ་བས་ན་མཉམ་པ་སྟེ་འདྲ་བ་ཡིན་ལ། དེ་སྲིད་པ་ཞེས་བྱ་བ་དང་འདིར་སྦྱར་རོ། །དེ་ལ་མངོན་པར་དགའ་བར་བྱེད་པ་ནི་བྱ་བའི་ཚིག་ཡིན་ནོ། །དེ་ལས་བཟློག་པ་ནི་མི་མཉམ་པ་ཉིད་ཡིན་ལ། དང་ནི་མཚུངས་པར་སྡུད་པའི་དོན་ཡིན་ནོ། །སྲིད་པ་དང་འདུ་བྱེད་ཅེས་བྱ་བ་འདིར་ངེས་པར་བྱའོ། །སྲིད་པ་བདག་ཉིད་ཀྱི་དངོས་པོ་སྟེ་དེ་ཡང་རྣམ་པ་གཉིས་ཡིན་ལ། མིང་དང་གཟུགས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་ཚོགས་ནི་འདྲ་བ་ཡིན་ཏེ། སྔོན་དང་ཕྱི་མ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །མིང་གི་ཚོགས་ནི་མི་འདྲ་བ་ཡིན་ཏེ། དུས་ཕྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །སྲིད་པའི་འདུ་བྱེད་ནི་ཚེའི་འདུ་བྱེད་ཡིན་ཏེ། དེ་ཡོད་ན་འདུ་བྱེད་ཀྱི་རྒྱུད་ཀྱི་འཇུག་པ་ཐ་དད་པའི་ཕྱིར་རོ། །ཐུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་སྤངས་པ་ནི་གཞན་གྱི་དོན་མཛད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐུབ་པས་གཡོའི་བྱེ་བྲག་གིས་སྐུ་ཚེ་སྤངས་པར་བྱིན་གྱིས་བརླབས་པའི་རྒྱུ་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་ལ་དགའ་བ་ནི་ནང་བརྟག་པ་ལ་ཕྱོགས་པ་ཉིད་ཀྱི་ཕྱིར་ཏེ། འདིས་ནི་ཡེ་ཤེས་ལ་དབང་བ་བསྟན་ཏོ། །མཉམ་པར་གཞག་པ་ནི་ཏིང་ངེ་འཛིན་ལ་དབང་བརྙེས་པ་ཡིན་ནོ། །ནིའི་སྒྲས་ནི་དབང་དུ་གྱུར་པ་གཉིས་དང་འབྲེལ་པ་མངོན་པར་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །བཅོམ་པ་ནི་བཅོམ་པར་གྱུར་པ་སྟེ། སྔོན་གྱི་སྲིད་པའི་འདུ་བྱེད་སྤངས་པར་གྱུར་པ་དེ་བས་ན་འདྲ་བ་དང་མི་འདྲ་བའི་སྲིད་པ་བཅོམ་པ་ཡིན་ནོ། །མཛོད་དང་འདྲ་བའི་སྒོ་ང་ལས་བྱུང་བས་ན་སྒོ་ང་ལས་བྱུང་བ་སྟེ་བྱ་ཡིན་ནོ། །མཛོད་ནི་སྒོ་ངའི་སྦུབས་ཡིན་ཏེ། དཔེར་ན་ཁྱིམ་བྱའི་ཕྲུ་གུ་ལུས་ཆེར་སྐྱེས་པ་དང་མཆུས་སྒོ་ངའི་སྦུབས་དྲལ་ནས་འབྱུང་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཟག་བ་དང་བཅས་པ་དང་ཟག་པ་མེད་པའི་བདག་ཉིད་ཀྱིས་དངོས་པོ་ཡེ་ཤེས་ཤིན་ཏུ་བརྟོལ་ནས་མྱ་ངན་ལས་འདས་
པ་ཡིན་ནོ། །རྒྱུ་ནི་ནང་གི་ཡན་ལག་གི་བྱེ་བྲག་རྒྱུ་ཡིན་ལ། རྐྱན་ནི་ཕྱི་རོལ་གྱི་ཡན་ལག་ཡིན་ནོ། །རླུང་མི་བཟད་པ་ཞེས་བྱ་བ་ནི་རྣམ་པར་འཁྲུགས་པ་ཡིན་ནོ། །ཏིང་ངེ་འཛིན་གྲུབ་པ་ནི་རྫུ་འཕྲུལ་ཆེ་བ་ཡིན་ནོ། །ངོ་མཚར་ཉ་བར་སྟོན་པའི་ནུས་པ་དང་ལྡན་པ་ནི་མཐུ་ཆེ་བ་ཡིན་ནོ། །ཆུང་བ་ཞེས་བྱ་བ་ནི་འབྱུང་བ་ཡིན་ནོ། །ས་ལ་ཆུང་བར་དམིགས་པའི་འདུ་ཤེས་ནི་ས་ལ་ཆུང་བར་འདུ་ཤེས་པའོ། །བྱིན་གྱིས་བརླབས་པ་ནི་རྣམ་པར་གཞག་པའམ་བསྐྱེད་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་མཐུས་ས་ཡང་ཚོལ་བ་ཉིད་དུ་གྱུར་པའོ། །ཆུ་ལ་ཚད་མེད་པར་དམིགས་པའི་འདུ་ཤེས་བྱིན་གྱིས་བརླབས་པ་དེའི་ཕྱིར་ས་གཡོས་པར་འགྱུར་རོ། །ས་གཡོས་པ་འདི་ལ་ཡང་འགའ་ཞིག་ཏུ་འདོད་པའི་རྒྱུ་མཚན་སྟོན་པར་བྱེད་པ་ཡིན་ལ། འགའ་ཞིག་ཏུ་ནི་འདོད་པ་མ་ཡིན་པའི་རྒྱུ་མཚན་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་རིགས་པར་བྱའོ། །ཉེས་པ་ནི་ཉེས་པས་བྱས་པའི་ལས་སྔོན་དུ་སོང་བ་ཅན་གྱི་ཉེས་པ་ཡིན་ནོ། །རྣམ་པར་སྨིན་པ་གཉིས་སུ་འགྱུར་བ་ཞེས་བྱ་བ་ནི་བདེན་པའི་རྣམ་པར་སྨིན་པ་དང་བདེན་པ་མ་ཡིན་པའི་རྣམ་པར་སྨིན་པའོ། །མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་མངལ་དུ་འཇུག་པའི་མདོའི་སྐབས་སུ་དཔྱད་པ་ཡིན་ནོ། །མཐོང་བའི་ཆོས་ཀྱི་ཞེས་བྱ་བ་ནི་མངོན་སུམ་སྐྱེ་བའོ། །ཕྱི་མ་ནི་འཇིག་རྟེན་ཕ་རོལ་ལོ། །བཅང་བར་བྱ་ཞེས་བྱ་བ་ནི་བདག་གི་དོན་གཟུང་བའི་སྒོ་ནས་སོ། །འཛིན་པར་བྱེད་པ་ནི་གཞན་ལ་དོན་གྱི་སྒོ་ནས་སྟོན་པའོ། །ཀློག་པར་བྱེད་པ་ནི་ཡི་གེའི་སྒོ་ནས་སོ། །ཀུན་ཆུབ་པར་བྱེད་པ་ནི་དོན་གྱི་སྒོ་ནས་སོ། །ཡངས་པའི་ཚལ་ནས་བྱུང་ནས་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་དང་ཐག་ཉེ་བའི་དགོན་པའི་ནགས་ཁྲོད་མངོན་དུ་ཕྱོགས་པས་གཤེགས་པའོ། །གཡས་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཐམས་ཅད་དུ་གཡས་ཕྱོགས་སུ་བསྐོར་བ་མཛད་པ་དེ་ཉིད་ཀྱི་ཕྱིར་གཡས་ཕྱོགས་སུ་གཟིགས་ཏེ། གླང་པོ་ཆེན་པོ་དང་འདྲ་བར་སྐུ་ཐམས་ཅད་ཀྱིས་ཕྱོགས་ཏེ་གཟིགས་པའི་ཕྱིར་གླང་པོ་ཆེའི་གཟིགས་སྟངས་ཀྱིས་གཟིགས་པ་ཞེས་བསྟན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་གླང་པོ་ཆེའི་ལྷ་སྟངས་ཀྱིས་གཟིགས་པར་མཛད་ཅེ་ན། འདི་ལ་བླ་མ་དག་བཅོམ་ལྡན་འདས་མངོན་པར་འདོད་པའི་འབྲས་བུ་སྟོན་པར་མཛད་པའི་ཕྱིར་གླང་པོ་ཆེའི་ལྟ་སྟངས་སུ་མཛད་ལ། ཡང་གྲོང་ཁྱེར་ཡངས་པ་ཅན་དུ་མི་འཇུག་པ་ཡང་འདིར་བཅོམ་
ལྡན་འདས་མངོན་པར་བཞེད་པ་ཡིན་པ་དེ་བས་ན་འདིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ནི་དེ་སྟོན་པར་བྱེད་པ་ཡིན་པར་བལྟ་བར་བྱའོ་ཞེས་སྟོན་ཏོ། །དེ་སྟོན་པ་ཡང་ཅིའི་ཕྱིར་ཞེ་ན། འདི་ལ་ཡང་གྲོང་ཁྱེར་ཡངས་པ་ཅན་ན་གནས་པའི་ལྷ་རྣམས་ལ་ཕན་གདགས་པའི་ཕྱིར་ཏེ། དེ་དག་གིས་རྒྱུ་མཚན་མཐོང་བ་ལས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་དུ་ཡང་འཇུག་པར་མི་མཛད་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་དོ་སྙམ་པས་གལ་ཏེ་ཁོ་ཅག་བག་མེད་པར་གནས་པ་དེའི་ཚེ་བདག་ཅག་ཆེར་ཉམས་པར་འགྱུར་རོ་སྙམ་དུ་གཟིགས་ནས། བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་འབྲང་བ་དང༌། དགེ་བའི་ཆོས་སྒོམ་པ་ལ་བག་ཡོད་པར་གནས་པར་འགྱུར་བ་དེ་བས་ན། དེ་དག་གི་དོན་ཆེན་པོ་འགྲུབ་པར་འགྱུར་བའི་ཕྱིར་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པ་ནི་འདིར་དགོས་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་སྟོན་པར་མཛད་དོ། །གཞན་དུ་སྔར་མ་མཐོང་བ་ནི་ངོ་མཚར་ཡིན་ནོ། །སྔོན་མ་ཐོས་པ་ནི་རྨད་དུ་བྱུང་བ་ཡིན་ནོ། གྲོང་ལ་འཁོར་བརྒྱ་ཕྲག་དུ་མ་ཡོད་པ་དེ་ནི་འདིར་བརྒྱ་ཕྲག་དུ་མ་ཅན་ཡིན་ནོ། །སྲིད་ནི་རིང་བ་ཉིད་དོ། །ཞེང་དུ་གྱུར་པ་ནི་ཡངས་པར་གྱུར་པའོ། །ཁ་དོག་མཛེས་པར་གྱུར་པ་ནི་ཁ་དོག་དང་གཟུགས་རྫོགས་པར་གྱུར་པའོ། །དབྱངས་སྙན་པར་གྱུར་པ་ནི་དབྱངས་མཛེས་པར་གྱུར་པའོ། །དོན་སྨྲ་བ་ནི་དོན་སྟོན་པར་བྱེད་པའི་ཚིག་རྗོད་པར་བྱེད་པའོ། །ལྷག་པར་ཞེས་བྱ་བ་ནི་ཕྱིས་སམ་ལྷག་པའི་དོན་ཡིན་ནོ། །གནས་པ་ཞེས་བྱ་བ་ནི་ལྷན་ཅིག་གནས་པའམ་ལེགས་པར་གནས་པ་ཉིད་དོ། །སྟོན་པ་གདུལ་བྱའི་ཐབས་སུ་གྱུར་པ་ལ་མཁས་པ་ཡིན་པ་དེ་བས་ན་ཐབས་འདིས་མངོན་པར་མ་དད་པ་དད་པ་སྐྱེད་པར་བྱེད་པའི་ཆོས་སྟོན་པར་འགྱུར་རོ། །མདོ་སྡེའི་མཐའི་རྗེས་སུ་འབྲང་བས་གནས་པར་བྱའི། གང་ཟག་གི་རྗེས་སུ་འབྲང་བར་མི་བྱའོ་ཞེས་བྱ་བ་ལས། མདོ་སྡེའི་མཐའ་ཞེས་བྱ་བ་ལ། མདོ་སྡེའི་སྡེ་སྣོད་དང་འདུལ་བར་གཏོགས་པ་ཡིན་ནོ། །འདུལ་བའི་བདག་ཉིད་ཀྱི་མདོ་ནི་ཡང་བསླབ་པའི་གཞི་ངེས་པར་བྱེད་པས་ན་མདོ་སྡེ་སྟེ། དཔེར་ན་སོ་སོར་ཐར་པའི་མདོ་ལྟ་བུའོ། །གདུལ་བར་གཏོགས་པའི་བསླབ་པའི་གཞི་གཞན་མ་ལུས་པ་དག་ཀྱང་དེ་བཞིན་ནོ། །མདོ་སྡེའི་མཐའ་ནི་ངེས་པར་བྱེད་པ་སྟེ། འདིས་ངེས་པར་བྱེད་ཅེས་བྱ་བའི་དབང་དུ་བྱས་ནས་ཆོས་མངོན་པ་ཡིན་ལ། བཀའ་ཡན་ལག་བཅུ་གཉིས་སུ་གཏོགས་པའི་མན་ངག་
སྟོན་པར་བྱེད་པའི་ཆོས་མངོན་པ་ཉིད་མ་མོ་ཡིན་ནོ། །ཆོས་མངོན་པའི་རྗེས་སུ་འབྲངས་ནས་སློབ་དཔོན་གྱིས་མཛད་པའི་བཤད་པ་ཡང་མདོ་སྡེའི་མཐའ་ཡིན་ནོ། །དེ་བས་ན་འདི་མདོ་སྡེའི་སྒྲས་མདོ་སྡེ་དང༌། འདུལ་བའི་སྡེ་སྣོད་དང༌། མཐའི་སྒྲས་ཆོས་མངོན་པའི་སྡེ་སྣོད་སློབ་དཔོན་གྱིས་མཛད་པའི་བཤད་པ་ལུང་གི་རྗེས་སུ་འབྲངས་པ་དང་བཅས་པ་གཟུང་ངོ༌། །དེའི་དོན་ནི་འདི་ཡིན་ཏེ། མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པའི་སྡེ་སྣོད་ངེས་པར་བྱེད་པ་དེ་དག་ངེས་པར་བྱས་པ་ཁོ་ནར་རྗེས་སུ་འབྲང་བ་སྟེ། །སོ་སོར་འབྲང་བར་བྱ་བ་དང་རྗེས་སུ་འགྲོ་བར་བྱ་བ་ཡིན་ལ། སྡེ་སྣོད་གསུམ་པོ་དེས་པ་ཉིད་དུ་ལེགས་པར་བྱས་པའི་ལྟ་བ་དེས་བསྒོམ་པ་ལ་མངོན་པར་སྦྱོར་བས་ཐར་པ་ལེགས་པར་ཐོབ་པར་འགྱུར་རོ། །གང་ཟག་གི་རྗེས་སུ་འབྲང་བར་མི་བྱ་བ་ནི་གང་ད་གཅིག་པུའམ། ང་དང་འདྲ་བའི་རྗེས་སུ་འབྲང་བར་བྱ་བ་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ངའི་བཀའི་རྗེས་སུ་འགྲོ་བར་བྱ་ཞིང༌། གྲོལ་བའི་ཕྱིར་གང་ཟག་གཞན་འགའ་ཞིག་གི་ནི་མ་ཡིན་ནའོ་ཞེས་བྱ་བའི་བཤད་པ་འདིས་མདོ་དང་འདུལ་བའི་མཐའི་སྒྲ་སྡེ་སྣོད་གསུམ་པོ་དག་ལ་འཇུག་པར་རིག་པ་བྱའོ། །དེ་དག་གང་ལས་ཤེ་ན། འོག་ནས་བཅོམ་ལྡན་འདས་ཉིད་ཀྱིས་མདོ་སྡེའི་མཐའི་རྗེས་སུ་འབྲང་བ་སྡེ་སྣོད་གསུམ་ལ་མཁས་པ་བཤད་པ་ལས། གང་མདོ་སྡེ་ལ་འཇུག་པར་བྱ་ཞིང་འདུལ་བ་ལ་ཡང་དག་པར་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་ལ་འཇུག་པར་གྱུར་ཅིང་འདུལ་བ་ལ་སྣང་བར་གྱུར་ན་མདོ་སྡེ་ལ་གནས་འདུལ་བ་ལ་སྣང༌། ཆོས་ཉིད་དང་མི་འགལ་བ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ལྟར་གྱུར་ན་འདིར་རབ་ཏུ་གྲགས་པའི་སྡེ་སྣོད་གསུམ་ལ་འདུལ་བའི་མཐའི་རྗེས་སུ་འབྲང་བར་བརྗོད་དོ། །གང་ཟག་ནི་དེའི་དོན་དང་གཞུང་ཚད་མར་གྱུར་པ་ལ་མཁས་པ་སྟེ། འདིར་ནག་པོ་བསྟན་པ་དང༌། ཆེན་པོ་བསྟན་པ་འདིའི་རྟོགས་པ་པོ་ཡོངས་སུ་རྟོག་པར་བྱེད་པའི་དོན་ཡོན་ཏན་དང་ལྡན་པ་ཡིན། བརྟག་པར་བྱ་བ་ཡང་གང་གཞན་གྱིས་སངས་རྒྱས་ཀྱི་བཀའ་ཡིན་པར་སྨྲས་པ་འདི་ལ་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན་ཞིང་རྟོག་པར་བྱེད་པ་ནི་མདོ་སྡེ་དང་འདུལ་བ་དང་མ་མོ་ལ་འཇུག་པར་བྱེད་པ་ཡིན་ནོ། །ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་ཆར་གྱུར་པ་སྡེ་སྣོད་གསུམ་པོ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཡང་བརྟག་པའི་གཞི་ཡིན་ནོ། །
འོན་ཀྱང་རྟོག་པར་བྱེད་པ་པོ་ལ་སྡེ་སྣོད་གསུམ་པོ་གང་དག་ལ་གཞུག་པར་བྱ་བ་སངས་རྒྱས་ཀྱི་བཀའ་ཉིད་དུ་མ་གྲགས་པའི་གཞུང་གཞན་གང་ལ་གྲགས་པ་ཡིན། འདི་ལ་འདྲི་བར་བྱ་བ་ཇི་ཞིག་ཡོད་དེ་བརྒྱུད་པས་འོངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་ཇི་ལྟར་ཁྱེད་ལ་སྡེ་སྣོད་གསུམ་པོ་དང་བརྒྱུད་པས་འོངས་པ་ཡིན་པའི་ཕྱིར་རབ་ཏུ་གྲགས་པ་ཡིན་པ་དེ་བཞིན་དུ་ཕ་རོལ་པོ་ཡང་གཞན་དུ་གྲགས་པ་ཡིན་ནོ། །བདེན་ཏེ་གང་ཞིག་ཕ་རོལ་པོ་ལ་བརྒྱུད་པས་འོངས་པ་ཁོ་བོ་ལ་བརྒྱུད་པས་འོངས་པ་མ་ཡིན་པ་དེ་ནི་ཇི་སྲིད་ཁོ་བོ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྒྱུད་པས་འོངས་པ་མ་ཡིན་པས་དེ་ཡོངས་སུ་དོར་བར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་རང་གི་སངས་རྒྱས་ཀྱི་བཀའ་བརྒྱུད་པས་འོངས་པ་ལ་བཅུག་ནས་དཔྱད་པར་བྱ་བ་ཡིན་ནོ། །དེ་བས་ན་འདིར་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་ལ་གསུམ་པོ་བསྟན་པར་བྱ་བ་ཡིན་ནོ། །སྡེ་སྣོད་གསུམ་པོ་བརྒྱུད་པས་རབ་ཏུ་གྲགས་པ་དེའི་དོན་དང་གཞུང་འཇལ་བར་བྱེད་པའི་མཁས་པ་ནི་རྟོག་པར་བྱེད་པ་པོ་ཡིན་ལ། གང་ཞིག་སངས་རྒྱས་ཀྱི་བཀའ་ཉིད་དུ་དེ་ལ་མ་གྲུབ་པ་ཉིད་ནི་བརྟག་པར་བྱ་བ་ཡིན་ནོ། །དེ་ལྟར་ན་གང་ཞིག་སངས་རྒྱས་ཀྱི་བཀར་མ་གྲགས་པ་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་རམ། འགལ་བ་མེད་པའི་ཕྱིར་སངས་རྒྱས་ཀྱི་བཀར་རབ་ཏུ་གྲགས་པ་ཡིན་པར་ཁོང་དུ་ཆུད་པར་མི་བྱ་སྟེ། ཙ་ར་ཀ་ལ་སོགས་པ་ལ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཐལ་བར་མ་གྱུར་ཅིག་པ་ཡིན་ནོ། །འོན་ཀྱང་ཡོངས་སུ་རྫོགས་པར་སངས་རྒྱས་ཀྱི་བཀར་གྲུབ་པ་ཡོད་དེ། དེའི་དོན་འཇལ་བར་བྱེད་པའི་མཁས་པ་ནི་གྲུབ་པ་པོ་སྟེ་གང་ཞིག་རྟོགས་པ་པོ་སྔ་ན་མེད་པ་དེ་ལ་གཞན་དང་འདི་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ་སྨྲས་པ་དེ་རྟོག་པར་བྱེད་པ་པོ་དེས་གཞུག་ཅིང་གཞུག་ཅིང་དཔྱད་བར་བྱའོ་ཞེས་བྱ་བ་ནི་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་དོན་ཡིན་ནོ། །སྡེ་པའི་ནང་ཐ་དད་པའི་ཁྱད་པར་དེ་དག་འགལ་བའི་ཕྱིར་གཞན་དུ་མི་འཇུག་པ་མ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་ཀྱི་བཀའ་ཉིད་ཡིན་ཞེ་ན། ཉོན་ཅིག་བཅོམ་ལྡན་འདས་ཀྱིས་བསྟན་པ་ཐ་དད་པའི་དབྱེ་བ་བཅོ་བརྒྱད་དུ་གསུངས་པ་གཞུང་ཐ་དད་པ་དང༌། དོན་ཐ་དད་པའི་ཁྱད་པར་གྱི་སྒོ་ནས་དབྱེ་བ་བཅོ་བརྒྱད་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཅི་སྲིད་འགལ་བའི་སྒོ་ནས་གཞན་དག་ལས་ཐ་དད་པར་འགྱུར་
བ་དེ་སྲིད་དུ་འགལ་བར་ལུང་བསྟན་པ་ཡིན་ལ། གལ་ཏེ་དེ་སྲིད་དུ་ཡང་འགལ་བར་མི་འགྱུར་ན་ཐ་དད་པ་ཉིད་དུ་ཡང་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྲིད་དུ་འགལ་བ་ཐ་དད་པའི་རྒྱུ་མཚན་དུ་གསུངས་པས་དེ་སྲིད་དུ་དོན་དང་གཞུང་ཕན་ཆུན་རྗེས་སུ་འཇུག་པར་མི་འགྱུར་རོ། །དེ་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱིས་ཆ་ཇི་སྲིད་པ་ལ་ལ་ཕན་ཚུན་འགལ་བར་གསུངས་པ་དེ་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་གཡོས་མི་འགལ་བར་གསུངས་པ་ལ་འོན་ཀྱང་ཆ་དེ་ཡོངས་སུ་དོར་ཞིང་ཆ་གཞན་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་སྒོ་ནས་རྗེས་སུ་འཇུག་པར་བྱ་བ་ཡིན་ནོ། །དེ་ཡང་ཆའི་དབྱེ་བ་གཞན་ཡིན་གྱི་རྣམ་པར་གྲོལ་བའི་རས་ལ་ནི་ཐ་དད་པ་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །རྣམ་པར་གྲོལ་བ་ཡང་འདིར་འདུས་བྱས་དང་འདུས་མ་བྱས་ཡིན་ལ། འདུས་མ་བྱས་ནི་མྱ་ངན་ལས་འདས་པ་ཡིན་ནོ། །འདུས་བྱས་ནི་ལམ་གྱི་ནང་དུ་འདུས་པ་ལྷག་པར་མོས་པ་ཡིན་ལ། དེས་ནི་འདིར་ཐར་པའི་ལམ་གསུངས་པ་ཡིན་ནོ། །ལམ་ལ་ཡང་ནན་ཏན་དུ་བྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཚོགས་ཡོད་པ་ཡིན་ཏེ། དེ་དག་གི་རྒྱུ་འཁོར་བ་ལས་ཡིད་བྱུང་བ་དང༌། སེམས་ཅན་ལ་སྙིང་རྗེ་བ་ཡོད་པ་ཡིན་ནོ། །རྒྱུ་ནི་བཞི་སྟེ་བརྩོན་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་གྲོལ་བ་ཡང་འབྲེལ་པ་ཅན་གྱི་སྒྲ་ཉིད་ཡིན་པའི་ཕྱིར་གང་ལས་རྣམ་པར་གྲོལ་བ་དེས་འཕངས་པ་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །ཇི་ལྟར་རྣམ་པར་གྲོལ་བ་དེས་ཀྱང་འཕངས་པ་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། ཀུན་འབྱུང་ཡོད་ན་ནི་སྡུག་བསྔལ་སྐྱེ་བར་འགྱུར་ལ། ད་ལྟར་གྱུར་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བ་མེད་པ་དེའི་ཕྱིར་ཀུན་འབྱུང་ཤེས་ནས་སྤང་བར་བྱའོ། །དེ་ལྟར་ན་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་འགྱུར་བ་དེ་བས་ན་འདིར་རྣམ་པར་གྲོལ་བའི་སྒྲས་འཕགས་པའི་བདེན་པ་བཞི་གཟུང་ཞིང་ལམ་ལ་ནན་ཏན་དུ་བྱེད་པ་དང༌། ཚོགས་ཀྱི་རྒྱུ་ཡང་བསྡུས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྡེ་པའི་དབྱེ་བ་བཅོ་བརྒྱད་པོ་འདི་ཙམ་གྱིས་ཕན་ཚུན་རྗེས་སུ་ཞུགས་པར་གསུངས་པ་ཡིན་པ་དེ་བས་ན་རྗེས་སུ་ཞུགས་པའི་ཕྱིར་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་འདི་ལས་ལྷག་པ་ཅི་ཞིག་ནུས་ཏེ་ཆ་འདི་ཙམ་གྱིས་ཐ་དད་པ་དག་ཀྱང་ཕན་ཚུན་རྗེས་སུ་
ཞུགས་པ་བསྟན་པ་ཡིན་ལ། གང་འདི་ཙམ་དུ་ཡང་རྗེས་སུ་ཞུགས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ད་ལྟར་ཡང་ཐེག་པ་ཆེན་པོའི་ལམ་དང་འདྲ་བ་སྔགས་ལ་ཡོད་དོ། །གང་གཟུངས་འདིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་ཐད་ལས་གཟུངས་སྨྲ་བས་ཀྱང་རིག་པ་མནོས་ནས་ཉོན་མོངས་པ་སྤངས་ཏེ། བྱང་ཆུབ་ སེམས་དཔའ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐད་ལས་རིག་པ་བླངས་ཏེ། གཞན་ལ་ཕན་གདགས་པ་མཛད་པའི་ཕྱིར་འཇུག་པར་འགྱུར་ཞེས་འབྱུང་སྟེ། སྔགས་དང་ཡི་གེ་ལམ་གྱི་ཡན་ལག་མ་ཡིན། ཆོགས་མ་ཡིན། རྒྱུ་མ་ཡིན། ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པ་མ་ཡིན་པ་དེ་ཇི་ལྟར་ན་དེ་དག་མི་ཟད་པའི་རྒྱུ་དང༌། བསོད་ནམས་འཕེལ་བའི་རྒྱུ་དག་ཏུ་ཡང་རིགས་ཏེ། དེ་བཞིན་དུ་ཀློག་པ་ཡང་ངོ༌། །དེ་ནི་འདིར་ལམ་དང་ཚུལ་མཐུན་པ་ཡིན་གྱི་ད་ལམ་མ་ཡིན། མདོ་སྡེ་མ་ཡིན། འདུལ་བ་མ་ཡིན། ཆོས་ཉིད་ལ་འཇུག་པ་མ་ཡིན། དེ་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པའི་སྡེ་སྣོད་གསུམ་གྱི་ཆར་གྱུར་པ་མ་ཡིན་ཏེ། དེ་ལ་ཐེག་པ་ཆེན་པོའི་ནང་དུ་འདུས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་ངེས་པ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་དག་མདོ་སྡེའི་མཐའི་རྗེས་སུ་འབྲང་བ་ཡིན་གྱི། མངོན་དུ་བྱ་བ་མངོན་སུམ་དུ་ཐོས་པ་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཡི་གེའི་བདག་ཉིད་ཅན་གྱིས་སོ། །བསམས་པ་ལས་བྱུང་བ་དོན་གྱི་བདག་ཉིད་ཅན་གྱིས་ཏེ་ཤིན་ཏུ་ངེས་པ་ཞེས་བྱ་བར་དགོངས་སོ། །འདི་ལྟ་སྟེ་ཞེས་བྱ་བ་དེ་ནི་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །ཆོས་ནི་སྟོན་པའི་ཆོས་ཡིན་ནོ། །འདུལ་བ་ནི་སྤོང་བའི་ཐབས་སུ་གྱུར་པའོ། །སྟོན་པའི་བསྟན་པ་ཞེས་བྱ་བ་ལ་ཡང་དག་པར་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་བསྟན་པ་འདི་ཡིན་པས་ན་བསྟན་པ་སྟེ། བཀའ་འམ་ཆེད་དུ་བསྟན་པ་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་དང་སྤོང་བའི་ཐབས་སུ་གྱུར་པ་རིམ་པས་འདི་བསྟན་པ་ཡིན་ཏེ། རིམ་པ་འདིས་འཇུག་
པ་དག་ཆོས་ཁོང་དུ་ཆུད་པ་དང་སྤངས་པ་འགྲུབ་པར་འགྱུར་རོ། །སྤྲོ་བར་མི་བྱ་ཞེས་བྱ་བ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་སོ་ཞེས་བྱ་བ་དེ་ལྟ་བུའི་གཟེངས་བསྟོད་པ་སྦྱིན་པར་མི་བྱའོ། །སྨད་པར་ཡང་མི་བྱ་བ་ཞེས་བྱ་བ་ནི་ཚར་གཅད་པའི་སྒོ་ནས་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་སྨྲས་སོ་ཞེས་བྱ་བའོ། །རྣ་བྱོས་ཏེ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་དེ་ལ་གཏད་པར་བྱས་ནས་སོ། །ཆོས་ཀྱི་ཚིག་འབྲུ་ཞེས་བྱ་བ་ནི་བསྟན་པའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ཚིག་གང་ཡིན་པ་དང༌། ཡི་གེ་སྟེ་རྗོད་བྱེད་གང་ཡིན་པ་དེ་དག་བཟུང་ཞིང་ སེམས་ཀྱིས་ཤིན་ཏུ་ངེས་པར ་བྱས་ནས་སོ། །མདོ་སྡེ་ལ་འཇུག་པར་བྱ་ཞེས་བྱ་བ་ནི་མདོ་སྡེའི་སྡེ་སྣོད་ལ་མཐར་གྱིས་རབ་ཏུ་འཇུག་པར་བྱའོ། །འདུལ་བ་ལ་ཡང་དག་པར་བལྟ་བར་བྱ་ཞེས་བྱ་བ་ལ། འདུལ་བའི་སྡེ་སྣོད་ལ་མཚན་ཉིད་གང་དག་གསུངས་པ་དེ་དག་ལྷན་ཅིག་སྦྱར་བར་བྱ་བ་ཡིན་ནོ། །མདོ་སྡེ་ལ་མི་འཇུག་ཅེས་བྱ་བ་དེ་ནི་བླ་ན་མེད་པའི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་ཉིད་དང་རྗེས་སུ་མཐུན་པར་འགྱུར་བ་མ་ཡིན་ནོ། །འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་ལས་གསུངས་པའི་མཚན་ཉིད་བླ་ན་མེད་པའི་དོན་སྒྲུབ་པར་བྱེད་པ་ཁོ་ན་ཉིད་དང་འགལ་བར་འགྱུར་རོ། །ཆོས་ཉིད་དང་ཡང་འགལ་ན་ཞེས་བྱ་བ་དེ་ནི་འགལ་བའི་བཤད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་མི་འཐད་པ་ཡིན་ནོ། །ཆོས་ཉིད་ཀྱང་ཆོས་མངོན་པའི་སྡེ་སྣོད་དམ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་ཡིན་ནོ། །ཉེས་པར་བཟུང་བ་ཞེས་བྱ་བ་ནི་རྣམ་པ་གཞན་དུ་གཟུང་བའི་སྒོ་ནས་སྨད་པར་གཟུང་བའི་ཕྱིར་རོ། །དེ་ལྟར་ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གནས་འདིར་གཙུག་ལག་ཁང་ལ་མངོན་པར་འདོད་དེ་དེ་ནའོ། །ཆེན་པོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དག་གིས་བདག་པོ་ཆེན་པོར་གྱུར་པའོ། །གནས་བརྟན་ཞེས་བྱ་བ་ལ། གནས་བརྟན་ནི་འདིར་འདུལ་བ་ལ་མཁས་པ་ཡིན་པར་རིག་པར་བྱའོ། །སོ་སོར་ཐར་པ་དང་བཅས་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པའི་གནས་བརྟན་དང་བཅས་ཤིང་ལྡན་པའོ།། ཆོས་སུ་འདུ་ཤེས་པ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་འདུ་ཤེས་ནི་ཆོས་སུ་འདུ་ཤེས་པ་སྟེ། དེ་གང་ལ་ཡོད་པ་ནི་ཆོས་སུ་འདུ་ཤེས་པ་ཅན་ཏེ་དེས་སོ། །འདུལ་བར་འདུ་ཤེས་པ་ཅན་ཡང་དེ་བཞིན་ནོ། །ཆོས་མ་ཡིན་པ་འདུལ་བ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་དང་འདུལ་བ་དང་འགལ་བའོ། །མདོ་སྡེ་འཛིན་པ་ནི་གཞུང་གི་སྒོ་
དང་དོན་གྱི་སྒོའམ་གཞན་གྱི་སྒོ་ནས་མདོ་སྡེ་མ་ལུས་པར་འཛིན་པར་བྱེད་པའོ། །དེ་བཞིན་དུ་འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཡང་ཁོང་དུ་ཆུད་པར་བྱའོ། །མ་མོའི་སྒྲས་ནི་ཆོས་མངོན་པ་བརྗོད་པ་ཡིན་ཏེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གིས་མ་ལྟ་བུའི་གནས་ཡིན་པའི་ཕྱིར་རོ། །མང་དུ་ཤེས་པ་ནི་དགེ་འདུན་གྱི་ཚད་ལས་ཉུང་བ་སྟེ། དགེ་འདུན་གསུམ་ཞེས་བྱ་བའི་བར་དུའོ། །འདིར་དགེ་སློང་ཆོས་ཀྱིས་རྒན་པ་ནི་གནས་བརྟན་དུ་བཞེད་ལ། གནས་བརྟན་གཞན་ནི་གནས་བརྟན་གཙོ་བོར་གྱུར་པའོ། །ཇི་ལྟར་དགེ་སློང་མང་པོ་དག་ལས་ཡོན་ཏན་གྱིས་འདིར་གཙོ་བོར་བཞེད་ལ། གཙོ་བོ་ལས་གཞན་ནི་དམ་པར་གྱུར་པའོ། །བཞི་པོ་འདི་ནི་ནག་པོ་བསྟན་པ་ཡིན་ནོ། །མདོ་སྡེ་ལ་འཇུག་ཅེས་བྱ་བ་ནི་སྔ་མ་བཟློག་པ་དང་ལྷན་ཅིག་སྦྱར་བར་བྱའོ། །དོན་ཅི་ལྟ་བ་བཞིན་དུ་འཛིན་ཅིང་འཁྲུལ་པ་སྤངས་པ་ཉིད་ཀྱི་ཕྱིར་ལེགས་པར་བཟུང་བ་ཡིན་ནོ། །གཞན་ལ་སྙད་འདོགས་པའི་སྒོ་ནས་བརྗོད་པ་ནི་བསྟན་པ་ཡིན་ཏེ། ནག་པོ་ཡང་དེ་ཡིན་ལ་བསྟན་པ་ཡང་ཡིན་པས་ནག་པོ་བསྟན་པ་ཡིན་ནོ། །ཕ་རོལ་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་འདོད་པའི་ཚིག་གང་ཡིན་པ་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་བསྒྲུབ་པའི་ཚིག་ནི་ནག་པོའི་སྒྲས་བསྟན་པ་ཡིན་ལ། དེས་ཉེ་བར་མཚོན་པའི་སྙད་འདོགས་པ་ནི་ནག་པོ་བསྟན་པ་ཞེས་བྱ་བའོ། །ལེགས་པར་བྱ་ཞེས་བྱ་བ་ནི་རིགས་པར་རོ། །ཤིན་ཏུ་ནི་ཁྱད་པར་དུ་ཡང་དག་པར་སྦྱར་ཏེ་ཞེས་བྱ་བ་ནི་ཡང་ནས་ཡང་དུ་བཅའ་བ་དང་ཡང་དག་པར་རྗེས་སུ་སྦྱོར་བར་བྱས་ནས་སམ། ཡི་གེའི་བདག་ཉིད་ཀྱིས་ཤིན་ཏུ་དཔྱད་པར་བྱ་བ་ཡིན་ནོ། །ཡང་དག་བརྟགས་ལ་ཞེས་བྱ་བ་ནི་མདོ་སྡེ་ལས་འཇུག་པ་ལ་སོགས་པའི་སྒོ་ནས་དོན་གྱི་བདག་ཉིད་དུ་ཤིན་ཏུ་དཔྱད་ནས་སོ། །དོར་བར་བྱ་ཞེས་བྱ་བ་ནི་ཡོངས་སུ་སྤང་བར་བྱ་བའོ། །སངས་རྒྱས་ཀྱི་བཀའ་ཉིད་ཀྱིས་དོན་ཆེན་པོ་དང་ལྡན་པའི་ཕྱིར་ཆེན་པོ་བསྟན་པ་ཡིན་ནོ། །གཟུང་བར་བྱའོ་ཞེས་བྱ་བ་ནི་འདི་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བའི་སྒོ་ནས་གུས་པར་གཟུང་བར་བྱ་བ་ཡིན་ནོ། །སྲོག་ཆགས་ཛ་ལུ་ཀའི་ནགས་ཚལ་མཐུག་མོ་ཞེས་བྱ་བ་ནི། སྲོག་ཆགས་ཛ་ལུས་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རམ། མིང་གི་སྒྲ་ནི་སྲོག་ཆགས་ཛ་ལུ་ཀའི་ནགས་ཚལ་མཐུག་མོ་ཞེས་བྱའོ། །མགར་བ་ནི་གསེར་མགར་རོ། །ཀོ་ལ་སྨིན་པ་ཞེས་བྱ་བ་ལ་ཀོ་ལ་ཞེས་བྱ་བ་ནི་འབྲུའི་བྱེ་བྲག་
ཁྱད་པར་ཅན་འགའ་ཞིག་ཡིན་ལ། སྨིན་པ་ནི་ཡང་དག་པར་གྱུར་པའོ། །ཀོ་ལ་གང་ཡིན་པ་དེ་ནི་ཀོ་ལ་ཀ་སྨིན་པ་ཡིན་ཏེ། ཚོགས་པ་ཆེན་པོའི་བྱེ་བྲག་གིས་བཟང་པོར་བྱས་པ་ལེགས་ པར་བྱས་པ་བཟང་བ་ཡིན་ནོ། །མཆན་ཁུང་དུ་གཞག་གོ་ཞེས་བྱ་བ་ནི་རྐུ་སེམས ་ཀྱིས་མཆན་ཁུང་གི་ཕྱོགས་སུ་སྦས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་མཐུས་བརྡུངས་མགར་མཁན་གྱི་བུ་སྐུལ་བྱེད་ཀྱིས་མཐོང་བ་དགེ་སློང་གི་ཡུལ་དེ་ལ་འཇུག་པར་མཛད་པ་བཅོམ་ལྡན་འདས་ཇི་ལ་དགོངས་པ་ཡིན་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་བརྡུངས་མགར་མཁན་གྱི་བུ་སྐུལ་བྱེད་ཀྱིས་དགེ་སློང་དེ་སྣོད་རྐུ་བ་མཐོང་བ་དེའི་ཚེ་སྐུལ་བྱེད་འཁོར་འདི་མ་སད་པ་མ་ཡིན་གང་གི་ཕྱིར་དགེ་སློང་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་ཤིང་དགྲ་བཅོམ་པ་དུ་མའི་ནང་དུ་ཆུད་ཀྱང་འདི་ལྟ་བུའི་ལས་བྱེད་དོ་ཞེས་འཁོར་བའི་གནས་ངན་པ་ཡིན་ནོ་སྙམ་པས་བཅོམ་ལྡན་འདས་དང་དགེ་སློང་ཉེས་པ་ཟད་པ་དག་ལ་དང་པ་འཕེལ་ཞིང་འགྱུར་བ་དང༌། ཐར་པའི་དོན་གྱི་བྱ་བ་ལ་རྩོལ་བར་འགྱུར་བ་དང༌། བཤད་པར་འགྱུར་བའི་འདྲི་བའི་སྐབས་བྱས་པ་ཡིན་པའི་ཕྱིར་སྐུལ་བྱེད་ཀྱིས་མཐོང་བ་དགེ་སློང་གི་ཡུལ་ལ་འཕགས་པ་ནི་ཤིན་ཏུ་དོན་ཆེན་པོ་ཡིན་ནོ་ཞེས་སྟོན་ཏོ། །ཐུབ་པ་བློ་གྲོས་རབ་ཡངས་པ། །ཞེས་བྱ་བ་ལ་སོགས་པ་ལ། ཉན་མོངས་པ་ལས་གྱུར་པའི་ཚིག་ཉེ་བར་ཞི་བའི་ཕྱིར་ཐུབ་པ་སྟེ། ཐུབ་པ་བཅོམ་ལྡན་འདས་དེ་ལ་ཞུ་བར་བགྱིའོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ཐུབ་པ་ཞེ་ན། བློ་གྲོས་རབ་ཡངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་གྲོས་ཏེ་ཤེས་རབ་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་གང་ལ་ཡོད་པ་དེ་ནི་བློ་གྲོས་རབ་ཏུ་ཡངས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས་རྒལ་བ་ཉིད་ཀྱི་ཕྱིར་རྒལ་བ་ཡིན་ནོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཕ་རོལ་གྱི་ཕྱོགས་ཡང་དག་པར་བརྙེས་པའི་ཕྱིར་ཕ་རོལ་གཤེགས་པ་ཡིན་ནོ། །ཐེ་ཚོམ་མ་ལུས་པ་སྤངས་པའི་ཕྱིར་ཐེ་ཚོམ་ལས་རྒལ་བ་ཡིན་ནོ། །ཁ་ལོ་སྒྱུར་བ་ནི་སྔོན་དུ་འགྲོ་བའོ། །ཐམས་ཅད་ཀྱི་དང་པོར་མྱ་ངན་ལས་འདས་པའི་ལམ་སྟོན་པར་མཛད་པའི་སྒོ་ནས་ཁ་ལོ་སྒྱུར་བ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་ཁ་ལོ་སྒྱུར་བའི་མཆོག་ཡིན་ནོ། །གནས་ཁྱད་དུ་འཕགས་པར་འདྲེན་པར་བྱེད་པའི་ཕྱིར་
འདྲེན་པ་ཡིན་ལ། སྡུག་བསྔལ་ཐམས་ཅད་ཀྱི་འཇུག་པ་ཟློག་པར་བྱེད་ཅིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་སྒོ་ནས་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་འདྲེན་པའི་མཆོག་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཐུབ་པ་ལ་ཞུ་བར་བྱའོ། །ཅི་ཞིག་ཞུ་བར་བྱ་ཞེ་ན། འཇིག་རྟེན་དགེ་སྦྱོང་དུ་མཆིས་ཞེས་བྱ་བ་སྨོས་ཏེ། ཀྱེ་བཅོམ་ལྡན་འདས་ཞུས་པ་ལན་གྱི་བཀས་གསུངས་ཤིག་པ་ཡིན་ནོ། །དགེ་སྦྱོང་བཞི་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་དགེ་སྦྱོང་བཞི་པོ་དེ་དག་ཐེ་ཚོམ་མེད་པར་མཁྱེན་ནས་ཁྱོད་ལ་སྨྲ་བ་སྟེ་བསྒྲག་པར་བྱའོ། །ལམ་རྒྱལ་བ་ནི་ཞེས་བྱ་བ་ནི་སྐུལ་བྱེད་དོ། །གང་གིས་ཐེ་ཚོམ་སྨྲ་བ་བཅད་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །ཐེ་ཚོམ་ཞེས་བྱ་བ་ནི་ཡིད་གཉིས་ཀྱི་རྒྱུ་ཅན་ སེམས་རྣམ་པར ་ཚོལ་བ་སྟེ། ཐེ་ཚོམ་སྨྲ་བ་ཆད་པ་གང་ཡིན་པ་དེ་ནི་ཐེ་ཚོམ་སྨྲ་བ་ཆད་པ་སྟེ། ཡིད་གཉིས་ཀྱིས་བག་ལ་ཉལ་མ་ལུས་པ་སྤངས་པ་ཡིན་ནོ། །འདིས་ནི་མཐོང་བས་སྤངས་བར་བྱ་བའི་ཉོན་མོངས་པ་སྤངས་པ་བསྟན་ཏོ། །བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པའི་ཟུག་རྡུ་དང་བྲལ་བ་ཉིད་ཀྱི་ཕྱིར་ཟུག་རྡུ་དང་བྲལ་བ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་བསྟན་པ་ཉིད་ཀྱི་ཕྱིར་དང༌། ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཡིན་པའི་ཕྱིར་དང༌། འཁོར་བ་མ་ལུས་པའི་ཡོན་གནས་གཅིག་ཉིད་ཡིན་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་དགའ་ཞེས་བྱ་བ་ནི་གདུལ་བྱ་ལ་ཕན་འདོགས་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་དགའ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཅོམ་ལྡན་འདས་དེ་ཉིད་སྟོན་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡོན་ཏན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་ལམ་གྱི་རྒྱལ་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ལམ་རྒྱལ་བ་གསུངས་པ་ཡིན་ནོ། །གང་གིས་གསུངས་པའི་ཆོས་རྣམ་པར་ཕྱེ་བ་ནི་གཞན་དག་ལ་རབ་ཏུ་བསྟན་པ་དེ་ནི་ལམ་འཆད་པ་ཡིན་ནོ། །འཕགས་པ་ཤཱ་རིའི་བུ་ཆོས་ཀྱི་སྡེ་དཔོན་གཉིས་པ་ཉིད་ཡིན་པའི་ཕྱིར་དང༌། ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །
ཆོས་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། སྨྲས་པ། རབ་མཆོག་ནི་ཁྱད་པར་དུ་འཕགས་པའོ། །ཤེས་པ་ནི་རིག་པ་ཉིད་དོ། །ཇི་ལྟར་ཤེས་པ་ཉིད་ཡིན་ཞེ་ན། མཆོག་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ནི་བྱ་བའི་ཁྱད་པར་ཡིན་ཏེ། དེས་ཤིན་ཏུ་ཞེས་བྱ་བའི་ཐ་ཚིག་གོ །ཐེ་ཚོམ་གཅོད་ པར་བྱེད་པས་ན་ཐེ་ཚོམ་གཅོད་པ་སྟེ། དེ་ནི་སེམས ་ཅན་མ་ལུས་པའི་ཐེ་ཚོམ་གཅོད་པ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་བརྗོད་པ་ཉེ་བར་ཞི་བའི་ཕྱིར་ཐུབ་པ་ཡིན་ལ། མྱ་ངན་ལས་འདས་པའི་ཆོས་མངོན་སུམ་དུ་བྱེད་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པ་ཡིན་ནོ། །ལམ་འཚོ་ནི་འཕགས་པའི་གང་ཟག་བདུན་ནམ་དེ་དག་གི་ནང་ནས་གཞན་པའོ། །འཕགས་པའི་བདེན་པ་བཞི་ནི་ཆོས་ཀྱི་ཚིག་ཡིན་ཏེ་དེའོ། །ལེགས་བཤད་པ་ཞེས་བྱ་བ་ནི་མཛེས་པར་བཤད་པ་སྟེ། ཆོས་ཀྱི་ཚིག་དེ་ཉིད་ལམ་ཡིན་ལ་ལམ་དེ་ལ་གནས་ནས་འཚོ་བ་ནི་དགེ་བའི་ཆོས་ཀྱི་འཚོ་བས་འཚོ་བར་བྱེད་པའི་ཕྱིར་རོ། །ཡང་དག་སྡོམ་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་པ་དང་ལྡན་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པ་རབ་ཏུ་གྱུར་པ་ཐོབ་པ་ཉིད་ཀྱི་ཕྱིར་དྲན་པའི་བདག་ཉིད་ཅན་ཡིན་ནོ། །ཁ་ན་མ་ཐོ་བ་མེད་པའི་ཚིག་སྡུག་བསྔལ་འཕགས་པའི་བདེན་པ་ལ་སོགས་པ་དེ་དག་གི་བསྒོམ་པས་སྤང་པར་བྱའོ། །ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་སློབ་པ་སྟེ། བསྒོམ་པ་གོམས་པར་བྱེད་པ་ཡིན་ནོ། གང་ཡང་དགེ་སློང་དང་ཚུལ་འདྲ་བ་ཕམ་པར་གྱུར་པ་ལྷག་པར་སྤྱོད་པའི་ཕྱིར་ལམ་སུན་འབྱིན་པ་ཡིན་པར་རིག་པར་བྱའོ། །ཅི་ལྟར་ན་ཚུལ་དང་མི་མཐུན་པར་སྤྱོད་པ་ཡིན་ཞེ་ན། ལེགས་དགའ་ནང་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་དག་བསླབ་པ་འདོད་པ་ཉིད་ཀྱིས་ལུས་དང་ངག་གི་ཀུན་དུ་སྤྱོད་པ་འདུལ་བ་དེ་དག་ནི་འདིར་ལེགས་དགའ་ཡིན་པར་རིག་པར་བྱའོ། །ལེགས་པ་ལ་དགའ་བ་དེ་དག་གི་ནང་ན་གཡོགས་པར་བྱས་པ་ཉིད་ཀྱི་ཕྱིར་གཡོགས་པ་སྟེ་ཆ་ལུགས་ཡིན་ལ། དེ་དག་ཆ་ལུགས་ཀྱིས་རྣམ་པར་གནས་པར་གྱུར་པ་གང་ཡིན་པའོ། །འདི་ལ་ཞེས་བྱ་བ་ནི་བསྟན་པ་ལའོ། །དེ་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། རབ་སྐེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་མ་ཡིན་པས་ཕ་རོལ་ཟིལ་གྱིས་གནོན་པའི་ངང་ཚུལ་ཅན་རབ་སྐེམས་ཡིན་ནོ། །ལུས་དང་ངག་གི་འཇུག་པ་སྨད་པ་གང་གིས་ཁྱིམ་སུན་འབྱིན་པར་བྱེད་པ་དེ་ནི་ཁྱིམ་སུན་འབྱིན་པ་ཡིན་ནོ། །ཐམས་ཅད་དུ་ཚིག་རབ་ཏུ་གཏོད་པ་ན་ཚིག་ལ་བརྐམ་པ་ཡིན་ནོ། །
སྤྱོད་ལམ་ལོག་པར་སྟོན་པའི་སྒོ་ནས་ཕ་རོལ་པོ་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་སྒྱུ་ཅན་ཡིན་ནོ། །འབྲེལ་པའི་ཚིག་སྨྲ་བ་ཉིད་ཀྱི་ཕྱིར་སྡོམ་མེད་རབ་སྨྲ་ཡིན་ནོ། །ལམ་ནི་འཕགས་པའི་ལམ་ཡིན་ལ་སུན་འབྱིན་པར་བྱེད་པ་ནི་རང་གི་རྒྱུད་ཀྱི་འཇུག་པ་ཡིན་ཏེ། དེའི་ཕྱིར་ལམ་སུན་འབྱིན་པ་ཡིན་ནོ། །སྐུལ་བྱེད་དགེ་སློང་གཞན་དག་ཀྱང་འདི་འདྲ་བའི་རིགས་ཅན་ཁོ་ན་ཡིན་ནོ་སྙམ་དུ་དོགས་པར་འགྱུར་བ་ལ་དེ་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བསམས་ནས་ཞེས་བྱ་བ་སྨྲས་པ་ཡིན་ནོ། །ཐམས་ཅད་འདི་འདྲར་མི་འགྱུར་རོ། །ཞེས་བྱ་བ་ནི་ཅི་ལྟར་དགེ་སློང་དེ་དག་ཅེས་འདི་ལྟར་བསམས་ཤིང་དཔྱད་ནས་དགེ་སློང་ཐམས་ཅད་འདི་འདྲ་བར་མི་འགྱུར་རོ། །ཁྱིམ་པ་གང་ཞིག་ཅེས་བྱ་བ་ནི་ཁྱིམ་ན་གནས་པའོ། །ལུང་ཐོས་པ་དང་ལྡན་པའི་ཕྱིར་ཐོས་པ་དང་ལྡན་པའོ། །རྟོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་འཕགས་པ་ཉན་ཐོས་སོ། །འཕགས་པའི་བདེན་པ་བཞི་པོ་མཛེས་པར་ཤེས་པ་ཉིད་ཀྱི་ཕྱིར་ལེགས་རྟོགས་སོ། །དེ་ལྟར་ཤེས་ནས་ཞེས་བྱ་བ་ནི་ཡོངས་སུ་བཅད་ནས་སོ། །དེ་ཡིས་དད་པ་ཤེས་མི་འགྱུར། །ཞེས་བྱ་བ་ནི་གང་དགེ་སློང་སྡིག་པ་ཅན་དེ་ལ་དད་པ་མི་སྐྱེ་སྟེ། འདི་ལྟར་དགེ་སློང་འདི་ནི་སྨད་པ་ཡིན་ནོ་སྙམ་པ་དེས། དགེ་སློང་དད་པ་ལྡན་པ་གཞན་ལ་ཡང་མི་སྲུན་པ་སྙམ་དུ་ སེམས་པར ་འགྱུར་རོ། །དེ་གང་ལས་ཤེ་ན། ཇི་ལྟར་མི་སྲུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཉམ་པོར་བྱ་བ་དང་མི་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །གང་ཞེ་ན། མི་སྲུན་པ་མ་ཡིན་པ་ཉེས་པ་མེད་པ་དང༌། མི་སྲུན་པ་དང་ལྡན་པ་གཅིག་མཚུངས་པར་བྱས་པའོ། །དག་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མ་དག་པ་ནི་ཡོན་ཏན་མེད་པའོ། །གང་གཅིག་དང་འབྲལ་བའི་སྡིག་པའི་ལས་སུ་འགྱུར་བའི་སྡིག་པའི་ལས་དེས་སྐྱེ་བོ་སྡིག་པ་མི་བྱེད་པ་ལ་དོགས་པར་འགྱུར་བའི་དོགས་པ་བསྐྱེད་པའི་རྒྱུ་མཚན་དུ་འགྱུར་རོ། །ཇི་ལྟར་ཡོངས་སུ་དག་པའི་སྐྱེ་བོ་རྟོགས་པའི་གནས་སུ་འགྱུར་ཞེ་ན། ཁ་དོག་གཟུགས་ལྡན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་ལྟར་ལེགས་པར་མཚོན་པ་དང་ལེགས་པར་ཡོངས་སུ་ཆོད་པར་མི་འགྱུར་བ་དེའི་ཕྱིར་ཅིག་ཤོས་མཐོང་བས་ཡིད་མི་བརྟེན་པ་སྟེ། ཡིད་ཆེས་པར་མི་བྱའོ། །ཅིག་ཤོས་ཀྱང་དེ་ཡིན་ལ་མཐོང་བ་ཡང་དེ་ཡིན་པས་ན་ཅིག་ཤོས་མཐོང་བ་སྟེ། དམན་པ་མཐོང་བ་ཞེས་བྱ་བའི་
བར་དུའོ། །ཅིའི་ཕྱིར་ཡིད་བརྟན་པ་མ་ཡིན་ཞེ་ན། རབ་ཏུ་སྡོམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནིའི་སྒྲ་ནི་གང་གི་ཕྱིར་འཇིག་རྟེན་འདི་ན་ལེགས་པར་མི་སྡོམ་ཞིང་སྡིག་པ་ལས་མི་ལྡོག་པ་མང་པོ་སྤྱོད་པ་ཤིན་ཏུ་སྡོམ་པས་ནི་རབ་ཏུ་སྡོམ་པས་སོ། །དེ་དག་གི་རྟགས་དེ་ཆ་ལུགས་དེས་ཉེ་བར་མཚན་པ་ཡིན་ནོ། །དེ་ཁྱད་པར་ཅི་ལྟ་བུ་ཞེ་ན། འདྲ་བ་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་དམ་པ་དང་འདྲ་ཞིང་རྣམ་པར་མཚུངས་པར་གྱུར་པའོ། །ཅི་དང་འདྲ་བར་ཞེ་ན། གསེར་གྱིས་གཡོགས་པའི་རྣ་ཆ་ཞེས་བྱ་བ་སྨོས་ཏེ། གཡོགས་པ་ནི་གསེར་གྱིས་བསྒོས་པའི་སྒོ་ནས་གསེར་གྱི་ཁ་དོག་ཏུ་འགྱུར་བ་ཡིན་ལ། རྣ་ཆ་ནི་རྣ་བའི་རྒྱན་ཡིན་ནོ། །མ་ཤ་ཕྱེད་ལྕགས་གསེར་གྱིས་བསྒོས་པ་བཞིན། །ཞེས་བྱ་བ་ལ། ལྕགས་ཉུང་དུ་ནི་མ་ཤ་ཕྱེད་ལྕགས་ཏེ། དེ་གསེར་གྱི་ནང་དུ་བཅུག་ནས་རྣ་རྒྱན་དུ་འདོགས་པ་དེ་བཞིན་དུ། ཤིན་ཏུ་མི་སྲུན་པ་དེ་ཉེས་པར་སྤྱོད་པ་མང་པོ་ལྷག་པར་སྤྱོད་པའི་སྒོ་ནས་ལུས་དང་ངག་གི་སྤྱོད་པ་བཅོས་པ་སྟོན་པའི་ཕྱིར་ཕྱི་རོལ་ལ་འཕགས་པའི་གཟུགས་སུ་སྤྱོད་པ་སྟེ། འཁོར་མང་པོ་དང་ལྡན་པར་གནས་པ་ཡིན་ནོ། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ཞེས་བྱ་བ་ལ་སོགས་པ་ལ་སྦྱིན་པ་སྟེ། གང་ཟག་ལ་ཞིང་དང་ཟ་བ་ལ་སོགས་པའི་སྦྱིན་པ་དད་པས་རབ་ཏུ་སྦྱིན་ན་བསོད་ནམས་འཕེལ་ཞིང་ལེགས་པར་སྤྱོད་པ་རྒྱས་པར་འགྱུར་རོ། །རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བར་འགྱུར་བ་ཞེས་བྱ་བ་འདིར་སྨྲས་པ་ཡིན་ཏེ། གལ་ཏེ་ཡང་ཁྱོད་ཀྱིས་བསོད་ནམས་ཉེ་བར་ལོངས་སྤྱད་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་ལྟ་ན་ཡང་ཁྱོད་ཀྱི་བསོད་ནམས་འཕེལ་བ་ཁོ་ནར་འགྱུར་གྱི། སྡིག་པ་ནི་མ་ཡིན་ནོ། །ཞེས་སྟོན་པར་བྱེད་པ་ཡིན་ནོ། །སྡིག་པ་ཅན་གྱི་དགེ་སློང་གི་དབང་དུ་བྱས་ནས་སྨྲས་པ། ཡང་དག་སྡོམ་ལས་ཁོན་མི་འཕེལ་བ་སྟེ། འགའ་ཞིག་ཏུ་ཚུལ་ཁྲིམས་ལས་ཁོ་ན་མི་འཕེལ་ཏེ། གཞན་ལ་གནོད་པ་བྱེད་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ན་ཡང་དག་པར་སྡོམ་པ་ནི་བཟོད་པ་ཡིན་ཏེ། ལུང་ལས། བཟོད་པ་དཀའ་ཐུབ་དམ་པ་ཡིན། །ཞེས་འབྱུང་བ་དེའི་ཕྱིར་རྒྱུ་དེས་ཁོན་ཏེ་མདུད་པར་འཛིན་པ་སྐྱེ་བར་མི་འགྱུར་རོ། །དགེ་བ་ཅན་གྱིས་སྡིག་པ་སྤོང༌། །ཞེས་བྱ་བ་ནི་བྱིས་པ་ལ་སོགས་པའི་ཡོན་ཏན་བསྒོམ་པའི་བདག་ཉིད་ཅན་གྱི་དགེ་བ་གང་ལ་ཡོད་པ་དེ་ནི་དགེ་བ་ཅན་ཏེ། དེས་སྡིག་པ་སྟེ་ཉེས་
པར་སྤྱོད་པ་ཀུན་གྱི་འབྲས་བུའི་བདག་ཉིད་དེ་ཡོངས་སུ་སྤོང་བར་བྱེད་པའམ། མཐོང་བའི་ལམ་མངོན་སུམ་དུ་བྱས་པའོ། །སྲིད་པའི་འབྲས་བུ་ལེགས་པར་སྤྱོད་པ་བསྟན་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཉོན་མོངས་པ་ཟད་པ་ལས་མྱ་ངན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། ཐར་པ་ཡང་ཉོན་མོངས་པ་སྤངས་པ་ལས་ཐོབ་པའམ། འདིས་བསྒོམ་པའི་ལམ་བསྟན་པ་ཡིན་ནོ། །ཁྱིམ་པའི་བདག་ཉིད་ནི་འབྲས་བུ་ལ་སྦྱོར་བའི་དོན་དང་ལྡན་པ་ཡིན་ལ། རབ་ཏུ་བྱུང་བ་ནི་ཚུལ་ཁྲིམས་དང༌། སོ་སོ་སྐྱེ་བོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ནི་བཟོད་པ་དང་སློབ་པ་དང༌། ཉོན་མོངས་པ་སྤོང་བར་བྱེད་པ་ཞེས་བྱ་བ་གང་ཟག་བཞིའི་ཕན་ཡོན་སྟོན་པར་བྱེད་པ་ཡིན་ནོ། །ན་བ་ཞེས་བྱ་བ་ནི་ནད་ཀྱིས་རྣམ་པར་དཀྲུགས་པས་འཇུག་པ་སྟེ། ན་བ་དང་འདྲ་བར་སྤྱོད་པས་ན་བའོ། །དེ་ཞེས་བྱ་བ་ནི་རྒྱབ་པོ། །ངལ་བསོ་བ་ཞེས་བྱ་བ་ནི་ས་ལ་མཉམ་པར་ཁྱབ་པའི་སྒོ་ནས་དྲང་པོར་བྱ་བའོ། །ལྟ་བ་མང་པོ་ནི་ཆོས་ཀྱི་མཆོག་སྟེ་སྣམ་སྦྱར་རོ། །དབུ་སྔས་སུ་བཅུག་སྟེ་ཞེས་བྱ་བ་ནི་དེ་རྒྱུ་མཚན་གྱི་བདུན་པ་ཞེས་བྱ་བའི་དབང་དུ་བྱས་ནས་དབུའི་རྒྱུ་མཚན་དུ་བཞག་པ་ཡིན་ནོ། །བསྐྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འོག་གི་ཆའི་ས་འཁྲུགས་ཤིང་བསྐྱོད་པ་ཡིན་ལ། ཆུ་དང་འདྲེས་པར་ཡོངས་སུ་འཁྲུགས་པས་ན་དཀྲུགས་པ་ཡིན་ཏེ། ཀུན་ནས་འཁྲུགས་པས་ན་རྙོག་པར་བྱས་པ་ཡིན་པའམ། ཡང་ན་འོག་ཏུ་འཁྲུགས་པ་ནི་བསྐྱོད་པ་ཡིན་ལ། བར་དུ་འཁྲུགས་པ་ནི་འཁྲུགས་པ་ཡིན་ཞིང་མ་ལུས་པར་འཁྲུགས་པའི་ཕྱིར་རྙོག་པར་བྱས་པ་ཡིན་ནོ། །གྱད་ཀྱི་བློན་པོ་ཞེས་བྱ་བ་ནི་གྱད་ཀྱི་མིང་ཅན་གྱི་རྒྱལ་རིགས་གཙོ་བོར་གྱུར་པའོ། །ལམ་དུ་ཞུགས་པ་ནི་ལམ་དུ་ཞུགས་པ་སྟེ། འགྲོ་བ་ལ་རབ་ཏུ་འཇུག་པ་ཞེས་བྱ་བའི་བར་དུའོ། །མཛེས་པ་ནི་ཁ་དོག་གི་སྒོ་ནས་རབ་ཏུ་དང་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དད་པར་མཛད་པ་ནི་དབྱིབས་ཀྱི་སྒོ་ནས་སོ། །མིག་ལ་སོགས་པའི་དབང་པོ་ཞི་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབང་པོ་སྡོམ་པ་བླ་ན་མེད་པ་དང་ལྡན་པའི་ཕྱིར་རོ། །ཡིད་འཁྲུག་པའི་རྒྱུ་བག་ཆགས་དང་བཅས་པའི་བག་ལ་ཉལ་བ་སྤངས་པའི་ཕྱིར་ཡིད་ཞི་བའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་ སེམས་དུལ་ཞིང་ཉེ་བར་ཞི་བ་དང་ལྡན་པར ་འགྱུར་བ་དང༌། ཁྱད་པར་དུ་འཕགས་པའི་ཡིད་ཀྱིས་
སྡོམ་པ་དང་འབྱོར་པའི་ཕྱིར་རོ། །དཔལ་ཏེ་འོད་འདོམ་གང་བའི་མིང་ཅན་གྱི་འོད་ཟེར་རབ་ཏུ་འབར་བའོ། །ཅི་དང་འདྲ་བར་ཞེ་ན། གསེར་གྱི་སྡོང་པོ་བཞིན་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་དེ་མཐོང་ནས་སོ། །ཉོན་མོངས་པའི་དྲི་མ་བསལ་བའི་ནུས་པ་དང་ལྡན་པའི་གཙང་སྦྲ་བྱེད་པའི་གཙང་སྦྲ་དག་ནི་ཚོགས་ཀྱི་ལམ་དང་བཅས་པའོ། །དགའ་བ་ཞེས་བྱ་བ་ནི་བཟོད་པར་གྱུར་པའོ། །འདུ་ཤེས་པར་གྱུར་ཞེས་བྱ་བ་ནི་མི་ཉལ་བའི་འདུ་ཤེས་དང་ལྡན་པར་གྱུར་པའོ། །རྡུལ་གྱིས་གོས་པ་སྨོས་པ་ནི་སྣམ་སྦྱར་ཤིང་རྟའི་ལམ་དང་ཐག་ཉེ་བ་ན་གནས་པ་སྟོན་པ་ཡིན་པར་བལྟ་བར་བྱའོ། །རབ་ཏུ་དད་པའི་གནས་སྐབས་ནི་རབ་ཏུ་དང་བ་སྔོན་དུ་སོང་བའི་མཆོད་པའོ། །སེར་བ་འབབ་པ་ནི་སེར་བ་ལྷགས་པར་གྱུར་པའོ། །ཐོག་འབབ་པ་ནི་རྡོ་རྗེའི་ཐོག་ལྷགས་པར་གྱུར་པའོ། །འབྱུང་པོའི་ཁང་པ་ནི་གཙུག་ལག་ཁང་གི་མིང་ཡིན་ནོ། །སྒྲ་མཐོན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་མཐོན་པོ་ཉིད་ནི་ཐག་རིང་པོ་ཁྱབ་པར་གྱུར་པའི་སྒྲ་ཉིད་ཡིན་ལ། སྒྲ་ཆེན་པོ་ཉིད་ནི་གང་དུ་དུ་མས་ཅིག་ཅར་ཅ་ཅོའི་སྒྲ་འདོན་པ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ། །སྐྱེ་བོ་ཆེན་པོའི་སྒྲ་ཡང་དག་པར་འབྱུང་བ་རྒྱ་ཆེ་བའི་སྒྲ་ནི་ངེས་པར་སྒྲོགས་པའོ། །གསེར་བཞིན་དུ་སེར་བ་ཞེས་བྱ་བ་ནི་ཚོན་སེར་པོ་ཤིན་ཏུ་བསྒྱུར་བའོ། །རས་ཟུང་ནི་གོས་ཕྲུགས་སོ། །དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བའོ། །ཡིད་མགུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཡིད་དུ་འོང་པས་ཏེ། དེ་ཉིད་ཀྱི་ཕྱིར་བཅང་བར་བྱ་བ་ཡིན་ནོ། །ཡང་བདག་ཀྱང་བཅོམ་ལྡན་འདས་ལ་ཉེ་བར་གནས་སོ་ཞེས་བྱ་བ་ནི་སྐྱེས་བུ་དམ་པའི་སྙམ་པའི་ཚིག་ཡིན་ནོ། །ཆེར་གསལ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་གི་འོད་ཀྱིས་གོས་དེ་ལྷག་པར་གསལ་བར་བྱས་པ་བཞིན་དུ་གསལ་བར་བསྟན་པ་ཡིན་ཏེ། །གོས་ཁོ་ན་ལས་འོད་འདི་ཤེས་པར་བྱ་བ་ཡིན་པ་དེ་བས་ན་བཞིན་གྱི་སྒྲར་བྱས་པ་ཡིན་ནོ། །ལྷག་གི་བར་དུ་ཞེས་བྱ་བ་ནི་ལོ་ཉི་ཤུའི་འོག་ཏུ་ལོ་སུམ་ཅུ་རྫོགས་པའི་ནང་ནི་ལྷག་པའི་སྒྲ་ཡིན་པར་རིག་པར་བྱའོ། །འགྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་གི་བསོད་སྙོམས་བཞེས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བས་ན་བདག་ནི་སྐལ་པ་མེད་པའོ་ཞེས་བྱ་བའི་སྔོན་དུ་སོང་བ་ཅན་གྱི་ཕྱིར་
གདུང་བ་དེ་ནི་འགྱོད་པ་ཡིན་ནོ། །གཞན་གྱིས་ཞེས་བྱ་བ་ནི་ཕྱིས་གདུང་བ་དང་རྗེས་སུ་མཐུན་པའི་ཚིག་བརྗོད་པའོ། །མ་རྙེད་པ་ཞེས་བྱ་བ་ནི་ཁྱོད་འདི་ལས་ཉམས་པར་གྱུར་པ་སྟེ། མ་ཐོབ་ཅིང་འཕེལ་བར་མ་གྱུར་པའོ། །སྡུག་བསྔལ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་ཉེས་པ་རྙེད་པའོ། །ཐ་མ་ཞེས་བྱ་བ་ནི་ཕྱི་མ་མེད་པའོ། །ཕུང་པོ་ལ་སོགས་པ་ལྷག་མ་མེད་པའི་ཕྱིར་མྱ་ངན་ལས་འདས་པའི་དབྱིངས་སོ། །སོ་སོར་གསལ་བར་བྱའོ་ཞེས་བྱ་བ་ནི་བཤད་པར་གྱུར་པའི་ཚིག་གིས་གསལ་བར་བྱའོ། །རྣམ་པར་སྨིན་པ་མཚུངས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་མཚུངས་པ་སྟེ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པའི་ཚེ་ཉོན་མོངས་པ་དང་ལྷའི་བུའི་བདུད་ཕམ་པར་མཛད་པ་དང༌། བླ་ན་མེད་པའི་ སེམས་ཅན་གྱི་དོན་མཛད་པར ་རྩོམ་པ་དང༌། ཉོན་མོངས་པའི་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། ཐུགས་ཤིན་ཏུ་ཞི་བར་གྱུར་པ་ཡིན་ལ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པའི་ཚེ་ཡང་ཕུང་པོ་དང་འཆི་བདག་གི་བདུང་ལས་རྒྱལ་ཞིང་གདུལ་བྱའི་དགོས་པ་མ་ལུས་པ་བསྒྲུབས་པ་དང༌། མཆོག་ཏུ་ཞི་བ་ལ་འཇུག་པ་ཡིན་པ་དེ་བས་ན། བསོད་སྙོམས་དེ་གཉིས་རྣམ་པར་སྨིན་པ་མཚུངས་པར་བསྟན་པ་ཡིན་ནོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་སྐྱེད་པར་བྱེད་པའོ། །བྱས་པ་ནི་བསྒྲུབས་པའོ། །བསམས་པ་ཞེས་བྱ་བ་ནི་བསམས་བཞིན་དུ་བྱས་པ་དང་འགྱོད་པ་ལ་སོགས་པའི་ཉེས་པ་བཅོམ་པར་མ་གྱུར་པ་དང༌། ཡོངས་སུ་རྫོགས་པ་དང་ལྡན་པའོ། །གཏུམ་པ་ཞེས་བྱ་བ་ལ་སོགས་པ་ལ་དྲག་ཏུ་འཁྲུགས་པ་ནི་གཏུམ་པ་ཡིན་ལ། མྱུར་དུ་ཁྲོ་བའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་བགྲུངས་པ་ཡིན་ཞིང་ལུས་དང་དག་གི་སྤྱོད་པ་རྩུབ་པ་ཉིད་ཀྱི་ཕྱིར་རྩུབ་པ་ཡིན་ནོ། །ཡང་ན་ཡིད་ཀྱི་འགྱུར་བ་ལས་གཏུམ་པ་ཡིན་ནོ། །ལུས་ཀྱི་འགྱུར་བ་ལས་མི་བགྲུངས་པ་ཡིན་ཞིང༌། ངག་གི་འགྱུར་བ་ལས་རྩུབ་པ་ཡིན་ནོ། །ཀུན་ནས་གཤེ་བ་ནི་ཕ་རོལ་གྱིས་གནོན་པའི་སྒོ་ནས་གཤེ་བར་བྱེད་པའོ། །ཁྲོ་བར་བྱེད་པས་ན་ཁྲོ་བའོ། །མི་འདོད་པའི་ཚིག་བརྗོད་པའི་ཕྱིར་ཡོངས་སུ་སྨྲ་བའོ། །དགེ་འདུན་ཐམས་ཅད་ཀྱིས་མི་སྨྲ་བའི་སྡོམ་པ་བྱས་པ་ནི་ཚངས་པའི་ཆད་པ་ཡིན་ཏེ། བསོད་ནམས་སྐྱེ་བའི་རྒྱུ་མཚན་ཡོངས་
སུ་གནས་པའི་སྡོམ་པ་ཡང་འདི་ལ་སྦྱིན་པར་བྱ་བའམ། འཐབ་ཀྲོལ་བྱེད་པ་བསྡིགས་པར་བྱའོ་ཞེས་གསུངས་པས་བསྡིགས་པའི་ལས་ལ་འདིར་ཚངས་པའི་ཆད་པ་ཞེས་བྱ་བའོ། །སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་ཐོག་མར་སྐྱོ་བ་ཡིན་ནོ། །སྐྱོ་བར་འགྱུར་ཏང་ཞེས་བྱ་བ་ནི་རྒྱུན་གྱི་སྒོ་ནས་སྐྱོ་བ་དང་ལྡན་པར་འགྱུར་བའོ། །ཀཱ་ཏྱཱ་ཡ་ན་ལ་གདམས་པ་བཞིན་དུ་ཞེས་བྱ་བ་ནི་དྲང་སྲོང་མ་ལ་གདམས་པ་སྟེ། ཀཱ་ཏྱཱ་ཡ་ན་འཇིག་རྟེན་གཉིས་ལ་བརྟེན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ཤེས་པར་བྱའོ། །ཤེས་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་བརྗོད་པ་ལ་སྤོབས་པ་དང་བཅས་པར་བྱ་བ་ཡིན་ནོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །སོ་སོར་དམིགས་པ་ལ་བསྒོམ་པའི་སྒོ་ནས་བསྟེན་པར་བྱས་པའོ། །སྦྱོར་བའི་སྒོ་ནས་བསྒོམས་པའོ། །རྟག་ཏུ་སྦྱོར་བའི་སྒོ་ནས་མང་དུ་བྱས་པའོ། །གྱ་ནོམ་པ་ཉིད་ཀྱི་ཕྱིར་དང༌། རོ་མངར་བ་དང་འདྲ་བར་མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་ཆོས་མངར་བ་ཡིན་ལ། དེ་མཉན་པའི་ཕྱིར་ནི་མཉན་པའི་དོན་དུའོ། །བྱང་ཆུབ་ཀྱི་ཡན་ལག་སྟོན་པ་ལ་རྣམ་པར་མཁས་པ་ལ་འདིར་མཁས་པ་ཡིན་པར་རིག་པར་བྱའོ། །བློ་ལྡན་ནི་མྱུར་དུ་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའོ། །དགེ་བ་ནི་ཁོང་དུ་ཆུད་པར་བྱེད་པའི་ཚིག་བརྗོད་པར་ནུས་པ་ལ་བྱང་པའོ། །ཐུབ་པ་ཞེས་བྱ་བ་དེ་ནི་འདིར་བོད་པའི་ཚིག་ཡིན་ནོ། །རོ་ཤེས་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་གིས་རོ་སོ་སོར་ཉམས་སུ་མྱོང་བར་གྱུར་པའོ། །ཚབས་ཆེ་བ་ནི་ཤིན་ཏུ་དྲག་པར་གྱུར་པའོ། །ཆོས་མ་ལུས་པར་སྟོན་པར་མཛད་པ་པོ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་བདག་པོ་ཡིན་ནོ། །གང་ཡང་མཆོག་ཏུ་གསུངས་པའི་འཕགས་པ་ཤཱ་རིའི་བུ་དེ་ཡང་འཕགས་པ་དགའ་བོས་གསུངས་པའི་ཆོས་མཉན་པའི་ཕྱིར་སོང་བ་སྟེ། ཆོས་ཀྱི་ཤུགས་ཐོབ་པར་གྱུར་པའོ། །རིགས་དང་མི་རིགས་ཤེས་པ་ནི། །ཞེས་བྱ་བ་ནི་ཆོས་ཀྱི་མཚན་ཉིད་ཀྱི་ཚུལ་ལ་མཁས་ པར་གྱུར་པའོ། །བཀའ་ཤེས་པའི་སེམས ་ནི་ཁོང་དུ་ཆུད་པ་དང་རྗེས་སུ་མཐུན་པའི་ སེམས་སོ། །ཐོས་མ་ཐག་ཏུ་ཟང་ཟིང་གི་དགའ་བ་ཐོབ་པར ་འགྱུར་ལ། འདིར་ནི་འདོད་པའི་ཡོན་ཏན་ལ་ལྟོས་པ་མེད་པས་ཟང་ཟིང་མེད་པའི་དགའ་བ་ཡིན་ནོ། །དགའ་བ་སྔོན་དུ་སོང་བ་ཅན་སེམས་ལས་སུ་རུང་བའི་མཚན་ཉིད་སེམས་ཤིན་ཏུ་སྦྱངས་
པ་སྐྱེ་བར་འགྱུར་ལ། ཤིན་ཏུ་སྦྱངས་པའི་དེ་མ་ཐག་ཏུ་བདེ་བར་འགྱུར་ཞིང༌། བདེ་བ་ལ་གཞོལ་བའི་སེམས་ཀྱིས་ཏིང་ངེ་འཛིན་རྩེ་གཅིག་པ་སྐྱེ་བར་འགྱུར་བའོ། །འདུ་བྱེད་ལ་ནི་སྐྱབས་སུ་ཤེས་ པར་བྱ། །ཞེས་བྱ་བ་ལ་གང་གི་ཕྱིར་འདུས་བྱས་མ་ལུས་པ་ལ་རྣལ་འབྱོར་པ་སེམས ་སྐྱོ་བར་འགྱུར་བ་དེ་དག་སྐྱབས་ཀྱི་ཕྱིར་རྟོག་པ་མ་ཡིན་ནོ་ཞེས་བྱ་བར་མཁྱེན་ནས་སྡུག་བསྔལ་ལས་ཡོངས་སུ་བསྲུང་བའི་དོན་ལ་སྐྱབས་ཀྱི་དོན་དུ་གསུངས་པ་ཡིན་ཏེ། འདུས་བྱས་ཀུན་སྡུག་བསྔལ་མ་ལུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། ། སེམས་ཅན་ཆགས་པ་མེད་པར ་གྱུར་ན་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྐྱོ་ནས་སུ་ཞེས་བྱ་བ་འདིས་ནི་ཕན་ཡོན་བསྟན་པ་ཡིན་ནོ། །མྱ་ངན་འདའ་ཞེས་བྱ་བ་ནི་ཕུན་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །ཅི་ཞིག་བྱས་ནས་ཤེ་ན། སྐྱོ་ནས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་པར་འགྲོ་བ་སྟེ་ཇི་སྲིད་པའི་རྣམ་པ་ལས་སྐྱོ་བར་གྱུར་པའོ། །སྐྱོ་བ་ལས་ལྷ་དང་མི་རྣམས་ལ་ཆགས་པ་མེད་པ་སྟེ། འཆིང་བ་མེད་པར་འགྱུར་རོ། །མེ་ལྟ་བུ་ཞེས་བྱ་བ་ལ་མེ་ལྕེ་གང་ལ་ཡོད་པ་དེ་ནི་མེ་ལྕེ་ཅན་ཏེ་མེ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་མེ་བུད་ཤིང་ཞེས་བྱ་བའི་རྒྱུ་ཡོངས་སུ་ཟད་ན་ཞི་བར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་མ་ལུས་པའི་རྒྱུ་ཡོངས་སུ་ཟད་པ་ན་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དབུ་བྱང་ཕྱོགས་སུ་སྟོན་ལ་ཞེས་བྱ་བ་ལ་ཅིའི་ཕྱིར་བཅོམ་ལྡན་འདས་ཡངས་སུ་མྱ་ངན་ལས་འདས་པའི་ཚེ་དབུ་བྱང་ཕྱོགས་སུ་སྟོན་ལ་ཁྲི་ཤོམས་ཤིག་ཅེས་བཀའ་སྩོལ་བར་མཛད་ཅེ་ན། འདི་ལ་བཅོམ་ལྡན་འདས་འདི་སྐད་དུ་འདི་ལྟ་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་པ་ན་བྱང་ཕྱོགས་ཀྱི་རྒྱུད་ཉིད་དུ་རྟོགས་པ་དང༌། བསམ་གཏན་དང་ཟློས་པའི་སྒོ་ནས་ངའི་བསྟན་པ་རབ་ཏུ་གསལ་བར་འགྱུར་རོ་ཞེས་གསུངས་པར་སྟོན་ཏོ། །ཤིན་ཏུ་མྱུར་བར་ཞེས་པ་ནི་ཤིན་ཏུ་མགྱོགས་པར་རོ། །ཤིན་ཏུ་ཞེས་བྱ་བ་ནི་འདིར་གུས་པས་ལན་གཉིས་བརྗོད་པའོ། །བྱ་བ་དང་བྱ་བ་མ་ཡིན་པ་རབ་ཏུ་གསལ་བར་མཛད་པའི་སྒོ་ནས་བཅོམ་ལྡན་འདས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཡིན་པ་དེའི་ཕྱིར་མིག་ནུབ་པར་གྱུར་པ་ཞེས་སྨོས་སོ། །དེ་དང་དེ་ནས་ཞེས་བྱ་བ་ནི་མིང་མ་བརྗོད་པའི་ཕྱོགས་ནས་སོ། །ཟབ་པ་དག་ལས་ཟབ་པ་དང་ཟབ་ཅིང་ཟབ་པའོ། །ལོངས་སྤྱོད་ནི་
ཤེས་པས་ཉམས་སུ་མྱོང་བའོ། །འབའ་ཞིག་ཅེས་བྱ་བ་ནི་ཉོན་མོངས་པ་སྤང་པ་ལ་གྲོགས་ལ་ལྟོས་པ་མེད་པའོ། །མྱ་ངན་མ་བྱེད་ཅེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་གདུང་བ་མ་སྐྱེད་ཅིག་པའོ། །དུབ་པར་མ་བྱེད་ཅེས་བྱ་བ་ནི་དེའི་རྒྱུ་ཅན་ཁོ་ནའི་ལུས་དུབ་པར་མ་བྱེད་ཅིག་པའོ། །སྨྲེ་སྔགས་མ་འདོན་ཅིག་ཅེས་བྱ་བ་ནི་ངག་གི་རབ་ཏུ་བརྗོད་པ་ཡང་མ་བྱེད་ཅིག་པའོ། །ཉེ་བར་གནས་པ་ཞེས་བྱ་བ་ནི་བསྙེན་བཀུར་བྱས་པའོ། །གང་གིས་ཤེ་ན་བྱམས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོགས་པོ་ལས་བྱུང་བའི་ལུས་ཀྱི་ལས་ནི་བྱམས་པ་ཡིན་ཏེ། གྲོགས་པོ་ཉིད་ཀྱི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ །ཕན་པ་ཞེས་བྱ་བ་ནི་རང་ལ་ཕན་པའི་བློ་སྟེ། དགེ་བ་ཚོལ་བའི་སྒོ་ནས་ཡིན་གྱི། རྫས་ལ་ཆགས་པའི་སྒོ་ནས་ནི་མ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་ཇི་ལྟར་ན་བཅོམ་ལྡན་འདས་བདག་གི་བསྙེན་བཀུར་གྱིས་བདེ་བར་འགྱུར་ཞེས་བྱ་བའི་བསམ་པ་འདིས་བདེ་བར་སེམས་པའོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་ཚུལ་གཅིག་པ་སྟེ། རྩོམ་པའི་དུས་ཆེན་པོ་དང་ཕྱིས་སྨན་པར་གྱུར་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ །ཆད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པ་ཉིད་ཀྱི་ཕྱིར་ཆད་མེད་པ་ཞེས་གསུངས་པའམ། ཡོན་ཏན་ཆད་མེད་པ་ཅན་གྱི་སེམས་ཅན་གྱི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །གང་སྐྱེས་ཤིང་འབྱུང་བ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །མགུ་བར་བཞེད་ནས་ཞེས་བྱ་བ་ནི་དགའ་བར་བཞེད་པའམ། རབ་ཏུ་མགུ་བར་བཞེད་པའོ། །གུས་པ་དང་བཅས་པར་ཆོས་འཆད་ཅེས་བྱ་བ་ནི་ཆོས་དང་ཐོག་མར་སྟོན་པ་ལ་གུས་པ་ཉེ་བར་འཇོག་པའམ། ཉན་པ་པོ་ནི་སྐྱེ་བོ་ཁོང་དུ་ཆུད་པའི་ཕྱིར་འབད་པ་ལ་བརྟེན་ནས། ཇི་ལྟར་ན་བདག་གི་ངག་ཉན་པ་པོའི་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་ཞེས་དེ་ལྟར་གུས་པ་ཉེ་བར་བཞག་ནས་སྟོན་པར་བྱེད་དོ། །གྲོང་ཁྱེར་དམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཆུང་བ་ཉིད་ཀྱི་ཕྱིར་དང༌། སྨད་པ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་ངན་པའོ། །དགོན་པ་དང་འདྲ་བར་གྲོང་ཁྱེར་ཀུན་གྱི་ཐ་སྙད་དུ་བྱ་བ་མེད་པའི་ཕྱིར་རོ། །སྨོད་པར་བྱ་བའི་ཡུལ་ནི་ཡུལ་ངན་པའོ། །རྫོང་དང་འདྲ་བར་སྐྱེ་བོ་ཉུང་དུ་གནས་པའི་གནས་ཉིད་ཡིན་པའི་ཕྱིར་མཁར་གྱི་གྲོང་ཁྱེར་རོ། །ར་བ་དང༌། ཡོལ་བ་ལ་སོགས་པ་དང༌། འོབས་མེད་པའི་ཕྱིར་གྲོང་ཁྱེར་ཡུལ་བོ་སྟེ། ཡལ་ག་ཙམ་དུ་གྱུར་པ་ཉིད་ཀྱི་ཕྱིར་རམ་གཙོ་བོར་
གྱུར་པ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་སྐྱེ་བོ་འཁོད་པའི་གནས་ཉམས་པའི་ཕྱིར་དང༌། རྩ་བའི་གྲོང་ཁྱེར་ལྷག་མ་ཙམ་ཉིད་ཡིན་པའི་ཕྱིར་གྲོང་ཁྱེར་གྱི་ཐོ་ཡོར་ཡིན་ཏེ། གྲོང་ཁྱེར་དང་ཚུལ་འདྲ་བ་ཅན་ཞེས་བྱ་བའི་བར་དུའོ། །ཡོངས་སུ་མྱ་ངན་ལས་འདའ་སྙམ་དུ་དོངས་པ་ནི་མཁྱེན་པའོ་འོབས་ཀྱི་ནང་གི་ལོགས་སུ་དགྲ་བོ་བསྣུན་པར་བྱ་བའི་ཆེད་ཀྱི་རིམ་མའི་རྣམ་པ་ཅན་གྱི་ཤིང་གིས་བསྐོར་བ་ནིར་བ་ཡིན་ལ། དེ་ཡང་གསེར་ལ་སོགས་པ་ལས་བྱས་པ་ཡང་ཡོད་པ་ཡིན་ནོ། །དེ་ཚད་ཇི་ཙམ་ཞེ་ན། སྨྲས་པ། སྐྱེས་བདུན་གྱི་ཚད་ཡིན་ལ། སའི་ནང་དུ་བཞི་པའི་ཆ་སྟེ་ཕྱེད་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་བྱས་ནས་སྐྱེས་བུ་ཕྱེད་དང་བཞིའི་ཚད་དུ་དགོས་པ་ཡིན་ནོ། །བསྐྱོད་པ་ཞེས་བྱ་བ་ནི་འཕངས་པར་གྱུར་པའོ། །ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །འོག་གཞི་ནི་འོག་གི་རྟེན་དུ་གྱུར་པའོ། །སྡོང་བུ་ནི་དབུས་སུ་བཅུག་པའོ། །ཆུ་ལས་སྐྱེས་པ་ནི་ཆུ་ལས་སྐྱེས་པའོ།། ཕྲེང་བར་འཐད་པ་ནི་ཕྲེང་བར་རུང་བ་སྟེ། མེ་ཏོག་ཨུཏྤ་ལ་ལ་སོགས་པའོ། །སུ་གན་དྷི་ཀ་དང༌། མྲྀ་དུ་གན་དྷི་ཀ་ནི་མེ་ཏོག་གི་རྣམ་པ་ཡིན་ནོ། །རང་གི་དུས་མ་ལུས་པར་ཁྱབ་པའི་ཕྱིར་ཐམས་ཅད་པ་མ་ཡིན་ནོ། །དུས་མ་ལུས་པར་ཁྱབ་པའི་ཕྱིར་དུས་ཐམས་ཅད་པ་ཡིན་ནོ། །མི་འགོག་པ་ནི་སྐྱེ་བོ་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །ཐང་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཐང་ལས་སྐྱེས་པའོ། །ར་རོ་བ་ཞེས་བྱ་བ་ལ་སོགས་པ་ལ་ར་རོ་བ་ནི་མྱོས་བྱེད་ཀྱིས་མྱོས་པས་དཀྲུགས་པའོ། །གཡོན་ཅན་ནི་ཕ་རོལ་པོ་སླུ་བར་བྱེད་པའོ། །གཞུངས་པ་ནི་རྒྱན་དང་བུད་མེད་ལ་ཞེན་པའོ། །རྩེ་བར་འདོད་པ་ནི་ཕྱི་རོལ་གྱི་ཆ་བྱད་ཀྱིས་སོ། །སྟེག་པར་འདོད་པ་ནི་ལུས་ཀུན་ནས་འཁྱུད་པས་སོ། །དགའ་མགུར་སྤྱོད་པར་འདོད་པ་ནི་འཁྲིག་པས་སོ། །སྒྲའི་བཀོད་པ་ནི་རོལ་ཆ་མང་པོ་ཅིག་ཅར་དཀྲོལ་བ་ལས་སྒྲ་བྱུང་བའམ། ཡང་ན་སྒྲའི་བཀོད་པ་ནི་རོལ་ཆའི་བྱེ་བྲག་གི་སྒྲ་ཆེན་པོ་ལ་བྱའོ། །མི་རྣམས་ཀྱི་འབྱོར་བ་ཞེས་བྱ་བ་ནི་མི་རྣམས་ཁོ་ནའི་ཚེ་རིང་བ་ལ་སོགས་པ་ལ་འབྱོར་པ་ཞེས་བྱ་བ་དེའི་ཕྱིར་ལྷ་རྣམས་ལས་མི་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །ལྷ་རྣམས་ནི་རང་བཞིན་གྱིས་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །ཚེ་རིང་པོར་ཀུན་ནས་ཁྱབ་པའི་ཕྱིར་འཚེ་རིང་བའོ། །ཇི་ལྟར་འཕགས་བ་བཞིན་དུ་འཚོ་
བའི་ཕྱིར་ཡུན་རིང་དུ་གནས་པར་གྱུར་པའམ། གཞོན་ནུ་ལ་སོགས་པའི་གནས་སྐབས་སུ་ཡུན་རིང་དུ་གནས་པའི་ཕྱིར་ཡུན་རིང་དུ་གནས་པར་གྱུར་པའོ། །མིའི་ཁ་དོག་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིའི་ཁ་དོག་དང་གཟུགས་ལས་ཁ་དོག་ཁྱད་པར་དུ་འཕགས་པ་ཐོབ་པ་ཡིན་ནོ། །གནོད་པ་ཉུང་ཞེས་བྱ་བ་ལ་གནོད་པ་སྟེ། ཕྱི་རོལ་གྱི་རྣམ་པར་འཚེ་བའི་གདུང་བ་དེ་རབ་ཏུ་ཆུང་བ་གང་ལ་ཡོད་པ་དེ་ནི་གནོད་པ་ཆུང་བའོ། །རང་གི་ལུས་ལས་བྱུང་བའི་ནད་ཡོད་པ་ནད་མེད་པའི་རང་བཞིན་ཅན་དུ་གྱུར་པ་སྟེ། ནད་ཀྱི་རྣམ་པ་མེད་པ་ཡིན་ནོ། །འཇུ་བ་ནི་འཇུ་བར་བྱེད་པའི་མེ་ཡིན་ཏེ། འཇུ་བར་བྱེད་པ་དེ་དང་ལྡན་པ་ཡིན་ནོ། །འཇུ་བར་བྱེད་པ་དང་ལྡན་པ་ཁྱད་པར་ཇི་ལྟ་བུ་ཞེ་ན་མཉམ་པ་ཞེས་བྱ་བ་སྨོས་ཏེ་མཉམ་པའི་གནས་སྐབས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་འཇུག་པའི་གནས་དད་མཉམ་པའོ། །ཟས་ཡང་དག་པར་འཇུ་བར་བྱེད་པའི་ཕྱིར་འཇུ་བར་བྱེད་པའོ། །ཧ་ཅང་ཡང་མི་དྲེ་ཞེས་བྱ་བ་ནི་འགྱུར་བྱེད་ཀྱི་ནད་དང་འདྲ་བར་ཤིན་ཏུ་བྲུ་བ་ཚ་བ་མ་ཡིན་པའོ། །ཧ་ཅང་ཡང་མི་གྲངས་ཞེས་བྱ་བ་ནི་ཤིན་ཏུ་ནུས་པ་མེད་པ་མ་ཡིན་པའོ། །ནད་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་གནོད་པ་མེད་པའོ། །དུས་དང་དུས་སུ་བདེ་བ་སྐྱེད་པ་ཉིད་ཀྱི་ཕྱིར་དུས་ཀྱི་བདེ་བའོ། །གྲོར་འདབ་ན་ཡོད་པས་ན་གྲོང་འདབ་པའོ། །ལྗོངས་ན་ཡོད་པས་ན་ལྗོངས་པའོ། །དལ་གྱིས་ཞེས་བྱ་བ་ནི་རྡེག་པ་མེད་པར་དབྱུ་གུས་དལ་གྱིས་དེད་པའོ། །བགས་ཀྱིས་ནི་རང་གི་འབད་རྩོལ་གྱིས་མྱུར་དུ་འགྲོ་བ་འགོག་པའོ། །ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་འོད་གསལ་བའི་བདག་ཉིད་ཅན་དང༌། རིན་ཆེ་བ་དད་རྙེད་དཀའ་བའོ། །གླང་པོ་རིན་པོ་ཆེ་ཡང་དེ་དང་འདྲ་བའོ། །གྲོང་དཔོན་ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་མིང་ལས་བོད་པའོ། །གོས་སེར་པོ་དང་རྒྱན་ལ་སོགས་པ་བཀྲ་ཤིས་པར་འདོད་པ་ཉིད་ཡིན་པ་དེའི་ཕྱིར་འདི་སྐད་དུ། འདི་ལྟར་རྒྱན་ཐམས་ཅད་སེར་པོར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྟན་བཟང་པོ་ཞེས་བྱ་བ་ནི་རྒྱལ་པོ་ལ་འོས་པ་སྟན་ཡིན་ནོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བར་གྱུར་པ་ནའོ། །ཡིད་འཕྲོག་པ་ཞེས་བྱ་བ་ནི་འདོད་ཆགས་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དབང་པོ་རྣམས་སྡུད་པ་ནི་ཡུལ་དང་བུད་མེད་ཀྱི་གཟུགས་ལ་སོགས་པ་ལས་ཕྱིར་ཟློག་པར་བྱེད་པའོ། །འདུན་པ་སྐྱེ་བར་མཛོད་ཅིག་ཅེས་བྱ་བ་ནི་འདོད་པར་མཛོད་ཅིག་པ་ཡིན་ནོ། །ལྟོས་པར་མཛོད་ཅིག་ཅེས་བྱ་བ་ནི་འཚོ་བ་
ལ་ལྟོས་པ་དང་བཅས་པར་གྱུར་པའོ། །གྲོགས་པོ་ལྟར་ཞེས་བྱ་བ་ནི་གྲོགས་པོ་ཉིད་དུའོ། །དགྲ་བོ་ནི་ཁྱིམ་ལ་སོགས་པའི་དགྲ་བོར་གྱུར་པའོ། །ཚེ་ཕྱི་མ་ནི་འཇིག་རྟེན་ཕ་རོལ་ལོ། །དགེ་བ་ནི་སྦྱིན་པའི་རང་བཞིན་ཡིན་ལ། ཚངས་པར་སྤྱོད་པ་ནི་ཚུལ་ཁྲིམས་དང་བསྒོམ་པའི་རང་བཞིན་ཡིན་པའམ། ཡང་ན་དགེ་བ་ནི་འཁོར་བའི་འབྲས་བུ་ཡིན་ལ། ཚངས་པར་སྤྱོད་པ་ནི་ཐར་པའི་འབྲས་བུ་ཡིན་ནོ། །སྐད་ཅིག་ཡུད་ཙམ་ཐང་ཅིག་ཅེས་པ་ནི་འཆི་བའི་དུས་ཉེ་བར་མཚོན་པའི་ཚིག་ཡིན་ནོ། །གལ་ཏེ་བདག་ཉིད་མ་འདི་ལ་འཆི་བར་བྱའོ་ཞེས་འཆི་བའི་དུས་ངེས་པར་ཤེས་པ་དེ་ལྟ་ན་ཡང་མཆོག་ཏུ་བག་མེད་པས་གནས་པར་རིགས་པ་མ་ཡིན་ཏེ། དང་པོ་ཉིད་ནས་འཆི་བའི་དུས་ངེས་པ་མེད་པ་དེ་བས་ན། རབ་ཏུ་བག་ཡོད་པས་དགེ་བའི་ཆོས་བསྒོམ་པར་བྱའོ། །ཟླ་བར་ཡང་ཞེས་བྱ་བ་དེ་ལ་དེ་དག་འཆི་བའི་རྣམ་པར་འཚོ་བར་ཉེ་བར་གྱུར་པ་དེའི་ཚེ་འགྱོད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བདག་གི་ཡུལ་ལ་རྗེས་སུ་གདམས་པ་ལ་འཇུག་པར་བྱའོ་ཞེས་ཚིག་འདིས་དེ་སྐད་དུ་བསྟན་པར་འགྱུར་རོ། །འདུན་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ཀྱི་འདུན་པ་ལ་སོགས་པ་ལ་གནས་སྐབས་ཀྱི་རྒྱུ་ཅན་གྱི་རྣམ་གྲངས་ཡིན་ཏེ། གནས་སྐབས་ཁ་ཅིག་ཏུ་འདུན་པ་ཡིན་ལ། གནས་སྐབས་ཁ་ཅིག་ཏུ་སྡུག་པ་ལ་སོགས་པ་ཡིན་ནོ། །ཁྱད་པར་ཡང་བརྗོད་པར་བྱ་སྟེ་ཡུལ་གྱི་ཡོན་ཏན་འཛིན་པར་འདོད་པ་ནི་འདུན་པ་ཡིན་ལ། ཡུལ་ལ་ངེས་པ་ཡོད་དུ་ཟིན་ཀྱང་གསལ་བ་ནི་འདོད་ཆགས་ཡིན་ཞིང༌། སེམས་རྩུབ་པ་གསལ་བའི་ཕྱིར་སྡུག་པ་ཡིན་ནོ། །ཉེས་པའི་ཆ་ཡོངས་སུ་བཏང་ནས་ཡང་དང་ཡང་དུ་སྐྱེ་ཞིང་རྗེས་སུ་འཛིན་པའི་འདོད་ཆགས་ནི་དགའ་བ་ཡིན་ལ། ཡུལ་གཞན་ལས་ལྷག་པར་ཆགས་པ་ནི་ཡིད་དུ་འོད་བ་ཡིན་ཞིང་ཡུལ་མང་པོ་ཡོད་པ་ལ་ཡུལ་གང་གི་རོལ་དགའ་བའི་འདོད་ཆགས་པའི་ཡུལ་དེ་ནི་སྡུག་པ་ཡིན་ནོ། །ཡུལ་ཐམས་ཅད་ལས་ལྡོག་པ་ཡུལ་གང་ལ་གཅིག་ཏུ་གྱུར་པ་བཞིན་དུ་འདོད་ཆགས་པ་དེ་ལ་ཆགས་པ་ཞེས་བྱའོ། །བྱམས་པ་དང་ལྡན་པ་ཞེས་བྱ་བ་ནི་བྱམས་པ་དང་ཡང་དག་ པར་འབྱོར་པའོ། །སེམས ་གང་ལ་དགྲ་བོ་མེད་པ་དེ་ནི་དགྲ་བོ་མེད་པ་ཡིན་ཏེ། དགྲ་བོའི་རྒྱུ་མཚན་ཐམས་ཅད་མངོན་དུ་བྱེད་པ་མེད་པ་དེའི་ཕྱིར་རོ། །སེམས་ཅན་ཐམས་ཅད་གྲོགས་པོ་རབ་ཀྱི་ཕྱོགས་སུ་འཕངས་པ་དེ་བས་ན་སེམས་དེ་འགྲན་ཟླ་མེད་
པའོ། །སེམས་ཅན་ཐམས་ཅད་བདེ་བར་ལྷག་ པར་མོས་བ་དེ་བས་ན་སེམས ་དེ་གནོད་པ་མེད་པའོ། །ཡུན་རིང་པོར་གོམས་ པར་བྱས་པ་དེ་བས་ན་སྤངས་པའོ། །སེམས ་ཅན་ཐམས་ཅད་ལ་དམིགས་པ་དེ་བས་ན་ཡུལ་ཆེ་བ་ཉིད་ཀྱི་ཕྱིར་རྒྱ་ཆེ་བའོ། །འདོད་པའི་འབྲས་བུ་ཚད་མེད་པ་དེ་བས་ན་ཚད་མེད་པའོ། སེམས་དེ་གུས་པར ་བསྒོམས་པས་ན་རབ་ཏུ་བསྒོམས་པ་སྟེ་ སེམས་དེས་སོ། །ལྷག་པར ་མོས་ནས་ཞེས་བྱ་བ་ནི་ལྷག་པར་མོས་པས་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ཏུ་རྣམ་པར་གནས་པ་དག་གི་བདེ་བ་དེ་ལ་ལྷག་པར་མོས་པར་བྱས་ནས་སོ། །ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་ཕྱིས་ཁྱབ་པར་བྱས་པའོ། །སྙོམས་པར་ཞུགས་ཤིང་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་ཤེས་ནས་སོ། །འདུག་གོ་ཞེས་བྱ་བ་ནི་རྒྱུན་གྱིས་གནས་པའོ། །ཀུན་དུ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟེ། ལྷག་མ་མེད་ པར་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་རྣམ་པ་གང་ཞེ་ན། སྨྲས་པ། ཀྱེ་མའོ་སེམས ་ཅན་བདེ་བར་གྱུར་ཅིག་སྙམ་པའི་ཡིད་ལ་བྱེད་པས་ན་བྱམས་པ་ལ་སྙོམས་ པར་འཇུག་པ་དང༌། ཀྱེ་མོའི་སེམས ་ཅན་སྡུག་བསྔལ་བར་གྱུར་ཏོ་སྙམ་དུ་སྙིང་རྗེ་དང༌། ཀྱེ་མའོ་སེམས་ཅན་དགའ་བར་གྱུར་ཅིག་སྙམ་དུ་དགའ་བ་དང༌། སེམས་ཅན་མཉམ་པ་ཟ་མལ་པ་དེ་ལྟ་བུའི་ཡིད་ལ་བྱེད་པས་བཏང་སྙོམས་པར ་འཇུག་པའོ། །ཚངས་པའི་གནས་བཞི་ནི་བྱམས་པ་ལ་སོགས་པ་སྟེ། དེ་བསྒོམས་ནས་སོ། །འདོད་པ་སྟེ། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་འདུན་པ་དོན་དུ་གཉེར་བའི་སྔོན་དུ་སོང་བ་ཅན་གྱི་འདོད་པའི་འདོད་ཆགས་གང་ཡིན་པ་དེ་སྤངས་ནས་ཏེའོ། །དེ་ལ་མང་དུ་གནས་ཞེས་བྱ་བའི་བྱམས་པ་ལ་སོགས་པ་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པའི་ངང་ཚུལ་ཅན་ནོ། །འཆི་བའི་མཐར་ཐུག་པར་གྱུར་པས་ན་འཆི་བའི་མཐར་ཐུག་པའོ། །སྙམ་པར་གྱུར་ཏོ་ཞེས་བྱ་བ་ནི་བཟའ་བ་དང་ཟས་ལས་གྱུར་པ་དབུགས་རྒྱུ་བ་དལ་བ་ལ་སོགས་པ་ལུས་ཀྱི་གནོད་པའོ། །སྲིད་པའི་སྲེད་པ་ནི་སྲིད་པའི་མིག་ཡིན་ནོ། །སྐྱེ་བ་ནི་འཁོར་བའི་སྐྱེ་བའི་རྒྱུན་ནོ། །ཡང་སྲིད་པའི་ལས་དང་ལས་ཀྱི་འབྲས་བུ་མེད་པའི་ཕྱིར་ད་ནི་ཡང་སྲིད་པ་མེད་དོ་སྨོན་པ་ཡིན་ནོ། །སྤྱན་སྔ་ན་འདུག་པར་གྱུར་པ་ཞེས་བྱ་བ་ནི་ཉེ་བ་ན་སྤྱོད་པའོ། །ལྷ་ལ་ཕན་གདགས་པར་བྱ་བ་ཁོ་ནའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ཨུ་པ་མན་ཕྱིར་བསལ་
བ་ཡིན་ཏེ། གང་གི་ཕྱིར་དང་པོའི་ལྷ་སྟོང་ཕྲག་བཅོམ་ལྡན་འདས་ཀྱི་ཐད་ལས་ཆོས་ཉན་པར་མི་འདོད་པ་དང༌། ཤིན་ཏུ་མཐུ་ཆེ་བ་ཉིད་ཀྱིས་འཕགས་པ་ཨུ་པ་མན་ཕྱི་རོལ་དུ་བྱ་བར་མི་ནུས་པ་དང༌། བཅོམ་ལྡན་འདས་མ་གཏོགས་པ་འགའ་ཞིག་གིས་ཀྱང་ཕྱོགས་འདི་ལས་དེ་འདི་ལྟར་བསལ་བར་ནུས་པ་མ་ཡིན་པ་དེ་ནི་དེའི་ཕྱིར་གཞན་ལ་ཕན་གདགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསལ་བ་མཛད་པ་ཡིན་ནོ། །སྨོན་ལམ་གྱི་དབང་གིས་འཕགས་པ་ཨུ་པ་མ་ནའི་གཟི་ལྷ་རྣམས་ཀྱིས་མི་བཟོད་པ་ཡིན་གྱི་མཐུ་ཆེ་བ་ཉིད་ཀྱིས་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཀྱི་གཟི་ཤིན་ཏུ་མི་བཟོད་པར་འགྱུར་ཏེ། འཕགས་པ་ཨུ་པ་མན་བྱེ་བ་སྟོང་པས་ཀྱང་བཅོམ་ལྡན་འདས་ཤིན་ཏུ་མཐུ་ཆེ་བའི་ཕྱིར་རོ། །མདུན་ན་རྣམ་པར་གནས་པ་ལ་ཕྱི་རོལ་དུ་བྱས་པ་ནི་ཤིང་སཱ་ལ་ཆེན་པོ་གཉིས་ཀྱིས་ཉེ་བར་མཚོན་པའི་སཱ་ལའི་ནགས་སོ། །མཐུ་ཆེན་པོའི་སྒྲས་འདིར་བདག་ཉིད་ཀྱི་དངོས་པོ་དང་ཆེན་པོའི་སྒོ་ནས་ཆེན་པོར་གཟུང་ངོ༌། །གལ་ཏེ་དཔག་ཚད་བཅུ་གཉིས་ཀྱི་ནང་མ་ལུས་པར་ལྷས་ཁྱབ་པར་གྱུར་པས་དེར་མི་དང་དུད་འགྲོ་ཇི་ལྟར་གནས་པར་འགྱུར་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱི་མཐུ་དང༌། ལྷ་དེ་དག་ཉིད་ཀྱི་རྫུ་འཕྲུལ་ལམ་ལུས་འོད་དང་འདྲ་བ་དེའི་ཕྱིར་འགའ་ཞིག་ཀྱང་གནོད་པ་བྱེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །དུས་མ་ཡིན་པར་ཆར་ཞེས་བྱ་བ་ལ་དབྱར་ཆར་བྱུང་བའི་དུས་ཡིན་ལ་ལྷག་མ་ནི་མ་ངེས་པ་ཡིན་ལ་དེའི་ཕྱིར་ད་སྐད་དུ་གསུངས་པ་ཡིན་ནོ། །གྲང་བའི་དུས་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུངས་དང་དཔྱིད་ཟླ་ར་བའོ། །ཤིང་བལ་རྨལ་བ་ནི་ས་བོན་དང་ཐ་དད་པར་བྱེད་པའོ། །གོས་ཕྲུགས་ནི་གོས་ཟུང་ངོ༌། །དྲི་ཞེས་བྱ་བ་ལ་སོགས་པ་ལ་དྲི་ནི་གླ་རྩི་ལ་སོགས་པ་ཡིན་ལ། ཕྲེང་བ་ནི་མེ་ཏོག་ཛཱ་ཏི་ལ་སོགས་པའོ། །བདུག་སྤོས་ནི་ཨ་ཀ་རུལ་སོགས་པ་ཡིན་ལ། ཕྱེ་མ་ནི་གོས་པ་ལ་བསྒོས་པ་ལ་སོགས་པའོ།། རིགས་ཡོངས་སུ་སྒྲོགས་པ་ཞེས་བྱ་བ་ནི། ཅིག་ཅར་ཉེ་དུ་མ་ལུས་པའི་མིང་སྨོས་པ་མེད་པའི་ཕྱིར་ཚེགས་ཆུང་བའི་དོན་ཏོ། །བསྙུང་བའི་སྡོམ་པ་ལས་བྱུང་བའམ། བཅོམ་ལྡན་འདས་ཀྱི་མཐུའམ་སྨོན་ལམ་གྱི་དབང་ལས་ཞེས་བྱ་བ་འདི་ནི་རྣམ་པ་གཞན་ཡིན་ནོ། །ལྷ་རྣམས་ཀྱི་བརྡུང་བར་བྱ་བ་
རྡུང་བར་བྱེད་པ་ལ་འདིར་དྲི་ཟར་རིག་པར་བྱ་ཞིང་དེ་དག་གི་བཟོ་ལས་མཁས་པ་ཉིད་ཀྱི་བདག་པོ་སྟེ་རྒྱལ་པོ་ཡིན་ནོ། །བརྡུང་བར་བྱ་བའི་སྒྲའི་བྱེ་བྲག་རྡུང་བར་བྱེད་པའི་སྒོ་ནས་སྦྱོར་བ་ནི་དབྱངས་ཡིན་ནོ། །བྱེ་བ་ཞེས་བྱ་བ་ལ་འབུམ་ཕྲག་བརྒྱ་ནི་བྱེ་བའོ། །བརྡུལ་ནས་ཞེས་བྱ་བ་ནི་མཆོག་ཏུ་འབྱེར་བར་བྱས་ནས་སོ། །མུ་སྟེ་གས་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་དག་གིས་གདུལ་བར་བྱ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གདུལ་བར་སྤྱོད་ཀྱི་གཅིག་ཏུ་སངས་རྒྱས་ཀྱི་གདུལ་བྱ་ཤཱ་རིའི་བུ་ལ་སོགས་པ་གདུལ་བ་ཉིད་དུ་ནུས་པ་མ་ཡིན་པས་གཅིག་ཏུ་རབ་ཏུ་དགའ་བ་སངས་རྒྱས་ཀྱི་གདུལ་བྱ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་བླ་ན་མེད་པའི་གདུལ་བྱའི་སྐྱེ་བོ་གདུལ་བ་ལ་མཁས་པའི་ཕྱིར་འབད་པ་བཞག་པས་འདུལ་བར་འགྱུར་རོ། །མྱོས་པ་ནི་ཤིན་ཏུ་སྒྲ་སྙན་པར་རྡུད་བའོ། །དགྲ་བཅོམ་པར་གྲགས་པ་ཞེས་བྱ་བ་ནི་འདི་ལ་འཇིག་རྟེན་མ་ལུས་པ་དགྲ་བཅོམ་པར་བློ་མཐུན་པར་གྱུར་བའོ། །ཁྱིམ་ནི་འདུག་གནས་སོ། །ཉིན་པར་སྤྱོད་པ་ནི་ཉིན་མོ་སྤྱོད་པའི་གནས་སོ། །ཁ་འབུས་པ་ཞེས་བྱ་བ་ལ་སོགས་པ་ལ་དཔྱིད་ཀྱི་དུས་སུ་ཤིང་གི་དྲོད་སོ་མ་བྱུང་བའི་ཕྱོགས་མཐོན་པོ་མཐོན་བོར་གྱུར་པ་ནི་ཁ་འབུས་པ་ཞེས་བྱ་བ་ལ། དེ་སྐྱེས་པ་གང་ཡིན་པ་དེ་ནི་ཁ་འབུས་པར་འགྱུར་བ་ཞེས་བྱའོ། །དེ་ཉིད་གང་གི་ཚེ་ཤིང་བལ་གྱི་ས་བོན་གྱི་རྣམ་པ་ལྟ་བུར་ཤིན་ཏུ་མཐོན་པོར་འགྱུར་བ་དེའི་ཚེ་མྱུ་གུ་སྐྱེ་ཞེས་བྱའོ། །ཁ་མ་གྱེས་པ་ནི་མེ་ཏོག་གི་རྒྱུ་མཚན་ཡིན་ནོ། །ཁ་མ་གྱེས་པ་ཡོངས་སུ་སྨིན་པའི་གནས་སྐབས་ཐོབ་པར་གྱུར་པ་ནི་བྱ་རོག་གི་མཆུ་འདྲ་བ་ཡིན་པར་རིག་པར་བྱ་སྟེ། བྱ་རོག་གི་མཆུ་དང་འདྲ་བར་མེ་ཏོག་གི་འདབ་མའི་མཐའ་ངེས་པར་འབྱུང་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཁ་བྱེ་བའི་ཕྱིར། ཐམས་ཅད་ཡོངས་སུ་རྒྱས་པའོ། །འདབ་མ་ཕལ་ཆེར་འཇམ་པ་ཉིད་ཀྱི་ཕྱིར་ལྷམ་མེ་ཞེས་གསུངས་པ་ཡིན་ནོ། །ཤིང་ལས་འོད་འཕྲོ་བ་ལྟར་ཤེས་པ་དེའི་ཕྱིར་ལྷན་ནེ་ཞེས་གསུངས་སོ། །མེ་ཏོག་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ལྷང་ངེས་ཞེས་གསུངས་སོ། །ཆོས་ཁོང་དུ་ཆུད་པར་འདོད་པ་ལ་འདིར་ཐེ་ཚོམ་ཞེས་བྱའོ། བསམས་པ་ཞེས་བྱ་བ་ནི་སོ་སོར་བསམས་པ་ཞེས་བྱའོ། །ཡུལ་གང་ལ་བསམས་པ་ཡིན་ཞེ་ན། བསལ་བར་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། བཅོམ་ལྡན་འདས་ཉག་གཅིག་གིས་བདག་གི་ཐེ་ཚོམ་བསལ་བར་སྤྱོད་ཀྱང༌། གཞན་འགའ་ཞིག་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བསམ་པ་ཡོད་པ་ཡིན་ལ། བསམ་པ་ཅུང་ཞིག་ནི་མངོན་པར་འདོད་པའི་ཆོས་ཀྱི་ཕྱོགས་ལ་ཡོད་པ་ཡིན་ནོ། །བདག་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་འགྲོ་བའི་བསམ་པ་གནོད་པ་མེད་པས་བླ་མར་གྱུར་པ་ཡིན་ནོ། །སྐུ་མཉེལ་ཞིང་ཞེས་བྱ་བ་ནི་སྐུ་བསྙུན་གྱིས་མཉེལ་བར་གྱུར་པའོ། །ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་བ་ཡིན་ཏེ། མངོན་སུམ་དུ་ཉན་ཐོས་སུ་འགྱུར་བར་རིག་པར་བྱའོ། །དགའ་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདོད་པས་བཅོམ་ལྡན་འདས་ཀྱི་བསྟན་པ་རྙེད་པའི་སྐབས་ཉིད་ཡིན་པའི་ཕྱིར་དགའ་བའོ། །མངོན་པར་འདོད་པའི་དྲིས་པའི་དོན་གྱི་ལན་བརྩམས་པ་བཞིན་རྙེད་པའི་ཕྱིར་མགུ་བའོ། །ཉོན་མོངས་པ་སྤང་བར་བྱེད་པའི་གཉེན་པོའི་ཕྱོགས་རྙེད་པའི་བསམ་པས་རབ་ཏུ་དགའ་བའོ། །ཐར་པར་བླ་ན་མེད་པ་ཐོབ་པའི་བསམ་པས་ད་ལྟར་ལུས་ཀྱི་བདེ་བ་སྐྱེས་པར་གྱུར་པའོ། །དགའ་བ་ནི་འདིར་དགེ་བའི་ཆོས་ལ་འདུན་པའོ། །མུ་སྟེགས་ཅན་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་སྐྱེད་པའི་གནས་ཡིན་ཏེ། གང་གི་ཕྱིར་གང་པོ་ལ་སོགས་པ་དག་ལ་མུ་སྟེགས་ཅན་འབྱུང་བར་འགྱུར་བ་དེའི་ཕྱིར་གང་པོ་ལ་སོགས་པ་དང༌། མུ་སྟེགས་ཅན་སྐྱེད་པར་བྱེད་པ་ཞེས་གསུངས་སོ། །རང་རང་གིས་ཁས་འཆེས་པ་ནི་བདག་ཉིད་སོ་སོར་དམ་བཅས་པ་ཡིན་ཏེ། བརྟུལ་ཞུགས་འདིས་བདག་ཅག་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བ་འདི་དག་ནི་དམ་བཅས་པའོ། །ཅི་དེ་དག་གིས་བདག་ཉིད་ཀྱིས་དམ་བཅས་པ་ཉམས་སུ་མྱོང་བའི་སྒོ་ནས་ཤེས་པར་འགྱུར་ན་ནི་གང་གི་ཚེ་དམ་བཅས་པ་ཉམས་སུ་མྱོང་བ་གྲུབ་པ་དེའི་ཚེ་དམ་བཅས་པ་ཡོངས་སུ་རྫོགས་པར་ཁོང་དུ་ཆུད་པར་འགྱུར་རོ། །དེའི་དོན་ནི་ཅི་དེ་དག་གིས་ཐར་པ་བླ་ན་མེད་པ་ཐོབ་པར་འགྱུར་རམ། འོན་ཏེ་མ་ཡིན་ཞེས་བྱ་བ་འདི་ཡིན་ནོ། །གཅིག་པོ་འདིས་སུམ་ཅུར་མ་ལོངས་པ་ནི་གཅིག་གིས་སུམ་ཅུ་མ་ཡིན་པ་སྟེ་ལོ་གྲངས་ཉི་ཤུ་རྩ་དགུའོ། །དགེ་བ་གང་ཞིག་ཚོལ་བ་ཞེས་བྱ་བ་ནི་དགེ་བ་གང་ཞེས་བྱ་བ་སྟེ། དེ་ལྟར་ཚོལ་བའི་ངང་ཚུལ་ཅན་ནོ། །ལོ་ལས་ལྷག་པར་ཞེས་བྱ་བ་ནི་ལོ་གཅིག་གིས་ལྷག་པ་སྟེ། ལོ་ནི་ལོ་གཅིག་ཅིག་
གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པའོ། །ཏིང་ངེ་འཛིན་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་གནས་ཤེས་པ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པའོ། །རྐང་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང། ལྷའི་རྣ་བ་ཤེས་པ་དང༌། སེམས་ཀྱི་རྣམ་གྲངས་ཤེས་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བསྒོམས་པ་ནི་ཆུང་ངུ་དང༌། འབྲིད་དང་ཆེན་པོའི་གོ་རིམས་ཀྱིས་སོ། །རིམ་པ་ལས་མ་གཡོས་པས་ན་རིགས་པ་སྟེ། འཕགས་པའི་ལམ་ཞེས་བྱ་བའི་ཆོས་ཡིན་ནོ། །དེའི་ཕྱོགས་གཅིག་ནི་ཡང་ཕྱོགས་གཅིག་ཙམ་འཆད་པ་ལ་སྟོན་པ་པོ་ཞེས་བྱའོ། །འདི་ལས་ཞེས་བྱ་བ་ནི་ངའི་བསྟན་པ་ལས་ཕྱི་རོལ་ན་ཚད་མར་གྱུར་པ་གཞན་མེད་པ་ཡིན་ནོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། རབ་བཟང་གང་ལ་ཞེས་བྱ་བ་ལ་སོགས་པས་རྒྱུར་སྨྲས་པ་ཡིན་ཏེ། བཀའ་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ཉིད་ལ་དབང་པོའི་དགེ་སྦྱོང་ལ་སོགས་པ་སྣང་སྟེ། གང་གི་ཕྱིར་ལམ་གྱི་སྒོ་ནས་དགེ་སྦྱོང་དུ་གྱུར་པ་ཡིན་ནོ། །དགེ་སྦྱོང་ནི་རྒྱུན་དུ་ཞུགས་པར་གྱུར་པ་བཞི་ནི་བཞི་ཡིན་པར་རིག་པར་བྱའོ། །མཉམ་པོར་སྤྱོད་པས་ན་དགེ་སྦྱོང་སྟེ། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་པ་དང༌། ཕྱིར་མི་འོང་བའི་རང་བཞིན་ནོ། །སྡིག་པ་སྤངས་པས་ན་བྲམ་ཟེ་སྟེ། དགྲ་བཅོམ་པའོ། །སློབ་དཔོན་ཆེན་པོ་ནི་བཅོམ་ལྡན་འདས་ཡིན་ཏེ། སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པར་མཛད་པའི་སྒོ་ནས་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །མང་དུ་ཐོས་པ་ནི་ཐོས་པ་བསགས་པ་ཡིན་ཏེ། ཐོས་པ་འཛིན་པའི་མཆོག་ཏུ་སློབ་དཔོན་ཆེན་པོས་ལུང་སྟོན་པའི་དབང་བསྐུར་བས་དབང་བསྐུར་བའམ། ཡང་ན་འཕགས་པའི་ལམ་ལ་སོ་སོར་དགོད་པའི་སློབ་དཔོན་ཆེན་པོས་དབང་བསྐུར་བ་ཡིན་ནོ། །ཤེས་ཏེ་ཞེས་བྱ་བ་ནི་བདག་གི་སྐྱེ་བ་ནི་ཟད་དོ་ཞེས་བྱ་བ་ལ་སོགས་པ་དངོས་པོ་ཡོངས་སུ་ཤེས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཉོན་མོངས་པ་ལ་སོགས་པ་བཅོམ་པའི་ཕྱིར་དགྲ་བཅོམ་པའོ། །ཉོན་མོངས་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བའི་ སེམས་རྣམ་པར ་གྲོལ་བའོ། །སྨོན་ལམ་གྱི་དབང་གིས་རབ་ཏུ་བཟང་པོ་སྔར་ཡོངས་སུ་མྱ་ངན་ལས་འདས་པའི་བློ་སྐྱེས་པ་ཡིན་ནོ། །བཟོད་པ་ཞེས་བྱ་བ་
ནི་རང་གི་འདོད་པས་གནས་པ་ཉིད་དུ་ནུས་པའོ། །ཅིའི་ཕྱིར་རབ་ཏུ་བཟང་པོས་གནས་ལྔ་བྱིན་གྱིས་བརླབས་པར་གྱུར་ཞེ་ན། འདིར་མུ་སྟེགས་ཅན་གྱི་ཚོགས་ཆེན་པོ་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གཞུག་པའི་དོན་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་ན་དགེ་སྦྱོང་ངམ་བྲམ་ཟེའམ་ཕས་ཀྱི་རྒོལ་བས་སྟོང་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མུ་སྟེགས་ཅན་གྱིས་ཀྱང་འདིར་རབ་ཏུ་བཟང་པོ་ཡངས་སུ་མྱ་ངན་ལས་འདས་པར་ཐོས་པ་དེ་ལས་རབ་ཏུ་དགའ་བའི་ཤུགས་ཐོབ་པར་གྱུར་ཏེ། །གོས་ཀྱི་འཕན་ཤིན་ཏུ་ཆེ་བ་བསྒྲེངས་ནས་ཀུ་ཤའི་གྲོང་ཁྱེད་མ་ལུས་པ་བསྐོར་ནས་དགེ་སྦྱོང་གཽ་ཏ་མ་ལ་འདི་སྐད་སྨྲས་ཏེ། འདི་ལྟར་འདི་ན་དགེ་སློང་དང་པོ་ནས་འཁོར་རྣམས་ལ་བདག་ཅག་གི་ཚངས་པར་སྤྱོད་པ་རབ་ཏུ་བཟང་པོ་འདི་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ཡང་དག་པའི་སེང་གེའི་སྒྲ་བསྒྲགས་པ་དེའི་ཕྱིར་ཇི་ལྟར་ན་དགེ་སྦྱོང་གཽ་ཏ་མ་དེ་བདེན་པ་སྨྲ་པ་ཡིན་ཞེས་སྒྲོགས་པར་བྱེད་དོ། །དེ་ཐོས་པ་ལས་མུ་སྟེགས་ཅན་སྟོང་ཕྲག་དུ་མ་དེ་ལ་མངོན་པར་དད་པ་ཡང་འདུས་ཤིང་འགྲོ་བར་བྱེད་ལ། བང་མ་དང་མ་དད་པ་མང་པོ་དག་ལྟད་མོ་ལ་འགྲོ་བ་ན་གང་གི་ཚེ་མུ་སྟེགས་ཅན་དག་རབ་ཏུ་བཟང་པོའི་ཕྱོགས་སུ་འོངས་པ་དེའི་ཚེ་རབ་ཏུ་བཟང་པོ་མུ་སྟེགས་ཅན་གྱི་ཆ་ལུགས་སུ་མཐོང་བ་དེའི་ཕྱིར་ཤིན་ཏུ་མངོན་པའི་ང་རྒྱལ་དང་འཇིགས་པར་འགྱུར་ལ། གང་གི་ཚེ་ཁྱོགས་འདེགས་པའི་བྱ་བ་བྱེད་མི་ནུས་པ་དེའི་ཚེ་རྒྱགས་པ་དང་ང་རྒྱལ་བཅོམ་པ་དང༌། ངོ་ཚས་ཁྱབ་པ་དང་ཇི་ལྟར་བྱ་བ་ལ་རྨོངས་པར་གྱུར་པས་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མངོན་པར་དད་པ་དང༌། དགེ་བའི་ཆོས་སྒོམ་པ་ལ་ཕྱོགས་པར་འགྱུར་བ་དེའི་ཕྱིར་དེ་དག་གིས་དཔལ་ཆེན་པོ་ཐོབ་པར་འགྱུར་བ་ན་མ་དད་པ་མང་པོ་ཐ་མལ་བར་འགྱུར་ཞིང༌། ཐ་མལ་བ་དག་ཀྱང་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ངེས་པར་འགྱུར་བ་དེ་བས་ན་དེ་དག་གིས་ཤིན་ཏུ་དོན་ཆེན་པོ་ཐུབ་པར་འགྱུར་བའི་ཕྱིར་ཤིན་ཏུ་བཟང་པོས་གནས་ལྔ་བྱིན་གྱིས་བརླབས་པ་དོན་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་བསྟན་ཏོ། །སྨད་ནས་ཞེས་བྱ་བ་ནི་དཔྱད་པས་སོ། །གནད་ཆད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་སྐུ་ཡང་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཡིན་པ་དེ་བས་ན་གནད་ཆད་པ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། བཅོམ་ལྡན་འདས་ལ་ནི་གནད་ཆད་པའི་ཚོར་བ་འབྱུང་བའི་སྐབས་མི་མངའ་བའི་ཕྱིར་རོ། །ཆོས་ལ་ངེས་པར་བཀོད་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་ཆོས་ཚོགས་དང་བཅས་པ་ལ་ངེས་པར་སྦྱར་བའོ། །རྟོག་པ་ནི་ཆོས་ཉུང་ངུ་ཐོས་པས་དོན་ཡོངས་སུ་ཤེས་པར་ནུས་པའོ། །དཔྱོད་པ་ནི་ཡོངས་སུ་གཅོད་པར་ནུས་པའོ། །མཁས་པ་ནི་འདིར་བྱ་བ་དང་བྱ་བ་མ་ཡིན་པ་ལ་བྱང་བའོ། །གསལ་བ་ནི་དངོས་པོ་རྣམ་པར་འབྱེད་པའི་ནུས་པའོ། །ཡིད་གཞུངས་པ་ནི་མྱུར་དུ་ཡོངས་སུ་གཅོད་པའི་ནུས་པ་དང་ལྡན་པའོ། །བསྐོར་ཏོ་ཞེས་བྱ་བ་ནི་ཀུན་ནས་བསྐོར་བའི་སྒོ་ནས་དོག་མོར་བྱས་པར་གྱུར་པའོ། །བརྩོན་འགྲུས་ནི་འབད་རྩོལ་ལོ། །གནད་ཅེས་བྱ་བ་ལ་སོགས་པ་ལ། གནད་ཀྱི་ཕྱོགས་མཚོན་རྣོན་པོས་བཅད་པ་འདྲ་བའི་ཚོར་བ་འབྱུང་བའི་ཕྱིར་གནད་ཆད་པར་འགྱུར་བ་ཞེས་གསུངས་སོ། །ཚིག་བྱེ་བར་གྱུར་པ་ཡང་དེ་དང་འདྲ་བ་སྟེ། ཉི་མ་དང་དུས་འདི་ལ་བདག་ཅག་ཚོགས་ནས་དེའི་སྟེང་དུ་ལྷགས་པར་བྱའོ་ཞེས་བྱ་བ་ནི་བརྡར་བཏགས་པ་ཡིན་ནོ། །འགྲམ་ནི་ཆུས་ཡོངས་སུ་སྤངས་པ་བྱེ་མ་དང་བཅས་པའི་ཕྱོགས་ཡིན་ནོ། །པད་མའི་འདབ་མ་དང་པདྨའི་འདབ་མ་ལ་རྐང་པ་བཞག་པས་ཞེས་བྱ་བ་ནི་ཇི་ལྟར་པད་མའི་འདབ་མ་ཤུགས་ཀྱིས་མནན་པ་ལས་ཀྱང་ཆུ་ལ་མི་འབྱིང་བ་དེ་བཞིན་དུ་ལུས་ཡང་མོར་བྱས་པའོ། །འདོད་པའི་སྦྱིན་པ་ནི་ཇི་ལྟར་བསམས་པ་བཞིན་དུ་སྒྲུབ་པར་བྱེད་པ་སྦྱིན་པའོ། །གྲོགས་བོ་ནི་གང་ཞིག་བྱ་བའི་དུས་ལ་ཉེ་བར་སྦྱོར་བའི་གྲོགས་ཡིན་ཏེ། གང་དེ་དང་རྟག་ཏུ་ལྷན་ཅིག་གནས་པར་བྱེད་པའོ། །གང་དང་ལྷན་ཅིག་པར་དུ་གནས་པར་འདོད་པ་དེ་ལ་འདིར་བརྟེན་པའི་སྒྲས་བསྟེན་པ་ཡིན་ནོ། །གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པ་ཉིད་ཀྱི་ཕྱིར་རོ། །དབེན་བ་ན་ཞེས་བྱ་བ་ནི་སོ་སོར་དབེན་པ་ཕྱོགས་ན་གནས་པའི་ཕྱིར་ཏེ། གཅིག་པུ་ལམ་གྱི་བཞི་མངོན་ནས་ཡང་གནས་སྲིད་པ་དེ་བསལ་བར་བྱ་བའི་ཕྱིར་རོ། །ནང་དུ་ཡང་དག་འཇོག་པའི་ཚེ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་སྡུད་ པར་བྱེད་ཅིང་ཡིད་ཙམ་འཇུག་པའི་ཕྱིར་དེའི་གནས་སྐབས་ནི་གཅིག་ཏུ་གྱུར་པ་ཡིན་ནོ། །སེམས ་ལ་ཞེས་བྱ་བ་ནི་བདག་མ་ཡིན་པ་སྟེ། མུ་སྟེགས་ཅན་དག་བདག་ལ་བརྟེན་པའི་རྣམ་པར་རྟོག་པ་ཞེས་འདོད་པའི་གཞུང་དེ་དགག་པའི་ཕྱིར་རོ། །འདི་ལྟ་བུའི་ཞེས་བྱ་བ་ནི་བཤད་ པར་འགྱུར་བའི་རྣམ་པའོ། །སེམས ་ཀྱིས་ཡོངས་སུ་
རྟོག་པ་ཞེས་བྱ་བ་ནི་ཆུ་དང་འོ་མ་དང་འདྲ་བར་མཚུངས་པར་ལྡན་པ་ཉིད་ཡིན་པའི་ཕྱིར་ཟངས་གཞོང་དང་འབྲས་བུ་ལྟ་བུ་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ཏེ། ཡོངས་སུ་རྟོག་པ་ནི་འདིར་དངོས་པོའི་ཡུལ་ཡོངས་སུ་དག་པ་ལ་རྟོག་པ་ཡིན་ནོ། །སྐྱེས་པ་ནི་འབྱུང་བའོ། །ཕྱེད་ཅེས་བྱ་བ་ནི་ཆུང་ངུ་དང་བཅས་པར་ཆུང་ཞིང་དང་པ་སྟེ་མང་པོ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཕྱེད་འདི་གང་གི་ཡིན་ཞེ་ན། ཚངས་པར་སྤྱོད་པའི་ཞེས་བྱ་བ་སྨོས་པ་དེ་ཚོགས་ཀྱི་ལམ་ལེགས་པར་སྤྱོད་པ་དང༌། ལམ་དང་ལམ་གྱི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །དེ་གང་ཞེ་ན། སྨྲས་པ། འདི་ལྟར་ཞེས་བྱ་བ་ནི་ཉེ་བར་སྟོན་པར་བྱེད་པའོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་སྐྱེ་བོ་ཡོན་ཏན་དང་ལྡན་པ་ལ་རྗེས་སུ་དགའ་བའོ། །དགེ་བའི་གྲོགས་པོ་ཞེས་བྱ་བ་ནི་གྲོགས་པོ་དམ་པའི་བྱ་བ་ལ་ནན་ཏན་བྱེད་པའི་ཕྱིར་རོ། །དགེ་བ་བསྟེན་པ་ཞེས་བྱ་བ་ནི་གནས་གཅིག་ན་གནས་ཤིང་ཡང་དག་པའི་གཏན་ལ་སོགས་པ་བྱེད་པའི་ཕྱིར་རོ། །བྱ་བའི་སྒོ་ནས་བསྟེན་ན་སྡིག་པ་བྱས་པ་ལ་སོགས་པ་དང༌། ཀུན་དགའ་བོ་ཁྱོད་ཅེས་བྱ་བ་ལ་སོགས་པས་དགའ་བའི་སྒོ་ནས་སྟོན་པར་མཛད་དེ། ཀུན་དགའ་བོ་ཞེས་བྱ་བ་ནི་འབོད་པའོ། །དེ་སྐད་མ་སྨྲ་ཅིག་ཅེས་བྱ་བ་ནི་མ་བརྗོད་ཅིག་པའོ། །འོ་ན་ཇི་ལྟར་བྱ་ཞེ་ན། མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཆར་གྱུར་པ་ཚོགས་པའི་ཕྱིར་རོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི་ཟག་པ་མེད་པ་རང་བཞིན་གྱིས་དག་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བྱང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །ཚིག་ཙམ་གྱིས་དད་པར་འགྱུར་བ་མ་ཡིན་ནོ་ཞེས་རིགས་པ་བསྟན་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ད་ཞེས་བྱ་བ་ནི་བཅོམ་ལྡན་འདས་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །བསྟེན་ན་ཞེས་བྱ་བ་ནི་འགྲོགས་པར་གྱུར་པས་སོ། །སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བ་ལས་སྐྱེ་ཞིང་འགྱུར་ན་དེའི་ཆོས་ཀྱི་རང་བཞིན་སེམས་ཅན་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་འོ། །ཉོན་མོངས་པ་དང་ལས་གང་གིས་སྐྱེ་བའི་ཆོས་ཅན་གྱི་སེམས་ཅན་རྣམས་ལ་སྐྱེ་བའི་ཆོས་ཉིད་ཅེས་དེ་ལ་དངོས་པོའི་རྐྱེན་བརྗོད་པ་དེས་ཡོངས་སུ་གྲོལ་བ་སྟེ་དབྱེ་ཞིང་རྣམ་པར་
བྲལ་བར་འགྱུར་ཏེ། །སངས་རྒྱས་འབྱུང་བ་དེ་ཡོད་ན་ཁྱད་པར་དེ་ཡོད་པ་མེད་ན་མེད་ པར་འགྱུར་རོ། །སེམས ་ཅན་མེད་པས་ཀྱང་འདི་མེད་པ་ཁོ་ན་ཡིན་ནམ། གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་བགྲང་བར་བྱ་བ་མ་ཡིན་ཏེ། ལུད་ལ་སོགས་པ་ལྟ་བུ་སྟེ། གྲོའི་མྱུ་གུ་ལ་ནི་གྲོའི་ས་བོ་ན་ཅན་ཞེས་བྱའི། །ལུད་ལ་སོགས་པ་ལ་སྐྱེས་པ་ཞེས་བྱ་བ་ནི་འཁར་རྔའི་སྒྲ་དང་འདྲའོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལས་སྐྱེས་པའི་ནད་ཀྱིས་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་དེ་རབ་ཏུ་བརྗོད་པའོ། །སྡུག་བསྔལ་ནི་ལུས་ཀྱི་སྟེ་བསྣུན་པ་དང་ནད་ལ་སོགས་པ་ལས་སྐྱེས་པའོ། །ཡིད་མི་བདེ་བ་ནི་འདོད་པ་མ་ཡིན་པའི་དོགས་པ་ལས་སྐྱེས་པའི་ནང་གི་གདུང་བའོ། །འཁྲུག་པ་ནི་ཟིལ་གྱིས་མནན་པ་དང་འཆིང་བ་ལ་སོགས་པ་ཅན་ནོ། །དེ་བས་ན་འདིས་ནི་ཞེས་བྱ་བ་དེའི་ཕྱིར་འདིས་རིགས་པ་བསྟན་པའོ། རྣམ་གྲངས་ནི་ཐ་དད་པར་རྣམ་པར་ཕྱེ་བའོ། །རིག་པར་གྱིས་ཤིག་ཅེས་བྱ་བ་ནི་ངེས་པར་ཤེས་པར་བྱའོ། །ཤཱཀྱ་གཉེན་ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་གཉེན་གྱི་སྲེད་པས་བསྟན་པ་ལ་ཉེས་པ་སྐྱེད་པར་མི་བྱེད་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །མཁན་པོ་རྩ་བར་གྱུར་པ་གོས་དབྱུང་བའི་གནས་གང་དག་ཡིན་པ་དེ་ནི་མཁན་པོ་རྩ་བ་ཅན་ཡིན་ཏེ། མཁན་པོ་རྩ་བ་ཅན་དུ་གྱུར་པ་དེ་དག་གིས་སོ། །ཡོངས་སུ་གཞག་པར་བྱ་ཞིང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུ་ཐག་ཉེ་བར་གཞག་པར་བྱ་བ་ཡིན་ནོ། །ལས་སུ་སྨྲ་བ་ཞེས་བྱ་བ་ནི་ལས་བྱས་པར་གྱུར་པ་འཇིག་པར་མི་འགྱུར་བར་སྨྲ་བའོ། །བྱ་བ་སྨྲ་བ་ཞེས་བྱ་བ་ནི་ཚོགས་པ་ལ་ལྟོས་པའི་ལས་འབྲས་བུ་འབྱིན་ཏོ་ཞེས་སྨྲ་བར་བྱེད་དེ། བྱ་བའི་ཚོགས་པ་ཡིན་ནོ། །རྒྱུར་སྨྲས་པ་ཞེས་བྱ་བ་ནི་ཐམས་ཅད་རྒྱུ་དང་བཅས་པ་ཤེས་པའོ། །བརྩོན་འགྲུས་སུ་སྨྲ་བ་ཞེས་བྱ་བ་ནི་འབྲས་བུ་སྐྱེས་པ་ལ་ད་ལྟར་གྱི་སྐྱེས་བུའི་བྱེད་པར་སྨྲ་བའི་ངང་ཚུལ་ཅན་ཡིན་ནོ། །མཐོང་བའི་ཆོས་ལ་ཕན་པ་ཞེས་བྱ་བ་ནི་མངོན་སུམ་གྱི་སྐྱེ་བ་ལ་མངོན་པར་འདོད་པའི་འབྲས་བུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་བཟློག་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ནི་ཚེ་ཕྱི་མའོ། །གཟུང་བར་བྱ་བ་ནི་ཡི་གེའི་སྒོ་ནས་སོ། །ཀུན་ཆུབ་པར་བྱ་ཞེས་བྱ་བ་ནི་དོན་གྱི་སྒོ་ནས་སོ། །བཅང་བར་བྱ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་དང་འདྲའོ། །མདོའི་སྡེ་དང་དབྱངས་
ཀྱིས་བསྙད་པའི་སྡེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མདོའི་སྡེ་ནི་ཚིག་ལྷུག་པའི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སྣང་ཞིང་རིགས་པའི་སྐབས་དང་ལྡན་པའི་སྙིང་པོའི་དོན་བསྡུས་པ་ཡིན་ནོ། །དཔེར་ན་གང་ཟག་གཅིག་འཇིག་རྟེན་དུ་སྐྱེས་ཏེ། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལྟ་བུ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ་དཔེར་བྱེད་པ་ཡིན་ནོ། །བསྟན་མ་ཐག་པའི་མདོ་སྡེའི་དོན་ཚིགས་སུ་བཅད་པའི་སྦྱོར་བའི་སྒོ་ནས་རྗེས་སུ་བརྗོད་ཅིང་གསལ་བར་བརྗོད་པ་ཅན་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཡིན་ཏེ། དཔེར་ན་ནོར་བདུན་ཞེས་བྱ་བ་མདོའི་སྟེ་བསྟན་ནས། དད་པའི་ནོར་དང༌། ཚུལ་ཁྲིམས་ཀྱི་ནོར་དང༌། ངོ་ཚ་དང་ཁྲེལ་ཡོད་པ་ལས་སྐྱེས་པའི་ནོར་དང༌། ཐོས་པའི་ནོར་དང༌། གཏོང་བའི་ནོར་དང༌། བདུན་པ་ཤེས་རབ་ཀྱི་ནི་ནོར་ཡིན་ཏེ། སྐྱེས་པའམ་བུད་མེད་གང་དག་ལ། །ནོར་འདི་ཡོད་པར་གྱུར་པ་དེ། །དབུལ་མིན་དེ་ཡི་སྐྱེ་བ་ནི། །དོན་ཡོད་པར་ནི་ཤེས་པར་བྱ། །ཞེས་བྱ་བ་ལྟ་བུའོ། །གཞན་ཡོངས་སུ་འདྲི་བར་འགྱུར་བས་ལྷུག་པ་དང༌། ཚིགས་སུ་བཅད་བ་རྗེས་སུ་འཆད་པ་དང༌། འདས་པ་དང་མ་བྱོན་པ་དང་ད་ལྟར་སྟོན་པའི་ལུང་དུ་བསྟན་པའི་སྡེ་ཡིན་ཏེ། དཔེར་ན་དྲི་བ་བཞིན་དུ་ལུང་བསྟན་པ་སྟེ། ཆ་གཅིག་ལུང་བསྟན་པར་བྱ་བའི་འདྲི་བ་ནི་ཇི་སྲིད་ཚུལ་ཁྲིམས་རྒས་པ་ལེགས་ཞེས་བྱ་བ་དང༌། འདས་པ་ནི་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཞེས་བྱ་བ་དང༌། མ་འོངས་པ་ན་བྱམས་པ་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་དང༌། ཀུན་དགའ་བོ་སོང་ལ་དགེ་སློང་དེ་ལ་ཆེན་པོ་ལ་འོས་པའི་སྟན་བཤམས་པ་དང༌། གནས་ཁང་མེ་ཏོག་དང༌། སྤོས་དང༌། དར་གྱི་ལྔ་ལྡིས་བརྒྱན་པར་གྱིས་ཤིག །དེས་ཀྱང་ནུབ་མོ་འདི་ཉིད་ལ་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ་ཞེས་གོ་རིམས་བཞིན་དུ་བསྟན་ཏོ། །སྔ་མའི་དགོས་པ་ལ་ལྟོས་ནས་ཚིགས་སུ་བཅད་པར་སྦྱར་བ་ན་ཚིགས་སུ་བཅད་པའི་སྡེ་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྒྱལ་པོ་རྒྱལ་བའི་སྡེའི་ཚིགས་སུ་བཅད་པ་དང༌། ཚུལ་ཁྲིམས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་ལྟ་བུའོ། །ཚིག་གསུམ་མ་མ་བཞི་འམ། །ལྔའམ་དྲུག་གི་ཚིགས་སུ་བཅད་པ་བསྟན་ནས་འགའ་ཞིག་བ་ལན་
པ་ལ་གནས་པའི་གང་ཟག་འབའ་ཞིག་པོ་དགའ་བ་དང༌། ངོ་མཚར་ལ་ལྟོས་པའི་སྤོབས་པ་སྐྱེ་བར་འགྱུར་བ་ཡང་དག་པར་འཆད་པ་ནི་ཆེད་དུ་བརྗོད་པའི་སྡེ་ཡིན་ཏེ། དཔེར་ན་དེ་དག་ཀླུ་ལ་ཀླུ་དག་གེས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མངོན་པར་བརྗོད་པའི་དགོས་པའི་ཚིག་ནི་གླེང་གཞིའི་སྡེ་ཡིན་ཏེ། འདིས་ངེས་པར་བྱེད་ཅིང་སྟོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཕལ་ཆེར་འདུལ་བ་དང་འབྲེལ་པ་དེར་འབྱུང་བར་བསམས་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང༌། གཞན་གྱི་སྤྱོད་པ་བསྟན་པ་དང༌། དཔེ་རྒྱ་ཆེར་བརྗོད་པར་བྱེད་པ་ནི་རྟོགས་པ་བརྗོད་པའི་སྡེ་ཡིན་ཏེ། དཔེར་ན་ཨུ་ཏྲ་ཡ་ན་དང༌། མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་ལྟ་བུའོ། །སྐྱེས་བུས་སྦྱར་བ་མ་ཡིན་པ་བརྒྱུད་པས་འོངས་པའི་གཏམ་རྒྱུད་ནི་དེ་ལྟ་བུ་བྱུང་བའི་སྡེ་ཡིན་ཏེ། དཔེར་ན་གཞོན་ནུ་མ་བདུན་གྱི་གཏམ་རྒྱུད་ལ་སོགས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྔོན་གྱི་སྐྱེ་བའི་མཛད་སྤྱོད་སྐྱེས་བ་རབས་ཀྱི་སྡེ་ཡིན་ཏེ། དཔེར་ན་རི་དགས་ཀྱི་སྐྱེས་པའི་རབས་ལ་སོགས་པ་ལྟ་བུའོ། །ཆོས་རབ་ཏུ་འབྱེད་པའི་གཏམ་རྒྱུད་དང་ལྡན་པ་མན་ངག་རྒྱ་ཆེ་བ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། དཔེར་ན་ལྔ་དང་གསུམ་དང་སྒྱུ་འཕྲུལ་དང༌། བརྒྱ་བྱིན་གྱིས་དྲི་བ་ཁམས་དྲུག་གི་རྣམ་པར་དབྱེ་བ་ལ་སོགས་པ་ལྟ་བུའོ། །དཀོན་མཆོག་གསུམ་གྱི་བྱེ་བྲག་ཤིན་ཏུ་གསལ་བར་བྱེད་པ་ནི་རྨད་དུ་བྱུང་བའི་སྡེ་ཡིན་ཏེ། འཇིག་རྟེན་པ་ལས་སྔོན་རབ་ཏུ་མ་གྲགས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་ངོ་མཚར་དུ་གྱུར་པ་ལྷགས་པ་ལྟ་བུའོ། །མདོ་སྡེ་ལ་སོགས་པ་རྣམ་པར་འགྲེལ་ཅིང་དྲི་བ་དང་ལན་རྗོད་པར་བྱེད་པ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཡིན་ཏེ། དཔེར་ན་གང་གིས་ན་འདི་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་འདི་བཀའ་མ་ལུས་པའི་གཞི་ཉིད་ཡིན་པའི་ཕྱིར་བུའི་མ་དང་འདྲ་བར་མ་མོ་ཞེས་བྱ་བ་ལ། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་ཀྱི་སྒོ་ཉིད་ཡིན་པའི་ཕྱིར་ཆོས་མངོན་པ་ཞེས་བྱའོ། །བཀར་གཏོགས་པའི་རྣམ་པ་བཅུ་གཉིས་པོ་མདོང་བསྡུས་པ་དེ་ཉིད་ལ་སྡེ་སྣོད་གསུམ་ཞེས་བྱའོ། །སོ་སོར་འབྲང་བར་གྱིས་ཤིག་ཅེས་བྱ་བ་ནི་བཀའ་དེ་ནན་ཏན་དུ་བྱེད་པའི་སྒོ་ནས་སོ་སོར་འབྲང་བར་བྱ་ཞིང་རྗེས་སུ་འཇུག་པར་བྱ་བ་ཡིན་པས་ན་སོ་སོར་འབྲང་བའོ། །ཕྲ་ཞིང་
ཕྲ་བ་ཞེས་བྱ་བ་འདི་ལ་ཁ་ཅིག་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལ་ཕྲ་ཞིང་ཕྲ་བར་བརྗོད་ལ། ཁ་ཅིག་ནི་ཞིང་ལས་དང་དབྱུ་གུ་ལས་ཀུན་ནས་ལྡང་བའི་སྐད་ཅིག་མ་རྒྱུ་ཅན་དང་གནས་གཞན་གྱི་བར་ན་གནས་པ་དང༌། ནང་དུ་འཚོད་པ་ལས་བྱུང་བའི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ལ་བརྗོད་ཅིང། ཁ་ཅིག་ནི་ཡིད་ཀྱི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལས་ཕྲ་ཞིང་ཕྲ་བར་མཛད་དེ་དཔེར་ན་དོན་མེད་པར་གཞན་འཆི་བར་འདོད་པ་ལ་སོགས་པ་ལྟ་བུའོ། །ཉེ་བའི་ཚིག་མེད་པར་མིང་སྨོས་པ་ནི་མིང་ནས་བརྗོད་པའོ། །རིགས་ཀྱི་སྒོ་ནས་ཐ་སྙད་དུ་བྱེད་པ་ནི་རིགས་བརྗོད་པ་ཡིན་ཏེ། དཔེར་ན་གཽ་ཏམ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ལྟར་གཞུང་འདི་ལ་ཡང་གལ་ཏེ་གཞོན་པས་དགེ་སློང་ཤིན་ཏུ་རྒན་པ་ལ་ཡང་ཚེ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱེད་ན་ཉེས་པ་མེད་པར་སྣང་སྟེ། གང་གི་ཕྱིར་འདི་སྐད་དུ་ཚེ་དང་ལྡན་པའི་ཚིག་གམ། བཙུན་པའི་ཚིག་གིས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕན་གདགས་པར་བྱའོ་ཞེས་བྱ་བ་ནི་ཐག་ཉེ་བར་གཞག་པར་བྱ་བའོ། །གཞུག་པར་བྱའོ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །གང་གིས་ཤེ་ན་ལྷུང་བཟེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྫོགས་པའི་ཏིང་ངེ་འཛིན་ཉེ་བར་བསྡུ་བ་ནི་རྣལ་འབྱོར་ཡིན་ལ། མ་རྫོགས་པ་ནི་ཡིད་ལ་བྱེད་པ་ཡིན་ནོ། །མཆོད་རྟེན་བྱེད་ཅིང་ཞེས་བྱ་བ་ནི་རྫས་ས་ཡོངས་སུ་གཏོང་བའི་སྒོ་ནས་མཆོད་རྟེན་ལ་མཆོད་པ་བྱེད་པའོ། །མཆོད་རྟེན་ལ་ཕྱག་འཚལ་བ་ཞེས་བྱ་བ་ནི་ལུས་ཀྱི་གཡོ་འགུལ་གྱི་སྒོ་ནས་མཆོད་རྟེན་ལ་བསྙེན་བཀུར་བྱེད་པ་ལ་ཕྱོགས་པའོ། །ཟིལ་གྱིས་གནོན་ཅིང་ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ཅིང་ཚར་བཅད་པའོ། །དགེ་སློང་གིས་དགེ་སློང་ལ་ཞེས་བྱ་བ་ནི་དགེ་སློང་སྟོན་པ་ལ་གུས་པའམ་འཇིགས་པས་སྟོན་པའི་མངོན་སུམ་དུ་ཞུ་བར་མི་ནུས་པ་གང་ཡིན་པ་དེ་ནི་གཞན་ནུས་པ་ལ་དྲི་བར་བྱ་ཞིང་དགེ་སློང་སྤོབས་པས་ནི་བདག་ཉིད་ཀྱིས་ཞུ་བར་བྱའོ། །ཁྱོད་ནི་དད་པས་དེ་སྐད་དུ་སྨྲའོ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་ཤེས་པའི་དད་པ་ཐོབ་པའི་ཕྱིར་རོ། །འདིར་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་གཟིགས་པ་ལ་འཇུག་པ་ནི་མ་ཡིན་ཏེ། མི་སློབ་པའི་ལམ་མ་སྐྱེས་པ་དང༌། རྒྱུན་དུ་ཞུགས་པ་ལ་གཞན་གྱི་སེམས་ཤེས་མེད་པའི་ཕྱིར་རོ། །ཞི་བ་མི་གཡོ་བ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་རྙོག་པས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་དང༌། ཤིན་ཏུ་ཞི་བ་ཉིད་ཀྱི་
ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཐུགས་གང་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། འདིར་འདོད་པ་ན་སྤྱོད་པའི་སེམས་ལྡོག་པ་མེད་པ་ལུང་དུ་མ་བསྟན་པ་བསམ་པའི་རང་བཞིན་ཅན་བསམ་གཏན་བཞི་པ་དང་འདྲ་བ་གཡོ་བ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ལ་བརྟེན་ནས་ཞེས་སྟོན་ཏོ། །ཇི་ལྟར་ན་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་དེར་གཤེགས་ཤེ་ན། འདི་ལ་ཡང་བསམ་གཏན་བཞི་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་བསམ་གཏན་གསུམ་པ་མངོན་སུམ་དུ་མཛད་ལ། བསམ་གཏན་གསུམ་པའི་དེ་མ་ཐག་ཏུ་བསམ་གཏན་གཉིས་པ་མངོན་སུམ་དུ་མཛད་ཅིང༌། བསམ་གཏན་གཉིས་པའི་དེ་མ་ཐག་ཏུ་བསམ་གཏན་དང་པོ་མངོན་སུམ་དུ་མཛད་དོ། །བསམ་གཏན་དང་པོའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དང༌། སེམས་དེ་མ་ཐག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཏོ། །ཁ་ཅིག་འདི་སྐད་དུ་སྨྲ་སྟེ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ སེམས་དེ་མངོན་སུམ་དུ་མཛད་པར ་སྤྱོད་ལ། བསམ་གཏན་བཞི་པའི་དེ་མ་ཐག་ཏུ་འདོད་པ་ན་སྤྱོད་པའི་སེམས་དེ་མངོན་སུམ་དུ་མཛད་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ལས་གཞན་གྱིས་མ་ཡིན་ཞིང་བསམ་གཏན་བཞི་པའི་ས་བའི་ སེམས་ཀྱང་རིས་མི་མཐུན་པ་དང༌། མཉམ་པར ་གཞག་པ་དང༌། དགེ་བ་ཡིན་ཏེ། སེམས་དེ་ལྟ་བུ་ལ་རྣམ་པར ་གནས་པ་དག་མྱ་ངན་ལས་འདའ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །དུས་ཇི་འདྲ་བ་ལ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། འདིར་སྟོན་ཟླ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་བརྒྱད་ཀྱི་མཚན་གྱི་ཐུན་པར་མ་ལ་ཟླ་བ་ནུབ་ཀྱི་རིའི་རྩེ་མོར་ཞུགས་པ་དང༌། བཅོམ་ལྡན་འདས་ཀྱང་བསམ་གཏན་གྱི་རིའི་རྩེ་མོ་ལས་བསྐྱོད་པར་གྱུར་པ་དང༌། ཟླ་བ་ནུབ་པར་གྱུར་ཅིང་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་གཉིས་འབྱུང་བར་འགྱུར་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་དག་ཤིན་ཏུ་སྐྱོ་བ་བསྐྱེད་པའི་དོན་ཡིན་ནོ་ཞེས་སྟོན་ཏོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་དེ་དག་གི་ཆོས་ཉིད་ཡིན་ཏེ། འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་ཉན་ཐོས་ཆེན་པོ་ཡང་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པའི་བསམ་གཏན་བསྐྱེད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་བས་ན་བཅོམ་ལྡན་འདས་ཀྱང་དེ་
ལྟར་མཛད་པ་ཡིན་ནོ། །བདེན་པ་མཐོང་བའི་རྩ་བ་དང་བྲལ་ཞིང་རྩ་བ་མེད་པའི་དད་པ་དང་ལྡན་ཡང་མཚམས་མེད་པ་བྱེད་པ་ཡིན་པའི་ཕྱིར་དང༌། མཚམས་མེད་པ་བྱེད་པ་དག་ནི་གདོན་མི་ཟ་བར་དམྱལ་བའི་འབྲས་བུ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་ཉམས་སུ་མ་མྱོང་བར་བདེན་པ་མཐོང་བར་ནུས་པ་མ་ཡིན་པ་དེ་བས་ན་མ་སྐྱེས་དགྲས་བདེན་པ་མཐོང་བར་མ་གྱུར་པ་ཡིན་ནོ། །མཛེས་པ་ཞེས་བྱ་བ་ནི་སྡུག་པའོ། །གཏོར་བ་ཞེས་བྱ་བ་ནི་མེ་ཏོག་གི་རྣམ་པས་གཏོར་བར་གྱུར་པའོ། །ཀྱེ་མ་འདུ་བྱེད་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པ་དེ་ལས་ཀྱེ་མ་འདུ་བྱེད་མི་རྟག་ཅེས་བྱ་བའི་འདུ་བྱེད་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང༌། ད་ལྟར་ཐ་དད་པའི་ཕྱིར་རོ། །དེ་ལ་འདས་པ་ནི་སྐྱེས་ཤིང་འགགས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ལ། ཡང་སྐྱེ་བར་མི་འགྱུར་བ་དེ་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ནོ། །མ་འོངས་པ་ནི་སྐྱེ་བའི་ཆོས་ཅན་ཡིན་ཏེ། སྐྱེར་རུང་བ་ཉིད་ཀྱི་ཕྱིར་དང༌། སྐྱེ་ཞིང་འཇིག་པའི་ཆོས་ཅན་ནི་འཇིག་པར་རུང་བ་ཉིད་ཀྱི་ཕྱིར་ཡང༌། སྐྱེ་བར་མི་འགྱུར་བས་ན་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏེ། ཡང་མ་འོངས་པ་གང་ཡིན་པ་དེ་དག་སྐྱེ་བའི་ཆོས་ཅན་དུ་བསྟན་ན། དེ་དག་གཅིག་ཏུ་སྐྱེ་བར་འགྱུར་གྱི་འགག་པར་མི་འགྱུར་རམ་ཞེ་ན། སྐྱེས་གྱུར་ནས་ནི་འགག་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་སྐྱེས་པར་གྱུར་པ་དེ་ཉིད་འགག་པར་འགྱུར་གྱི། གང་དག་མ་སྐྱེས་པ་དེ་དག་ནི་འགོག་པར་ཡང་མི་འགྱུར་རོ། །གལ་ཏེ་དེ་དག་ཐམས་ཅད་སྡུག་བསྔལ་ཁོ་ན་མ་ཡིན་ནམ། ཇི་ད་ལྟར་བདེ་བ་ཡིན་ཞེ་ན། དེ་དག་ཅེས་བྱ་བ་སྨོས་ཏེ། མ་འོངས་པའི་འདུ་བྱེད་དེ་དག་གི་རྒྱུ་ཟད་པའི་ཕྱིར་དང༌། གཞན་ཡང་མ་སྐྱེས་པའི་ཕྱིར་ཉེར་ཞི་བདེ་བ་ཡིན་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི་ཀྱེ་མ་ནི་སྐྱོ་བ་ཡིན་ཏེ། འདི་ནི་སྡུག་བསྔལ་ལོ་ཞེས་སྐྱོ་བ་བསྐྱེད་པའི་དོན་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་མདོ་སྡེ་ལས་འབྱུང་བ་ཡིན་ནོ། །བྱ་བ་ངེས་པར་བྱེད་པ་དེ་དངོས་པོ་འདོར་བ་ནི་རྟག་པ་ཡིན་ལ། དེ་ལས་གཞན་པ་ནི་མི་རྟག་པ་སྟེ། སྐད་ཅིག་མ་དང༌། ཡུལ་ཐུང་དུར་གནས་པ་དང༌། སྐྱེས་མ་ཐག་ཏུ་འཇིག་པ་ཞེས་བྱ་བའི་བར་དུའོ། །མི་རྟག་པ་ཉིད་ཐུགས་རྗེ་ཆེན་པོའི་ཡུལ་ཡིན་གྱི། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་
གདུངས་པའི་དོན་ཉིད་ནི་མ་ཡིན་ནོ་ཞེས་སྟོན་པའམ། བཅོམ་ལྡན་འདས་སེམས་ཅན་དུ་བགྲང་བའི་འདུ་བྱེད་ཀྱི་ཡུལ་གྱི་རྣམ་པ་དེ་ལ་ཐུགས་བརྩེ་བར་མཛད་པ་ཡིན་ཏེ། ཕན་འདོགས་པའི་གཞིར་གྱུར་པའི་ཐུགས་རྗེ་སྐྱེད་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ །ཚོགས་པ་ལས་སྐྱེས་པའི་དངོས་པོ་ནི་འདུ་བྱེད་ཡིན་ཏེ། ཕུང་པོ་ལྔ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་ནི་འབྱུང་བ་ཡིན་ལ་འཇིག་པ་ནི་ཉམས་པར་གྱུར་པའོ། །གདོན་མི་ཟ་བར་འགྱུར་བའི་རང་བཞིན་ཅན་གྱི་ཆོས་དེ་གཉིས་གང་ལ་ཡོད་པ་དེ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཏེ། སྐྱེ་ཞིང་འཇིག་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་སྟེ། རྒ་བའི་ཆོས་ལ་སོགས་པ་ལྟ་བུའོ། །དཔེར་ན་གདོན་མི་ཟ་བར་རྒས་པར་འགྱུར་བ་གང་ཡིན་པ་དེ་ནི་རྒ་བའི་ཆོས་ཅན་ཞེས་བྱ་སྟེ་དེ་དང་འདྲའོ། །མི་སྐྱེ་བའི་ཆོས་ཅན་དག་ནི་དེ་དང་འདྲ་བའི་ཕྱིར་འདུས་བྱས་སུ་བརྗོད་པ་ཡིན་ཏེ། སྟོན་ཀའི་སྤྲིན་ལ་ཆུ་འཛིན་ཞེས་བསྟན་པ་ལྟ་བུའོ། །སྐྱེས་གྱུར་ནས་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཐོབ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །གིའི་སྒྲ་ནི་སྐྱེས་པར་གྱུར་ནས་དེ་དག་གདོན་མི་ཟ་བར་འགག་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་དོན་ཏོ། །གང་གི་ཕྱིར་སྐྱེས་པར་གྱུར་ནས་འགག་པར་འགྱུར་ཞེས་བསྟན་ཏོ། །འགག་པར་འགྱུར་བ་ནི་ནུབ་ཅིང་འདས་པར་འགྱུར་བའོ། །ཡང་ན་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་ན་མི་རྟག་པ་ཡིན་ཞིང་གང་གི་ཕྱིར་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་ཞེ་ན། སྐྱེས་པ་ནི་གདོན་མི་ཟ་བར་འཇོག་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་ལྟ་བུ་ཡིན་ལ། མི་མཐུན་པ་ནི་ནམ་མཁའོ། །འདི་གཉིས་ཅིག་ཅར་འགྱུར་ན་ནི་སྐྱེ་བའི་དུས་ཁོ་ན་འཇིག་པའི་དུས་སུ་འབྱུང་བ་དེའི་ཕྱིར་འདས་པ་དང་ད་ལྟར་ཉེས་པ་གཅིག་ཏུ་འགྱུར་རོ་ཞེ་ན། སྨྲས་པ། །སྐྱེས་གྱུར་ནས་ནི་འཇིག་པར་འགྱུར་བ་སྟེ། །ད་ལྟར་དུ་གྱུར་ནས་འདས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཀུན་ཁོ་ན་སྡུག་བསྔལ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་དང༌། གཞན་ལ་རག་ལས་པ་ཉིད་ལ་བདེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ནི་ལམ་ཡང་སྡུག་བསྔལ་ཡིན་པར་ཐོབ་པར་འགྱུར་རོ་ཞེ་ན། བདེན་པའི་གནས་སྐབས་ཀྱི་ལམ་སྡུག་བསྔལ་མ་ཡིན་ཏེ། འཕགས་པ་དག་དང་མི་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ཏུ་ནི་སྡུག་བསྔལ་ཡིན་ཏེ། གང་
མི་རྟག་པ་དེ་ནི་སྡུག་བསྔལ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དཔེར་ན་ཏིག་ཏ་ལ་སོགས་པའི་བཏུང་བ་སྡུག་བསྔལ་ཡིན་ཏེ། ནང་ཉེ་བར་ཞི་བའི་རྒྱུ་ཉིད་ཡིན་པའི་ཕྱིར་སྨན་དུ་བསྟེན་པ་དང་བདེ་བར་བརྗོད་པ་དེ་བཞིན་དུ་ལམ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་དེ་དག་ཉེ་བར་ཞི་བ་སྟེ། རིགས་པ་ཁྱད་པར་དུ་འཕགས་པ་ཡེ་ཤེས་གྲུབ་པས་ཐོབ་པའི་ཞི་བའི་ཉེ་བར་ཞི་བ་སྟེ། སོ་སོར་བརྟགས་པའི་འགོག་པ་གང་ཡིན་པ་དེ་ནི་བདེ་བ་ཡིན་ཏེ། ཕུང་པོ་མེད་པའི་བདེ་བའི་མཆོག །ཅེས་གསུངས་པའི་ཕྱིར་རོ། །ལུས་ནི་སྐུ་ཡིན་ནོ། །གང་ཟག་ཟླ་མེད་ནི་གྲོགས་མེད་ཅིང་གཉིས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །བརྟན་ཞིང་མི་གཡོ་བའི་ཐུགས་གང་ལ་མདའ་བ་དེ་ནི་བརྟན་པའི་ཐུགས་ཅན་ཏེ། བཅོམ་ལྡན་འདས་ཡིན་ནོ། །བརྟན་པའི་ཐུགས་ཅན་སྨོས་པས་དབུགས་འབྱུང་བ་དང་རྔུབ་པ་ཡང་མི་སྐྱེ་བ་བསྟན་པ་ཡིན་ཏེ། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་དབུགས་འབྱུང་བ་དང༌། རྔུབ་པ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུའོ། །སྐྱོབ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲའི་རྣམ་པར་འཚེ་བ་ལས་ཡོངས་སུ་སྲུང་བར་མཛད་པའོ། །ལམ་མཁྱེན་པའི་སྤྱན་དང་ལྡན་པ་ཉིད་ཀྱི་ཕྱིར་སྤྱན་ལྡན་ནོ། །འཁོར་བའི་འཇིགས་པ་བསྐྲུན་པར་མཛད་པའི་ཕྱིར་འཇིགས་པར་མཛད་པར་གྱུར་པའོ། །བ་སྤུ་ལྡང་བ་ཅན་སྐྲག་པའི་སྒོ་ནས་བ་སྤུ་རབ་ཏུ་གཡོས་པའོ། །སྟོབས་བཅུ་དང་ལྡན་པ་ཉིད་ཀྱི་ཕྱིར་རྣམ་ཀུན་སྟོབས་དང་ལྡན་གྱུར་པའོ། །དུས་ཀྱང་མཛད་ཅེས་བྱ་བ་ནི་ཐ་མའི་དུས་སུ་མཛད་པ་ཡིན་ནོ། །ཞུམ་པ་མེད་པའི་ སེམས་ཀྱིས་ཞེས་བྱ་བ་ནི་ཡིད་ཞུམ་པ་མེད་པའོ། །ཚོར་བ་བཟོད་པར ་མཛད་ནས་ནི་ཞེས་བྱ་བ་ནི་ཐ་མའི་དུས་ཀྱི་ཚོར་བ་འགྲང་བ་མེད་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཤེགས་པའི་ཕྱིར་མེ་ཞི་བའི་དཔེས་བསྟན་པ་ཡིན་ཏེ། དཔེར་ན་མེ་ལ་རྒྱུ་མེད་པས་ཞི་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་ སེམས་ཅན་རྣམ་པར ་གྲོལ་བ་ལ་རྒྱུ་མེད་པས་མྱ་ངན་ལས་འདས་པར་གྱུར་པ་ཡིན་ནོ། །འདུས་བྱས་མི་རྟག་པ་ཉིད་དུ་བསྒོམ་པ་ལ་འདིར་འཕགས་པའི་མི་སྨྲ་བའི་དངོས་པོ་ཡིན་པར་རིག་པར་བྱའོ། །གནས་འཇོག་གི་རིགས་སུ་བརྒྱུད་པས་འོངས་པ་ཉིད་ཡིན་པའི་ཕྱིར་གནས་འཇོག་གི་སྒྲས་འབོད་པ་ཡིན་ནོ། །འགྲེ་ལྡོག་པ་ནི་ས་ལ་ལན་ཅིག་འགྲེ་བ་
ཡིན་ལ། རབ་ཏུ་འགྲེ་ལྡོག་པ་ནི་ཡང་དང་ཡང་དུ་ཀུན་ནས་འགྲེ་བ་ཡིན་ནོ། །གཡས་དང་གཡོན་གྱི་དཔུང་པའི་རྩ་ནས་ལག་པས་བཟུང་ཞིང་དུ་བར་བྱེད་པ་ནི་དཔུང་པ་ལས་བཟུང་སྟེ་སྐད་འབྱིན་ཅིང་དུ་བ་ཡིན་ནོ། །སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ལྡན་པ་ནི་འབྱོར་པ་ཡིན་ནོ། །དངོས་པོ་རྣམས་ཀྱིས་འཇིགས་པ་གདོན་མི་ཟ་བར་འགྱུར་བ་ནི་འདིར་ཆོས་ཉིད་ཡིན་ཏེ། དེ་ལ་བརྟེན་པའམ། སོ་སོར་འབྲང་བའམ། རྗེས་སུ་འབྲང་བར་བྱེད་པའོ། །དམ་པ་དམ་པར་གྱུར་པ་ནི་གཙོ་བོ་དག་ལས་གཙོ་བོར་གྱུར་པའོ། །འགྱོད་པ་ནི་བྱས་པ་གཟོ་བ་དང་བསླབ་པའི་ཚིག་གི་འཆིང་བས་བཅིངས་པར་གྱུར་པ་གང་ཡིན་པ་དེ་ལ་འདིར་འགྱོད་པ་ཡིན་པར་རིག་པར་བྱའོ། །རྒན་ཞུགས་ནི་ཤིན་ཏུ་རྒས་པར་གྱུར་བའོ། །འདུས་བྱས་ཐམས་ཅད་ནི་མི་རྟག་ཅེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །སླད་བཞིན་སླད་བཞིན་ཞེས་བྱ་བ་ནི་སླད་མ་ལས་ཤིན་ཏུ་སླད་བཞིན་དུ་སྟེ། ཐམས་ཅད་ཀྱི་ཐོག་མར་འཕགས་པ་འོད་སྲུང་བཞུང་ཅིང་དེ་ནས་དགེ་སློང་གཞན་དང་དེའི་འོག་ཏུ་ཡང་དེ་དག་རྗེས་སུ་འབྲལ་པས་ཞེས་བྱ་བའི་ཐ་ཚིག་གོ །སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནི་འདིར་བྱིན་གྱིས་བརླབས་པ་ལ་མཐུར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་དུ་གྱུར་པའི་མཐུག་མི་འཐད་པ་ཡིན་ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇིག་རྟེན་འདྲེན་པར་མཛད་པས་ན་འདྲེན་པའོ། །རྙེད་དཀའ་བ་ཉིད་ཀྱི་ཕྱིར་དང༌། མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྐུ་རིན་པོ་ཆེ་དང་འདྲ་བས་ན་རིན་པོ་ཆེའི་སྐུ་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་གང་ལ་མངའ་བ་དེ་ནི་རྫུ་འཕྲུལ་ཆེན་པོ་ཅན་ནོ། །ཉིད་ཀྱི་སྐུ་སྐྱེས་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་ལས་སྐྱེས་པའོ། །ནང་རིམ་སྟེ་ནང་དུ་བགོ་བ་ནི་ཤམ་ཐབས་ཞེས་བྱ་ཞིང་ཕྱི་རིམ་ཆོས་གོས་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྐུའི་རིང་བསྲེལ་སྒྲེན་མོར་མ་གྱུར་པ་དང༌། གོས་ཚིག་པའི་དྲི་མས་གོས་པར་མ་གྱུར་ཅིག་སྙམ་པ་དེ་བས་ན་ཆོས་གོས་གཉིས་པོ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཁོ་ནས་མ་ཚིག་པ་ཡིན་ཏེ། ཆོས་གོས་གཉིས་པོ་མ་ཚིག་པས་ན་བཅོམ་ལྡན་འདས་ལྷག་པར་ངོ་ཚ་དང་ཁྲེལ་ཡོད་པ་དང་ལྡན་
པར་བསྟན་པའི་ཕྱིར་དང༌། ངོ་མཚར་བསྟན་པའི་སྒོ་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པ་དག་དད་པ་བསྐྱེད་པའི་ཕྱིར་དང༌། དད་པ་དག་བོགས་དབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཕན་ཡོན་ཡིན་པར་རིག་པར་བྱའོ། །འོ་མ་ཅན་གྱི་ཤིང་བཞི་ཞེས་བྱ་བ་ལ་བཅོམ་ལྡན་འདས་ཀྱི་སྐུ་སྦྱོང་བའི་ས་ཕྱོགས་ཉིད་དུ་སྐྱེས་པ་དེ་ནི་ངོ་མཚར་བསྟན་པ་ལས་འཇིག་རྟེན་པ་དད་པར་འགྱུར་བའི་དོན་ཉིད་དུ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཁོ་ན་ལས་དེ་དག་སྐྱེས་པ་ཡིན་ནོ། །བུ་ལུ་ཀ་ལ་སོགས་པ་ཐམས་ཅད་རྒྱལ་རིགས་ཡིན་ལ། ཁྱབ་འཇུག་གླིང་པ་ནི་བྲམ་ཟེ་ཉིད་ཡིན་ནོ། །མདའ་དང་མཚོན་ཆ་རིག་པ་ནི་མཚོན་ཆ་རིག་པའོ། །གཞན་གྱི་སྡེ་ནི་ཕ་རོལ་པོའི་དཔུང་གི་ཚོགས་ཡིན་ནོ། །བླ་ན་མེད་པའི་བཟོད་པ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བཟོད་པ་ལ་བཞུགས་པའོ། །བཟོད་པའི་ཡོན་ཏན་གསུང་བའི་སྒོ་ནས་ཕ་རོལ་པོ་ཡང་བཟོད་པ་ལ་ངེས་པར་སྦྱོར་བར་མཛད་པ་དེ་བས་ན་བཟོད་པའི་བསྔགས་པ་གསུང་ཞིང་བཞུགས་པའོ། །ཆ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ་ཆའི་སྒྲ་ནི་ཚད་མཚོན་པར་བྱེད་པའམ། ཆ་ཉིད་མཚོན་པར་བྱེད་པའོ། །ཀླུའི་རྒྱལ་པོས་མཆོད་པ་ཞེས་བྱ་བ་ནི་ཀྲོ་རྒྱུ་དག་གི་ཆ་གང་ཡིན་པ་དེ་ཀླུའི་རྒྱལ་པོས་ཕྲོགས་ནས་མཆོད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་པའི་འཇིག་རྟེན་ན་ཞེས་བྱ་བ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ན་མཆོད་ཅིང་གསོལ་པ་ཡིན་ནོ། །མཆོད་རྟེན་རྒྱ་ཆེར་བདུན་བརྩིགས་ཏེ་ཞེས་བྱ་བ་ནི་རྒྱལ་པོ་མྱ་ངན་མེད་ཀྱིས་རིང་བསྲེལ་ཡོད་པའི་མཚོན་རྟེན་བདུན་པོ་གང་ཡིན་པ་དེ་དག་ཐམས་ཅད་བླངས་ནས་ཆོས་ཀྱི་རྒྱལ་པོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱས་པའི་སྒོ་ནས་འཛམ་བུའི་གླིང་མ་ལུས་པ་རྒྱ་ཆེར་ཁྱབ་པར་བྱས་པ་དེའི་ཕྱིར་དེ་སྐད་ཅེས་བྱའོ། །མཆོད་པ་བྱེད་པ་སྔོན་དུ་སོང་བ་ཅན་གྱིས་འདོད་པའི་འབྲས་བུ་ལ་སོགས་པ་དོན་དུ་གཉེར་བར་བྱེད་པས་ན་དོན་དུ་གཉེར་བ་སྟེ། དོན་དུ་གཉེར་བ་ནི་དངོས་པོ་ལ་གནས་པ་ཡིན་ལ། དོན་དུ་གཉེར་བའི་དངོས་པོ་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་ཡིན་པ་དེ་བས་ན་ས་གཞི་སྟེ་ས་ཕྱོགས་བརྒྱན་པ་ཡིན་ནོ། །རབ་ཏུ་རི་མོར་བྱས་པ་ཞེས་བྱ་བ་ནི་ལེགས་པར་མཆོད་པའོ། །མཆོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ལྷའི་དབང་
པོ་ལ་སོགས་པས་མཆོད་པའོ། །གནོད་སྦྱིན་ཞེས་བྱ་བ་ནི་གསང་བའི་མིང་གི་རྣམ་གྲངས་ཡིན་ནོ། །ཐུགས་རྗེས་སྤྱོད་ཅིང་ཐ་སྙད་དུ་མཛད་ནས་ཐུགས་རྗེར་ལྡན་པའོ། །ཤེས་རབ་མཆོག་ཅེས་བྱ་བ་ནི་ཐུགས་མཆོག་ཏུ་གྱུར་པའོ། །མྱ་ངན་འདས་ཞེས་བྱ་བ་ནི་ཞི་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྗེས་སུ་མཐུན་པར་མིང་དང་ཚིག་དང་ཡི་གེའི་ཚོགས་དག་མཐར་གྱིས་རྣམ་པར་བཀོད་ཅིང་བརྗོད་པ་ནི་བསྡུ་བ་ཡིན་ནོ། །དུ་བའི་མཐའ་ཅན་དུ་འགྱུར་རོ་ཞེས་བྱ་བ་ལ་དུ་བའི་མཐའ་ནི་དུ་བའི་མཐའ་ཡིན་ལ་དུ་བའི་མཐའ་གང་ལ་ཡོད་པ་དེ་ནི་དུ་བའི་མཐའ་ཅན་དུ་གྱུར་པ་སྟེ་བཀའ་ཡིན་ནོ། །དེའི་དོན་ཇི་སྲིད་དུ་དུ་བ་རྒྱུན་མི་འཆད་པར་འབྱུང་བ་དེ་སྲིད་དུ་མི་དམིགས་པར་རྗེས་སུ་དཔག་པར་བྱ་ཞིང་དུ་ཟློག་པ་ན་མེ་ཡུན་རིང་པོར་གནས་པར་མི་འགྱུར་པ། དེ་བཞིན་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་བཀའ་ཡང་བསྡུ་བ་མ་བྱས། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་མི་འགྱུར་ཏེ། བསྟན་པ་བཀའི་བདག་ཉིད་ཡིན་པའི་ཕྱིར་དང༌། །ཁོང་དུ་ཆུད་པ་ནི་བཀའི་རྒྱུ་ཅན་ཞེས་བྱ་བ་ཡིན་ནོ། །ཤིན་ཏུ་མཐར་གྱུར་ཅིང་ཁྱད་པར་ཅན་དུ་ཕྱིན་པའི་སྒོ་ནས་མཐར་ཐུག་པའི་རྣམ་པ་འདི་ལ་ཡོད་པའི་ཕྱིར་མུར་ཐུག་པའི་མཐའ་ཅན་ཏ་བསམ་གཏན་བཞི་པའི་ཆེན་པོའི་ཆེན་པོའོ། །གདུལ་བྱ་ལ་ལྟོས་པ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་ལ་ཐུགས་བརྩེ་བའོ། །འཐབ་མོ་ནི་གཟུགས་དང་སེམས་ཀྱི་སྒོ་ནས་སྨྲ་བ་དང་ཕྱིར་སྨྲ་བའོ། །མཚང་འདྲུ་བ་ནི་སྦ་བར་བྱ་བའི་དངོས་པོ་བརྗོད་པའི་སྒོ་ནས་ཕན་ཚུན་ངོ་ཚ་སྐྱེད་པར་བྱེད་པའོ། །ཚར་གཅོད་པ་ནི་ལན་དུ་བྱེད་པའི་དངོས་པོ་ཡིད་ཀྱིས་གཟུང་བའོ། །ཤགས་འགྱེད་པ་ནི་འོག་གཟུ་ལ་སོགས་པ་ལ་རིགས་པའི་ཐ་སྙད་དུ་བྱེད་པའོ། །ལོག་པར་བྱས་པ་ནི་རྣམ་པ་གཞན་དུ་བསྟན་པའི་སྒོ་ནས་ལོག་པར་བྱེད་པའོ། །གཙེས་པ་ནི་འདིར་རྣམ་པར་འཚེ་བའི་རྣམ་གྲངས་ཡིན་ནོ། །བརྙས་པ་ནི་ཚར་གཅོད་པའོ། །མི་ཤེས་པ་ཁོ་ན་མུན་པ་ཡིན་པས་ནི་མི་ཤེས་པའི་མུན་པ་སྟེ། མི་ཤེས་པའི་མུན་པ་དེས་གཡོགས་ཤིང་བཀབ་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་དང་འདྲ་བ་ཞེས་བྱ་བ་ནི་ཆོས་དང་ཚུལ་འདྲ་བའི་ཆོས་མ་ཡིན་པའོ། །བྲེ་མོའི་གཏམ་ནི་རྒྱལ་པོ་ལ་སོགས་དོན་དུ་མི་འགྱུར་བའི་
གཏམ་མོ། །ཐེ་ཚོམ་གྱིས་ལམ་གཉིས་པ་དེ་ལ་འཇུག་པའི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སེར་སྣ་ཁོ་ན་དྲི་མ་ཡིན་ཏེ། དེས་ཟིལ་གྱིས་མནན་པ་དེའི་ཕྱིར་དྲུག་གིས་མགུ་བར་བྱ་བའི་ཆོས་ལས་ལྡོག་པ་ཡིན་ནོ། །སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་བསོད་སྙོམས་དང་དགོན་པ་པ་ལ་སོགས་པ་དྲི་མ་མེད་པའི་ཡོན་ཏན་ཡང་དག་པར་བླངས་པའོ། །བས་མཐའི་གནས་མལ་ནི་སྐྱེ་བོ་ལྷགས་པ་མེད་ཅིང་ཤིན་ཏུ་དབེན་པར་གྱུར་པའོ། །སྙིང་རྗེ་ཆེན་པོ་ལ་གོམས་པ་ནི་སྙིང་རྗེ་ཆེན་པོ་ལ་གོམས་པ་སྟེ། དེས་འཇུག་ཅིང་རྒྱུ་བའི་ཀུན་དུ་སྤྱོད་པའི་ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ལ་གོམས་པས་འཇུག་པའི་ཀུན་དུ་སྤྱོད་པ་ཅན་ནོ། །འགྲོ་བ་མ་ལུས་པའི་དྲོད་འཛིན་པ་སྟེ་བཅོམ་ལྡན་འདས་བླ་ན་མེད་པའི་མྱ་ངན་ལས་འདས་པ་དགེ་བའི་ཕྱོགས་ཉིད་དུ་མངོན་དུ་གཤེགས་པ་ཉིད་ཡིན་པའི་ཕྱིར་རོ། །སྟོབས་བཅུ་དང་ལྡན་པ་བཅོམ་ལྡན་འདས་ཀྱི་སྐུ་མི་རྟག་པ་ཉིད་ཀྱིས་གནོན་ཅིང་ཁྱབ་པ་དང་ཟིལ་གྱིས་གནོན་པའོ། །མི་ཤེས་པ་ཉིད་སེལ་བར་མཛད་པ་དེའི་ཕྱིར་ སེམས་ཅན་ཐམས་ཅད་སད་པར ་མཛད་པ་ཞེས་བསྟན་ཏོ། །མགོན་པོ་ནི་གཙོ་བོར་གྱུར་པའོ། །ལྷའི་དགྲ་ནི་ལྷ་མ་ཡིན་གྱི་དབང་པོའོ། །སུམ་ཅུའི་དབང་ཕྱུག་ནི་བརྒྱ་བྱིན་ནོ། །དཔག་བསམ་གྱི་ཤིང་ལྟ་བུ་ནི་བཅོམ་ལྡན་འདས་ཏེ། དེ་ལ་མངོན་པར་དད་པ་དག་ལ་མངོན་པར་འདོད་པའི་འབྲས་བུ་སྩོལ་བར་མཛད་པ་ཉིད་ཀྱི་ཕྱིར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ནི་མེ་ཏོག་དང་འདྲ་བ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དག་ནི་འབྲས་བུ་བཟང་པོའོ། །བསྐྱོད་པ་ནི་འཕངས་པའམ་གཡོས་པར་གྱུར་པའོ། །བློ་ལྡན་ཞེས་བྱ་བ་ནི་སྟོན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །བསྟན་མཆོག་ཅེས་བྱ་བ་ལ་སོགས་པ་ལ་འཕགས་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་འགའ་ཞིག་རབ་ཏུ་ཞི་བར་གྱུར་ཅིང་ཁ་ཅིག་འགྲོ་བར་གྱུར་པའོ། །གནས་ཤིང་གནས་པས་ཞེས་བྱ་བ་ནི་དམ་པའི་ཆོས་བསྡུས་ནས་མཛེས་པའི་རྣམ་པར་གནས་པས་གཞག་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་བླ་ན་མེད་པའི་ཡེ་ཤེས་སྒྲོན་མ་མཛད་པ་ཉིད་
ཀྱི་ཕྱིར་འགྲོ་བ་མ་ལུས་པའི་སྒྲོན་མ་ལྟ་བུ་ཡིན་པར་རིག་པར་བྱའོ། །མཆོག་ཏུ་ཞེས་བྱ་བ་ནི་ཡོན་ཏན་གཙོ་བོར་གྱུར་པའི་ཕྱིར་རོ། །ཆོས་གོས་རྣམ་གསུམ་ནི་དངོས་པོ་རྣམ་པ་གསུམ་མོ། །བསམ་པ་ཀུན་གྱིས་ཞེས་བྱ་བ་ནི་རྣམ་པ་ཀུན་ནས་ཉེས་པའི་རྣམ་པ་ཀུན་གྱིས་སོ། །ཆུ་བོའི་རྒྱུན་བཞིན་འབབ་པ་ཞེས་བྱ་བ་ནི་འཇིག་རྟེན་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་འཕགས་པ་བ་ལང་བདག་གིས་བྱིན་གྱིས་བརླབས་པ་ཁོ་ན་ལས་ཆུའི་རྒྱུན་གྱི་ཚིགས་སུ་བཅད་པ་ཐ་དད་པ་བརྗོད་པ་ཡིན་ནོ། །དུས་ངན་ཞེས་བྱ་བ་ལ་སོགས་པ་ལ་དུས་རྩོད་པའི་དུས་ཀྱི་ཉེས་པ་ཉམས་པ་ཉིད་དང༌། ཚུལ་མ་ཡིན་པ་ཉིད་དུ་གྱུར་པའི་ཕྱིར་རོ། །ལས་ནས་ནི་བདག་གིར་བྱེད་པ་དང་ལྡན་ཞེས་བྱ་བ་ལ་སྐྱེ་བོ་ལ་རག་ལས་པར་གྱུར་པའོ། །འགྲོ་བའི་མར་མེ་ནི་བཅོམ་ལྡན་འདས་ཡིན་ལ། ནུབ་པར་གྱུར་པ་ནི་ཞི་བར་གྱུར་པ་ཡིན་ནོ། །ཇི་ཞིག་བྱས་ནས་ཤེ་ན། འགྲོ་བ་ཀུན་འཇུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་སྟེ་སྲོག་ཆགས་ཀྱི་ཚོགས་འཇུག་ཅིང་འབྱུང་བའམ། རྣམ་པ་མཁྱེན་ནས་སོ། །འདུས་བྱས་ཕུང་པོ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཚོགས་སོ། །སྐད་ཅིག་མར་ཡང་འཇིག་ཅེས་བྱ་བ་ནི་མྱུར་དུ་འཇིག་པ་ཅན་ནོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཁོ་ན་ཕོངས་པ་ཡིན་ཏེ། དེ་དང་ལྡན་པར་གྱུར་པའོ། །བྱེད་དོ་ཞེས་བྱ་བ་ནི་རྟག་པ་སྟེ། རང་དབང་ཅན་ནང་ན་བྱེད་པའི་སྐྱེས་བུ་བདག་ཏུ་མངོན་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། བདག་ཅེས་བྱ་བ་ནི་ང་རྒྱལ་དེ་ལྟ་བུ་གང་ལ་ཡོད་པའི་སོ་སོའི་སྐྱེ་བོ་དེ་ནི་དོན་མེད་པ་ཅན་ཡིན་ནོ། །བག་ཡོད་བྱ་ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམ་པ་ལ་གཞོལ་བའི་ཤེས་ཀྱིས་གནས་པར་བྱ་བའོ། །བསོད་ནམས་རབ་ཏུ་བྱུང་བ་ནི་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་ནམ་ལུས་ལ་སོགས་པའི་ སེམས་ལེགས་པར ་སྤྱད་པའོ། །ཅིའི་ཕྱིར་དགེ་བའི་ཆོས་བསྒོམ་པ་ལ་གཞོལ་བར་བྱ་ཞེ་ན། འབྱུང་པོ་མང་པོ་ཞེས་བྱ་བ་ལ་སོགས་པ་ལ་སྨོས་ཏེ། འབྱུང་པོ་མང་པོ་སྲོག་ཆགས་ཀྱི་ཚོགས་སོང་བ་སྟེ། འགའ་ཞིག་འདས་པའི་གནས་སྐབས་ཐོབ་པར་གྱུར་པ་ན་འགའ་ཞིག་ཕྱིར་སོང་བར་གྱུར་པའོ། །གཡོ་ཞེས་བྱ་བ་ནི་དཔལ་གྱི་འབྱོར་པ་གཡོ་བར་གྱུར་པའོ། །བ་ལང་གི་བདག་པོ་ནི་བ་ལང་བདག་ཡིན་ལ། དེའི་ཕྱི་ནས་ཞེས་བྱ་བ་ནི་བཅོམ་ལྡན་
འདས་ཀྱི་སླད་བཞིན་མཆི་བའོ། །ཇི་ཞིག་བྱས་ནས་ཤེ་ན། ཐུབ་པ་འདི་ལ་སློབ་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། སློབ་མཆོག་ནི་བཅོམ་ལྡན་འདས་ཀྱི་སློབ་མ་ནི་འཕགས་པ་འོད་སྲུངས་ལ་སོགས་པའོ། །རང་གི་དགོས་པ་ཞེས་བྱ་བ་ནི་ཉོན་མོངས་པ་མ་ལུས་པ་སྤངས་པའོ། །རབ་ཏུ་མོས་པ་ནི་སློབ་མ་གཞན་དག་པས་ལྷག་པར་མོས་པའོ། །དེའི་མོས་པ་གང་གིས་ལྷག་པ་ཡིན་ཞེ་ན། བླ་མ་ལ་དད་ཅེས་བྱ་བ་སྨོས་ཏེ། བླ་མ་སྟེ་བཅོམ་ལྡན་འདས་དེའི་ཡུལ་ལ་དད་པ་དེས་སོ། །ཉེར་ཞི་ཞེས་བྱ་བ་ནི་ཉེ་བར་ཞི་བར་གྱུར་པའོ། །འཕགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ལེགས་པར་སྤྱོད་པའོ། །ཆོས་ཀྱི་མིག་ཅན་ནི་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་མགུར་ནས་གསུངས་པའི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་དང་འདྲ་བར་རོ། །བཅོམ་ལྡན་འདས་ཀྱིས་མ་ག་དྷཱར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཕྱིར་དེ་ལ་ཆོས་ཀྱི་སྐུ་མངོན་པར་བསྒྲུབས་ནས་ཞེས་བྱ་བ་སྨོས་སོ། །འཚོ་བའི་ཡོ་བྱད་ནི་དགེ་སློང་དང་མཐུན་པའི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཁྱད་པར་དུ་ཤེས་པས་ན་རྣམ་པར་ཤེས་པ་སྟེ། དཔེར་ན་མངོན་པར་འདོད་པའི་བྱ་བ་བྱེད་པའི་ཆོ་ག་ལ་མཁས་པ་ལྟ་བུ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པ་སྦྱིན་པར་བྱའོ། །ཇི་ལྟར་འདོད་པར་རྒྱལ་པོའི་ཁབ་ཏུ་འགྲོའོ་ཞེས་བྱ་བ་འདིས་ནི་འགྲོ་བ་དང་བཅས་པའི་འགྲོ་བ་བསྟན་ཏོ། །རྟག་ཏུ་མཉམ་པར་གཞག་པ་ཞེས་བྱ་བ་ནི་མི་བརྗེད་པའི་ཆོས་ཅན་ཡིན་པ་དེ་བས་ན་བྱ་བ་ལ་རྨོངས་པ་མེད་པ་ཡིན་ནོ། །རལ་པ་ནི་ཕྱོགས་ཀྱི་ཕྱོགས་གཅིག་རལ་བའི་ཕྱིར་རོ། །གས་པ་ནི་རྣམ་པར་རིང་པོར་སྦྱོར་བའི་ཕྱིར་གས་པ་སྟེ། རྩིག་པ་ལ་སོགས་པའི་དངོས་པོ་ཡིན་ནོ། །ཚེ་དང་ལྡན་པ་མ་འགགས་པ་དགོངས་ཤིག་ཅེས་བྱ་བ་ལ་སོགས་པ་ལ། འཕགས་པ་འོད་སྲུངས་ཆེན་པོ་བདག་ཉིད་ཀྱིས་མཁྱེན་བཞིན་དུ་འཕགས་པ་མ་འགགས་པ་ལ་བསྐུལ་བ་ནི་དབང་པོར་བསྟན་པའི་དོན་དུ་བྱས་པ་ཡིན་ནོ། །སྙིང་པོ་མེད་པ་ནི་མཆོག་མ་ཡིན་པའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་བསལ་བའི་ཕྱིར་དག་པའོ། །ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་གཙང་བའོ། །མི་སློབ་པའི་ལམ་དང་ལྡན་པའི་ཕྱིར་སྙིང་པོ་དང་ལྡན་པའོ། །
དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་སྟེ། འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་ཡིན་ནོ། །སྐྱོ་བ་ནི་ཚར་གཅོད་པའོ། །གནད་ལ་བསྣུན་པ་བཞིན་དུ་ཞེས་བྱ་བ་ནི་གནད་ལ་བསྣུན་པ་དང་འདྲ་བར་ སེམས་སྡུག་བསྔལ་དང་ལྡན་པར ་གྱུར་པའོ། །ཚུལ་ཁྲིམས་ཀྱིས་རྒུད་པ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །བདག་གིས་ཉེས་པར་བྱས་པ་མེད་དོ་ཞེས་བྱ་བ་ནི་བདག་གིས་ཉེས་པར་བྱས་པ་ཅུང་ཟད་ཙམ་ཡང་མེད་པའི་ཕྱིར་རོ། །ཚུལ་ཤིང་ལོང་ཤིག་ཅེས་བྱ་བ་ལ་གལ་ཏེ་ཁྱོད་ཉེས་པ་མེད་པ་ཡིན་ན་ཚུལ་ཤིང་དེ་ལོང་ཤིག་པའོ། །བདེན་པ་སྨྲ་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྨྲ་བའི་ངང་ཚུལ་ཅན་ནོ། །ཕན་པའི་བདེ་བའོ། །ལྟོས་པ་མེད་པར་སྨྲ་བ་ཞེས་བྱ་བ་ནི་ཞུམ་པ་མེད་པར་སྨྲ་བའི་ངང་ཚུལ་ཅན་ནོ། །ངོ་ཚ་མེད་པས་ནི་མ་ཡིན་ཞིང་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པའི་ངོ་ཚ་དང་བྲལ་བས་ནི་མ་ཡིན་ནོ། །རྣམ་པར་རྒལ་བས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསླབ་པ་ལ་གཡེལ་བའི་བསམ་པས་ནི་མ་ཡིན་ནོ། །ཆོས་ཀྱི་སྐུ་ལ་གནོད་པར་བྱེད་ཅིང་ཞེས་བྱ་བ་ལ་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་ཏེ། འཕགས་པའི་ལམ་གྱི་རང་བཞིན་ཡིན་ཏེ། བུད་མེད་ཀྱི་ཡུལ་ལ་རབ་ཏུ་བྱུང་བ་ལས་ཀྱང་ཚུལ་ཁྲིམས་འཆལ་བའི་རྒྱུའམ། ཡང་དང་ཡང་དུ་གོམས་པར་བྱེད་པས་ན་འཕགས་པའི་ལམ་དེ་ལ་གནོད་པ་ཉིད་དུ་འགྱུར་ཞིང༌། བུད་མེད་ཀྱི་ཡུལ་ཡོན་ཏན་གྱི་ཞིང་ཉམས་པར་བྱེད་པའི་སེར་བ་ལྟ་བུ་ཡིན་ནོ། །ལོ་སྟོང་ཚང་བར་གནས་པའི་ཚིག་ནི་དྲི་མ་ཐམས་ཅད་དང་བྲལ་བའི་གནས་སྐབས་སྟོན་པར་བྱེད་པ་དང༌། འཕགས་པའི་གང་ཟག་བརྒྱད་པོ་ཤིན་ཏུ་རྒྱས་པར་འགྱུར་བ་སྟོན་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ལྷག་མ་ཅུང་ཟད་ཙམ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཁྱད་པར་ཉུང་དུ་དང་ལྡན་པ་ཡིན་ནོ། །ཉེས་པ་ཆུང་བ་ཞེས་བྱ་བ་ནི་ཉོན་མོངས་པས་བྱས་པའི་ཉེས་པ་ཆུང་བའོ། །འདོད་ཆགས་ཆུང་བ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་དུ་སྤྱོད་པ་ཆུང་བ་ལས་འདིར་འདོད་ཆགས་ལ་སོགས་པ་དག་ཆུང་བ་ཡིན་པར་རིག་པར་བྱའི་སྤངས་པ་ཆུང་བ་ཉིད་ནི་མ་ཡིན་ནོ། །ཚུལ་ཤིང་ཞོག་ཤིག་ཅེས་བྱ་བ་ལ་བདག་ལ་ཉེས་པ་མེད་པའི་ཕྱིར་བདག་ཉིད་ཀྱིས་ཚུལ་ཤིང་བླངས་པ་ཡིན་ནོ། ད་ལྟར་ཁྱོད་ཉེས་པ་དང་བཅས་པ་དེའི་ཕྱིར་ཚུལ་ཤིང་ཞོག་ཤིག་གང་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་
སྤྱོས་ཏེ་ཞེས་བྱ་བ་འདི་ནི་འཆར་ཀའི་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཚུལ་ཁྲིམས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་སྟེ། དེ་ནི་ཡང་དང་ཡང་དུ་འདུ་ཤེས་རིག་པས་འགོག་པ་ལ་སྙོམས་པར་ཞུགས་པ་དང་ལྡང་བ་ནས་ཁམ་གྱི་རྣམ་པ་ཟ་བའི་ལྷ་ལས་ཤིན་ཏུ་འདས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ལྷ་གཞན་དུ་སྐྱེ་བར་འགྱུར་རོ། །དེ་དེར་ཡང་དང་ཡང་དུ་འདུ་ཤེས་རིག་པས་འགོག་པ་ལ་སྙོམས་པར་ཞུགས་པ་དང་ལྡན་པ་ནས་འཕགས་པ་འཆར་ཀས་འཕགས་པ་ཤཱ་རིའི་བུའི་ཚིག་ལན་གསུམ་གྱི་བར་དུ་ཁྱད་དུ་བསད་པའི་བར་དང་དེ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ནས་འཕགས་པ་ཤཱ་རིའི་བུས་ཡང་དེ་ཉིད་གསོལ་བ་དང་འཆར་ཀས་དེ་བཞིན་དུ་ཁྱད་དུ་བསད་དོ། །དེ་ནས་ཚེ་དང་ལྡན་ཤཱ་རིའི་བུ་ཅང་མི་སྨྲ་བར་འདུག་པ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་སྐྱེས་བུ་རྨོངས་པ་ཁྱོད་སྙིང་རྗེ་དང་ལྡན་དུ་ཟིན་ཀྱང་དགེ་སློང་གནས་བརྟན་ལ་རྩོད་པ་སྐྱེད་པར་བྱེད་ཅེས་བྱ་བའི་སྐབས་དེ་ལ་ཀུན་དགའ་བོས་འཕགས་པ་དཔེ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དཔེ་ཅན་འདིར་སྨྲས་པ། དེ་ནི་གཞན་གྱིས་བྱས་པ་གང་ཡིན་པ་དེ་ལ་གཞན་དུ་སྨྲས་པ་དེ་བས་ན་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །རྐང་པས་བརྫིས་སོ་ཞེས་བྱ་བ་ནི་ཐ་ག་པས་ཕུལ་བའི་གོས་ཟུང་ལའོ། །བུད་མེད་ཀྱི་ཡུལ་ལ་གསང་བའི་མཛོད་ཀྱི་སྦུབས་སུ་ནུབ་པ་བསྟན་ཏོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་གནས་སྐབས་གྱད་ཀྱི་བུ་མོ་དག་ལ་བསྟན་ཏོ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་བུད་མེད་ཀྱི་ཡུལ་ལ་བསྟན་ནས་ཞེས་བྱ་བ་ནི་འདི་ལ་ཡང་ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་དེ་ཉིད་གྱད་ཀྱི་བུ་མོ་དག་ལ་བསྟན་ཏོ་ཞེས་བརྗོད་དོ། །སྐྱབས་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པ་མེད་པའི་ཕྱིར་སྐྱབས་མེད་པའོ། །ཆོས་དང་ལྡན་པའི་གནས་མེད་པའི་ཕྱིར་གནས་མེད་པའོ། །ཐེ་ཚོམ་གཅོད་པར་བྱེད་པ་བླ་ན་མེད་པའི་ཕྱིར་སྣང་བ་མེད་པའོ། །ཆད་པས་གཅད་པ་ཞེས་བྱ་བ་ནི་ཆད་པས་གཅད་པའམ། ཆད་གཅད་པར་བྱ་བ་ལ་བདག་ཅག་གི་བསྟན་པའི་ལས་སུ་བྱ་བ་ལ་འཇུག་པར་བྱའོ། །རབ་ཏུ་སྦྱོར་ཞེས་བྱ་བ་ནི་ལམ་
བསྒོམ་པའི་བྱ་བ་བྱེད་པའོ། །ཤིང་དྲུང་ཞེས་བྱ་བ་ལ་སོགས་པ་ལ་ཤིང་དྲུང་ངམ་ཐིབས་པོ་དང་བཅས་པའི་ས་ཕྱོགས་སུ་ཡང་དག་ པར་གནས་པས་སོ། །མྱ་ངན་ལས་འདས་པའི་སེམས ་ལས་བསྐྱེད་པ་ནི་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་སྒོ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་ སེམས་བསྐྱེད་པའམ་མངོན་སུམ་དུ་བྱའོ། །བག་མེད་མ་མཛད་ཅེས་བྱ་བ་ནི་མཆོག་ཏུ་བག་མེད་པར ་མ་གྱུར་ཅིག་པའོ། །གཽ་ཏ་མ་ཞེས་བྱ་བ་ནི་རིགས་ཀྱི་མིང་ལས་འབོད་པའོ། །བསྒོམས་ཞེས་བྱ་བ་ནི་ཉོན་མོངས་པའི་ལྷག་མ་སྤང་བར་བྱ་བའི་ཕྱིར་བརྩོན་པར་བྱེད་པའོ། །ཞི་བའི་གོ་འཕང་ལ་རེག་གྱུར། །ཞེས་བྱ་བ་ནི་མི་སློབ་པའི་ཡེ་ཤེས་ཀྱིས་བདེན་པ་བཞིའི་གོ་འཕང་མཐོང་བར་འགྱུར་བའོ། །འདོད་པའི་རྣམ་ པར་རྟོག་པ་ལ་སོགས་པས་སེམས ་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རང་གི་བྱ་བ་བྱེད་པའི་ངང་ཚུལ་ཅན་གྱི་དྲན་པ་ཉུང་ཟད་ཀྱང་མེད་པ་དེའི་ཕྱིར་དྲན་པ་ཉམས་པ་ཞེས་བྱའོ། །སྔ་ཕྱི་དྲན་པའི་དུས་དང་བྲལ་བ་སྲིད་པའི་རྒྱུད་དེ། སེམས་ཀྱི་རྒྱུད་གང་ལ་ཡོད་པ་དེ་ནི་སྲིད་པའི་རྒྱུད་ཅན་གྱི་ཞེས་བྱའོ། །སེང་གེའི་ཁྲིའི་སྟེང་དུ་སྣམ་སྦྱར་བཏིང་བ་ནི་བཅོམ་ལྡན་འདས་དང་མདོ་སྡེའི་སྡེ་སྣོད་སྨྲ་བ་པོ་དེ་ལ་མཆོད་པར་བྱ་བའི་ཕྱིར་རོ། །མི་གཡོ་བ་ནི་མི་ལྡེག་པ་སྟེ། རྒྱ་མཚོ་ཟབ་མོ་ཡང་ཡིན་ལ་མི་གཡོ་བ་ཡང་དེ་ཡིན་པས་ན་རྒྱ་མཚོ་ཟབ་མོ་མི་གཡོ་བ་ལྟ་བུའི་འཁོར་རྣམས་ཡིན་ལ། འདིར་ཡོན་ཏན་གྱི་སྒོ་ནས་ཟབ་པ་ཉིད་ཡིན་པར་རིག་པར་བྱའོ། །ཆོས་འཇིག་རྟེན་གསུམ་གྱིས་མཆོད་ཅིང་རྗེད་ཅེས་བྱ་བ་ལ་འཇིག་རྟེན་གསུམ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་འཇིག་རྟེན་ནམ་མི་དང་འདོད་པ་ན་སྤྱོད་པ་དང༌། །གཟུགས་ན་སྤྱོད་པའི་ལྷ་ཉིད་དམ། མི་དང་ཀླུ་དང་ལྷའི་འཇིག་རྟེན་དག་ཡིན་ནོ། །ཁྱེད་རྣམས་ཞེས་བྱ་བ་ནི་ཁྱེད་རྣམས་ཀྱི་ནང་ནས་གང་གུས་པར་ཉན་པ་དེ་དག་བསམས་ཤིང་མངོན་པར་འདོད་པའི་བདེ་བར་འགྱུར་རོ། །ཤིན་ཏུ་བདེ་བ་ཉིད་ཀྱི་ཕྱིར་འཁོར་བ་ལས་སྙིང་པོའི་མཆོག་ཅེས་བསྟན་ཏོ། །རྟག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་བདེ་བ་ཉིད་ཡིན་པའི་ཕྱིར་བརྟན་པ་སྟེ། གཅིག་ཏུ་བརྟེན་ཅིང་གསལ་བའོ། །བཅོམ་ལྡན་འདས་ཀྱི་ཡུལ་ལ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པ་སྟེ། དེས་སྒྲིབ་པ་དང་བྲལ་བའི་ཡིད་རབ་
ཏུ་སད་པ་གང་ལ་ཡོད་པ་དེ་ནི་ཡིད་སད་པར་བྱེད་པ་ཅན་ནོ། །ཁྱབ་པ་ནི་ཕྱོགས་རྣམ་པར་ཁྱབ་པར་བྱེད་པའི་ངང་ཚུལ་ཅན་ནོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་ཅེས་བྱ་བ་ནི་འཕགས་པ་ཀུན་དགའ་བོས་མདོ་སྡེ་དེ་ནི་འདི་སྐད་དུ་ཡིན་གྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་པའི་གོ་རིམས་དང་བདག་གིས་ཐོས་པའི་གོ་རིམས་གང་ཡིན་པ་དེ་ཉིད་ཀྱིས་ད་ལྟར་སྟོན་པར་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །བདག་གིས་ཞེས་བྱ་བ་ནི་མངོན་སུམ་དུ་བཟུང་བ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱི་ཐད་དང༌། བདེ་བར་གཤེགས་པའི་ཞལ་ནས་ཞེས་མངོན་སུམ་དུ་ཐོས་པ་དང་ལྡན་པའི་དགེ་སློང་དག་ལས་མངོན་སུམ་དུ་གཟུང་བ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ཀུན་དགའ་བོས་ཚེ་དང་ལྡན་པ་དག་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཆ་ཤས་དང་བཅས་པ་བཅོམ་ལྡན་འདས་ཀྱི་ཐད་ལས་མངོན་དུ་གཟུང་བ་དང༌། གཉིས་པ་དགེ་སློང་དག་ལས་ཞེས་བསྟན་པ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་བྱ་བ་ཙམ་གྱི་སྒོ་ནས་མདོ་སྡེ་འཛིན་པར་ནུས་པ་སྟོན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་གྲངས་གཅིག་ཏུ་འཆད་པའི་འདུས་སྟོན་པར་བྱེད་པ་སྟེ། གཅིག་ཏུ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་སྔ་མ་བཞིན་ནོ། །གཟིར་བ་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་མཚོན་ཆ་ལ་སོགས་པས་ལུས་ལ་བསྣུན་པར་གྱུར་པའོ། །རྨ་བྱུང་བ་ནི་རྣམ་པར་བསྣུན་པའོ། །ངན་དུ་བརྗོད་པའི་སྦྱོར་བ་ཞེས་བྱ་བ་ནི་འཁོར་བ་ངན་པ་ཞེས་བྱ་བ་དེ་སྐད་དུ་སྟོན་པར་བྱེད་པའི་ཚིག་བརྗོད་པའི་ཕྱིར་འཇུག་པའི་ཚིག་དེ་ཉིད་ནི་བརྗོད་པ་ཡིན་པ་དེའི་ཕྱིར་དུ་བའི་སྒྲ་མི་སྙན་པ་མཐོན་པོ་འབྱིན་པར་བྱེད་པའོ། །ཁྱད་པར་མེད་ཅེས་བྱ་བ་ནི་བདག་གིས་ཡོན་ཏན་ཁྱད་པར་དུ་འཕགས་པ་འདི་ལ་དེ་དག་སྡང་བར་མི་བྱའོ་སྙམ་པའི་ལྟོས་པ་དང་བྲལ་བའོ། །བླ་ན་མེད་པའི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་གཞི་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ནི་རིན་ཆེན་གཏེར་ཡིན་ནོ། །ཡོན་ཏན་རྒྱ་མཚོ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ཡོན་ཏན་གྱི་རྒྱ་མཚོའོ། །སྡུག་བསྔལ་འཕགས་པའི་བདེན་པ་འདི་ནི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །མི་ལྷ་ལྷ་མིན་ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་དང་བླ་ན་
མེད་པའི་ཕན་གདགས་པས་འཇིག་རྟེན་དགའ་བར་མཛད་པའི་ཕྱིར་བཅོམ་ལྡན་འདས་མི་ལ་སོགས་པའི་རྒྱལ་པོ་ཡིན་ཏེ་དེའོ། །ཞི་བར་གཤེགས་ཞེས་བྱ་བ་ལ་སོགས་པ་ལ་ཅི་འཚོ་བར་འགྱུར་བའམ། འོན་ཏེ་འཚེ་བ་མེད་པར་དགོས་པ་བསྒྲུབས་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་བཅོམ་ལྡན་འདས་རབ་ཏུ་ཞུགས་པ་ཡིན་ནོ། །ཞི་བ་ནི་ཞི་བ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་ཞུགས་པའོ། །ཐམས་ཅད་མཁྱེན་པས་སྟོང་པ་ཞེས་བྱ་བ་ནི་སྐྱེ་བོ་མ་ལུས་པ་མཁྱེན་པའི་སྟོན་པས་སྟོང་པ་མཐོང་ན་རྨོངས་པ་འཚོ་བ་ལ་བརྟན་པར་བྱེད་པ་འགའ་ཞིག་སྙིང་པོའི་འདུ་ཤེས་ཉེ་བར་འཇོག་པར་འགྱུར་རོ། །འདི་ལྟར་དངོས་པོ་ཆེ་གེ་མོ་ཞིག་བདག་གིས་ཤེས་ པར་བྱའོ་སྙམ་པའི་སྨོན་པའི་སེམས ་བཞག་ནས་དོན་དེ་ཤེས་པ་ནི་སྨོན་ལམ་གྱི་ཡེ་ཤེས་ཡིན་ནོ། །དགག་པ་ནི་མངོན་སུམ་དུ་ཟློག་པའོ། །ཕྱིར་གཤེ་བ་ནི་ལྐོག་ཏུ་གྱུར་པའི་སྐྱོན་ནོ། །མི་མཐུན་པའི་སྨྲ་བ་ནི་བཟློག་པ་མེད་པའམ། བཟློག་པའི་དོན་དུ་སྟོན་པའོ། །འདི་ནི་ཆོས་སོ་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །འདུལ་བ་ནི་ཉོན་མོངས་བ་སྤང་བའི་ཐབས་སུ་གྱུར་པའོ། །སྟོན་པའི་བསྟན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའ་སྟེ། སྤོང་བར་བྱེད་པ་རིགས་ཀྱི་མན་ངག་སྟོན་པའོ། །རབ་ཏུ་གསལ་བ་ཞེས་བྱ་བ་ནི་འཇིགས་པ་མེད་པ་ཉིད་ཀྱི་ཕྱིར་དབྱངས་ཞུམ་པ་མེད་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུར་གྱུར་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་གྱི་སྒྲས་བསྟན་པ་ཡིན་ནོ། །འཕགས་པ་རྣམས་ལ་བདེན་པ་ནི་འཕགས་པའི་བདེན་པ་སྟེ། འཕགས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གཟིགས་པའི་ཕྱིར་རོ། །རྒྱུར་གྱུར་བའི་ཕུང་པོ་ལྔ་ནི་ཀུན་འབྱུང་ཡིན་ཏེ། འདི་ལ་སྡུག་བསྔལ་འབྱུང་བས་ན་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྡུག་བསྔལ་འགོག་པས་ན་འགོག་པའི་བདེན་པའོ། །འགོག་པར་འགྲོ་བར་བྱེད་ཅིང་ཐོབ་པར་བྱེད་པའི་ཕྱིར་འགོག་པར་འགྲོ་བའི་ལམ་སྟེ། ལམ་གྱི་བདེན་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཉིད་དུ་བསྟན་ཏོ། །སྲིད་པ་ནི་ཆགས་པའི་མཚན་ཉིད་ཡིན་ལ། ཡང་སྲིད་དང་རྗེས་སུ་མཐུན་པའི་ནི་ཡང་སྲིད་པ་ཅན་ནོ། །དེ་མ་ཐག་པའི་སྐྱེ་བོ་ལ་མངོན་པར་དགའ་ཞིང་མངོན་པ་འདོད་
པའི་ཕྱིར་དགའ་བའི་འདོད་ཆགས་དང་ལྡན་པའོ། །ཡུལ་ཐམས་ཅད་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ནི་དེ་དང་དེར་མངོན་པར་དགའ་བ་ཅན་ནོ། །མ་ལུས་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལ་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔ་ལ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་མ་ལུས་པར་སྤངས་པ་ཞེས་བྱ་བར་བསྟན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཚིགས་ལན་ཅིག་སྤངས་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་རྣམ་པར་བཏང་བ་ཞེས་བྱ་སྟེ། དེ་ཡང་སྤང་བར་བྱ་བ་མི་སྲིད་པས་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་འབྲས་བུ་གང་ཡིན་པ་དེ་ནི་སྤངས་པའི་དངོས་པོ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྒྱ་ཆེ་བ་ཤིན་ཏུ་སྨད་པར་བྱ་བ་སློབ་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཟད་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་སྟེ། དེ་ཐོབ་བར་གྱུར་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་འོང་བའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འགོག་པ་ཡིན་ཏེ། ཡང་འདོད་པའི་ཁམས་སུ་འོང་བའི་འཆིང་བའི་རྒྱུ་མེད་པའི་ཕྱིར་རླུང་གི་ཆུ་འགོག་པ་ལྟ་བུའོ། །དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཡིན་པ་དེ་ནི་རྣམ་པར་ཞི་བ་སྟེ། ཉེས་པ་མ་ལུས་པ་སྤངས་པ་གཅིག་ཏུ་ཞི་བ་དང་ཐག་ཉེ་བར་གནས་པ་ཉིད་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པའི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ནུབ་པ་ཡིན་ཏེ། དེ་ཐོབ་པ་ན་ཀུན་དུ་སྦྱོར་བ་དང་འཆིང་བ་དང༌། ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་ཐམས་ཅད་ནུབ་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་ལམ་གྱི་ཡན་ལག་ཟག་པ་མེད་པ་ཉིད་ཀྱི་ཕྱིར་ཡང་དག་པ་ཉིད་ཡིན་ནོ། །ཐབས་མ་ཡིན་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་ལྷག་མར་མ་བྱས་པ་ཉིད་ཀྱི་ཕྱིར་འདིས་ལྷག་མ་མེད་པར་སྤངས་པ་བརྗོད་པ་ཡིན་ནོ། །དགེ་སློང་དག་གཟུགས་བདག་མ་ཡིན་ཞེས་
བྱ་བ་ལ་སོགས་པ་ལ་བདག་མ་ཡིན་ཞེས་བྱ་བ་ནི་རང་དབང་མ་ཡིན་ཞིང་གཙོ་བོ་མ་ཡིན་ཞེས་བྱ་བའི་དོན་ཡིན་ཏེ། གལ་ཏེ་དེ་རང་དབང་དུ་གྱུར་པ་ཡིན་ན་ནི་གནོད་པའམ་གདུང་བའི་དོན་དང་གདུང་བའི་རྒྱུ་མཚན་དུ་མི་འགྱུར་ལ། གང་གི་ཕྱིར་འགའ་ཞིག་རང་དབང་གི་བློ་དང་ལྡན་པའི་བདག་ཉིད་ལ་གནོད་པའི་ཕྱིར་བརྩོན་པར་མི་བྱེད་དོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་མཚན་ཏེ། ཕྱི་རོལ་གྱི་སྡུག་བསྔལ་མངོན་སུམ་དུ་བསྐྱེད་པའི་ཕྱིར་རོ། །ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་ཐོབ་པར་བྱེད་ནུས་པར་འགྱུར་བའོ། །གཟུགས་ལ་ཞེས་བྱ་བ་ནི་གཟུགས་དང་འབྲེལ་པ་འདི་ཐོབ་པའོ། །འདི་ལྟ་བུར་ཞེས་བྱ་བ་ནི་མཛེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའམ། བདེ་བ་སྐྱེད་པར་བྱེད་པའོ། །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བ་ནི་ཡིད་དུ་མི་འོང་བའི་ཉེས་པ་མི་བཟད་པའམ་སྡུག་བསྔལ་སྐྱེད་པར་བྱེད་པའོ། །བདག་རང་རྒྱུད་ཉིད་ཡིན་པའི་ཕྱིར་རང་རྒྱུད་དུ་ཤེས་པ་ཡིན་ན་བདག་ཉིད་ཀྱིས་ཉེས་པ་བཟོད་པར་མི་འགྱུར་ཏེ། གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་རྣམ་པ་ཇི་སྲིད་དུ་ལས་ཀྱིས་འཕངས་པར་གྱུར་པའི་རྣམ་པ་དེ་སྲིད་དུ་རྗེས་སུ་འཇུག་ པར་འགྱུར་རོ། །དགེ་སློང་དག་ཇི་སྙམ་དུ་སེམས ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཤད་པ་ནི་མངལ་དུ་འཇུག་པའི་མདོའི་རྣམ་པར་བཤད་པ་ལས་ལེགས་པར་རྣམ་པར་ཕྱེ་བའི་ཕྱིར་ཡང་འདིར་རྣམ་པར་དབྱེ་བར་མི་བྱའོ། །འཇིག་རྟེན་ཅུང་ཟད་ཀྱང་ཉེ་བར་ལེན་པ་མེད་ཅེས་བྱ་བ་ནི་འཇིག་རྟེན་པ་དངོས་པོ་ཅུང་ཟད་ཁས་མི་ལེན་ཅིང་བདག་ཉིད་དུ་འཛིན་པ་མེད་དོ། །ཡོངས་སུ་གདུང་བ་མེད་ཅེས་བྱ་བ་ནི་ཡོངས་སུ་གདུང་བར་མི་བྱེད་པ་སྟེ། མངོན་པར་འདོད་པའི་དོན་གྲུབ་པར་མ་གྱུར་པ་ལས་ཡིད་མི་བདེ་བ་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ནི་འདིར་ཡོངས་སུ་གདུང་བ་ཡིན་ལ། དེ་ཡང་དངོས་པོ་ཐམས་ཅད་བདག་མེད་པ་ཉིད་དུ་བཟུང་བའི་ཕྱིར་དངོས་པོ་འགའ་ཞིག་ལ་ཡང་ཆགས་པ་མི་སྐྱེ་ལ། ཆགས་པ་མེད་པའི་ཕྱིར་ཡོངས་སུ་གདུང་བར་ཡང་མི་འགྱུར་རོ། །དེ་བས་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་ནི་རང་རིག་པས་མངོན་སུམ་དུ་མཐོང་བར་གྱུར་པའོ། །རྣམ་པ་གང་ཞིག་ཅེ་ན། བདག་གི་སྐྱེ་བ་ནི་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྣམ་པར་བཤད་པ་ཡང་སྔ་མ་བཞིན་ནོ། །འདུལ་བའི་གླེང་གཞི་ཞེས་བྱ་བ་ལ་སོགས་པ་ལ་
གླེང་གཞི་ནི་ཡུལ་འགའ་ཞིག་ཏུ་བསླབ་པའི་གཞི་འདི་འབྱུང་བའོ། །འབྱུང་བ་ནི་ཉོན་མོངས་པ་ལ་སོགས་པ་ངེས་པའི་སྐབས་སོ། །ཤ་མ་ཐབས་ནི་འོག་ཏུ་བགོ་བ་ཡིན་ལ་མཐོ་བ་དང་དམའ་བ་ཀུན་ནས་སྤངས་པ་ཉིད་ཀྱི་ཕྱིར་ཟླུམ་པ་ནི་ཡོངས་སུ་ཟླུམ་པའོ། །ཆོས་གོས་ནི་སྟོད་དུ་བགོ་བའོ། །འདི་ནི་བཅས་པའོ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པའི་གཞི་རྣམ་པར་གཞག་པ་ནི་བཅས་པ་ཡིན་ནོ། །བཅས་པ་སྨོས་པས་དགེ་སློང་འདི་ཙམ་གྱི་མདུན་དུ་ཉེས་པ་སྤོམ་པོ་བཤགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་བསྡུས་པ་ཡིན་ནོ། །སྔོན་རྗེས་སུ་གནང་བའི་དངོས་པོ་གང་ཡིན་པ་བཀག་པ་དང༌། གང་སྔོན་བཀག་པ་ཡང་རྗེས་སུ་གནང་བ་ཡང་རྗེས་སུ་བཅས་པ་ཡིན་ཏེ། དཔེན་ན་མཆིལ་ལྷམ་རྗེས་སུ་གནང་བ་མཛད་ནས་དེ་ཉིད་ཀྱི་བྱེ་བྲག་བཀག་པ་མཛད་དེ། ཐུག་ཐུག་ཟེར་བ་དང༌། ཐྲིག་ཐྲིག་ཟེར་བ་བཅང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་གནང་བ་དེ་དག་ཡང་བཀག་པ་ཡིན་ལ། བཀག་པ་ཡང་རྗེས་སུ་གནང་བ་ནི་དཔེར་ན་དུས་མ་ཡིན་པའི་ཟས་སྔར་བཀག་པ་ལས་ནད་པ་ལ་ཡང་རྗེས་སུ་གནང་བ་མཛད་པ་འདི་ཡང་རྗེས་སུ་གནང་བ་ཡིན་པ་ལྟ་བུའོ། །རྣམ་པ་ཐམས་ཅད་དུ་དངོས་པོ་ནི་སྲོག་ལ་ཐུག་ཀྱང་མི་བྱའོ་ཞེས་བྱ་བ་ནི་དགག་པ་ཡིན་ཏེ། དཔེར་ན་ང་ལ་སྟོན་པར་འཛིན་པ་དག་གིས་ཐ་ན་ཆང་རྩྭའི་མཆོག་མས་ཀྱང་བཏུང་བར་མི་བྱ་ཞིང་སྦྱིན་པར་མི་བྱ་བ་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་གཅིག་ཏུ་བྱ་བ་མ་ཡིན་པ་ཉིད་དུ་གསུངས་པ་ལྟ་བུའོ། །གང་བྱ་བ་འགའ་ཞིག་ལ་འདོད་པས་འཇུག་པའི་ཡུལ་རྗེས་སུ་གནང་བ་ཡང་བྱ་བ་མ་ཡིན་པ་འམ། བྱ་བའི་ཉེས་བྱས་ཞེས་བྱ་བའི་ཉེས་པ་འབྱུང་བ་མ་ཡིན་ཏེ། དཔེར་ན་ཕྱིར་རྒོལ་བ་ཚར་གཅད་པར་བྱ་བའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་བཀླག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཟབ་མོའི་དོན་ཁོང་དུ་ཆུད་པའི་ནུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཤེས་རབ་ཞན་པ་སྟེ། ཤེས་བྱའི་དངོས་པོ་ཕྱི་རོལ་ན་ཡོད་པའི་ཤེས་རབ་གང་ལ་ཡོད་པ་དེ་དག་ནི་ཤེས་རབ་ཞན་པ་ཅན་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །དོན་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཡི་གེ་ཙམ་གྱི་རྗེས་སུ་འབྲང་བ་ཞེས་སྨོས་སོ། །དོན་ཟབ་མོ་ལ་མོས་པ་ཞེས་
བྱ་བ་ནི་དོན་ཟབ་མོ་ཁོང་དུ་ཆུད་པར་འདོད་པ་དང་བཅས་པའོ། །མ་ལྟ་བུ་ནི་ཆོས་མངོན་པ་སྟེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་དོན་འཆད་པའི་སྒོ་ནས་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྲུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མདོ་སྡེ་དང་འདུལ་བ་ནི་དོན་གྱི་སྒོ་ནས་ཆོས་མངོན་པར་ཡང་དག་པར་འདུས་པ་དེ་ཉིད་ཀྱི་ཕྱིར་དེ་བསྡུས་པས་མདོ་སྡེ་དང་འདུལ་བའི་དོན་ཡང་དག་པར་བསྡུས་པར་འགྱུར་རོ། །ཤེས་བྱའི་མཚན་ཉིད་ཅེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པས་ན་ཤེས་བྱ་ཡིན་ལ། དེ་ཉིད་མཚན་ཉིད་ཡིན་པ་དེ་བས་ན་ཆོས་མངོན་པར་རབ་ཏུ་བསྒྲགས་པ་སྟེ། རབ་ཏུ་གསལ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ །མདོ་སྡེ་ནི་དགོངས་པ་སྟོན་པ་ཡིན་ལ། འདུལ་བ་ནི་འབྱུང་བ་སྟོན་པ་ཡིན་ཏེ། དགོངས་པ་ནི་བསམས་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞིན་ནི་ལུས་དང་ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར ་སྤོང་བ་བཞི་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད། བརྩོན་འགྲུས་རྩོམ་ པར་བྱེད། སེམས ་རབ་ཏུ་འཛིན་པར་བྱེད་དོ། །སྐྱེས་པ་རྣམས་ཕྱིར་དབྱུང་བར་བྱ་བའི་ཕྱིར་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་དང༌། སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། བརྩོན་འགྲུས་རྩོམ་ པར་བྱེད། སེམས ་རབ་ཏུ་འཛིན་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང༌། སེམས་ཀྱི་ཏིང་ངེ་འཛིན་དང༌། དཔྱོད་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཅེས་བྱའོ། །དེ་དག་ཁོ་ན་གནས་སྐབས་གཞན་ཐོབ་པར་གྱུར་པ་ལ་སྟོབས་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་
འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་ཞེས་བྱའོ། །དགེ་སྦྱོང་གི་འབྲས་བུ་བཞི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ། །ཆོས་ཀྱི་གནས་བཞི་ནི་བརྣབ་སེམས་མེད་པའི་ཆོས་ཀྱི་གནས་དང༌། གནོད་སེམས་མེད་པ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཆོས་ཀྱི་གནས་སོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་འགའ་ཞིག་གིས་ སེམས་ཅན་ཉོན་མོངས་པ་ལས་བྱུང་བ་སྡུག་བསྔལ་བ་དང་བདག་ཉིད་མཆོད་པར ་བྱ་བའི་བྱེ་བྲག་ཏུ་ཤེས་ནས་གཞན་དག་གིས་དེ་ལ་དམིགས་པའི་ཉོན་མོངས་པ་སྐྱེས་པ་ཡོངས་སུ་སྤང་བར་འདོད་པས་དེ་དང་འདྲ་བའི་ཡེ་ཤེས་བསྐྱེད་པ་གང་གིས་རྣམ་པ་ཐམས་ཅད་དུ་ཕ་རོལ་པོ་དག་ལ་ཉོན་མོངས་པ་སྐྱེད་པར་མི་བྱེད་དོ། །ཉོན་མོངས་པ་ཡང་ཀུན་ནས་ཉོན་མོངས་པ་ཡིན་ཏེ། རང་དང་གཞན་གྱི་རྒྱུད་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་ཡེ་ཤེས་ལ་སོགས་པ་ནས་ལྷག་མཐོང་གི་མཐར་ཐུག་པ་ནི་ཡོན་ཏན་གྱི་ཁྱད་པར་ཡིན་ནོ། །ཡང་དག་པར་བསྡུས་པའི་རྣམ་གྲངས་དང་ཆོས་ཀྱི་ཕུང་པོ་དང༌། བཏགས་པ་ནི་བསྟན་བཅོས་ཀྱི་རང་བཞིན་ནོ། །སྡེ་སྣོད་ནི་ཕུང་པོ་ཡིན་ནོ། །ཀྱེ་ཞེས་བྱ་བ་ནི་སྤྱིར་བོད་པ་སྟེ། འདི་ལྟར་ཀྱེ་འཇིག་རྟེན་སྐྱོང་བ། ཀྱེ་ལྷ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆོས་ཀྱི་བསྟན་བཅོས་བསྡུས་ཤིང་རྗེས་སུ་མཐུན་པའི་ཚིག་དང༌། ཡི་གེའི་སྒོ་ནས་གཞག་པ་ཅིའི་ཕྱིར་ཞེ་ན། འགྲོ་ལ་ཕན་ཕྱིར་ཞེས་སྨོས་པ་ཡིན་ནོ། །དེ་དག་གང་གིས་གསུངས་པ་ཡིན་ཞེ་ན། སྨྲས་པ། སྟོབས་བཅུའི་བཀའ་སྟེ། བཅོམ་ལྡན་འདས་སྟོབས་བཅུས་གསུངས་པ་ཡིན་ནོ། ། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་འདོགས་པར ་མཛད་པའི་ཕྱིར་དང༌། དུབ་པ་དཔག་ཏུ་མེད་པ་ཐུགས་སུ་ཆུད་པ་ཉིད་ཀྱི་ཕྱིར་དང༌། དོན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ཚད་མེད་པ་ཞེས་བསྟན་ཏོ། །གང་གིས་འཇིག་རྟེན་
ཞེས་བྱ་བ་ལ་སོགས་པ་ལ། བཀའ་གང་གིས་འཇིག་རྟེན་ཡང་དག་པར་སྦྱོང་ཞིང་རྒྱུན་གྱིས་འཇོག་པས་ན་སྒྲོན་མའོ། །སྒྲོན་མ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། བློའི་རབ་རིབ་སེལ་བ་སྟེ། བློ་ནི་ཤེས་རབ་ཡིན་ལ། དེའི་རབ་རིབ་ནི་མི་ཤེས་པ་ཡིན་ཏེ། དེ་འཇོམས་པར་བྱེད་ཅིང་འཇིག་པར་བྱེད་པའི་ཕྱིར་རབ་རིབ་སེལ་བའོ། །འཇིག་རྟེན་ཁྱད་པར་ཇི་ལྟ་བུ་ཞེ་ན། བློ་ངན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨད་པའི་བློ་ནི་ངན་ནམ་ལོག་པའི་ཤེས་པའམ། མི་ཤེས་པ་ཁོ་ན་བློ་ངན་ཡིན་ནོ། །བློ་ངན་ཁོ་ནའི་མུན་པ་ཆེན་པོ་ནི། བློ་ངན་མུན་པ་ཆེན་པོ་སྟེ། མུན་པ་ཆེན་པོ་དེར་འཇིག་རྟེན་ཉམས་ཤིང་འཁོར་བའི་འཇིག་རྟེན་དེའོ། །ཇི་སྲིད་དུ་འཕངས་པ་ཞེས་བྱ་བ་ནི་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཀྱིས་འཕངས་པ་དེའི་སྟོབས་ཀྱིས་དུས་དེ་སྲིད་ཁོ་ནར་གནས་པར་འགྱུར་བའོ། །ཇི་སྐད་དུ་བཀའ་སྩལ་པ་ཞེས་བྱ་བ་ནི་ངའི་བསྟན་པ་ལོ་སྟོང་རྨ་མེད་པར་གནས་པར་འགྱུར་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དུས་དེ་སྲིད་དུ་ཁོ་ནར་གནས་པར་འགྱུར་རོ་ཞེས་བཀའ་སྩལ་བའོ། །བཀའ་ལུང་བསྟན་པ་ཞེས་བྱ་བ་ལ་བཀའ་ལུང་ནི་ལུང་སྩལ་བ་ཡིན་ལ། བཀའ་ལུང་བསྟན་པ་ནི་བཀའ་ལུང་བསྟན་པའོ། །ང་ཡོངས་སུ་མྱ་ངན་ལས་འདས་ནས་ཁྱོད་ཀྱིས་བསྟན་པ་བསྡུ་བ་གྱིས་ཤིག་ཅེས་བྱ་བ་དེ་ནི་བདག་གིས་ཅི་ནུས་སུ་བྱས་པ་ཡིན་ནོ། །མཛའ་བོ་བཞིན་དུ་ཡོངས་སུ་སྤྱོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པའོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱིས་སོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པའི་ཀུན་དུ་སྤྱོད་པས་སོ། །གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ནི་ལམ་གཅིག་ཏུ་ཞུགས་པའི་དགེ་སློང་དག་གོ །བླ་མའི་བཀའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའོ། །ཆོས་ཀྱི་ལམ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱི་ལམ་མམ་གོ་རིམས་ཡིན་ནོ། །གཅིག་ནས་གཅིག་ཏུ་ཞེས་བྱ་བ་ནི་ཕན་ཚུན་བརྗོད་པའི་སྒོ་ནས་སོ། །ངོ་ཚ་མེད་པ་ནི་ཚུལ་ཁྲིམས་འཆལ་པ་ཡིན་པར་རིག་པར་བྱའོ། །ངོ་ཚ་ཅན་ནི་བསླབ་པ་འདོད་པའོ། །ཕན་གདགས་པ་ནི་རྗེས་སུ་བཟུང་བ་འམ་བསྡུས་པའོ། །བདག་
ལ་ཕན་འདོགས་པའི་ཉོན་མོངས་པ་སྤངས་པའོ། །དཔལ་ནི་མྱ་ངན་ལས་འདས་པར་འགྲོ་བ་སྟེ། ཕུང་པོ་ལྷག་མ་མེད་པ་ཉིད་ཀྱིས་དཔལ་སྐྱེ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གྱོན་པ་ཞེས་བྱ་བ་ནི་ཡོངས་སུ་བགོས་པའོ། །མཆོད་རྟེན་ཆེན་པོ་བཞི་ནི་བལྟམས་པ་དང། བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །མངོན་ པར་དགའ་བ་ཞེས་པ་ནི་ལུས་ཀྱི་འགྱུར་བའི་སེམས ་ཀྱིས་དགའ་པའི་བྱེ་བྲག་སྐྱེས་པའོ། །མཆོད་པ་ནི་དེ་འོངས་པ་ལས་དགའ་བར་རིག་ནས་ཕྱག་ལ་སོགས་པས་མཆོད་པའོ།། ཚེམས་ཀྱི་མཆེ་བ་ལ་སོགས་པའི་མཚན་མ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་གྱུར་པའི་དབུ་སྐྲ་དང༌། ན་བཟའ་ལ་སོགས་པ་གཟུང་བ་ཡིན་ནོ། །བག་ཡོད་པར་གྱིས་ཤིག་ཅེས་བྱ་བ་ནི་དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་བག་ཡོད་པའི་རྩ་བ་ཅན་ཡིན་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །ཆད་པས་གཅད་པར་མཆིའོ་ཞེས་བྱ་བ་ནི་ཐོབ་པར་གྱུར་པའམ། ཆད་པ་དྲག་པོས་ཚར་གཅད་པར་བྱས་ པར་གྱུར་པའོ། །སེམས ་ཅན་གྱི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཀུན་གྱི་གཙོ་བོར་གྱུར་པའི་ཕྱིར་རོ།། སྐྱོ་བར་བྱའོ་ཞེས་བྱ་བ་ནི་བདག་གི་ལུས་བརྟན་པའི་སྒོ་ནས་དེ་དག་སྐྱོ་བ་བསྐྱེད་པར་བྱ་བའོ། །གདུང་བ་སྐྱེས་ཏེ་ཞེས་བྱ་བ་ལ། གདུང་བ་སྐྱེས་ཤིང་འབྱུང་བ་གང་ཡིན་པ་དེ་དག་གི་གདུང་བ་སྐྱེས་པར་གྱུར་པའོ། །འབར་བ་ནི་རབ་ཏུ་འབར་བའོ། །སྐྱེ་བ་ནི་འདུས་བྱས་ཀྱི་དངོས་པོ་སྐྱེས་ཤིང་འབྱུང་བར་འགྱུར་བའོ། །འཇིག་པ་ནི་དེ་དག་ཁོ་ན་ཉམས་པར་གྱུར་པ་སྟེ། ཟག་པ་མེད་པའི་ཡེ་ཤེས་ཀྱིས་དེ་དག་མཐོང་བར་གྱུར་པ་ན་བླ་ན་མེད་པའི་དཔལ་བསྐྱེད་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །མ་དད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བསྔགས་པའི་དད་པ་གང་ལ་མེད་པ་དེ་ནི་དད་པ་མེད་པའོ། །ཞེ་སྡང་དང་བཅས་པ་དང་ལྡན་པའི་ སེམས་ཀྱིས་ཚིགས་སུ་བཅད་པ་མ་ཡིན་པ་བརྫུན་གྱི་ཚིག་གིས་ཉེས་པ་རྗོད་པར ་བྱེད་པའོ། །དད་པ་ལོག་པར་འཛིན་པས་འབྱིང་བ་ནི་འབྱིང་བ་སྟེ། སྡིག་པའི་འདམ་དུ་འབྱིང་བར་འགྱུར་བ་སྟེ། དཔེར་ན་བ་ལང་
འདམ་དུ་འབྱིང་བ་ལྟ་བུའོ། །ཉམས་པར་ཉེ་བར་སོང་ཞེས་བྱ་བ་ནི་སྡིག་པའི་ཆོས་ཀྱིས་འཇིག་པར་གྱུར་པའོ། །བདེ་ལེགས་འཆི་བ་ལྟས་ལ་སོགས་པ་ནི་སྡིག་པའི་ལྟ་བ་དང་ལྡན་པའོ། །གོ་མིན་ཏེ་ནི་ཤེས་རབ་མེད་པའོ། །ཐེས་ལ་འབྲས་བུ་མེད་ཅེས་བྱ་བ་ནི་འབྲས་བུ་དང་བྲལ་བ་ཡིན་ཏེ། ཆོས་ཐོས་པའི་འབྲས་བུ་ནི་ཁོང་དུ་ཆུད་པ་ཡིན་ལ། ཆོས་ཁོང་དུ་ཆུད་པའི་འབྲས་བུ་ནི་སྒྲུབ་པ་ཡིན་ལ། འབྲས་བུ་ཁོང་དུ་ཆུད་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་ཅེས་བསྟན་ཏོ། །སྒྲུབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དུག་དང་འདྲ་ཞེས་བསྟན་ཏོ། །གང་ཡང་ཐོས་པ་དང་ཡང་དག་པར་ཤེས་པར་འགྱུར་བའི་ཐོས་པ་དེ་ནི་མཁས་པས་གསུངས་པ་ཡིན་ཏེ། དེ་ཉིད་དང་བྲལ་བའི་འབྲས་བུ་ཡིན་ནོ། །རྒས་པར་གྱུར་ཅེས་བྱ་བ་ནི་འཆི་བ་དང་ཐག་ཉེ་བར་གྱུར་པའོ། །ཉམས་པར་གྱུར་ཅེས་བྱ་བ་ནི་རང་གི་ནུས་པ་དང་བྲལ་བ་ཡིན་པ་དེའི་ཕྱིར་འདི་ལ་ཡང་དག་པའི་དྲན་པ་མེད་པ་ཡིན་ནོ། །རྒས་པ་ཞེས་བྱ་བ་ནི་རྙིངས་ཤིང་རྒས་པའི་གནས་སྐབས་ཐོབ་པའི་སྒོ་ནས་དྲན་པའི་ནུས་པ་ཟིལ་གྱིས་གནོན་པའི་ནུས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསར་བུ་དང་ནི་བདག་མི་མཚུངས། །ཞེས་བྱ་བ་ནི་བདག་དགེ་སློང་གསར་བུ་དག་དང་ལྷན་ཅིག་སེམས་འདྲ་བའི་སྒོ་ནས་མཉམ་པོར་གྱུར་པ་མ་ཡིན་པའོ། །སྒོང་སྐྱེས་ནི་བྱ་ཡིན་ནོ། །གནས་དང་ལྡན་ཞེས་བྱ་བ་ནི་གཅིག་པུ་གནས་དང་ལྡན་པའོ། །གྲོགས་པོ་མངོན་པར་འདས་གྱུར་ཅིང༌། །ཞེས་བྱ་བ་ལ་སོགས་པ་ལ། གྲོགས་པོ་ནི་འདིར་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཡིན་པར་རིག་པར་བྱ་སྟེ། ཉན་ཐོས་ཆེན་པོར་ལུང་བསྟན་པ་ཉིད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཞན་མཛའ་བོ་ཡང་མཉེན་ཞིང་མཉེན་པའི་དགྲ་བཅོམ་པ་དག་ཡིན་པར་རིག་པར་བྱའོ། །དེ་འདྲའི་གྲོགས་ནི་ཡོད་པ་མིན། །ཞེས་བྱ་བ་ནི་ཇི་ལྟར་དེ་དགེ་ཡོད་པ་དེ་འདྲ་བ་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར། །བསམ་གཏན་ཐོབ་པའི་དྲན་པ་ཡིས། །ཞེས་བྱ་བ་ལ་བསམ་གཏན་ཐོབ་པ་ནི་བསམ་གཏན་ཐོབ་པ་སྟེ། ཉམས་སུ་མྱོང་བའི་ཡུལ་དྲན་པར་གྱུར་པ་ལ་རྩེ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་བར་དུའོ། །དྲན་པ་དེ་གཙོ་བོའི་འཇུག་པས་ཚོགས་དེ་ལ་དེའི་ཚེ་གཅིག་པུ་བྱ་བ་བྱེད་པ་དེ་བཞིན་དུ་འཕགས་པ་ཀུན་
དགའ་བོ་གཅིག་པུ་ལྷག་པར་གྱུར་པ་ཡིན་ནོ། །དྲི་མ་བྲལ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་མ་གཏོགས་པ་བདག་གཅིག་པུ་ལྷག་མར་གྱུར་པའོ། །དེ་དག་ཁྱད་པར་ཇི་ལྟ་བུ་ཅིག་ཅེ་ན། སྨྲས་པ། དྲི་མ་དང་བྲལ་ནས་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་མ་ལུས་པར་སྤངས་པའོ། །ཞི་བར་འགྲོ་བ་ནི་ཉེ་བར་ཞི་བ་ཐོབ་པར་གྱུར་པའོ། །འགྲོ་བ་དག་ལ་ཤེས་རབ་ཀྱི་སྣང་བ་སྩོལ་བར་མཛད་པ་དེ་ཉིད་ཀྱི་ཕྱིར་འགྲོ་བའི་སྒྲོན་མ་སྟེ་མ་གཏོགས་པའོ། །གཏི་མུག་ཁོ་ན་མུན་པ་ཡིན་པས་ན་གཏི་མུག་མུན་པ་སྟེ། ཡང་དག་པའི་དངོས་པོ་མཐོང་བ་ལ་སྒྲིབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཏི་མུག་གི་མུན་པ་ཁོ་ན་རབ་རིབ་ཡིན་ཏེ། དེ་བསལ་བ་གང་ཡིན་པ་དེ་དག་ནི་གཏི་མུག་རབ་རིབ་བསལ་བ་སྟེ། དེ་མ་གཏོགས་པའོ། །ཡོན་ཏན་ཆེན་པོ་ཉིད་དང་ལྡན་པའི་ཕྱིར་ཆེན་པོ་སྟེ། དེ་མ་གཏོགས་པའོ། །ཚད་མེད་པའི་འདུལ་བ་གང་དག་ཡིན་པ་དེ་དག་ནི་ཚད་མེད་འདུལ་བ་སྟེ། འདུལ་བའི་སྒྲས་ནི་འདིར་འདུལ་བའི་སྐྱེ་བོ་ལ་ཕན་གདགས་པ་ཡོངས་སུ་གཟུང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། དགོན་པའི་མཆོད་རྟེན་ནགས་ཀྱི་ཤིང་འདྲ་བར་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགོན་པའི་མཆོད་རྟེན་གྱི་ཤིང་ནགས་ཀྱི་ཤིང་དེ་དང་འདྲ་བར་དགྲ་བཅོམ་པ་དག་མ་གཏོགས་པར་གཅིག་པུ་ལྷག་མར་གྱུར་པའོ། །གོང་བུའི་ཚུལ་དུ་ཤིང་གི་རྩ་བའི་ཕྱོགས་སུ་སོ་ཕག་གིས་བརྩིགས་ཤིང་དབྱིངས་སུ་བྱས་པ་ནི་མཆོད་རྟེན་གྱི་ཤིང་ཞེས་བྱ་ཞིང༌། ནགས་ཀྱི་ཤིང་ནི་སོ་ཕག་གི་བྱ་བས་སྟོང་པའོ། །མཚན་དང་མི་ལྡན་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་དང་བྲལ་བའོ། །སངས་རྒྱས་དང་འདྲ་བར་སྐྱེ་བོ་མཐའ་མེད་པར་འདུལ་བར་བྱེད་པའི་ཕྱིར་དང་སངས་རྒྱས་དང་འདྲ་བས་ན་སངས་རྒྱས་སོ། །བཅོམ་ལྡན་འདས་ཀྱི་སྲས་པོ་འདི་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་སྲས་ཡིན་པས་ན་སྲས་སོ། །རྗེས་སུ་སྐྱེས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དུས་སུ་འབྱུང་བ་ཉིད་ཀྱི་ཕྱིར་རྗེས་སུ་སྐྱེས་པ་ཞེས་བསྟན་ཏོ། །མངོན་པར་སྐྱེས་པ་ནི་ཡོན་ཏན་དག་གི་སྒོ་ནས་བསྔགས་པ་ཉིད་ཀྱི་ཕྱིར་རོ། །དམ་པའི་ཆོས་ཁོ་ན་མཛོད་ཡིན་ཏེ། དེ་ཡོངས་སུ་སྲུང་བར་བྱེད་པ་དེ་ལ་བདག་གི་བློ་ངེས་པ་སྟེ། ངེས་པ་དང་ལྡན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྲིད་པ་
འགོག་པར་བྱེད་ཅེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་འཇིག་པར་བྱེད་པའོ། །ཉོན་མོངས་པའི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་དེའི་བློ་རྣམ་པར་དག་པའོ། །མངོན་དུ་ཞེས་བྱ་བ་ནི་མངོན་དུ་ཕྱོགས་པའོ། །ཐུབ་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉོན་མོངས་པའི་བརྗོད་པ་མ་ལུས་པ་ལས་ཉེ་བར་ལོག་པའི་ཕྱིར་ཐུབ་པའོ། །མྱ་ངན་ནི་སྐྱེ་བོ་མཛའ་བ་དང་བྲལ་བ་ལས་སྐྱེས་ཤིང་ཉོན་མོངས་པ་ལས་གྱུར་པའི་ཡིད་ཀྱི་གདུང་བའོ། །མྱ་ངན་ཁོ་ན་མུན་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་ཉོན་མོངས་པ་ཉེ་བར་ཞི་བའི་ཐབས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་མྱ་ངན་མུན་པ་བསལ་བའོ། །ཡང་ན་མུན་པ་ནི་མི་ཤེས་པ་ཡིན་ནོ། །སྐྱེ་བོ་མང་པོ་ནི་སྐྱེ་བོ་ཆེན་པོའོ། །རྗེས་སུ་བརྩེ་བའི་སྒྲས་ནི་འདིར་ཕན་འདོགས་པ་བརྗོད་པ་ཡིན་ནོ། །སྲིད་པ་གསུམ་ན་གནས་པ་དག་ལ་བླ་ན་མེད་པའི་ཡེ་ཤེས་ཀྱི་སྣང་བ་མཛད་པ་དེ་ཉིད་ཀྱི་ཕྱིར་སྒྲོན་མ་བཅོམ་ལྡན་འདས་ཏེ་བཅོམ་ལྡན་འདས་དེའོ། །འདབ་མ་བརྒྱད་པ་ནི་པད་མ་ཡིན་ལ་ཁ་བྱེ་བ་ནི་རྒྱས་པ་ཡིན་ཏེ། པད་མའི་འདབ་མ་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་བའི་སྤྱན་གང་ལ་མངའ་བ་དེ་ནི་སྤྱན་ཡངས་འདབ་མ་རྒྱས་པ་ཁ་བྱེ་བ་ཅན་ནོ། །ཁྱེད་ལ་བདག་ཅག་སྐྱབས་སུ་མཆི་བ་ནི་ཁྱོད་ཁོ་ན་སྐྱབས་སུ་གྱུར་པའོ། །ཞི་བར་གཤེགས་པ་སྟེ་གལ་ཏེ་རབ་ཏུ་ཞི་བར་གཤེགས་ན་དེ་ནི་བདག་གི་དོན་ཏེ་བདག་གི་དཔལ་དུ་གྱུར་པའི་ཕྱིར་རོ། །སྐུ་ནི་ལུས་ཏེ་བདག་གི་ཡུལ་འདིར་དོར་ཅིག་པ་ཡིན་ནོ། །གནས་བརྟན་ཀུན་དགའ་བོས་སེམས་བསྐྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་སེམས་ཏེ། ཉན་ཐོས་ཆེན་པོ་དག་ནི་བདེ་བར་གཤེགས་པ་དང་འདྲ་བར་འཇིག་རྟེན་པའི་སེམས་བསྐྱེད་པ་ཡིན་ནོ། །ལམ་མེད་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་འཇུག་པ་དང་བྲལ་བས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ལས་བྱེད་དུ་རུང་བའོ། །དྲང་སྲོང་དང་འཁོར་ལྔ་བརྒྱ་པོ་དེ་དག་རབ་ཏུ་ཕྱུང་བ་ཞེས་བྱ་བའི་ཚིག་འདི་ལས་ཆུའི་དབུས་སུ་ཉི་མ་ནུབ་པའི་གནས་སྐབས་ཡོད་པར་ཤེས་པར་བྱ་སྟེ། གང་གི་ཕྱིར་ཉི་མ་གཅིག་ལ་ལྔ་བརྒྱ་པོ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ། དེ་དག་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་དག་ལས་ཀྱི་ཚིག་གཅིག་གིས་
བསྙེན་པར་རྫོགས་པ་ན་ཡང་རེ་ལྡེ་ལ་སོགས་པས་མཚམས་བཞི་མནན་ཏེ། བསྙེན་པར་རྫོགས་པར་བྱེད་ན་ཡང་ཉི་མ་གཅིག་གིས་ལྔ་བརྒྱ་པོ་དག་གིས་བསྙེན་པར་རྫོགས་པར་བྱ་བར་ནུས་པ་མ་ཡིན་ནོ། །ཚུར་སྦྱོན་ཚུར་སྦྱོན་ཞེས་བྱ་བ་ནི་ཐག་ཉེ་བ་འདིར་ཤོག་ཤིག་ཤོག་ཤིག་པའོ། །ཆུ་ངོགས་གཉིས་ནས་སྐྱེ་བོ་འཇུག་པ་དེ་ལྟ་བུ་ཐོས་ནས་འཕགས་པ་ཀུན་དགའ་བོའི་ལུས་ཐ་དད་པ་བློ་སྟེ་ སེམས་སུ་བྱེད་པ་སྔོན་གྱི་ལས་ཀྱི་རྣམ་པར ་སྨིན་པ་ལས་གྲུབ་པའི་ཕྱིར་སྔོན་གྱི་ལུས་ཞེས་བསྟན་ཏོ། །དེ་དུམ་བུར་ཆད་པ་ནི་རྣམ་པ་གཉིས་སུ་བྱས་པའོ། །ཡེ་ཤེས་ཁོ་ན་རྡོ་རྗེ་ཡིན་ལ་དེ་ཉིད་མི་ཤེས་པ་འཇོམས་པར་བྱེད་པ་ཉིད་ཀྱི་ཕྱིར་རྣོན་པོ་ཡིན་ནོ། །ཤིན་ཏུ་འཇིགས་པ་སྐྱེ་བ་ཉིད་ཀྱིས་རྣམ་པར་འཁྲུག་པ་ནི་གདུག་པ་ཡིན་ནོ། །དེ་ནས་ཀླུ་ཞེས་བྱ་བ་ལ་སོགས་པ་ལ་ཀླུ་དག་གིས་རྡུལ་གྱི་ཆར་ཕབ་པར་གྱུར་པ་གང་ཡིན་པ་དེའི་ཚེ། འཕགས་པ་བྱམས་པ་ལ་སྙོམས་པར་ཞུགས་པའི་མཐུས་ལུས་ལ་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆར་འབབ་པ་ཡིན་ནོ། །མདའི་ཆར་ཕབ་པ་ཡང་གནས་ཏེ། མལ་ལ་མེ་ཏོག་གི་དྲ་བ་རྣམ་པར་གནས་པ་ཡིན་ནོ། །རིའི་རྩེ་མོ་ཀླུས་འཕངས་པ་དག་ཀྱང་ནམ་མཁའ་ལ་གནས་པ་ཉིད་དུ་འཇིག་པར་འགྱུར་བ་དེའི་ཕྱིར་འདི་སྐད་དུ་རིའི་རྩེ་མོ་དེ་ཡང་ནི་ཞིག་པར་ཞེས་བྱ་བ་གསུངས་སོ། །དཔེ་ནི་གངས་རི་རྩེ་མོ་མཐོན་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མེས་མི་ཚིག་ཅེས་བྱ་བ་ནི་གནས་པ་རྙེད་པའམ་འཇུག་པ་འབྱུང་བར་མི་འགྱུར་རོ། །ལུང་བ་དགུའི་ནང་ཞེས་བྱ་བ་ནི་རྩ་བའི་ཡུལ་ལ་འཕགས་པ་དེས་སྐྱིལ་མོ་ཀྲུང་བཅས་པ་དང༌། ལོགས་གཉིས་ཀྱིས་ལུང་པ་དགུའི་ནང་སྣོན་པ་ཡིན་ཏེ། དགུ་ཕྲག་གཉིས་ལ་བཅོ་བརྒྱད་དུ་གྱུར་པས་དགུ་པོ་སྤྱི་ལ་ལུང་པ་དགུའི་ནང་ཞེས་བསྟན་པ་ཡིན་ཏེ། རི་བོའི་ཡུལ་བརྒྱད་ཀྱི་སྒོ་ཁྱབ་པར་བྱས་ཞེས་བྱ་བའི་བར་དུའོ། །ལོ་སྟོང་གི་བར་དུ་ཞེས་བྱ་བ་ནི་གནས་བརྟན་གྱིས་ལོ་སྟོང་གི་བར་དུ་བསྟན་པ་ཉམས་པ་མེད་ཅིང་རལ་བ་མེད་པར་གནས་པར་འགྱུར་རོ་ཞེས་མངོན་པར་དགྱེས་པས་བསྟན་པ་ཡིན་ལ། ཀླུས་ཀྱང་ཇི་སྲིད་བསྟན་པ་གནས་པར་འགྱུར་བ་དེ་སྲིད་དུ་ཁས་བླངས་པ་དེའི་ཕྱིར་ཀླུ་དག་གིས་ཁས་བླངས་པ་ཡིན་ནོ། །རུང་བ་མ་ཡིན་པའི་ཞེས་བྱ་
བ་ནི་དགེ་སློང་དང་ཚུལ་འདྲ་བ་མ་ཡིན་པ་དང༌། འདུལ་བ་དང་འགལ་བའོ། །མདོ་སྡེའི་མཚན་ཉིད་དང་འགལ་བ་ཉིད་ཀྱི་ཕྱིར་མདོ་སྡེ་དང་འགལ་བའོ། དེ་དང་འདྲ་བར་འདུལ་བ་དང་འགལ་བའོ། །སྟོན་པའི་བསྟན་པ་ལ་ཡང་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྤོང་བའི་རིམ་པ་དང་བྲལ་བའོ། །མདོ་སྡེ་ལ་མི་འཇུག་ཅེས་བྱ་བ་ནི་མདོ་སྡེར་གསུངས་པའི་མཚན་ཉིད་དང་འདྲ་བ་མེད་པའོ། །འདུལ་བ་ལ་མི་སྣང་ཞེས་བྱ་བ་ནི་འདུལ་བ་དེ་དང་འགལ་བའི་མཚན་ཉིད་སྲིད་པའི་ཕྱིར་རོ། །ཆོས་ཉིད་དང་ཡང་འགལ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དམ་ཆོས་མངོན་པ་དང་འགལ་བའོ། །ཀུན་དུ་སྤྱོད་པ་ནི་སྦྱོར་བའི་གནས་སྐབས་ཡིན་ལ་ལྷག་པར་སྤྱོད་པ་ནི་དངོས་གཞིའི་གནས་སྐབས་ཡིན་ནོ། །ཇི་སྲིད་དུ་དགེ་སློང་དག་གིས་ཇི་ལྟར་ལས་སུ་བྱ་བ་དེ་ཕྱིན་ཅི་ལོག་ཏུ་བྱས་པའི་ཕྱིར་ཆོས་མ་ཡིན་པའོ། །ཐམས་ཅད་མཚམས་སུམ་ལྷགས་ཤིང་མ་འདུས་པར་ལས་བྱས་པའི་ཕྱིར་ལས་ཉམས་པ་ཡིན་ནོ། །ལས་ཀྱི་རྩོམ་པ་རྫོགས་ནས་ཧུ་ལུ་ཧུ་ལུའི་སྒྲ་བརྗོད་པ་དེའི་ཕྱིར་ཧུ་ལུ་ཧུ་ལུའི་རུང་བ་ཡིན་ནོ་ཞེས་བསྟན་ཏོ། །སྒྲ་འདི་བརྗོད་པ་ན་བདག་ཉེས་པར་འགྱུར་བ་མ་ཡིན་ནོ་ཞེས་དགོངས་སོ། །ཡི་རང་བའི་རུང་བ་ཞེས་བྱ་བ་ལ་ཡི་རང་བ་ནི་ཀུན་དུ་སྤྱོད་པར་རབ་ཏུ་གྲགས་པ་ཡིན་ནོ། །ས་རྐོ་བ་དེ་ནི་རབ་ཏུ་གྲགས་པ་ཡིན་ཏེ། འདི་བྱས་ན་སྲོག་གཅོད་པར་མི་འགྱུར་ཏེ། འབྱུང་པོའི་གྲོང་འཇིག་པར་འགྱུར་བ་ཡང་མེད་དོ་སྙམ་པའི་རུང་བ་འདིས་རྒོལ་བར་བྱེད་དོ། །དུས་སུ་རུང་བ་དང་ལྷན་ཅིག་བསྲེས་ནས་དུས་མ་ཡིན་པར་ལོངས་སྤྱོད་པ་ནི་ལན་ཚྭ་རུང་བའོ། །སྦུབས་ཁར་བཅུག་ནས་གཞི་བས་པའི་ཚུལ་གྱིས་ཆང་འཐུང་བ་ནི་གཅེའུས་གཞིབས་ཏེ་ཆང་འཐུང་བའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། འཚོ་བའི་འབྲས་བུ་ཆེར་འབྱིན་པའི་ཕྱིར་འབྲས་བུ་ཆེན་པོ་ཡིན་ལ། ནད་མེད་པའི་འབྲས་བུ་གྲུབ་པ་ཉིད་ཀྱི་ཕྱིར་ཕན་ཡོན་ཆེ་བ་ཡིན་ཞིང༌། འདོད་པའི་དངོས་པོ་དང་ཕྲད་པའི་འབྲས་བུ་འབྱིན་པའི་ཕྱིར་གཟི་ཆེ་བ་ཡིན་ནོ། །ཕུན་སུམ་ཚོགས་པ་འབྱིན་པར་བྱེད་པའི་ཕྱིར་རྒྱ་ཆེན་པོར་གྱུར་པ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་བསྒོམ་ཞིང་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་བསྒོམ་པའི་རང་བཞིན་ཅན་ཡིན་ཏེ། དགྲ་
བཅོམ་པ་ཀུན་ནི་རྣམ་པར་ཐར་པ་བརྒྱད་པོ་ཐམས་ཅད་བསྒོམ་པའི་ངང་ཚུལ་ཅན་མ་ཡིན་པ་དེའི་ཕྱིར་དེ་སྐད་དུ་བསྟན་ཏོ། །ཐག་ཉེ་བའི་བྱ་བ་ཡོངས་སུ་སྤངས་པའི་ཕྱིར་བྱ་བ་ཉུང་བ་ལའོ། །མ་ཐོབ་པའི་བྱ་བའི་ཡོངས་སུ་བསྔགས་པའི་ཕྱིར་བྱ་བ་ཉུང་བ་ལ་གནས་པའོ། །རྒྱས་པར་སྨྲས་པ་ཞེས་བྱ་བ་ནི་ཇི་ལྟར་དེའི་རྙེད་པ་སྐྱེས་པར་གྱུར་པ་དེ་ལྟར་རོ། །བསླབ་པའི་ཡུལ་ལ་ལྷོད་པ་སྟེ་འཇུག་པ་ལྷོད་པ་དེས་ལུས་ལ་སོགས་པའི་ཀུན་དུ་སྤྱོད་པ་འཕེལ་ཞིང་རྒྱས་པར་གྱུར་པ་གང་ཡིན་པ་དེ་ནི་བསླབ་པ་ལ་ལྷོད་པ་རབ་ཏུ་འཕེལ་བའི་ཀུན་དུ་སྤྱོད་པ་དེས་སོ། །རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དགེ་སྦྱོང་མ་ཡིན་པའོ། །འཕགས་པའི་ལམ་དང་རྗེས་སུ་མཐུན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་མཐུན་པའོ། །རབ་ཏུ་བྱུང་བ་དང་རྗེས་མི་མཐུན་པ་ཉིད་ཀྱི་ཕྱིར་མི་མཛེས་པའོ། །མ་འོངས་པ་ཁོ་ན་ཞེས་བྱ་བ་ནི་སྔ་མ་ཐོབ་པར་ནུབ་པར་བྱས་པའོ། །གནས་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དགེ་སློང་གི་བྱ་བ་ལ་གསོལ་བ་ལ་སོགས་པའི་ལས་ལས་ཕྱི་རོལ་དུ་གྱུར་པའོ། །ཆད་པས་གཅད་པ་ཞེས་བྱ་བ་ནི་ཕྱོགས་བཙལ་བའི་སྒོ་ནས་རྩོད་པ་བྱེད་པའོ། །ཇི་ལྟར་རྩོད་པ་སྨྲ་བ་དག་ཅེས་བྱ་བ་ནི་ཚིག་གི་སྒོ་ནས་ཐག་ཉེ་བར་དམ་བཅའ་བ་འཇོག་པ་དག་གོ །ངགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བགས་ཀྱིས་བྱ་བ་ལུས་ལ་སོགས་པའི་ཉེས་པར་སྤྱད་པས་གང་ཡིན་པ་རིངས་པར་བྱེད་ཅིང་དེ་ལ་རྩོལ་བར་འགྱུར་རོ། །རིངས་པར་བྱ་བ་ལུས་ལ་སོགས་པའི་ལེགས་པར་སྤྱད་པ་བགས་ཀྱིས་བྱེད་ཅིང་རྩོལ་བར་མི་བྱེད་དོ། །ཚུལ་བཞིན་བྱེད་པ་རྣམ་པར་སྤངས་ཞེས་བྱ་བ་ནི་འཕགས་པའི་ལམ་ཚོགས་དང་བཅས་པ་ཡོངས་སུ་སྤངས་ནས་སོ། །བྱིས་པས་སྡུག་བསྔལ་ལྷག་པར་རྙེད། །ཅེས་བྱ་བ་ནི་བསམ་པ་ངན་པས་ སེམས་ལ་ཉེས་པར ་སྨྲ་བ་སྨྲ་ཞིང་ཉེས་བྱས་ཀྱི་ལས་བྱེད་པས་ན་བྱིས་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཐོས་པར་གྱུར་པའོ། །གྲགས་མིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལུས་ལ་སོགས་པའི་ལེགས་པར་སྤྱད་པའམ། །ལམ་བསྒོམ་པའི་ལས་ལ་མྱུར་བ་དང༌། བྱ་བ་མ་ཡིན་པའི་བསམ་པས་ལུས་མ་ཡིན་པ་ལ་འགྲོ་བ་དེ་ཉིད་བློ་དང་ལྡན་པའོ། །ཚུལ་བཞིན་མ་ཡིན་པ་འཁོར་བར་འཇུག་པའི་ལམ་དེ་རབ་ཏུ་སྤངས་པས་མྱ་ངན་ལས་འདས་པའི་བདེ་བ་རྙེད་པར་འགྱུར་རོ། །མིང་ཐ་
དད་པར་གཟུང་བ་ནི་མིང་ནས་ཕྱུང་བ་སྟེ། དགྲ་བཅོམ་པ་བདུན་བརྒྱའི་མིང་རེ་རེ་ནས་བཟུང་བ་ཞེས་བྱ་བའི་བར་དུའོ། །ཆེར་འཁྲུགས་པར་འགྱུར་ཞེས་བྱ་བ་ནི་མིང་མང་པོ་སྨོས་པ་ལས་རྣམ་པར་འཁྲུགས་པར་འགྱུར་རོ། །འདུལ་བ་འཛིན་པ་ནི་གཞུང་དང་དོན་གྱི་སྒོ་ནས་འདུལ་བ་འཛིན་པའོ། །མང་དུ་ཐོས་པ་ནི་བསྟན་བཅོས་གཞན་ལ་མཁས་པའོ། །གཞན་ཞིག་ནི་གཙོ་བོའི་སྒོ་ནས་ཁྱད་དུ་འཕགས་པའོ། །དབང་པོ་དུལ་བ་ནི་མིག་ལ་སོགས་པའི་དབང་པོ་དུལ་བའོ། །ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་ཐེ་ཚོམ་ཆོད་པའོ། །ཉེས་པར་བྱེད་པའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་འགྱོད་པ་གཅད་པའོ། །འདུན་ཁང་ནས་བྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱི་ཚད་ཀྱི་དགེ་སློང་མཚམས་ཀྱི་ཕྱི་རོལ་དུ་བྱུང་ནས་ལས་དེ་ལ་ཚེ་དང་ལྡན་པ་ཀུ་བ་ཛ་སོ་མ་ལ་རྣམ་པར་གསལ་བས་བསམས་པ་ཡིན་ཏེ། དགེ་སློང་མང་པོ་དག་ཕྱག་བྱེད་པར་གྱུར་པ་ན་དུས་རིང་པོ་འདས་པར་གྱུར་པ་དེའི་ཕྱིར་ཕྱི་རོལ་གྱི་མཚམས་སུ་དགེ་སློང་དག་འགྲོ་བ་ཡིན་ནོ། །ཡངས་པ་ཅན་པས་ཀུན་དུ་བརྟགས་པའི་གཞི་བཅུ་བཀག་ནས་འདུལ་བའི་སྡེ་སྣོད་དང༌། མདོ་སྡེ་དང༌། ཆོས་མངོན་པའི་སྡེ་སྣོད་ཡང་བསྡུས་པ་དེ་བས་ན་དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་མིང་དུ་བཏགས་པ་ཡིན་ཏེ། དགྲ་བཅོམ་པ་བདུན་བརྒྱས་བསྡུས་པ་ཉིད་ཀྱི་ཕྱིར་རོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་བརྒྱད་པའོ། །དེ་ཉིད་རྣམ་པར་འབྱེད་པར་ནུས་པའི་བློ་ལྡན་མཁས་པ་བསྟན་བཅོས་སྣ་ཚོགས་དོན་འབྲེལ་པའི། །ཁ་ན་མ་ཐོ་མེད་པའི་བཤད་པ་བྱེད་པར་མཁོ་བའི་ནུས་པ་ཡོད་པ་གང་དེ་དག །དགེ་སློང་ཚོགས་ནི་བསྟན་བཅོས་མཉན་ཕྱིར་མངོན་པར་སྦྱོར་བ་དང་བྲལ་ཕྱིན་ཅི་ལོག་པ་ལ། །མངོན་པར་སྦྱོར་ལ་དགའ་བར་ཤེས་ནས་དེ་ཉིད་བརྗོད་པར་གྱུར་ལ་དེ་ལྟར་གུས་མ་སྐྱེས། །དེ་ཕྱིར་བདག་ནི་དེ་ཉིད་ཁ་ན་མ་ཐོ་མེད་པ་བརྗོད་ལ་གོམས་ཆུང་ནུས་མེད་ཀྱང༌། །རྒྱལ་བའི་ཐུགས་ལ་ལྟོས་ནས་མཉམ་པ་མ་ཡིན་ཁ་བཟོ་བྱེད་པར་ཡང་དག་བརྩོན་གྱུར་ཏེ། །ཤིན་ཏུ་བློ་དམན་བདག་གིས་འདིར་ནི་དོན་གང་གོ་རིམས་བཞིན་དུ་ཡང་དག་སྦྱར་བ་མིན། །གང་ཞིག་ཕལ་མཛེས་པ་ཡི་སྒྲ་ཡིས་སྟོང་པར་གྱུར་པ་ང་ཡི་རྒྱུན་ནི་བཀོད་པ་
མིན། །དྲན་པ་དམན་པ་ཅན་དང་བསྟན་བཅོས་ཡུལ་གྱི་བྱ་བ་དག་གིས་སྟོང་པར་གྱུར་པ་དང༌། །སྒྲ་དང་ལུང་ལ་ལུས་པ་མེད་པའི་བདག་གི་ཚུལ་མིན་འདི་ལ་བླ་མས་བཟོད་པར་མཛོད། །འདིར་ནི་ལེགས་པའི་དོན་ཅན་ངག་གང་མཛེས་པར་གྱུར་དང་མཛེས་པའི་སྒྲ་ལྡན་གང་དེ་དག་ཀུན་ཀྱང་བླ་མའི་ནུས་པ་ཡིན་ཕྱིར་ངན་པ་གང་ཡིན་དེ་ནི་བདག་བློ་རྨོངས་པའི་ཡིན། །བསྟན་བཅོས་ཀུན་དོན་ལ་མཁས་པའི། །བླ་མ་ཆོས་མཆོག་ལས་ཐོས་ནས། །ཕྲ་མོ་ཡི་ནི་འགྲེལ་པ་འདི། །ཚུལ་ཁྲིམས་བསྐྱངས་ཀྱིས་བྱས་པ་ཡིན། །དེ་ལྟར་རྫོགས་སངས་རྒྱས་གསུངས་པ། །ཕྲ་མོའི་དོན་འདི་རབ་བཤད་ལས། །བསོད་ནམས་བྱུང་བ་གང་ཡིན་དེས། འགྲོ་བས་ཚུལ་ཁྲིམས་བསྐྱངས་ཐོབ་ཤོག །བདག་ནི་འདི་ནས་འཕོས་པར་གྱུར་ནས་འདིས། །བྱམས་པའི་ཞབས་དྲུང་ཉིད་དུ་སྐྱེ་གྱུར་ཅིག །དེ་ཉིད་དུ་ནི་མི་ལུས་ཐོབ་གྱུར་ཕྱིས། །བྱང་ཆུབ་མཆོག་དེར་ལུང་བསྟན་བདག་གོམས་ཤོག །སྦྱིན་སོགས་ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །རྡོ་རྗེའི་གདན་ཐོབ་བདུད་ལས་རྒྱལ་གྱུར་ཅིང༌། །འགྲོ་བའི་མཆོག་གྱུར་སངས་རྒྱས་ཉིད་ཐོབ་ནས། །བདག་གིས་འཇིག་རྟེན་ཕན་བྱ་དོན་བྱེད་ཤོག །ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང༌། ལོ་རྩཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་པའོ།། །།