Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གྱ་དྲུག་པ།

2 occurrences of དོགས་པ་དང་ཐལ་
[Clear Hits]


 
ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ།  ཛ་མཱ་རི།


2 occurrences of དོགས་པ་དང་ཐལ་
[Clear Hits]

 
no previousཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། ཛ་མཱ་རི།no next

ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ།
ཛ་མཱ་རི།


DTG186_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་རིགས་པ་བླ་མེད་སྣ་ཚོགས་པ། །རང་དོན་གནས་སྐབས་གནོད་མེད་བཤད་ནས་ནི། །དེ་ཡི་གཞན་གྱི་དོན་བྱེད་གནས་སྐབས་མཆོག །སྐྱེ་བོ་ཀུན་ལས་ཕུལ་བྱུང་བརྗོད་པར་བྱ། །བཅོམ་ལྡན་འདས་ཀྱི་གནས་སྐབས་ནི་རྣམ་པ་བཞི་སྟེ། འདི་ལྟར་རྒྱུའི་གནས་སྐབས་བསམ་པ་དང་སྦྱོར་བའི་དབྱེ་བས་གཉིས་དང༌། འབྲས་བུའི་གནས་སྐབས་ཀྱང་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབྱེ་བས་རྣམ་པ་གཉིས་ཡིན་པའི་ཕྱིར་རོ། །དེ་སྟོན་པར་བྱེད་པའི་ལེའུ་ཡང་རྣམ་པ་བཞི་ཁོ་ནའོ། །དེ་ལ་སློབ་དཔོན་གྱིས་བརྩམས་པའི་འཇུག་པ་འདི་ལས་ལེའུ་གཉིས་ཀྱི་རྒྱན་མཛད་ནས། ལེའུ་ཐ་མའི་རྒྱན་ལ་དེ་ཁོ་ན་ལྟར་བྱ་བའི་ཕྱིར་བརྗོད་པ་ནི་རང་གི་དོན་གྱི་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་གྲངས་ཅན་བཞིན་དུ་རང་གི་དོན་གྱི་རྗེས་སུ་དཔག་པ་མེད་བཞིན་དུ་གཞན་གྱི་རྗེས་སུ་དཔག་པ་བརྗོད་དམ་སྙམ་དུ་དོགས་པ་བསུ་ནས་བརྗོད་པ། རང་གི་དོན་གྱི་རྗེས་སུ་དཔག་པ་ཤིན་ཏུ་ངེས་པར་བྱས་པའི་ཚུལ་གསུམ་པའི་རྟགས་ཏེ། དེ་རྒྱུ་ཡིན་པའི་ཕྱིར། དེ་ལས་སྐྱེས་པ་ལྐོག་ཏུ་གྱུར་པའི་


DTG186_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེའི་དེ་མ་ཐག་ཏུའོ། །དེ་མེད་པར་ནི་ཚུལ་གསུམ་བའི་རྟགས་བརྗོད་པའི་བདག་ཉིད་གཞན་གྱི་དོན་གྱི་རྗེས་སུ་བག་པ་མི་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེན། རང་གི་དོན་གྱི་རྗེས་སུ་དཔག་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་སྨོས་སོ། །དེ་སྔོན་དུ་འགྲོ་བ་ཅན་མ་ཡིན་ན་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་བ་ར་མི་རིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་གྲངས་ཅན་གྱིས་བརྟགས་པའི་ཚུལ་གསུམ་པ་འཆད་བ་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འདིར་ནི་འདི་ལྟར་བསམས་པ་ཡིན་ཏེ། ཅི་ལྟར་རྗེས་སུ་དཔག་པ་གནང་དེའི་རྒྱུའི་འབྲས་བུ་ཚིག་ལ་རྗེས་སུ་དཔག་པར་བརྗོད་པ་དེ་ལྟར། དེ་མངོན་སུམ་དང་དེའི་རྒྱུའི་འབྲས་བུ་ནི་མ་ཡིན་ཏེ་དེས་ན་མངོན་སུམ་དུ་ནི་མི་བརྗོད་དོ། །ཚིག་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པས་ཀྱང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་གྱི། གཞན་གྱི་དོན་གྱི་མངོན་སུམ་ནི་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་པའི་ཕྱིར་རོ་ཞེས་དེ་མ་ཐག་ཏུ་སྟོན་པར་འགྱུར་རོ། །རྣམ་རྟོག་མིང་གི་རྟེན་ཡིན་པ་དང་འབྲས་བུ་ཡང་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །དེས་ན་འདི་ནི་རི་དགས་རྒྱུགས་པའོ་ཞེས་བྱ་བའི་ཚིག་གཞན་གྱི་དོན་གྱི་མངོན་སུམ་དུ་ཇི་ལྟར་བརྗོད། གལ་ཏེ་ཡང་འདིར་


DTG186_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་གོ་རིམས་བརྗོད་པར་བཞེད་པ་ཡིན་ན་དེའི་ཚེ་འདི་སྐད་ཅེས་རང་གི་དོན་གྱི་རྗེས་སུ་དཔག་བ་བརྗོད་ནས། གཞན་གྱི་དོན་གྱི་རྗེས་དཔག་བརྗོད་དོ་ཞེས་གསུང་པར་འགྱུར་ཏེ། སྤྱིའི་མཚན་ཉིད་བརྗོད་ནས་ཁྱད་པར་གྱི་མཚན་ཉིད་བཤད་པ་ཞེས་བྱ་བ་བཞིན་ནོ། །གོ་རིམས་བརྗོད་ན་ནི་གཏན་ཚིགས་འགོད་པར་ཡང་མི་རིགས་ཏེ་སྔ་མ་ཉིད་བཞིན་ནོ། །འོན་ཏེ་དེར་ནི་རྟོགས་པར་སླ་བའི་ཕྱིར་མ་བཀོད་དོ་ཞེ་ན། འོན་འདིར་ཡང་དེ་བཞིན་དུ་འགྱུར་བས་གཏན་ཚིགས་དགོད་པས་ཅི་བྱ། གོ་རིམས་ནི་ཐམས་ཅད་དང་མི་འགལ་བར་བསྟན་ཟིན་པ་ཁོན་ཏེ། དེས་ན་སྐབས་དང་རྗེས་སུ་མཐུན་པར་བཤད་པ་སྔ་མ་ཉིད་ལེགས་པ་ཡིན་ནོ། །མངོན་པར་འདོད་པའི་གོ་རིམས་བརྗོད་པའི་དོན་ལ་ཚད་མ་གྲུབ་པའི་ཀླད་དུ་བཤད་ཟིན་ཏོ། །གལ་ཏེ་དེ་ལྟར་གྱུར་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དེ་ཅི་འདྲ་བ་ཞིག་ཏུ་རྣམ་པར་གནས་ཞེས་དོགས་པ་བསུ་ནས་སློབ་དཔོན་གྱི་ཐུགས་ལ་གནས་པའི་མཚན་ཉིད་བརྗོད་པས། དེ་ལ་ཞེས་བྱ་བ་སྟེ་རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་པར་གྱུར་བ་ནའོ། །གཞན་དོན་རྗེས་སུ་དཔག་པ་ནི། རང་གིས་མཐོང་བའི་དོན་རབ་ཏུ་གསལ་བར་བྱེད་པ་ཉིད་དུ་རྣམ་པར་གནས་ཀྱི། ལུང་ལ་སོགས་པས་གཞན་གྱིས་མཐོང་བ་རབ་ཏུ་གསལ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གིས་མཐོང་བའི་དོན་ནི་ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་ཏེ། རབ་ཏུ་གསལ་བར་བྱེད་པའོ། །འདིས་གསལ་བར་བྱེད་པ་ན་ཞེས་བྱ་བའི་བཤད་པས་ནི་ཚིག་ལ་སོགས་པ་གཟུང་ངོ༌། །འདི་རྣམ་པར་འགྲེལ་བ་ནི་རང་གི་ཞེས་བྱ་བ་སྟེ་རྒོལ་བ་ལ་སོགས་པའི་བདག་གིས་སོ། །དེ་ཉིད་ཀྱི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བ་རང་གིས་ཞེས་གསུངས་སོ། །གང་གི་ཚེ་རྒོལ་བ་ཡང་དག་པའི་སྒྲུབ་བྱེད་བརྗོད་པས་སྟོན་པར་བྱེད་པ་དེའི་ཚེ་ཕྱིར་རྒོལ་བ་ཡང་དག་བ་མ་ཡིན་པའི་ཉེས་པ་བརྗོད་པའི་ཕྱིར་བསྟན་པར་བྱ་བ་ཉེད་ཡིན་ལ། གང་གི་ཕྱིར་རྒོལ་བ་ཡང་དག་པའི་ཉེས་པ་བརྗོད་པས་སྟོན་པར་བྱེད་པ་ཡིན་པ་དེའི་ཚེ་ནི། རྒོལ་བ་མ་དག་པའི་སྒྲུབ་པར་བྱེད་པ་བརྗོད་པས་བསྟན་པར་བྱ་བ་ཁོ་ནའོ། །དེས་ན་རྒོལ་བ་དང་ཕྱིར་རྒོལ་བ་བསྟན་པར་བྱ་བ་དང་སྟོན་པར་བྱེད་པ་དག་རང་གིས་རབ་ཏུ་གསལ་བར་བྱེད་


DTG186_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ལ་ལྟོས་སོ། །དེ་དག་གིས་ཅི་ཞིག་རབ་ཏུ་གསལ་བར་བྱེད་སྙམ་ན། རང་གིས་མཐོང་བ་ཞེས་བྱའོ། །གལ་ཏེ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་གང་ཡིན་པ་འདི་དག་ཁོ་ན་ལ་རང་གིས་མཐོང་བ་རབ་ཏུ་གསལ་བར་བྱེད་པ་ཡིན་ནམ་སྙམ་ན། གལ་ཏེ་ཞེས་སྨོས་སོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། དེ་དག་རྣམས་ཀྱང་ཞེས་སྦྱར་ཏེ་དྲུག་བ་འདི་ཡང་བྱེད་པ་ལ་སོགས་སུ་ཡིན་ནོ། །དེ་དག་འབའ་ཞིག་རང་གིས་མཐོང་བ་གསལ་བར་བྱེད་པ་ཡིན་བར་ནི་མ་ཟད་དེ། དེ་དག་གིས་མཐོང་བའོ། །གལ་ཏེ་མཚན་ཉིད་བསྟན་པ་ནི་ལོག་པར་རྟོགས་པ་བསལ་བའི་ཆེད་ཁོ་ནར་མ་ཡིན་ནམ། འདིས་ནི་ལུང་ལས་གཞན་གྱིས་མཐོང་བ་ཡང་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ལོག་བར་རྟོགས་པ་བསལ་བ་མ་ཡིན་ནོ། །དེས་ན་མཚན་ཉིད་འདིས་ལོག་པར་རྟོགས་པ་ཞེས་གསུངས་སོ། །ཤུགས་ཉིད་ལས་ཞེས་བྱ་བ་ནི་རང་གིས་མཐོང་བའི་དོན་སྨོས་པའི་ཤུགས་ལས། ལུང་ལས་མཐོང་བ་རབ་ཏུ་གསལ་བར་བྱེད་པ་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་ལོག་པར་རྟོགས་བ་བསལ་བ་ཡིན་ནོ། །དེ་ཡང་ཞེས་བྱ་བ། དེས་ན་རང་བཞིན་གཉིས་ཀ་ཡང་གསལ་བར་བྱེད་པ་ཡིན་ནོ། །གང་ཞིག་གསལ་བར་བྱེད་པ་རང་གིས་མཐོང་བ་དེ་གང་ཡིན་སྙམ་ན། རང་གིས་མཐོང་བའི་དོན་ཞེས་གསུངས་ཏེ། དོན་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྟོག་པས་སྒྲོ་བཏགས་པ་རྟགས་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དོན་ཡིན་ཡང་ཐམས་ཅད་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་ཚུལ་གསུམ་པའི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་གསུམ་པ་དང༌། རྟགས་ཞེས་གང་བརྗོད་པ་དེ་གཉི་ག་ཡང་ཕ་རོལ་བོ་སྤོང་བའོ། །ཚུལ་གསུམ་པ་ཞེས་བྱ་བ་ག་ལས་ཡིན་ལ། རྟགས་ཞེས་ཀྱང་ག་ལས་ཡིན་ཞེས་སོ་སོར་འབྲེལ་ཏོ། །བསྒྲུབ་པར་བྱ་བ་འདི་ལ་ཕ་རོལ་པོ་གཏན་ཚིགས་སྨྲ་བ་ནི་རང་གིས་མཐོང་དོན་སྨོས་པ་ནི་ཞེས་བྱ་བའོ། །དོན་ཙམ་ཡིན་པས་རྗེས་སུ་དཔག་པར་བྱ་བ་ཡང་སྟོན་པ་ཡིན་པའི་ཕྱིར་རོ། །གང་གི་ཚེ་རྗེས་སུ་དཔོག་པ་པོ་དུ་བ་ལ་སོགས་པ་ལས་མེ་ལ་སོགས་པའི་དོན་རྟོགས་པ་དེའི་ཚེ་དེ་རང་གིས་མཐོང་བ་ཡིན་པའི་ཕྱིར་དེ་ཡང་


DTG186_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་མཐོང་དོན་སྨོས་པས་སྟོན་པ་ཡིན་པར་འགྱུར་རོ། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་ཞེས་སྨོས་སོ། །ལན་ནི་འདི་ལ་བརྗོད་པ་ཞེས་བྱ་བའོ། །གང་ཞིག་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་འགྱུར་བ་གཞན་གྱི་སྟེ། རྗེས་སུ་དཔག་པར་བྱ་བའི་གསལ་བྱེད་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་ཚུལ་གསུམ་པའི་རྟགས་ཉིད་ཀྱིས་གསལ་བར་བྱེད་པ་ཡོད་པ་ཡིན་ནོ། །གཞན་ལ་གསལ་བར་བྱེད་པ་མེད་པའི་རྒྱུ་ཙམ་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་བསྒྲུབ་པར་བྱ་བའི་རང་བཞིན་དེ་ནི་བརྗོད་ཀྱང་གཞན་གྱིས་རྟོགས་པར་བྱ་བ་མི་ནུས་པ་དེའི་ཕྱིར་ན་བསྒྲུབ་པར་བྱ་བ་ལ་ནི་གསལ་བར་བྱེད་པ་ཡོད་པ་མ་ཡིན་ནོ། །ནུས་པ་བརྗོད་པའི་ཚིག་ནི་གསལ་བྱེད་ཡིན་ཏེ་ཚད་མས་གྲུབ་པའི་དོན་བརྗོད་པའི་ཕྱིར་རོ། །མི་ནུས་བ་བརྗོད་པའི་ཚིག་ནི་གསལ་བྱེད་མ་ཡིན་ཏེ་བཟློག་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་པར་བྱ་བ་བརྗོད་པ་ཅི་ལྟར་གསལ་བར་བྱེད་པ་མ་ཡིན་ཞེ་ན། གང་ལ་ཞེས་སྨོས་སོ། །དོན་གང་ལ་བསྟན་པར་བྱ་བ་གཞན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཞན་ཡིད་ཆེས་པའི་ཡུལ་ལ་གསལ་བར་བྱེད་པ་ཞེས་བརྗོད་པ་དེ་ཉིད་ཀྱི་ཕྱིར་རོ། །རབ་ཀྱི་ཚིག་ཅེས་བྱ་བ་ནི་རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་བྱ་བ་ནི་འདིར་རབ་ཏུ་སྦྱར་བའོ། །ཚད་མས་མ་རྟོགས་པ་ལ་ལྟོས་ནས་ཚད་མས་རྟོགས་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཞན་ནི་བསྟན་པར་བྱ་བའོ། །དེ་ལྟ་ན་འོ་ན་བསྒྲུབ་པར་བྱ་བ་ཡང་གཞན་དག་ཚད་མས་རྟོགས་པ་ཡིན་ནོ། །དེས་ན་དེ་ལ་ཡང་རབ་ཏུ་གསལ་བར་བྱེད་པ་ཡོད་དོ་སྙམ་ན། གལ་ཏེ་ཞེས་སྨོས་སོ། །ཡང་ཞེས་བྱ་བ་ནི་རྟགས་འབའ་ཞིག་ཏུ་མ་ཟད་པའོ། །རྩོད་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གྲུབ་ཟིན་པའི་ཕྱིར་ན་དམ་བཅའ་བ་རྗོད་པ་དོན་མེད་དོ། །གལ་ཏེ་བསྒྲུབ་པར་བྱ་བ་གྲུབ་ཟིན་པའི་ཕྱིར། ཅི་ལྟར་དམ་བཅའ་པ་བརྗོད་པ་དོན་མེད་པ་དེ་བཞིན་དུ་རྟགས་བརྗོད་པ་ཡང་དོན་མེད་པར་འགྱུར་ཏེ། བསྒྲུབ་པར་བྱ་བ་མ་གྲུབ་པའི་ཕྱིར་རོ་ཞེ་ན། ཚུལ་གསུམ་པའི་ཞེས་སྨོས་སོ། །ཚིག་ཅེས་བྱ་བ་ནི་ཚུལ་གསུམ་པའི་རྟགས་གསལ་བར་བྱེད་པའོ། །དེ་ལས་ནི་ཚིག་ལས་སོ། །དེ་ཡང་ནི་


DTG186_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་སོ། །གཞན་གྱི་གལ་ཏེ་ཞེས་སྨོས་ཏེ། དེའི་ཆོ་ཚིག་གཞན་གྱི་དོན་གྱི་མོང་དུ་ཡང་འགྱུར་རོ་ཞེས་འབྲེལ་ཏོ། །དེ་ནི་ཞེས་བྱ་བ་ནི་ལན་ནོ། །ཅི་ལྟར་ཚུལ་གསུམ་པའི་ཚིག་ལས་བཟུང་ཟིན་པའི་འབྲེལ་པ་དྲན་པར་གྱུར་པ་ན། ཕྱོགས་ཀྱི་ཆོས་བཟུང་བ་ལས་རྗེས་དཔག་སྐྱེ་བ་དེ་བཞིན་དུ་ཚིག་ལས་མངོན་སུམ་ནི་སྐྱེ་བ་མ་ཡིན་ནོ། །འདི་ག་ལས་ཤེན། ཚུལ་གསུམ་ཞེས་སྨོས་སོ། །གཞན་ལ་ཞེས་བྱ་བ་ནི་བསྟན་བར་བྱ་བ་ལའོ། །འདིས་ནི་འདི་སྐད་ཅེས། ཚིག་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་བའི་རྒྱུ་ཡིན་པས་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་བརྗོད་ཀྱི། གཞན་གྱི་དོན་གྱི་མངོན་སུམ་དུ་ནི་མ་ཡིན་ཏེ། ཚིག་ནི་མངོན་སུམ་གྱི་རྒྱུ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་གཞན་གྱི་དོན་གྱི་མངོན་སུམ་གྱི་རྒྱུ་ཡིན་པའི་ཕྱིར་གཞན་གྱི་དོན་གྱི་མངོན་སུམ་ཡིན་ནོ་ཞེས་སྟོན་པར་བྱེད་པའོ། །ཚིག་འདི་ནི་མངོན་སུམ་གྱི་རྒྱུ་ཡིན་པ་དེས་ན་ཚིག་འདི་གཞན་གྱི་དོན་གྱི་མངོན་སུམ་ཡིན་ནོ་ཞེ་ན། ལན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །མ་ཚང་བར་མངོན་སུམ་སྐྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རི་དགས་རྒྱུག་པ་ལ་ལྟོས་ཞེས་བརྗོད་བ་དང་ཡང་ངོ་དོན་འདི་ཡིན་ཏེ། མངོན་དུ་ཕྱོགས་པར་གྱུར་པར་རུང་བ་ཉིད་ལ་ནི་མངོན་སུམ་སྲིད་པས་ཁྱབ་པར་རྟོགས་པ་ཡིན་ཏེ། དེས་ན་མངོན་དུ་ཕྱོགས་པར་རུང་བའི་མཆན་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལྟོས་ཞེས་བྱ་བ་དེ་ལྟར་རྟོགས་པ་ལས་མངོན་སུམ་སྐྱེ་བར་སྲིད་པ་དེ་རྗེས་སུ་དཔོག་པ་སྐྱེ་བ་ཡིན་གྱི། དེ་མ་ཐག་པར་ནི་མངོན་སུམ་སྐྱེ་བ་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་ཉིད་དེ་མ་ཐག་པ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །རི་དགས་ལ་སོགས་བའི་དོན་ལ་མངོན་དུ་ཕྱོགས་པ། མངོན་སུམ་སྲིད་པས་ཁྱབ་པ་བདག་ཉིད་ལ་སྔར་མཐོང་བ་ལ་རྟོགས་པར་བྱ་བ་སྟེ། ལྟོས་ཞེས་བྱ་བའི་ཚིག་འདིས་སྦྱོར་བ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། གང་ཞིག་དོན་གང་ལ་མངོན་དུ་ཕྱོགས་པར་གྱུར་པ་དེ་ནི་མཚང་བ་དང་གགས་བྱེད་པ་མེད་ན་དོན་དེ་མངོན་སུམ་དུ་བྱེད་པ་ཅན་ཡིན་ཏེ། དཔེར་ན་ཁྱེད་དམ་པའི་སྔར་གྱི་གནས་སྐབས་བཞིན་ནོ། །ཁྱོད་ཀྱང་དོན་དེ་ལ་མངོན་


DTG186_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱོགས་པར་རུང་བ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་ངེས་པར་སྦྱོར་བར་བྱེད་པ་པོ་ནི་ངེས་པར་སྦྱོར་བའི་ཚིག་གིས་བདག་ཉིད་ཀྱི་དོན་དེ་ལ་མངོན་དུ་ཕྱོགས་པའི་དངོས་པོ་མི་བརྗོད་པ་མ་ཡིན་ནམ། དེས་ན་བསྟན་པར་བྱ་བས་དོན་དེ་ལ་མངོན་དུ་ཕྱོགས་པར་གྱུར་པ་མ་རྟོགས་པར་བདག་ཉིད་ལ་དེ་མི་སྲིད་པར་དགོས་པ་ན། དེ་ལ་དེའི་མངོན་སུམ་དོན་དུ་གཉེར་བས་འཇུག་པར་མི་འགྱུར་བ་ཁོ་ནའོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། ང་ཡིས་ཞེས་བྱ་བས་སོ། །དེ་ལྟར་ཞེས་བྱ་བ་ནི་རིང་གསལ་སོགས་པའི་དོན་རྟོགས་པ་བོ་ངས་རྟོགས་ལ། བསྟན་པར་བྱ་བ་ལ་ཡང་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གྱིས་ཞེས་བྱ་བའོ། །མངོན་སུམ་གྱི་དོན་མེད་ན་མི་འབྱུང་བ་ཉིད་དུ་ཁས་བླངས་པ་སྔོན་དུ་འགྲོ་བ་ཅན་བརྗོད་པའི་ཤུགས་ཀྱིས་སོ། །དེ་ལྟ་མ་ཡིན་ན། ཚིག་དེ་བརྗོད་པར་མི་འཐད་པའི་ཕྱིར་རོ། །གལ་ཏེ་ངེས་པར་སྦྱོར་བར་བྱེད་པ་པོ་མངོན་དུ་ཕྱོགས་པར་གྱུར་བ་ཅི་འདྲ་བས་མངོན་སུམ་དང་ལྡན་པ་དེ་འདྲ་བ་ནི་ངེས་པར་སྦྱོར་བ་ཚིག་ལས་མི་འགྱུར་བ་མ་ཡིན་ནམ། དེ་ཅི་ལྟར་ན་དེའི་མངོན་སུམ་དོན་དུ་གཉེར་བ་དེ་ལ་འཇུག་སྙམ་ན། མངོན་དུ་ཕྱོགས་པ་ནི་ཞེས་བྱ་བའོ། །ངེས་པར་སྦྱོར་བ་བོའི་ངའི་མངོན་དུ་ཕྱོགས་བ་ཅི་འདྲ་བ་དེ་ལྟར་ཁྱོད་ལ་ཡང་དེ་འདྲ་བ་ཁོ་ནར་དེ་བཞིན་དུ་འགྱུར་རོ་ཞེས་རྟོགས་པར་བྱ་བའི་ངེས་པར་སྦྱོར་བའི་ཚིག་གི་འབྲས་བུ་མངོན་དུ་ཕྱོགས་པར་འགྱུར་བ་ནི་ཤུགས་ཀྱིས་བསྟན་བ་ཡིན་ནོ། །དེ་ལྟ་མ་ཡིན་པར་ནི་མངོན་སུམ་གྱི་རྒྱུ་ཉིད་དུ་ཁས་བླང་བར་མི་འཐད་པའི་ཕྱིར་རོ། །མངོན་སུམ་གྱིས་རྒྱུའི་ཕྱོགས་ལ་ནི་འདི་རྗེས་སུ་དཔོག་པ་ཡིན་ནོ་ཞེས་དགོངས་པའོ། །མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་བརྗོད་ཟིན་པའི་ཚུལ་དུའོ། །མངོན་དུ་ཕྱོགས་པར་གྱུར་པ་ལ་ཞེས་བྱ་བ་འདི་ནི་ཐུན་མོང་བ་སྟེ་མངོན་སུམ་བསྐྱེད་པ་ཉིད་ལ་ནི་མ་ཡིན་ནོ། །རྒྱུ་རྣམས་ཀྱི་ཞེས་བྱ་བ་ནི་ཚིག་རྣམས་ཀྱིའོ་ཞེས་དེ་ལྟར་དྲན་པའི་སྐྱེས་བུ་ནི་ངེས་པར་སྦྱར་བར་བྱ་བ་ནི་མངོན་དུ་ཕྱོགས་པ་ལ་འདུག་པ་ཞེས་སྦྱར་རོ། །རྒྱུ་དེའི་ཕྱིར་ན་ངེས་པར་སྦྱོར་བའི་ཚིག་ནི་རྗེས་སུ་དཔག་པ་ཉིད་ཡིན་ཏེ་ཚུལ་གསུམ་པའི་རྟགས་གསལ་བར་བྱེད་པས་ན་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་རྗེས་སུ་དཔག་པས་


DTG186_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལ་མངོན་དུ་ཕྱོགས་པའི་མཚན་ཉིད་ཀྱི་རྟགས་ཀྱིས་མངོན་སུམ་སྲིད་པར་བལྟས་ཏེ། ངེས་པར་སྦྱོར་བའི་ཚིག་ལས་མངོན་དུ་ཕྱོགས་པ་ལ་འཇུག་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ལྟ་ན་འོན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །འོ་ན་ནི་བཤད་ཟིན་པའི་ཚུལ་གྱིས་ངེས་པར་སྦྱོར་བ་པོའི་མངོན་སུམ་གྱི་ཡུལ་ལ། ངེས་པ་སྦྱོར་བའི་ཚིག་ལས། གང་ཞིག་དོན་གང་ལ་མངོན་དུ་ཕྱོགས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྲིད་པའི་རྗེས་སུ་དཔག་པ་སྟེ། རྟགས་འཇུག་པ་སྟེ་གསལ་བ་ན་རང་བཞིན་གྱི་རྟགས་ཚུལ་གསུམ་ཡིན་པའོ། །དེ་ལྟར་འགྱུར་མོད་ཅི་སྐྱོན་སྙམ་ན་ཚིག་གི་འབྲས་བུའི་གཏན་ཚིགས་ཚུལ་གསུམ་པ་ནི་གསལ་བ་མ་ཡིན་ནོ། །ཁྱབ་པ་ཉིད་ཚིག་གིས་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་ནི་དངོས་སུ་གྲུབ་པ་ཁོ་ན་ཡིན་པས་དེ་ལ་ནི་ཚིག་དགོས་པ་མེད་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེས་ན་འབྲས་བུའི་རྟགས་བརྗོད་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མ་ཡིན་པར་འགྱུར་ཏེ། ཚུལ་གཉིས་པའི་རྟགས་བརྗོད་པའི་ཕྱིར་རོ་ཞེས་བསམས་པའོ། །འོན་ཏེ་ཚུལ་གཉིས་སྟོན་པར་བྱེད་པའི་བརྗོད་པ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་སྙམ་ན། དེས་ན་གཞན་གྱི་ཞེས་བྱའོ། །དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །དེས་ན་ཞེས་བྱ་བ་ནི་བཟུང་བ་བརྗོད་པའི་འབྲེལ་པ་དྲན་པའི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ལ་ནི་འབྲེལ་པ་བརྗོད་བའི་ཚིག་ལའོ། །ཚད་བརྗོད་ཅེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ཚིག་གོ །མངོན་སུམ་གྱི་དོན་ལ་ཅི་སྟེ་མ་ཡིན་ཞེ་ན། མངོན་སུམ་གྱིས་ནི་ཞེས་གསུངས་སོ། །གལ་ཏེ་ཚད་མས་རྟོགས་པ་ལ་ཚིག་དོན་མེད་པར་རྣམ་འགྲེལ་མཛད་པས་བརྗོད་དམ་ཞེ་ན། མཁས་པ་རྣམས་ལ་ནི་ཞེས་བྱ་བའོ། །གལ་ཏེ་འདི་ཅི་ལྟར་ཤེས་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་འདིར་ཁྱབ་པ་གྲུབ་པའི་ཕྱིར་དེ་བརྗོད་པ་ནི་མ་ཡིན་གྱི། མ་གྲུབ་པའི་ཕྱིར་གཏན་ཚིགས་འབའ་ཞིག་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་རྟོགས་པའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་ཞེས་བྱ་བ་སྟེ། འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་འདི་ལྟར་ཡང་བལྟ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདིས་ནི་རྟོགས་པ་པོ་མ་རྨོངས་པའི་


DTG186_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ནས་ཕྱོགས་ཀྱི་ཆོས་ལ་སོགས་པ་རྣམས་ལས་ཚུལ་གཅིག་གྲུབ་ན་ཚུལ་གཉིས་སྟོན་པ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་པ་བསྟན་ཏོ། །དེ་རྟོགས་པ་ཡང་སྐབས་ལ་སོགས་པ་ལས་རྟོགས་པར་འགྱུར་རོ། །རྟོགས་པ་བོ་རྨོངས་པའི་དབང་དུ་བྱས་ནས་ནི་ཚུལ་གསུམ་པའི་རྟགས་སྟོན་པ་གཞན་གྱི་རྗེས་སུ་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །དེར་ཡང་ཞེས་མངོན་སུམ་དུ་མཐོང་བའི་དུ་བ་ལའང་ངོ༌། །གལ་ཏེ་མངོན་སུམ་དུ་གྲུབ་པ་ལ་ཚིག་དགོས་པ་ཅི་ཡོད་སྙམ་ན། ཚིག་གི་དོན་ནི་ཞེས་གསུངས་སོ། །འདི་དུ་བའོ་ཞེས་བྱ་བའི་ཚིག་གི་དོན་ཏེ་དགོས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་འཆད་པར་འགྱུར་བའི་མཚན་ཉིད་དེ་ཚུལ་གསུམ་པའི་རྟགས་གསལ་བའོ། །མངོན་སུམ་གྱིས་གྲུབ་པ་སྟོན་པ་ནི་ཚིག་གི་དོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །དེ་ཉིད་བརྗོད་པ་ནི་དེ་ལ་ཞེས་བྱ་བ་སྟེ་ས་ཕྱོགས་སུའོ། །མངོན་སུམ་གྱིས་མཐོང་བའི་དོན་ཏེ་རང་གི་མཚན་ཉིད་དོ། །དེ་ནི་ཞེས་བྱ་བ་ཚིག་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་གྱི་གཞན་གྱི་དོན་གྱི་མངོན་སུམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཚིག་འདི་ཅི་ལྟར་དེའི་རང་བཞིན་ཅན་གྱི་རང་བཞིན་གྱི་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པ་ཡིན་པ་དེ་དེ་སྟོན་པ་ནི། འདི་ནི་དུ་བ་ཉིད་དེ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་ཡང་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་ཅི་ལྟར་ཡིན་ཏེ། འབྲེལ་བ་མ་བརྗོད་པའི་ཕྱིར་རོ་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་སོ། །ཡང་ཅི་ལྟར་རྣམ་པ་གཞན་དུ་གྱུར་པ་མ་ཡིན་ཞེ་ན། དེའི་ཞེས་སྨོས་ཏེ། སྔར་དམིགས་པའི་དུ་བ་དང་རང་བཞིན་མཚུངས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་འདི་ཚིག་གིས་དངོས་སུ་བསྟན་ཏོ་ཞེས་འཇིག་རྟེན་ཐ་སྙད་བྱེད་པ་མ་ཡིན་ནམ། དེས་ན་ཅི་ལྟར་དེའི་ཚིག་མངོན་སུམ་གྱི་རྒྱུ་མ་ཡིན་ཞེ་ན། དོགས་པ་བཟློག་པའི་དོན་དུ་བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་འདི་དུ་བའོ་ཞེས་བརྗོད་པས་མངོན་སུམ་དུ་མཐོང་བ་བསྟན་པར་རོ། །འོ་ན་ཚིག་ནི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །གལ་ཏེ་མངོན་སུམ་ལ་སྒྲའི་བྱེད་པ་མེད་ན། འོ་ན་ཚིག་ནི་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཞེས་བྱ་བ་རང་བཞིན་རྗེས་


DTG186_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཚིག་ནི་རྒྱུ་རྗེས་སུ་དཔོག་པ་ནི་མ་ཡིན་ཏེ་ཞེས་འབྲེལ་ཏོ། །རྒྱུ་རྗེས་སུ་དཔོག་པ་མ་ཡིན་པའི་ཚིག་དེ་གང་ཞེ་ན། འདི་ན་དུ་བ་ཡོད་དོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཚིག་ནི་ཞེས་གསུངས་སོ། །གྲུབ་པའི་མཐར་ནི། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་རྒྱུ་རྗེས་སུ་དཔག་པ་ནི་ཡོད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་དེ་ནི་ཞེས་བྱ་བ་སྟེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཁོ་ནར་རྒྱུ་རྗེས་སུ་དཔག་པ་མེད་དོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་དོན་ཞེས་སྨོས་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་དུས་འབའ་ཞིག་ཏུ་ནི་མ་ཟད་དེ་རང་དོན་རྗེས་སུ་དཔག་པའི་དུས་སུ་ཡང་བར་དུ་རང་བཞིན་གྱི་གཏན་ཚིགས་འཇུག་གོ །གང་དུ་ཞེ་ན། དུ་བའི་རང་བཞིན་ལ་ཏེ། དེའི་དུ་བ་ནི་དེའི་རང་བཞིན་ཅན་གྱི་རྗེས་སུ་དཔག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བར་དུ་རང་བཞིན་གྱི་རྟགས་ཞུགས་པ་ཡིན་ཞེ་ན། དེར་ཡང་ཞེས་སྨོས་ཏེ་དུ་བའི་རང་བཞིན་ལ་ཡང་དཔྱོད་པའོ་ཞེས་བྱ་བ་རྗེས་སུ་དཔོག་པ་པོ་རང་བཞིན་རྟགས་ཏེ་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་མེད་པར་འཁྲུལ་པ་ལྡོག་པ་མ་ཡིན་ནོ། །དེས་ན་རང་དོན་གྱི་རྗེས་སུ་དཔག་པར་ཡང་རྒྱུ་རྗེས་སུ་དཔག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ལ་འབྲས་བུའི་གཏན་ཚིགས་མེད་དོ་ཞེས་ཕ་རོལ་པོ་སྟོན་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ནས། ཞེ་ན་ཞེས་བྱ་བའི་བར་དུའོ། །འདི་ལ་ཞེས་བྱ་བ་ནི་དེའི་རང་བཞིན་གྱི་རྗེས་སུ་དཔག་པས་བར་བཅད་པ་དང་འབྲས་བུའི་གཏན་ཚིགས་ལའོ། །ཅི་སྟེ་མི་ཉམས་སྙམ་ན། དེ་ནི་བར་དུ་ཞེས་སྨོས་ཏེ་འབྲས་བུའི་གཏན་ཚིགས་དེ་ནིའོ། །རང་གི་དོན་གྱི་ཞེས་བྱ་བ་ནི་འཆད་པའོ། །གང་དུ་ཉེ་བར་མཁོ་ཞེས་བྱ་བ་ནི་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གལ་ཏེ་ཡང་རང་གི་དོན་གྱི་རྗེས་སུ་དཔག་པར་དུ་བ་འབྲས་བུའི་གཏན་ཚིགས་ཡིན་པ་དེ་ལྟ་ན་ཡང་འབྲས་བུའི་གཏན་ཚིགས་སུ་ཡང་འགྱུར་བ་ཡིན་ནོ། །དང་པོ་དུ་བ་ལ་ལ་མཐོང་བ་ནི་འབྲས་བུའི་གཏན་ཚིགས་ཡིན་ལ། དེའི་རྗེས་ལ་འཁྲུལ་པ་སྲིད་པས་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་བྱེད་པའི་དུས་སུ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། ཕྱིས་ནི་རྒྱུ་རྗེས་སུ་དཔོག་པ་ཡིན་ནོ། །དེ་ལ་གལ་ཏེ་ཡང་དེའི་རང་


DTG186_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་རྗེས་སུ་དཔག་པས་བར་ཆོད་པ་དེ་ལྟ་ན་ཡང་འབྲས་བུའི་གཏན་ཚིགས་ཉིད་ནི་མི་འགལ་ལོ། །དེ་ལྟར་ན་རྒྱུ་རྗེས་སུ་དཔག་པ་ནི་འཇུག་པ་ཁོ་ནའོ། །འོ་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཡང་རྒྱུ་རྗེས་སུ་དཔག་པར་འགྱུར་བ་ཁོ་ནའོ་སྙམ་ན། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཞེས་སྨོས་སོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚིག་ཉིད་ཡིན་ལ། ཚིག་ཀྱང་དངོས་སུ་རང་བཞིན་གྱི་གཏན་ཚིགས་སྟོན་པར་བྱེད་པའི་ཕྱིར་རང་བཞིན་གྱི་རྗེས་སུ་དཔག་པ་ཁོ་ན་སྟེ། དེས་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ནི་འབྲས་བུའི་གཏན་ཚིགས་ཡོད་པ་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་མེད་པས་ན། མེ་རྗེས་སུ་དཔོག་པ་ཞེས་བྱ་བ་ནི་རྒྱུ་བསྒྲུབ་པར་བྱ་བ་ལའོ། །ལན་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཇི་ལྟར་སྲིད་པ་ཞེས་བྱ་བ་འདི་ནི་དུ་བ་ཡིན་ནོ་ཞེས་བྱ་བའི་ཚིག་ནི་རང་བཞིན་ལ་བརྟེན་ནས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་གྱི། འབྲས་བུ་ལ་བརྟེན་ནས་ནི་མ་ཡིན་ནའོ། །གཞན་ལ་ཞེས་བྱ་བ་རྒྱུ་ལ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་དེ་མེད་དེ། བསྟན་བཅོས་ལས་ནི་རང་བཞིན་ལ་བརྟེན་ནས་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡང་འགལ་བ་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ཡང་རྟོགས་པ་པོ་འཁྲུལ་པ་ལ་ལྟོས་པ་ཁོ་ནས་འཐད་པ་ཡིན་གྱི། རྟོགས་པ་པོ་འཁྲུལ་པ་མེད་པ་ལ་ལྟོས་ནས་ནི་ཇི་ལྟར་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་མཆོད་པ་ཁོ་ནར་འབྲས་བུའི་གཏན་ཚིགས་ཡིན་པ་དེ་བཞིན་དུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །འབྲས་བུའི་གཏན་ཚིགས་གང་དུ་འཁྲུལ་པ་མེད་པ་དེར་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་ཆོད་པ་མེད་པ་ཉིད་དོ། །ཚུལ་དེ་ཉིད་ཅེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་བརྗོད་པ་གང་ཡིན་པའོ། །དངོས་ཁོ་ནར་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉིད་བརྗོད་པ་མེད་པར་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་མེད་པས་སོ། །སྒྲ་ལས་ཞེས་བྱ་བ་ནི་འབྲེལ་པ་ཙམ་བརྗོད་པ་ལས་སོ། །རྟོགས་པ་པོ་འཁྲུལ་པ་མེད་པ་ལ་ལྟོས་ནས་ནི་འབྲེལ་པ་ཙམ་ཞིག་ཚིག་གིས་བརྗོད་ཀྱི་ཕྱོགས་ཀྱི་ཆོས་ཉིད་ནི་ཚིག་མེད་པར་རྟོགས་པ་ཡིན་ནོ། །དེས་ན་འདིར་ཡང་དུ་


DTG186_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མཆོད་པ་ཁོ་ནར་འབྲས་བུའི་རྟགས་ཡིན་ནོ། །འདི་སྙམ་དུ་གལ་ཏེ་འཁྲུལ་པ་ཉིད་མེད་ན་དེ་བརྗོད་པས་ཅི་ཞིག་བྱ་སྙམ་བ་སྟོན་པ་ནི། འཁྲུལ་བ་མེད་ན་ཞེས་བྱ་བའོ། །ལན་ནི་འབྲེལ་པ་ཞེས་བྱ་བའོ། །དེ་ལྟར་ནའོ་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་སྟོན་པའོ་ཞེས་བྱ་བ་འགལ་ལོ་སྙམ་ན། ཚུལ་གསུམ་པའི་ཞེས་གསུངས་སོ། །ཇི་ལྟར་སྲིད་པར་ཞེས་བྱ་བ་ནི་འཁྲུལ་པ་ལ་ཚུལ་གསུམ་བརྗོད་པར་བྱ་བ་ཡིན་གྱི་མ་འཁྲུལ་པ་ལ་ནི་མ་ཡིན་ཏེ་དེའི་འབྲེལ་པའི་ཚིག་ཙམ་ལས་རྟོགས་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་ན་འདི་ན་དུ་བ་ཡོད་དེ་ཞེས་བྱ་བའི་ཚིག་ནི་རྒྱུའི་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ཏེ་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་རྣམ་པ་གཉི་ག་ལྟར་ཡང་བསལ་ནས། །རྣམ་པ་གཞན་གྱིས་ཀྱང་བསལ་བའི་ཕྱིར་གཞན་ཡང་ཞེས་གསུངས་སོ། །རྗེས་སུ་དཔག་པའི་རྒྱུས་བྱས་པའི་རྗེས་སུ་དཔག་པ་ཉིད་དེ་མེད་པར་ནི་ཚིག་ལས་ཚད་མ་མེད་ཀྱི་འོན་ཀྱང་ཚིག་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཚད་མ་ཡིན་ནོ། །དེས་ན་འདི་ཙམ་ཉིད་རང་གིས་མཐོང་དོན་རབ་གསལ་བྱེད་ཅེས་བྱ་བ་འདིར་མངོན་པར་འདོད་པ་ཡིན་གྱི། གང་གིས་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རྒྱུའི་རྗེས་སུ་དཔག་པ་མེད་པའི་ཕྱིར་མཚན་ཉིད་འདི་མི་འགྲིག་པར་འགྱུར་པ་འདི་ན་དུ་བ་ཡོད་དོ་ཞེས་བརྗོད་པའི་ཚིག་རྣམས་ཐམས་ཅད་ནི་དེ་ལྟར་ཏེ་རྗེས་སུ་དཔག་པའི་རྒྱུར་བརྗོད་པར་འདོད་པ་མ་ཡིན་ནོ། །འོན་ཏེ་ཡང་ཅི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་པ་དེ་བཞིན་དུ་ཚིག་ཀྱང་ཡིན་གྱི། རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་སྔ་མ་གཞན་གྱི་ཁ་ནས་ཉེ་བར་འགོད་པ་ནི་ཅི་སྐད་དུ་ཞེས་བྱ་བའོ། །ཚིག་ཀྱང་ཚད་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ཐ་སྙད་ཀྱི་ཞེས་གསུངས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་ཚིག་མེད་པར་ནི་ཞེས་བྱ་བའོ། །རྗེས་སུ་དཔག་པའི་རྒྱུ་ལས་གཞན་དུ་ཡང་ཚིག་ཚད་མར་ཁས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་ནི་དེ་ལ་བཤད་པ་ཞེས་བྱ་བའོ། །འདི་གསུམ་མེད་པར་ཡང་འཇིག་རྟེན་གྱི་ཐ་སྙད་དམ་ཅི། འོན་ཀྱང་དྲན་པ་ལས་ཀྱང་ཡོད་


DTG186_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅི་གང་འདི་ཙམ་གྱིས་དྲན་པ་དེ་ལ་ཚད་མ་ཉིད་ཡིན་ནམ་སྟེ་མ་ཡིན་པ་ཁོ་ནའོ། །ཐ་སྙད་འཇུག་པ་མེད་དམ་ཅི་ཞེས་སྦྱར་རོ། །འོན་ཏེ་དྲན་པ་དེ་ཚད་མ་མ་ཡིན་པ་ཉིད་ན་ཞེས་བྱ་བ་ལ་ཐ་སྙད་ཀྱི་རྒྱུ་ཡིན་ཡང་ཞེས་བྱ་བ་ནི་ལྷག་མའོ། །ལན་ནི་དེ་ལྟ་བུ་ཞེས་བྱ་བའོ། །དེ་ལྟ་བུའི་དོན་ཅན་ནི་ཐ་སྙད་ཀྱི་དགོས་པ་ཅན་ནོ། །མཚུངས་པ་ནི་དྲན་པ་དང་ཚིག་གོ །འོ་ན་ཅི་ལྟར་ཚུལ་གསུམ་པ་སྟོན་པར་བྱེད་པ་ཚད་མ་ཡིན་ཞེས་དོགས་པ་སེལ་བས་ཚིག་ལེའུར་བྱས་པ་དང་པོ་རྣམ་པར་འགྲེལ་པ་ནི། གང་དུ་ཞེས་བྱ་བའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་ནི་མ་ཡིན་པའོ། །གལ་ཏེ་རྗེས་སུ་དཔག་པ་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱིས་ཚིག་ཚད་མ་ཡིན་པར་མཚན་ཉིད་དུ་ཅི་སྟེ་མི་འདོད་ཅེ་ན། འདིར་ནི་འདི་ཙམ་ཞིག་ཅེས་གསུངས་ཏེ། རང་གིས་མཐོང་དོན་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་ངག་འདིར་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཚིག་ཚད་མ་ཡིན་པ་འདི་ཙམ་ཞིག་བརྗོད་པར་འདོད་པ་ཡིན་གྱི། གང་གིས་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རྒྱུའི་རྗེས་སུ་དཔག་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་ན་མཚན་ཉིད་འདི་མི་འགྲིག་པར་འགྱུར་བ་རྗེས་སུ་དཔག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་ལ་ནི་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་ཚིག་ཐམས་ཅད་ཅེས་བྱ་བའོ། །འདི་ན་དུ་བ་ཡོད་དོ་ཞེས་བརྗོད་པའི་ཚིག་ནི་རང་བཞིན་རྗོད་པར་བྱེད་པ་ཡིན་ཡང་རྗེས་སུ་དཔག་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ན་རྒྱུའི་རྗེས་དཔག་གི་རྒྱུར་ཡང་འགྱུར་བ་ཡིན་ནོ། །འོ་ན་ཅི་ཞིག་བརྗོད་པར་འདོད་སྙམ་ན། བརྗོད་ཟིན་པ་ཉིད་ཀྱི་དོན་བརྟན་པར་བྱེད་པ་ནི་ཚིག་གི་རྗེས་སུ་དཔག་པ་ཉིད་དེ་ཞེས་བྱ་བ་རྗེས་སུ་དཔག་པའི་རྒྱུ་ཉིད་ཚད་མ་ཡིན་གྱི། རྗེས་སུ་དཔག་པའི་རྒྱུ་མ་ཡིན་པར་རང་རྒྱུད་ཀྱིས་ནི་མ་ཡིན་ནོ། །རྗེས་སུ་དཔག་པའི་རྒྱུ་དེ་ནི་རང་བཞིན་གྱི་རྟགས་ཀྱི་རྒྱུ་ཉིད་ཀྱང་ཉམས་པ་མེད་དོ། །མཚན་ཉིད་ཀྱི་ཚིག་ལ་ཚིག་ཐམས་ཅད་རྗེས་སུ་དཔག་པ་ཉིད་གང་ཡིན་པ་དེ་ལྟར་བསྟན་པ་ལ་ནི་ཉེ་བར་མཁོ་བ་མེད་དོ། །དེས་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རྒྱུའི་རྗེས་སུ་དཔག་པ་མི་སྲིད་ཀྱང་མཚན་ཉིད་ཀྱི་ཚིག་ལ་གནོད་པ་མེད་དོ་ཞེས་དགོངས་པའོ། །གང་གི་ཕྱིར་ཚུལ་གསུམ་པའི་རྟགས་ལ་མ་གཏོགས་པ་གཞན་ལ་གསལ་བར་


DTG186_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མེད་པ་དེས་ན་ཚུལ་གསུམ་སྟོན་པ་ཉིད་ཅི་ལྟར་སྲིད་པར་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་སུ་བབ་པ་ཡིན་ཏེ། དེ་ནི་རྒྱུ་ཡིན་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །དོན་གྱི་ནི་གྲངས་ཅན་གྱིས་ཡོངས་སུ་བརྟགས་པའི་རྟགས་སྟོན་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་གནས་སོ། །རིག་བྱེད་དུ་སྨྲ་བས་རིག་བྱེད་ཚད་མ་མ་ཡིན་པར་ཐལ་བ་མཐོང་ནས་འདྲི་བ་ནི་འོན་ཞེས་བྱ་བའོ། །ལན་ནི་དེར་ཡང་ཞེས་བྱ་བ་སྟེ། ཚུལ་གསུམ་པ་སྟོན་པར་བྱེད་པ་འབའ་ཞིག་ཏུ་ནི་མ་ཟད་དེ་རིག་བྱེད་ལ་ཡང་ངོ༌། །མངོན་སུམ་གྱི་དོན་སྟོན་པ་ནི་ལྷག་པར་ཞེས་པས་སོ། །གཞན་དུ་ནི་ཞེས་བྱ་བ་མཐོ་རིས་ལ་སོགས་པ་ཤིན་ཏུ་དབང་པོ་ལས་འདས་པར་རོ། །དོགས་པ་བསུ་བ་ནི་སྐྱེས་བུས་མ་བྱས་པ་ཉིད་ཀྱིས་དབང་པོ་ལས་འདས་པའི་དོན་ལ་རིག་བྱེད་ཚད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་འགོག་པའོ། །ཅིའི་ཕྱིར་ཞེ་ན། ཡིད་ཆེས་པ་མེད་པའི་ཕྱིར་རོ། །ཚད་མ་ནི་ངེས་པར་བྱེད་པ་ཡིན་ན། དབང་པོ་ལས་འདས་པའི་དོན་ནི་རིག་བྱེད་ལས་ངེས་པ་མ་ཡིན་ནོ། །འོན་ཏེ་དབང་པོ་ལས་འདས་པའི་དོན་ལ་རིག་བྱེད་ངེས་པར་བྱེད་པ་ཡིན་ཏེ། མངོན་སུམ་བཞིན་ནོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །ཅི་སྟེ་རིག་བྱེད་ལས་དབང་པོ་ལས་འདས་པའི་དོན་ཐམས་ཅད་མི་རྟོགས་པ་ཞེས་བྱ་བ་ནི་སྐབས་ཏེ། བརྡ་ལ་ལྟོས་པས་ཅི་ཞིག་བྱ་སྟེ། མངོན་སུམ་ནི་བརྔ་ལ་ལྟོས་ནས་དོན་སྟོན་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རིག་བྱེད་ཀྱང་འགྱུར་རོ། །ཕ་རོལ་པོས་སྐད་ཅིག་མ་ཞེས་སྨྲས་ཏེ། སོགས་པའི་སྒྲས་བདག་མེད་པ་ལ་སོགས་པ་བསྡུའོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི་འཁྲུལ་པས་སོ་ཞེས་བྱ་སྟེ། སྐད་ཅིག་མ་ཉིད་ལ་སོགས་པས་རྗེས་སུ་དཔག་པས་རྟོགས་པ་མ་ཡིན་ནོ་སྙམ་ན། དེ་ཉིད་བརྗོད་པ་ནི། འདིར་ཡང་ཞེས་བྱ་བ་སྟེ་རིག་བྱེད་ལའོ། །འདིས་ནི་སྐད་ཅིག་མ་ཉིད་རྗེས་སུ་དཔག་པ་དང་རིག་བྱེད་དག་མཚུངས་པ་ཉིད་དུ་བསྟན་ཏོ། །ལན་ནི་རྗེས་སུ་དཔག་པ་ཞེས་བྱའོ། །ཡོད་པ་ཉིད་ནི་ཆོས་ཅན་སྒྲ་ལ་སོགས་པ་ལ་སྐད་ཅིག་མ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཡང་དེའི་རིགས་ཅན་གྱི་བུམ་པ་ལ་སོགས་པའི་དཔེ་ལ་སྐད་ཅིག་མ་ཉིད་དང་ལྷན་ཅིག་འབྲེལ་པ་བསྒྲུབ་པའི་རྗེས་སུ་དཔག་པ་ཞུགས་པ་ཡིན་


DTG186_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ཉིད་ཀྱང་ཡོད་པ་ཉིད་ནི་སྐད་ཅིག་མ་མེད་པར་མི་འགྱུར་རོ་ཞེས་ངེས་ཤིང་ཡིད་ཆེས་པའི་གནས་ཏེ་རྟེན་ཡིན་ནོ། །དེས་ནི་རྗེས་སུ་དཔག་པ་ལ་ནི་ཞེས་བྱ་བ་སྐད་ཅིག་མ་ཉིད་སྒྲུབ་པར་བྱེད་པའི་རྟགས་ལ་རེས་འགའ་འགའ་ཞིག་ཏུ་སྐད་ཅིག་མ་ཉིད་མེད་ཀྱང་ཡོད་པར་འགྱུར་སྲིད་དོ་སྙམ་པའི་འཁྲུལ་པ་བཟློག་པ་ཡིན་ཏེ། དེས་ན་ཡོད་པ་ལས་སྐད་ཅིག་མ་ཉིད་རྗེས་སུ་དཔག་པ་ནི་ཚད་མ་ཡིན་ནོ། །རིག་བྱེད་ལ་ཡང་དེ་ལྟར་འགྱུར་རོ་ཞེ་ན། རིག་བྱེད་ལ་ནི་ཞེས་གསུངས་ཏེ་མེའི་སྦྱིན་སྲེག་ལ་སོགས་པའི་ངག་ལས་སོ། །དེའི་རིགས་ཅན་གྱི་ཚིག་གིས་འཁྲུལ་པ་བཟློག་པ་མ་ཡིན་ནོ། །རིག་བྱེད་དང་རིགས་གཅིག་པའི་ཚིག་ནི་བདེན་པའི་དོན་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ལ་འདི་ལ་ནི་བཟློག་པ་ལ་གནོད་པའི་ཚད་མ་ཅི་ཡང་མེད་དོ། །དེས་ན་ངེས་རིག་བྱེད་ལ་འཁྲུལ་པ་བཟློག་པ་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །དེ་བས་ན་འདི་གཉིས་ནི་མི་མཚུངས་སོ། །མི་མཚུངས་པ་ཉིད་སྟོན་པ་ནི་རྗེས་འགྲོ་དང་ནི་ཞེས་བྱ་བའོ། །འདིས་རྗེས་སུ་འགྲོ་བས་ན་རྗེས་འགྲོ་ནི་རྒྱུས་ཏེ་བསྒྲུབ་པར་བྱ་བ་དང་འབྲེལ་བའི་རྟགས་སོ། །དེས་ན་འབྲེལ་བ་ཡིན་པས་ན་རྗེས་སུ་དཔག་པ་ཚད་མ་ཉིད་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་འབྲེལ་པ་ཡང་ཚད་མ་ལས་ངེས་པ་ཁོ་ནའོ། །རིག་བྱེད་ལ་ནི་དོན་དང་ལྷན་ཅིག་འབྲེལ་པ་མཐོང་བ་མེད་དོ། །སྔར་ཞེས་བྱ་བ་ནི་སྟོང་ཕྲག་ཕྱེད་དང་བཞི་པར་རོ། །འདི་ནི་ཕྱོགས་ཀྱི་ཆོས་ཉིད་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ནི་དེ་ཡང་ཡོད་པ་མ་ཡིན་ཞིང༌། སྐྱེས་བུས་མ་བྱས་པ་ལ་ཡང་ལྡོག་པ་ཙམ་གྱིས་ནི་གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཡང་ན་ཞེས་གསུངས་སོ། །དེ་ལ་ནི་རིག་བྱེད་ལའོ། །འདི་ག་ལས་ཤེ་ན་དེ་ལ་ནི་ཞེས་བྱ་བ་སྟེ་རིག་བྱེད་ལའོ། །ཕྱོགས་ཀྱི་ཆོས་ཞེས་བྱ་བ་དབང་པོ་ལས་འདས་པའི་དོན་གྱི་ཆོས་ཅན་གྱི་ཆོས་མེད་པ་ཉིད་དོ། །སྐྱེས་བུའི་ཆོས་ཉིད་དུ་རྟོགས་པའི་ཕྱིར་རོ། །ཅི་ལྟར་བདེན་པའི་དོན་ཉིད་རྗེས་སུ་འགྲོ་བ་མེད་སྙམ་ན། འདི་ལྟར་ཞེས་གསུངས་སོ། །ལྡོག་པ་ནི་རིག་བྱེད་ཀྱི་ཚིག་གོ །རྗེས་སུ་འགྲོ་བ་མེད་པ་ནི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཁས་བླངས་ཀྱང་མངོན་པར་འདོད་པ་འགྲུབ་པ་ནི་མ་


DTG186_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བསྟན་པའི་ཕྱིར་དོགས་པ་བསུ་བ་ནི། ཅི་སྟེ་ཞེས་བྱ་བའོ། །ལན་ནི་འདི་ལ་བརྗོད་པ་ཞེས་བྱ་བའོ། །ཡང་ན་ཟླ་བ་བཅུ་གཉིས་ལོ་ཡིན་ནོ་ཞེས་བྱ་བ་འདིར་བདེན་པ་ཉིད་དང་རྗེས་སུ་འགྲོ་བ་ཡོད་མེད་དེ་ལྟ་ན་ཡང་མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་ལས་ཅི་འོང་འོན་ཏེ་དེ་ཡང་རིག་བྱེད་ཡིན་པའི་ཕྱིར་བདེན་པ་ཉིད་དང་རྗེས་སུ་འགྲོ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །སྐྱེས་བུས་མ་བྱས་པ་ཉིད་ལས་རིག་བྱེད་ཡིན་ནོ་ཞེ་ན། འགའ་ཞིག་གིས་ནི་ཞེས་བྱ་བ་སྟེ་རིག་བྱེད་ཉིད་དུ་མངོན་པར་འདོད་པའི་ངག་འདི་སྐྱེས་བུས་བྱས་པ་ཉིད་དུའང་དོགས་ཏེ། རིག་བྱེད་མ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་འགའ་ཞིག་གིས་བྱས་པར་སྲིད་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་བྱས་པ་ཡིན་ན་ཅི་ལྟར་སྐྱེས་བུས་མ་བྱས་པ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་སྟེ་མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་གོ །དོགས་པ་འདི་ས་བོན་མེད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་འགའ་ཞིག་ཏུ་ཞེས་བྱ་བའོ། །དེ་ལྟ་བུའི་ཞེས་བྱ་བ་ནི་བྱས་པའིའོ། །ཡིད་ཆེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚད་མ་མེད་པའི་ཕྱིར་ན་དྲན་ན་དེ་ལྟ་བུའི་ཐ་སྙད་ཡིན་ནོ་ཞེས་ཡིད་ཆེས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཞན་ལས་ཡང་ཞེས་བྱ་བ་ནི་གཞོན་ནུ་འབྱུང་བ་ཅན་ལ་སོགས་པར་ཡང་དེ་ལྟ་བུའི་ཐ་སྙད་དེ་ནི་དྲན་ན་ཡིན་ནོ་ཞེས་བྱ་བ་འདིར་ཐལ་བར་འགྱུར་བའི་ཕྱིར་རོ། །བསྟན་ཟིན་པ་ནི་ཞལ་འགྲེལ་ལེའུ་དང་པོ་ལ་སོགས་པར་རོ། །དེ་བས་ན་ཚུལ་གསུམ་པའི་རྟགས་ཉིད་རང་གིས་མཐོང་བའི་སྒྲར་འདོད་པ་ཡིན་གྱི། རྗེས་སུ་དཔག་པར་བྱ་བ་ལ་སོགས་པ་ནི་མ་ཡིན་ཏེ་གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །ཕ་རོལ་པོ་རང་གིས་མཐོང་དོན་སྨོས་པ་ཚུལ་གསུམ་པའི་རྟགས་ཀྱི་དོན་ཡིན་ན། དོན་མེད་པ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ལོག་པར་རྟོགས་པ་བསལ་བའི་མཚན་ཉིད་ཀྱི་དོན་ཏེ་དགོས་པ་གཞན་རང་གིས་མཐོང་དོན་སྨོས་པ་གང་ལ་ཡོད་པ་སྟེ་དེའི་ཕྱིར་རོ། །གལ་ཏེ་ཡང་ཚུལ་གསུམ་པའི་རྟགས་སྨོས་པས་ཀྱང་བཤད་པ་ལ་ལྟོས་ཏེ་ལོག་པར་རྟོགས་པ་བསལ་བ་ཡིན་མོད་ཀྱི་འོན་ཀྱང་མཐོང་དོན་ཁོ་ནར་ལོག་པར་རྟོགས་པ་བསལ་བའི་དོན་དུ་རང་གིས་མཐོང་དོན་སྨོས་པར་བྱས་པ་ཡིན་ནོ།


DTG186_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞལ་བ་ནི་ཕྱིར་རྒོལ་བའོ། །བདག་གི་རྒོལ་བའོ། །གཞན་དག་གིས་ནི་ཕྱིར་རྒོལ་བ་དག་གིས་སོ། །ཁ་ཅིག་ནི་གྲངས་ཅན་ནོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་སྔ་མའི་རྣམ་པར་འགྲེལ་བའོ། །རང་གིས་ཞེས་བྱ་བ་རྒོལ་བས་རྟོགས་པ་དབང་དུ་བྱ་བ་མ་ཡིན་པའོ། །ཅིའི་ཕྱིར་བརྗོད་པར་མི་བྱ་སྙམ་ན། རྒོལ་བས་རྟོགས་ཀྱང་ཞེས་བྱ་བའོ། །གཞན་དག་ནི་ཕྱིར་རྒོལ་བའོ། །གལ་ཏེ་དེ་ཡོད་ཅེས་བྱ་བ་ནི་ཕྱིར་རྒོལ་རང་ཉིད་རྟོགས་པར་གྱུར་ནའོ། །དེའི་ཚེ་རང་ཉིད་རྟོགས་པ་དེ་ཉིད་རྟགས་འདིར་འགྱུར་མོད། གཞན་རྒོལ་བས་རྟོགས་བས་ཅི་ཞིག་བྱ་སྟེ་ཅི་ཡང་བྱར་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ནི་བསྟན་པར་བྱའོ། །འདིར་ནི་རྟགས་ལའོ། །གཉིས་ཞེས་བྱ་བ་ནི་རྒོལ་བས་སོ། །ངས་ནི་ཕྱིར་རྒོལ་བས་སོ། །གྲུབ་པའི་མཐའི་ཆ་རྣམ་པར་འགྲེལ་བ་ནི་བསམ་དེ་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །རང་གིས་མཐོང་དོན་སྨོས་པ་ནི་རང་གིས་མཐོང་པར་བསྟན་པའི་ཕྱིར་བྱས་པ་ཡིན་ནོ། །ངག་ཐམས་ཅད་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པ་ཉིད་ཀྱིས་རང་ཁོ་ནས་མཐོང་བ་ཞེས་ངེས་པར་བཟུང་བ་ནི་གདོན་མི་ཟ་བར་བྱ་བ་ཡིན་ནོ། །དེས་ན་རྒོལ་བས་མཐོང་བ་ཁོ་ན་སྒྲུབ་པར་བྱེད་པ་ཡིན་གྱི་ཕྱིར་རྒོལ་བས་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་ལུང་ལས་གྲུབ་པ་ཁོ་ནར་འགྱུར་རོ། །ཚད་མས་གྲུབ་པ་ཉིད་ཡིན་ན་ནི་གཉི་ག་ལ་གྲུབ་པར་ཐལ་བའི་ཕྱིར་ན་ངེས་པར་བཟུང་བ་འབྲས་བུ་མེད་པར་འགྱུར་རོ། །དེས་ན་གཞན་གྱིས་མཐོང་བ་རྣམ་པར་བཅད་པའི་ཕྱིར་དོན་མེད་པ་གཞན་ཞེས་བྱ་བ་དོན་གཞན་མ་ཡིན་པ་གང་ཡིན་པ་རྣམ་པར་རྟོག་པ་ཙམ་གྱི་བཀོད་པ་སྒྲུབ་བྱེད་དུ་འགྱུར་བ་ཐོག་ཏུ་བབ་པོ་ཞེ་ན། འདི་ལ་ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རང་གིས་མཐོང་བ་སྨོས་པ་ནི་གཞན་གྱི་མཐོང་བ་འགོག་པ་མ་ཡིན་གྱིས། འོན་ཀྱང་གཞན་ཁོ་ནས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་འགོག་པ་ཡིན་ནོ། །ངེས་པར་བརྗོད་པར་འདོད་བ་གང་ཡང་རང་ཁོ་ནས་ཞེས་ངེས་པར་བཟུང་བ་མ་ཡིན་གྱིས་འོན་ཀྱང་མཐོང་བ་ཁོ་ནའོ་ཞེས་སོ། །དེས་ན་གཉི་གས་མཐོང་བ་ཡང་མི་འགལ་བ་ཁོ་ནའོ། །དེས་ན་རང་གིས་མཐོང་བ་སྨོས་


DTG186_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་འདི་ནི་རང་གི་བརྗོད་པར་བྱ་བ་གཉི་གས་མཐོང་བ་ཉིད་རང་གཞན་ཁོ་ནས་ཞེས་ངེས་པར་འགོག་པའི་མཚན་ཉིད་ཅི་ལྟར་གནས་པ་ཉིད་དོ། །རང་གི་མཐོང་བའི་སྒྲ་ནི་རང་གིས་མཐོང་བ་ཉིད་སྒྲུབ་པར་བྱེད་པ་ཁོ་ནས་ངེས་པར་འགོག་པ་ཤེས་པར་བྱེད་པ་ཡིན་ནོ། །དེས་ནི་ཞེས་བྱ་བ་གཉི་གས་མཐོང་བར་བསྟན་པའི་དོན་གྱིས་ནི་ལོག་པར་རྟོགས་པ་ལུང་ལས་གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ནོ། །ཅི་སྟེ་དེའི་དོན་ཉིད་དོ་ཞེས་བྱ་བ་ནི། གཙོར་ལོག་པར་རྟོགས་པ་བསལ་བའི་དོན་ཁོ་ནར་མཚན་ཉིད་བྱས་པ་ཡིན་གྱི། རང་གིས་མཐོང་བ་བསྟན་པའི་དོན་ནི་མ་ཡིན་པའོ། །རང་གིས་མཐོང་བའི་སྒྲ་ནི་ལོག་པར་རྟོགས་པ་སེལ་བ་ཁོ་ནས་ཤུགས་ཀྱིས་རང་གི་མཐོང་བ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། ལན་ནི་གང་གིས་དོན་དུ་ཞེས་བྱ་བའོ། །ཅི་ཞིག་མི་རིགས་སྙམ་ན་གང་གིས་དོན་དུ་ཞེས་བྱ་བ་སྟེ། གང་གིས་དོན་ཏེ་དགོས་པ་རང་གི་མཐོང་བ་བསྟན་པའི་མཚན་ཉིད་གང་ཡིན་པ་འདི་རྩོམ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཞེས་བྱ་བ་རང་གི་མཐོང་དོན་སྨོས་པའི་མཚན་ཉིད་དོ། །རང་གི་སྒྲས་བསྡུ་བ་ནི་དོན་གྱིས་རྟོགས་པར་བྱ་བ་སྟེ་དེ་ནི་མི་རིགས་སོ། །ཅི་ལྟར་མི་རིགས་སྙམ་ན་རང་གིས་ཞེས་སྨོས་སོ། །གལ་ཏེ་རང་གིས་མཐོང་བའི་སྒྲས་རྒོལ་བས་མ་མཐོང་བ་མི་བསྒྲུབས་ན་དེའི་ཚེ་རྒོལ་བ་རང་གིས་མ་རྟོགས་པར་གཞན་གྱིས་རྟོགས་སོ་ཞེས་བརྗོད་པར་མི་ནུས་པར་འགྱུར་རོ། །དེ་ནི་རྟགས་སོ། །གཞན་གྱིས་ནི་ཕྱིར་རྒོལ་བས་སོ། །གཞན་གྱིས་ཞེས་བྱ་བ་རྒོལ་བས་རྟོགས་སོ་ཞེས་ཡོངས་སུ་ཤེས་པ་ནི་ཕྱིར་རྒོལ་བ་ལམ་ཁོ་ན་མེད་དོ། །ཅིའི་ཕྱིར་ཞེ་ན། རང་ཞེས་བྱ་བ་སྟེ། ཕྱིར་རྒོལ་བ་གཞན་ལ་ཆོག་པའི་ཕྱིར་རོ་ཞེས་ན། འོ་ན་ཞེས་བྱ་བར་རང་གིས་ནི་རྒོལ་བས་སོ། །གཞན་ལ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ལ་འགྲུབ་པས་སོ། །འོ་ན་གཞན་ཕྱིར་རྒོལ་བ་ལ་གྲུབ་པ་རྟགས་ཡིན་ནོ་ཞེས་བྱ་བ་ལ་རྒོལ་བས་ཡོངས་སུ་ཤེས་པ་དེ་ཉིད་དུ་འགྱུར་རོ། །གལ་ཏེ་རྒོལ་བ་ལ་རྟགས་འདི་ནི་ཕྱིར་རྒོལ་བས་ཚད་མས་ངེས་པ་ཡིན་ནོ་སྙམ་པའི་ངེས་པ་ཡོད་པ་ཡིན་ན་དེའི་ཚེ་དེ་རྒོལ་བས་ཀྱང་ངེས་པ་ཁོ་ན་སྟེ། གཞན་དུ་ནི་གཞོན་ལ་གྲུབ་པས་ཞེས་བརྗོད་པར་མི་བྱ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་བུའི་ཉེས་པ་ཡོད་པ་དེས་ན་རྒོལ་པ་


DTG186_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་མ་རྟོགས་པར་འདི་ནི་གཞན་ལ་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདིར་ཅི་ལྟར་འགྱུར་ཏེ་མི་འགྱུར་པ་ཁོ་ནའོ། །གཞན་གྱིས་རྟགས་པར་གྲུབ་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་མེད་པས་བརྗོད་པ་ནི་ཚུ་རོལ་མཐོང་ཞེས་བྱ་བ་རྒོལ་བ་གཞན་གྱིས་ཞེས་བྱ་བ་ཕྱིར་རྒོལ་བའི་རྟོགས་པའོ། །རང་གིས་རྟོགས་པ་ལ་ཞེས་བྱ་བ་ནི་གཞན་གྱིས་རྟོགས་པ་ལ་འཁྲུལ་པ་མེད་པའི་རྟགས་ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མས་རྒོལ་བ་རང་གིས་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟར་ན་ཕྱིར་རྒོལ་བས་རྟོགས་པར་རྒོལ་བས་ཤེས་པར་འགྱུར་པ་ཡིན་ཏེ། དེས་ན་གཞན་གྱིས་རྟོགས་པ་ཤེས་པའི་རྒོལ་བ་རང་གིས་ཀྱང་རྟོགས་པར་འགྱུར་བ་ཡིན་ཏེ། དེས་ན་གཞན་ཁོ་ནས་མཐོང་བ་ཞེས་ངེས་པར་ཅི་ལྟར་འགྱུར་དེ་ཉིད་བརྗོད་པ་ནི་དེས་ན་ཞེས་བྱ་བ་སྟེ། རང་གིས་རྟོགས་པ་ལ་ལྟོས་པས་སོ། །གཞན་གྱིས་རྟོགས་བའོ་ཞེས་ངེས་པ་གང་ཡིན་པ་དེ་ནི་རྒོལ་བ་རང་གིས་ཀྱང་རྟོགས་པ་ཡིན་ནོ། །ངེད་ཀྱི་ལྟར་ན་ནི་ཚད་མས་མཐོང་བའི་སྒྲུབ་པར་བྱེད་པ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ན་ཉེས་པ་མེད་དོ། །གཞན་གྱིས་ནི་ཕྱིར་རྒོལ་གྱིས་སོ། །རང་གིས་ནི་རྒོལ་བས་སོ། །འོ་ན་ཅི་ལྟར་རང་གིས་མཐོང་བ་ཞེས་མི་བརྗོད་སྙམ་ན། འོན་ཀྱང་ཞེས་སྨོས་སོ། །གང་ཡིན་པ་དེ་ཡང་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པའོ། །རྗེས་སུ་དཔག་པའི་ཡུལ་ནི་མི་རྟག་པ་ཉིད་ལ་སོགས་པ་ལ་ལུང་གི་ཚིག་ཚད་མ་ཉིད་དུ་འདོད་པ་ཁས་ལེན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་ཏེ། །ཁས་ལེན་པའི་ཕྱིར་རོ། །དེས་ན་ལུང་ལས་གཞན་གྱི་གྲུབ་བརྟགས་ཡིན་ནོ་ཞེས་ཅི་ལྟར་བརྗོད། ཡང་ན་གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་དུ་འདོད་པ་མ་ཡིན་ན། འོ་ན་གང་དུ་འདོད་སྙམ་ན། ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །ཞེས་བྱ་བ་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀྱིས་ཡུལ་རྣམ་པར་དག་པར་གྱུར་པ་ན་ཤིན་ཏུ་ལྐོག་ཏུ་གྱུར་པ་ཕུང་པོ་གསུམ་པ་གནོད་པ་མེད་པ་ལ་ཡོངས་སུ་བརྟགས་པ་ཚད་མར་ཁས་ལེན་པའི་ཕྱིར་ནི་ཕུང་པོ་གསུམ་པ་ལ་ལུང་ཚང་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་ཡང་ཚད་མར་འདོད་ན་དེའི་ཚེ་སྐྱོན་ཅི་ཡོད་སྙམ་ན། དེར་ནི་ཞེས་སྨོས་ཏེ་བརྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མར་ཁས་ལེན་ན་རྗེས་སུ་དཔག་པ་འཇུག་པར་མི་འགྱུར་ཏེ། རྟོགས་


DTG186_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་རྟོགས་པ་ལ་དོན་མེད་པའི་ཕྱིར་ཏེ། ཚིག་ཙམ་གྱིས་དོན་གྲུབ་ཟིན་པའི་ཕྱིར་རོ། །བས་བླངས་བས་གྲུབ་པའི་ཚད་མར་བསྟན་པའི་དོན་དུ་གཞི་འདིང་བར་བྱེད་པ་ནི་ལུང་དེ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པ་ལ་ཞེས་བྱ་བ་ནི་མ་ཡིན་པ་དགག་པ་བརྗོད་པའི་ཕྱིར་ཕུང་པོ་གསུམ་པ་ལ་ཚད་མ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཡུལ་ལ་ཡང་དེ་ཁོ་ན་ལྟར་འགྱུར་རོ་སྙམ་ན་དེའི་ཡུལ་ལ་ནི་ཞེས་སྨོས་ཏེ་མངོན་སུམ་ལ་སོགས་པའི་ཡུལ་ལའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་གསུམ་ཀ་པ་ཡང་ངོ༌། །རྗེས་སུ་དཔག་པ་དོན་མེད་པ་ཉིད་གསལ་བར་བྱེད་པ་ཉིད་འདི་ལྟར་ཞེས་བྱ་བའོ། །དེར་ཞེས་བྱ་བ་ནི་སྐྱེ་བ་ཅན་ནམ་མི་རྟག་པ་ལའོ། །དེའི་ཚེ་སངས་རྒྱས་བའི་ཚིག་འབའ་ཞིག་ཏུ་ནི་མ་ཟད་དེ། བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཡིན་ཏེ་ཞེས་བྱ་བའི་གྲངས་ཅན་གྱི་ཚིག་ཀྱང་ཚད་མ་ཡིན་པ་དེ་བས་ནའོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་གྲངས་ཅན་གྱི་ཚིག་ཉིད་ལས་སོ། །མི་རྟག་པ་ཉིད་ལ་སོགས་པ་ནི་སངས་རྒྱས་བའི་ཚིག་བདེ་བ་ལ་སོགས་པ་ནི་མི་རྟག་པ་དང་སྐྱེ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཚད་མས་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཚད་མར་གྲུབ་པ་བདེ་བ་ལ་སོགས་པ་སེམས་པ་ཅན་ཡིན་ནོ་ཞེས་ཟེར་བའི་སངས་རྒྱས་པའི་ལུང་ཉིད་ཀྱིས་སོ། །རྗེས་སུ་དཔག་པས་ཞེས་བྱ་བ་ནི་གྲངས་ཅན་པའི་རྗེས་དཔག་གིས་ཕྱིན་ཅི་ལོག་སེམས་བ་མྱོང་བར་མི་འགྲུབ་པོ། །དེ་ལས་བཟློག་བ་ནི་སེམས་པ་ཅན་ལས་བཟློག་པའོ། །གང་ཞི་ཚེ་ལུང་ལ་གནོད་པའི་ཕྱིར་བསྟན་བར་བྱ་བ་ལ་སྒྲུབ་པར་བྱེད་པ་བརྗོད་པར་རྩོམ་པ་དེ་ཉིད་ཀྱི་ཚེ་ལུང་དེ་ནི་ཚད་མ་ཡིན་བདེ་བས་ན་ལུང་དེས་གྲུབ་བའི་མི་རྟག་པ་ཉིད་ལ་སོགས་བ་མ་ལུས་པ་ནི་གྲུབ་བ་མ་ཡིན་པ་ཁོ་ནའོ། །ཁས་བླངས་པས་ཞེས་བྱ་བ་ནི་ཁས་བླངས་པས་ཚད་མའི་དངོས་བོས་བྱས་པ་དེས་ནའོ། །དེ་ཞེས་བྱ་བ་ཁས་བླངས་པ་དེར་ན་ལུང་དེའི་ཚད་མ་ཉིད་ཀྱང་དེ་བཞིན་དུ་ཞེས་བྱ་བར་དོར་བར་འགྱུར་རོ། །དེས་རབ་ཏུ་གྲུབ་བ་ཞེས་བྱ་བ་ལུང་ལས་གྲུབ་པའི་གཏན་ཚིགས་ཉམས་པར་འགྱུར་རོ། །གལ་ཏེ་གཞན་ཉམས་བས་གཞན་ཡང་ཉམས་སོ་ཞེས་ཅི་ལྟར་འགྱུར་ཞེ་ན། དེ་ལ་ཞེས་སྨོས་སོ། །ཁས་བླངས་བ་ལར་གླས་པའི་བདག་


DTG186_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཚད་མ་དང་གཏན་ཚིགས་ཀྱིས་སྒྲུབ་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ལུང་གང་ཡིན་པ་དེ་ནི་ཁས་བླངས་བ་དེའི་རྗེས་སུ་མི་འཇུག་བ་མ་ཡིན་ཏེ་རྗེས་སུ་འཇུག་པ་ཁོ་ནའོ། །ཁས་བླངས་པ་ཉམས་པས་ཉམས་བ་ཁོ་ནར་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་ནི་དེ་ལ་རག་ལས་པ་ཉིད་མ་ཡིན་པར་འགྱུར་རོ། །རྟོགས་པར་བྱེད་པ་ནི་གཏན་ཚིགས་གྲུབ་པ་ལ་ཞེས་བྱ་བ་སྟེ་མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་གྲུབ་པ་ལ་སོགས་པ་ཚད་མ་ཉིད་ཅེས་བྱ་བ་ནི་བསྟན་པར་བྱ་བའི་ལུང་ཞེས་བྱ་བ་སྐབས་སུ་བབས་པ་ཡིན་ནོ། །ལན་ནི་དེ་མ་ཡིན་ཏེ་ཞེས་བྱ་བའོ།། འགའ་ཞིག་ལ་ཞེས་བྱ་བ་ནི་སེམས་པ་ཅན་ཉིད་ལའོ། །ཐམས་ཅད་པ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པ་ལ་ཡང་ངོ༌། །མི་རྟག་པ་ཉིད་ལ་སོགས་པ་སྟོན་པར་བྱེད་པའི་ཚིག་གི་ཕྱོགས་གཅིག་པོ་གང་ཡིན་པ་དེ་ནིའོ། །འོན་ཏེ་ཚད་མས་གྲུབ་ཀྱང་ཕ་རོལ་གྲངས་ཅན་ལས་ཕ་རོལ་ལས་རབ་ཏུ་གྲུབ་པ་ཉིད་དོ། །ཅིའི་ཕྱིར་ཞེན། ཚད་མའི་གཙུག་ལག་མི་ཤེས་པའི་ཕྱིར་རོ། །རང་གི་མཚན་ཉིད་ནི་རང་གི་གསལ་བར་བྱ་བ་སྟེ། ཚད་མའི་གཙུག་ལག་མི་ཤེས་པ་ཉིད་གསལ་བར་བྱེད་དེ་སྟོན་པར་བྱེད་པ་ཉིད་ཡིན་ནོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་སྟེ་རྒོལ་བས་སྒྲུབ་པར་བྱེད་པ་མ་ཤེས་ཀྱང་ཉེས་པ་མེད་པ་ཉིད་དོ། །ཕྱིར་རྒོལ་བ་ལ་བསྒྲུབ་བར་བྱ་བ་ངེས་པ་ཡོད་པའི་ཕྱིར་རོ། །སྒྲུབ་བར་བྱེད་པ་མ་ཡིན་པའི་ཉེས་པ་ཡང་མེད་དོ་ཞེས་སྨྲས་པ་ནི། རང་ལ་ཞེས་བྱ་བ་སྟེ། ཕྱིར་རྒོལ་བ་བདག་ཉིད་ལ་གྲུབ་པའོ། །རྒོལ་བ་དེའི་ཕྱིར་རྒོལ་འདིའོ། །གཞན་དུ་མི་རྟག་པ་ཉིད་ལ་སོགས་པའི་རྟགས་ལ་མ་ཤེས་པ་ཙམ་གྱིས་ཀུན་དུ་སེམས་པ་མེད་པ་ཉིད་ལ་ཡང་མི་ཤེས་པ་ནི་མི་འོས་པ་ཁོ་ནའོ། །རྟགས་མ་ཤེས་ཀྱང་བསྒྲུབ་པར་བྱ་བ་ཤེས་པ་ནི་རྒོལ་བ་ལ་ཡོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཕྱེད་ཕྱི་མ་འཆད་པ་ནི་གཏན་ཚིགས་ཞེས་བྱའོ། །ཚད་མའི་གཙུག་ལག་མ་ཤེས་པའི་ཕྱིར་ན། མི་རྟག་པ་ཉིད་ལ་སོགས་པའི་གཏན་ཚིགས་བསྒྲུབ་པར་ནུས་པ་མ་ཡིན་ཞེས་ཏེ། གྲངས་ཅན་ཏེ་བསྒྲུབ་པར་བྱ་བ་སེམས་པ་མེད་པ་ཉིད་བསྒྲུབ་པ་ལ་ཡང་མི་ནུས་པ་ནི་མ་ཡིན་ནོ། །གལ་ཏེ་གྲངས་ཅན་ལ་བསྒྲུབ་བྱ་གྲུབ་པ་མེད་ཕྱིར་རྒོལ་བ་ལ་གོ་ཅི་ལྟར་ཞེ་ན། དེ་ནི་རེ་ཞིག་ཅེས་སྨོས་ཏེ། རྟོགས་


DTG186_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་དེ་ནི་གཏན་ཚིགས་དེ་ལས་ཞེས་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་ལས་སོ། །ཅིའི་ཕྱིར་ཞེ་ན། རང་ལ་ཞེས་བྱ་བའོ། །ཕ་རོལ་པོ་སངས་རྒྱས་བའི་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །གྲངས་ཅན་འདི་སྒོ་མེད་པར་ཏེ་ཐབས་དང་བྲལ་བར་བྱ་ནུས་བ་སྟེ། བསྒྲུབ་བྱ་རྟོགས་པའི་ཐབས་སུ་གྱུར་པ་སྒྲུབ་པར་བྱེད་པའི་རང་བཞིན་གསལ་བ་མེད་པའི་ཕྱིར་རོ། །དེ་ལྟར་བྱས་པས་རྒོལ་བ་བརྟན་པོ་མ་ཡིན་ནོ་ཞེ་ན། སུན་འབྱིན་པ་ནི་དེ་ཡང་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་གྲངས་ཅན་རྒོལ་བ་མཁྲང་པོ་ཡིན་པས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཁྱོད་ལ་སྟེ་བསྟན་པར་བྱ་བ་ལ་གཏན་ཚིགས་ཏེ་གྲུབ་ནའོ། །ང་གྲུབ་ཅེས་བྱ་བ་ནི་སྟོན་པར་བྱེད་པ་ལ་གྲུབ་པས་སོ། །འོན་ཏེ་ཡང་གཏན་ཚིགས་སྟོན་པར་བྱེད་བ་ལ་མ་གྲུབ་ན་འདི་ལས་བསྟན་པར་བྱ་བས་བསྒྲུབ་བྱ་ཅི་ལྟར་རྟོགས་སྙམ་ན། ཐམས་ཅད་དང་ཡིས་བྱ་བ་སྟེ་སྟོན་པར་བྱེད་བས་སོ། །གཏན་ཚིགས་ཀྱང་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པའོ། །འོན་ཏེ་གཏན་ཚིགས་ཀྱི་རང་བཞིན་བསྟན་བར་བྱ་བས་མི་ཤུས་པ་ཉིད་ཡིན་བ་དེས་ན་དེ་ལ་གྲུབ་བའི་རྟགས་ཀྱི་ཤེས་པ་ཅི་སྟེ་བརྗོད་སྙམ་ན། ཐམས་ཅད་ཅེས་སྨོས་སོ། །ཡང་སངས་རྒྱས་བའི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བསྟན་པར་བྱ་བ་ལ་གྲུབ་པའི་རྟགས་ཀྱིས་རྟོགས་པར་བྱ་བ་ཞེས་བྱའོ། །གཞན་གྱི་ལན་ནི་དེ་ཡང་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི། དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལ་ལན་བརྗོད་བའོ། །གཞན་གྱིས་ནི་ཕྱིར་རྒོལ་པས་སོ། །རྒོལ་བ་འདིས་མི་རྟག་པ་ཉིད་ལ་སོགས་པ་རྟོགས་སོ་ཞེས་བྱ་བའི་བློར་རོ། །འདི་ནི་ཞེས་བྱ་བ་ནི་འཆད་པ་སྟེ། བསྟན་པར་བྱ་བ་འདི་སྟོན་པར་བྱེད་པ་ངས་སོ། །འདི་ཞེས་བྱ་བ་ནི་བསྟན་པར་བྱ་བའོ་ཞེས་དེ་ལྟར་རྟོགས་བ་ཅི་ལྟར་ཞེས་འབྲེལ་ཏེ། དེ་ལྟར་སུས་མ་རྟོགས་པ་ཞེ་ན། རང་གིས་ཏེ་རྒོལ་བ་གྲངས་ཅན་ཉིད་ཀྱིས་མ་རྟོགས་པར་རོ། །འདིས་ཅི་བྱ་ཞེས་བྱ་བ་ནི་ག་ཞན་གྱིས་རྟོགས་སོ་ཞེས་ཤེས་པས་སོ། །བསླུས་ནས་ཀྱང་ཞེས་བྱ་བ་ནི་མ་འབྲེལ་བའི་ཚིག་བརྗོད་ནས་ཀྱང་ངོ༌། །རྒོལ་བ་ངས་རྟོགས་པས་ཕྱིར་རྒོལ་ཁྱེད་ལ་མི་རྟག་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་འདིར་དགོས་པ་གཞན་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་དོ་ཞེས་


DTG186_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་ཏོ། །མ་རྟོགས་པ་ནི་རྟགས་ཀྱི་ཡུལ་ཅན་ནོ། །ངས་ཞེས་བྱ་བ་ནི་སྒྲུབ་བྱེད་ལྟར་སྣང་བ་བརྗོད་པས་སོ། །ཁྱེད་ལ་ཕྱིར་རྒོལ་བ་ལའོ། །གཞན་གྱིས་དོགས་བ་ནི་ངས་ཀྱང་ཞེས་བྱ་བ་སྟེ་ཕྱིར་རྒོལ་བས་སོ། །དེ་ལྟར་ནི་རྒོལ་བལྟར་རོ། །འོན་ཞེས་བྱ་བ་ནི་ལན་ནོ། །རྒོལ་བ་ལའོ། །བརྗོད་པར་བྱ་བ་མ་ཡིན་པ་ནི་ཕྱིར་རྒོལ་བས་སོ། །འོ་ན་ཅི་ཞིག་བརྗོད་པར་བྱ་ཞེ་ན། འདིར་ཞེས་སྨོས་ཏེ། རྟགས་འདིར་ཕྱིར་རྒོལ་བའིའོ། །མ་རྟོགས་པ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལ་ལན་ནི་དེ་ལྟ་ན་ཞེས་བྱ་བའོ། །འདིར་ནི་སྒྲུབ་པར་བྱེད་པ་ལའོ། །འདི་ལྟར་ནི་ཚུལ་འདིས་སོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་འ་ཐད་པ་དང་བཅས་པས་མི་བརྗོད་ནའོ། །འདིར་ཅི་ལྟར་ངས་ཞེས་བྱ་བ་ནི་རྒོལ་བས་སོ། །འོན་ཏེ་གཞན་ལ་དོན་གྲུབ་པར་ངེས་པས་ཅི་དགོས་ཏེ། མ་ཤེས་བ་བསྒྲུབ་བའི་དོན་དུ་རྩོམ་པའི་ཕྱིར་རོ་སྙམ་ན། གཞན་གྱི་དོན་དུ་ཞེས་གསུངས་སོ། །དེའི་དོན་དུ་ཞེས་བྱ་བ་ནི་རྒྱལ་བར་འདོད་པ་ཙམ་གྱིས་དོན་དུའོ། །འོ་ན་ཅི་ལྟར་གཞན་གྱིས་རྟོགས་པར་ངེས་སྙམ་ན། དེའི་ཕྱིར་ཞེས་སྨོས་སོ། །སྒྲུབ་པར་བྱེད་པ་རང་གིས་རྟོགས་ན་རྒོལ་བ་འདིས་ནི་རྟགས་འདི་རྟོགས་སོ་ཞེས་བྱ་བར་རོ། །མ་རྟོགས་པར་བསྟན་ན་ཉེས་པ་ཅི་ཡོད་སྙམ་ན་འདིས་ཞེས་གསུངས་ཏེ། གྲངས་ཅན་གྱིས་སྒྲུབ་པར་བྱེད་པ་གང་ལ་རྟོགས་པ་མེད་པ་སྟེ་བརྗོད་བ་ནི་བརྫུན་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་སྟེན་པར་བྱེད་པ་ཉིད་ལས་ནི་མ་ཉམས་སོ་སྙམ་ན། རང་གི་ཞེས་བྱ་བ་སྟེ། རྒོལ་བ་རང་ཉིད་ཀྱི་རྟགས་ཀྱི་ཡུལ་ཅན་གྱི་རྟོགས་པ་གང་ཡིན་བ་དེ་མེད་བར་ནི་རྒོལ་བ་སྟོན་བར་བྱེད་པ་མ་ཡིན་པར་འགྱུར་རོ། །གང་གི་ཚེ་ཞེ་ན། གལ་ཏེ་གཞན་ཕྱིར་རྒོལ་བ་སྒྲུབ་པར་བྱེད་པའི་རང་གི་ངོ་བོ་རྟོགས་པར་ཁས་མི་ལེན་ནའོ། །རེས་འགའ་ཁས་ལེན་པར་འགྱུར་རོ་སྙམ་ན། བདག་ཉིད་ཅེས་བྱ་བ་སྨོས་ཏེ་ཕྱིར་རྒོལ་བའོ། །རྒོལ་བས་སྒྲུབ་པར་བྱེད་བའི་རང་གི་ངོ་བོ་རྟོགས་ན་ནི་ཉེས་པ་མེད་དོ་ཞེས་སྟོན་པ་ནི་རང་ཉིད་ཅེས་བྱའོ། །ཕྱིར་རྒོལ་བ་ཁས་ལེན་ཀྱང་མི་བདེན་བ་སྨྲ་བ་ཉིད་དུ་རྟོགས་པར་འགྱུར་རོ། །དེས་ན་མི་བདེན་པ་སྨྲ་བ་སྤང་བའི་ཕྱིར་རྒོལ་བས་ཉེ་བར་བཀོད་པའི་ཚད་མས་གྲུབ་པའི་སྒྲུབ་པར་བྱེད་པ་གཞན་གྱིས་ཁས་བླང་བར་བྱ་བ་ཁོ་ནའོ། །དེས་ན་རང་གིས་རྟོགས་པའི་སྒྲུབ་པར་བྱེད་པ་ནི་གཞན་གྱིས་


DTG186_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ་ཞེས་ཤེས་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིས་ཏེ། རྒོལ་བས་སྒྲུབ་པར་བྱེད་པ་རང་གིས་རྟོགས་ཀྱང་གཞན་ཕྱིར་རྒོལ་བ་རྟགས་རྟོགས་སོ་ཞེས་ཅི་ལྟར་ཤེས། རང་གི་ཚད་མས་རྟོགས་པ་ལ་ཡང་གཞན་གྱིས་མ་རྟོགས་པ་མཐོང་བའི་ཕྱིར་རོ་ཞེ་ན། འོན་ཏེ་ཕྱིར་རྒོལ་བསམ་རྟོགས་ན་རྒོལ་བ་རྟོགས་པར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ་སྙམ་ན། གལ་ཏེ་ཕྱིར་རྒོལ་བས་ཞེས་བྱ་བའོ། །ངེས་ཞེས་བྱ་བ་ནི་ཕྱིར་རྒོལ་གྱིས་སོ། །དེ་ལ་ནི་ཕྱིར་རྒོལ་བ་རྟོགས་བ་བསྐྱེད་པའི་ཚོགས་བ་མེད་པ་ཡིན་ནོ། །གལ་ཏེ་ཕྱིར་རྒོལ་བ་ལ་བརྗོད་པར་དོན་མེད་པར་གྱུར་པའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་པའི་ཉེས་པ་ཁོ་ནའོ་སྙམ་ན། རྒོལ་བའི་ཉེས་པ་ནི་ཞེས་གསུངས་སོ། །དེར་ཞེས་བྱ་བ་ནི་ཕྱིར་རྒོལ་བ་དམུས་ཡོང་དུ་གྱུར་བར་རོ། །ཉེས་བ་ནི་རྟོགས་པར་བྱེད་བ་མ་ཡིན་པའི་མཚན་ཉིད་དོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་ཉན་པ་པོ་རྣམས་རྟོགས་པ་ཙམ་གྱིས་སོ། །ཅི་སྟེ་ཡང་ཞེས་བྱ་བ་ནས་གསལ་བ་ཉིད་ཅེས་བྱ་བའི་བར་ནི་རྩོད་པའོ། །སྙིང་རྗེ་དང་ལྡན་པའི་རྒོལ་བས་ནི་ཚོགས་པ་འབའ་ཞིག་རྟོགས་བར་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཕྱིར་རྒོལ་བ་ཡང་ཡིན་ནོ། །འོ་ན་ཅི་ཞིག་འདོད་པ་ཡིན་སྙམ་ན། དེ་དག་ནི་ཞེས་སྨོས་སོ། །འདི་ཉིད་སབས་དང་སྦྱོར་བར་བྱེད་པ་ནི། །ཕྱིར་རྒོལ་བས་རྟོགས་བར་བྱ་བའི་ཞེས་བྱ་བའོ། །ཉན་པ་པོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། གཉིས་ལས་གང་རུང་གི་ཕྱོགས་སུ་ལྷུང་བའི་ཕྱིར་རོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །ཉན་པ་པོ་རྣམས་ཕྱོགས་སུ་ལྷུང་བར་གྱུར་པ་ན། རྒོལ་པའམ་ཕྱིར་རྒོལ་བ་གཅིག་ཏུ་འགྱུར་རོ། །དེ་ལ་ཕྱིར་རྒོལ་བར་གྱུར་པའི་ཕྱོགས་ལ་བརྗོད་པ་ནི། དེ་ཕྱོགས་ཞེས་བྱ་བ་སྟེ་ཕྱིར་རྒོལ་བ་དེའི་ཕྱོགས་སུ་ལྷུང་བ་དེས་ཉམས་པའོ། །དེར་ཡང་ཞེས་བྱ་བ་ནི་ཕྱིར་རྒོལ་གྱི་ཕྱོགས་ཀྱིས་ཉམས་བའི་ཉན་པ་པོ་ལ་ཡང་ངོ༌། །དེ་ལྟར་འགྱུར་མོད་ཀྱི་སྐྱོན་སྙམ་ན། ཉན་པ་པོ་ཕྱིར་རྒོལ་ཞེས་བྱ་བའོ། །ཉན་པ་པོ་དང་པོ་ཕྱིར་རྒོལ་གྱི་ཕྱོགས་ཀྱིས་ཉམས་པའི་ཕྱིར་ཕྱིར་རྒོལ་བར་གྱུར་བ་ན་ཉན་པ་པོ་དང་པོ་ལས་ཉན་པ་པོ་གཞན་དུ་གྱུར་པ་ནི། ཉན་པོ་གཞན་ཏེ་དེར་ཡོ་བས་ཐུག་བ་མེད་པར་འགྱུར་རོ། །རྒོལ་བ་ཉན་པ་པོ་གཉིས་པ་ལ་རྩོད་པ་བྱེད་པན་ཕྱིར་རྒོལ་པ་ཉིད་དུ་འགྱུར་གྱི་ཉན་པ་བོ་ནི་མ་


DTG186_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་བཞིན་དུ་གསུམ་པ་ལ་སོགས་པ་ཡང་ཡིན་ཏེ། དེ་ལྟར་འགའ་ཡང་ཉན་པ་པོ་ཉིད་དུ་མི་འགྱུར་རོ། །རྒོལ་བར་གྱུར་པའི་ཕྱོགས་བསལ་བའི་དོན་དུ་ཡང་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཕྱོགས་སུ་ལྷུང་ཡང་གཉིས་ལས་གཅིག་པུ་ཕྱོགས་སུ་ལྷུང་བ་ནི་ཉན་པ་པོ་ཉིད་མ་ཡིན་ནོ། །ཆགས་པ་ལས་གྱུར་ཏེ་གཉིས་ལས་གཅིག་གིས་ཕྱོགས་སུ་ལྷུང་བ་ན་ཡང་རིག་པས་འཐད་པའི་ཕྱོགས་ལ་ཡང་ཡིད་གཏོད་པར་མི་འགྱུར་བ་དེས་ན་ཅི་ལྟར་ཚོགས་ཡིན། དེའི་ཕྱིར་ཉན་པ་བོ་ནི་མེད་བ་ཁོ་ནའོ། །དེའི་ཕྱིར་ན་ཉན་པར་བྱེད་པ་དག་གིས་རྟོགས་པ་ཉིད་དོ་ཞེས་ཅི་ལྟར་རྟོགས་པར་བྱེད་སྙམ་ན། རྩོད་པ་གཉིས་པ་འདི་ལ་ལན་རིམ་གྱིས་བརྗོད་པ་ནི། འདི་གཞན་གྱིས་དོན་བྱེད་དོ་ཞེས་བྱ་བར་བརྗོད་པ་ནི་སྐལ་བ་ཡོད་པ་ལ་ཡིན་ནོ། །དེས་ན་གཞན་གྱི་དོན་བྱེད་པ་ཞེས་བྱ་བ་འདི་སྐལ་མེད་ལ་ཡང་དེ་ལྟའམ་ཞེས་བྱ་བ་ནི་གཞན་གྱི་དོན་བྱེད་པ་ཉིད་ཡིན་ནམ་མ་ཡིན་པ་ཁོ་ནའོ། །དེ་ལྟན་འོ་ན་སྙིང་རྗེ་ཅན་མ་ཡིན་པར་འགྱུར་རོ་སྙམ་ན། ནུས་པས་ཞེས་བྱ་བ་སྟེ་ནུས་པ་མེད་པས་གཞན་གྱི་དོན་མ་བྱས་ཀྱང་འདི་སྙིང་རྗེའམ་བདག་ཉིད་ཅན་མ་ཡིན་པར་ནི་མི་འགྱུར་རོ། །དེ་ནི་སྙིང་རྗེ་དང་འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉན་པ་པོ་སྲིད་བར་བརྗོད་པ་ནི་ཉན་པ་པོ་རྣམས་ཞེས་བྱ་བའོ། །དེ་ལྟར་ཡིན་དང་ཉན་པ་པོ་མི་སྲིད་པར་འགྱུར་རོ་སྙམ་ན་ཐམས་ཅད་ཅེས་བྱ་བའོ། །རྩོད་པ་མ་ཡིན་པའི་རྒྱུ་མཚན་གཉིས་པ་བརྗོད་པ་ནི། ཕན་ཚུན་ལྟོས་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཚོགས་པ་རྣམས་སོ། །གང་གི་ཕྱིར་དེ་ལྟར་ཉན་པ་པོ་ཡོད་པ་དེའི་ཕྱིར་རོ། །མ་ཟིན་པ་ལ་སོགས་པ་ཞེས་བྱ་བ་ནི་ལུང་ཡིན་ནམ། སྨྲང་རྒྱས་པ་ལ་རྗེས་སུ་མི་བརྗོད་པའོ། །སོགས་པའི་སྒྲས་ན་ཚིགས་དོར་ལ་སོགས་པ་བསྡུའོ། །ཕྱིར་རྒོལ་བ་རྟོགས་པ་ལ་ཡང་ནུས་པ་ཉམས་པ་མ་ཡིན་ནོ་ཞེས་མཇུག་བསྡུ་བའི་སྒོ་ནས་སྟོན་པ་ནི། དེའི་ཕྱིར་ཞེས་བྱའོ། །སྐབས་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །ལུང་ལས་གྲུབ་པ་ཉིད་ཡིན་གྱིས་ཚད་མས་གྲུབ་པ་ནི་གཞན་ལ་གྲུབ་པ་མ་ཡིན་པའོ། །ཚད་མས་གྲུབ་པ་མ་ཡིན་པས་ནི་གཞན་ཡང་རྟོགས་པ་མ་ཡིན་ནོ་ཞེས་དགོངས་པའོ། །གཞན་གྱིས་ནི་ཕྱིར་རྒོལ་གྱིས་སོ། །དེ་ལ་རབ་ཏུ་གྲུབ་པ་ནི་ལུང་ལས་རབ་ཏུ་གྲུབ་པའོ། །


DTG186_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཕྱོགས་གཅིག་གནོད་པར་གྱུར་པ་ཅན་གྱི་ལུང་ནིའོ། །བདེ་བ་ལ་སོགས་པ་སེམས་པ་ཡོད་པའི་སངས་རྒྱས་ཀྱི་ལུང་གི་ནི། གྲངས་ཅན་གྱི་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །གལ་ཏེ་ལུང་དེ་དང་ལྡན་པའི་སངས་རྒྱས་པ་ལ་མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་གྲུབ་པ་ཡིན་ན་དེའི་ཚེ་གང་གི་ལུང་གང་ཡིན། གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །ལུང་དེ་དང་ལྡན་པ་ཡིན་ན་ཞེས་བྱ་བ་ནི་སངས་རྒྱས་པའོ། །དེའི་ཚེ་གྲངས་ཅན་ཡང་ལུང་དེ་དང་ལྡན་པ་ཡིན་པས། མི་རྟགས་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་ནི་གཉི་ག་ལ་གྲུབ་པ་ཡིན་ནོ། །ཅི་སྟེ་གྲངས་ཅན་གྱིས་སངས་རྒྱས་པའི་ལུང་ཁས་མ་བླངས་པའི་ཕྱིར་དེ་ལྟར་ཞེས་བྱ་བ་གཉི་ག་ལ་གྲུབ་པ་ཉིད་མ་ཡིན་ན་དེའི་ཚེ་འགའ་ཡང་ཞེས་བྱ་བ་སངས་རྒྱས་པ་ཡང༌། ལུང་དེ་དང་ལྡན་པ་ཞེས་བྱ་བ་མི་རྟག་པ་ཉིད་ལ་སོགས་པ་སྟོན་པར་བྱེད་པའི་ལུང་དང་ལྡན་པ་མ་ཡིན་ཏེ། དེ་བས་ན་འགའ་ལ་ཡང་སྒྲུབ་པར་བྱེད་པ་མ་གྲུབ་པོ། །དེས་ན་ནི་ལྟར་གཞན་ལ་གྲུབ་པའི་རྟགས་ཀྱིས་གཞན་ཉིད་རྟོགས་པར་བྱེད་ཅེས་བརྗོད། ཕྱེད་ཕྱི་མ་འཆད་པ་ནི་དེ་ནི་ཞེས་བྱ་བའོ། །ཚད་མ་ལྟར་སྣང་བའི་ལུང་ལས་སྒྲུབ་པར་བྱེད་པ་རྟོགས་པར་ལས་ལེན་ན་ནི་སངས་རྒྱས་པ་དེ་རྨོངས་པ་ཉིད་ཡིན་པས་རྒོལ་བ་གྲངས་ཅན་དེ་གཞན་སངས་རྒྱས་པའི་རྨོངས་པ་དེ་མ་བཟློག་པའི་ཕྱིར་རོ། །འོན་ཏེ་ཕྱིར་རྒོལ་རྨོངས་པ་མ་ཡིན་ནོ་སྙམ་ན། ལུང་ཚད་མ་ལྟར་སྣང་བ་མི་ཤེས་བའི་ཕྱིར་རྒོལ་གཞན་ཅི་ལྟར་རྨོངས་པ་མ་ཡིན་ཏེ་རྨོངས་པ་ཁོ་ནའོ། །གལ་ཏེ་མི་བདེན་པ་ཉིད་ལ་རྨོངས་ན་ཡང་ངེས་པ་མ་ཡིན་ཏེ། དེས་ན་དེ་ལས་གྲུབ་པའི་སྒྲུབ་པར་བྱེད་པ་ལས་ཕྱིར་རྒོལ་བས་བསྒྲུབ་བྱ་འགྲུབ་བོ་སྙམ་ན། མི་ཤེས་པ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། འོན་ཀྱང་སངས་རྒྱས་པས་མི་བདེན་པ་ཉིད་དུ་ངེས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །སངས་རྒྱས་པའི་ལུང་གིས་བསྒྲུབས་པའི་སེམས་པ་ཅན་དང་འགལ་བ་སེམས་པ་མེད་པ་ཉིད་དེ་ཁས་ལེན་པ་ལུང་དེ་ཉིད་ཀྱིས་སངས་རྒྱས་བདེ་ཅི་ལྟར་འགྱུར་གྱི། གལ་ཏེ་དེ་བདེན་པ་མ་ཡིན་པ་ཉིད་དུ་མི་ཤེས་ནའོ། །འོན་ཏེ་དེ་དང་འགལ་བའི་དོན་ཁས་ལེན་པ་


DTG186_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚད་མ་ཉིད་ཡིན་ནོ་ཞེན། དེ་དང་ཞེས་གསུངས་ཏེ། སངས་རྒྱས་པའི་ལུང་གིས་བསྒྲུབས་པའི་སེམས་པ་ཡོད་བ་དང་འགལ་བ་སེམས་པ་མེད་པ་ཉིད་ཁས་ལེན་ན་དེ་ཅི་ལྟར་ཚད་མ་ཡིན། འདི་ཞེས་བྱ་བ་ནི་སངས་རྒྱས་བའོ། །དེ་མེད་བར་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་མི་བདེན་པ་ཉིད་དུ་རྟོག་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །འདི་སྙམ་ན་སངས་རྒྱས་པ་རྨོངས་པ་ཡིན་པ་དེས་ན་བརྗོད་མ་ཐག་པའི་ཉེས་པ་མེད་དོ་སྙམ་ན། སུན་འབྱིན་པ་ནི་རྨོངས་ན་ནི་ཞེས་བྱ་བའོ། །ཕྱིར་རྒོལ་བ་རྨོངས་ན་ནི་རྒོལ་བ་སྟོན་བར་བྱེད་པ་མ་ཡིན་ནོ་ཞེས་སོ། །གཞན་གྱི་རྨོངས་པ་ཞེས་སྨོས་སོ། །དེ་ནི་སངས་རྒྱས་པའོ། །བཟློག་པ་ནི་བདེ་བ་ལ་སོགས་པ་སེམས་པ་ཅན་དུ་ཁས་བླངས་པ་ལས་བཟློག་པ་སྟེ། དེ་ལྟར་བྱས་པས་རྒོལ་བ་གྲངས་ཅན་གྱི་འབྲས་བུ་འགྲུབ་བོ། །དེས་ན་རྒོལ་བ་ནི་སྟོན་པར་བྱེད་པ་ཁོ་ནའོ་ཞེས་བྱ་བར་བསམ་པའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་གང་གི་ཚེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་ཉན་པ་བོ་ཞེས་བྱ་བའོ། །གང་གི་ཚེ་ཞེན་སྐལ་ལྡན་ཡང་ནི་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་རྩོད་པའོ། །དེ་ལྟ་བུའི་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་སྒྲུབ་པར་བྱེད་པའོ། །དེ་ཡང་ནི་ཕྱིར་རྒོལ་བའོ། །གལ་ཏེ་གང་ཞིག་སུན་འབྱིན་པ་འབྲེལ་མེད་བརྗོད་པར་འགྱུར་བ་དེ་ལ་སྒྲུབ་པར་བྱེད་པ་ཡང་འབྲེལ་མེད་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། འདི་ལྟར་ཞེས་སྨྲས་སོ། །ཚོང་བ་དང་རིན་ཅི་འདྲ་བ་དེ་དང་འཚམ་པའི་ཕུར་མ་འཆིང་གིས་མི་འཚམ་པར་ནི་མ་ཡིན་ནོ། །དེ་བཞིན་དུ་སྒྲུབ་པར་བྱེད་པ་ཡང་གཞན་གྱིས་སུན་འབྱིན་པ་ཅི་འདྲ་བ་བརྗོད་པར་བྱ་བ་དེ་འདྲ་བ་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། ལན་ནི་འདི་གླེན་པའི་ཞེས་བྱ་བའོ། །ངའི་སློང་ཕོར་དུ་འདིས་ཆང་འཐུངས་སོ་ཞེས་བྱ་བ་འདི་དང་ནི་བདག་ལ་འདིས་མ་འབྲེལ་བའི་སུན་འབྱིན་པ་བརྗོད་དོ་ཞེས་བྱ་བ་འདིས་མཚུངས་པ་ཡིན་ལ། བདག་གིས་དེའི་སློང་བར་དུ་གཅིན་བཏུང་བར་བྱའོ་ཞེས་བྱ་བ་འདི་དང་མཚུངས་པ་ནི་བདག་གིས་འདི་ལ་སྒྲུབ་པར་བྱེད་པ་མ་འབྲེལ་པར་བརྗོད་པར་བྱའོ་ཞེས་བྱ་བ་ཡིན་ནོ། །རྒོལ་བས་ནི་གཞན་གྱི་རྨོངས་པ་བསལ་བར་བྱ་བ་ཡིན་ནོ། །འདི་ནི་གཉི་ག་ལ་ཡང་ལོང་བ་དང་འདྲ་བས་རྒོལ་ཕྱིར་རྒོལ་གྱི་མིང་མི་འཐོབ་བོ་


DTG186_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དོན་ཏོ། །དོན་དེ་ཞེས་བྱ་བ་ནི་སེམས་མེད་པའི་དོན་སྒྲུབ་པར་བྱེད་པའོ། །དེ་ཞེས་བྱ་བ་རང་ལ་བསྒྲུབ་པའི་སྒྲུབ་བར་བྱེད་པའོ། །རང་ཉིད་ལ་རབ་ཏུ་གྲུབ་པའི་ཞེས་བྱ་བ་ནི། རང་གིས་བསྒྲུབ་བར་བྱ་བ་སེམས་པ་མེད་པ་ཉིད་རབ་ཏུ་གྲུབ་པ་སྟེ། ངེས་པའི་རྒྱུ་མཚན་གྱིས་སྒྲུབ་པར་བྱེད་པའོ། །འདི་ཉིད་རབ་ཏུ་གྲུབ་པ་ནི། གཏན་ཚིགས་གསལ་བའི་ཞེས་བྱ་བའོ། །དགའ་བར་བྱེད་པའི་ངལ་བ་ནི་གཞན་ལ་གྲུབ་པ་སྒྲུབ་བྱེད་དུ་འགོད་པའོ། །གཞན་གྱིས་གྲངས་ཅན་ལ་ཞེས་སྨྲས་སོ། །དེ་ཞེས་བྱ་བ་སེམས་པ་མེད་པ་ནི་གྲངས་ཅན་གྱི་ལུང་ལས་སོ། །ལན་ནི་ལུང་དེ་ཉིད་ཅེས་བྱའོ། །དེ་ཉིད་ནི་གྲངས་ཅན་གྱིའོ། །གཞན་ལ་ཡང་ནི་སངས་རྒྱས་པ་ལ་ཡང་ངོ༌། །སྒྲུབ་པར་བྱེད་པ་ཉིད་ནི་སེམས་པ་མེད་པའི་འོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །གཞན་ལ་ནི་སངས་རྒྱས་པ་ལས་སོ། །ལན་ནི་ཚད་མ་མ་ཡིན་པ་ལ་ཞེས་བྱ་བའོ། །དེ་ལ་ཞེས་པ་ནི་གཞན་གྱིས་གྲངས་ཅན་ལའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །ཐམས་ཅད་ལ་ཞེས་བྱ་བ་ནི། སངས་རྒྱས་པ་ལ་ཡང་ངོ༌། །གཞན་གྱིས་ཁས་བླངས་པ་ཞེས་སྨོས་སོ། །ལན་ནི་གྲངས་ཅན་ཡང་ཞེས་བྱ་བའོ། །གཞན་གྱིས་དེས་ཞེས་སྨྲས་ཏེ་གྲངས་ཅན་གྱིས་སོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །གཞན་ཞེས་བྱ་བས་སངས་རྒྱས་པ་ལ་ཡང་ཁས་བླངས་པ་ཉིད་འགྱུར་རོ། །འདིས་ཀྱང་ནི་སངས་རྒྱས་པས་སོ། །དོགས་པ་བསུ་བ་ནི་སངས་རྒྱས་པ་དེ་རིགས་པ་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། ལན་དེ་ལྟ་ན་ཞེས་བྱ་བའོ། །གལ་ཏེ་ལུང་འཛིན་པའི་རིགས་པ་ཁས་མི་ལེན་ན། དེའི་ཚེ་མི་རྟག་པ་ལ་སོགས་པའི་ཕྱིར་སེམས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་ཡང་ཅི་ལྟར་ཁས་ལེན། འོན་ཏེ་མི་རྟག་པའི་ཕྱིར་སེམས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པས་ཐོབ་པ་ཡིན་གྱི་ལུང་ནི་མ་ཡིན་ནོ་སྙམ་ན། རིགས་པ་ལས་ཞེས་སྨོས་སོ། །གལ་ཏེ་དེ་ལྟར་སངས་རྒྱས་པས་གྲངས་ཅན་གྱི་བསྟན་བཅོས་ཁས་བླངས་པར་འགྱུར་མོད། དེ་ལྟ་ན་ཡང་ཅི་འགྲུབ་སྙམ་ན། དེ་ལྟ་ཡིན་དང་ཞེས་བྱ་བའོ། །བསྟན་བཅོས་ཁས་བླངས་པར་གྱུར་ན་གཉི་ག་ལ་གྲུབ་པ་ལུང་གི་མཚན་ཉིད་སེམས་པ་མེད་པའི་སྒྲུབ་པར་བྱེད་པ་སྲིད་པ་ན་ལུང་གི་མཚན་ཉིད་ཀྱིས་སྒྲུབ་


DTG186_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ལས་གཞན་གང་ཡིན་པ་མི་རྟག་པ་ཉིད་ལ་སོགས་པ་དེ་ཉེ་བར་འགོད་པ་ནི་འགའ་ཡང་བྱ་བ་ཉིད་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །སེམས་པ་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་ནི་རྣལ་འབྱོར་པས་རྟོགས་པར་བྱ་བ་ཡིན་གྱི་རིག་པས་ནི་མ་ཡིན་ནོ་ཞེ་ན། ལན་ནི་འདི་ནི་ཞེས་བྱ་བའོ། །གཞན་སངས་རྒྱས་པས་ཀྱང་རང་གིས་བསྒྲུབ་པར་བྱ་བ་བདེ་བ་ལ་སོགས་པ་མེད་པའི་མཚན་ཉིད་ལ་བརྗོད་པར་ནུས་སོ། །འོན་ཏེ་སངས་རྒྱས་པ་ལ་རང་གི་རྣལ་འབྱོར་པའི་ཡུལ་ཅན་གྱི་ཚད་མ་མེད་དོ་སྙམ་ན། དེའི་ཞེས་གསུང་སོ། །སྔར་ཐ་མལ་པར་གྱུར་པ་ལ་སྒྲུབ་པར་བྱེད་པའི་ཚད་མ་གང་དག་གིས་མི་རྟག་པ་ཉིད་ལ་སོགས་པ་བསྒོམ་པའི་མཚན་ཉིད་ཅན་གྱི་ཐབས་རྟོགས་པ་དང༌། དེ་ནན་ཏན་དུ་བྱས་པ་ལས་དངོས་བོ་མ་ལུས་པ་མངོན་དུ་བྱེད་པའི་ཡེ་ཤེས་སྐྱེད་པར་བྱེད་པའི་དབང་བོའམ། ཡང་ན་དོན་དེ་རྟོགས་པའི་རང་བཞིན་གྱིས་མངོན་སུམ་ཉིད་དབང་པོ་ཡིན་ཏེ། དེ་དག་འབྱུང་བར་འགྱུར་བའི་སྒྲུབ་པར་བྱེད་པའི་ཚད་མ་དེ་དག་ནི། སངས་རྒྱས་པ་དེའི་དོན་ནུས་ཏེ་སྐད་ཅིག་མ་ཉིད་ལ་སོགས་པ་བསྒོམ་པའི་མཚན་ཉིད་ཀྱི་ཐབས་སུ་གྱུར་པའི་དོན་གྱི་ནུས་པ་གང་ཡིན་པ་སྟེ། གསལ་བར་སྣང་བའི་ཤེས་པ་སྐྱེ་བའི་ཡུལ་ཅན་དེ་ཤེས་པར་གྱུར་བ་ན། དེའི་རྣལ་འབྱོར་པས་རྟོགས་པའི་ཡུལ་གྱི་དོན་ཁས་ལེན་པར་ནུས་པ་ལ་ཡིན་ཏེ་མཐུ་ཡོད་པ་ཡིན་ནོ། །ཚད་མས་མཐོང་བའི་དོན་མངོན་དུ་བྱེད་པའི་མཚན་ཉིད་ཀྱི་རྣལ་འབྱོར་པ་ལ་ནི་སངས་རྒྱས་པའི་ཚད་མ་ཡོད་པ་ཁོ་ནའོ་ཞེས་བྱ་བའི་དོན་དུའོ། །རང་བཞིན་གྱིས་གྲུབ་པ་ཞེས་བྱ་བ་ནི། མི་རྟག་པ་ད་ཁོ་ན་བསྒོམ་པ་ལ་མི་ལྟོས་པའོ། །དེ་སྒྲུབ་པར་བྱེད་པའི་ཐབས་རྟོགས་པ་ནི་རྣལ་འབྱོར་པ་སྒྲུབ་པར་བྱེད་པའི་ཐབས་རྟོགས་པའོ། །དོན་དེ་རྟོགས་པའི་རང་བཞིན་གྱིས་མངོན་སུམ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བརྟགས་ནས་བརྗོད་པར་བལྟའོ། །དངོས་ཀྱི་དོན་བརྗོད་པ་ནི། ཡང་ན་དབང་བོ་ཉིད་དོ་ཞེས་བྱ་བའོ། །རྟོགས་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་དེ་དག་ནི་དེའི་རྣལ་འབྱོར་པས་རྟོགས་པའི་དོན་ཁས་ལེན་པར་བྱ་བ་ལ་ནུས་པ་ཉིད་དོ་ཞེས་འབྲེལ་ཏེ། ཅི་ལྟར་གྱུར་པ་ན་ཞེ་ན། ཐབས་སུ་གྱུར་པའི་དོན་གྱི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་


DTG186_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་མི་རྟག་པ་ཉིད་ལ་སོགས་པ་མེད་པའི་སྒྲུབ་པར་བྱེད་པ་སྟེ་ཉེ་བར་དགོད་པས་ཅི་ཞིག་བྱ་སྟེ་ཅི་ཡང་བྱར་མེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་བརྗོད་པར་རིགས་སྙམ་ན། ཅི་ལྟར་ཞེས་གསུངས་སོ། །དེ་ལྟ་ཡིན་དང་སྔར་སེམས་པ་མེད་པ་ལ་སོགས་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་གང་གིས་འདིས་རྟོགས་པར་གྱུར་པ་དེ་ཉིད་ཀྱིས་གཞན་ལ་ཡང་བསྒྲུབ་པར་བྱ་བ་ཡིན་ན། དེ་ལྟ་ན་ཡང་གྲངས་ཅན་གྱིས་མ་བརྗོད་དེ་དེས་ན་སྒྲུབ་པར་བྱེད་པ་དེ་ནི་སྲིད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འོན་ཏེ་ཞེས་གསུངས་ཏེ། །དེའི་སྒྲུབ་པར་བྱེད་པ་ནི་སེམས་པ་མེད་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པའོ། །འདིར་ནི་སེམས་པ་མེད་པ་ཉིད་ལའོ། །རྗེས་འགྲོ་རྣམ་ཆད་ཅན་ཞེས་བྱ་བ་ནི་དཔེ་ལ་རྗེས་སུ་འགྲོ་བ་དེས་པ་མེད་པའོ། །དོན་གང་ཞིག་སྒྲུབ་པར་བྱེད་པས་རྗེས་སུ་རྟོགས་པར་ནུས་པ་དེ་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་སེམས་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་རྗེས་སུ་རྟོགས་སྙན་ན་སྤྱི་ཉིད་དམ་ཞེས་བྱ་བའོ། །དོན་འདི་ནི་ཞེས་བྱ་བ་ནི་སེམས་པ་མེད་པ་ཉིད་ལ་སེམས་པའོ། །ལུང་གཅིག་པུས་རྟོགས་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་དང་འབྲལ་བ་མེད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་གྱིས་ན་རྟག་པར་བྱ་བ་མ་ཡིན་པ་ལ་ཚད་མ་འཇུག་པར་བྱ་བའི་གྲངས་ཅན་གྱིའོ། །དེ་ནི་ཞེས་བྱ་བ་ནི་སྐྱེས་བུའི་བསམ་པའོ། །དོན་ཡོད་ཅེས་བྱ་བ་ནི་རྟགས་ཀྱི་མཚན་ཉིད་དོ། །མེད་པ་ནི་མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་དོ། །སྒྲུབ་བྱེད་ནི་སེམས་པ་མེད་པ་ལ་སོགས་པའོ། །གལ་ཏེ་སེམས་པ་མེད་པ་ཡོད་པ་ཁོ་ན་མ་ཡིན་ནམ། དེས་ན་སྒྲུབ་པར་བྱེད་པ་མེད་པ་ལས་ཀྱང་སྐྱེ་སྟེ་ཤེས་པ་ལ་སྐྱོན་ཅི་ཡོད་སྙམ་ན། བཤད་པ། སེམས་པ་ཅན་མ་ཡིན་པ་ཉིད་ཡོད་ཀྱང་རྟོགས་པ་རྟོགས་པ་མེད་པ་དང་མཚུངས་ཏེ། རྟོགས་པ་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གིས་ཕྱིར་དངོས་པོ་སྟེ་རྟགས་དང་འབྲེལ་མེད་དེ་འབྲེལ་པ་མེད་པའི་སྟེ་དངོས་པོར་གྱུར་པའི་རྟགས་མེད་པར་སྐྱེས་པས་ཞེས་བྱ་བའི་དོན་ཏོ། །དེ་མེད་ན་ཞེས་བྱ་བར་ནི་མངོན་པར་འདོད་པའི་རྟགས་དེ་མེད་ན་ཤེས་པ་གང་ཡིན་པ་དེ་ཡོད་དོ་ཞེས་གང་ལས་ཡིན། གཞན་གྱིས་ཀྱང་ནི་


DTG186_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པས་ཀྱང་ངོ༌། །ཁྱེད་ལ་ནི་སངས་རྒྱས་པ་ལའོ། །དེ་བཞིན་དུ་གཞན་སངས་རྒྱས་པ་ཡང་རྟོགས་པར་བྱེད་དོ་ཞེས་འབྲེལ་ཏོ། །ཅི་ཞིག་རྟོགས་པར་བྱེད་སྙམ་ན། མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་འདི་ནི་ཁྱོད་གྲངས་ཅན་ལའོ། །དེ་ལྟ་ན་ཡང་སེམས་པ་མེད་པ་ཉིད་ཅི་ལྟར་འགྲུབ་སྙམ་ན། ཅི་ལྟར་ཚད་མས་ཞེས་བྱ་བའོ། །ང་ལ་ནི་སངས་རྒྱས་པ་ལའོ། །རྟོགས་པ་ཞེས་བྱ་བ་ནི་སེམས་པ་ཅན་མ་ཡིན་པའོ། །གཞན་ཡང་ནི་གྲངས་ཅན་ཡང་ངོ༌། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཚད་མས་གྲུབ་པ་ཁས་མི་ལེན་ནའོ། །འོན་ཏེ་གྲངས་ཅན་གཅིག་བུ་མི་རྟག་པ་ཉིད་ལ་སོགས་པའི་གཏན་ཚིགས་ཁྱོད་ལ་གྲུབ་པ་ཡིན་ནོ་ཞེས་སྨྲའི་སངས་རྒྱས་པ་ནི་མ་ཡིན་ནོ་སྙམ་ན། བདག་གཅིག་པུ་ཞེས་གསུངས་སོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ན་རང་གི་དོན་གྱི་རྗེས་སུ་དཔག་བ་སྔོན་དུ་འགྲོ་བ་ཅན་གྱི་ཚིག་ཉིད་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་གྱིས། གཞན་ནི་མ་ཡིན་ནོ་ཞེས་གནས་སོ། །དེ་ལས་ཞེས་བྱ་བ་ལས་ཐལ་བ་སྒྲུབ་པར་བྱེད་པ་ལས་སོ། །གལ་ཏེ་དེ་ལས་བསྒྲུབ་པར་བྱ་བ་ངེས་པ་མ་ཡིན་ན། འོ་ན་ཐལ་བར་སྒྲུབ་པ་དེ་ཅིའི་དོན་དུ་ཡིན་ཞེ་ན། འབྲེལ་པ་དེ་ཞེས་སྨོས་སོ། །དི་ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་མེད་པར་ཞེས་སྨོས་སོ། །ཡང་ཐལ་བར་སྒྲུབ་པ་དེ་གང་ཡིན་ཞེ་ན། ཐལ་བར་སྒྲུབ་པ་དེ་ནི་འདི་ཡིན་ཞེས་སྨོས་སོ། །དུ་མ་ལ་ཡོད་པར་ཁས་བླངས་པའི་ཆ་མེད་པའི་གཅིག་པུ་གང་ཡིན་པ་དེ་ནི་ཡུལ་ལ་སོགས་པའི་ཁྱད་པར་ཅན་གྱི་གོང་བུ་གཞན་དང་ལྡན་པ་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་དུ་ངེས་པའི་གསལ་བ་གཅིག་པུ་གང་ཡིན་པ་དེ་དང་འདྲེས་པ་སྟེ། འབྲེལ་པ་གང་ཡིན་པ་དེས་རྣམ་པར་མ་བཅད་པའི་སྟེ་ཁྱད་པར་དུ་མ་བྱས་པའི་རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའོ། །ཐལ་བའི་སྒྲུབ་བྱེད་གཉིས་པ་བརྗོད་བ་ནི་དེ་བཞིན་དུ་ཞེས་བྱ་བའོ། །ཡུལ་ལ་སོགས་པའི་ཁྱད་པར་ཅན་གཞན་དང་ལྡན་པ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །དེ་ལྟ་བུའི་དངོས་པོ་ཞེས་བྱ་བ་ནི་ངེས་པའི་གསལ་བ་གཅིག་དང་འབྲེལ་པ་ཆ་མེད་པའི་སྤྱི་གཅིག་པའོ། །གཞན་གང་རང་བཞིན་གཞན་གྱིས་སྟོང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་དུ་བརྗོད་པ་ནི་གལ་


DTG186_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཞེས་བྱ་བའོ། །རང་བཞིན་གཞན་དང་བྲལ་བ་ཡིན་ཡང༌། གལ་ཏེ་ཡུལ་ལ་སོགས་པ་དུ་མ་དང་ལྡན་པར་འགྱུར་བ་དེ། དེའི་ཚེ་འགལ་བ་ཅི་ཡོད་པ་དེའི་ཕྱིར་རང་བཞིན་གཞན་གྱིས་སྟོང་པ་ཡང་ཡིན་ལ་ཡུལ་ལ་སོགས་པའི་ཁྱད་པར་ཅན་གཞན་དང་ཡང་ལྡན་པར་ཡང་འགྱུར་བའི་ཕྱིར་མ་ངེས་པ་ཉིད་དོ་ཞེ་ན། ལན་ནི་འགལ་བ་མེད་པ་མ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་སྔོན་དང་ཕྱི་མའི་དངོས་པོ་ཁྱབ་པའི་དུས་ཡོད་པར་འགྱུར་རོ་ཞེ་ན་དེའི་དུས་སུ་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་བཞིན་དུ་ཡུལ་ཡང་མེད་པའི་ཕྱིར་སྔ་མ་ལ་སོགས་པའི་ཐ་སྙད་དུ་ཅི་ལྟར་འགྱུར་ཞེས་འབྲེལ་ཏེ། ལན་ནི་དུས་ཡོད་ཀྱང་ཞེས་བྱ་བའོ། །དུས་ཐ་དད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །མི་ལ་སོགས་པའི་དངོས་པོ་གང་ཞིག་སྔོན་གྱི་དུས་ལ་སོགས་པ་དང་ལྡན་པ་དེ་ནི་སྔོན་ལ་སོགས་པའི་སྒྲས་བརྗོད་པ་ཡིན་ནོ། །གལ་ཏེ་དུས་ཀྱི་དབྱེ་བས་དངོས་པོ་རྣམས་ཀྱི་སྔ་མ་ཉིད་ལ་སོགས་པ་ཡིན་ན་ནི་དུས་ཀྱི་དབྱེ་བ་ཡང་དུས་གཞན་ལས་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ་སྙམ་ན་དེའི་ཡང་ཞེས་གསུངས་ཏེ། དུས་དེའི་ཡང་སྔོན་དང་ཕྱི་མ་ནི་ཡོད་པ་ཡིན་མོད་ཀྱི་འོན་ཀྱང་རང་གི་ངོ་བོ་ཁོ་ན་ལས་ཡིན་གྱི། དུས་གཞན་ཐ་དད་པ་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་ཡུལ་ཡང་ཡིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཁོ་ན་ལས་ཤར་བ་ལ་སོགས་པ་ཡིན་ནོ་ཞེ་ན། ལན་དུ་འདི་ནི་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་ཡུལ་དང་དུས་དག་གོ །དོགས་པ་བསུ་བ་ནི་ལྷན་ཅིག་སྤྱོད་པ་མ་ལ་སོགས་པའི་དེ་བཞིན་ཏེ་སྔོན་དང་ཕྱི་མ་ཡིན་པའི་ཕྱིར་ཡུལ་དང་དུས་དག་ཀྱང་དེར་འགྱུར་རོ་ཞེ་ན། ལན་དུ་ཕན་ཚུན་ཞེས་བྱ་བའོ། །དེ་ལྟར་འགྱུར་བས་ཞེས་བྱ་བ་ནི་སྔོན་དང་ཕྱི་མར་འགྱུར་བས་སོ། །འདིར་ཡང་ཞེས་བྱ་བ་ནི་དུས་ལའོ། །ཅི་ལྟར་ཕན་ཚུན་བརྟེན་པར་འགྱུར་སྙམ་ན། ལྷན་ཅིག་སྤྱོད་པའི་ཞེས་གསུངས་སོ། །གཅིག་ནི་ཞེས་བྱ་བའི་དུས་སམ་ལྷན་ཅིག་སྤྱོད་པའོ། །འོན་ཏེ་དངོས་པོ་དང་དུས་ལ་སོགས་པ་དག་གིས་སྔ་མ་དང་ཕྱི་མ་ཉིད་ཁས་མི་ལེན་གྱི། འོན་ཀྱང་ལྷན་ཅིག་འབྱུང་བ་ཁོ་ན་ཡིན་ནོ་སྙམ་ན། དེའི་ཚེ་དངོས་པོ་དང་དུས་ལ་སོགས་པ་གཉིས་པོ་


DTG186_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལྷན་ཅིག་འབྱུང་བར་ཁས་ལེན་པ་ཡིན་ན་ནི་སྔོན་ཉིད་ཕན་ཚུན་གྱི་བྱས་པར་མི་འགྱུར་རོ། །དང་པོ་ནི་གསལ་བ་ཉིད་བས་ཚིག་ལེའུར་བྱས་པ་གཉིས་པ་རྣམ་པར་འགྲེལ་པ་ནི་ཅི་སྲིད་ཅེས་བྱ་བའོ། །གཞན་གྱི་ཕྱོགས་བསལ་ནས་རང་གི་ལུགས་ཉེ་བར་སྡུད་པ་ནི་རང་བཞིན་ཏེ་རང་གི་རྒྱུས་ཞེས་བྱའོ། །གལ་ཏེ་གཞན་གྱི་དངོས་པོ་སྔ་མ་དང་ཕྱི་མ་ཉིད་ཡིན་ན། དེའི་ཚེ་རྒྱུ་ཡོད་པ་དང་མེད་པ་དག་ཉིད་ལས་འགྱུར་མོད། དེ་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བའི་ཕྱིར་རོ་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་འདས་པ་དང༌། ཕྱི་མ་མ་འོངས་པ་དང༌། ད་ལྟར་བྱུང་བ་ཡང་རྣམ་པར་གནས་པས་ཏེ། རྣམ་པར་གནས་པས་ནི་དུས་མེད་པས་ཀྱང་གྲུབ་པས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཡོད་དང་མེད་དེའི་ཕྱིར་རོ། །འབྲས་བུ་ཡོད་པ་ཞེས་བྱ་བ་འདི་ལས་ནི་ད་ལྟར་བ་རྣམ་པར་གནས་ལ། མེད་པ་ཞེས་བྱ་བ་འདི་ལས་ནི་འདས་པ་དང་མ་འོངས་པ་དག་གོ།། འབྲས་བུ་ཡོད་པ་དང་མེད་པ་ཞེས་བྱ་བ་འདི་ཉིད་ག་ལས་ཤེ་ན། རྒྱུ་ཡོད་པ་དང་ཞེས་བྱ་བ་སྟེ། རྒྱུ་ཡོད་པ་ལས་ནི་འབྲས་བུ་ཡོད་པ་ཡིན་ལ། མེད་པ་ལས་ནི་མེད་པའོ། །དང་གི་སྒྲས་ནི་འབྲས་བུ་འགའ་ཞིག་ནི་གྱོ་མོ་ལ་སོགས་པ་འབྲས་བུ་མི་འདྲ་བ་ཡོད་པ་ལས་མེད་པ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །འབྲས་བུ་ནི་རྣམ་པ་གཉིས་སོ། །དེ་ལ་གང་ཞིག་རྒྱུའི་རྒྱུན་ལ་ལྟོས་ནས་གནས་པ་ཅན་དེ་ནི་རྒྱུ་ཡོད་པ་ལས་ཡོད་པའི་ད་ལྟར་བ་ཡིན། མེད་པས་མེད་པ་ཞེས་བྱ་བ་ནི་མ་སྐྱེས་པ་མ་འོངས་པ་དང༌། འདས་པ་འགགས་པ་ཡིན་ཏེ། དཔེར་ན་དུ་བ་ལ་སོགས་པའི་འབྲས་བུ་བཞིན་ནོ། །གང་ཞིག་རྒྱུན་ལ་མི་ལྟོས་པར་གནས་པ་ཅན་དེ་ནི་རྒྱུ་ཡོད་པ་ལ་ཡོད་པ་ཞེས་བྱ་བ་ད་ལྟར་བ་ཡིན་ལ། མེད་པས་མེད་པ་ཞེས་བྱ་བ་ནི་མ་འོངས་པ་ཡིན་ལ། མི་འདྲ་བའི་འབྲས་བུ་ཡོད་པ་ལས་ནི་འདས་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པའི་འབྲས་བུ་བཞིན་ནོ། །དེས་ན་དུས་མེད་ཀྱང་སྔ་མ་དང་ཕྱི་མ་ཉིད་ནི་ཉམས་པ་མེད་པ་ཁོ་ནའོ། །དེས་ན་མ་མཐོང་བའི་དུས་རྟག་པ་ཅི་ཞིག་བྱ་སྔོན་དང་ཕྱི་མ་དང་བར་གྱི་དངོས་པོ་ནི་ཡོད་པ་དང་མེད་པ་རྣམ་པར་གནས་པ་ཡིན་ནོ། །བར་གྱི་ནི་དངོས་པོ་ནི་ཞེས་བྱ་བའི་བར་ནི་འབྲས་བུ་ཡོད་པ་ལ་ལྟོས་པ་ཡིན་ནོ། །སྔ་མ་དང་ཕྱི་མ་ནི་འབྲས་བུ་མེད་པ་ལ་ལྟོས་ནས་སོ། །ཚིག་ལེའུར་


DTG186_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་ནི་ཕྱི་མའི་སྒྲས་ད་ལྟར་བ་དང་མ་འོངས་པ་གཉི་ག་བསྡུས་པ་ཡིན་ནོ། །འདས་པ་ལ་ལྟོས་ན་གཉི་ག་ལ་ཡང་ཕྱི་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ལྟར་རྒྱུ་སྔ་མ་དང་ཕྱི་མའི་དངོས་པོར་འགྱུར་སྙམ་ན། རྒྱུ་དེ་ཡང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཡུན་རིང་མོར་བྱས་སོ་ཞེས་བྱ་བའི་ཐ་སྙད་ལ་བྱས་སོ་ཞེས་བྱ་བའི་བསྙད་པ་ནི་ལས་ཀྱི་དངོས་པོའི་རྒྱུ་མཚན་ཅན་ཡིན་ལ། ཡུན་རིང་མོ་ཞེས་བྱ་བ་ནི་རྫས་ཀྱི་དངོས་པོའི་རྒྱུ་མཚན་ཅན་ཡིན་ཏེ། དེས་ན་རྫས་ཀྱིས་དངོས་པོ་དུས་ཡོད་པར་འགྱུར་པ་ཡིན་ནོ། །གལ་ཏེ་ཡུན་རིང་པོ་དང་མྱུར་བ་ལ་སོགས་པའི་བློའི་གཟུང་བར་བྱ་བ་དུས་ཡིན་པར་འདོད་ན། །དེའི་ཚེ་ཐོག་མ་དང་ཐམ་མེད་པའི་དུས་ལས། ཅི་ལྟར་ན་མྱུར་བ་ལ་སོགས་པའི་བློར་འགྱུར། ཐོག་མ་དང་ཐམ་མེད་པའི་སྒྲས་ནི་རྟག་པ་ཉིད་བརྗོད་པ་དང་ཁྱབ་པ་ཉིད་ཀྱང་ཉེ་བར་མཚོན་པ་ཡིན་ཏེ། དེས་ན་གཟུང་བར་བྱ་བརྟག་པ་དང་ཁྱབ་པ་ཡིན་ན་འཛིན་པར་བྱེད་པའི་བློ་མྱུར་བ་ལ་སོགས་པར་ཅི་ལྟར་འཇུག །དེ་ཉིད་ཅེས་བྱ་བ་ནི་དུས་སོ། །གཞན་གྱིས་ཞེས་བྱ་བ་ནི་ཁྱབ་པ་མ་ཡིན་པས་སོ། །དེ་ལྟ་བུར་མ་གྱུར་པ་ནི་ཞེས་བྱ་བ་ནི་ཁྱབ་པའོ། །འོན་ཏེ་ཡུན་རིང་པོ་ལ་སོགས་པར་བཟུང་ཡང་འདི་ནི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་ཉིད་ཡིན་ནོ་སྙམ་ན། གཟུང་བའི་རང་བཞིན་གང་ཡིན་པ་ཞེས་གསུངས་སོ། །རང་བཞིན་ནི་ཡུན་རིང་བ་དང་མྱུར་བ་ལ་སོགས་པའི་མཚན་ཉིད་དོ། །རྣམ་པ་གཞན་དུ་ནི་ཞེས་བྱ་བ་ནི་ཅི་ལྟར་གཟུང་བའི་རང་བཞིན་ལས་གཞན་པ་རྟག་པ་ལ་སོགས་པས་སོ། །བོ་ན་ཡུན་རིང་བ་དང་མྱུར་པ་ལ་སོགས་པའི་རང་བཞིན་ཉིད་དུས་ཡིན་ནོ་སྙམ་ན། ཡུན་རིང་ཞེས་བྱ་བ་ལ་སོགས་པའོ། །ཐལ་འགྱུར་བས་ཞེས་བྱ་བ་ནི་ཡུན་རིང་བ་དང་མྱུར་བ་ལ་སོགས་པའི་དབྱེ་བའོ། །དེ་བས་ན་དུས་ཁྱབ་པ་དང་གཅིག་ཉིད་ཅི་ལྟར་ཡིན། འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དོན་འདི་དུས་ནི་ཡུན་རིང་ཞེས་བྱ་བའི་གནས་ལུགས་ཏེ། རྣམ་གཞག་འདི་རྣམ་པར་དབྱེ་བ་ལས་ཏེ་ཐ་དད་པ་ལས་ཡུན་རིང་པོ་ལ་སོགས་པའི་ཁྱད་པར་དུས་ཀྱི་རང་བཞིན་གྱི་རྗེས་སུ་འགྲོ་བ་གང་དག་ཡིན་པ་དེ་དག་ནི་དངོས་པོ་ཉིད་དེར་འགྱུར་བ་ཉིད་དོ། །ཡུན་རིང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་འཆད་པའོ། །དེ་དང་ལྡན་པ་ནི་བ་ལང་ཉིད་དང་ལྡན་པའོ། །ལན་ནི་དེ་ལྟར་ན་ནི་འོ་ན་ཞེས་བྱ་བའོ། །གཏན་


DTG186_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་དེའི་ཕྱིར་དུས་ནི་འགྲུབ་པར་མི་འགྱུར་ཏེ། དུས་ཀྱི་སྤྱི་ཉིད་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དུས་ནི་རྫས་ཀྱི་ཞེས་སྨོས་སོ། །འདི་ནི་ཁས་བླངས་ནས་བརྗོད་པ་ཡིན་ཏེ། འདི་ནི་དེ་ལས་ཐ་དད་པར་ཡོད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ནི། ཡུན་རིང་བ་ལ་སོགས་པ་ལས་ཞེས་བྱ་བའོ། །དེ་དག་ལ་ཞེས་བྱ་བ་ནི་ཡུན་རིང་བ་ལ་སོགས་པ་ལའོ། །འོ་ན་ནི་ཡུན་རིང་བ་ལ་སོགས་པ་ཉིད་དུས་ཡིན་ནོ་སྙམ་ན། ཡུན་རིང་ཞེས་བྱ་བ་སྨོས་སོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་མངོན་སུམ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་བྱ་བ་རྟོགས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཚད་གྱུར་ལས་ཞེས་བྱ་བ་ནི་ལས་ལ་གནས་པའི་བྱ་བ་མེད་པར་བརྗོད་པའོ། །འགྲོ་བ་ལས་གཞན་ཞེས་བྱ་བ་ནི་བྱེད་པ་པོ་ལ་གནས་པའོ། །འོ་ན་འདིའི་བྱ་བས་ཞེས་ཐ་དད་པའི་ཐ་སྙད་དུ་ཅི་ལྟར་འགྱུར་སྙམ་ན། ཐོག་མེད་ཅེས་བྱ་བ་གསུངས་སོ། །ཐོག་མ་མེད་པའི་བག་ཆགས་ཀྱི་དབང་དུ་བྱས་པའི་རྒྱུད་ཀྱིས་ན་དོན་གྱི་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པ་ཉམས་པར་གྱུར་པའི་སོ་སོའི་སྐྱེ་བོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འདི་ག་ལས་ཤེ་ན་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལྷས་བྱིན་ལས་ཐ་མི་དད་པར་གྱུར་ན་དེའི་ཚེ་སྐྱེས་བུ་གཞན་དག་བྱ་བ་དང་ལྡན་པ་དེར་མི་འགྱུར་རོ། །ལྷས་བྱིན་གྱི་རང་བཞིན་ནི་མཆོད་སྦྱིན་གྱིས་ཡིན་པར་མི་འཐད་དོ། །ལྷས་བྱིན་དང་མཆོད་སྦྱིན་དག་ལ་ནི་འགྲོ་བ་ཡོད་པ་ར་ཡང་ཡིན་ཏེ། དེས་ན་བྱ་བ་ནི་རྫས་གཞན་ཁོ་ནའོ། །འདིས་བཟློག་པ་ཐ་དད་བར་བརྗོད་དོ། །རྗེས་སུ་འགྲོ་བ་བརྗོད་པ་ནི་གཞན་ཡང་ཞེས་བྱ་བ་སྟེ། རང་བཞིན་དང་སྐྱེས་བུ་བྱ་བ་དང་ལྡན་པ་ལས་སྐྱེས་བུ་གཞན་ཡང་ཁྱབ་པ་དང་ལྡན་པའི་ཕྱིར་བྱ་བ་གཞན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བརྟག་སྟེ་རྣམ་པར་གཞག་པ་ཡིན་གྱིས་དོན་དམ་པར་ནི་ཐ་དད་པར་མཐོང་བ་ཡང་མ་ཡིན་ནོ། །འདི་ཡང་ཞེས་བྱ་བ་ནི་ཐ་དད་པར་ལྷག་པར་ཞེས་པའོ། །བསྟན་ཟིན་པ་ཉིད་དོ་ཞེས་བྱ་བ་ནི་སྨྲ་བར་བྱེད་པའི་ཡུལ་ཞེས་བྱ་བ་དེར་རོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་མངོན་སུམ་གྱིས་རྟོགས་པར་བྱ་བ་མ་ཡིན་ནམ། དེ་ཅི་ལྟར་རྣམ་པར་རྟོག་པ་ཙམ་གྱིས་ཡུལ་ཡིན་པར་བརྗོད་ཅེ་ན། ཐོག་མ་མེད་པའི་ཞེས་གསུངས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ཞེས་བྱ་བ་ནི་བྱ་བ་ལ་གནས་པ་རྗེས་སུ་འཇུག་པ་དང་ལྡོག་


DTG186_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡོད་པ་ཉིད་དུ་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་རྗེས་སུ་གྱུར་པ་མ་ཡིན་པའོ། །གལ་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །རྟགས་ནི་མོ་རྟགས་ལ་སོགས་པའོ། །སོགས་པའི་སྒྲས་ནི་གྲངས་གཟུང་ངོ༌། གང་གི་ཕྱིར་དེ་ལྟར་བྱ་བ་དེ་ལྟར་བྱ་བ་མེད་པ་དེས་ནའོ།། ཅི་དང་འདྲ་བར་ཞེ་ན། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་འགྲེལ་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ལ་སོགས་པ་ཡང་ཞེས་ཅི་ལྟར་དེ་ལྟར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་ཡང་ངོ༌། །དུས་ལ་སོགས་པ་ཞེས་སོགས་པའི་སྒྲ་ལ་སོགས་པའི་ཚིག་གི་དོན་བསྡུའོ། །དེའི་རྒྱུ་མཚན་ཞེས་བྱ་བ་ནི་ཅི་ལྟར་ལ་སོགས་པའི་རྒྱུ་མཚན་དུའོ། །གལ་ཏེ་ཚད་མས་རྟོགས་པ་ཅི་ལྟར་གྱི་འདོད་སྙམ་ན། མ་རྟོགས་པ་ཡང་ཞེས་བྱ་བས་སྨོས་སོ། །དེ་དག་ཅེས་བྱ་བ་ནི་ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཡུན་རིང་བ་ལ་སོགས་པ་ཡང་བྱ་བའི་ཁྱད་པར་ཉིད་ཡིན་པས་སོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གང་གིས་འཛིན་པ་མེད་ཅེ་ན། མངོན་སུམ་གྱིས་ཞེས་བྱ་བའོ། །དེའི་ཕྱིར་དུས་ཁྱབ་པ་ནི་མི་འཛིན་པ་ཁོ་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་ཞེས་བྱ་བ་སྟེ་ཡུལ་ཁྱབ་པ་ལ་ཡང་ངོ། །ཅི་ལྟར་མི་དམིགས་ཤེ་ན། དེའི་རྟེན་ལས་ཞེས་བྱ་བའོ། །འོ་ན་ནི་དོན་གྱི་རང་བཞིན་གྱི་རྗེས་སུ་ཞུགས་པའི་སྤྱི་ཉིད་ཡུལ་ལ་སོགས་པ་ཐ་དད་པ་དང་ལྡན་པར་འགྱུར་རོ་སྙམ་ན། དེ་ལྟ་བུའི་རང་བཞིན་ནི་ཞེས་སྨོས་ཏེ་ཡུལ་ལ་སོགས་པ་ངེས་པའི་དོན་གྱི་རྗེས་སུ་ཞུགས་པ་ནིའོ། །ཅིའི་ཕྱིར་འགལ་ཞེ་ན། དེར་ཞེས་གསུངས་ཏེ་ཡུལ་ལ་སོགས་པའི་ངེས་པའི་གོང་བུར་རོ། །གཞན་དུ་ཡང་ནི་གོང་བུ་གཞན་དུའོ། །དེ་ལྟར་ནི་ཁོངས་སུ་ཞུགས་པར་རོ། །གཞན་དུ་རྗེས་སུ་འཇུག་པ་ལ་ཉེས་པ་བརྗོད་པ་ཉིད་སྤྱི་ལ་ཐ་དད་པ་མེད་པས་གསལ་བ་ཐམས་ཅད་དེར་རྗེས་སུ་ཞུགས་པར་གྱུར་ན་གོང་བུ་གཅིག་ཏུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྟེན་ཞེས་བྱ་བའོ། །འདི་གཉིས་སོ་ཞེས་བྱ་བ་ནི་ཐ་དད་པའི་རྟོགས་པའོ། །མཚུངས་སོ་ཞེས་བྱ་བ་ནི་ཐ་མི་དད་པའི་རྟོགས་པའོ། །འདིར་བརྗོད་པ་ཞེས་བྱ་བ་ནི་མཚུངས་པ་འདི་ཉིད་དེ་བློའམ་དོན་གྱི་ཡིན་གྲང༌། དེ་ལ་རེ་ཞིག་བློའི་ནི་མ་ཡིན་ནོ་ཞེས་གསུངས་པ་ནི་


DTG186_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ནི་ཞེས་བྱ་བ་བློ་ལའོ། །མཚུངས་ཏེ་ཞེས་བྱ་བ་ནི་བློ་ལ་ཡོད་པའི་མཚུངས་པ་ཉིད་དེས་ནི་གཞན་ལ་ཞེས་བྱ་བ་དོན་ལ་མཚུངས་པ་ཡོད་པར་འགྱུར་བ་མ་ཡིན་ནོ། །ཕྱོགས་གཉིས་པའི་དོགས་པ་བསུ་ནས་སེལ་བ་ནི་མཚུངས་རྣམས་ཞེས་བྱ་བའོ། །དོན་ཁྲ་བོ་ལ་སོགས་པ་ལའོ། །རྣམ་པར་བརྟག་པར་བྱ་བའི་དོན་དུ་གཞི་འདིངས་པ་ནི། རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་ཞེས་བྱ་བའོ། །འདིའི་དོན་དཔྱད་པས་ཅི་བྱ་ཞེ་ན། དོན་ཞེས་གསུངས་སོ། །མཚུངས་པའི་རྣམ་པ་ཅན་གྱི་བློ་ཞེས་བྱ་བའི་སྒྲ་དང་འབྲེལ་པའི་བརྗོད་པར་བྱ་བའི་དོན་གང་ཡང་ཡིན་པ་དེ་རྣམ་པར་དཔྱད་ན་རྣམ་པ་གཉིས་སུ་འགྱུར་རོ་ཞེས་སྦྱར་རོ། །རྣམ་པ་གཉིས་པོ་ཉིད་སྟོན་པ་ནི་བརྒྱ་ཞིག་ལ་རང་གི་ངོ་བོ་ཞེས་བྱ་བའོ། །དེ་ལ་རྣམ་པར་རྟོག་པ་དང་པོ་སེལ་བ་ནི་རང་གི་ངོ་བོ་ཞེས་བྱ་བའོ། །འོ་ན་བློའི་ངོ་བོ་ཉིད་སྤྱིར་འགྱུར་རོ་སྙམ་མོ། །བློའི་རྣམ་པ་དེ་ཡང་ཞེས་གསུངས་སོ། །དེ་སྤྱི་ནི་ཞེས་བྱ་བ་ནི་བློའི་རྣམ་པའོ། །ཅིའི་ཕྱིར་ཞེ་ན། བློ་གཞན་ལ་ཞེས་བྱ་བའོ། །བློ་དང་པོ་ལས་གཞན་པའི་བློ་ནི་བློ་གཞན་ཏེ། དེ་ལ་བློ་དང་པོ་ལ་ཡོད་པའི་རྣམ་པ་དེ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བློ་ཡི་རྣམ་པའང་བློར་གནས་ཏེ། །དོན་དང་བློ་གཞན་ལ་མི་འགྲོ། །ཞེས་གསུངས་སོ། །འདིས་ནི་ཚིག་གི་ལེའུར་བྱས་པ་དང་པོ་རྣམ་པར་བཀྲལ་ལོ། །ད་ནི་གཉིས་པ་རྣམ་པར་འགྲེལ་པ་ནི་འོན་ཏེ་ཞེས་བྱ་བའོ། །རྣམ་པ་གཉིས་ནི་གསལ་བ་དང་སྤྱིའི་རྣམ་པ་གཉིས་སྣང་བར་ཐལ་བའི་ཕྱིར་རོ། །སྣང་བ་ཉིད་དོ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་མེད་པའི་བློས་དངོས་པོ་གཉི་གའི་བདག་ཉིད་ཅན་ཡང་འཛིན་པ་ཡིན་ནོ་ཞེས་བསམ་པའོ། །གལ་ཏེ་ཕྱི་མ་ཡིན་ན་ནི་དེའི་ཚེ་ཅི་ལྟར་སེར་པོ་ལས་ཐ་དད་པའི་སྔོན་པོ་སེར་པོ་དང་མི་མཚུངས་པའི་མཐོང་བ་དེ་བཞིན་དུ་སྔོན་པོ་གཞན་དང་ཡང་མི་མཚུངས་པར་མཐོང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་རྟོག་པ་མེད་པའི་བློས་ཀྱང་དངོས་པོ་གཉི་གའི་བདག་ཉིད་ཅན་འཛིན་པ་ཡིན་ནོ། །རང་གི་ལྟ་བའི་ཕྱོགས་སུ་ལྟུང་བས་གལ་ཏེ་མངོན་པར་འདོད་པའི་དངོས་པོ་འགྲུབ་ན་ནི་དེའི་འཇིག་རྟེན་མཐའ་དག་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་ཀུན་ལ་ཞེས་བྱ་བའོ། །སྔོན་པོ་ཡང་སྔོན་པོ་གཞན་ལས་ཐ་དད་པ་ཁོ་ན་སྟེ། འོན་ཀྱང་ཐོག་མ་མེད་པ་ནས་


DTG186_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་གོམས་པས་བསྐྱེད་པའི་རྣམ་པར་རྟོག་པ་ཅན་གྱི་བློས་གཅིག་ཏུ་སྒྲོ་འདོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །འདི་ནི་བློ་མེད་དེ་བློ་གྲོས་ངན་པའི་བློ་འཁྲུགས་པ་ཡིན་ནོ། །གང་ཞེ་ན་རྣམ་པ་མཚུངས་པའི་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དང་ངོ༌། །ཅིའི་ཕྱིར་གཅིག་མ་ཡིན་ཞེ་ན། དེ་ལྟར་མངོན་སུམ་གྱིས་ཞེས་བྱ་བ་ལ་སོགས་པའོ། །གཅིག་ཉིད་དུ་ཁས་བླངས་ནས་ཀྱང་ཉེས་པ་བརྗོད་པ་ནི། གཅིག་ཕྱིར་ཞེས་བྱ་བའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་རྣམ་པ་ཞེས་བྱ་བའོ། །རྣམ་པ་གཅིག་བཟུང་ན་ཡང་ཞེས་བྱ་བ་ནི་སྤྱིའི་རང་བཞིན་གྱི་རྣམ་པ་བཟུང་ན་ཡང་ངོ༌། །གཟུང་པ་ཉིད་དོ་ཞེས་བྱ་བ་ནི་གསལ་བ་མཐའ་དག་ལ་འདུ་བའི་རྣམ་པ་གཟུང་བ་ཉིད་དོ། །རྣམ་པ་དང་ལྡན་པ་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་ཆོད་པའོ། །དེ་ལས་ཞེས་བྱ་བ་ནི་བཟུང་བཞིན་པའི་རྣམ་པ་དང་ལྡན་པ་གཞན་ཐ་དད་པའི་ཕྱིར་རོ། །ཐ་དད་པ་ཞེས་བྱ་བ་ནི་མདུན་ན་འདུག་པའི་རྣམ་པ་ཅན་ལས་རྣམ་པ་ཅན་གཞན་པའོ། །གལ་ཏེ་མདུན་ན་འདུག་པ་རྣམ་པ་དང་ལྡན་པ་རྣམ་པ་བཟུང་བ་ན་རྣམ་པ་དང་ལྡན་པ་གཞན་གྱིས་འཛིན་ན་དེའི་ཚེ་རྣམ་པ་དང་ལྡན་པ་གཞན་ལ་གནས་པའི་རྣམ་པ་ཡང་མ་བཟུང་བར་འགྱུར་རོ། །གཞན་ནི་ཞེས་བྱ་བའོ། །གསལ་བ་ལས་གཞན་པའི་རྣམ་པ་ཐ་དད་པ་ནི་གསལ་བ་གཞན་ལ་གནས་པ་ཡིན་ཡང་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་ཁོ་ན་ལས་ཏེ་བཟུང་བའི་རྣམ་པ་ལས་རྣམ་པ་གཞན་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་བདག་ཉིད་ཀྱིས་ཞེས་བྱ་བ་ནི། རྣམ་པ་གཞན་གང་ཞིག་གསལ་བ་གཞན་གྱི་བདག་ཉིད་ཅན་ཡིན་པ་དེའི་བདག་ཉིད་ཅན་དུ་གྱུར་པ་བཟུང་བཞིན་པའི་རྣམ་པ་གཞན་དེ་དང་དེའི་བདག་ཉིད་དུ་གྱུར་པ་ནི་གསལ་བ་གཞན་ལ་གནས་པའི་རྣམ་པ་གཞན་ཡིན་ཏེ། བཟུང་བཞིན་པའི་རྣམ་པའི་རང་བཞིན་དུ་བརྗོད་པ་ན། དེའི་བདག་ཉིད་མ་ཡིན་པར་བརྗོད་པ་ནི་མ་ཡིན་ཏེ། འོན་ཀྱང་དེའི་བདག་ཉིད་དུ་བརྗོད་པ་ཡིན་ནོ། །དེ་ལྟར་རྣམ་པ་གཉིས་དེའི་བདག་ཉིད་ཡིན་པའི་ཕྱིར་གཅིག་ལ་གཟུང་བ་ན་རྣམ་པ་ཐམས་ཅད་ཀྱི་རང་བཞིན་བཟུང་བ་མེད་དོ། །གང་གིས་དེ་བཟུང་བས་གསལ་བ་གཞན་ཡང་བཟུང་བར་ཐལ་བ་གསལ་བ་གཞན་དང་གསལ་བ་


DTG186_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ལྷན་ཅིག་དེའི་བདག་ཉིད་ཇི་ལྟར་ཡིན་ཞེ་ན་བརྒྱུད་པས་ཞེས་བྱ་བའོ། །རྣམ་པ་དང་ནི་རྣམ་པ་གཞན་དངོས་སུ་དེའི་བདག་ཉིད་ཡིན་ལ། རྣམ་པ་གཞན་ནི་གསལ་བ་དང་གཅིག་དང་དེའི་བདག་ཉིད་ཡིན་པན་གསལ་བ་རང་ཡང་ཡིན་པར་འགྱུར་རོ། །དེས་ན་བརྒྱུད་ནས་རྣམ་པ་དང་ལྡན་པ་གཞན་ཡང་རྣམ་པ་དང་ལྡན་པ་གཞན་དང་དེའི་བདག་ཉིད་ཡིན་ལ་དེ་ལྟར་ན་རྣམ་པ་བཟུང་བ་ན་རྣམ་པ་དང་ལྡན་པ་གཞན་བཟུང་བར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །ཕྱེད་སྔ་མ་འཆད་པ་ནི་རྣམ་པ་གཞན་ནི་ཞེས་བྱ་བའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་རྣམ་པ་གཞན་དེ་ཞེས་བྱ་བའོ། །དེ་དང་ཐ་མི་དད་པའི་ཞེས་བྱ་བ་ནི་རྣམ་པ་དང་ཐ་མི་དད་པའིའོ། །དེའི་ཚེ་རྣམ་པ་གཞན་བཟུང་ཡང་དེ་ལས་གཞན་ཞེས་བྱ་བ་ལ་གསལ་བ་གཞན་ལ་གནས་པའི་རྣམ་པ་གཞན་འཛིན་པར་མི་འགྱུར་རོ། །འོན་ཏེ་དེའི་བདག་ཉིད་ཁོ་ནས་འཛིན་པ་ཡིན་ནོ་སྙམ་ན་ཐ་མི་དད་པ་ནི་ཞེས་གསུངས་སོ། །ཐ་མི་དད་པ་ཡིན་ཡང་ཁྱེད་ཀྱི་ལུགས་ཀྱིས་དེ་འཛིན་པ་ན་དེ་འཛིན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་པ་དང་ལྡན་པ་གཞན་ཞེས་བྱ་བའོ། །རྣམ་པ་བཟུང་བ་ན་དེ་དང་ཐ་དད་མེད་པའི་རྣམ་པ་དང་ལྡན་པ་ཆོད་པ་འཛིན་པར་འདོད་པ་ནི་མ་ཡིན་ནོ། །དེས་ན་རྣམ་པ་གཅིག་བཟུང་ཡང་གཞན་བཟུང་བ་ཉིད་དུ་མི་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་དང་ཞེས་བྱ་བ་རྣམ་པ་སྔ་མ་དང་རྣམ་པ་གཞན་ཐ་མི་དད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་ཆོད་པའི་གསལ་བ་གཞན་ལ་གནས་བའོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་ལན་ནོ། །རྣམ་པ་ཐ་མི་དད་པ་ནི་རྣམ་པ་དང་ལྡན་པ་ལས་ཐ་དད་པ་མ་ཡིན་པའི་ཕྱིར་རྣམ་པ་དང་ལྡན་པ་ཡང་ཐ་དད་པར་མི་འགྱུར་རོ། །ཐ་མི་དད་པ་ལས་ཐ་མི་དད་པ་ནི་ཐ་དད་པར་འགྱུར་བ་མི་འོས་སོ། །འདིས་ནི་ཞེས་བྱ་བ་ནི་རྣམ་པ་དང་ལྡན་པ་ཐ་མི་དད་པར་ཐལ་བས་ནིའོ། །རྣམ་པར་བཤད་པ་བྱེད་པ་ནི་རི་ཁྲོད་རྗེའོ། །རྣམ་པར་བཤད་པའི་ཚིག་གང་ཞེ་ན། གཅིག་ལ་ཞེས་བྱ་བ་ལ་སོགས་པའོ། །ཡང་ཅི་ལྟར་ན་འདི་སྤངས་ཤེ་ན། རྣམ་པ་ཞེས་གསུངས་སོ། །རྣམ་པ་ཐ་དད་པ་མེད་པའི་ཕྱིར་རྣམ་པ་དེ་དང་ཐ་དད་པ་མེད་པ་ནི་གསལ་བ་གཞན་ཉིད་མ་ཡིན་ཏེ། སྤྱིའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །རྣམ་པ་གཞན་བཞིན་ནོ་ཞེས་བྱ་


DTG186_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། དཔེར་ན་ཁྲ་བོ་ལ་གནས་པའི་རྣམ་པ་ལས་སེར་སྐྱ་ལ་གནས་པའི་རྣམ་པ་ཐ་མི་དད་པ་དེ་བཞིན་དུའོ། །འོན་ཏེ་ཞེས་བྱ་བ་ནི་རྩོད་པའོ། །གསལ་བ་ནི་ཡོན་ཏན་ལ་སོགས་པའི་དབྱེ་བས་དེ་དང་ལྡན་པའི་གསལ་བ་ཐ་དད་པའི་ཕྱིར་ཐ་དད་པར་འཐད་ཀྱི་རྣམ་བ་ནི་གཞན་མ་ཡིན་ཏེ། ཡོན་ཏན་ལ་སོགས་པའི་དབྱེ་བས་རྣམ་པ་དུ་མ་ཉིད་དུ་འགྱུར་བ་མ་ཡིན་པས་ཏེ། དེ་ནི་ཡོན་ཏན་ལ་སོགས་པ་དང་བྲལ་བའི་ཕྱིར་རོ་ཞེན། དེ་ནི་མ་ཡིན་ཏེ་ཞེས་བྱ་བར་གྲུབ་པའི་མཐའ་བྱེད་པའོ། །ནག་པོ་ལ་སོགས་པ་གསལ་བ་འབྱེད་པར་བྱེད་པ་དེ་ཐ་དད་པའམ། ཐ་མི་དད་པ་ཞིག་ཡིན་དེ་ལ་རེ་ཞིག་ཕྱོགས་དང་པོ་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནག་པོ་ལ་སོགས་པ་ཐ་དད་བསགས་ལ་བས་ཐ་དད་པ་གང་ལས་ཡིན། དཔེར་ན་ནོར་བུ་ཐ་དད་པས་ཏེ་ཐ་དད་བ་མ་ཡིན་པ་དེ་བཞིན་དུ་ནག་པོ་ལ་སོགས་པའི་དོན་གཞན་ཐ་དད་པས་གསལ་བ་ཐ་དད་པ་མ་ཡིན་ནོ། །དེ་དང་ཞེས་བྱ་བ་ཡོན་ཏན་ལ་སོགས་པ་དང་འབྲེལ་པས། གལ་ཏེ་གསལ་བ་ཐ་དད་ན་དེའི་ཚེ་རྣམ་པ་ལའང་ཐ་དད་པ་དེར་ཅི་སྟེ་མི་འདོད་དེ། རྣམ་བ་ལ་དེ་དང་འབྲེལ་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་བར་འགྲེལ་པའོ། །དེ་ཞེས་བྱ་བ་ནག་པོ་ཉིད་ལ་སོགས་བ་ཐ་དད་པས་སོ། །རྒྱུ་ཅིའི་ཕྱིར་ཞེ་ན། གཞན་ཞེས་བྱ་བ་སྨོས་ཏེ་ཡོན་ཏན་ལ་སོགས་པའི་རང་བཞིན་ནོ། །གཞན་ནི་གསལ་བའི་རང་བཞིན་ནོ། །རྒྱུ་ཉིད་ཀྱི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །གཞན་ཐ་དད་པ་ནི་རྒྱུ་ཉིད་ཀྱིས་གཞན་ཐ་དད་པར་བྱེད་པ་ཡིན་ནོ་ཞེ་ན། ལན་དུ་མ་ཡིན་ཏེ། བྱ་བ་སྟེ། ནག་པ་ཉིད་ལ་སོགས་པ་ལ་ནི་རྒྱུ་ཉིད་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་ཞེས་བྱ་བའོ། །ནག་བ་ཉིད་ལ་སོགས་པའི་ཡོན་ཏན་ཉིད་ནི། གསལ་བའི་རང་བཞིན་རྫས་ཀྱི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་རྒྱུ་མ་ཡིན་ཞེ་ན། དེ་དང་ཞེས་བྱ་བའོ། །ཡོན་ཏན་དེ་དང་རྫས་གྲུབ་བས་བདེ་བ་གཅིག་ཏུ་སྐྱེ་བའི་ཕྱིར་རོ། །གང་ཞིག་གང་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པ་དེ་ནི་དེའི་རྒྱུ་མ་ཡིན་ནོ། །ཡང་ན་ནག་བ་ལ་སོགས་པ་རྒྱུ་ཡིན་མོད་དེ་ལྟ་ན་ཡང་སྐྱོན་ཉིད་དོ་ཞེས་གསུངས་པ་ནི། རྒྱུ་ཉིད་ཅེས་བྱ་བ་སྟེ། གལ་ཏེ་ཡོན་ཏན་རྫས་ཀྱི་རྒྱུ་ཡིན་


DTG186_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང། དེའི་ཚེ་ཡོན་ཏན་དེ་ལས་གསལ་བའི་བདག་ཉིད་གཞན་ཐ་དད་བ་སྐྱེས་པ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་ཀྱང་དུས་ཐ་དད་པའི་ཕྱིར་འབྲེལ་བ་ཅན་མ་ཡིན་ཏེ། རྫས་ལ་ལྟོས་ནས་ཡོན་ཏན་འབྲས་བུའི་དུས་སུ་རྗེས་སུ་མི་འཇུག་པའི་ཕྱིར་རོ། །མེད་པ་ནི་འབྲེལ་བ་ཅན་དུ་འགྱུར་བ་མ་ཡིན་ཏེ། དེས་ན་དུས་ཐ་དད་བ་ཅན་དག་ནི་འབྲེལ་བ་ཅན་དུ་འགྱུར་བ་མ་ཡིན་ནོ། །དུས་ཐ་མི་དད་ན་ཡང་བུམ་པ་དང་སྣམ་བུ་བཞིན་དུ་འབྲེལ་བ་ཅན་ཉིད་མ་ཡིན་ནོ། །དབྱིག་པ་དང་སྐྱེས་བུ་དག་ལ་ནི་དེ་ལྟར་རྟོག་པས་བཀོད་པ་ནི་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་ཡོན་ཏན་གྱིས་རྫས་བསྐྱེད་ན་དེའི་ཚེ་ཡོན་ཏན་འབྲེལ་པ་ཅན་ཉིད་མ་ཡིན་ནོ། །དེས་ན་དེ་ལ་ཡང་སྟེ་རྒྱུར་གྱུར་པའི་ཡོན་ཏན་དང་མ་འབྲེལ་བའི་རྫས་ལ་ཡང་འབྲེལ་བ་ཅན་གཞན་ཡོད་པར་འགྱུར་རོ། །དེ་ཡང་ཁྱེད་ཀྱི་ལུགས་ཀྱི་རྒྱུ་ཡིན་ལ། རྒྱུ་ཡང་འབྲས་བུའི་དུས་ན་ཞིག་པས་འབྲེལ་བ་ཅན་མ་ཡིན་བས་དེའི་འབྲེལ་པ་གྲུབ་པའི་དོན་དུ་རྒྱུ་གཞན་ཚོལ་བས་ན་ཐུག་པ་མེད་དོ། །ཐ་དད་པའི་ཡང་ཕྱིར་ཏེ། གང་ཞིག་གང་ལས་དོན་གཞན་ཡིན་བ་དེ་ནི་དེའི་འབྲེལ་བ་ཅན་མ་ཡིན་ཏེ། དཔེར་ན་བུམ་བ་དང་སྣམ་བུ་བཞིན་ནོ། །རྒྱུ་ཡང་འབྲས་བུ་ལས་དོན་གཞན་ཡིན་ནོ། །དེ་བས་ན་དེ་དང་འབྲེལ་བ་ཅན་མ་ཡིན་ནོ། །རྒྱུ་འབྲེལ་པ་ཅན་ཉིད་ཡོད་ན་ཧ་ཅང་ཐལ་བའི་ཉེས་པ་བརྗོད་པ་ནི་རྒྱུ་ཉིད་ནི་ཞེས་བྱ་བའོ། །དོགས་བ་ནི་དེ་ལྟར་ཞེས་བྱ་བ་ནི་མེ་ནི་དུ་བའི་འབྲེལ་བ་ཅན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་མཐོང་བའི་ཕྱིར་ཞེས་བྱ་བའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་ནོ། །འབྲེལ་བ་ཅན་ནི་ནག་པོ་ཉིད་ལ་སོགས་པའོ། །འོ་ན་ཐ་མི་དད་པའི་ཕྱོགས་ལ་ཡོན་ཏན་ཅན་གྱི་ཐ་དད་པར་བྱེད་པ་ཅན་ཡིན་ནོ་སྙམ་ན། བཤད་པ། ཡོན་ཏན་དང་རྫས་དག་ཐ་དད་པ་མིན་པའི་ཕྱོགས་ལ་གལ་ཏེ་གསལ་བ་ཐ་དད་པ་ཡིན་ན་དེའི་ཚི་རྣམ་བའང་ཐ་དད་བ་དེར་ཅི་སྟེ་མི་འདོད། གལ་ཏེ་ནག་པོ་ལ་སོགས་བའི་ཐ་དད་ལ། རྣམ་པ་དང་ལྡན་པ་ཐ་མི་དད་ལ། ཉེས་ཀྱང་དེ་ཐ་དད་པར་བྱེད་པ་ཡིན་ན། དེའི་ཚེ་རྣམ་པ་དང་ལྡན་པ་ཐ་དད་བ་ལས་དབྱེར་མེད་པ་ནི་རྣམ་པ་ཡང་ཐ་དད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ཐ་དད་ལས་དབྱེར་མེད་ཐ་དད་ཅེས་གསུངས་སོ། །ཡོན་ཏན་གྱི་ཁྱད་བར་ཅན་གྱི་རྫས་


DTG186_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་ལས་དབྱེར་མེད་པའི་རྣམ་པ་གང་ཡིན་པ་དེ་ནི་ཐ་དད་པ་ཉིད་དེ། ནག་པོ་ལ་སོགས་པ་ཐ་དད་པ་ལས་ཐ་མི་དད་བའི་རྣམ་པ་དང་ལྡན་པ་གང་ཡིན་བ་དེ་ནི་ཐ་མི་དད་པ་ཁོ་ནའོ། །དེ་ལས་ཐ་མི་དད་པའི་རྣམ་པ་ཡང་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་ཐ་དད་པའི་རྫས་ལས་གལ་ཏེ་ཐ་མི་དད་པའི་རང་བཞིན་གྱི་རྣམ་པ་ཐ་དད་པ་མ་ཡིན་ན། དེའི་ཚེ་གསལ་བ་དང་རྣམ་བ་དག་ཐ་མི་དད་པར་མི་འགྱུར་ཏེ། གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །རེ་ཞིག་རྩོད་པའི་ཆ་ཉིད་རྣམ་པར་འགྲེལ་བ་ནི་ནག་པོ་ཞེས་བྱའོ། །ཐ་དད་པ་ལས་ཞེས་བྱ་བ་ནི་ནག་པོ་ལ་སོགས་པ་ལས་ཐ་མི་དད་པ་ནི་གསལ་བའི་རང་བཞིན་ནོ། །དེས་གསལ་བ་རྣམས་ཐ་མི་དད་པ་ཡིན་ནོ་ཞེས་སེམས་པའོ། །གྲུབ་པའི་མཐའི་ཆ་རྣམ་པར་འགྲེལ་བ་ནི། འོ་ན་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཡང་ཞེས་སྨོས་སོ། །རྣམ་པ་ཐ་དད་པ་ཉིད་ཉེ་བར་སྡུད་པ་ནི། དེས་ན་ཞེས་བྱ་བའོ། །གང་ལ་ལྟོས་ཏེ་སྣང་བཞིན་པ་མདུན་ན་འདུག་པའི་རྣམ་པ་ཐ་དད་པར་འགྱུར་སྙམ་ན་རྣམ་པ་དང་ལྡན་པ་གཞན་དང༌། ཡུལ་གཞན་ན་གནས་པའི་རྣམ་པ་ལས་ཀྱང་ངོ༌། །རྣམ་པ་ནི་ཞེས་བྱ་བ་ནས་ཞེ་ནའི་བར་དུ་ནི་རྩོད་པའོ། །ཡོན་ཏན་དུ་གྱུར་པ་ཞེས་བྱ་བ་ནི། རྣམ་པ་ནི་ལྡན་པ་ཡིན་ལ། དེ་ཡང་ཡོན་ཏན་ཡིན་ནོ། །ཡོན་ཏན་རྣམས་ཡོན་ཏན་ཅན་ལས་ཐ་དད་པ་ཡིན་ན་འདི་བརྗོད་པར་རིགས་ཏེ། ཡོན་ཏན་ཅན་ལ་ནི་ཡོན་ཏན་རྣམས་འདུ་བ་ཡིན་གྱིས་ཡོན་ཏན་རྣམས་ནི་ཕན་ཚུན་འདུ་བ་མ་ཡིན་ནོ་ཞེས་བྱ་བར་རོ། །ཡོན་ཏན་དང་ཡོན་ཏན་ཅན་གཅིག་པར་གྱུར་ན་ནི། འདི་བརྗོད་པར་མི་རིགས་སོ་ཞེས་འབྲེལ་ཏོ། །གང་ཞིག་མི་རིགས་སྙམ་ན། ཡོན་ཏན་ལ་སོགས་པ་འདི་ནི་ཡོན་ཏན་ཅན་འདིར་ཡིན་གྱིས། ཡོན་ཏན་ཅན་འདི་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དབྱེར་མེད་ཕྱིར་ཏེ་གསལ་བ་དང་ཡོན་ཏན་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ནག་པོ་ཉིད་ལ་སོགས་པ་སྣ་ཚོགས་པ་དང་ཐ་མི་དད་པའི་ཕྱིར་གསལ་བ་རྣམས་སྣ་ཚོགས་པ་ཡིན་པ་དེ་བཞིན་དུ་གསལ་བ་དང་ཐ་མི་དད་པའི་རྣམ་བ་ཡང་ཡིན་ནོ། །དེས་ན་ཉས་པ་སྔ་མ་ལས་མི་འགྲེལ་ལོ། །གལ་ཏེ་ནག་པོ་ལ་སོགས་པ་དང་གསལ་བདག་ཐ་མི་དད་ན་ཉེས་པ་ཡོད་ན། འོ་ན་ཐ་


DTG186_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དད་པར་འགྱུར་མོད། གཞན་གྱིས་བརྗོད་པའི་ལན་ནི། འདི་ནི་ཞེས་བྱ་བའོ། །རྩེད་མོ་ཉིད་ཀྱི་གཞུང་འཛུགས་པ་ནི་ཐ་དད་ཕྱོགས་ནི་ཞེས་བྱ་བའོ། །ཕྱོགས་གཞན་ཞེས་བྱ་བ་ནི་ཐ་མི་དད་པའི་ཕྱོགས་སོ། །དེར་ཡང་ནི་ཐ་མི་དད་པའི་ཕྱོགས་ལ་ཡང་ངོ༌། །སྔ་མ་ཞེས་བྱ་བ་ཐ་དད་པའི་ཕྱོགས་ལ་བརྟེན་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་ནི་རྣམ་པ་སྤྱི་ཡིན་པ་སྤངས་པས་སོ། །དེ་ཉིད་བརྗོད་པ་ནི་དེ་ཡང་ཞེས་བྱ་བ་སྟེ་གཙོ་པོ་ཡང་སྟེ། གཙོ་བོ་དེའི་གནས་སྐབས་ཐམས་ཅད་འཛིན་པའི་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཞེས་བྱ་བའོ། །ཐམས་ཅད་མཐོང་བར་ཐལ་བ་ཉིད་སྤོང་བ་ནི་འོན་ཏེ་ཞེས་བྱ་བའོ། །ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་ནི་རྟོགས་པས་གནོད་དོ་ཞེས་ལན་འདེབས་པ་ནི་དེ་ཡང་ཞེས་བྱ་བའོ། །གཙོ་བོའི་མཚན་ཉིད་ཀྱི་སྤྱི་ཁས་ལེན་ན། གྲངས་ཅན་རང་གི་ལུགས་དང་འགལ་བ་ཡང་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེའི་ལུགས་འགོད་པ་ནི། ཐམས་ཅད་ཅེས་བྱ་བ་ནས་མཐོང་བ་ཡིན་ཞེས་བྱ་བའི་བར་རོ། །འབྲས་བུ་ཐམས་ཅད་གཙོ་བོའི་བདག་ཉིད་ཅན་གྱི་རྒྱུ་ལ་ནུས་པའི་རང་བཞིན་ཏེ་མངོན་པར་མི་གསལ་བའི་རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་གཙོ་བོ་ཡིན་ཏེ། དོན་དམ་པར་ཡོད་པ་ནི་ཡིན་ནོ། །ཅི་ལྟར་དེ་དག་དེར་གནས་ཤེ་ན། འགྲོ་བ་ཀུན་དེ་ལས་ཤེས་པར་བྱ་བ་སྟེ། གང་གི་ཕྱིར་འགྲོ་བ་མཐའ་དག་ནི་གཙོ་བོ་དེ་ལས་སྐྱེ་བར་འགྱུར་བ་ཡིན་ཏེ། གསེག་མ་ལ་སོགས་པ་ལས་ཏིལ་མར་ལ་སོགས་པ་མེད་པ་ནི་སྐྱེ་བ་མི་སྲིད་དེ། དེས་ན་གང་ཞིག་གང་གིས་སྐྱེད་བྱེད་ཡིན་པ་དེ་ལ་དེ་གནས་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ། །འོན་གཙོ་བོ་ལས་སྤྱི་གཞན་ཡིན་ནོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཙོ་བོ་ཉིད་སྤྱི་ཡིན་ནོ། །གལ་ཏེ་སྤྱིའི་མཚན་ཉིད་མེད་པའི་ཕྱིར་ཅི་ལྟར་དེ་སྤྱི་ཡིན་ཞེ་ན། ཁྱབ་པ་དང་ནི་ཞེས་བྱ་བའོ། །འོ་ན་འདི་གསལ་བའི་རང་བཞིན་མ་ཡིན་བས་ན་གཏན་མི་མཐོང་བ་ཁོ་ནའོ་སྙམ་ན། མཐོང་བཞིན་པ་ནི་ཞེས་བྱ་བ་སྟེ། བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་རྣམས་ཕན་ཚུན་ཐ་དད་པའི་ཕྱིར་གསལ་བ་སྟེ། ཁྱད་པར་གང་ཡིན་པ་དེ་ཉིད་ཐར་བའི་གནས་སྐབས་ན་གཙོ་བོ་གསལ་བ་སྟེ་མངོན་


DTG186_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་བ་ཡིན་ནོ། །དེས་ན་དེ་གཏན་མི་མཐོང་བ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་མངོན་བར་འདོད་ན། འདིར་འདི་ནི་འགལ་པ་ཡིན་ཏེའོ། །གང་ཞིག་འགལ་སྙམ་ན། ཡོན་ཏན་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱི་རང་བཞིན་མཆོག་ཅེས་བྱ་བ་སྤྱིའི་གནས་སྐབས་སུ་གྱུར་པའི་མཚན་ཉིད་ནི་མཐོང་བའི་ལམ་དུ་འགྲོ་བ་མ་ཡིན་ཏེ། རྣལ་འབྱོར་བས་རྟོགས་པར་བྱ་པ་ཡིན་བའི་ཕྱིར་དང༌། ཐམས་ཅད་ཀྱང་དེ་ཉིད་དུ་བག་ལ་ཞ་བར་གནས་པའི་ཕྱིར་རོ། །ཡང་སྐྱེད་མོས་མཚལ་དང་ཀུན་དགའ་རབ་ལ་སོགས་པའི་མཐོང་བའི་ལམ་དུ་གང་གྱུར་པ་དེ་ནི་གཙོ་བོ་ཡང་ཤིན་ཏུ་གསོག་པ་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་བྱ་བའོ། །འདི་ཅི་ལྟར་འགལ་སྙམ་ན། གང་གིས་ཕྱིར་ཞེས་བྱ་བའོ། །འབྲས་བུ་གཞན་དུ་མི་འཐད་པའི་སྒོ་ནས་འབྲས་བུ་གང་ཞིག་ནུས་པའི་རང་བཞིན་གྱིས་གཙོ་བོ་ལ་བརྟགས་བ་སྟེ་སྲོག་ཉིད་ཀྱིས་གཙོ་བོར་དེ་ཡང་ནི་གསོག་ཉིད་འགྱུར་རོ། །ཡང་ཅི་ལྟར་ན་འབྲས་བུ་གསོག་ཏུ་གྱུར་བས་དེ་ཡང་གསོག་ཉིད་ཡིན་སྙམ་ན། རྒྱུ་ལ་ཞེས་གསུངས་ཏེ་གཙོ་བོ་ཞེས་གྲགས་པ་ལའོ། །དེའི་རང་བཞིན་ཏེ་ནུས་པའི་རང་བཞིན་ཉིད་ཡོད་པའི་ཕྱིར་རོ། །གཙོ་བོ་ན་ནི་འབྲས་བུ་ནུས་པའི་རང་བཞིན་དུ་ཡོད་པ་ཡིན་ལ། ནུས་པ་ཡང་གསལ་པ་ཉིད་དམ། ཡང་ན་དངོས་པོ་གཞན་ཡིན་པར་འགྱུར་རོ། གལ་ཏེ་གསལ་བ་ཉིད་ནུས་པ་ཡིན་ན་ནི་དེའི་ཚེ་གཙོ་བོ་དང་ནུས་པ་དེའི་བདག་ཉིད་ཡིན་པའི་ཕྱིར་ན། འབྲས་བུའི་རང་བཞིན་གྱིས་གསལ་བ་རྣམས་གསོག་ཡིན་ན་གཙོ་བོ་ཡང་གསོག་ཉིད་དོ། །དེས་ན་གཙོ་བོ་ཡོད་པ་ཡིན་ནོ་ཞེས་ཁས་བླངས་པ་འགལ་བར་འགྱུར་རོ། །དེའི་ཕྱིར་གསལ་པ་འབྲས་བུའི་ཚོགས་རྣམས་གསོག་ཉིད་ཡིན་ན། དེའི་སྒོ་ནས་བརྟག་པར་བྱ་བ་ནུས་པའི་རང་བཞིན་གྱི་འབྲས་བུ་གང་ཡིན་པ་དེ་ཡང་གསོག་ཉིད་དུ་འགྱུར་ཏེ། དེ་ལས་ཐ་མི་དད་བའི་ཕྱིར་རོ། །དེ་གསོག་ཡིན་པ་ན་དེ་དང་ཐ་མི་དད་པའི་ཕྱིར་གཙོ་བོ་གང་གསོག་ཏུ་འགྱུར་རོ། །གལ་ཏེ་གསལ་བའི་མཚན་ཉིད་འབྲས་བུ་ཉིད་ནུས་པ་ཡིན་ན་དེའི་ཚེ་འདི་ལྟར་འགྱུར་བ་ཞིག་ན། འོན་ཀྱང་གསོག་གི་རང་བཞིན་དུ་གྱུར་བའི་གསལ་བ་ལས་གསོག་མ་ཡིན་པའི་རང་བཞིན་གྱིས་ནུས་པ་ནི་གཞན་ཁོ་ན་ཡིན་པས་གཙོ་བོ་དེ་དང་བདག་ཉིད་གཅིག་པ་ཡིན་ཡང་


DTG186_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཕྱོགས་གཉིས་པའི་དོགས་བ་བསུ་བ་ནི། ཅི་སྟེ་ཞེས་བྱ་བ་ནི་རྒྱུ་ལ་ཡོད་པའི་འབྲས་བུ་ནུས་པའི་རང་བཞིན་ཅན་ནི་གསལ་བ་ལས་གཞན་ཉིད་ཡིན་གྱི་གསོག་གི་རང་བཞིན་ནི་མ་ཡིན་ནོ། །འདིས་ནི་དེའི་རང་བཞིན་ནི་ཡོད་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པར་བརྗོད་པ་ཡིན་ནོ། །ལན་འདེབས་པ་ནི་དེ་ཞེས་བྱ་བའོ། །གལ་ཏེ་རྒྱུའི་བདག་ཉིད་ལ་ཡོད་པའི་ནུས་པའི་རང་བཞིན་གསོག་མ་ཡིན་ན་དེའི་ཚེ་དེ་ལས་འབྲས་བུ་གསོག་ཏུ་གྱུར་པ་སྐྱེ་བ་ནི་སྔ་ན་མེད་པ་ཉིད་བས་འབྲས་བུ་སྔར་ཡོད་པར་སྨྲ་བ་ཉམས་པར་འགྱུར་རོ། །གལ་ཏེ་རྒྱུ་ལ་འབྲས་བུ་མི་གསལ་བ་ནི་རང་བཞིན་དུ་ཡོད་པ་མ་ཡིན་ནམ། དེས་ན་འབྲས་བུ་སྔ་ན་ཡོད་པར་སྨྲ་བ་མི་ཉམས་སོ་སྙམ་ན། གང་ཞིག་ཅེས་སྨོས་སོ། །ནུས་པའི་རང་བཞིན་གང་ཞིག་ལྐོག་ཏུ་གྱུར་པ་མངོན་སུམ་གྱིས་མཐོང་བ་མ་ཡིན་པས། རྟགས་མེད་བས་རྗེས་སུ་དཔག་པས་ཀྱང་མ་ཡིན་པ་དེ་ཉིད་དོན་དམ་པ་མ་ཡིན་པ་ཡོད་པའི་ཐ་སྙད་དུ་མི་རུང་བ་ཡིན་ནོ། །དེ་ལ་ནི་གནོད་པར་བྱེད་པ་ཡང་བརྗོད་ཟིན་བ་ཉིད་དེ། དེས་ན་དེ་ནི་རྣམ་འབྱེད་བས་རྟོགས་པར་བྱ་བ་ཡིན་ནོ་ཞེས་ཀྱང་བརྟག་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་གཞན་གྱིས་ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་གང་ཡིན་པ་དེ་ནི་འགལ་བ་ཡིན་ནོ། །དུས་མཚུངས་པ་ཡུལ་ཐ་དད་པའི་གསལ་བ་གང་ཡིན་པ་དེ་ཁྱབ་པའི་སྤྱི་ནི་འཛིན་པ་ཉིད་དོ། །གལ་ཏེ་གསལ་བ་མ་བཟུང་ཡང་སྤྱི་དགོས་པ་མེད་པ་ཅིའི་ཕྱིར་སྙམ་ན། དེ་འདྲའི་ཞེས་བྱའོ། །གང་གི་ཕྱིར་གཞན་གྱི་ལུགས་ལ། བརྡའི་དུས་སུ་གསལ་བ་ཐ་དད་པ་ལ་སྤྱིར་ཁྱབ་པར་མ་བཟུང་ན་དུས་ཕྱིས་དེ་ལྟར་ཐ་སྙད་བྱེད་པ་མི་འཐད་དོ། །སྤྱི་ནི་ཐ་སྙད་ཀྱི་དོན་དུ་འདོད་པ་ཡིན་ན་དེ་ལྟར་ནི་ཁྱབ་པ་བཟུང་བ་མ་ཡིན་ནོ། །དེས་ན་སྤྱི་ནི་དགོས་པ་མེད་པ་ཁོ་ནའོ། །ར་དཀར་པོ་གང་ཞིག་སྔར་ལྷ་ལ་གསོལ་བ་མཐོང་བ་ཡོད་པ་དེའི་རིགས་ཞེས་བྱ་བ་ནི་རའི་རིགས་རྗེས་སུ་འགྲོ་བའི་ཕྱིར་རོ། །ཐ་སྙད་པ་དག་གིས་ཞེས་བྱ་བ་ནི་དེ་ཉིད་འདིའོ་ཞེས་ཐ་སྙད་བྱེད་པ་དག་གིས་སོ། །ཅིའི་ཕྱིར་ཇི་ལྟར་འདོད་སྙམ་ན། དུས་གཅིག་ཏུ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྤྱིའི་ཐ་སྙད་ལའོ། །ཅིའི་ཕྱིར་ཞེ་ན། གཉི་ག་ཡང་ཞེས་བྱ་བའོ། །འོ་ན་སྔར་གྱི་རྗེས་སུ་


DTG186_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ནས་རྟོགས་པ་གང་དག་ཡིན་པ་དེ་ལ་སྤྱི་ཡོད་མོད་སྙམ་ན། སྔ་མ་དང་ཞེས་བྱ་བའོ། །ཐ་དད་པའི་ཞེས་བྱ་བ་ནི་མདོག་དང་རྣམ་པ་དང་ཡི་གེས་སྟོང་པའོ། །དེ་བཞིན་དུ་དུས་མཚུངས་བ་དག་ལ་ཡང་སྤྱི་མཐོང་བ་མེད་དོ་ཞེས་བརྗོད་པ་ནི། དེ་བཞིན་དུ་དུས་མཚུངས་བ་དག་ལ་ཡང་གསལ་བ་དང་མི་གསལ་བའི་རྣམ་པ་ལས་གཞན་པའི་སྤྱི་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་དུས་མཚུངས་བར་བྱུང་བདག་ལ་སྤྱི་མེད་པ་ཉིད་ན། འོ་ན་ཅི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་རྟོགས་པ་འདི་ནི་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྔ་ཕྱིར་བྱུང་བ་དག་ལའོ། །གསལ་བ་དུས་མཚུངས་པ་དག་ལ་ཡང་འབྲེལ་པ་ཅན་གྱི་སྤྱི་མངོན་སུམ་གྱི་མཐོང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྤྱི་ཞེས་བྱ་བ་ནི་ཞེས་གསུངས་སོ། །ཚིག་གི་ལྷག་མ་མེད་ན་ནི་མ་འབྲེལ་བ་བརྗོད་པར་འགྱུར་ཏེ། བསལ་བ་རྣམས་ནི་མྱོང་བས་གྲུབ་བའི་ཕྱིར་རོ། །སྔ་མ་དང་ཞེས་བྱ་བ་ནི་རྣམ་པར་འགྲེལ་བའོ། །འབའ་ཞིག་ཅེས་བྱ་བ་ནི་དམིགས་པ་མེད་པའོ། །རྟོགས་པར་བྱ་བའི་སྤྱིའི་བདག་ཉིད་ཀྱི་དམིགས་པ་མ་མཐོང་བའི་ཕྱིར་རོ། །རྟོགས་པར་བྱ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི། ཁ་དོག་དང་དབྱིབས་སུ་སྣང་བ་ལ་ལང་གི་རྣམ་པར་རྟོག་བའོ། །དེས་དེ་ནི་ཁ་དོག་ལ་སོགས་པ་དང་བྲལ་བའི་སྤྱི་འགའ་ཡང་རྟོགས་པ་མེད་དོ། །དེའི་གཟུང་བ་ཞེས་བྱ་བ་ནི་རྟོགས་པ་དེ་ལ་མདོག་ལ་སོགས་པ་དང་བྲལ་བའི་གཟུང་བ་སྤྱི་སྣང་བ་མེད་པའི་ཕྱིར་རོ། །སྔ་མ་དང་ཕྱི་མའི་ཁྱད་པར་གང་ཡིན་པ་དེ་བཞིན་ནོ། །འདིས་ནི་རང་བཞིན་གྱི་རྟགས་བསྟན་ཏོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་བའོ། །དེ་ལ་ཞེས་བྱ་བ་ལ་ནི་རྟོགས་པ་ལའོ། །རང་བཞིན་གྱི་གཏན་ཚིགས་སོ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་བསྒྲུབ་པར་བྱ་བ་ལ་ཕྱི་རོལ་མི་སྣང་བ་ཉིད་རང་བཞིན་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་ངང་པ་དང་ཁྲ་པོ་ལ་སོགས་པ་ལའོ། །ཅི་ལྟར་ཡུལ་ངེས་བར་སྐྱེ་ཞེས་ཁོང་ནས་དབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་འགའ་ཞིག་ཉིད་ལ་ཞེས་འཆད་པར་འགྱུར་རོ། །ལྡོག་བའི་རང་བཞིན་ཅི་འདྲ་བ་ཡིན་སྙམ་ན་དེ་ཡང་ཞེས་བྱ་བའོ། །དེ་ཙམ་གྱིས་ནི་སྒྲོ་བཏགས་པའི་རྣམ་པ་ཙམ་གྱིས་སོ། །འདིར་ནི་རིགས་ལའོ། །ཆོས་དང་ཆོས་


DTG186_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ་དགེ་བ་དང་སྡིག་པ་གྲུབ་པའི་དོན་དུའོ། །བྲམ་ཟེའི་རིགས་ལ་བྱིན་ན་ནི་ཆོས་ཡིན་ལ། བསད་ན་ནི་སྡིག་པ་ཡིན་ནོ། །དེའི་བྱ་བ་ནི་རིགས་ཀྱིའོ། །གྲུབ་ཀྱང་ཞེས་བྱ་བ་ནི་མ་གྲུབ་པ་འགའ་ཞིག་ཏུ་ནི་མ་ཟད་པའོ། །ཅིའི་ཕྱིར་ཞེ་ན། རིགས་གཞན་ལས་ཞེས་བྱ་བ་སྟེ་དམངས་རིགས་ལ་སོགས་བ་བའི་རིགས་ལས་བྲམ་ཟེའི་རིགས་ཉིད་ཐ་དད་པ་མེད་པའི་ཕྱིར་རོ། །གང་གིས་ཆོས་ལ་སོགས་པའི་སྒྲུབ་བར་བྱེད་པ་ཉིད་དུ་བྱེ་བྲག་ཏུ་ངེས་པར་འགྱུར་བ་རང་གི་ངོ་བོ་གྲུབ་ཀྱང་རིགས་རྣམ་ཕན་ཚུན་ཐ་དད་པ་ནི་མ་ཡིན་ཏེ་རྣམ་བ་ཐམས་ཅད་ཀྱིས་སྟོང་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་བྱེ་བྲག་ཏུའོ། །སྤྱི་ཉིད་ཅི་སྟེ་མི་རྟོགས་སྙམ་ན། གཞལ་བྱའི་རྣམ་པ་ཞེས་བྱ་བའོ། །འོན་ཏེ་སྤྱིའི་རྣམ་པ་ཅན་ནི་རྟོགས་པ་ནི་མེད་པ་ཁོ་ནའོ་སྙམ་ན། སྤྱིའི་རྣམ་པའི་ཞེས་བྱ་བའོ། །སྔར་བསྟན་པ་ཉིད་དོ་ཞེས་བྱ་བ་ནི་མཚུངས་པའི་རྣམ་པར་རྟོག་པ་གང་ཞེས་བྱ་བ་ལ་སོགས་པས་སོ། །སྤྱི་ཐ་མི་དད་བ་སུན་འབྱིན་པ་ནི་སྣང་བའི་རང་བཞིན་ལ་ཡང་ཞེས་བྱ་བའོ། །དེའི་ཕྱིར་གཅིག་ནི་ཡུལ་གཞན་ལ་སོགས་པ་དང་ལྡན་པར་འགལ་བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །མ་གྲུབ་པ་ཉིད་ཀྱང་མ་ཡིན་ནོ་ཞེས་སྟོན་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་ཏེ་རང་བཞིན་གཞན་གྱིས་སྟོང་བའི་ཕྱིར་རོ་ཞེས་བྱ་བའོ། །ཐལ་བ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་ཐལ་བ་ནི་འཐོབ་པའི་རང་བཞིན་ཡིན་པའི་ཕྱིར་དང༌། སྒྲུབ་པར་བྱེད་པ་ཡང་ལྡོག་པའི་འབྲས་བུ་ཅན་ཡིན་བ་དང༌། འབྲེལ་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ཐལ་བ་བསྒྲུབ་པའི་དུས་ནའོ། །ཅི་ལྟར་འདི་ཐལ་བའི་སྒྲུབ་པ་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བ་སྟེ། གལ་ཏེ་ཁྱབ་བྱ་འདིར་འགྱུར་ན། ཁྱབ་པར་བྱེད་པ་འདིར་ཡང་འགྱུར་རོ། །འོན་ཏེ་ཁྱབ་པར་བྱེད་པར་འགྱུར་བ་མིན་ན། ཁྱབ་བྱ་དང་ཁྱབ་བྱེད་གཉི་གའང་མི་འགྱུར་རོ་ཞེས་འདོད་པའི་ཕྱིར་རོ། །དེས་ན་འདིས་ནི་ཐལ་བའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་དགོངས་པའོ། །བཤད་ཟིན་པའི་དོན་ཉིད་ཁྱད་པར་ལ་སྦྱོར་བ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལྟར་ཐལ་བ་དང་བཟློག་པ་གཉིས་ཀྱི་ས་ནི་གཞན་གྱིས་ཡོངས་སུ་བརྟགས་པ་ལ་འགལ་བ་བརྗོད་པར་བྱ་བ་ཙམ་ཞིག་ཟད་ཀྱི། །འདི་ཉིད་ལ་སངས་རྒྱས་པའི་


DTG186_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །དེ་ཁོ་ནར་སྒྲུབ་པར་བྱེད་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ། །གཞི་མ་གྲུབ་པ་ནི་དེ་ཁོ་ན་ཉིད་དུ་གཏན་ཚིགས་ཡིན་པ་བཤད་པར་མཛད་པ་བཞེད་པ་མ་ཡིན་ནོ། །རྣམ་པ་འདིས་ཀྱང་སྤྱི་ལ་སོགས་པ་བཟློག་པ་ནི་འགྲུབ་བའི་ཕྱིར་རོ། །སློབ་དཔོན་ཆོས་མཆོག་ལ་སོགས་པའི་ལུགས་བཟློག་པ་ནི་ཕྱིས་འཆད་པར་འགྱུར་རོ། །གསལ་བ་གཅིག་མཐར་ཐུག་པ་ཞེས་བྱ་བ་འདི་ལ་ནི་རྣམ་པར་ངེས་པ་འདི་ཉིད་སློབ་དཔོན་གྱིས་ཐལ་བའི་གཏན་ཚིགས་སུ་བཞེད་པ་ཡིན་ནོ་ཞེས་སྟོན་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །ཐལ་བ་ཐམས་ཅད་ནི་ཐལ་བ་བཟློག་པའི་མཐར་ཐུག་པའི་ཕྱིར་ན་འདི་ཡང་བཟློག་པའི་མཐར་ཐུག་པར་འགྱུར་དགོས་སོ། །འདི་ནི་གསལ་པ་གཅིག་གི་མཐར་ཐུགས་པའི་ཕྱིར་གཞན་དང་ལྡན་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཐལ་བ་ཡིན་ནོ། །འདིའི་བཟློག་བ་སྟོན་པ་ནི། གལ་ཏེ་གཞན་དང་ལྡན་པ་ཞེས་བྱ་བའོ། །དེའི་ཚེ་ནི་གྲུབ་པ་ཡང་སྒྲུབ་པ་ཡིན་ནོ། །སྐྱོན་འདི་ནི་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་མངོན་བར་འདོད་བ་གསལ་བ་དུ་མའི་མཐར་ཐུག་པ་ཉིད་སུན་འབྱིན་པའོ། །དེ་ནི་ཞེས་བྱ་བ་ནི་སྤྱིའོ། །གལ་ཏེ་སྤྱི་ཁྱབ་པ་ཡིན་པ་དེ་ལྟ་ན་ཡང་ཁྱབ་པ་མ་ཡིན་པའི་རང་བཞིན་དུ་འཛིན་པ་ཡིན་ནོ་སྙམ་ན། དེའི་ངོ་བོ་ཞེས་བྱ་བ་སྨོས་ཏེ་ཁྱབ་པའི་རང་བཞིན་ནོ། །གཞན་གྱིས་ཞེས་བྱ་བ་ནི་མ་ཁྱབ་པའིའོ། །འོན་ཏེ་སྤྱི་ནི་ཁྱབ་པ་ཉིད་དུ་རྟོགས་པ་ཁོ་ནའོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཁྱབ་པར་བྱ་བ་ཞེས་བྱ་བའོ། །ཁྱབ་པར་བྱ་བ་ནི་གསལ་བ་ཡིན་ལ། ཁྱབ་པར་བྱེད་པ་ནི་སྤྱི་ཡིན་ཏེ། གསལ་བ་མཐའ་དག་ཁྱབ་པའི་ཕྱིར་རོ། །རྟོགས་པ་ཡང་མེད་དོ་ཞེས་བྱ་བ་ནི་ཁྱབ་བྱའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཁྱབ་པའི་རང་བཞིན་ནོ། །དངོས་པོའི་ཉེས་པ་འདི་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པ་ལ་ཡང་མཚུངས་སོ། །དེས་ན་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་སོ། །ཆོས་གཉི་ག་ཞེས་བྱ་བ་ནི་བསལ་བ་གཅིག་གི་མཐར་ཐུག་པ་དང༌། ཡུལ་ལ་སོགས་པ་གཞན་དང་མི་ལྡན་པ་མེད་པའི་རང་བཞིན་གྱི་ཆོས་སོ། །གལ་ཏེ་དེ་ལྟར་ཡིན་ན་ཆོས་ཅན་མ་གྲུབ་པའི་ལན་ཅི་ལྟར་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བའོ། །འོ་ན་


DTG186_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཅི་ཞིག་བྱ་སྙམ་ན། འདི་ནི་ཞེས་བྱ་བའོ། །ཁོ་བོ་ཅག་ནི་སངས་རྒྱས་པའོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཆ་མེད་དུ་མ་ལ་ཁྱབ་པའོ། །གཞན་ཞེས་བྱ་བ་ནི་སྤྱི་ལས་གཞན་གཉི་ག་ལས་གྲུབ་པའོ། །མ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་མེད་པའི་ཕྱིར་རོ། །འོ་ན་རྗེས་སུ་དཔག་པ་སྤྱིའི་སྒྲུབ་པར་བྱེད་པར་འགྱུར་རོ་སྙམ་ན། རྗེས་སུ་དཔག་པ་ནི་ཞེས་བྱའོ། །གཞན་དུ་མི་འཐད་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་རྣམ་པའི་རྟོག་པ་གཞན་དུ་མི་འཐད་པས་སྤྱི་ལྐོག་ཏུ་གྱུར་བ་བརྟག་པར་བྱ་བའོ། །དོན་ཐམས་ཅད་དང་ཞེས་བྱ་བ་ནི་ལུས་ཅན་གྱི་དངོས་པོའི་ཆོས་དུ་མ་ཉིད་ལ་སོགས་པ་དེ་དང་མི་མཐུན་པ་ཉིད་དོ། །དེ་ལ་ནི་སྤྱི་ལའོ། །གཞན་གྱི་ཆོས་ཞེས་བྱ་བ་ནི་ལུས་ཅན་གྱི་དངོས་པོའི་ཆོས་དུ་མ་ཉིད་འགལ་བས་སོ། །འགལ་བས་ནི་དུམ་ལ་འཇུག་པ་ཉིད་དོ། །གཞན་གྱི་ཞེས་བྱ་བ་ནི་ལུས་ཅན་གྱི་ཆོས་གཞན་སྤྱི་དང་ངོ༌། །སུན་འབྱིན་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ།། གཞན་དུ་མི་འཐད་པའི་ཉེས་པ་དེས་ན་དེ་ནི་སྤྱི་འགྲུབ་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལུས་ཅན་མ་ཡིན་པ་ཉིད་ཀྱང་ཁྱབ་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །ཐ་མའི་ཁྱད་པར་ནི་ལུས་ཅན་མ་ཡིན་ཡང་མ་ཁྱབ་པར་རིག་བ་ཅན་གྱིས་འདོད་པ་ཡིན་ནོ། །འོ་ན་ནི་འདི་མ་ཁྱབ་པའི་སྒྲུབ་པར་བྱེད་པར་འགྱུར་རོ་ཞེ་ན། དེ་བཞིན་ཞེས་སྨོས་ཏེ་ཐ་མའི་ཁྱད་པར་བཞིན་དུའོ། །འདི་ན་འཁྲུལ་པའི་ཕྱིར་གཉི་གའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ཁྱད་པར་གྱི་ཚིག་གི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་གྱི་ཚིག་གི་དོན་ཉིད་ཀྱི་ཕྱིར་རོ། །རྣམ་པར་དབྱེ་བཞེས་བྱ་བ་ནི་ལུས་ཅན་ཉིད་ཀྱིས་བྱས་པའི་མ་ཁྱབ་པ་དང་ལུས་ཅན་མ་ཡིན་པས་བྱས་པའི་ཁྱབ་པ་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་རྣམ་པར་དབྱེ་བ་འདིས་དེས་མ་བྱས་ཤེ་ན་ཁྱབ་པ་དང་ཞེས་བྱ་བའོ། །ཁྱབ་པའི་སྒྲུབ་པར་བྱེད་པ་ནི་སྤྱི་ཡིན་ལ། མ་ཁྱབ་པའི་སྒྲུབ་པར་བྱེད་པ་ནི་ཁྱད་པར་ཡིན་ནོ། །ཕ་རོལ་པོ་ཕྱོགས་འདི་ཁས་ལེན་པའི་དོགས་པ་བསུ་བ་ནི་ཡིན་མོད་ཅེས་བྱ་བའོ། །མ་གྲུབ་པ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །བསྒྲུབ་པར་བྱ་བ་ནི་གྲུབ་པས་བསྒྲུབ་བྱ་རྟོགས་པར་བྱེད་པའོ། །དེ་ལ་ཁྲ་བོ་ལ་སོགས་པ་ལ་མ་ཁྱབ་པའི་སྒྲུབ་པར་བྱེད་པ་ཁྱད་པར་གྱི་


DTG186_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྲུབ་པའི་ཕྱིར་གྲུབ་པར་བྱེད་པ་དེ་ལ་ནི་རྩོད་པ་མ་ཡིན་གྱི། སྤྱིའི་རང་བཞིན་གྱི་སྒྲུབ་བར་བྱེད་པ་ནི་མ་གྲུབ་སྟེ། ངེས་ན་བསྒྲུབ་བར་བྱ་བ་ཁྱབ་པ་ཉིད་ཅི་ལྟར་གོ་བར་བྱེད། ཕ་རོལ་བོ་མ་གྲུབ་པ་ཉིད་ཡོད་པ་ནི་སྤྱི་ནི་ཞེས་བྱ་བའོ། །སུན་འབྱིན་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཁྱབ་པ་ཉིད་མ་བཟུང་ན་སྤྱི་ལྟར་ཅིའི་རང་བཞིན་བཟུང་བར་བརྗོད། འདིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཕན་ཚུན་བརྟེན་པའི་ཕྱིར་ན་གཅིག་ཀྱང་མ་གྲུབ་པོ་ཞེས་བསྟན་ཏོ། །འོན་ཏེ་གཞན་ལ་མི་ལྟོས་པའི་རང་བཞིན་གྱིས་འཛིན་པའི་ཕྱིར་ཉེས་པ་འདི་མེད་དོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྤྱི་དེ་གསལ་བ་དུ་མ་ལ་ཁྱབ་པའི་རང་བཞིན་ལ་མ་ལྟོས་པར་འཛིན་ན་དེའི་ཚེ་རང་གི་ངོ་བོ་འཛིན་པ་དེའི་ཕྱིར་ཅི་ལྟར་སྤྱི་བཟུང་སྟེ་མ་ཡིན་པ་ཁོ་ནའོ། །བསལ་བ་དུ་མ་ལ་ཁྱབ་པའི་རང་བཞིན་མ་རྟོགས་པ་ནི་སྤྱི་ལ་དེ་ལྟར་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེས་ན་སྤྱིའི་རང་བཞིན་ནི་མ་གྲུབ་པའོ། །སྤྱི་ཞེས་བྱ་བ་ནི་འཆད་པའོ། །ཅིག་ཤོས་སུ་ཞེས་བྱ་བ་ནི་ཁྱབ་པ་མ་ཡིན་པའི་རང་བཞིན་དུའོ། །དེ་ལ་ཕྱོགས་དང་པོ་དོགས་པར་བྱས་ནས་འགོག་པ་ནི་ཁྱབ་པ་ཉིད་དུ་ཞེས་བྱ་བའོ། །ཕྱོགས་གཉིས་པ་བཀོད་ནས་སེལ་བ་ནི་འོན་ཏེ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་ན་ཉེས་པ་ཅི་ཡོད་སྙམ་ན། དེ་ལྟར་འོ་ན་ཞེས་བྱ་བའོ། །བསལ་པ་གཞན་གྱི་ཁྱད་པར་ཅན་དུ་ཞེས་བྱ་བ་ནི་སྤྱིའོ། །ཅི་ལྟར་རྟོགས་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །འོ་ན་ཏེ་རྣམ་པ་དེ་ལྟར་རྟོགས་པ་ནི་མངོན་སུམ་ཁོ་ན་ཡིན་ནོ་ཞེ་ན། དེ་ཉིད་འདི་ཞེས་བྱ་བའོ། །སྤྱི་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་བྱ་བའོ། །ལུས་ཅན་མ་ཡིན་པ་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །སྤྱི་ཡང་མ་ཡིན་ཏེ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་པོ་ལ་དེའི་སྒྲུབ་པར་བྱེད་པ་མེད་དེ་དེ་ལྟར་ན་ཡང་སངས་རྒྱས་བ་ལ་གནོད་པར་བྱེད་པ་ནི་ཚད་མ་ཅི་ཞིག་ཡོད་སྙམ་ན། མངོན་སུམ་གྱིས་ཀྱང་ཞེས་བྱ་བའོ། །འདིས་ནི་སྣང་བ་མི་དམིགས་པས་གནོད་པར་བརྗོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །ཁྱབ་པ་མ་ཡིན་པར་སྒྲུབ་ཅེས་བྱ་བ་ནི་གསལ་


DTG186_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་གི་མཐར་ཐུག་པའི་ཕྱིར་ཞེས་བྱ་བའི་སྒྲུབ་པར་བྱེད་པས་སོ། །དེ་ལ་ནི་སྤྱི་ལའོ། །ཆོས་ནི་མ་ཁྱབ་པ་ཉིད་དོ། །དེ་ནི་ཞེས་བྱ་བ་ལ་ལན་ནོ། །རྩ་བ་ཞེས་བྱ་བ་ནི་གཞན་གྱིས་ཁས་བླངས་པ་ལ་མི་ལྟོས་པའོ། །དེ་ཉིད་གསལ་འདེབས་པ་ནི་ཁྱོད་ཅེས་བྱ་བ་སྟེ་རིགས་པ་ཅན་ལ་སོགས་པའོ། །མངོན་སུམ་དང་དེ་ལ་སོགས་པ་ཞེས་བྱ་བ་རྗེས་སུ་དཔག་པས་སོ། །གཞན་ཞེས་བྱ་བ་ནི་ཐ་མི་དད་པའོ། །རྣམ་པ་ཉིད་ཅེས་བྱ་བ་ནི་ཡན་ལག་གི་བཀོད་པའོ། །རྣམ་པ་ནི་སྤྱི་མ་ཡིན་ཏེ། ཁྱབ་པ་མེད་པའི་ཕྱིར་རོ། །འོན་ཏེ་རྣམ་པ་ནི་ཁྱབ་པ་ཉིད་དུ་དམིགས་པ་ཁོ་ནའོ་ཞེ་ན། དེས་ན་ཅི་ལྟར་མ་ཁྱབ་སྙམ་ན། ཁྱབ་པ་ཉིད་དུ་ཞེས་གསུངས་སོ། །འདི་ཉིད་ཀྱི་དོན་གསལ་བར་བྱེད་པ་ནི་དེ་ལྟར་ཡིན་དང་ཞེས་བྱ་བ་སྟེ་ཁྱབ་པ་ཉིད་དུ་དམིགས་ན་ཡང་ངོ༌། །དེའི་ཕྱིར་རྣམ་པ་ནི་སྤྱི་ནི་དམིགས་པ་མ་ཡིན་ནོ། །གཏན་ཚིགས་འདི་ནི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། རྣམ་པ་ནི་གསལ་བའི་རང་བཞིན་ཡིན་པས་དེ་གྲུབ་ན་དེའི་རང་བཞིན་གྱི་རྣམ་པ་ཡང་གྲུབ་པ་ཁོ་ནའོ། །དེས་ན་གཏན་ཚིགས་གསལ་བ་གཅིག་གི་མཐར་ཐུག་པ་ཉིད་མ་ཁྱབ་པ་ཉིད་དུ་བསྒྲུབ་པའི་དོན་དུ་ཉེ་བར་བཀོད་པ་ནི་གཞི་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་འདི་ལ་ཆོས་ཅན་མ་གྲུབ་བ་ཉིད་སྤངས་པ་ཡིན་ན་འོ་ན་ཅི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །རྣམ་པ་སྤྱི་ཡིན་པའི་ཕྱོགས་ལ་ནི་ཕྱོགས་ཀྱི་ཆོས་ཉིད་ཀྱང་ཡོད་པ་ཉིད་དེ་དེས་ན་ཚུལ་གསུམ་དང་ལྡན་པའི་ཕྱིར་རོ། །གང་གིས་འདི་ཐལ་བའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་ན། ཅི་ལྟར་འདི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ཞེ་ན། གྲུབ་པའི་མཐའ་སྨྲ་བས། ཕ་རོལ་པོས་ནི་ཞེས་གསུངས་སོ། །རྒོལ་བ་གཅིག་གིས་ནི་དབྱིབས་ཀྱི་མཚན་ཉིད་རྣམ་པ་ཉིད་སྤྱི་ཡིན་པར་བརྗོད་ལ། རིགས་པ་ལ་སོགས་པ་གཞན་གྱིས་ནི་རྣམ་པ་ལས་གཞན་རིགས་ཡིན་པར་བརྗོད་དོ། །དེས་ན་སྤྱི་ཐ་དད་པར་སྨྲ་བའི་དབང་དུ་བྱས་ནས་ཐལ་བ་གྲུབ་པར་བྱེད་པ་ཡིན་ཏེ། གཞི་མ་གྲུབ་པའི་ཕྱིར་རོ་ཞེས་བརྗོད་དོ། །ཅི་ཐ་མི་དད་པར་སྨྲ་བ་ལ་ལྟོས་ནས་ནི་རང་རྒྱུད་ཀྱི་སྒྲུབ་པར་བྱེད་པ་ཁོ་ནའོ། །དེ་ལྟར་ན་རེ་ཞིག་གང་ཡང་རུང་བའི་ལུགས་ལ་གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་རོ་ཞེས་བྱ་བ་འདི་ཐལ་བ་སྒྲུབ་པ་ཡིན་ནོ་ཞེས་གཞུང་


DTG186_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ་ཡིན་ནོ། །གསལ་པ་གཅིག་གི་མཐར་ཐུག་པ་ཉིད་དགག་པར་བསྒྲུབ་པར་བྱ་བ་ལ་ནི། ཁྱབ་པའི་ཕྱིར་ཞེས་བྱ་བའི་སྒྲུབ་པར་བྱེད་པ་རྒོལ་པ་གཉི་གའི་ལུགས་ཀྱིས་མ་གྲུབ་པའི་ཕྱིར་ན་ཐལ་བ་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བའོ། །ཁྱབ་པའི་ཕྱིར་ཞེས་བྱ་བ་འདི་འགལ་བ་ཡིན་པར་ནི་དུ་མ་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་འདིས་བརྗོད་པ་ཡིན་ལ། འདི་ནི་སྤྱི་གཉི་གའི་ཕྱོགས་ལ་ཡང་མ་གྲུབ་པོ། །གཅིག་པ་གཅིག་གི་མཐར་ཐུག་པར་དགག་པ་ནི་ཐལ་བ་ཡིན་པར་ལྷག་མས་བརྗོད་པ་ཡིན་ནོ། །བཟློག་པ་ནི་རྩ་བའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ནི་བསལ་བ་གཅིག་གི་མཐར་ཐུག་པར་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་ཕྱིར་རོ། །གལ་ཏེ་ཐལ་བའི་སྒྲུབ་བྱེད་སྒྲུབ་བྱེད་མ་ཡིན་པ་ཉིད་ཡིན་ནའོ་ན་ངེས་ཅི་ཞིག་བྱ་བ་ཡིན་སྙམ་ན། ཐལ་བ་ནི་ཞེས་བྱ་བའོ། །སློབ་དཔོན་ཆོས་མཆོག་ལ་སོགས་པའི་ལུགས་སུན་ད་བྱུང་བའི་དོན་དུ་ཉེ་བར་འགོད་པ་ནི་གཞན་དག་ནི་ཞེས་བྱ་བའོ། །བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་ངེས་ཀྱི་དཀྱུས་དུམ་བུའོ། །དེ་ནི་གྲུབ་པ་ཉིད་དོ་ཞེས་ཕྱི་མ་དང་འབྲེལ་ཏོ། །གང་གི་ཚེ་ཞེ་ན། སྤྱིར་དངོས་པོ་མེད་པ་ཡིན་ན་ཡང་ངོ༌། །གཏན་ཚིགས་དངོས་མེད་ཙམ་ཡིན་ན་ཞེས་བྱ་བ་ནི། བྲལ་བ་ཙམ་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་པ་ནའོ། །དེ་ཞེས་བྱ་བ་བྲལ་བ་ཙམ་ནི་ཆོས་ཅན་གང་དང་ཡང་ངོ༌། །སྤྱི་དངོས་པོ་མ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་དང་བྲལ་བ་ཙམ་དེ་དང་འབྲེལ་པ་མ་ཡིན་ནོ། །ཅི་ལྟར་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་གཞི་མ་གྲུབ་པའི་ཕྱིར་རོ། །དེས་ན་གཞི་མ་གྲུབ་པ་ནི། དངོས་པོ་ལ་ཚུལ་གསུམ་པ་ཉིད་མ་ཡིན་ནོ་ཞེས་དགོངས་པའོ། །འདི་སྙམ་དུ་བྲལ་བ་ཙམ་ནི་གཏན་ཚིགས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གསལ་བ་གཞན་དང་འབྲེལ་པའི་རང་བཞིན་གྱི་བྲལ་བ་གཏན་ཚིགས་ཡིན་ནོ་ཞེས་ཕ་རོལ་པོ་སྟོན་པ་ནི་འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེའི་ཕྱིར་ངེས་བར་ཞེས་བྱ་བ་ནི། དེ་ལྟ་ཡིན་དང་འགལ་བ་བརྗོད་པ་ཉིད་ལེགས་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གཞན་གྱིས་ནི་མུ་སྟེགས་པའིའོ། །གཞན་གྱིས་ཁས་བླངས་པ་ནི། སངས་རྒྱས་པས་ཁས་བླངས་པའོ། །གལ་ཏེ་སངས་རྒྱས་བས་མུ་སྟེགས་པ་


DTG186_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞན་སེལ་བ་གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་མ་ཁྱབ་པར་བསྒྲུབས་ན་དེའི་གྲུབ་པ་མ་བསྒྲུབས་པ་ཡིན་ཏེ། གཞན་སེལ་བ་ཁྱབ་པ་མ་ཡིན་པར་ནི་མུ་སྟེགས་པ་རྣམས་འདོད་པའི་ཕྱིར་རོ། །སངས་རྒྱས་པ་ནི་འདོད་པ་མ་ཡིན་པ་ཁོ་ནའོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །མེད་པ་བསྒྲུབ་པ་ལ་རུང་བ་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཅི་ལྟར་ཤིང་དང་ཤིང་ཤ་བ་དག་དེའི་བདག་ཉིད་དུ་གྲུབ་པ་ན། ཁྱབ་པར་བྱེད་པ་ཤིང་མ་དམིགས་པས། ཤིང་ཤ་པ་མེད་པར་རྟོགས་པའི་ཚེ་ཤིང་ཉིད་བསྒྲུབ་པ་ལ་ཤིང་ཤ་པ་ཉིད་རྩ་བའི་གཏན་ཚིགས་ཡིན་གྱི། ཡུལ་ཉེ་བར་མ་བསྟན་པ་ཅན་གྱི་ཁྱབ་པར་བྱེད་པ་མི་དམིགས་པ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ན། ཁྱབ་པར་བྱེད་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་བཟློག་པ། གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་ཞེའམ། ཁྱབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་བསྒྲུབ་པའི་རང་བཞིན་ཉིད་རྩ་བའི་གཏན་ཚིགས་ཡིན་པར་འགྱུར་གྱི་ཁྱབ་པར་བྱེད་པ་མི་དམིགས་པ་ནི་མ་ཡིན་ནོ། །དེའི་སྟོབས་ཀྱིས་ཞེས་བྱ་བ་ནི། རྗེས་སུ་འགྲོ་བའི་སྒོ་ནས་འབྲེལ་བ་བཟུང་བའི་སྟོབས་ཀྱིས་སོ། །མེད་པ་ཙམ་ཞིག་ཉེ་བར་སྟོན་ཏེ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པས་སོ། །རྩ་བའི་གཏན་ཚིགས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་བྱེད་མི་དམིགས་པའོ། །འདིས་ནི། དེ་དག་མེད་ནའང་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་བྱ་བ་ནི། ཡུལ་ཉེ་བར་མ་བསྟན་པ་ཅན་གྱི་ཁྱབ་པར་བྱེད་པར་བྱེད་བ་མི་དམིགས་པ་ལས་ལྟོས་ཏེ་བརྗོད་པ་ཡིན་ནོ་ཞེས་བསྟན་ཏོ། །ཡོད་པར་བསྒྲུབ་པ་ན་ནི་ཚུལ་འདི་ཉིད་ཡིན་པར་རྟོགས་པར་བྱའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །བསྒྲུབ་པ་གོ་བར་བྱེད་པ་འབའ་ཞིག་ཏུ་ནི་མ་ཟད་དེ། ཁྱབ་པར་བྱེད་པ་མི་དམིགས་པ་ཡང་རྩ་བའི་གཏན་ཚིགས་ཡིན་ནོ། །སོ་སོར་ངེས་པའི་ཞེས་བྱ་བ་ནི་ཡུལ་ཉེ་བར་བསྟན་པ་ཅན་ནོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །འདི་ན་ཞེས་བྱ་བ་ནི་ས་ཕྱོགས་ལ་སོགས་པར་རོ། །གཞན་ཞེས་བྱ་བ་ནི་དངོས་པོར་ཡོད་པའི་སྤྱིའོ། །འདིར་ཡང་ཞེས་བྱ་བ་ནི་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་ལ་ཡང་ངོ༌། །


DTG186_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་དང་དངོས་པོ་མེད་པའི་ཐུན་མོང་ཞེས་བྱ་བ་ནི་སྤྱིའོ། །གཞན་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ལས་ཐ་དད་པ་མེད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་ལ་མེད་པའི་ཕྱིར་རོ། །བ་ལང་ཉིད་ནི་དངོས་པོའི་རང་བཞིན་ནམ་དངོས་པོ་མེད་པའི་རང་བཞིན་དུ་ངེས་པར་འགྱུར་གྱི། དངོས་པོའི་རང་བཞིན་གྱི་བ་ལང་ཉིད་ལ་ཐུན་མོང་བའི་རང་བཞིན་གཞན་ནི་ཡོད་པ་མ་ཡིན་ཏེ། སྤྱི་ལ་ནི་སྤྱི་མེད་དོ་ཞེས་བྱ་བ་གཞུང་ལུགས་ཡིན་པའི་ཕྱིར་རོ། །གཞན་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་དོགས་པ་བསུ་བ་ནི། རྣམ་པར་རྟོག་པ་ཡིན་ཞེས་བྱ་བའོ། །ཕྱི་རོལ་ན་གནས་པའི་དངོས་པོ་དང་དངོས་པོ་མེད་པ་ལ་ནི་རྣམ་པར་རྟོག་པའི་སྣང་བ་ཐུན་མོང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་འདེབས་པ་ནི་དེ་ལྟ་ན་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལ་སྣང་བའི་ཆོས་ཅན་ལ་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པ་བསྒྲུབ་པ་ན་སྣང་བ་མི་དམིགས་པ་ཁོ་ན་ཡིན་གྱི་ཁྱབ་པར་བྱེད་པ་མི་དམིགས་པ་ནི་མ་ཡིན་ནོ། །ཁྱེད་ཀྱིས་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་རྩ་བའི་གཏན་ཚིགས་སུ་གཞུང་འཛུགས་པར་བྱ་བ་ཡིན་ནོ། །དེས་ན་གཞན་ཟོས་ནས་གཞན་སྐྱུགས་པ་ཞེས་བྱ་བའི་ཚུལ་འདི་ཅི་ཡིན། མི་དམིགས་པ་ནི་སྣང་བ་མི་དམིགས་པའོ། །གཞན་ཞེས་བྱ་བ་ནི་ཁྱབ་བྱེད་མི་དམིགས་པ་ལ་ལྟོས་ནས་གཞན་ནོ། །དེ་ནས་སློབ་དཔོན་ཆོས་མཆོག་གིས་བཞེད་པ་འདི་ནི་གྱི་ནའོ། །ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་ཆོས་ཅན་སྤྱི་གསལ་བ་ལས་ཐ་དད་པ་ལ། བྲལ་བའི་ཕྱིར་ཞེས་བྱ་བ་རྩ་བའི་གཏན་ཚིགས་ནི་མ་ཡིན་གྱི། འོན་ཀྱང་ཐལ་བ་དང་བཟློག་པ་གཉི་ག་ཡང་དེ་ཁོ་ནར་གཞི་མ་གྲུབ་པའི་ཕྱིར་ན་འགལ་བ་སྟོན་པར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་ཞེས་གསུངས་སོ། །སྤྱི་ཐ་མི་དད་བའི་ཕྱོགས་ལ་ནི་འདི་ཐལ་བའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཟུགས་ལ་སོགས་པ་ཉིད་ཅེས་བྱ་བའོ། །འདི་ཞེས་བྱ་བ་ནི་བྲལ་བའི་ཕྱིར་ཞེས་བྱ་བ་དང༌། གསལ་བ་གཅིག་གི་མཐར་ཐུག་པའི་ཕྱིར་ཞེས་བྱ་བ་ཐལ་བ་བསྒྲུབ་པ་མ་ཡིན་གྱིས། འོན་ཀྱང་ཁྱབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ཉིད་ཐལ་བའི་སྒྲུབ་པར་བྱེད་པ་ཡིན་ཏེ། རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །འདི་སྒྲུབ་པར་བྱེད་པ་


DTG186_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཅིའི་ཕྱིར་ཞེ་ན། དེ་དག་ཁྱབ་པ་ཞེས་གསུངས་ཏེ། གཟུགས་ལ་སོགས་པ་གསལ་བ་གཅིག་གི་མཐར་ཐུག་པ་ནི་མངོན་སུམ་གྱིས་གྲུབ་པ་ཉིད་དོ། །དེས་ན་ཐལ་བའི་སྒྲུབ་བྱེད་མ་ཡིན་ནོ། །དེ་ལྟར་ན་གཉི་ག་ལྟར་ན་ཡང་ཐལ་བའི་སྒྲུབ་པར་བྱེད་པ་ལས་ནི་བསྒྲུབ་བྱ་འགྲུབ་པ་མ་ཡིན་ཏེ། འོན་ཀྱང་ཁྱབ་པ་བསྒྲུབ་པའི་འབྲས་བུ་ཅན་ཡིན་ནོ་ཞེས་བསྟན་ནས། སྐབས་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་རང་གིས་མཐོང་བ་སྨོས་པའི་རྣམ་པར་གཅད་པར་བྱ་བ་བསྟན་ནས། དོན་སྨོས་པའི་རྣམ་པར་གཅད་པར་བྱ་བ་བསྟན་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཕ་རོལ་པོ་དོན་སྨོས་པའི་འབྲས་བུ་ནི་དེ་ལྟར་མ་ཡིན་པར་ཡང་འགྲུབ་པོ་ཞེས་བསྟན་པའི་དོན་དུ་སྨྲ་བ་ནི་གལ་ཏེ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པའོ། །རྟོག་པས་སྦྱར་བ་ནི་གཏན་ཚིགས་མ་ཡིན་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །འདི་ལ་ནི་རྟོག་པས་སྦྱར་བ་ལའོ། །རང་གི་དོན་གྱི་རྗེས་སུ་དཔག་པའི་ཞེས་བྱ་བ་ནི། རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པ་ཞེས་བྱ་བ་དང༌། འབྲེལ་པ་ཅན་གྱི་ཆོས་དག་ལས་ཆོས་ཅན་ལ་རྟོགས་པ་སྐྱེ་བ་གང་ཞེས་བྱ་བ་རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ཡིན་པས། དེ་ཉིད་ལས་རྟོགས་པ་ཙམ་གྱིས་བཀོད་པ་གཏན་ཚིགས་ཡིན་པ་བཟློག་པར་འགྱུར་རོ། །ཚུལ་གསུམ་པའི་རྟགས་ལ་མ་གཏོགས་པའི་དོན་གཞན་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་བརྗོད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པར་ནི་གཞན་གྱི་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རོ། །དེར་ཡང་ཞེས་བྱ་བ་ནི་རང་དོན་དུའོ། །དེ་ཉིད་དུ་ཞེས་བྱ་བ་ནི་རང་དོན་རྗེས་དཔག་ཉིད་དུའོ། །ཡང་ན་དགོས་པའི་ཁྱད་པར་ཡོད་པའི་ཕྱིར་འདི་ཉིད་དུ་དོན་སྨོས་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ནི་འདིར་བྱས་པ་ཞེས་བྱ་བའོ། །རང་གི་དོན་དུ་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་དཔག་ཏུའོ། །ཅིའི་ཕྱིར་ཞེ་ན། སུ་ཡང་ཞེས་བྱ་བའོ། །རྟོག་པ་སྔོན་དུ་བྱེད་པ་ནི་རང་རྟོགས་པའི་དོན་དུ་དངོས་པོ་མ་ཡིན་པའི་རྟགས་སུ་རྗེས་སུ་འབྲང་བ་ནི་མེད་དོ། །གཞན་ཁོ་ན་བླའི་བདག་ཉིད་ནི་མ་ཡིན་ནོ། །འདིར་ཞེས་བྱ་བ་ནི་གཞན་དོན་རྗེས་དཔག་ཏུའོ། །གལ་ཏེ་


DTG186_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་དོན་སྨོས་པས་གསལ་བར་བྱ་བ་རྟོག་པས་སྒྲོ་བཏགས་པ་གཏན་ཚིགས་ཡིན་ན་ཅི་ཉེས་ཤེ་ན། དོན་དམ་པར་ནི་ཞེས་བྱ་བའོ། །རྟོག་པས་སྒྲོ་བཏགས་པའི་གཏན་ཚིགས་ནི་ཕྱོགས་དང་ཕྱོགས་གང་ཡང་རུང་བ་ཉིད་ལ་སོགས་པའོ། །དངོས་པོའང་གཞན་དུ་སྲིད་པའི་ཕྱིར་ཞེས་བྱ་བ་ནི་འདོད་པ་དང་དངོས་པོ་མི་མཐུན་པར་ཡང་འགྱུར་བའི་ཕྱིར་རོ། །རྟགས་དང་ཕྱོགས་དང་མཐུན་ཕྱོགས་གང་རུང་ཉིད་ལ་སོགས་པ་ནི་འཁྲུལ་པ་ཁོ་ནའོ། །དེ་ཉིད་ཀྱིས་ནི་དོན་སྨོས་པ་ཉིད་ཀྱིས་སོ། །དོན་སྨོས་པ་མེད་ན་ནི་མ་འབྲེལ་པ་ཡང་རྟགས་ཡིན་པར་འགྱུར་རོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ལ་འབྲེལ་པ་སྟོན་པར་བྱེད་པ་ཡོད་པ་མ་ཡིན་ནམ། དེ་ཉིད་ཅི་ལྟར་འདི་ཉིད་ཀྱིས་འབྲེལ་པ་འཕེན་ཞེས་བརྗོད་ཅེ་ན། གང་དུ་ཡང་ཞེས་གསུངས་སོ། །གང་གིས་དོན་སྨོས་པར་འདི་གསལ་བར་བྱ་བ་ཅི་ལྟར་འདི་མ་ངེས་པ་ཡིན་སྙམ་ན། ཕྱོགས་དང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གང་དང་ཞེས་བྱ་བ་ནི། འདི་སྙམ་དུ་ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བའི་ཕྱིར་ཞེས་བྱ་བའི་དོན་སྒྲ་དང་བུམ་པའི་མི་རྟག་པ་ཉིད་ཀྱི་སྤྱི་ལ་མི་མི་འཁྲུལ་པའི་ཆོས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་འདོད་ཀྱི། འོན་ཀྱང་ཕྱོགས་སུ་བྱས་པ་ཅིག་ཤོས་ཉིད་དུའོ། །ཕྱོགས་སུ་བྱས་པའི་ཅིག་ཤོས་ཉིད་ཅེས་བྱ་བ་གང་ཡང་རུང་བ་ཉིད་དེ། ཅིག་ཤོས་ཀྱི་སྒྲས་ནི་ཕྱོགས་སུ་བྱས་པ་ཉིད་བརྗོད་པར་འདོད་པ་ཡིན་ནོ། །དེས་ན་བརྗོད་མ་ཐག་པའི་ཉེས་པར་མི་འགྱུར་རོ་ཞེས་སེམས་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་བརྗོད་པར་འདོད་པ་ཙམ་གྱིས་སོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། རྟག་པ་ཉིད་དུ་བརྗོད་པར་འདོད་ན་མི་རྟག་པ་ཉིད་མེད་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་དངོས་པོ་ལ་མི་རྟག་པ་ཉིད་ཀྱི་ཕྱོགས་སུ་འགྲུབ་པ་དེས་ན་རྟག་པ་ཉིད་དུ་བརྗོད་པར་འདོད་ཀྱང་དེ་མེད་པར་མི་འགྱུར་རོ་ཞེས་དོགས་ན་གལ་ཏེ་དངོས་པོ་ལ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ནི་གྲུབ་པས་བསྒྲུབ་བྱ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེས་ན་གལ་ཏེ་མི་རྟག་པ་ཉིད་ཀྱི་ཕྱོགས་ཉིད་ཡིན་པ་དངོས་པོའི་སྒྲུབ་པར་བྱེད་པ་གྲུབ་པར་གྱུར་ན། དེའི་ཚེ་སྒྲ་ནི་མི་རྟག་པའི་ཕྱིར་ན་མི་རྟག་པ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ནི་རིགས་པ་མ་ཡིན་ཏེ།


DTG186_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕྱོགས་སུ་བྱས་པ་གཞན་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་མ་ཡིན་ནོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་རང་གིས་མཐོང་བའི་དོན་སྒྲུབ་པར་བྱེད་པར་འགྱུར་མོད། ཚུལ་གསུམ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ག་ལས་ཤེ་ན། རང་ལ་ཞེས་བྱ་བ་སྟེ་གཞན་ནི་སྒྲུབ་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེས་དགོངས་པའོ། །དེས་ན་ཞེས་བྱ་བ་ནི་ཚུལ་གསུམ་པའི་རྟགས་སྟོན་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པས་ནའོ། །དེ་ནི་ཞེས་བྱ་བ་ཕྱགས་ནི་མ་གྲུབ་པས་ཀྱང་བསྒྲུབ་བྱ་ཅི་སྟེ་མི་འགྲུབ་སྙམ་ན། བསྒྲུབ་བྱ་ཞེས་གསུངས་སོ། །བསྒྲུབ་བྱ་ཉིད་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་བྱེད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཚིག་ཅེས་བྱ་བ་ནི་དམ་བཅའ་བའི་ཚིག་གོ །བསྒྲུབ་བྱ་མ་གྲུབ་ཀྱང་ཚིག་གྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསམ་པའོ། །འགོག་པ་ནི་ཚིག་ནི་ཞེས་བྱ་བའོ། །ཅིའི་ཕྱིར་འབྲེལ་པ་མེད་སྙམ་ན། ཚིག་གིས་ཞེས་གསུངས་སོ། །གང་ཞིག་དོན་ཙམ་དང་ཡང་མ་འབྲེལ་པ་དེ་བསྒྲུབ་པར་བྱ་བའི་དོན་དང་གལ་འབྲེལ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནི་མ་འབྲེལ་བའི་ཕྱིར་རོ། །སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་འདི་ལ། ཚུལ་གསུམ་དང་ལྡན་པའི་བྱས་པ་ཉིད་རྟགས་ཡིན་པས་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་གོ་བར་བྱེད་པ་ཡིན་ཏེ། ཚུལ་གསུམ་པའི་བྱས་པ་དེ་མི་རྟག་པ་དེ་ལ་མི་འཁྲུལ་པའི་ཕྱིར་རོ། །ངེས་པར་གཟུང་བའི་རྣམ་པར་གཅད་པ་བརྗོད་པ་ནི་ཕྱོགས་ཀྱི་ཚིག་གིས་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བའི་ཚིག་གོ་བར་བྱེད་པ་ཡིན་ནའོ། །དེའི་ཞེས་བྱ་བ་གཏན་ཚིགས་ཀྱི་ཚིག་གི་དོན་གཞལ་བྱ་བ་ཉིད་མི་རྟག་པ་ཉིད་དེར་མ་འབྲེལ་པའི་ཕྱིར་གཞལ་བྱ་ཉིད་གཏན་ཚིགས་མ་ཡིན་ནོ། །འོན་ཏེ་དམ་བཅས་པ་ཙམ་ནི་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་ཅི་ལྟར་དམ་བཅས་པའི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ཡིན་ཏེ། གཏན་ཚིགས་ཉིད་དུ་ཉེ་བར་བཀོད་པའི་ཕྱིར་རོ། །ལྷན་ཅིག་པ་སྟེ་གཏན་ཚིགས་ཀྱི་ཚིག་དང་བཅས་པ་སྒྲུབ་པར་བྱེད་པ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ཏེ། དཔེར་ན་ས་བོན་དང་བཅས་པ་མྱུ་གུའི་སྒྲུབ་པར་བྱེད་པ་ཡིན་པ་བཞིན་ནོ། །མཁོ་བ་མེད་པ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཚིག་སྟེ་མ་འབྲེལ་པའི་ཕྱིར་རོ། །


DTG186_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་ན་བསྒྲུབ་པར་བྱ་བ་གྲུབ་པའི་དོན་དུ་གཏན་ཚིགས་ཀྱི་ཚིག་དང་ལྷན་ཅིག་ཏུ་བྱེད། གཏན་ཚིགས་ཀྱི་ཚིག་ཀྱང་ཕྱོགས་ཀྱི་ཚིག་དང་ལྷན་ཅིག་ཏུ་ཅི་ལྟར་བྱེད། རྡོའི་དུ་མ་བུ་ནི་མྱུ་གུ་བསྐྱེད་པའི་དོན་དུ་ཆུ་ལ་སོགས་པས་ལྷན་ཅིག་པར་ལྟོས་པར་བྱ་བ་མ་ཡིན་ནོ། །ལྟོས་ན་ཡང་མྱུ་གུའི་སྐྱེད་བྱེད་དུ་འགྱུར་བ་མ་ཡིན་ནོ། །དངོས་པོ་ལ་ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། དེ་ལས་ཐེ་ཚོམ་དག་ཅེས་བྱ་བའོ། །དེར་ཞེས་བྱ་བ་ནི་དོན་ལའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དམ་བཅའ་བའི་ཚིག་དོན་དང་མ་འབྲེལ་ནའོ། །འོ་ན་ཞེས་བྱ་བ་ནས་ཅེའི་བར་ནི་གཞན་གྱིའོ། །དེ་ལས་ཞེས་བྱ་བ་ནི་ཚིག་ལས་སོ། །དེར་ཡང་ནི་སྒྲུབ་པར་བྱེད་པ་ལ་ཡང་ཚིག་དེ་འབྲེལ་པ་མེད་པ་ཉིད་དོ། །འབྲེལ་པ་ཡིན་ན་ནི་ཞེས་བྱ་བ་ནི་གལ་ཏེ་དེ་སྒྲུབ་པར་བྱེད་པ་ལ་འབྲེལ་ནའོ། །དེའི་ཚེ་བསྒྲུབ་པར་བྱ་བ་དང་འབྲེལ་པ་གང་གིས་ཟློག་པར་བྱེད་དེ་འགལ་བ་མེད་པ་ཁོ་ནའོ། །དམ་བཅའི་ཚིག་འབྲས་བུ་དང་བཅས་པ་སྟོན་པ་ནི་སྒྲུབ་པར་བྱེད་པ་ལ་ཡང་ཞེས་བྱ་བའོ། །དེར་ནི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་དུ་མ་ལ་སོགས་པའོ། །འོ་ན་ཁྱབ་པར་བརྗོད་པ་ཡང་དོན་མེད་དོ་ཞེ་ན། ཚིག་གིས་ནི་ཞེས་བྱ་བའོ། །སྔོན་ཞུགས་པའི་ཚད་མ་དེ་ལའོ། །དེ་ལ་ཚིག་གིས་ཞེས་བྱ་བ་ནི་མངོན་སུམ་གྱིས་གྲུབ་པའི་སྒྲུབ་པར་བྱེད་པ་ལའོ། །དེའི་ཕྱིར་ན་ཚིག་གིས་སྒྲུབ་པར་བྱེད་པའི་ཚད་མ་ནི་འཕེན་པ་མ་ཡིན་པའི་ཕྱིར་ན་བསྒྲུབ་པར་བྱ་བ་ལ་ཡང་ཚིག་གི་ཚད་མ་འཕེན་པར་གལ་འགྱུར། ཅིའི་ཕྱིར་སྒྲུབ་བར་བྱེད་པ་མ་ཡིན་སྙམ་ན། རང་ཉིད་མི་ནུས་པ་ནི་ཞེས་བྱ་བ་བ་སྨོས་སོ། །ནུས་པ་ལ་མ་བརྟེན་པར་ནུས་པ་དང་ལྡན་པར་མི་འགྱུར་རོ། །འོ་ན་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པར་འགྱུར་རོ་ཞེ་ན། ཕྱོགས་ཀྱི་ཚིག་གིས་ནི་ཞེས་གསུངས་སོ། །འོ་ན་གཏན་ཚིགས་ཀྱི་ཚིག་ཅི་ལྟར་སྒྲུབ་པར་བྱེད་པ་ཡིན་ཞེ་ན་གཏན་ཚིགས་ཀྱི་ཞེས་སྨོས་སོ། །འདི་ཉིད་བསལ་བར་བྱེད་པ་ནི་བསྒྲུབ་བྱའི་དོན་ལ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ཚིག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པ་དེས་ནི་གང་བརྗོད་པ་དེ་ཡང་བསལ་བ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅི་སྐད་བརྗོད་པ་དེ་ཞེ་ན། གཞན་དོན་དང་ཞེས་བྱ་བའོ། །ཅི་ལྟར་འགལ་སྙམ་ན་འདི་ལྟར་ཞེས་བྱ་བའོ། །རང་གི་དོན་ཉིད་


DTG186_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་གཞན་གྱི་དོན་ནི་མ་ཡིན་ནོ། །རྗེས་སུ་བརྗོད་པ་ཙམ་ནི་ཚད་མ་མ་ཡིན་པའོ། །བསྟན་པར་བྱ་བ་ལ་ལྟོས་ནས་ནི་རང་གི་དོན་ཉིད་དོ་ཞེས་གང་བརྗོད་པ། རེ་ཞིག་སུན་འབྱིན་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་ནི་ཚིག་གོ །གྱི་ན་བརྗོད་པ་ཉིད་དེ་ཞེས་བྱ་བ་ནི་བསྟན་པར་བྱ་བ་ལ་ལྟོས་ཏེ་ཚིག་རང་གི་དོན་གྱི་རྗེས་དཔག་མ་ཡིན་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི་དེ་ལ་ནི་ཞེས་བྱ་བའོ། །ཚིག་རང་གི་དོན་མ་ཡིན་ཏེའོ། །ཅིའི་ཕྱིར་ཞེ་ན། ཚིག་དེ་ལས་དོན་བསྒྲུབ་པར་བྱ་བ་རྟོགས་པ་མེད་པའི་རྒྱུའི་ཕྱིར་རོ། །དྲན་པར་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དྲན་པར་བྱེད་པའི་བྱེད་པས་དེ་ཡང་སྟེ་བསྒྲུབ་པར་བྱ་བ་ཡང་ངོ༌། །སྒྲུབ་པར་བྱེད་པ་དྲན་པའི་བྱེད་པས་ཚིག་ཕན་འདོགས་པར་བྱེད་བས་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་བསྒྲུབ་པར་བྱ་བ་དྲན་པ་སྐྱེད་པའི་ཚིག་ཀྱང་རྟོགས་པའི་རྒྱུ་མཚན་ཡིན་ཏེ། དེས་ན་རྟོགས་པར་བྱ་བ་ལ་ལྟོས་ནས་རང་གི་དོན་གྱི་རྗེས་སུ་དཔག་པར་བརྗོད་དོ་ཞེ་ན། མ་ཡིན་ཏེ་ཞེས་འགོག་པའོ། །རྟོགས་པར་བྱ་བ་ལ་ལྟོས་ནས་ཀྱང་ཚིག་ནི་རྗེས་སུ་བརྗོད་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ལྟར་གཞན་གྱི་དོན་ཡིན་སྙམ་ཏེ། དེའི་ཞེས་སྨོས་སོ། །རྒོལ་བ་ལ་ལྟོས་ན་གཞན་ཕྱིར་རྒོལ་བ་གང་ཡིན་པ་དེ་ལ་ཚིག་དེ་དགོས་པ་ཉིད་ནི་ལྟོས་པར་འགྱུར་བའི་རྒོལ་བ་ལ་ལྟོས་ནས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྟོན་པར་བྱེད་པ་ལ་ནི་ཞེས་སྨོས་སོ། །དེ་ལྟར་གཞན་གྱི་དོན་དུ་འགྱུར་མོད། རྗེས་སུ་དཔག་པ་ཅི་ལྟར་ཡིན་ཞེ་ན། དེའི་ཞེས་སྨོས་སོ། །ཚིག་ནི་ཆོས་ཅན་ཕྱིར་རྒོལ་བས་རྗེས་སུ་དཔག་པ་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན་ཕྱིར་རྒོལ་བ་ལ་ལྟོས་པ་ཁོ་ནས་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་ཚིག་རྗེས་སུ་དཔག་པ་ཡིན་ནོ། །རྒོལ་བའི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ཁོ་ནས་སྐྱེད་ཀྱི་ཚིག་དེས་ནི་མ་ཡིན་ནོ། །དེས་ན་དེ་ལ་ལྟོས་ནས་ནི་ཚིག་རྗེས་སུ་དཔག་པ་མ་ཡིན་མོད་ཀྱི་གཞན་གྱི་དོན་དུ་ནི་འགྱུར་བ་ཁོ་ནའོ། །དེས་ན་ཚིག་གཅིག་ཁོ་ན་རྒོལ་བ་དང༌། ཕྱིར་རྒོལ་བ་ལ་ལྟོས་ནས་གཞན་དོན་དང་རྗེས་སུ་དཔག་པར་ཡང་བརྗོད་པར་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སྟོན་པར་བྱེད་པ་ལ་ལྟོས་ནས་ཀྱང་རྗེས་སུ་དཔག་


DTG186_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཉིད་ཡིན་ནའོ། །དགོས་པ་ཡང་བཤད་ཟིན་ཏོ་ཞེས་བྱ་བ་ནི་ཚིག་རྗེས་སུ་དཔག་པའི་རྒྱུ་ཡིན་པ་ཉིད་ཀྱིས་དོན་སྟོན་བར་བྱེད་བ་ཡིན་གྱི། དེའི་རྒྱུ་ཡིན་པ་ཉིད་མ་རྟོགས་པར་ནི་རང་རྒྱུད་དུ་དོན་སྟོན་པར་བྱེད་བ་མ་ཡིན་ནོ་ཞེས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་ཚིག་ལས་ཚད་མ་མ་ཡིན་བ་ནི་དྲན་པ་འབྱུང་བར་ཡིན་ནོ། །སྒྲ་རྣམས་ཕྱིའི་དོན་ལ་ཚད་མ་མ་ཡིན་བ་ཉིད་དུ་ཡང་བསྟན་ཟིན་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཚིག་ཚད་མ་ཉིད་ཡིན་ནའོ། །དེ་ལས་ནི་ཚིག་ལས་སོ། །ཚད་མར་གྱུར་པའི་ཚིག་ལས་ནི་ཚད་མར་གྱུར་པའི་ཤེས་པ་ཁོ་ན་སྐྱེ་བར་འགྱུར་རོ་ཞེས་བསྟན་ཏོ། །ལྡོག་པ་བརྗོད་པ་ནི་དྲན་པ་མ་ཡིན་ནོ་ཞེས་བྱ་བའོ། །དྲན་པ་ནི་ཚད་མ་མ་ཡིན་པའི་ཕྱིར་རོ། །ཚིག་ནི་དྲན་པ་ལ་ཡང་ཚད་མ་མ་ཡིན་ཏེ། བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་དྲན་པ་ལ་ཡང་ཞེས་བྱ་བའོ། །དོན་དང་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །དོན་དང་མ་འབྲེལ་བའི་ཕྱིར་ཚིག་དེ་ལས་དྲན་པ་དེ་ཉིད་ཅི་ལྟར་འབྱུང༌། ཅིའི་ཕྱིར་ཞེ་ན། དུ་བ་ནི་ཞེས་སྨོས་སོ། །གཏན་ཚིགས་འདི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །འབྲེལ་པ་ལ་དྲན་པ་ཙམ་མམ། དྲན་པའི་ཁྱད་པར་འབྱུང་བར་འགྱུར། དེ་ལ་རེ་ཞིག་དྲན་པ་ཙམ་ནི་འབྲེལ་པ་ཁོ་ན་ལས་ཡིན་ནོ་ཞེས་ངེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། དྲན་པ་ཡང་ཞེས་བྱ་བའོ། །མཐོང་བའི་དོན་འདས་པའི་ཡུལ་ལམ་འབྲེལ་བའི་འབད་པའི་རྩོལ་བ་ལམ་དྲན་པ་བསྐྱེད་པ་མིན་ནམ་ཅི་སྟེ་སྐྱེ་བ་ཁོ་ནའོ། །ད་ལྟར་བའི་དོན་མེད་ཀྱང་འབད་རྩོལ་ཡོད་པའི་ཕྱིར་རོ། །གང་དུ་དོན་འགའ་ཞིག་ལས་ཞེས་བྱ་བ་ནི་མ་འབྲེལ་པ་ལྷན་ཅིག་སྤྱོད་པའི་དོན་ལས་སོ། །ཅི་རེས་འགའ་ཁོ་ན་ལྷན་ཅིག་སྤྱོད་པ་ལས་སམ་ཞེ་ན། མང་དུ་ཞེས་བྱ་བ་སྟེ། ཕལ་ཆེར་རོ། །དཔེར་ན་མཚོན་གྱིས་ཆོད་པ་དང་ལྷན་ཅིག་སྤྱོད་པའི་བྱ་བ་ཉིད་ལས་དྲན་པ་འབྱུང་བའམ། ཡང་དཔེར་ན་གོས་འཁྲུད་མཁན་མཐོང་བ་ལས་བོང་བུ་དྲན་པ་བཞིན་ནོ། །གཉིས་པའི་དབང་དུ་བྱས་ནས་བཤད་པ་ནི། འོན་ཏེ་ཞེས་བྱ་བའོ། །ངེས་པའི་རང་བཞིན་ཞེས་བྱ་བ་ནི་དུ་བ་ལས་མེ་ལ་དྲན་པའོ། །གྲུབ་པའི་མཐའ་སྨྲ་བ་ཁས་ལེན་པ་ནི་དེ་ནི་རིགས་ཏེ་ཞེས་བྱ་བའོ། །ཅི་ལྟར་རིགས་སྙམ་ན། འབྲེལ་བ་མེད་པར་ཞེས་བྱ་བའོ། །


DTG186_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དུ་བའོ། །དེ་ནི་མེ་ལའོ། །གལ་ཏེ་རྟགས་ལས་བཞིན་དུ་སྒྲ་ལས་ཀྱང་ངེས་པར་ཅི་སྟེ་མི་འདོད་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ངེས་པའི་རང་བཞིན་མ་གྲུབ་པས་ན་སྒྲ་རྣམས་དོན་དང་འབྲེལ་བ་མི་འགྲུབ་བོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་ལ་འབྲེལ་པ་མ་བརྟགས་པའི་སྐྱེས་བུ་དག་ནི་རྟགས་བརྗོད་པ་ལས་ཐེ་ཚོམ་ཉིད་དུ་འགྱུར་གྱིས་ངེས་པར་ནི་མ་ཡིན་ནོ། །གང་དང་གང་ན་དུ་བ་ཡོད་པ་དེ་དང་དེ་ན་མེ་ཡོད་དོ་ཞེས་བརྗོད་པ་ལས་ནི་འབྲེལ་བ་མི་ཤེས་པ་ཡང་འདི་ནི་མེ་ཡོད་དེ་ཞེས་ངེས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལས་ཞེས་གསུངས་སོ། །འོ་ན་ཅི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་སྒྲ་ལས་ཐེ་ཚོམ་ཁོ་ནར་འགྱུར་ནའོ་ན་ཅི་ལྟར་ངེས། ངེས་པའི་རྣམ་པ་ཉིད་བརྗོད་པ་ནི། རྣམ་གང་གིས་དེས་སྒྲ་སྨྲས་པ་དེ་ནི་དེ་ཁོ་ན་ལྟར་ཡིན་ཏེ། ངེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའོ། །སྒྲ་འདིས་དོན་གང་ཞིག་བསྟན་པ་དེ་ནི་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ངེས་པ་དེ་ནི་ཞེས་བྱ་བ་ནི་དོན་ངེས་པ་ནིའོ། །མ་ངེས་པ་ནི་སྒྲ་ལས་མ་ཡིན་གྱི། འོན་ཀྱང་ཚད་མ་ལས་ཡིན་ནོ། །འདི་ག་ལས་ཤེ་ན། འདི་ལྟར་ཞེས་བྱ་བའོ། །ཚད་མ་ལས་མ་ངེས་པར་འགྱུར་མོད། ཚད་མར་ངེས་པ་ནི་སྒྲ་ལས་ཡིན་ནོ།། དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཚད་མར་ངེས་པ་བསྐྱེད་པ་ན་ཡང་ངོ༌། །དེ་ལྟར་ཞེས་བྱ་བའི་ཚིག་དེ་ནི་ཚད་མ་འདི་ལ་ཚད་མར་འདོད་པ་ཁོ་ནའོ། །རང་ཉིད་དེ་རང་བཞིན་ཉིད་ཀྱིས་ནི། དོན་ལ་ཚིག་དེ་ཚད་མ་མ་ཡིན་ནོ། །གལ་ཏེ་ད་ལྟར་ཡིན་ན་ཚིག་ཚད་མ་ཉིད་མི་འདོད་པ་ཐོག་ཏུ་བབ་པོ་ཞེ་ན། གང་ཕྱིར་དོན་འདི་ཞེས་གསུངས་སོ། །སྔར་ཞུགས་པ་འབྲེལ་པ་འཛིན་པར་བྱེད་པའི་ཚད་མའི་ཡུལ་འདི་ལ་ཚིག་ཚད་མར་གྲུབ་ཀྱང་དེ་ལ་ཚད་མ་ཅི་ཡང་མེད་པ་ཁོ་ན་སྟེ། དེས་ན་མི་འདོད་པ་ཐོག་ཏུ་བབ་པ་ཡིན་ནོ། །འདི་ཐམས་ཅད་ནི་ཁས་བླངས་ནས་བརྗོད་པར་ཟད་ཀྱི། ད་ནི་དེ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་ཚད་མ་ཡང་ཞེས་བྱ་བས་སོ། །གཞན་གྱིས་སྨྲས་པས་སོ། །གཞན་གྱིས་སྨྲས་པ་ནི་ཅི་ཚིག་མེད་པར་ཡང་ངེས་པར་ཡིན་ནམ་ཅི་ཞེས་བྱ་བའོ། །ལེན་ནི་ཡིན་པ་ཉིད་དེ་ཞེས་བྱ་བའོ། །འོན་ཏེ་བདེན་པའི་ཚིག་ཚད་མ་ཡིན་ནོ་སྙམ་ན། བདེན་པ་དང་ཞེས་བྱ་བའོ། །འོན་ཏེ་དོན་ལ་མི་འཁྲུལ་པ་ཉིད་ཀྱིས་སམ། གཞན་དུ་ཡང་ཁྱད་པར་རྟོགས་


DTG186_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་པ་ཁོ་ནའོ་སྙམ་ན། དོན་ལ་ཞེས་བྱ་བ་སྟེ། གལ་ཏེ་ཚིག་གིས་ཁྱད་པར་བདེན་པ་དང་མི་བདེན་པ་ཉིད་དུ་རྟོགས་པར་ཁས་ལེན་ན་དེའི་ཚེ་ལྐོག་ཏུ་གྱུར་པའི་དོན་ལ་ཚིག་དེ་རང་གི་དོན་གྱི་རྗེས་དཔག་ཁོ་ནར་འགྱུར་ཏེ། དུ་བ་བཞིན་ནོ། །དོན་མེད་ན་མི་འབྱུང་བ་ཉིད་དུ་ངེས་པའི་ཚིག་ལས་ནི་རང་ཉིད་དོན་རྟོགས་པའི་ཕྱིར་རོ། །ཁ་ཅིག་ནི་ཚིག་ལ་འཁྲུལ་པ་སྤང་པའི་དོན་དུ་འདི་ལྟར་སྦྱོར་བར་བྱེད་དེ། གལ་ཏེ་དུ་བ་ལ་སོགས་པ་འབྲེལ་བའི་དོན་ལ་རྟོགས་པར་ཁས་ལེན་ན་དེའི་ཚེ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཁོ་ནར་འགྱུར་གྱི་གཞན་གྱི་དོན་ནི་མ་ཡིན་ཏེ། རྟགས་ལས་སྐྱེས་པའི་ཕྱིར་དང༌། གཞན་གྱི་དོན་ནི་ཚིག་གི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་རོ། །གལ་ཏེ་སྒྲ་རྣམས་དོན་དང་འབྲེལ་བ་མེད་ན་དེ་ལས་ཅི་ལྟར་དྲན་དེ་ན་ཚིག་ལ་ཁྱད་པར་མཐོང་བ་མེད་ཅེས་ཅི་ལྟར་བརྗོད་སྙམ་ན། དྲན་པ་ལོག་པར་འཇུག་པ་ནི་ཞེས་བྱ་བའོ། །འོན་སྔར་གྱི་ཚད་མའི་རང་བཞིན་ངེས་པར་འཛིན་པར་བྱེད་པའི་ཚིག་ནི་དེ་ལ་ཚད་མར་འགྱུར་རོ་སྙམ་ན། དེའི་ཕྱིར་ཞེས་བྱ་བའོ། །རྟགས་གང་ཞིག་ཤིན་ཏུ་དཔྱད་པ་སྟེ། རྟགས་འགའ་ཞིག་པོ་དེ་ལས་སྔར་གྱི་འབྲེལ་བ་འཛིན་པའི་ཚད་མ་བཞིན་ཏེ་ངེས་པ་སྟེ་རྔེས་སུ་མཐུན་པ་དྲན་པ་ཡིན་གྱི་ཚིག་ལས་ནི་མ་ཡིན་ནོ། །དེས་ན་ཚིག་གི་ཚད་མ་ལ་ཚད་མ་མ་ཡིན་ནོ། །དོན་ཕྱི་རོལ་ལ་ཡང་མ་ཡིན། འབད་རྩོལ་ལ་ཡང་མ་ཡིན་ནོ། །ཡང་འབད་རྩོལ་ཡང་ཕྱིའི་དོན་ལ་ཚད་མ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཚིག་ཚད་མ་མ་ཡིན་པ་དེས་ན་ལྐོག་ཏུ་གྱུར་པའི་ཞེས་བྱ་བའོ། །ཕ་རོལ་པོ་རྗེས་སུ་དཔག་པའི་དུས་ན་འབྲེལ་པ་འཛིན་པའི་ཚད་མ་མེད་པའི་ཕྱིར་ན་འབྲེལ་བ་ངེས་པ་མེད་པར་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཚད་མ་དེས་ཞེས་བྱ་བ་ནི་ལན་ནོ། །ཚད་མ་ལས་ཞེས་བྱ་བ་ནི་མེ་དུད་ཀྱི་འབྲེལ་བ་འཛིན་པ་ལས་སོ། །དྲན་པ་ནི་ཞེས་བྱ་བ་ནི་དུས་གཞན་དུ་རིལ་དུ་བ་མཐོང་བ་ལས་དུ་བ་འདི་ནི་ཐམས་ཅད་དུ་མེ་དང་འབྲེལ་པ་ཡིན་ན་ཞེས་ཁྱབ་པ་ལྷག་པར་ཞེན་པ་ནི། རྒྱུད་ནས་སྐྱེས་པས་ཉེ་བར་བཏགས་ནས་ཚད་མ་ཅི་ལྟར་མ་ཡིན། འདི་ནི་གདོན་མི་ཟ་བར་ཁས་བླངས་པར་བྱས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་རྗེས་སུ་དཔག་པ་སྐྱེ་བ་མེད་པའི་ཕྱིར་རོ། །ཧ་ཅང་ཐལ་བ་ཡང་མ་ཡིན་ཏེ། ཉེ་བར་མ་བཏགས་ན་ནི་གཉིས་ཁོ་ན་ཚད་མ་ཡིན་ལ། ཉེ་བར་བཏགས་པ་ལས་ནི་ཚིག་ཀྱང་ཡིན་


DTG186_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་འདོད་པའི་ཕྱིར་རོ། །དེ་ལྟར་ན་འོ་ན་དྲན་པ་མཐའ་དག་ཚད་མར་འགྱུར་རོ་སྙམ་ན། ཚང་མ་ཡིན་ལ་ཞེས་བྱ་བའོ། །དེ་ནི་དྲན་པའོ། །དྲན་པ་འདི་ནི་ཞེས་བྱ་བ་ན་ཉེར་འཇོག་ཉིད་ཅེས་བྱ་བའི་རྩོད་པའོ། །ཁྱབ་པ་འཛིན་པའི་མཚན་མ་ལས་ནི་ཁྱབ་པ་ངེས་པའི་རང་བཞིན་གྱི་དྲན་པ་སྐྱ་བ་ཡིན་ནོ་ཞེས་ཚད་མ་དང་དྲན་པ་དག་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པའི་ཚད་མ་ནི་དྲན་པ་ཁོ་ན་ཡིན་ནོ། །འཛིན་པར་བྱེད་པའི་དྲན་པ་དེ་ཡང་གཟུང་བར་བྱ་བ་དེ་གཉིས་དང་འབྲེལ་པ་ནི་དྲན་པ་གཞན་གྱིས་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་པར་འབྲེལ་པ་ཅི་ལྟར་འཛིན། དྲན་པ་གཉིས་པ་དེ་ཡང་དེ་དག་དང་འབྲེལ་པར་འགྱུར་བ་ཡིན་ལ། དེའི་འབྲེལ་པ་ཡང་དྲན་པ་གཞན་གསུམ་ལ་ཡིན་ནོ། །དེ་ཚད་མ་དང་དྲན་པ་གཉིས་དང་འབྲེལ་པ་ཡང་དྲན་པ་གཞན་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཐུག་པ་མེད་པས་དྲན་པ་ལས་ངེས་པ་སྐྱེ་བར་གལ་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དྲན་པ་འདི་བསྟན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་དྲན་པ་དང་པོ་ཉིད་དྲན་པ་གཞན་ལ་མི་ལྟོས་པར་འདི། འདི་ལས་བྱུང་བ་ཡིན་ནོ་ཞེས་ངེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །ལོག་པ་ལ་དྲན་པ་བསྟན་པ་ཉིད་མེད་དམ་ཅི་སྟེ་མེད་པ་ལ་ཡང་དྲན་པ་བསྟན་པ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །བསྟན་པ་ནི་དོན་ཐོབ་པའི་ཕྱིར་ལོག་པ་མ་ཡིན་ནོ་སྙམ་ན། ཐོབ་པ་ནི་གྲུབ་པ་ཉེར་འཇོག་ཉིད་དོ། །གལ་ཏེ་གནོད་པ་མེད་པ་ལ་ཚད་མར་ཅི་སྟེ་མི་འདོད་དེ། དོན་དམ་པར་ནི་གཉི་གཡང་མི་སྲིད་པའི་ཕྱིར་རོ་སྙམ་ན། ཐ་སྙད་ཀྱང་ཞེས་གསུངས་སོ། །གཞན་ཞེས་བྱ་བ་ནི་གནོད་པ་མེད་པ་ཉིད་ཀྱི་མཚན་ཉིད་དོ། །རྟོགས་པ་དང་ལྡན་པ་གནོད་པ་དང་བྲལ་བ་དོན་དུ་གཉེར་བས་ཚད་མའམ་ཚད་མ་མ་ཡིན་པ་ཚོལ་བ་ནི་མ་ཡིན་གྱི། འོན་ཀྱང་དོན་བྱ་བའི་དོན་དུ་གཉེར་བས་མ་ཡིན་ནོ། །དེས་ན་དོན་ཐོབ་པའི་མཚན་ཉིད་ཀྱི་ཐ་སྙད་ཁོ་ན་ཚད་མའི་རྒྱུ་མཚན་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཐ་སྙད་ལས་ནི་ཞེས་བྱ་བ་དོན་ཐོབ་པའི་མཚན་ཉིད་ལས་ནི་མ་ཡིན་པའོ།། ཐོབ་པ་ལ་བརྟེན་ནས་ཞེས་བྱ་བ་ནི། ཐོབ་པ་ཡང་དག་པར་རྒྱུན་མི་འཆད་པར་བརྟེན་པ་ལས་དེ་ཡོངས་སུ་བཟུང་བ་ལས་སོ། །དོན་བྱ་བ་གོམས་པ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་མོད། ཅི་ཉེས་སྙམ་ན། གཞན་ཞེས་སྨོས་ཏེ། དོན་བྱ་བའི་ཤེས་བའོ། །གཞན་དུ་ཞེས་བྱ་བ་ནི་དྲན་པ་ལའོ།།


DTG186_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱ་བ་མྱོང་བ་དང་གོམས་པ་དེས་ན་དེ་ཉིད་བསྟན་པར་འབྱུང་མོད། དྲན་བ་ནི་མ་ཡིན་ནོ། །དེས་ན་དྲན་པ་འགའ་ཞིག་རབ་ཉིད་ལས་བསྟན་པ་ཡིན་ནོ་ཞེས་ཅི་ལྟར་བརྗོད་ཅེས་བྱ་བའི་དོན་ཏོ། །འཆད་པར་འགྱུར་ན་དེ་ལྟ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ།། དེས་ན་འདི་འདི་ལས་བྱུང་བའོ་ཞེས་དྲན་པ་ནི་རྣམ་པ་དེ་ལྟ་བུའི་དོན་ཐོབ་པས་ན་མངོན་པར་འདོད་པ་ལ་མི་སླུ་བ་ཁོ་ནས་ཚད་མ་ཡིན་པའི་ཕྱིར་ཐུག་བ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ནི་ཕྱོགས་ཀྱི་གླང་པོའོ། །དེ་ཉིད་བརྗོད་པ་ནི་རང་ཉིད་ཅེས་བྱ་བའོ། །རྗེས་སུ་དཔག་པར་བྱ་བ་བསྟན་པ་ཞེས་བྱ་བ་ནི་བསྟན་བཅོས་སུ་ཞེས་བྱ་བར་བལྟའོ། །འོ་ན་དོན་གང་ཡིན་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །སྒྲ་མི་རྟག་གོ་ཞེས་དང་བོར་དམ་བཅའ་བ་བསྟན་པར་བྱ་བ་མ་ཡིན་ལ། དེའི་ཕྱིར་ན་སྒྲ་མི་རྟག་གོ་ཞེས་ཐ་མར་མཇུག་བསྡུ་བར་ཡང་བསྟན་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚུལ་གཉིས་པ་ཙམ་གྱིས་ཞེས་བྱ་བའོ། དེ་ལའང་ཞེས་བྱ་བ་ནི་ཕྱོགས་ཀྱི་ཚིག་ལའང་ངོ༌། །དམ་བཅའ་བའི་ཚིག་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་མི་མཐུན་པའི་ཕྱོགས་ཁས་ལེན་པ་ལ་ཡང་གཏན་ཚིགས་ཀྱི་ཚིག་འཇུག་པ་འདི་ནི་མཚུངས་སོ། །དེས་ན་སྒྲུབ་པར་བྱེད་པའི་ཚིག་གི་ཆ་རྣམས་ཐུག་པ་མེད་དོ། །དེ་ཡང་ཞེས་བྱ་བ་ནི་བསྒྲུབ་བྱའི་ཚིག་གོ །འདི་དག་སྒྲུབ་པར་བྱེད་པ་ཡིན་ཡང་ཅི་ལྟར་ངག་ཡན་ལག་རྣམ་པ་བཅུར་འགྱུར་ཞེ་ན། འདི་ནི་འདིར་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་རོ། །དེ་ཡང་ནི་མི་མཐུན་པའི་ཚིག་ཀྱང་དམ་བཅའ་བ་བརྗོད་པ་དེ་དང་ལྷན་ཅིག་གོ །ཅི་དེ་ཞེས་བྱ་བ་ནི་གཞན་གྱིའོ། །དོན་ལ་ཞེས་བྱ་བ་གཞན་དུ་བྱ་བ་ལ་གནས་པའི་དོན་ཏེ་དགོས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །དེ་ཞེས་བྱ་བ་ནི་དམ་བཅའ་བའི་ཚིག་གོ །འོ་ན་བསྒྲུབ་བྱ་འགྲུབ་པའི་ནང་གི་ཡན་ལག་གི་ནུས་པ་གང་ཡིན་ཞེ་ན། གང་གིས་ཞེས་བྱ་བའོ། །དེ་ལ་ནི་ཚུལ་གསུམ་ལའོ། །དེ་ཚིག་ཉིད་ཅེས་བྱ་བ་ཚུལ་གསུམ་གྱི་ཚིག་ཉིད་ལ་ཏོ། དམ་བཅའ་བའི་ཚིག་ལ་ནི་མ་ཡིན་པའོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པའི་གོང་རོལ་དུའོ། །དེ་ནི་བསྒྲུབ་བྱའོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཡང་དང་པོར་བསྒྲུབ་བྱ་དགོད་པ་མ་ཡིན་ནོ་ཞེས་བྱ་བའོ། །


DTG186_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དམ་བཅའ་བ་བརྗོད་པ་བསལ་ནས་མཇུག་བསྡུ་བ་བརྗོད་པ་བསལ་བའི་དོན་དུ་དོགས་པ་བསུ་བ་ནི་ཕྱིར་ཞེས་བྱ་བའོ། །ཕ་རོལ་པོ་ཞེས་བྱ་བ་རྟོགས་པར་བྱ་བ་ལ་ཡང་ངོ༌། །ཚུལ་གསུམ་ལས་ཞེས་བྱ་བ་ནི་ཚུལ་གསུམ་པའི་ཕྱོགས་བརྗོད་པའི་འོག་རོལ་ཏུ་ཚུལ་གསུམ་པའི་རྟགས་མཐོང་བ་ལ་རྟོགས་པ་ཉེ་བར་སྐྱེ་བའི་ཚེའོ། །དེའི་ཚེ་རྟོགས་པ་དེ་རང་གི་དོན་གྱི་རྗེས་སུ་དཔག་པ་དང་ཁྱད་པར་ཅི་ཡོད་དེ་ཅི་ཡང་མེད་པ་ཁོ་ནའོ། །གཞན་གྱི་རྟོགས་པ་ཡང་རང་ལ་གྲུབ་པའི་རྟགས་ཀྱིས་རྗེས་སུ་འབྲང་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཉེ་བར་གཏོད་པ་ནི་བརྗོད་པར་བྱའོ་སྙམ་ན། ཉེ་བར་གཏོད་པ་ཡང་ཞེས་བྱ་བའོ། །མཐོང་བའི་ནུས་པ་ཅན་གྱི་གཏན་ཚིགས་གང་ཡིན་པ་དེ་སྟོན་པ་དོན་དུ་གཉེར་བ་ཡིན་པའི་ཕྱིར་རོ། །གཏན་ཚིགས་གང་ཞིག་བསྒྲུབ་པར་བྱ་བ་རྟོགས་པ་ལ་ནུས་པ་མཐོང་བ་དེ་ཉིད་ཉེ་བར་བསྟོད་པས་སྟོན་པར་ཟད་ཀྱིས་ལྷག་པ་ནི་མ་ཡིན་ནོ། །དེས་ན་གལ་ཏེ་དང་པོ་བསྒྲུབ་པར་བྱ་བ་རྟོགས་པ་སྐྱེས་ན། དེའི་ཚེ་ཉེ་བར་གཏད་པས་ཅི་བྱ། འོན་ཏེ་མ་སྐྱེས་ན་དེའི་ཚེ་ནུས་པ་མཐོང་བའི་གཏན་ཚིགས་ཡང་བརྗོད་པ་ནི་ཉེ་བར་གཏོད་པའོ་ཞེས་བྱ་བ་ཉེ་བར་གཏོད་པའི་མཚན་ཉིད་ཉམས་སོ། །དེས་ན་ནུས་བ་མཐོང་བ་སྟོན་པ་ཙམ་ལྷུར་ལེན་པའི་ཕྱིར་ན་ཉེ་བར་གཏོད་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་ཉེ་བར་སྡུད་པ་བརྗོད་པ་ནི་དོན་མེད་དེ་ཞེས་བརྗོད་པ་ན་དེ་དེ་ན་ཞེས་བྱ་བའོ། །གཏན་ཚིགས་དེ་རི་ལ་སོགས་པའི་ཆོས་ཅན་དེ་ནའོ། །ཕྱོགས་ཀྱི་ཆོས་ཉིད་ལས་ཞེས་བྱ་བ་ནི། བྱས་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ལས་སོ། །ཚད་མ་ཞེས་བྱ་བ་ནས་ཞེ་ནའི་བར་ནི་གཞན་གྱིས་བརྗོད་པའོ། །གང་ཡིན་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། གང་གི་ཕྱིར་ཚད་མ་ཐམས་ཅད་ཀྱི་བྱེད་པ་འཇུག་པ་དེས་ནའོ། །རྒྱུའི་དབང་ཞེས་བྱ་བ་ནི་ཚད་མ་ཐམས་ཅད་ཀྱི་བྱེད་པ་འཇུག་པ་ནི་རང་གི་རྒྱུའི་དངང་གིས་བྱུང་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་རྒྱུའི་དབང་གིས་བྱེད་པ་འཇུག་པའོ། །རྒལ་ཞིང་བརྟག་པའི་རྣམ་པ་བརྗོད་པ་ནི་ཅི་སྟེ་འདི་ལྟར་འགྱུར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་དེ་ལྟར་ཚད་མར་འགྱུར་ན་དེ་བདེན་པ་ཞིག་ན། དེ་ལྟར་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི། དམ་བཅའ་བ་ནི་ཞེས་བྱ་བའོ། །ཉེ་བར་འཇལ་


DTG186_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རྩོད་པའོ། །གྲུབ་པའི་མཐའ་སྨྲ་བ་ཉིད་ཕྱོགས་ཀྱི་ཆོས་ཉིད་ཁས་ལེན་དུ་གཞུག་པའི་དོན་དུ་ཕ་རོལ་ལ་འདྲེ་བ་ནི། སྤྱིར་འབྲེལ་པ་གཟུང་བ་ནི་ཞེས་བྱ་བའོ། །བྱས་པ་ཉིད་ལ་སོགས་པ་ཞེས་བྱ་བ་ནི་གཞན་གྱི་ལན་ནོ། །ཁྱད་པར་གྱི་རྟེན་ཅན་དེ་ཉིད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །ཉེ་བར་འཇལ་བར་རབ་ཏུ་གྲགས་པའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེས་སོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་འཇལ་བའི་ཡུལ་ལོ། །དེར་ཞེས་བྱ་བ་ནི་སྒྲའི་ཁྱད་པར་དང་འབྲེལ་བ་སྒྲུབ་པ་ལའོ། །སྒྲ་དང་འབྲེལ་བ་ནི་ཉེ་བར་འཇལ་བའི་ཡུལ་ཡིན་པར་འདོད་དོ། །དེ་ཡང་བརྒྱུད་པའམ་དངོས་སུ་རྟོགས་གྲང་ན། དེ་ལ་རེ་ཞིག་དངོས་སུ་རྟོགས་ན་ནི་མངོན་སུམ་དུ་ཐལ་བར་འགྱུར་རོ། །བརྒྱུད་ནས་རྟོགས་ན་ཡང་དེ་དེ་དང་འབྲེལ་པ་གཟུང་བར་བྱ་བ་ཡིན་ལ། དེ་ཡང་འགའ་ཞིག་ཏུ་དེ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཁོ་ནས་དེ་ལྟ་ན་ཡང་ཚུལ་གསུམ་དང་ལྡན་པའི་ཕྱིར་རྗེས་སུ་དཔག་པའི་ནང་དུ་འདུས་པ་ཁོ་ན་ཡིན་ནོ། །འོན་དེ་ལ་ཚད་མ་གཉིས་འཇུག་པར་འགྱུར་རོ་སྙམ་ན། དེའི་ཕྱིར་ཉེ་བར་འཇལ་བར་སྨྲ་བ་ཞེས་བྱ་བའོ། །ཉེ་བར་འཇལ་བ་ནི་ཚད་མའི་ཡུལ་ལ་ནི་ཉེ་བར་འཇལ་བར་སྨྲ་བ་རྣམས་ཀྱིས་ཀྱང་རྗེས་སུ་དཔག་པའི་ཚད་མ་གཞན་དུ་འདོད་པ་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་ཉེ་བར་འཇལ་བའིའོ། །དབྱིག་པ་ཐོགས་པའི་སྐྱེས་བུ་གཉིས་པོ་དེ་ལས་མ་གཏོགས་པར་དབྱིག་པ་ཅན་ཞེས་བྱ་བའི་འདྲ་བ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལ་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་དེ་ལ་འདྲ་བ་གཞན་མེད་ན། དེའི་ཚེ་འདི་འདྲ་བའི་ཞེས་རྟོགས་པ་ཅི་ལྟར་ཡིན། རྟོགས་པ་འདིས་ནི་གོང་བུ་ཙམ་ལས་བླ་ན་ལྷག་པའི་དོན་ལ་རེག་པ་ཡིན་ཏེ། གོང་བུ་ཙམ་ཞིག་ཡིན་ན་ནི་འདི་ནི་ཁྲ་བོ་འདི་ནི་བ་ལང་ངོ་ཞེས་རྟོགས་པར་འགྱུར་གྱི་འདི་འདྲ་བ་ཞེས་བྱ་བར་མ་ཡིན་ནོ། །འདི་ནི་འདྲ་བའོ་ཞེས་རྟོགས་པ་ཡང་ཡོད་པ་ཡིན་ཏེ་དེས་ན་གོང་བུ་ལས་ལྷག་པའི་འདྲ་བ་གཞན་རྟོགས་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འབྲས་བུ་ལས་རྒྱུ་རྟོགས་པ་ནི་རྣམ་པ་གཉིས་ཏེ། དུ་བ་ལས་མེ་བཞིན་དུ་རྒྱུ་དང་ལྷན་ཅིག་འབྲལ་བ་མཐོང་བ་ལས་སམ། ནུས་པའི་རྒྱུ་གཞན་ཡོད་ཀྱང་འབྲས་བུ་མི་སྐྱེ་བ་ལས་ཏེ། དཔེར་ན་དེའི་ཉེས་པ་མི་སྐྱེ་བ་ལས་དབང་པོ་བཞིན་ནོ། །དེ་རེ་ཞིག་དང་པོ་སེལ་བ་ནི་གལ་ཏེ་


DTG186_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ། གལ་ཏེ་མངོན་སུམ་དང་མི་དམིགས་པ་དག་གི་རྒྱུ་དང་སྐད་ཅིག་འབྲེལ་པ་མཐོང་བའི་འབྲས་བུ་ལས་རྒྱུ་རྟོགས་པ་ཡིན་ན། དེའི་ཚེ་འདྲ་བའི་མཚན་ཉིད་ཀྱི་རྒྱུ་ཡང་མཐོང་བ་ཉིད་འཐོབ་བོ། །དཔེར་ན་དུ་བ་ལས་བརྟག་པར་བྱ་བའི་མེ་བཞིན་ནོ། །མཐོང་བ་ཡང་མ་ཡིན་ཏེ་དེས་ན་ཅི་ལྟར་འབྲེལ་བ་མཐོང་བའི་འབྲས་བུ་ལས་དེ་བརྟག་པར་བྱ་བ་ཡིན་ན། མངོན་སུམ་གྱིས་ཀྱང་འདྲ་བ་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་འདྲ་བ་ཉིད་དམ་སྲ་བ་ཉིད་དོ། །འོ་ན་རྣམ་པར་རྟོག་པ་ལ་ནི་སྣང་བར་འགྱུར་རོ་སྙམ་ན། དངོས་པོའི་ཞེས་བྱའོ། །དེ་ལྟ་ན་ཡང་འདྲ་བ་རྣམ་པར་འཇོག་པར་བྱེད་དོ་ཞེ་ན་རང་སྣང་མེད་པར་བྱའོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས་བརྗོད་པ་ནི་འདྲ་བ་ཐོགས་མེད་ཅེས་བྱ་བའོ། །ཡོངས་བརྟགས་ན་ཞེས་བྱ་བ་རྣམ་པར་དཔྱད་པ་ན་དེ་ཁོ་ན་ཉིད་དུ་རང་བཞིན་འགའ་ཞིག་ཀྱང་འདྲ་བ་དེ་ལ་ཡོད་པ་མ་ཡིན་ཏེ། དེས་ན་འདྲ་བ་ནི་མེད་པ་ཁོ་ནའོ། །འོ་ན་ཅི་ལྟར་འདི་ནི་འདྲ་བའོ་ཞེས་རྣམ་པར་རྟོག་པས་མི་སླུ་བའི་ཐ་སྙད་དུ་འགྱུར་ཞེ་ན། དངོས་དང་ཞེས་བྱ་བའོ། །འདིས་ཞེས་བྱ་བ་འདི་ནི་འདྲ་བའོ་སྙམ་པའི་ཤེས་པས་དོན་བྱ་བའི་བྱེད་པའི་དངོས་པོའི་ཐ་སྙད་འགྲུབ་པ་ཡིན་ནོ། །གང་ལས་ཤེ་ན་དངོས་པོ་དོན་དམ་པ་དང་བརྒྱུད་ནས་འབྲེལ་བའི་ཕྱིར་རོ། །དེས་ན་འདི་ནི་འདྲ་བའོ་སྙམ་པའི་ཤེས་པས་གཞན་དུ་མི་འཐད་པ་ལས་ནི་འདྲ་བ་རྟག་པར་བྱ་བ་མ་ཡིན་ནོ། །འོ་ན་འདྲ་བའི་དོན་བྱ་བ་གཞན་དུ་མི་འཐད་པས་འགྱུར་རོ་ཞེ་ན། འདྲ་བ་ཉིད་ལས་ནི་དོན་ཡང་ཞེས་བྱ་བ་འདྲ་བའི་དོན་བྱ་བ་བྱེད་པ་མཐོང་བ་མེད་དེ། མ་ཧེ་ལ་སོགས་པ་ལས་ཀྱང་འོ་མ་ལ་སོགས་པའི་དོན་བྱ་བ་མཐོང་བའི་ཕྱིར་རོ། །ནང་ཁྱད་ཅེས་བྱ་བ་ནི་འདྲ་བ་དང་ཅིག་ཤོས་ཀྱིས་བསྐྱེད་པའི་དོན་བྱ་བ་དག་ལའོ། །དེར་ཡང་ཞེས་བྱ་བ་ནི་འདྲ་བ་རྣམས་ལ་ཡང་ངོ༌། །འདྲ་བ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་གང་གིས་ཞེས་བྱ་བའོ། །དེས་ན་འདྲ་བའི་དོན་བྱེད་པ་ལས་མི་སླུ་བ་ཉིད་མེད་དེ་འདྲ་བར་བརྟག་པའི་ཤེས་པ་མ་ངེས་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་འདྲ་བ་རྣམས་ལའོ། །ཅི་ལྟར་འདྲ་བའི་དོན་གཞན་བསྟན་པ་དེ་བཞིན་དུ་མི་འདྲ་བ་ཡང་བརྟག་དགོས་སོ་ཞེས་བྱ་བའི་དོན་ཏོ། །འདྲ་བ་བཞིན་དུ་ནི་མི་འདྲ་བ་ནི་གཞན་གྱི་འདོད་པ་ཡང་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་


DTG186_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་ནི་མི་འདྲ་བ་དེའོ། །ལན་ནི་འདྲ་བ་ཡང་ཞེས་བྱ་བའོ། །འདྲ་བ་ཉིད་ཅེས་བྱ་བ་ནི་དོགས་བ་སྟེ། དངོས་པོའི་རང་བཞིན་ཉིད་དོ། །ཅི་ལྟར་ཞེས་བྱ་བ་ནི་ལན་ནོ། །འདི་ནི་མེད་པར་དགག་པའི་ཕྱོགས་ལ་བརྟེན་ནས་བརྗོད་པ་ཡིན་ནོ། །གཞན་ཡང་མི་འདྲ་བ་མེད་པ་གསོག་ཏུ་གྱུར་པའི་རང་བཞིན་ཉིད་འདྲ་བ་ཡིན་ནོ་ཞེས་བྱ་བར་ཅི་སྟེ་མི་འགྱུར། འོན་ཏེ་འདྲ་བ་མེད་པར་འདྲ་བའི་ཐ་སྙད་དུ་མི་འགྱུར་རོ་ཞེ་ན། མི་འདྲ་བ་ཉིད་ནི་ཞེས་བྱ་བའོ། །དེ་ཞེས་བྱ་བ་མི་འདྲ་བ་མེད་པ་ཙམ་གྱིས་སོ། །དེ་ནས་འདྲ་བ་ནི་མེད་པ་ཁོ་ན་ཡིན་པས་དེའི་ཡུལ་ནི་འདྲ་བ་ཡིན་ན་ཞེས་ཅི་ལྟར་བརྗོད། དེས་ན་ཉེ་བར་འཇལ་བ་ནི་ཚད་མ་མ་ཡིན་ཏེ་ཡུལ་མེད་པའི་ཕྱིར་རོ། །འདི་ཉིད་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་དམ་བཅའ་བ་ཚད་མ་ཡིན་པ་བསལ་ནས་ད་ནི་ལུང་ཉིད་བསལ་བའི་དོན་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དམ་བཅས་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་ལུང་གིས་རྟོགས་པར་བྱས་པའི་དོན་སྟོན་པར་བྱེད་པ་ཡིན་ན་དམ་བཅས་པ་དོན་མེད་པའི་ཕྱིར་རོ། །གལ་ཏེ་ལུང་གིས་མ་གྲུབ་ན། དམ་བཅས་ཅི་ཞིག་བྱ་སྟེ། ལུང་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་དམ་བཅའ་བའི་དོན་ལུང་གིས་གྲུབ་བས་དམ་བཅའ་བ་ལུང་ཡིན་ན། དེའི་ཚེ་ལུང་མེད་པའི་དོན་ཚད་མས་ཅི་སྟེ་མི་སྒྲུབ་སྟེ་སྒྲུབ་པ་ཁོ་ནའོ། །དེའི་ཚེ་ཡང་དམ་བཅའ་བ་ལུང་དུ་མི་འགྱུར་ཏེ། དེའི་དོན་ལུང་གིས་མ་བསྒྲུབས་པའི་ཕྱིར་རོ། །ཅི་སྟེ་ཡང་གལ་ཏེ་དམ་བཅའ་བའི་དོན་ལུང་གིས་གྲུབ་པ་ཡིན་ན། དམ་བཅའ་བའི་དོན་བྱེད་མེད་པར་འགྱུར་བ་ཞིག་ན། འོན་ཀྱང་དེ་ནི་ལུང་གི་དོན་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན་ལུང་བཅས་ཞེས་བྱ་བའོ། །དེ་ལུང་གི་དོན་ནི་དམ་བཅས་པ་ཙམ་གྱིས་སྒྲུབ་པར་བྱེད་པ་མ་ཡིན་ཏེ། གཏན་ཚིགས་ཉེ་བར་བཀོད་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཡང་གལ་ཏེ་བཤད་པའི་ཚུལ་གྱིས་དམ་བཅའ་བ་ཉེ་བར་མཁོ་བ་མ་ཡིན་པ་དེ་ལྟ་ན་ཡང་ཤིན་ཏུ་གོམས་པ་ལས་དམ་བཅའ་བའི་ཚིག་དང་གཏན་ཚིགས་དེ་དག་ཉིད་དེ་ཙམ་སྟེ། དེ་ལས་གཞན་ལ་རྟོགས་པ་གྲུབ་པ་ཡོད་པ་དེས་ན་དམ་བཅའ་བའི་ཚིག་ནི་དགོས་པ་དང་ལྡན་པ་ཡིན་ནོ་ཞེ་ན། ལན་ནི་དེ་ཚེའང་ཞེས་བྱ་བའོ། །གཞན་ཡང་གོམས་པའི་དུས་དེའི་ཚེ་དམ་བཅའ་བ་ཡང་སྦྱར་བར་བྱ་བ་མ་ཡིན་ནོ། །


DTG186_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་ཕྱོགས་ཀྱི་ཆོས་བསྟན་པ་ཉིད་ལས་རྟོགས་པ་གྲུབ་པའི་ཕྱིར་རོ། །སྔར་བརྗོད་པའི་རྩོད་པ་ཉིད་ལན་བཏབ་ཟིན་བཞིན་དུ་ལྷག་པ་བརྗོད་པའི་དོན་དུ་བཟློག་པ་ནི། འོ་ན་ཞེས་བྱ་བའོ། །གལ་ཏེ་དམ་བཅའ་བ་ཡང་སྦྱར་བར་མི་བྱ་ན་འོན་ཅི་ལྟར་ཞེས་བྱའོ། །དེ་ཉིད་ཅེས་བྱ་བ་ནི་བརྗོད་མ་ཐག་པའོ། །རྩོད་པའི་རྣམ་འགྲེལ་འདི་ཉིད་རྣམ་པར་འགྲེལ་པ་ནི། བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཉིད་དུའོ། །དེ་ལྟར་མ་ཡིན་ན་བྱ་བ་ནི་སྔར་གདོན་མི་ཟ་བར་ཡོད་པ་མ་གཏོགས་པར་རོ། །ཟུར་ཟེར་ཞེས་བྱ་བ་ནི་ཁྱབ་འཇུག་པ་དག །དབང་ཕྱུག་ཆེན་པོ་པར་ཐལ་བས་འཇིགས་ནས་ཟུག་ཟེར་ལ་འཁོར་ལོའི་སྒྲས་རྗོད་པར་བྱེད་པ་དེ་བཞིན་དུ་སངས་རྒྱས་བ་ཡང་དམ་བཅའ་བ་སྒྲུབ་བྱེད་དུ་ཐལ་བའི་འཇིགས་པས་དམ་བཅའ་བ་ལ་ཚད་མའི་འབྲས་བུའི་སྒྲས་བརྗོད་པ་ཡིན་ནོ། །དེ་ནི་དམ་བཅས་པའི་ཚིག་གིའོ། །ཅི་ཞིག་བརྗོད་ཟིན་སྙམ་ན། ཐེ་ཚོམ་ལ་སོགས་པ་ཞེས་བྱ་བའོ། །འདི་ལ་ཉེས་པ་གཞན་ཡང་བརྗོད་པའི་དོན་དུ་རྣམ་པར་རྟོག་པར་བྱེད་པ་ནི། གཞན་དུ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་སྔོན་རོལ་ཉིད་དུའོ། །དེ་མེད་ཀྱང་ཞེས་བྱ་བ་ནི་དམ་བཅའ་བའི་ཚིག་མེད་ཀྱང་ངོ༌། །ཅི་སྟེ་ཞེས་བྱ་བ་ནི་ཕྱིར་རྒོལ་བས་འགལ་བའི་གཏན་ཚིགས་ངེས་པར་བྱ་བའི་དོན་དུ་དམ་བཅའ་བའི་ཚིག་ཉེ་བར་འགོད་དོ་ཞེས་བྱ་བའི་དོན་ཏོ། །ཕྱིར་རྒོལ་བ་གཞན་དག་གིས་སོ། །འདིར་བརྒལ་ཤིང་བརྟག་པ་འདི་སུ་ལ་ཡིན་ཏེ། རྒོལ་བའམ། བསྟན་བཅོས་བྱེད་པ་ལ་ཡིན། རེ་ཞིག་རྒོལ་བ་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རྒོལ་བ་ལའོ་ཞེ་ན་ཞེས་དོགས་པ་བྱས་སོ། །བསྟན་བཅོས་བྱེད་པའི་ཉེས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། བསྟན་བཅོས་བྱེད་པས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའོ། །གཞན་ལ་ནི་རྒོལ་བ་ལའོ། །དེའི་ཕྱིར་གལ་ཏེ་དམ་བཅའ་བའི་ཚིག་མེད་པར་བསྒྲུབ་པར་བྱ་བའི་རྟོགས་པ་སྐྱེ་བ་ཡིན་ན། དེ་ཉེ་བར་བླངས་པས་འགལ་བའི་གཏན་ཚིགས་ངེས་པར་བྱས་པས་ཅི་ཞིག་བྱ། །ཁྱབ་པ་ཕྱིན་ཅི་ལོག་པ་ཉིད་ལས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་ཁྱབ་པར་ཁོ་ན་ལས་འགལ་བ་ཉིད་དུ་རྟོགས་པར་འགྱུར་དམ་བཅའ་བའི་ཚིག་ལས་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཉི་ག་ལྟར་ཡང་དམ་བཅའ་བའི་ཚིག་ནི་དོན་མེད་པ་ཁོ་ནའོ། །


DTG186_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལ་ཉེས་པ་གཞན་ཡང་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་དམ་བཅའ་བའི་ཚིག་འགལ་བ་ངེས་པའི་དོན་དུ་ཡིན་ན། དེའི་ཚེ་སྒྲ་རྟག་སྟེ་ཞེས་དམ་བཅའ་བ་ནི་ཚིག་རབ་ཏུ་སྦྱར་བའི་རྟག་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ལ་ལྟོས་ནས་འགལ་བ་བརྗོད་བའམ་ཞེས་བྱའོ། །གང་གི་ཚེ་ཞེ་ན། སྒྲ་རྟག་སྟེ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་འགལ་པ་བརྗོད་པ་ཡིན་ན། དེའི་ཚེ་སྒྲ་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་སྐབས་ཁོ་ནར་ཡིན་གྱི། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་སྐབས་སུ་ནི་འགལ་བ་བརྗོད་བ་མ་ཡིན་ནོ། །དེས་ན་འདིར་དམ་བཅའི་ཚིག་དགོས་པ་མེད་པའི་ཕྱིར་ན་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ནི་བསྒྲུབ་བྱ་རྟོགས་པའི་དོན་དུ་ཉེ་བར་བཀོད་པ་ཡིན་གྱི། འགལ་བ་ངེས་པའི་དོན་དུ་ནི་མ་ཡིན་ནོ། །བསྒྲུབ་བྱ་རྟོགས་པ་ཡང་དམ་བཅའ་བ་མེད་པ་ཁོ་ནར་གྲུབ་སྟེ། དེས་ན་དམ་བཅའ་བའི་ཚིག་གིས་ནི་ཅི་ཡང་བྱར་མེད་དོ། །ཁ་ཅིག་ནི་འདི་ལྟར་མི་འཆད་དེ་དམ་བཅའ་བའི་ཚིག་སྦྱོར་བ་རྐང་མིག་པ་ལ་སོགས་པ་གང་ཡིན་པའོ། །དེ་ལ་ལྟོས་ནས་ནི་དམ་བཅའ་བ་ལ་ལྟོས་ནས་དེའི་ལུགས་ལ་འགལ་བར་བརྗོད་པ་ཡིན་གྱི། སངས་རྒྱས་བའི་ལུགས་ལ་ནི་མ་ཡིན་པ་སྟེ། ཁྱབ་པ་བསྟན་པར་བྱ་བ་ཁོ་ནས་འགལ་བས་རྟོགས་པས་རྟོགས་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་དང་ཞེས་བྱ་བསྒྲུབ་པར་བྱེད་པ་དང་མ་འབྲེལ་བའོ། །དེ་ཞེས་བྱ་བ་སྒྲུབ་པར་བྱེད་པ་དང་མ་འབྲེལ་པ་མ་ཚང་བས་སོ། །མ་ཚང་བ་མེད་པ་ཉིད་ཅེས་བྱ་བ་ཡོངས་སུ་རྟོགས་པ་ཉིད་མེད་པར་འགྱུར་ཏེ། གང་ཞིག་ཉེ་བར་མི་མཁོ་བས་ཉེ་བ་མ་ཡིན་པ་དེ་ཉིད་ཀྱིས་མ་ཚང་བར་ཐལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཉེ་བར་མི་མཁོ་བ་ཡིན་ནའོ། །དམ་བཅའ་བའི་ཚིག་མེད་པ་ལ་ཡང་མ་ཚང་བ་མ་ཡིན་པ་ཉིད་མཚུངས་སོ། །དེའི་ཕྱིར་དམ་བཅའ་བ་ལ་སོགས་པ་ལས་གང་ཡང་རུང་བ་ཞིག་མ་ཚང་ན་མ་ཚང་བ་ཡིན་ནོ་ཞེས་བརྩད་པར་མི་བྱའོ། །ཧ་ཅང་བྱང་ཆེས་པ་ཞེས་བྱ་བ་ནི། གང་ཞིག་གང་གིས་བསྒྲུབ་པར་བྱ་བ་བསྟན་པ་དེ་ཐམས་ཅད་དམ་བཅའ་བ་ཡིན་པའི་ཕྱིར་ན། དམ་བཅའ་བའི་མཚན་ཉིད་ཧ་ཅང་ཁྱབ་ཆེས་བར་འགྱུར་རོ། །ཅི་ལྟར་ཞེ་ན། བསྒྲུབ་པར་བྱ་བ་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་པའོ། །བསྒྲུབ་བྱ་


DTG186_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དམ་བཅའ་ནའང་ཞེས་བྱ་བ་ནི་དམ་བཅའ་བ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། མ་ཚང་བའི་ཉེས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་བའི་མཚན་ཉིད་ཡིན་པར་སྨྲ་ཡང་སངས་རྒྱས་བ་དེ་ལ་མ་གྲུབ་པའི་གཏན་ཚིགས་བརྗོད་པ་ཡང་དམ་བཅའ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྐྱོན་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲུབ་བྱེད་ཅེས་བྱ་བའོ། །དེར་ཞེས་བྱ་བ་ནི་གཏན་ཚིགས་ལྟར་སྣང་བ་མིག་གིས་གཟུང་བ་ཉིད་དམ་བཅའ་བར་ཐལ་བར་མི་འགྱུར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་གཏན་ཚིགས་ལྟར་སྣང་བ་ནི་ཞེས་བྱ་བའོ། །འདི་ལ་བརྗོད་པ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་བསྟན་པ་ཞེས་བྱ་བ་འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། ཅི་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པའམ། འོན་ཏེ་བསྒྲུབ་པར་བྱ་བའི་བསྟན་པ་ཞེས་བྱ་བའོ། །དེ་ལ་ཕྱོགས་དང་པོ་ལ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ལྟར་སྣང་བ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལྟར་སྣང་བ་བསྟན་པའོ། །འོ་ན་ཕྱོགས་འདི་ལ་དམ་བཅའ་བའི་མཚན་ཉིད་སྐྱོན་མེད་པར་གྱུར་ཏོ་ཞེ་ན། འོན་ཀྱང་ཞེས་གསུངས་སོ། །བསྟན་པར་བྱ་བ་ཞེས་བྱ་བ་ནི་མཚན་ཉིད་ཀྱིས་རྟོགས་པར་བྱ་བ་མཚན་ཉིད་ཀྱི་ཚིག་གིས་མ་བསྟན་པར་འགྱུར་རོ། །བསྟན་པར་བྱ་བ་མ་བསྟན་ན་ཡང་ཉེས་པ་བརྗོད་པ་ནི་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་ཞེས་བྱ་བའོ། །གང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའམ་སྒྲུབ་པར་བྱེད་པའོ། །ཕྱོགས་གཉིས་པ་ལ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཡང་ཅི་ལྟར་བསྟན་ཞེས་མི་ཤེས་པར་འགྱུར་རོ། །འབྲེལ་ཏོ་ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པ་ཉིད་དུ་ཞེའམ་བསྒྲུབ་པར་བྱ་བ་ཉིད་དུ་ཞེས་བྱ་བའི་སྐབས་མ་བསྟན་པའི་ཕྱིར་རོ། །གྲུབ་པའི་མཐའ་སྨྲ་བ་གཞན་ལ་འདྲི་བ་ནི་ཅི་ལྟར་ན་ཞེས་བྱ་བའོ། །གཞན་གྱི་ལན་ནི་ལྔ་པ་ཞེས་བྱ་བའོ། །ཡང་ན་རྣམ་པར་དབྱེ་བ་དང་པོ་ལས་གཞན་དང་པོ་མ་གཏོགས་པས་བསྟན་པ་སྟེ། དུ་བ་ཡོད་པས་དུ་བ་ཡོད་པ་ནི་ཞེས་བྱ་བས་ནི་བསྟན་པ་དེ་ནི་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་བརྗོད་པར་བྱའོ། །གང་ཞིག་སྒྲ་ནི་མི་རྟག་གོ་ཞེས་དང་པོ་བསྟན་པར་བྱ་བ་དེ་ནི་བསྒྲུབ་པར་བྱ་བ་ཉིད་དུ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་པ་གཞན་ལ་འདྲི་བ་ནི་འདི་ག་ལས་ཞེས་བྱ་བའོ། །ཕ་རོལ་པོ་གཏན་ཚིགས་སྨྲ་བ་ནི་དེ་


DTG186_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྒྲའི་དོན་ཞེས་བྱ་བའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་ཉིད་དུ་ཞེས་བྱ་བའོ། །འོན་ཕྱོགས་ཀྱི་མཚན་ཉིད་ཀྱང་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ་ཞེ་ན། ཕྱོགས་ཀྱི་ཞེས་བྱ་བའོ། །གཉི་ག་ལྟར་ཡང་ངེས་པར་གཟུང་བའི་ཉེས་པ་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བ་ནི། དོན་མེད་པས་ཞེས་བྱ་བ་ནི་འཇིག་རྟེན་ན་གྲུབ་ཟིན་པའི་ཕྱིར་རོ། །འདི་ལྟར་བསྒྲུབ་པར་བྱ་བ་བསྟན་པ་ཉིད་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་འདིར་བསྒྲུབ་པར་བྱ་བ་བསྟན་པ་ནི་ངེས་པ་མེད་ལ་དམ་བཅའ་པ་ནི་ངེས་པར་འཇིག་རྟེན་ན་གྲགས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཉིད་དོ་ཞེས་བྱ་བའི་མཚན་ཉིད་ལ་ནི་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བ་ལ་ངེས་པ་ཡིན་ལ། དམ་བཅའ་བ་ནི་བསྒྲུབ་པར་བྱ་བ་བསྟན་པ་ལ་མ་ངེས་པ་ཡིན་ནོ། །དེས་ན་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཡང་དམ་བཅའ་བར་འགྱུར་རོ། །ཁྱེད་ཀྱིས་ཞེས་བྱ་བ་ནི་རྩོད་པ་སངས་རྒྱས་པའི་ཕྱོགས་ལའོ། །ལན་ནི་སྒྲུབ་པར་བྱེད་པ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །སྒྲུབ་པར་བྱེད་པར་གྱུར་པའི་བསྒྲུབ་པར་བྱ་བ་བསྟན་པ་ཡང་བརྒྱ་ལ་དམ་བཅའ་བར་འགྱུར་རོ་ཞེས་དེ་ལྟར་ཐེ་ཚོམ་ཟབ་ལྡོག་པའི་རྒྱུ་ཅི་ཡིན་ཞེ་ན། ལན་ནི་རིགས་མི་མཐུན་པ་ཉིད་ཐེ་ཚོམ་ལྡོག་པའི་རྒྱུ་ཡིན་ནོ་ཞེས་བྱ་བའོ། །འདི་ལྟར་སྒྲུབ་པར་བྱེད་པས་བསྟན་པ་དང་བསྒྲུབ་པར་བྱ་བ་བསྟན་པ་ནི་སྒྲུབ་པར་བྱེད་པ་ཡིན་པ་དང་མ་ཡིན་པ་ཉིད་ཀྱིས་རིགས་མི་མཐུན་པ་ཁོ་ན་སྟེ་དེས་ན་དོགས་པར་མི་འགྱུར་རོ། །འདི་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ།། རིགས་གཅིག་ཅེས་བྱ་བ་ནི་རིགས་མི་མཐུན་པ་ལ་ནི་ཐེ་ཚོམ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོ་ཧ་ཅང་ཁྱབ་པ་ཡོད་པ་ནི་ཤེས་པར་བྱེད་པའོ་ཞེས་བྱ་བའོ། །བུམ་པ་ནི་སྐྱེད་པར་བྱེད་པའི་རྒྱུའི་དབང་དུ་བྱས་ནས་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་དེ་སྟོན་པར་ནི་དམ་བཅའ་བ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་པ་ངའི་ལན་ཡང་འདི་ཁོ་ན་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་དེ་ལྟར་ཞེས་བྱ་བའོ། །རྩོད་པའི་ཚེ་འཆད་པ་ནི་གལ་ཏེ་གཞན་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་མ་ཡིན་པ་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཡང་དམ་བཅའ་བར་འགྱུར་རོ་ཞེ་ན། སྒྲུབ་པར་བྱེད་པ་མ་ཡིན་པའི་


DTG186_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནི་ཞེས་བྱ་བའོ། །སྒྲུབ་པའི་མཐའི་ཆ་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནས་ཞེ་ནའི་བར་ནི་རྩོད་པའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དམ་བཅའ་བ་ནི་ཞེས་བྱ་བ་ནི་དོགས་པ་སྟེ། མིག་གིས་གཟུང་བ་ཉིད་ནི་དམ་བཅའ་གཅིག་ཡིན་ཏེ། སྒྲ་མི་རྟོག་གོ་ཞེས་བྱ་བའི་དམ་བཅའ་བ་གཉིས་པ་འདིའི་སྒྲུབ་པར་བྱེད་པ་མ་ཡིན་པར་འགྱུར་རོ། །དེས་ན་ཞེས་བྱ་བ་སྒྲུབ་པར་བྱེད་པ་མ་ཡིན་པས་ན་མ་གྲུབ་པའི་མཚན་ཉིད་ནི་སྐྱོན་ཉིད་དོ་ཞེ་ན། ལན་ནི་སྒྲུབ་པར་བྱེད་པ་ཞེས་བྱ་བའོ། །དམ་བཅའ་བ་ཉིད་ཀྱིས་ན་མིག་གིས་གཟུང་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་ཅི་ལྟར་སྒྲུབ་པར་བྱེད་པ་མ་ཡིན། རང་གི་དོན་ནི་རང་གིས་བརྗོད་བྱ་སྟེ་མིག་གིས་གཟུང་བའི་ཕྱིར་ཞེས་བྱ་བ་འདི་བརྗོད་པར་བྱ་བ་མིག་གིས་གཟུང་བ་ཉིད་ནི་མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་འཐད་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ཚིག་ཙམ་ནི་འགའ་ཡང་སྒྲུབ་བྱེད་མ་ཡིན་གྱི། འོན་ཀྱང་བརྗོད་པར་བྱ་བ་དང་བཅས་པའི་ཚིག་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་ནི་དུས་བ་ཞེས་བྱ་བའི་ཚིག་ཙམ་སྒྲུབ་བྱེད་ཡིན་པར་འགྱུར་གྱི། དུ་བ་ཉིད་ནི་མ་ཡིན་ནོ། །དེ་བས་ན་བརྗོད་པར་བྱ་བ་མིག་གིས་གཟུང་བྱ་ཉིད་དང་བཅས་པའོ། །མིག་གིས་གཟུང་བྱ་ཡིན་བའི་ཕྱིར་ཞེས་བྱ་བའི་ཚིག་སྒྲུབ་པར་བྱེད་པ་ཡིན་ནོ། །གང་གི་མིག་གིས་གཟུང་བྱ་ཉིད་སྒྲུབ་བྱེད་ཡིན་པར་འགྱུར་བ་ཆོས་ཅན་སྒྲ་ལ་ཚོགས་པ་གྲུབ་པར་ཡང་མ་ཡིན་ནོ། །འོ་ན་བདག་ཉིད་ཀྱི་སྒྲུབ་བྱེད་ཡིན་ནོ་སྙམ་ན། དེ་ཉིད་ནི་ཞེས་གསུངས་ཏེ། ཚིག་དང་བཅས་པ་མིག་གིས་གཟུང་བྱའི་མཚན་ཉིད་ཀྱི་དོན་ཏོ། །རང་གི་ཚིག་དང་བཅས་པའི་མིག་གིས་གཟུང་བྱ་ནི་བདག་ཉིད་ཀྱི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་འབའ་ཞིག་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་སྒྲའི་ཕུར་མ་ཞེས་བྱ་བའོ། །མེ་བསྒྲུབ་པར་བྱ་བ་ལ་ཡང་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བའི་ཚིག་ཙམ་ནི་སྒྲུབ་བྱེད་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ཉིད་ཡིན་ཏེ། སྒྲ་རྣམས་ཕྱིའི་དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །འོ་ན་སྒྲ་གང་གི་སྒྲུབ་པར་བྱེད་པ་ཉིད་ཡིན་སྙམ་ན། བསམ་པ་ཞེས་བྱ་བ་སྨོས་སོ། །འོན་ཏེ་ཞེས་བྱ་བ་ནི་སྒྲ་བསམ་པའི་སྒྲུབ་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་མེ་ལ་སོགས་པ་


DTG186_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཉིད་ཀྱི་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་དམ་བཅའ་བའི་ཚིག་ཉིད་ཀྱིས་སོ། །དེས་ན་གཏན་ཚིགས་ཀྱི་ཚིག་དོན་མེད་དོ་ཞེས་དགོངས་པའོ། །དེ་ལས་བྱ་བ་ནི་དམ་བཅའ་བའི་ཚིག་ལས་སོ། །གཞན་དག་བརྗོད་པ་ཞེས་བྱ་བ་ནི་རིགས་པའི་སྒོའི་ཊཱི་ཀ་བྱེད་པའོ། །འོ་ན་ཅི་ལྟར་མ་ངེས་པ་སྤོང་སྙམ་ན་དེ་ནི་ཞེས་བྱ་བའོ། །མ་ངེས་པ་དེའོ། །འདི་ནི་སྔར་བཤད་ཟིན་ཏེ་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་རོ། །དེ་ཉིད་བརྗོད་པ་ནི་འདོན་བ་ནི་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ་འདི་ནི་ལན་མ་ཡིན་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་མི་འགལ་བའི་བར་ཡང་མི་མཐུན་པའི་ཕྱོགས་ལས་ཟློག་པར་བྱེད་པ་ཉིད་དུ་ཁས་ལེན་ན། དེ་ལྟ་བུ་མ་ཡིན་ན་ཞེས་བྱ་བ་སུས་བརྗོད་པར་མི་ནུས། འདི་ལྟར་སྒྲ་ནི་མི་རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བརྗོད་པ་ནི། གལ་ཏེ་ཕ་རོལ་ནམ་མཁས་འཁྲུལ་པར་བརྗོད་ན། དེའི་ཚེ་ནམ་མཁའ་མ་ཡིན་པ་ཞེས་བརྗོད་པར་བྱའོ། །ཡང་ཕྱོགས་ལ་སོགས་པས་འཁྲུལ་བར་བརྗོད་ན། ཕྱོགས་མ་ཡིན་པ་ཞེས་སོ། །དེ་ལྟ་ཡིན་དང་གཞལ་བྱ་ཉིད་ཀྱང་སྒྲུབ་བྱེད་དུ་འགྱུར་རོ། །དམ་བཅའ་བསྒྲུབ་པར་བྱེད་པ་མེད་པ་ལ་ཡང་ཉེས་པ་ཅི་ཡོད་སྙམ་ན། དམ་བཅའ་བར་སྒྲུབ་པར་བྱེད་པ་ཡིན་པ་ལ་ཞེས་བྱ་བའོ། །དེ་ཕྱོགས་ཡིན་ནམ་ཞེས་བྱ་བ་ནི་གཏན་ཚིགས་ལས་གོ་བར་བྱེད་པ་ཉིད་ཕྱོགས་སུ་བརྗོད་པ་ཡིན་ལ། གོ་བར་བྱེད་པ་དེ་ཡང་གྲུབ་པ་མ་ཡིན་ནམ། གྲུབ་པ་ཡིན་ཞེས་བྱ་བའི་དཔྱད་པ་འདིས་ཅི་བྱ། ཅི་ལྟར་སྒྲུབ་པར་བྱ་བ་ཉིད་དམ། གྲུབ་པ་ཉིད་དུ་རྟོགས་པ་དེ་ལྟར་འགྱུར་རོ། །བསྒྲུབ་པར་བྱ་བ་དང་ཅིག་ཤོས་ཞེས་ཟླས་དབྱེ་སྟེ། དེ་དག་ལ་ལོག་པར་ཏེ་བསྒྲུབ་པར་བྱ་བ་ལ་ལོག་པར་བསྒྲུབ་བྱ་མ་ཡིན་པ་དང༌། ཅིག་ཤོས་བསྒྲུབ་བྱ་མ་ཡིན་པ་ལ་བཟློག་པ་བསྒྲུབ་བར་བྱ་བ་ཉིད་དེ། ཡུལ་དེ་ལ་བསྒྲུབ་པར་བྱ་བ་ལ་བསྒྲུབ་པར་བྱ་བ་མ་ཡིན་པ་དང༌། བསྒྲུབ་པར་བྱ་བ་མ་ཡིན་པ་ལ་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ལོག་པར་རྟོགས་པའོ། །ལོག་པར་རྟོགས་པ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་གྱི་དོན་ཙམ་ཞེས་བྱ་བ་ནི་མིག་ལ་སོགས་པ་གཞན་གྱི་དོན་བྱེད་པ་ཙམ་ནི་གྲངས་ཅན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། བདག་གི་དོན་བསྒྲུབ་པར་བྱ་


DTG186_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་སྤང་བའི་དོན་དུ་གྲངས་ཅན་གྱིས། གཞན་ཙམ་ཞིག་སྒྲུབ་བར་བྱེད་པར་སྨྲས་པ་ཡིན་ནོ། །བདག་གི་དོན་གྱི་བསྒྲུབ་པར་བྱ་བ་ཡིན་ཡང་བསྒྲུབ་པར་བྱ་བ་མ་ཡིན་པར་སྨྲ་སྟེ། སངས་རྒྱས་པ་ལ་དཔེ་མ་གྲུབ་པའི་ཕྱིར་རོ། །བསྟན་བཅོས་ལས་གྲུབ་པ་ཡང་ཞེས་བྱ་བ་ནི། ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་བསྟན་བཅོས་ལས་གྲུབ་པ་ཡང་བསྒྲུབ་པར་བྱ་བ་ཡིན་པར་སྨྲ་བའོ། །ཁས་མ་བླངས་ཀྱང་ཞེས་བྱ་བ་ནི་རྒོལ་བས་ཁས་མ་བླངས་ཀྱང་ངོ༌། །གང་གི་ཕྱིར་དེ་སྲིད་ཀྱི་ལོག་བར་རྟོགས་པ་ཡོད་པའི་གཏན་ཚིགས་དེ་བས་ན་ལོག་པར་རྟོགས་པ་དེ་བསལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཞེས་བྱ་བ་ནི། མ་གྲུབ་པ་ལ་སོགས་པ་དེ་དག་ལས་བཟློག་པ་གྲུབ་པ་ལ་སོགས་པ་བསལ་བར་རིག་པར་བྱའོ། །གང་གིས་དེ་བསལ་ནས་མཚན་ཉིད་བརྗོད་པ་གྲུབ་པ་ལ་སོགས་པ་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་གསུངས་ཏེ་བསལ་བ་ལའོ། །རིགས་སྟོན་པ་ཉིད་ནི་གལ་ཏེ་ཞེས་བྱ་བའོ། །དོན་འདི་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའོ། །གཞན་ཕྱིར་རྒོལ་བ་ལ་བསྟན་བཅོས་ཚད་མ་མ་ཡིན་པ་དེས་ན་ཚད་མ་གཞན་དག་ནི་གཞན་དེའི་དོན་དུ་ཡིན་ནོ་ཞེ་ན། ལན་ནི་བདག་ཉིད་ཅེས་བྱ་བའོ། །ཁས་བླངས་པ་ཞེས་བྱ་བ་ནི་དགོས་པའོ། །ལན་འདེབས་པ་ནི་གཞན་གྱིས་ཞེས་བྱ་བའོ། །གལ་ཏེ་རྒོལ་བས་ཁས་བླངས་པས་བསྟན་བཅོས་ཚད་མ་ཡིན་ན་དེའི་ཚེ་ཕྱིར་རྒོལ་བས་ཀྱང་བསྟན་བཅོས་ཁས་བླང་བར་བྱའོ། །དེ་ལྟར་རང་གི་སྒྲའི་རྣམ་པར་གཅོད་པ་བརྗོད་ནས། ཁོ་ནའི་སྒྲའི་རྣམ་པར་གཅད་པ་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །དེ་ནི་མིག་གིས་གཟུང་བ་ཉིད་དོ། །འདོད་པའི་སྒྲའི་རྣམ་པར་གཅད་པར་བྱ་བ་ལ། རིགས་པ་བརྗོད་པ་ནི་དོན་བརྗོད་པ་ཞེས་བྱ་བའོ། །དོན་གྱི་བརྗོད་པ་ཕྱིར་རྒོལ་བ་ལ་བསྒྲུབ་པར་བྱ་བ་མ་ཡིན་ན་ཕྱིར་རྒོལ་བ་དག་གི་དོན་ཤེས་པ་ཉིད་དུ་མི་འགྱུར་རོ། །གཞན་དུ་ཡང་ཞེས་བྱ་བ་ནི་དངོས་སུ་བརྗོད་པའི་གཞན་གྱི་དོན་ཙམ་ལ་ཡང་གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་རོ། །དོན་གྱིས་བརྗོད་པ་ཅི་ལྟར་ངེས་ཤེ་ན་སྐབས་དང་ཞེས་བྱ་བའོ། །གལ་ཏེ་ཕྱིར་རྒོལ་བ་སྐབས་མངོན་པར་མི་ཤེས་པ་གང་ཡིན་པ་དེ་ལ་ལྟོས་ནས་དོན་གྱི་བརྗོད་པ་བསྒྲུབ་


DTG186_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་མ་ཡིན་པ་ཁོ་ནའོ་ཞེ་ན། སྐབས་མི་ཤེས་པས་ནི་ཞེས་བྱ་བའོ། །གལ་ཏེ་སྐབས་ལ་སོགས་པ་ལས་དོན་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་ཁྱེད་ཉིད་ཀྱི་འདོད་པ་མ་ཡིན་ནམ་སྙམ་ན། དེ་སྐད་དུ་ཡང་ཞེས་བྱ་བའོ། །སྐབས་ལ་སོགས་པ་ལས་དོན་ངེས་པ་འདི་ནི་ཐམས་ཅད་འདོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐབས་སུ་གཞན་བབ་ལ་ཞེས་བྱ་བ་ནི་བདག་གི་དོན་ཉིད་དོ། །བསྒྲུབ་པར་བྱ་བ་གཞན་ཡིན་ན་ཞེས་བྱ་བ་ནི་གཞན་གྱི་དོན་ཙམ་མོ། །དེ་ལ་ནི་རྒོལ་བ་ལའོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྒོལ་བའི་འདི་དེ་སྐབས་སུ་བབ་པ་ཡིན་ཡང་བདག་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བདག་ཉིད་སྨྲ་ན། དེའི་ཚེ་རྒོལ་བ་དེས་བདག་ཉིད་ལ་སྐབས་སུ་མ་བབ་པ་བརྗོད་པའི་སྒོ་ནས་སྐྱོན་བརྗོད་པར་འགྱུར་རོ། །ཕ་རོལ་གྱིས་སྨྲས་པ། རྒོལ་བ་དེ་ལ་སྐྱོན་ཡོད་མོད། ཕྱིར་རྒོལ་བ་སངས་རྒྱས་བ་ལ་ཡང་སྐྱོན་ཡོད་པ་ཉིད་དོ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེན་ཡང་དག་པའི་སྐྱོན་མི་བརྗོད་པས་སོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་དོན་བསྟན་པས་ཞེས་བྱ་བ་ནི་གལ་ཏེ་འདི་ལྟར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདིས་སོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པ་ནི་ཅི་སྐད་དུ་བྱ་བ་སྟེ་རྩ་བའི་སློབ་དཔོན་གྱིས་སོ། །གལ་ཏེ་འདོད་པས་ཁྱབ་པ་ཞེས་བྱ་བ་ལ་སོགས་པས་ནི་གཞན་འདོད་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ་རྣམ་འགྲེལ་ལ་འཇུག་པའོ། །འོ་ན་ནི་ཞེས་བྱ་བ་ནི་རྩོད་པ་གཉིས་པའོ། །མ་བརྗོད་པ་དང་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་འབའ་ཞིག་གི་འདོད་པ་བཟློག་པའི་དོན་དུ་ཡང་ཡིན་ནོ། །འདིས་ནི་འདོད་པ་སྨོས་པའི་རྒོལ་བ་གཉིས་བསྟན་ནས་གཉིས་པ་མི་འཐད་དོ་ཞེས་བརྗོད་པ་ནི། མི་འདོད་པ་ཞེས་བྱ་བ་ནི་ཞེས་བྱ་བའོ། །ཕྱོགས་གཉིས་པ་གསལ་བ་ན་ཕྱོགས་དང་པོ་ཉེ་བར་སྡུད་པ་ནི་དེ་ན་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་འདོད་པ་སྨོས་པ་ནའོ། །དེས་ན་བསྟན་བཅོས་བྱེད་པའི་འདོད་པ་བཟློག་པའི་དོན་དུ་རང་ཉིད་སྨོས་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་བསྟན་བཅོས་བྱེད་པའི་འདོད་པ་ལྡོག་པའོ། །རྩོད་པ་སྨྲ་བ་ཉིད་དོགས་པ་བསུ་བར་བྱེད་པ་ཉིད་འདོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ་བསྟན་བཅོས་བྱེད་པ་འདོད་པ། རྒོལ་བའི་འདོད་པ་ལ་ཡིན་པ་ཉིད་ན་རང་ཉིད་སྨོས་པས་ལྡོག་གོ །དེ་ཉིད་ཀྱིས་ཞེས་བྱ་བ་ནི་འདོད་པ་སྨོས་པ་ཉིད་ཀྱིས་སོ། །དེ་ལྟར་འདོད་པ་སྨོས་པ་ཉིད་ཀྱིས་ཕྱིར་རྒོལ་བ་དང༌། ཉན་པ་པོ་དང་


DTG186_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་བྱ་ཡིན་པ་བཟློག་པའི་ཕྱིར་རང་ཉིད་སྨོས་པ་དོན་མེད་དེ་ཞེས་བསྟན་ནས། རང་ཉིད་སྨོས་པ་ཉིད་ཀྱིས་གཞན་འདོད་པ་མཐའ་དག་བཟློག་པར་གྲུབ་པ་ན་སློབ་དཔོན་གྱིས་བསྟན་བཅོས་བྱེད་པའི་འདོད་པ་བཟློག་པ་ཙམ་འབྲས་བུར་བརྗོད་ཅེས་སྨྲ་བ་ནི། རང་ཉིད་སྨོས་པས་ཞེས་བྱ་བའོ། །དགོས་པ་འདི་གཞུང་གང་གིས་བརྗོད་སྙམ་ན་རང་ཉིད་ཅེས་བྱ་བ་ནི་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི། གལ་ཏེ་འདོད་པས་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལའོ། །སྒྲ་བཤད་པ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །གལ་ཏེ་འགྲེལ་པ་དེའི་དོན་དུ་ཡིན་ཡང་དོན་ནི་དོན་གཞན་ཡིན་ནོ་སྙམ་ན། འདི་ནི་དེ་དོན་བྱས་པ་ཡིན་ཞེས་གསུངས་ཏེ། དེའི་དོན་ཞེས་བྱ་བ་བསྟན་བཅོས་བྱེད་པའི་འདོད་པ་བཟློག་པར་བསྟན་པའི་འབྲས་བུར་རོ། །ཡང་ན་རང་ཉིད་སྨོས་པས་གཞན་གྱི་འདོད་པ་ཐམས་ཅད་བཟློག་པའི་ཕྱིར་ན། བསྟན་བཅོས་བྱེད་པའི་འདོད་པ་བཟློག་པ་ཁོ་ན་དེའི་དགོས་པ་ཡིན་ནམ་ཞེས་དགོས་ན། འདི་ནི་ཞེས་བྱ་བའོ། །བསྟན་བཅོས་བྱེད་པའི་འདོད་པ་བཟློག་པའི་འབྲས་བུ་དེ་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའི་འདོད་པ་རྒོལ་བའི་འདོད་པ་མ་ཡིན་ན་བསྟན་བཅོས་དང་འགལ་བའི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་རྣམ་པ་དེ་འདྲ་བར་འདོད་པའི་གཏན་ཚིགས་དེས་ནའོ། །མཇུག་བསྡུ་བའི་སྒོ་ནས་འདི་ནི་དེའི་དོན་བྱས་པ་ཡིན་ཞེས་བྱ་བ་རྣམ་པར་འགྲེལ་བས། རང་ཉིད་སྨོས་པས་ཀྱང་ཞེས་བྱ་བའི་རྩོད་པའི་ལན་འདེབས་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དོགས་པའི་གནས་བཟློག་པ་ཉིད་ཀྱི་ཕྱིར་རོ། །འོ་ན་གཞན་གྱི་འདོད་པ་ཅི་ལྟར་ལྡོག་སྙམ་ན། གཞན་གྱིས་ཞེས་བྱ་བའོ། །གང་གི་ཕྱིར་གཞན་གྱི་འདོད་པ་ལྡོག་པ་ལ་ལོག་པར་རྟོགས་པ་མེད་པས་འབད་པ་མེད་པ་ཁོ་ནར་གྲུབ་པ་དེའི་ཕྱིར་འདོད་པའོ། །དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའི་འདོད་པ་བཟློག་པ་ཉིད་དོ། །དེ་ཉིད་བརྗོད་པ་ནི་མ་བརྗོད་ཀྱང་ཞེས་བྱ་བའོ། །གང་དུ་རྣམ་པ་འདི་ལྟ་བུ་བསྒྲུབ་བྱ་ཡིན་པར་འདོད་སྙམ་ན། འདོད་པ་སྨོས་པས་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་ལ་འཇུག་པར་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་འདས་པ་མ་ཡིན་པའི་གཞན་གྱི་དོན་བྱེད་པའི་མཚན་ཉིད་དོ། །ཆོས་དང་ཆོས་ཅན་དག་གི་ཞེས་བྱ་བ་ལ། ཆོས་གཞན་གྱི་དོན་བྱེད་པ་


DTG186_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང༌། ཆོས་ཅན་མིག་ལ་སོགས་པའིའོ། །གལ་ཏེ་ཁྱད་པར་འདི་བསྒྲུབ་བྱ་ཉིད་ཡིན་ན་དེའི་ཚེ་ཅི་ལྟར་ཁྱད་པར་དུ་འགྱུར། གང་དུ་ཡང་ཁྱད་པར་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། སྤྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་བསྒྲུབ་པར་བྱ་བ་དང་ཁྱད་པར་དག་གཅིག་པའི་ཕྱིར་ན་ཁྱད་པར་ཡང་བསྒྲུབ་པར་བྱ་བ་ཁོ་ནའོ་ཞེ་ན། བསྒྲུབ་པར་བྱ་བ་དང་ཞེས་སོ། །དེའི་ཕྱིར་ཁྱད་པར་བསྒྲུབ་བྱ་མ་ཡིན་པས་ན་དེ་ཅི་ལྟར་འདོད་པ་སྨོས་པས་འདི་སྒྲུབ་པར་བྱེད། འོ་ན་ཁྱད་པར་བསྒྲུབ་བར་བྱ་བ་མ་ཡིན་པ་ཁོ་ནའོ་ཞེ་ན། སློབ་དཔོན་གྱིས་ཞེས་སྨོས་སོ། །གལ་ཏེ་ཁྱད་པར་བསྒྲུབ་པར་བྱ་བ་མ་ཡིན་ན་དེའི་ཚེ་ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཅི་ལྟར་གསུང་པར་འགྱུར། སོགས་པའི་སྒྲས་ནི་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་པར་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཁྱད་པར་ཡང་བསྒྲུབ་པར་བྱ་བ་ཡིན་པར་འདོད་དོ་ཞེས་རྟོགས་པ་ཡིན་ན། རིགས་པ་ཡང་མ་ཡིན་ཏེ། སྔར་བརྗོད་པའི་ཉེས་པ་ཡོད་པའི་ཕྱིར་རོ། །དེ་ནས་ཁྱད་པར་གྱི་སྒོ་ནས་ནི་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའི་ཉེས་པར་མི་འགྱུར་རོ་ཞེས་བསམས་པའོ། །དེ་བཤད་པ་ཞེས་བྱ་བ་ནི། གང་གི་ཕྱིར་གཞན་གྱི་ལན་འདི་ཡིན་པ་དེས་ན་བརྗོད་པའོ། །འདུས་པ་མ་ཡིན་པ་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཁྱད་པར་དེ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་བརྗོད་པ་ཙམ་བསྒྲུབ་པར་བྱ་བར་ཡིན་པར་སྨྲ་བ་ལ་ལྟོས་ནས་ཆོས་དང་ཆོས་ཅན་དག་གི་ཁྱད་པར་ཡིན་པར་བརྗོད་ཀྱི་དོན་དམ་པར་ནི་འདི་འདོད་པས་ཡུལ་དུ་བྱས་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ཁོ་ནའོ། །ཅི་ལྟར་གཞན་ལ་ལྟོས་ནས་བསྒྲུབ་པར་བྱ་བ་ཁྱད་པར་དུ་བརྗོད་ཅེ་ན། ཤེས་རབ་ཤིན་ཏུ་ཞེས་བྱ་བའོ། །ཕ་རོལ་གྱིས་ནི་གྲངས་ཅན་གྱིས་སོ། །དེ་དོན་ནི་བདག་གི་དོན་ཏོ། །དེ་བསྒྲུབ་མིན་ཞེས་བྱ་བ་ནི་བདག་གི་དོན་ཉིད་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གཞན་གྱི་དོན་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་བདག་དཔེ་ལ་མ་གྲུབ་ཀྱང་ཉེས་པ་མ་ཡིན་ནོ་ཞེས་གཞན་དག་སེམས་ན། ལན་ནི་འོ་ན་ཞེས་བྱ་བའོ། །གཞན་གྱི་དོན་དེའི་ཁྱད་པར་བདག་ནི་དོན་གྱི་མཚན་ཉིད་ཡིན་པར་འགྱུར་རོ། །བདག་ནི་ཞེས་བྱ་བ་ནི་རྣམ་པར་འགྲེལ་བའོ། །གལ་ཏེ་བདག་གི་དོན་བསྒྲུབ་བྱ་མ་ཡིན་གྱི། འོན་ཀྱང་གཞན་གྱི་དོན་ཙམ་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་བདག་གི་དོན་གྱི་མཚན་ཉིད་ཁྱད་པར་


DTG186_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཞན་གྱི་དོན་ཙམ་དེའི་ཁྱད་པར་ཡིན་པར་འགྱུར་རོ། །དེས་ན་འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་ཁྱད་པར་དང་འགལ་བར་འགྱུར་ཏེ། འདུས་པ་མ་ཡིན་པའི་གཞན་གྱི་དོན་ལས་བཟློག་པ་བསྒྲུབ་པའི་ཕྱིར་རོ། །བདག་གི་དོན་བསྒྲུབ་པར་བྱ་བ་ཡིན་ནམ། གཞན་གྱི་དོན་ཙམ་ཡིན། ཕྱོགས་དང་པོ་ལ་ནི་འགྲོ་བ་མེད་པའོ། །གཉིས་པ་ལ་ནི་ཁྱད་པར་དང་འགལ་བའོ། །སྨྲས་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་སྤྱིར་བརྗོད་དོ། །དེ་ལྟ་ན་ཡང་གཞན་གྱི་དོན་ཉིད་སྒྲུབ་པར་བྱེད་བས་མ་འདུས་པ་གཞན་གྱི་དོན་བྱེད་པ་ཉིད་མ་སྨྲས་ཀྱང་བསྒྲུབ་པར་བྱ་བར་འདོད་པའི་ཕྱིར་གྲངས་ཅན་གྱི་སྔ་ཕྱི་འགལ་ལོ། །བསྒྲུབ་བྱ་ཉིད་དུ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་འདོད་པས་ཡུལ་དང་བྱས་པ་མ་སྨྲས་པ། གཞན་གྱི་ལུགས་ལ་མ་ལྟོས་པར་རང་གི་གྲུབ་པའི་མཐའ་ཁོ་ན་ལ་གནས་ནས་བསྒྲུབ་པར་བྱ་བ་ཉིད་དུ་ཅི་ལྟར་མི་བསྒྲུབ་པར་མི་བྱེད། སྐབས་སུ་མ་བབ་པ་བརྗོད་པ། ཆོས་ཀྱི་ཁྱད་པར་ལས་བཟློག་པ་བསྒྲུབ་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་ཅི་བྱ་ཞེས་བྱ་བའི་དོན་ཏོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ལ་ཏེ་གྲངས་ཅན་ལ་ལྟོས་ནས་སོ། །གྲངས་ཅན་ནི་སྨྲས་པ་ཙམ་བསྒྲུབ་བྱ་ཡིན་པར་དམ་བཅས་ནས་མ་སྨྲས་པ་ཡང་སྒྲུབ་པར་བྱེད་དེ། དེས་ན་དེའི་བསམ་པ་ལ་ལྟོས་པ་ཁོ་ནས་ཉེས་པ་བརྗོད་པ་ཡིན་ནོ། །དེ་ཙམ་གྱིས་བྱ་བ་ནི་གཞན་ལ་ལྟོས་ནས་ལན་འདེབས་པའི་བསམ་པ་ཙམ་གྱིས་གཞན་བཟློག་པ་གྲུབ་པ་ན། རང་གི་ཕྱོགས་མ་སྨྲས་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་བསྒྲུབ་པའི་དོན་དུ་སྒྲུབ་པར་བྱེད་པ་འགོད་པའི་འབད་པ་བྱས་པས་ཅི་བྱ། རྣམ་འགྲེལ་ལ་འཇུག་པའི་དོན་དུ་སྐབས་ཀྱི་གཞི་འདི་ངེས་པ་ནི་ད་ནི་ཞེས་བྱ་བའོ། །གལ་ཏེ་དེ་བསྒྲུབ་པར་བྱ་བ་ཉིད་དུ་མ་བསྟན་ན་ད་ནི་ཅི་ལྟར་ཞེས་བྱ་བའོ། །འོ་ན་ཅི་ཞིག་བསྒྲུབ་པར་བྱ་བ་ཡིན་ཞེ་ན། བརྗོད་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མ་བརྗོད་པ་ལ་བསྒྲུབ་བར་བྱ་བ་ཉིད་ཡིན་ནའོ། །དེ་ཉིད་གསལ་བར་བྱེད་པ་ནི། མ་བརྗོད་པ་ཞེས་བྱ་བའོ། །ཐམས་ཅད་བསྒྲུབ་བྱ་ཡིན་མོད་ཅི་སྐྱོན་སྙམ་ན། ཐམས་ཅད་ཅེས་བྱ་བའོ། །འདིས་ནི་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་བརྗོད་དོ། །དེ་ལྟ་ཡིན་དང་གཏན་ཚིགས་ཀྱི་སྐྱོན་དུ་ཡང་འགྱུར་རོ་ཞེས་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །ཅི་ཞིག་


DTG186_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་སྙམ་ན་བདག་གཞན་ཞེ་ན་ཞེས་བྱ་བའོ། །གྲངས་ཅན་འདིས་གཞན་གྱི་དོན་ཙམ་དེ་ཉིད་དོ། །འདིར་ནི་བསྒྲུབ་པའི་ཚིག་ལའོ། །འདི་ཞེས་བྱ་བ་ནི་བདག་གི་དོན་གྱི་མཚན་ཉིད་དོ། །དམ་པ་སྟེ་མཁས་པ་འགྲོ་བའི་ཚུལ་ལུགས་ལ་གནས་པ་དག་ནི་གང་གིས་མཐར་ཐུག་སྟེ། སྒྲ་རྣམས་ཅི་ཙམ་ཞིག་ལ་ཕྱོགས་བརྟགས་ནས་ངག་གི་དོན་ངེས་པར་བྱ་བ་ལ་འཇུག་གི་གཞན་དུ་ནི་མ་ཡིན་པའོ། །གང་ལ་དེ་ལྟར་འཇུག་སྙམ་ན། མཁས་པའི་ཞེས་བྱ་བའི་སྐབས་སུ་བབ་པ་ལ་ངག་གི་དོན་གང་ཡིན་ཞེས་དོགས་པ་བཟློག་པས་རྣམ་འགྲེལ་གྱི་ཕྱེད་སྔ་མ་རྣམ་པར་འགྲེལ་བ་ནི། མིག་ལ་སོགས་པ་ཞེས་བྱ་བའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་བ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ལ་ཏེ་བདག་གི་དོན་ལ་ལྟོས་ནས་སོ། །དེ་ཞེས་བྱ་བ་བདག་གི་དོན་ཏོ། །འོན་ཏེ་སུན་འབྱིན་པ་འདི་ནི་སློབ་དཔོན་བཞེད་པ་མ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་ཞེས་བྱ་བའོ། །ཅི་ལྟར་ཞེས་བྱ་བ་ནི་སྐབས་སུ་བབ་པ་ཡང་མ་ཡིན་ལ་བསྒྲུབ་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་གང་ལ་རྩོད་པས་སྒྲུབ་པ་བཀོད་པའི་འདུས་པ་མ་ཡིན་པ་གཞན་གྱི་དོན་དེ་བསྒྲུབ་པར་བྱ་བ་མ་ཡིན་ན། དེའི་ཚེ་མི་འདོད་པ་འགལ་བར་འགྱུར་ཏེ། འདུས་པ་གཞན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །འོན་ཏེ་ཉེས་པ་འདིས་འཇིགས་ནས་གཞན་གྱི་དོན་བྱེད་པ་ཙམ་ཞིག་སྒྲུབ་པར་བྱེད་ན། དེའི་ཚེ་འབྲས་བུ་མེད་པ་ཉིད་དུ་འགྱུར་ཏེ། གྲུབ་པ་ལ་བསྒྲུབ་པའི་ཕྱིར་རོ། །གཞན་གྱི་དོན་ཙམ་ལ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་རྩོད་པ་མེད་དོ། །གལ་ཏེ་དེ་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་རྒོལ་བའི་མི་འདོད་པ་ཉིད་དུ་འགྱུར་ལ། ཕྱིར་རྒོལ་བ་ལ་ལྟོས་ནས་ནི་འབྲས་བུ་མེད་པར་འགྱུར་ཏེ། གྲུབ་པ་ལ་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་ཛ་ཡནྟའི་བཤད་པའོ། །གཞན་ཞེས་བྱ་བ་ནི་བདག་གི་དོན་ལས་གཞན་གྱི་དོན་ཙམ་བསྒྲུབ་ན་ཡང་མ་འབྲེལ་བ་དེའི་ཕྱིར་ན། འགའ་ཡང་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཅི་ལྟར་གཞན་བསྒྲུབ་པར་བྱ་བ་མ་འབྲེལ་སྙམ་ན། དེ་ལྟ་ན་ཞེས་བྱ་བའོ། །བདག་གི་དོན་དང་གཞན་གྱི་དོན་ཙམ་གྱི་ཕྱོགས་གཉིས་གྲུབ་པ་ལ་ལྟོས་ཏེའོ། །དེ་ཞེས་བྱ་བ་བདག་གི་དོན་ཉིད་སྤངས་ནས་སོ། །འོན་ཏེ་ཞེས་བྱ་བ་ནི་གཞན་ཙམ་བསྒྲུབ་པ་ན་གྲུབ་པར་གྱུར་པས་ན་བདག་བསྒྲུབ་པར་བྱ་བ་མ་ཡིན་ཡང་འགྲུབ་པ་ཡིན་ནོ། །དེས་ན་བདག་དངོས་སུ་


DTG186_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་མེད་དོ། །གཞན་ནི་གཞན་གྱི་དོན་ཉིད་དོ། །འདོད་འགྲུབ་ནི་བདག་གི་དོན་འགྲུབ་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་འདོད་བ་ལྟར་རོ། །ཅི་སྟེ་ཀུན་འགྲུབ་སྙམ་ན། ཉེ་བའི་ཁྱད་པར་མེད་པ་ན་གཞན་མི་འགྲུབ་པོ་ཞེས་བྱ་བ་དེ་ག་ལས་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །དེས་ན་འདོད་པ་བཞིན་དུ་ཀུན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གྲུབ་ དང་ངོ༌། །ཐམས་ཅད་བསྒྲུབ་པར་བྱ་བར་ཐལ་བའི་ལན་གྱི་དོགས next hit་བསུ་བ་ནི། འདོད་པའི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ནི་བདག་གི་དོན་ཉིད་དོ། །གཞན་མི་འདོད་པ་ནི་མ་ཡིན་པའོ། །འགོག་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདོད་པའི་ཞེས་བྱ་བའོ། །བསམས་པ་ནི་འདི་ཡིན་ཏེ། གལ་ཏེ་གཞན་བསྒྲུབ་པ་ན་གཞན་སྒྲུབ་པར་བྱེད་པས་འགྲུབ་པར་ནུས་ན་དེའི་ཚེ་འདོད་པས་ཅི་བྱ་སྟེ། འདོད་པས་ནི་གཏན་ཚིགས་ཀྱི་བྱེད་པ་རྣམ་པར་དབྱེ་བར་བྱ་མི་ནུས་སོ་ཞེས་བྱ་བའོ། །འདོད་པས་གཏན་ཚིགས་ཀྱི་བྱེད་པ་རྣམ་པར་འབྱེད་པར་བྱེད་པ་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཉིད་དོ་ཞེས་བརྗོད་པ་ནི། དེ་ལྟར་ཡིན་ན་ནི་ཞེས་བྱ་བ་སྟེ། འདོད་པས་གཏན་ཚིགས་ཀྱི་བྱེད་པ་རྣམ་པར་འབྱེད་པ་ཡིན་ན་ཡང་ངོ༌། །རྒོལ་པ་གཞན་གྱི་ལྡོག་པ་འགྲུབ་པ་དགག་ཏུ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱིར་རྒོལ་བ་བཟློག་པ་འདོད་པའི་ཕྱིར་རོ། །འོན་ཏེ་རྒོལ་བའི་འདོད་པ་ཁོ་ན་འགྲུབ་ཀྱི་གཞན་འགོད་པ་ནི་མ་ཡིན་ནོ་ཞེ་ན། འདོད་པར་ཞེས་སྨོས་སོ། །འོན་ཏེ་གང་གིས་རྒོལ་བའི་འདོད་པ་འགྲུབ་པར་འགྱུར་བ་འབྲེལ་པའི་ཁྱད་པར་ཡོད་པ་ཉིད་དོ་ཞེ་ན། གང་གིས་ཞེས་སྨོས་སོ། །དེའི་ཕྱིར་གལ་ཏེ་གཞན་བསྒྲུབས་པས་གཞན་འགྲུབ་ན་དེའི་ཚེ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་གནས་སོ། །དཔེ་བསྒྲུབ་བྱས་སྟོང་པར་འགྱུར་ཏེ་ཞེས་བརྗོད་པ་གང་ཡིན་པ་དེའི་ལན་ནི་དོགས་པ་བསུ་བ་ནི་བརྗོད་པར་འདོད་པའི་ཞེས་བྱ་བ་སྟེ། བརྗོད་པའི་ཆོས་ལ་ལྟོས་ནས་བརྗོད་པར་འདོད་པའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ།། འདིར་འདི་ལྟར་འདོད་པ་ཡིན་ཏེ། གཞན་གྱིས་ཀྱང་འགལ་ཞིག་ནི་འགལ་བའི་གཏན་ཚིགས་ལྟར་སྣང་བར་འདོད་པ་འགའ་ཞིག་ནི་ཁྱད་པར་འགལ་བར་རོ། །དེ་ལ་གལ་ཏེ་བརྗོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ན་དེའི་སྨྲས་པའི་ཆོས་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཁོ་ན་ལ་འགལ་བར་འགྱུར་གྱི་ཁྱད་པར་འགལ་


DTG186_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མི་འགྱུར་རོ། །དེ་བས་ན་ཁྱད་པར་འགལ་བའི་གཏན་ཚིགས་ལྟར་སྣང་བ་གཞུང་གཟུགས་པའི་ཕྱིར་གཞན་གྱིས་ཀྱང་མ་སྨྲས་པ་ཡང་ཁས་བླང་དོགས་སོ། །གང་ཞིག་ཕ་རོལ་པོས་ཁྱད་པར་འགལ་བར་བརྗོད་པ་ཁོ་ན་དེ་འདོད་པ་ལ་གནོད་པར་བྱེད་པའི་འགལ་བར་བརྗོད་པ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་སྒྲུབ་བྱེད་ཡང་དག་པ་ལ་ཡང་ངོ༌། །གཏན་ཚིགས་ལྟར་སྣང་གི་དབང་དུ་བྱས་ཏེ་བརྗོད་པ་ནི་བརྗོད་པ་ཞེས་བྱ་བའོ། །འོ་ན་ཅི་ལྟར་ཁྱད་པར་འགལ་བ་ཡིན་ཞེ་ན། ཁྱད་པར་ཞེས་བྱ་བའོ། །གཞན་དུ་སྨྲས་པ་ལ་ལྟོས་ནས་ནི་ཁྱད་པར་དང་འགལ་བ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་བརྗོད་བར་འདོད་པའི་ཆོས་རྗེས་སུ་འགྲོ་བ་མེད་པས་ནི་ཉེས་པར་འགྱུར་བ་མ་ཡིན་པའི་ཕྱིར་དཔེ་ཐམས་ཅད་བསྒྲུབ་བྱ་མ་ཚང་བར་འགྱུར་རོ་ཞེས་གནས་སོ། །རྗེས་སུ་འགྲོ་བ་མེད་པ་དང་འགལ་བའི་ཉེས་པ་གཞན་ལ་ཡང་བསྒྲེ་བ་ནི། འདིས་ནི་ཞེས་བྱ་བའོ། །འོན་ཏེ་བསྒྲུབ་པར་བྱ་བ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཙམ་གྱི་སྤྱིར་འདོད་ཀྱི། རྣམ་པ་དེ་ལྟ་བུའི་སྐྱེས་བུས་གཉིས་པ་དང་བཅས་པ་ཉིད་ནི་མ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མེད་དམ་སྙམ་ན། ལན་བཏབ་པ་ནི་གང་ཡང་རུང་བས་གཉིས་པ་དང་བཅས་པ་དེ་ཉིད་ནི་རྣམ་པ་དེ་ལྟ་བུའི་ལུས་མི་འགྱུར་ན་ཏེ་ལུས་དོར་ན་འགྲུབ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གསལ་བ་གཞན་མེད་པའི་ཕྱིར་རོ། །གཉི་ག་ལས་གཅིག་དོར་ན་གང་ཡང་རུང་བའི་སྤྱི་འགྲུབ་པ་ནི་མ་ཡིན་ནོ། །དེས་ན་ཚུ་རོལ་མཛེས་པ་བརྗོད་བྱས་སྟོང་པ་བརྗོད་པ་རྣམས་ཀྱི། གཉིས་པ་དང་བཅས་པའི་སྒྲུབ་པར་བྱེད་པ་ཉིད་ནི་འདི་དེ་ནི་མི་ཤེས་ཀྱི་བསླང་ཡིན་ཏེ་མ་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའི་ཉེས་པར་འགྱུར་བ་གཉིས་པ་དང་བཅས་པའི་སྦྱོར་བ་དེ་ཡང་གང་ཡིན་ཞེ་ན། འདི་ལྟར་ཞེས་སྨོས་སོ། །ལུས་གང་ལ་མངོན་པར་གསལ་བའི་སེམས་པ་ཡོད་པའི་ལུས་དེའི་མཚན་ཉིད་སྐྱེས་བུས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བུམ་པ་ནི་དེ་ལྟ་བུའི་སྐྱེས་བུ་དང༌། བུམ་པ་དེ་དག་ལས་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེའོ། །ཤུགས་ཀྱིས་ན་བུམ་པ་ནི་དེ་ལྟ་བུའི་སྐྱེས་བུས་གཉིས་པ་དང་བཅས་པར་འདོད་པ་ཡིན་གྱི་བརྗོད་པ་ནི་མ་ཡིན་ཏེ། རྗེས་འགྲོ་མེད་པའི་ཉེས་པས་འཇིགས་པའི་ཕྱིར་རོ། །སྦྱོར་བ་འདི་ཉིད་འཆད་པ་ནི་སྐྱེས་བུ་ནི་ཞེས་བྱ་བའོ། །


DTG186_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་ཅན་ལ་སོགས་པས་མངོན་པར་འདོད་པའི་བདག་ལ་སོགས་པ་ནི་མ་ཡིན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་འཇིག་རྟེན་ཕ་རོལ་ཅན་མ་ཡིན་པའི་སྐྱེས་བུ་ལའོ། །གཏན་ཚིགས་ནི། ཨུཏྤལ་མ་ཡིན་པའོ། །བསམ་པ་ནི་རྒྱང་འཕེན་པའིའོ། །དེ་ལྟ་བུ་ཞེས་བྱ་བ་ནི་མངོན་པར་གསལ་བའི་མཚན་ཉིད་འཇིག་རྟེན་ཕ་རོལ་ཅན་མ་ཡིན་པའོ། །དེ་ལྟ་བུའི་སྐྱེས་བུས་གཉིས་པ་དང་བཅས་པ་ཉིད་དུ་དངོས་སུ་ཅི་སྟེ་མི་བསྒྲུབ་སྙམ་ན། ཐབས་ཡིན་ནོ་ཞེས་བྱ་བ་སྟེ། དངོས་དང་ཕལ་པའི་བསམ་པས་ཅི་ཞིག་བྱ་སྟེ་རྣམ་པར་གང་ཡང་རུང་བའི་སྒོ་ནས་ཨུཏྤལ་མ་ཡིན་པ་ལ་སོགས་པ་ནི་བསྒྲུབ་བྱ་འགྲུབ་པའི་ཐབས་ཡིན་ནོ་ཞེའོ། །གཅིག་ཏུ་ངེས་པར་འགོག་པའི་དོན་ཡིན་མོད་དེ་ལྟ་ན་ཡང་འདི་ལ་སྔར་བརྗོད་པའི་སྐྱོན་ཅི་ལྟར་ཡོད་སྙམ་ན། འདི་ལྟར་ཞེས་སྨོས་སོ། །འོན་ཏེ་ཞེས་བྱ་བ་ནི་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ། དེ་གྲུབ་པས་ཀྱང་ཁྱད་པར་སྐྱེས་བུ་བསྒྲུབ་པར་བྱ་བ་མ་ཡིན་ཡང་འགྲུབ་པ་ཡིན་གྱི། ཁྱད་པར་ཅན་གྱི་སྐྱེས་བུའི་རྣག་བཞིན་དེ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་ལ་ལན་ནི། དེའི་ཚེ་ཡང་ཞེས་བྱ་བའོ། །བསྟན་ཟིན་པ་ནི། གལ་ཏེ་གཞན་གྲུབ་ན་ཡང་བསྒྲུབ་བྱ་མིན་ཞེས་བྱ་བ་དེར་རོ། །བསྒྲུབ་པར་བྱ་བ་སྤྱིར་འདོད་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། འདིར་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་རུང་བ་ཉིད་ཀྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་གྱི། རྣམ་པ་དེ་འདྲ་བའི་སྐྱེས་བུ་འཕངས་པ་ནི་མ་ཡིན་པའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི། དེ་ནི་ཞེས་བྱ་བའོ། །གསལ་བ་ཞིག་ཀྱང་ཞེས་བྱ་བ་ནི་དོགས་པའོ། །གལ་ཏེ་གསལ་པ་ཞིག་ཀྱང་སྤྱི་མི་འཇིག་ན། དེའི་ཚེ་གསལ་བས་སྟོང་པའི་ཡུལ་དུ་ཡང་ཅི་སྟེ་ཡོད་པར་ཐ་སྙད་མི་བྱེད་སྙམ་ན། གསལ་བར་བྱེད་པ་ཞེས་སྨྲས་སོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདིར་ནི་སྐྱེས་བུ་ལའོ། །ཅི་ལྟར་མེད་སྙམ་ན་དེ་ལྟ་བུའི་ཞེས་སྨོས་སོ། །དེ་བཞིན་དུ་གང་ཡང་རུང་པའི་སྤྱི་ཡང་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ། །དེས་ན་དེས་ཁྱབ་པ་ཅི་ལྟར་འགྲུབ་མ་མཐོང་བའི་མེས་དུ་བ་ལ་ཁྱབ་པ་ནི་གང་དུ་ཡང་རྟོགས་པ་མེད་དོ། །ཚད་མ་འདི་ཉིད་ལས་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ་ཨུཏྤལ་མ་ཡིན་པའི་རྟགས་ལས་སོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཁྱབ་པའི་དུས་ན་སྤྱི་ཡོད་པར་གྲུབ་ན་རྗེས་སུ་དཔོག་པ་


DTG186_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཅི་ལྟར་ན་ཁྱབ་པའི་དུས་སུ་སྤྱི་མ་གྲུབ་ན་གང་གིས་ཕན་ཚུན་བདེན་པའི་ཉེས་པར་འགྱུར་སྙམ་ན། མ་གྲུབ་པ་ལ་ནི་ཞེས་སྨོས་ཏེ། ཁྱད་པར་མ་གྲུབ་པ་ལ་ནི་སྤྱིའི་རྣམ་པ་སྲིད་པ་མ་ཡིན་ནོ། །ཁྱད་པར་དང་བྲལ་བའི་སྤྱི་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་མ་ཡིན་པ་ཞེས་བྱ་བ་ནི་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སོགས་པ་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་མ་ཡིན་པ་དེ་བཞིན་དུ་ཨུཏྤལ་མ་ཡིན་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་གཏན་ཚིགས་མ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཅི་ལྟར་སྒྲ་ལ་མེད་སྙམ་ན། སྒྲ་ལ་ཞེས་གསུངས་སོ། །འགལ་བ་མེད་པ་མ་ཡིན་པ་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འགལ་བ་ཉིད་བརྗོད་པ་ནི། གང་ཡང་རུང་བ་ཞེས་བྱ་བ་སྟེ། འདི་ལྟར་རམ་ཡང་ན་འདི་ལྟར་ཞེས་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཆོས་ཅན་སྒྲ་ལ་གཉི་ག་ནི་འགལ་ལོ། །དེ་ལ་ནི་ཕྱོགས་ཁོ་ན་ཡོད་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ཁོ་ན་ཡོད་མོད་དེ་ལྟ་ན་ཡང་དེ་ལས་གཞན་ཉེ་བར་དགོང་པར་འགྱུར་རོ་སྙམ་ན། ངེས་པའི་ཆོས་ཞེས་སྨོས་སོ། །གཞལ་བྱ་འགལ་བར་བརྗོད་ནས། སྒྲ་འགལ་བར་བརྗོད་པ་ནི། གཞན་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་གང་ཡང་རུང་བསྒྲུབ་བྱེད་དམ་བསྒྲུབ་བྱ་ཡིན་པའོ། །སྣམ་བུ་ཞེས་བྱ་བ་ནི་བུམ་པ་ཆོས་ཅན་དུ་བྱེད་པ་དོར་ནས་སྣམ་བུ་ཉིད་ཆོས་ཅན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱིར་ཞེས་བྱ་བ་ནི་གལ་ཏེ་བུམ་པ་ཆོས་ཅན་མ་ཡིན་ནའོ། །ཉེས་པ་འདི་ཉིད་ཅེས་བྱ་བ་ནི་གྲུབ་པ་ལ་བསྒྲུབ་པའི་མཚན་ཉིད་དོ། །དེ་ཞེས་བྱ་བ་རྣམ་པ་དེ་འདྲ་བའི་སྐྱེས་བུ་མི་འཕེན་ནའོ། །འབྲས་བུ་ཅི་ཡིན་ཞེས་བྱ་བ་ནི་གྲུབ་པ་ལ་བསྒྲུབ་པའི་ཕྱིར་རོ། །མི་འདོད་པ་ཞེས་བྱ་བ་ནི་བཟློག་པ་བསྒྲུབ་པ་ལས་སོ། །གཉི་གར་ཞེས་བྱ་བ་ནི་བུམ་པ་ནི་སྐྱེས་བུ་དང་བུམ་པ་གང་ཡང་རུང་བས་ཞེས་བུམ་པ་ལན་གཉིས་བཀོད་པའོ། །འདར་ནི་སྦྱོར་བ་ལའོ། །རང་གི་ཚིག་དང་འགལ་ལོ་ཞེས་བྱ་བ་ནི་གང་ཡང་རུང་བ་སྨོས་པས་ནི་མ་ངེས་པར་བསྟན་ལ། བསྒྲུབ་བྱ་ཞེས་བྱ་བ་ལ་ནི་ངེས་པར་རོ། །འདི་ཉིད་གཞུང་འཛུགས་པ་ནི། འདི་ལྟར་ཞེས་བྱ་བའོ། །འོན་ཏེ་དེ་ལྟ་ན་ཡང་གང་ཡང་རུང་བ་བརྗོད་པ་ནི། ངེས་པ་ལས་བཟློག་པ་སྟོན་པར་བྱེད་པ་ཡིན་ནོ་སྙམ་ན། གལ་ཏེ་གཉི་


DTG186_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཞེས་བྱ་བའོ། །དེ་ལས་ཏེ་ངེས་པ་ལས་བཟློག་པ་བསྒྲུབ་པ་ཅི་ལྟར་དེ་མ་ཡིན་པ་ཁོ་ནའོ། །ཕ་རོལ་པོས་མ་ཡིན་ཏེ་ཞེས་སྨྲས་སོ། །གྲུབ་པའི་མཐའ་སྨྲ་བ་ཚུ་རོལ་མཛེས་པ་པ་ལ་འདྲི་བ་ནི། ཅི་ལྟར་ཞེས་བྱ་བའོ། །གཞན་གྱི་ལན་ནི་ཤུགས་ཞེས་བྱ་བའོ། །གྲུབ་པའི་མཐའ་པ་རྣམ་པར་བརྟག་པ་བྱས་ནས་སུན་འབྱིན་པ་ནི་ཤུགས་དེ་ཞེས་བྱ་བའོ། །གཏན་ཚིགས་ཀྱི་ཞེས་བྱ་བ་ནི་ཨུཏྤལ་མ་ཡིན་པའིའོ། །ཚིག་གི་ནི་ཨུཏྤལ་མ་ཡིན་པའི་ཕྱིར་ཞེས་བྱ་བའིའོ། །མ་ངེས་པ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་ཡང་ནི་འཇིག་རྟེན་ཕ་རོལ་དང་ལྡན་པའི་སྐྱེས་བུ་ཡང་ངོ༌། །ཕྱོགས་གཉིས་པ་འགོག་པ་ནི། འོན་ཏེ་ཞེས་བྱ་བའོ། །ཟ་ཞེས་བྱ་བ་འདིས་ནི་ཟ་བའི་དོན་བརྗོད་པར་འདོད་པ་ཡིན་ནོ། །འོན་ཏེ་རྣམ་པ་དེ་ལྟ་བུའི་སྐྱེས་བུས་གཉིས་པ་ལ་རྗེས་སུ་འགྲོ་བ་གྲུབ་ན། སྦྱོར་བ་ཡང་དེ་ཁོ་ན་ལྟར་བསྟན་པར་བྱའོ་ཞེས་བརྗོད་པ་ནི། གལ་ཏེ་བུམ་པ་བཞིན་དུ་ཞེས་བྱ་བའོ། །བུམ་པ་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་ཆོས་ཅན་བུམ་པ་ཚད་མས་གྲུབ་པ་ལྟར་རོ། །ཁྱབ་པ་འཛིན་པའི་དུས་སུ་ཚད་མས་སྒྲུབ་པར་བྱེད་པའི་ཁྱབ་པར་བྱེད་པ་ཉིད་དུ་ཐོབ་པ་སྟེ་ངེས་པའི་ཡོད་པ་ཉིད་གལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚིག་ཅེས་བྱ་བ་ནི་གང་ཨུཏྤལ་མ་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུའི་སྐྱེས་བུས་གཉིས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ནོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་མངོན་པར་གསལ་བའི་སེམས་པ་ཅན་ཞེས་བྱ་བ་ལ་སོགས་པ་ཉིད་ཀྱིས་སོ། །དེ་ལྟ་ཡིན་ན་སྐྱེས་བུ་བསྒྲུབ་པར་བྱ་བ་ལ་ཡང༌། སུན་འབྱིན་པ་བརྗོད་པ་གང་ཡིན་པ་དེ་རྣམ་རྟོག་མཚུངས་པ་ཡིན་ནོ། །སྒྲ་དང་ཞེས་བྱ་བ་ལ་སོགས་པས་ནི་རྩོད་པ་རྗེས་སུ་བརྗོད་ནས་སུན་འབྱིན་པ་ནི། མ་ཡིན་ཞེས་བྱ་བ་སྟེ་མཚུངས་པའོ། །ཅིའི་ཕྱིར་ཞེ་ན། དཔེ་ལ་འཇིག་པ་གྲུབ་པས་སྒྲ་འཇིགས་པ་དེ་དང་ལྡན་པར་བསྒྲུབ་པའི་ཕྱིར་རོ། །ཅི་ལྟར་འཇིག་པ་སྔར་གྲུབ་པ་དེ་བཞིན་དུ། རྩིག་པ་ལ་སོགས་པ་དོན་གཞན་ལ་དེ་ལྟ་བུའི་སྐྱེས་བུ་སྔར་གྲུབ་པ་ཡོད་པ་ཡིན་ན་བུམ་པའང་དེ་ལྟ་བུའི་སྐྱེས་བུ་དེ་དང་ལྡན་པར་འགྱུར་རོ། །ངག་གི་ཞེས་བྱ་བ་ནི་བུམ་པ་ནི་ཞེས་བྱ་བ་ལ་སོགས་པའི་ངག་གི་ཤུགས་ཀྱིས་ཐོབ་པའིའོ། །དེ་བཞིན་དུ་མི་རྟག་པ་སྒྲུབ་པར་བྱེད་པ་ལ་ཁྱབ་པར་མ་གྲུབ་པོ་ཞེས་བྱ་བ་འདི་ནི་མ་ཡིན་གྱི། འོན་ཀྱང་གྲུབ་པ་ཁོ་ནའོ་ཞེས་བྱ་


DTG186_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏོ། །འདི་ནི་བསྒྲུབ་བྱའི་སྒོ་ནས་བརྗོད་པ་ཡིན་ནོ། །སྒྲུབ་པར་བྱེད་པའི་སྒོ་ནས་བརྗོད་པ་ནི། དེ་བཞིན་དུ་ཅི་ལྟར་ཞེས་བྱ་བའོ། །ཅི་ལྟར་ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་མ་གྲུབ་པ་དེ་བཞིན་དུ་བྱས་པ་ཉིད་ཀྱང་མ་གྲུབ་པོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་མི་རྟག་པ་ཉིད་བསྒྲུབ་སྙམ་ན། སྔ་ན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །དེ་དང་འདྲ་བ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་རྩོད་པའོ། །བུམ་པ་གཞན་དང་སྒྲ་གཞན་ཅི་ལྟར་འདྲ་བ་འགྲུབ་པར་འགྱུར། བུམ་པ་དང་སྒྲ་དག་ལ་མི་རྟག་པ་ཉིད་རྗེས་སུ་འགྲོ་བ་ན་འདྲ་བ་ཡིན་ནོ་ཞེ་ན། དེ་ཡིན་ན་འོ་ན་རྩིག་པ་དང་བུམ་པ་དག་ཀྱང་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཙམ་གྱིས་རྗེས་སུ་འགྲོ་བ་སྐྱེས་བུ་ཡང་འགྲུབ་པར་འགྱུར་ཏེ། དེའི་གྲུབ་པའི་མཐའ་སྨྲ་བའི་ལན་དོན་མེད་དོ། །གཞན་ཉིད་ཡིན་པ་ཁོ་ནས་འདྲ་བར་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ། །གཞན་ཉིད་མ་ཡིན་ན་འདྲ་བ་དེ་ཅི་ལྟར་ཡིན། ཅིའི་ཕྱིར་ཞེ་ན། གཅིག་ལ་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་འདྲ་བ་ཉིད་སྦྱོར་བར་བྱེད་པའོ། །དེ་ནི་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དང་ལྡན་པའོ། །འདིར་ཞེས་བྱ་བ་ནི་གང་བྱས་པ་དེ་ནི་མི་རྟག་གོ་ཞེས་བྱ་བའི་སྦྱོར་པ་ལའོ། །མི་རྟག་པ་ཉིད་རྗེས་སུ་འགྲོ་བར་འགྱུར་ན། ཆོས་ཅན་གྱི་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །འདི་ག་ལས་ཤེ་ན་བསྒྲུབ་པར་བྱ་བ་ནི་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་འགོད་པའི་སྔར་རོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །འབའ་ཞིག་ཅེས་བྱ་བ་ནི་ཆོས་ཅན་གྱི་རྣམ་པར་མ་དཔྱད་པ་རྗེས་སུ་འགྲོ་བས། ཆོས་ཅན་གྱི་ཁྱད་པར་ཅན་གྱི་མི་རྟག་པ་ཉིད་ཅི་ལྟར་འགྲུབ། གཞན་དང་ནི་འབའ་ཞིག་པ་དང༌། གཞན་འགྲུབ་ན་ཞེས་བྱ་བ་མ་འབྲེལ་པ་བཞིན་དུ་འགྲུབ་ན་ནིའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་ཐམས་ཅད་བསྒྲུབ་བྱ་ཡིན་ནའོ། །སངས་རྒྱས་པའི་དོགས་པ་བསུ་བ་ནི། སྨྲས་པ་ནི་ཞེས་བྱ་བའོ། །སྐྱོན་འདིར་ཞེས་བྱ་བ་ནི་གཏན་ཚིགས་འགལ་བ་དང་དཔེ་བསྒྲུབ་བྱ་མ་ཚང་པར་རོ། །གཞན་ལ་ཞེས་བྱ་བ་ནི་མ་སྨྲས་པའི་ཆོས་བསྒྲུབ་པ་ལའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་གྱིས་སུན་འབྱིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲས་པས་གསུངས་པའོ། །སྐྱེས་བུ་འགྲུབ་པ་ལ་ཡང་དེ་ལྟར་འགྱུར་རོ་ཞེ་ན།


DTG186_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་བསྒྲུབ་པ་ལ་ནི་ཞེས་བྱ་བའོ། །དེས་ཀྱང་ཞེས་བྱ་བ་ནི་གང་ཡང་རུང་བས་གཉིས་པ་དང་བཅས་པས་ཀྱང་མཚུངས་པ་ཉིད་མ་ཡིན་པའི་ཕྱིར་རོ། །འདིར་ནི་ཞེས་བྱ་བ་ནི་རྒྱང་འཕན་པའི་སྦྱོར་བ་ལ་ནིའོ། །གལ་ཏེ་སོ་སོར་ཞེས་བྱ་བ་ནི་གཞན་གྱིའོ། །ལེན་ནི་འདིར་ཞེས་བྱ་བ་སྟེ་ལྷས་བྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་ལ་ཟས་བྱིན་ཅིག་ཅེས་བྱ་བར་རོ། །དེ་ཡང་ནི་ངེས་པའོ། །མངོན་སུམ་གྱིས་ཞེས་བྱ་བ་ནི་ཚིག་ཙམ་གྱི་བྱེད་པ་ཉམས་པར་བྱེད་པའོ། །དངོས་པོའི་ཤུགས་ཀྱིས་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པ་གཉི་གས་བཟའ་བའི་ཡུལ་མ་ཡིན་པ་རུང་བ་ལ་སོགས་པ་དེའི་ཤུགས་ཀྱིས་སྐྱེས་བུ་གཅིག་ཁོ་ན་ལ་བཟར་གཞུག་པར་ངེས་པ་ཡིན་གྱི་ལྷས་བྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་ལ་ཟན་བྱིན་ཅིག་ཅེས་བྱ་བའི་ཚིག་གི་ཤུགས་ཀྱིས་ནི་མ་ཡིན་ནོ། །རྗེ་བོས་གང་ཡང་རུང་བ་ལ་ཟན་བྱིན་ཅིག་ཅེས་བརྗོད་པས་ཁོལ་པོ་ནན་གྱིས་འཇུག་པ་ནི་མ་ཡིན་ལ། ཟབ་པོ་ཡང་འཇུག་པ་མ་ཡིན་ཞིང༌། བྱིན་ཅིག་ཅེས་བརྗོད་པས་སྟེར་བ་པོ་འཇུག་པ་ཡང་མ་ཡིན་ཏེ། གསུམ་ཀ་ཡང་རྣག་གི་འདོད་པས་འཇུག་པའི་ཕྱིར་རོ། །འདི་ལྟར་རྗེ་པོས་གང་ཡང་རུང་བ་ལ་བཞས་བ་དྲོངས་ཤིག་ཅེས་སྨྲས་ཀྱང་སྙོམ་ལས་ཀྱིས་ཟན་འདྲེན་པ་ལ་མི་འཇུག་ལ། ཟ་བ་པོ་ཡང་ན་པ་ལ་སོགས་པའི་དབང་གིས་ཟབ་ལ་འཇུག་པ་མ་ཡིན་ཞིང༌། བསླངས་ཀྱང་གཏོང་བ་པོ་གཏོང་བ་ལ་མི་འཇུག་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཟབ་པོའམ་ཞེས་སྨོས་ཏེ། ཟབ་པོའམ་སྟེར་བ་པོ་རང་གི་འདོད་པས་འཇུག་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །འདིར་ཡང་ཞེས་བྱ་བ་ནི་གཉིས་པ་དང་བཅས་པའི་སྦྱོར་བ་ལ་ཡང་ངོ༌། །སྒྲུབ་པར་བྱེད་པའི་ཞེས་བྱ་བ་ནི་ཨུཏྤལ་མ་ཡིན་པ་ལ་སོགས་པའིའོ། །བཟློག་པ་ལ་ཡང་ཞེས་བྱ་བ་ནི་དེ་འདྲ་བའི་སྐྱེས་བུ་མེད་པ་ལ་ཨུཏྤལ་མ་ཡིན་པ་ཉིད་སྲིད་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་མེད་པ་དང་འགལ་པར་བསྟན་པས་སོ། །ཅི་ལྟར་འདི་བསལ་བ་ཡིན་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གྲུབ་པ་ལ་བསྒྲུབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི། ཡུལ་ངེས་པ་མ་ཡིན་པ་ནི་ཁྱབ་པ་སྒྲུབ་པའི་ཚད་ཀྱིས་གྲུབ་པའི་ཕྱིར་རོ། །གལ་ཏེ་སྒྲ་ལ་ཞེས་བྱ་བ་ནི་མི་རྟག་པ་ཉིད་སྒྲུབ་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་སྤྱི་ཡིན་ནོ་ཞེས་འགལ་བ་ཡིན་ནོ།།


DTG186_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་གསལ་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །ཐེ་ཙམ་གྱིས་སྤྱི་དེ་ལ་ཁྱད་པར་གྱི་མཐར་ཐུག་པའི་ད་ནི། ཕྱོགས་ཀྱི་ཆོས་དང་ལྡན་པ་ལས་འགྱུར་བ་ཡིན་ནོ། །འབྲེལ་བ་བཟུང་བ་ལས་གཞན་ཞེས་བྱ་བ་ནི་བྱ་བར་དྲན་པའི་རྗེས་ཐོགས་སུ་འགྱུར་བ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཉིན་ནི་ཕྱོགས་ཀྱི་ཆོས་ཀྱི་ཤུགས་ཀྱིས་འགྱུར་བ་ཡིན་གྱི། འབྲེལ་བ་དྲན་པའི་དབང་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་གིས་དཔེ་ལ་རྗེས་སུ་འགྲོ་བར་མཐོང་བ་དེ་འདི་ན་མེད་པའི་ཕྱིར་ཅི་ལྟར་དེའི་ཁྱད་པར་ཅན་དུ་འགྲུབ་སྙམ་ན། དེ་ཉིད་དོ་ཞེས་གསུངས་སོ། །འདི་ནི་གཅིག་ཉིད་ཀྱི་རྣམ་པའོ། །ཁྱད་པར་དང་འབྲེལ་པ་རྟོགས་པ་ལ་ཉེས་པ་ཅི་ཡོད་སྙམ་ན། ཡུལ་དང་ཞེས་བྱ་བའོ། །གལ་ཏེ་ཡུལ་ལ་སོགས་པར་ངེས་པའི་ཆུ་སྐོམ་ཞི་བར་བྱེད་པ་ག་དང་བ་ཡིན་ནོ། །དེའི་དོན་དུ་ཉེ་པར་གཞན་དུ་འཇུག་བར་མི་འགྱུར་བའི་ཕྱིར་ན། ཁྱད་པར་དང་འབྲེལ་པ་རྟོགས་ན་ཐ་སྙད་མེད་པར་འགྱུར་རོ། །དེས་ན་ཁྱབ་པ་ནི་སྤྱི་ཉིད་ལ་ངེས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །སྤྱི་ནི་སྒྲུབ་པར་བྱེད་པའི་སྤྱིའོ། །བསྒྲུབ་པར་བྱ་བ་དང་ལྷན་ཅིག་སྤྱི་རྟོགས་པ་ཁོ་ནའོ་ཞེ་ན། བསྒྲུབ་པར་བྱ་བ་ཡང་ཞེས་བྱ་བའོ། །བསམ་པ་ནི་འདི་ཡིན་ཏེ། ཅི་སྲིད་བསྒྲུབ་པར་བྱ་བ་དང་ལྷན་ཅིག་སྒྲུབ་པར་བྱེད་པ་མ་རྟོགས་པ་དེ་སྲིད་དུ་ནི་རྗེས་སུ་དཔག་པ་མེད་ལ། ཅི་སྲིད་རྗེས་སུ་དཔག་པ་མེད་པ་དེ་སྲིད་དུ་ཡང་བསྒྲུབ་བྱ་དང་ལྷན་ཅིག་སྒྲུབ་བྱེད་མི་རྟོགས་ཏེ་དེས་ན་ནང་གི་ཁྱབ་པ་ནི་མི་འཐད་པ་ཁོ་ནའོ་ཞེས་བྱ་བའོ། །དེ་ལྟ་ནའོ་ན་ཕྱིའི་ཁྱབ་བར་འགྱུར་རོ་ཞེ་ན། ཕྱིའི་ཞེས་བྱ་བའོ། །ཅིའི་ཕྱིར་འགྲུབ་པ་མ་ཡིན་ཞེ་ན། ཕྱོགས་ཞེས་བྱ་བའོ། །ཕྱོགས་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་ནི། བསྟན་པར་མི་བྱ་བའོ། །ཁྱབ་བའི་རྣམ་པ་བརྗོད་པའོ། །རྣམ་བ་འདི་འདྲ་བའི་ཁྱབ་པ་ལ་ནི་བསྒྲུབ་བྱ་འགྲུབ་པ་ཡོད་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཁྱབ་པར་མ་འདུས་པའི་ཕྱིར་རོ། །རྩོད་པ་འདི་ཉིད་སྡུད་པ་ནི། དེས་ན་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ཁྱབ་པ་མི་འགྲུབ་པ་ནི་ཕན་ཚུན་བརྟེན་པའི་ཉེས་པས་སོ། །དེས་ན་ཕྱིའི་ཁྱབ་པ་ལ་བརྟེན་པར་བྱ་བ་ཡིན་ན། ཕྱིའི་ཁྱབ་པ་དེ་ལ་ནི་ནམ་ཡང་བསྒྲུབ་བྱ་འགྲུབ་པ་མེད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་ཞེས་བྱ་བ་ལ་སོགས་པའོ། །ནང་གི་ཁྱབ་པ་དང་ཕྱིའི་ཁྱབ་པའི་ཚུལ་འདི་ནི་གཞན་ལ་ལྟོས་ནས་


DTG186_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིན་གྱི། རང་གི་སྡེ་བ་ལ་ལྟོས་ནས་ནི་མ་ཡིན་ནོ། །གཞན་དག་ནི་གྲུབ་པ་ལ་སྒྲུབ་པའི་ཉེས་བ་སྤང་པའི་དོན་ཏུ་ཕྱོགས་ནང་དུ་མ་བསྡུས་པར་ཁྱབ་པར་རྟོགས་པར་བྱེད་ཅིང་སྟོན་པར་ཡང་བྱེད་དོ། །དེས་ན་འདི་ནི་ཕྱིའི་ཁྱབ་པ་སྨྲ་པ་ཞེས་བྱ་བའོ། །ཡང་གང་ཞིག་ཕྱོགས་ནང་དུ་བསྡུས་ནས་ཁྱབ་པ་སྟོན་པ་དེ་ནི་ནང་གི་ཁྱབ་པ་སྨྲ་བ་ཡིན་གྱི། བྲམ་ཟེ་ཨར་ཙ་ཊ་ལྟ་བུ་ནི་མ་ཡིན་ནོ། །ཆོས་ཅན་དང་བཅས་པའི་ཁྱབ་པའི་རྣམ་པ་བརྗོད་པ་ནི། གང་གང་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཕྱོགས་ནང་དུ་བསྡུས་བ་ཁོ་ནས་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་གྱི། གང་གིས་ཁྱབ་པ་མ་གྲུབ་པར་བསྒྲུབ་པ་རྗེས་སུ་དཔག་པ་དེ་ཉིད་ལས་བསྒྲུབ་པར་བྱ་བ་རྟོགས་པ་ནི་མ་ཡིན་གྱི་འོན་ཀྱང་ཚད་མ་གཞན་ལས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་སོ་སོར་ངེས་པའི་ཡུལ་ན་གནས་པའི་མེ་ཁྱབ་པའི་དུས་སུ་ཅི་ལྟར་བཟུང་ན་ཡང་རྗེས་སུ་དཔག་པ་དོན་མེད་པར་འགྱུར་རོ་ཞེས་དོགས་ན། ཕྱོགས་འདི་ནི་ཞེས་བྱ་བའོ། །ཕྱོགས་འདི་ནི་མེ་དང་ལྡན་པ་ཡིན་ཏེ་དུ་བ་དང་ལྡན་པའི་ཕྱིར་ཚང་བད་ནི་ཕྱོགས་བཞིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པས་གཟུང་བར་ལྡན་པའི་དོན་ནི། སྔར་ཞེས་བྱ་བ་ཁྱབ་པ་འཛིན་པའི་དུས་ཉི་དུ་གཟུང་ངོ་ཞེས་བརྗོད་བར་ཟད་ཀྱི་དེ་ཁོ་ནར་ནི་གཟུང་བ་མེད་དོ། །དེ་ཁོ་ནར་མ་བཟུང་ན་གཟུང་ཞེས་ཅི་ལྟར་བརྗོད་སྙམ་ན། དེ་ལྟ་བུ་ཉིད་རྟོགས་པའི་ཞེས་བྱ་བའོ། །ཁྱབ་པ་འཛིན་པའི་དུས་སུ་འོལ་སྤྱིའི་རྣམ་པ་ཙམ་དུ་ལྡན་པའི་དོན་རྟོགས་པའི་ཤུགས་ཀྱིས་སོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་འདོད་པ་ཙམ་གྱི་ཤུགས་ཀྱིས་མི་བརྗོད་ཀྱིས་འོན་ཀྱང་ཡུལ་ལ་སོགས་པར་ངེས་པའི་བསྒྲུབ་པར་བྱ་བ་རྟོགས་པ་ཉིད་དུ་བརྗོད་ནའོ། །འདི་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་རྗེས་སུ་དཔག་བས་ཅི་བྱ། སྔར་གྱི་ཞེས་བྱ་བ་ཚང་བང་ན་གནས་པའི་དུ་བ་རྟོགས་པ་ཉིད་དུའོ། །དེས་ན་ཁྱབ་པ་འཛིན་པའི་དུས་ན། དེ་ཁོ་ནར་བསྒྲུབ་བྱ་རྟོགས་པ་ནི་ཡོད་པ་མ་ཡིན་ནོ། །དེ་རྟོགས་པ་ནི་སྲིད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། འབྱུང་བར་འགྱུར་བ་ཞེས་བྱ་བའོ། །ཁྱབ་པ་འཛིན་པའི་དུས་ན་མེད་པ་ཡིན་ནོ། །ཅིའི་ཕྱིར་གང་གི་ཕྱིར་འབྱུང་པར་འགྱུར་བ་ཡིན་པས་སོ། །དེའི་རང་བཞིན་ཞེས་བྱ་བ་ཁྱབ་པའི་དུས་ཀྱི་འོལ་སྤྱིར་རྟོགས་པ་ཡོད་པ་ཉིད་ཀྱིས་སོ། །གཞན་གྱི་ཐ་སྙད་ཙམ་གྱི་ཞེས་སྨྲས་སོ། །གལ་ཏེ་ཁྱབ་པའི་


DTG186_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལྷག་པར་ཞེན་པས་དངོས་པོ་མ་བཟུང་ན་དེའི་ཚེ་ལྷག་པར་ཞེན་པ་དེ་བསྡུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དེ་ལྟ་བུའི་ཞེས་བྱ་བའོ། །གལ་ཏེ་བྱ་བ་པའི་ལྷག་པར་ཞེན་པ་སྲེས་བྱེད་མ་ཡིན་པ་ལ་སོགས་པར་འགྱུར་བ་ཡིན་ན་དེའི་ཚེ་སླུ་བར་འགྱུར་རོ་གང་གི་ཚེ་མེད་དང་དུ་བདག་ལ་སྲོག་པ་ལ་སོགས་པར་བྱེད་པ་དང་མཚུལ་དུ་བརྐུ་བ་ལ་སོགས་པར་བྱེད་པར་ལྷག་པར་ཞེན་པར་བྱེད་པ་དེའི་ཚེ་ནི་སླུ་བ་མ་ཡིན་ནོ། །ངེས་པ་འདི་ཞེས་བྱ་བ་ནི་དེ་ལྟ་བུའི་དོན་བྱ་བ་བྱེད་ག་ཁོ་ན་ལ་ཁྱབ་པར་ལྷག་པར་ཞེན་གྱི་གཞན་ལམ་ཡིན་ནོ་ཞེས་བྱ་བའི་དེས་པ་འདི་ཅི་ཡོད་དེ་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་མེ་དང་དུ་བ་དག་ལ་ཁྱབ་པ་ཞེན་ཕར་བྱེད་པ་ནི་བརྒྱུད་ནས་མེ་དང་དུ་བ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེས་ན་དེ་གཉིས་ལ་ངེས་པ་ཡིན་ནོ། །ངེས་བ་ཞེས་བྱ་བ་ནི་མེ་དད་དུ་བདག་ལ་ཁྱབ་པ་ལྷག་བར་ཞེན་པ་འབྲས་བུ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཅི་ལྟར་འཛིན། ཐ་སྙད་ཅེས་བྱ་བ་ནི། ཁྱབ་པར་ངེས་པ་མེ་དང་དུ་བ་དག་ལ་ངེས་པ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་འདི་ཉིད་ལས་སོ། །འདི་ནི་ཞེས་བྱ་བ་འདོད་པ་བསྒྲུབ་བྱ་ཉིད་དུ་བརྗོད་པས་སོ། །དེ་ལས་བཟློག་བ་ཞེས་བྱ་བ་ཐལ་བར་བྱས་བ་ལས་བཟློག་པ་བསྒྲུབ་པའི་ཕྱིར་རོ། །ཅི་ལྟར་སྙམ་ན་ཅི་ལྟར་གཏན་ཚིགས་འདི་ཞེས་སྨྲས་སོ། །ཆོས་ཅན་ལས་གཞན་གྱིས་ཁྱད་པར་དུ་འགྱུར་བའི་མི་རྟག་པ་ཉིད་གང་ཡིན་དེ་མེད་པ་ཡང་སྒྲུབ་པར་བྱེད་པ་ཡིན་ཏེ། བཟློག་པས་ཁྱབ་པར་རྟོགས་པའི་ཕྱིར་རོ། །མི་རྟག་པའི་སྒྲ་ཞེས་བྱ་བ་ནི། གང་ལ་མི་རྟག་པའི་སྒྲ་ཡོད་པ་དེའི་དངོས་པོ་སྟེ་དེ་ལྟར་ནི་སྒྲ་ལ་སྒྲུབ་པ་མ་ཡིན་ནོ། །དེ་ལྟ་བུའི་ཉིད་དུ་ཞེས་བྱ་བ་ནི་མི་རྟག་པ་ཙམ་བསྒྲུབ་པ་ཁོ་ནས་སོ། །དེས་ན་རྣམ་པ་དེ་འདྲ་བའི་སྤྱིའོ། །འོ་ན་གང་གི་ཚེ་ཉེས་པར་འགྱུར་ཞེ་ན། མི་རྟག་པ་ཙམ་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་འབའ་ཞིག་པའི་ཆོས་བསྒྲུབ་པ་ཉིད་ཀྱིས་སོ། །གཅིག་ལ་ཞེས་བྱ་བ་ནི་ཆོས་ཅན་ལ་གཉིས་པ་མི་རྟག་པ་ཉིད་བསྒྲུབས་ན་ཕན་ཚུན་གྱི་ཁྱད་པར་ཅན་ཚོགས་པ་འགྲུབ་པའི་ཕྱིར་རོ། །གལ་ཏེ་གཅིག་ལ་གཉིས་པ་བསྒྲུབས་པས་ཚོགས་པར་འགྲུབ་ན་འོ་ན་ཅི་ལྟར་ཞེས་བྱ་བའོ། །ཚོགས་པ་བཟློག་བ་འབའ་ཞིག་འགལ་བར་འགྱུར་བ་ཞིག་ན་དེ་ལས་གཞན་བཟློག་པ་ཡང་ཡིན་ཏེ་དེས་ན་སྒྲའི་ཁྱད་ཕར་ཅན་གྱི་མི་རྟག་པ་ཉིད་ལ་


DTG186_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་བསབ་པར་བྱ་བ་ཡིན་ལ། དེ་ཕྱིན་ཅི་ལོག་ཏུ་བྱེད་པའི་ཕྱིར་ན་གཏན་ཚིགས་འགལ་བ་ཡིན་ནོ་ཞེས་གཞན་དག་སེམས་པའོ། །ལན་ནི་དེའི་སྒོ་ཉིད་ནས་ཞེས་བྱ་བའོ། །ཆོས་ཀྱི་ཁྱད་པར་ལ་སོགས་པ་བཟློག་པའི་སྒོ་ནས་སོ། །འདི་ཉིད་གསལ་བར་བྱེད་པ་ནི། གང་གི་ཞེས་བྱ་བའོ། །ཆོས་ཀྱི་ཁྱད་པར་འགོག་པ་ལ་སོགས་པའི་དཔེར་བརྗོད་པ་དག་ནི། ཆོས་དང་ཆོས་ཅན་ཁྱད་པར་དང༌། །ཆོས་ཅན་རང་གི་ངོ་བོ་ལ། །ཞེས་བྱ་བ་འདིའི་ནང་དུ་སྟོན་པར་འགྱུར་རོ། །དོགས་པ་བསུ་བ་ནི་སྒྲ་ནི་ཞེས་བྱ་བའོ། །སྒྲ་གང་ལ་མི་རྟག་པའི་སྒྲ་ཡད་པ་ཞེས་ཚིག་སྦྱར་རོ། །ཆོས་ཅན་གཞན་ལ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་གཞན་ལ་མི་རྟག་པའི་ཁྱད་པར་ཅན་གྱི་སྒྲ་གཞན་བསྒྲུབ་ཏུ་མེད་དེ། གྲུབ་པ་ཉིད་དུ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི། ཆོས་ཅན་སྒྲ་ལ་སྒྲ་དང་མི་རྟག་པ་ཉིད་ཀྱི་སྤྱི་གཞན་སྒྲུབ་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རང་ཉིད་སྨོས་པ་དོན་མེད་པར་ཕྱོགས་སྔ་མ་འགོག་པའོ། །འདོད་པ་སྨོས་པ་ཉིད་ཀྱིས་རང་ཉིད་ཀྱི་སྒྲའི་གཅད་བྱ་བཟློག་པའི་ཕྱིར་ན་རང་ཉིད་ཀྱི་སྒྲ་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་ངེ་ཞེས་བྱ་བ་ནས་སྐྱོན་ཡིན་ནོ་ཞེས་བྱ་བའི་བར་ནི་ཐམས་ཅད་ཀྱང་རྣམ་འགྲེལ་ལ་འཇུག་བའི་དོན་དུ་རྩོད་པ་བྱེད་པའོ། །དམ་བཅའ་བ་ནི་ཞེས་བྱ་བ་ནས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ནི་རིགས་པའི་བཤད་པའོ། །རྣམ་འགྲེལ་ལས་ཞེས་བྱ་བ་ནི་གསལ་བྱེད་ཀྱི་སྟེ། གཞན་དུ་ནི་ལུང་ཞེས་བྱ་བ་ནས་འདི་ལྟར་གྱི་ལྟག་ཡན་ཆད་དོ། །གཞན་དུ་ན་ཞེས་བྱ་བ་ནི། གལ་ཏེ་ལུང་གི་དོན་སྟོན་པའི་ཕྱིར་དམ་བཅའ་བ་ལུང་ཡིན་ནོ་ཞེས་མི་བརྗོད་ན་དའི་ལུང་ཚད་མ་ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་ལ་ཞེས་བྱ་བ་དམ་བཅའ་བའི་དོན་ལ་གནོད་ནའོ། །དེའི་དོན་ལ་གནོད་ན། དམ་བཅའ་བའི་སྐྱོན་ཡང་ཡིན་ནོ་ཞེས་འབྲེལ་ཏེ། གང་གིས་དམ་བཅའ་བའི་སྐྱོན་དུ་འགྱུར་བ་དེའི་དོན་ལ་གནོད་པ་ཉིད་དུ་ཅི་ལྟར་འགྱུར་སྙམ་ན། མི་རྟག་པ་ཉིད་ཀྱང་ཞེས་བྱ་བའོ། །ནམ་མཁའི་ཡོན་ཏན་ཉིད་དང་ལྷན་ཅིག་སྒྲ་ལ་འདུ་བ་མི་རྟག་པ་ཉིད་ག་ལ་ཡོད་པའི་མི་རྟག་པ་དེ་ཉིད་བསྒྲུབ་པར་བྱ་བ་སྟེ། དམ་བཅའ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་ཅི་ལྟར་དམ་བཅའ་བའི་ཉེས་པ་ཡིན་སྙམ་ན། ཅི་ལྟར་ཞེས་བྱ་


DTG186_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའོ། །བསྟན་བཅོས་ལ་བརྟེན་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་རྣམ་པ་འབའ་ཞིག་གིས་སྒྲ་དེ་ལ་ནས་མཁའི་ཡོན་ཏན་ཉིད་བསྒྲུབ་པར་བྱ་བ་ལྟར་རོ། །དམ་བཅའ་བའི་དོན་དེ་བསྒྲུབ་པར་བྱ་བ་ནི་དེ་ལྟ་བུའི་ཞེས་བྱ་བ་སྒྲ་དེ་ལ་འདུ་བའི་མི་རྟག་པ་ཉིད་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །དེས་ནི་མི་རྟག་པ་ཉིད་སྒྲུབ་པའི་རྟགས་ཀྱིས་སོ། །དམ་བཅའ་བའི་སྐྱོན་དེ་ལུང་དང་འགལ་བ་ཡིན་ནོ། །གལ་ཏེ་གཏན་ཚིགས་འདིས་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་དེ་ལྟན་ཡང་དག་གི་བསྟན་བཅོས་ཀྱི་དེ་ན་བཀག་པས་འགལ་བར་འགྱུར་བ། ནམ་མཁའ་ཡོན་ཏན་ཉིད་ཅི་ལྟར་སེལ་བར་བྱེད་པ་ཡིན་སྙམ་ན། འདི་ལྟར་ཞེས་སྨྲས་སོ། །སྐད་ཅིག་དེ་མ་ཐག་ཏུ་འཇིག་གམ། དུས་གཞན་དུ་འཇིག་ཀྱང་རུང་ཏེ། ནམ་མཁའ་ཡོན་ཏན་ཉིད་རྣམ་པར་གནས་པ་མ་ཡིན་ནོ། །དེས་ན་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བསྟན་བཅོས་ལ་གནོད་པའི་ཕྱིར་འགལ་བ་ཡིན་ནོ་ཞེས་བྱ་པའི་དོན་ཡིན་ནོ། །ཕ་རོལ་བོ་དག་རྣམ་པ་འགའ་ཞིག་ལྟར་ནམ་མཁའ་འཛིན་བ་ལ་ཉེ་བར་མཁོ་བ་བརྗོད་པ་ནི་རླུང་གིས་ཞེས་བྱ་བའོ། །དེ་དག་གིས་ནི་ནམ་མཁས་སོ། །དེས་ནི་ཞེས་བྱ་བ་སྒྲ་ལའོ། །གང་གིས་ནམ་མཁའ་འཛིན་པར་སྟོན་པར་རླུང་གིས་ཁྱེད་པར་ཅི་ལྟར་འགྱུར་ཞེ་ན། དེ་ནི་དེའི་རང་བཞིན་ཉིད་ཅེས་བྱ་བའོ། །ལན་ནི་འཇིག་རྒྱུ་མེད་ཀྱི་བར་དུ་ཞེས་བྱ་བའོ། །འོ་ན་རྟག་པར་གནས་པ་རྣམས་ལ་རྟེན་ཡོད་པར་འགྱུར་རོ་སྙམ་ན་བ་རྗོད་པ། གལ་ཏེ་སྐད་ཅིག་གནས་བའི་སྒྲ་ལ་བཤད་ཟིན་པའི་ཚུལ་དུ་རྟེན་བྱེད་པ་ཡིན་ལ་དུས་གཞན་གནས་བའང་ཡོད་པ་མ་ཡིན་ནོ། །དེའི་རྟག་ཕ་དུས་ཐམས་ཅད་དུ་གནས་པ་ལ་ཡང་རྟེན་ཉིད་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དོན་མེད་པ་ཡིན་པས་སོ། །དེས་ན་དོན་དམ་པར་ན་རྟེན་དང་བཅས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཕ་རོལ་པོ་ཅི་སྐད་བརྗོད་པའི་སུ་ན་འབྱིན་པ་ཁས་ལེན་པས་སྒྲ་དུས་གཞན་དུ་གནས་པའི་ཕྱོགས་ལ་ཁྱད་པར་ཉེ་བར་སྟོན་བ་ན་རྟེན་དང་བཅས་པར་རྟོགས་པ་ནི་རིགས་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་བདེན་ཞེས་བྱ་བ་སྟེ། བརྗོད་མ་ཐག་པ་སུན་འབྱིན་བ་དེའོ། །དེ་ལྟན་ཡང༌། དུས་ཅུང་ཟད་གནས་པའི་སྒྲའི་རང་བཞིན་ནི་རྟེན་དང་བཅས་པའི་མཚན་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལ་ཞེས་བྱ་བའོ། །དེའི་


DTG186_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་བྱ་བ་ནི་གསལ་བྱེད་ཀྱི་ལུགས་ཉེ་བར་སྡུད་པའོ། །མི་རྟག་པ་ཞེས་བྱ་བ་སྐད་ཅིག་མ་ཉིད་དུའོ། །དུས་ཅུང་ཟད་གནས་པའི་མི་རྟག་བ་ཉིད་ལ་ནི་རྟེན་དང་བཅས་བ་ཉིད་མི་འགལ་བས་གཏན་ཚིགས་དང་དམ་བཅའ་བའི་ཉེས་པར་མི་འགྱུར་རོ། །གཞན་ལའང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ལ་ཡང་སྐབས་མ་ཡིན་བ་དེ་ནི་མཚུངས་སོ། །བཟློག་པ་བསྒྲུབ་པ་ལ་ཡང་སྐྱོན་དུ་འགྱུར་རོ་ཞེས་འབྲེལ་ཏོ། །གང་གིས་དེ་ལས་བཟློག་པ་བསྒྲུབ་བ་མ་སྐྱོན་དུ་འགྱུར་བ། ཅི་སྟེ་བསྒྲུབ་པར་བྱ་བ་ཡིན་ནམ་ཞེ་ན། གང་གིས་ཕྱིར་ཞེས་བྱ་བའོ། །དེས་ཞེས་བྱ་བ་བསྟན་བཅོས་ཀྱིས་བརྗོད་པ་སྒྲ་དེའི་ཆོས་ནམ་མཁའི་ཡོན་ཏན་ཉིད་གང་ཡིན་པ་དེ་དང་འབྲེལ་བར་གྱུར་པའི་མི་རྟག་པ་ཉིད་དེ་ནི་བསྒྲུབ་པར་བྱ་བ་ཡིན་བདེ་བཞིན་དུ་བསྟན་བཅོས་བྱེད་པས་འདོད་པའི་དྲི་ཞེས་བྱ་བ་སྒྲ་ཆོས་ཅན་ལ་ལྟོས་ནས་ཆོས་ཅན་གཞན་དེ་དང་འབྲེལ་བ་སའི་ཡོན་ཏན་ཉིད་འབྲེལ་པ་ཉིད་ཀྱི་བསྟན་བཅོས་ཏེ། དེ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསྟན་བཅོས་དེས་བསྒྲུབས་པའི་མི་རྟག་པ་ཡང་བསྒྲུབ་པར་བྱ་བ་ཡིན་པར་འགྱུར་རོ་ཞེས་སྦྱར་རོ། །དེ་བཀག་ན་ཡང་ཞེས་བྱ་བ་ནི་སའི་ཡོན་ཏན་བཀག་ན་ཡང་སྟེ། ནམ་མཁའི་ཡོན་ཏན་བཀག་པ་འབའ་ཞིག་ཏུ་ནི་མ་ཟད་པའོ། །བསྟན་བཅོས་གང་དུ་སྒྲ་ནམ་མཁའི་ཡོན་ཏན་དུ་བརྗོད་པའི་བསྟན་བཅོས་དེ་དང་འབྲེལ་བར་བསྟན་པའི་ཕྱིར་མི་རྟག་པ་ཉིད་མི་འཐད་དོ། །དེའི་ཕྱིར་དམ་བཅའ་བའི་སྐྱོན་དུ་འགྱུར་བ་ཉིད་དོ། །ཆོས་ཅན་ཞེས་བྱ་བ་ནི་སྒྲའོ། །ཆོས་ཅན་གཞན་དུའང་ཞེས་བྱ་བ་ནི་དྲི་ལའོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་སྟེ་མི་རྟག་པ་ཉིད་ཀྱི་ཆོས་ཀྱི་གཞི་ཡིན་པས་ཏེ། ནམ་མཁའི་ཡོན་ཏན་ཉིད་ཀྱི་གཞི་ཡིན་པས་ནི་མ་ཡིན་པའོ། །ཆོས་གཞན་ཞེས་བྱ་བ་ནམ་མཁའི་ཡོན་ཏན་ཉིད་ཀྱི་རྟེན་ཡིན་པས་ཀྱང་སྐབས་སུ་བབ་པའོ། །ལན་ནི་དེ་ལྟར་ན་ཞེས་བྱའོ། །དེའི་ཕྱོགས་གཅིག་ཏུ་གྱུར་པའི་བསྟན་བཅོས་ཀྱིས་བརྗོད་པའི་ཆོས་ཅན་སྒྲ་ཞེས་བྱ་བ་གང་ཡིན་པ་དེ་ལས་ཆོས་ཅན་གཞན་དྲི་དེ་དང་འབྲེལ་པའི་ཆོས་སའི་ཡོན་ཏན་ཉིད་དེ་དང་འབྲེལ་པ་ཡང་ཆོས་ཅན་སྒྲའི་སྐབས་ཡིན་པའི་ཕྱིར་ཞེས་སྦྱར་རོ། །འོན་ཏེ་ཡང་མི་རྟག་པ་ཉིད་ཀྱི་ཆོས་དེའི་གཞིར་གྱུར་བའི་སྒྲའོ། །ཆོས་གཞན་ཡང་ཞེས་


DTG186_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །ཆོས་ཅན་ཆོས་སོགས་ཞེས་བྱ་བ་ནི། ཆོས་ཅན་གྱིས་ཆོས་ཡིན་བའི་ཕྱིར་རོ། །སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའོ། །འདོད་པ་དང་སྒྲུབ་པར་བྱེད་པ་འཇུག་པ་ཞེས་བྱ་བ་ནི། སྤྱིའི་ཕྱོགས་གཅིག་གི་ཁྱད་པར་ཉིད་ནི་རྟག་ཏུ་ཡོད་པའི་ཕྱིར་ན། ཡོད་པ་ཙམ་གྱིས་བསྒྲུབ་པར་བྱ་བའི་འདོད་པ་འཇུག་པར་བྱེད་པར་འགྱུར་ལ། དེ་བཞིན་དུ་བྱས་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་ཡང་བསྒྲུབ་བྱར་སྒྲུབ་པའི་དོན་ཏུ་ཉེ་བར་སྦྱོར་བར་འགྱུར་རོ། །དོགས་པ་བསུ་བ་ནི་འོན་ཏེ་ཞེས་པའོ། །བསྒྲུབ་པར་བྱ་བའི་སྤྱི་ནི་མི་རྟག་པ་ཉིད་ཀྱི་ཆོས་དང་བཅས་པའི་སྒྲ་ཡིན་ལ་དེའི་ཕྱོགས་གཅིག་གི་ཁྱད་པར་ནི་ནམ་མཁའི་ཡོན་ཏན་གྱི་མཚན་ཉིད་ཀྱི་ཆོས་ཏེ། དེར་འདོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནུས་པ་ཐོགས་པ་མེད་པ་ཉིད་དུའོ། །དེའི་སྟེ་སྐབས་ཀྱི་འབྲས་བུའོ། །སྒྲ་མི་རྟག་སྟེ་ཞེས་བརྗོད་པ་ལས་མི་རྟག་པ་ཉིད་སྐབས་སུ་བབ་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་བའོ། །དེ་ལྟར་ན་རྟོགས་པ་ཡང་དེ་དག་གིས་ཞེས་བྱ་བའི་རྣམ་འགྲེལ་གྱི་ཆ་ལ་རྩོད་པ་ཉེ་བར་བཀོད་ནས་ལན་འདེབས་པ་ནི་འདིར་བརྗོད་པ་ཞེས་བྱ་བའོ། །འདོད་པ་ལ་སྐབས་དེ་ཉིད་ཀྱི་ནུས་པ་ཡོད་པ་ནི་ཚིག་ལས་རྟོགས་པར་འགྱུར་པ་ཡིན་ནོ། །དེའི་ཕྱིར་ན་ཚིག་དེ་ལས་སྐབས་རྟོགས་པ་ཉིད་ཡིན་ནོ། །གལ་ཏེ་ཚིག་ཉིད་ལས་འདོད་པ་རྟོགས་ཀྱི་སྐབས་ལས་ནི་མ་ཡིན་ནོ་སྙམ་ན། འདོད་པ་ཞེས་སྨོས་སོ། །ཚིག་ལས་ནི་འདོད་པ་ཙམ་ཞིག་རྟོགས་ཀྱི་འདོད་པའི་ཁྱད་པར་ནི་མ་ཡིན་ནོ། །དེས་ན་འདོད་པའི་དོན་ལ་ངེས་པ་ཉིད་དུ་ནི་སྐབས་ལས་རྟོགས་པ་ཡིན་ནོ་ཞེས་བརྗོད་དོ། །གལ་ཏེ་ཚིག་ལས་སྐབས་ཀྱི་ནུས་པ་ན་འདོད་པ་ཉིད་ཅི་སྟེ་མི་རྟོགས་སྙམ་ན། ཚིག་ལས་ནི་ཞེས་སྨོས་སོ། །འོ་ན་སྐབས་འདོད་པའི་གོ་བར་བྱེད་པར་འགྱུར་རོ་སྙམ་ན། སྐབས་ནི་ཤེས་བྱའོ། །འོ་ན་ཇི་ལྟར་སྐབས་ཀྱིས་འདོད་པའི་ཁྱད་པར་གོ་བར་བྱེད་སྙམ་ན། དེས་ན་ཞེས་བྱ་བ་སྟེ། གང་གི་ཕྱིར་ཚིག་གིས་འདོད་པའི་ཁྱད་པར་མི་རྟོགས་ལ། ནུས་པ་མེད་པའི་རྒྱུར་གྱུར་པའི་སྐབས་ལས་ཀྱང་མ་ཡིན་དེས་ནའོ། །སྐབས་གང་ལ་ཚིག་གིས་རྟོགས་པའི་ནུས་པ་ཐོགས་པ་མེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འདོད་པའི་མི་རྟག་པ་ཉིད་ལ་སོགས་པ་


DTG186_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་བསྒྲུབ་པར་བྱ་བ་ལ། སོ་སོར་ངེས་པ་གང་ཡིན་པ་དེ་གོ་བར་བྱེད་པའོ། །སྒྲ་ཞེས་བྱ་བ་ནི་རུང་བ་ཉིད་ཀྱི་རྗེས་སུ་དཔག་པ་ལ་བསམས་ནས་སམ། གཞན་གྱིས་བསམ་པས་བརྗོད་པ་ཡིན་ནོ། །དེ་ལ་རེ་ཞིག་སྒྲ་སྐབས་ཀྱིས་ནི་ནམ་མཁའི་ཡོན་ཏན་འདོད་པ་གོ་བར་བྱེད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་སྒྲ་ཡང་སྐབས་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ནམ་མཁའི་ཡོན་ཏན་དེ་ལ་སྐབས་དེ་མེད་པའི་ཕྱིར་རོ། །འོ་ན་འབྲས་བུས་དེ་འདོད་པར་གོ་བ་ཡིན་ནོ་ཞེ་ན་འབྲས་བུ་ཚིག་ཅེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་སྒྲ་མི་རྟག་གོ་ཞེས་བྱ་བའི་ཚིག་དེ་ཡང་ནམ་མཁའི་ཡོན་ཏན་ལ་མེད་དོ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་འདོད་པ་གོ་པར་བྱེད་པའི་རྟགས་མེད་ཀྱང་ངོ༌། །ཅི་ལྟར་འབྲས་བུའི་རྟགས་མེད་སྙམ་ན། བསྒྲུབ་པར་བྱ་བའི་ཞེས་སྨོས་སོ། །འོ་ན་ནི་སྒྲར་འགྱུར་རོ་སྙམ་ན། ནུས་བཞེས་བྱའོ། །འོ་ན་ཅི་སྟེ་འདྲ་བ་ཞིག་གནོད་ན། དམ་བཅའ་བ་དང་གཏན་ཚིགས་ཀྱི་ཉེས་པ་ཡིན་སྙམ་ན་མེད་ན་མི་འབྱུང་བའི་ཞེས་སྨོས་སོ། །འོན་ཏེ་མངོན་སུམ་ཡང་ལུང་ལ་ལྟོས་པ་ཁོ་ནས་ཚད་མ་ཡིན་ནོ་སྙམ་ན། གང་ཅུང་ཟད་ཅེས་བྱ་བ་སྟེ། ལུང་ལ་མི་ལྟོས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འདི་ག་ལས་ཤེ་ན་ལུང་གིས་ཞེས་བྱ་བའོ། །གལ་ཏེ་ལུང་ལ་མི་ལྟོས་པར་གྱུར་ན་དེའི་ཚེ་ལུང་གིས་མི་གནོད་པ་ཞིག་གོ །གལ་ཏེ་མངོན་སུམ་ལུང་གིས་གནོད་པས་འཁྲུལ་པར་འགྱུར་ན། མངོན་སུམ་གྱིས་གནོད་པས་ཀྱང་ལུང་འཁྲུལ་པར་ཅི་སྟེ་མི་འགྱུར་ཞེ་ན། ལྷ་ནི་ཞེས་བྱའོ། །ཅིག་ཤོས་ཀྱི་ཞེས་བྱ་བ་ནི་རབ་རིབ་མེད་པའི་མཐོང་བའོ། །གལ་ཏེ་ག་ལ་ལྷ་མིག་ཡིན་པ་སྟེ། ལུང་གི་ཚིག་ཀུན་གྱི་བྱེད་པ་པོ་སྟེ་ཡིན་པར་གྲུབ་ན་དེའི་ཚེ་ཁོ་བོ་ཅག་ལ་སོགས་པའི་མངོན་སུམ་དེས་བྱས་པའི་ལུང་གིས་གནོད་པ་ཡིན་ནོ་ཞེས་བྱ་བའི་ཚིག་འདི་རིགས་པར་འགྱུར་བ་ཡིན་ན་དེ་ལྟར་གྲུབ་པ་ཡང་མ་ཡིན་ཏེ། ཕན་ཚུན་འགལ་བའི་དོན་བརྗོད་པའི་ཕྱིར་རོ། །འོན་ཏེ་འདི་རྣམས་ལས་འགའ་ཞིག་ལྷའི་མིག་དང་ལྡན་པར་འགྱུར་བ་ཡིན་ནོ་སྙམ་ན། དེ་འདི་འགའ་ཞིག་ཅེས་བྱ་བ་སྟེ། ལྷའི་མིག་ཅན་ནམ། དེས་བྱས་བའི་ལུང་འགའ་ཞིག་གོ །དེ་ནི་ཞེས་བྱ་བ་ནི་སྐྱེས་བུའམ་ལུང་ངོ༌། །དེ་བཞིན་ཞེས་བྱ་བ་ནི་ལྷའི་མིག་གམ་དེས་བྱས་


DTG186_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་ནི་བདག་ཅག་གིས་གསལ་བར་ངེས་པ་མ་ཡིན་ནོ། །འོན་ཏེ་ལུང་བྱེད་པ་མཐའ་དག་ནི་ཐམས་ཅད་གལ་ཡིན་ནོ་སྙམ་ན། ཚིག་ཕན་ཚུན་ཞེས་བྱ་བའོ། །གཞན་གྱིས་ཐམས་ཅད་མཁྱེན་པ་ཞེས་བྱ་བའོ། །ཁྱེད་ཅག་བས་ཀྱང་གཞན་པ་སྟེ་ངན་པ་ནི་མ་ཡིན་ཏེ་འོན་ཀྱང་ཁྱེད་པས་ནི་དྲག་གོ་ཞེས་བྱ་བའི་དོན་ཏོ། །དེས་ན་དེ་དག་གི་ཚིག་དང་མི་འགལ་བར་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེས་བྱ་བར་བསམ་པའོ། །ལན་ནི་དེ་ལྟ་ན་འོན་ཞས་བྱ་བའོ། །ལུང་བྱེད་པ་ཐམས་ཅད་ཁྱེད་ཅག་པས་མི་དྲག་རྒྱུ་མེད་པའི་ཕྱིར་ལུང་གཅིག་གི་ཕྱོགས་སུ་ལྷུང་བར་མི་རིགས་སོ། །དེ་ན་ཅི་ལྟར་རང་གི་བསྟན་བཅོས་དང་འགལ་བ་སྤོང་བ་དེ་བཞིན་དུ་གཞན་གྱི་བསྟན་བཅོས་དང་འགལ་བ་ཡང་སྤང་བར་བྱ་ན། དེ་ཡང་མི་ནུས་པ་ཁོ་ནའོ། །དེས་ན་ཞེས་བྱ་བ་ནི་ལུང་ཐམས་ཅད་དང་འགལ་བ་སྤང་བར་མི་ནུས་བས་ནའོ། །སྐྱེ་བར་མི་འགྱུར་བས་ཞེས་བྱ་བ་ནི། སྤྱི་ལ་སོགས་པ་རྗེས་སུ་དཔག་པ་འཇུག་པས་སངས་རྒྱས་པའི་ལུང་གནོད་པར་འགྱུར། སྤྱི་མེད་པའི་རྗེས་སུ་དཔག་པ་འཇུག་ན་ཡང་གཞན་གྱི་ལུང་ལ་གནོད་པས་སོ། །དེས་ན་གཞན་གྱི་ལུགས་ལ་རྗེས་སུ་དཔག་བ་མི་སྲིད་པ་ཁོ་ནའོ། །རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ་ཞེས་བྱ་བ་ནི་རྟགས་བསྟན་བཅོས་ལས་གནོད་པར་བྱེད་པས་འགལ་བ་ཡིན་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི། བསྟན་བཅོས་དང་ཞེས་བྱའོ། །ཕྱིས་ཞེས་བྱ་བ་ལུང་དང་འགལ་བའི་སྒོ་ནས་བསྒྲུབ་བྱ་མ་གྲུབ་པར་མི་འགྱུར་བའོ། །དེ་དང་ཞེས་བྱ་བ་རྗེས་སུ་དཔག་པས་གྲུབ་པ་དང་འགལ་བའི་ལུང་ངོ༌། །ཁས་བླངས་པ་ལ་ཞེས་བྱ་བ་ནི་ཁས་བླངས་པའི་བསྟན་བཅོས་ལ་ལྟོས་ནས་བསྟན་བཅོས་དང་འགལ་བར་ཡང་འགྱུར་བའོ། །གཞན་དུ་ནི་ཞེས་བྱ་བ་ཁས་མ་བླངས་པའི་བསྟན་བཅོས་ལ་ལྟོས་ནས་ནི་མ་ཡིན་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ངེས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཞན་གྱི་དོགས་པ་བསུ་བ་ནི། རྟག་མི་བཟོད་པའི་ཞེས་བྱ་བའོ། །ངེས་པའི་བསྟན་བཅོས་ཁས་ལེན་པའི་རྒྱུ་ནི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚད་མ་ཡིན་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བརྟག་པ་དེ་ཉིད་ཀྱང་ཁས་བླངས་པ་དེས་སོ། །འདི་ལ་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་བརྟག་པར་འོས་པ་ཁོ་ན་ཁས་བླང་བར་


DTG186_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན། དེའི་ཚེ་ཁས་བླངས་པས་བརྟག་པ་གནོད་པར་བྱེད་དོ་ཞེས་ཁས་བླང་བར་མི་བྱ་བར་འགྱུར་ན། ཁྱོད་ཀྱི་འདོད་པས་ནི་ཁས་བླངས་པས་བརྟག་པ་ལ་གནོད་པ་ཡང་ཡིན་ཏེ། སྒྲ་མི་རྟག་པར་རྗེས་སུ་དཔོག་པ་ལ་ནམ་མཁའི་ཡོན་ཏན་ཉིད་དུ་སྟོན་པའི་བསྟན་བཅོས་ཀྱིས་གནོད་པར་ཁས་བླངས་པའི་ཕྱིར་རོ། །དེའི་ཚེ་ནི་རྟོགས་པའི་དུས་ནའོ། །དེ་ནི་བསྟན་བཅོས་སོ། །དེའི་ཚེ་ཞེས་བྱ་བ་ནི་བསྟན་བཅོས་ལ་མི་ལྟོས་པའི་དུས་ནའོ། །དེའི་ཚེ་ཞེས་བྱ་བ་ནི་རྩོད་པའི་དུས་ནའོ། །ཁས་བླངས་མེད་ཕྱིར་ཞེས་བྱ་བ་ནི། བསྟན་བཅོས་ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་པར་བྱ་བ་ལ་ཐབས་ཏེ་རྒྱུའོ། །འདི་ཉིད་ནི་དཔྱོད་པའོ། །དེ་ཚེ་སྟེ་རྩོད་པའི་དུས་ན་ཁས་བླངས་པ་དེ་ཡོད་ཀྱང་སྟེ། ཡོད་པ་ཡིན་པ་ཡང་བརྟག་པ་ལ་གནོད་པའི་ཡན་ལག་མིན་ཏེ་རྒྱུ་མ་ཡིན་ནོ། །གལ་ཏེ་དེ་ཙམ་གྱིས་ཡོངས་སུ་མཚིམ་ན་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་སྤྱོད་ཡུལ་ཙམ་གྱིས་ཐར་པ་འདོད་པ་དག་ཕུང་པོ་གསུམ་པ་མེད་པར་ཡོངས་སུ་མ་ཚིམ་ནའོ། །ཅིའི་ཕྱིར་དེའི་ཚེ་བསྟན་བཅོས་ཀྱིས་གནོད་སྙམ་ན། གང་གི་ཕྱིར་གནས་གསུམ་པར་ནི་འཕོ་བ་ན་སྟེ། འཕོ་བའི་དོན་དུ་བསྟན་བཅོས་ལེན་པར་རིགས་ལྡན་ཡིན་ཏེ། དེས་ན་དེ་ཉིད་ཀྱི་ཚེ་བསྟན་བཅོས་ཀྱིས་གནོད་ཀྱི་གཞན་གྱི་ཚེ་ནི་མ་ཡིན་ནོ། །ཅི་ལྟར་ན་བསྟན་བཅོས་ཡོངས་སུ་འཛིན་པ་ཡང་དེའི་རྒྱུ་མཚན་ཡིན་ཞེ་ན། དེས་གྲུབ་དོན་ལ་ཞེས་བྱའོ། །གལ་ཏེ་གནས་གསུམ་པར་འཕོ་བ་ན་བསྟན་བཅོས་ཁས་མི་ལེན་ན། དེའི་ཚེ་དེས་གྲུབ་པའི་དོན་རྣམས་ལ། བསྟན་བཅོས་དང་འགལ་བར་སེམས་པ་ཡང་མི་རུང་བར་འགྱུར་ཏེ། ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་བརྟག་པ་སྔོན་དུ་འགྲོ་བ་ཅན་གྱི་ཁས་ལེན་པ་ཡང་དེས་གྲུབ་པའི་དོན་རྣམས་ལ་སེམས་པ་ཅི་ལྟར་འཐད་སྙམ་ན། བརྟགས་ནས་ཞེས་བྱའོ། །དེ་ནི་ཅི་ལྟར་དེ་ལ་དམ་བཅས་གནོད་ཅེས་བྱ་བ་ནི་རྒོལ་བ་དེ་དང་འབྲེལ་བའི་བསྟན་བཅོས་ཚད་མས་གྲུབ་པའི་མི་རྟག་པ་ཉིད་སྟོན་པར་བྱེད་པ་དེ་ལ། ནམ་མཁའི་ཡོན་ཏན་ཉིད་དུ་དམ་བཅའ་བས་ཅི་ལྟར་གནོད་དེ་མི་གནོད་པ་ཁོ་ནའོ། །འོན་ཏེ་ཡང་བསྟན་བཅོས་རྟོགས་པ་དེས་ན་དེ་ལ་དམ་བཅའ་བས་གནོད་དོ་སྙམ་ན། བསྟན་བཅོས་དེས་ལ་སླར་ཡང་བརྟག་པར་བྱ་བ་མ་ཡིན་ཏེ་བརྟགས་ཟིན་ཕའི་ཕྱིར་རོ། གལ་ཏེ་དེ་ལྟར་


DTG186_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་རྟོག་ན་ནི། དེའི་ཚེ་བསྟན་བཅོས་དེ་ནི་སྔར་བརྟགས་པར་མི་འགྱུར་རོ། །ཡང་ཞེས་བྱ་བ་ནི་མ་བརྟགས་པར་བསྟན་བཅོས་ཁས་བླངས་པར་ཡང་ངོ༌། །ཚད་མས་གྲུབ་བ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དོ། །ཚད་མས་མ་གྲུབ་པ་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །གསུམ་པ་ལས་གཞན་དུ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ལའོ། །གལ་ཏེ་དེ་ནི་ཞེས་བསྒྲུབ་པར་བྱ་བ་མི་རྟག་བ་ཉིད་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །གལ་ཏེ་བསྟན་བཅོས་ཁས་མི་ལེན་ན་དེའི་ཚེ་བསྟན་བཅོས་ཀྱིས་གནོད་པར་དོགས་པའི་དོན་ཞེས་བྱ་བ་ནི་བསྟན་བཅོས་ཀྱིས་གནོད་པར་བྱས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལེན་ནོ། །ཚད་མས་གྲུབ་པ་མི་རྟག་པ་ཉིད་ནའོ། །ཚད་མས་གྲུབ་པ་ནི་མི་གནོད་པས་ལྡོག་པ་མ་ཡིན་ཏེ་དེས་ན་དེས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པར་བརྗོད་བའོ། །བསྟན་བཅོས་དང་སྐྱེས་བུ་འབྲེལ་པ་མེད་པའི་ཕྱིར་རོ། །འོ་ན་བསྟན་བཅོས་དེ་སྐྱེས་པ་ཡིན་པར་ཅི་ལྟར་འགྱུར་ཞེ་ན་བསྟན་བཅོས་ནི་ཡོན་ཏན་དང་ལྡན་པས་དེ་ཡུལ་གསུམ་ཡོངས་སུ་དག་པའི་མཚན་ཉིད་དང་ལྡན་བས་སྐྱེས་བུའི་ཡིན་ནོ། །ཡོན་ཏན་དང་ལྡན་པའི་བསྟན་བཅོས་ནི་ལྡོག་པ་དང་ལྡན་པས་འཛིན་གྱི་ཡོན་ཏན་དང་མི་ལྡན་པ་ནི་མི་འཛིན་པའི་ཕྱིར་རོ། །ཅི་ལྟར་འབྲེལ་པ་མེད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །འོ་ན་དེ་ནི་ཡོན་ཏན་དང་ལྡན་བ་ཉིད་ཀྱིས་དེའི་ཞེ་ན་ཡོན་ཏན་ཉེས་པ་ཞེས་བྱ་བའོ། །གལ་ཏེ་བསྟན་བཅོས་མ་ཡིན་ན་འོན་འདི་ཅི་ཡིན་ཞེ་ན། གྲུབ་པ་མཐའ་ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་ནི་གདོན་མི་ཟ་བ་ལས་སོ། །འདིས་ནི་ཕྱེད་ཕྱི་མ་བཤད་ནས་ཕྱེད་སྔ་མ་འཆད་བ་ནི། ལྷན་ཅིག་ཅེས་བྱ་བ་སྟེ། སྐྱེས་བུ་དང་བསྟན་བཅོས་དག་གི་ལྷན་ཅིག་སྐྱེས་པའི་འབྲེལ་བ་ཉིད་ལས་སོ། །དེ་ལྡན་ནི་ལུང་དང་ལྡན་བའོ། །ལུང་གིས་ཚད་མ་ལ་གནོད་ན་ཚད་མ་དོར་བའི་ཕྱིར་ན་ཡོན་ཏན་དང་སྐྱོན་རྣམ་པར་དབྱེ་བ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། ཚད་མ་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བ་སྤང་བའི་དེ་དང་རྗེས་སུ་མཐུན་པའི་དཔེས་སོ། །ཚད་མ་མ་ཡིན་པ་ཉིད་ན་ཡང་འགལ་བ་སྤངས་པ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཆོས་ཅན་དེ་ཉིད་ཅེས་བྱ་བ་ཆོས་ཅན་སྒྲས་དེ་ཉིད་ཀྱི་


DTG186_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ནམ་མཁའི་ཡོན་ཏན་ཉིད་ལ་མི་རྟག་པ་ཉིད་སྒྲུབ་པར་བྱེད་པའི་བྱས་བ་ཉིད་ཀྱིས་གནོད་ན། བརྗོད་པ་ལ་སྟེ་མི་རྟག་པ་ལ་ཡང་ངོ༌། །འོན་ཏེ་མི་རྟག་པ་ཉིད་འདི་ནི་ནམ་མཁའི་ཡོན་ཏན་ཉིད་ཀྱིས་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་གནོད་པར་བྱེད་པ་ནི་ཞེས་བྱའོ། །དེ་ལས་གཞན་ཞེས་བྱ་བ་མེ་སྒྲུབ་པར་བྱེད་པས་མེ་མེད་པ་ལ་གནོད་པར་བྱ་བའོ། །འབྲེལ་པ་མེད་ན་ཆོས་ནམ་མཁའི་ཡོན་ཏན་ཉིད་མ་གྲུབ་པས་མི་རྟག་བ་ཉིད་མ་གྲུབ་པར་ནི་ཅི་ལྟར་འགྱུར། དེ་གྲུབ་ཡིན་ན་ཏེ་མི་རྟག་པ་ཉིད་གྲུབ་པ་ཡིན་ན། མི་རྟག་པ་ཉིད་དེ་བསྒྲུབ་པར་བརྗོད་པའོ། །གང་གིས་དེ་སྐད་བརྗོད་པ་དེ་ལྟར་མཐོང་བ་ཡོད་དམ་ཅི་སྙམ་ན། དུ་བ་གཅིག་གིས་ཀྱང་ཞེས་བྱ་བའོ། །འགལ་བའི་ཕྱིར་ཞེས་བྱ་བ་ནི་རྩོད་པའོ། །མེ་དང་གྲང་བའི་རེག་པ་དག་འགལ་བའི་ཕྱིར་ན། དུ་བས་གྲང་བ་དང་འགལ་བའི་མེ་སྒྲུབ་པར་བྱེད་ཀྱང་དུ་བ་འགལ་བའི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ནོ། །འགལ་བ་མཚུངས་སོ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་གྱུར་ན་ཡོན་ཏན་ཉིད་མེད་པའི་ཕྱིར་རོ། །ཡོན་ཏན་དང་ཡོན་ཏན་ཅན་གྱི་དངོས་པོ་ནི་རྟག་པའི་དངོས་པོ་ལ་ཡིན་ནོ། །དངོས་པོ་མི་རྟག་པ་དང༌། དངོས་པོ་མེད་པ་ནམ་མཁའི་ཡོན་ཏན་དག་གོ །དེའི་ཞེས་བྱ་བ་བསྟན་བཅོས་ལས་བརྗོད་པ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་ཉེ་བར་བླངས་པ་མེད་པར་རོ། །དེ་ལས་ཏེ་སེམས་པ་ཅན་དང་མེ་ལ་སོགས་པ་ལས་གཞན་པའི་ཆོས་སེམས་པ་མེད་པ་དང༌། མེ་མ་ཡིན་པ་ལ་སེམས་པའོ། །འབྲས་བུ་དང་ཁྱབ་བྱའི་མཚན་ཉིད་ཀྱི་ངོ་བོ་ཉིད་དེ་ནི་འདོད་པའི་བསྒྲུབ་པར་བྱ་བ་མེ་དང་ཤིང་གི་མཚན་ཉིད་ཀྱི་དོན་དང༌། མེད་ན་མི་འབྱུང་བར་ཚད་མས་རྟོགས་པའི་ཕྱིར་རྒོལ་བ་གཞན་དག་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དེས་ཅི་ལྟར་རྟོགས་པར་འགྱུར་བ་ཡིན་ཏེ། རྟོགས་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏེ། །ནུས་པ་ཞེས་བྱ་བ་ལ། ནུས་པ་ཐོགས་པ་མེད་པའི་རྒྱུ་ལས་གཞན་གང་ཡིན་པ་ཐ་མར་མ་གྱུར་བ་འབྲས་སུ་སྐྱེད་པ་ཞུགས་པ་ནི་དེ་ནི་བཟློག་པར་ནུས་པའོ། །ཤེས་པར་བྱེད་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། ཤེས་པར་བྱེད་པ་ནི་རྟོགས་པ་སྐྱེད་པ་བཟློག་པར་ནུས་པ་མ་ཡིན་ནོ། །སུ་ལ་རྟོགས་པ་སྐྱེད་པ་ཞེ་ན། ཚུལ་གསུམ་རྟོགས་པའི་སྐྱེས་བུ་ལའོ། །དེ་ཉིད་ཀྱིས་ནི་སྐྱེས་བུ་ཉིད་ཀྱིས་སོ། །རྟགས་ལས་ཏེ་གཏན་ཚིགས་ལས།


DTG186_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་བསྒྲུབ་པར་བྱ་བ་མི་ངེས་ཏེ་མི་རྟོགས་ན་དེའི་ཚེ་སྐྱེས་བུ་མི་འདོད་བཞིན་དུ་ནི། མེས་ཚིག་བར་གྱུར་བ་ཚིག་པའི་སྡུག་བསྔལ་ལ་འདོད་པ་རབ་ཏུ་བཟློག་པར་འགྱུར་རོ། །ཁྱད་པར་གྱིས་ཞེས་བྱ་བ་ནི་སྒྲུབ་པར་བྱ་བ་ལྟོས་ཏེ་སྒྲུབ་པར་བྱེད་པའི་མི་འཁྲུལ་བ་ཉིད་དེ་དེས་ན་བསྒྲུབ་བར་བྱ་བ་ནི་ཁྱད་པར་ཡིན་ལ། སྒྲུབ་པར་བྱེད་པའི་མི་འཁྲུལ་བ་ཉིད་ནི་ཁྱད་པར་དང་ལྡན་པ་ཡིན་ནོ། །མེད་ན་མི་འབྱུང་བར་རྟོགས་པ་ནི་བསྒྲུབ་པར་བྱ་བ་རྟོགས་པ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་སྨྲས་པ་དེ་མ་ཐག་པར་བརྗོད་པ་ཐམས་ཅད་ཡིན་མོད་ཀྱི་སྟེ་དེ་ལྟར་བདེན་ཡང་འོན་ཏེ་བསྟན་བཅོས་དང་འགལ་བའི་སྒྲུབ་པའི་ཕྱིར་ན་རྒོལ་བ་མི་རིགས་པ་བྱེད་པར་འགྱུར་རོ་ཞེའོ། །འགལ་ན་ཞེས་བྱ་བ་ནི་བསྟན་བཅོས་འགལ་ནའོ། །རྒོལ་བས་འདིར་མི་རིགས་པ་ཅི་བྱས། དེས་ནི་རྒོལ་བས་སོ། །དེ་ཞེས་བྱ་བ་ནི་བྱས་པ་ལ་སོགས་པའི་གཏན་ཚིགས་སོ། །དེ་ལྟ་བུའི་ཞེས་བྱ་བ་ནི་བསྟན་བཅོས་ལ་གནོད་པའོ། །གཞན་ཞེས་བྱ་བ་བསྟན་བཅོས་ལ་མི་གནོད་པ་མེད་པའི་ཕྱིར་རོ། །འདོད་པ་དེ་བསྒྲུབ་པའི་ཕྱིར་ན་བྱས་པའི་མཚན་ཉིད་ཀྱི་གཏན་ཚིགས་འདིར་སྐྱོན་དུ་འགྱུར་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །བྱས་པ་ཉིད་འདིར་ནི་ཉེས་པ་མེད་དེ་བསྒྲུབ་བྱ་སྒྲུབ་པའི་ཕྱིར་རོ། །འོ་ན་གང་གི་ཚོ་ཉེས་པ་ཡོད་སྙམ་ན། བྱས་པའི་གཏན་ཚིགས་འདིར་ནི་མ་བརྗོད་པ་ཉིད་ནི་རྒོལ་བའི་སྐྱོན་ཡིན་ནོ། །འདིར་ཡང་ཞེས་བྱ་བ་ནི་གཏན་ཚིགས་ལྟར་སྣང་བ་རྣམས་ལ་ཡང་རོ། །སྒྲུབ་པར་བྱེད་པ་ཡང་ནི་བྱས་པ་ལ་སོགས་པའོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་ཀྱི་གནོད་བྱེད་མ་ཡིན་པའི་གཏན་ཚིགས་ཀྱང་ཡོད་པར་སྲིད་པ་ཉིད་མ་ཡིན་ནམ། དེས་ན་དེ་མ་བརྗོད་པ་ཡང་ཉེས་པ་ཁོ་ནའོ་ཞེ་ན། འདིར་ནི་ཞེས་སྨོས་ཏེ་མི་རྟག་པ་ཉིད་དུ་སྒྲུབ་པ་ལའོ། །གནོད་པར་བྱེད་པ་ཁོ་ན་སྲིད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ཏེ་བསྟན་བཅོས་ཀྱི་དོན་དུ་གྱུར་པ་ནམ་མཁའི་ཡོན་ཏན་ཉིད་ཀྱིས་མ་ངེས་པའི་ཕྱིར་ཏེ། ནམ་མཁའི་ཡོན་ཏན་ཉིད་བཞིན་དུ་མི་རྟག་པ་མེད་ཀྱང་ཡོད་པའི་ཕྱིར་རོ། །མི་རྟག་པ་ཉིད་ལ་སོགས་པའི་རིགས་པ་གཞན་ཡང་ངོ༌། །འགའ་ཞིག་ཉིད་ལ་ནི་ནམ་མཁའི་ཡོན་ཏན་ཅན་གྱི་བསྟན་བཅོས་ལའོ། །དེ་ནི་འགལ་བའོ། །འདི་ལ་ནི་མི་རྟག་པ་ལའོ། །མི་རིགས་པ་ནི་ནམ་མཁའི་ཡོན་ཏན་ནོ། །རིགས་


DTG186_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མི་རྟག་པ་ལའོ། །སྐབས་ཀྱི་ཞེས་བྱ་བ་མི་རྟག་པ་ཉིད་དང་འབྲེལ་བ་ཙམ་ལ་བྱས་པ་ལྟོས་པའོ། །དེ་ལྟ་མ་ཡིན་ན་ཞེས་བསྟན་བཅོས་ཐམས་ཅད་དང་མི་འགལ་བས་སྒྲུབ་པར་བྱེད་པ་ནི་མི་སྲིད་པའི་ཕྱིར་རོ། །གཞན་ལ་ཡང་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དོན་ལས་གཞན་པ་ལ་ཡང་མི་འགལ་བར་བྱ་བར་འགྱུར་ཏེ། སྐབས་མ་ཡིན་པར་ཁྱད་པར་མེད་པའི་ཕྱིར་རོ། །བསྟན་བཅོས་ཀྱང་འགལ་བ་ཡང་སྟེ་བསྟན་བཅོས་ཀྱི་དོན་ལས་གཞན་གྱི་འགལ་བ་འབའ་ཞིག་ཏུ་ནི་མ་ཟད་པའོ། །བྱས་པ་ཡིན་ན་ཞེས་བྱ་བ་ནི་དང་པོར་ཁས་བླངས་པ་བྱས་པ་ཡིན་ནའོ། །ཕྱིས་ཀྱང་སྟེ་ཚད་མ་དང་འགའ་ནའོ། །གལ་ཏེ་འདི་ནི་གཞན་དག་ཀྱང་འདོད་པ་ཉིད་མ་ཡིན་ནམ། དེས་ན་བརྗོད་པ་འདིས་ཅི་བྱ་ཞེ་ན། ཕ་རོལ་པོ་ཞེས་བྱ་བའོ། །འདོད་པ་ཉིད་སྟོན་པ་ནི་དམ་བཅའ་བ་ཞེས་བྱ་བ་ནས་ཞེའོ་ཞེས་བྱ་བའི་བར་རོ། །འདི་ལ་ཡང་ཉེས་པ་སྔར་བརྗོད་ཟིན་པས་ཡང་མི་བརྗོད་དོ། །དེར་ཡང་ནི་འགལ་བ་མི་འཁྲུལ་བ་ལའོ། །འདིར་ཡང་བྱས་པ་ལ་སོགས་པར་རོ། །འགལ་ངེས་ལ་ཏེ་འགལ་བ་འཁྲུལ་པ་ཅན་གྱི་གཏན་ཚིགས་གཉིས་ལ་གནོད་པར་འགྱུར་ཏེ་ཕན་ཚུལ་སྟོབས་མཚུངས་པའི་ཕྱིར་རོ། །འགལ་བའི་དོན་དག་ནི་ཆོས་ཅན་གཅིག་ལ་བསྒྲུབ་པ་མ་ཡིན་ཏེ། མི་ལྟུང་བའི་ཕྱིར་རོ། །བྱས་པ་ཉིད་འདིར་ནི་འགལ་བ་མི་འཁྲུལ་བལྟར་བསྟན་བཅོས་དང་འགལ་བ་ཡོད་པ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་བ་ནི་བསྟན་བཅོས་ཀྱིས་གནོད་པ་མ་ཡིན་ནོ། །ལུང་ནི་དེ་ལྟ་བུ་ཞེས་བྱ་བ་དངོས་པོའི་སྟོབས་ཀྱིས་ཞུགས་པ་མ་ཡིན་པའོ། །དེ་དག་ནི་སྟེ་བསྟན་བཅོས་དང་རྗེས་སུ་དཔག་བ་དག་ནི་ཕན་ཚུན་གནོད་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ཁོ་ན་གནོད་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འགལ་བ་མི་འཁྲུལ་བ་ཅན་དག་གིས་འགལ་བ་གཉིས་བསྒྲུབ་པར་ཅི་སྟེ་མི་འགྱུར་དེས་ན་ཕན་ཚུན་གནོད་པ་མ་ཡིན་ནོ་ཞེ་ན། གཉི་ག་ཞེས་གསུངས་སོ།། ཚད་མ་ཉིད་མ་ཡིན་པས་གནོད་བྱེད་མ་ཡིན་ནོ་ཞེས་ལྷག་མའོ། །དེས་ན་ཞེས་བྱ་བ་ནི་གནོད་པར་བྱེད་པ་ཉིད་མ་ཡིན་པས་ནའོ། །དེའི་སྟེ་ལུང་གི་དོན་རྗེས་སུ་དཔག་པར་བྱ་བའོ། །བསྟན་བཅོས་ཀྱི་དོན་གནོད་པར་བྱེད་པ་ནི་མ་ཡིན་ནོ། །གང་གིས་དེ་གནོད་བྱེད་མ་ཡིན་པ་ཅི་ལྟར་བསྟན་བཅོས་


DTG186_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་མ་ཡིན་ཞེ་ན་ཚད་མའི་ཞེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་བཅོས་དང་རྗེས་སུ་དཔག་པ་དག་ཕན་ཚུན་གནོད་པར་སྟོན་པའོ། །དེ་ཅི་ལྟར་རྗེས་སུ་དཔག་པས་གནོད་ཅེས་བྱ་བ་ནི། འགལ་བ་མི་འཁྲུལ་པ་ལྟར་ཕན་ཚུན་གནོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་བསྟན་བཅོས་ཀྱིས་སོ། །འདིར་ཡང་ནི་རྗེས་སུ་དཔག་པ་ལ་ཡང་ངོ༌། །གལ་ཏེ་འགལ་བའི་རྗེས་སུ་དཔག་པ་ལ་བསྟན་བཅོས་ཀྱིས་གནོད་ན་དེའི་ཚེ་ཚད་མ་མཐའ་དག་ཉམས་པར་འགྱུར་རོ། །དེས་ན་ལུང་འབའ་ཞིག་ལུས་པ་ཡིན་ནོ། །དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ནི་བསྟན་བཅོས་སོ། །ལན་ནི་ཚད་མ་མ་ཡིན་པ་ཞེས་བྱ་བའོ། །དོགས་པ་ནི་རྗེས་སུ་དཔག་པས་གནོད་པའི་བསྟན་བཅོས་ཚད་མ་མ་ཡིན་གྱི། ཐམས་ཅད་ནི་སྟེ་མི་གནོད་པ་ནི་མ་ཡིན་ནོ་ཞེ་ན། ལན་དུ་བསྟན་བཅོས་ཀྱིས་ཞེས་བྱ་བའོ། །བརྟགས་པ་ཞེས་བྱ་བ་ནི་བརྟགས་པའི་བསྟན་བཅོས་གང་ཡིན་པ་དེ་རྗེས་སུ་དཔག་པའི་གནོད་ཕྱེད་ཡིན་ལ། མ་བརྟགས་པའི་བསྟན་བཅོས་ནི་རྗེས་སུ་དཔག་པས་ཚུར་གནོད་པ་ཡིན་ནོ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཉིད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །ཅིའི་ཕྱིར་བསྟན་བཅོས་ཚད་མའི་རྒྱུ་མ་ཡིན་ཞེ་ན། དེ་ལ་ཞེས་བྱ་བའོ། །རྗེས་སུ་དཔག་པ་དེ་ལ་མེད་པའི་ཚད་མས་ནི། །ལུང་དེ་ལ་ཡོད་པའི་ཚད་མ་ཡོད་པར་བྱེད་པ་ནི་མ་ཡིན་ནོ། །དེས་ཏེ་རྗེས་སུ་དཔག་པས་སོ། །རྗེས་སུ་དཔག་པ་དེའི་གཉེན་པོ་ལུང་མ་ཡིན་ནོ། །འདིར་ཡང་ནི་བསྟན་བཅོས་དང་རྗེས་སུ་དཔག་བ་དག་ལའོ། །བྱས་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་སྐྱོན་དང་ལྡན་པ་ནི་མ་ཡིན་པའོ།། དེ་དག་ཅེས་བྱ་བ་ནི་ནམ་མཁའི་ཡོན་ཏན་མ་ཡིན་པ་དང་མི་རྟག་པ་དག་གོ །འབྲེལ་པ་མེད་ཀྱང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་དང་མི་རྟག་པ་ཉིད་ལ་མེད་ན་མི་འབྱུང་བ་མེད་ཀྱང་ངོ༌། །བསྟན་བཅོས་ཀྱི་དོན་ནི་ནམ་མཁའི་ཡོན་ཏན་ཏེ་དེས་བསླད་པའི་ཕྱིར། གལ་ཏེ་བྱས་པ་ཉིད་གནོད་ན་དེའི་ཚེ་སྒྲུབ་པར་བྱེད་པ་ཐམས་ཅད་ཐམས་ཅད་ཀྱི་གནོད་བྱེད་དུ་འགྱུར་རོ། །གྲུབ་པའི་མཐའི་ཚད་མ་རྣམ་པར་འགྲེལ་པ་ནི་སྐབས་ཀྱི་ཞེས་བྱ་བའོ། །བྱས་པ་དེ་དེ་ཉིད་དམ་གཞན་རྩོལ་བ་ལས་བྱུང་བ་ལ་སོགས་པས་སོ། །ནམ་མཁའི་ཡོན་ཏན་ཉིད་ཆོས་ཅན་དེ་དང་འབྲེལ་པའི་ཆོས་ཅན་དེ་ཉིད་


DTG186_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པའི་ཕྱིར་ཏེ་ཆོས་ཅན་གཞན་ལ་ནི་མ་ཡིན་པའི་ཕྱིར་གནོད་པ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །བྱས་པ་དེ་རང་གིས་སྒྲུབ་པར་བྱེད་པ་མི་རྟག་པ་ལ་མི་མཐུན་པ་མེད་ཀྱང་ངོ༌། །དེ་ལས་གཞན་འབྲེལ་པ་མེད་པ་ནམ་མཁའི་ཡོན་ཏན་ཉིད་ལ་གནོད་པས་སོ། །བདག་མེད་པ་ལྟར་མེད་ན་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་མི་འབྱུང་པའི་འབྲེལ་བ་དེ་ནི་ནམ་མཁའི་ཡོན་ཏན་ཉིད་འདིར་རྟོག་པ་མེད་དོ། །བསྟན་བཅོས་ལ་གནོད་པ་དེ་ཆོས་ཅན་གཞན་ལ་གཏན་ཚིགས་གཞན་གྱིས་བསྟན་བཅོས་གནོད་པར་བྱས་པ་ལ་ཡང་མཚུངས་སོ། །བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ཀྱི་ཁྱད་པ་བྱེད་པ་བདག་མེད་པ་གང་ཡིན་པ་དེ་མེད་པར་སྒྲུབ་པ་ནི་སྤང་པར་བྱ་བ་ཡིན་གྱིས། ཁྱབ་པར་བྱེད་པ་མ་ཡིན་པ་ནམ་མཁའི་ཡོན་ཏན་ཉིད་མེད་པར་སྒྲུབ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདི་སྤང་བར་བྱ་སྙམ་ན། བསྒྲུབ་པར་བྱ་བ་ཞེས་བྱ་བའོ། །གང་ཡིན་པ་དེ་ལ་ཞེས་བྱ་བ་བདག་མེད་པ་ལའོ། །དེ་མེད་ན་ནི་བདག་མེད་པ་མེད་ན་ཁྱབ་པར་བྱ་བ་མི་རྟག་པ་ཉིད་ཀྱང་ལྡོག་པའི་ཕྱིར་རོ། །འོ་ན་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཡང་སྤང་བར་བྱ་བ་ཡིན་ནོ་སྙམ་ན། ནམ་མཁའི་ཞེས་བྱ་བའོ། །དེ་མེད་ཀྱང་ནི་ནམ་མཁའི་ཡོན་ཏན་མེད་ཀྱང་ངོ༌། །གཞན་བྱེ་བྲག་པ་ལ་སོགས་པ་ཞེས་བྱ་བ་ནི་ཚད་མ་ཀུན་ལས་བཏུས་པའི་བཤད་པ་བྱེད་པར་ནི་མ་ཟད་པའོ། །རིགས་པ་ཅན་ལ་སོགས་པ་དེ་ལྟར་ན་ཡང་ངོ༌། །བསྟན་པ་མ་ཡིན་པ་ཞེས་བྱ་བ་ནི་འདི་ན་མེ་ཡོད་དོ་ཞེས་བྱ་བ་ལ་སོགས་པའོ། །བསྟན་བཅོས་ཀྱི་དོན་བསྟན་པ་ནི་དམ་བཅའ་བར་འགྱུར་པ་ཉིད་དོ། །བསྟན་བཅོས་སུ་བསྟན་པའི་དོན་ནི་དམ་བཅའ་བ་ཡིན་ལ། མ་བསྟན་པའི་དོན་ནི་དམ་བཅའ་བ་མ་ཡིན་ནོ་ཞེས་སྟོན་པ་ནི། འདི་ལྟར་ཞེས་བྱ་བའོ། །གང་དང་གང་ལུང་ཡིན་པ་དེ་ནི་དམ་བཅའ་བ་ཡིན་ནོ། །དེས་ན་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ཡང་ལུང་ལ་ལྟོས་པ་ཉིད་དུ་ཐལ་བའི་ཕྱིར་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པར་མི་འགྱུར་རོ་ཞེས་དེ་མ་ཐག་ཏུ་སྟོན་པར་འགྱུར་རོ། །གཞན་གྱིས་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ལུང་གི་དོན་ཡང་ཡིན་ལ་དམ་བཅའ་བ་ཡང་མ་ཡིན་ཏེ། དེས་ན་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་བརྗོད་པ་ནི་དམ་བཅའ་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་


DTG186_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རང་གི་ངོ་བོས་ནི་དམ་བཅའ་བ་ལུང་མ་ཡིན་ཏེ། འདི་ན་མེ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཡང་ལུང་དུ་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རང་གི་ངོ་བོས་དམ་བཅའ་བ་ལུང་མ་ཡིན་གྱི། འོན་ཀྱང་དམ་བཅའ་བའི་དོན་སྟོན་པ་ལས་ཡིན་པ་དེས་ནའོ།། དེ་ཡང་ཞེས་བྱ་བ་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་ཡང་ངོ༌། །བསྟན་བཅོས་ཀྱི་དོན་མཐའ་དག་ཅེས་བྱ་བ་ནས་དམ་བཅའ་བ་མ་ཡིན་ནོ་ཞེ་ན་ཞེས་བྱ་བའི་མཐར་ཐུག་པ་ནི་རྩོད་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དོན་མཐའ་དག་བསྒྲུབ་བྱ་ཡིན་ཡང་ངོ༌། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་པ་དམ་བཅའ་བ་མ་ཡིན་པ་ཉིད་ག་ལས་ཤེ་ན། རབ་ཏུ་བྱེད་པ་ཞེས་བྱ་བའོ། །གཞན་དག་རྣམ་པ་གཞན་གྱི་སྒོ་ནས་ཀྱང་སྒྲུབ་པར་བྱེད་པར་བསྟན་པ་དམ་བཅའ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཚད་མ་ཀུན་ལས་བཏུས་པ་ལས་ཀྱང་ཞེས་བྱ་བའོ། །རང་གི་ངོ་བོ་ཁོ་ནར་ཞེས་ངེས་པར་གཟུང་བའི་ཕྱིར་སྒྲུབ་པར་བྱེད་པར་བསྟན་པ་ནི་དམ་བཅའ་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ་ཞེས་བྱ་བ་ནི། མ་གྲུབ་པའི་གཏན་ཚིགས་དང་དཔེ་སྒྲུབ་བྱེད་ཉིད་དུ་བརྗོད་པ་དག་ནི་དམ་བཅའ་བ་མ་ཡིན་ཏེ། འདོད་པ་སྨོས་ཕྱིར་ན་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ་ཞེ་ན། འདི་ནི་དེ་ལྟར་མི་འཐད་དོ། །ནི་ཞེས་བྱ་བ་ནི་གང་ཕྱིར་ཏེ། བསྒྲུབ་པར་བྱ་བ་རིགས་པས་ཐོབ་པ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཕྱོགས་ཡིན་ནོ་ཞེས་བྱ་བའི་ཚིག་ལས་ལྡོག་པ་མ་ཡིན་ནོ། །དེས་ཅི་ཏེ་མི་ལྡོག་སྙམ་ན་རིགས་པ་སྟོན་པའི་ཞེས་བྱ་སྟེ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཕྱོགས་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་སྟོན་པ་ཡིན་ནོ། །རིགས་པ་ཉིད་ནི་བསྟན་བཅོས་ཁས་བླངས་ཕྱིར་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཕྱོགས་ཡིན་ནོ་ཞེས་བྱ་བའི་ཚིག་གིས་བསྟན་པ་རིགས་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་གང་གི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་བསྒྲུབ་པར་བྱ་བ་མ་ཡིན་པའོ། །འགལ་བ་མི་འཁྲུལ་པ་ཅན་འགྱུར་ཏེ་ཞེས་བྱ་བ་ནི། བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་འདི་ནི་སྒྲུབ་པར་བྱེད་པ་གཅིག་གོ །འདོད་བ་ལ་འགལ་བ་བརྗོད་པ་ནི་གཞན་ཡིན་པས། འདི་གཉིས་འགལ་བ་


DTG186_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུལ་བ་ཅན་དུ་འགྱུར་རོ། །དེ་ལྟ་ན་ཡིན་དང་ཞེས་བྱ་བ་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་དང༌། བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས་མཐོང་བ་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ཡིན་ཡང༌། བསྒྲུབ་པར་བྱ་བ་ཉིད་ཡིན་པར་ག་ལ་འགྱུར་ཏེ། མི་འགྱུར་པ་ཁོ་ན་སྟེ་འདོད་པའི་ཚིག་ལ་སོགས་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཞེས་བྱ་བ་རིགས་པ་མ་ཡིན་པ་ནའོ། །གཞན་ཡང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའོ། །དེ་དང་ལྡན་བའི་ཕྱིར་ཞེས་བྱ་བ་ནམ་མཁའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །སྐྱེས་པའི་གནས་ལས་གཞན་དུ་རྣ་བའི་ཡུལ་དུ་ཡང་ངོ༌། །དེ་ཉིད་དུ་ཞེས་བྱ་བ་ནི་སྐྱེས་པའི་གནས་ཉིད་དུའོ། །གཞན་གྱི་ཐག་རིང་ན་འདུག་པ་ཞེས་སྨྲས་སོ། །ལན་ནི་འོ་ན་ཞེས་བྱ་བའོ། །གཟུགས་ཀྱང་རྒྱང་རིང་བ་དང་མི་རིང་བ་དག་གིས་མཐོང་ཏེ་དེས་ན་དེ་ཡང་ནམ་མཁའི་ཡོན་ཏན་ཉིད་དུ་འགྱུར་རོ། །དེའི་ནི་ནམ་མཁའི་ཡོན་ཏན་ནོ། །དེ་ལྟར་ནི་ཐོས་པ་ཡང་མ་ཡིན་ཏེ་དེའི་ཕྱིར་རོ། །གང་ལས་ཀྱང་ནི་ཚད་མ་ལས་སོ། །གཏན་ཚིགས་འདི་ཉིད་ལས་ཞེས་བྱ་བ་ནི་རྟེན་པ་མ་ཡིན་པ་མི་འཐད་པའི་ཕྱིར་ཞེས་བྱ་བ་ལས་སོ། །གཞན་གྱིས་སྨྲས་པ་ས་ལ་སོགས་པ་ནི་ནམ་མཁའ་ལ་བརྟེན་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་མ་ཡིན་པའི་ཕྱིར་ཏེ་རྫས་ཡིན་པའི་ཕྱིར་རོ། །ལན་ནི་བརྟེན་བ་ཉིད་ཡིན་ན་ཞེས་བྱ་བ་སྟེ། གཏན་ཚིགས་དེ་ཉིད་ལས་བརྟེན་བ་ཉིད་ཡིན་པར་གྲུབ་པ་ནི། ཡོན་ཏན་མ་ཡིན་པ་དེ་ཉིད་མི་འགྲུབ་བོ། །ནམ་མཁའ་རྟེན་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཡོན་ཏན་གྱི་རྟེན་ཉིད་དོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ཞེས་བྱ་བའོ། །དོགས་པ་བསུ་བ་ནི་སལ་སོགས་པ་དང་ཞེས་བྱ་བའོ། །ནམ་མཁའ་ལ་མི་འདུ་གསལ་བར་བྱེད་པ་ནི། གཟུགས་ལ་སོགས་གསལ་བར་བྱེད་པ་ནི། གཟུགས་ལ་སོགས་པ་ནི་ཞེས་བྱ་བའོ། །འཕྲོད་པ་འདུ་པ་ཞེས་བྱ་བ་ནི་ལན་ནོ། །དེ་དང་ཞེས་བྱ་བ་ནི་ནམ་མཁའ་དང་ངོ༌། །དྲི་ཡང་ས་དང་ལྷན་ཅིག་གཅིག་ཏུ་དབྱེར་མེད་པར་མ་རྟོགས་པའི་ཕྱིར་སའི་ཡོན་ཏན་མ་ཡིན་པར་འགྱུར་རོ། སྒྲ་དེའི་གནས་དེ་རྟེན་ཡང་ནམ་མཁའ་དེ་ཉིད་ཡིན་ནོ་ཞེ་ན། ལན་འོ་ན་ཞེས་


DTG186_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །ཅིའི་ཕྱིར་ནམ་མཁའི་ཡོན་ཏན་མ་ཡིན་སྙམ་ན། འདི་ལྟར་ཞེས་བྱ་བའོ། །གཞན་ནམ་མཁའ་རྟག་བས་སོ། །གང་གིས་གང་ཞིག་འཛིན་པ་དེའི་ཡོན་ཏན་དེ་ཡིན་ནོ་ཞེས་བྱ་བའི་རིགས་པ་ཐམས་ཅད་དུ་རུང་བ་མ་ཡིན་ནོ་ཞེས་སྟོན་པ་ཅི་ལྟར་ཞེས་བྱ་བའོ། །དེ་བཞིན་དུ་སྒྲ་ཡང་ནམ་མཁས་བཟུང་ཡང་ནམ་མཁའི་ཡོན་ཏན་མ་ཡིན་ནོ། །འདི་ག་ལས་སྙམ་ན། སྒྲ་ཡང་ཞེས་བྱ་བའོ། །ཡོན་ཏན་དང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་སྒྲ་དང་ངོ༌། །ལྡན་པ་མེད་པ་ནི་རླུང་ངོ་ཞེས་བྱ་བ་ནི་ལྡན་པ་མེད་པ་དེའི་ཕྱིར་རོ། །ས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སའི་རྫས་ཡིན་པའི་ཕྱིར་ཤིང་པ་ལ་དང་ས་རླུང་ལྡན་པ་མི་འགལ་ལོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྫས་མ་ཡིན་པ་ཡང་རླུང་གིས་ཁྱེར་ནའོ། །དེ་ནི་གྲིབ་མ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི་ཤིང་ལ་མེ་ཏོག་སོགས་པའོ། །ཤིང་དང་འདུས་པ་ནི་གྲིབ་མ་ཡིན་ལ། རླུང་དང་ནི་འོད་ཀྱི་རྫས་ལྡན་པ་ཡིན་ནོ། །དེས་ན་འབྱེར་པ་འདུས་པའི་རླུང་གིས་གྲིབ་མ་འདེད་པ་ཡིན་ནོ་ཞེ་ན། རྟོག་པ་འདིའང་ཞེས་བྱ་བའོ། །གལ་ཏེ་རླུང་དང་ནམ་མཁའང་དུ་ལྡན་པ་དེ་ལྟ་ན་ཡང་ནམ་མཁའ་ནི་རླུང་གིས་འདེད་པ་མ་ཡིན་ཏེ་བྱ་བ་མེད་པའི་ཕྱིར་རོ། །གལ་ཏེ་འབྱེར་བར་འདུས་བས་གྲིབ་མ་དང་ཉི་མ་ལ་སོགས་པ་ཁྱེར་བར་འདོད་ན་དེའི་ཚེ་རླུང་དང་འདུ་བའི་འབྲེལ་བས་འདུས་པའི་སྒྲ་དེད་པ་ཡིན་པར་ཅིས་མི་འགྱུར། དེས་ན་ནམ་མཁའ་དང་འཕྲོད་པ་འདུ་བར་མི་རྟག་གོ །དེའི་སྒོ་ནས་ནི་རླུང་གི་སྒོ་ནས་སོ། །དེ་ནི་སྒྲའོ། །འབྱོར་བ་འདུས་པ་ཉིད་ཀྱིས་ཡོན་ཏན་ཁྱེར་བ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། ཡོན་ཏན་ཡིན་ཡང་ཞེས་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི་དྲིལ་ཡང་ངོ༌། །དེ་དམིགས་ཀྱང་ནི་དྲི་དམིགས་ཀྱང་ངོ༌། །དེ་ལས་ནི་ས་ལ་སོགས་པ་ལས་སྐྱེས་པའི་དྲིའོ། །འདིའི་ནི་ཡོན་ཏན་སྨྲ་བའིའོ། །འོན་ཏེ་ཡོན་ཏན་བཀག་པ་བཞིན་དུ་བྱ་བ་དང་བཅས་པ་ཡང་མི་འདོད་དོ་ཞེ་ན། གལ་ཏེ་བསྟན་བཅོས་ལ་ལའི་ཡོན་ཏན་ཉིད་ལ་སོགས་པ་རིགས་པ་ཡིན་པ་བཀག་པར་བྱ་བ་དང་བཅས་པ་རིགས་པ་ཡིན་ཡང་ཡོན་ཏན་འདི་ལ་མི་འདོད་པ་འདི་ནི་རྒྱལ་པོའི་ཆོས་ལུགས་ཡིན་ནོ། །འདི་ན་བྱ་བ་དང་བཅས་པར་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ནི་འགའ་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །འདི་ག་ལས་ཞེ་ན་བྱ་


DTG186_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཞེས་བྱ་བའོ། །བྱ་བ་ཙམ་མི་སྲིད་པའི་ཕྱིར་བྱ་བའི་ཁྱད་པར་སྲིད་པ་མ་ཡིན་ཏེ། དེས་ན་ཡུལ་གཞན་དང་གཞན་དུ་སྐད་ཅིག་འདྲ་བ་གཞན་སྐྱེ་བ་ཉིད་བྱ་བ་ཡིན་ནོ་ཞེས་དགོངས་བའོ། །འོན་ཏེ་འདི་ཡང་རྫས་ཁོ་ན་ལ་སྲིད་ཀྱི་ཡོན་ཏན་དག་ལ་ནི་མ་ཡིན་ནོ་ཞེ་ན། དེ་འདྲའི་ཞེས་བྱ་བའོ། །སྒྲ་ལ་ཏེ་ལྟར་ཅི་ལྟར་འགྱུར་ཞེ་ན། གཞན་དག་ཅེས་བྱ་བའོ། །འདི་ནི་གཞན་ཡང་འདོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫས་མེད་པའི་ཕྱིར་ཡོན་ཏན་ཡང་མེད་དེ། དེས་ན་ནི་འབྱོར་པར་འདུ་བས་ནི་འདོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞས་བྱ་བའོ། །ཡོན་ཏན་ཅན་ནི་རྫས་སོ། །འབྱོར་བར་འདབས་ཁྱེར་བར་ཁས་བླངས་ནས་ཀྱང་ཉེས་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གཞན་གྱིས་སྨྲས་པ་ནི་གནས་པ་ལ་ཞེས་བྱ་བ་ནས་ནམ་མཁའི་ཡིན་ནོ་ཞེ་ནའི་བར་རོ། །གལ་ཏེ་གནས་པ་ལ་གེགས་མེད་པའི་ཕྱིར་ན། འབྱུང་བ་ཆེན་པོ་ནམ་མཁའ་གནས་པར་རྟོག་ན། དེའི་ཚེ་འདི་མ་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན་ཕན་ཚུན་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་སྒྲུབ་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་ན་མེད་པ་ཙམ་ཉིད་ནམ་མཁའ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི། འབྱུང་ཚེ་གཞན་མེད་པ་ཙམ་ཞེས་བྱ་བའོ། །གཞིའི་ངོ་བོ་ཉིད་ཁས་བླངས་ནས་ཀྱང་ཉེས་པ་བརྗོད་པ་ནི། ཅི་ལྟར་ནམ་མཁའ་ཞེས་བྱ་བའོ། །ནམ་མཁའ་ནི་རླུང་གི་ཡང་གཞི་མ་ཡིན་ནོ་ཞེས་བརྗོད་པ་ནི་འགྲོ་བ་ཞེས་བྱ་བའོ། །གེགས་བྱེད་པ་དང་སྟེ་ལུས་ཅན་དང་བྲལ་བས་ཡིན་ནོ། །ལུས་ཅན་མ་ཡིན་པས་བྱས་པ་ཡིན་གྱི་ནམ་མཁས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། གཞན་དག་ཐུག་པ་མེད་པའི་ཉེས་པ་སྤོང་བ་ནི། འོན་ཏེ་ཞེས་བྱ་བའོ། །འདི་ལ་ནི་ནམ་མཁའ་ལའོ། །ལན་ནི་གཟུགས་མེད་པ་དང་ཞེས་བྱ་བའོ། །དེ་ཉིད་ནི་བདག་གོ །གཞན་གྱི་ནི་སྒྲའིའོ། །འོན་ཏེ་གང་ཞིག་བདག་མི་འདོད་པ་དེའི་འདོད་པ་ལ་ལྟོས་ཏེ་ནམ་མཁའ་སྟོན་པ་ཡིན་ནོ་ཞེ་ན། གང་ལ་ཞེས་བྱ་བའོ། །དེ་འདྲ་བ་ཞེས་བྱ་བ་ན་ནམ་མཁའ་དང་འདྲ་བའོ། །གང་ལ་དག་གིས་དོན་དེ་བྱེད་པ་མ་ཡིན་པ་དེ་ལ་ནམ་མཁས་ཀྱང་དོན་དེ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལ་བདག་མེད་པ་དེས་གདོན་མི་ཟ་བར་ནམ་མཁའ་ཁས་བླང་བར་བྱ་བ་ཡང་མ་ཡིན་ཏེ། དེ་ལྟར་མ་ཡིན་བར་ཡང་ནམ་མཁའི་བྱ་བ་འགྲུབ་པའི་


DTG186_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་བརྗོད་པ་ནི། ཡུལ་ཡང་ཞེས་བྱ་བའོ། །འདི་ནས་ཁས་བླངས་ནས་བརྗོད་པར་ཟད་ཀྱི། ཁྱབ་པའི་དངོས་པོ་ནི་སྲིད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། ཕན་ཚུན་དུ་ནི་ཞེས་བྱ་བའོ། །དེས་ན་སྒྲ་ནམ་མཁའ་ལ་བརྟེན་པ་ཡིན་ན། བདག་ལ་བརྟེན་པ་ཉིད་དུ་འགྱུར་རོ་ཞེས་བསམས་པའོ། །ཕ་རོལ་པོ་ཁྱབ་པ་རྣམས་གཅིག་ཉིད་ཡིན་པ་སྤང་བ་ནི། གལ་ཏེ་ཞེས་བྱ་བའོ། །གྲུབ་བའི་མཐའ་པ་ཡང་གཅིག་ཏུ་ཐལ་བ་བོར་ནས་སྐབས་སུ་བབ་པ་གཞན་གྱིས་བརྟགས་པའི་ནམ་མཁའ་མེད་པར་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འོན་ཐ་སྙད་དུ་ནམ་མཁའ་ཅི་ཡིན་སྙམ་ན་བུག་ཞེས་བྱ་བའོ།། ཅི་ལྟར་འདི་ལ་ནམ་མཁའ་ཞེས་ཐ་སྙད་དུ་བྱེད་སྙམ་ན། བུག་མེད་པར་ཞེས་བྱ་བའོ། །དེའི་ཕྱིར་ཐ་སྙད་ཀྱི་དབང་གིས་ནམ་མཁའ་གཞན་མེད་པ་ཁོ་ནའོ། །གལ་ཏེ་བུ་གནམ་མཁར་མི་འདོད་ཀྱི་འོན་ཀྱང་གཞན་ཡིན་པ་དེའི་ཚེ། དེ་ལ་ཉེས་པ་འདིར་འགྱུར་བ་ཡིན་ནོ་ཞེས་སྟོན་པ་ནི་གང་གི་ཚེ་ཞེས་བྱ་བའོ། །བུག་མེད་པར་ཞེས་བྱ་བ་སྟེ། མགོ་ཡོར་ཅན་གྱི་དངོས་པོ་ཡོད་པ་དེའི་ཚེ་བུ་གའི་མཚན་ཉིད་ཀྱི་ནམ་མཁའ་གར་སོང༌། དེ་མེད་ན་ཡང་ཞེས་བྱ་བ་ནི་གློ་ནས་བུད་པར་དམིགས་པ་མེད་པ་ཡང་ངོ༌། །དེ་དང་ནི་དངོས་བོའི་གསེ་བ་ནའོ། །གཞན་ན་ནི་གློ་ནའོ། །དེ་ཉིད་ན་ཞེས་བྱ་བ་ནི་མགོ་ཡོར་ཅན་ལའོ། །འགལ་ལོ་ཞེས་བྱ་བ་ནི་ནམ་མཁའ་ནི་བུག་ཉིད་ཡིན་པའི་ཕྱིར་རོ། །གཞན་གྱི་དེ་ན་ཡང་ཞེས་བྱ་བ་སྟེ་བུག་མེད་པའི་གནས་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དེ་ན་ནམ་མཁའ་མེད་ནའོ། །དེ་ཞེས་བྱ་བ་ནི་བུག་མེད་པར་བྱེད་པའི་དངོས་པོའོ། །གྲུབ་པའི་མཐའ་བས་རྣམ་པར་བརྟགས་ནས་སེལ་བ་ནི་ཅི་སྟེ་ཞེས་བྱ་བའོ། །གང་ལས་ཞེས་བྱ་བ་ནི་བེར་གལ་སོགས་པ་ལས། དེ་ནི་བུམ་པ་ལ་སོགས་པའོ། །བར་གལ་སོགས་བ་དེ་མེད་མཱ་བུམ་པ་ལ་སོགས་པ་དེ་ཐོགས་པ་ཉིད་དེར་འགྱུར་གྱིའོ། །དེ་ལས་གཞན་དག་ཏུ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་པོ་མེད་པ་ལས་གཞན་ནམ་མཁའ་ལའོ། །བསྙད་པ་ཚད་མ་མེད་དོ། །ཡང་ན་བསྙད་པ་དང་ཚད་མ་ཡང་མེད་དོ་ཞེས་སྦྱར་རོ། །འོ་ན་ཡུལ་ལ་གནོད་པ་མེད་དོ་སྙམ་ན། འདིས་ནི་ཞེས་གསུངས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཤར་ལ་སོགས་པའི་རྟོགས་པའི་ཡུལ་ཡོངས་སུ་གཟུང་ངོ༌། །གལ་ཏེ་ཡུལ་ཁྱབ་པ་ནི་ནམ་མཁའ་བཞིན་དུ་སྐབས་འབྱེད་


DTG186_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་མོད། ཤར་ལ་སོགས་པ་རྟོགས་པའི་ཡུལ་གྱི་ཅི་ལྟར་མ་ཡིན་སྙམ་ན། འདི་ལྟར་ཞས་བྱ་བའོ། །ཡུལ་ཁྱབ་པར་ཁས་ལེན་པ་ལ་ནུབ་ལ་སོགས་པ་རྟོགས་བར་མི་འགྱུར་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །བཞན་བ་ལས་ཏེ་ཁྱབ་པ་མ་ཡིན་པ་ལས་ཀྱང་ནུབ་ལ་སོགས་པའི་ཐ་སྙད་དུ་འགྱུར་བ་མ་ཡིན་ཤིང༌། ཡུལ་དེ་རྣམ་པ་གཉིས་ལམ་གཏོག་པ་རྣམས་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནུབ་པ་ལ་སོགས་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་བུའིའོ། །གཉི་གའི་རང་བཞིན་ནི་ཤར་ནུབ་ཀྱི་རང་བཞིན་ནོ། །དེ་ལྟར་གྱུར་བ་ཞེས་བྱ་བ་ནི་ནབ་ལ་སོགས་པར་རོ། །འདི་ཉིད་གསལ་འདེབས་པ་ནི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །དེས་ཞེས་བྱ་བ་ནི་ཡུལ་གསལ་བར་བྱེད་པས་སོ། །འདི་ནི་ཕན་ཚུན་ཞེས་བྱ་བ་ནི་སུན་འབྱིན་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་དངོས་པོ་རྣམས་ཉིད་ཕན་ཚུན་ལྟོས་པ་ཙམ་གྱིས་སོ། །ཕན་ཚུན་བརྟེན་པའི་ཉེས་པ་སྤོད་བ་ནི་གལ་ཏེ་ཞེས་བྱ་བའོ། །དཔེར་ན་དྲང་པོ་ཞེས་བྱ་བའི་ཐ་སྙད་འཁྱོག་པོ་ལ་མ་ལྟོས་པ་ཁོ་ནར་འགྱུར་བ་ཡིན་ན་དེ་ལྟ་ན་ཡང་འཁྱོག་པོ་ནི་དོན་གཞན་ཁོ་ན་ཡིན་མོང༌། དེ་བཞིན་དུ་ཡུལ་ལ་མ་ལྟོས་པ་ཁོ་ནར་ཤར་ལ་སོགས་པའི་འགྱུར་བ་ཡིན་ཡང༌། ཡུལ་དོན་གཞན་ཡང་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེར་ཡང་ནི་དྲང་བོ་ལའོ་།དྲང་ངོ་ཞེས་རྣམ་པར་རྟོག་པའི་ཤེས་པས་མཐོང་བ་ནི་ལྟོས་པར་བྱ་བའི་ཁྱད་པར་འཁྱོག་པོ་ལས་འགྱུར་བ་ཡིན་ནོ། །འོ་ན་ཅི་ལྟར་འཁྱོག་པོ་ལ་མ་ལྟོས་པ་ཁོ་ནར་འདི་དྲང་པོ་ཞིག་གོ་ཞེས་ཐ་སྙད་བྱེད་པ་ཡོད་སྙམ་ན་ནས་ཞེས་སྨོས་སོ། །གཞན་མེད་པར་ནི་འཁྱོག་པོ་ལ་སོགས་པ་མེད་པར་ནིའོ། །འདི་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ལྟོས་པར་བྱ་བ་འཁྱོག་པོ་ལ་སོགས་པ་མེད་ཀྱང་རོ། །དེའི་ཕྱི་ཕན་ཚུན་བརྟེན་པའི་ཕྱིར་ཤིང་ཟློག་ཏུ་མེད་པ་ཁོ་ན་ཡིན་པ་དེས་ན་ཡུལ་དོན་གཞན་བརྟག་པར་མི་བྱའོ། །ཕ་རོལ་པོ་དག་འདི་ག་ལས་ཤེས་འདྲི་སྟེ་དངོས་པོ་ཉིད་ཤར་ལ་སོགས་པ་ཤེས་བ་རྒྱུ་མཚན་ཡིན་པ་ག་ལས་གྲུབ་ཅེས་བྱ་བའོ། །ལན་ནི་གཞན་དུ་ཡང་ཞེས་བྱ་བའོ། །དངོས་པོ་ཉིད་ཡུལ་གྱི་རྣམ་པར་དབྱེས་ངེས་པའི་རྒྱུ་ཡིན་པར་སྟོན་པ་


DTG186_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཡང་རྒྱུ་སྐར་ལ་སོགས་པའི་སྒོ་ནས་ཕྱོགས་ཉིད་དེས་པ་ཡིན་ནོ་སྙམ་ན། སྐར་མ་ལ་སོགས་ཞེས་བྱ་བའོ། །ཅིའི་ཕྱིར་ཕུལ་མི་རྟོག་སྙམ་ན། འདི་ལྟར་ཞེས་བྱ་བའོ། །རྒྱུ་སླར་ལ་སོགས་པ་ལས་ཀྱང་ཕྱོགས་ཀྱི་རྣམ་པར་དབྱེ་བ་དེས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ཤོར་ཉིད་དུ་སྣང་ཡང༌། ཉི་མ་ལ་སོགས་པས་ཉེ་བར་མཚོན་བའི་ཤར་ཕྱོགས་དེ་ཉིད་ནི་ཉི་མའི་དབང་གིས་སྣང་བ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །གང་ལ་མི་སྣང་སྙམ་ན། ཕྱོགས་ལ་རྨོངས་པའི་ཞེས་བྱ་བའོ། །ཕྱོགས་ལ་རྨོངས་པ་དང་ལྡན་པའི་ཡིད་ག་ལ་ཡོད་པའི་སྐྱེས་བུ་རྣམས་དེ་ལའོ། །གསལ་འདེབས་པ་ནི་འདི་ལྟར་ཞེས་བྱ་བའོ། །གྲོང་དང་ཀུན་དགའ་རབ་ལ་སོགས་པ་གང་ལ་མ་འཁྲུལ་པའི་ཡིད་དང་ཞེས་བྱ་བ་ནི་ངེས་པ་དེ་དང་འབྲེལ་པའི་ཉི་མ་འཆར་བ་དང་ནུབ་པ་མཐོང་བར་གྱུར་བ་ཤིན་ཏུ་གོམས་པའི་ཡུལ་དེ་ཉིད་མ་འཁྲུལ་བར་ངེས་པར་བྱ་བ་དེ་ལ་ཤིན་ཏུ་གོམས་པ་ཡིན་ནོ། །ཅི་ལྟར་གྱུར་པ་ཞིག་སྙམ་ན་ཀུན་དགའ་གྲོང་སོགས་ཞེས་བྱ་བའོ། །གྲོང་དང་ཀུན་དགའ་རབ་ལ་སོགས་པ། རྟག་པར་རྒྱུན་དུ་དམིགས་བ་ཞེས་འབྲེལ་ཏོ། །དེ་ལ་གོམས་པ་ཞེས་བྱ་བ་ཉིད་མ་རེ་ལ་གོམས་པ་དེས་ཉམས་པའི་ཕྱིར་ཏེ་རྫོགས་པའི་ཕྱིར་རོ། །དེས་ཞེས་བྱ་བ་ཉི་མས་ཉེ་བར་མཚོན་པ་དེ་ཉིད་ཕྱོགས་ཡིན་ནོ། །དོན་དང་ཞེས་བྱ་བ་ཤར་དང་ནུབ་ལ་སོགས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཤར་དང་ནུབ་ལ་སོགས་བའི་དོན་དང་བྲལ་བ་ཉིད་ཅི་ལྟར་ཞེ་ན། དེའི་རང་བཞིན་མ་ངེས་ན་འོ་ན་ཅི་ལྟར་དེ་ལྟར་ཐ་སྙད་བྱེད་སྙམ་ན་འོན་ཀྱང་ཞེས་བྱ་བའོ། །སོང་བའི་རྗེས་སུ་འགྲོ་བ་དེ་ལ་ཡོད་པའི་ཚུལ་ནི་སོང་བའི་རྗེས་སུ་འགྲོ་བའི་ཚུལ་ཏེ། དེས་ཡིད་ཉམས་པ་གང་དག་ཡིན་པ་དེ་དག་གི་དངོས་པོ་ནི་ཉིད་དེ་དེས་སོ། །འོན་ཏེ་ཤར་དང་ནུབ་ལ་སོགས་པའི་རྟོག་པ་ནི་ཐོག་མ་མེད་པ་ཡིན་ཏེ། དེས་ན་དོན་དང་འབྲེལ་པའི་ཕྱིར་བདེན་པ་ཁོ་ནའོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཐོག་མ་མེད་པའི་ཕྱིར་ཤར་དང་ནུབ་ལ་སོགས་པའི་རྟོགས་པ་རྣམས་བདེན་བར་ཁས་མི་ལེན་ན་དེའི་ཚེ་མེད་པ་ཐམས་ཅད་མཁྱེན་པ་མེད་དོ་ཞེས་དེ་ལྟར་རྟོགས་པ་རྣམས་ཀྱང་བདེན་པར་འགྱུར་རོ། །དེ་ལྟར་ཡིན་དང་འཇིག་རྟེན་པའི་རྟོགས་བ་མཐའ་དག་ཀྱང་ཚད་མར་འགྱུར་ཏེ།


DTG186_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་མེད་པའི་ཕྱིར་རོ། །གལ་ཏེ་ཐོག་མ་མེད་པས་བདེན་པ་ཡིན་ན་དེའི་ཚེ་གང་ཞིག་དབང་ཕྱུག་གམ་གཙོ་བོ་མི་འདོད་པ་དེའི་ལྟར་ན་ཡང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་བདེན་པ་ཉིད་དུ་ཐལ་ལོ་ཞེས་བརྗོད་བ་ནི་དབང་ཕྱུག་ཅེས་བྱ་བའོ། །འདི་ནི་ཡུལ་ཡིན་ནོ་སྙམ་ན་ནི་ཐ་སྙད་ཙམ་དུ་ཟད་དེ་དངོས་པོས་སྟོང་པ་ཡིན་ནོ། །འོན་ཏེ་བསྟན་བཅོས་རྣམས་ཐོག་མ་མེད་པའི་ཕྱིར་བདེན་པ་ཉིད་ཡིན་ཏེ། དེས་ན་དེ་ལས་འོངས་པའི་ཐ་སྙད་ནི་བདེན་པ་ཁོ་ནའོ་སྙམ་ན་ཐོག་མེད་ཅེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ཞེས་བྱ་བའོ་ཞེས་བྱ་བ་ལ་སོགས་པའི་མིང་གང་ཡིན་པ་དེ་བཀོད་པ་ཡིན་ནོ། །ཅིའི་དོན་དུ་ཞེ་ན། །ཐ་སྙད་ཀྱི་དོན་དུའོ། །ནང་གི་ཚུ་རོལ་གྱི་ཕྱོགས་ལ་ཡང་བརྗོད་པ་ནི། འདུ་བྱེད་པ་ཞེས་བྱ་བའོ། །གལ་ཏེ་དུས་མེད་ན་དངོས་པོ་འདི་ནི་ད་ལྟར་བའི་དུས་ཅན་ཡིན་ནོ་ཞེས་ཐ་དད་པའི་ཐ་སྙད་དུ་ཅི་ལྟར་འགྱུར་སྙམ་ན། ཐ་དད་པ་ཞེས་བྱ་བའོ། །གལ་ཏེ་གང་གིས་ཐ་དད་པར་ཉེ་བར་བསྟན་པའི་དངོས་པོའི་རང་བཞིན་ཉིད་དུས་ལ་སོགས་པའི་བརྗོད་པ་ལ་སྟོན་པར་འགྱུར་བ། དུས་མེད་པ་ཉིད་དུ་ཅི་ལྟར་གྲུབ་སྙམ་ན། འདི་ལྟར་ཞེས་སྨོས་སོ། །གལ་ཏེ་བྱུང་བར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་རྟོགས་པ་དག་ལས་འདས་པ་ལ་སོགས་པའི་དུས་སུ་ལྷས་བྱིན་ལ་སོགས་པ་གནས་པ་ཡིན་ན་དེའི་ཚེ་དུས་དེ་བྱུང་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པའི་རྟོག་པ་ལས་ཀྱང་དུས་ཀྱང་དུས་གཞན་ན་གནས་པར་འགྱུར་ཞིང༌། དེ་བཞིན་དུ་དུས་གཞན་ཡང་དུས་གཞན་ལ་གནས་པར་འགྱུར་བའི་ཕྱིར་ཐུག་པ་མེད་དོ། །ཕྱོགས་ཀྱང་དེ་བཞིན་ཏེ་ཤར་ལ་སོགས་པའི་རང་བཞིན་རང་གི་ངོ་བོས་ཡིན་གྱི། ཡུལ་གཞན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བྱ་བ་སྦྱར་རོ། །དེས་ན་རང་གི་ངོ་བོར་གྱུར་པའི་ཆོས་ཐ་དད་པས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནོ། །ཐ་སྙད་ཀྱི་ཚུལ་བསྟན་པ་ནི། ཤར་ནི་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་དུས་ལ་སོགས་པ་དང་འབྲེལ་པའིའོ། །གལ་ཏེ་དུས་ཀྱི་འདས་པ་ཉིད་དངོས་པོ་ལ་ལྟོས་པ་ཡིན་ན་དེའི་ཚེ་དངོས་པའི་འདས་པ་ཉིད་ཀྱང་དུས་ལ་ལྟོས་པར་འགྱུར་རོ། །དེ་ལྟར་གྱུར་ན་ཅི་སྐྱོན་སྙམ་ན། ཕན་ཚུན་ཞེས་བྱ་བའོ། །གཅིག་ཀྱང་ཞེས་བྱ་བ་དུས་སམ་དངོས་པོ་ཡང་འདས་པ་ཉིད་དུ་གནས་པ་མེད་པར་འགྱུར་རོ། །འདིའི་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ཡུན་རིང་པོར་འདས་


DTG186_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དང་དུས་དག་ཅིག་ཅར་འདས་བ་ཉིད་ཡིན་གྱི། གང་གི་ཕན་ཚུན་བརྟེན་བའི་ཉེས་བར་འགྱུར་བ་རིམ་གྱིས་ནི་མ་ཡིན་ནོ། །ལན་ནི་འདས་པ་ཉིད་ཐུག་བ་མེད་བར་འགྱུར་ཞེས་སྦྱར་རོ། །ཅི་ལྟར་ཐུག་བ་མེད་སྙམ་ན། ཅིག་ཅར་ཞེས་བྱ་བའོ། །གཉིས་དག་ཅེས་བྱ་བ་ནི་ཡུན་རིང་མོར་འདས་པའི་དོན་དང་དུས་དག་གོ །དེས་ན་ཅི་ལྟར་ཅིག་ཅར་ཉིད་ཕན་ཚུན་འདས་པར་འགྱུར་སྙམ་དུ་བསམ་པའོ། །དོགས་པ་བསུ་བ་ནི་དེ་དག་ཅེས་བྱ་བ་སྟེ་ཅིག་ཅར་བའི་ཡུན་རིང་པོར་འདས་བའི་དོན་དང་དུས་དག་གཞན་ལ་འདས་པ་ཡིན་ནའོ། །ལན་ནི་དེ་ལའང་ཞེས་བྱ་བའོ། །གཞན་གྱིས་འདས་པ་ཡང་དེ་ལས་གཞན་ལས། དེའི་ཡང་དེ་ལས་གཞན་ལས་ཡིན་པའི་ཕྱིར་འདས་པ་ཉིད་ཐུག་པ་མེད་བར་འགྱུར་རོ། །དེས་ན་དུས་ལ་སོགས་པ་ནི་མེད་པ་ཁོ་ནའོ། །དེས་ན་ཐ་དད་བའི་ཉེ་བར་བསྟན་པའི་རང་བཞིན་དེ་ཉིད་དུས་ལ་སོགས་པའི་བརྗོད་པ་ལ་སྟོན་པ་ཡིན་ནོ་ཞེས་གནས་སོ། །དེ་ལྟར་ནམ་མཁའ་དགག་པའི་ཞར་ལ་ཡུལ་དང་དུས་དག་བཀག་ནས། ཡང་དུས་ལ་ཡོན་ཏན་མེད་པར་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །བདག་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཡོན་ཏན་གང་ཡིན་པར་བརྗོད་པར་བྱ། འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་དེ་ནི་ཞེས་བྱ་བ་སྟེ། ཆེན་པོ་ཉིད་ལ་སོགས་པ་ནིའོ། །དེས་བདག་ལ་སོགས་པ་རྣམས་ཀྱི་བདག་ཉིད་ཀྱི་སོ་སོར་ངེས་བ་འགའ་ཞིག་བརྗོད་པར་བྱ་བ་སྟེ། དེ་ལྟར་མ་ཡིན་ན་བདག་དང་དུས་གཉིས་ཐ་དད་པར་རྣམ་བར་གཞག་པ་མེད་པར་འགྱུར་རོ། །གནང་བ་ནི་དངོས་པོའི་བདག་ཉིད་ཐོབ་པ་ཡོད་པ་ཡིན་ལ། འགོག་པ་ནི་དེ་མེད་པའོ། །དེ་སྐད་དུ་ཡང༌། དུས་ཀྱིས་འབྱུང་པོ་སྨིན་བྱེད་དེ། དུས་ཀྱིས་སྐྱེ་དགུ་འཇིག་པར་བྱེད། །ཅེས་བརྗོད་པ་ཡིན་ནོ། །སྨན་པ་ནི་སྐྱེད་པར་བྱེད་པ་སྟེ་གནས་བར་བྱེད་པའོ། །འཇིག་བ་ནི་མེད་པར་བྱེད་པ་སྟེ་འགོག་པར་བྱེད་པའོ། །དེ་གཉིས་ནི་དུས་ཀྱི་ཡོན་ཏན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དེ་དག་ནི་ཞེས་བྱ་བའོ། །དེའི་ཕྱིར་དུས་ཀྱིས་ནི་གནས་པ་དང་འགོག་པར་མི་ཐེག་གོ །ཡང་ན་ཡིན་མོད། དེ་ལྟ་ན་ཡང་བདག་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །གལ་ཏེ་དུས་ཁྱབ་བ་དང་རྟགས་ཀྱིས་ཀྱང་གནས་པ་དང་བཀག་བ་ནུས་ན་ནི།


DTG186_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བདག་ཀྱང་དེ་ལྟར་ནུས་པ་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདོད་པའི་དུས་ལས་གཞན་བདག་ལ་ཁྱབ་པ་དང་རྟག་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཅི་ལྟར་ཁྱད་པར་མེད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་དུས་ཀྱིས་སོ། །འདིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ལ་སོགས་པས་སོ། །དེ་ལྟར་ནམ་མཁའ་ལ་སོགས་པ་བཀག་ནས། སྒྲ་ནམ་མཁའི་མ་ཡིན་ན་ཚད་མ་དང་འགལ་བར་ཡང་ཞེས་གང་བརྗོད་པ་དེ་ལ་གྲུབ་པའི་མཐའི་མཇུག་སྡུད་པ་ནི། དེས་ན་ཞེས་བྱ་བའོ། །འདི་ནི་ནམ་མཁའ་ཉིད་དུ་ཞེས་བྱ་བ་ནི་རྩོད་པའོ། །འདི་ནི་སྒྲ་སྟེ་རྟོགས་ནའོ། །ལན་ནི་འབར་སོགས་ཞེས་བྱ་བའོ། །མཐོང་བ་མིན་ནམ་ཞེས་བྱ་བ་ནི་མཐོང་བ་ཁོ་ནའོ་ཞེས་བྱ་བའོ། །དེ་ལྟར་ཡིན་ན་ཡང༌། ཅི་ན་སྟེ་ཅིའི་ཕྱིར་འབར་བ་ལ་སོགས་པ་སྟེ་ནམ་མཁའ་དེའི་ཡོན་ཏན་དུ་མི་བརྗོད། དོགས་པ་ནི་དེ་ཞེས་བྱ་བ་འབར་བ་ལ་སོགས་པ་དེ་ལ་རྟེན་ནམ་མཁའ་ལས་གཞན་ཡང་ཡོད་ཅེས་བྱ་བའོ། །ལན་ནི་འཐད་པ་མིན་ཏེ་ཞེས་བྱ་བའོ། །ཡང་ན་ནམ་མཁའ་ཡོད་དུ་ཆུག་ཀྱང་དེས་གནས་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་ནམ་མཁའ་ནི་ཞེས་བྱ་བའོ། །ནམ་མཁའ་དེ་མ་བརྟགས་པར་ཡོད་པ་ཁོ་ན་ཡིན་གྱི། དོན་དམ་པར་ཡོད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་སྣང་བ་ཡོད་ན་ཞེས་བྱ་བའོ། །འདི་ནི་ཉེ་བར་མཚོན་པ་སྟེ་མུན་པ་ཡོད་ན་ཡང་ཞེས་རྟོགས་པར་བྱའོ། །དེའི་ཕྱིར་རང་ཉིད་སྨོས་པ་ནི་བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བ་ཡིན་པ་སྤངས་པ་ཡིན་ནོ། །བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བ་ཡིན་ན། སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་འཆད་པ་པོ་རྣམས་ཀྱང་ལྟར། རང་ཉིད་སྨོས་པ་དོན་མེད་པར་འགྱུར་རོ་ཞེས་སུན་འབྱིན་པ་གཞན་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །གལ་ཏེ་བསྟན་བཅོས་བྱེད་པའི་འདོད་པ་ཡང་རང་ཉིད་སྨོས་པས་སྟོན་པ་ཡིན་ན། དེའི་ཚེ་རང་ཉིད་སྨོས་པ་ཡང་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་གྱི་དོན་ཅན་ཡིན་པས་སོ། །མཚན་ཉིད་བྱེད་པ་ནི་ལོག་པར་རྟོགས་པ་བསལ་བའི་དོན་དུ་ཡིན་ན། བསྟན་བཅོས་བྱེད་པའི་འདོད་བ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་ན་ནི་རང་ཉིད་སྒྲ་མ་འབྲེལ་པར་འགྱུར་རོ། །


DTG186_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ནི་རང་ཉིད་ཀྱི་ཞེས་བྱ་བའོ། །དེ་ཞེས་བྱ་བ་བསྟན་བཅོས་བྱེད་བའི་འདོད་པ་བཟློག་པའི་དོན་ཉིད་དོ། །དེ་ཡང་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པའི་འདོད་བ་ཡང་ངོ༌། །དེ་ཞེས་བྱ་བ་ནི་རང་ཉིད་སྨོས་པའོ། །ཅིའི་ཕྱིར་སྙམ་ན། དེ་ལྟར་ཡིན་ན་ཞེས་སྨོས་ཏེ། བསྟན་བཅོས་བྱེད་པ་འདོད་པ་ཡང་བསྒྲུབ་བྱ་ཡིན་ནའོ། །ཕྱོགས་ཀྱི་མཚན་ཉིད་ཀྱི་དོན་ལོག་པར་རྟོགས་པ་བསལ་བ་སྟེ། དེ་དང་མ་འབྲེལ་བའི་ཕྱིར་རོ། །རང་ཉིད་ཀྱི་སྒྲའི་དགོས་པ་གཞན་ཡིན་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་འོ་ན་ཞེས་བྱ་བའོ། །བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་འགའ་ཞིག་གིས་བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་བསྟན་བཅོས་བྱེད་བས་འདོད་པ་བསྒྲུབ་བར་བྱ་བ་མ་ཡིན་ནོ་ཞེས་དོགས་པར་འགྱུར་གྱི། གང་གི་ཚེ་ཐམས་ཅད་ཀྱིས་ཀྱང་བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཁས་བླངས་པ་དེའི་ཚེ་བཟློག་པར་ག་ལ་དོགས། དེས་ན་རང་ཉིད་སྨོས་པ་འདོད་པ་བཟློག་པའི་དོན་དུ་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་ཞིག་རང་ཉིད་སྨོས་པས་བསྟན་བཅོས་དག་ལ་འདོད་པས་འཇུག་པར་བྱ་བའི་རྟོག་པ་སྔོན་དུ་གཏོང་བ་དེ་ཚད་མས་འགོག་པ་མ་ཡིན་པའམ་འགོག་པ་ལ་ཡིན། དེ་ལ་གལ་ཏེ་ཚད་མ་མི་འགོག་ན། དེའི་ཚེ་གང་གིས་རང་ཉིད་སྨོས་པས་གཞུག་པར་བྱ་བ་བསྟན་བཅོས་འཛིན་པ་སུས་བཟློག །འོ་ན་ཚད་མས་བཀག་ན་དེའི་ཚེ་ཡང་གང་གིས་རང་ཉིད་སྨོས་པས་དོན་དང་བཅས་པར་འགྱུར་བ་ཚིག་ལས་རྒོལ་བ་གང་གིས་འཇུག །རྟོག་པ་དང་ལྡན་པའི་འདོད་པ་ཡང་ཚད་མའི་རྩ་བ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྟོག་པ་སྔོན་དུ་བྱེད་པ་མ་ཡིན་པ་འཇུག་པའི་དོན་དུ་རང་ཉིད་སྨོས་སོ་སྙམ་དུ་དོགས་ན་དེ་དག་ཅིས་གསུངས་སོ། །ཅིས་མི་འཐོབ་སྟེ་འཐོབ་པ་ཁོ་ན་འདོད་པ་ཡོད་པའི་ཕྱིར་རོ། །དེས་ན་རྟོག་པ་སྔོན་དུ་བྱེད་པ་མ་ཡིན་པར་འཇུག་པའི་དོན་དུ་ཡང་རང་ཉིད་སྨོས་པ་དོན་མེད་དོ། །དེས་ན་རང་ཉིད་ཀྱི་སྒྲ་ནི་ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པ་ཁོ་ནའོ། །འདིས་ནི། གལ་ཏེ་བསྟན་བཅོས་འདོད་འཇུག་དོན། །ཞེས་བྱ་བ་ལ་སོགས་པ་ནི་གསལ་བར་མ་བཤད་པས། ད་ནི་ཚད་མས་བཀག་མེད་ན། །ཞེས་བྱ་བ་ལ་སོགས་པ་རྣམ་པར་བསྐལ་པ་ཡིན་ནོ། །ལུང་ཐམས་


DTG186_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡོངས་སུ་བརྟགས་ནས་འཇུག་པའི་ཕྱིར་ན། སོ་སོར་ངེས་པའི་ལང་ལ་འཇུག་པར་བྱ་བའི་དོན་དུ་རང་ཉིད་སྨོས་པ་ཡིན་ནོ་སྙམ་ན་བསྟན་བཅོས་ཐམས་ཅད་ནི་ཞེས་བྱ་བའོ། །དེས་ནི་ཞེས་བྱ་བ་ནི་རྣམ་པར་དཔྱད་མི་བཟོད་པས་ནའོ། །དེ་ནི་ཚད་མས་གནོད་པའང་ཡིན་ལ། དེ་ཉིད་ཀྱིས་ན་ཡོངས་སུ་མ་དག་པ་ཡིན་ཏེ། དེ་ལྟ་བུའི་བསྟན་བཅོས་ལས་འཇུག་པ་མ་ཡིན་པ་ཉིད་དོ། །དེ་བས་ན་རང་ཉིད་སྨོས་བས་བསྟན་བཅོས་གལ་འཇུག་པ་གང་ཡིན་བ་དེ་གལ་སྲིད་དེ་མི་སྲིད་བ་ཁོ་ནའོ། །འདི་ནི་གལ་ཏེ་ཚད་མས་བཀག་ན། ཡང་ཞེས་བྱ་བའི་རྣམ་འགྲེལ་གྱི་འགྲེལ་པ་ཡིན་ནོ། །ད་ནི་རྣམ་འགྲེལ་ལྷག་མ་རྣམ་པར་འགྲེལ་པ་ནི། གལ་ཏེ་རྟོག་ལྡན་མིན་ན་ནི་ཞེས་བྱ་བའོ། །དང་པོ་ནི་འདོད་པས་བསྟན་བཅོས་ཁས་ལེན་ལ། གཉིས་པར་ནི་རང་ཉིད་སྨོས་བ་ལས་ཡིན་ནོ་ཞེ་ན། དེ་ནི་དང་པོ་ཞེས་བྱ་བའོ། །དེ་ཙམ་ནི་འདོད་པ་ཙམ་སྟེ་དེས་ཞུགས་པའོ། །དེས་ན་ནི་འདོད་པས་ནའོ། །དེ་བཞིན་དུ་ནི་དང་པོ་ཁས་བླངས་པ་བཞིན་དུའོ། །དེའི་ཕྱིར་རྟོག་པ་གཉི་ག་ལ་ལྟོས་ནས་ཀྱང་རང་ཉིད་སྨོས་པ་དོན་མེད་པ་ཁོ་ནའོ། །དེ་དག་དོན་དུ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འདོད་པས་བསྟན་བཅོས་དག་ལ་འཇུག་པར་བྱ་བའི་དོན་དུ་དེ་དག་རང་ཉིད་སྨོས་པའི་རང་བཞིན་གྱིས་སློབ་པ་ཡིན་ནོ་ཞེ་ན། ལན་ནི་འདོད་པ་ཙམ་གྱིས་ནི་བསྟན་བཅོས་ལ་འཇུག་པ་མ་ཡིན་གྱི། འོན་ཀྱང་ཡོངས་སུ་བརྟགས་པས་ཡིན་ནོ་ཞེས་རྟོགས་པར་བྱ་བ་དེ་བསླབ་པར་བྱ་བ་ཡིན་ནོ། །འདི་ཉིད་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་རྣམ་པ་བརྗོད་པ་ནི་སྔ་མ་བཞིན་དུ་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་བསྟན་བཅོས་ཁས་བླངས་པ་ལའོ་ཞེས་དེ་ལྟར་རིགས་པ་བསྟན་པར་རིགས་སོ། །ཅི་ལྟར་གྱུར་པ་ཞིག་ཅེ་ན། འདོད་པས་ཞེས་བྱ་བའོ།། །།ཚད་མ་རྒྱན་གྱི་ཊཱི་ཀ་བ་མ་པོ་དྲུག་ཅུ་རྩ་དྲུག་པ་གཞན་དག་རྒོལ་བའི་འདོད་པ་ཡང་ཚད་མ་དང༌། གཞན་དག་ཁོ་ནས་ལེན་པ་དང་འདོར་བར་འགྱུར་པ་ཡིན་པས་ན་རང་ཉིད་སྨོས་པས་ཅི་བྱ་ཞེས་བརྗོད་པ་ནི། དེ་ལྟ་ན་འོན་ཞེས་བྱ་བའོ། །གལ་ཏེ་རྒོལ་བའི་འདོད་པ་ལ་ཚད་མས་གནོད་ན་ཞེས་སྐབས་ཡིན་ནོ། །འདི་ཡང་མི་ནུས་པ་དང་མི་དགོས་པ་ཉིད་ཉེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པ་མི་རྟག་པ་ཉིད་ལ་གནོད་


DTG186_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དེ་མི་འགལ་བའི་ཕྱིར་དང༌། མི་འགལ་བ་ཡང་བསྟན་བཅོས་བྱེད་པའི་འདོད་པ་མེད་ན་མི་འབྱུང་བ་མ་ཡིན་བའི་ཕྱིར་རོ། །བསྒྲུབ་བར་བྱ་བ་མིན་པ་ནི་བསྟན་བཅོས་བྱེད་བའི་འདོད་བ་སྟེ། མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་རོ། །མེད་ན་མི་འབྱུང་བ་མ་ཡིན་ཡང་བསྟན་བཅོས་ལས་འདོད་པ་བསྒྲུབ་པར་བྱ་བ་ཡིན་ན་ཐུག་པ་མེད་པར་འགྱུར་ཏེ། གཏན་ཚིགས་ཐམས་ཅད་ལ་སྐུར་བར་འགྱུར་རོ། །འདོད་པ་ལ་གནོད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་མདོར་གཞག་བའི་ངག་རྣམ་པར་འགྲེལ་བ་ནི། བསྟན་བཅོས་ལས་ཞེས་བྱ་བའོ། །བསྒྲུབ་བྱ་ཡིན་ལ་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །དེ་སྒྲུབ་ན་ཞེས་བྱ་བ་ནམ་མཁའི་ཡོན་ཏན་སྒྲུབ་ནའོ། །དེས་ན་འདི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ན་འོན་ཞེས་བྱ་བ་ལ་སོགས་པ་བརྩད་པའོ། །དེ་ལྟར་ལོག་བར་རྟོགས་པ་བསལ་བའི་སྒོ་ནས་དོགས་པའི་གནས་བཟློག་པའི་དོན་ཡིན་པའི་ཕྱིར་རང་སྨོས་པ་དོན་མེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རང་གི་ཕྱོགས་པ་འགའ་ཞིག་མ་གྲུབ་པའི་ཉེས་པར་འགྱུར་བའི་ཕྱིར། གཞུང་ལུགས་ཀྱིས་ཉེ་བར་བཀོད་པའི་ཆོས་ཅན་ལ་སྒྲུབ་པར་བྱེད་ན་མི་སྲིད་པའི་ཕྱིར་ན། དེ་ཡོངས་སུ་སྤངས་ཏེ་ཆོས་ཅན་ཚད་མས་གྲུབ་བ་གཟུང་བར་བྱ་བ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་རང་ཉིད་སྨོས་པ་ཡིན་ནོ་ཞེས་བརྗོད་བ་ནི། གཞུང་ལུགས་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་བསྟན་བཅོས་ཀྱིས་གཞག་བ་ནའོ། །གལ་ཏེ་དངོས་པོ་ལ་བརྟེན་པའི་རྣམ་པར་དཔྱོད་པ་ནི། གཞུང་ལུགས་ལས་གྲུབ་པ་དངོས་པོ་མ་ཡིན་བ་ལ་མ་གྲུབ་པའི་ཕྱིར་ན་རང་ཉིད་དུ་མི་འགྱུར་བ་མ་ཡིན་ནམ་དེའི་དོན་དུ་རང་ཉིད་སྨོས་པས་ཅི་བྱ་ཞེས་བརྗོད་པ་ནི་དཔྱད་བ་ཉིད་ཀྱི་ཞེས་བྱ་བའོ། །བྱས་པའི་ཕྱིར་ཞེས་བྱ་བའི་སྒྲུབ་བྱེད་འདི་ནི་མངོན་བར་འདོད་པའི་བསྒྲུབ་བྱ་སྒྲུབ་པའི་དོན་དུ་རབ་ཏུ་སྦྱར་བ་ཡིན་པས། རང་གྲུབ་པའི་དོན་དུ་ཚད་མས་གྲུབ་པའི་ཆོས་ཅན་འཕེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་འབའ་ཞིག་གིས་གྲུབ་པའི་ཆོས་ཅན་ལ་ནི་མངོན་པར་འདོད་པ་འགྲུབ་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། རང་འདོད་བརྟགས་པའི་ཞེས་བྱ་བའོ། །དེའི་རང་བཞིན་ཉིད་ཅེས་བྱ་བ་ནི་རང་བཞིན་གང་གིས་ཆོས་ཅན་ཡིན་བ་གང་ཡིན་པ་དེ་ལ་


DTG186_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེས་བྱ་བ་ནི་སྒྲ་ལ་སོགས་པའི་ཆོས་ཅན་ནོ། །དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེས་ན་སྒྲའི་རང་བཞིན་ནི་རྣམ་པར་དཔྱད་པ་མ་ཡིན་བ་དེས་ན་དེ་ལ་སྒྲུབ་བར་བྱེད་པ་སྲིད་བའི་ཕྱིར་ནམ་མཁའི་ཡོན་ཏན་ཉིད་གྲུབ་པ་ཁོ་ནའོ་ཞེས་བསམས་པའོ། །ལན་ནི་འོ་ན་ཞེས་བྱ་བའོ། །མ་གྲུབ་པའི་ཁྱད་པར་ནམ་མཁའི་ཡོན་ཏན་ཉིད་བླངས་བས་ཅི་ཞིག་བྱ། དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་ཁྱད་པར་མ་གྲུབ་པའི་སྒྲ་ཉིད་དོ། །དེར་ནི་ནམ་མཁའི་ཡོན་ཏན་གྱི་ཁྱད་པར་ཅན་གྱི་སྒྲ་ལ་མི་རྟག་བ་ཉིད་མེད་བའི་ཕྱིར་ཏེ། དོན་དུ་མི་གཉེར་བའི་ཕྱིར་ནི་རྒོལ་བའི་ཚིག་དོན་མེད་དོ་ཞེས་འབྲེལ་ཏོ། །ཅི་བརྗོད་པ་སྙམ་ན་ནམ་མཁའི་ཡོན་ཏན་དང་ལྡན་པའོ། །འོན་ཏེ་རྒོལ་བའི་ཚིག་ལས་དེ་འགྲུབ་ན་ཅི་ལྟར་རྒོལ་བའི་ཚིག་དོན་མེད་སྙམ་ན། དེ་ལས་ཞེས་སྨོས་ཏེ་དམ་བཅའ་བ་ཙམ་ལས་སོ། །དེ་ཞེས་བྱ་བ་མངོན་བར་འདོད་པ་མ་ཡིན་བ་ནམ་མཁའི་ཡོན་ཏན་ལྡན་བའི་མི་རྟག་པ་གྲུབ་པ་མིན་པའི་ཕྱིར་རོ། །ཕྱེད་ཕྱི་མ་འཆད་པ་ནི་རྟོག་པ་ཞེས་བྱ་བའོ། །དེ་ལས་དེ་ཞེས་བྱ་བ་རྣམ་བར་འགྲེལ་པ་ནི། མི་འདོད་པ་ཉིད་ཅེས་བྱ་བའོ། །དམ་བཅའ་བ་ཙམ་གྱིས་འགྲུབ་ན་ཅི་སྐྱོན་སྙམ་ན། དེ་ལྟ་ན་ནི་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་དང་ལྡན་པའི་མི་རྟག་པ་ཉིད་དོ། །འདི་ནི་ཞེས་བྱ་བ་གཞུང་གིས་བསྐྱེད་པའི་ཁྱད་བར་ཅན་ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་ནོ། །ཕ་རོལ་པོ་དག་རང་ཉིད་སྨོས་པས་གྲུབ་བ་ཉིད་དུ་བརྗོད་པ་མ་ཡིན་གྱི་འོན་ཀྱང༌། ཆོས་ཅན་གྲུབ་པ་ནི་བསྒྲུབ་བར་བྱ་བ་མ་ཡིན་ནོ་ཞེས་སྨྲ་བ་ནི་ཅི་སྟེ་ཞེས་བྱ་བའོ། །གྲུབ་པའི་མཐའ་པ་དེ་ཡང་གྲུབ་པའི་རང་བཞིན་འགོག་བའི་ཚིག་ཉིད་ཀྱིས་འགྲུབ་བོ་ཞེས་བརྗོད་པ་ནི། རང་གི་ངོ་བོ་ཉིད་བསྟན་པ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཆོས་ཅན་བསྒྲུབ་བྱ་བ་ཡིན་ཏེ། རྟོགས་ཟིན་པས་རྟོགས་པར་བྱེད་པའི་འབད་པ་ནི་འབྲས་བུ་དང་བཅས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འདིས་རྟོགས་སྙམ་ན་འདི་ལྟར་ཞེས་བྱ་བའོ། །རྣམ་པར་གཅོད་པར་བྱ་བ་མེད་པར་ནི་ཁྱད་པར་དོན་དང་ལྡན་པ་མ་ཡིན་ནོ། །དེས་ན་གྲུབ་པའི་རང་བཞིན་གྱི་ཆོས་ཅན་དང་སྒྲུབ་པར་བྱེད་པའི་རང་བཞིན་དུ་ཆོས་མིག་གིས་གཟུང་བ་ལ་སོགས་པ་བསྟན་པ་ཡོད་པ་ཡིན་ན་རང་གི་ངོ་བོ་ཁོ་ནར་བསྟན་པ་ཞེས་བྱ་བའི་


DTG186_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་ནི་དེ་རྣམ་པར་དཔྱོད་པར་བྱེད་པས་འབྲས་བུ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་རང་ཉིད་སྨོས་པ་ནི་ཆོས་ཅན་བསྒྲུབ་བར་བྱ་བ་བྱེད་བ་བཟློག་པའི་དོན་དུ་མ་ཡིན་ཏེ། དེ་ནི་རྣམ་པ་གཞན་ཁོ་ནར་དགག་བ་འགྲུབ་བའི་ཕྱིར་རོ། །འཆད་པ་ནི་ཅི་སྟེ་ཞེས་བྱ་བའོ། །ཅིའི་ཕྱིར་བསྒྲུབ་བྱ་མ་ཡིན་ཞེ་ན། རང་ཉིད་ཅེས་སྨོས་སོ། །འདི་ནི་རང་ཉིད་སྨོས་པའི་འབྲས་བུ་སྟོན་པའོ། །དེ་ལྟ་མ་ཡིན་ན་ཞེས་རང་གི་ངོ་བོ་ཅན་བསྒྲུབ་བར་བྱ་བ་ཡིན་ནའོ། །འགྲུབ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཅན་ཞེས་བྱ་བར་བལྟའོ། །ཆོས་ཅན་མ་གྲུབ་པ་ནི་དཔྱོད་པ་མི་སྲིད་པའི་ཕྱིར་ན་ཆོས་ཅན་གྲུབ་པ་ཉིད་ཅེས་བྱ་བ་ནི་སྐབས་ཡིན་ནོ། །འདིས་ནི་རྩོད་པའི་ཆ་རྣམ་པར་བཀྲལ་བ་ཡིན་ནོ། །འདི་ལ་ནི་རང་ཉིད་ཀྱིས་འདེབས་པ་ནི་དེ་ཡང་མི་འཐད་དེ་ཞེས་བྱ་བའོ། །དེ་ཉིད་ནི་ཞེས་བྱ་བ་ནི་ཆོས་ཅན་གྲུབ་བའོ། །གང་བཟློག་པས་རང་ཉིད་སྨོས་པ་འབྲས་བུ་དང་བཅས་པར་འགྱུར་པ་ཆོས་ཅན་ལ་ནི་བསྒྲུབ་བར་བྱ་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་གཞན་གྱིའོ། །དེ་བཞིན་དུ་རྣམ་པར་དཔྱོད་པའི་ཡང་གྲུབ་པ་རྟེན་མ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་བཞིན་དུ་གྲུབ་པ་ཡང་གཏན་ཚིགས་ཀྱི་རྟེན་མ་ཡིན་ནོ་ཞེས་སྦྱར་རོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོ་ཞེས་བྱ་བ་ཡང་དགོས་པ་དང་ལྡན་པ་ཡིན་ན་གཉི་ག་ཡང་ཞེས་བྱ་བ་དེས་པར་གཟུ་ལས་འབའ་ཞིག་ཏུ་ནི་མ་ཟད་ཀྱི་རང་གི་ངོ་བོ་ཞེས་བྱ་བ་འདི་ཡང་ཐ་དད་བར་དགོས་པ་དང་བཅས་པར་བསྟན་པར་བྱ་བར་འགྱུར་བ་བསྟན་པ་ཡང་མ་ཡིན་ཏེ། དེས་ན་རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་འདི་གྲུབ་པ་བསྒྲུབ་པར་བྱ་བ་བཟློག་པའི་དོན་དུ་ནི་མ་ཡིན་གྱི་འོན་ཀྱང་མ་གྲུབ་པའི་སྒྲུབ་པར་བྱེད་པ་མིག་གིས་གཟུང་བ་ཉིད་ལ་སོགས་པའོ། །གལ་ཏེ་གཉི་ག་དགོས་པ་དང་བཅས་པ་མ་ཡིན་ན། འོ་ན་ཅིའི་ཕྱིར་ཞེས་བྱ་བ་ནི་གཞན་གྱིའོ། །འདིའི་དོན་ནི་འཆད་པ་ནི་མ་གྲུབ་པའི་ཞེས་བྱ་བའོ། །ཆོས་ཞེས་བྱ་བ་ནི་མིག་གིས་གཟུང་བ་ཉིད་ལ་སོགས་པ་མ་གྲུབ་པའོ། །གལ་ཏེ་ཆོས་མ་གྲུབ་པ་ནི་སྒྲུབ་པར་བྱེད་པའི་ངོ་བོར་བསྟན་པ་གྲུབ་པ་ཡིན་གྱི། ཆོས་ཅན་མ་གྲུབ་པ་ལ་གྲུབ་པའི་རང་བཞིན་དུ་བསྟན་པ་ནི་ཅི་འདྲ་བ་ཞིག་ཡིན་སྙམ་ན། དཔེར་ན་བདག་ནི་ཞེས་བྱ་བའོ། །ཁྱད་པར་དང་བཅས་པ་ཉིད་དུ་མ་གྲུབ་བའོ། །གྲུབ་པའི་རང་བཞིན་དུ་བསྟན་པ་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། ཆོས་ཅན་གྱི་ཁྱད་པར་ཉིད་དུ་


DTG186_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། མ་གྲུབ་པའི་ཆོས་ཆོས་ཅན་གྱི་ཁྱད་པར་ཉིད་དུ་བསྟན་པ་ཞེས་འབྲེལ་ཏོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མི་ཤེས་པའི་རྣམ་པར་བརྗོད་པ་ནི་ཅི་མི་རྟག་བ་ཞེས་བྱ་བའོ། །ལན་ནི་སྒྲ་མཚུངས་ཀྱང་ཞེས་བྱ་བའོ། །ནམ་མཁའི་ཡོན་ཏན་གྱི་སྒྲ་ནི་མི་རྟག་པའོ་ཞེས་བྱ་བའི་སྒྲ་མཚུངས་ཀྱང་ངོ༌། །འདི་ཡང་གཞན་གྱི་དོར་བརྗོད་པ་ཡིན་གྱི། སངས་རྒྱས་བ་རྣམས་ཀྱི་ལྟར་ན་ནི་ཕྱོགས་བསྟན་པར་བྱ་བ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོས་ཞེས་བྱ་བ་འདི་ལ་རྣམ་པར་གཅད་བར་བྱ་བ་ཐ་དད་པ་ཁས་མི་ལེན་འོ་ན་ཅི་ལྟར་ཞེས་བྱ་བ་ནི་གཞན་གྱི་སྟེ། འདི་རྣམ་པར་གཅད་པར་བྱ་བ་ཉིད་དུ་བརྟེན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ངེས་པར་གཟུང་བའི་ཞེས་བྱ་བའོ། །དེ་ནི་རྣམ་པར་གཅད་པར་བྱ་བ་བསྟན་པའོ། །གཞན་གྱི་ཕྱིར་ཞེས་བྱ་བ་ནི། མ་གྲུབ་པའི་སྒྲུབ་པར་བྱེད་པ་བསྟན་པ་བསྒྲུབ་པར་བྱ་བ་ཉིད་དུ་ཡིན་པ་རྣམ་པར་གཅད་བའི་ཕྱིར་བྱས་པས། གཞན་གྱི་དོན་དུ་ཡང་ཞེས་བྱ་བ་གྲུབ་པ་རྣམ་པར་གཅད་པའི་ཡང་འགྱུར་བ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནི་རང་གི་ངོ་བོ་སྨོས་པའི་རྣམ་པར་གཅད་པར་བྱ་བའོ། །ཁས་བླངས་པ་སྔོན་དུ་སོང་བ་ཅན་གྱི་རྣམ་པར་གཅད་པར་བྱ་བ་བརྗོད་པའི་རྣམ་པ་གསུངས་པ་ནི། ཅི་སྟེ་ཡང་ཞེས་བྱ་བའོ། །གྲུབ་པ་བསྒྲུབ་བྱར་བྱེད་པའོ། །གཞན་སྨྲས་པ་གང་གིས་མ་བསལ་བའི་ཚིག་གིས་རྣམ་པར་གཅད་པར་བྱ་བར་འགྱུར་བ་བསལ་བ་མཉན་པར་བྱ་བ་མ་ཡིན་པ་ཉིད་ཅི་ལྟར་བསྒྲུབ་བར་བྱ་བ་ཉིད་དུ་ཡིན་པར་ཅི་ལྟར་འཐོབ། འདིར་ཡང༌། གང་ཞིག་བསལ་ཀྱང་སྒྲུབ་བྱེད་པའི། །རྟོགས་ལྡན་དེ་ནི་འགའ་ཡོད་མིན། །མེད་པར་རྟོགས་པ་དེ་ཉིད་ནི། །ཅི་ལྟར་བསྒྲུབ་བྱང་རྟོགས་པར་འགྱུར། །ཞེས་བརྗོད་པར་ནུས་པ་ཉིད་དོ། །དེས་ན་མ་བསལ་བའི་ཚིག་གི་རྣམ་པར་གཅད་བར་བྱ་བ་བཞིན་དུ་རང་གི་དེ་བའི་ཚིག་ལ་ཡང་གཙོ་བོ་ཉིད་དུ་རྣམ་པར་གཅད་པ་བསྟན་བར་རིགས་སོ་ཞེས་སེམས་པའོ། །འདི་ལ་ལན་ནི་དེ་ལ་ཞེས་བྱ་བ་སྟེ། བསལ་བ་ལ་ནི་རྩོད་པ་མཐོང་བའི་ཕྱིར་རོ། །རྩོད་པ་མཐོང་བ་དེ་ཡང་ཕྱིས་བསྟན་པར་བྱའོ། །དེས་ན་རང་ཉིད་སྨོས་པ་ནི་གྲུབ་པའི་ཆོས་ཅན་བསྒྲུབ་བྱ་ཡིན་པ་དགག་པའི་དོན་དུ་ནི་མ་ཡིན་ཏེ་དེ་ལྟ་མ་ཡིན་པར་ཡང་དེ་བཟློག་པར་འགྲུབ་པའི་ཕྱིར་རོ། །རྣམ་པ་


DTG186_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཀྱང་ཆོས་ཅན་བསྒྲུབ་པར་བྱ་བ་མ་ཡིན་པར་འགྲུབ་པ་ཁོན་ཏེ། དེའི་ཕྱིར་རང་ཉིད་སྨོས་པ་དེའི་དོན་དུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་ཆོས་ཁྱད་པར་དུ་བྱེད་པའི་ཆོས་ཅན་སྒྲ་ལ་སོགས་པ་ནི་ཁྱད་པར་ཡིན་པས་དེའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་ནི་ཡོད་པ་མ་ཡིན་ཏེ། དཔེ་དང་ཐུན་མོང་པའི་སྤྱི་ལ་འཇུག་པར་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རང་ཉིད་སྨོས་པས་ཆོས་བསྒྲུབ་པར་བྱ་བ་མ་ཡིན་པར་བསྟན་བ་མ་ཡིན་ན། མཚན་ཉིད་དང་འགལ་བར་འགྱུར་རོ་སྙམ་ན། འདིར་ནི་འདི་སྐད་ཅེས་གསུངས་སོ། །ཕྱོགས་ཀྱི་མཚན་ཉིད་འདིར་ནི། ཆོས་ཅན་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་རང་ཉིད་སྨོས་པས་དེ་སྐད་མ་བརྗོད་ཀྱང་འགལ་བ་ཅུང་ཟད་ཀྱང་མེད་དོ། །རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་ཉིད་ཀྱིས་ཆོས་ཅན་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་ཕྱིར་རོ། །འོན་ཏེ་ཆོས་ཅན་ཡང་སྤྱི་ཁོ་ན་ཡིན་བ་དེས་ན་བསྒྲུབ་པར་བྱ་པར་ཐལ་ལོ་སྙམ་ན། ཆོས་ཅན་ཞེས་བྱ་བའོ། །དེ་ལས་གཞན་ནི་མ་གྲུབ་པའོ། །ཅིའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ཞེ་ན། རང་གི་མཚན་ཉིད་ཅེས་བྱ་བའོ། །གཞན་ཡང་ཆོས་ཅན་བསྒྲུབ་བར་བྱ་བ་ཡིན་ན་གཏན་ཚིགས་ཀྱི་ཉེས་བ་ཉིད་ཡིན་གྱི་ཕྱོགས་ཀྱི་ཉེས་བ་ནི་མ་ཡིན་ཏེ། དེས་ན་དེ་ནི་ཕྱོགས་ཀྱི་མཚན་ཉིད་ཁོ་ནས་སྤངས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །རྗེས་འགྲོ་མེད་པ་ཉིད་ནི་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ། །དེས་ན་དེའི་སྐྱོན་ནི་དེའི་མཚན་ཉིད་ཁོ་ནས་སྤང་བར་བྱ་བ་ཡིན་ཞེས་བརྗོད་པ་ནི། འདི་ཉིད་ཞེས་སྨོས་སོ། །རྗེས་སུ་འགྲོ་བ་མེད་པ་དང༌། བསྒྲུབ་པར་བྱ་བ་མ་ཚང་བའི་རང་བཞིན་ནི། གཏན་ཚིགས་དང་དཔེ་དག་གིའོ། །གཏན་ཚིགས་ལ་སོགས་ལྟོས་བ་ཞེས་བྱ་བ་ནི་མ་གྲུབ་པ་ལ་སོགས་པའི་མཚན་ཉིད་དོ། །ཧ་ཅང་ཐལ་བ་འདིའི་ལན་གྱི་དགོས་པ་ནི་འོན་ཏེ་དཔེར་ན་ཞེས་བྱ་བའོ། །གཏན་ཚིགས་གཞན་གྱི་ཞེས་བྱ་བ་ནི་བྱས་པ་ལ་སོགས་པས་སོ། །དེ་ལྟར་གང་ལ་གཏན་ཚིགས་གཞན་ཡོད་པ་དེར་ནི་གཏན་ཚིགས་ཀྱི་སྐྱོན་ཉིད་ཡིན་ནོ་ཞེས་རྣམ་པར་བཞག་ནས་གང་དུ་གཏན་ཚིགས་འགའ་ཡང་མེད་པར་དེར་ནི་ཕྱོགས་ཁོ་ནའི་ཉེས་པ་ཡིན་ནོ་ཞེས་བརྗོད་པ་ནི། གང་དུ་ཞེས་བྱ་བའོ། །ཆོས་ཅན་


DTG186_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་བསྒྲུབ་པར་བྱ་བ་ལ་ནི་གཏན་ཚིགས་འགའ་ཡང་ཡོད་པ་མ་ཡིན་ཏེ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེས་ན་འདི་ནི་ཕྱོགས་ཀྱི་ཉེས་པ་ཁོ་ནའོ་ཞེས་ཅི་ལྟར་ཞེ་ན། སྲིད་པའི་རང་གི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རང་གི་བསམ་པའོ། །དེས་ན་ཞེས་བྱ་བ་ནི་ཆོས་རྗེས་སུ་མི་འགྲོ་བས་ན་ཐམས་ཅད་དུ་སྒྲུབ་པར་བྱེད་པ་མི་སྲིད་པས་ནའོ། །ཆོས་ཅན་གྱི་རང་བཞིན་ཕྱོགས་ཀྱི་མི་སྲིད་པ་འདི་ཉིད་འདི་ཅི་གཏན་ཚིགས་ལ་ལྟོས་ནས་སམ། འོན་ཏེ་གཞན་ལ་ལྟོས་པ་མེད་པར་རང་ལ་གནས་པ་ཉིད་ཡིན། ཅི་ལྟར་ན་དེ་གཉི་ག་ཡང་མ་ཡིན་སྙམ་ན། གལ་ཏེ་རྟགས་དང་ཞེས་བྱ་བའིའོ། །རྗེས་སུ་འགྲོ་བ་མེད་པ་ལ་སོགས་པ་དེ་ནི། རྟགས་ཀྱི་སྐྱོན་ཉིད་ཡིན་པའི་ཕྱོགས་ཀྱི་ནི་མ་ཡིན་ནོ། །འོན་ཏེ་ཉེས་པ་གང་ཞིག་གཏན་ཚིགས་ལ་ལྟོས་པ་དེ་ནི་རང་ལ་བརྟེན་བ་ཉིད་ཡིན་ནོ་སྙམ་ན། དེ་ནི་ཞེས་སྨོས་ཏེ། གཏན་ཚིགས་ཀྱི་སྐྱོན་ནིའོ། །ཅིའི་ཕྱིར་ཞེ་ན། མཐོང་པ་ཡིས་ཀྱང་ཞེས་སྨོས་སོ། །ཆོས་ཅན་དེ་འགྲུབ་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཚིག་འདི་ཉིད་ནི། གལ་ཏེ་རང་གི་རང་བཞིན་གྱི་ཞེས་བྱ་བའོ། །དོགས་པ་ནི་རྗེས་སུ་དཔག་པས་མངོན་སུམ་དུ་གྱུར་པའི་ཕྱོགས་མི་འགྲུབ་པོ་ཞེ་ན། ལན་འོ་ན་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་གྱིས་གྲུབ་ཀྱང༌། གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་ཕྱོགས་ཀྱི་སྐྱོན་མ་ཡིན་ནམ་སྙམ་ན། གྲུབ་པ་ལ་ཞེས་བྱ་བའོ། །འོ་ན་ཕྱོགས་ཀྱི་སྐྱོན་གང་ཡིན་སྙམ་ན། དེ་ནི་ཞེས་སྨོས་ཏེ། གྲུབ་པ་ལ་སྒྲུབ་པའི་སྐྱོན་ནི། དེར་ཡང་བདག་ཉིད་ཁོ་ནའི་མངོན་སུམ་གྱིས་གྲུབ་པ་ལ་གཏན་ཚིགས་ཀྱི་སྐྱོན་ཡིན་ཞེས་འབྲེལ་ཏོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉི་གའི་མངོན་སུམ་གྱིས་གྲུབ་པ་ལ་ནི་ཞེས་འབྲེལ་ཏོ། །རྗེས་སུ་དཔག་པ་གྲུབ་པ་བཞིན་དུ་ལུང་གིས་གྲུབ་པ་ཡང་ཕྱོགས་ཡིན་ནོ་སྙམ་ན། ལུང་གིས་ཞེས་བྱ་བའོ། །ཅི་ལྟར་མངོན་སུམ་གྱིས་གྲུབ་པ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཕྱོགས་མ་ཡིན་པ་དེ་བཞིན་དུ་ལུང་གིས་གྲུབ་པ་ཡང་ངོ༌། །ཕ་རོལ་པོ་དག་དཔེ་དང་དོན་དག་ཆོས་མི་མཚུངས་པར་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་ཞེ་ན། ལུང་གི་ཡུལ་ནི་ཞེས་སྨྲས་སོ། །ལན་ནི་འདི་ཉིད་ཅེས་བྱ་བའོ། །བརྗོད་པའི་རྣམ་པ་གསུངས་པ་ནི། གཏན་ཚིགས་ཀྱི་ཞེས་བྱ་བའོ། །ལུང་ལས་གྲུབ་པ་ལ་ནི་དེ་ཙམ་


DTG186_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པ་ཉིད་མེད་པ་ཁོན་ཏེ། དས་ན་ཅི་ལྟར་ཕྱོགས་ཉིད་མ་ཡིན་སྙམ་ན། འདི་ལ་ཡང་ཞེས་བྱ་བ་སྟེ་ལུང་ལས་གྲུབ་བ་ཡང་ངོ༌། །ཕྱོགས་ཙམ་ལས་གྱུར་པ་ཉིད་སྟོན་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་ནི་ཕྱོགས་སོ། །གང་གིས་དེ་སྒྲུབ་པ་ཉིད་ཀྱི་ཕྱོགས་སུ་འགྱུར་བ་གཏན་ཚིགས་ཀྱིས་ཅི་དགོས། གཞན་ལ་ནི་ཕྱིར་རྒོལ་བའོ། །རང་ཉིད་ཀྱི་རྒོལ་བའོ། །ལུང་ལས་གྲུབ་པ་ཕྱོགས་ཡིན་ནོ་ཞེས་བྱ་བ་སྐབས་ཡིན་ནོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་ལའོ། །གལ་ཏེ་ལུང་ལས་གྲུབ་བ་ཕྱོགས་མ་ཡིན་ན། འོ་ན་གང་ཕྱོགས་ཡིན་སྙམ་ན་དེའི་ཕྱིར་ཞེས་སྨོས་སོ། །དེས་ཞེས་བྱ་བ་ནི་ཁྱད་པར་གྱི་རང་བཞིན་གྱིས་སོ། །དེ་ནི་སྤྱིའོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནས་བརྩམས་ནས་ཞེ་ནའི་བར་ནི་རྩོད་པའོ། །དེས་མ་གྲུབ་པ་ནི་མངོན་སུམ་གྱིས་མ་གྲུབ་པ་ལ་རྗེས་སུ་དཔག་པ་ཤིན་ཏུ་ཡང་མེད་པར་འགྱུར་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་རྩོད་པ་གཉིས་པ་བརྗོད་པའོ། །ཅི་ལྟར་ཞེ་ན། གནོད་པ་ཞེས་བྱ་བ་སྨོས་སོ། །དེ་ལ་རེ་ཞིག་རྩོད་བ་དང་པོ་སེལ་བ་ནི། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །དེའི་ཞེས་བྱ་བ་སྤྱིའི་བསལ་པ་དེའི་ཡུལ་ཅན་གྱི་མངོན་སུམ་གང་ཡིན་པ་དེ་མེད་ན་དེར་རྗེས་སུ་དཔག་པ་འཇུག་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །མེ་ལ་སོགས་པའི་སྤྱི་དེའི་བསལ་བ་སྟེ་རང་གི་མཚན་ཉིད་གང་ཡིན་པ་དེ་ལ་མངོན་སུམ་འཇུག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །སྤྱིའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ལ་ཉེས་པ་ཅི་ཡོད་སྙམ་ན། གལ་ཏེ་ཞེས་བྱ་བའོ། །སྤྱི་དང་རྗེས་སུ་དཔག་པས་ཅི་བྱ་སྟེ་ཁྱད་པར་མེད་པའི་སྤྱི་ནི་མངོན་སུམ་ཁོ་ནས་གྲུབ་པའི་ཕྱིར་རོ། །གང་ལ་མངོན་སུམ་དུ་མི་འཇུག་པའི་སྤྱིའང་གང་ཡིན་ཞེ་ན། རང་གི་མཚན་ཉིད་ཅེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་དུ་མ་རྟོགས་པའི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། མངོན་སུམ་གྱི་ཡུལ་ལ་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཀྱང་འདི་ཉིད་ཡིན་ནོ། །རང་ཡིན་ཞེ་ན།


DTG186_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་བརྗོད་མ་ཐག་པའི་རང་བཞིན་གྱི་སྤྱིའོ། །འོ་ན་ཅི་ལྟར་རང་གི་མཚན་ཉིད་རྟོགས་ཤེ་ན། མེ་ནི་ཞེས་བྱ་བ་སྟེ་རང་གི་མཚན་ཉིད་ཀྱི་བདག་ཉིད་དོ། །གལ་ཏེ་སྤྱི་མངོན་སུམ་གྱིས་མ་བཟུང་ན། ཁྱབ་བ་རྟོགས་པ་མེད་པའི་ཕྱིར་ཅི་ལྟར་རྗེས་སུ་དཔག་སྙམ་ན། ཀུན་དུ་ཐ་སྙད་པའི་ཞེས་བྱ་བ་ལ་སོགས་པ་སྔར་བརྗོད་ཟིན་པ་ཡིན་ནོ། །འདིས་ནི་རྩོད་པ་དང་པོ་བསལ་ཏེ། གཉིས་པ་སེལ་བ་བརྗོད་པ་ནི། ཕྱོགས་ཞེས་བྱ་བའོ། །འདི་ཉིད་དེ་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །ཅི་ལྟར་ཞེ་ན། དེ་ལས་བཟློག་པ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་གང་གིས་ཕྱོགས་ལ་མངོན་སུམ་གྱིས་གནོད་པར་འགྱུར་བ། བསལ་བ་གནོད་པས་སྤྱི་གནོད་པར་ཅི་ལྟར་འགྱུར་ཞེ་ན། གང་ལ་ཞེས་བྱ་བའོ། བཀག་པ་ཅི་ལྟར་སེལ་སྙམ་ན། བཀག་པ་བཟློག་པ་ཡང་ཞེས་བྱ་བའོ། །མཉན་བྱ་བཀག་པ་སེལ་བ་ཡང་མཉན་བྱའི་མཚན་ཉིད་ཀྱི་ཡུལ་གང་བཀག་པ་མཉན་བྱ་མ་ཡིན་པའོ་ཞེས་བྱ་བ་མཉན་པར་བྱ་བ་ཉིད་དེ་ཉིད་ཀྱི་སྒོ་ནས་མཉན་བྱ་མ་ཡིན་པ་བཟློག་པ་ཡིན་གྱི། དགག་པའི་ཡུལ་མཉན་བྱ་ཉིད་ལས་གཞན་གྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞན་ནི་དེ་དང་མི་འགལ་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མངོན་སུམ་དུ་གྱུར་པའི་དོན་དེ་ནི་རྗེས་སུ་དཔག་པ་དང་སྒྲ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། ལན་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གཅིག་ཏུ་ཞེན་བའི་ཕྱིར་མངོན་སུམ་རྗེས་སུ་དཔག་པས་བསལ་བར་དོགས་པར་འགྱུར་རོ། །དེས་ན་འདི་མ་འབྲེལ་པ་བརྗོད་པ་ཉིད་ཀྱིས་ཟློག་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་རྗེས་སུ་དཔག་པ་ལས་ནི་བསལ་བའི་དོན་གང་དུ་ཡང་བཀག་པ་ཡོད་པ་མ་ཡིན་ནོ། །དེས་ན་ཅི་ལྟར་མངོན་སུམ་རྗེས་སུ་དཔག་པས་བསལ་བར་ཅི་ལྟར་དོགས་ཞེས་བྱ་བའི་སྐྱོན་མེད་དོ། །སྐབས་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཆོས་ཅན་ཞེས་བྱ་བའོ། །འོ་ན་ཅི་ལྟར་ཆོས་ཅན་ཕྱོགས་ཉིད་ཡིན་པ་སེལ་ཞེ་ན། དེ་ནི་ཞེས་སྨོས་ཏེ་གྲུབ་པའི་ཆོས་ཅན་ནོ། །མཚན་ཉིད་གཉི་གས་ཀྱང་སེལ་བར་འགྱུར་རོ་སྙམ་ན། གཏན་ཚིགས་ཀྱི་ཞེས་བྱ་བའོ། །ལྡོག་བ་ནི་ལྷག་མ་སྟེ་ཧ་ཅང་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་མཚན་ཉིད་ལས་གཞན་གཏན་ཚིགས་ཀྱི་


DTG186_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱིས་སོ། །དེ་ནི་ཞེས་བྱ་བ་སྤངས་ཟིན་པའི་ཉེས་པ་མ་སྤངས་ཀྱང་ངོ༌། །དེ་ཙམ་ནི་རང་ཉིད་སྨོས་པ་དང་བྲལ་བ་ཙམ་མོ། །གཞན་རང་ཉིད་སྨོས་པས་ཅི་བྱ། ཅིའི་ཕྱིར་ཞེ་ན། གང་ནི་དོན་དུ་ཞེས་བྱ་བའོ། །གལ་ཏེ་རང་ཉིད་སྨོས་པས་ཧ་ཅང་ཁྱབ་པ་མི་སྤོང་ན་ཞེས་བྱ་བའོ། །འོ་ན་མ་ཁྱབ་པ་གང་གིས་སེལ་བར་བྱེད་སྙམ་ན། འདོད་སྒྲས་ཞེས་སྨོས་སོ། །གཞན་གྱིས་ཞེས་བྱ་བ་རྣམ་པར་བཅད་ཟིན་པ་རྣམ་པར་གཅོད་པར་བྱེད་བས་སོ། །རྣམ་པར་མ་བཅད་པ་ལ་བརྗོད་པ་གང་ཡིན་བ་དེ་དྲན་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་བསྒྲུབ་པར་བྱ་བར་ཐལ་བར་འགྱུར་རོ་ཞེས་འབྲེལ་ཏེ། དེའི་དོན་དུ་ཞེས་བྱ་བ་ནི་སྐྱོན་གཞན་སྤང་བའི་དོན་དུའོ། །དེ་ནི་ཞེས་བྱ་བ་ནི་ལྡོག་པའོ། །ཅིའི་ཕྱིར་དེ་ཁྱབ་པར་འདོད་པ་མ་ཡིན་ཞེ་ན། མ་བསལ་བ་ནི་ཞེས་གསུངས་སོ། །དེས་ན་འདོད་པ་སྨོས་པ་ནི་འབྲས་བུ་དང་བཅས་པ་ཁོ་ནའོ་ཞེས་གསུངས་སོ། །ཁྱབ་པའི་དོན་དུ་འདོད་པའི་སྒྲ་བྱས་པ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ཡང་ཞེས་བྱ་བ་ནི་བསལ་བ་ཡང་ངོ༌། །གང་གི་ཚེ་མ་བསལ་བའི་ཚིག་དང་ལྷན་ཅིག་བྱེད་པ་དེའི་ཚེ་ནི། བསལ་བ་ལ་ཡང་ཁྱབ་པ་སྲིད་པ་གལ་འགྱུར་ཏེ་མི་འགྱུར་པ་ཁོ་ནའོ། །སྐབས་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །འོ་ན་ཅི་ལྟར་རིགས་པའི་སྒོར་ལྡོག་པ་ལ་གནོད་པར་འགྱུར་ཏེ། རང་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་མེད་པའི་ཕྱིར་རོ་ཞེ་ན། དེ་ལ་ཞེས་སྨོས་ཏེ་རིགས་པའི་སྒོར་རོ། །བསྒྲུབ་བྱ་ཁས་བླངས་ཞེས་བྱ་བ་ནི། བསྒྲུབ་བྱ་ཡིན་གྱི། བསྒྲུབ་བྱ་མ་ཡིན་པ་ནི་མ་ཡིན་ཏེ། །ཚད་མ་དག་གིས་བསལ་བ་ནི་བསྒྲུབ་པར་འོས་པ་མ་ཡིན་པའི་ཕྱིར་རོ། །གྲུབ་པའི་ཆོས་ཅན་ཡང་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང༌། མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པ་དང་བསྟན་བཅོས་ཀྱི་འདོད་པ་ཡང་ཁས་ལེན་པ་པོས་ཁས་མ་བླངས་པའི་ཕྱིར་ན། དངོས་པོ་ལ་རྣམ་པར་གཅད་པའི་ཕྱིར་རོ། །དེར་ཁས་བླངས་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཞེས་བྱ་བའི་དོན་ཅན་ནི་ཕྱོགས་ཀྱི་མཚན་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་གཅད་པ་དག་ཕྱོགས་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་རྣམས་ལ་ནི་ཞེས་བྱ་བ་སྟེ་བསལ་བ་ལ་སོགས་པ་རྣམས་


DTG186_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །ཅི་ལྟར་ཞེ་ན་བསལ་བ་ཞེས་གསུངས་ཏེ་འགལ་བའི་དོན་གྱིས་མ་བསལ་བ་ཞེས་གསུངས་པའི་ཕྱིར་རོ། །ལྷག་མ་ལ་ནི་མཚན་ཉིད་དེ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་བ་ཞེས་བྱ་བ། བསྒྲུབ་བྱར་ཁས་བླངས་ཞེས་དེ་ལྟར་རྗེས་སུ་བརྗོད་བ་འཇུག་བ་མེད་པའི་ཕྱིར་རོ། །དེས་ན་མདོར་བསྡུས་པ་ལ་དགའ་བ་ལ་ལྟོས་ནས་རིགས་པའི་སྒོར་བརྗོད་པའི་ཕྱོགས་ཀྱི་མཚན་ཉིད་ཀྱང་ཉེས་པ་མེད་པ་ཁོ་ནའོ་ཞེས་དགོངས་པའོ། །འགྲེལ་བ་སུན་དབྱུང་བའི་ཕྱིར་རྗེས་སུ་བརྗོད་པ་ནི། འདིར་དེ་ཁོ་ནའོ་ཞེས་བྱ་བའོ། །ལྷ་དབང་བློའི་བཤད་པ་དེ་ནི་དེ་ལྟར་མ་ཡིན་ཏེའོ། །གཞན་ནི་འདིར་ཅི་ཞིག་ཅེས་བྱ་བ་ལ་སོགས་པའོ། །བསྒྲུབ་པ་སྔར་ཅི་ལྟར་བསྟན་ཅེས་དོགས་ན་མ་གྲུབ་ཅེས་གསུངས་སོ། །འོན་ཏེ་བསྟན་ཟིན་པ་ཉིད་མཇུག་སྡུད་པ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་ཞིག་ཅེས་བྱ་བ་སྟེ་མཚན་ཉིད་ཀྱི་དག་གང་ཞིག་གོ །འདི་ནི་ཚིག་ལའོ། །དེ་ལ་ནི་མཚན་ཉིད་ཀྱི་ངག་ལའོ། །ཉེས་པ་འདིས་འཇིགས་ནས་གཞན་དག་ནི་འདིའི་དོན་གཞན་དུ་སྨྲའོ། །དེ་དག་ཀྱང་མི་རིགས་པར་སྨྲ་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེས་བརྟགས་པའི་དོན་བརྗོད་བ་ནི་གཞན་དག་སྨྲ་བ་ནི་ཞེས་བྱ་བའོ། །འདི་སུན་འབྱིན་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མ་ཁྱབ་པ་དང་ཧ་ཅང་ཁྱབ་པའི་ཉེས་པ་མ་སྤངས་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཧ་ཅང་ཁྱབ་པའི་ཉིས་པ་བརྗོད་པ་ནི། བསྒྲུབ་པར་བྱ་བར་ཞེས་བྱ་བའོ་ཞེས་བྱ་བའི་ཕྱོགས་ཀྱི་མཚན་ཉིད་ཀྱིས་ནི། སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་མ་གྲུབ་པ་དང༌། བསྟན་བཅོས་བྱེད་པའི་འདོད་པ་བསྒྲུབ་པར་བྱ་བར་འགྱུར་བར་མ་བཟློག་པ་ཉིད་དོ། །བསྒྲུབ་བྱར་ཁས་བླངས་ཞེས་བྱ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཉིད་དུ་འདོད་པས་བསྒྲུབ་པར་བྱ་བར་ཐལ་བའི་སྤོང་བའི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཧ་ཅང་ཐལ་བ་ཅི་ལྟར་ལྡོག་སྟམ་ན། སྒྲུབ་པར་བྱེད་པ་ཉིད་དུ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མ་གྲུབ་པའི་སྒྲུབ་བྱེད་དོ། །རྣམ་པ་གཞན་དུ་ངེས་པར་གཟུང་བའི་དོགས་བ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །དེས་པར་གཟུང་བ་སྔ་མ་ལ་ནི་མ་ཁྱབ་པར་འགྱུར་ལ། འདི་ལ་


DTG186_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཧ་ཅང་ཁྱབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེའི་ཚེ་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་བའི་ཕྱིར་བསྒྲུབ་བར་བྱ་བ་ཉིད་མ་ཡིན་ནོ་སྙམ་ན། དེ་ནི་ཞེས་བྱ་བའོ། གཉི་ག་ནི་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་མཚན་ཉིད་དོ། །དེའི་ཚེ་ནི་སྒྲུབ་པར་བྱེད་པ་ཁོ་ན་སིན་གྱི་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེ་ན། འདི་ཞེས་བྱ་བའོ། །ཕྱོགས་འདི་ལ་སྒྲུབ་པར་བྱེད་པར་འདོད་བ་བསྒྲུབ་བྱར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་བསྟན་བཅོས་བྱེད་པའི་འདོད་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་བྱ་བ་སྟེ་བསྟན་བཅོས་བྱེད་པའི་འདོད་པ་ལ་ཡང་བསྟན་བཅོས་བྱེད་པའི་ཁས་བླངས་པ་ཡོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །གང་ལ་རྒོལ་བ་ཉིད་ཀྱིས་ཁས་བླངས་པ་ཡོད་ཀྱི་བསྟན་བཅོས་བྱེད་པའི་མ་ཡིན་པ་དེ་ལ་ཕྱོགས་ཉིད་དུ་ཡོད་པ་ཡིན་ནོ་ཞེ་ན། ཕྱོགས་འདི་སུན་འབྱིན་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྒོལ་བས་ཞེས་བྱ་བ་ནི་རིགས་པ་ལ་སོགས་པས་སོ། །ཉེ་བ་འབའ་ཞིག་ཏུ་རིགས་པ་མ་ཡིན་གྱི་འོན་ཀྱང་ཁྱབ་བ་ཡང་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །ཅི་སྟེ་ཁས་མི་ལེན་ཏེ། དེ་ཉིད་ཁས་བླང་བར་བྱའོ། །དེས་ན་བསྟན་བཅོས་བྱེད་པའི་འདོད་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་ཐེལ་ཏེ། བསྒྲུབ་བྱར་ཁས་བླངས་ཞེས་བྱ་བ་འདི་ལ་ཁྱད་པར་མེད་པའི་ཕྱིར་རོ། འོན་ཏེ་རྒོལ་བའི་འདོད་པ་ལ་བློས་བྱས་པའི་ཉེ་བར་འདོད་ན། དེའི་ཚེ་བསྟན་བཅོས་བྱེད་པའི་འདོད་པ་ལ་ཡང་དེ་སྲིད་དོ་ཞེས་བརྗོད་པ་ནི། བློས་བྱེད་པ་བྱ་བའོ། །སྒྲུབ་བྱེད་དུ་འདོད་པ་དང༌། བསྟན་བཅོས་བྱེད་པའི་འདོད་པ་ཕྱོགས་སུ་འགྱུར་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་བསལ་བ་བསྒྲུབ་པར་བྱ་བར་ཁས་བླངས་ན་ཡང་ཕྱོགས་ཉིད་དུ་འགྱུར་རོ་ཞེས་སྟོན་བ་ནི་བསལ་བ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ན། གཞན་གྱི་དེ་ཉིད་མཇུག་བསྡུ་བ་ཡིན་ནོ་ཞེས་བརྗོད་པ་དང་འདི་ནི་རྣམ་འགྲེལ་བྱེད་པ་ཉིད་ཀྱི་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །དེ་ལྟར་གཞན་གྱི་འདོད་པ་བཟློག་ནས་རང་གི་འདོད་པ་བརྗོད་པ་ནི། དེ་ལྟ་ནིའོ་ན་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་བསྒྲུབ་བྱར་ཁས་བླངས་ཞེས་བྱ་པའོ། །རིགས་


DTG186_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོའི་མཚན་ཉིད་དེ་ཡང་གང་ཡིན་ཞེ་ན། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་བ་ཞེས་བྱ་བའོ། །གལ་ཏེ་དེ་ལྟན་ཡང་རྣམ་འགྲེལ་འདི་ལ་འཇུག་པ་ཅི་ལྟར་ཡིན་སྙམ་ན། དེ་ལྟ་ཞེས་བྱ་བ་སྟེ་རིགས་པའི་སྒོར་བརྗོད་པའི་ཕྱོགས་ཀྱི་མཚན་ཉིད་ལ། འདི་ལྟར་ཞེས་བྱ་བ་ནི་རྗོད་བཞིན་པའོ། །དེ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །བསལ་བ་རྣམས་ཅི་ལྟར་བཀག་སྙམ་ན། དེར་ཡང་ཞེས་སྨོས་ཏེ་རིགས་པའི་སྒོར་བརྗོད་པའི་མཚན་ཉིད་ལའོ། །ལྷག་མ་ནི་མ་གྲུབ་པའི་སྒྲུབ་པར་བྱེད་པ་ལ་སོགས་པའོ། །སྐྱོན་ནི་ཧ་ཅང་ཁྱབ་པའི་མཚན་ཉིད་ཅན་ནོ། །བསྟན་བཅོས་བྱེད་པའི་འདོད་པ་དང༌། གྲུབ་པ་དག་ལ་མཚན་ཉིད་མི་འཇུག་པའི་ཕྱིར་ཕྱོགས་ཉིད་མེད་མོད། སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ལ་གོ་ཅི་ལྟར་ཏེ་དེར་ཚིག་མ་སྨོས་པའི་ཕྱིར་རོ་ཞེ་ན། འདོད་པར་གྱུར་པ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་མ་གྲུབ་པའི་སྒྲུབ་པར་བྱེད་པ་དག་ལ་མི་འཇུག་བས་ན། མི་འཇུག་པ་ཉིད་དེ་ཉིད་ཀྱི་ཕྱིར་མ་གྲུབ་པའི་སྒྲུབ་བར་བྱེད་པ་དེ་བཟློག་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་ཏེ། གལ་ཏེ་བརྗོད་པའི་ཚུལ་དུ་རིགས་པའི་སྒོར་སྒྲུབ་པར་བྱེད་པ་མ་གྲུབ་པ་ཕྱོགས་ཡིན་པར་བསལ་བ་ཡིན་ན། དེའི་ཚེ་ཚད་མ་ཀུན་ལས་བཏུས་པ་འདིར་ཡང་ངོ༌། །ལན་འདེབས་པ་ནི། དེ་ནི་བདེན་ཏེ་ཞེས་བྱ་བའོ། །བྱེད་པའི་མཐའ་དང་ཞེས་བྱ་བ་ནི་བསྟན་བྱ་བ་ཞེས་བྱ་བའི་ཚིག་དང་ངོ༌། །དུས་གཞན་དུ་འདོད་པས་ཡུལ་དུ་བྱས་པའི་སྒྲུབ་བྱེད་མ་གྲུབ་པའོ། །དེ་ཞེས་བྱ་བ་མ་གྲུབ་པའི་སྒྲུབ་པར་བྱེད་བ་བཟློག་པའི་ཕྱིར་རོ། །ཚད་མ་ཀུན་ལས་བཏུས་པ་འདིར་ནི་ནིཥྛ་ཡན་ལག་ཅེས་བྱ་བ་ཁྱད་པར་ཏེ་གཙོ་བོ་མ་ཡིན་ཏེ། བྱེད་པའི་རྐྱེན་གྱི་མཐའ་ཅན་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་སྦྱར་རོ། །དེས་ན་དེར་དུས་གཞན་གྱི་དབང་གིས་གཏན་ཚིགས་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་བ་ཡང་ཁོ་ནའི་སྒྲ་མེད་ན་ཕྱོགས་ཉིད་དུ་ཐལ་བར་འགྱུར་བས་དེ་བཟློག་པའི་དོན་དུ་ངེས་པར་གཟུད་བས་འབྲས་བུ་དང་བཅས་པ་ཁོ་ནའོ། །འདོད་པར་གྱུར་པའི་ཚིག་ལ་ནི། འདོད་རྐྱེན་ཡན་ལག་མ་ཡིན་པ་སྟེ་གཙོ་བོ་ཁོ་ན་ཡིན་ནོ། །དེ་ཡིས་ནི་འདོད་རྐྱེན་གྱིས་སོ། །ཅི་ལྟར་བཟློག་པ་དང་


DTG186_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཞེ་ན། འདོད་པར་གྱུར་པའི་ཚིག་ལ་ནི་ཞེས་བྱ་བའོ། །བྱུང་བའི་དུས་སྒྲུབ་པར་བྱེད་པའི་ཡན་ལག་སྟེ་རྒྱུ་མ་ཡིན་ནོ། །དེར་ཞེས་བྱ་བ་ནི་རིགས་པའི་སྒོར་བརྗོད་པའི་ཕྱོགས་ཀྱི་མཚན་ཉིད་ལའོ། །འདི་ཐམས་ཅད་ནི་རང་ཉིད་སྨོས་བ་ཆོས་ཅན་བསྒྲུབ་བྱར་བྱེད་པ་དགག་པ་ལ་སོགས་པའི་རྗོད་བྱེད་དུ་ཁས་བླངས་ནས་བརྗོད་པར་ཟད་དོ། །ད་ནི་མེད་པའི་ཕྱིར་དེ་དོན་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི་རྗོད་བྱེད་མིན་ཕྱིར་ཞེས་བྱ་བའོ། །དེ་འདོད་པ་ཞེས་བྱ་བ་ནི་རྒོལ་བ་འདོད་བའོ། །དེས་ན་ཞེས་བྱ་བ་ནི་རྒོལ་བའི་འདོད་པ་ཙམ་བསྒྲུབ་བར་བྱ་བ་ཡིན་པས་ནའོ། །མི་འདོད་པ་ནམ་མཁའི་ཡོན་ཏན་ཉིད་དད་དོན་གཅིག་ལ་འདུ་བས་འབྲེལ་བའི་འདོད་པ་མི་རྟག་པ་ཉིད་ལ་གནོད་པ་ན་ཡང་སྟེ། མི་རྟག་བ་འབའ་ཞིག་གྲུབ་ཀྱང་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཅི་ལྟར་བསྒྲུབ་ལ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པའི་ཞེས་བྱ་བ་ནི་རྒོལ་བའི་འདོད་པ་མ་ཡིན་པ་ལའོ། །དེས་ཞེས་བྱ་བ་མི་རྟག་པ་ཉིད་བསྒྲུབ་པ་དེས་སོ། །ཅིའི་ཕྱིར་ཞེ་ན་ནུས་པ་ཞེས་བྱ་བའོ། །དེས་ན་བསྟན་བཅོས་ཀྱི་འདོད་པ་དོར་ལ་བསྒྲུབ་པར་བྱ་བ་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བར་བསམས་བའོ། །གཞན་ཡང་ཞེས་བྱ་བ་ནི་གལ་ཏེ་བསྟན་བཅོས་བྱེད་བའི་འདོད་པ་ཡང་བསྒྲུབ་པར་བྱ་བ་ཡིན་ན་དེའི་ཚེ་བསྟན་བཅོས་བྱེད་པའི་འདོད་པ་དང༌། རང་ཉིད་འདོད་པ་མཐའ་དག་ཀྱང་ཉམས་པར་འགྱུར་ཏེ། དེ་སྒྲུབ་པར་བྱེད་བ་མི་སྲིད་པའི་ཕྱིར་རོ། །དེས་ན་ཐམས་ཅད་བརླག་པ་བས་ནི། རང་གི་འདོད་པའི་བསྒྲུབ་བྱ་ཅུང་ཟད་ཐོབ་པ་ནའོ། །དེ་ལ་ནི་སྒྲུབ་པར་བྱེད་པའི་གཏན་ཚིགས་སྲིད་པའི་ཕྱིར་རོ། །འོན་ཏེ་བསྟན་བཅོས་བྱེད་པའི་འདོད་པ་མ་གྲུབ་ན་རང་ཉིད་འདོད་པ་གྲུབ་པས་ཅི་ཕན་སྙམ་ན། བུ་མ་བ་ཞེས་བྱ་བའོ། །བཤད་པའི་དོན་སྐབས་སུ་བབ་པའི་མཇུག་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །དེ་ལ་ཏེ་དེ་ལྟར་གནས་བ་ལའོ། །བསྒྲུབ་པར་བྱ་བ་ཉིད་དུ་ཁས་བླངས་པ་དེ་ལའོ། །ཚད་མ་དག་གིས་བཀག་པ་མེད་པ་ཡིན་པར་འདོད་དོ། །འདི་ལ་ཞེས་བྱ་བ་ནི་ཚད་མ་དག་གིས་མ་བཀག་པ་ཁས་བླང་བར་བྱ་བ་ལ་རིགས་བ་ཅི་ཡོད་ཅེས་དྲིས་བའོ། །ལན་ནི་གཏན་ཚིགས་ཞེས་བྱ་བའོ། །གཞན་དུ་ཡང་ཅི་སྟེ་མ་ཡིན་ཞེ་ན། ཚད་མ་གཅིག་གིས་ཞེས་


DTG186_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །ཕྱིན་ཅི་ལོག་ཏུ་ཡོད་བའམ་མེད་པར་སྒྲུབ་པ་ལའོ། །དེ་མེད་ན་སྟེ་བཟློག་བ་མེད་ན་ནིའོ། །དེ་ཙམ་སྟེ་ཕྱོགས་ཙམ་ལས་གྱུར་བ་ཡིན་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། མངོན་སུམ་དང་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་བསལ་ཀྱང་སྒྲུབ་པར་བྱེད་པ་ལ་ལྟོས་ནའོ། །དེའི་ཚེ་ཐམས་ཅད་ལ་ཡིད་མི་ཆེས་པ་ཁོ་ན་སྟེ། ཚད་མས་གནོད་པ་སྲིད་པའི་ཕྱིར་རོ། །དེས་ན་ཞེས་བསྒྲུབ་བའི་ཚད་མེད་ལ་ཡང་ཡིད་ཆེས་པ་ཅི་ཡོད། གང་གི་ཕྱིར་དེ་ལྟར་བསལ་བ་གཏན་ཚིགས་ཀྱི་ཡུལ་དང་འཐད་པ་མ་ཡིན་པ་དེའི་ཕྱིར་རོ། །འོ་ན་ཅི་ལྟར་དུ་བ་ལས་གློ་པུར་དུ་མི་རྟོགས་སྙམ་ན། ཐ་ཚོམ་གྱིས་ནི་ཞེས་སྨོས་སོ། །འདིར་ཞེས་བྱ་བ་ནི། བསལ་བ་གཏན་ཚིགས་རྟེན་མ་ཡིན་ཞེས་བྱ་བའི་ཚིག་ལའོ། །འོན་སྐད་ཅིག་མ་ཉིད་གཏན་ཚིགས་ཀྱི་ཡུལ་མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་སྙམ་པའི་ངེས་པ་ཡོད་པའི་ཕྱིར་རོ་ཞེ་ན། ཡང་ན་ཞེས་བྱ་བའོ། །སྐད་ཅིག་མ་ལ་ནི་ཐེ་ཚོམ་སྐྱེད་པར་ནུས་པ་ཡིན་ཏེ། དེས་ན་གཏན་ཚིགས་ཀྱི་ཡུལ་ཉིད་དོ་ཞེས་དགོངས་པའོ། །སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་དག་གིས་ངེས་པ་ལ་ནི་གཏན་ཚིགས་ཀྱི་ཡུལ་ཉིད་ཡིན་པར་མི་འགྱུར་རོ་ཞེས་འབྲེལ་ཏོ། །ཅི་ལྟར་ངེས་བ་ལ་ཞེ་ན། རང་གི་ངོ་བོ་དང་དེ་ལས་བཟློག་པ་དག་ཏུའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ལུང་དང་གྲགས་པས་གནོད་པ་རྟགས་ལས་ཡིན་པར་མི་འདོད་ན་དེའི་ཚེ་རྗེས་སུ་དཔག་པའི་དབྱེ་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་རྗེས་སུ་དཔག་པ་རྣམ་པ་གསུམ་ཅི་ལྟར་སྙམ་ན། འདི་ལྟར་ཞེས་བྱ་བའོ། །བསལ་བའི་དབྱེ་བས་ནི་རྣམ་པ་གསུམ་མ་ཡིན་གྱི། འོན་ཀྱང་རང་བཞིན་དང་འབྲས་བུ་དང་དེ་དག་བརྙན་མའི་དབྱེ་བས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་གནོད་པ་རྣམ་པ་བཞི་པོ་དེའི་ནང་ནས་སོ། །ཁས་བླངས་ནི་ཡིད་ཆེས་པའི་ཚིག་གོ །རིམ་པ་བཏང་ནས་འདི་གཉིས་དང་པོ་འཆད་པ་ནི་གཞན་གྱིས་ཤེས་པར་འདོད་པའི་དོར་རམ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དངོས་མ་ཡིན་ཞེས་བྱ་བ་ནི། རྟགས་འདི་ནི་དངོས་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན། གཟུགས་བརྙན་ཡང་གནོད་བྱེད་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་


DTG186_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་པའི་བསམ་པའོ། །བདག་གཞན་ཞེས་བྱ་བ་ནི། འདི་གནོད་པར་བྱེད་པར་ནི་བརྗོད་པ་མ་ཡིན་གྱི། འོན་ཀྱང་གནོད་པར་བྱེད་པ་ཉིད་དུ་ཁས་ལེན་པའི་ཡུལ་ངེས་པ་ཡིན་ནོ། །འདོད་ཅེས་བྱ་བ་ནི་ཡིད་ཆེས་པར་ཁས་བླངས་པའོ། །ཅི་ལྟར་ཞེ་ན་ཡང་དག་ངེས་ལྡན་ཞེས་བྱ་བའོ། །གང་གི་ཕྱིར་འདི་ཡང་དག་པའི་དོན་ངེས་པའི་ངག་དང་ལྡན་པའི་བརྗོད་པ་ཅན་ཡིན་པ་དེས་ན། རང་གི་ཚིག་དང་བསྟན་བཅོས་ཚད་མ་ཡིན་པར་གཅིག་ཏུ་ཞེས་བྱ་བ་ཡིད་ཆེས་པ་ཞེས་དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་པ་ཡིན་ནོ། །གཉི་ག་ཡང་ཁས་བླངས་པའི་ཚད་མར་མཚུངས་པའི་ཕྱིར་རོ། །འོ་ན་རྗེས་སུ་དཔག་པ་ལས་ངེས་པར་འགྱུར་རོ་ཞེ་ན། ཐ་སྙད་འཆོལ་བས་ཞེས་བྱ་བའོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་ཡིད་ཆེས་བ་ཞེས་དེ་ལྟར་རོ། །རང་གི་ཚིག་དང་བསྟན་བཅོས་དག་ཚད་མར་ཁས་མི་ལེན་ན་ནི་དེ་བརྗོད་པ་དང༌། དེ་ལ་སྟོན་པའི་དཔྱོད་པ་དག་མེད་པར་འགྱུར་ཞེས་མཚུངས་པ་ཉིད་སྟོན་པ་ནི། ཅི་ལྟར་བདག་ནི་ཞེས་བྱ་བའོ། །དེར་བསྟེན་མིན་ན་སྟེ་བསྟན་བཅོས་ཁས་མ་བླངས་པར་རོ། །དེས་ཅི་ཞིག་བརྗོད་སྙམ་ན། ཅི་ལྟར་ཞེས་བྱ་བའོ། །སྨྲ་བ་ཀུན་ནི་བརྫུན་ཡིན་ནོ་ཞེས་བྱ་བ་དེ་ནི་འགོག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་སྨྲ་བ་ཀུན་བརྫུན་ཡིན་ནོ་ཞེས་བྱ་བ་དེ་ཡང་འགོག་ན་ནིའོ། །ཅི་ལྟར་འདི་བསལ་སྙམ་ན། འདི་ལྟར་ཞེས་བྱ་བའོ། །འདི་ག་ལས་སྙམ་ན་ཚིག་ནི་ཞེས་སྨོས་སོ། །གལ་ཏེ་དུས་གསུམ་ན་ཡོད་པ་ཐམས་ཅད་ཚད་མ་མ་ཡིན་ན་དེའི་ཚེ་དེ་དག་བརྗོད་པས་ཅི་བྱ། བརྗོད་ནས་ཚད་མ་མ་ཡིན་པར་བརྗོད་ན། བཀྲུས་ནས་ཞེས་སྨོས་སོ། །རྒྱག་པའི་ནང་དུ་ལྷུང་བའི་ལ་དུ་ལེན་པ་ལ། ཁྱོད་ཅི་བྱེད་ཅེས་འགའ་ཞིག་གིས་དྲིས་པ་ན། དེས་དེ་ལ་བཀྲུས་ནས་དོར་བར་བྱའོ་ཞེས་ཟེར་བ་དེ་དང་འདྲ་བར་དུས་གསུམ་ན་ཡོད་པའི་བརྗོད་པ་ཡང་ཚད་མར་བརྗོད་ནས་ཕྱིས་ཚིག་དེ་ཚད་མ་མ་ཡིན་པར་བྱས་ནས་དོར་པར་བྱའོ་ཞེས་བྱ་བར་འགྱུར་རོ། །དོགས་པ་བསུ་བ་ནི་ཕྱིས་འགྱོད་པའི་ཕྱིར་ཏེ་ཚད་མ་མ་ཡིན་པར་བསྒྲུབ་པོ་ཞེ་ན། ལན་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །ཅི་ལྟར་འགལ་ཞེ་ན། མ་སྨྲས་པ་ཉིད་ཅེས་བྱ་བའོ། །བྱས་པ་ནི་ཚིག་གོ །འདི་ཉིད་ནི་མ་དཔྱད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན།


DTG186_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་ལེགས་པས་ཞེས་སྨོས་སོ། །འདིས་ནི་འདས་པའི་ཚིག་ཚད་མ་མ་ཡིན་པ་འགོག་པ་སྤངས་པ་ཡིན་ནོ། །བརྗོད་པ་འདིས་ཅི་བྱ་ཞེས་བྱ་བ་ནི། འདི་ནི་བདག་གིས་བརྫུན་བྱས་པ་ཡིན་ནོ་ཞེས་སྨྲས་པ་འདིས་ཅི་བྱ་སྟེ་འདི་ནི་བརྗོད་པར་མི་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དང་པོ་ཉིད་བརྗོད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འོ་ན་འབྱུང་བར་འགྱུར་བའི་ཚིག་ཚད་མ་ཡིན་པ་འགོག་གོ་སྙམ་ན། འབྱུང་བར་འགྱུར་བ་ལ་ནི་ཞེས་བྱ་བའོ། །འོན་ཏེ་དེའི་ཚེ་ཉིད་རང་གིས་སྨྲས་ནས་འགོག་གོ་ཞེ་ན། དེའི་ཚེ་ནི་ད་ལྟར་པ་ཉིད་འགོག་པར་འགྱུར་ལ། དེ་ལ་ཡང་ཉེས་པ་སྨྲས་ཟིན་ཏོ། །འབྱུང་བར་འགྱུར་པའི་ཚིག་ལ་ནི་ཉན་པ་པོ་ཉིད་མེད་དེ་དེས་ན་འདི་ནི་བརྫུན་སྨྲས་པ་ཡིན་ནོ་ཞེས་ཅིའི་དོན་དུ་བརྗོད། ཛབ་མཁན་ནི་གར་བྱེད་པའོ། །དེའི་ཛབ་ཚིག་ནི་གླུའི་ཁྱད་པར་ཏེ། དེ་ལ་ཉན་པ་མེད་ཀྱང་བཞད་གད་གདོན་པའི་ཕྱིར་འཇུག་པ་ཅི་ལྟ་བ་དེ་བཞིན་དུ་ཁོ་བོ་ནི་བརྫུན་སྨྲ་བ་ཡིན་ནོ་ཞེས་བྱ་བའི་ཚིག་ཀྱང་འཇུག་པས་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ་རྩོད་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་སྨོས་སོ། །རྩོད་པ་ནི་ཕྱིར་རྒོལ་བ་མེད་པར་མི་སྨྲ་བ་དེས་ན་ཅི་ལྟར་འདི་དཔེར་རིགས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། རྩོད་པའོ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ཚིག་ཚད་མ་མ་ཡིན་པར་སྟོན་པའོ། །འདིར་དོན་ནི་འདི་ཡིན་ཏེ། གང་ཞིག་རྟོག་པ་དང་ལྡན་པས་གཞན་རྟོགས་པའི་དོན་ཏུ་བརྗོད་པ་དེ་ནི་བདེན་པའི་དོན་ཅན་དུ་ཁས་བླངས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་བདག་གིས་སྨྲས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་བརྗོད་པ་བཞིན་ནོ། །གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་བྱ་བའི་ཚིག་ཀྱང་རྟོག་པ་དང་ལྡན་པས་བརྗོད་པ་ཡིན་ནོ། །དེས་ན་ཚད་མ་མ་ཡིན་པར་དམ་བཅའ་བ་ནི་རང་གི་ཚིག་གིས་བསལ་བ་ཡིན་ནོ། །ཅི་ལྟར་བདག་ཉིད་ཚད་མ་མ་ཡིན་ན་ཚིག་མི་འཇུག་པ་ཉིད་ཡིན་པ་དེ་བཞིན་དུ། བསྟན་བཅོས་དེ་ཁས་མ་བླངས་ན། བསྟན་བཅོས་ལས་གྲགས་པའི་དོན་ལ་ཡང་དཔྱོད་པ་མི་འཇུག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་སྦྱར་རོ། །གལ་ཏེ་མཚུངས་པར་བསྟན་པའི་དོན་དུ་ལྷན་ཅིག་བརྗོད་པར་ཡིན་ཡང་ལྷག་པ་བརྗོད་པ་ཅི་ཡོད་སྙམ་ན། མཚུངས་པར་ཞེས་གསུངས་སོ། །མཚུངས་པར་བསྟན་པའི་ཕྱིར་ན་ཏེ་བསྟན་པའི་དོན་དུ་བསྟན་བཅོས་འདི་རང་


DTG186_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚིག་དང་ལྷན་ཅིག་བརྗོད་པ་གང་ཡིན་པ་དེ་ནི་བསྟན་བཅོས་ནི་གང་གི་ཚེ་ཁོ་ན། རྣམ་པར་དཔྱོད་པའི་སྐབས་ཀྱི་ཆོས་ཅན་རྣམ་པར་འཇོག་པའི་སྒོ་ནས། བསྟན་བཅོས་རྟེན་ཉིད་ཡིན་བ་དེའི་ཚེ་ཉིད་ན། དེ་ལས་བཟློག་པའི་ཆོས་ཁས་ལེན་པ་ལ་གནོད་པར་བྱེད་པ་ཡིན་གྱི་གཞན་གྱི་ཚེ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཆེད་དུ་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བསྟན་བཅོས་རང་གི་ཚིག་པས་ནུས་བ་ལྷག་པ་ཅན་དུ་རྟོགས་པར་འགྱུར་དུ་འོང་བས་སོ། །དེ་ལྟ་ཡིན་དང་གཞན་གྱི་ལུགས་ལྟར་རྣམ་པར་དཔྱོད་པའི་སྐབས་ཀྱི་རྟེན་ཡིན་ན་ཡང་གནོད་པར་བྱེད་པར་ཡིན་པར་འགྱུར་རོ། །སྔར་ནི་མཚུངས་པར་བསྟན་པ་ཉིད། ལྷན་ཅིག་བཤད་པའི་དོགས་པ་ཡིན་པར་བརྗོད་པ་ཡིན་ལ། ད་ལྟ་ནི་མཚུངས་པར་བསྟན་པའི་དགོས་པ་ཡང་དེའི་སྐབས་ཀྱི་རྟེན་ཉིད་ཡིན་ན་བསྟན་བཅོས་གནོད་པར་བྱེད་པ་ཡིན་གྱི་གཞན་གྱི་ཚེ་མ་ཡིན་ནོ། །ལྷན་ཅིག་བཤད་པའི་དགོས་པའི་དགོས་པ་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །འདི་ཉིད་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཅི་སྐྱོན་སྙམ་ན། ལྷན་ཅིག་བཤད་པ་མ་ཡིན་ན་ཞེས་བྱ་བའོ། །ཕ་རོལ་པོ་ནི་རིགས་པ་ཅན་ལ་སོགས་པ་དག་གོ །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནུས་བ་ལྷག་པ་ཁོ་ནར་འགྱུར་རོ། །དགོས་པ་འདི་བཟློག་པའི་དོན་དུ་རང་གི་ཚིག་དང་བསྟན་བཅོས་དག་ཡིད་ཆེས་པའི་ཚིག་གིས་བརྗོད་པར་བྱ་བར་བསྟན་པ་ཡིན་ནོ། །ཁས་བླངས་ནས་དེ་དང་འགལ་བ་ལ་དེ་གནོད་པར་བྱེད་པ་ཡིན་ཏེ། དཔེར་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་རང་གི་ཚིག་དང་བསྟན་བཅོས་དག་གི་དཔེར་བརྗོད་པ་མཚུངས་པ་ཡིན་ནོ་ཞེས་བརྗོད་པ་ནི་དེས་ན་ཞེས་བྱ་བ་སྟེ། གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱིས་ནའོ། །འདི་ཉིད་ག་ལས་ཞེ་ན། ཚད་མ་རྣམས་ནི་ཞེས་བྱ་བའོ། །གྲུབ་པ་དང་བདེ་བ་གཅིག་བ་དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཚད་མ་འགོག་ན་རང་གི་ཚིག་མི་འཐད་མོད། བསྟན་བཅོས་གོ་ཅི་ལྟར་ཞེ་ན། ཚད་མ་འགོག་ན་ཞེས་བྱ་བའོ། །རང་གི་ཚིག་འབའ་ཞིག་ཏུ་ནི་མ་ཟད་དེ་བསྟན་བཅོས་ཀྱང་ངོ༌། །དེའི་ཕྱིར་བསྟན་བཅོས་ཅི་ཞིག་སྟེ་ཅིའི་ཕྱིར་ཁས་ལེན་མི་བླང་བ་ཁོ་ནའོ། །དེས་ན་ཕན་ཚུན་འགལ་བ་ཙམ་ཁོ་ནར་འགྱུར་གྱི་ཁས་ལེན་པ་ནི་མ་ཡིན་ནོ། །ཁས་ལེན་ན་


DTG186_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚད་མ་སྤངས་པ་མ་ཡིན་ཏེ། དེས་ན་བསྟན་བཅོས་ཀྱང་གནོད་པར་བྱེད་པ་ཁོ་ནར་འགྱུར་རོ། །བསྟན་བཅོས་ཀྱི་ངག་དང་རང་གི་ཚིག་འགལ་ན་བསྟན་བཅོས་དང་འགལ་བ་ཡིན་ནོ། །དཔེར་བརྗོད་པ་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་དོགས་པ་ལ་རང་གི་ཚིག་འགལ་བ་བསལ་བའི་ཞེས་སྨོས་སོ། །དེ་ལ་ནི་བསྟན་བཅོས་དང་འགལ་བ་ལའོ། །བསྟན་བཅོས་དང་འགལ་བ་ལ་ནི་བསལ་བའི་དཔེ་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བའོ། །འོ་ན་ཅི་ལྟར་རང་གི་ཚིག་དང་འགལ་སྙམ་ན། གལ་ཏེ་ཚད་མ་འགའ་ཡང་ཞེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་གང་ལས་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་རང་གི་ཚིག་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལས་དེ་འགྲུབ་པ་ཙམ་དུ་ཟད་ཀྱི་དེ་ཚད་མ་ནི་མ་ཡིན་ནོ་སྙམ་ན། གཞལ་བྱ་ཞེས་བྱ་བའོ། །འོན་ཏེ་མེད་པ་ཁོ་ནར་འགྱུར་བ་ཡིན་ནོ་སྙམ་ན། ཚད་མ་མེད་ན་ནི་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་དོ་ཞེས་བྱ་བའོ། །འོ་ན་གང་གི་ཚེ་འདི་བསྟན་བཅོས་དང་འགལ་བ་ཡིན་སྙམ་ན། གལ་ཏེ་ཞེས་བྱ་བ་སྟེ། བསྟན་བཅོས་ཚད་མར་ཁས་བླངས་ནས་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་སྨྲ་ན་ནི། དེའི་ཚེ་བསྟན་བཅོས་དང་འགལ་བར་འགྱུར་བ་ཡིན་པའི་ཕྱིར་ན་བསྟན་བཅོས་དང་འགལ་བར་མི་འགྱུར་རོ་ཞེས་བྱ་བའི་ཉེས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མི་རྟོགས་པའི་ཕྱིར་རོ། །འདི་ཅི་ལྟར་བསལ་བའི་དཔེ་ཡིན་ཞེ་ན། རྣམ་པ་འདི་ལྟ་བུའི་ཡུལ་ལ་ཞེས་བྱ་བའོ། །འདིར་ནི་བསྟན་བཅོས་སུའོ། །གལ་ཏེ་ཁས་བླངས་པས་བསྟན་བཅོས་དང་རང་གི་ཚིག་གཉིས་ཚད་མ་ཡིན་ན་དེ་ལྟ་ན་ནི་འོ་ན་ཞེས་པ་རྣམ་འགྲེལ་ལ་འཇུག་པའོ། །ཚད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཚད་མར་ཁས་བླངས་པའི་ཕྱིར་རོ། །བྲམ་ཟེ་ན་ནི་ཆོས་ཅན་སྒྲ་ཚད་མས་གྲུབ་པ་ལ། མི་རྟག་པ་ཉིད་དམ་བཅས་པ་ནི་བསྟན་བཅོས་ཀྱིས་གནོད་པ་ཡིན་ནོ་ཞེས་འདོད་པས་དེའི་བསམ་པའི་དབང་གིས་དེ་སྐད་བརྗོད་དོ། །ཆོས་ཅན་ལ་ཞེས་བྱ་བ་ནི་ཆོས་ཅན་གྱི་མཚན་ཉིད་ལའོ། །ཁས་བླངས་པ་དེ་ཞེས་བྱ་བ་ནི་བདེ་བ་མ་ཡིན་པ་སྒྲུབ་པར་བྱེད་པ་ནི། བསྟན་བཅོས་ལས་བརྗོད་པའི་བདེ་བ་སྒྲུབ་པར་བྱེད་པ་དེའི་གནོད་པར་བྱེད་པར་འགྱུར་རོ། །ཅིའི་


DTG186_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། དེ་འགོག་པ་ཉིད་ཀྱིས་ཏེ་དེ་བདེ་བསྒྲུབ་པར་བྱེད་པ་ཉིད་དེ་འགོག་པས་སོ། །འདིས་ནི་རྣམ་པར་གནས་པ་ཉིད་ལས་བཟློག་པར་རང་གི་ཚིག་བསྟན་བཅོས་ཀྱིས་གནོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདིར་ཞེས་བྱ་བ་རྩོད་པ་གཉིས་པ་ལ་ལན་བཤད་པའོ། །དེ་ལ་རྟེན་མིན་ནི་བསྟན་བཅོས་ལས་གྲུབ་པ་མ་ཡིན་པ་སྟེ། ཚད་མས་གྲུབ་པ་ལ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཚད་མའི་སྤྱོད་ཡུལ་མ་ཡིན་བ་བསྟན་བཅོས་ལས་གྲུབ་པ་ལའོ། །བསྟན་བཅོས་པ་ཞེས་བྱ་བ་ནི་བསྟན་བཅོས་ཁས་བླངས་པ་ལ་ཡང་ངོ༌། །འགལ་བརྗོད་ན་ཡང་ཞེས་བྱ་བ་ནི་རང་གི་ཚིག་དང་བསྟན་བཅོས་དག་གིས་འགལ་བ་བརྗོད་ན་ཡང་གནོད་པར་ནི་མི་འགྱུར་གྱི་གེགས་ཙམ་དུ་འགྱུར་རོ། །གཅིག་གིས་གཞན་བཀག་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ཚིག་དང་བསྟན་བཅོས་དག་ནུས་པ་མཚུངས་པའི་ཕྱིར་རོ། །ཅི་དང་འདྲ་བར་ཞེ་ན། དཔེར་རང་གི་ཚིག་བཞིན་ཏེ་ཞེས་བྱ་བའོ། །དཔེར་ན་ངའི་མ་ཡང་ཡིན་ལ་མོ་གཤམ་ཡང་ཡིན་ནོ་ཞེས་བྱ་བ་གེགས་བྱེད་པ་ཙམ་ཡིན་གྱི། གནོད་བྱེད་ནི་མ་ཡིན་པ་དེ་བཞིན་ནོ། །གལ་ཏེ་བསྟན་བཅོས་རང་གི་ཚིག་མ་ཡིན་པ་དེས་ན་ཅི་ལྟར་འདི་དཔེར་འཐད་སྙམ་ན། དེ་ཡང་ཞེས་བྱ་བ་སྟེ་བསྟན་བཅོས་ཀྱང་བསྟན་བཅོས་ཁས་ལེན་པའི་དུས་དེའི་ཚེ། རྒོལ་བ་འདིའི་རང་གི་ཚིག་ཡིན་ནོ། །འོ་ན་ཆོས་ཅན་ཚད་མས་གྲུབ་པ་ལ་རྟག་པ་ཉིད་དུ་ཁས་བླངས་པ་དང་འགལ་བའི་མི་རྟག་པ་ཉིད་བསྟན་བཅོས་པ་བཞིན་དུ་གཞན་ལ་ཡང་ཅི་ལྟར་འགྲུབ་སྟེ། དེས་གེགས་བྱས་པའི་ཕྱིར་རོ་ཞེ་ན། དེ་དག་གང་ལ་ཞེས་བྱ་བ་སྟེ་རྟག་པ་དང་མི་རྟག་པ་དག་ལའོ། །བཟློག་པ་ལ་ནི་སུས་ཀྱང་སུ་ལ་ཡང་གནོད་པ་མེད་དོ་ཞེས་བརྗོད་པ་ནི། དེ་ལྟར་མིན་ན་ཞེས་བྱ་བ་སྟེ་གལ་ཏེ་དེ་ལྟར་ཁས་མི་ལེན་ནའོ། །དེའི་ཚེ་རིགས་པ་དང་བྲལ་བ་རྟོག་པ་ཡིན་ནོ་ཞེས་བྱ་བའི་དམ་བཅའ་བས་ཚད་མ་མེད་པར་ནུས་པ་མཚུངས་པར་གྱུར་པའི་དམ་བཅའ་བ་མི་རྟག་པའོ་ཞེས་བྱ་བའམ། མི་རྟག་པ་ཉིད་ལ་སོགས་པ་ཅི་ལྟ་བ་བཞིན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཅི་ལྟར་གནོད། འོན་ཏེ་ཡིད་ཆེས་པས་བྱས་པའི་ལུང་ངམ་སྐྱེས་བུས་མ་བྱས་པ་ནི་ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ལ་གནོད་པ་ཉིད་དོ་སྙམ་ན་


DTG186_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་རྣམས་ཞེས་བྱ་བའོ། །འོ་ན་གང་གི་ཚེ་བསྟན་བཅོས་གནོད་པར་བྱེད་པ་ཡིན་སྙམ་ན། དེའི་ཕྱིར་ན་ཞེས་བྱ་བའོ། །བར་སྐབས་ཀྱི་རྩོད་པའི་ཁྱད་པར་གྱི་ཚིགས་སུ་བཅད་པའོ། །གལ་ཏེ་རྗེས་སུ་དཔག་པར་ཁས་བླངས་པ་འདུ་ན་འོ་ན་ཅིའི་ཕྱིར་དེ་རྗེས་སུ་དཔག་པ་ལས་ལོགས་སུ་བསྟན་སྙམ་ན། དེས་ན་རྗེས་སུ་དཔག་པ་ལས་ཐ་དད་བྱས་པ་ཡིན་ནོ། །ཅི་ལྟར་ཕྱི་རོལ་མ་ཡིན་ཞེ་ན། གནོད་ཕྱིར་ཞེས་བྱ་བའོ། །ཡུལ་གྱི་ཁྱད་པར་ཉིད་བརྗོད་པ་ནི། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །དེའི་གེགས་བྱེད་པ་ཉིད་ཀྱང་ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། གེགས་བྱེད་པ་དེ་ཡང་ཞེས་བྱ་བ་སྟེ་བསྟན་བཅོས་ཀྱང་ངོ༌། །གཞན་དུ་ནི་ཞེས་བྱ་བ་ཁས་མ་བླངས་ན་ནི་མ་ཡིན་ནོ། །ཁས་བླངས་པ་ཁོ་ནས་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། དེ་ལྟར་མིན་ན་ཞེས་བྱ་བའོ། །གལ་ཏེ་ཁས་མ་བླངས་པའི་བསྟན་བཅོས་གནོད་པར་བྱེད་པ་ཡིན་ན། དེའི་ཚེ་བསྟན་བཅོས་ཐམས་ཅད་ཐམས་ཅད་ཀྱི་གནོད་པར་བྱེད་པ་ཡིན་པར་འགྱུར་རོ། །ཡང་ན་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་རོ། མངོན་སུམ་དང་རྗེས་སུ་དཔག་པ་བཞིན་དུ་སྐྱེས་བུའི་འདོད་པ་ལ་མ་ལྟོས་པ་ཁོ་ནར་གནོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཡང་ན་གལ་ཏེ་ཡུལ་གྱི་ཁྱད་པར་བསྟན་པ་དགོས་པར་མི་འདོད་ན། དེའི་ཚེ་ཐལ་ཆེས་པ་སྟེ། དོན་གྱིས་གོ་བ་ལ་སོགས་པ་ཡང་བརྗོད་པར་འགྱུར་རོ། །བཤད་པའི་དགོས་པ་མེད་པར་ལོགས་ཤིག་ཏུ་བྱས་པ་དགོས་པ་མེད་པར་ཡང་འགྱུར་རོ། །དེ་ལྟ་ན་ཡང་སྨྲ་བ་པོ་མི་གཟོ་བ་ཁོ་ནར་འགྱུར་རོ། །འོ་ན་ཅི་ལྟར་རང་གི་ཚིག་དང་བསྟན་བཅོས་དག་ཕན་ཚུན་ཐ་དད་པར་བརྗོད་པར་འགྱུར་སྙམ་ན། རང་གི་ཚིག་ཀྱང་ཞེས་བྱ་བའོ། །ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །ལྷག་མ་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་འོ་ན་ཞེས་བྱ་བའོ། །གཞུང་གང་གིས་ཐ་དད་པར་བྱས་སྙམ་ན། གལ་ཏེ་ཅི་ལྟར་ཞེས་བྱ་བའོ། །གལ་ཏེ་གནོད་ན་དེའི་ཚེ་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གལ་ཏེ་ཡང་སྔར་ཁས་བླངས་པས་གནོད་པ་མ་ཡིན་ན་ཏེ། དཔེར་ན་བྱེ་བྲག་


DTG186_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཅན་སྒྲ་ལ་རྟག་པ་ཉིད་སྒྲུབ་པ་ནི་བསྟན་བཅོས་ཀྱིས་བརྗོད་པའི་མི་རྟག་པ་ཉིད་ཁས་བླངས་པས་གནོད་པ་བཞིན་ནོ། །ཅིའི་ཕྱིར་ལོགས་སུ་མ་བྱས་ཤེ་ན། ཡུལ་ཐ་དད་པ་མེད་ན་ཞེས་བྱ་བའོ། །ལན་འདེབས་པ་ནི་ལུང་དང་རང་གི་ཚིག་དག་ཐ་མི་དད་པ་ནི་བདེན་ནོ། །འོ་ན་ཅི་ལྟར་ཐ་དད་སྙམ་ན། དེ་ལྟ་མིང་གི་ཞེས་བྱ་བའོ། །ལུང་གི་ཚིག་གིས་སྔར་བཞག་པའི་བདེ་བ་སྒྲུབ་པར་བྱེད་པ་ཉིད། ཕྱིས་བདེ་བ་མ་ཡིན་བསྒྲུབ་པར་བྱེད་པ་ཉིད་ཀྱིས་ཉམས་པར་བྱེད་པས་ཁས་བླངས་པ་དང་འགལ་བ་ཡིན་ནོ། །རང་གི་ཚིག་དང་འགལ་བ་གོ་ཅི་ལྟར་འདི་ལས་ཐ་དད་སྙམ་ན། ངག་དེ་ཉིད་ཀྱིས་ཞེས་བྱ་བའོ། །དེའི་ཕྱིར་འདི་གཉིས་རྗེས་སུ་དཔག་པ་ལས་ལམ་ཕན་ཚུན་ཡང་ཐ་དད་པ་ནི་ཉམས་པ་མེད་པ་ཁོ་ནའོ། །གལ་ཏེ་གེགས་བྱེད་པ་ཡིན་ཡང་ཁས་བླངས་པའི་ཕྱིར་ན་ཅི་ལྟར་གནོད་བྱེད་མ་ཡིན་སྙམ་ན། བཤད་པ་དེ་ཡིས་ཞེས་བྱ་བ་སྟེ་རྒོལ་བས་སོ། །གནོད་བྱེད་ཅེ་ན་ཞེས་བྱ་བ་ནི་གེགས་བྱེད་པ་མ་ཡིན་པའོ། །དེས་རྗེས་སུ་དཔག་པ་ལས་དེ་ལོགས་སུ་བྱས་པ་ནི་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་པ་ཕ་རོལ་ལ་འདྲི་བ་ནི། གལ་ཏེ་རྒོལ་བ་དེ་བསྟན་བཅོས་གནོད་པར་བྱེད་བར་མི་འདོད་པ་ཡིན་ན་དེའི་ཚེ་ཅིར་འགྱུར། གཞན་གྱིས་ལན་རང་གི་ཚིག་དང་འགལ་བར་འགྱུར་ཞེས་བྱ་བའོ། །ཁས་བླངས་པ་ཐམས་ཅད་ནི་ཕྱིས་གཞན་དུ་བྱ་བ་མ་ཡིན་ཏེ་བྱེད་ན་རང་གི་ཚིག་དང་འགལ་བ་ཡིན་ཏེ། རང་ཉིད་ཀྱིས་ཁས་བླངས་ཟིན་ན་གཞན་དུ་བྱེད་པའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་བས་རང་ཚིག་དང་ཞེས་གསུངས་སོ། །དེ་ནི་རྒོལ་བའོ། །བསྟན་བཅོས་ཚད་མ་མ་ཡིན་པའོ། །སྔར་ཞེས་བྱ་བ་ནི་རྩོད་པའོ། །ལན་ནི་བྱས་ན་ཞེས་བྱ་བའོ། །གཞན་གྱིས་རང་གི་ཚིག་དང་ཞེས་སྨྲས་སོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །ཁས་བླངས་པ་ཙམ་ཡིན་ན་ཡང༌། ཚད་མ་མ་ཡིན་པ་ཡང་ཚད་མར་འགྱུར་རོ་ཞེས་བརྗོད་པ་ནི། སྐྱེས་བུའི་ཞེས་བྱ་བའོ། །འདིས་ནི་བསྟན་བཅོས་ཀྱིའོ། །གཞན་རང་གི་ཚིག་ལས་བསྟན་བཅོས་ཀྱི་ཁྱད་པར་སྨྲ་བ་ནི། ཅི་སྟེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་གཞན་གྱི་དོན་ཡིན་པས་ན་རང་གི་ཚིག་དེ་ཙམ་དུ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དོན་ལ་ནི་ཞེས་བྱ་


DTG186_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །གལ་ཏེ་ཡོངས་སུ་བརྟགས་པའི་བསྟན་བཅོས་ཁས་བླངས་པ་ཡིན་ན། དེའི་ཚེ་ལུང་གི་དོན་ཚད་མ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། དེས་ན་དེ་ལས་བཟློག་པ་དེར་ཚད་མ་གནོད་པར་བྱེད་པ་ཁོ་ན་ཡིན་ནོ། །དེ་སྟེ་བརྟག་པ་མི་འཇུག་ན་ཡང་དེའི་ཚེ་བསྟན་བཅོས་རང་གི་ཚིག་ལས་ཁྱད་པར་མེད་དོ། །གང་གི་ཕྱིར་དེ་ལྟར་ལུང་ཚད་མ་མ་ཡིན་པ་དེས་ནའོ། །དོན་དེ་དག་ལ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལ་སོགས་པ་ལའོ། །ལྐོག་ཏུ་གྱུར་པ་དག་ལ་ཡང་དེ་ཁོ་ན་ལྟར་རྣམ་པར་དཔྱོད་པར་འགྱུར་རོ་སྙམ་ན། ལྐོག་གྱུར་དག་ལ་ཞེས་གསུངས་སོ། །འོན་ཏེ་འདི་ཁས་བླངས་པ་ནི་མ་ཡིན་གྱི་འོན་ཀྱང་བསྟན་བཅོས་དང་འགལ་བ་ཡིན་ནོ་ཞེ་ན། བརྗོད་པ་ཁས་བླངས་པའི་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །མ་ཡིན་གྱི་འོན་ཀྱང་ཁས་བླངས་པ་དང་འགལ་བའི་ཡུལ་ཡིན་ནོ་ཞེས་བྱ་བའོ། །འོ་ན་བསྟན་བཅོས་དང་འགལ་བའི་ཡུལ་གསལ་བ་གང་ཡིན་ཞེ་ན། བསྟན་བཅོས་ལས་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ལུང་ལས་གྲུབ་པའོ། །དེ་གལ་ཏེ་ལུང་མི་འདོད་ན་དེ་ལ་དཔྱོད་པ་མི་འཇུག་ན་དེ་ལྟ་ན། འོ་ན་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཞེས་བྱ་བ་ནི་གནས་པར་བྱེད་པ་དེས་ན་བསྟན་བཅོས་དེ་གནོད་བྱེད་ཡིན་ནོ། །འོན་ཚད་མ་མ་ཡིན་པའི་ཕྱིར་ཞེས་བྲིས་པ་ན། གཞན་གྱི་ལན་ནི་ཚད་མར་ཞེས་བྱ་བའོ། །གྲུབ་པའི་མཐའ་པས་དེ་ལྟ་ན་རང་གི་འདོད་པ་འགྲུབ་པོ་ཞེས་བརྗོད་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །གལ་ཏེ་བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་ལ་དེ་དང་འགལ་བ་ཁས་བླང་བར་མི་བྱ་སྟེ། དེ་ཉིད་ཀྱིས་གནོད་པའི་ཕྱིར་རོ་ཞེ་ན། དེའི་ཚེ་བསྟན་བཅོས་ཉིད་ཀྱིས་འགལ་བ་བརྗོད་པ་ལ་དཔྱད་པ་ཅི་འདྲ་བ་ཞིག་བྱ་སྙམ་ན། འདི་ལ་བརྟག་པ་ཕལ་ཆེར་ནི་ཞེས་བྱ་བའོ། །བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་འདི་ལ་ནི་བསྟན་པ་ཕལ་ཆེར་འགལ་བ་བརྗོད་པ་ཡིན་པར་བསྟན་ཏེ། བསྟན་བཅོས་ཉིད་ཀྱིས་འགལ་བའི་ཆོས་གཉི་ག་བསྟན་པའི་ཕྱིར་རོ། །བསྟན་བཅོས་ཀྱིས་རབ་ཏུ་གྲུབ་པའི་ཆོས་ཅན་ཆོས་མ་ཡིན་པ་ལ་འདོད་ཆགས་ལ་སོགས་པའི་རྒྱུ་ཅན་དང༌། ཁྲུས་ཀྱིས་དག་པར་བྱ་བ་ཉིད་བསྟན་བཅོས་ཀྱིས་བརྗོད་པ་ནི་ཕན་ཚུན་འགལ་བ་ཡིན་ནོ། །རྒྱུ་མཚན་དང་མི་འགལ་བས་རྒྱུ་མཚན་ཅན་


DTG186_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པའི་ཕྱིར་རོ། །ཅི་རྣམ་པ་དེ་འདྲ་བ་བསྟན་བཅོས་འགའ་ཞིག་ལས་བརྗོད་པ་ཡོད་དམ་ཞེ་ན། དེ་སྐད་དུ་ཡང་ཞེས་བྱ་བའོ། །སེམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་ཆོས་མ་ཡིན་པ་ཆགས་པ་ལས་སོགས་པའི་རྒྱུ་ཅན་ཡིན་ལ། ཆགས་པ་ལ་སོགས་པ་ཡང་འཇུག་དོགས་ཀྱི་ཁྲུས་ཀྱིས་ལྡོག་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ལ། གང་གཱའི་སྒོ་ཞེས་བྱ་བ་ལ་སོགས་པས་ནི། ཆགས་པ་ལ་སོགས་པ་ལ་མི་གནོད་པའི་ཁྲུས་ཉིད་ཀྱིས་ཆོས་མ་ཡིན་པ་དང་བྲལ་བའི་ཕྱིར་ཐར་པ་ཡིན་ནོ་ཞེས་བརྗོད་དེ་དེས་ན་བསྟན་བཅོས་ཉིད་ཕན་ཚུན་འགལ་བ་བརྗོད་པའི་ཕྱིར་ཕན་ཚུན་འགལ་བ་ཡིན་གྱི། འདིར་ནི་གནོད་པ་འགའ་ཡང་མེད་དོ། །འགལ་བ་ཙམ་དུ་ཞེས་བྱ་བ་ནི་སྤང་བ་དང་བླང་བ་མ་ཡིན་པ་དོན་མེད་པ་ཕན་ཚུན་འགལ་བ་ཙམ་བསམ་པར་ཟད་པ་ཡིན་ན་དེའི་ཚེ་འོ་ན་བསྟན་བཅོས་ཁས་བླངས་པ་དང་འགལ་བ་དེ་ཅིའི་དོན་དུ་སེམས་པ་ཡིན་དགོས་པ་མེད་པའི་ཕྱིར་བསམ་པར་བྱ་བ་མ་ཡིན་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དགོས་པ་ཡོད་པ་ཁོ་ན་ཡིན་པ་དེས་ན་རྣམ་པ་འདི་ལྟ་བུ་ཡང་བསམ་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ནི་མཐོང་དང་ཞེས་བྱ་བའོ། །དེ་ལྟར་ཡིད་ཆེས་པ་དང་འགལ་པ་བཤད་ནས་གྲགས་པ་དང་འགལ་བ་བཤད་པའི་ཕྱིར་ན། གྲགས་པས་ཞེས་གསུངས་སོ། །ཕ་རོལ་པོས་གྲགས་པ་གནོད་བྱེད་གཞན་ཡིན་པ་མི་བཟོད་པས། གལ་ཏེ་ཞེས་སྨྲས་སོ། །དེར་ནི་ཡིད་ཆེས་པའི་ཚིག་ལའོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་གནས་པ་ལའོ། །དངོས་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ལས་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བརྒྱ་ལ་འདི་ནི་ཡིད་ཆེས་པས་གནོད་པ་ཡིན་གྱི་རྟོགས་པས་གནོད་པ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། ལན་འདེབས་པ་ནི། གལ་ཏེ་དེ་ནི་ཞེས་བྱ་བའོ། །སློབ་དཔོན་གྱིས་ཀྱང་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོས་སོ། །དཔེར་བརྗོད་པ་ཞེས་བྱ་བ་ནི་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བས་སོ་ཞེས་དེ་ལྟར་རྣམ་པར་བཞིར་བསྟན་པ་གང་ཡིན་པ་དེ་གཞུང་མ་བཙུགས་པར་འགྱུར་རོ། །དེས་ན་འདི་ཡིད་ཆེས་པས་གནོད་པ་ཉིད་ནི་མ་ཡིན་པ་དེས་ན་རྟོགས་པ་བསལ་བ་ནི། ཐ་དད་པ་ཁོ་ནའོ། །ཁྱོད་ཀྱིས་བཤད་པའི་ཚུལ་གྱིས་ནི་ཐ་དད་པ་ཡང་མ་ཡིན་ནོ་ཞེ་ན། འདི་ལ་


DTG186_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ནི་འདིར་སྨྲས་པ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་གྲགས་པས་བསལ་བའི་མཚན་ཉིད་དོ། །སྔ་མ་ནི་ཡིད་ཆེས་པ་དང་འགལ་བའོ། །ཡང་ན་ཁས་བླངས་པ་ཉིད་རང་བཞིན་དང་འབྲས་བུའི་དབྱེ་བས་ཐ་དད་པ་ཡིན་ནོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །ཅིག་ཤོས་སོ་ཞེས་བྱ་བ་ནི་ཁས་བླངས་པ་དང་འགལ་བའོ། །ཐ་དད་པའི་སྒྲུབ་བྱེད་ཀྱི་རྣམ་པ་གསུམ་པ་བརྗོད་པ་ནི། ཡང་ན་ཞེས་བྱ་བའོ། །གང་གི་ཕྱིར་ཐམས་ཅད་ཀྱི་ཚེ་སྒྲའི་དོན་གྲགས་པའི་རྗེས་སུ་འབྲང་བར་བྱའི། བསྟན་བཅོས་ཀྱི་རྗེས་སུ་ནི་ཐམས་ཅད་ཀྱི་ཚེ་འབྲང་པར་བྱ་བ་མ་ཡིན་པ་དེས་ན་བསྟན་བཅོས་དེ་ལས་གྲགས་པ་འདི་ཐ་དད་པའི་ཕྱིར་ལོགས་སུ་བྱས་པ་འཐད་པ་ཁོ་ནའོ། །ཕ་རོལ་པོ་གྲགས་པ་བཞིན་དུ་བསྟན་བཅོས་དང་རང་གི་ཚིག་དག་ཀྱང་གདོན་མི་ཟ་བར་ཚད་མར་ཁས་བླང་པར་བྱ་བ་ཡིན་ཏེ། དེས་ན་དེ་དག་ལས་དེ་ལོགས་སུ་ཅི་ལྟར་བྱེད་ཅེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གཞན་གྱིས་ཁས་བླངས་པས་བཤད་པའི་བསྟན་བཅོས་དང་རང་གི་ཚིག་དག་གདོན་མི་ཟ་བར་ཚད་མར་ཁས་བླང་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒོལ་བ་ཞེས་བྱ་བ་སྟེ་རིགས་པ་ལ་སོགས་པའོ། །ཆོས་ཅན་གཞན་ལ་ཞེས་བྱ་བ་ནི་བསྟན་བཅོས་ལས་གྲུབ་པའི་ཆོས་ཅན་ལས་གཞན་སྒྲ་ལ་སོགས་པའི་ཆོས་ཅན་ལ། དེའི་ཆོས་མི་རྟག་པ་ཉིད་ལ་སོགས་པ་ལ་རྩོད་པ་ན་ཡང་ངོ༌། །ཅི་ཞིག་བརྗོད་པ་ཡིན་ཞེ་ན། གདོན་མི་ཟ་བར་ཞེས་བྱ་བའོ། །གྲགས་པ་ནི་ཐ་སྙད་པ་དག་གིས་ཐམས་ཅད་ཀྱི་ཚེ་ཡང་ཁས་བླད་བར་བྱ་བ་ཡིན་ནོ་ཞེས་བསམས་པའོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་ཐ་དད་པ་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །དོན་དམ་པའི་ཡུལ་ཅན་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་ཅན་ནོ། །དེ་ལ་ཞེས་བྱ་བ་ནི་གྲགས་པ་ལའོ། །དེས་ན་གྲགས་པས་གནོད་པ་དེ་གཉིས་ལས་རྣམ་པར་དབྱེ་བ་ཡོད་པའི་ཕྱིར་ཐ་དད་པ་ཡིན་ནོ། །འདོད་པའི་སྒྲའི་བརྗོད་བྱ་འབའ་ཞིག་ཏུ་མ་ཟད་དེ་རྟག་པ་ཉིད་ལ་སོགས་པ་ཡང་ངོ༌། །སངས་རྒྱས་པས་ནི་རྟག་པ་ཉིད་སྤངས་ནས་ནི་ཐ་སྙད་བྱ་བ་ལ་མི་དབང་ངོ༌། །དེ་ཞེས་བྱ་བ་རྟག་པ་ཉིད་ལ་སོགས་པ་ཚད་མས་བཀག་པ་ན་ཡང་ངོ༌། །ཚད་མ་དང་འགལ་བ་གཞན་སྤྱི་ལ་


DTG186_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དག་ལ་ཚད་མས་བཀག་པ་བྱས་པ་ཡང་གྲགས་པས་གནོད་པར་འགྱུར་རོ་ཞེས་འབྲེལ་ཏོ། །འོན་ཏེ་གྲགས་པའི་སྒྲས་བརྗོད་པའི་བྱ་བའི་དོན་ནི་གཞན་ཁོ་ན་ཡིན་ནོ་ཞེ་ན། གྲགས་པའི་སྒྲས་ཞེས་སྨོས་སོ། །དེ་བཞིན་དུ་མི་མགོའི་ཐོད་པ་མི་གཙང་ངོ་ཞེས་བྱ་བ་ལ་སོགས་པ་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཡིན་ཏེ། དེས་ན་མི་གཙང་བ་ཉིད་ཚད་མས་བཀག་ན་ཡང་འཇིག་རྟེན་པའི་གྲགས་བས་གནོད་པར་འགྱུར་རོ། །ཉི་ཚེ་བའི་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་པ་ལ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །ཐམས་ཅད་ཀྱིས་གནོད་པར་བྱེད་པ་ནི་གྲགས་པར་བརྗོད་པ་ཡིན་ནོ་ཞེས་སྨྲས་པ་ནི། འདོད་པའི་ཞེས་བྱ་བའོ། །འདོད་པའི་སྒྲའི་བརྗོད་བར་བྱ་བ་ཉིད་གཡོ་བ་མེད་པ་གང་ཡིན་བདེ་ནི་གྲགས་པ་ཡིན་ནོ། །གལ་ཏེ་གྲགས་པ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཅི་ལྟར་ཡིན་ཞེ་ན། གྲགས་པ་ཉིད་ནི་ཞེས་སྨོས་ཏེ། གྲགས་པ་ནི་རྣམ་པར་རྟོག་པའི་ཤེས་པའི་མཚན་ཉིད་ཀྱི་ཐ་སྙད་ཡིན་གྱི། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་དེས་བསྐྱེད་པའི་ཕྱིར་ཏེ། གྲགས་པས་སྦྱར་བ་ཡིན་བའི་ཕྱིར་ན། འདོད་པའི་སྒྲས་བརྗོད་པར་བྱ་བ་ཡིན་པར་བརྗོད་པ་ཡིན་ནོ། །ཚད་མས་གྲགས་པ་གཞལ་བྱ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པའོ། །ཅིའི་ཕྱིར་མི་ནུས་སྙམ་ན། ཚད་མས་ཞེས་བྱ་བ་སྟེ། རྟག་པ་ཉིད་ལ་སོགས་པ་གཡོ་བར་གྲུབ་པའོ། །ཅི་ལྟར་དེ་ཚད་མས་གྲུབ་པ་ཡིན་སྙམ་ན། ཚད་མས་ཞེས་བྱ་བའོ། །མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་ཚད་མས་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་བསྟན་བཅོས་ལ་གནོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པ་བཞིན་དུའོ། །སྟོན་པར་འགྱུར་རོ་ཞེས་བྱ་བ་ནི། ཐུན་མོང་མིན་པ་ཉིད་མི་འགྱུར་ཞེས་བྱ་བའི་དེར་རོ། །ཅི་ལྟར་སྟོན་པར་འགྱུར་ཞེ་ན། དོན་ལ་ཞེས་བྱ་བའོ། །གང་གིས་གནོད་པར་བྱེད་པའི་ངག་དང་ལྡན་པས་ན། སྐྱེ་བོ་རྣམས་ཐམས་ཅད་འདོད་པའི་སྒྲའི་བརྗོད་པར་བྱ་བ་འདིར་ཡིད་ཆེས་པ་ཡིན་ནོ། །འདི་ཉིད་ག་ལ་ཞེ་ན། དོན་ལ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་བཀག་པ་མེད་པའི་ཕྱིར་ཏེ། རྗེས་སུ་དཔག་པས་དགག་པར་མི་ནུས་


DTG186_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །བཀག་པ་མེད་པ་ཉིད་ཀྱང་རྣམ་པར་རྟོག་པའི་ཡུལ་ཙམ་གྱི་རྒྱུ་མཚན་ཅན་ཉིད་ཀྱིས་འདོད་པ་ལས་བྱུང་བ་ཡིན་པའི་ཞེས་བརྗོད་པ་ནི་སྐྱེས་བུའི་འདོད་པ་དང་ཞེས་བྱ་བའོ། །རྟོག་པའི་ཡུལ་ཡང་བ་ལང་ཉིད་ལ་སོགས་པའི་རང་གི་ངོ་བོ་ཡིན་ལ། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་དེ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། ཕ་ལང་ཉིད་ལ་སོགས་པ་ཞེས་བྱ་བའོ། །དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བྱ་བ་ནི་འདོད་པའི་སྒྲས་བརྗོད་པར་བྱ་བ་འདི་ཡང་རང་རིག་པ་ཁོ་ན་ཡིན་ནོ།།གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་ཚད་མས་གྲུབ་པ་ཡང་མ་ཡིན་ཏེ། དེས་བརྗོད་བྱ་མ་ཡིན་པའི་གནོད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ན་འདི་དེ་ལ་ཚད་མ་ཡིན་ཞེ་ན། རང་རིག་པ་དེས་བརྗོད་པར་བྱ་བ་ཉིད་གྲུབ་པའི་ཕྱིར་རོ། །ཅི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྒྲའི་ཞེས་བྱ་བའོ། །གང་གི་ཚེ་དེ་ལས་སྒྲ་སྐྱེ་བའི་ཚེ་ནི་རྣམ་པར་རྟོག་པའི་རྣམ་པ་བརྗོད་པ་བྱ་བ་ཉིད་ཉེ་བར་ལེན་པ་ཡིན་ལ། གང་གི་ཚེ་སྒྲ་ལས་དེ་སྐྱེ་བའི་ཚེ་ནི་འབྲས་བུའི་དངོས་པོ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནས་ཁས་ལེན་ཅེ་ནའི་བར་ནི་རྩོད་པའོ། །གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་བ་ནི། རྒྱུ་དང་ཞེས་བྱ་བའོ། །དེས་ན་ཕྱོགས་མངོན་སུམ་གྱིས་གནོད་པ་ཉིད་ནི་མ་ཡིན་ནོ་ཞེས་བསམས་པའོ། །དེ་ཙམ་ཉིད་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཙམ་ཉིད་དོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་མངོན་སུམ་གྱིས་གྲུབ་ན། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ཡང་དེས་གྲུབ་པ་ཁོ་ནའོ། །གཞན་དུ་ཞེས་བྱ་བ་གྲགས་པས་བསལ་བ་ཉིད་དུའོ། །འདིར་ནི་བསལ་བ་ལའོ། །དེས་ན་ཞེས་བྱ་བ་ནི་ཁྱབ་པ་དང་རྟག་པ་དག་གིས་ནའོ། །དེ་ནི་སྤྱིའོ། །འོ་ན་ཅི་ལྟར་ཁྱབ་པ་ཉིད་དུ་རྟོགས་ཤེ་ན། འོན་ཀྱང་ཞེས་བྱ་བའོ། །དེ་ལྟའི་ཞེས་བྱ་བ་ནི་བ་ལང་ཞེས་བྱ་བ་ལ་སོགས་པར་འདོད་པའི་ཐ་སྙད་ནི་སྟེ་རྣམ་པར་རྟོག་པ་ནི། ཡོད་ཕྱིར་ཏ་སྐྱེ་བའི་ཕྱིར་སྤྱི་དང་རྟོག་པ་ཡིན་ནོ། །དེ་ལྟ་བུའི་ཐ་སྙད་ཉིད་ག་ལས་བྱུང་སྙམ་ན། ཐོག་མེད་ཅེས་བྱ་བའོ། །འདི་ག་ལས་སྙམ་ན། དེ་ལྟར་ཡང་ཞེས་སྨོས་སོ། །གལ་ཏེ་དེ་ལྟ་ཡིན་ན་རང་རིག་པ་ཉིད་ཚད་མ་ཡིན་ལ་ཞེས་བརྗོད་པ་འགལ་ལོ། །དེས་བརྗོད་པར་བྱ་བ་


DTG186_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པ་དང༌། མ་རྟོགས་པར་ཡང་བརྗོད་པའི་ཕྱིར་རོ་ཞེ་ན། དེས་ན་འདི་ཙམ་ཞིག་འདོད་པ་མི་ཤེས་སོ། །ཡང་ན་གལ་ཏེ་འབྱུང་བ་དང་བྱུང་བའི་བརྗོད་པར་བྱ་བ་ཉིད་ཐ་སྙད་ལ་ལྟོས་ནས་རང་རིག་བས་རྟོགས་པ་ཡིན་ཏེ། དཔེར་ན་མེས་དུས་གསུམ་ན་ཡོད་པའི་དུ་བ་ལ་ཁྱབ་པར་མངོན་སུམ་གྱིས་རྟོགས་པ་ལྟ་བུ་ཡིན་ན། དེའི་ཚེ་འདི་མངོན་སུམ་གྱིས་བསལ་བ་ཉིད་ཡིན་ཏེ། དེས་ན་ཅི་ལྟར་གྲགས་པས་བསལ་བ་བཞིན་ཡིན་པར་འགྱུར་སྙམ་ན། འདི་ནི་བདེན་ཏེ་འོན་ཀྱང་ལོག་པར་རྟོགས་པའི་དབང་དུ་བྱས་ནས་མངོན་སུམ་གྱིས་གྲུབ་པར་ཡང་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་ས་ཕྱོགས་ན་བུམ་པ་མེད་པ་བཞིན་ནོ། །དེས་ན་རྣམ་པ་གཞན་ནི་འཐད་པ་ཁོ་ནའོ། །རྣམ་པར་རྟོག་པའི་ཡུལ་སྤྱི་ཡིན་མོད། སྒྲས་བརྗོད་པར་བྱ་བ་གོ་གང་ཞིག་ཡིན་སྙམ་ན། གཞན་སེལ་བའི་ཞེས་བྱ་བའོ། །དེ་ཡང་ནི་སྤྱིའོ། །ཅིའི་ཕྱིར་ཞེ་ན། བག་ཆགས་ཞེས་བྱ་བའོ། །གལ་ཏེ་བག་ཆགས་སོ་སོར་ངེས་པ་ཡིན་པས་ཅི་ཙམ་ཞིག་སོ་སོར་ངེས་པར་རྣམ་པར་འཇོག་པར་བྱེད་ཀྱི། སྤྱིའི་ཁྱད་པར་ནི་མ་ཡིན་ནོ་སྙམ་ན། བག་ཆགས་དེ་ཞེས་སྨོས་ཏེ། བག་ཆགས་དེ་སད་པས་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན། འདོད་པ་ཙམ་གྱིས་ཞེས་བྱ་བའོ། །བྲམ་ཟེ་ལ་སོགས་པའི་ངེས་པ་ནི་བ་ལང་ཉིད་ཀྱི་སྤྱི་བཞིན་དུ་བསལ་བས་གསལ་བ་མ་ཡིན་ནོ། །འདི་ག་ལས་ཤེ་ན། འདོད་པ་ཡིས་ཞེས་སྨོས་སོ། །དེ་ལས་ཞེས་བྱ་བ་ནི་བྲམ་ཟེ་ལས་གཞན་གཏུམ་པོ་ལ་སོགས་པ་དག་ལས། བྲམ་ཟེ་ཉིད་ལ་སོགས་པ་བཟློག་པའི་ཕྱིར་རོ། །བྲམ་ཟེ་ལ་སོགས་པའི་རིགས་དེ་དག་ནི་བསལ་བ་ལ་ངེས་པའི་ཀུན་དུ་སྤྱོད་པ་མཚམས་གཅོད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེས་ཉེ་བར་མཚོན་པའི་བསལ་བ་གང་ཡིན་པ་དེ་ལ་ངེས་པའི་བརྡ་འདི་ནི་བྲམ་ཟེའོ་ཞེས་བྱ་བ་དེའི་སྟོབས་ཀྱིས་སོ། །འདིར་ནི་ཞེས་བྲམ་ཟེ་ལ་སོགས་པ་ལའོ། །བསྟན་པ་ཉིད་ཅེས་བྱ་བ་ནི། ཐེ་ཚོམ་ཟ་ནས་འདི་སུ་ཞིག་ཅེས་དྲིས་པ་ན་འདི་ནི་བྲམ་ཐེའོ་ཞེས་བྱ་བའི་ཉེ་བར་བསྟན་པ་གང་ཡིན་པ་དེ་ཉིད་བརྡ་ཡིན་པའི་ཕྱིར་རོ། །འོན་ཏེ་ཉེ་བར་བསྟན་པ་འདི་ཡང་བྲམ་ཟེ་ཉིད་ཀྱི་རིགས་མེད་པར་ཅི་ལྟར་ཞེས་དོགས་ན། གཞན་ཡང་ཞེས་གསུངས་སོ། །བྲམ་ཟེ་ལ་སོགས་པའི་ཉེ་བར་བསྟན་པ་འདི་ནི་རིགས་ཀྱི་རྒྱུ་མཚན་ཅན་


DTG186_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ་ཁ་དོག་དང༌། རྣམ་པ་དང༌། ཡི་གེའི་རྣམ་པས་སྟོང་པས་ན་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །འོ་ན་མ་མཐོང་བའི་རྒྱུ་ཉིད་རྒྱུ་མཚན་ཡིན་པར་འགྱུར་རོ་སྙམ་ན། འདིར་ནི་ཞེས་བྲམ་ཟེ་ལ་སོགས་པ་ལའིའོ། །དེའི་ནི་བྲམ་ཟེ་ཉིད་ལ་སོགས་པའིའོ། །བསྒྲུབ་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པའི་གནས་ཡིན་པས་ན་རིགས་སྨྲ་བས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་མ་མཐོང་བའི་སྒྱུ་མ་བསྒྲུབས་ནའོ། །འདི་ལ་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའི་རིགས་ལའོ། །རིགས་རྣམས་ནི་བསལ་ཟིན་པའི་ཕྱིར་ན་ཕན་ཚུན་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞེས་བྱ་བ་བྲམ་ཟེ་ལ་སོགས་པའི་རིགས་ཀྱི་རྣམ་པར་དབྱེ་བ་བསལ་བས་ནའོ། །ཅི་ལྟར་ཞེ་ན། དེ་དག་ཀྱང་ཞེས་བྱ་བའོ། །དེའི་ཕྱིར་འདིར་མ་མཐོང་བའི་རྒྱུ་ཉིད་བསྒྲུབ་དགོས་ན་དེ་ནི་བསྒྲུབ་པར་ནུས་པ་ཡང་མ་ཡིན་ནོ། །དེས་ན་ཅི་ལྟར་བྲམ་ཟེ་ལ་སོགས་པའི་ཉེ་བར་བསྟན་པ་མ་མཐོང་བའི་རྒྱུའི་རྒྱུ་མཚན་ཅན་ཡིན་སྙམ་དུ། མ་མཐོང་བའི་རྒྱུ་ཉིད་ནི་རིགས་རྣམས་ཀྱི་དགོས་པ་མ་ཡིན་ཏེ། བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་ཉེ་བར་མཚོན་ནས་བསལ་བ་ལ་འཇུག་པའོ། །དེ་ལྟ་མ་ཡིན་ན་ནི་འཇུག་པ་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་ཉེ་བར་མཚན་ནས་ཞེས་བྱ་བའོ། །ལན་ནི་འདི་ལ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བཞི་པ་དང་རྒལ་བ་ནུས་པ་ཙམ་གྱིས་སོ། །བསལ་བདེ་ལ་མིང་ཙམ་འབྲེལ་པ་མི་འགྱུར་བ་མིན་ཏེ་འབྲེལ་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་རིགས་མེད་པའི་ཕྱིར་རོ། །གྲགས་པ་ཙམ་ལས་ཏེ། རྣམ་པར་རྟོག་པ་ཙམ་ལས་བདག་གི་དངོས་པོ་ཐོབ་བ་གང་ཡིན་པའོ། །དེའི་དངོས་པོ་ནི་ཉིད་དེ། དེའི་ཕྱིར་རོ། །ཆོས་དེ་ཞེས་བྱ་བ་ནི་འདོད་པའི་སྒྲས་བརྗོད་པའི་མཚན་ཉིད་དོ། །སྒྲ་གང་གིས་བརྗོད་ཅེ་ན། གྲགས་པས་བསལ་བ་ཞེས་བྱ་བ་འདིར་གྲགས་པའི་སྒྲས་བརྗོད་དོ། །གཞན་དུ་ཡང་ཚད་མས་གཞལ་བྱ་ཉེ་བར་བསྟན་པར་དོགས་པར་བྱའོ་ཞེས་བསྒྲེ་བ་ནི། ཆོས་འདི་འབའ་ཞིག་ཅེས་བྱ་བའོ། །དོན་གཞན་ནི་མཉན་བྱ་མ་ཡིན་པ་ཉིད་ལ་སོགས་པའིའོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་ཀྱིས་འདོད་པའི་སྒྲས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་འགོག་པ་ལ་གནོད་པ་ཡིན་


DTG186_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ཉིད་ཅེས་བྱ་བ་ནི་དགག་པར་མི་ནུས་པ་ཉིད་དོ། །གལ་ཏེ་འདོད་བ་ལས་བྱུང་བ་ཡིན་ཡང༌། སྣམ་བུའི་སྒྲ་ཤིང་རྟ་ལ་མེ་བྱས་པ་མ་ཡིན་ནམ། གང་གིས་དགག་པར་མི་ནུས་པར་འགྱུར་བ། ཅི་ལྟར་དེ་བརྗོད་པར་བྱ་བ་ཉིད་ཡིན་ཞེ་ན། དེ་ལ་བརྟེན་ནས་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ལ་བརྟེན་ནས་འབྱུང་བ་སྟེ། རྣམ་པར་རྟོག་པའི་ཡུལ་ཞེས་བྱ་བའི་དོན་ཏོ། །བ་ལང་ཉིད་ལ་སོགས་པའི་བརྗོད་པར་བྱ་བ་རང་ཉིད་ཉེ་བར་བརྟག་པར་བྱ་བ། དགག་པར་ནི་བྱ་བ་མ་ཡིན་པ་བྱས་པ་དང་མ་བྱས་པ་རྣམས་སུ་ནི། སྣ་ཚོགས་རུང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པས་འཇུག་པའི་ཕྱིར་ཏེ། །ཐམས་ཅད་ལ་མི་མཐུན་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །སྒྲ་མེད་ཀྱང་རུང་བ་ཉིད་ཀྱིས་དེའི་དངོས་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱས་པ་སྟེ་འཇིག་རྟེན་པ་རྣམས་དང༌། མ་བྱས་པ་འཇིག་རྟེན་པ་མ་ཡིན་པ་སྟེ་སྐྱེས་བུས་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཛ་ཡནྟའི་བཤད་པའོ། །བརྡ་བྱས་པ་དང་གཞན་དག་ཅེས་བྱ་བ་ནི་འགྲེལ་བ་མཁན་གྱིའོ། །གལ་ཏེ་རྣམ་པར་རྟོག་པས་སྤྲུལ་པ་ནི་དོན་གྱི་རང་བཞིན་མ་ཡིན་ནོ་ཞེ་ན། ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཞེས་གསུངས་སོ། །རྣམ་པ་ཡང་དོན་ཉིད་ཡིན་གྱི་བར་མདོ་ནི་མ་ཡིན་ཏེ། ལྷག་པར་ཞེན་ནས་རྣམ་པ་དང་དོན་དག་གཅིག་ཏུ་བྱས་ནས་འཇུག་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པ་དང་རིག་བྱེད་པ་ལ་སོགས་པ་རྣམས་སུ་སྒྲ་རྣམས་དོན་ངེས་བ་ལ་འཇུག་པ་ཉིད་ནི་སྐྱེས་བུའི་བློ་ལས་གྱུར་པ་ཐམས་ཅད་ལས་རུང་བ་ཉིད་ཀྱིས་བཀག་པ་ཡིན་ནོ་ཞེས་བརྗོད་པ་ནི། དེས་ན་ཞེས་བྱ་བ་ལ་སོགས་པའོ། །རུང་བ་ཉིད་ཀྱིས་འབྱུང་བ་དང་བྱུང་བར་གྱུར་པ་ཉིད་ཀྱང་སྒྲ་དེ་ལྟར་གྱུར་པ་ལས་ཡིན་གྱི་རང་ཉིད་ནི་མ་ཡིན་ཏེ། དེ་ནི་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །རུང་བ་ཉིད་ནི་ཁྱི་ཤ་ཟ་བ་ལ་སོགས་པ་ལ་དགག་པར་མི་ནུས་སོ་ཞེས་འབྲེལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཙམ་དང་ཞེས་སྨོས་ཏེ། ཡུལ་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ།། ཅི་ལྟར་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་སྙམ་ན། དོན་དེར་ཡང་ཞེས་བྱ་བ་སྟེ། ཁྱི་ཤ་ཟ་བ་ལ་སོགས་བར་ཡང་ངོ༌། །མཐོང་བ་ནི་ཚད་མས་སོ། །ཉེ་བར་བསྟན་པས་རྟོགས་པའི་ལུང་ལས་གྲུབ་པའོ། །ཅིའི་ཕྱིར་མངོན་སུམ་གྱིས་མི་གནོད་སྙམ་ན། རུང་བ་ཉིད་ནི་ཞེས་གསུངས་སོ། །


DTG186_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ནི་རྗེས་སུ་དཔག་པའོ། །དེའི་ཕྱིར་དེ་ལ་ཞེས་བྱ་བ་དེར་སྟོན་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་ལ་འཇུག་པའོ། །འོན་ཏེ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་རུང་བ་ཡིན་པ་དེས་ན། དེས་གནོད་པ་ནི་རུང་བ་ཉིད་ཀྱིས་གནོད་པ་ཡིན་ནོ་ཞེས་དོགས་པ་བསུ་ནས། འདོད་པའི་ཞེས་སྨྲས་སོ། །འོ་ན་རུང་བར་གྲགས་པ་ཡིན་ནོ་སྙམ་ན། དེ་ལྟ་བུ་ནི་ཞེས་སྨོས་ཏེ་རུང་བ་ཉིད་ནིའོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་ནི་ཞེས་སྨོས་སོ། །དེ་བཞིན་དུ་རུང་བ་ཉིད་ནི་འདོད་པའི་སྒྲས་བརྗོད་པར་བྱ་བའི་རྒྱུ་ཡིན་གྱི་འདོད་པའི་སྒྲས་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །སྣ་ཚོགས་ཀྱི་བརྗོད་པར་བྱ་བ་ལ་ལྟོས་ནས་རུང་བ་ཉིད་གང་ཡིན་པ་དེའི་སྟོབས་ཉིད་ལས་དངོས་སུ་དངོས་པོ་ཐམས་ཅད་ལ་སྒྲ་ཀུན་དུ་འབྲེལ་པ་ཡིན་ནོ། །འོན་ཏེ་རུང་བ་ཉིད་ལ་ལྟོས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚིག་རྗོད་བྱེད་དུ་རྟོགས་པ་མེད་པ་མ་ཡིན་ནམ། དེ་སྐད་ཅི་སྟེ་བརྗོད་སྙམ་ན། དེས་ཞེས་སྨོས་ཏེ་དངོས་ཉིད་དུ་ན་འབྲེལ་པས་ན་རུང་བ་ཉིད་དེར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚིག་དེ་རྗོད་བྱེད་ཉིད་དུ་མ་རྟོགས་ཀྱང༌། སྣ་ཚོགས་ཀྱི་བརྗོད་བྱ་ཉིད་ལ་ལྟོས་པའི་རུང་བ་ཉིད་གང་ཡིན་པ་དེ་ནི་གྲུབ་པ་ཉིད་ཡིན་པས། སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་བྱ་བའི་ཚིག་གིས་སློབ་དཔོན་བཞད་པ་ཡིན་ནོ། །ཡང་ན་གལ་ཏེ་རྒན་པའི་ཐ་སྙད་ལས་ངེས་པའི་དོན་ཅན་ཉིད་དུ་མངོན་སུམ་གྱིས་རབ་ཏུ་གྲུབ་པ་ལ། སྒྲ་རྣམས་ངེས་པའི་དོན་ཅན་མ་ཡིན་པར་རྗེས་སུ་དཔག་པ་ཅི་ལྟར་གནོད་པར་བྱེད་པ་མ་ཡིན་ཞེ་ན། དེ་རུང་བ་དེ་ཉིད་ཀྱི་སྟོབས་ཉིད་ལས་ཞེས་སྨོས་སོ། །ཞུགས་ཟིན་པ་བཞིན་དུ། རུང་བ་ཉིད་དེའི་སྟོབས་ལས་བྱུང་བས་སྒྲ་གཞན་ཡང་གྱུར་ཟིན་པ་ཉིད་ཡིན་ནོ། །འོན་ཀྱང་སྨྲ་བ་བོ་ལ་འདོད་པ་མེད་པས་མ་ཞུགས་པར་ཟད་དོ། །དངོས་པོ་འབྲེལ་པ་ཡིན་པ། དེས་ན་རུང་བ་ཉིད་དེར་འབྱུང་བར་འགྱུར་བའི་སྒྲ་རྟོགས་པ་མ་ཡིན་ཡང༌། དེ་ནི་གྲུབ་པ་ཉིད་དེ། དེས་རྟོགས་པར་བྱ་བ་ཉིད་གྲུབ་པ་ཡིན་ཏེ། འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲའི་བརྗོད་པར་བྱ་བའི་དོན་ནི་ངེས་པ་ཁོ་ན་ཡིན་གྱི། ཐམས་ཅད་ནི་མ་ཡིན་པ་མ་ཡིན་ནམ་སྙམ་ན། སྒྲ་ནི་ཞེས་གསུངས་སོ། །དེ་ཞེས་བྱ་བ་འདོད་པ་ཙམ་གྱིས་འཇུག་པའོ། །ཅི་ལྟར་


DTG186_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་འཇུག་པ་ཡིན་སྙམ་ན། དངོས་རྣམས་ཞེས་གསུངས་སོ། །དེས་ན་ཕྱོགས་འགའ་ཞིག་ཏུ་དངོས་པོའི་རྣམ་པར་རྟོག་པའི་ཡུལ་རུང་བ་ཉིད་ནི་དངོས་པོ་ཉིད་མ་ཡིན་ནོ་ཞེས་དགོངས་པའོ། །འོན་ཅི་ལྟར་དེ་རུང་བ་ཉིད་ཅེས་བརྗོད་སྙམ་ན། བརྡལ་མི་མཐུན་མེད་པ་ནི་ཞེས་གསུངས་སོ། །གལ་ཏེ་སྒྲ་འདོད་པ་ཙམ་གྱིས་འཇུག་པ་ཡིན་ནོ། །ཅི་ལྟར་རྗེས་སུ་འབྲེལ་པ་ཡིན་སྙམ་ན། འདོད་པ་ཙམ་གྱིས་ཞེས་བྱ་བ་སྟེ་འདིས་ནི་རྣམ་པར་རྟོག་པར་ཡང་འདོད་པ་ཙམ་ལས་འགྱུར་བ་ཡིན་གྱི་དངོས་པོ་ལས་ངེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་དོན་མེད་ཀྱང་འདོད་པས་སྤྲུལ་པ་སྲིད་པ་ན་ཅི་ལྟར་དེ་ཉིད་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ཞེས་བརྗོད་སྙམ་ན། དོན་ཙམ་ལ་ཡང་ཞེས་སྨོས་སོ། །དོན་གྱི་ཁྱད་པར་དུ་མ་ཟད་དེ་དོན་ཙམ་ལ་ཡང་ལྟོས་པ་མེད་ན་ནི་བརྡ་འདོད་པར་ཅི་ལྟར་འགྱུར་ཏེ། ཡུལ་མེད་པར་འདོད་པ་འཇུག་པ་ནི་མ་ཡིན་ནོ། །དེས་ན་བརྡ་འདོད་པ་ནི་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །དེས་ན་གང་ཞིག་འདོད་པས་སྦྲུལ་པའི་སྒྲ་དང་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་ནི་དོན་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་གྲུབ་པོ། །གལ་ཏེ་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ལ་གྲགས་པས་གནོད་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ནོ་སྙམ་ན། ཕྱོགས་འདིས་ཞེས་བྱ་བ་སྟེ། རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བརྗོད་པས་སོ། །དེ་བཞིན་དུ་རུང་བ་ཡང་དེ་ལྟ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ངོ་བོ་ཉིད་ལས་མ་གཏོགས་པ་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་གནས་པ་ནའོ། །རི་བོང་ཅན་ཡང་ཟླ་བའི་སྒྲས་བརྗོད་པར་འདོད་པ་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་བསྡུ་བ་ནི་རང་ཉིད་རྟོགས་པར་བྱ་བའོ། །འགའ་ཡང་ནི་སྒྲའོ། །གང་དུ་ཡང་ནི་དངོས་པོ་ལའོ། །དཔེ་ཉིད་ཅེས་བྱ་བ་ནི་དཔེར་ན་ཤིང་གི་སྒྲས་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ཤིང་གི་སྒྲས་བརྗོད་པར་བྱ་བའོ། །བུམ་པ་ལ་སོགས་པ་ཡང་ངོ༌། །སྤོང་བ་ནི་ཤིང་གི་སྒྲས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའོ། །འོན་ཏེ་གཞན་རྗོད་པར་བྱེད་པ་ལས་གཞན་ལ་མི་འཇུག་གོ །དེས་ན་དེ་བརྗོད་པར་རུང་བ་ཉིད་བསྒྲུབས་པས་ཅི་ཞིག་བྱ་ཞེ་ན། དེས་ན་ཞེས་བྱ་བ་སྟེ་གཞན་རྗོད་པར་བྱེད་པས་སོ། །དེ་ལྟ་ན་ཡང་ནི་འདིའི་རྗོད་པར་བྱེད་པ་ཉིད་མ་ཡིན་


DTG186_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེ་ན། བརྗོད་བྱ་རྗོད་བྱེད་ཀྱི་ཞེས་གསུངས་སོ། །འདིར་ཞེས་བྱ་བ་གྲགས་པས་གནོད་པའི་དཔེ་ལའོ། །རིགས་པ་འདིས་ཞེས་བྱ་བ་ནི། བརྗོད་མ་ཐག་པའི་རྗེས་སུ་དཔག་པས་སོ། །འདི་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་ལའོ། །འདི་ཡང་སྔར་བརྗོད་ཟིན་པ་ཉིད་ཡིན་ནོ་ཞེས་གསུངས་པ་ནི། འདི་ནི་ཞེས་བྱ་བའོ། །གལ་ཏེ་ད་ལྟར་བུམ་པ་འདི་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་སྣང་བར་བྱེད་དོ་ཞེས་ཕ་རོལ་པོ་བརྗོད་ན་ནི་དེའི་ཚེ་གྲུབ་བ་ལ་སྒྲུབ་པ་ཡིན་ཏེ། ད་ལྟར་ནི་སྒྲ་དེས་བརྗོད་པར་བྱ་བ་ཉིད་དུ་མི་སྣང་བར་ནི་འདོད་པའི་ཕྱིར་རོ། །གཞན་ལའམ་ད་ལྟར་ཡང་མ་ཡིན་ནོ་ཞེས་འབྲེལ་ཏོ། །ལན་ནི་བརྗོད་པ་དེ་ཐམས་ཅད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པ་ཙམ་གྱིས་ཞེས་བྱ་བའོ། །ཅི་སྟེ་མི་སྲིད་དེ་སྲིད་པ་ཁོ་ན་སྟེ་གཞན་ལ་ཡང་དེས་བརྗོད་པར་བྱ་བ་ཉིད་དུ་སྣང་ཞིང༌། ད་ལྟར་ཡང་རུང་བ་ཉིད་ཡིན་ནོ་ཞེས་བྱ་བར་རོ། །འོན་ཏེ་སྒྲ་རྣམས་དོན་ལ་ངེས་པ་ཡིན་པའི་ཕྱིར་གཞན་དུ་མི་སྲིད་དོ་སྙམ་ན། ཡུལ་དང་ཞེས་བྱ་བའོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་འདི་ནི་མངོན་སུམ་གྱིས་བསལ་བ་ཡིན་གྱི་གྲགས་པས་བསལ་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་རིག་བྱེད་པའི་སྒྲ་རྣམས་དོན་ངེས་པ་ལ་འཇུག་པ་ཅན་ཁོ་ན་ཡིན་ནམ། དེས་ན་ཅི་ལྟར་དོན་གཞན་འགོག་པ་གྲགས་པས་བསལ་བར་འགྱུར་སྙམ་ན། མེ་ལ་སྦྱིན་སྲེག་བྱའོ་ཞེས་བྱ་བའི་ངག་འདིའི་དོན་འདི་ཡིན་པ་དཔྱོད་པ་བ་གང་གིས་འགོག་པར་བྱེད་པའི་དཔྱོད་པ་བ་དེ་དོན་གཞན་དུ་རུང་བ་ཉིད་ཀྱིས་གནོད་དོ། །ཅི་ལྟར་ཞེ་ན། གྲགས་པས་གནོད་པ་ཉིད་ཀྱིས་ཏེ། མངོན་སུམ་མ་ཡིན་པས་གནོད་པའི་ཕྱིར་རོ། །འོ་ན་གང་གི་ཚེ་མངོན་སུམ་གྱིས་གནོད་སྙམ་ན། གལ་ཏེ་ཞེས་བྱ་བའོ། །མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་ལས་མེ་ལ་སྦྱིན་སྲེག་ལ་སོགས་པའི་དོན་ཡིན་པ་མངོན་སུམ་ཡིན་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་གང་གི་ཚེ་ད་ལྟར་མི་བརྗོད་པ་དེའི་ཚེ་ནི་མངོན་སུམ་གྱིས་གནོད་པ་ག་ལ་ཡོད་དེ། གྲགས་པས་བསལ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བ་ནི་རུང་བ་ཉིད་ཀྱིས་གནོད་པ་ལའོ། །འོན་ཏེ་བརྡ་ལས་དེས་པ་མེད་པ་ཡིན་ནོ་སྙམ་ན། ཐ་སྙད་ཀྱི་དོན་ཅན་གྱི་ཞེས་སྨོས་སོ། །མ་མཐོང་བ་ལ་ཅི་སྟེ་མི་རིགས་སྙམ་ན། དབང་པོ་ལས་


DTG186_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་སོ། །ལུང་ལས་དོན་རྟོགས་པར་བྱས་ནས་དེ་ལ་བརྡ་བྱེད་པ་ཡིན་ནོ་སྙམ་ན། ལུང་ཙམ་གཅིག་བུ་ཞེས་བྱ་བའོ། །ལུང་ལས་དོན་རྟོགས་པ་དེ་ལ་བརྡ་བྱེད་ཅིང༌། བརྡ་ལས་དོན་དེ་རྟོགས་པའི་ཕྱིར་རོ་ཕན་ཚུན་བརྟེན་པ་ཡིན་ནོ། །གང་གིས་གྲུབ་སྟེ་གང་གིས་ངེས། རང་བཞིན་གྱིས་དོན་ངེས་པ་ཅན་ཉིད་ལ་ཚད་མ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་བརྡ་བྱེད་པ་སྲེད་པ་ཁོ་ན་ཡིན་ཏེ། དེས་ན་བརྡ་གཞན་དུ་བྱེད་པར་ཡང་ཞེས་ཅི་སྟེ་བརྗོད་སྙམ་ན། དེར་ཡང་ཞེས་སྨོས་ཏེ་དོན་ལ་ཡང་ངོ༌། །མི་ཤེས་བདག་སྡང་བས་རིག་བྱེད་ཀྱི་ཚིག་ལ་བརྡ་བྱེད་པའམ་ཉེ་བར་སྟོན་པར་འགྱུར་རོ། །ཡང་ན་ཤེས་པ་དག་ཉིད་སྙིང་རྗེས་སོ། །སོགས་པ་སྨོས་པས་ནི་བདག་ཉིད་ཆེན་པོར་བསྒྲུབ་པར་འདོད་པས། བྱེད་པའམ་ཉེ་བར་སྟོན་པར་འགྱུར་རོ། །དེ་ལྟ་ན་ཡང་ཅི་ལྟར་རིག་བྱེད་ངོ་བོ་ཉིད་ཀྱིས་དོན་དང་ལྡན་པར་ངེས། ངོ་བོ་ཉིད་ཀྱིས་དོན་ཡོད་པ་མ་ཡིན་པ་ཉིད་བརྗོད་པ་ནི་ཅི་ལྟར་ཞེས་བྱ་བའོ། །གལ་ཏེ་བརྡ་ལས་བྱི་ཤ་ཟ་བ་ལ་སོགས་པའི་དོན་དུ་འགྱུར་མོད། ངོ་བོ་ཉིད་ཀྱིས་དེ་ལྟ་བུ་ནི་མ་ཡིན་ནོ་ཞེ་ན། དོན་འདི་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དོན་དེ་ནི་ཞེས་བྱ་བའོ། །འཇིག་རྟེན་གྱི་རྗེས་སུ་འབྲངས་པ་ཉིད་ཀྱིས་རིག་བྱེད་དོ་ངེས་པ་ཡིན་ནོ་ཞེ་ན། འཇིག་རྟེན་ན་ནི་ཞེས་གསུངས་སོ། །སྒྲ་རྣམས་ཀྱི་དོན་སྣ་ཚོགས་པར་གྱུར་པར་མཐོང་ངོ༌། །ཅི་ལྟར་ཞེ་ན། ཡུལ་དང་ཞེས་ཏེ། ཡུལ་གྱི་དབྱེ་བས་ནི་ཙའུ་རའི་སྒྲ་གཅིག་དུ་མ་ཉིད་དོ། །དུས་ཀྱི་དབྱེ་བས་ནི་གོའི་སྒྲའོ། །སོགས་པའི་སྒྲས་ནི་སེནྡ་པའི་སྒྲ་སྐབས་ཀྱི་དབྱེ་བས་དོན་དུ་མ་ལ་འཇུག་གོ ། དེས་ན་འཇིག་རྟེན་གྱི་རྗེས་སུ་འབྲངས་ནས་རིག་བྱེད་དོན་ངེས་པར་ཅི་ལྟར་འགྱུར། འོན་ཏེ་ཡུལ་དང་དུས་ཁྱབ་པའི་དོན་ལ་ཡང་སྒྲ་ལས་ངེས་པ་ཡོད་པ་ཉིད་དོ། །རང་གི་ངོ་བོས་དོན་དང་འབྲེལ་བའི་ཕྱིར་རོ་ཞེ་ན། འདིར་ནི་ཞེས་བྱ་བའོ། །ཅིའི་ཕྱིར་དེས་པ་མེད་སྙམ་པའི་དོགས་པ་སེལ་བས་ཕྱེད་ཕྱི་མ་རྣམ་པར་འབྲེལ་བ་ནི། ཡུལ་དང་ཞེས་སོ། །ཡུལ་ཁྱབ་པའི་དོན་དེར་ཡང་ངོ༌། །འོན་ཏེ་ཉེ་བར་བསྟན་པ་བརྒྱུད་པ་ལས་དེས་པ་ཡིན་ནོ་ཞེ་ན། ཉེ་བར་བསྟན་པ་ཞེས་བྱ་བའོ། །གང་གི་ཕྱིར་འཇིག་རྟེན་ན་དེ་ལྟར་སྲིད་པའི་རྒྱུ་དེས་ན། གཞན་དུ་དོན་ཕྱིན་ཅི་ལོག་ཏུ་བརྡ་བྱེད་པར་འགྱུར་རོ། །ཅིའི་དོན་


DTG186_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྙམ་ན། དེའི་མིས་ཞེས་བྱ་བ་སྟེ་འདི་ནི་སྡང་བས་ཞེས་བྱ་བ་དེའི་རྣམ་པར་འགྲེལ་པའོ། །ཡང་ན་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་ཡུལ་དང་དུས་ལ་སོགས་པར་བརྡ་བྱེད་པའམ་ཉེ་བར་སྟོན་པར་འགྱུར་རོ་ཞེས་འབྲེལ་ཏོ། །ཅིའི་དོན་དུ་སྙམ་ན། སྔོན་གྱི་ཞེས་བྱ་བ་སྟེ། སྔར་བརྡའམ་ཉེ་བར་བསྟན་པ་ལས་དོན་དུ་གྱུར་པ་གང་ཡིན་པ་དེར་འཛིན་པ་དེས་བྱས་པའི་སླུ་བ་དེ་སྤང་བའི་ཕྱིར་རོ། །འདི་ནི་བརྩེ་བས་བྱང་དེའི་རྣམ་པར་འགྲེལ་བའོ། །དེའི་ཕྱིར་དབང་པོ་ལས་འདས་པས་བརྡ་འགལ་བ་མེད་དོ། །སྔར་ནི་ས་ལྟར་བའི་དུས་སུ་ཁྱི་ཤ་ལ་སོགས་པའི་དོན་དུ་སྣང་བ་མེལ་སྦྱིན་སྲེག་ལ་སོགས་པའི་འདོད་དོན་ཡིན་པ་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེས་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ནི་དེ་ལ་མངོན་སུམ་གྱིས་གནོད་པ་མེད་དོ་ཞེས་བརྗོད་པ་ནི། ཡང་ན་ཞེས་བྱ་བའོ། །དེ་ལས་ཏེ་ད་ལྟར་གྱི་དུས་ལ་ཡང་ངོ༌། །རྗེས་སུ་དང་ག་བ་མེད་པར་ནི་ཟླ་བའི་སྒྲ་ལས་རྟོགས་པ་མ་ཡིན་ཏེ། དེས་ན་ཟླ་བ་མ་ཡིན་པ་སྤོང་བ་མངོན་སུམ་ལས་འགྱུར་ཞེས་བྱ་བའི་དོན་ཏོ། །ཤེས་པ་གཞན་གྱིས་དམིགས་པས་མངོན་སུམ་ཡིན་ན་ཡང་འདིའི་གཞུང་ལ་གནོད་དོ་ཞེས་རྗེས་སུ་འཇུག་གོ །ཅི་ལྟར་ན་གཉི་ག་ལྟར་ཡང་གཞུང་ལ་གནོད་སྙམ་ན། བློ་ཞེས་སྨོས་སོ། །རིག་བྱེད་ལས་སྐྱེས་པའི་རྟོགས་པ་མངོན་སུམ་ཉིད་དུ་ཁས་ལེན་ན་ཡང་གཞན་དུ་ཡང་སྟེ་དུ་བ་ལས་མེ་རྟོགས་པར་ཡང་མངོན་སུམ་ཉིད་དུ་བརྗོད་པར་བྱའོ། །བརྗོད་པའི་རྣམ་པ་ཉིད་བསྟན་པ་ནི། དུ་བ་ལས་ཞེས་བྱ་བའོ། །མེད་པར་འགྱུར་བའི་ཕྱིར་སྒྲ་ལས་བྱུང་བའི་རྟོགས་པ་མངོན་སུམ་ཡིན་ནོ་ཞེས་སྐབས་ཡིན་ཏེ། དུ་བ་ལས་མེ་རྟོགས་པ་རྗེས་སུ་དཔག་པ་ཁོ་ན་ཡིན་པ་དེ་བས་མངོན་སུམ་མ་ཡིན་ནོ་ཞེས་གཞན་སེམས་པའོ། །ལན་ནི་གློ་བུར་དུ་ཞེས་བྱ་བ་སྟེ་འབྲེལ་བ་འཛིན་པ་མེད་པ་ཁོ་ན་སྔར་ལྷན་ཅིག་རྒྱུ་བ་མཐོང་བ་ཙམ་ལས་དུ་བ་ལས་མེ་རྟོགས་པའི་སྐྱེས་བུ་ལ་ཡང་རྟོགས་པ་དེ་ལྟར་འགྱུར་ཏེ། དེས་ན་རྗེས་སུ་དཔག་པའི་རང་བཞིན་མེད་པ་ནི་དུ་བ་ལས་མེ་གློ་བུར་དུ་རྟོགས་པ་ལས་མེ་གློ་བུར་དུ་རྟོགས་པ་ལ་ཡང་ཡོད་པ་ཉིད་དེ། དེས་ན་མངོན་སུམ་ཅི་སྟེ་མ་ཡིན། དེར་ཞེས་བྱ་བ་ནི་དུ་བ་ལས་མེ་རྟོགས་པར་བྱ་བ་ལའོ། །ཤེས་པ་འདི་ནི་སྔར་གྱི་མཚམས་སྦྱོར་བའི་སྟོབས་ལས་སྐྱེས་པའི་ཕྱིར་ན་མངོན་


DTG186_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མ་ཡིན་ནོ་ཞེས་སེམས་པའོ། །ལན་ནི་འདི་ལ་ཡང་ཞེས་བྱ་བ་སྟེ་སྒྲ་ལས་བྱུང་བའི་རྟོགས་པ་བྱ་བ་ལ་ཡང་ངོ༌། །བརྡའི་དུས་སུ་མཚམས་སྦྱོར་བ་ཡོད་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་འདིར་བརྡའི་དུས་ཀྱི་མཚམས་སྦྱོར་བ་མི་འདོད་ན། དེའི་ཚེ་བཤད་པའི་རྗེས་སུ་མ་འབྲངས་པའི་སྐྱེས་བུ་ལ་ཡང་རིག་བྱེད་ཀྱི་ཚིག་ལས་དོན་རྟོགས་པར་འགྱུར་རོ། །དེའི་ཕྱིར་འདི་ལ་ཡང་བརྡའི་དུས་ན་མཚམས་སྦྱོར་བ་ཡོད་པ་ཁོ་ནའོ། །དེས་ན་རྟོགས་པ་འདི་ཡང་དོན་ལ་མངོན་སུམ་མ་ཡིན་ཏེ་རྗེས་སུ་དཔག་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཅི་ལྟར་བརྡའི་དུས་སུ་མཚམས་སྦྱོར་བ་ཡོད་དོ། །དེ་ནི་འཆད་པའི་དུས་ན་ཡོད་པའི་ཕྱིར་རོ་ཞེ་ན། བཤད་པ་ཉིད་ཅེས་སྨོས་སོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་དེ་ནི་ཞེས་བྱ་བའོ། །གཞན་དུ་ཡང་ཞེས་བྱ་བ་ནི་གྲགས་པ་ལས་བཟློག་པར་རོ། །གལ་ཏེ་སྡང་བ་ལ་སོགས་པས་གཞན་དུ་འཆད་པར་བྱེད་པ་ན་ཉན་པ་པོས་བརྩད་པ་ཅི་ལྟར་སྤང་བར་ནུས་ཤེ་ན། སྡེབ་སྦྱོར་བ་ཞེས་སྨོས་སོ། །དོགས་པ་ནི་སྦྱོར་བ་དམ་པ་ཞེས་བྱ་བའོ། །ལན་ནི་དེ་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟ་ཡིན་བ་དེས་ན་སྒྲ་ལས་བྱུང་བའི་རྟོགས་པ་ནི་མངོན་སུམ་མ་ཡིན་ཞིང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་དེས་ན་འཐད་པ་དཀའ་བ་ཡིན་ཏེ། ཚད་མ་ཅན་མ་ཡིན་པ་དོན་བརྗོད་པ་ནི་ཤིན་ཏུ་དམ་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་རྟོགས་བ་པོའི་རྗེས་སུ་དཔག་པ་ཡིན་པས་ཏེ། དེ་ལྟ་མ་ཡིན་ན་རྗེས་དཔག་མེད་ཕྱིར་ཞེས་བྱ་བ་འགལ་བར་འགྱུར་རོ། །ཅི་ལྟར་མངོན་སུམ་ཉིད་མ་ཡིན་ཞེ་ན། དེ་ལྟར་ཡང་ཞེས་བྱ་བའོ། །འོ་ན་རང་རིག་པར་སྨྲ་བའི་ལྟར་ན་མངོན་སུམ་གྱིས་གནོད་པ་ཡིན་ནོ་སྙམ་ན། དེ་ལ་ཞེས་བྱ་བའོ། །དགག་པའི་རྣམ་བ་བརྗོད་པ་ནི་རྟོགས་པ་ཉིད་ཅེས་བྱ་བའོ། །དེ་སྐད་བརྗོད་ན་ཅིར་འགྱུར་སྙམ་ན། དེ་སྐད་ཅེས་སྨོས་ཏེ། གལ་ཏེ་དེ་སྐད་སྨྲ་ན་ནི་དེའི་མངོན་སུམ་གྱིས་གནོད་པར་འགྱུར་གྱི། གྲགས་པས་བསལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་འདི་ཅི་སྐད་སྨྲ་སྙམ་ན། གལ་ཏེ་ཞེས་བྱ་བ་སྟེ། གལ་ཏེ་ཟླ་བའི་སྒྲ་ལས་ཟླ་བར་རྟོགས་པ་ཡོད་མོད་ཀྱི་དེ་ལྟ་ན་ཡང་འདི་བདེན་པ་ནི་མ་ཡིན་ཏེ། ཟླ་བ་གཉིས་སུ་རྟོགས་པ་བཞིན་ནོ་


DTG186_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲ་སྟེ། དེ་སྐད་སྨྲ་བ་དེ་ལ་གྲགས་པས་གནོད་པ་བསྟན་པ་ཡིན་ནོ། །རྟོགས་པ་རྗེས་སུ་དཔག་པ་ཉིད་དུ་བསྟན་པས་བདེན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། སྔ་མ་སྔ་མ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནས་རྗེས་དཔོག་འགྱུར་ཞེས་བྱ་བའི་བར་ནི་རྩོད་པའོ། །དེ་ཅི་ལྟར་རྗེས་སུ་དཔག་པ་ཡིན་སྙམ་ན། སྔོན་གྱི་མཐོང་བ་དང་ཞེས་སྨོས་སོ། །ཅི་ལྟར་རང་བཞིན་གྱི་རྟགས་མ་ཡིན་ཞེ་ན། སྒྲ་ནི་དོན་གྱི་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཉིད་གསལ་བར་བྱེད་པ་ནི་སྒྲ་དང་ཞེས་བྱ་བའོ། །རྗེས་དཔག་ཅེས་བྱ་བ་ནི་དོན་དམ་པའོ། །ལན་ནི་དེ་ལྟར་ན་ཞེས་བྱ་བའོ། །སྒྲ་རྗེས་སུ་དཔག་པའི་རྒྱུ་ཡིན་ནའོ། །རྗེས་སུ་དཔག་པ་ལས་རྟོགས་པའི་ཕྱིར་ན། དེ་འབྲེལ་པ་དང་ལྡན་པར་འགྱུར་རོ། །གང་ཞིག་སྒྲ་དང་ལྡན་པའི་འབྲེལ་པ་དེ་ཡང་གང་ཡིན་ཞེ་ན། སྒྲ་དོན་གྱི་ཞེས་གསུངས་ཏེ་དོན་ནི་ཉེ་བར་ལེན་པ་ཡིན་ལ། སྒྲ་ནི་ཉེ་བར་ལེན་པ་ལས་བྱུང་བ་འབྲས་བུ་ཡིན་ནོ། །འོན་ཏེ་སྒྲ་དང་དོན་དག་གིས་འབྲེལ་པ། རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་འདི་ལྟ་བུར་གྱུར་པ་ནི་རྟག་པ་མ་ཡིན་པ་ཁོན་ཏེ། དེས་ན་སྒྲ་ལས་རྟོགས་པ་ནི། དངོས་ཁོ་ནར་རྗེས་སུ་དཔག་པ་ཡིན་པར་འགྱུར་རོ་སྙམ་ན། སྒྲ་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་དེ་གཉིས་འབྲེལ་སྙམ་ན། དེས་ཞེས་སྨོས་ཏེ། བརྗོད་པར་བྱ་བའི་དོན་གྱིས་མ་བསྐྱེད་པས་ནའོ། །འདིར་ནི་སྒྲ་དང་དོན་དག་ལའོ། །གཞན་དུ་སྟེ་དོན་དམ་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པས་ཞེས་གསུངས་སོ། །འོན་ཏེ་འབྲེལ་བ་མེད་མོད། དེ་ལྟ་ན་ཡང་སྒྲ་ལས་དོན་རྟོགས་པ་ནི་གདོན་མི་ཟ་བར་ཡོད་པ་ཡིན་ནོ་ཞེ་ན། གདོན་མི་ཟ་བར་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་སྒྲ་ལས་དོན་རྟོགས་པའོ། །འདི་ནི་བརྟགས་པའི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་འབྲས་བུའི་རྟགས་ཡིན་ན་འོ་ན་ཅི་ལྟར་ཞེས་བྱ་བ་ནི་འདྲི་བའོ། །ཉེ་བར་ལེན་པར་གྱུར་བའི་ཕྱི་རོལ་གྱི་དོན་གང་ཞིག་བརྡས་གསལ་བར་བྱས་པ་དེ་ནི་དོན་དམ་པར་རྒྱུ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །འོ་ན་ཅི་ལྟར་ཕྱི་དོན་སྒྲའི་ཉེ་བར་ལེན་བ་ཡིན་སྙམ་ན་འདོད་པས་དེ་ལྟར་ཏེ་ཉེ་བར་ལེན་བར་བྱེད་པའོ། །ཅིའི་ཕྱིར་དོན་དམ་པར་རྒྱུ་ཡིན་སྙམ་ན། གཞན་ཞེས་བྱ་བའོ། །མངོན་པར་འདོད་པའི་དོན་དེ་བརྗོད་པར་འདོད་པ་མེད་ཀྱང་སྒྲ་ཡོད་པའི་ཕྱིར་


DTG186_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གང་གི་ཚེ་སྙམ་ན་གཞན་ཞེས་གསུངས་སོ། །བརྗོད་པར་འདོད་པ་མེད་པར་ཞེས་བྱ་བ་ནི་གང་གི་ཚེ་གོམས་པར་འདོད་པ་འབའ་ཞིག་གིས་ཡིན་པ་ནའང༌། འདིས་ནི་རྒྱུད་པས་རྒྱུ་ཡིན་པ་སྤངས་པའི་ཕྱིར་ན་དངོས་སུ་རྒྱུ་ཡིན་པ་ནི་རྒྱང་རིང་པོར་བསྲིངས་པ་ཡིན་ནོ་ཞེས་བསྟན་ཏོ། །འོན་ཏེ་དེ་མེད་པར་འབྱུང་ཡང་དེ་སྒྲའི་རྒྱུ་ནི་ཡིན་ནོ་སྙམ་ན། གང་ཞིག་ཅེས་བྱ་བའོ། །དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་རྒྱུར་འགྱུར་རོ་སྙམ་དུ་དགོངས་པའོ། །དེས་ན་འདི་ནི་དོན་དམ་པའི་འབྲས་བུའི་གཏན་ཚིགས་སུ་མི་རུང་ངོ༌། །འོ་ན་ཅི་ལྟར་རང་བཞིན་གྱིས་གཏན་ཚིགས་ཡིན་སྙམ་ན། དེའི་ཕྱིར་ཞེས་བྱ་བའོ། །དོན་འདི་ནིའོ། །བརྗོད་བྱ་ཡིན་པ་ནི་བསྒྲུབ་པར་བྱ་བའོ། །དེ་ཙམ་ལས་ནི་ཞེས་བྱ་བ་ནི། ཉེ་བར་ལེན་པ་ཉིད་དུ་འདོད་པ་ཙམ་ལས་བྱུང་བར་ཐོབ་པར་གྱུར་པའི་རང་བཞིན་ནི་བརྗོད་པར་བྱ་བ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །འདོད་པས་སྤྱར་བའི་རྒྱུ་ཉིད་བརྗོད་པར་བྱ་བ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ནི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉེ་བར་ལེན་པ་ཉིད་དུ་ཞེས་བྱ་བ་ནི། དེ་ལྟ་བུ་ཉིད་དུ་རྣམ་པར་གཞག་བ་ཉིད་བརྗོད་པར་བྱ་བ་ཡིན་གྱི། གཞན་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་གྲགས་པ་གང་ཡིན་སྙམ་ན། དེས་ན་ཞེས་སྨོས་སོ། །གལ་ཏེ་གྲགས་པ་ཐ་སྙད་སྤྱོད་པ་ཡིན་ན་ཅི་ལྟར་ན་འོ་ན་ཉེ་བར་ལེན་པ་ཡང་གྲགས་པ་ཡིན་ཞེ་ན། ཐ་སྙད་ཅེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན། བརྗོད་པར་བྱ་བ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཉེ་བར་ལེན་པ་ཉིད་དུ་སྣང་བས་སོ། །དེ་ལྟ་མ་ཡིན་ན་བརྗོད་པར་བྱ་བ་མ་ཡིན་པ་གང་ཞིག་ཡིན་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དོན་དེ་མི་སྣང་བའི་ཕྱིར་རོ། །ཉེ་བར་ལེན་པ་དང་འབྲས་བུ་ཉིད་དུ་མི་སྣང་བ་འབའ་ཞིག་བརྗོད་བྱ་མ་ཡིན་པར་ནི་མ་ཟད་ཀྱི། འོན་ཀྱང་སྨྲ་བ་པོའི་རྒྱུད་ལ་ཡོད་པ་ཉེ་བར་ལེན་པའི་རྟོགས་པ་དང༌། ཉན་པ་པོའི་རྒྱུད་ལ་ཡོད་པ་འབྲས་བུའི་རྟོགས་པ་གཉིས་ལ་མི་སྣང་བ་གང་ཡིན་པ་དེ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་འདོད་པ་ཡོད་ཀྱང་ཉེ་བར་ལེན་པ་དང་འབྲས་བུའི་ཤེས་པ་དག་ལ་དོན་མི་སྣང་བ་ཉིད་མ་ཡིན་ནམ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་


DTG186_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །དེ་ནི་ཕྱིའི་དོན་ཏོ། །བརྗོད་ཟིན་པ་ཉིད་དོ་ཞེས་བྱ་བ་ནི་གཞན་བརྗོད་པར་འདོད་པའམ་ཞེས་བྱ་བར་རོ། །ལན་ནི་མི་སྣང་བ་ཉིད་མ་ཡིན་ཏེ་འབྲེལ་ཏེ། །ཅི་ལྟར་ཞེ་ན། འདོད་པ་ཞེས་བྱ་བ་ནི། གང་གི་ཚེ་ཞེ་ན། གང་གི་ཚེ་ཞེས་སྨོས་སོ། །འོན་ཏེ་དེ་ལས་ཞེས་བྱ་བ་ནི། ཉེ་བར་ལེན་པ་དང་འབྲས་བུའི་རྟོགས་པ་ལས་སྒྲ་ལས་རྟོགས་པ་པོ་ལ་ཕྱིའི་དོན་སྣང་བ་མེད་པའི་ཕྱིར་མི་སྣང་བ་ཉིད་དོ་ཞེས་དེ་ལྟར་བརྗོད་ན་ནི། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །དེ་ལ་ནི་རྗེས་སུ་དཔག་པ་ལའོ། །རྗེས་སུ་དཔག་པའི་རང་བཞིན་གྱི་རྣམ་པར་རྟོག་པ་དེ་ལས་ཀྱང་ངོ༌། །དེ་སྐད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ནི་ཕྱིའི་དོན་གྱི་ཡུལ་ཅན་ཡིན་ནོ་ཞེས་བརྗོད་ནའོ། །ལན་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །དེ་བཞིན་ཉིད་དོ་ཞེས་བྱ་བ་ནི། ཕྱིའི་དོན་ཉེ་བར་ལེན་པ་དང་འབྲས་བུ་ལ་སྣང་བ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དོན་དམ་པར་མ་བཟུང་ཡང་ཕྱི་རོལ་ནི་ཤེས་པ་གཉིས་ཀྱིས་ངེས་པར་བྱ་བ་ཁོ་ནའོ་ཞེས་དགོངས་པའོ།། གལ་ཏེ་རྗེས་སུ་དཔག་པ་བཞིན་དུ་ཉེ་བར་ལེན་པ་ལ་སོགས་པའི་ཤེས་པ་ལ་ཡང་ཕྱིའི་དོན་སྣང་ན་ཅིའི་ཕྱིར་དེ་ལས་དོན་མི་འཐོབ་སྙམ་ན། ཕྱི་རོལ་གྱི་ཞེས་བྱ་བའོ། །རྟོགས་པ་ནི་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་འབྲས་བུའི་ཤེས་པའི་རང་བཞིན་དག་གོ །དེ་ལྟ་ན་འོ་ན་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་མེད་པར་ཐལ་ལོ་སྙམ་ན། ཚད་མ་མ་ཡིན་པ་ཞེས་སྨོས་སོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་ཚད་མ་མ་ཡིན་པའི་རང་བཞིན་ཉིད་དུ་ཞེས་བྱ་བ་ནི་རྟོགས་པ་ཚད་མའི་རང་བཞིན་མ་ཡིན་པ་ཉིད་དུའོ། །འདི་ཉིད་ཅེས་བྱ་བ་ནི་རུང་པ་ཉིད་སྒྲ་ལས་བྱུང་བའི་གྲགས་པའི་སྒྲར་བཞད་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ག་ལས་ཡིན་ཏེ། རུང་བ་ཉིད་སྟན་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །བཤད་པ་མཛད་པས་སྨྲས་པའོ། །ཅི་ཞིག་སྨྲས་ཤེ་ན། གལ་ཏེ་མ་ལུས་པ་རུང་བ་ཉིད་ལས་བརྗོད་བྱར་མི་བཞེད་ན། དེའི་ཚེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དེས། གང་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་སྒྲས་ཡོད་པ་ཉིད་ལ་སོགས་པ་བརྗོད་པར་བྱ་བ་ཉིད་ཀྱི་གནོད་བྱེད་ལ་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་མི་འགྱུར་རོ། །དེའི་ཕྱིར་དོན་གྱིས་རུང་བ་ཉིད་བརྗོད་པར་བྱ་བར་བཞེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་མཛད་པས་བཤད་པ། འདིར་ནི་


DTG186_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བའོ། །འོ་ན་གང་གི་ཚེ་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་སྙམ་ན། གང་གི་ཚེ་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་པ་ཉིད་དེ་ཞེས་རྗེས་སུ་འཇུག་གོ །ཅིའི་ཕྱིར་ཞེ་ན། གང་ལ་ཡང་ཞེས་བྱ་བའོ། །རུང་བ་ཉིད་ཀྱི་ཐམས་ཅད་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་སྙམ་ན། སློབ་དཔོན་གྱིས་ནི་ཞེས་བྱ་བའོ། །འདིའི་དོན་བརྗོད་པ་ནི་ཡུལ་གང་ལ་ཞེས་བྱ་བ་ནི། བརྗོད་པར་བྱ་བ་མ་ཡིན་པ་ཉིད་ལའོ། །རྗེས་སུ་དཔག་པ་ནི། ཡོད་པའི་ཕྱིར་ཞེས་བྱ་བརྗོད་པར་བྱེད་པ་ཉིད་ལ་གནོད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཟློག་པའི་ཕྱོགས་སུ་གྱུར་པའི་རྗེས་སུ་དཔག་པ་དེ་མེད་དོ། །བརྗོད་པར་བྱ་བ་མེད་པ་གང་ལ་གནོད་པར་བྱེད་པ་ཡོད་པ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་སྦྱོར་རོ། །དེ་སྐད་དུ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མེད་ལ་ཞེས་སོ། །འདི་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་གྲགས་པའོ། །དེ་སྐད་དུ་གསུངས་པ་ནི། ངེས་པ་ཉིད་དུ་སྟོན་པ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ །ངེས་པ་ནི་ངེས་པར་བྱེད་པ་ཉིད་དོ། །ཅི་ལྟར་དགག་པར་མི་ནུས་སྙམ་ན། ཚད་མ་ཞེས་གསུངས་སོ། །ངེས་པར་བྱེད་པ་ཉིད་ཅི་ལྟར་ཞེ་ན། ངེས་པར་བྱེད་པ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་ངག་གཅིག་གིས་དུས་གཅིག་ཉིད་དུ་དོན་གཉིས་གཙོར་བརྗོད་པར་ནུས་སྙམ་ན། འདིར་ནི་ཞེས་སྨོས་སོ། །གང་ཡང་ཞེས་བྱ་བ་ལ་སོགས་པའི་དག་ལའོ། །ཕྱི་མ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་བྱ་བ་ནི། སྔ་མ་སྟེ་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དང་བཅས་པས་ནི་བཟློག་པའི་ཚད་མ་མེད་པས་ངེས་པར་གསུངས་པ་ཡིན་ནོ་ཞེས་སྦྱོར་རོ། །སྔ་མ་གང་ལ་ཞེས་བྱ་བ་ལ་སོགས་པ་ཕྱི་མ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་ལ་སོགས་པ་དང་ལྷན་ཅིག་པས་ནི་དགག་པར་མི་ནུས་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་སྦྱར་རོ། །དེའི་ཕྱིར་ཕྱི་མ་དང་སྔ་མ་འདི་གཉིས་ནི་ཅི་ལྟར་རིགས་པར་ཕྱི་མ་དང་སྔ་མའི་ཆའི་དོན་གང་ཡིན་པ་དགག་པར་མི་ནུས་པ་དང༌། བཟློག་པའི་ཚད་མ་མེད་པས་ངེས་པ་ཉིད་ནི་དེ་ལྟར་ཡིན་པ་ལ། སྟོན་པར་བྱེད་པ་ཉིད་ཀྱིས་བྱེད་པ་འཇུག་པ་ཡིན་ནོ། །གང་གིས་འདི་ངག་


DTG186_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཡིན་ནོ་ཞེས་བྱ་བའི་ཉེས་པར་འགྱུར་བ་དུས་གཅིག་ཉིད་དུ་དོན་གཉིས་གཙོར་སྟོན་པར་བྱེད་པ་ནི་མ་ཡིན་ནོ། །འཆད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །བརྗོད་མ་ཐག་པའི་རྩོད་པ་ཉིད་བསལ་བར་བྱ་བའི་ཕྱིར་ཟློས་བ་ནི། གལ་ཏེ་ཞེས་བྱ་བའོ། །གང་ཞིག་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་དེ་ནི་རང་རིག་པས་ན་མངོན་སུམ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་རང་རིག་པའི་མངོན་སུམ་ཡིན་པས་ནའོ། །རྣམ་འགྲེལ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ལྷག་པར་ཞེན་པར་བྱ་བ་ནི་རང་རིག་པར་བྱ་བ་མ་ཡིན་ཏེ། ཕྱི་རོལ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྒྲའི་དོན་ནི་ཞེས་བྱ་བའོ། །རུང་བ་ཉིད་ནི་མངོན་སུམ་མ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱི་ཡུལ་མ་ཡིན་པ་ཉིད་གསལ་བར་བྱེད་པ་ནི་སྒྲ་ལས་བྱུང་བའི་ཞེས་བྱ་བའོ། །སྒྲ་ལས་བྱུང་བའི་དོན་གྱི་རུང་བ་ཉིད་སྒྲའི་དོན་དུ་ངེས་པ་ནི། གལ་ཏེ་སྣང་བ་ཡིན་དུ་ཆུག་ཀྱང་ཞེས་འབྲེལ་ཏོ། །སྣང་བ་ནི་རང་རིག་པས་རིག་པར་བྱ་བའོ། །དེ་གང་ལས་ཤེ་ན། ཐ་སྙད་ཀྱི་རྒྱུ་ཉིད་ལའོ། །འདི་ནི་ཁས་བླངས་ནས་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་རང་རིག་པར་བྱ་བའི་རུང་བ་ཉིད་དེ་ལས་ཐ་སྙད་དུ་བྱ་བ་མ་ཡིན་པ་དེ་བས་ན། མངོན་སུམ་གྱི་ཡུལ་ཉིད་དུ་རུང་བ་ཉིད་བཀག་པ་དང་སྟེ། རུང་བ་ཉིད་མངོན་སུམ་གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་སྐད་ཅིག་མ་སྣང་བ་ཡིན་ཡང་དེ་ལས་ཐ་སྙད་མི་བྱེད་པའི་ཕྱིར་དེ་མངོན་སུམ་ཉིད་མ་ཡིན་པ་བཞིན་ནོ། །སྣང་བ་སྒྲ་ལས་བྱུང་བའི་གྲགས་པ་དོན་གྱི་སྒྲ་དང་འབྲེལ་བ་ཅན་ཉིད་ཀྱང་མངོན་སུམ་དུ་བྱ་བར་མི་ནུས་སོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་མངོན་སུམ་དུ་བྱ་བར་མི་ནུས་ཤེ་ན། འབྲེལ་བ་ནི་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་ཞེས་བྱ་བའོ། །འདི་ན་རང་གི་མཚན་ཉིད་ཀྱང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་དུ་ཁས་བླངས་ནས་བརྗོད་པར་ཟད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ལས་ཅིར་འགྱུར་ཞེ་ན། འདི་དག་ནི་ཞེས་གསུངས་སོ། །ཉན་པའི་ཤེས་པ་དང་རྣམ་པར་རྟོག་པའི་ཤེས་བ་དག་གམ། ཉན་པའི་ཤེས་པ་དང་མིག་གི་ཤེས་པ་དག་གོ །དེས་ན་འབྲེལ་བ་ནི་མངོན་སུམ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་


DTG186_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིའོ། །དེར་ཞེས་བྱ་བ་ནི་འབྲེལ་བ་འཛིན་པར་རོ། །དྲི་དང་དྲི་དང་ལྡན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཅི་ལྟར་དེ་ལྟར་འགྱུར་ཞེས་རྗེས་སུ་འཇུག་གོ །ལན་ནི་དེར་ཡང་ཞེས་བྱ་བ་སྟེ་མེ་དང་དུ་བ་ལ་སོགས་བ་ལ་ཡང་མངོན་སུམ་གྱིས་འབྲེལ་བ་མི་རྟོགས་པའི་སྐྱོན་འདིར་རོ། །དེ་ཞེས་བྱ་བ་མངོན་སུམ་གྱི་སྒྲ་དོན་གྱི་འབྲེལ་བ་མི་རྟོགས་པའོ། །མེ་དང་དུ་བ་ལ་སོགས་པ་ལ་ནི་དབང་པོའི་ཤེས་པས་གཟུང་བ་ཡོད་པའི་ཕྱིར་འབྲེལ་བ་འཛིན་པ་འཐད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་དག་ནི་ཞེས་བྱ་བའོ། །བརྗོད་པར་བྱ་བ་ཉིད་ལ་སོགས་པ་ལ་ཡང་དེ་བཞིན་དུ་འགྱུར་རོ་སྙམ་ན། འདི་ལ་ནི་ཞེས་སྨོས་སོ། །མ་བཟུང་བའི་ཕྱིར་སྒྲ་དང་འབྲེལ་བར་ཅི་ལྟར་འཛིན་སྙམ་དུ་དགོངས་པའོ། །འོན་ཏེ་སྒྲ་དང་བུམ་པ་ལ་སོགས་པའི་དོན་དབང་པོའི་ཤེས་བས་འཛིན་པ་ཡིན་ནོ། །དེས་ན་མེ་དང་དུ་བ་བཞིན་དུ་དེ་དག་གི་འབྲེལ་བ་ཡང་མངོན་སུམ་གྱིས་འཛིན་པ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཅི་ལྟར་མེ་དང་དུ་བ་དག་དོན་དམ་པར་འབྲེལ་བ་མེད་ཀྱང་འཛིན་པ་ལྟར་སྒྲ་དང་དོན་དག་ནི་མ་ཡིན་ཏེ། དེ་ལྟར་ཡང་སྟོན་པར་འགྱུར་རོ། །དོན་དམ་པར་ན་འགར་ཡང་འབྲེལ་པ་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཁྱབ་པར་འབྲེལ་པ་ཡང་ཞེས་བྱ་བའོ། །འོ་ན་མི་སླུ་བའི་ཐ་སྙད་ཅི་ལྟར་ཞེ་ན། སྒྲའི་ཞེས་སྨོས་སོ། །དེས་ན་ནི་མི་སྣང་བ་མེད་པས་སོ། །འདི་ནི་ཞེས་བྱ་བ་ནི་འབྲེལ་བའོ། །དེའི་ཕྱིར་སྣང་བའི་སྒྲ་དང་འབྲེལ་བ་ནི་མངོན་སུམ་དུ་བྱ་བ་མི་ནུས། རུང་བ་ཉིད་ཀྱང་མངོན་སུམ་དུ་བྱ་བར་མི་ནུས་སོ་ཞེས་གནས་སོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །གཏན་ཚིགས་མེད་པའི་ཕྱིར་རྗེས་སུ་དཔག་པ་གཞན་གྱིས་གནོད་པ་ཅི་ལྟར་འགྱུར་ཞེ་ན། གལ་ཏེ་ཡོད་པའི་ཞེས་བྱ་བའོ། །རུང་བ་ཉིད་འགོག་པའི་རྗེས་སུ་དཔག་པ་ཐམས་ཅད་ཐུན་མོང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མ་ལུས་པ་ཁྱབ་པའི་ཡོད་པ་ཉིད་ཐུན་མོང་མ་ཡིན་པ་ཡིན་ནོ་ཞེས་བརྗོད་པ་ནི་གང་ལ་ཞེས་བྱ་བའོ། །སྟོབས་དང་ལྡན་པའི་ཕྱོགས་ནི་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཏེ། དེ་བཟློག་པར་ནུས་པ་སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་བྱེད་པའོ། །དེ་དོན་དུ་གཉེར་བ་ནི་བཟློག་པ་དོན་དུ་གཉེར་བ་ནི། དེ་ལས་གཞན་ཁྱབ་པ་མ་ཡིན་པ་ལ་བཟོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་


DTG186_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་མཐའ་དག་ཐུན་མོང་མ་ཡིན་པར་བསྟན་པའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཏན་ཚིགས་མཐའ་དག་ཐུན་མོང་མ་ཡིན་པ་ཉིད་དུ་མ་བསྟན་ནའོ། །གཞན་དུ་ན་ཞེས་བྱ་བ་ཉེ་བར་འགོད་ནའོ། །ཚད་མས་གནོད་པ་མཉན་བྱ་མ་ཡིན་པ་ཉིད་ལའོ། །ལན་ནི་འདིར་ཡང་ཞེས་བྱ་བ་སྟེ། ཚད་མས་གནོད་པ་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བར་ཡང་ངོ༌། །དེ་ལྟར་ན་ནི་གཏན་ཚིགས་མི་སྲིད་པའོ། །འདི་ནི་སྒྲ་ལས་བྱུང་བའི་གྲགས་པའོ། །ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཉེ་བར་འགོད་པ་སྟེ། མཉན་པར་བྱ་བ་ཉིད་ཀྱང་དགག་བར་མི་ནུས་པར་བསྟན་པར་འོས་པ་ཡིན་ནོ་ཞེས་བསམས་པའོ། །གནོད་པར་བྱེད་པ་མེད་པ་ལ་ལྟོས་པ་ནི་དངོས་པོ་མ་ཡིན་པ་ཉིད་ཡིན་ཏེ། དངོས་པོ་པ་ནི་རང་ཉིད་གནོད་བྱེད་ཡིན་པའི་ཕྱིར་རོ་ཞེས་འཆད་པ་ནི། སྒྲ་ལས་ཞེས་བྱ་བའོ། །དེས་ན་ནི་དངོས་མ་ཡིན་པས་ནའོ། །དེས་ན་དངོས་མ་ཡིན་པ་འདི་ལ་ནི་གཉེན་པོ་མེད་པར་བསྟན་པ་ཉེས་པ་མེད་པའོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའོ། །རྗེས་སུ་དཔག་པས་གྲུབ་རྣམས་ལ་ཞེས་ཇི་ལྟར་འཆད་པར་འགྱུར་སྙམ་ན། གང་གི་ཕྱིར་དེ་ལྟར་པ་རྩད་པ་དེའི་ཕྱིར་བཤད་པའོ། །དེ་ཡང་ནི་བརྡའོ། །དོན་འདི་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་རྗོད་པར་བྱེད་པ་འཇུག་པར་བསྟན་པའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་ཐམས་ཅད་དུ་རྗོད་བྱེད་འཇུག་པར་བསྟན་པ་མེད་པའོ། །ཕན་ཚུན་རྟེན་པའི་སྐྱོན་མེད་དོ་ཞེས་བརྗོད་པ་ནི། སྒྲ་ལས་བྱུང་བ་གྲགས་པ་འདོད་པ་ཙམ་གྱིས། འཇུག་པ་ནི་མ་གྲུབ་པ་མ་ཡིན་ཏེ། འདོད་པ་ལ་གེགས་མེད་བའི་ཕྱིར་གྲུབ་པ་ཉིད་དོ། །རང་ཉིད་ལས་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མེད་པ་ལ་ལྟོས་པ་མ་ཡིན་པའོ། །ཡོད་པ་ཚད་མ་མ་ཡིན་པ་ཡང་རང་ཉིད་ལ་ཡིན་གྱི། སྒྲ་ལས་བྱུང་བའི་གྲགས་པ་གནོད་པར་མ་བྱས་པ་ཉིད་ལ་ལྟོས་པ་ནི་མ་ཡིན་ནོ། །དེས་ན་ཕན་ཚུན་བརྟེན་པའི་ཉེས་པ་མེད་དོ། །དེ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་གྲགས་པའོ། །ཡོད་པ་སྒྲ་ལས་བྱུང་བའི་གྲགས་བའི་ཅི་སྟེ་འགོག་པར་བྱེད་པ་མ་ཡིན་ཞེ་ན། འདི་ལ་ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་གནོད་པར་བྱས་པ་ཡང་ངོ༌། །དེ་ལས་ཏེ་སྒྲ་ལས་བྱུང་བའི་གྲགས་པ་ལས་བཟློག་པའོ།།


DTG186_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཞེས་བྱ་བ་ནི་གཉེན་པོ་མེད་པའི་དས་ནའོ། །དེ་ནི་ཞེས་བྱ་བ་ནི་འདི་དགག་པར་མི་ནུས་པ་ཉིད་དམ་ཞེས་བྱ་བ་ལ་སོགས་པས་སོ། །ཅི་ལྟར་ན་གཞན་གང་གཉེན་པོ་མེད་པ་ཉིད་དུ་བསྟན་པས་གཞན་ལ་དེ་ལྟར་རྟོགས་པར་ཅི་ལྟར་འགྱུར་ཞེ་ན། རྟོགས་པ་ཞེས་བྱ་བའོ། །ཅི་ཞིག་བསྟན་པ་ཡིན་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །འདི་ནི་སྒྲ་ལས་བྱུང་བའི་གྲགས་པའོ། །གཞན་ཡང་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའོ། །གཞན་གཉེན་པོ་མེད་པར་བསྟན་པས་ཅི་བྱ་ཞེ་ན། གཉེན་པོ་སྲིད་ན་ཞེས་བྱ་བའོ། །དེ་ཡང་ནི་དོན་དམ་པར་གནོད་པ་མ་ཡིན་པ་ཡང་ངོ༌། །དེས་ན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཡང་སྒྲུབ་པར་བྱེད་པ་ཉིད་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཕྱོགས་ཡོད་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་དཔེར་ན་ཞེས་བྱ་བའོ། །སྒྲ་ལས་བྱུང་བའི་གྲགས་པས་གནོད་པའི་ཡོད་པ་ཉིད་ནི་ཟླ་བ་མ་ཡིན་པའི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་བཞིན་དུ་འབྲས་བུ་དུ་བས་གནོད་པ་ཡང་མེ་མེད་པའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་སྒྲ་ལས་བྱུང་བའི་ཞེས་བྱ་བའོ། །འདི་ཡང་ནི་མེ་མེད་པར་བསྒྲུབ་པར་ཡང་ངོ༌། །གནོད་ཅི་སྟེ་མིན་ཞེས་བྱ་བ་ནི་ཡོད་པའོ། །ཅི་ལྟ་གནོད་སྙམ་ན། དུ་བ་དང་ལྡན་ཞེས་བྱ་བའོ། །དེ་ནི་མེའོ། །འོན་ཏེ་མི་མཐུན་པའི་ཕྱོགས་ལ་དུ་བའི་གནོད་པར་བྱེད་པ་དོགས་པ་ཡིན་ཏེ། ངེས་ན་གང་གིས་མེ་འགོག་པ་ལ་གནོད་པར་འགྱུར་བ་དུ་བ་དང་ལྡན་པའི་ས་ཕྱོགས་སུ་མེ་ཅི་ལྟར་འགྲུབ་སྙམ་ན། མི་མཐུན་ཕྱོགས་ལས་གནོད་པར་ནི་ཞེས་བྱ་བའོ། །མི་མཐུན་པའི་ཕྱོགས་མེ་མེད་པ་ལས་དུ་བའི་གནོད་པར་བྱེད་པར་དོགས་པ་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་དེ་ནི། སྔར་ཁྱབ་པར་རྟོགས་པའི་དུས་ཉིད་དུ་བཟློག་ཟིན་ཏོ། །ཐམས་ཅད་ལ་ནི་མངོན་སུམ་ལ་སོགས་པ་ལའོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་འགལ་བ་མི་འཁྲུལ་པ་ཅན་མེད་པར་མ་བསྟན་ནའོ། །འདིས་ནི་ཞེས་བྱ་བ་ནི་འགལ་བ་མི་འཁྲུལ་པ་ཅན་བསལ་བས་ནིའོ། །དེ་ཡང་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཡང་ངོ༌། །དེའི་ཚེ་འདི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་


DTG186_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལ་ཅི་སྟེ་མི་བརྗོད་དེ་བརྗོད་པར་བྱའོ་ཞེས་འབྲེལ་ཏོ། །གང་ཞིག་བརྗོད་པར་བྱ་ཞེ་ན། འགལ་ལ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ཡང་ནི་མེ་མེད་པ་ལ་སོགས་པའོ། །དེ་བཞིན་དུ་མངོན་སུམ་ལ་ཡང་ངོ་ཞེས་བྱ་བ་ནི་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། མངོན་སུམ་དང་འགལ་པའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་སོ། །དེའི་ཕྱོགས་མངོན་སུམ་གྱིས་བསལ་བའི་རྗེས་སུ་དཔག་པས་བསལ་བ་ལ་ཡང༌། གང་ལ་ཡང་ཞེས་བྱ་བ་ལ་སོགས་བར་སློབ་དཔོན་གསུང་བར་རིགས་ཏེ། དེ་ཉིད་དུ་འགལ་བ་མི་འཁྲུལ་པ་ཅན་མེད་པར་སྟོན་པར་བྱེད་པའི་ཕྱིར་རོ་ཞེ་ན། འདི་ཉིད་ཀྱིས་ཞེས་སྨོས་ཏེ། གྲགས་པས་བསལ་བ་ལ་མི་མཐུན་པའི་ཕྱོགས་མེད་བར་བསྟན་པས་སོ། །མངོན་དུམ་དང་རྗེས་སུ་དཔག་པ་ལ་ཡང་མི་མཐུན་པའི་ཕྱོགས་མེད་པར་བརྗོད་པ་ཡིན་ནོ། །དེ་ལ་རྗེས་སུ་དཔག་པ་ལ་ནི་མི་མཐུན་པའི་ཕྱོགས་མེད་དོ་ཞེས་བསྟན་ཟིན་ཏོ། །མངོན་སུམ་ལ་མི་མཐུན་པའི་ཕྱོགས་མེད་པར་བསྟན་པའི་ཕྱིར་བརྗོད་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །འབྲེལ་བ་གྲུབ་བའི་དངོས་པོ་གང་ཡིན་པ་དེ་མངོན་སུམ་གྱི་མཚན་ཉིད་ཀྱི་དངོས་པོ་དེས་ནི། རང་ཉིད་མེད་པ་ལ་གནོད་པར་བྱེད་པ་ཡིན་ནོ། །གཞན་དུ་ནི་མེད་པར་རོ། །བཟློག་པ་ལ་ནི་འབྲེལ་པ་དང་བྲལ་བ་ལའོ། །ཐམས་ཅད་ལ་ནི་འབྲེལ་པ་དང་ལྡན་པའི་མངོན་སུམ་ལ་སོགས་པ་ལའོ། །བཟློག་པའི་ཕྱོགས་ཞེས་བྱ་བ་ནི་རྟོགས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སོ། །རང་གི་ངོ་བོ་མ་མཐུན་པའི་ཕྱོགས་མེད་པ་ཡིན་ན་ནི་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པར་འགྱུར་རོ་ཞེས་བསྟན་པའི་དོན་དུ། །གལ་ཏེ་ཞེས་བྱ་བ་ནའི་བར་གྱིས་ནི་རྩོད་པའོ། །དེ་ནི་མངོན་སུམ་མོ། །མངོན་དུ་བྱས་པ་ཐམས་ཅད་ནི། ཚད་མ་གཞན་གྱི་གེགས་མ་ཡིན་ནོ་ཞེས་གསུངས་པ་ནི། མངོན་དུ་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་འཁྲུལ་པ་ཡང་ངོ༌། །འདིས་ནི་ཞེས་བྱ་བ་ནི་མངོན་དུ་བྱེད་པ་ཙམ་གྱིས་ཚད་མ་ཡིན་པ་བཟློག་པས་སོ། །རང་གི་ངོ་བོ་ལ་གནོད་པར་བྱད་པ་མད་པ་ཉིད་ཀྱང་བསལ་བ་ཡིན་ནོ། །ཅི་ལྟར་སྙམ་རལ་བ་ཡིན་ནོ། །ཅི་ལྟར་སྙམ་ན། མངོན་དུ་ཞེས་བྱ་བའོ། །རང་གི་ངོ་བོ་ལ་མངོན་དུ་བྱེད་པ་བཞིན་དུ། གནོད་པ་མེད་པ་ཡང་


DTG186_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཧ་ཅང་ཁྱབ་པ་སྤོང་བའི་དོགས་པ་བསུ་བ་ནི། མི་སླུ་བ་ཅན་ཞེས་བྱ་བའོ། །བ་ནད་གད་ཀྱིས་ལན་ལྡོན་པ་ནི་དེ་ནི་ཞེས་བྱ་བའོ། །ཨ་རུ་རའི་དད་པ་ནི་མི་སླུ་བ་ཡིན་ལ། གནོད་པ་བྱེད་བ་ནི་ལྷ་དད་མཚུངས་པ་ཡིན་ནོ། །འདི་ཉིད་ནི་རྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་སྙམ་དུ་གང་གིས་མངོན་དུ་བྱས་པ་བཞིན་དུ་ཧ་ཅན་ཐལ་བར་འགྱུར་བ། གནོད་པ་མེད་པ་ཉིད་རང་གི་ངོ་བོའི་ཡུལ་ལ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གནོད་པ་མེད་པ་ནི་དོན་བྱ་བའི་ཡུལ་ཅན་ཡིན་པར་བཟུང་ངོ་ཞེ་ན། བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་གནོད་པ་མེད་པ་ཉིད་དོ། །དེས་ན་མངོན་སུམ་ལ་འབྲེལ་བ་ཉིད་ཚད་མའི་རྒྱུ་མཚན་ཡིན་ནོ་ཞེས་དགོངས་པའོ། །རྒྱུན་མི་འཆད་པར་དོན་བྱེད་པར་དམིགས་ནས་དེ་དང་འདྲ་བ་ལ་དེ་ཉིད་དོ་ཞེས་ངེས་པར་བྱེད་པའི་མངོན་སུམ་ནི་འཇུག་པར་བྱེད་པ་ཡིན་གྱི། འབྱུང་བར་འགྱུར་བའི་དོན་བྱེད་བའམ། དེར་རུང་བ་ནི་འདིའི་ཡུལ་མ་ཡིན་ནོ་ཞེས་བརྗོད་པ་ནི། མི་སླུ་བ་དེ་ཡང་ཞེས་བྱ་བའོ། །གལ་ཏེ་ཧ་ཅང་ཁྱབ་པའི་ཉེས་པ་ཡོད་པའི་ཕྱིར་རང་གི་ངོ་བོ་ཚད་མའི་ཡུལ་མ་ཡིན་ན། འོ་ན་ཚད་མས་གོ་བར་བྱ་བ་གང་ཞིག་ཡིན་སྙམ་ན། མི་སྣང་ཡང་རྟོགས་པར་བྱ་བ་ཡིན་ནོ་ཞེས་སྨོས་སོ། །འོ་ན་མི་སྣང་བར་ཁྱད་པར་མེད་པས་འཇིག་རྟེན་གསུམ་པོ་ཐམས་ཅད་རྟོགས་པར་བྱ་བར་འགྱུར་ཞེ་ན། སྣང་བའི་ཞེས་སྨོས་སོ། །དེ་སྐད་དུ་ཡང་དེ་བདག་དེ་ལས་བྱུང་བའི་མཐུ་ཡིས་ཞེས་སྔར་བཤད་ཟིན་ཏོ། །དེ་ལྟར་མངོན་སུམ་མི་མཐུན་པའི་ཕྱོགས་མེད་པ་ཡིན་མོད། རྗེས་སུ་དཔག་བ་གོ་ཅི་ལྟར་མི་མཐུན་པའི་ཕྱོགས་མེད་པ་ཡིན་སྙམ་ན། འབྲེལ་པ་དེ་ནི་ཞེས་གསུངས་སོ། །ཅི་ལྟར་གཉི་ག་མཚུངས་སྙམ་ན། །འབྲེལ་བ་ཉིད་ཅེས་སྨོས་སོ། །གཞན་དག་རིམ་པ་ལས་བརྒལ་ནས་མི་མཐུན་པའི་ཕྱོགས་མེད་པར་སྒྲུབ་པ་ལ་དགོས་པ་མཐོང་ནས་གལ་ཏེ་ཞེས་སྨོས་སོ། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དག་ལ་གཉེན་པ་མེད་པར་བསྟན་པའི་དགོས་པ་འདི་ཙམ་དུ་ཟད་ནའོ། །འོན་ཏེ་རྣམ་པར་གཞན་དུ་ཡང་དེ་ལྟར་བརྗོད་ན་ཅི་སྐྱོན་སྙམ་ན། རིམ་གྱིས་ཞེས་སྨོས་སོ། །སྒྲ་ལས་བྱུང་བའི་གྲགས་པ་འདི་ཉིད་དུའོ། །དོན་འདིས་ཞེས་བྱ་བ་ནི་ནུས་པ་གེགས་བྱེད་པ་མེད་པར་བསྟན་པའི་དོན་དུའོ།།


DTG186_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྟན་པའི་རྗེས་སུ་དཔག་པ་ནི་སྒྲ་ལས་འབྱུང་བའི་གྲགས་པའི་རྗེས་སུ་དཔག་པ་ལའོ། །དེ་ཞེས་བྱ་བ་ནི་བཟློག་པའི་རྗེས་དཔག་གོ །འདིར་ནི་རུང་བ་ཉིད་ལའོ། །དེ་ལྟར་ཞེས་བྱ་བ་ནི་མི་མཐུན་པ་མེད་པར་རོ། །འབྲེལ་པའི་སྟོབས་ལས་བྱུང་བ་ལ་གནོད་པ་ཡོད་པར་འགྱུར་རམ། ཅི་ཞེས་འབྲེལ་ཏོ། །འདིར་ནི་སྒྲ་ལས་བྱུང་བའི་གྲགས་པ་ལའོ། །གལ་ཏེ་སྟོབས་ཆུང་བ་ལ་བཟློག་པའི་རྗེས་སུ་དཔག་པ་མེད་པར་བརྗོད་པ་ན་སྟོབས་དང་ལྡན་པ་གཞན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། འདི་ཉིད་འདོད་པས་འབྱུང་བའི་ཕྱིར་སྟོབས་དང་ལྡན་པས་སོ་ཞེས་དགོས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འདོད་པ་ཙམ་གྱིས་གཞན་གྱི་དྲིང་འཇོག་པའོ། །དངོས་པོའི་ཞེས་བྱ་བ་ནི་མེ་ལ་སོགས་པའི་རྗེས་སུ་དཔག་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་འཇུག་པའི་རྗེས་སུ་དཔག་བ་ལའོ། །སྣུམ་ཁུར་དང་དབྱིག་བ་ཞེས་བྱ་བ་ནི། དབྱིག་པས་སྣུམ་ཁུར་བརྗོད་པ་སྟེ། དབྱིག་པ་བྱི་བས་ཟོས་ན་སྣུམ་ཁུར་སྨོས་ཅི་དགོས་པའི་ཚུལ་གང་ཡིན་པ་དེ་ནི་སྟེ་སྒྲ་ལས་བྱུང་བའི་གྲགས་པ་ལ་གནོད་པར་བྱེད་པ་མེད་ན་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་སྨོས་སུ་ཅི་ཡོད་ཅེས་བྱ་བ་དེ་ནི་ཡོད་པ་མིན་ནོ། །ཁྱབ་པ་ཉིད་ཀྱིས་སྒྲ་ལས་བྱུང་བའི་གྲགས་པ་ཉིད་སྟོབས་དང་ལྡན་པའི་ཕྱིར་རོ། །ཁྱབ་པ་ཉིད་ནི་དངོས་པོ་རང་མ་ཡིན་པའི་ཕྱིར་ན། མེད་པ་དང་འདྲ་བ་ཡིན་ནོ་ཞེས་བརྗོད་པ་ནི། དངོས་པོ་འཇུག་མིན་པ་ཞེས་བྱ་བའོ། །རྗེས་དཔག་ནི་གྲགས་པའིའོ། །གཞན་ལ་ནི་དངོས་པོ་སྟོབས་ཀྱིས་འཇུག་པ་ལའོ། །དོན་འདི་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །དེ་སྤངས་ཞེས་བྱ་བ་ནི་འདོད་པ་སྤངས་པའོ། །འཐོབ་པ་བཞིན་དུ་འདོར་བ་ཡང་སླ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། བདེ་བླག་ཅེས་བྱ་བའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ཐུབ་པ་མཆོག་རྣམས་ཀྱི་ཚུལ་འདི་མཐའ་དག་ལམ་ངན་པར་ཞུགས་པ་ཉིད་དུ་གདོན་མི་ཟ་བར་གྱུར་ན། དེའི་ཚེ་འདི་ལ་བློ་ངན་ཅིང་གང་གི་མིག་ཉམས་པ་མེད་པ་རྣམས་ཀྱི་ལྟ་བར་ཅི་ལྟར་ཕྱི་རོལ་མ་ཡིན་ཏེ། ཕྱི་རོལ་དུ་གྱུར་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཐུབ་པ་མཆོག་རྣམས་ཀྱི་ལྟ་བ་གསལ་བ་ཉིད་ཅི་ལྟར་མ་ཡིན་ཞེས་འབྲེལ་ཏོ། །འདི་ཉིད་དུ་ཞེས་བྱ་བ་


DTG186_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲགས་པ་ཉིད་དུ་སྟེ་མངོན་སུམ་དུ་ནི་མ་ཡིན་པའོ། །རི་བོང་ཅན་ཟླ་བ་ཉིད་ལ་ནི་སྒྲ་ལས་བྱུང་བའི་གྲགས་པ་ལས་གཞན་པའི་རྗེས་སུ་དཔག་པ་འགའ་ཡང་མེད་དོ་ཞེས་བསྟན་པ་ནི། ཡང་ན་ཞེས་བྱ་བའོ། །རི་བོང་ཅན་ནི་ཟླ་བའོ་ཞེས་བྱ་བ་འཇིག་རྟེན་གྱིས་བརྗོད་བ་ལ། རྗེས་དཔག་མེད་པར་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བརྗོད་པ་ཡིན་ནོ། །རྗེས་སུ་དཔག་པ་མེད་པར་བརྗོད་པས་དེ་ཅི་བྱ་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་རྗེས་སུ་དཔག་པ་ལས་ཞེས་བྱ་བའོ། །གང་གིས་རྗེས་སུ་དཔག་བ་མེད་པར་བརྗོད་སྙམ་ན། གང་ལ་ཞེས་བྱ་བའོ། །ཅི་ལྟར་རྗེས་སུ་དཔག་པ་མེད་སྙམ་ན། ཟླ་བའི་ཞེས་བྱ་བའོ། །ཟླ་བ་ཉིད་དངོས་པོར་སྒྲུབ་པ་ལ་སྟོན་པའོ། །སྒྲུབ་པར་བྱེད་པ་ནི་ཟླ་བ་ཉིད་ཀྱིའོ། །བཟློག་པ་ཞེས་བྱ་བ་ཟླ་བ་མེད་པ་ཟླ་བ་མ་ཡིན་པ་ལའོ། །ལན་ནི་མེད་པ་ནི་ཞེས་བྱ་བ་སྟེ་རྗེས་སུ་དཔག་པ་ནའོ། །བསལ་བ་ཡིན་ན་ཞེས་བྱ་བ་ནི་བཟློག་བ་མེད་པའོ། །གལ་ཏེ་གཅིག་ཉིད་ལ་རྗེས་སུ་དཔག་པ་ཡོད་པ་དང་མེད་པ་ཅི་ལྟར་ཞེ་ན། རྗེས་སུ་དཔག་པ་ཞེས་བྱ་བའོ། །འདི་ནི་གྲགས་པའོ། །དེ་ལྟ་མ་ཡིན་ན་ནི་འགལ་ལོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་འདི་ནི་གྲགས་བའི་རྗེས་དཔག་གོ །དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཡིན་ནའོ། །དེའི་ཚེ་སྒྲུབ་པར་བྱེད་པ་ཞེས་བྱ་བ་དང་འབྲེལ་ཏོ་ཞེས་བྱ་བའི་བར་གྱིས་བརྗོད་པའི་རྗེས་སུ་དཔག་པ་འགོག་པ་ནི། འགལ་བས་ཏེ། སྒྲ་ལས་བྱུང་བའི་གྲགས་པས་ཞེས་བྱ་བ་འདིས་ནི་ཟློག་པར་འགྱུར་རོ་ཞེས་སྦྱར་རོ། །འོན་ཏེ་འདི་ནི་རྗེས་སུ་དཔག་པར་འདོད་པ་མ་ཡིན་པ་ཁོ་ནའོ་སྙམ་ན། རྗེས་སུ་དཔག་པར་ཞེས་བྱ་བའོ། །འདི་ལ་ནི་ཟླ་བ་མ་ཡིན་པ་ཉིད་ལའོ། །ཅིའི་ཕྱིར་རྗེས་སུ་དཔག་པ་གནོད་པར་བྱེད་པ་མ་ཡིན་ཞེ་ན། རུང་བ་ཙམ་ཞེས་བྱ་བའོ། །དེ་ལ་ནི་མངོན་སུམ་ལའོ། །དེས་ན་རྟགས་བརྗོད་པར་བྱ་བ་ཉིད་དང༌། འབྲེལ་པ་མ་བཟུང་བའི་ཕྱིར་ན། རྗེས་སུ་དཔག་པ་ནི་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གཞན་དག་རྒྱུ་དང་འབྲས་བུའི་དངོས་པོ་བཞིན་དུ། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ཡང་མངོན་སུམ་ལ་སྣང་བ་ཡིན་ནོ་ཞེས་སྟོན་པ་ནི་འོན་ཏེ་ཞེས་བྱ་བའོ། །གལ་ཏེ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མངོན་སུམ་ལ་སྣང་བ་མ་ཡིན་པ་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེས་ན་ཞེས་བྱ་བ་ནི་


DTG186_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པས་ནའོ། །དེ་ལ་ནི་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་ལའོ། །གཞན་དུ་སྟེ་གལ་ཏེ་མ་མཐོང་ན་དེའི་ཚེ་མེའི་རྒྱུ་ཅན་གྱི་དུ་བ་དེ་ཉིད་འདི་ཡིན་ནོ་སྙམ་པའི་ཤེས་པ་སྐྱེ་བར་ཅི་ལྟར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དེ་ནི་འབྲས་བུ་ཉིད་ཀྱི་རྒྱུ་མཚན་ཡིན་གྱི་བརྗོད་བྱ་ཉིད་ཀྱི་མ་ཡིན་ནོ་ཞེས་བྱ་བའི་དོན་སྟོན་པ་ནི། གལ་ཏེ་སྔར་ཞེས་བྱ་བའོ། །གལ་ཏེ་དེ་ཉིད་ཡིན་ནོ་སྙམ་དུ་ཤེས་པ་ལས། མངོན་སུམ་དོན་སྟོན་པར་བྱེད་པ་ཡིན་ན་འོན་མངོན་སུམ་ཞེས་སྦྱར་རོ། །དུས་བཞིན་དུ་འབྱུང་བ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ་ཞེ་ན། དུས་གཞན་དུ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་དང་ཞེས་བྱ་བའོ། །རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་ནི་དེའི་རྒྱུ་ཡིན་པར་འགྱུར་གྱི་རྣམ་པར་རྟོག་པ་དང་བཅས་པར་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྣམ་པར་རྟོག་པ་ཡང་རྣམ་པར་རྟོག་པ་མེད་པར་འགྱུར་ཏེ། རྣམ་པར་རྟོག་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་གང་ལས་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བ་སྔར་ཡོད་པའི་མངོན་སུམ་ནི་དེ་དང་འདྲ་བའི་འབྲེལ་བ་ཡོད་པ་མ་ཡིན་ནོ། །གཞན་ནི་ཡོད་ཀྱང་ཆད་པ་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ། །གཞན་དག་རྣམ་པར་རྟོག་པར་བྱེད་པ་ཉིད་ན་ངས་མཐོང་ངོ་ཞེས་རྟོགས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཉིད་དུ་རྣམ་པར་འཇོག་པ་མི་འཐད་དོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འོ་ན་མངོན་སུམ་གྱིས་དེར་འཛིན་ནོ་སྙམ་ན། འདས་པའི་ཞེས་བྱ་བའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་བརྗོད་པའི་ཚུལ་མི་འདོད་ནའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་ཡང་དེ་ཁོ་ན་ལྟར་གྲུབ་པོ་ཞེ་ན། བརྗོད་པར་བྱ་བ་དང་ཞེས་བྱ་བའོ། །འོ་ན་ཉེ་བར་བསྟན་པ་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་ཞེས་བྱ་བ་སྟེ་ཉེ་བར་བསྟན་ཡང་དེ་ལྟར་ཏེ། བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོ་རྟོགས་པར་བྱེད་པ་ཉིད་དུ་མཐོང་བ་མེད་དོ། །ཡང་རྣམ་པ་གཞན་དུ་ཉེ་བར་བསྟན་ན་དེ་འདོད་པའི་ཕྱིར་རོ། །འོ་ན་ནི་དེ་ལས་དེར་རྟོགས་པ་སྲིད་པའི་ཕྱིར་ན། ཉེ་བར་བསྟན་པ་དེ་སྟོན་པར་བྱེད་པར་འགྱུར་རོ་ཞེ་ན། ཉེ་བར་བསྟན་ཡང་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་སྔར་ཉེ་བར་བསྟན་པ་ལས་བཟློག་པར་རོ། །གཞན་དུ་ན་ཞེས་བྱ་བ་མི་འདོད་ནའོ། །གལ་ཏེ་བརྗོད་བྱ་


DTG186_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྗོད་བྱེད་ཀྱི་དངོས་པོ་བཞིན་དུ། རྒྱུ་དང་འབྲས་བུའི་དངོས་པོ་ཡང་གཞན་དུ་བྱ་བར་ནུས་པ་ཉིད་མ་ཡིན་ནམ་ཞེ་ན། རྒྱུ་དང་ཞེས་བྱ་བའོ། །གཞན་དག་རྒྱུ་དང་འབྲས་བུ་བཞིན་དུ་བརྗོད་བྱ་རྗོད་བྱེད་ཀྱང་གཞན་དུ་བྱ་བར་མི་ནུས་སོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དངོས་པོ་ནི་ལྷས་བྱིན་ནོ། །ཐོས་བ་ནི་ལྷས་བྱིན་གྱི་མིང་ངོ༌། །དེ་དག་བརྡའི་དུས་ན་མངོན་སུམ་གྱིས་མཐོང་བར་གྱུར་ན་དེ་བཞིན་དུ་ཞེས་བྱ་བ་འདིའི་མིང་འདི་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །འཆད་པ་ནི་བརྡ་བྱེད་པའི་དུས་ན་ཞེས་བྱ་བའོ། །རྒན་པོའི་ཐ་སྙད་ལས་ཀྱང་འབྲེལ་པ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ཡང་དོན་དམ་པར་ན་འབྲེལ་པར་ཤེས་པེ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་ཡང་རུང་སྟེ་ཞེས་བྱ་བའི་འབྲས་བུ་ཉིད་ལ་སོགས་པའོ། །འོན་ཏེ་ཡུལ་གཞན་ལ་སོགས་པར་མིང་དང་མིང་ཅན་གྱི་འབྲེལ་པར་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ་སྙམ་ན། དེ་བཞིན་དུ་ཞེས་བྱ་བའོ། །གཞན་ཉིད་དུ་ནི་མིང་ངོ༌། །བདག་ཀྱང་ནི་རྟོགས་པའོ། །འདིས་ནི་ཤེས་པ་ཐ་དད་པའི་ཡུལ་དག་ཀྱང་འབྲེལ་པར་རྟོགས་པར་འགྱུར་གྱི་སྒྲ་དོན་དག་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དང་པོ་དང་ཐ་མར་མཐར་གནས་ཏེ། ཡ་རལ་གང་རུང་ཡོད་བའོ། །ཐུང་དུས་ཞེས་བྱ་བ་ནི། ཨ་བྲྀདྡྷ་སྟེ་རྒན་པོ་ལ་མེད་པའོ། །དགྲ་བོ་ལ་མེད་པ་སྟེ་དགྲའི་མིང་ཡང་ངོ་ཞེས་བྱ་བའི་དོན་ཏོ། །ཅི་སྐད་བརྗོད་མ་ཐག་པའི་མཚན་ཉིད་དང་ལྡན་པའི་མིང་རྣམས་མཐའ་ཡས་པས་ན། གང་འདོད་པ་དེ་གདགས་པར་བྱ་བ་ཡིན་པའི་ཕྱིར་ཅི་ལྟར་འདོད་པ་ལྡོག་སྟེ་མི་ལྡོག་པ་ཁོ་ནའོ། །གཞན་དང་པོ་དང་ཐ་མར་ཞེས་བྱ་བ་འདི་ཡང་ཉེ་བར་བསྟན་པ་ཉིད་དོ། །ཉེ་བར་བསྟན་པ་ཡང་གཞན་དུ་མི་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལས་ཞེས་བྱ་བའོ། །སྐབས་ཀྱི་མཇུག་སྡུད་བ་ནི་དེས་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་གྲགས་པ་དངོས་པོའི་དབང་གིས་མ་ཡིན་པའི་གཏན་ཚིགས་དེས་ན། དངོས་པོ་ཡོད་བ་དང་མེད་པའི་རྗེས་སུ་འཇུག་པའི་རྗེས་སུ་དཔག་པ་ལས་ཐ་དད་པའི་གྲགས་པ་ནི། དངོས་པོ་དེའི་དབང་གིས་མི་འཇུག་བ། དངོས་པོ་དེའི་འདོད་བ་ལས་སྐྱེས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་གོ་བར་མི་བྱེད་སྙམ་ན། མེ་ལ་ཞེས་


DTG186_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པ་ལའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མི་རྟོག་སྟེ་ཞེས་བྱ་བ་ནི་ཁྱི་ཤ་ལ་སོགས་པའི་དོན་ཏོ། །ཅིའི་ཕྱིར་སྙམ་ན་གཞན་ཡང་ཞེས་བྱ་བའོ། །འདི་ཉིད་ག་ལས་ཤེ་ན། གང་དུ་ཡང་ཞེས་བྱ་བའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་རང་གིས་བརྟགས་པས་མངོན་པར་འདོད་པའི་འབྲས་བུ་འཐོབ་པར་ཁས་ལེན་ནའོ། །འདི་ལ་ལན་ནི་དེ་ནི་བདེན་ཏེ་ཞེས་བྱ་བའོ། །ཁྱེད་ཅག་ཉིད་ནི་བྲམ་ཟེའོ། །འདི་ཞེས་བྱ་བ་ནི་སྒྲ་ལས་གྲུབ་པ་ཞེས་བྱ་བ་འདིའོ། །ཅི་ལྟར་དོན་མེད་པ་གཞན་པ་ལ་འཇུག་ཅེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་མི་ལ་སོགས་པའི་དོན་ངེས་པའི་དོན་དུ་ཉེ་བར་བསྟན་པ་བརྒྱུད་པ་ལ་སྡོད་ན་དེའི་ཚེ་དེ་ཉིད་ལོང་བ་བརྒྱུད་པར་འགྱུར་ཏེ། ཚད་མ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་མེད་པ་ཡིན་ཏེ། སྒྲ་འདིའི་དོན་ནི་འདི་ཡིན་ནོ་ཞེས་ངེས་པར་མི་བྱེད་བའི་ཕྱིར་རོ། །འོན་ཏེ་དབང་པོ་ལས་འདས་པའི་དོན་མཐོང་བ་ནི། མངོན་པར་འདོད་པའི་དོན་ཤེས་པར་བྱེད་པ་ཡོད་ད་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དོན་ནི་མེ་ལ་སྦྱིན་སྲེག་ལ་སོགས་པ་ལའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་དབང་པོ་ལས་འདས་པ་ཁས་ལེན་ནའོ། །དབང་པོ་ལས་འདས་པའི་དོན་མཐོང་པ་རྣམས་ཕན་ཚུན་འགལ་བ་འཇུག་པར་འགྱུར་རོ། །འོན་ཏེ་རྒྱལ་དཔོག་པ་གཅིག་པུ་དབང་པོ་ལས་འདས་པ་མཐོང་བ་མ་ཡིན་གྱི། གཞན་གྱི་མ་ཡིན་ནོ་ཞེ་ན། ཁྱེད་ལ་ཞེས་སྨོས་ཏེ་བྲམ་ཟེ་ལའོ། །དེས་ན་དབང་པོ་ལས་འདས་པ་མཐོང་བས་ནི་མངོན་པར་འདོད་པའི་དོན་རིག་པར་བྱེད་པ་ཡིན་ནོ་ཞེས་མི་འགྲུབ་པོ། །གང་གི་ཕྱིར་དེ་ལྟར་དོན་ངེས་པ་གཏན་ལ་ཕེབས་པ་མེད་པ་དེས་ན། མེ་ལ་སྦྱིན་སྲེག་ལ་སོགས་པའི་དོན་འདི་ཡང་འགའ་ཞིག་གིས་རྣམ་པ་དེ་ལྟར་བརྟགས་པ་ཡིན་ནོ། །བརྟགས་པའི་དོན་དེ་ཉིད་ཀྱིས་འདི་ཁོ་ན་ཡིན་ནོ་ཞེས་ཡིད་ཆེས་པ་མ་ཡིན་པ་དེས་ན་ཁྱི་ཤ་ལ་སོགས་པ་གཞན་ཡང་བརྟག་པར་བྱ་བ་ཡིན་ནོ། །རང་ཉིད་ཤེས་པའི་རྟོག་པ་པོའི་སྐྱེས་བུས་དོན་དེ་མི་ཤེས་པར། ཅི་ལྟར་དོན་གཞན་དེ་བརྟག་པར་བྱ་ཞེ་ན་ཞེས་དྲི་བའོ། །ལན་ནི་དེ་ཉིད་ཅེས་བྱ་བ་སྟེ། རྟོག་པར་བྱེད་པ་ཉིད་དོ། །ཅི་ལྟར་དོན་གཞན་བརྟག་པར་བྱ་བ་ལྟར་ཤེས་པར་འགྱུར་མོད། ཁྱོད་ལ་དཔྱད་པས་ཅི་བྱ། དོན་གཞན་རྟོག་པར་བྱེད་བའི་སྐྱེས་བུ་དེ་མ་དཔྱད་བར་ངལ་


DTG186_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སླུ་བར་བྱེད་པས་ཏེ། རིག་བྱེད་ཀྱི་དོན་མ་དཔྱད་པ་རང་ལ་སླུ་བར་བྱེད་དོ། །དེས་ན་སླུ་བས་འཇིགས་པས་སེམས་སོ་ཞེ་ན། འོན་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་དཔྱོད་བ་ལ་སྒྲིམ་བུ་འདོན་ན་ཉེ་བར་བསྟན་པས་ཅི་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་མེ་ལ་སོགས་པའི་དོན་ནི་རང་བཞིན་དང་རྐྱེན་གྱི་རྗེས་སུ་མཐུན་པ་དེས་ན་བརྟག་པར་འཐད་དོ། །ཁྱི་ཤ་ལ་སོགས་པའི་དོན་ནི་དེ་གཉིས་དང་མཐུན་པ་མ་ཡིན་ཏེ་དེས་དེ་ནི་མི་རྟོག་གོ་ཞེས་བརྗོད་པ་ནི་རང་བཞིན་དང་ཞེས་བྱ་བའོ། །ལན་ནི་རང་བཞིན་དང་ཞེས་བྱ་བའོ། །དེ་ལྟར་གྱུར་ན་ཅི་སྐྱོན་སྙམ་ན། དེས་ན་ཞེས་བྱ་བའོ། །དེ་ཡང་ནི་ཉེ་བར་བསྟན་བའོ། །དོགས་པ་ནི་དེ་ལྟར་ན་ཞེས་བྱ་བ་སྟེ་ཁྱི་ཤ་ལ་སོགས་པ་དོན་ཡིན་ནོ། །ལན་ནི་འདི་ལ་ཞེས་བྱ་བ་སྟེ། ཆོས་སུ་སྒྲུབ་པ་ལ་ཚད་མ་ཅི་ཡང་མེད་དོ་ཞེས་སོ། །ཉེ་བར་བསྟན་པས་རྟོགས་པ་ལ་ཡང་ཁྱད་པར་འགའ་ཡང་མེད་དོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་ལྟར་ན་ཞེས་བྱ་བ་ནི་མེ་ལ་སྦྱིན་སྲེག་ལ་སོགས་པའི་དོན་གྱིས་སོ། །དེ་བས་ན་གྲགས་པ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་མ་ཡིན་ནོ། །རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་སྨྲ་བ་ལ། འཇིག་རྟེན་ཟླ་བ་ཉིད་དུ་བསྒྲུབ་པའི་དོན་དུ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གྲུབ་པའི་བརྗོད་བྱ་བུམ་པ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཉེས་པ་གཞན་ཡང་བརྗོད་པ་ནི། རི་བོང་ཅན་ཞེས་བྱ་བའོ། །གྲགས་བ་ཐམས་ཅད་ལ་བསྙོན་འདེབས་པ་ལ་དཔེ་མེད་ཀྱི། འདོད་པའི་སྒྲའི་བརྗོད་བྱ་ཉིད་དུ་སྨྲ་བ་ལ་ནི། མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཁོ་ན་ཐུན་མོང་མ་ཡིན་པ་མ་ཡིན་ནམ། གཏན་ཚིགས་གཞན་ཡང་དེ་ལྟར་ཅི་སྟེ་འགྱུར་ཞེ་ན། དེ་ལ་ཞེས་སྨོས་སོ། །འདིས་ནི་ཞེས་བྱ་བ་ནི་ཡོད་པ་ཉིད་ལ་སོགས་པས་སོ། །གལ་ཏེ་འདིས་བསྒྲུབ་པར་ནུས་པ་མ་ཡིན་ན། འོ་ན་གང་གིས་ཞེས་བྱ་བའོ། །ཟླ་བ་ཉིད་མ་བསྒྲུབས་ན་ཡང་ཟླ་བ་མ་ཡིན་པ་ཉིད་ཀྱི་གནོད་བྱེད་དུ་ཅི་ལྟར་འགྱུར་ཞེ་ན། ལན་ནི་སྒྲ་ལས་ཞེས་བྱ་བའོ། །གཞན་དག་གཞན་དུ་ཡང་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་རྙེད་དེ་མི་རྙེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་མི་རྙེད་སྙམ་ན། གྲགས་པ་མཐའ་དག་ཅེས་བྱ་བའོ། །འདི་ཉིད་ཞེས་བྱ་བ་ནི་ཡོད་བའི་ཕྱིར་ཞེས་བྱ་བ་འདིའོ། །དེ་སྐད་ཅེས་བྱ་བ་ནི་གང་ལ་ཞེས་


DTG186_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། མཚན་ཉིད་ཕྱིར་ཞེས་བྱ་བའོ་མཚན་ཉིད་ནི་མ་ཁྱབ་པའི་ཉེས་པ་དང་བྲལ་བ་བསྟན་པར་བྱ་དགོས་ན་འདི་ནི་ད་ལྟར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ན་འདི་གཞན་དག་གི་ཡང་དག་ཏུ་བྱས་ཏེ་བརྗོད་སྙམ་ན། དེ་བཞིན་ཞེས་བྱ་སྟེ་རི་བོང་ཅན་ཟླ་བ་མ་ཡིན་ཏེ་མེད་པའི་ཕྱིར་ཞེས་བྱ་བ་དེ་བཞིན་དུ་དཱ་ཏྲི་ཤིང་མ་ཡིན་ཏེ་ཞེས་བྱ་བ་ལ་ཡང་གནོད་པའི་ཕྱིར་གཞན་གྱི་ཡང་དབང་དུ་བྱས་ནས་དེ་སྐད་བརྗོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཚན་ཉིད་མ་ཁྱབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དཱ་ཏྲི་ནི་ཤིང་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་ཤིང་གཅིག་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པར་འགྱུར་རོ་སྙམ་ན། ཤབ་ཞེས་བྱ་བའོ། །ལན་གྱི་རྣམ་པ་བརྗོད་བ་ནི་ཤིང་གཅིག་ཅེས་བྱ་བའོ། །གལ་ཏེ་རི་བོང་ཅན་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ལ་ནི་རེ་ཞིག་འདི་ལན་དུ་འགྱུར་བ་ཁོ་ནའོ། །གཞན་ལ་ནི་ཡིན་དུ་རུང་ཡང་མ་ཡིན་རུང་སྙམ་ན་དང་པོ་གཅིག་ཉིད་ཀྱི་ཞེས་བྱ་བའོ། །དཔེ་ནི་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བའོ། །མཚན་ཉིད་ནི་གང་ལ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནས་འདིར་བཤད་པའི་ལྟག་ཡན་ཆད་ནི་རྩོད་པའོ། །དེ་སྟེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ཞེས་བྱ་བའོ།། མི་འཇུག་པ་ཁོ་ནའོ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་རེ་རེའི་རང་བཞིན་ཡིན་པའི་ཕྱིར་རོ། །དཔེ་གཅིག་གི་དབང་དུ་བྱས་ནས་ཀྱང་མཚན་ཉིད་བྱ་བ་ཡིན་ཏེ། འདི་ལ་ནི་ལོག་པར་རྟོག་པ་མེད་མོད་ཀྱི་འོན་ཀྱང་མ་ཁྱབ་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཉིད་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ནི། འདིར་བཤད་པ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་གང་ལ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ནི་མ་ཁྱབ་བར་འགྱུར་རོ། །ཅི་ལྟར་ཞེ་ན། གཞན་གྱིས་ནི་བརྗོད་པས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་འཆད་པ་གཞན་དག་ནི་ཟླ་བ་གཅིག་ཡིན་པའི་ཕྱིར་ན། ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཐུན་མོང་མ་ཡིན་པར་བརྗོད་ནས། གྲགས་བས་གནོད་པར་འཛེར་ཏོ། །དེ་ལྟ་ན་ནི་རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་འདིར་གྲགས་པས་བསལ་བར་འགྱུར་གྱི། ཤ་པ་ནི་ཤིང་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་བྱ་བ་འདིར་ནི་མ་ཡིན་པར་འགྱུར། འདིར་གྲགས་པས་


DTG186_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་མེད་དོ་ཞེས་ནི་བརྗོད་བར་མི་ནུས་སོ། །དེས་གཞན་གྱིས་བརྗོད་པས་ནི་གཞན་གྱིས་གྲགས་པས་གནོད་པའི་མཚན་ཉིད་ལ་མ་ཁྱབ་པའི་ཉེས་བས་ཉེས་པ་དང་བཅས་པར་འགྱུར་རོ། །མ་ཁྱབ་པ་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །གཞན་གྱིས་བརྗོད་བའི་རིགས་པ་ཟླ་བ་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ལས་སོ། །གལ་ཏེ་རིགས་པ་འདི་གཞན་ལ་ཡང་འགྱུར་རོ་སྙམ་ན། སྨྲས་པ་ཤིང་ཞེས་བྱ་བའོ་།འོན་ཏེ་ཞེས་བྱ་བ་ལ་སོགས་བས་ནི་འདི་སྙམ་དུ་ཤ་པ་ནི་ཤིང་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གྲགས་བས་བསལ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐུན་མོང་བ་ཉིད་ཀྱིས་འདི་ནི་ཤིང་ཡིན་ཏེ། ཡོད་པའི་ཕྱིར་ཤིང་གཞན་བཞིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་ཡོད་པ་ཉིད་དོ། །དེས་ན་ཤིང་མ་ཡིན་ཉིད་ནི་རྗེས་སུ་དཔག་པ་དེས་གནོད་པར་འགྱུར་རོ་སྙམ་དུ་བསམས་པའོ། །རྩོད་པ་འདི་བརྗོད་པ་ནི། འདིར་ཡང་ཞེས་བྱ་བ་སྟེ། ཤིང་མ་ཡིན་ནོ་ཞེས་བྱ་བ་འབའ་ཞིག་ཏུ་ནི་མ་ཟད་དེ། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ་ཡོད་པའི་ཕྱིར་ཞེས་བྱ་བ་འདིར་ཡང་ཐུན་མོང་བ་ཉིད་ཀྱིས་རྗེས་སུ་དཔག་པས་གནོད་པ་ཡོད་པ་ཡིན་ནོ། །ཅི་ལྟར་ཞེ་ན། ག་བུར་དང་དངུལ་ལ་སོགས་པ་ལ། ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་མཐོང་བའི་ཕྱིར་རོ། །དེས་ན་ཐུན་མོང་བ་ཉིད་ཀྱིས་ཡོད་པ་ཟླ་བ་མ་ཡིན་པ་ལ་གནོད་པར་བྱེད་པ་མ་ཡིན་ཏེ་དེས་ན་གྲགས་པས་བསལ་བས་ཅི་ཡང་བྱར་མེད་དོ་ཞེས་དགོངས་པའོ། །གཞན་ཡང་ཟླ་བའི་སྒྲའི་རྗོད་པར་བྱེད་པ་ཉིད་བརྡ་ལས་འཇུག་པ་ལ་ཐུན་མོང་མ་ཡིན་ཡང་ཅི་ཞིག་ཡིན་ན། གང་གིས་ཡོད་པའི་ཕྱིར་ཞེས་བྱ་བའི་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པར་འགྱུར། ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་འཆད་པ་ནི། བརྡ་ལས་ཞེས་བྱ་བའོ། །དེ་ལྟར་གྱུར་ན་ཅི་སྐྱོན་སྙམ་ན། དེས་ན་ཞེས་བྱ་བའོ། །ཟླ་བའི་སྒྲ་ཐུན་མོང་མ་ཡིན་པ་ཉིད་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པའི་རྒྱུ་མཚན་དུ་དོགས་བ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དེའོ། །དེས་ནི་ཡོད་པ་ཉིད་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཟླ་བ་མ་ཡིན་པ་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེས་ན་གྲགས་པ་བསལ་བ་ཡིན་ནོ་ཞེས་སེམས་པའོ། །གལ་ཏེ་ལ་ལར་ཏེ་རི་བོང་ཅན་ཉིད་ནི་ཟླ་བ་ཉིད་དོ། །ཟླ་བ་ལ་བསྙོན་བ་དེ་ལ་གྲུབ་ཀྱི་རྡུལ་ལ་སོགས་པ་ལ་ནི་མ་


DTG186_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། དེའི་ཚེ་ངེས་པའི་ཡུལ་ཅན་དངོས་པོ་པ་ཉིད་ཡིན་པ་དགག་ཏུ་མེད་དོ། །གྲགས་པས་གྲུབ་བ་ནི་མ་ངེས་པའི་ཡུལ་ཅན་ཡིན་པས་ན། རི་བོང་ཅན་མ་ཡིན་བ་དངུལ་ལ་སོགས་པ་ལ་ཡང་འགྱུར་རོ། །དེས་ན་གན་གླས་གྲགས་པས་གནོད་པའི་གོ་སྐབས་སུ་འགྱུར་བ་ཐུན་མོང་མ་ཡིན་པ་ཉིད་དུ་ཅི་ལྟར་འགྱུར་ཏེ། འདི་ནི་བཤད་པར་གསལ་ལོ། །ཛ་ཡནྟས་ཀྱང་བཤད་པ་གཞན་བྱས་པ་ནི། གལ་ཏེ་བུམ་པ་ལ་སོགས་པ་འགའ་ཞིག་ལ་ཟླ་བ་མ་ཡིན་པ་ཉིད་དངོས་པོའི་སྟོབས་ཀྱིས་ཟླ་བ་ཉིད་བསྙོན་བ་དེ་ལ་གྲུབ་ན། དེའི་ཚེ་ཟླ་བ་ཉིད་དེ་ཡང་རི་བོང་ཅན་ལ་དེ་ཁོ་ན་བཞིན་འགྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བུམ་པ་ལ་སོགས་པ་ལ་གྲགས་པས་གྲུབ་པའི་ཟླ་བ་མ་ཡིན་པ་ཉིད་ཁས་ལེན་ན་རི་བོང་ཅན་ལ་ཟླ་བ་ཉིད་བཟློག་པ་མེད་པའི་ཕྱིར་ཏེ། རིགས་བ་མཚུངས་པའི་ཕྱིར་རོ་ཞེས་སོ། །འགྲེལ་བྱེད་པའི་བཤད་པ་ཡང་གཞན་ཡིན་ཏེ། གལ་ཏེ་དངུལ་ལ་སོགས་པ་ལ་ལ་ཁོ་ན་ལ་ཟླ་བ་ཉིད་གྲུབ་ན། དེའི་ཚེ་ངེས་པའི་ཡུལ་ཅན་དེ་ནི་དངོས་པོ་པ་ཁོ་ནར་གྲུབ་པ་ཡིན་པ། ཅི་ལྟར་དངོས་པོ་མ་ཡིན་པའམ། དེ་དགག་པར་ཡང་འགྱུར། འོན་ཏེ་གྲགས་པས་གྲུབ་པའི་ཕྱིར་དངོས་པོ་མ་ཡིན་ན། དེའི་ཚེ་གྲགས་པར་ཁྱད་པར་མེད་པའི་ཕྱིར་རོ་བོང་ཅན་ལ་ཡང་བཟློག་ཏུ་མེད་དོ་ཞེས་སོ། །དེ་ལྟར་འཆད་པ་འདི་གཉི་ག་ཡང་སྐབས་དང་རྗེས་སུ་མཐུན་པ་མ་ཡིན་ནོ་ཞེས་ཆེན་པོ་རྣམས་ཉིད་ཀྱིས་དཔྱད་པར་བྱའོ། །དེ་དངོས་པོ་ལ་ཞེས་བྱ་བ་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དེའོ། །གྲགས་པས་གྲུབ་པའི་དཔེར་ཞེས་བྱ་བ་ནི་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ་དེ་ཡོད་པའི་ཕྱིར་ཞེས་བྱ་བ་ཅི་ལྟར་འགྱུར། དངོས་པོ་ལ་གྲུབ་པའི་ཟླ་བ་ཉིད་ཀྱིས་གནོད་པའི་ཕྱིར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་གྲགས་པས་གྲུབ་པ་ཉིད་ཀྱིས་ནའོ། །བཟློག་པ་མེད་པ་ཁོ་ནའོ་ཞེས་བྱ་བ་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ག་པུར་ལ་སོགས་པ་དེ་ཡང་ངོ༌། །དེས་ན་ཞེས་བྱ་བ་ནི། བཟློག་པ་མེད་པ་ནའོ། །འདིས་ནི་གྲགས་པས་བསལ་བ་ཞེས་བྱ་བ་མེད་པར་འགྱུར་རོ་ཞེས་གང་བརྗོད་པ་དེ་གཞུང་བཙུགས་པ་ཡིན་ནོ། །ཡང་རྣམ་པ་གཞན་གྱི་སྒོ་ནས་གྲགས་པས་བསལ་བའི་ཡུལ་མེད་དོ་ཞེས་


DTG186_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ག་བུར་ལ་སོགས་པ་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་རྣམ་པ་ཅི་ལྟར་ཡང་རུང་བར་བརྟགས་པ་ནི་མ་ཡིན་གྱི་འོན་ཀྱང་ཚིམ་བར་བྱེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ཚིམ་པར་བྱེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་འཇུག་པ་ནའོ། །ག་བུར་ལ་སོགས་པ་དེའི་དཔེ་ཞེས་བྱ་བ་ཡོད་པས་ཟླ་བའི་སྒྲ་བསྒྲུབ་པའི་དཔེ་མ་ཡིན་ནོ། །དཔེ་མེད་པ་དེས་ན་ཐུན་མོང་མ་ཡིན་ནོ། །ཟླ་བའི་སྒྲས་བརྗོད་པར་བྱ་བ་ནི་ག་བུར་ལ་སོགས་པ་ལ་ཐུན་མོང་དུ་ཡོད་པ་མ་ཡིན་ཏེ། དེས་ན་ཡོད་པ་ཡང་ཟླ་བ་ཉིད་སྒྲུབ་པའི་དོན་དུ་བཀོད་པ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་གང་གིས་གྲགས་པས་བསལ་བའི་གོ་སྐབས་མེད་པར་འགྱུར་བ་ཅི་ལྟར་ཟླ་བ་མ་ཡིན་པ་ཉིད་ལ་གནོད་པར་བྱེད་པར་འགྱུར་ཞེས་སེམས་པའོ། །ལན་ནི་དངོས་པོ་ལ་ནི་ཞེས་བྱ་བ་སྟེ། གལ་ཏེ་ག་པུར་ལ་སོགས་པ་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ལ་གྲུབ་པ་ཡིན་ན་དེའི་ཚེ་རི་བོང་ཅན་ལའང་བཟློག་པ་མེད་དེ་རྒྱུ་མཚན་ཡོད་པའི་ཕྱིར་རོ། །འོན་ཏེ་རྒྱུ་མཚན་མེད་པའི་ཕྱིར་ཟློག་པ་ཡིན་ནོ་ཞེ་ན། བརྗོད་པ་རྒྱུ་མཚན་གྱི་དངོས་པོ་དེ་མེད་ན་རི་བོང་ཅན་ལ་ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་བཟློག་ཀྱང༌། ཟློག་པར་བྱེད་པ་ལ་གྲགས་པས་བསལ་བའི་ཉེས་པ་ཡོད་པ་མ་ཡིན་ཏེ། མེ་མེད་པས་དུ་བ་མེད་པར་སྟོན་པ་ལ་ནི་གྲགས་པས་གནོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །བཟློག་པ་མེད་དོ་ཞེས་བྱ་བ་ནི་ཟླ་བའི་སྒྲས་བརྗོད་པར་བྱ་བའོ། །དེས་ན་ཐུན་མོང་བ་ཉིད་ཀྱིས་རྗེས་སུ་དཔག་པས་གནོད་པ་ཉིད་ཡིན་གྱི། གྲགས་པས་གནོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱོན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གྲགས་པས་གནོད་པའི་མཚན་ཉིད་དོ། །འོ་ན་ཅི་ལྟར་གྲགས་པས་གནོད་པའི་མཚན་ཉིད་ཀྱི་ཉེས་པར་འགྱུར་སྙམ་ན། དེ་ཕྱིར་ཞེས་གསུངས་སོ། །དངོས་པོ་ལ་ངེས་པ་མ་ཡིན་པའི་བརྡ་དང་སྒྲ་དེ་དག་ལས་བྱུང་བའི་ངང་ཚུལ་གང་ལ་ཡོད་པའི་ཆོས། ཟླ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ལ་སོགས་པ་དེ་རྣམས་སུ་དོན་རྣམས་རུང་བ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པ་ཡོད་ན་བཀག་པ་མེད་པའི་ཕྱིར་རོ། །དེས་ན་དེ་ལ་གནོད་ན་གྲགས་པས་བསལ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོད་པའི་


DTG186_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཉིད་ལ་སྒྲ་འཇུག་པ་ཡིན་གྱི། འདོད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་དོན་རྣམས་རུང་བ་ཉིད་ཅི་ལྟར་ཡིན་ཞེ་ན། བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གང་ལ་ཚད་མ་མེད་སྙམ་ན། སྒྲ་རྣམས་ཞེས་བྱ་བ་ནས་བྱ་བ་ལ་ཞེས་བྱ་བའི་བར་གྱི་དོན་ལའོ། །གལ་ཏེ་རྒྱུ་མཚན་ལ་བརྟེན་ནས་རྒྱུ་མཚན་ཅན་ལ་སྒྲ་འཇུག་པ་ཡིན་ན། དེའི་ཚེ་རྒྱུ་མཚན་ལ་ཡང་རྒྱུ་མཚན་གཞན་ལ་ལྟོས་ནས་སྒྲ་འཇུག་པས་ན་ཐུག་པ་མེད་དོ་ཞེས་སྦྱར་རོ། །ཅིའི་ཕྱིར་འདི་ལ་ཚད་མ་མེད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་རིགས་ལ་སོགས་པའི་རྒྱུ་མཚན་ལ་ལས་རྒྱུ་མཚན་ལས་སྒྲ་འཇུག་པར་སྨྲ་བ་དེ་ལ། རྒྱུ་མཚན་གཞན་ལ་མི་ལྟོས་པ་ཁོ་ནར་ངོ་བོ་ཉིད་ཀྱིས་རྗོད་པར་བྱེད་པ་གྲུབ་ན། དེའི་ཚེ་རྗོད་པ་དེ་ནི་དངོས་བོའི་སྟོབས་ཉིད་ལས་རྒྱུ་མཚན་དང་ལྡན་པའི་ཟླ་བ་ལ་གྲུབ་པ་ཡིན་ནོ་ཞེས་སྦྱར་རོ། །འོན་ཏེ་རྒྱུ་མཚན་ལ་རྗོད་པར་བྱེད་པ་གྲགས་བ་ཙམ་གྱིས་གྲུབ་པ་ཡིན་གྱི། རྒྱུ་མཚན་ཅན་ལ་ནི་མ་ཡིན་ནོ་སྙམ་ན། གྲགས་གྲུབ་ཅེས་སྨོས་སོ། །རིགས་ལ་སོགས་པ་ལ་རྗོད་པར་བྱེད་པ་གྲགས་པས་གྲུབ་པར་ཁས་ལེན་ན་རི་བོང་ཅན་ལ་ཡང༌། ཟླ་བའི་རྗོད་པར་བྱེད་པ་བཟློག་པ་མེད་པའི་ཕྱིར་རོ། །སྔར་གྱི་དགག་པར་ཕྱུང་བ་ཡིན་ལ་འདིར་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །རེ་ཞིག་ཕྱེད་ཕྱི་མ་འཆད་པ་ནི། གྲགས་པ་ཙམ་ལས་ཞེས་བྱ་བའོ། །འོན་ཏེ་རྒྱུ་མཚན་དང་ལྡན་པ་ལ་གྲགས་པ་ཙམ་གྱིས་མི་འཇུག་གིས། འོན་ཀྱང་རྒྱུ་མཚན་ཉིད་ལ་ཡིན་པ་དེས་ན། རི་བོང་ཅན་ལའང་བཟློག་མེད་ཕྱིར། །ཞེས་ཅི་ལྟར་རྗོད་སྙམ་ན། གང་ཡང་རུང་བ་ལ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གནས་པ་ནའོ། །ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ལ་ཡང་ཞེས་བྱ་བ་སྟེ། རྒྱུ་མཚན་དང་ལྡན་པ་འབའ་ཞིག་ཏུ་ནི་མ་ཟད་པའོ། །ཕྱེད་ཕྱི་མ་བཤད་ནས་ཕྱེད་སྔ་མ་བཤད་པའི་ཕྱིར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལ་ནི་རྒྱུ་མཚན་ལའོ་གཞན་དུ་ཡང་ཞེས་བྱ་བ་ནི་ལན་ཏེ། རྒྱུ་མཚན་ཅན་ལ་ལ་ཡང་ངོ༌། །འོན་ཏེ་ཞེས་བྱ་བ་ནི་གཞན་ལ་དེ་དང་ནི་རིགས་པ་ལ་སོགས་པ་དང་ངོ༌། །སྒྲ་འབྲེལ་བ་ཡོད་པས་ལན་ནི་འདི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་ཞེས་བྱ་བའོ། །གཞན་ལ་ནི་རྒྱུ་མཚན་ལའོ། །རྣམ་པ་གཞན་དུ་ཞེས་བྱ་བ་དོན་དམ་པར་འབྲེལ་བ་ཉིད་ཀྱིས་འཇུག་ནའོ། །གཞན་གྱིས་


DTG186_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་དོན་དམ་པར་འབྲེལ་པ་ཉིད་དུ་རྒྱུ་མཚན་ལ་སྒྲ་འཇུག་བཞིན་པར་མཐོང་བ་དེས་ན་འཇུག་གོ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། ལན་དུ་དོན་དམ་པར་འབྲེལ་བ་ཉིད་ཀྱིས་འཇུག་བཞིན་པར་ནི་མཐོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། འདོད་བ་ཙམ་གྱིས་ཞེས་བྱ་བའོ། །འོན་ཏེ་འདོད་པ་ཙམ་ཞུགས་པ་ནི་རྒྱུ་མཚན་ལ་ཞུགས་པ་ལས་གཞན་ཡིན་ཏེ། དེས་ན་རྣམ་པར་དབྱེ་བ་ཡོད་དོ་ཞེ་ན། རྗོད་པར་འདོད་པ་ཙམ་གྱིས་ཞུགས་པའི་སྒྲ་དང་གཞན་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བ་ལ་ཁྱད་པར་མཐོང་བ་ནི་མེད་དོ། །འདོད་པ་ཞེས་བྱ་བ་ནི་འདི་སྙམ་དུ་འདོད་པས་ཞུགས་པ་དང་གཞན་ལ་རང་གི་ངོ་བོས་ནི་ཁྱད་པར་ཡོད་པ་མ་ཡིན་གྱི་འོན་ཀྱང་འདོད་པ་ཡོད་པ་དང་མེད་པ་དག་གིས་ཁྱད་པར་དུ་གྱུར་པ་ཡིན་ལ། འདོད་པ་དེ་མ་དམིགས་པ་ཡང་མེད་པ་ཡིན་ཏེ་ཁྱད་པར་ཡིན་ནོ་ཞེ་ན། ལན་ནི་མ་དམིགས་པ་ཞེས་བྱ་བའོ། །འདས་པའི་འདོད་པ་གཞན་གྱི་རྒྱུད་ལ་ཡོད་པ་རྟགས་ལས་རང་ཡོད་པའི་དུས་ནམ་རྟོགས་པ་ལ་ཡང་ངོ༌། །ཡང་གི་སྒྲས་ནི་མེ་དཔ་འབའ་ཞིག་ལ་ཡིན་པར་ནི་མ་ཟད་པའོ། །གལ་ཏེ་ཡོད་ན་ཅི་ལྟར་འོ་ན་འདོད་པའི་གནོད་བྱེད་མ་ཡིན་ཞེ་ན། བརྗོད་པ་མ་དམིགས་པ་ནི་ཞེས་བྱ་བའོ། །འཇིག་རྟེན་ཐམས་ཅད་ཀྱི་འདོད་པ་ལ་ནི་གནོད་པ་མ་ཡིན་ནོ། །འདི་ག་ལས་ཤེ་ན། ད་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་པ་ཁོ་ན་ལ་མི་དམིགས་པ་གནོད་པར་བྱེད་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། དེས་ན་འདོད་པ་ཐམས་ཅད་ཀྱིས་གནོད་པ་བྱེད་པ་ནི་མ་ཡིན་ཏེ། དམིགས་པའི་མཚན་ཉིད་ཀྱིས་གྱུར་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཐམས་ཅད་ཀྱི་འདོད་པ་མེད་པ་མ་ཡིན་པ་དེའི་ཕྱིར་རོ། །འདིར་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པའི་སྒྲ་ལའོ། །དེའི་སྟེ་རྒན་པོ་འདས་ནས་ཡུན་རིང་དུ་ལོན་པའི་ཉེ་བར་བསྟན་པས་སོ། །དེའི་ཚེ་འགལ་བ་ཅི་ཡོད་དེ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་རྒྱུ་མཚན་ལ་འཇུག་པ་དེ་བཞིན་དུ་རྒྱུ་ཅན་ལ་ཡང་སྒྲ་འཇུག་པ་ཡིན་ནོ་ཞེས་བརྗོད་པ་དེ་བསྒྲུབས་ནས་མཇུག་སྡུད་པ་ནི། དེས་ན་ཞེས་བྱ་བའོ། །དེས་ན་སྒྲ་རྣམས་ནི་འདོད་པ་ལ་རེག་པས་འཇུག་པ་ཉིད་དོ་ཞེས་གནས་སོ། །དེ་ལྟར་སྒྲ་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བར་སྨྲ་བ་རྣམས་བསལ་ནས། སྒྲ་རྫས་ཀྱིས་རབ་ཏུ་སྦྱར་བར་


DTG186_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་རྣམས་བསལ་བའི་ཕྱིར་ཉེ་བར་འགོད་པ་ནི་གཞན་དག་ཅེས་བྱ་བའོ། །ཅི་སྨྲ་ཞེ་ན་སྔར་ཞེས་བྱ་བ་ནས་འདི་ལ་ཚད་མ་འགའ་ཡང་མེད་དོ་ཞེས་བྱ་བའི་མཐར་ཐུག་པའོ། །ཅིའི་ཕྱིར་དེ་ལྟར་མི་འཇུག་སྙམ་ན། རིམ་གྱིས་ཞེས་བྱ་བའོ། །དེས་ན་རྒྱུ་མཚན་ཅན་ཉིད་ལ་སྒྲ་འཇུག་གི་རྒྱུ་མཚན་ལ་མ་ཡིན་ཞིང༌། དའི་སྒོ་ནས་རྒྱུ་མཚན་ཅན་ལ་འཇུག་པ་ཡང་མ་ཡིན་ནོ། །དེས་ན་ཐུག་པ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྒྲ་རྒྱུ་མཚན་ཅན་གྱིས་རབ་ཏུ་སྦྱར་བར་སྨྲ་བའི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །རྒྱུ་མཚན་འགའ་ཞིག་ལ་ཡང་སྒྲ་འཇུག་པར་མཐོང་ངོ༌། །རྒྱུ་མཚན་དེ་གང་ཞེ་ན། དངོས་པོ་ཉིད་དང་ཞེས་བྱ་བའོ། །ལན་ནི་དངོས་པོ་ཞེའམ་བ་ལང་ཞེས་བྱ་བའི་སྒྲ་ནི་རྒྱུ་མཚན་ལ་མཐོང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཉིད་ལ་སོགས་པའི་སྒྲ་དེ་ནིའོ། །གལ་ཏེ་ཡང་དངོས་པོ་ཉིད་ལ་སོགས་པའི་སྒྲ་རྒྱུ་མཚན་ལ་མཐོང་བ་དེ་ལྟ་ན་ཡང་དངོས་བོ་དང་བ་ལང་གི་སྒྲས་དང་པོ་རྒྱུ་མཚན་བརྗོད་ནས། རྒྱུ་མཚན་དང་ལྡན་པ་ལ་འཇུག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་དེ་སྒྲ་གཞན་ཡིན་ཞེ་ན། གང་ཞིག་ཅེས་བྱ་བའོ། །དངོས་པོ་ལ་སོགས་པའི་སྒྲ་ནི་དངོས་པོ་ཉིད་ལ་སོགས་པ་ལ་རབ་ཏུ་སྦྱར་བ་མ་ཡིན་ནོ་ཞེས་བསམས་པའོ། །འདི་ག་ལས་སྙམ་ན། བརྗོད་བྱ་ཞེས་བྱ་བའོ། །དངོས་པོ་ཉིད་ལ་སོགས་པའི་སྒྲ་དག་དེ་ལྟར་སྒྲ་གཞན་ཡིན་མོད། དེ་ལྟ་ན་ཡང་ཅི་ལྟར་རྒྱུ་མཚན་ལ་འཇུག་པ་མ་ཡིན་ཞེ་ན། རྗེས་སུ་འགྲོ་བ་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་རྐྱེན་དང་ཞེས་བྱ་བའོ། །སྒྲ་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བར་སྨྲ་བ་དག་གིས་བརྒལ་བ་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ཅི་ལྟར་ན་རྒྱུ་མཚན་རྗོད་པར་བྱེད་པ་ཡིན་ཞེ་ན། གང་གི་ཚེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་རྒྱུ་མཚན་གྱི་མཚན་ཉིད་དོ། །ཅི་ལྟར་དེས་དེ་གསལ་སྙམ་ན། དངོས་པོའི་ཞེས་སྨྲས་སོ། །སྒྲ་རྫས་ཀྱིས་རབ་ཏུ་སྦྱར་བས་སྨྲ་བ་དག་གིས་ལན་བཏབ་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྫས་ལ་འཇུག་པའི་སྒྲ་ལའོ། །དེའི་ཁྱད་པར་ནི་རྫས་ཀྱི་ཁྱད་པར་རོ། །འདི་ཡང་ཁས་བླངས་ནས་བརྗོད་པར་ཟད་དོ་ཞེས་སྨྲས་པ་ནི། རང་བཞིན་དང་ཞེས་བྱ་བའོ། །དེས་ན་སྒྲ་ཐམས་ཅད་ནི་རྫས་ལ་འཇུག་པ་ཁོ་ནའོ་ཞེས་ཡིད་ལ་


DTG186_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མནོས་པའོ། །ཡང་སྒྲ་རྫས་ཀྱིས་རབ་ཏུ་སྦྱར་བ་སྨྲ་བ་གཞན་འགོད་པ་ནི། གཞན་དག་ནི་ཞེས་བྱ་བའོ། །ཉིད་ལ་ཞེས་བྱ་བ་ནི་རྒྱུ་མཚན་ལ་མ་ཡིན་པའོ། །འོ་ན་ཅི་ལྟར་ན་རིགས་མི་མཐུན་པ་ལས་རྣམ་པར་གཅོད་པར་བྱེད་པ་ཡིན་ཞེ་ན། རྒྱུ་མཚན་ནི་ཞེས་བྱ་བའོ། །སྔ་མ་ནི་སྒྲ་ལས་མ་རྟོགས་པའི་རྒྱུ་མཚན་ཉིད་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ན། འདི་ནི་མ་བརྗོད་པར་ཟད་ཀྱི་རྣམ་པར་གཅོད་པར་བྱེད་པ་མ་རྟོགས་པ་ནི་མ་ཡིན་ནོ་ཞེས་བརྗོད་པའོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་ཁྱད་པར་རོ། །ད་ནི་གྲུབ་པའི་མཐའ་གསུངས་པ་ནི། དེ་ནི་ཞེས་བྱ་བ་སྟེ། ལུགས་གཉི་ག་ཡང་ངོ། །གལ་ཏེ་རྒྱུ་མཚན་འགའ་ཞིག་ལ་སྒྲ་སྟེ་འཇུག་པར་གྲུབ་ན། དེའི་ཚེ་རྒྱུ་མཚན་དང་ལྡན་པ་ལ་ཡང༌། འཇུག་པ་དེ་ནི་དངོས་སྟོབས་ལས་གྲུབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། རྒྱུ་མཚན་མ་བརྗོད་པ་ནི། དེས་རྣམ་པར་གཅོད་པ་རྟོགས་པ་མ་ཡིན་ནོ། །འོན་ཏེ་རྒྱུ་མཚན་ནི་སྒྲ་ལས་རྟོགས་པ་ཁོ་ནར་ཟད་ཀྱི་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་རྟོགས་པས་གྲུབ་པར་ཁས་ལེན་པ་ན་རྒྱུ་མཚན་བརྗོད་པར་བྱ་བ་ཉིད་མ་ཡིན་ན། དེའི་ཚེ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ནི་རི་བོང་ཅན་ལའང་བཟློག་མེད་ཕྱིར་རོ། །རིགས་པ་མཚུངས་པའི་ཕྱིར་རོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྒྱུ་མཚན་མ་རྟོགས་ན་ནི་རྒྱུ་མཚན་དང་ལྡན་པ་ལ་ཡང་སྒྲ་འཇུག་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། སྒྲ་ཞེས་བྱ་བའོ། །ཁྱད་པར་ཅན་རྟོགས་པ་ནི་ཁྱད་པར་རྟོགས་པར་མེད་པར་མི་འགྱུར་བའི་ཕྱིར་དེ་མེད་ན་ཅི་ལྟར་སྲིད། སྲིད་ན་ཡང་རྒྱུ་མཚན་བརྗོད་བྱ་མ་ཡིན་པར་ཅི་ལྟར་འགྱུར་ཞེས་སྨྲ་བ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་རྒྱུ་མཚན་གྱིས་རྣམ་པར་གཅད་པ་སྒྲ་ལས་རྟོགས་ན། དེའི་ཚེ་རྒྱུ་མཚན་དེ་ཡང་བློ་ལ་གནས་པས་ཅི་ལྟར་བརྗོད་པར་བྱ་བ་མ་ཡིན་ཏེ་ཡིན་པ་ཁོ་ནའོ། །འདི་ག་ལས་ཤེ་ན། རྒྱུ་མཚན་ཅན་ཞེས་བྱ་བ་སྟེ་རྫས་ལའོ། །དེ་ཞེས་བྱ་བ་ནི་སྒྲས་རྟོགས་པའོ། །དེས་ན་རྒྱུ་མཚན་ཡང་བརྗོད་པར་བྱ་བ་ཉིད་དོ་ཞེས་དགོངས་པའོ། །དེས་ན་སྒྲ་རྣམས་ནི་རྫས་ལ་འཇུག་པ་ཉིད་མ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་སྒྲས་རྒྱུ་མཚན་དང་རྒྱུ་མཚན་ཅན་གཉི་ག་རྟོགས་པ་དེ་ལྟ་ན་ཡང་རྒྱུ་མཚན་དང་ལྡན་པའི་རྫས་ཉིད་གཙོ་བོར་རྟོགས་པ་ཡིན་ཏེ། འཇིག་རྟེན་ནི་དེ་དོན་དུ་གཉེར་གྱི་དར་བ་


DTG186_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོན་ཏན་བརྗོད་བྱ་མ་ཡིན་ན། འོ་ན་ཅི་ལྟར་རྟོགས་སྙམ་ན། མེད་ན་མི་འབྱུང་བ་ཉིད་ཀྱིས་ཞེས་གསུངས་སོ། །འོ་ན་ནི་གང་གིས་དེ་ཉིད་ནི་གཙོ་བོ་མ་ཡིན་ན། གང་གིས་དེ་ཉིད་རྟོགས་པར་འགྱུར། ཅིའི་ཕྱིར་ཞེ་ན། གཙོ་བོ་ཕལ་པ་ཞེས་སྨོས་སོ། །གང་གིས་ཞེས་བྱ་བ་རྒྱུ་མཚན་ནམ་རྫས་ཀྱི་དབང་དུ་བྱས་པའོ། །དེ་ཉིད་ནི་རྒྱུ་མཚན་ནམ་རྫས་ཉིད་དོ། །དེའི་དོན་ཅན་ནི་ནད་མེད་པར་བྱེད་པའི་དོན་དུའོ། །དེའི་དོན་དུ་ནི་ལྟོ་ལ་ངན་གྱི་དོན་དུའོ། །འོ་ན་གང་གི་ཚེ་རྫས་གཙོར་བོར་རྟོགས་པར་བྱེད་ཅེ་ན། གང་གི་ཚེ་ཞེས་བྱ་བའོ། །གཉི་ག་ཡང་ཞེས་བྱ་བ་ནི་རྫས་དང་ཡོན་ཏན་ཚོགས་པའོ། །གལ་ཏེ་ད་ལྟར་སྒྲ་རྣམ་བ་གཉི་ག་ལྟར་ཡང་འཇུག་ན་འོ་ན་ཅི་ལྟར་འདོད་པ་ཙམ་གྱིས་འཇུག་པ་ཡིན་སྙམ་ན། དེ་ལ་ཞེས་བྱ་བའོ། །འདིས་ན་གྲགས་པ་ཙམ་ནི་སྒྲ་ཙམ་གྱི་རྒྱུ་མཚན་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་བསལ་བ་ཡིན་ནོ། །གཞན་དག་བརྗོད་པར་བྱ་བ་མ་ཡིན་ཡང་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ནི། ཅི་སྟེ་ཡང་ཞེས་བྱ་བ་ནས། རྣམ་པར་གཅོད་པར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བའི་བར་རོ། །དེ་ཞེས་བྱ་བ་ནི་རྒྱུ་མཚན་ནོ། །ཅི་ལྟར་བརྗོད་པར་བྱ་བ་མ་ཡིན་ཞེ་ན་དཔེར་ན་ཞེས་བྱ་བའོ། །བྱ་རོག་དེ་ངེས་པ་མེད་པའི་ཕྱིར་ཡང་ཁྱིམ་གྱི་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཅི་ལྟར་ཞེས་བྱ་བའོ། །དེ་མེད་ཀྱང་ཞེས་བྱ་བ་ནི་བྱ་རོག་མེད་ཀྱང་ངོ༌། །གཏན་ཚིགས་དེས་ན་བྱ་རོག་དེ་ནི་བླང་བར་བྱ་བ་མ་ཡིན་ཏེ་ཁྱིམ་གྱི་སྒྲས་བརྗོད་པ་ཉིད་ཀྱིས་འཛིན་པ་མ་ཡིན་ནོ། །མི་ལ་སོགས་པ་སྟོན་པར་བྱེད་པ་ནི་བླང་བར་བྱ་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །བྲམ་ཟེ་ལ་སོགས་པའི་སྒྲ་ནི་མི་ལ་སོགས་པ་བརྗོད་པའི་དོན་དུ་ཉེ་བར་ལེན་པ་མ་ཡིན་ཏེ། དེ་དག་ནི་བྲམ་ཟེ་ལ་སོགས་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཉེ་བར་མཚོན་པར་བྱེད་པ་ཉིད་དུ་ཁས་བླངས་ནས་རྗོད་པར་བྱེད་པ་མ་ཡིན་པ་ཉིད་དུ་བརྗོད་པ་མ་ཡིན་གྱི་ཉེ་བར་མཚོན་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བརྗོད་པ་ནི། བྱ་རོག་གིས་ཞེས་བྱ་བའོ། །དེ་ནི་ཁང་བཟངས་སོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་སྟེ་བྱ་རོག་དེ་ནིའོ། །འོ་ན་དེ་གང་གི་ཉེ་བར་མཚོན་བྱེད་ཡིན་སྙམ་ན། རྟོག་པ་མངོན་དུ་ཞེས་བྱ་བའོ། །དེ་ལྟ་མ་


DTG186_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཞེས་བྱ་བ་ནི་ལྷ་གང་གི་རྒྱུ་མཚན་མེད་ནའོ། །དེས་ན་བྱ་རོག་བརྗོད་བྱ་མ་ཡིན་པ་དེ་བཞིན་དུ་རྒྱུ་མཚན་ཡང་ཡིན་ནོ་ཞེས་གནས་སོ། །གལ་ཏེ་བྱ་རོག་ཁྱིམ་གྱི་སྒྲའི་བརྗོད་བྱ་མ་ཡིན་ན། འོ་ན་ཅི་ལྟར་ཞེས་འདྲི་བའོ། །ལན་ནི་མངོན་སུམ་གྱིས་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་མངོན་སུམ་གྱིས་གྲུབ་པ་ཉིད་ཀྱིས་སོ། །འདི་ནི་བྱ་རོག་གོ །བྱ་རོག་བཞིན་དུ་རིགས་ལ་སོགས་པ་ཡང་གཞན་བརྗོད་པས་སྟོན་པ་ཡིན་ནོ་ཞེ་ན། རིགས་ལ་སོགས་པ་ཞེས་བྱ་བའོ། །དེའི་ཕྱིར་རིགས་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པ་ཡང་དེ་དང་རིགས་མི་མཐུན་པ་ལས་རྣམ་པར་གཅོད་པར་བྱེད་པ་འགྱུར་བ་ཡིན་ནོ་ཞེ་ན། འདི་ལ་ལན་བརྗོད་པ་ནི། རྒྱུ་མཚན་གང་ཞིག་ལོགས་སུ་རྟོགས་པར་འགྱུར་བ་དེ་ནི་བརྗོད་པར་བྱ་བ་མ་ཡིན་ཡང་རྣམ་པར་གཅོད་པར་བྱེད་པར་འགྱུར་བ་ཞེས་བྱ་བ་དེ་ལ་ནི་ལོག་པར་རྟོགས་པ་མེད་པ་ཁོ་ན་སྟེ་བྱ་རོག་བཞིན་ནོ་ཞེས་བལྟ་བར་བྱའོ། །བ་ལང་ལ་སོགས་པའི་རྒྱུ་མཚན་གང་ཞིག་སྒྲ་དེ་ཉིད་ལས་རྟོགས་ཀྱི། སྒྲ་གཞན་ལས་ནི་མ་ཡིན་པའི་རྒྱུ་མཚན་དེ་ནི་བརྗོད་པར་བྱ་བ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སྒྲས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་བཤད་པའི་དོན་དུ་དོགས་པ་བསུ་བ་ནི་དེ་ལ་ཞེས་བྱ་བའོ། །རྒྱུ་མཚན་དང་ལྡན་པ་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་རྟོགས་པ་ཞེས་བྱ་བའོ། །གལ་ཏེ་སྒྲ་ལས་རྟོགས་པར་གྲུབ་ཀྱི། དེའི་བརྗོད་པར་བྱ་བ་ཉིད་མ་ཡིན་ནོ། །དེའི་ཚེ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་རྒྱུ་མཚན་དང་ལྡན་པ་རི་བོང་ཅན་ལའང་བཟློག་པ་མེད་པ་ཉིད་དོ། །འདི་ཉིད་གསལ་བར་བྱེད་པ་ནི། རྒྱུ་མཚན་བཞིན་དུ་ཞེས་བྱ་བའོ། །གཉི་ག་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྒྲ་ལས་རྟོགས་པ་ཉིད་ཀྱིས་རྒྱུ་མཚན་དང་ལྡན་པ་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། རྟོགས་པ་ཉིད་ལས་རྒྱུ་མཚན་དང་ལྡན་པའི་བརྗོད་པར་བྱ་བ་ཉིད་དུ་ཁས་ལེན་པ་ཡིན་ན་ནི། རྒྱུ་མཚན་ལ་ཡང་བརྗོད་པར་བྱ་བ་ཉིད་མཚུངས་སོ། །དེ་བས་ན་རྒྱུ་མཚན་དང་ལྡན་པ་ཉིད་ལ་ནི་སྒྲ་འཇུག་པ་མ་ཡིན་ནོ་ཞེས་གནས་སོ། །ཡང་རྣམ་པ་གཞན་གྱིས་སྒྲ་ལས་རྟོགས་པ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་སྣོད་


DTG186_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ནི་མ་ཡིན་ཏེའོ། །ཅིའི་ཕྱིར་ཞེ་ན། སྣོད་དེའོ། །ཅིའི་ཕྱིར་མི་རྟོགས་ཤེ་ན། རང་གིས་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བའོ། །བརྗོད་པར་བྱ་བ་མ་ཡིན་པ་ནི་རྒྱུ་མཚན་ནོ། །མ་རྟོགས་པས་མཚོན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི། མཚོན་པར་གྱུར་བས་ནི་ཞེས་བྱ་བའོ། །ཉེ་བར་མཚོན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་ནོ། །ཕྱོགས་ནི་དུས་ཕྱིས་སོ། །དེས་རྣམ་པར་བཅད་པ་ནི་རྒྱུ་མཚན་གྱིས་རྣམ་པར་བཅད་པ་ཉིད་ཀྱི་རིགས་མཐུན་པ་ལའོ། །ལན་ནི་དེ་ལྟ་ནའོ་ན་ཞེས་བྱ་བའོ། །གལ་ཏེ་ཤིན་ཏུ་གོམས་པ་ལས་རྒྱུ་མཚན་རྟོགས་པ་མེད་བཞིན་དུ་སྒྲ་འཇུག་ན། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་མེ་ལ་སོགས་པ་འབའ་ཞིག་ལ་ཡིན་པར་མ་ཟད་པའོ། །ཅིའི་ཕྱིར་ཞེ་ན། བྱ་རོག་བཞིན་དུ་ཞེས་བྱ་བའོ། །ཁྱི་ཤ་དེ་ལ་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲའི་རྒྱུ་མཚན་ཞུགས་པའི་ཕྱིར་རོ། །དཔེར་ན་བྱ་རོག་བྱི་ཤ་ལ་ཞུགས་པ་དེ་བཞིན་དུ་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲའི་རྒྱུ་མཚན་ཡང་ཡིན་ནོ། །དེས་ན་མེ་ལ་སྦྱིན་སྲེག་ལ་སོགས་པའི་སྒྲ་ནི། རྒྱུ་མཚན་ཡོད་པས་ན་དེ་རྟོགས་པ་མེད་ཀྱང་ཤིན་ཏུ་གོམས་པ་ལས་འཇུག་པར་བྱ་བ་ཡིན་ནོ། །འོན་ཏེ་རྒྱུ་མཚན་དག་ནི་ངེས་པ་ལ་འཇུག་པ་དག་ཡིན་ནོ། །དེས་ན་ཉེས་པ་འདི་མེད་དོ་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །དེས་ན་སྒྲ་འཇུག་པའི་རྒྱུ་མཚན་ནི་ཡུལ་ངེས་པ་ཅན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁྱི་ཤ་ལ་ཡང་དང་པོ་རྒྱུ་མཚན་ཡོད་པས། དུས་ཕྱིས་ཤིན་ཏུ་གོམས་པ་ལས་རྒྱུ་མཚན་རྟོགས་པ་མེད་ཀྱང་མེ་ལ་སྦྱིན་སྲེག་ལ་སོགས་བའི་སྒྲ་འཇུག་པ་མི་བཟློག་པ་ཁོ་ནའོ་ཞེས་དགོངས་པའོ། །དོགས་པ་ནི་དེ་ནི་ཞེས་བྱ་བ་སྟེ། བ་ལང་གི་སྒྲ་ནི་དོན་དགུ་པོ་དག་ལའོ། །ལན་ནི་ཁྱི་ཤ་ལ་ཡང་ཞེས་བྱ་བའོ། །སྐབས་ཀྱི་མཇུག་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ཉེས་པ་དང་ལྡན་པ་མི་བཟློག་པ་ཅིའི་ཕྱིར་ཞེ་ན། རྟོགས་པར་བྱ་བ་ཐམས་ཅད་ལའོ། །ཅི་ལྟར་བཟློག་པ་མེད་སྙམ་ན། རུང་བ་ཉིད་ཅེས་བྱ་བའོ། །རུང་བ་ཉིད་དེ་འགོག་པའི་སྤྱོད་པ་ལ་རྗེས་སུ་དཔག་པ་གང་ལ་རུང་བ་ཉིད་ཀྱིས་ཡུལ་ཡོད་པ་གྲགས་པ་ཞེས་བྱ་བ་དེས་གནོད་དོ་ཞེས་སྦྱར་རོ། །ཅི་ལྟ་བུ་ཞིག་གིས་ཤེ་ན། འདོད་པ་ཙམ་དང་འབྲེལ་པས་ན་བརྡ་འགོག་བ་མེད་པ་དེ་ལས་སྐྱེས་པའོ། །ཅི་ལྟར་གནོད་པར་བྱེད་པ་


DTG186_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེ་ན། བརྡ་རྗེས་འཇུག་པའི་སྒྲ་རྣམས་ལ་ནི་གང་གི་ཕྱིར་དོན་ངེས་པ་ཡོད་པ་མ་ཡིན་ཏེ། དེས་ན་བརྗོད་པར་བྱ་བ་གཅིག་ཁོ་ན་ཡོད་དགོས་སོ་ཞེས་བྱ་བའི་ངེས་པ་ག་ལ་ཡོད། འོན་ཏེ་ཁྱི་ཤ་ཟ་བར་རྟོགས་པ་ནི་གྲགས་པས་གནོད་པ་དེས་ན། དེ་འགོག་གི་ཞེ་ན། འདིས་ནི་ཞེས་བྱ་བ་སྟེ། སྒྲ་རྣམས་དོན་ངེས་པ་ཡོད་པ་མ་ཡིན་པར་བསྟན་པ་འདིས་ནི། སྤྱོད་པ་པ་དེ་རྣམས་ཁྱི་ཤ་ཟ་བར་རྟོག་པ་དེར། ཁྱི་ཤ་ཟ་བར་རྟོག་པ་ནི་གྲགས་པས་བསལ་པ་ཡིན་ནོ་ཞེས་འགོག་པ་འགལ་བ་ཡིན་ནོ། །གལ་ཏེ་འདི་གྲགས་པས་གནོད་པ་ཡིན་ན། རིག་བྱེད་སྐྱེས་བུས་མ་བྱས་པ། །ཞེས་བྱ་བ་ཡང་གྲགས་པས་གནོད་པར་འགྱུར་ཏེ། རིག་བྱེད་ནི་སྐྱེས་བུས་བྱས་པ་ཉིད་དུ་གྲགས་པའི་ཕྱིར་རོ། །འཆད་པ་ནི་གང་ཞིག་ཅེས་བྱ་བ་སྟེ་དཔྱོད་པའོ། །དེ་ལ་ནི་དཔྱོད་པ་པ་ལའོ། །ཅི་ལྟར་འདི་ལ་གནོད་སྙམ་ན། །འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དེ་ལ་ཞེས་བྱ་བ་སྟེ། སྒྲ་རྣམས་དོན་ངེས་པ་མེད་པར་བསྟན་པ་ནའོ། །བརྒལ་ཞིང་བརྟག་པའི་རྣམ་པ་བརྗོད་པ་ནི་རིག་བྱེད་ཅེས་བྱ་བའོ། །ཅི་ལྟར་གྲགས་པས་གནོད་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་ནོ། །བསྒྲུབས་པ་ལས་གཞན་པའི་དོན་མཐོང་བ་ཡོད་དམ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །འདིར་ཞེས་བྱ་བ་ནི་རྐང་པར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ལ་གཞན་དུ་ཞེས་བྱ་བ་བསྒྲུབས་པ་མི་སྲིད་པའི་ཕྱིར་དེ་ལྟར་ལེགས་པར་བྱས་པའི་ཡུལ་ཅན་དུ་རྟོགས་པ་ཡིན་ནོ། །འོན་ཏེ་དེ་ལྟར་མ་ཡིན་ཏེ། ལེགས་པར་བྱས་པ་མེད་ན། སྒྲ་ཚད་མར་མེད་པའི་ཕྱིར་ལོག་པར་བྱས་པའི་དོན་དུ་རྟོགས་པ་ཡིན་ནོ་ཞེ་ན། ལན་ནི་ལུང་ཐམས་ཅད་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེར་ཏེ་ཚད་མར་བ་རྟག་པའི་རྒྱུ་མཚན་དེ་ལྟ་མ་ཡིན་ན་ཚད་མར་མི་འགྱུར་རོ་ཞེས་བྱ་བ་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྒྲ་རྣམས་ལ་དོན་ངེས་པ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ན། བདེ་བར་གཤེགས་པ་པ་དཔྱོད་པ་པ་དེས་ནི་གནོད་པ་མེད་པར་བསྟན་པ་ཡིན་ཞེས་འབྲེལ་ཏོ། །ཅི་ཞིག་བྱེད་པ་ལ་མི་གནོད་ཅེ་ན། རྒྱུ་མཚན་ཅན་གྱི་སྒྲ་ཡི་དོན། །གལ་ཏེ་ལ་ལར་དེ་གྲུབ་ན། །ཞེས་བྱ་བ་ལ་སོགས་པས་འགོག་པ་ལའམ། ཡང་ན་སྒྲ་རྣམས་ཀྱི་དོན་དམ་པ་


DTG186_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲེལ་པའི་མཚན་ཉིད་འགོག་པ་ལའོ། །གནོད་པ་མེད་པར་རོ། །འཆད་པ་ནི་རྒྱུ་མཚན་ལས་ཞེས་བྱ་བའོ། །གལ་ཏེ་སངས་རྒྱས་པ་བརྗོད་ན་དེའི་ཚེ་དེ་ལ་གྲགས་པས་གནོད་པའི་སྐྱོན་མེད་དོ། །གལ་ཏེ་དོན་དམ་པར་འབྲེལ་པའི་སྟོབས་ཀྱིས་དོན་སྟོན་པར་བྱེད་པའི་སྒྲ་འགའ་ཡང་མེད་དོ་ཞེས་བརྗོད་ན། ཡང་དེའི་ཚེ་སངས་རྒྱས་པ་དེ་ལ་གནོད་པ་མེད་པ་ཁོ་ནའོ། །འོ་ན་གང་ལ་གནོད་སྙམ་ན། དཔྱོད་པ་པ་ལ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་སངས་རྒྱས་བ་ལ་གནོད་པ་མེད་པ་དེས་ན། ཁྱི་ཤ་ཟ་བར་རྟོག་པ་གྲགས་པས་གནོད་པ་ཡིན་པར་དཔྱོད་པ་པས་བརྗོད་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྦྱར་རོ། །དེ་ལྟར་གྲགས་པས་གནོད་པའི་མཚན་ཉིད་རྣམ་པ་གཉིས་བཤད་ནས། མཇུག་བསྡུ་བའི་སྒོ་ནས་ལོགས་སུ་བརྗོད་པའི་དགོས་པ་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །ཅི་ལྟར་བསྟན་བཅོས་དང་རང་གི་ཚིག་རྗེས་སུ་དཔག་པ་ལས་ཕྱིར་རོལ་ཏུ་གྱུར་པ་མ་ཡིན་ཡང༌། ཡུལ་གྱི་དབྱེ་བ་བསྟན་པའི་དོན་དུ་ལོགས་སུ་བྱས་པ་དེ་བཞིན་དུ་གྲགས་པ་ཡང་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་འདི་ཡང་ངེས་པའི་ཡུལ་ཅན་དུ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་བཞིན་དུ་ཁས་མ་བླངས་པར་ཡང་གནོད་པར་བྱེད་པ་ཡིན་ནམ་ཞེ་ན། དམ་བཅས་པའི་ཞེས་སྨོས་སོ། །ཕྱིན་ཅི་ལོག་གི་དངོས་པོའི་རང་བཞིན་ནོ། །གཉིས་ནི་དམ་བཅས་པ་དང་བཟློག་པ་དག་ཚད་མ་མ་ཡིན་པ་ཉིད་དུ་སྟོབས་མཚུངས་པའི་ཕྱིར་རོ། །འོ་ན་གང་གིས་གནོད་པར་བྱེད་པ་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །གལ་ཏེ་བདག་བསྟན་བཅོས་ཚད་མར་ཁས་བླངས་པ་དེས་གནོད་པ་མ་ཡིན་ལ་བརྡ་ལས་བྱུང་བའི་རུང་བ་ཉིད་ཀྱིས་གནོད་པར་བྱང་གྲགས་པས་བསལ་བ་ཡིན་ནོ་ཞེས་ལོགས་སུ་བྱས་པའི་དོགས་པ་ཡིན་ནོ་ཞེས་ཅི་ལྟར་རྟོགས་ཞེས་དོགས་ན། གྲུབ་པ་ཞེས་གསུངས་ཏེ། བཤད་ཟིན་པའི་ཚུལ་དུ་གྲུབ་པ་ལུང་དང་གྲགས་པས་གནོད་པ་དག་ཐ་དད་པར་བཤད་པ་ལ་ཡུལ་གྱི་དབྱེ་བ་བསྟན་པའི་མཚན་ཉིད་ཀྱི་དགོས་པ་བསྟན་པའི་ཕྱིར་ན་ལུང་དང་གྲགས་པས་གནོད་པ་རྒྱུ་དང་བཅས་པར་རབ་ཏུ་བརྗོད་དོ། །དམ་བཅས་པ་ཙམ་གྱིས་ཞེས་བྱ་བ་དང༌། སྒྲ་ལས་བྱུང་བའི་གྲགས་པས་ཞེས་བྱ་པར་རོ། །མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་ལ་ནི་རྒྱུ་དང་བཅས་པར་


DTG186_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་མ་ཡིན་ནོ། །དེ་ལ་ནི་ཚད་མ་ཀུན་ལ་བཏུས་པར་རོ། །ཅི་ལྟར་འདིའི་དགོངས་པ་འདི་ཁོ་ན་ཡིན་ཞེ་ན། གསུང་བ་ལ་མཁས་པ་ནི་མི་སྲིད་དོ་ཞེས་འབྲེལ་ཏོ། །ཅི་ལྟར་འགྱུར་བ་མི་སྲིད་སྙམ་ན། དགོས་པ་དེ་དང་བྲལ་ཏེ་མེད་པ་སྟེ། དེ་ལ་ཐུགས་གཞོལ་བ་གང་ཡིན་པ་དང། །ཡོངས་སུ་རྒྱས་པ་ལས་གཞན་མ་རྒྱས་པའི་དགོས་པ་ཅན་གང་ཡིན་པ་དེ་གསུང་མི་སྲིད་དོ་ཞེས་ཚིག་སྦྱར་རོ། །གསུང་བ་ལ་མཁས་པ་ཞེས་བྱ་བ་ནི་ངག་དང་ཡིད་ཀྱི་ཉེས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ན་འདི་འདི་འདྲ་བའི་ཡོན་ཏན་དང་ལྡན་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ།། འབིགས་བྱེད་ཀྱི་ནང་ན་གནས་པ་ནི་གདུག་པ་ཅན་ནོ། །དེ་མི་བཟད་པའི་མུན་པ་ཆེན་པོ་ཡིན་ཏེ། གདུལ་བྱ་རྣམས་ལ་དོན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེའི་རྒྱ་ཆེན་པོ་ནི་རྒོད་པ་ཡིན་ཏེ། དེ་འཇོམས་པའི་ཐུགས་སློབ་དཔོན་གང་ལ་མངའ་བའོ། །ཉི་མ་ནི་འབིགས་བྱེད་ཀྱི་ནང་ན་གནས་པའི་མུན་པ་ཆེན་པོ་དེའི་རྒྱ་ཆེ་བ་གང་ཡིན་པ་འཇོམས་པ་མ་ཡིན་ཏེ། དེས་ན་སློབ་དཔོན་ནི་སྔོན་མེད་པའི་ཉི་མ་ཡིན་ནོ། །དགེ་ལེགས་ཀྱི་རི་ནི་ཐར་པའི་ལམ་འཕགས་པའི་བདེན་པ་བཞིའོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་དེ་ལས་འཆད་པའི་ཕྱིར་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། ཚངས་པ་ལ་སོགས་པས་བསྐུལ་པར་མི་ནུས་པའི་ཕྱིར་རོ། །དགེ་ལེགས་ཀྱི་རི་གང་ཡིན་པ་ལ་ཤིན་ཏུ་མཐོན་པ་ཡང་ཡིན་པས་ན་རི་མཐོན་ཏེ། འཕགས་པའི་བདེན་པ་བཞི་ལས་གཞན་པའི་ཐར་པའི་ལམ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེར་གསུང་གི་འོད་ཟེར་གྱི་ཚོགས་ཆེན་རྟག་ཏུ་བྱིན་ཅི་མ་ལོག་པར་འགྱེད་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉི་མ་ནི་ཤར་གྱི་རི་ཙམ་ལ་འོད་ཀྱི་ཚོགས་འགྱེད་པ་ཡིན་གྱི། སློབ་དཔོན་ནི་ཤིན་ཏུ་མཐོ་བའི་དགེ་ལེགས་ཀྱི་རིལ་འོད་ཟེར་གྱི་ཚོགས་ཆེན་པོ་འགྱེད་པ་ཡིན་ནོ། །དེས་ན་སྔ་ན་མེད་པའི་ཉི་མ་ཡིན་ནོ། །ཉི་མ་ནི་ལམ་བྲལ་ཞེས་བྱ་བ་བྱ་རྣམས་ཀྱི་ལམ་ནམ་མཁའ་གང་ཡིན་པ་དེར་འགྲོ་ལ། སློབ་དཔོན་ནི་དམ་པའི་ལམ་ལ་གནས་པའི་ཕྱིར་ལམ་དང་བྲལ་བ་ཕྱིན་ཅི་ལོག་གི་ལམ་དུ་མི་གཤེགས་སོ། །སློབ་དཔོན་ནི་གཞན་མུ་སྟེགས་པས་ཐོགས་པ་མེད་དེ་བཟློག་ཏུ་མེད་ཀྱི། ཉི་མ་ནི་སྤྲིན་ལ་


DTG186_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གཞན་གྱིས་ཐོགས་པ་ཡོད་པ་ཡིན་ནོ། །ནུབ་རི་ནི་ནུབ་ཀྱི་རི་ལྟ་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཉེས་པ་ཐམས་ཅད་ནུབ་པའི་ཕྱིར་དང༌། ཉེས་པའི་རླུང་གིས་མི་བསྒུལ་བའི་ཕྱིར་རོ། །དེར་འོད་ཟེར་གྱིས་ནི་ལག་བ་བཞག་པ་ནི་བཅས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པའི་མཚན་ཉིད་ཀྱི་ཐུགས་རྗེའི་ནི་འོད་ཟེར་ཏེ། ཕྱིན་ཅི་མ་ལོག་པའི་དོན་སྟོན་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ལག་པ་ཡིན་ཏེ་དེ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འཛིན་པའི་ཕྱིར་རོ། །དེའི་རྩོམ་པ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུས་འབྲས་བུ་དང་བྲལ་བ་གང་ཡིན་པ་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད་པའི་མཚན་ཉིད་དེར་འགྱུར་བ་ནི་སློབ་དཔོན་སྲིད་པ་མ་ཡིན་ཏེ། འཇམ་དཔལ་རང་ཉིད་ཀྱིས་དེ་སྐད་ཅིག་ཉིད་ལ་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད་བ་ལས་བཟློག་པའི་ཕྱིར་རོ། །ཉི་མ་ནི་རིམ་གྱིས་ནུབ་ཀྱི་རི་བོའི་ཐད་དུ་ཕྱིན་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་པོར་བདག་ཉིད་ཕྱིན་པར་རྟོགས་ནས་བདག་འདིར་ལྷུང་དུ་འོང་ངོ་སྙམ་དུ་སྙིང་ཕྱུང་བས་ནུབ་ཀྱི་རི་བོ་ལ་བརྟེན་ནས་གནས་པའི་དོན་དུ་འོད་ཟེར་སྟོང་དེར་བཞག་པར་གྱུར་ཏོ། །དེས་ན་ནུབ་ཀྱི་རིལ་འོད་ཟེར་གྱི་ལག་པ་བཞག་པ་གང་ཡིན་པ་དེ་དག་གི་རྩོམ་པ་ནི་འབྲས་བུ་མེད་པར་འགྱུར་ཏེ། ནུབ་ཀྱི་རི་ལ་རྟེན་མ་བཅས་ནས་རྒྱ་མཚོ་ཆེན་པོར་ལྷུང་བའི་ཕྱིར་རོ་ཞེས་མུ་སྟེགས་པའི་ལུང་ལས་མ་གྷས་གསལ་བར་བྱས་སོ། །དེས་ན་དེ་ལྟར་སྲིད་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ནི་སྔོན་མེད་པའི་ཉི་མ་ཡིན་པའི་ཕྱིར་སྔར་བཤད་པའི་ཡོན་ཏན་དང་ལྡན་པར་ངེས་པ་ཡིན་ནོ། །བརྗོད་མ་ཐག་པའི་ཡོན་ཏན་གཞན་དག་ལ་ནི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་སྡུད་པའོ། །ཅི་ལྟར་འདི་གཉིས་ཚད་མ་མ་ཡིན་པའི་ཕྱིར་ན་གནོད་བྱེད་ཡིན་སྙམ་ན། ལྷག་མ་ནི་ཞེས་སྨོས་སོ། །དེ་ལ་ཁས་བླངས་འབྲས་རྟགས་དང༌། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །ཡང་ན་གལ་ཏེ་རང་གི་ཚིག་དང་གྲགས་པ་དག་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཡུལ་ལ་བརྟེན་ནས་ཐ་དད་པ་ཡིན་ན། དེ་ལྟ་ཡང་རང་གི་ཚིག་དང་བསྟན་བཅོས་དང་འགལ་བ་གཉིས་གོ་ཅི་ལྟར་ཐ་དད་སྙམ་ན། ལྷག་མ་ནི་ཞེས་བྱ་བའོ། །ངག་གཅིག་ལ་རང་གི་ཚིག་དང་འགལ་བ་དང༌། ངག་ཐ་དད་པ་ལ་ནི་བསྟན་


DTG186_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་དང་འགལ་བ་ཡིན་ནོ་ཞེས་ཡུལ་གྱི་དབྱེ་བ་བྱས་པ་ཡིན་ནོ། །དེ་ལྟར་བརྗོད་པར་བྱ་བ་མང་བས་གོ་རིམས་ལས་བརྒལ་ཏེ། རང་གི་ཚིག་དང་གྲགས་པས་གནོད་པ་བཤད་ནས། མངོན་སུམ་གྱིས་གནོད་པ་བརྗོད་པ་ནི། མངོན་སུམ་གྱིས་ཞེས་བྱ་བའོ། །ངོ་བོ་ཉིད་གང་ཞིག་གཉིས་མེད་པར་སྣང་བར་གྱུར་པ་དེ་ཉིད་ཡོད་ན་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་གཉིས་མེད་པར་ཞེ་ན། སྣ་ཚོགས་སུ་ནི་ཞེས་བྱ་བའོ། །བརྗོད་པར་བྱ་བ་དེ་ཡང་གང་ཡིན་ཞེ་ན། དེར་ཡང་ཞེས་བྱ་བའོ། །དེས་ན་གསལ་བྱེད་ཀྱིས་ཅི་སྐད་དུ་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བས་ནི་དབང་པོ་དང་སྒྲ་དག་ནི་འབྲེལ་བ་དག་གི་འབྲེལ་པ་འགོག་པ་མིན་ལ། དེ་ཡང་མངོན་སུམ་གྱིས་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ་དེས་ན་འདི་མངོན་སུམ་གྱིས་བསལ་བའི་དཔེ་ཅི་ལྟར་ཡིན་ཞེས་བརྗོད་པ་དེས་བསལ་བ་ཡིན་ནོ། །འབྲེལ་བ་འགོག་པར་ཁས་མི་ལེན་པའི་ཕྱིར་རོ། །འོ་ན་ཅི་ཞིག་གོ་སྙམ་ན། འོ་ན་ཞེ་ན་ཞེས་བྱ་བས་སྟོན་ཏོ། །ཅི་ལྟར་གཉིས་མེད་སྙམ་ན། སྣ་ཚོགས་སུ་སྣང་བའི་ཞེས་སྨོས་སོ། །ཅི་ལྟར་ཉམས་སུ་མ་མྱོང་ཞེ་ན། རིགས་ཞེས་གསུངས་སོ། །འདི་ཡང་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པ་སྤོང་བ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ནི། དེས་ན་སྤྱིའི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །ཅི་ལྟར་དོན་འདི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ལས་རྙེད་སྙམ་ན་དེ་དོན་ཞེས་བྱ་བ་གཉིས་སུ་མེད་པར་བསྟན་པའི་དོན་དུ། མངོན་སུམ་དོན་དང་རྗེས་དཔག་དང༌། །ཞེས་བྱ་བའི་གཞུང་འདིར་དོན་བཤད་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་མངོན་སུམ་ལ་སྣང་བ་ཉིད་དོ། །ལྡོག་པ་བརྗོད་པ་ནི་སྤྱི་ལ་སོགས་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་ལ་ཞེས་བྱ་བ་བྱ་བའི་སྤྱི་ལ་སོགས་བ་མངོན་སུམ་ལ་སྣང་བར་ནུས་པ་ནི་མ་ཡིན་ཏེ། ཁ་དོག་དང་དབྱིབས་དང་ཡི་གེའི་རྣམ་པས་སྟོང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་དེ་མངོན་སུམ་ཡིན་པས་དེ་སྤོང་བ་ནི་མངོན་སུམ་གྱིས་གནོད་པ་ཡིན་ནོ་ཞེ་ན། གང་ལ་ཞེས་བྱ་བ་སྟེ། ཤེས་པ་གང་ལ་རིགས་ལ་སོགས་པ་སྣང་བ་དེ་ནི་མངོན་སུམ་ཡིན་ནོ། །ཡང་ན་གཞལ་བྱ་གང་ལ་སྣང་བ་དེ་རྟོགས་པ་མེད་པ་དེ་ནི་མངོན་སུམ་གྱི་གཞལ་བྱ་མ་ཡིན་ནོ། །རིགས་ལ་སོགས་པ་སྤོང་བ་ནི་མངོན་སུམ་གྱིས་གནོད་པ་མ་ཡིན་


DTG186_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རིགས་ལ་སོགས་པ་མེད་དོ་ཞེས་དམ་བཅའ་བ་ཡང་དག་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཅེས་བྱ་བ་ནི་མངོན་སུམ་ལ་སྣང་བ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པས་ནའོ། །རང་བཞིན་གཉིས་བ་ལྟར་ཞེས་བྱ་བ་ནི། མཆོད་པའི་དོན་གྱི་འབྱུང་པོའི་མགུལ་ཆིངས་ལྟར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་སྤྱི་མ་དམིགས་པ་མ་ངེས་བ་ཉིད་དུ་སྟོན་པར་བྱེད་དོ། །འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་སྤྱི་མེད་ན་འགར་ཡང་སྤྱིའི་ཐ་སྙད་མེད་བར་འགྱུར་ཏེ། རིགས་མཐུན་པར་འདོད་པའི་གསལ་བ་རྣམས་ཀྱང་ཕན་ཚུན་མི་འདྲ་བའི་ཕྱིར་རོ་ཞེས་བྱ་བའོ།། མི་འདྲ་བ་དེས་ན་རིགས་མཐུན་པ་དང་མི་མཐུན་པ་དང་འབྲེལ་པའི་ཐ་སྙད་འདི་དག་ནི་རིགས་མཐུན་པའོ་འདི་དག་རིགས་མི་མཐུན་པ་ཞེས་བྱ་བའི་ཐ་སྙད་དུ་ཅི་ལྟར་འགྱུར་ཏེ། བ་ལང་མ་ཡིན་པ་ལས་ལྡོག་པ་ཡང་གཅིག་པར་འཐད་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བ་སྟེ་དཔེར་ན་བ་ལང་མ་ཡིན་པ་ལས་ལྡོག་པའི་ཁྲ་བོ་དང་སེར་ཁྲ་དག་བཞིན་དུ་བ་ལང་དང་རྟ་དག་ལ་ཡང་གཞན་ལས་ལྡོག་པ་ཡོད་པ་ཡིན་ནོ། །དེ་ལྟ་ཡིན་དང་ཅི་ལྟར་བ་རྟ་རྣམས་སྡེ་ཚན་གཅིག་ཏུ་བྱེད་བ་དེ་བཞིན་དུ་བ་ལང་དང་རྟ་དག་ཀྱང་འགྱུར་རོ། །འདིས་ནི་ཁྲ་བོ་དང་རྟ་དག་སེར་སྐྱ་ལས་ཐ་དད་པར་མཚུངས་པར་བསྟན་ཏོ། །བ་རྟ་རིགས་མི་མཐུན་གཞན་ལས་ཞེས་བྱ་བ་ནི། མངོན་པར་འདོད་པའི་ཁྲ་བོ་ལས་གཞན་སེར་སྐྱ་གང་ཡིན་པ་དེ་ལས་བ་ལང་ཉིད་ལྡོག་པ་མཐོང་བ་ཡིན་ལ། ངང་པ་དང་མི་འདྲ་བའི་རྟ་གཞན་ལས་ལྡོག་པར་མཐོང་བ་ཡིན་ནོ། །དེས་ན་རིགས་མཐུན་པའི་ཐ་སྙད་དུ་ཅི་ལྟར་འགྱུར། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། རིགས་ལ་མི་ལྟོས་པའི་ལྡོག་པ་ཙམ་གྱིས་ནི། འཆོལ་བ་མེད་པར་མི་འགྲུབ་སྟེ་འོན་ཀྱང་འཚོལ་བ་ཁོ་ནའོ། །དོན་འདི་ཡིན་ཏེ། བ་ལང་མ་ཡིན་པ་ལས་ལྡོག་པའི་དབང་གིས་བ་ལང་རྣམས་ངང་པ་ལ་སོགས་པའི་གསལ་བ་དང་མ་འཆོལ་པར་བརྗོད་པ་ཡིན་ན་དེ་ཡང་མི་འགྲུབ་སྟེ། རིགས་མཐུན་པའི་གསལ་བ་རྣམས་ཀྱང་ཕན་ཚུན་རིགས་མི་འདྲ་བས་ལྡོག་པར་སྲིད་པའི་ཕྱིར་དང༌། རིགས་མཐུན་པ་དང་རིགས་མི་མཐུན་པའི་གསལ་བ་རྣམས་ཀྱང་གཞན་ལས་ལྡོག་བར་སྲིད་བའི་ཕྱིར་རོ། །འོ་ན་ཅི་ལྟར་ཐ་སྙད་འཆོལ་བར་བྱེད་པར་འགྱུར་སྙམ་ན་དངོས་པོའི་


DTG186_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨོས་སོ། །དེ་དོན་གཉེར་ནི་ཐ་སྙད་དོན་དུ་གཉེར་བས་སོ། །སྤྱི་ཉིད་ཅི་ལྟར་མི་འཆོལ་སྙམ་ན། རང་གི་ངོ་བོས་ཞེས་བྱ་བའོ། །དེའི་ཕྱིར་སྤྱི་རང་བཞིན་གཉིས་པ་ལྟར་སྤྱི་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་མི་འཐད་དོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རེས་འགའ་སྤྱི་ལ་སོགས་པ་རང་གི་ངོ་བོས་རྟོགས་པ་ཡིན་ན། དེའི་ཚེ་རང་གི་ངོ་བོས་རྟོགས་པ་ལ། འཆོལ་བར་ཐལ། མེད་པ་ཉིད་ཡིན་ན། འོན་ཀྱང་འདི་ཉིད་མི་འཐད་དོ། །རང་གི་ངོ་བོས་མ་རྟོགས་པའི་ཕྱིར་རོ། །འདིས་ནི་སྣང་བ་མི་དམིགས་པ་མ་དེས་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མི་སྣང་བའི་སྤྱི་ཉིད་ཐ་སྙད་མ་འཆོལ་བར་བྱེད་པའི་རྒྱུ་ཡིན་ནོ་ཞེ་ན། རང་གི་ངོ་བོས་ཞེས་བྱ་བའོ། །གང་དུ་བ་ལང་ལ་སོགས་པའི་དོན་རྣམ་པར་དབྱེ་བས་ངེས་པར་བྱར་མེད་པ་མུན་པར་མཐོང་བ་རྣམས་ལ་ཡང་མ་འཆོལ་བར་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་ཐལ་བའོ། །དེ་ལྟ་ཡིན་མོད་ཅི་སྐྱོན་སྙམ་ན། སྤྱི་ནི་ཞེས་བྱ་བའོ། །མུན་པར་གནས་པས་གསལ་བའི་རང་བཞིན་མ་རྟོགས་པའོ། །དེས་ན་སྤྱི་རྣམ་པར་ཕྱེ་བས་གསལ་བར་བྱེད་པ་མ་ཡིན་ནོ། །དེས་ན་ཞེས་བྱ་བ་སྤྱི་ལས་རྣམ་པར་ཕྱེ་ནས་རྟོགས་པ་མེད་པས་ནའོ། །འཆད་པ་ནི་ཇི་སྲིད་ཅེས་བྱ་བའོ། །ཕན་ཚུན་ཞེས་བྱ་བ་ནི། ཁྲ་བོའི་འདི་ནི་བ་ལང་ཡིན་ནོ་ཞེས་བྱ་བ་འདིར་ནི་སྤྱི་ཁྱད་པར་ཡིན་ལ། བ་ལང་རྣམས་ཀྱི་བ་ལང་ཉིད་ཅེས་བྱ་བ་འདིར་ནི། སྤྱི་ཁྱད་པར་ཉིད་ཡིན་ནོ། །གལ་ཏེ་ཐམས་ཅད་ཀྱི་ཚེ་སྤྱི་ཁྱད་པར་ཉིད་ཡིན་ན་དེའི་ཚེ་གོང་བུ་རྒྱང་རིང་པོ་ན་འདུག་ཀྱང༌། ཐམས་ཅད་ཀྱི་ཚེ་འདིར་ནི་བ་ལང་ངོ་སྙམ་པའི་རྟོགས་པ་སྐྱེད་པར་འགྱུར་རོ་ཞེས་སྟོན་པ་ནི། དུས་ཐམས་ཅད་དུ་ཞེས་བྱ་བའོ། །ཁྱད་པར་ཉིད་ཡིན་ན་ཞེས་བྱ་བ་ནི་རང་གི་རྣམ་པའི་རྗེས་སུ་བྱེད་པའི་བློའི་རྒྱུ་ཡིན་ནའོ། །ཅི་སྟེ་མི་རྟོགས་ཞེས་བྱ་བ་ནི། གསལ་བ་ཅི་སྟེ་མི་ངེས། འོན་ཏེ་ཁྱད་པར་ཡིན་ཡང་གསལ་བའི་ཡུལ་ལ་ཐེ་ཚོམ་ཟ་ཟློག་པར་བྱེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། གང་ཞིག་ཅེས་བྱ་བའོ། །ཐག་རིང་པོ་ནས་སྤྱི་མཐོང་བ་ན་ཡང་འདི་ནི་ངང་པའི་གསལ་བ་དང་མི་མཐུན་བ་བ་ལང་གི་གསལ་བ་ཡིན་ནོ་ཞེས་རྟོགས་པར་འགྱུར་གྱི་ཐེ་ཚོམ་ཟ་བར་ནི་མི་འགྱུར་རོ། །རྒྱང་རིང་པོ་ན་ནི་དེ་མ་བཟུང་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། སྤྱི་མེད་པར་


DTG186_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བའི་ཕྱིར་རོ། །རྣམ་པར་གཅོད་པར་བྱེད་པ་ཉིད་ཡིན་ཡང༌། ཐེ་ཚོམ་ཟློག་པར་བྱེད་པ་ཅི་ལྟར་ཡིན་ཞེ་ན། རྣམ་པར་གཅོད་པར་ཞེས་བྱ་བའོ། །སྤྱི་ལ་སོགས་པར་ནི་དེ་ལྟ་མ་ཡིན་ནོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཡོད་པའི་དོན་གྱི་བདག་ཉིད་ནི། །རང་གི་ངོ་བོ་ལས་མི་ལྡོག །ཅེས་བྱ་བ་ལ། །དོན་གྱི་བདག་ཉིད་སྤྱི་ནི་རང་གི་ངོ་བོ་ལས་མི་ལྡོག་སྟེ། རིགས་མཐུན་བ་དང་མི་མཐུན་པའི་གསལ་བ་ཐ་དད་པའི་ཕྱིར་རོ། །རང་བཞིན་ཡོད་པ་མིན་པ་ནི། །ཞེས་བྱ་བ་ནི། ཁྱབ་པ་མ་ཡིན་པ་ཉིད་ཀྱིས་དེར་ཡོད་པ་མ་ཡིན་པའོ། །ཡང་ན་དེ་ལྟ་ན་ཡང་ཐེ་ཚོམ་ལྡོག་པར་ཅི་ལྟར་འགྱུར་སྙམ་ན། གང་ཞིག་རྣམ་པར་གཅོད་པར་བྱེད་པ་ཞེས་སྨོས་སོ། །སྤྱི་ལ་སོགས་པ་ནི་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ནོ། །ཅི་ལྟར་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གཞན་ཡོད་པ་ཞིག་སྤྱིས་ལྡོག་པར་བྱེད་དམ། ཡང་ན་མེད་པ་ཞིག་དེ་ལ་གལ་ཏེ་ཡོད་པ་ཡིན་ན། དེའི་ཚེ་སྤྱི་ཡོད་ཀྱང་དོན་གྱི་བདག་ཉིད་རང་གི་ངོ་བོ་ལྡོག་པ་མ་ཡིན་ཏེ། དེས་ན་གང་གིས་ཐེ་ཚོམ་ཟློག་པར་ནུས་པར་འགྱུར་པ་ཅི་ལྟར་སྤྱི་རྣམ་པར་གཅོད་པར་བྱེད་པ་ཡིན། འོན་ཏེ་མེད་པ་ཡིན་ན་དེའི་ཚེ་རང་གི་ཡོད་པ་མིན་ན་ཡང་ཞེས་བྱ་བ་ལ་སོགས་པའོ། །དེས་ན་མི་ནུས་པ་དང་མི་དགོས་པས་ན་དོན་གྱི་བདག་ཉིད་ནི་སྤྱི་ལ་སོགས་པའི་སྟོབས་ཀྱིས་ལྡོག་པ་མ་ཡིན་ནོ། །འོན་ཏེ་གཞན་ལས་ཡོད་པ་ཁྱད་པར་གྱི་སྟོབས་ཀྱིས་ལྡོག་པར་བྱེད་དེ་དེས་ན་ཁྱད་པར་ནི་རྣམ་པར་གཅོད་པར་བྱེད་པ་ཁོ་ན་ཡིན་ནོ་སྙམ་ནས། ཁྱད་པར་སྟོང་ཕྲག་ཅིས་བྱ་བའོ། །སྔ་མ་ནི་གཞན་ལ་ཡོད་པའོ། །རང་གི་ངོ་བོ་ནི་གཞན་དུ་མི་འགྱུར་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་ཕན་ཚུན་བརྟེན་པའི་ཉེས་པས་སྤྱི་མི་ངེས་ན། འོ་ན་ཅི་ལྟར་དེ་ངེས་ཤེ་ན། གསལ་བ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་དེ་སྤྱི་ངེས་པ་ཡིན་ན། འོ་ན་སྤྱི་གང་ཡིན་སྙམ་ན། སྤྱི་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལྐོག་ཤལ་ལ་སོགས་པའོ། །གཞན་གྱིས་ན་ཞེས་སྨྲས་ཏེ། ལྐོག་ཤལ་ལ་སོགས་པ་རྣམས་ནང་ངོ༌། །ལན་ནི་སྤྱི་སྨྲ་བ་ལ་ཡང་ཞེས་བྱ་བའོ། །ཁྲ་བོ་ལ་སོགས་པའི་གསལ་བ་ཕན་ཚུན་ཐ་དད་པ་དག་གིས་ཅི་ལྟར་སྤྱི་མངོན་པར་གསལ་བ་བྱེད་པ་ཡིན། དོགས་པ་བསུ་བ་ནི། མི་འདྲ་བ་ཉིད་ཀྱིས་ཞེས་བྱ་བ་སྟེ། གསལ་བ་


DTG186_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་དག་ཁོ་ནས་སྤྱི་མངོན་པར་གསལ་བར་བྱེད་དོ་ཞེ་ན། རྟ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གཞན་གྱིས་སྨྲས་པ་ངང་པ་ལ་སོགས་པ་དེ་དག་ལ་བ་ལང་གི་སྤྱི་མངོན་པར་གསལ་བར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། ལན་ནི་འདི་དག་ཅེས་བྱ་བ་སྟེ། ཁྲ་བོ་ལ་སོགས་པ་རྣམས་ཕན་ཚུན་མི་འདྲ་ན། ཅི་ལྟར་སྤྱི་མངོན་པར་གསལ་བར་ནུས་པ་ཡོད་པ་ཡིན། དངོས་པོའི་རང་བཞིན་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་རྐང་པ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྐང་པ་བརྐྱང་བ་ཙམ་སྐྱབས་ཡིན་ནའོ། །རྩོད་པ་བྱེད་པ་ཁྱོད་ཀྱིས་བརྗོད་པར་མི་བྱའོ། །རྗོད་པ་ནི་རྣམ་པ་སྨྲས་པ་ནི། སྤྱི་མེད་ན་ཞེས་བྱ་བའོ། །ཅི་སྟེ་བརྗོད་པར་མི་བྱ་སྙམ་ན། འདིར་ཡང་ཞེས་སྨོས་ཏེ། ལྐོག་ཤལ་ལ་སོགས་པར་རོ། །འོན་ཏེ་འཆོལ་བའི་ཕྱིར་འདི་སྤྱི་མ་ཡིན་ནོ་ཞེ་ན། ལྐོག་ཤལ་ལ་སོགས་པའི་ཞེས་བྱ་བའོ། །འོ་ན་ཅི་ལྟར་ན་བྲམ་ཟེ་ལ་སོགས་པ་ལ་ཐ་སྙད་སོ་སོར་ངེས་ཤེ་ན། བྲམ་ཟེ་ཞེས་བྱ་བའོ། །འོན་ཏེ་བྲམ་ཟེ་ཉིད་མེད་ན་སྤྱོད་པ་བཟང་པོ་དང་ལྡན་པར་མི་འགྱུར་རོ་སྙམ་ན། ཆང་ཞེས་བྱ་བའོ། །སྒྲེ་བོའི་བརྡ་ཙམ་ཞིག་ཡིན་ཏེ་ཆང་མི་འཐུང་བ་ལ་སོགས་པས་ཀུན་ཏུ་སྤྱོད་པ་བཟང་པ་ཙམ་ཞིག་སྐབས་ཡིན་ནོ་ཞེས་འགྲེལ་པར་ཁ་ཅིག་འཆད་དོ། །ཡང་ན་ཆང་མི་འཐུང་བ་ལ་སོགས་པས་ནི་ཀུན་ཏུ་སྤྱོད་པ་བཟང་བ་ཙམ་ཞིག་འཇུག་པར་ཟད་ཀྱི། བྲམ་ཟེ་ཉིད་ལ་སོགས་པའི་སྤྱི་ནི་མ་ཡིན་ནོ་ཞེས་ཁོང་ནས་འབྱུང་ངོ༌། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་གྱིས་བརྟགས་པའི་སྤྱི་ནི་སྤྱི་རྣམ་པར་དབྱེ་བའི་རྒྱུ་མ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། བ་ལང་ཉིད་ནི་ངང་བ་ལ་སོགས་པའི་གསལ་བ་ལས་རྣམ་པར་ཕྱེ་ནས་ཁྲ་བོ་ཉིད་ལ་སོགས་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་གང་ཡིན་བ་དེ་ནི། གསལ་བ་རྣམས་ལྡོག་པའི་རྒྱུ་མཚན་ཅན་ཉིད་ཡིན་ནོ། །གལ་ཏེ་སྤྱི་གཞན་དང་ལྡན་པས། མངོན་པར་མི་འདོད་པའི་གསལ་བ་རྣམ་པར་གཅད་ནས་འཇུག་པ་ཡིན་ན་ནི། དེའི་ཚེ་ཐུག་པ་མེད་པར་འགྱུར་རོ། །དེ་བས་ན་གསལ་བ་རྣམས་ལ་ལྡོག་པའི་རང་བཞིན་འདོད་པར་བྱ་དགོས་ལ། དེ་ལྟ་ན་ཡང་སྤྱི་དོན་མེད་པ་ཡིན་ནོ། །གལ་ཏེ་བྲམ་ཟེ་ལ་སོགས་པ་མེད་ན་བྲམ་ཟེ་བསད་པ་ལ་སོགས་པའི་རྣམ་བར་གཞག་བ་མེད་པར་འགྱུར་བ་ཞིག་ན་ཡོད་པ་ཡང་ཡིན་ཏེ། དེས་ན་བྲམ་ཟེ་ཉིད་ལ་སོགས་པའི་སྤྱི་ནི་ཡོད་པ་ཡིན་ནོ། །དེས་ན་དེ་མེད་དོ་


DTG186_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་རྟོགས་པས་གནོད་པ་ཡིན་ནོ་ཞེ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་བའོ། །བྲམ་ཟེ་བསད་པས་སྡིག་པ་དང་སྦྱིན་པ་ལ་སོགས་པས་བསོད་ནམས་ཞེས་གོ་རིམས་ཅི་ལྟ་བར་རོ། །བྲམ་ཟེ་ལ་སོགས་པས་ནི་མི་གུས་པ་ལ་སོགས་པ་བཟུང་ལ་གཉིས་པ་ལ་ནི་ནི་གུས་པ་ལ་སོགས་པ་གཟུང་ངོ༌། །བསྟན་བཅོས་ཉིད་ལས་ཞེས་ངེས་པར་བཟུང་བས་ནི། ཚད་མ་རྣམ་པར་གཅོད་པ་ཡིན་ནོ། །ཚད་མ་སྤྱི་དཔྱད་པ་ནི་དོན་མེད་པར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི། བཤད་ཟིན་བའི་གཏན་ཚིགས་ཀྱིས་ནའོ། །དེ་ཡོད་པ་ལ་ཞེས་བྱ་བ་ནི་སྤྱི་ཡོད་པ་ལའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་འདི་ཅི་ལྟར་རྟོགས་པར་བྱ་ཞེ་ན། འདི་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་དག་ཅེས་བྱ་བ་སྟེ། སྤྱིའི་ཆོས་རྣམས་སོ། །འོ་ན་རྗེས་སུ་དཔག་པས་གནོད་པར་འགྱུར་རོ་ཞེ་ན། རྗེས་སུ་ཞེས་བྱ་བའོ། །སྤྱི་ལ་གནོད་པར་བྱེད་པ་ནི། རྗེས་སུ་དཔག་བས་གནོད་པར་བྱད་པ་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ་ཞེས་སྤྱིའི་རྗེས་སུ་དཔག་པ་སུན་འབྱིན་པའི་སྐབས་སུ་བསྟན་པ་ཡིན་ནོ། །གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །རང་བཞིན་དེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་གནོད་ན་སྐྱོན་ཡིན་གྱི་སྤྱི་གནོད་ན་མ་ཡིན་པའོ་ཞེས་བྱ་བ་འདི་གལ་ཏེ་བསྟན་བར་འདོད་པ་ཡིན་ན་དེའི་ཚེ་སྒྲ་རང་གི་མཚན་ཉིད་ཅེས་བྱ་བའོ། །དོན་འདི་ཡིན་ཏེ། གལ་ཏེ་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདིས་འབྲེལ་པ་འགོག་པར་མི་འདོད་ཀྱི་འོན་ཀྱང་རང་གི་མཚན་ཉིད་འགོག་པ་ཉིད་ཡིན་ན། དེའི་ཚེ་སྒྲ་རང་གི་མཚན་ཉིད་མེད་དོ་ཞེས་བྱ་བ་ཉིད་བརྗོད་མོད་ཅེས་བྱ་བའོ། །དེ་ལ་ཕན་པའི་མཐའ་ཅན་ཞེས་བྱ་བ་ནི་མཉན་བྱ་བའི་སྒྲ་ཨན་གྱི་མཐའ་ཅན་དང་ངོ༌། །འབྲེལ་པའི་རྒྱུ་མཚན་ཅན་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་འབྲེལ་པ་འཇུག་པའི་རྒྱུ་མཚན་གང་ལ་ཡོད་པའོ། །དེ་ཉིད་ཀྱི་ཕྱིར་ཉན་པས་གཟུང་བ་ཞེས་བྱ་བའི་དོན་འདི་ཉིད་ལ་མཉན་པར་བྱ་བ་ཞེས་བྱས་པ་ཡིན་ནོ། །དེ་ལྟར་བརྗོད་ན་ཉེས་པ་ཅི་ཡོད་སྙམ་ན། དེ་ལྟར་ཞེས་བྱ་བ་སྟེ། འབྲེལ་པའི་རྒྱུ་མཚན་ཅན་གྱི་སྒྲ་སྦྱར་བ་ནིའོ། །འབྲེལ་པར་བཟློག་པར་འགྱུར་མོད། ཅི་སྐྱོན་སྙམ་ན། དེ་ཡང་ཞེས་བྱ་བ་སྟེ། འབྲེལ་བ་ཡང་ངོ༌། །རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ལས་ཞེས་བྱ་བ་འདིས་ནི། རྗེས་སུ་དཔག་པ་ཚད་མར་བརྗོད་པ་ཡིན་ནོ། །གལ་ཏེ་གཟུང་བ་དང་འཛིན་པའི་འབྲེལ་པར་


DTG186_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་ན། དེའི་ཚེ་དབང་པོ་དང་དོན་དག་གཟུང་བ་དང་འཛིན་པར་མི་འགྱུར་རོ། །གཟུང་བ་དང་འཛིན་པར་ནི་འགྱུར་བའང་ཡིན་ཏེ། དེས་ན་དེ་དག་ལ་འབྲེལ་བ་ཡོད་པ་མིན་ནོ། །དེས་ན་རྗེས་སུ་དཔག་པས་གྲུབ་པ་ཡིན་པའི་ཕྱིར་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་དམ་བཅས་པ་ནི། རྗེས་སུ་དཔག་པས་གནོད་པ་ཡིན་གྱི་མངོན་སུམ་གྱིས་བསལ་བ་ནི་མ་ཡིན་པའི་ཕྱིར་དེ་ལྟར་ཇི་ལྟར་ན་འདི་མངོན་སུམ་གྱིས་གནོད་པར་བརྗོད། བསམ་པ་འདི་ཉིད་ཀྱི་བརྗོད་པ་ནི། དེ་ཅི་ལྟར་ཞེས་བྱ་བའོ། །འདི་ནི་རྗེས་སུ་དཔག་བས་གནོད་པའི་དཔེར་བརྗོད་པར་འགྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་སྨྲ་བས་བརྗོད་པ་ནི། སྒྲ་འདིས་ཀྱང་ཞེས་བྱ་བ་སྟེ་མཉན་བྱའི་སྒྲས་ཀྱང་ངོ༌། །མངོན་པར་བསམས་པའི་ཞེས་བྱ་བ་ནི་འབྲེལ་པ་ལས་གཞན་རང་གི་མཚན་ཉིད་དོ། །བརྗོད་པར་བྱེད་པ་རང་གི་མཚན་ཉིད་ཀྱིས་སོ། །སྒྲ་རང་གི་མཚན་ཉིད་མེད་དོ་ཞེས་བྱ་བར་དམ་བཅས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣ་ཀུན་ཞེས་བྱ་བ་ནི་མཉན་བྱའི་སྒྲའམ་རང་གི་མཚན་ཉིད་ཀྱི་སྒྲས་ཀྱང་རུང་སྟེ། སྒྲ་རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །མཉན་བྱའི་སྒྲས་དབང་པོའི་སྤྱོད་ཡུལ་བརྗོད་དོ། །གལ་ཏེ་གཉི་གས་ཀྱང་དངོས་པོའི་རང་བཞིན་མི་བརྗོད་ན། དེའི་ཚེ་གཉིས་ལས་གང་ཡང་རུང་བ་ཞིག་གིས་བརྗོད་དོ་ཅོག་འདི་ལ་འཆོལ་པར་བྱ་བ་མ་ཡིན་ནོ། །གཞན་ཡང་དབང་པོའི་སྤྱོད་ཡུལ་མཉན་བྱའི་སྒྲས་བརྗོད་པ་ན། དགོས་པ་ཡང་ཡོད་དོ་ཞེས་བརྗོད་པ་ནི། གྲུབ་པ་ཞེས་བྱ་བས་ཏེ། གནོད་པར་བྱེད་པ་སྒྲའི་མཚན་ཉིད་ཚད་མས་གྲུབ་པ་དེ་ལ་སྒྲ་མེད་པར་དམ་འཆའ་ལ་ལྟོས་ནས་བརྟེན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཚད་མས་གྲུབ་བའི་གནོད་པར་བྱེད་པ་མེད་པ་དེའི་སྟོབས་ཀྱིས་གནོད་པའི་ཕྱིར་རོ། །དེས་ན་མཉན་བྱའི་སྒྲས་དབང་པོའི་སྤྱོད་ཡུལ་བཤད་པ་ཡིན་ནོ། །འཆད་པ་ནི་སྒྲ་རང་གི་མཚན་ཉིད་ཀྱི་ཞེས་བྱ་བའོ། །རང་གི་མཚན་ཉིད་དེར་རོ། །གལ་ཏེ་སྔོ་ཕ་སངས་ཉིད་ལ་སོགས་པ་ཡང༌། རང་གི་མཚན་ཉིད་མ་ཡིན་ནམ། དེ་ཅི་ལྟར་མཉན་བྱའི་སྒྲས་བསྡུས་ཤེ་ན། དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །གལ་ཏེ་དབང་པོས་གཟུང་བར་བྱ་བ་ཡིན་ཡང་ཅི་ལྟར་རང་གི་མཚན་ཉིད་ཡིན་ཞེ་ན། རང་གི་མཚན་ཉིད་ཀྱི་མཚན་ཉིད་ནི་ཞེས་བྱ་བའོ། །གལ་ཏེ་དབང་པོས་གཟུང་བ་ཉིད་ནི་རང་གི་མཚན་ཉིད་ཁོ་ན་མ་ཡིན་ཏེ། སྤྱི་ཡང་དབང་པོས་


DTG186_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བའི་ཕྱིར་རོ་ཞེ་ན། དབང་པོའི་ཞེས་གསུངས་སོ། །དབང་པོའི་གཟུང་བར་བྱ་བ་ཉིད་ལས་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ལྔ་པ་སྟེ། དབང་པོས་གཟུང་བར་བྱ་བ་ཡིན་པའི་གཏན་ཚིགས་ཀྱིས་ན། རང་གི་མཚན་ཉིད་ལས་གཞན་པའི་སྤྱི་ཡང་གྲུབ་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ཁོ་ན་དབང་པོས་གཟུང་པར་བྱ་བ་ཉིད་དུ་གྲུབ་ཀྱི། སྤྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་ཀྱིས་ནི། རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །ཞེས་བྱ་བ་ཤད་པ་ཡིན་ནོ། །ཚད་མས་ཞེས་བྱ་བ་ལ་སོགས་པས་ནི། གྲུབ་པ་དེ་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་བཤད་པའི་དོན་དུ་རྨོང་འབྲེ་བའོ། །དེས་ན་སྔ་མས་ནི་དོགས་པ་མེད་པར་ཡང་མཉན་བྱའི་སྒྲ་འཇུག་པར་བསྟན་པ་ཡིན་ལ། ད་ལྟ་ན་མཉན་བྱའི་སྒྲའི་དགོས་པ་འཆད་པ་ཡིན་ནོ། །དགོས་པའི་ཚུལ་བརྗོད་པ་ནི། ཚད་མས་གྲུབ་པ་ཉིད་དུ་ཞེས་བྱ་བའོ། །ཚད་མས་གྲུབ་པའི་མཉན་བྱ་ཉིད་ཀྱིས་མཉན་བྱ་མ་ཡིན་པ་ལ་གནོད་ཀྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཚད་མ་འཕེན་པར་བྱེད་པ་མཉན་བྱའི་སྒྲ་སྦྱར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་འདི་འདིའི་དོགས་པར་འགྱུར་བར། ཅི་ལྟར་ན་ཚད་མས་གྲུབ་པའི་གནོད་པར་བྱེད་པ་བསྟན་པ་ཡིན་སྙམ་ན་ཚད་མས་ཞེས་བྱ་བའོ། །མཉན་བར་བྱ་བ་ཉིད་ཀྱིས་ཚད་མས་གྲུབ་པ་ཉིད་ཀྱིས་གནོད་པར་བྱེད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་ཉིད་ཀྱིས་དོན་ལ་གནོད་པ་ཡིན་ཏེ། དཔེར་ན་མེས་ཁ་བ་ལ་གནོད་པ་བཞིན་ནོ། །ཚད་མས་ནི་མ་ཡིན་ནོ། །དེས་ན་ཅི་ལྟར་ཚད་མས་གྲུབ་བའི་མཉན་བྱ་ཉིད་ཉེ་བར་སྟོན་པར་བྱེད་ཅེ་ན། དེ་ཡི་སྟོབས་ཀྱིས་གནོད་པའི་ཕྱིར། །ཞེས་བྱ་བ་རྣམས་པར་འགྲེལ་པ་ནི་དེའི་ཞེས་བྱ་བའོ། །ཚད་མའི་སྟོབས་ཉིད་ཀྱིས་མཉན་བྱ་ཉིད་ཀྱིས་མཉན་བྱ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །འདི་ག་ལས་ཤེ་ན་ཚད་མས་ཞེས་བྱ་བའོ། །དོན་ནི་མཉན་བྱའོ། །གཞན་ནི་མཉན་བྱ་མ་ཡིན་པའོ། །གལ་ཏེ་བུམ་པ་དང་སྣམ་བུ་བཞིན་དུ་མཉན་བྱ་དང་མཉན་བྱ་མ་ཡིན་པ་དག་ཀྱང་གནོད་པར་བྱ་བ་དང་གནོད་པར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་ཞེས་བྱ་བ་སྟེ། ཚད་མས་གྲུབ་པའི་དོན་མཉན་བྱ་ཉིད་ནིའོ། །གཞན་མཉན་བྱ་མ་ཡིན་པ་མེད་པར་རོ། །ཅི་ལྟར་ཞེ་ན། འགལ་བར་ཞེས་བྱ་བའོ། །གལ་ཏེ་གནོད་བྱེད་དུ་རྟོགས་ཀྱང་གནོད་བྱེ་ད་མ་ཡིན་པ་མ་ཡིན་ནམ། རང་གི་ངོ་བོ་འཇོམས་པར་བྱེད་པ་ཉིད་གནོད་བྱེད་


DTG186_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ་ཞེ་ན། དེ་མེད་པར་ཞེས་བྱ་བའོ། །འཇོམས་བྱ་འཇོམས་བྱེད་ཀྱི་དངོས་པོ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཡུལ་འཕྲོག་བའི་མཚན་ཉིད་དོ། །དེ་པ་ན་ཞེས་བྱ་བ་ནི་གནོད་བྱེད་ཡིན་པས་ནའོ། །ཚད་མ་ཡིན་ནོ་ཞེས་བྱ་བ་ནི་སྒྲ་རང་གི་མཚན་ཉིད་འཛིན་པའི་ཤེས་པའོ། །གལ་ཏེ་དོན་གཉིས་ཁོ་ན་གནོད་བྱ་གནོད་བྱེད་ཀྱི་དངོས་པོར་བསྟན་པ་མ་ཡིན་ནམ། མཉན་བྱའི་སྒྲས་ཚད་མས་གྲུབ་པ་ཉིད་བསྟན་པས་ཅི་བྱ་ཞེ་ན། བརྗོད་ཟིན་པ་ཉིད་མཇུག་བསྡུ་བའི་སྒོ་ནས་གསལ་འདེབས་པ་ནི་ཡན་ལག་དང་བཅས་པ་ཞེས་བྱ་བའོ། །གནོད་པར་བྱེད་པར་མཉན་པར་བྱ་བ་ཉིད་ཀྱི་ཚད་མ་དང་ཚད་མས་གྲུབ་པ་ཉིད་ཀྱིས་ཡིན་ཏེ། གནོད་པར་བྱེད་པ་ཡན་ལག་དང་བཅས་པ་བསྟན་པ་ནི་དགོས་པ་ཡིན་ནོ། །གལ་ཏེ་ཡན་ལག་དང་བཅས་པ་བསྟན་པ་ལ་ཡང་དགོས་པ་ཅི་ཡོད་སྙམ་ན། བསལ་བར་ཞེས་བྱ་བའོ། །ནི་ཞེས་བྱ་བ་ནི་གང་ཕྱིར་གྱི་དོན་ཏོ། །འདི་ཙམ་གྱིས་ནི། མངོན་སུམ་གྱིས་བསལ་བའི་ཕྱོགས་རྣམ་པར་ཕྱེ་པ་ཡིན་ནོ།། །།རྗེས་སུ་དཔག་པས་བསལ་པ་འཆད་པ་ནི་རྗེས་སུ་དཔག་པས་བསལ་བ་ལ་ཡང༌། གལ་ཏེ་སློབ་དཔོན་གྱིས་གོ་བསམ་བཤད་པ་དེ་ལྟ་ན་ཡང་བརྗོད་པར་བྱ་བ་ནི་ཡོད་པ་ཉིད་དོ་ཞེས་འབྲེལ་ཏོ། །རྗེས་སུ་དཔག་པས་བསལ་པའི་ཡུལ་གྱི་ཕྱོགས་དེ་གང་ཡིན་ཞེ་ན། བུམ་པ་རྟག་ན་ཞེས་བྱ་བ་སྟེ། དཔེར་བརྗོད་པ་འདི་ནི་གྲངས་ཅན་གྱི་བསལ་བས་ཡིན་ནོ། །རྟག་པ་ཉིད་དུ་ཁས་ལེན་པའི་ས་བོན་བརྗོད་པ་ནི། གང་གིས་སྣང་བ་མི་དམིགས་པ་མེད་པའི་དེ་ཁོ་ན་མཚོན་པ་མེད་པའི་གྲངས་ཅན། བུམ་པ་ལ་སོགས་པའི་དངོས་པོ་ཡོད་བ་ཉིད་དེ། འཇིམ་གོང་ལ་སོགས་པ་ལ་གནས་པ་ཉིད་མངོན་པར་གསལ་བར་མཐོང་ནས་སོ། །ཅི་ལྟར་རྗེས་སུ་དཔག་པས་གནོད་པ་ཡིན་སྙམ་ན། ཡོད་པ་མངོན་པར་གསལ་བར་ཁས་ལེན་པ་ཡིན་ན། རྒྱུ་རྣམས་རྒྱུ་ནུས་པ་མེད་པ་ཁོ་ནར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་ནུས་པ་མེད་པས་སོ། །རྒྱུ་ཉིད་མེད་ན་རྒྱུ་ཚོལ་བ་དོན་མེད་དོ། །རྒྱུ་ཚོལ་བ་ནི་རྒྱུ་ཉིད་ཀྱིས་ཁྱབ་པ་ཡིན་པས་དེ་མེད་ན་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཆད་པའི་རྒྱུ་ཞེས་བྱ་བའོ། །རྒྱུ་ཉིད་ཅི་ལྟར་མེད་སྙམ་ན། རྒྱུ་དེས་བྱ་རྒྱུ་བུམ་པ་ལ་སོགས་པ་བྱ་བ་ཉིད་དུ་གྱུར་པ་མེད་པས་སོ། །གཞན་གྱིས་འབྲས་བུ་བུམ་པ་ལ་སོགས་པ་གསལ་བར་བྱེད་དོ་ཞེ་ན་ཞེས་སྨྲས་སོ། །ལན་ནི་


DTG186_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཡང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་ནོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །ཐ་དད་པ་མེད་ན་ཅི་སྐྱོན་སྙམ་ན། སྨྲས་པ་དོན་ལས་མངོན་པར་གསལ་བ་ཐ་དད་པ་མེད་ནའོ། །དེས་ན་རྒྱུ་རྣམས་ལ་ནུས་པ་མེད་པས་ན་དེ་ཚོལ་བ་དོན་མེད་དོ། །རྒྱུའི་བདག་ཉིད་ལ་འབྲས་བུ་ཡོད་པར་ཁས་བླངས་ནས་བརྗོད་པ་ཡིན་གྱི་འདི་ནི་འཐད་པ་ཡང་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་ཞེས་བརྗོད་པ་ནི་བུམ་སོགས་ཞེས་བྱ་བའོ། །དོགས་པ་བསུ་བ་ནི། འབྲས་བུ་ཡིན་པའི་ཕྱིར་འཇིམ་གོང་ལ་སོགས་པ་དེར་ཡོད་དོ་ཞེ་ན། ལན་ནི་འབྲས་བུ་ཞེས་བྱ་བའོ། །གསལ་བ་ཞེས་བྱ་བ་ནི་རྩོད་པའོ། །གསལ་བ་ནི་ཡོད་པ་ཡིན་ན་འགྱུར་ཏེ། མེད་པ་ལ་གསལ་བ་མི་རུང་བའི་ཕྱིར་རོ། །བུམ་པ་མེད་པར་ནི་སྒྲོན་མས་གསལ་བར་བྱ་བ་མ་ཡིན་ནོ། །དེས་ན་རྟགས་མངོན་པར་གསལ་བ་ཉིད་ལས་རྒྱུའི་བདག་ཉིད་ལ་འབྲས་བུ་ཡོད་དོ་ཞེས་ཤེས་སོ། །ཡོད་པར་ཞེས་བྱ་བ་ནི་རྒྱུའི་བདག་ཉིད་ལ་འབྲས་བུ་ཡོད་པར་འགྱུར་རོ། །དཔེ་བརྗོད་པ་ནི་སྒྲོན་སོགས་ཞེས་བྱ་བའོ། །ཐམས་ཅད་ནི་རྫ་མཁན་ལ་སོགས་པ་ལས་ཀྱང་ངོ༌། །འདོད་ན་ནི་གྲངས་ཅན་ནོ། །རྫ་མཁན་ཞེས་བྱ་བ་ལ་སོགས་པ་ནི་ལེན་ནོ། །འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ལ་བྱ་རྒྱུ་མེད་པའི་ཕྱིར་ན། གལ་ཏེ་འགའ་ཞིག་འགའ་ཞིག་ལས་སྐྱེ་ན་དེའི་ཚེ་ཐམས་ཅད་ལས་སྐྱེ་བར་འགྱུར་བའམ། ཡང་ན་རྫ་མཁན་སོགས་བཞིན་ཞེས་བྱ་བ་ནི་རྩོད་པ་ཁོ་ནའོ། །གལ་ཏེ་འབྲས་བུ་རྒྱུའི་བདག་ཉིད་ལ་ཡོད་པ་མ་ཡིན་ན། ཐམས་ཅད་ལས་སྐྱེ་བར་འགྱུར་ཏེ། མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་འབྲས་བུ་ནི་རྒྱུའི་བདག་ཉིད་ལ་མེད་པ་ཁོ་ནའོ། །འཇིམ་གོང་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །དེ་ནི་ཞེས་བྱ་བ་འབྲས་བུ་བུམ་པ་ཞེས་བྱ་བ། འཇིམ་གོང་དེར་ཡོད་ན་རི་བོང་གི་རྭ་ཡང་དེར་འགྱུར་ཏེ། ཡོད་པ་ཉིད་དུ་འགྱུར་རོ། །གལ་ཏེ་མི་སྣང་ཡང་འཇིམ་གོང་ལ་བུམ་པ་ཡོད་ན་དེའི་ཚེ་རི་བོང་གི་རྭ་ཡང་ཡོད་པར་འགྱུར་ཏེ། མ་མཐོང་བའི་གཉི་ག་ལ་ཡང་མཚུངས་པའི་ཕྱིར་རོ། །དེས་ནི་རི་བོང་གི་རྭ་ཡང་སྐྱེད་པར་འགྱུར་རོ། །ཕྱིས་རྫ་མཁན་ལ་སོགས་པའི་བྱེད་པའི་དེ་མ་ཐག་པའི་རི་བོང་གི་རྭ་དེའོ། །ཕྱིས་མཐོང་ཞེས་བྱ་བ་ནི་ལན་ཏེ། དེ་ལྟ་ན་འོ་ན་གང་ཕྱིས་མཐོང་བ་དེ་ནི་ཕྱིས་ཁོ་ན་ཡོད་པར་འགྱུར་གྱི་དེ་སྔར་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་རྣམ་


DTG186_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲེལ་པའོ། །གཞན་དུ་ཞེས་བྱ་བ་ནི་འབྲས་བུ་སྔར་ཡོད་པ་མ་ཡིན་ནའོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །དམིགས་པ་སྟེ་ཤེས་བ་མེད་པ་ཡིན་གྱི། འབྲས་བུ་ནི་མ་ཡིན་ཏེ། བལྟར་མི་རུང་བའི་ཕྱིར་རོ། །དོན་བུམ་པ་ཞེས་བྱ་བ་རྒྱུའི་བདག་ཉིད་ལ་མེད་པར་ཅི་ལྟར་འགྱུར་ཏེ། ཡོད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་དམིགས་པ་ཉིད་མེད་པ་ཡིན་གྱི་མི་མཐོང་བའི་དོན་ནི་མ་ཡིན་ན། དེའི་ཚེ་རི་བོང་གི་རྭ་ཡང་བལྟར་མི་རུང་བས་དེ་ཡང་འགག་པར་མི་འགྱུར་རོ། །དེས་ན་བསྐལ་བའི་བུམ་པ་བཞིན་དུ་རི་བོང་གི་རྭ་ཡང་འཇིམ་གོང་ལ་ཡོད་པ་ཉིད་དོ། །དེ་ཡང་ཡོད་ལ་རག་གོ་སྙམ་ན། དེས་ན་ཞེས་བྱ་བ་སྟེ། གང་གི་ཕྱིར་རི་བོང་གི་རྭ་མེད་པ་ཉིད་དུ་མ་གྲུབ་པ་དེས་ན། མེད་པ་མི་བྱེད་པའི་ཕྱིར་རོ་ཞེས་གཏན་ཚིགས་སུ་མི་འགྱུར་རོ། །གལ་ཏེ་འགའ་ཞིག་མེད་པར་གྲུབ་ན་དེའི་ཚེ་མེད་པ་ནི་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འཐད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་མེད་ན་མི་བྱེད་དོ་ཞེས་བྱ་བའི་གཏན་ཚིགས་མ་ཡིན་པས་ནའོ། །རི་བོང་གི་རྭ་དོན་དུ་གཉེར་བའི་སྐྱེས་བུ་ཡང་ཉེ་བར་ལེན་པ་འཇིམ་གོང་ལེན་པར་འགྱུར་རོ། །དཔེར་ན་བུམ་པ་དོན་དུ་གཉེར་པ་འཇིམ་གོང་ཚོལ་བ་དེ་བཞིན་དུ་རི་བོང་རྭ་དོན་དུ་གཉེར་བ་ཡང་འགྱུར་ཏེ། གཉི་ག་དེ་ལ་ཡོད་པའི་ཕྱིར་རོ། །ཅི་དེ་དོན་དུ་གཉེར་བས་དེ་བླང་བར་བྱ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །རི་བོང་གི་རྭ་དེ་འཇིམ་གོང་ལ་ཡོད་པ་དེས་ན་འཇིམ་གོང་འདི་རི་བོང་གི་རྭ་དེའི་རྒྱུ་ཉིད་དུ་འཛིན་པའོ། །གང་གི་ཕྱིར་རི་བོང་གི་རྭ་འཇིམ་གོར་ལ་ཡོད་པ་དེས་ན་དེ་དོན་དུ་གཉེར་བས་དེ་རྒྱུ་ཉིད་དུ་འཛིན་པར་འགྱུར་རོ། །དེར་སྐྱེད་ཅེས་བྱ་བ་ནི་རྩོད་པ་སྟེ། འཇིམ་གོང་དེར་སྐྱེ་བ་བ་དེ་དང་བྲལ་བ་མ་ཡིན་པའི་རི་བོང་གི་རྭ་ལ་སོགས་པ་དེ་མེད་པའི་ཕྱིར་འཇིམ་གོང་ལ་རི་བོང་གི་རྭ་མེད་པར་གྲངས་ཅན་འདོད་ནའོ། །དོན་ནི་འདི་ཡིན་གལ་ཏེ་ཡང་འཇིམ་གོང་ལ་བུམ་པ་ཡོད་པ་དེ་ལྟ་ཡང་འཇིམ་གོང་ལ་སྐྱེ་བའི་ཁྱད་པར་ཅན་གྱི་རི་བོང་གི་རྭ་ནི་མེད་དེ། འཇིམ་གོང་ལ་ནི་སྐྱེད་པའི་ནུས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་སྐྱེད་པའི་ཞེས་བྱ་བ་ནི་ལན་ནོ། །ཡོད་པ་ཙམ་ཉིད་ལས་དེ་སྐྱེད་པའི་ནུས་པ་ཉིད་རྣམ་པར་གནས་པར་འགྱུར་རོ། །ཡོད་པ་ཙམ་དུ་ནི་འཇིམ་གོང་ལ་རི་བོང་གི་རྭ་


DTG186_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཁས་བླངས་ཏེ། དེས་ན་དེ་ཙམ་གྱི་རྒྱུ་མཚན་གྱིས་ཀྱང་དེ་སྐྱེད་པའི་ནུས་པར་འགྱུར་པ་ཡིན་ནོ། །དེས་ན་འཇིམ་གོང་ཡང་རི་བོང་གིས་བསྐྱེད་པར་འགྱུར་རོ། །ཅི་ལྟར་ན་ཡོད་པ་ཉིད་དེ་སྐྱེད་པའི་ནུས་བ་གོ་བར་བྱེད་པ་ཡིན་སྙམ་ན། འདི་གཉིས་ཀྱི་ཁྱབ་པ་སྟོན་པ་ནི། དེ་ལྟ་མི་ནན་ཞེས་བྱ་བ་སྟེ། འཇིམ་གོང་ལ་རི་བོང་གི་རྭ་ཡོད་པ་ཡིན་ཡང་གལ་ཏེ་དེ་སྐྱེད་པའི་ནུས་པ་ཉིད་དུ་མི་འགྱུར་རོ། །དེའི་ཚེ་འཇིམ་གོང་དེ་ལ་དེ་སྐྱེད་པའི་ནུས་པ་མེད་པ་ཉིད་རྟོགས་པས་རི་བོང་གི་རྭ་དེ་ཡོད་པར་རྟོགས་པར་མི་འགྱུར་རོ། །དེ་སྐྱེད་པའི་ནུས་པས་ནི་ཡོད་པ་ཉིད་ལ་ཁྱབ་པ་ཡིན་ཏེ། དེ་མེད་ན་དེ་ཡོད་པ་ཉིད་དུ་མི་འགྱུར་རོ། །སྐབས་ཀྱིས་ནི་ཡོད་པ་ཉིད་དུ་ཁས་བླངས་ཏེ། དེ་ལྟ་མ་ཡིན་ན་འཇིམ་གོང་ལ་བུམ་པ་ཡང་ཡོད་པར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་གྲངས་ཅན་པ་རི་བོང་གི་རྭ་ལས་བུམ་པའི་བྱད་པར་སྟོན་པའོ། །རྒྱུ་གང་ལས་འབྲས་བུ་བུམ་པ་ལ་སོགས་པ་གང་སྐྱེས་པའི་རྒྱུ་དེ་ལ་འབྲས་བུ་དེ་ཡོད་དོ་ཞེས་རྟོགས་ཀྱི་རི་བོང་གི་རྭ་ནི་དེ་ལྟ་མ་ཡིན་ནོ་ཞེས་བསམས་པའོ། །སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །རྟགས་སྐྱེས་པས་བུམ་པ་ཡོད་པ་ཉིད་དུ་རྟོགས་པ་ཡིན་ན། སྐྱེས་པའི་སྔོན་རོལ་འཇིམ་གོང་གི་གནས་སྐབས་ན་ནི་བུམ་པ་ལ་སོགས་པའི་འབྲས་བུ་ཤེས་པ་མེད་དེ་དེས་ན་འབྲེལ་པ་མ་ཤེས་པའི་རྟགས་ལས་ཡོད་པར་ཅི་ལྟར་རྟོགས། སྔོན་རོལ་ཏེ་འཇིམ་པའི་གནས་སྐབས་ན། ཡོད་པར་ཤེས་པ་མེད་པའོ། །དེ་ལས་ཞེས་བྱ་བ་ནི་རྟགས་སུ་གྱུར་པའི་སྐྱེ་བ་ལས་དེ་ཞེས་བྱ་བ་འབྲས་བུ་ཡོད་པ་ཉིད་དོ། །ཅི་སྟེ་མི་རྟོགས་སྙམ་ན། དེ་ལྟར་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་ལྟར་ཞེས་བྱ་བ་མ་ཤེས་པའི་འབྲས་བུ་ཡོད་པ་དང་སྐྱེ་བ་འབྲེལ་བ་རབ་ཏུ་གྲུབ་པ་མ་ཡིན་ནོ། །གལ་ཏེ་རྒྱུ་ལས་ཅི་ལྟ་བ་བཞིན་དུ་འབྲས་བུ་ཡོད་པ་ལས་ཀྱང་འབྲས་བུའི་པ་འགྲུབ་བ་ཉིད་མ་ཡིན་ནམ་ཞེས་རྩོད་པ། གྲངས་ཅན་གྱི་ལུགས་ཀྱིས་སྨྲས་པ་ནི། ཅི་ལྟར་ཞེས་བྱ་བའོ། །དེ་ཡོད་ལས་ཀྱང་ཞེས་བྱ་བ་ནི་འབྲས་བུ་འཇིམ་གོང་ལ་ཡོད་པ་ལས་ཀྱང༌། འབྲས་བུ་དེ་འབྱུང་བར་འགྱུར་རོ། །འདི་ལ་ལན་ནི་འབྲས་གང་ཞེས་བྱ་བའོ། །རྒྱུ་དང་འབྲས་བུ་དག་གི་ཡོད་པ་ཉིད་གང་ཡིན་པ་དེ་སྔོན་དུ་འགྲོ་བ་ཅན་གྱི་འབྲས་བུ་གང་ཡིན་པ་དེ། ཅི་ལྟར་འབྲས་བུ་ཡོད་པ་དེ་ཉིད་ཡིན་པར་


DTG186_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་རྒྱུའི་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འབྲས་གང་གང་ཞིག་ཅེས་བྱ་བའོ། །དེས་ན་འབྲས་བུ་མ་ངེས་པས་ནི་རང་གི་ཡོད་པ་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་གྱི་བསམ་པ་ཉིད་ཀྱིས་མ་ངེས་པའི་ལན་རྒོལ་བར་བྱེད་པ་ནི། གཞན་བཞིན་ཞེས་བྱ་བ་ནས་ནུས་འབྱུང་འགྱུར་ཞེས་བྱ་བའི་བར་རོ། །ཞེ་ནའི་སྒྲ་ནི་འགྱུར་གྱི་སྒྲའི་འོག་ཏུ་སྤོ་བར་བྱའོ། །ནུས་ལས་ཞེས་བྱ་བ་ནི་འཇིམ་གོང་གི་ནུས་པ་ལས་སོ། །འབྲས་བུ་མངོན་པར་མི་གསལ་བའི་མཚན་ཉིད་དེ་ལས་འབྲས་བུ་ཐམས་ཅད་འབྱུང་བ་ཡིན་ནོ། །གང་གི་ནུས་པ་དང་འདྲ་བར་ཞེ་ན་གཞན་བཞིན་ཞེས་སྨོས་ཏེ། དཔེར་ན་འཇིམ་གོང་ལས་གཞན་རྫ་མཁན་ལ་སོགས་པའི་ནུས་པ་བཞིན་ནོ། །དེ་ལྟ་ན་ཡང་ཅི་ལྟར་གཅིག་ཏུ་ངེས་པ་ཡིན་ཞེ་ན། ནུས་པ་ཉིད་ལས་ཞེས་བྱ་བའོ། །མངོན་པར་མི་གསལ་བའི་མཚན་ཉིད་ཀྱི་ནུས་པ་ཉིད་ལས་ནུས་པ་ཞེས་བྱ་བ་མངོན་པར་གསལ་བའི་འབྲས་བུ་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ལན་ནི་ཐ་དད་མེད་ན་ཞེས་བྱ་བའོ། །རྒྱུ་དང་འབྲས་བུར་གྱུར་པའི་ནུས་པ་དག་ཐ་མི་དད་པར་གྱུར་པ་ཡིན་ན། ཅི་ལྟར་ནུས་པ་ལས་ནུས་པ་འབྱུང་སྟེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ནུས་པ་ལས་མངོན་པར་གསལ་བསྐྱེད་ནའོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་ལ་བྱེད་པ་འགལ་བ་མ་ཡིན་ནོ་ཞེ་ན། ལན་ནི་ནུས་ཞེས་བྱ་བའོ། །གལ་ཏེ་ནུས་པ་ལས་གསལ་བ་སྐྱེ་ན། དེའི་ཚེ་གསལ་བ་དེ་ཅི་ནུས་པ་ལས་གཞན་ཡིན་པར་ཁས་ལེན་ནམ། དེ་ལྟའོ་ཞེ་ན། དེའི་ཚེ་རྒྱུའི་བདག་ཉིད་ལ་གསལ་བ་མེད་དོ། །དེ་ལྟ་ཡིན་དང་ཁྱོད་ཀྱི་ལུགས་ཀྱིས་བསྐྱེད་བྱ་མ་ཡིན་པར་འགྱུར་ཏེ། མེད་པ་ལས་སྐྱེ་བར་ཁས་མི་ལེན་པའི་ཕྱིར་རོ། །འོན་ཏེ་རྒྱུའི་བདག་ཉིད་ལ་གསལ་བ་ཡོད་ན་དེའི་ཚེ་ཅི་ལྟར་བསྐྱེད་དེ་བསྐྱེད་པར་མི་འགྱུར་ཏེ་སྐྱེ་བའི་དོན་མི་འགྲིག་པའི་ཕྱིར་རོ། །འོན་ཏེ་གལ་ཏེ་ཕྱིའི་བུམ་པ་གསལ་བ་ཡིན་ན། དེའི་ཚེ་ཡོད་པ་དེ་བསྐྱེད་པར་བྱ་བར་མི་འགྱུར་རོ། །འོན་ཀྱང་གཙོ་བོའི་ཡོངས་སུ་འགྱུར་བའི་རང་བཞིན་གྱི་བློ་གསལ་བ་ཡིན་ལ་དེ་ཡང་བསྐྱེད་པར་བྱ་བ་ཁོ་ནའོ་སྙམ་ན། གསལ་བ་ཞེས་གསུངས་སོ། །དེ་ཡང་ནི་བློའོ། །ཁྱེད་ཅག་ནི་འབྲས་བུ་ཡོད་པར་སྨྲ་


DTG186_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་པའི་ཕྱིར་འབྲས་བུ་མཐའ་དག་ཡིན་པ་ཁོ་ནའོ། །དེས་ན་ཞེས་བྱ་བ་ནི་ཡོད་པའི་ཕྱིར་རོ། །དེ་ནི་བློའོ། །མིང་ཡིན་ན་ཞེས་བྱ་བ་ནི་བདག་ཡིན་ནའོ། །རྟག་པའི་ཕྱིར་བསྐྱེད་པར་བྱ་བ་མ་ཡིན་པའི་བདག་དེ་ཅི་ལྟར་སྐྱེ། དེས་ན་ཞེས་བྱ་བ་ནི་གསལ་བ་བསྐྱེད་བྱ་མ་ཡིན་པས་ན་རང་གི་རྒྱུ་རྣམས་ཀྱི་འབྲས་བུ་ཚད་མ་དང་ལྡན་པ་དེ་ནི་གསལ་བ་མ་ཡིན་ནོ། །གལ་ཏེ་ཡོད་པ་མངོན་པར་མི་གསལ་བ་ཉིད་མངོན་པར་གསལ་བ་གཞན་གྱིས་ཀྱང་ཁས་བླང་བར་བྱ་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན། མུན་ཁུང་ན་བུམ་པ་མེད་པའི་ཕྱིར་ཅི་ཞིག་མངོན་པར་གསལ་སྙམ་ན། མུན་པ་ཞེས་བྱ་བའོ། །རིག་པ་ནི་ཤེས་པ་སྟེ། རྗེས་སུ་དཔག་པའམ་རྟགས་ཀྱི་རིགས་ཀྱིས་རིག་པ་ཡིན་ནོ། །མུན་ཁུང་ན་ནི་བུམ་པ་ཡོད་དོ་ཞེས་རེག་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་ཉེ་བར་བསྟན་པའི་རེག་པ། གཟུགས་ལ་མི་འཁྲུལ་བའི་རྟོགས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ཅི་ལྟར་མུན་ཁུང་ན་གནས་པའི་བུམ་པ་རྗེས་སུ་དཔག་པར་བྱ་བ་དེ་བཞིན་དུ་འཇིམ་གོང་ལ་ཡང་མངོན་པར་མི་གསལ་བའི་བུམ་པ་ཡོད་པར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནམ་སྙམ་ན། བུམ་སོགས་ཞེས་བྱ་བའོ། །བུམ་པ་ལ་སོགས་པ་མངོན་པར་མི་གསལ་བའོ། །གང་གི་ཕྱིར་གསལ་བར་མི་རིགས་པ་དེས་ན། ཐམས་ཅད་མི་རྟག་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་སྦྱོར་བ་སྟོན་པ་སྟེ། གང་བྱས་པ་དེ་ནི་མི་རྟག་སྟེ། དཔེར་ན་གསལ་བ་བཞིན་ནོ། །བུམ་པ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བའོ། །དེས་ན་ནི་མི་རྟག་པས་ནའོ། །དེ་ལྟར་ཕྱོགས་ཀྱི་གནོད་པ་རྣམ་པ་བཞི་བཤད་ནས། རང་གི་ཆོས་ཅན་ལ་ཞེས་སློབ་དཔོན་གྱི་ཐུགས་ལ་གནས་པ་ལ་བརྩད་པ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །ཅི་ལྟར་དོན་མེད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། གང་ཞིག་ཚད་མས་གནོད་བ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་བསྟན་བར་བྱ་བ་ཡིན་གྱི། ཚད་མས་གནོད་པ་ནི་རང་གི་ཆོས་ཅན་ནམ། རང་གི་ཆོས་ཅན་ལས་གཞན་ལ་ཞེས་བྱ་བ་འདི་ནི་གང་དུ་ཉེ་བར་མཁོ་སྟེ། གནོད་དོ་ཅོག་ཐམས་ཅད་ནི་ཕྱོགས་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་རང་གི་ཆོས་ཅན་ཞེས་ཁྱད་པར་ཉེ་བར་བཟུང་བ་ནི་དོན་མེད་དེ་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་འགྱུར་རོ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དང་ལྡན་པ་བསྒྲུབ་པར་བྱ་བའི་ཆོས་


DTG186_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལའོ། །གཞན་ལ་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་གྱི་ཁྱད་པར་ཅན་ལའོ། །དེ་ལྟར་རང་གི་ཆོས་ཅན་སྨོས་པ་ལ་རྒོལ་བ་བཀོད་ནས། བསྒྲུབ་པར་བྱ་བ་ཉིད་དུ་འདོད་བ་མི་རྟག་པ་ཉིད་ཆོས་དང་ལྡན་པ་ལ་གནོད་ན་ཕྱོགས་ཀྱི་ཉེས་པ་ཡིན་གྱི། ནམ་མཁའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཆོས་ཅན་ལ་ནི་གནོད་ཀྱང་ཕྱོགས་ཀྱི་ཉེས་པ་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། ཀུན་དུ་ཞེས་བྱ་བའོ། །ཀུན་དུ་ཞེས་བྱ་བའི་བཤད་པ་ནི། ཐམས་ཅད་དུ་ཞེས་བྱ་བ་ནས་ཡོད་པ་ཉིད་ཡིན་པས་ཞེས་བྱ་བའི་བར་རོ། །རང་དང་གཞན་སངས་རྒྱས་པ་དང་བྱེ་བྲག་ཏུ་སྨྲ་བའི་འདོད་པས་ནམ་མཁའི་ཡོན་ཏན་གྱི་ཁྱད་པར་ཅན་གྱི་ཆོས་ཅན་དང་དེ་དང་བྲལ་བ་ཐམས་ཅད་ལ་མི་རྟག་པ་ཉིད་ཀྱི་ཆོས་དེ་ཡོད་པ་ཉིད་ཡིན་པའོ། །གནོད་པ་ཡིན་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལའོ། །སྐྱོན་དུ་ཞེས་བྱ་བ་ནི་ཕྱོགས་ལ་གནོད་པའི་མཚན་ཉིད་དུའོ། །གནོད་པས་ནི་བསྒྲུབ་པར་འདོད་པའི་ཆོས་ལ་གནོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་སྟོན་བའི་དོན་དུ་རང་གི་ཆོས་ཅན་སྨོས་སོ་ཞེས་སྦྱར་རོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་དོན་འདི་ལྟར་མ་ཡིན་ན། ནམ་མཁའི་ཡོན་ཏན་དང་ལྡན་པའི་ཆོས་ཅན་གཞན་ལ་གནོད་ཀྱང་བསྒྲུབ་པར་འདོད་པ་འདི་ལ་གནོད་པ་ཅི་ཞིག་ཡོད་དེ་ཅི་ཡང་མེད་པ་ཉིད་དོ། །འོ་ན་ཅི་ལྟར་གནོད་སྙམ་ན། འདི་ལ་ཞེས་བྱ་བའོ།། ཆོས་དེ་དང་དེ་ཞེས་བྱ་བ་ནི་འདོད་པའི་བསྒྲུབ་པར་བྱ་བ་དང་ལྡན་པ་ཉིད་ལའོ། །གནོད་ན་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པའི་ཆོས་ལའོ། །གལ་ཏེ་དོན་འདི་མཚན་ཉིད་ཀྱིས་དོན་གོ་བ་མ་ཡིན་ནམ། དེས་ན་འདིའི་དོན་དུ་རང་གི་ཆོས་ཅན་སྨོས་པས་ཅི་བྱ་ཞེ་ན། དོན་འདི་ཞེས་བྱ་བའོ། །ཅི་ལྟར་ཆོས་ཅན་ལ་གནོད་པས་འདོད་པའི་བསྒྲུབ་བྱ་ལ་གནོད་སྙམ་ན། རྟེན་ནི་ཞེས་བྱ་བའོ། །རང་གི་ངོ་བོ་ཞེས་བྱ་བ་ནས་ཞེ་ནའི་བར་གྱིས་ནི། དོན་འདི་ཞེས་བྱ་བ་ལ་སོགས་པ་བཀྲལ་བ་ཡིན་ནོ། །རང་གི་ཆོས་དང་ལྡན་པ་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པའི་ཆོས་དང་ལྡན་པའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་རང་གི་ཆོས་དང་ལྡན་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཡིན་དང་ངོ༌། །དེ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མི་རྟག་པ་ཉིད་ཀྱི་ཆོས་དང་ལྡན་པའི་ཆོས་ཅན་དང་རྗེས་སུ་མཐུན་པ་གནོད་པ་ཉིད་ཀྱི་ཡིན་གྱི། ཆོས་གཞན་དང་ལྡན་པའི་ཆོས་ཅན་ལ་གནོད་པས་ནི་མ་ཡིན་ནོ། །


DTG186_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཕྱིར་ཆོས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་ཆོས་ལྡན་པའི་ཆོས་ཅན་ཉིད་ཡིན་གྱི་ཆོས་གཞན་དང་ལྡན་པའི་ཆོས་ཅན་གྱིས་ནི་མ་ཡིན་ནོ། །སྐྱོན་ནི་ཕྱོགས་ལ་གནོད་པར་ཐལ་བའི་མཚན་ཉིད་དེ། །ངེས་པར་གཟུང་བར་རྙེད་པའི་དོན་ཉིད་བརྗོད་པ་ནི། གཞན་དུ་ཞེས་བྱ་བ་སྟེ། ནམ་མཁའི་ཡོན་ཏན་གྱི་ཁྱད་པར་ཅན་གྱི་ཆོས་ཅན་ལ་གནོད་པས་ནི་ཉེས་པར་འགྱུར་སྲིད་པ་ནི་མ་ཡིན་ནོ། །དེས་ན་རང་གི་ཆོས་ཅན་སྨྲོས་པས་ཅི་བྱ་ཞེས་དགོངས་པའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཅན་ལ་ནི་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་བ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་རང་གི་ཆོས་ཅན་སྨོས་པ་མེད་པ་ན། དེ་གནོད་ཅེས་བྱ་བ་ནི་བརྗོད་པའི་ཆོས་གནོད་པ་ཉིད་ཡིན་གྱི་ཆོས་ཅན་གནོད་པས་ནི་མ་ཡིན་པའོ། །འདི་ཡང་ཞེས་བྱ་བ་ནི་རྩོད་པའོ། །བདེན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཅི་ལྟར་འདིའི་དོན་གྱིས་འགྲུབ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །རྩ་བའི་ཆ་བཤད་ནས་གྲུབ་པའི་མཐའ་འཆད་པ་ནི་འདི་ནི་ཞེས་བྱ་བའོ། །ལོག་པར་རྟོགས་པ་དེ་ཡང་གང་ཞེ་ན། འདི་ལྟར་ཞེས་བྱ་བའོ། །རྒོལ་བས་ཅི་ཞིག་བརྗོད་པ་ལ། ཕྱིར་རྒོལ་བས་སྐྱོན་བརྗོད་ཅེ་ན། དཔེར་ན་ཞེས་བྱ་བའོ། །བཤད་པ་ལ་ཞེས་བྱ་བ་ནི་རྒོལ་བས་སོ། །ཅི་ལྟར་འདི་ལ་སུན་འབྱིན་པར་བྱེད་པ་ཕྱིར་རྒོལ་བས་སྨྲས་ཤེ་ན། དེ་བཞིན་ཞེས་བྱ་བའོ། །དཔེར་ན་སྔོན་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པ་ཉིད་མ་ཡིན་པ། མེད་པར་དགག་པའི་རང་བཞིན་ཉིད། །ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པས་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་ངོ་བོ་མེད་པར་ཞེས་བྱ་བར་ཡང་སྒྲུབ་པར་བྱེད་དོ་ཞེ་ན། འདི་ལ་རྒོལ་བ་སངས་རྒྱས་བས་ལེན་འདེབས་པ་ནི། དེ་ལྟར་ཞེས་བྱ་བ་སྟེ། ཆོས་ཅན་དངོས་པོའི་ངོ་བོ་ཉིད་ཡིན་པ་ལ་གནོད་ཀྱང༌། འདོད་པའི་བསྒྲུབ་པར་བྱ་བ་སྔར་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པ་ཉིད་དགག་པ་ལ་ནི་གནོད་པ་འགའ་ཡང་མེད་པ་ཉིད་དོ། །གཏན་ཚིགས་ཁྱབ་པར་བྱེད་པ་མི་དམིགས་པ་ཉིད་ལ་གནོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་བལྟ་བར་བྱའོ། །ཆོས་ཅན་ལ་འབའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་བའོ། །འདི་ལྟ་བུ་ནི་ཞེས་བྱ་པ་


DTG186_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་ཅན་འབའ་ཞིག་ལ་གནོད་པ་ནིའོ། །དེས་ན་ཞེས་བྱ་བ་ནི་འདོད་པས་ནའོ། །གཞི་མ་གྲུབ་པའི་ཉེས་པ་ཅི་ལྟར་མ་ཡིན་ཞེ་ན། རྣམ་པར་རྟོག་པ་ལ་གནས་པའི་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའིའམ། བསྒྲུབ་པར་བྱ་བའམ། རྒོལ་བའིའོ། །གང་གི་ཕྱིར་དངོས་པོར་གྱུར་པ་ཆོས་ཅན་མ་ཡིན་པ་དེས་ནའོ། །ཆོས་ཅན་དེ་བསྒྲུབ་པར་བྱ་བ་དང་བྲལ་བ་འབའ་ཞིག་ལའོ། །གནོད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རང་གི་ཆོས་ཅན་སྨོས་སོ། །ཆོས་ཅན་འབའ་ཞིག་ལ་གནོད་པས་ཀྱང་ཅིའི་ཕྱིར་ཉེས་པར་མི་འགྱུར་སྙམ་ན། ཆོས་ཅན་ཞེས་བྱ་བའོ། །ཆོས་ཅན་གཞན་ནི་ནམ་མཁའ་ལ་སོགས་པ་དངོས་པོར་གྱུར་པའི་ཆོས་ཅན་ལ་གནོད་ན་སྔོན་མེད་པའི་རང་བཞིན་བསྐྱེད་པར་བྱར་མེད་པ་ཡིན་པ་བཀག་པའི་རང་བཞིན་གྱི་ཆོས་དེ་མི་འགྲུབ་པ་མ་ཡིན་ཏེ། འགྲུབ་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་མ་ཡིན་པ་ནི་ཆོས་ཅན་འབའ་ཞིག་ལ་གནོད་པའོ། །དེ་ལྟར་རྣམ་པར་རྟོག་པའི་རྣམ་པ་ཆོས་ཅན་དུ་ཉེ་བར་བསྟན་ནས། ད་ནི་རྣམ་འགྲེལ་གཉིས་པ་དེ་ཉིད་རྣམ་པར་འགྲེལ་བས་དངོས་པོར་གྱུར་བའི་ཆོས་ཅན་སྟོན་བར་བྱེད་པ་ནི་ཡང་ན་ཞེས་བྱ་བའོ། །ནམ་མཁའ་མི་རྟག་པ་ཡིན་ཏེ། །ཞེས་བྱ་བ་ནི་སངས་རྒྱས་པའིའོ། །གནོད་མོད་ཅེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་ནམ་མཁའ་རྟག་པ་ཉིད་ལ་གནོད་ཀྱང་ངོ༌། །ཅི་ལྟར་རྟག་པ་ཆོས་ཅན་མ་ཡིན་ཞེ་ན། གཏན་ཚིགས་ཀྱིས་ནི་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་ལས་བཟློག་པ་ནི་རྟག་པ་ཉིད་དོ། །ཅི་ལྟར་བཟློག་པ་ལ་གནོད་སྙམ་ན། ཆོས་ཅན་ཞེས་བྱ་བའོ། །དེ་ལ་ནི་ཆོས་ཅན་རྟག་པ་ལའོ། །འོ་ན་གང་གི་ཚེ་སྐྱོན་ཡོད་སྙམ་ན། གལ་ཏེ་དེ་ལ་ཞེས་བྱ་བ་སྟེ། ཆོས་ཅན་ནམ་མཁའ་རྟག་པ་ལའོ། །འདི་ཞེས་བྱ་བ་ནི་ཆོས་མི་རྟག་པ་ཉིད་མི་འགྲུབ་ན་དེའི་ཚེ་ཕྱོགས་ལ་གནོད་པའི་མཚན་ཉིད་འདི་སྐྱོན་དུ་འགྱུར་རོ། །ཅི་ལྟར་ནམ་མཁའ་རྟག་པ་ཡིན་སྙམ་ན། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བའི་གཏན་ཚིགས་རྣམ་པར་འགྲེལ་པས་ལན་འདེབས་པ་ནི། འདི་ལྟར་ཞེས་བྱ་བའོ། །དབྱངས་ཀྱི་དབྱེ་བ་ཅི་ལྟར་སྲིད་པ་ཡིན་ཞེ་ན། བད་ཀ་ན་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི། མགྲིན་པའི་ཞེས་བྱ་བའོ། །ཅི་ལྟར་


DTG186_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་སྦུབས་ཀྱི་ནམ་མཁའ་ཉིད་ཅེ་ན། འདི་ལྟར་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཅི་ལྟར་མི་རྟག་སྙམ་ན། དེའི་གནས་སྐབས་མ་ཡིན་པ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི། འདིར་ནི་མགྲིན་པའི་སྦུབས་ཀྱི་བདག་ཉིད་ཀྱི་ནམ་མཁར་རོ། །དངོས་པོ་གཞན་བད་ཀན་ལ་སོགས་པ་ཡོད་པ་ཉིད་དོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་གཞན་མེད་པའི་དུས་ན་ཡོད་པ་གང་ཡིན་པ་ཉིད་དོ། །ལན་ནི་སྔ་མ་ཞེས་བྱ་བ་ལ་སོགས་པའོ། །དོགས་པ་ནི་བད་ཀན་ལ་སོགས་པའི་གེགས་ཡོད་པའི་ཕྱིར་རོ། །ལན་ནི་རྟག་པ་ཞེས་བྱ་བའོ། །གལ་ཏེ་ཅི་ལྟར་ཡན་ལག་ཅན་ཡན་ལག་དུ་མ་ལ་ཁྱབ་པ་གཅིག་ཡིན་པ་དེ་བཞིན་དུ་ནམ་མཁའ་ཡང་དངོས་པོ་དུ་མ་ལ་ཁྱབ་པ་གཅིག་ཡིན་ནོ། །གལ་ཏེ་ཡང་ཡན་ལག་ཅན་ལ་འབྲས་བུ་ཉིད་དང་མི་རྟག་པ་ཉིད་ཡོད་པ་ཡིན་ལ། ནམ་མཁའ་ནི་རྟག་པ་དང་འབྲས་བུ་མ་ཡིན་པ་དེ་ལྟ་ན་ཡང་ཁྱབ་པ་ཙམ་གྱིས་ཡན་ལག་ཅན་དཔེ་ཉིད་ཡིན་ནོ་ཞེས་དོགས་པ་བསུ་ནས། ཡན་ལག་ཅན་ཡང་མེད་པ་ཁོ་ན་ཡིན་ཏེ། ཅི་ལྟར་དཔེ་དེ་ལ་བརྟེན་ནས་ནམ་མཁའ་ཡང་དེ་ལྟར་འགྱུར་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཅན་མེད་ན་དེའི་ཚེ་ཡན་ལག་གཅིག་དྲངས་པས་ཐམས་ཅད་འོང་བར་མི་འགྱུར་པ་ཞིག་ནས་འགྱུར་བ་ཡང་ཡིན་ཏེ། དེས་ན་ཡན་ལག་ཅན་ནི་ཡོད་པ་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །མགྲིན་པའི་སྦུབས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གཅིག་དྲངས་པས་ཐམས་ཅད་འོང་བ་ནི་ཡན་ལག་ཅན་དང་འབྲེལ་པ་མ་ཡིན་ཏེ། ཡན་ལག་ཅན་མེད་ཀྱང་མཐོང་བའི་ཕྱིར་རོ། །མགྲིན་པའི་སྦུབས་ཀྱིས་ནི་ལུས་བརྩམས་པ་ཡིན་མོད་ཀྱི། མགྲིན་པའི་སྦུབས་དངས་པ་ན་ཡང་ལུས་འོང་པ་ནི་ཡོད་པ་ཉིད་དོ། །ཁྱོད་ཀྱིས་འདོད་པས་ནི་མགྲིན་པའི་སྦུབས་དང་ལུས་གཉིས་རིགས་མི་མཐུན་པས་ན། རྩོམ་པར་བྱེད་པ་དང་བརྩམ་པར་བྱ་བ་མེད་པས་ཡན་ལག་ཅན་མེད་པའི་ཕྱིར་རོ། །མགྲིན་པའི་སྦུབས་ནས་དྲངས་པ་ན་ལུས་ལོགས་སུ་ལུས་པར་འགྱུར་རོ། །ཡང་ན་ལུས་དྲངས་པ་ན་མགྲིན་པའི་སྦུབས་ཅིའི་ཕྱིར་ལོགས་སུ་མི་འགྱུར་ཞེས་ཚིག་རྐང་བསྒོར་ལ་སྦྲེལ་བར་བྱའོ། །འགྱུར་བ་ཡང་མ་ཡིན་ཏེ། དེས་ན་གཅིག་དྲངས་པ་ན་ཐམས་ཅད་འོང་བ་ནི་ཡན་ལག་ཅན་དང་འབྲེལ་པ་མ་ཡིན་པའི་ཕྱིར་དེ་ལས་ནི་ཡན་ལག་ཅན་མི་འགྲུབ་པོ། །དེས་ན་དེའི་དཔེས་ནམ་


DTG186_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དེ་བཞིན་དུ་འགྲུབ་པར་ཅི་ལྟར་འགྱུར་ཞེས་དགོངས་པའོ། །དེས་ན་ཡན་ལག་ཅན་གྱི་དཔེ་འདི་ནི་གྱི་ན་ཡིན་ཏེ། མེད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །གཞན་གྱི་འདོད་པ་ཅན་ནི་སངས་རྒྱས་པའི་གྲུབ་པའི་མཐའོ། །དེའི་འདོད་པ་གང་ཡིན་ཞེ་ན། །ནམ་མཁའ་ནི་ཞེས་བྱ་བའོ། །མི་རྟག་པ་ཉིད་ཀྱང་འདི་ལྟར་གསེང་དག་རྟོག་པ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །སངས་རྒྱས་པའི་འདོད་པས་ནམ་མཁའ་མི་རྟག་པར་འདོད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་དངོས་པོ་མེད་པར་ཡང་ཡིན་ནོ། །དངོས་པོ་མེད་པ་ཡང་རྟག་པས་རིམ་དང་ཅིག་ཅར་དོན་བྱེད་པ་འགལ་པའི་ཕྱིར་རོ། །ཡང་ན་མགྲིན་པའི་སྦུབས་ཀྱི་བདག་ཉིད་ཀྱི་ནམ་མཁའི་ནི་མི་རྟག་པ་ཡིན་ནོ་ཞེས་བརྗོད་མ་ཐག་པ་ཉིད་ཀྱི་མཇུག་བ་སྡུ་བ་ཡིན་ནོ། །གཞན་བྱེ་བྲག་བ་ལ་སོགས་པས་འདོད་པའི་ནམ་མཁའ་ནི་ཡང་ན་དངོས་པོ་མེད་པ་ཡིན་ནོ་ཞེས་སྡར་བརྗོད་པ་མཇུག་སྡུད་པའོ། །འདིས་ནི་སྣང་བ་ལ་སོགས་པ་ལས་དཔེན་པའི་རང་བཞིན་དག་པ་དང་ཡངས་པ་ལ་སོགས་པའི་རང་བཞིན་གྱི་གསེང་ནམ་མཁའ་ཡིན་པར་བསྟན་པ་ཡིན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ནམ་མཁའ་སྣང་བའི་རང་བཞིན་ཡིན་པར་སྟོན་པ་ཡིན་ནོ། །ཀ་བ་ལ་ཐོགས་པ་དང་བཅས་པ་དང་མ་འདྲེས་པ་དེའི་བདག་ཉིད་དུ་མ་གྱུར་པའི་སྣང་བ་ལ་སོགས་པ་ནི་ནམ་མཁའ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ནམ་མཁའ་ཡང་མི་རྟག་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི། ཀ་བ་ལ་སོགས་པ་ཐོགས་པ་དང་བཅས་པའི་དངོས་པོ་གཞན་དང་མ་འབྲེལ་པའི་དོན་གཞན་སྣང་བ་ལ་སོགས་པ་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་ཀྱི་ནམ་མཁའ་ཡིན་ནོ། །གནས་པའི་ཕྱོགས་སོ་ཞེས་བྱ་བ་ནི། སྣང་བ་ལ་སོགས་པ་ནི་རང་བཞིན་གྱི་ནམ་མཁའ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ནི་རྣམ་པར་གནས་པ་ཡིན་ཏེ། རིགས་པ་དང་ལྡན་པ་ཉིད་ཀྱིས་མདོ་སྡེབས་ཁས་བླངས་པའི་ཕྱིར་རོ། །ཕྱོགས་དང་པོ་ནི་མ་ཡིན་ཏེ་དེ་ལས་ཟློག་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ནི། བསྟན་མ་ཐག་པའི་ཕྱོགས་གཉིས་པོའི་ནམ་མཁའ་ཆོས་ཅན་ནི། མི་རྟག་པ་ཉིད་ཀྱིས་ཆོས་ཀྱི་ཁྱད་པར་དང་ལྡན་པར་བསྒྲུབ་པ་ཡིན་ནོ། །དེ་ལས་གཞན་ཞེས་བྱ་བ་ནི་རྟག་པ་ཉིད་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་ལ་གནོད་པ་ལ་ཕྱོགས་ལ་གནོད་པའི་མཚན་ཉིད་ཀྱི་སྐྱོན་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་གཞན་


DTG186_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་ལ་གནོད་པ་སྐྱོན་མ་ཡིན་ཞེ་ན། འདི་ལྟར་ཞེས་གསུངས་སོ། །རྣམ་པར་གཅོད་པར་བྱ་བ་བརྗོད་པ་ནི་དེ་དང་འབྲེལ་པ་མེད་པ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་དང་མ་འབྲེལ་བ་གཞན་གྱིས་ཀུན་བརྟགས་པའི་ཆོས་ཅན་ནམ་མཁའ་ལ་གནོད་ཀྱང་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། ཆོས་ཅན་འབའ་ཞིག་ལ་གནོད་པ་ན་ཉེས་པ་མེད་པ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེ་ལྟར་ཉིད་དུ་ཞེས་བྱ་བ་ནི་སྐབས་ཀྱི་བསྒྲུབ་པར་བྱ་བའི་ཁྱད་པར་ཅན་ཉིད་དུའོ། །ཆོས་ཅན་འབའ་ཞིག་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་འབའ་ཞིག་བཀག་པ་ལ་ནི་ཉེས་པ་མེད་དོ། །གྲུབ་པ་ཉིད་དོ་ཞེས་བྱ་བ་ག་ལས་ཤེ་ན། མ་གྲུབ་པ་ནི་ཞེས་སྨོས་སོ། །ཉེ་བར་མཁོ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་གྲུབ་པའི་ཆོས་ཅན་གྱིས་བྱ་བ་མེད་པའི་ཕྱིར་ཏེ། མ་གྲུབ་པའི་ཆོས་ཅན་གྱིས་ནི་བསྒྲུབ་བྱ་འགྲུབ་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་གྲུབ་པ་ཉིད་ཆོས་ཅན་ཡིན་པའི་གཏན་ཚིགས་དེས་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་ཅན་ཉིད་དུ་གྲུབ་པའི་ཆོས་ཅན་དེ་སྒྲུབ་པར་འདོད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ཏེ་གྲུབ་ཟིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་ཆོས་ཅན་འབའ་ཞིག་བཀག་པ་ལ་ནི་སྐྱོན་མེད་དོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །གང་གིས་ཞེས་བྱ་བ་ནི་རྟག་པས་སོ། །དེའི་ནི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་གཞི་ཉིད་དུའོ། །དེའི་རང་བཞིན་ལ་ནི་རྟག་པའི་རང་བཞིན་ལའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྟག་པ་དང་དངོས་པོའི་རང་བཞིན་གྱི་ནམ་མཁའ་ནི་མངོན་པར་འདོད་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། བསྒྲུབ་པར་བྱ་བར་སྔར་མེད་པའི་རང་བཞིན་བསྐྱེད་པར་བྱ་བ་མེད་པའམ་ཡིན་པའམ། གཏན་ཚིགས་ཅིག་ཅར་སྒྲ་ལ་སོགས་པའི་རྒྱུ་མ་ཡིན་པའི་མཚན་ཉིད་ཀྱི་ཤུགས་ཀྱིས་ཏེ་གཞན་དུ་མི་འཐད་པའི་གནད་ཀས་ཆོས་ཅན་རྟག་པའི་རང་བཞིན་ལ། རང་བཞིན་གཞན་དུ་འགྱུར་བར་གྲུབ་ན་དེའི་ཚེ། ཆོས་ཅན་རང་བཞིན་གཞན་དུ་གྲུབ་པ་བཀག་པས་ཅི་ཞིག་བྱ་སྟེ། གང་གི་ཕྱིར་བདག་ཅག་ནི་དངོས་པོ་དཔྱོད་པ་ལྷུར་ལེན་པ་ཡིན་ནོ། །ཅིའི་ཕྱིར་ཁྱེད་མི་འགོག་སྙམ་ན། དངོས་པོའི་ཞེས་བྱ་བའོ། །འདིག་ལས་སྙམ་ན་ཚད་མས་ཞེས་བྱ་བའོ། །གལ་ཏེ་ནམ་མཁའ་ལ་སོགས་པ་མེད་པར་གྲུབ་ཀྱང་ཉེས་པ་


DTG186_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་མེད་ན་དེའི་ཆ་བདེ་བ་ལ་སོགས་པ་མེད་པར་གྲུབ་པ་ལ་ཡང་ཉེས་བ་མེད་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །བརྗོད་པའི་ཚུལ་དུ་གལ་ཏེ་རྩ་རིག་གིས་ཀུན་བརྟགས་པའི་ཆོས་ཅན་ནས་མཁའ་ལ་གནོད་ཀྱང་ཉེས་པ་མེད་ན་དེའི་ཚེའོ། །སྔ་མ་བཞིན་ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་ཅི་ལྟ་བ་དེ་བཞིན་དུའོ། །བདེ་བ་ལ་སོགས་པ་ནི་གཞན་གྱིས་བསྐྱེད་པར་བྱ་བ་མ་ཡིན་པའི་ནུས་པ་གང་ལ་ཡོད་པ་དེ་ལྟར་མ་ཡིན་པ་སྟེ། རྟག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཅིག་ཅར་སྒྲ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིར་གནོད་པར་འགྱུར་ཏེ། བདེ་བ་ལ་སོགས་པ་མེད་པར་བསྒྲུབ་པའི་ཕྱིར་རོ། །ཅི་ལྟར་ན་ཡོད་པའི་བདེ་བ་ལ་སོགས་པའི་མེད་པར་འགྱུར་སྙམ་ན། བདེ་བ་དང་ཞེས་བྱ་བ་ལ་སོགས་པའོ། །སྒྲ་ལ་སོགས་པ་གསལ་བའི་དོན་གཙོ་བོའི་ཡོངས་སུ་འགྱུར་པ་རྣམས་ཀྱི་རྒྱུ་ནི། རྩ་བའི་རང་བཞིན་དུ་གྱུར་པའི་གཙོ་བོ་ཡིན་པར་གྲངས་ཅན་པ་དག་འདོད་དེ། །གཙོ་བོའི་རང་བཞིན་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་ནི་གཙོ་བོའི་ངོ་བོ་ཉིད་ཡིན་ནོ། །གཙོ་བོ་རྟག་པ་གནོད་ན་ནི་བདེ་བ་ལ་སོགས་པ་ཡང་གནོད་པར་འགྱུར་བ་ཡིན་ཏེ། དེས་ན་བདེ་པ་ལ་སོགས་པ་ནི་མེད་པར་འགྱུར་རོ། །གལ་ཏེ་བདེ་བ་ལ་སོགས་པ་གཞན་གྱིས་ཞེས་བྱ་བའི་སྦྱོར་བ་འདི་ལ། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བའི་གཏན་ཚིགས་བསྒྲུབ་བར་བྱ་བ་མེད་པ་ཉིད་ལ་ངེས་པ་ཡིན་ན་ནི། །རྟག་པའི་བདེ་བ་ལ་སོགས་པ་ལྟར། མི་རྟག་པའི་བདེ་བ་ལ་སོགས་པ་ཡང་མེད་པར་བསྒྲུབ་པའི་ཕྱིར་རོ། །འགལ་བ་གནོད་པར་བྱེད་པ་ཉིད་ཡིན་པར་འགྱུར་བ་ཞིག་ན་གཏན་ཚིགས་ངེས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཏན་ཚིགས་འདི་ནི་ལྷག་ལྡན་ཏེ་མ་ངེས་པའི་ཁྱད་པར་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བར་འདོད་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཕྱོགས་མི་རྟག་པའི་རང་བཞིན་གྱི་ཡོད་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བས་ནའོ། །དེ་ཉིད་ཅི་ལྟར་ཞེ་ན། བརྗོད་པ་རིམ་གྱིས་བྱེད་པ་ཅིག་ཅར་རྒྱུ་མ་ཡིན་པ་ཉིད་དང༌། མི་རྟག་པ་ཉིད་གཉིས་པོ་འདི་ལ་འགལ་པ་མེད་པའི་ཕྱིར་རོ། །དེས་ན་བདེ་བ་ལ་སོགས་པ་ཅིག་ཅར་རྒྱུ་མ་ཡིན་པར་ཡང་འགྱུར་ལ། མེད་པ་ཡང་མ་ཡིན་པའི་ཕྱིར་ཆོས་ཅན་ལ་གནོད་པར་ཅི་ལྟར་འགྱུར། རིམ་བཞིན་བྱེད་དང་ཞེས་བྱ་བ་རྣམ་པར་འགྲེལ་


DTG186_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འདིར་ཞེས་བྱ་བའོ། །ཅིག་ཅར་རྒྱུ་མིན་ཕྱིར་ཞེས་བྱ་བ་ནི། རིམ་མ་ཡིན་པར་བྱེད་པ་བཀག་པ་བརྗོད་པ་ཡིན་ལ། དེ་བཀག་པས་ན་རིམ་གྱིས་བྱེད་པ་གང་ཡིན་པ་ནི་ཆོས་ཅན་བདེ་བ་ལ་སོགས་པ་གཞན་གྱིས་སྔར་མེད་པའི་ནུས་པ་བསྐྱེད་པར་བྱ་བ་ཉིད་མ་ཡིན་པ། རྟག་པ་ཉིད་མེད་པའི་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཡིན་ནོ། །གལ་ཏེ་གཏན་ཚིགས་འདི་ནི་རྟག་པ་ཉིད་མེད་པ་བཞིན་དུ་མི་རྟག་པ་ཉིད་མེད་པ་ཡང་གོ་བར་བྱེད་པ་མ་ཡིན་ནམ་ཞེས་པ་དོགས་ན། རིམ་བཞིན་བྱེད་པ་དང་ཞེས་བྱ་བའོ། །དེས་ན་ནི་འགལ་བ་མེད་པས་སོ། །རིམ་གྱིས་བྱེད་པ་ཉིད་ཀྱིས་མི་རྟག་པར་ཉིད་མེད་པ་གོ་བར་བྱེད་པ་མ་ཡིན་ནོ། །དེས་ན་ཅི་ལྟར་ཆོས་ཅན་བདེ་བ་ལ་སོགས་པ་ལ་གནོད་པ་ཡིན། དེ་ལྟ་ན་ཡང་ཆོས་ལ་ཅི་ལྟར་མི་གནོད་ཅེ་ན། དེ་ལ་ཞེས་སྨོས་སོ། །དེས་ན་ཆོས་ཅན་གང་ལ་གནོད་པ་ན། སྐབས་ཀྱི་ཆོས་ཀྱི་གེགས་སུ་འགྱུར་བ་དེ་ལ་ཉེས་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རང་གི་ཆོས་ཅན་སྨྲས་སོ་ཞེས་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །གལ་ཏེ་འདི་མཚན་ཉིད་ཀྱི་བསྟན་པ་ཡོད་དམ་ཅིག་སྙམ་ན། བསྟན་པ་ཁོ་ནའོ་ཞས་གསུངས་པ་ནི། གང་ཕྱིར་ཞེས་བྱ་བ་སྟེ། གང་གི་ཕྱིར་རང་གི་འདོད་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་དེའི་ཕྱིར་གང་གིས་ཚེ་བསྒྲུབ་པར་བྱ་བ་དེའི་རྟེན་ལ་གནོད་པ་ཡིན་ན་དེའི་ཚེ་ཉེས་པར་འགྱུར་གྱི། བསྒྲུབ་པར་བྱ་བའི་ཆོས་ཀྱི་རྟེན་མ་ཡིན་པ་འབའ་ཞིག་པ་ཉིད་དམ། ཆོས་གཞན་གྱི་རྟེན་ལ་གནོད་པ་དེའི་ཚེ་ནི་ཉེས་པ་ཡོད་པ་མིན་ཏེ་ཞེས་བསྟན་ཏོ། །འདི་ག་ལས་ཤེ་ན། འབའ་ཞིག་ལ་ཞེས་བྱ་བའོ། །འོ་ན་ཅི་ལྟར་ཉེས་པར་འགྱུར་སྙམ་ན་དེས་ན་ཞེས་བྱ་བའོ། །བསྟན་ཟིན་ལ་ཡིན་ཡང་ལོག་པར་རྟོག་པ་བསལ་བའི་དོན་དུ་རང་གི་ཆོས་ཅན་གྱི་ཚིག་གིས་སྟོན་པ་ཡིན་ནོ་ཞེས་གསུངས་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ་བསྟན་ཟིན་པ་ཡིན་པའི་ཕྱིར་རོ། །ཆོས་ཅན་གཞན་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ལའོ། །འདོད་པར་འགྱུར་བའི་ཚིག་གིས་སྐབས་མ་ཡིན་པའི་ཆོས་ལ་གནོད་པས་གནོད་བ་མ་ཡིན་ནོ་ཞེས་བསྟན་བྲིན་པ་ཡིན་ཡང་ལོག་པར་རྟོག་པ་བསལ་བའི་དོན་དུ་རང་ཉིད་ཀྱི་ཚིག་གིས་སྟོན་པ་དེ་བཞིན་དུ། མཚན་ཉིད་ཀྱི་ཚིག་གི་ཆོས་ཅན་གཞན་ལ་གནོད་པས་གནོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་པ་ཡིན་ཡང༌། རང་གི་ཆོས་ཅན་གྱི་ཚིག་གིས་ལོག་པར་རྟོག་པ་བསལ་བའི་དོན་དུ་སྟོན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་


DTG186_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒྲུབ་པར་བྱ་བའི་ཆོས་ལ་མཁོ་བའི་ཆོས་ཅན་ལ་གནོད་ན་ཉེས་པར་འགྱུར་བ་ཉིད་ཀྱི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་པ་ཡིན་ནོ། །ཅི་གསུངས་ཤེ་ན། གལ་ཏེ་ཞེས་བྱ་བའོ། །དེ་ལ་ནི་ཆོས་ཅན་ལའོ། །གཞན་དུ་ཞེས་བྱ་བ་ནི་གནོད་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སྒྲ་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ཞེས་བྱ་བ་ནི་སྒྲ་ལ་གྲུབ་ནའོ། །བཟློག་པར་ཞེས་བྱ་བ་ནི་མི་རྟག་པ་ཉིད་གྲུབ་པས་ན་ཁྱད་པར་དུ་གྱུར་པའི་དོན་མི་རྟག་པ་ཉིད་མ་གྲུབ་པར་རོ། །རྨོངས་པ་ལ་ནི་གྲངས་ཅན་ལའོ།། འོན་ཏེ་རྟག་པ་ཉིད་ཚད་མས་གྲུབ་པ་ཉིད་ཡིན་པ་དེའི་ཚེ་ཚད་མས་གནོད་པའི་ཕྱོགས་ལྟར་སྣད་པ་ལས་ཁྱད་པར་རབ་ཏུ་མ་གྲུབ་པ་ཞེས་བྱ་བ་འདི་ཕྱོགས་ལྟར་སྣང་བ་གཞན་དུ་མི་འགྱུར་རོ་ཞེས་གསུངས་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཞེས་བྱ་བའི་དཔེ་ཉིད་ཀྱིའོ། །ཕྱོགས་ལྟར་སྣང་པ་གསུམ་པ་སུན་འབྱིན་པ་ནི། གཉི་ག་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །ལན་ནི་ད་ལྟར་ན་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་སྒྲུབ་བྱེད་ཀྱི་སྐྱོ་ན་ཐམས་ཅད་ཀྱི་ཕྱོགས་ཉིད་ལ་གནོད་པ་ཡིན་ཡང་ངོ༌། །དེ་ལ་ཞེས་བྱ་བ་ཕྱོགས་ལ་གནོད་པ་ཙམ་གྱིས་སོ། །མ་ཡིན་ཏེ་ཞེས་བྱ་བ་འདི་ཅིའི་ཕྱིར་སྙམ་ན། སྒྲུབ་བར་བྱེད་པའི་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ཕྱོགས་ལ་གནོད་པ་ཡིན་ཡང་ངོ༌། །གཞན་གྱིས་བསམ་པས་རིགས་པ་ཡོད་པར་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པའི་སྐྱོན་ནི་ཕྱོགས་ཀྱི་སྐྱོན་མ་ཡིན་གྱི་ཞེས་བྱ་བ་ནི་སྐབས་སོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བའི་ཕྱོགས་ལས་ཐ་དད་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་དེའི་དུས་དང་རང་གི་ངོ་བོ་དེར་ཞུགས་བར་གྱུར་པའི་ཕྱིར་རོ། །དེ་ཉིད་གང་ལས་ཤེན། ཕྱོགས་ནི་ཞེས་བྱ་བའོ། །འོ་ན་ཉེས་པ་འདི་གང་གི་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ལན་ནོ། །མཚུངས་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་དང་སྒྲུབ་པར་བྱེད་པ་ལ་རྗེས་སུ་འགྲོ་བ་མེད་པ་ཉིད་མཚུངས་པའོ། །ཅི་ལྟར་མཚུངས་ཤེ་ན། རྗེས་སུ་ཞེས་བྱ་བའོ། །དེ་ཡང་བྱ་བ་ནི་མ་འབྲེལ་བའོ། །གལ་ཏེ་འབྲེལ་བ་ཉིད་གཉིས་ལ་བརྟེན་པ་མ་ཡིན་ནམ། དེ་ཅི་ལྟར་མ་འབྲེལ་པ་ཡང་དེ་ལྟར་བརྗོད་སྙམ་ན། མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པ་ཡང་


DTG186_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ལྟོས་ནས་རྣམ་པར་འཇོག་པ་ཡིན་ཏེ། འདི་ལྟར་དུ་བ་ནི་དུ་བ་མེད་དང་རྗེས་སུ་འགྲོ་བ་ཡིན་ལ། བོང་བུ་དང་ནི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །ཞེས་དེ་ཡང་གཉིས་ལ་གནས་པ་མ་ཡིན་ནོ། །གཉི་ག་ཡང་ཞེས་བྱ་བའི་ནི་ཕྱོགས་དང་སྒྲུབ་བར་བྱེད་པ་དག་གིའོ། །སྒྲུབ་པར་བྱེད་པ་ལ་ལྟོས་ཏེ་མ་གྲུབ་པ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །སྒྲུབ་པར་བྱེད་པ་ལ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལ་ལྟོས་པའི་མ་གྲུབ་པར་རང་གི་ངོ་བོ་མ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པ་ཉིད་ཀྱི་སྐྱོན་ཡིན་ནོ་ཞེ་ན། འདི་ལ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདི་ལྟར་དེ་ལ་བདག་ནི་ཁྱབ་པ་ཡིན་ནོ། །ཞེས་གལ་ཏེ་འགའ་ཞིག་ཁྱབ་པ་དང་ལྡན་པའི་བདག་བསྒྲུབ་བྱར་བྱེད་ན་ཞེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་ཏོ། །གཉི་ག་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཕན་ཚུན་ཁྱད་པར་དུ་བྱ་བ་དང་ཁྱད་པར་དུ་བྱེད་པའི་དངོས་པོར་ལྟོས་ནས་གཏན་ཚིགས་སྒྲུབ་པར་བྱེད་པ་ཡིན་ན་དེའི་ཚེ་ཅི་ལྟར་ཕྱོགས་ཀྱི་སྐྱོན་ཡིན་ཏེ། ཕྱོགས་ཡང་དག་པ་ཉིད་ཡིན་ནོ། །དེས་ན་བདག་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་ཡང་དག་པའི་ཕྱོགས་ཉིད་ཡིན་གྱི། ཕྱོགས་ལྟར་སྣང་བ་ནི་མ་ཡིན་ནོ། །འོན་ཏེ་ཆོས་ཅན་བདག་མེད་པས་གཏན་ཚིགས་གཞི་མ་གྲུབ་པ་ཉིད་ཡིན་ན། དེ་ལྟ་ན་འོ་ན་གཏན་ཚིགས་ཀྱི་ཉེས་པ་ཉིད་དུ་འགྱུར་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ། །གལ་ཏེ་ཆོས་ཅན་གྲུབ་པ་ཁོ་ན་ལ་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ན་ཞེས་བྱ་བའི་ངེས་པ་ནི་མེད་པ་མ་ཡིན་ཏེ། དེས་ན་གྲུབ་པའི་ཆོས་ཅན་དང་ལྡན་པའི་བསྒྲུབ་པར་བྱ་བའི་ཆོས་ནི་ཕྱོགས་ཡིན་ལ། མ་གྲུབ་པའི་ཆོས་ཅན་དང་ལྡན་པའི་ནི་ཕྱོགས་ལྟར་སྣང་བ་ཡིན་ནོ། །དེས་ན་བདག་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཉེས་པ་ཁོ་ན་ཡིན་གྱི། གཏན་ཚིགས་ཀྱི་ཉེས་པ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི་ཆོས་ཅན་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ཞེས་པ་ནི་ངེས་པའི་རྣམ་པའོ། །གྲུབ་པའི་ཆོས་ཅན་ཁོ་ན་ལ་བསྒྲུབ་པར་བྱ་བ་དང་འབྲེལ་བསྒྲུབ་པོ་ཞེས་བྱ་བའི་ངེས་པ་ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་ཆོས་མ་གྲུབ་པ་ཡང་བསྒྲུབ་པར་བྱ་བ་དང་འབྲེལ་པར་སྒྲུབ་པ་ཡིན་ནོ། །དེས་ན་གྲུབ་པ་དང་མ་གྲུབ་པའི་ཆོས་ཅན་ལ་ཡང་བསྒྲུབ་བྱའི་ཆོས་དང་ལྡན་པ་བསྒྲུབ་པར་བྱ་བ་ཡིན་ནོ། །མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་ཚོགས་པ་ཡང་དག་པའི་ཕྱོགས་ཡིན་ནོ་ཞེས་བྱ་བར་ག་ལ་ངེས་ཤེ་ན། རང་གི་ངོ་བོ་ཁོ་ནར་ཞེས་བྱ་བའོ། །བདག་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་


DTG186_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཁོ་ནར་བསྟན་པ་ཡིན་པ་དེས་ན་ཕྱོགས་ཉིད་ཡིན་གྱི་ཕྱོགས་ལྟར་སྣང་བ་ནི་མ་ཡིན་ཏེ། དེས་ན་ཅི་ལྟར་ཕྱོགས་ལྟར་སྣང་བར་བརྗོད། དེས་ན་འདི་ནི་གཞན་གྱིས་ཀྱང་གཏན་ཚིགས་ཀྱི་སྐྱོན་ཉིད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་ཚོགས་པ་ཡང་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ན་འོན་སྔར་ཆོས་ཅན་མེད་པས་གཏན་ཚིགས་གཞི་མ་གྲུབ་པའི་ཕྱིར་རོ་ཞེས་ཅི་ལྟར་བརྗོད། དེས་ན་གང་དུ་ཆོས་ཅན་མ་གྲུབ་བདེ་ནི་ཕྱོགས་ལྟར་སྣང་བ་ཁོ་ན་ཡིན་ནོ་ཞེས་མནོས་ནས་གཞན་དག་དོགས་པར་བྱེད་པ་ནི་འོ་ན་ཅི་ལྟར་ཞེས་བྱ་བའོ། །གཞི་མ་གྲུབ་པས་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གང་གི་ཚེ་ཆོས་དང་ཆོས་ཅན་གྱི་ཚོགས་པ་མ་གྲུབ་བ་དེའི་ཚེ་གཏན་ཚིགས་ཉིད་མ་གྲུབ་པ་ཡིན་ཏེ། དེས་ན་འདི་ནི་གཏན་ཚིགས་ཀྱི་ཉེས་པ་ཉིད་ཡིན་གྱི། ཕྱོགས་ཀྱི་ནི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ངེས་པ་མེད་པས་ནའོ། །མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་སྤྱི་ཞེས་བྱ་བ་ནི་བདག་ནི་ཁྱབ་པ་ཡིན་ནོ་ཞེས་བྱ་བའོ། །དེས་ན་ཁྱད་པར་རབ་ཏུ་མ་གྲུབ་པ་ལ་སོགས་པ་ཕྱོགས་ཀྱི་ཉེས་པ་གཞན་དུ་ཅི་ལྟར་འགྱུར། ཕྱོགས་ཉིད་ཡིན་ལ་གཏན་ཚིགས་གཞི་མ་གྲུབ་པ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་ཕྱོགས་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེས་ན་གྲུབ་པའི་ཆོས་ཅན་གྱི་ཁྱད་པར་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ནི་ཕྱོགས་ཡིན་ལ། མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་སྤྱི་ནི་ཕྱོགས་ལྟར་སྣང་བ་ཡིན་ནོ་ཞེས་གཞན་གྱིས་བརྗོད་པར་མི་བྱ་སྟེ། མ་གྲུབ་བའི་སྤྱི་ཡང་ཕྱོགས་ཡིན་པའི་ཕྱིར་རོ། །དེས་ན་ཁྱད་པར་མ་གྲུབ་པ་ལ་སོགས་པ་ནི། གཏན་ཚིགས་ཀྱི་སྐྱོན་ཉིད་ཡིན་གྱི་ཕྱོགས་ཀྱི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་མ་གྲུབ་པའི་སྤྱི་ཡང་ཕྱོགས་ཡིན་བའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་གཏན་ཚིགས་ལ་མི་ལྟོས་པས་སོ། །ཡན་ལག་ཕྱི་མ་ལ་ལྟོས་པའི་སྐྱོན་ཡིན་པ་དེ་ནི་ཡན་ལག་ཕྱི་མའི་དེ་ཉིད་དང་རྗེས་སུ་འབྲེལ་པ་ཡིན་གྱི། ཕྱོགས་སུ་གྱུར་པའི་ཡན་ལག་སྔ་མ་དང་ནི་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བཤད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་སྒྲ་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དཔེར་བརྗོད་བ་རྣམ་བ་བཞིས་ནི། ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་གི་གནོད་པ་བརྗོད་ཀྱི། ཆོས་ཅན་གྱི་ཁྱད་པར་དང༌། ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་རང་གི་ངོ་བོ་ལ་གནོད་པ་ནི་མ་ཡིན་ནོ། །ཆོས་དང་ཆོས་ཅན་གྱི་ཁྱད་པར་ཞེས་བྱ་བའི་ཁྱད་པར་གྱི་


DTG186_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་གཉིས་ཀ་དང་སྦྱར་རོ། །བསྒྲུབ་བྱར་ཡན་ལག་གྱུར་པའི་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་མེད་ན་མེད་པ་ཅན་ནོ་ཞེས་བྱ་བ་ནི་ལྷ་དབང་བློའིའོ། །བསྒྲུབ་བྱའི་ནང་དུ་རྟོགས་པ་ཞེས་བྱ་བ་ནི་རྣམ་བཤད་མཛད་པའིའོ། །དེ་སྐད་དུ་ཡང་བསྒྲུབ་བར་བྱ་བ་ཉིད་ཁྱད་པར་མེད་པའི་ཕྱིར་ཞེས་འཆད་པར་འགྱུར་རོ། །དཔེ་འདི་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲ་ནི་མཉན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དཔེར་བརྗོད་པས་སོ། །རང་གི་ངོ་པོ་དང་ཁྱད་པར་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ཆོས་ཅན་གྱི་རང་གི་ངོ་བོ་དང་དེའི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་དང་གཉི་གའི་ཁྱད་པར་རྣམས་ཀྱིའོ། །བསྒྲུབ་བྱ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་འདི་བསྒྲུབ་བྱའི་ཡན་ལག་གྱུར་པའི་ཞེས་བྱ་བ་རྣམ་པར་བསྐལ་པ་ཡིན་ནོ། །འོ་ན་རང་གི་ངོ་བོ་དང་ཁྱད་པར་གནོད་པ་ཐམས་ཅད་ཀྱི་དཔེར་བརྗོད་པ་བསྟན་པར་བྱ་བར་འགྱུར་རོ་ཞེ་ན། དེ་ལ་ཞེས་གསུངས་སོ། །དགོས་པ་མེད་པའི་ཕྱིར་ཡང་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ལྟར་ཞེས་བྱ་བའོ། །ཡོངས་སུ་ཤེག་པ་དགོས་པ་ཡིན་ནོ་ཞེ་ན། དཔེར་བརྗོད་པ་ཞེས་བྱ་བའོ། །དེའི་ཆོས་ཅན་ཞེས་བྱ་བ་ནི་གང་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པའི་ཆོས་ཅན་གྱི་རང་གི་ངོ་བོ་ལ་སོགས་པ་གསུམ་མོ། །གལ་ཏེ་ཆོས་དང་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཁྱད་པར་ཡིན་ན། དེ་ན་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རྗེས་འགྲོ་མེད་པའི་ཕྱིར་རོ། །དེ་སྟེ་བསྒྲུབ་བྱ་ཡིན་ན། འོན་ཁྱད་པར་མ་ཡིན་ཏེ་རྗེས་འགྲོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །དེའི་ཆོས་སུ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ཆོས་ཀྱི་རང་གི་ངོ་བོའི་རིགས་ཅན་དུའོ། །དེ་ནི་ཞེས་བྱ་བ་ནི་རྩོད་པའི་ལན་ནོ། །སྨྲས་པ་ནི་གཞན་ཙམ་གྱི་སྤྱི་ཡིན་པས་དེ་ལ་ལྟོས་ནས་ཁྱད་པར་ཡིན་ནོ། །རང་གི་ངོ་བོ་ལ་ལྟོས་ནས་ནི་སྤྱི་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོད་པའི་སྤྱི་ལ་བ་ལང་ཉིད་ཁྱད་པར་ཡིན་ཡང་སྤྱིའི་རང་བཞིན་མི་ཉམས་པ་ནི་ཉམས་སོ། །གལ་ཏེ་སྨྲས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་གཞན་མ་ཡིན་པ་མ་ཡིན་ནམ། དེ་ཅི་ལྟར་ན་སྤྱིའི་རང་བཞིན་ཡིན་ཡང་དེ་ལ་གནོད་པས་ཕྱོགས་ལ་གནོད་པར་ཅི་ལྟར་འགྱུར་ཞེ་ན། བསྒྲུབ་པར་བྱ་བ་ནི་དེ་ཉིད་དེ་ཞེས་བྱ་བ་སྟེ། ཁྱད་པར་གྱི་རང་བཞིན་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་ཁྱད་པར་བསྒྲུབ་པར་བྱ་བ་མ་ཡིན་ནའོ། །འདིས་ནི་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་ཉིད་ཡིན་ཡང་བསྒྲུབ་པར་བྱ་བ་ཡིན་


DTG186_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་གནོད་པ་གསུམ་པ་རྣམས་ལས་སོ། །ཕྱོགས་ཙམ་ཞེས་བྱ་བ་ནི་ཆོས་ཀྱི་ཁྱད་པར་གྱི་དཔེར་བརྗོད་པས་གཞན་ཉེ་བར་མཚོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤད་བ་དོན་དཔེར་བརྗོད་པ་ལྷག་མ་གཉིས་བསྟན་པའི་དོན་དུའོ། །ཆོས་ཀྱི་ཁྱད་པར་གྱི་དཔེར་བརྗོད་པ་དེ་ཉིད་གསུངས་པ་ནི། ལྡན་དོན་ཞེས་བྱ་བའོ། །ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་ཡོད་དོ་ཞེས་གཞན་ཉིད་ནི་ཆོས་ཡིན་ནོ། །དེའི་ཁྱད་པར་ནི་བྱ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་རྫས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཡོན་ཏན་ལྕི་བ་ཉིད་དང༌། བྱ་བའི་འོག་ཏུ་འགྲོ་བའི་འདུ་བ་ཅན་གྱི་རྒྱུ་ཡིན་པ་ཉིད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་རྣམས་ཡོད་པ་ཙམ་བསྒྲུབས་ན་ནི་དེའི་ཚེ་སངས་རྒྱས་པ་ལ་སྒྲུབ་པར་འགྱུར་ཏེ། བརྟགས་པའི་ཡན་ལག་ཅན་ནི་སངས་རྒྱས་པས་ཀྱང་འདོད་པའི་ཕྱིར་རོ། །དེའི་ཕྱིར་གཞན་ཙམ་ནི་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གཞན་ཁྱད་པར་ཅན་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྱད་པར་དེ་ཡང་བསྟན་ཟིན་པ་ཁོ་ནའོ། །དབང་པོ་དང་ལྡན་པ་ན་མཐོང་བ་ལ་སྟོན་པའི་དོན་ཡན་ལག་ཅན་གཞན་ནོ། །མཐོང་བ་ལ་བརྟེན་པའི་ཁྱད་པར་ཡང་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་པར་བསྒྲུབས་ན་ཉེས་པ་ཅི་ཡོད་སྙམ་ན། མ་མཐོང་ཞེས་བྱ་བའོ། །རྫས་ཀྱི་མཚན་ཉིད་དང་ལྡན་པ་ལ་ལྟོས་ཏེ་ལྡོག་པ་བརྗོད་པ་ནི། ཁྱད་པར་ཅན་མིན་ཞེས་བྱ་བའོ། །གལ་ཏེ་གང་གིས་ཕྱོགས་ཙམ་ཞེས་བརྗོད་པ་དཔེར་བརྗོད་པ་གཞན་ཡང་ཡོད་དམ་ཅི་སྙམ་དུ་དོགས་པ་སེལ་བས་བརྗོད་པ་དང་མ་བརྗོད་པ་གསུངས་པ་ནི། དཔེར་བརྗོད་པ་ནི་ཞེས་བྱ་བའོ། །དང་པོ་ཆོས་ཀྱི་ཁྱད་པར་བསལ་བ་དཔེར་བརྗོད་པ་ནི་ཡིན་ལ། གཉིས་པ་ནི་ཆོས་ཅན་གྱི་ཁྱད་པར་སེལ་བས། གསུམ་པ་ནི་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བ་ས་ཡིན་ནོ། །དེ་ལ་དང་པོའི་དོན་ནི་འདི་ཡིན་ཏེ། ལྕི་བ་ཉིད་ལ་སོགས་པའི་ཁྱད་པར་དུ་བྱས་པའི་གཞན་ཉིད་ཀྱིས། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ་ཞེས་བྱ་བ་ནི་མུ་སྟེགས་པའི་སངས་རྒྱས་པས་བརྗོད་པ་ནི། ཡན་ལག་ཅན་ནི་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཅན་གཞན་ཡིན་ན་དེའི་ཚེ་ལྗི་བ་ཉིད་ལ་སོགས་པའི་ཁྱད་པར་ཅན་གྱི་གཞན་ཉིད་རྟོགས་པར་འགྱུར་བ་ཞིག་ན། ལྗི་བ་ཉིད་ལ་སོགས་པ་ནི་རྟོགས་པ་ཡང་མ་ཡིན་ཏེ།


DTG186_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་དམའ་པའི་ཁྱད་པར་མི་འཛིན་པའི་ཕྱིར་ཏེ་མི་ངེས་པའི་ཕྱིར་རོ། །དེས་ན་ཆོས་གཞན་ཉིད་ཀྱི་ཁྱད་པར་ལྗི་བ་ཉིད་གང་ཡིན་པད་བསལ་བའི་ཕྱིར་ཡན་ལག་ཅན་ནི། ཡན་ལག་རྣམས་ལས་གཞན་མིན་ཏེ། །ཞེས་བྱ་བ་ཕྱོགས་ལྟར་སྣད་པ་ཡིན་ནོ། །ཡན་ལག་ནི་ཞེས་བྱ་པ་ལ། ཡན་ལག་ནི་ཆོས་ཅན་ཡིན་ཏེ། དེ་དག་ནི་ཡན་ལག་ཅན་ལས་གཞན་ཉིད་ཡིན་ནོ་ཞེས་གཞན་གྱིས་སྒྲུབ་པར་བྱེད་དོ། །དེས་ན་ཡན་ལག་ཅན་དོན་དམ་པ་པར་འགྲུབ་པོ་ཞེས་ཟེར་རོ། །དེ་ལ་སངས་རྒྱས་པས་བརྗོད་པ་ནི། ཡན་ལག་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །ཡན་ལག་རྣམས་ནི་ཡན་ལག་ཅན་གྱི་རྫས་ལ་ཐ་དད་པ་མ་ཡིན་ཏེ། ཡན་ལག་རྣམས་ཁོ་ན་ལ་ཡན་ལག་ཅན་ཞེས་ཐ་སྙད་འདོགས་པ་ཡིན་ནོ། །ཡན་ལག་ཅན་ནི་དོན་དམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ་ཡན་ལག་རྣམས་ནི་ཁྱོད་མངོན་སུམ་དུ་གྱུར་པ་ཉིད་དུ་འདོད་པ་ཡིན་ན། དེ་དག་ནི་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་རོ། །འདི་ལྟར་ཡན་ལག་ཅན་གྱི་རྫས་ལས་ཡན་ལག་རྣམས་ཐ་དད་པར་དམིགས་པ་ཉིད་དུ་གྱུར་ན་ནི། ཡན་ལག་འདི་དག་མངོན་སུམ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་འཐད་པ་ཞིག་ན། ཐ་དད་པ་ན་དམིགས་པ་ནི་མེད་དོ། །དེའི་ཕྱིར་ཐ་དད་པའི་ཕྱོགས་ལ་མངོན་སུམ་མ་ཡིན་པར་ཐལ་ཏེ། ཐ་དད་པར་དམིགས་པ་ཉིད་མེད་པའི་ཕྱིར་རོ། །དེས་ན་ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལྟར་སྣང་བ་ཡིན་ཏེ། ཆོས་ཅན་གྱི་ཁྱད་པར་མངོན་སུམ་གྱིས་མཚན་ཉིད་བསལ་པའི་ཕྱིར་རོ། །རྫས་ནི་ཞེས་བྱ་བ་ལ། དེ་ལ་རྫས་ནི་ཡོད་པ་ཡིན་ཏེ་ཞེས་ཡོད་པས་རྟེན་བཅས་པའི་རྫས་ནི་ཆོས་ཅན་ཡིན་ནོ་ཞེས་མུ་སྟེགས་པ་དག་འཛེར་ཏོ། །དེ་ལ་སངས་རྒྱ་པས་བརྗོད་པ་རྫས་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རྫས་ཡོད་ན་དེའི་ཚེ་ཡོན་ཏན་ལས་རྫས་ཁྱད་པར་ཡོད་དགོས་ན་ཁྱད་པར་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་རྫས་དང་ཡོན་ཏན་དག་ཐ་དད་པའམ་ཐ་མི་དད་པ་ཞིག་ཡིན། ཐ་དད་པའི་ཕྱོགས་ལ་ནི། རྫས་དང་ཡོན་ཏན་གཉིས་ཁྱད་པར་མེད་པར་འགྱུར་རོ། །འདི་ལྟར་ཚིག་གི་དོན་གསུམ་ཡོད་པར་བྱེད་པ་ནི་ཡོད་པ་ཉིད་ཡིན་ནོ་ཞེས་བརྗོད་པའི་ཕྱིར། ཅི་ལྟར་རྫས་ལ་ཡོད་པ་ཉིད་གནས་པ་ད་བཞིན་དུ་ཡོན་ཏན་ལ་ཡང་ཡིན་


DTG186_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེས་ན་ཡོད་པས་རྟེན་བཅས་པར་ཁྱད་པར་མེད་པའི་ཕྱིར་ན། ཡོན་ཏན་དང་རྫས་དག་ཁྱད་པར་མེད་པར་འགྱུར་རོ། །དེས་ན་གཉི་ག་ཡང་རྫས་ཀྱི་རང་བཞིན་ནམ། ཡོན་ཏན་གྱི་རང་བཞིན་དུ་འགྱུར་རོ། །གཉིས་བའི་ཕྱོགས་ལ་ཡང་ཕན་ཚུན་རྗེས་སུ་ཞུགས་བས་ན་ཡོན་ཏན་གྱི་རང་བཞིན་དག་རྫས་ཀྱི་རང་བཞིན་ཁོ་ནར་འགྱུར་རོ། །དེས་ན་རྫས་ནི་ཡོད་པ་ཡིན་ཏེ་བྱ་བ་ནི་ཕྱོགས་ལྟར་སྣང་བ་ཡིན་ཏེ། ཆོས་ཅན་རྫས་ཀྱི་རང་གི་ངོ་བོ་བསལ་བའི་ཕྱིར་རོ། །ཕྱི་མ་ཤོས་ཞེས་བྱ་བ་ནི། རྫས་ནི་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པའོ། །ཆོས་ཅན་དང་ཆོས་ཀྱི་ཞེས་བྱ་བ་ནི་གོ་རིམས་ཅི་ལྟ་བར་མ་ཡིན་གྱི་འོན་ཀྱང་ཅི་ལྟར་རིགས་པ་ཡིན་ནོ། །དེ་ལ་དཔེར་བརྗོད་པ་དང་པོའོ། །རྫས་ཀྱི་མཚན་ཉིད་ཅན་ཞེས་བྱ་བའི་རྣམ་འགྲེལ་རྣམ་པར་འགྲེལ་པའི་སྒོ་ནས་བར་དུ་ཆོད་པའི་གཞུང་གིས་སྟོན་པར་འགྱུར་རོ། །དེ་བས་ན་རེ་ཞིག་དཔེར་བརྗོད་པ་གཉིས་གོ་རིམས་ཅི་ལྟ་བ་བཞིན་རྣམ་པར་འགྲེལ་པ་ནི། གང་ཞིག་ཅེས་བྱ་བའོ། །གལ་ཏེ་ཡན་ལག་མངོན་སུམ་དུ་གྱུར་པ་རྣམས་ཡན་ལག་ཅན་ལས་གཞན་ཡིན་ན་དེའི་ཚེ་དེ་ལས་ཐ་དད་པར་དམིགས་པར་འགྱུར་བ་ཞིག་ན། ཐ་དད་པར་དམིགས་པ་ཡང་མ་ཡིན་ཏེ། དེས་ན་དེ་ལྟར་མངོན་སུམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ནི་ཐ་དད་པ་ཉིད་དུའོ། །དེ་ཡིས་ཞེས་བྱ་བ་ཐ་དད་པའི་ངོ་བོར་དམིགས་པར་བྱ་བས་ཁྱབ་པ་ཡིན་ན་འདིར་ནི་ཁྱབ་པར་བྱེད་པ་མེད་དོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། ཐ་དད་པར་ཞེས་སྨོས་སོ། །ཡིན་ན་ཅི་འགལ་སྙམ་ན། ཐ་དད་པར་ཞེས་བྱ་བའོ། །དེས་ན་ཕ་རོལ་པོས་ནི་ཐ་མི་དད་པ་ཁོ་ནར་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ཡང་ཡན་ལག་ཅན་བརྟགས་པ་ཁོ་ནར་འགྱུར་གྱི། དོན་དམ་པར་ནི་མ་ཡིན་ནོ། །གལ་ཏེ་ཡན་ལག་ཅན་གྱི་རང་བཞིན་ལས་ཐ་དད་པ་ན། ཡན་ལག་རྣམས་མངོན་སུམ་མ་ཡིན་པ་ཉིད་དོ། །འོ་ན་ཅི་ལྟར་མངོན་སུམ་ཉིད་དུ་འགྱུར་ཞེ་ན་གལ་ཏེ་ཞེས་བྱ་བའོ། །མངོན་སུམ་ཉིད་ཡིན་ཞེས་བྱ་བ་ནི་ཡན་ལག་རྣམས་སོ། །མངོན་སུམ་ཉིད་མ་ཡིན་པ་ཉིད་བརྗོད་པ་ནི། གང་དུ་ཞེས་བྱ་བའོ། །དེའི་དངོས་ཞེས་བྱ་བ་ནི་ཡན་ལག་ཅན་ལས་ཐ་མི་དད་བའི་རང་བཞིན་ནོ། །དེ་བཞིན་ཞེས་བྱ་བ་ནི་མངོན་སུམ་ཉིད་དོ། །ཡན་ལག་མངོན་སུམ་མ་ཡིན་ན་ནི་གཞན་གྱི་འདོད་པ་མི་འགྲུབ་


DTG186_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བརྗོད་པ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །དཔེར་བརྗོད་པ་འདི་ཉིད་ཡང་རྣམ་པ་གཞན་དུ་འཆད་པ་ནི། ཡང་ན་ཞེས་བྱ་བའོ། །སྔར་ནི་ཡན་ལག་རྣམས་མངོན་སུམ་མ་ཡིན་པར་བསྟན་པ་ཡིན་ལ། ད་ལྟར་ནི་ཡན་ལག་ཅན་མངོན་སུམ་མ་ཡིན་བར་སྟོན་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཡན་ལག་ཅན་ནོ། །ཅི་ལྟར་མངོན་སུམ་མ་ཡིན་པར་འགྱུར་ཞེ་ན། གཞན་ཉིད་ཡིན་ན་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་ཡན་ལག་རྣམས་སོ། །ཅི་ལྟར་མངོན་སུམ་མ་ཡིན་ན་གཞན་མངོན་སུམ་མ་ཡིན་པར་འགྱུར་ཞེན། ཡན་ལག་ཅེས་བྱ་བའོ། །ཡན་ལག་དང་པོ་ཞེས་བྱ་བ་ནི་རྡུལ་གཉིས་པ་བཞིན་ནོ། །གཞན་ནི་ཞེས་བྱ་པ་ནི་རྡུལ་གཉིས་པ་ཅན་ལ་སོགས་པའོ། །ལན་འདེབས་པ་ནི་གཅིག་ཉིད་ཅེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཡན་ལག་ཅན་མེད་པས་ནའོ། །དེས་ན་ཞེས་བྱ་བ་ནི་གཞན་མ་ཡིན་པས་ནའོ། །དཔེར་བརྗོད་པ་གཉིས་པ་རྣམ་པ་གཉིས་སུ་བཤད་ནས། གསུམ་པ་འཆད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །ཡོན་ཏན་དང་རྫས་གཉིས་ཐ་དད་པའི་ཕྱོགས་ལ་ཁྱད་པར་མེད་པར་བརྗོད་ནས། ཐ་མི་དད་པའི་ཕྱོགས་ལ་ཡང་ཁྱད་པར་མེད་པར་བརྗོད་པ་ནི། ཕན་ཚུན་སྤངས་པ་མ་ཡིན་ན་ཡང་ཞེས་བྱ་བ་སྟེ། རྫས་ལས་ཡོན་ཏན་ཐ་མི་དད་ན་ཡང་ངོ༌། །གང་ལས་རྣམ་བར་དབྱེ་བ་ཡོད་ཅེས་བྱ་བ་ནི་རྫས་ཁོ་ན་ཡིན་ལ། འདི་ནི་ཡོན་ཏན་ཁོ་ན་ཡིན་ནོ་ཞེས་ཐ་དད་པ་གང་ལས་ཡིན་ཞེས་བའོ། །ཡོན་ཏན་ཉིད་དང་རྫས་ཉིད་ཀྱི་སྤྱི་དག་ཡོན་ཏན་དང་རྫས་དག་ལ་ཐ་དད་པ་མེད་པའམ། ཐ་དད་པ་ཞིག་ཡིན། ཕྱོགས་དང་པོ་ལ་བརྗོད་པ་ནི། རང་གི་རང་བཞིན་ལ་ཞེས་བྱ་བའོ། །ཡོན་ཏན་དང་རྫས་ལ་སྤྱི་གཉིས་རྗེས་སུ་ཞུགས་ན་ཡོན་ཏན་དང་རྫས་དག་ཉིད་དུ་འགྱུར་གྱི་སྤྱི་གཞན་ཡོད་པར་ནི་མི་འགྱུར་རོ། །གཉིས་པ་ལ་བརྗོད་པ་ནི། ཡོན་ཏན་ཉིད་ནི་གཞན་ཡིན་ན། །ཞེས་བྱ་བའོ། །འང་གི་སྒྲས་ནི་རྫས་ཉིད་གཞན་ཡིན་ན་ཡང་ཞེས་སྡུད་བའོ། །དེར་ཡང་ཞེས་བྱ་བ་ནི་ཡོན་ཏན་ཉིད་དང༌། རྫས་ཉིད་ལ་ཡང་ངོ༌། །ཡོད་མོད་ཅི་ཉེས་སྙམ་ན། དེས་ན་ཞེས་སྨོས་སོ། །ཡོད་པ་དང་འབྲེལ་པས་ནའོ། །ཡོན་ཏན་ཉིད་རྫས་ལས་ཁྱད་པར་མེད་པའི་ཐལ་པ་སྔ་མ་གང་ཡིན་པ་དེ་བཟློག་པ་མེད་བར་འགྱུར་རོ། །དཔེར་ན་ཡོན་ཏན་དང་ལྡན་པའི་ཕྱིར་ཡོན་ཏན་རྫས་དང་ཁྱད་པར་མེད་པར་བརྗོད་པ་དེ་བཞིན་དུ་ཡོན་ཏན་ཉིད་ཀྱང་དེ་དང་ལྡན་པའི་ཕྱིར་ན། རྫས་


DTG186_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འགྱུར་རོ། །འདི་ཉིད་བརྗོད་པ་ནི། ཡོད་ཉིད་ཡོད་ན་ཞེས་བྱ་བའོ། །ཡོན་ཏན་དང་ཡོན་ཏན་ཉིད་ལ་ཡོད་ཉིད་དེ། ཡོད་བ་ཉིད་ཡོད་པར་ཁས་ལེན་ན། ཐམས་ཅད་ཅེས་བྱ་བ་ཡོན་ཏན་དང་ཡོན་ཏན་ཉིད་གཉིས་རྫས་སུ་འགྱུར་རོ། །ནམ་གྱི་ཚེ་ཞེ་ན། ཐ་དད་དང་གཞན་པ་སྟེ། ཡོན་ཏན་དང་རྫས་དག་ཐ་དད་པ་དང་ཐ་མི་དད་པ་ལའོ། །དེ་བཞིན་དུ་སྤྱི་དག་ཐ་དད་པ་དང་མི་དད་པ་ལ་ཡང་ངོ༌། །ཕན་ཚུན་སྤངས་བས་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལ་དོན་འདི་ཡིན་ཏེ། རྫས་དང་ཡོན་ཏན་དག་ཐ་མི་དད་པ་ཡིན་ན། རྣམ་པར་དབྱེ་བ་མེད་པར་འགྱུར་རོ་ཞེས་བྱ་བ་འདི་རིགས་པ་ཡིན་གྱི་ཐ་དད་པ་ལ་ནི་རྫས་ཉིད་དང་ལྡན་པའི་ཕྱིར། རྫས་ཀྱི་གསལ་བ་ཡོན་ཏན་གྱི་གསལ་བ་ལས་ཐ་དད་བར་འཐད་ཁོ་ནའོ་ཞེས་བྱ་བའོ། །གྲུབ་བའི་མཐའི་དོན་ནི་འདི་ཡིན་ཏེ། ཐ་དད་པའི་ཕྱོགས་ལ་ལྕགས་ཀྱི་ཐུར་མ་ལྟ་བུའི་དོན་དག་ལ་གཙོ་བོ་དང་གཙོ་བོ་མ་ཡིན་བའི་རྣམ་པར་དབྱེ་བ་མེད་པས་ཅི་ལྟར་རྫས་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བར་འགྱུར་ཞེས་བྱ་བ་ཡིན་ནོ། །རྫས་དང་ཅིག་ཤོས་ལ་སོགས་པར་རྣམ་པར་དབྱེ་བའི་རྒྱུ་མཚན་དོགས་པར་བྱེད་པ་ནི། ཡོན་ཏན་ཉིད་ལ་སོགས་པ་ཞེས་བྱ་བའོ། །ལན་ནི་རྫས་དང་ཅིག་ཤོས་ཉིད་དང་ལྡན་པས་ནི་རྫས་དང་ཅིག་ཤོས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་གསལ་བས་ཞེས་བྱ་བའོ། །གཞན་དུ་ནི་ཞེས་བྱ་བ་གསལ་བར་བྱ་བ་མ་ཡིན་ན་ནི་ཡོན་ཏན་ཉིད་དུ་མི་འགྲུབ་པའོ། །འདི་ག་ལས་ཤེ་ན། ཡོན་ཏན་ཉིད་དང་ཞེས་བྱ་བའོ། །ཡོན་ཏན་ཉིད་དང་རྫས་ཉིད་ཀྱི་སྤྱི་ནི། རང་གི་ངོ་པོས་ཕན་ཚུན་ཐ་དད་པར་ངེས་ནུས་པ་ནི་མ་ཡིན་ཏེ། །པ་དོག་དང་རྣམ་པ་དང་ཡི་གེས་སྟོང་བས་ན། སྤྱིའི་རྣམ་པ་ནི་གཉི་ག་ལ་ཡང་མཚུངས་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ཡོན་ཏན་ཉིད་དང་རྫས་ཉིད་ཀྱི་ཁྱད་པར་རྫས་ཉིད་དམ་ཡོན་ཏན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་ནོ། །དེ་དང་རིགས་མི་མཐུན་པ་ཞེས་བྱ་བ་ནི། རྫས་ཀྱི་གསལ་བ་དང་རིགས་མི་མཐུན་པ་ཡོན་ཏན་གྱི་གསལ་བས་གསལ་བར་བྱ་བ་ཉིད་ནི་ཡོན་ཏན་ཉིད་ཀྱི་ཁྱད་པར་ཡིན་བའོ། །རིགས་མི་མཐུན་པ་གནས་བ་ཉིད་ཀྱིས་ཞེས་བྱ་བ་ནི་རྫས་ཉིད་དང་རིགས་མི་མཐུན་པ་ཡོན་ཏན་ཉིད་གནས་པས་སོ། །རིགས་གསལ་བ་རིགས་མི་མཐུན་བ་ཡིན་ན་ཡོན་ཏན་ཉིད་གསལ་བར་བྱེད་ལ། རིགས་མི་མཐུན་པ་ཉིད་ཀྱང་རྫས་ཉིད་དང་མི་འདྲ་བ་ཡོན་ཏན་ཉིད་ཀྱི་རིགས་


DTG186_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་བ་ལས་ཡིན་ན། དེས་ན་ཡོན་ཏན་ཉིད་དང་ལྡན་པས་རིགས་མི་མཐུན་བ་ཉིད་རིགས་མི་མཐུན་པ་ཉིད་ཡིན་ན་ཡང་གསལ་བ་ཡོན་ཏན་ཉིད་ཀྱིས་གསལ་བར་བྱེད་བ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་སྤྱི་དག་ལའོ། །རིགས་མི་མཐུན་བ་གནས་པ་ཉིད་ནི་མི་འབྲ་བའི་རིགས་དང་འབྲེལ་བ་ཉིད་དོ། །ལྡོག་པ་ཉིད་ཡིན་ན་ཞེས་བྱ་བ་ནི་རིགས་དག་གོ །དེ་ལྟར་ཞེས་བྱ་བ་ནི་རང་གི་ངོ་བོའི་ལྡོག་པ་ཉིད་དོ། །དེའི་ཕྱིར་ཡོན་ཏན་ཉིད་ལ་སོགས་པ་དང་ལྡན་པས་ནི། རྫས་དང་ཅིག་ཤོས་ཉིད་ལ་སོགས་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་འདི་སྙམ་དུ་རང་གི་ངོ་བོས་ནི་རིགས་རྣམས་ཕན་ཚུན་ལྡོག་པ་མ་ཡིན་ན། གང་གིས་བསལ་བ་རྣམས་ཀྱང་དེ་ལྟར་འགྱུར། འོན་ཀྱང་རྫས་ཉིད་ལ་སོགས་པ་ལས་ཡོན་ཏན་ཉིད་ལྡོག་པ་ནི་ཡོན་ཏན་ཞེས་བྱ་བ་མཚུངས་པའི་རྣམ་བ་ཅན་གྱི་རྟོགས་པའི་རྒྱུ་མཚན་ཡིན་བའི་ཕྱིར་རོ། །དེ་བཞིན་དུ་རིགས་རྣམས་ཕན་ཚུན་ལྡོག་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། ལན་ནི་ཞེས་བྱ་བའོ། །བར་མ་དོའི་ཤ་ལྷག་པ་ཞེས་བྱ་བ་ནི་དགོས་པ་མེད་པའི་གནས་སུ་གྱུར་པའོ། །ཅི་ལྟར་དགོས་པ་མེད་སྙམ་ན། རང་གི་ཞེས་བྱ་བའོ། །སྤྱི་རང་གི་དོགས་པ་རིགས་མི་མཐུན་པ་ལས་ལྡོག་པའི་མཚན་ཉིད་གང་ཡིན་པ་དེ་ནི། སྤྱིའི་རྣམ་པ་ཅན་གྱི་རྟོགས་པའི་རྒྱུ་མཚན་གྱི་ངེས་བ་གང་ཡིན་བ་དེ་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་རང་གི་ངོ་བོ་ལས་ཐ་དད་པའི་སྤྱི་དམིགས་པ་ནི་མེད་དོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྤྱི་མེད་དང་ངོ༌། །དེས་ན་ཞེས་བྱ་བ་ནི་རྫས་ཉིད་ལ་སོགས་པས་ནའོ། །འོ་ན་གང་གི་ཚེ་ཁྱད་པར་ཡོད་སྙམ་ན། མེད་ན་ནི་ཞེས་སྨོས་སོ། །ཁྱད་པར་གྱི་རྣམ་པ་ཉིད་བརྗོད་པ་ནི་རྫས་ཞེས་བྱ་བ་ནི། གཉི་གའི་སྒྲ་ནི་རེ་རེ་དང་སྦྱར་ཏེ་རང་གི་ངོ་བོ་གཉི་ག་བསལ་བ་དང༌། གཉི་གའི་ཁྱད་པར་བསལ་བའི་སྒོ་ནས་སོ། །འདིར་ནི་དཔེར་བརྗོད་མ་ཐག་ཏུ་བསྟན་པ་ཡིན་ཏེ། ཆོས་ཀྱི་རང་གི་ངོ་བོ་བསལ་བ་དང༌། ཆོས་ཅན་གྱི་རང་གི་ངོ་བོ་བསལ་བ་དང༌། ཆོས་ཀྱི་ཁྱད་པར་བསལ་བ་དང༌། ཆོས་ཅན་གྱི་ཁྱད་བར་བསལ་བ་དང༌། ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོའི་ཚོགས་བ་བསལ་བ་ན། ཆོས་དང་ཆོས་ཅན་གྱི་ཁྱད་པར་གྱི་ཚོགས་བསེལ་བའོ། །དེ་ལ་ཆོས་ཀྱི་རང་གི་ངོ་བོ་སེལ་བས་ནི་སྒྲ་མཉན་བྱ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་དཔེར་བརྗོད་པ་རྣམ་པ་བཞི་ཉེ་བར་བཀོད་པ་ཡིན་ནོ། །ལྷག་མ་གསུམ་ནི་དེ་མ་


DTG186_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་བསྟན་ཟིན་པ་ཉིད་དོ། །ད་ནི་དཔེར་བརྗོད་པ་ལྷག་མ་གཉིས་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་ཡང་ཆོས་ཀྱི་རང་གི་ངོ་བོ་དང༌། ཆོས་ཅན་གྱི་རང་གི་ངོ་བོ་དང༌། དེ་དག་གི་ཁྱད་པར་རྣམས་ཀྱི་དཔེར་བརྗོད་པ་བསྟན་ཟིན་པ་དེ་ལྟ་ན་ཡང་དེ་དག་ནི་ཐ་དད་བར་དཔེར་བརྗོད་བ་ཡིན་ལ། ད་ནི་དཔེར་བརྗོད་པ་གཅིག་ཉིད་ལ་གཉིས་གཉིས་ཉེ་བར་སྟོན་པ་ཡིན་ནོ། །འདི་ལྟ་སྟེ། ངག་ཐམས་ཅད་ནི་བདེན་པའི་དོན་ཅན་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཅི་ལྟར་ན་འདི་གཉི་ག་ལྟར་ཡང་ཕྱོགས་ཀྱི་ཉིས་བ་ཡིན་སྙམ་ན། ཚིག་ཀུན་ཞེས་གསུངས་སོ། །གང་དང་བདེན་པ་མ་ཡིན་པ། ཆོས་ཅན་དང་ཆོས་ཀྱི་རང་གི་ངོ་བོ་དག་དང༌། དེའི་ངོ་བོའི་ཁྱད་བར་དག་སྟེ། ངག་དང་བདེན་པ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོ་ཁྱད་པར་དག་སྤོང་བ་བརྗོད་པར་འདོད་པ་ཡིན་ན། གཉི་གའི་རང་གི་ངོ་བོ་དང་ཁྱད་པར་སྤོང་བའི་མཚན་ཉིད་ཀྱི་སྐྱོན་ཡིན་ནོ། །འདི་ལྟར་དག་ནི་ཆོས་ཅན་ནོ། །བདེན་པ་མིན་པ་ཉིད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ནོ། འདི་གཉི་ག་ཡང་སེལ་བ་ཡིན་ནོ། །གང་ཞིག་ངག་ཐམས་ཅད་ནི་བརྫུན་ཡིན་ནོ་ཞེས་བརྗོད་པ་དེ་ནི། ཆོས་ཅན་ངག་དང་ཆོས་མི་བདེན་པ་ཉིད་ཀྱི་རང་གི་ངོ་བོ་སེལ་བ་ཡིན་ཏེ། དག་ཐམས་ཅད་མི་བདེན་པ་ཉིད་ཀྱིས་དག་འདི་ཡང་རྗོད་པར་བྱེད་པ་མ་ཡིན་པར་འགྱུར་ལ། རྗོད་པར་བྱེད་པ་ཉིད་མེད་ན་ཡང་མི་བདེན་པ་ཉིད་དུ་མ་བསྟན་པར་འགྱུར་རོ། །དེའི་ཕྱིར་རང་ཉིད་ཚད་མར་སྟོན་པ་ན། འདི་ཕྱོགས་ལྟར་སྣང་བ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ལྟར་ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བས་དཔེར་བརྗོད་བས་དཔེར་བརྗོད་བ་བསྟན་པ་ཡིན་ནོ། །ད་ནི་དེའི་ཁྱད་པར་སེལ་བའི་སྒོ་ནས་སྟོན་པ་ནི། ཚིག་ཀུན་བདེན་པའི་དོན་མིན་ཞེས་བྱ་བ་སྟེ། ངག་ནི་ཆོས་ཅན་ནོ། །དེའི་ཁྱད་པར་ནི་རྟག་བ་ཉིད་དོ། །བདེན་པ་མ་ཡིན་བའི་སྤྱི་ནི་བསྒྲུབ་པར་བྱ་བའི་ཆོས་ཡིན་ལ་དེའི་ཁྱད་པར་ནི་བརྗོད་པར་བྱ་བ་ནི་བདེན་པ་ཅན་ནོ། །མི་བདེན་པའི་སྒྲ་ནི་བརྗོད་བར་བྱ་བ་དང༌། བརྗོད་བར་བྱ་བ་མ་ཡིན་པ་ལ་གནས་པའི་བརྫུན་པ་ཅི་ཞིག་བརྗོད་པ་ཡིན་ལ། བརྗོད་བར་བྱ་བ་ལ་ལྟོས་པའི་བརྫུན་པ་ཉིད་ནི་ཁྱད་པར་ཡིན་ནོ། །གང་ཞིག་རྟག་པའི་དག་ཐམས་ཅད་ནི་བདེན་བའི་དོན་ཅན་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི། ངག་བརྗོད་པས་གནོད་པ་ཡིན་ནོ། །གལ་ཏེ་ངག་རྟག་པ་ཡིན་ན་དེའི་ཚེ་རྟག་


DTG186_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ཐམས་ཅད་ཀྱི་ཚེ་གནས་པའི་ཕྱིར་རྐན་ལ་སོགས་པའི་བྱེད་པས་ཅི་ཞིག་བྱ། དེའི་ཕྱིར་རྟག་པ་ཉིད་དུ་དམ་བཅའ་བ་ནི་ཆོས་ཅན་གྱི་ཁྱད་བར་མི་རྟག་པ་ཉིད་ལ་གནོད་བར་བྱེད་དོ། །བརྗོད་བའོ་ཤུགས་ཀྱིས་ཀྱང་རྟག་བ་ཉིད་ལ་གནོད་པ་ཡིན་ཏེ། དེའི་ཕྱིར་ངག་རྟག་པ་ཞེས་བྱ་བ་ནི། ཕྱོགས་ལྟར་སྣང་བ་ཡིན་ནོ། །དག་ཐམས་ཅད་བདེན་པའི་དོན་མ་ཡིན་ནོ་ཞེས་བརྗོད་པ་ཡང་བསྒྲུབ་བར་བྱ་བའི་ཆོས་མི་བདེན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཁྱད་པར་མི་བདེན་པ་བརྗོད་བར་བྱ་བ་ཅན་ཉིད་ལ་གནོད་དེ། ངག་ཐམས་ཅད་མི་བདེན་པའི་དོན་ཅན་ཡིན་ན། མི་བདེན་པའི་བརྗོད་པར་བྱ་བ་ཉིད་བསྟན་པ་མ་ཡིན་པའི་ཕྱིར་རོ། །གཉི་གའི་ཞེས་བྱ་བ་འདིས་ཆོས་དང་ཆོས་ཅན་དག་གི་རང་བཞིན་གང་དག་ཡིན་པ་དེ་དག་བསལ་བ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་བརྗོད་པ་ནི། མི་བདེན་པ་ཉིད་ཅེས་བྱ་བའོ། །གཉི་ག་ཞེས་བྱ་བ་ནི། ཆོས་དང་ཆོས་ཅན་དག་གིས་ཁྱད་པར་གང་དག་ཡིན་པ་དེ་དག་བསལ་བའོ། །འདི་ཉིད་སྨྲས་པ་ནི་ངག་ཐམས་ཅད་ཅེས་བྱ་བའོ། །ཆོས་ཅན་ངག་ཐམས་ཅད་ཀྱི་ཁྱད་པར་རྟག་པ་གང་ཡིན་པ་དེ་དང་བསྒྲུབ་པར་བྱ་བ་མི་བདེན་པ་ཉིད་ཀྱི་ཁྱད་པར་བརྗོད་པར་བྱ་བ་མི་བདེན་པ་ཉིད་གང་ཡིན་པ་དེ་བསལ་བའི་ཕྱིར་རོ། །འདི་ཅི་ལྟར་ཞེ་ན། བརྗོད་པའི་ཤུགས་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཚད་མར་གྱུར་པའི་ཕྱིར་བརྗོད་པའི་ཤུགས་དེས་ངག་ཉིད་དང༌། མི་བདེན་པའི་བརྗོད་པར་བྱ་བ་ཅན་ཉིད་དེ་དག་མེད་པ་བསལ་བ་ཡིན་ནོ། །གལ་ཏེ་ཆོས་ཅན་གྱི་རང་གི་ངོ་བོ་དང༌། ཆོས་ཀྱི་ཁྱད་པར་གཉིས་མེད་ན་དེའི་ཚེ་དག་བརྗོད་པ་ཉིད་དུ་མི་འགྱུར་རོ། །དེས་ན་བརྗོད་པའི་ཤུགས་ལས། ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་དང༌། ཆོས་ཀྱི་ཁྱད་པར་གཉིས་དང་འབྲེལ་བའི་མེད་པ་ཉིད་བསལ་བ་ཡིན་ནོ། །མེད་པ་བསལ་བ་ན་ཡང་གཉི་ག་ཡོད་པར་འགྱུར་ན་དེ་ཡང་སྔར་བརྗོད་པའི་ཚུལ་དུ་བསལ་ཟིན་པ་ཡིན་ནོ། །ཆོས་ཅན་གྱི་ཁྱད་པར་ཅི་ལྟར་སེལ་ཅེ་ན། ཆོས་ཅན་གྱི་ཁྱད་པར་ཡང་ཞེས་བྱ་བའོ།། ཆོས་ཅན་ངག་གི་ཁྱད་པར་ཡང་ཁྱད་པར་རྟག་པ་ཉིད་ཁས་བླངས་པ་འདིར། མི་རྟག་བ་ཉིད་དང་བཙལ་མ་ཐག་པ་ཉིད་ལ་སོགས་པ་འགའ་ཞིག་ཡོད་པ་ཡིན་ལ་དེས་བསལ་བ་ཡིན་ནོ། །གལ་ཏེ་གང་གིས་ཏེ་སེལ་བར་འགྱུར་བ་དེའི་མི་རྟག་པ་ཉིད་ཅི་ལྟར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །ཅི་


DTG186_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དགོས་པ་མེད་སྙམ་ན། གལ་ཏེ་ཞེས་གསུངས་སོ། །གསལ་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །ངག་གི་རང་བཞིན་སྒྲུབ་པ་མེད་ན་ཞེས་བྱ་བ་ནི་ངག་གི་རང་བཞིན་ཕན་འདོགས་བར་བྱེད་པ་མ་ཡིན་ནའོ། །སྨྲ་བ་པོ་གྲུབ་པ་ཉེ་བར་འཇོག་བར་ཐལ་བར་འགྱུར་རོ་ཞེས་འབྲེལ་ཏོ། །ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་འཆད་པ་ནི། དེར་གྱུར་པ་མ་ཡིན་པ་ཞེས་བྱ་བ་སྟེ། ངག་གི་རང་བཞིན་གྱི་ཕན་པ་མེད་ནའོ། །ལྟོས་བར་བྱ་བ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ངག་གིས་དེ་ནི་ངག་གོ །དེས་ན་ཞེས་བྱ་བ་མི་རྟག་པ་ཉིད་དུ་བསྒྲུབས་པས་ན། ཆོས་ཆོས་ཅན་དེ་དག་གི་ཁྱད་པར་བསལ་བའི་སྒོ་ནས་སོ། །དེ་ལྟར་དཔེར་བརྗོད་པའི་སྤྲོས་པ་བཤད་ནས། སྔར་བཀོད་ཟིན་པའི་རྣམ་འགྲེལ་ཉིད་འཆད་བ་ནི། དེ་ལ་ཞེས་བྱ་བ་སྟེ། བརྗོད་མ་ཐག་པའི་དཔེར་བརྗོད་པ་དེ་དག་ལས་སོ། །ཅིའི་དོན་དུ་ཞེ་ན་ཕྱོགས་འདིས་ཞེས་གསུངས་སོ། །འོ་ན་ཅི་ལྟར་བསྒྲུབ་བར་བྱ་བ་ཡིན་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །རྫས་ཀྱི་མཚན་ཉིད་དེ་ཡང་གང་ཡིན་སྙམ་ན་བྱ་བ་དང་ཞེས་བྱ་བའོ། །དེ་བཞིན་དུ་མཐོང་བ་ལ་བརྟེན་པ་ཅན་ཉིད་དུ་ཡན་ལག་ཅན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ལྟར་མི་སྒྲུབ་བ་ན་གྲུབ་བ་ལ་སྒྲུབ་པ་ཉིད་ཀྱི་ཉེས་པར་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་ཡན་ལག་ནི་ཞེས་བྱ་བའོ། །གལ་ཏེ་གང་གིས་དེ་ལྟར་བརྗོད་པར་འགྱུར་བ། ཡན་ལག་ཅན་རྫས་ཀྱི་མཚན་ཉིད་དང་ལྡན་པ་དང༌། མཐོང་བའི་ཡུལ་ཉིད་དུ་དེ་སྨྲ་བས་ཅི་ལྟར་འདོད་སྙམ་ན། བལྟར་མི་རུང་བ་རྡུལ་ཕྲ་རབ་རྣམས་ལ་མི་སྲིད་པ། ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་མཐོང་ནས། འབྲས་བུ་དེའི་རྒྱུ་ཡན་ལག་ཅན་འདོད་པ་ཡིན་ནོ། །དེས་ན་དེའི་མཚན་ཉིད་དང་ལྡན་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་རྫས་ཀྱི་མཚན་ཉིད་དང་ལྡན་པ་བསྒྲུབ་བར་བྱ་བ་ཡིན་པའི་རྒྱུ་ཅི་ཞེ་ན། ཁྱད་བར་ཅན་མིན་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་རྡུལ་ཕྲ་རབ་ཅེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་བློའི་རྣམ་བའོ། །འོན་ཏེ་ཡན་ལག་ཅན་མེད་ན་བློའི་རྣམ་པ་དེ་ཉིད་དུ་མི་འགྱུར་རོ། །དེས་ན་བློའི་རྣམ་པ་ལས་མ་གཏོགས་པའི་ཡན་ལག་ཅན་ནི་གྲུབ་པ་ཁོ་ནའོ་ཞེ་ན། ཧ་ཅང་ཞེས་གསུངས་སོ། །ཧ་ཅང་ཡུལ་ཐག་རིང་པོ་ན་གནས་པ་མ་ཡིན་པ་ཕན་ཚུན་ཉེ་བ་ཉིད་དུ་གནས་ཤིང་མ་འདྲེས་པའི་སྐུ་ཡུལ་གང་ལ་ཡོད་པ་སེམས་གཅིག་གི་


DTG186_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་བའི་རྟོགས་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །སྒྲ་རྣམས་ཀྱི་ཡུལ་ཧ་ཅང་ཐག་རིང་པོ་ན་གནས་པ་མ་ཡིན་པ་ནི་རྟོགས་པ་པོ་ལ་ལྟོས་བ་ཡིན་ལ། ཕན་ཚུན་ཉེ་བར་གནས་པ་ནི་ནང་ཕན་ཚུན་ལ་ལྟོས་པའོ། །དེས་ན་ཞེས་བྱ་བ་ནི་ཡན་ལག་ཅན་མེད་པར་འགྱུར་བ་དེས་ནའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་བོམས་གཅིག་པའི་རྣམ་པ་ཅན་གྱི་རྟོགས་པ་ཙམ་གྱིས་སོ། །དེས་ན་ཞེས་བྱ་བ་ནི་ཡན་ལག་གྲུབ་པ་མེད་པས་ནའོ། །མཚན་ཉིད་དང་ལྡན་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེ་ལ་ཡང་ཞེས་སྨོས་སོ། །མཚན་ཉིད་དེ་ཡང་གང་ཞེ་ན། ཡོན་ཏན་ཞེས་བྱ་བའོ། །དེ་དག་གིས་ཞེས་བྱ་བ་ནི་ཡོན་ཏན་དང་བྱ་བ་དག་གིའོ། །དེ་ལྟར་ཡིན་དང་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པ་ཡིན་དང་ངོ༌། །གལ་ཏེ་ཡན་ལག་ཅན་འདི་ལ་ལྕི་བ་ཉིད་དང་འོག་ཏུ་འགྲོ་བའི་མཚན་ཉིད་ཀྱི་ཡོན་ཏན་དང་བྱ་བ་དག་ཡོད་པར་འགྱུར་བ་ཡིན་ན། དེའི་ཚེ་སྲང་དམའ་པར་འགྱུར་རོ། །དེས་ཞེས་བྱ་བ་འོག་ཏུ་འགྲོ་བས་དྲངས་པས་ན་སྲང་མགོ་དམའ་པར་འགྱུར་རོ། །བཟློག་པ་བརྗོད་པ་ནི་ཡན་ལག་ཅན་ཞེས་བྱ་བའོ། །དེ་ནི་ཡན་ལག་ལས་ལྷག་བ་ཡང་ཡོད་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཡན་ལག་རྣམས་བཅལ་བ་ན་སྲང་མགོ་ཅི་ཙམ་དམའ་བ་དེ་ཙམ་ནི་ཡན་ལག་ཅན་བཅལ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་དམའ་བ་མེད་པས་ན་ཡན་ལག་ཅན་འདིའོ། །དེས་ན་ནི་དམའ་བ་མེད་པས་སོ། །དེའི་ཕྱིར་ཞེས་བྱ་བས་ནི་ཡོན་ཏན་དང་བྱ་བ་མེད་པས་ནའོ། །དེ་མེད་ན་ཞེས་བྱ་བ་ཡོན་ཏན་དང་ལས་མེད་ནའ་། །དེ་ལྟར་ཞེས་བྱ་བ་འདུ་བ་ཅན་གྱི་རྒྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་འདུ་བ་ཅན་གྱི་རྒྱུ་ཉིད་མང་པའི་ཕྱིར་རོ། །འདུ་བ་ཅན་གྱི་རྒྱུ་མེད་ཀྱང་དེ་མཐོང་བ་མ་ཡིན་པ་ཅི་ལྟར་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མ་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ནི། འབྲས་བུ་ཞེས་བྱ་བ་སྟེ་འབྲས་བུ་ལྕི་བ་ཉིད་ལ་སོགས་པ་དང༌། ངོ་བོ་ཡན་ལག་རྣམས་ལས་ཐ་དད་པ་དག་གོ །བལྟར་རུང་ཉིད་ཀྱང་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་བ་འབའ་ཞིག་ཏུ་མ་ཟད་པའོ། །དེ་ནི་ཞེས་བྱ་བ་ནི་བལྟར་རུང་བ་ཉིད་དོ། །ཅིག་ཤོས་ཞེས་བྱ་བ་ནི་དངོས་པོའོ། །འོ་ན་རགས་བ་ཉིད་དུ་དམིགས་པ་ཅི་ཞིག་ཡིན་སྙམ་ན་རྣམ་པར་ཤེས་པའི་ཞེས་བྱ་བའོ། །དེ་ལས་འཕགས་པ་ཞེས་བྱ་བ་ནི། རྣམ་


DTG186_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་རྣམ་པ་ལས་བློ་ལྷག་པར་གྱུར་པའོ། །དེའི་ཕྱིར་ཡན་ལག་ཅན་ནི་རྫས་ཀྱི་མཚན་ཉིད་དང་ལྡན་པའམ། བལྟར་རུང་བ་མ་ཡིན་ནོ་ཞེས་གནས་སོ། །མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །དེས་ན་གནོད་པ་ཡིན་ནོ། །ག་ལས་ཤེ་ན། ཡན་ལག་ཅན་གྱི་མཚན་ཉིད་གཞན་ཙམ་གང་ཡིན་པ་དེ་ལས་གཞན་དུ་འགྱུར་བའི་ཁྱད་པར་ལྕི་བ་ཉིད་ལ་སོགས་པའི་མཚན་ཉིད་དེ་ལའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཞིག་ལ་ཞེ་ན། མེད་ན་མི་འབྱུང་བ་ལ་སྟེ། ཡན་ལག་ཅན་ཡོད་པ་ལ་མི་འཁྲུལ་བ་ལའོ། །གལ་ཏེ་ཁྱད་པར་འདི་ཁས་མི་ལེན་ན། དེའི་ཚེ་ཡན་ལག་ཅན་ཀུན་རྫོབ་ཏུ་ཡོད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་འགྲེལ་པ་ནི། གཞན་གྱི་ཁྱད་པར་གནོད་པ་ཡིན་ན་ཞེས་འབྲེལ་ཏོ། །ཁྱད་པར་གྱི་གཞན་ཉིད་གང་ལ་ལྟོས་པ་ཡིན་ཞེ་ན། སྨྲས་པའི་ཞེས་བྱ་བ་སྟེ། སྨྲས་བའི་གཞན་དག་ཡིན་པ་སྟེ། ཡན་ལག་ཅན་ཞེས་བྱ་བ་ཀུན་རྫོབ་ཏུ་ཡོད་པ་ཙམ། དེ་ལས་ཁྱད་པར་དུ་གྱུར་པ་གང་ཡིན་པ་ལྕི་བ་ལ་སོགས་པའི་མཚན་ཉིད་དོ། །འདི་ཉིད་བརྗོད་པ་ནི། རྫས་ཀྱི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་སྟེ། ལྕི་བ་ལ་སོགས་པའི་མཚན་ཉིད་ཀྱིས་མཚན་པ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དེ་ཡང་ཡན་ལག་མེད་ན་མི་འབྱུང་བ་ཉིད་ཀྱིས་བསྒྲུབ་བར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རྫས་ཀྱི་མཚན་ཉིད་དང་མི་ལྡན་ནའོ། །གཞན་ཙམ་ནི་ཀུན་རྫོབ་ཏུ་ཡོད་པ་ཙམ་ནི་གྲུབ་པ་ལ་སྒྲུབ་པས་བསྒྲུབ་བྱ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་འདི་ལྟར་ཞེས་བྱ་བའོ། །ཡན་ལག་ཅན་འདི་སྣང་བ་ཙམ་དུ་འགྱུར་རོ། །ཡན་ལག་ཅན་མེད་ན་སྣང་བ་ཉིད་འཐད་པ་དཀའོ་ཞེ་ན། སྣང་བཙམ་ཉིད་ཅེས་གསུངས་སོ། །སྣང་བ་རྣམ་པར་ཤེས་པ་ལས་ཐ་མི་དད་པ་ཉིད་དཔེར་སྟོན་པ་ནི། རབ་རིབ་ཅེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་སྒྲ་དང་ཤ་སྦྲང་ལ་སོགས་པའོ། །འདིར་ཞེས་བྱ་བ་ནི་ཡན་ལག་ཅན་གནོད་པར་བྱེད་པ་ལའོ། །གཞན་དག་ཅེས་བྱ་བ་ནི་རིགས་པ་ཅན་ལ་སོགས་པའི་ཁྱད་པར་རོ། །འཆད་བ་ནི་ཕྲ་མོ་ཞེས་བྱ་བ་ལ་སོགས་པའོ། །རྡུལ་གཉིས་པ་ལ་སོགས་པ་ནས་བརྩམས་པའི་རྫས་ཀྱི་ལྕི་བ་གང་ཡིན་པ་དེ་དག་གིས་གཞལ་བའི་ཚེ་དང་འབྲེལ་བའི་ཕྱིར་འཛིན་པ་ཡིན་ནོ། །གལ་ཏེ་རྫས་སོ་སོར་དེས་པ་འབའ་ཞིག་གཞལ་ན་དེའི་ཚེ་དེའི་ལྗི་བ་ཉེ་བར་མཚོན་པར་ནུས་པ་ཞིག་ན། དུ་མ་གཞན་བཞིན། གཅིག་གིས་ལྗིད་


DTG186_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་གཟུང་བར་མི་ནུས་ཏེ་མེད་པའི་ཕྱིར་རོ། །འདི་ཉིད་གསུངས་པ་ནི་འདི་ལྟར་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་ལྗིད་ཅན་དེའིའོ། །འོ་ན་དེ་མེད་པ་ཁོ་ནའོ་ཞེ་ན། མ་རྟོགས་ཀྱང་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ལྕི་བ་ཉིད་ལ་སོགས་པ་དང་འོག་ཏུ་འགྲོ་བ་མེད་པའི་ཕྱིར་རོ། །འདིའི་ལན་ནི་དེ་ནི་ཞེས་བྱ་བའོ། །གལ་ཏེ་ལྕི་བ་ཉིད་བླ་ལྷག་པར་མི་རྟོགས་ན་ཡན་ལག་ཅན་བླ་ལྷག་པ་དེ་ནི་ག་ལས་རྟོགས། ལྕི་བ་ཉིད་དང་འོག་ཏུ་འགྲོ་བ་ཉིད་མེད་པར་ཡང་ཡན་ལག་ཅན་རྟོགས་པར་འགྱུར་རོ་ཞེ་ན། དེ་རིག་ཅེས་བྱ་བ་ནི་ལྕི་བ་ཉིད་ལ་སོགས་པ་རིག་པའོ། །དེ་ལ་ཡན་ལག་ཅན་གྲུབ་པ་རེ་བ་ཡིན་ནོ། །དེ་ལོག་ན་ལྟེ་ལྕིབ་ཉིད་ལ་སོགས་པ་རིག་པ་ལོག་ན་ཅི་ལྟར་འགྱུར། དེ་ཞེས་བྱ་བ་སྣང་བ་ཙམ་མོ། །བསྒྲུབ་བར་བྱ་བ་ནི་ཀུན་རྫོབ་ཏུ་ཡོད་པའི་ཡན་ལག་ཅན་ནི་གྲུབ་བ་ལ་སྒྲུབ་པ་ཡིན་ནོ། །དེ་སྐད་སྨྲ་བ་དེ་ནི་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་ལྡན་པ་དང་ཅིག་ཅར་ལྡན་པའི་ཕྱག་དར་གྱི་ཡུང་ལོའི་དི་གཉིས་ཀྱི་ལྗིད་ཐ་དད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཕྱིར་ཞེས་གསུངས་སོ། །གཅིག་ལ་ནི་ཡན་ལག་ཅན་གྱི་ཚོགས་མང་པོ་ཡོད་པའི་ཕྱིར་དང༌། གཞན་ལ་ནི་དེ་མེད་པའི་ཕྱིར་རོ། །འོན་ཏེ་གཉི་གལ་ཡང་ཡན་ལག་ཅན་གཅིག་ཁོ་ན་ཡིན་པ་དེས་ན་ལྗིད་ཐ་དད་པར་མི་འགྱུར་རོ་ཞེ་ན། ད་ལྟ་ན་འོན་སོ་སོ་དང་ལྷན་ཅིག་ཏུ་བཅལ་བ་ལ་ལྗིད་ཐ་དད་པར་འགྱུར་རོ། །རྫས་སྣ་ཚོགས་ཀྱི་བདག་ཉིད་ཅན་ཕྱག་དར་གྱི་ཕུང་པོ་དུས་གཅིག་ཏུ་བཅལ་བ་དང༌། དེ་ཉིད་ཡང་རིམ་མམ་ཅིག་ཅར་གྱི་གོང་བུར་བྱས་ནས་བཅལ་བ་སྟེ། དེ་ལྟར་སོ་སོ་དང་ལྷན་ཅིག་བཅལ་བ་ན་ལྗིད་ཐ་དད་པར་འགྱུར་རོ། །འདིར་ཡང་དེ་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདིར་ཡང་གཉི་ག་ལ་ཡན་ལག་ཅན་གྱི་རྫས་གཅིག་ཁོ་ན་ཡོད་དོ་ཞེས་ནི་བརྗོད་པར་མི་ནུས་སོ། །རྣམ་པར་བཤད་པ་མཛད་པས་ནི་འདི་ལ་དང་གི་སྒྲས་འཕངས་པའི་ལན་བརྗོད་དེ། ལན་འདི་ནི་གསལ་བའི་ཕྱིར་རྣམ་པར་མ་ཕྱེའོ། །འགྲེལ་པ་བྱེད་པས་ནི་དེའི་ཕྱིར་ཞེས་བྱ་བ་ལྗིད་ཐ་དད་པ་ཡོད་པ་དེའི་ཕྱིར་ཞེས་བཤད་དོ། །བཟློག་པ་བརྗོད་པ་ནི་ཐ་དད་པ་ནི་ཞེས་བྱ་བའོ། །རས་བལ་གྱི་འདབ་མའི་དཔེ་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་རས་བལ་གྱི་ཞེས་བྱ་བའོ། །རས་བལ་གྱི་འདབ་མའི་རྟོགས་པ་ཡིན་ཏེ་ཞེས་བྱ་བ་ནི་ལྗིད་དོ། །འདི་ནི་ཞེས་བྱ་བ་ནི་རས་བལ་གྱི་འདབ་མའོ། །


DTG186_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །དེ་ལྟ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལྟར་གྱུར་ན་ནི་རྫས་ཕྲེང་གཞལ་བ་ཞེས་གང་བརྗོད་པ་དེ་མ་འབྲེལ་བར་ཐལ་ཏེ། གཅིག་ལ་རྫས་ཀྱི་ཕྱེ་བ་མེད་པའི་ཕྱིར་རོ། །འདིས་ནི་རང་གི་ཚིག་དང་འགའ་བ་མེད་དུ་བཅུག་པ་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཉིད་ཞེས་བརྗོད་པ་ནི། ཐ་མའི་ཞེས་བྱ་བའོ། །ཡན་ལག་ཅན་ཐམས་ཅད་ཞིག་ནས་སྐྱེས་པའི་ཐ་མའི་ཡན་ལག་ཅན་གྱི་ལྗིད་མི་རྟོགས་པ་ཡང་མི་འཐད་དེ་དེ་ཡོད་པའི་ཐ་སྙད་མེད་པར་ཐལ་བའི་ཕྱིར་རོ་ཞེས་དགོངས་པའོ། །དེས་ན་ཞེས་བྱ་བ་ནི་ཞིག་པའི་གཉིས་པ་དེས་བརྩམས་པའི་ཡན་ལག་ཅན་གྱིའོ། །འདི་ལ་སྲད་དམའ་བའི་ཁྱད་པར་མེད་ན། ཡན་ལག་ཅན་ཡོད་པའི་ཐ་སྙད་མི་འཐད་དོ་ཞེས་བྱ་བའི་ཉེས་པ་འདི་ཡལ་བར་དོར་ནས། ཉེས་པ་གཞན་བརྗོད་པ་ནི། དེ་ལྟ་ན་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཅན་ཐམས་ཅད་ཞིག་པ་ན་ཡན་ལག་གཅིག་སྐྱེ་བ་ཡིན་པའི་ཕྱིར་སྲང་དམའ་བའི་ཁྱད་པར་དུ་མི་འགྱུར་ཏེ་ཁྱད་པར་དུ་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེའི་ཚེ་རྡུལ་ཕྲང་བ་རྣམས་ཀྱང་འཇིག་པར་འགྱུར་རོ། །ཡན་ལག་ཅན་ཐམས་ཅད་འཇིག་པ་ན་རྡུལ་གཉིས་པ་ཡང་བསྡུས་པ་ནི་མ་ཡིན་ནོ། །དེ་ཡང་རྡུལ་ཕྲ་རབ་གཉིས་པོ་མ་ཞིག་གི་བར་དུ་འཇིག་བ་མ་ཡིན་ནོ་རྡུལ་ཕྲ་རབ་རྣམས་ཀྱང་འཇིག་པར་ཐལ་ལོ། །དེ་ལྟ་ན་ཡང་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་ནོ་ཞེས་བྱ་བའི་གྲུབ་པའི་མཐའ་དང་འགལ་ལོ། །རྡུལ་ཕྲ་རབ་འཇིག་པ་སྤོང་བའི་དོགས་པ་བསུབ་ནི། འོན་ཏེ་ཞེས་བྱ་བའོ། །རྡོལ་ཕྲ་རབ་རྣམས་ལ་ཡང་རྣམ་པར་དབྱེ་བ་ཡོད་དོ་ཞེ་ན། རྡུལ་ཕྲ་རབ་དག་ལ་ནི་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་དང་བཅས་བ་ཁོ་ནར་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ལུས་ཅན་དག་ནི་ཞེས་བྱ་བའོ། །འདིས་ནི་རྡུལ་ཕྲ་རབ་རྣམས་ལ་རྣམ་པར་དབྱེ་བ་མེད་པའི་སྒྲུབ་བྱེད་པ་ཉིད་མ་གྲུབ་སྟེ་གཞན་གྱིས་ལུས་ཅན་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟན་མདོ་སྡེ་བའི་ལྟར་ན་ཡང་རྡུལ་ཕྲ་རབ་རྣམས་ཆ་མེད་དུ་མི་འགྲུབ་པོ་ཞེ་ན། མ་ཡིན་ཏེ་མདོ་སྡེ་པས་ནི་རྡུལ་ཕྲ་རབ་རྣམས་ལུས་ཅན་ཉིད་ཁས་མ་བླངས་པའི་ཕྱིར་ཏེ། ཐམས་ཅད་སོ་སོ་བ་མ་ཡིན་པའི་རྫས་ཀྱི་ཚད་ནི་ལུས་ཅན་ཡིན་ནོ་ཞེས་གཞན་ཉིད་ཀྱིས་ཁས་བླངས་པའི་ཕྱིར་རོ། །དེས་ན་ཉེས་པ་འདི་ནི་མེད་དོ། །གང་གི་ཕྱིར་དེ་ལྟར་ཡན་ལག་ཅན་ཐམས་ཅད་ཞིག་ན་རྡུལ་ཕྲ་རབ་འཇིག་པར་ཐལ་བ་དེའི་ཕྱིར། དུམ་བུའི་ཡན་ལག་ཅན་གྱི་རང་


DTG186_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡན་ལག་ཅན་ནི་འཇིག་པ་ཞེས་བྱ་བར་མི་འཐད་དོ། །དེ་ལྟ་ཡིན་དང་སྲང་དམའ་བའི་ཁྱད་བར་དུ་འགྱུར་རོ་ཞེས་བྱ་བའི་ཉེས་པ་སོ་ན་འདུག་གོ །འོན་ཏེ་བྱ་བ་ནི་རྡུལ་ཕྲ་རབ་ཞིག་ན་ཡན་ལག་ཅན་ཐམས་ཅད་འཇིག་ལ་དེས་ན་ཐ་མར་གནས་པའི་ཡན་ལག་ཅན་གཅིག་ཁོ་ན་སྐྱེ་བ་དེའི་ཕྱིར་སྲད་ངན་འབའི་ཁྱད་བར་དུ་མི་འགྱུར་རོ་ཞེས་བྱ་བའོ། །ལན་ནི་དེ་ལྟ་ནའོ་ཞེས་བྱ་བའོ། །མ་ཤ་ལ་སོགས་པ་རིམ་གྱིས་བཅལ་བ་གྲངས་ལྔས་རིམ་པར་བཅད་པ་ཕྱིས་གོང་བུར་བྱས་པ་རྣམས་ཀྱི། སྔར་གྲངས་ཅི་འདྲ་བ་དེ་འདྲ་བར་དེ་དང་མཚུངས་པ་མི་རུང་ངོ༌། །གོང་བུར་བྱས་བའི་གནས་སྐབས་ན་ཡན་ལག་ཅན་གཅིག་ཡིན་པའི་ཕྱིར་དང༌། མ་ཤ་ལ་སོགས་པའི་ཡན་ལག་ཅན་རྣམས་ཀྱང་ཞིག་བའི་ཕྱིར་རོ། །འཆད་པ་ནི་མ་ཤའི་ཞེས་བྱ་བའོ། །འོ་ན་ཅི་ལྟར་འགྱུར་ཞེ་ན། གསེར་ཞེས་བྱ་བའོ། །འོན་ཏེ་ལྕི་བ་ཉིད་གཅིག་ཡིན་ཡང་ཞེས་བྱ་བ་ནི་ཡན་ལག་ཅན་ནོ། །དེ་ལྟར་ཞེས་བྱ་བ་ནི། མ་ཤ་ལྔའི་གོང་བུ་ཞེས་བྱ་བའོ། །དེ་ལྟར་ཡིན་ན་ཞེས་བྱ་བ་ནི་གཅིག་ཉིད་ཀྱིས་དེ་ལྟར་ཐ་སྙད་བྱེད་པ་ཡིན་ནའོ། །དོན་དམ་པར་ནི་མི་འགྱུར་གྱི་འོན་ཀྱང་བརྟག་པར་འགྱུར་རོ། །དེ་ལྟར་ཡང་གཞན་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་གཞུང་དང་འགལ་བས། རྡུལ་ཕྲ་རབ་ནི་འཇིག་པར་ནི་ཁས་བླང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ལྟར་གྲངས་དོན་དམ་པ་མ་ཡིན་ཞེ་ན། དེའི་ཕྱིར་ཡན་ལག་རྣམས་མ་ཞིག་ན། མ་ཤ་ལ་སོགས་པ་དང་མཚུངས་པའི་རྒྱུ་མཚན་དེ་ལ་བརྟེན་བའི་གྲངས་འཐད་པ་ཡིན་ནོ་ཞེས་སྨོས་སོ། །དེ་ལ་བརྟེན་པ་ནི་ཡན་ལག་ལ་བརྟེན་པའོ། །གྲངས་ནི་ལྔའོ། །ཅིག་ཅར་ལྡན་པ་དང་རིམ་གྱིས་ལྡན་པ་དག་ནི་གནོད་མི་ཟ་བར་ལྗིད་ཁྱད་པར་ཡོད་པར་འགྱུར་རོ། །ཡོད་པ་ཡང་མ་ཡིན་ཏེ་དེས་ན་ཡན་ལག་ཅན་ནི་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །གོང་རོལ་གྱི་གོང་མ་ཞེས་བྱ་བ་ནི། ཡན་ལག་ཅན་གྱི་མཚན་ཉིད་ཀྱི་འབྲས་བུའོ། །ཅི་ལྟར་རྫས་གཅིག་མི་རྟོགས་བ་དེ་བཞིན་དུ་གོང་མ་གོང་མའི་འབྲས་བུ་ཐམས་ཅད་ཀྱང་ཡིན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན་འདི་ལ་རེ་ཞིག་རང་ཉིད་ལན་འདེབས་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདིར་བར་གྱི་སྒྲ་བྱ་རོག་གི་ལྟ་སྟངས་ཀྱི་ཚུལ་གྱིས་གཉི་ག་ཡང་སྦྲེལ་བར་བྱའོ། །དེས་ན་འདི་ལྟར་སྦྱར་སྟེ། ཡུངས་ཀར་ནས་བརྩམས་ཏེ་ཡུངས་ཀར་མཐའ་མཚམས་ནས་བཟུང་སྟེ་ཚོགས་ཆེན་པོ་ནས་ཚོགས་ཆེན་པོའི་མཐར་ཐུག་པར་འབྲས་


DTG186_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཕྲེང་བའི་གོང་ནས་གོང་དུ་འཕེལ་བ་དང་ལྡན་པའི་ལྕི་བ་ཉིད་གལ་ཏེ་རྟོགས་པ་ན་ཡིན་ན། དེའི་ཚེ་ཡུངས་ཀར་བར་གྱི་ཞེས་བྱ་བ་ཡུངས་ཀར་མུ་མཚམས་སུ་བཟུང་བའི་སྔ་མའི་ལྕིད་དག་ཀྱང༌། ཤིན་ཏུ་ཆུང་བ་ཇེ་ཆུང་ཇེ་ཆུང་སོང་བ་ནི་ཤིན་ཏུ་རྟོགས་པར་དཀའ་བར་འགྱུར་རོ། །དེས་ན་འབྲས་བུའི་ཕྲེང་བ་དེའི་རྒྱུའི་རྡུལ་ཕྲ་རབ་དག་ཉིད་གཞལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འབྲས་བུའི་ཞེས་བྱ་བའོ། །དེའི་རྒྱུ་དུ་མ་བུའི་ཡན་ལག་གི་ཡིན་པར་འགྱུར་རོ། །དེ་ཡང་ཞེས་བྱ་བ་རྒྱུའི་ཡན་ལག་གོ །དེའི་རྒྱུའི་ཞེས་བྱ་བ་ནི་སྒྲའི་རྒྱུའིའོ། །དེའི་ཡང་ཞེས་བྱ་བ་ནི། དུམ་བུའི་རྒྱུ་ཡང་གཞལ་བས་ན་དེའི་རྒྱུའི་ཞེས་བྱ་བ་དུམ་བུའི་སྒྲའི་རྒྱུའི་ལྗིད་ཡིན་པའི་ཕྱིར་ཞེས་སྦྱར་རོ། །རྡུལ་ཕྲ་རབ་ཀྱི་རྒྱུ་ཡང་ཅིའི་ཕྱིར་གཞལ་བར་མ་ཡིན་སྙམ་ན། དེ་དག་ལ་ནི་ཞེས་བྱ་བ་སྟེ། རྡུལ་ཕྲ་རབ་དག་ནི་བརྩམ་བར་བྱ་བ་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །འབྲས་བུ་ཉིད་ཡིན་ན་ནི་ཡན་ལག་ཅན་གྱི་རང་བཞིན་དུ་རང་འགྱུར་རོ། །དེའི་ཕྱིར་ལྗིད་ནི་ཆ་མེད་པའི་རང་བཞིན་རྡུལ་ཕྲ་རབ་ཉིད་ལ་ཡོད་པ་ཡིན་ནོ། །དེས་ན་ཡན་ལག་ཅན་གྱི་ལྗིད་ནི་ཡོད་པ་མ་ཡིན་པས་ཡན་ལག་ཅན་རྟོགས་པ་ནི་ལོག་པ་ཁོ་ན་ཡིན་ནོ། །ཐ་མ་ཡིས་བྱ་བ་ནི། ཐ་མའི་ཡན་ལག་ཅན་ཞིག་ཀྱང་ཞེས་ཡང་གི་སྒྲ་ནི་རིམ་པ་གཞན་དུ་བྱ་སྟེ། ཐ་མའི་ཡན་ལག་ཅན་ཞིག་ཀྱང་ལྗི་བ་ཉིད་དམིགས་པ་གང་ཡིན་པ་དེ་ནི་དེ་དག་གི་ཡིན་ཏེ། རྒྱུ་དང་འབྲས་བུར་གྱུར་པ་དུམ་བུའི་ཡན་ལག་ཅན་དང༌། དེའི་ཡན་ལག་དག་ལ་མཐོང་ངོ་ཞེས་འབྲེལ་ཏོ། །ཡན་ལག་ཅན་ཡང་ཞིག་པར་གྱུར་ཀྱང་དུམ་བུའི་ཡན་ལག་ཅན་དང་དེའི་ཡན་ལག་ལུས་དག་ལ་ཡང་ལྗིད་དེ་ཉིད་མཐོང་ངོ་ཞེས་སྦྱར་རོ། །ཡང་ན་རྣམ་པ་གཞན་དུ་བཤད་དེ། ཐ་མའི་ཡན་ལག་ཅན་ཞེས་བྱ་བརྒྱུ་དང་འབྲས་བུར་གྱུར་པ་ཐ་མའི་ཡན་ལག་ཅན་དང༌། དུམ་བུའི་ཡན་ལག་ཅན་ཞིག་པ་དེ་དག་གཉིས་ཀྱི་ལྕི་བ་ཉིད་གང་ཡིན་པ་བདེ་འབའ་ཞིག་མཐོང་ལ། ཡང་དུམ་བུའི་ཡན་ལག་ཅན་དང་དེའི་ཡན་ལག་དག་ཞིག་པར་གྱུར་ཀྱང༌། རྒྱུ་དང་འབྲས་བུར་གྱུར་པ་དུམ་བུའི་ཡན་ལག་ཅན་དང་དེའི་ཡན་ལག་གཉིས་པ་ཞིག་པར་གྱུར་པ་དག་དང་འབྲེལ་པའི་ལྗིད་ཉིད་གང་ཡིན་པ་དེ་ཉིད་མཐོང་ངོ་གང་གིས་ཕྱིར་དེ་ལྟར་ལྕི་བ་ཉིད་མཐོང་བ་དེས་ནའོ། །དངོས་བོའི་ཆོས་གང་ཞིག་ཐམས་ཅད་སྡུད་པར་བྱེད་པ་དག་ལས་གཅིག་ལ་མི་སྲིད་པ་དེ་ནི་ངེས་པར་གཞན་ལ་ཡོད་པ་ཡིན་ཏེ་དཔེར་ན་རྟག་པ་དང་གཞན་དག་ལ་དོན་བྱ་བ་བྱེད་པ་ཉིད་


DTG186_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ལྕི་བ་ཉིད་ཅེས་བྱ་བ་དངོས་པོའི་ཆོས་ཀྱང་རྡུལ་ཕྲ་རབ་དང་རགས་པ་གཉིས་ལས་རགས་པ་ལ་མི་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ནོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །འདབ་བལ་གྱི་ཞེས་བྱ་བ་ནི་གཅིག་ལའོ། །ཡོད་པ་ཉིད་དོ་ཞེས་བྱ་བ་ནི་མེད་པ་ཡིན་པ་སྟེ། འདབ་བ་ལ་དེ་བལྟར་རུང་བ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་འབྲས་བུ་མཐོང་བའོ། །དོན་ནི་ཡན་ལག་ཅན་ནོ། །དེའི་འབྲས་བུ་ནི་ཡན་ལག་ཅན་གྱི་འབྲས་བུའོ། །འོ་ན་དེ་ལྟ་མ་ཡིན་ན། དེ་རྟོགས་པར་འགྱུར་རོ་ཞེ་ན། ལྗིད་ཉིད་ཅེས་བྱ་བའོ། །མ་ཤལ་སོགས་པ་རིམ་གྱིས་བགྲངས་པ་ནི་ཕྱིས་བསྒོངས་པའི་ཡན་ལག་ཅན་ཡན་ལག་ཅན་རྣམས་ལས་ལྷག་པ་ནི་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྕི་བ་ཉིད་རྟོགས་པ་མེད་པ་བཞིན་དུ། ཡན་ལག་ཅན་དེའི་ཡོན་ཏན་གཟུགས་ལ་སོགས་པ་ཐམས་ཅད་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡན་ལག་ཅན་ལ་གནོད་པར་བྱེད་པ་དུ་མ་ཡོད་པ་ཡིན་ནོ། །འོ་ན་ཅི་ལྟར་སྲང་དམའ་བའི་བྱད་པར་མི་འཛིན་པའི་ཕྱིར་ཞེས་བྱ་བ་འབའ་ཞིག་བརྗོད་ཅེ་ན། རྩ་བའི་སློབ་དཔོན་གྱིས་གསུངས་པའི་དམའ་བ་མེད་པ་གང་ཡིན་པ་དེ་ནི་ཡན་ལག་ཅན་ལ་གནོད་པར་བྱེད་པ་གཞན་གྱི་ཉེ་བར་མཚོན་བྱེད་ཡིན་ནོ། །གལ་ཏེ་ཡན་ལག་ཅན་གྱི་ཡོན་ཏན་ཐམས་ཅད་རྟོགས་བ་མེད་པ་ཉིད་གང་ལས་ཤེ་ན། གཟུགས་སོགས་ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ལྷག་དང་ལྷག་ཅི་ལྟ་བ་བཞིན་རང་གི་དབང་བོས་མཐོང་བ་མེད་པའི་ཕྱིར་རོ། །ཡན་ལག་ཅན་ནམ་དེའི་འབྲས་བུ་མངོན་སུམ་ཉིད་མ་ཡིན་མོད། དེ་ལྟ་ན་ཡང་དེ་ནི་ཡོད་དོ་ཞེས་དོགས་ན། མངོན་སུམ་དང་ཞེས་བྱ་བའོ། །གཞན་དག་ཀྱང་ཞེས་བྱ་བ་ནི་ཡན་ལག་ཅན་གྱི་གནོད་པར་བྱེད་པའོ། །ཡན་ལག་ཅན་གྱི་གཟུགས་དང་སྒྲ་ལ་སོགས་པ་ཐམས་ཅད་མི་རྟོགས་པ་ཡིན་ནོ་ཞེས་གང་ལས་ཤེས་བར་བྱ་བ་ཡིན་ཞེ་ན། འདི་ལས་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཅི་ལྟར་ལྷག་བ་མི་རྟོགས་སྙམ་ན། ཡན་ལག་ཅན་ཞེས་བྱ་བ་སྟེ། རེ་ཞིག་ཡན་ལག་ཅན་ནི་སྲིད་པ་མ་ཡིན་པས་གཟུགས་དང་རོ་ལ་སོགས་པའི་ཁྱད་པར་མི་རྟོགས་མོད་ཀྱི། ཡན་ལག་ཅན་ཡོད་པར་ཁས་བླངས་ཀྱང༌། ཐ་མའི་ཡན་ལག་ཅན་ལ་གནས་པའི་གཟུགས་དང་རོལ་སོགས་པ་ཡན་ལག་ཅན་ལ་གནས་པའི་གཟུགས་ལ་སོགས་པ་དག་ལས་ཁྱད་པར་དུ་གྱུར་པ་ནི་རྟོགས་པ་མེད་དོ། །ཡོན་ཏན་དང་ལས་དང་ལྡན་པ་བལྟར་རུང་བའི་ཡན་ལག་ཅན་མེད་པ་ཉིད་ཅེས་བྱ་བའི་སྐབས་ཀྱི་མཇུག་བསྡུ་བའོ། །རྩ་བའི་སྐབས་ཉིད་མཇུག་སྡུད་པའི་ཕྱིར་ཆོས་ཀྱི་ཁྱད་བར་ཞེས་བྱ་བའོ། །ཡན་ལག་ཅན་


DTG186_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡན་ལག་རྣམས་ལས་གཞན་ཡིན་ཏེ་ཞེས་བྱ་བའི་ཕྱོགས་ཀྱི་སྐྱོན་གང་ཡིན་པ་དེ་ནི་ཆོས་ཀྱི་ཁྱད་པར་ལ་གནོད་པ་གང་ཡིན་པ་དེའི་སྒོ་ནས་ཕྱོགས་ཀྱི་སྐྱོན་གཅིག་ཡིན་ནོ། །གལ་ཏེ་ཕྱོགས་ལྟར་སྣང་བ་འདི་གང་གི་ནང་དུ་བསྡུ་ཞེས་དོགས་ན། ཕྱོགས་འདི་ཡང་ཞེས་བྱ་བའོ། །ཆོས་ཀྱི་ཁྱད་པར་གནོད་པའི་མཚན་ཉིད་ཀྱི་ཕྱོགས་ལྟར་སྣང་བ་འདི་ཡང་གནོད་པ་རྣམ་པ་བཞིའི་ནང་དུ་འདུའོ། །དེ་ལ་ཡན་ལག་ཅན་གཞན་ཁས་བླངས་ནས་ཁྱད་པར་ལྕི་བ་ཉིད་ལ་སོགས་པའི་མཚན་ཉིད་རིགས་པའི་སྟོབས་ཀྱིས་མི་འདོད་པ་དེས་ན་གཞན་ཉིད་དུ་ཁས་བླངས་པ་ནི། གཞན་ཉིད་ཀྱི་ཁྱད་པར་མེད་པར་ཁས་བླངས་པས་གནོད་པ་ཡིན་ནོ། །དཔེར་ན་བདེ་བ་མ་ཡིན་རབ་ཏུ་སྟེར་བ་ཉིད་ཆོས་ཡོད་པར་ཁས་བླངས་པས་གནོད་པ་བཞིན་ནོ། །དེ་བཞིན་དུ་རང་གི་ཚིག་དང་འགལ་བ་ནི། གཞན་ཉིད་ཁས་ལེན་བས་ཀུན་རྫོབ་ཏུ་ཡོད་པ་ལས་གཞན་ཉིད་དུ་ཕས་བླངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཞན་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེས་ན་ཡན་ལག་ཅན་དོན་དམ་པར་ཡོད་པ་ནི། དོན་དམ་པར་ཡོད་པ་མ་ཡིན་པ་ཀུན་རྫོབ་ཏུ་ཡོད་པར་གནོད་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་ཅན་རྣམས་ལས་གཞན་ཉིད་ནི་མངོན་སུམ་གྱིས་བསལ་བ་ཡིན་པའི་ཕྱིར་ན། མངོན་སུམ་གྱིས་གནོད་པའི་རྗེས་སུ་དཔག་པས་བསལ་བ་ཡང་སྲང་དམའ་བའི་ཁྱད་བར་མི་འཛིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེས་ན་ཕྱོགས་ལྟར་སྣང་བ་གཅིག་པོ་འདི་ནི་གནོད་པ་རྣམ་པ་བཞིའི་ནང་དུ་འདུས་པ་ཡིན་ནོ། །གལ་ཏེ་ཐམས་ཅད་ཡན་ལག་ཅན་ལ་གནོད་པའི་དཔེར་བརྗོད་པ་ཡིན་པར་ཅི་ལྟར་རྟོགས་པར་བྱ་སྟེ་མ་བསྟན་པའི་ཕྱིར་རོ་ཞེ་ན། ཁས་བླངས་ཞེས་བྱ་བའོ། །ཆོས་ཀྱི་བྱད་པར་གནོད་པ་ན་གནོད་པ་རྣམ་བ་བཞི་ཀ་སྲིད་པའི་རྒྱུས། ཆོས་ཅན་གྱི་རང་གི་ངོ་བོ་དང༌། དེའི་ཁྱད་པར་གནོད་པའི་མཚན་ཉིད་ཀྱི་དཔེར་བརྗོད་བ་གཞན་རྟོགས་པར་བྱའོ། །རང་གི་ངོ་བོ་གནོད་པ་ལ་སོགས་པ་བཞིན་ནོ། །ཆོས་ཀྱི་རང་གི་ངོ་བོ་ལ་གནོད་པ་རྣམ་བ་བཞི་འཛིན་པ་ཡིན་ནོ། །སོགས་པའི་སྒྲས་ནི་ཆོས་ཀྱི་ཁྱད་པར་གནོད་བའོ། །ཡན་ལག་ཅན་གྱི་གནོད་པར་བྱེད་པའི་རིགས་པ་ཉེ་བར་སྟོན་པའི་དཔེར་བརྗོད་པ་ནི་ཅི་སྐད་བརྗོད་པའི་ཕྱོགས་ཀྱིས་ན་རྟོགས་པར་བྱ་བ་ཡིན་ནོ། །རང་གི་ངོ་བོ་ལ་གནོད་པ་ལ་སོགས་པའི་དཔེར་བརྗོད་པ་ལྷག་མ་གཉིས་ཅི་ལྟར་བསྟན་པ་དེ་བཞིན་དུ་དཔེར་བརྗོད་པ་ལྷག་མ་གཉིས་ཀྱང་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་བསྟན་པ་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་བཤད་པར་རོ། །དེ་ལྟར་ཕྱོགས་ཀྱི་མཚན་ཉིད་དང་


DTG186_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྣང་བའི་མཚན་ཉིད་ཀྱང་བསྟན་ནས། རིགས་པ་ཅན་ལ་སོགས་པའི་ཕྱོགས་ཀྱི་མཚན་ཉིད་ལ། ཧ་ཅང་ཁྱབ་པའི་ཉིས་བ་ཉིས་པ་ཆགས་པ་ཡིན་ནོ་ཞེས་བསྟན་བའི་དོན་དུ་དེའི་མཚན་ཉིད་ཉེ་བར་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །སྐྱོན་ཅི་ཡོད་ཅེས་བྱ་བ་ནི། ཅི་ལྟར་སངས་རྒྱས་པའི་ཕྱོགས་ཀྱི་མཚན་ཉིད་ལ་སྐྱོན་མེད་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ་ཞེས་བསམས་པའོ། །མ་གྲུབ་པའི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །བསྒྲུབ་བར་བྱ་བར་གྱུར་པ་ཞེས་བྱ་བ་ནི། ད་ལྟར་བ་ལོ་ཀི་ཏྱའི་སྔ་རྐྱེན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་འདི་གཉིས་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དེ་ལྟ་ན་ཡང་མ་གྲུབ་པ་ཉིད་ལ། མ་གྲུབ་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེས་ན་འདི་གཉིས་ནི་ཕྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བདེན་པ་ཞིག་ན་ཞེས་བྱ་བ་ནི་ཧ་ཅང་ཁྱབ་བ་སྤོང་བ་བརྗོད་པའོ། །གང་གི་ཚེ་བདེན་སྙམ་ན་གལ་ཏེ་ཞེས་བྱ་བའོ། །ཡང་ཅི་ལྟར་ན་འདི་ལྟར་མི་འགྲུབ་སྙམ་ན། བྱ་བ་ཞེས་བྱ་བའོ། །དེ་ལྟའི་བདག་མིན་ཞེས་བྱ་བ་ནི། སྒྲུབ་པར་བྱེད་པའི་བདག་ཉིད་མ་ཡིན་པར། གཞན་ཕྱིར་རྒོལ་བ་ལ་དེ་ལྟར་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བཀོད་པ་སྟེ། དེའི་ཚེ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཚེ་ཉིད་སྒྲུབ་པར་བྱེད་པར་མི་འདོད་ཀྱང་བསྒྲུབ་བྱར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱ་བ་ཞེས་བྱ་བའོ། །ཡང་ན་དེ་ལྟའི་མིན་ཞེས་བྱ་བ་བསྒྲུབ་པར་བྱ་བའི་བདག་ཉིད་མ་ཡིན་པ། གཞན་དག་ལ་སྒྲུབ་བར་བྱེད་པ་ཉིད་དུ་ཉེ་བར་བཀོད་པ་དེ་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པའི་ཚེ་མ་ཟད་ཀྱི། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཚེ་ཡང་བསྒྲུབ་བྱར་མི་འདོད་ན་ཡང་བསྒྲུབ་བྱར་ཐལ་བར་འགྱུར་རོ། །ཡང་ན་དེ་ཡང་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡང་བསྒྲུབ་པར་བྱ་བར་ཐལ་བར་འགྱུར་རོ་ཞེས་བྱ་བའོ། །ཅི་ལྟར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བྱིས་འགྱུར་བ་ཅི་ལྟར་ཡིན་ཏེ། ད་ལྟར་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །ལན་ནི་དེའི་ཚེ་ཞེས་བྱ་བ་སྟེ། སྒྲུབ་པར་བྱེད་བ་ཉིད་དུ་བསྟན་པའི་དུས་ནའོ། །དེ་ལྟ་བུའི་བདག་ཉིད་མ་ཡིན་པར་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་བདག་ཉིད་མ་ཡིན་བར་རོ། །ཅི་ལྟར་དེའི་ཚེ་བསྒྲུབ་བྱ་མ་ཡིན་ཞེ་ན། དེ་ནི་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པར་བསྟན་པའི་དུས་ན། མིག་གིས་གཟུང་བ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་པ་འོ་ན་ཕྱིས་ཅི་ལྟར་བསྒྲུབ་བྱར་འགྱུར་སྙམ་ན། མ་གྲུབ་བ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མ་གྲུབ་བ་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པས་ནའོ། །དེ་ནི་སྒྲུབ་པར་བྱེད་པ་ཉིད་དུ་


DTG186_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དེའོ། །གལ་ཏེ་དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་དུས་ན་ཅི་ལྟར་བསྒྲུབ་བྱ་མ་ཡིན་སྙམ་ན། དེས་ན་ཕྱིས་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྟན་བའི་དུས་ན་ཡང་མ་གྲུབ་པ་སྒྲུབ་བྱེད་ཉིད་དུ་བསྟན་པ་ནི། ཕྱིས་བསྒྲུབ་པར་བྱ་བ་ཉིད་ཀྱིས་དམ་བཅའ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །ཅི་ལྟར་བསྒྲུབ་པར་བྱ་བའི་སྒྲ་ཤེས་པར་བྱ་བ་ཉིད་དུ་གྱུར་པའི་བསྒྲུབ་པར་བྱ་བ་རྟོགས་པར་བྱེད་ཀྱི། བསྐྱེད་པར་བྱ་བའི་རང་བཞིན་ནི་མ་ཡིན་པ་དེ་བཞིན་དུ། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ཀྱང་བརྗོད་པར་བྱ་བར་མི་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་འདིར་ཞེས་བྱ་བ་ནི་མ་གྲུབ་པའི་དཔེ་དང་གཏན་ཚིགས་དག་ལའོ། །གང་གི་ཚེ་ཤེས་བར་བྱེད་པའི་དབང་དུ་བྱས་པ་ཡིན་ན་དེའི་ཚེ། ཤེས་བྱེད་སྐབས་ཀྱིས་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་མ་གྲུབ་པ་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བའི་སྒྲས་རྟོགས་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདོད་པའི་ཁྱད་པར་སྒྲུབ་པར་བྱེད་པར་ཉིད་དུ་བསྟན་པའི་མ་གྲུབ་པ་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ལ་བརྟེན་པར་མི་འགྱུར་རོ། །འཆད་པ་ནི་ཤེས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །བྱེད་པ་པོ་ལ་ལྟོས་པའི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་ཤེས་པར་བྱེད་པའི་སྐབས་ཀྱིས་བསལ་བར་བྱེད་པ་ལ་བཟློག་བར་བྱ་བ་ཡིན་ལ། གཞན་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བསྟན་པ་ཐམས་ཅད་ནི་སྡུད་པར་བྱེད་པ་ཁོ་ནའོ། །དེས་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཞན་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་ན་བསྒྲུབ་བར་བྱ་བ་གཞན་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་རྣམ་པར་གཅོད་པར་ནུས་པ་མ་ཡིན་ནོ། །འོ་ན་བྱེད་པ་པོའི་བསྒྲུབ་པར་བྱ་བ་ཡང་ཅི་ལྟར་རྣམ་པར་གཅོད་སྙམ་ན། བྱེད་པ་པོའི་ཞེས་བྱ་བའོ། །གལ་ཏེ་བསྒྲུབ་པར་བྱ་བ་གཞན་རྣམ་པར་མ་བཅད་པ་བཞིན་དུ་བྱེད་པ་པོའི་བསྒྲུབ་པར་བྱ་བ་ཡང་རྣམ་པར་མ་བཅད་བར་ཅི་སྟེ་མི་འགྱུར་ཞེན་འགའ་ཞིག་ཅེས་བྱ་བའོ། །བྱེད་པ་པོའི་བསྒྲུབ་བྱ་རྣམ་པར་བཅད་བ་ངེས་པ་ནི། ཤེས་པར་བྱེད་པ་རྒྱུའི་སྐབས་ཀྱི་རྒྱུས་རྒྱུ་དང་བཅས་པ་ཡིན་ནོ། །རྒྱུ་མེད་པ་རྣམས་ཀྱང་ཞེས་བྱ་བ་ནི། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་བསྒྲུབ་པར་བྱ་བ་ཉིད་ཡིན་པར་ངེས་པའོ། །སྒྲུབ་བར་བྱེད་པ་ཉིད་དུ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པའི་དམ་བཅའ་བ་ཡིན་ནོ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་པ་གཉི་གའི་སྤྱིའི་མཚན་ཉིད་ཡིན་ཏེ། དེས་ན་ཁྱད་པར་


DTG186_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་ཡོད་པ་མ་ཡིན་ནོ། །ཁྱད་པར་གཞན་བསྟན་པའི་མཚན་ཉིད་གཞན་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ཕྱོགས་ཀྱི་མཚན་ཉིད་ཤིན་ཏུ་ཁྱབ་ཆེས་བའི་ཉེས་བར་འགྱུར་རོ། །དེ་དང་ཞེས་བྱ་བ་ནི་བྱེད་བ་བོའི་བསྒྲུབ་པར་བྱ་བ་བཟློག་པར་བྱ་བ་དང་ངོ༌། །གང་གི་ཕྱིར་སྐབས་སུ་གྱུར་བའི་མ་གྲུབ་བ་བསྒྲུབ་བར་བྱ་བ་ཉིད་ཡིན་པའི་རྒྱུ་དེས་ནའོ། །གཞན་དུ་ཞེས་བྱ་བ་ནི་ཤེས་བྱེད་ཀྱི་སྐབས་ལ་མི་ལྟོས་ནའོ། །གཞུང་གང་གིས་དཔེར་བརྗོད་སྙམ་ན། དེ་ལྟར་ཞེས་བྱ་བའོ། །གྲངས་ཅན་ལ་ལྟོས་ནས་ཞེས་བྱ་བ་ནི། མི་རྟག་པ་ཉིད་ཀྱི་ཁྱད་བར་ཅན་གྱི་བུམ་པ་ནི་གྲངས་ཅན་ལ་མ་གྲུབ་སྟེ། དེས་ན་དཔེ་མ་གྲུབ་བ་ཡིན་ནོ། །མིག་གིས་གཟུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པའོ། །ནམ་མཁའ་མི་རྟག་པ་ཉིད་དུ་མ་གྲུབ་པ་ནི་དཔེ་མ་གྲུབ་པ་ཡང་ཡིན་ཏེ། རིགས་པ་ཅན་གྱི་ལུགས་ཀྱིས་ནམ་མཁའི་ནི་རྟག་པ་ཡིན་པའི་ཕྱིར་རོ།། །།འོན་ཏེ་ཞེས་བྱ་བ་ནི་རྣམ་འགྲེལ་ལ་འཇུག་བའོ། །དཔེ་དང་གཏན་ཚིགས་མ་གྲུབ་པར་བྱ་བ་ཐམས་ཅད་དམ་བཅའ་བར་ཐལ་བ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །འོ་ན་དམ་བཅའ་པ་ཉིད་གང་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །ལས་གང་ལ་ཁྱད་པར་དུ་འཕགས་པ་ཡོད་པ་དེ་ནི་དམ་བཅའ་བ་ཡིན་ནོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལས་ལ་བྱ་བའི་ཞེས་བྱ་བའོ། །འོན་ཏེ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ཡང་ལས་ཁོ་ནའོ་སྙམ་ན། ལས་ཀྱང་ཞེས་བྱ་བའོ། །འོན་ཀྱང་སྟེ་དེ་ཡང་ཕྱུགས་འདོད་ཁོ་ནའོ་སྙམ་ན། །པར་བྱེད་པ་ཉིད་དུ་ཞེས་བྱ་བའོ། །ཅི་ལྟ་བུར་ཞེ་ན་དཔེར་ན་ཞེས་བྱ་བའོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་འོ་མ་ཟ་བའི་བྱ་བས་ཞེས་བྱ་བའོ། །ཕྱིས་འགྱུར་བའི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་ཀྱང་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་ཞེས་བྱ་བའོ། །འདོད་པར་འགྱུར་བ་ནི་སྒྲུབ་བྱེད་མ་གྲུབ་པའོ། །གྲུབ་པའི་མཐའ་རྣམ་པ་བཞི་པོ་རྒྱུད་ཐམས་ཅད་པ་དང་ཞེས་བྱ་བ་འདིར། རིགས་པའི་མདོ་ལས། རྒྱུད་ཐམས་ཅད་དང་མི་འགལ་བ་རྒྱུད་ཀྱི་དབང་དུ་བྱས་པའི་དོན་ནི། རྒྱུད་ཐམས་ཅད་པའི་གྲུབ་པའི་མཐའ་ཡིན་ནོ་ཞེས་སོ། །རིགས་པའི་བཤད་པ་ལས་ཀྱང༌། དཔེར་ན་སྣོམ་པ་ལ་སོགས་པ་རྣམས་ནི་དབང་པོ་དྲི་ལ་སོགས་པའི་དབང་པོའི་དོན་ས་ལ་སོགས་པ་ནི་འབྱུང་བ་ཚད་མས་ནི་གཞལ་བྱ་འཛིན་པར་བྱེད་དོ་ཞེས་བྱ་བ་ལྟ་བུ་ཞེས་སོ། །མི་མཐུན་པའི་རྒྱུད་ཀྱི་གྲུབ་པའི་མཐའ་ཡང་རིགས་པའི་མདོ་ལས་སྤྱིའི་རྒྱུད་དུ་གྲུབ་པ་དང་གཞན་གྱི་རྒྱུད་དུ་མ་གྲུབ་པ་ནི། མི་མཐུན་པའི་རྒྱུད་ཀྱི་གྲུབ་པའི་མཐའོ་ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ། མཚུངས་པའི་རྒྱུད་


DTG186_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པའི་དོན་གཞན་རྣམས་ཀྱང་རྒྱུད་དུ་མ་གྲུབ་པ་ནི་མི་མཐུན་པའི་རྒྱུད་ཀྱི་གྲུབ་བའི་མཐའ་ཞེས་བརྗོད་དོ། །དཔེར་ན་རིགས་པའི་བསྟན་བཅོས་དང་འགལ་བའི་དོན་དེ་དང་མཚུངས་པ་བྱེད་བྲག་པའི་ལུང་ལས་གྲུབ་པ། སངས་རྒྱས་པའི་ལུང་དུ་མ་གྲུབ་པ་བཞིན་ནོ། །དབང་དུ་བྱེད་བའི་གྲུབ་པའི་མཐའི་མཚན་ཉིད་ཀྱང༌། གང་གྲུབ་ན་སྐབས་གཞན་འགྲུབ་པ་ནི་དབང་དུ་བྱེད་པའི་རྒྱུད་ཡིན་ནོ་ཞེའོ། །ཁས་བླངས་བའི་གྲུབ་པའི་མཐའི་མཚན་ཉིད་ཀྱང་ཡོངས་སུམ་བརྟགས་པ་ཁས་བླངས་པ་ལས་དེའི་བྱད་པ་ཡོངས་སུ་རྟོག་པ་ནི་ཁས་བླངས་པའི་གྲུབ་པའི་མཐའོ་ཞེས་སོ། །འདིར་ཡང་རིགས་པའི་རྣམ་པར་བཤད་པ་ལས་དོན་གྱི་རིགས་འགའ་ཞིག་མ་བརྟགས་པར་ཁས་བླངས་པ་སྟེ། དཔེར་ན་སྒྲ་ནི་རྫས་ཡིན་ཏེ་དེ་ཅི་རྟག་བ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་ཞེས་བ་བྱ་བ་ལྟ་བུར་རྫས་ཡོད་པའི་ཁྱད་པར་མི་རྟག་བ་དང༌། རྟག་པ་ཡོངས་སུ་རྟོག་པ་དེ་ནི་ཁས་བླངས་བའི་གྲུབ་པའི་མཐའ་ཡིན་ནོ་ཞེའོ། །དེ་ལྟར་རྒྱུད་ཐམས་ཅད་ལ་སོགས་པ་རྣམ་བ་བཞིའི་ཚུལ་གྱིས། ཁས་བླངས་པའི་གྲུབ་པའི་མཐའི་མཚན་ཉིད་བསྒྲུབ་པར་བྱ་བ་བསྟན་པ་ནི། དམ་བཅའ་བ་ཡིན་ནོ་ཞེས་པའི་མཚན་ཉིད་བསྒྲུབ་པའི་ཕྱིར་ཏེ་བྱས་པའི་ཕྱིར་རོ། །སྐྱོན་མེད་དོ་ཞེས་བྱ་བ་ནི་དམ་བཅའ་བའི་མཚན་ཉིད་ཀྱིའོ། །སྒྲུབ་པར་བྱེད་བའི་ཡན་ལག་ཡིན་པ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བ་ནི་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དང༌། མ་བསྟན་པ་ཐམས་ཅད་ཀྱང་མ་གྲུབ་བའི་ཕྱིར་རོ། །གང་གི་ཕྱིར་གྲུབ་མཐའ་ཉིད་དུ་མཚུངས་ཏེ། མ་གྲུབ་པའི་གཏན་ཚིགས་དང་དཔེ་དག་ལ་ནི་ཁས་བླངས་པའི་གྲུབ་པའི་མཐའི་ཉིད་མཚུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་སྨོས་ཏེ། མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ཡང་ཁས་བླངས་པའི་མཚན་ཉིད་དེ། ཁས་བླངས་པའི་གྲུབ་པའི་མཐའི་མཚན་ཉིད་མཚུངས་པ་ཡིན་ནོ། །གཞན་ཡང་ཡན་ལག་ལྔ་ལས་ཞེས་བྱ་བ་ལ་སོགས་པའི་རྩོད་བའི་ལན་བརྗོད་པ་ནི། སྔར་མ་གྲུབ་པའི་ཞེས་སྨོས་ཏེ། ཐམས་ཅད་འབྲེལ་ཏོ། །ཡན་ལག་ཐམས་ཅད་མཚན་ཉིད་བརྗོད་པའི་སྔོན་རོལ་དུ་མ་གྲུབ་བའི་རང་བཞིན་ཡིན་པའི་དེའི་ཡུལ་སྤངས་པས་ནི་དམ་བཅའི་མཚན་ཉིད་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་གཏན་ཚིགས་དེས་ན། ལས་ལ་སོགས་བ་ཡི་ཁྱད་པར་ཉེ་བར་བཀོད་པའི་ལན་དེས་རྣམ་འབྱེད་ཅེས་བྱ་བ་ལ་ནི་སྒྲུབ་པར་བྱེད་པ་མ་ཡིན་པས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་འབྱེད་པ་ནི། ཅི་ལྟར་ཡང་


DTG186_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་མ་ཡིན་ནོ། །འདིས་ནི་རྩོད་བ་དང་པོ་གཉིས་བསལ་བ་ཡིན་ནོ། །རྩོད་བ་ཐ་མ་སེལ་བས་རྣམ་འགྲེལ་དང་པོའི་རྐང་བ་དང་པོ་རྣམ་འགྲེལ་གཉིས་བའི་ཕྱིར་ཕྱི་མ་དང་བཅས་ཏེ་རྣམ་བར་འགྲེལ་བ་ནི། གྲུབ་མཐའ་ནི་ཞེས་བྱ་བ་སྟེ། ཁས་བླངས་པའི་གྲུབ་པའི་མཐའ་ནིའོ། །མ་གྲུབ་པ་ཐམས་ཅད་ཅེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ལ་སོགས་པའོ། །ཁས་ལེན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཁས་བླངས་པའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །ཁས་བླངས་པའི་གྲུབ་པའི་མཐའ་ཡིན་པ་ཉིད་གསལ་བར་བྱེད་བ་ནི། བསྟན་བཅོས་ལས་ཞེས་བྱ་བའོ། །གལ་ཏེ་ཁས་བླངས་བའི་གྲུབ་པའི་མཐའ་ཉིད་ཡིན་ཡང་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ཅི་ལྟར་བསྒྲུབ་བྱར་འགྱུར་སྙམ་ན། དེ་ཞེས་བྱ་བ་སྟེ། མ་གྲུབ་པའི་གཏན་ཚིགས་པ་ལ་སོགས་པ་དེ་དང་པོར་སྒྲུབ་བྱེད་ཉིད་དུ་ཁས་བླངས་ཀྱང་ཕྱིས་ཕྱིར་རྒོལ་བས། སྒྲུབ་བྱེད་འདི་མ་གྲུབ་པས་ན་ཅི་ལྟར་བསྒྲུབ་པར་བྱ་བ་འདི་ལས་རྟོགས་པར་འགྱུར་ཞེས་བརྒལ་ཞིང་བརྟགས་པ་ན། སྒྲུབ་པར་བྱེད་པ་དེ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ་དེས་ན་གདོན་མི་བྲ་པར་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་མ་གྲུབ་པ་ནི་ཞེས་གསུངས་སོ། །གལ་ཏེ་བསྒྲུབ་པར་བྱ་བ་ནི་མ་གྲུབ་པ་ཁོ་ན་ཡིན་ལ། ཁས་བླངས་པའི་གྲུབ་པའི་མཐའ་ཡང་ད་ལྟར་བ་ཁོ་ནར་མ་ཡིན་ནམ་ཞེས་དོགས་བ་བསུ་ནས་བརྗོད་པ་ནི། བྱ་བའི་རྐྱེན་ཞེས་བྱ་བའོ། །སྒྲུབ་པར་བྱ་བའི་སྒྲ་ནི་བྱ་བའི་རྐྱེན་གྱི་མཐའ་ཅན་ཡིན་ལ། བྱ་བའི་རྐྱེན་ཡང་དུས་གསུམ་ལ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁས་བླངས་བའི་སྒྲ་ཡང་དུས་གསུམ་ལ་འཇུག་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཉིད་དུ་ཉེ་བར་བསྟན་པ་དང་མ་བསྟན་པའོ། །དེ་ལྟར་རྩོད་པ་ཐ་མ་བསལ་ནས། རྩོད་པ་བར་པ་སེལ་བ་ནི་འོན་ཏེ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་རང་གི་ངོ་བོའི་ཚིག་ཉིད་ཀྱིས་གྲུབ་པའི་རང་བཞིན་བཀག་པའི་ཕྱིར་ནམ་གྲུབ་པའི་སྒྲུབ་པར་བྱེད་བ་ལ་སོགས་པ་ནི་དམ་བཅའ་བ་ཉིད་མ་ཡིན་ཞེས་བྱ་བ་ནི་རྩོད་པའི་དོན་ཏོ། །ལན་ནི་དེ་ཡང་ཞེས་བྱ་བའོ། །འདིས་ནི་བསྒྲུབ་བྱའི་ཡན་ལག་ཅེས་མི་རུང་ཞེས་བྱ་བ་དེ་རྣམ་པར་བཀྲལ་བ་ཡིན་ནོ། །དེས་བསྟན་པར་བྱ་བའི་དོན་མ་གྲུབ་པའི་ཕྱིར་ན་ཡན་ལག་གི་མཚན་ཉིད་ཐམས་ཅད་མ་གྲུབ་པའི་ཕྱིར་རོ། །གང་གི་ཚེ་ཞེ་ན། མཚན་ཉིད་སྒྲུབ་པའི་སྔོན་རོལ་དུའོ། །ཐམས་ཅད་ཅེས་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དང་མ་བསྟན་པ་ཐམས་


DTG186_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དམ་བཅའ་བར་འགྱུར་རོ་ཞེས་སྦྱར་རོ། །གལ་ཏེ་སྒྲུབ་པར་བྱེད་པ་བསྟན་པ་ཡང་དམ་བཅའ་བ་ཡིན་ན། འོ་ན་གང་གིས་དེའི་མཚན་ཉིད་དོན་དང་བཅས་པར་འགྱུར་བ་སྒྲུབ་པར་བྱེད་པ་ཉིད་གང་ཞིག་ཡིན་ཞེན། དེ་ལས་མ་གཏོགས་པ་ཞེས་བྱ་བ་སྟེ། དམ་བཅའ་བ་ལས་མ་གཏོགས་པའོ། །གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །ཐམས་ཅད་ནི་ཞེས་བྱ་བའི་ཀྱང་གི་སྒྲ་རྣམ་པར་འགྲེལ་པ་ནི། ཡང་ན་ཞེས་བྱ་བའོ། །མ་གྲུབ་པའི་སྒྲུབ་པར་བྱེད་པ་ལ་སོགས་པ་དམ་བཅའ་བ་མ་ཡིན་པའི་འཐད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ནི་ཞེས་བྱ་བ་ནི། མ་གྲུབ་པའི་གྲུབ་པར་བྱེད་པ་ལ་སོགས་པ་བརྒྱལ་བསྒྲུབ་པར་བྱ་བར་འགྱུར་བའམ། བརྒྱ་ལ་ནི་མི་འགྱུར་བ་ཡང་སྲིད་དོ་ཞེས་ཐེ་ཚོམ་དུ་འགྱུར་རོ། །དམ་བཅའ་བ་ཡང་ངེས་པ་ཉིད་དུ་བསྟན་པར་བྱ་བ་ཡིན་ནོ། །དེ་ཡང་ཐེ་ཚོམ་ཡོད་ན་མི་འགྲུབ་པོ་ཞེས་བྱ་བའོ། །ལན་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེས་ན་ཐེ་ཚོམ་གྱི་སྐབས་མེད་དོ། །དེ་ལྟར་རྩོད་པ་གཉིས་བསལ་ནས། རྩོད་པ་དང་པོ་རྗེས་སུ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་ནུས་མིན་ཞེས་བྱ་བ་ལ་སོགས་པ་དོན་གྱི་རྣམ་པར་འགྲེལ་པ་ན། ལན་འདེབས་པ་ནི་འདི་ནི་མེད་དོ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ཉིད་འདོད་པའི་ཤུགས་ཡིན་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན། ཐབས་ཉིད་ཀྱིས་ཞེས་བྱ་བའོ། །གལ་ཏེ་སྒྲུབ་པར་བྱེད་པ་གཞན་གྱིས་མ་བསྒྲུབས་ན་ནི། སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི་སྒྲུབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འོན་ཏེ་དེ་ནི་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་ན་ཕྱུགས་འདོད་ཉིད་མ་ཡིན་ནོ་སྙམ་ན། འདིར་ཞེས་བྱ་བ་སྟེ་བྱེད་པའི་ཕྱུགས་འདོད་ཅེས་བྱ་བར་རོ། །ཁྱད་པར་དུ་འཕགས་པའི་རྐྱེན་ནི་ཏ་མའི་རྐྱེན་ནོ། །ཅིའི་ཕྱིར་ཞེ་ན། མདོའི་རྣམ་པར་དབྱེ་བ་འདོད་པ་ཞེས་བྱ་བ་ནི་མདོ་གཅིག་ཡིན་ལ། འདོད་བའི་ཕུགས་ཞེས་བྱ་བ་ནི་གཉིས་པ་ཡིན་པ་སྟེ། འདི་གཉིས་ལས་གཅིག་ལུས་པའི་ཕྱིར་ན་འདོད་པའི་ཕུགས་ཞེས་བྱ་བའི་མདོ་ཡིན་ནོ། །ད་ལྟར་འདོད་པ་ཡིན་གྱི། འདོད་པར་འགྱུར་བ་ནི་ལས་མ་ཡིན་ནོ་ཞེས་གང་བརྗོད་པ་ནི་མི་རིགས་སོ་ཞེས་སྨྲས་པ་ནི། བྱུང་བའི་ཞེས་བྱ་བའི་འདོད་ཕུགས་ཞེས་བྱ་བ་དེར་རོ། །གཙུག་ལག་ཅེས་བྱ་བ་ནི་གཙོ་བོའོ། །ཅིའི་ཕྱིར་གཙོ་བོ་མ་ཡིན་ཞེ་ན། རེ་ལྡེ་དག་ཏུ་ཞེས་བྱ་བའོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་འདོད་པར་གྱུར་པ་ཡིན་པའི་ཕྱིར་བྱུང་བའི་རྐྱེན་གཙོ་བོ་མ་ཡིན་ནོ། །རེ་ལྡེ་དག་ཏུ་ཞེས་བྱ་བ་དང་རེ་ལྡེ་རྣམས་སུ་བྱ་


DTG186_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་འདོད་པའི་ཕྱིར་གཅིག་གི་ཚིག་ཀྱང་གཙོ་བོ་མ་ཡིན་པ་ཉིད་དོ། །འོན་ཏེ་སྒྲུབ་བྱེད་མ་གྲུབ་པ་ལ་སོགས་པ་ནི་བས་བླངས་པའི་གྲུབ་བའི་མཐའ་མ་ཡིན་པའི་ཕྱིར་ན་དམ་བཅའ་བའི་དོན་མ་ཡིན་ནོ་ཞེ་ན། ཁས་བླངས་པའི་གྲུབ་པའི་མཐའ་ཡང་ཞེས་བྱ་བའོ། །འདི་ལ་ནི་མ་གྲུབ་པའི་སྒྲུབ་པར་བྱེད་བ་ལ་སོགས་པ་ལའོ། །དེ་ཡང་གྲུབ་པའི་མཐའ་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་པ་ཁོ་ནའོ། །རིགས་པའི་མདོའི་སུན་འབྱིན་པ་མཇུག་སྡུད་པ་ནི། དེས་ན་ཞེས་བྱ་བའོ། །དེ་ལྟར་དམ་བཅའ་བའི་མཚན་ཉིད་ལ་ཧ་ཅང་ཁྱབ་བའི་ཉེས་པས་ཉེས་ཆགས་པ་ཡིན་ནོ་ཞེས་བསྟན་ནས། མཚན་ཉིད་སུན་དབྱུང་བའི་ཕྱིར་རྣམ་པར་རྟོག་པ་ནི་འདིར་ཞེས་བྱ་བ་སྟེ་དམ་བཅའ་བའི་མཚན་ཉིད་ལའོ། །ཆོས་སམ་ཆོས་ཅན་ནམ། ཚོགས་པ་ཞིག་བསྒྲུབ་པར་བྱ་བ་སྟེ། མཚོན་པར་བྱ་བར་ཡིན་པར་འགྱུར་གྲང་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །དེ་ལས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་རྣམས་ཀྱི་ནང་ནས་སོ། །ཆོས་བསྒྲུབ་པར་བྱ་བར་ཁས་ལེན་ན་ཆོས་མཐུན་པ་ཞེས་བྱ་བ་དཔེའི་མཚན་ཉིད་མེད་དེ་དཔེ་འགལ་ལོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཆོས་ཅན་བསྒྲུབ་བར་བྱ་བ་ཡིན་ན། དེའི་ཚེ་གཏན་ཚིགས་དོན་མེད་དེ། ཆོས་ཅན་གྲུབ་ཟིན་པའི་ཕྱིར་རོ། །ཚོགས་པས་བསྒྲུབ་པར་བྱ་བ་ཡིན་ན་ནི། ཕྱོགས་གཉི་ག་ལས་བྱུང་བའི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་དོན་གྱིས་འཐོབ་པོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེ་ཞེས་བྱ་བ་ནི་ཆོས་སོ། །དེ་ལྟར་ཡིན་ན་ཅི་སྐྱོན་སྙམ་ན། སྨྲས་པ་དེ་ལྟར་ན་ཞེས་བྱ་བ་སྟེ་ཆོས་བསྒྲུབ་པར་བྱ་བ་ཡིན་ན། དེའི་ཆོས་ཡོད་པ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་དེའི་ཆོས་ནི་དེའི་ཆོས་སོ། །དེ་ཡོད་པ་ནི་དེ་དང་བཅས་པའོ། །དེ་སྐད་དུ་རིགས་པའི་རྣམ་པར་བཤད་པ་ལས་བསྒྲུབ་པར་བྱ་བ་དང་ཆོས་མཚུངས་པ་སྟེ་ཆོས་མཐུན་པས་སོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པའི་རྒྱུས་དེའི་ཆོས་ཡོད་པ་ནི་དཔེ་ཡིན་ནོ་ཞེས་སོ། །ཅི་ལྟར་ན་དཔེའི་མཚན་ཉིད་ཞུགས་སྙམ་ན། གང་གིས་ཞེས་བྱ་བའོ། །དེའི་ཆོས་ཡོད་པར་འགྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མི་རྟག་བ་ཉིད་ཀྱིས་ཆོས་སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ཡོད་པ་སྟེ་བུམ་པ་ལ་སོགས་པ་གང་ལ་ཡོད་པ་ཞེས་ཚིག་སྦྱར་རོ། །ཆོས་རྣམས་ནི་ཆོས་ཀྱི་རྟེན་ཡིན་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད་ཅེས་བྱ་བ་གང་ཡིན་པ་དེ་རྣམ་པར་བཀྲོལ་བ་ཡིན་ནོ། །ལྷག་མ་རྣམ་པར་འགྲེལ་པ་ནི་ཆོས་ཅན་ཞེས་བྱ་བའོ། །དོན་གྱིས་འཐོབ་པ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །


DTG186_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་ལ་འཇུག་པར་བྱེད་པའོ། །འོན་ཏེ་ཕྱོགས་གཉི་ག་ལས་གྱུར་བའི་ཉེས་པ་ཅི་ལྟར་སྤོང་ཞེན། ཚོགས་པ་ནི་ཞེས་བྱ་བའོ། །དེའི་ཞེས་བྱ་བ་གཉི་གའི་ཆོས་སོ། །ཅི་ལྟར་མི་འབྱོར་སྙམ་ན། འདི་ལྟར་ཞེས་བྱ་བའོ། །གཉིས་པོ་ཞེས་བྱ་བ་ནི་ཆོས་ཅན་དང་ཆོས་སོ། །འགྱུར་མོད་ཅི་སྐྱོན་སྙམ་ན། བསྒྲུབ་པར་བྱ་བའི་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་ཅན་ནོ། །སྒྲ་ལ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་གྱི་ཆོས་ཀྱི་གཏན་ཚིགས་གྲུབ་པ་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱིས་ཞེས་བྱ་བ་ལ། སྔར་ནི་སྒྲུབ་པར་བྱེད་པ་སྐྱེ་བ་ཅན་ལ་སོགས་པས་ཆོས་མཚུངས་པ་མེད་དོ་ཞེས་བསྟན་པ་ཡིན་ལ། ད་ལྟ་ནི་བསྒྲུབ་པར་བྱ་བའི་ཁྱད་པར་ཅན་གྱི་ཆོས་ཅན་གྱི་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཚོགས་པ་ལ་ཞེས་བྱ་བ་ནི་གཞན་དག་གིའོ། །ཅི་ལྟར་ཚོགས་པའི་སྒྲ་ཡན་ལག་ལ་འཇུག་སྙམ་ན། ཚོགས་པ་ལ་འཇུག་པའི་ཞེས་བྱ་བའོ། །བསྟན་བཅོས་ཀྱིས་ཅི་བྱ་བ་ནི། གལ་ཏེ་བསྟན་བཅོས་བྱེད་པའི་མཚན་ཉིད་མ་འགྲིགས་པས་འཆད་པ་བོ་ཉིད་ཀྱིས་བཅོས་ནས་བཤད་པར་བྱ་བ་ཡིན་ན། དེའི་ཚེ་དེས་བྱས་པའི་མཚན་ཉིད་མེད་པ་ཁོ་ནར་རྟོགས་པར་འགྱུར་མོད། བསྟན་བཅོས་ཀྱིས་ཅི་བྱ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་གཉིས་པ་བརྗོད་པ་མི་འགྲིགས་པའི་མཚན་ཉིད་གཞན་དུ་བཤད་པར་བྱ་བ་དེ་བཞིན་དུ། གཏན་ཚིགས་ལ་སོགས་པའི་ཚུལ་ཉེས་པར་བྱས་པ་ཡང་གཞན་དུ་བརྟག་པར་བྱ་བར་འགྱུར་རོ། །ཅི་ལྟར་ཞེ་ན། མི་སྲིད་པའི་ཕྱིར་ཏེ། མཚན་ཉིད་ཀྱིས་བསྟན་པར་བྱ་བའི་དོན་ཏོ། །མཚན་ཉིད་ཅི་འདྲ་བར་བྱས་པ་དེ་ནི་བརྗོད་པར་འདོད་པའི་དོན་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི། ཅི་ལྟར་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི། རིགས་པ་ཅན་ལ་སོགས་པ་ལ་བརྗོད་བ་ཉིད་དོ། །ཕྱོགས་ཀྱི་རང་བཞིན་ཉིད་ཅེས་བྱ་བ་ནི་གཙོ་པོ་ཉིད་དོ། །དེ་ཞེས་བྱ་བ་ཤེས་པར་འདོད་པའི་བྱེ་ཕྲག་དང་ལྡན་པའི་ཆོས་ཅན་ཆོས་སོ། །དེའི་ཚེ་ཅི་ལྟར་ཕྱོགས་འདིར་ཉེ་བར་བཏགས་པ་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་ནོ། །དེ་ནི་ཚོགས་པའིའོ། །འདི་ནི་ཞེས་བྱ་བ་ནི་ཚོགས་པའོ། །འོ་ན་ཅི་ལྟར་དེ་ཕྱོགས་ཉིད་ཡིན་སྙམ་ན། བསྒྲུབ་བྱ་བའི་ཞེས་བྱ་བའོ། །འདི་ནི་ཚོགས་པའོ། །དེ་ལྟར་ཡང་གསུངས་སོ་ཞེས་འབྲེལ་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་


DTG186_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཅི་སྐད་གསུངས་སྙམ་ན། དེ་ལ་ཞེས་བྱ་བའོ། །འོན་ཏེ་གྲུབ་ཀྱང་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་འགྱུར་རོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་ཟ་བའི་ཆོས་ཅན་གྱི་ཆོས་ཉིད་ཀྱི་ཚེ་ཡང་ཅི་ལྟར་མི་འགྲུབ་པར་འགྱུར་ཏེ་གྲུབ་པ་ཁོ་ནའོ། །ཚོགས་པ་མ་གྲུབ་ཀྱང་ཕྱོགས་ཀྱི་ཆོས་ཉིད་ནི་གཙོ་བོའི་ཚུལ་དུ་གྲུབ་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་ཆོས་ཅན་ཉིད་ཕྱོགས་སུ་བཞེད་ན། འོན་ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཉེ་བར་བཏགས་པ་མ་ཡིན་ན་ཅི་སྐྱོན་སྙམ་ན། ཆོས་ཅན་ཆོས་ཞེས་གསུངས་སོ། དཔེའི་ཆོས་ཅན་གྱི་ཆོས་ཀྱང་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྤང་བའི་དོན་དུ་ཉེ་བར་བཏགས་པ་བྱེད་པའི་རྩོད་པ་དེ་གང་ཡིན་སྙམ་ན། འདིར་ཞེས་བྱ་བའོ། །སྒྲུབ་པར་བྱེད་པའི་རང་བཞིན་དཔྱོད་པ་ལས་རང་བཞིན་བ་སྒྲུབ་པར་བྱ་བའི་བློ་དེ་མེད་པའོ། །དེའི་ཕྱིར་ཕྱོགས་ཆོས་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བའོ། །དོགས་པ་བསུ་བ་ནི། བསྒྲུབ་པར་བྱ་བའི་ཞེས་བྱ་བའོ། །སྒྲུབ་པར་བྱེད་པའི་རང་བཞིན་དཔྱོད་པའི་དུས་ན་ནི་བསྒྲུབ་པར་བྱ་བ་དེས་པ་མ་ཡིན་གྱི། འོན་ཀྱང་ཐེ་ཚོམ་ཟ་བ་ཡིན་ཏེ། དེས་ན་གཏན་ཚིགས་འཇུག་པ་ཉམས་པ་མེད་དོ་ཞེས་བྱ་བར་སེམས་ནའོ། །ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ངེས་པ་འདི་ནི་མེད་དེ། །ཐེ་ཚོམ་དུ་གྱུར་པ་ཡང་བསྒྲུབ་པར་བྱ་བའི་ཆོས་མ་ཡིན་པར་ཡང་འགྱུར་བ་ཡིན་ནོ། །ཐེ་ཚོམ་དུ་གྱུར་པ་བསྒྲུབ་པར་བྱ་བ་དེས་པ་ཉིད་སྟོན་པ་ནི། ཐེ་ཚོམ་ཟ་བ་ལ་ཞེས་བྱ་བའོ། །ལན་ནིམ་ཡིན་ཏེ་ཞེས་བྱ་བའོ། །གང་དང་གང་ཐེ་ཚོམ་དུ་གྱུར་བདེ་དང་དེ་ལ་གཏན་ཚིགས་འཇུག་པ་ཉིད་དོ་ཞེས་བྱ་བའི་ངེས་པ་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ལྟར་གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར་ཞེས་གསུངས་ཤེ་ན། གྲུབ་པ་དང་ཞེས་གསུངས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་ངེས་བ་དང་ཞེས་བྱ་བའོ། །འདི་ག་ལས་ཤེན། རིམ་པ་ཅི་ལྟ་བར་གཏན་ཚིགས་གཉིས་བརྗོད་པ་ནི། བསྒྲུབ་བྱ་ངེས་པ་ལ་དགོས་པ་མེད་པའི་ཕྱིར་དང༌། བསལ་པ་ལ་ནི་མི་ནུས་པའི་ཕྱིར་རོ། །ཐེ་ཚོམ་དུ་གྱུར་བ་ལ་གཏན་ཚིགས་འཇུག་པ་ཉིད་ཀྱང་མ་ཡིན་ལ། ཐེ་ཚོམ་དུ་གྱུར་པ་ཉིད་ལ་འཇུག་པ་ཡང་མ་


DTG186_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཐེ་ཚོམ་མངོན་དུ་གྱུར་པ་མེད་ཀྱང་སྒྲུབ་བར་བྱེད་པ་འཇུག་པའི་ཕྱིར་རོ། །དེ་ལྟར་རྣམ་པ་གཉི་ག་ལྟར་ཡང་ཕྱོགས་ཀྱི་ཆོས་ཞེས་བྱ་བ་བསལ་ནས་མངོན་པར་འདོད་པའི་མཇུག་སྡུད་པ་ནི། འདིར་ཞེས་བྱ་བ་སྟེ། རུང་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལའོ། །ཕྱོགས་སུ་གྱུར་བཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་དུ་གྱུར་པའི་ཆོས་ཅན་ནོ། །ཅི་ལྟར་ཆོས་ཅན་ཉིད་ཅེས་བྱ་བའི་དོན་ནི་འདི་ཡིན་ཏེ། ཐེ་ཚོམ་དུ་གྱུར་པའི་བསྒྲུབ་པར་བྱ་བའི་ཁྱད་པར་ཅན་དུ་གྱུར་པའི་ཆོས་ཅན་ནི་དངོས་པོ་ཁོ་ནར་ཕྱོགས་ཡིན་མོད་ཀྱི་འོན་ཀྱང་འདི་ལ་གཞན་དག་ཅི་ལྟར་མ་གྲུབ་པ་ཁྱད་པར་ཡིན། བསྒྲུབ་པར་བྱ་བ་ལ་ཡང་མ་གྲུབ་པ་ཡིན་ཏེ། དེས་ན་ཅི་ལྟར་དེས་ཁྱད་པར་དུ་བྱས་པ་ཕྱོགས་ཡིན་ཞེས་ལོག་པར་རྟོགས་པ་ཡོད་དོ་ཞེས་བྱ་བའོ། །ལན་བརྗོད་པ་ནི། ཆོས་ཅན་ཡན་ལག་ལ་རྟོགས་པར་འགྱུར་བའི་སྤྱི་ཉེ་བར་བཏགས་པའི་ཕྱིར་ཏེ། ལྷག་པར་སྒྲོ་བཏགས་པའི་ཕྱིར་ན་ཆོས་ཅན་ཉིད་ཕྱོགས་ཡིན་ནོ། །ཆོས་ཅན་ལ་ནི་སྤྱིའི་རང་བཞིན་གྱི་ཕྱོགས་ཉེ་བར་བརྟགས་པ་ཡིན་ཏེ། དེ་ནི་མ་འོངས་པ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་ཟ་པའི་ཆོས་ཅན་གྱི་རང་བཞིན་ནི་ཉེ་བར་བཏགས་པ་མ་ཡིན་ཏེ། དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །ཕྱོགས་དེ་ནི་ཡོད་དུ་ཟིན་ཀྱང་ཡལ་བར་དོར་བ་ནི་ཉེ་བར་བཏགས་པའི་སྒོ་ནས་རྩོད་པའི་ལན་གདབ་པའི་ཕྱིར་རོ། །གཞན་གྱི་ལྟར་གཞན་ལ་འཇུག་པའི་སྒྲ་གཞན་ལ་བཏགས་པ་ནི་མ་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཚོགས་པའོ། །ལན་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ་མི་ཉེ་བ་ཉིད་ཀྱི་ཕྱིར་རོ། །ཅི་ལྟར་ཞེས་བྱ་བ་ནི་གཞན་ནོ། །ཅི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་གང་གིས་དེ་སྐད་བརྗོད་པ་འགའ་ཞིག་དེ་ལྟར་འབྱུང་བར་འགྱུར་བ་ལ་ཐ་སྙད་བྱེད་པ་མཐོང་ངམ་སྙམ་ན། སྣལ་མ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྣལ་མ་ལ་རས་ཡུག་ཆེན་བཏགས་སོ། །ཞེས་བྱ་བའི་ཚིག་ལའོ། །བསམ་པ་གང་སྙམ་ན། རས་ཞེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་བསམ་པ་ལའོ། །དོན་འདི་ལ་སྤྱོར་བ་ནི། དེ་བཞིན་དུ་འདིར་ཡང་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟར་གཞུང་འཛུགས་ན་འོ་ན་ཅི་ལྟར་ཞེས་བྱ་བའོ། །ཆོས་ཅན་ཙམ་ཕྱོགས་ཡིན་ན་ཚིག་འདི་འཐད་དོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཞེས་བྱ་བ་འཆད་པ་པོ་རྣམས་ཀྱི་ཉེས་པ་གཞན་


DTG186_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཞེས་བྱ་བ་འདིས་ནི། རྣམ་པར་བཤད་པ་མཛད་པ་བདག་ཉིད་བསྟན་ཏོ། །བསྒྲུབ་པར་བྱ་བའི་ཞེས་བྱ་བ་ལ་སོགས་པས་ནི། དེའི་ཚེ་ན་དེའི་ཆོས་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་འཆད་པར་རྩོམ་པའོ། །བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཚོགས་པ་ནི་ཕྱོགས་ཡིན་ནོ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་ཆོས་ཅན་ནི་ཕྱོགས་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སྟེ་གྲུབ་པའི་མཐའ་འདི་རྣམ་པར་གནས་པ་ནའོ། །དེའི་ཆ་ཉིད་པས་ཞེས་བྱ་བ་ནི་ཕྱོགས་པའི་ཆ་ཉིད་པས་སོ། །དེས་ནི་ཆོས་ཅན་གྱིས་སོ། །དེས་ན་སྟེ་བསྒྲུབ་པར་བྱ་བའི་ཆོས་ཀྱིས་མ་ཁྱབ་པས་ན། བསྟན་བཅོས་མཛད་པས་སྨོས་སོ། །ཅི་སྐད་སྨོས་ཤེན། དེའི་ཆ་ནི་དེའི་ཆོས་ཡིན་གྱི་ཞེས་སོ། །ཡང་ཅི་ལྟར་ན་གཉི་ག་བརྗོད་པ་ཆོས་ཀྱི་སྒྲས་ཆོས་ཅན་འཛིན་ཞེ་ན། ཆའི་སྒྲ་ཞེས་བྱ་བའོ། །ཅི་ལྟར་ཞེ་ན། སྨྲ་བ་པོ་ཞེས་བྱ་བའོ། །སྨྲ་བ་པོའི་བསམ་པ་ཡང་དེ་ལྟར་ཅི་སྟེ་འགྱུར་སྙམ་ན། ཕྱོགས་ཀྱི་ཞེས་བྱ་བའོ། །ཕྱོགས་གཅིག་ཙམ་ཞེས་བྱ་བ་ནི་ཆོས་ཅན་གྱི་མཚན་ཉིད་དམ་ཆོས་ཀྱི་མཚན་ཉིད་དེ། །གཉིས་འཛིན་པ་ནི་མ་ཡིན་གྱི་འོན་ཀྱང་ཆོས་ཉིད་འཛིན་པ་ཡིན་ནོ། །འདིས་ནི་རྣམ་པར་བཤད་པ་མཛད་པས། ཆའི་སྒྲ་ཕྱོགས་གཅིག་བརྗོད་པ་ཁོ་ནར་བཤད་ཀྱི་ཆོས་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བར་གསལ་བ་ཁོ་ནའོ། །ཕྱོགས་གཅིག་ཙམ་ནི་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། གསུངས་པ་ནི་ཕྱོགས་ཀྱི་སྒྲས་ཞེས་བྱ་བའོ། །གཙོར་སྤྱི་རྗོད་པར་བྱེད་པ་མ་ཡིན་པ་ཉིད་གསུངས་པ་ནི་ཕྱོགས་ཀྱི་ཞེས་བྱ་པའོ། །འདི་ཡང་ཕྱོགས་ཀྱི་ཆོས་ཉིད་འཛིན་པ་ན་ཡོད་པའི་ཕལ་པའི་ཚོགས་པ་ཕྱོགས་སུ་བརྗོད་པ་ཡིན་ནོ། །བསྒྲུབ་པར་བྱ་བ་རྟོགས་པའི་དུས་ན་ཡོད་པ་ནི་དངོས་པོ་ཡིན་ནོ། །འོན་ཅི་ལྟར་སྤྱིའི་དོན་རྟོགས་སྙམ་ན། སྤྱིའི་ཞེས་བྱ་བའོ། །ཤུགས་ནི་ཁྱད་པར་ཅན་རྟོགས་པ་ནི་ཁྱད་པར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བས་སོ། །ཁྱད་པར་རྟོགས་པ་དེ་ཡང་ལྷག་པར་སྒྲོ་འདོགས་པའི་བདག་ཉིད་ཅན་སྔར་བསྟན་པ་ཉིད་དོ། །དེའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཅན་གྱིའོ། །ཅིའི་ཕྱིར་ཞེན། དེ་ཉིད་ནི་ཞེས་བྱ་བའོ། །བདག་ཉིད་ནི་བདག་ཉིད་ཀྱི་ཆོས་མ་ཡིན་ཏེ། ཆོས་དང་ཆོས་ཅན་ནི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །ཕྱོགས་ཀྱི་སྒྲས་སྤྱི་བརྗོད་ན་ཅིར་འགྱུར་སྙམ་ན། གལ་ཏེ་ཞེས་བྱ་བའོ། །གཙོ་བོར་མཚུངས་པའི་ཆ་ཤས་གང་དག་ཡིན་པའི་ཆ་ཤས་དེ་གཉིས་ཀྱི་སྤྱི་གང་ཡིན་པ་དེའི་དངོས་པོའོ། །ལྡོག་པ་བརྗོད་པ་ནི། དེ་


DTG186_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡང་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐབས་ཉེ་བར་སྡུད་པའོ། །དེ་ལྟར་བདག་ཅག་གི་ལྟར་ན། དེ་བཏགས་ནས་ཕྱོགས་ཀྱི་སྒྲ་གཞན་དུ་རྟོགས་པ་མ་ཡིན་ནོ་བསྟན་ནས། ཉེས་པ་གཞན་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །འདོད་པ་རྗེས་སུ་གནང་བའི་མཚན་ཉིད་གང་ཡིན་སྙམ་ན། རང་གི་ཞེས་བྱ་བའོ། །ཉེ་བར་བརྟགས་པ་ཁས་བླངས་ཀྱང་བདག་ཅག་གི་ལྟར་ན་ཉེས་པ་མེད་དོ་ཞེས་བརྗོད་པ་ནི། ཡང་ན་ཞེས་བྱ་བའོ། །དགོས་པ་དེ་གང་ཞེ་ན། ཉེ་བར་ཞེས་བྱ་བའོ། །གཞན་ལ་ཡང་དགོས་པ་དེ་ཡོད་དོ་སྙམ་ན། ཁྱེད་ལ་ཞེས་སྨོས་ཏེ་རིགས་པ་ཅན་ལ་སོགས་པ་ལ་ནི་དེ་མ་ཐག་པར་བརྗོད་པའི་དགོས་པ་དེ་ལྟར་མ་ཡིན་པའི་ཕྱིར་ཏེ་ཁས་མ་བླངས་པའི་ཕྱིར་རོ། །ངེད་ཀྱིས་ནི་གཞན་གྱི་རྩོད་པ་བསལ་བ་དོན་དུ་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པར་བཟུང་བ་དེས་བཟློག་པར་བྱ་བའོ། །དངོས་ཏེ་ཞེས་བྱ་བ་ནི་དོར་ནས་སོ། །འོན་ཏེ་གྲུབ་པ་བསྒྲུབ་པར་བྱ་བ་ཡིན་པ་དགག་པའི་སྒྲུབ་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ཁོ་ནས་འཕངས་པ་ཡིན་པས། དེས་པར་གཟུང་བ་འདིས་ཅི་བྱ་ཞེ་ན། དེ་ནི་ཞེས་སྨོས་སོ། །དོན་དེ་ཞེས་བྱ་བ་ནི་མ་གྲུབ་པའི་དོན་དེའོ། །ཅིའི་ཕྱིར་ཞེ་ན། སྒྲུབ་བྱེད་ཀྱི་མཚན་ཉིད་བརྗོད་བའི་ཤུགས་ལས་སོ། །དེ་ཞེས་བྱ་བ་གྲུབ་པ་བཟློག་པའི་དོན་དུའོ། །འོན་ཏེ་མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་དམ་བཅའ་བ་ཉིད་ཡིན་པ་བཟློག་པའི་དོན་དུ་ངེས་པར་གཟུང་བ་ཡིན་ནོ་ཞེན། གཏན་ཚིགས་སོགས་ཞེས་གསུངས་སོ། །གཏན་ཚིགས་ཀྱི་མཚན་ཉིད་ནི་བསྒྲུབ་པར་བྱ་བ་སྒྲུབ་པ་ནི་གཏན་ཚིགས་སོ་ཞེས་བྱ་བའོ། །སོགས་པའི་སྒྲས་ནི། དཔེའི་མཚན་ཉིད་བསྒྲུབ་པར་བྱ་བ་དང་ཆོས་མཚུངས་པ་དེའི་ཆོས་ཡོད་པའི་དཔེ་ནི་དཔེ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སོགས་པའི་མཚན་ཉིད་ཀྱིས་གཏན་ཚིགས་ལ་སོགས་པ་ལ་ཁྱབ་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མ་གྲུབ་པ་ནི་སྒྲུབ་པར་བྱེད་པ་མེད་པ་ཉིད་དུ་དོགས་པ་མེད་པ་ཁོ་ནའོ། །དེས་ན་མ་གྲུབ་པའི་སྒྲུབ་བྱེད་དམ་བཅའ་བ་ཡིན་པ་བསལ་བའི་དོན་དུ་ནི་ངེས་པར་གཟུང་བ་མ་ཡིན་ནོ། །རྣམ་འགྲེལ་འདི་ཉིད་བཤད་པའི་དོན་དུ་གཞན་གྱི་དོགས་པ་བསུ་བ་ནི་འདི་སྙམ་དུ་ཞེས་བྱ་བའོ། །དེ་བསྒྲུབ་བར་བྱ་བ་ཉིད་ཅི་ལྟར་ཡིན་ཞེ་ན། སྒྲུབ་པར་བྱེད་པས་ནི་ཞེས་བྱ་བའོ། །དེར་ཞེས་བྱ་བ་ནི་སྒྲུབ་བར་བྱེད་པ་ཉིད་དུ་བསྟན་པ་མ་གྲུབ་པའོ། །ཅི་ལྟར་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་ཁྱབ་སྙམ་ན། ཅི་ལྟར་ཞེས་བྱ་བ་སྟེ། ཅི་ལྟར་


DTG186_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་སྤངས་པ་དེ་བཞིན་དུ་དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་མཚན་ཉིད་ཀྱིས་སྤངས་པ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ །ཅི་ལྟར་སྤངས་སྙམ་ན་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གཏན་ཚིགས་ཉིད་ཡིན་ལ་ཞེས་བྱ་བ་ནི་བསྒྲུབ་བྱ་མ་ཡིན་པའོ། །གང་གི་ཕྱིར་དེ་ལྟ་མ་ཡིན་པ་འདིས་ནི་ཞེས་བྱ་བ་དེ་བས་ན། སྔར་ངེས་པར་བཟུང་ན། དམ་བཅའ་བའི་མཚན་ཉིད་བརྗོད་བ་དོན་མེད་དོ། །མ་གྲུབ་པའི་སྒྲུབ་པར་བྱེད་པ་ལ་སོགས་པ་བསྟན་པ་ནི། གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཁོ་ནས་དམ་བཅའ་བ་ཉིད་ཡིན་པ་བཅད་པའི་ཕྱིར་རོ། །གང་གི་ཚེ་ཕྱིས་ངེས་པར་གཟུང་བ་བརྗོད་པ་དེའི་ཚེ་ནི། དེའི་ཕྱིར་ཞེས་བྱ་བ་བསྒྲུབ་པར་བྱ་བ་བསྟན་པ་ནི་དམ་བཅའ་བ་ཉིད་དོ་ཞེས་བྱ་བའི་ངག་ལས། ཕྱིས་ངེས་པར་གཟུང་བ་དེ་བརྗོད་པས་ཤུགས་ཀྱིས་ཁྱབ་པའི་འབྲས་ཅན་ཡིན་པར་རྟོགས་སོ། །དེ་ཡང་ཞེས་བྱ་བ་ནི་ཕྱིས་ངེས་པར་གཟུང་པའོ། །ཁྱབ་པ་ན་ཧ་ཅང་ཐལ་བའོ། །འདི་ག་ལས་སྙམ་ན་འདི་ལྟར་ཞེས་བྱ་བའོ། །མཚན་ཉིད་གཞན་གྱིས་ཞེས་བྱ་བ་ནི་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་སོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་མཚན་ཉིད་གཞན་གྱིས་ཁྱབ་པ་ཡང་དམ་བཅའ་བ་ཡིན་པར་མ་གྱུར་ན་དེའི་ཚེ་ཕྱིས་ངེས་པར་གཟུང་བ་དོན་མེད་དོ། །རྣམ་པར་བཅད་པར་བྱ་བ་མེད་པའི་ཕྱིར་རོ། །གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །སྒྲུབ་པར་བྱེད་ལ་དགོས་པའང་མེད། །ཅེས་བྱ་བ་དང༌། དེ་ལྟ་ན་ཡང༌། དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་འགལ་བར་སེམས་པ་ལ་རྩོད་པ་བྱེད་པས། གལ་ཏེ་རང་ཉིད་ཀྱིས་ཞེས་སྨྲས་སོ། །ཐལ་བར་འགྱུར་ཞེས་གྲུབ་པའི་མཐའ་སྨྲ་བས་ཐལ་བ་བརྗོད་པ་ལ། གཞན་རིགས་བ་ཅན་ལ་སོགས་པས། གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་ཁྱབ་པས་ལན་བཏབ་པར་བྱས་པ་ན། ཡང་གྲུབ་པའི་མཐའ་སྨྲ་བས་སྔར་མ་གྲུབ་པའི་རང་བཞིན་ཕྱིར་ཞེས་བྱ་བ་ལ་སོགས་པས་ལན་དུ་བརྗོད་པ་ཡིན་ནོ་ཞེན་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡང་དེ་ཁོ་ན་ལྟར་ལན་གཞན་བརྗོད་པ་ཞེས་སྦྱར་རོ། །དེས་ན། །གཏན་ཚིགས་སོགས་མཚན་གྱིས་ཁྱབ་ཕྱིར། །ཞེས་བྱ་བ་མ་འབྲེལ་ལོ་ཞེས་བྱ་བའི་དོན་ཏོ། །ཕན་ཚུན་འགལ་བ་ཡིས་ཞེས་


DTG186_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། ཕན་ཚུན་གནོད་པའི་གཞུང་གིས་སོ། །ཁྱེད་ཀྱི་གཞུང་ཕན་ཚུན་འགལ་པ་གང་ཡིན་པ་དེས། ཁོ་བོ་ཅག་ཐལ་བར་བརྗོད་པར་བྱེད་པ་ཉིད་དེ། གལ་ཏེ་བསྒྲུབ་པར་བྱ་བ་བསྟན་པ་དམ་བཅའ་བར་ཁས་ལེན་ན་དེ་ནི་མ་གྲུབ་པའི་སྒྲུབ་པར་བྱེད་པ་ཡང་དམ་བཅའ་བར་ཁས་བླངས་པར་བྱ་དགོས་སོ། །འོན་ཏེ་སྤར་ངེས་པར་བཟུང་བ་ཁས་ལེན་ན་ནི་དེའི་ཚེ་ངེས་པར་བཟུང་བ་དོན་མེད་པར་ཁས་བླངས་པར་འགྱུར་ཏེ། མ་གྲུབ་པའི་སྒྲུབ་པར་བྱེད་པ་ལ་སོགས་པ་ཡང་གཏན་ཚིགས་ལ་སོགས་པས་ཁྱབ་པའི་ཕྱིར་རོ་ཞེས་མི་འདོད་པ་ཐོག་ཏུ་འགལ་བ་ཡིན་ནོ། །གཏན་ཚིགས་འདིས་སངས་རྒྱས་པ་རང་གི་འདོད་པའི་དོན་སྒྲུབ་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ཕྱིས་ངེས་པར་བཟུང་བ་ཡིན་དང་ངོ༌། །དམ་བཅའ་བ་ཉིད་དུ་ཞེས་བྱ་བ་ནི་མ་གྲུབ་པའི་སྒྲུབ་པར་བྱེད་པ་ལ་སོགས་པ་ཡང་ངོ༌། །དམ་བཅའ་བ་མ་ཡིན་པ་སེལ་ཏེ་དམ་པ་ཉིད་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བཤད་པ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །གཞན་གཏན་ཚིགས་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དང་དམ་བཅའ་བ་ནི་སྒ་རྟག་གོ་ཞེས་བྱ་བ་སྟེ་འདི་གཉིས་འགལ་བ་སྟེ་གནོད་པ་དེར་གྱུར་པ་ན་དམ་བཅའ་བའི་སྐྱོན་ཡིན་ནོ་ཞེས་རགས་པ་ཅན་ལ་སོགས་པས་བརྗོད་པ་གང་ཡིན་པ་དེ་རུང་བ་མ་ཡིན་ནོ། །དམ་བཅའི་ཉེས་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་སྟེ། འགལ་བ་ནིའོ། །ཆོས་མི་མཐུན་པའི་དཔེ་གང་ཡིན་པ་དེར་བརྗོད་པ་ཡིན་ནོ། །སྒྲ་ནི་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་འདིར་བརྗོད་པར་འདོད་པ་ནི། སྒྲ་ནི་རྟག་སྟེ། ཐམས་ཅད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་མེད་པ་རྗེས་སུ་བརྗོད་ནས་སྒྲུབ་པར་བྱེད་པ་མེད་པ་བསྒྲུབ་པར་བྱ་བ་ཡིན་ཏེ། གང་མི་རྟག་པ་དེ་ནི་ཐམས་ཅད་ཡིན་ནོ་ཞེས་བྱ་བར་རོ། །དེས་ན་མི་རྟག་བ་ནི་ཐམས་ཅད་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱ་བ་ལ། ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ལེགས་པར་མ་སྦྱངས་པ་ཁོ་ནའི་ཡིན་པས་མ་སྦྱངས་དག་ཅེས་བརྗོད་པ་ཡིན་ནོ། །རྣམ་པར་འགྲེལ་པ་ནི་གཞན་དག་ཅེས་བྱ་བའོ། །ཅི་ལྟར་འདི་གཉིས་འགལ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དེ་ལྟར་རྩོད་པའི་ཆ་བཤད་ནས་གྲུབ་མཐའི་ཆ་འཆད་པ་ནི། དེ་ལ་སྨྲས་པ་ཞེས་བྱ་བའོ། །རེ་ཞིག་བསྟན་བཅོས་མཛད་པ་རང་ཉིད་ལན་གསུངས་པ་ནི། འགལ་བ་ཞེས་བྱ་བའོ། །དེ་ལྟ་ན་ནི་ཞས་བྱ་བ་གལ་ཏེ་ཕན་པ་མེད་པ་


DTG186_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་གནས་པ་མ་ཡིན་པའི་ཕྱིར་འགལ་བ་ཡིན་ན། དེའི་ཚེ་ཡན་ལག་གི་སྐྱོན་ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འགྱུར་ཏེ། སྒྲུབ་པར་བྱེད་པའི་སྐྱོན་དུ་འགྱུར་བའི་གོ་སྐབས་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་ཀྱང་ལོགས་སུ་བརྗོད་པར་འགྱུར་རོ་སྙམ་ན། དམ་བཅའ་བའི་དོན་ལ་གནོད་པས་ཞེས་བྱ་བའོ། །དེ་ལྟར་ཕན་མི་འདོགས་པའི་ཕྱོགས་བཟློག་ནས། ལྷན་ཅིག་མི་གནས་པའི་ཕྱོགས་སེལ་བ་བརྗོད་པ་ནི། འོན་ཏེ་ལྷན་ཅིག་མི་གནས་པའི་རང་བཞིན་གྱི་ཞེས་བྱ་བ་སྟེ། མ་འབྲེལ་བ་ཞེས་བྱ་བ་རྗེས་སུ་འཇུག་གོ །འོན་ཏེ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བའི་ཕྱིར་གཏན་ཚིགས་ཡོད་པ་ན། དམ་བཅའ་བ་རྟག་པ་ཉིད་སེལ་བར་བྱེད་པ་དེས་ན་མ་གྲུབ་པ་མ་ཡིན་ནོ་ཞེས་བསམས་པའོ། །ལན་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཚད་མ་གང་གིས་ཆོས་ཅན་སྒྲ་ལ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ངེས་པ་དེ་ཉིད་ཀྱིས། སྒྲ་རྟག་གོ་ཞེས་བྱ་བའི་དམ་བཅའ་བ་ལ་གནོད་པ་དེས་ན་ཚད་མས་བསལ་བས་ཕྱོགས་ལྟར་སྣང་བར་འགྱུར་ཏེ། འདི་ནི་མངོན་སུམ་ལ་སོགས་པས་བསལ་བའི་ཕྱོགས་ལྟར་སྣང་བའི་ནང་དུ་འདུ་བར་འགྱུར་རོ། །དམ་བཅའ་བ་དང་གཏན་ཚིགས་འགལ་བ་ཞེས་བྱ་བའི་ཕྱོགས་ལྟར་སྣང་བ་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མི་རྟག་གཏན་ཚིགས་དང་ལྡན་བས། །ཞེས་བྱ་བའི་རྣམ་འགྲེལ་གྱི་དོན་ཛ་ཡནྟས་བཤད་པ་ནི། གལ་ཏེ་སྒྲ་ཉིད་ལ་མི་རྟག་པ་ཉིད་དང༌། དེས་ཀྱང་གཏན་ཚིགས་དང་ལྡན་བར་རྗོད་པར་བྱེད་ན། དེའི་ཚེ་དེ་ལྟར་དེ་ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་ཞེས་བྱ་བས་ཕྱོགས་དེ་བསལ་བར་འགྱུར་རོ་ཞེས་བྱ་བའོ། །གཞན་དག་ནི་བཤད་པའི་རྗེས་སུ་འབྲངས་ནས་གཞན་དུ་འཆད་དེ། གལ་ཏེ་སྒྲ་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་དང་ལྡན་པར་གྱུར་པས། དེ་ལྟར་ཞེས་བྱ་བ་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་རྗོད་པར་བྱེད་ན། དེའི་ཚེ་དེ་ལྟར་ཞེས་བྱ་བ་གཞན་གྱི་མངོན་པར་འདོད་པའི་གཏན་ཚིགས་དང་དམ་བཅའ་པ་འགལ་བས་ཕྱོགས་དེ་ནི་བཟློག་པ་སྟེ་བསལ་བར་འགྱུར་རོ། །འཆད་པ་ནི། གལ་ཏེ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་དང་ལྡན་པས་སྒྲ་ལ་དེ་ལྟར་རབ་ཏུ་བརྗོད་པ་ཡིན་ན། དེའི་ཚེ་བསལ་བར་འགྱུར་བ་ཞིག་ན་ཞེས་སྦྱར་ཏེ། འདི་ཡང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཡིན་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི། སྒྲ་ནི་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་


DTG186_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བྱ་བའི་ངག་ལའོ། །དཔེ་བསྟན་པ་ལས་དོན་གཞན་གཏན་ཚིགས་བསྟན་པ་ཅི་ཞིག་ཡོད་དེ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དཔེ་བསྟན་པ་ཉིད་འདིར་དོན་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ཆོས་ཀྱི་མཐུན་པའི་དཔེ་བསྟན་པ་དེ་གང་ཡིན་སྙམ་ན། སྒྲ་རྟག་སྟེ་ཞེས་བྱ་བའོ། །གཞན་གྱིས་འདི་ཡང་མ་སྦྱངས་པས་བརྗོད་པ་ཡིན་ནོ་ཞེས་བརྗོད་པ་ནི། འདིར་ཡང་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟོན་པ་ཡིན་ནོ་ཞེས་བྱ་བ་ཉིད་དོ། །འདི་གཏན་ཚིགས་སུ་ཞེས་བྱ་བ་ནི། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བའི་སྒྲ་འདི་གཏན་ཚིགས་སྟོན་པས་ན་གཏན་ཚིགས་སུ་འགྱུར་བ་ཡིན་ནའོ། །འོན་ཏེ་སྒྲ་ཉིད་ལ་མི་རྟག་པ་ཉིད་སྟོན་པར་བྱེད་པ་དེས་ན། གཏན་ཚིགས་དང་དམ་བཅའ་བདག་འགལ་བ་ཡིན་ནོ་ཞེ་ན། དེ་ལྟར་ནི་ཞེས་སྨོས་ཏེ། སྒྲ་ཉིད་ལ་མི་རྟག་པ་ཉིད་སྟོན་པར་འགྱུར་རོ། །འདིས་ནི་འདི་ལ་དཔེར་བསྟན་པ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ལས། མི་རྟག་པ་གཏན་ཚིགས་དང་ལྡན་པས་ཞེས་བྱ་བ་རིགས་པར་ཉེ་བར་བསྟན་པ་ཡིན་ནོ། །ཅི་ལྟར་མི་རྟག་པ་ཉིད་སྟོན་པར་མི་འཐད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་གལ་ཏེ་ཆོས་ཅན་སྒྲ་ལ་གཞན་ཏེ་འགལ་བ་རྟག་པ་ཉིད་བརྗོད་ནས། སྤྱི་ནི་སྟེ་ཆོས་ཅན་ཐམས་ཅད་ཁྱབ་པའི་མི་རྟག་པ་ཉིད་རྗེས་སུ་འཇུག་པས་ཏེ། བརྗོད་པས་ན། སྒྲའི་མཚན་ཉིད་ཁྱད་པར་ཏེ་མི་རྟག་པ་ཉིད་ཀྱི་སྤྱིས་ཁྱབ་པ་མ་ཡིན་ནོ། །སྒྲ་རྟག་གོ་ཞེས་ཁྱད་པར་བརྗོད་པ་ནི་དམིགས་ཀྱིས་བསལ་བ་ཡིན་ལ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་སྤྱི་བརྗོད་པ་ནི་སྤྱིར་བཏང་བ་ཡིན་ནོ། །དེས་ན་དམིགས་ཀྱིས་བསལ་བའི་ཡུལ་སྤངས་ནས། སྤྱིར་བཏང་བ་འཇུག་པ་ཡིན་ནོ་ཞེས་བྱ་བའི་རིགས་པས། སྒྲ་ནི་སྤྱིས་མ་ཁྱབ་པར་འགྱུར་རོ། །ཁྱབ་ན་ཡང་སྒྲ་མི་རྟག་གོ་ཞེས་བརྗོད་པ་ལ་འབྲས་བུ་ཅི་ཡོད་དེ། དགོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་དེ་ནི་མི་བརྗོད་པ་ཁོ་ནར་ཐལ་བར་འགྱུར་རོ་ཞེས་དགོངས་པའོ། །གལ་ཏེ་གཉིས་པ་སྤྱི་དང་ཁྱད་པར་སྟོན་པར་བྱེད་པ་ཉིད་ཡིན་ཡང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་བདག་ཉིད་ཡིན་པར་མི་འགྱུར་ཏེ། སྨྲ་བ་པོའི་འདོད་པ་མ་ཡིན་པའི་ཕྱིར་རོ་ཞེས་དོགས་ན། སྒྲ་ལས་བྱུང་བའི་རིགས་པ་ཉིད་རྣམ་པར་འགྲེལ་པ་ནི། སྒྲ་ལས་ཞེས་བྱ་བའོ། །སྒྲ་ཐམས་ཅད་ནི་སྒྲུབ་པ་དང་དགག་པའི་རྗེས་སུ་འཇུག་པར་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནོད་པར་བྱ་བ་ཡང་ཨ་ཎའི་རྐྱེན་གྱིས་


DTG186_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པ་ཡིན་ལ། གནོད་པར་བྱེད་པ་ནི་ཨཱ་ཉེ་བར་བསྒྱུར་བ་དང་བྲལ་བ་ལས། ཀ་ཞེས་བྱ་བས། ཀའི་རྐྱེན་གྱིས་བསྒྲུབས་པའོ། །ངེས་པ་ཡང་གནོད་པར་བྱ་བ་དང་གནོད་པར་བྱེད་པ་ཞེས་རྗེས་སུ་འཇུག་གོ །འདིར་ལྷས་བྱིན་ཉིད་ཀྱིས་བཟའ་བར་བྱའོ་ཞེས་བྱ་བའི་ངེས་པ་ནི། མཆོད་སྦྱིན་ཟ་བར་སྒྲུབ་པས་གནོད་པ་ཡིན་ནོ།། འདིར་ལྷས་བྱིན་ཁོ་ནས་གནས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། གཞན་གནས་པ་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་སྒྲུབ་པ་དང་ངེས་པ་ལའོ། །སྤྱི་དང་ཁྱད་པར་བརྗོད་པ་བདག་ཉིད་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་འགྱུར་བ་ཡིན་ནོ། །གལ་ཏེ་གནོད་བྱ་གང་ཡིན་པ་དེ་ནི་དང་པོ་ཉེ་བར་བླང་བར་བྱ་བ་ཡིན་ཏེ། དཔེར་ན་ལས་ལ་ནི་ཨ་ཎའི་རྐྱེན་ཏོ་ཞེས་བྱ་བ་དང༌། བྲམ་ཟེ་རྣམས་ལ་ཞོ་སྦྱིན་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །གནོད་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱིས་ཉེ་བར་ལེན་པ་ཡིན་ཏེ། དཔེར་ན་ཨཱ་ཉེ་བར་བསྒྱུར་བ་མེད་ལས་ནི་ཀའོ་ཞེས་བྱ་བ་དང་ཀཽ་ཌི་ནྱ་ལ་དར་བ་བྱིན་ཅིག་ཅེས་བྱ་བ་བཞིན་ནོ། །འདིར་ནི་ཕྱིན་ཅི་ལོག་ཏུ་གྱུར་ཏེ། དེས་ན་ཅི་ལྟར་སྒྲ་རྟག་པ་ཡིན་ཏེ་ཞེས་བྱ་བ་གནོད་པར་བྱེད་པ་དང༌། ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཕྱིས་ཉེ་བར་བླངས་པ་གནོད་པར་བྱ་བར་ཡང་ཅི་ལྟར་འགྱུར་སྙམ་ན། དེ་ལ་རེས་འགའ་ཞེས་གསུངས་སོ། །སྔར་གནོད་པར་བྱ་བ་ཞེས་བྱ་བ་ལས་ལ་ནི་ཨ་ཎའོ་ཞེས་བྱ་བའོ། །རེས་འགའ་ནི་སྔར་གནོད་པར་བྱེད་པ་ཞེས་བྱ་བ་ནི། དཔེར་ན་ཀཽ་ཌི་ནྱ་ལ་དར་བ་བྱིན་ཅིག །བྲམ་ཟེ་རྣམས་ལ་ནི་ཞོ་བྱིན་ཅིག་ཅེས་བྱ་བ་སྟེ། དེས་རིམ་པ་ངེས་པ་ཡོད་པ་མ་ཡིན་ནོ། །དེས་ན་སྒྲ་རྟག་སྟེ་ཞེས་བྱ་བ་གནོད་པར་བྱེད་པ་ནི་དང་པོ་ཡིན་ལ། ཕྱིས་ཀྱི་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བ་ནི་གནོད་པར་བྱ་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་གནོད་བྱ་གནོད་བྱེད་སྔ་ཕྱི་ངེས་པ་མེད་ཀྱང་ངོ༌། །འདི་འདྲ་བར་གནས་པ་ཡང་ག་ལས་ཡིན་སྙམ་ན། ཐ་སྙད་ནི་ཞེས་བྱ་བའོ། །སྒྲའི་ཚུལ་འདི་ནི་འདིར་ཡང་ཡོད་པ་ཡིན་ནོ་ཞེས་སྟོན་པས་རྣམ་འགྲེལ་རྣམ་པར་འགྲེལ་པ་ནི། འདིར་ཡང་ཞེས་བྱ་བའོ། །ཕྱིར་དེ་ལྟར་གནོད་པར་བྱ་བ་དང༌། གནོད་པར་བྱེད་པའི་དངོས་པོ་འཐད་ཀྱི། གང་གིས་དམ་བཅའ་བ་དང་གཏན་ཚིགས་འགལ་བས་ཕྱོགས་ཀྱི་སྐྱོན་དུ་འགྱུར་བར་དག་གཞན་གྱིས་སྒྲ་ཉིད་མི་རྟག་པ་སྟོན་པར་ནི་འཐད་པ་མ་ཡིན་ནོ། །སྒྲ་རྟག་པ་ཡིན་ནོ་ཞེས་བྱ་བ་འདི་ལ་


DTG186_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པའི་དཔེ་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བའོ། །ཁྱད་པར་གྱིས་སྤྱི་ལ་གནོད་པ་ཞེས་བྱ་བ་འདི་ཉིད་ག་ལས་ཤེ་ན། དམིགས་ཀྱིས་བསལ་པའི་ཡུལ་བཞག་སྟེ་ཞེས་བྱ་བའོ། །དཔེར་བརྗོད་པའི་དོན་དཔེའི་དོན་ལ་ཉེ་བར་སྦྱོར་བ་ནི། དེའི་ཕྱིར་སྤྱི་རྗེས་སུ་འཇུག་པར་འགྱུར་བ་ན། ཁྱད་པར་སྒྲ་དེ་མི་རྟག་པ་ཉིད་སྤྱིས་ཁྱབ་པ་ཡིན་ནོ། །དེས་ན་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་མེད་པའི་ཕྱིར་སྒྲ་ལ་མི་རྟག་པ་ཉིད་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །སྤྱི་རྗེས་སུ་འཇུག་པ་ལའང་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། སྤྱི་རྗེས་སུ་འཇུག་པ་ལ་ནི་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ཁྱད་པར་ཁྱབ་པའོ། །ཚིག་གི་ཞེས་བྱ་བ་ནི་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བའི་ཚིག་གི་ཤུགས་ཀྱིས་སོ། །དོན་འདི་ཡིན་ཏེ། གལ་ཏེ་ཁྱད་པར་ཁྱབ་པ་མ་ཡིན་ན། ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་ཉིད་མི་འཐད་དོ་ཞེས་ནི་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཚིག་ནི་ཞེས་བྱ་བའོ། །སྒྲ་མ་རྟོགས་པའི་ཆོས་ཅན་གཞན་ལ་ཚིག་གི་དོན་བྱས་པའི་ཕྱིར་རོ། །ཉེས་པ་གཞན་ཡང་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྒྲ་ལ་མི་རྟག་པ་ཉིད་བསྟན་པར་བྱ་བ་ཡིན་ན། དེའི་ཚེ་སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་དོར་ལ། སྒྲ་ནི་རྟག་ཏེ་མི་རྟག་པའི་ཕྱིར་རོ་ཞེས་བརྗོད་པར་འགྱུར་རོ། །གལ་ཏེ་དེ་ལྟར་བརྗོད་ན་ཡང་ཅི་སྐྱོན་སྙམ་ན། གཞན་དུ་ཞེས་བྱ་བའོ། །ཁྱད་པར་དག་ནི་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དག་གོ །དེ་ལྟ་ཡིན་དང་ཞེས་བྱ་བ་ནི། ཡུལ་གཅིག་ལ་འཇུག་པ་ཡིན་དང་ངོ༌། །དེ་སྐད་ནི་སྨྲ་བ་སུ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་དམ་བཅའ་བའི་འགལ་བ་ཞེས་བྱ་བར་ཚར་བཅད་པའི་གནས་ནི་ཡོད་པ་མ་ཡིན་ནོ། །དོགས་པ་བསུ་བ་ནི་རྨོངས་པའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཡང་མ་རྨོངས་པ་དེ་སྐད་མི་སྨྲ་བ་དེ་ལྟ་ན་ཡང་རྨོངས་པའི་བློ་ཅན་འགའ་ཞིག་སྨྲ་བར་འགྱུར་བ་སྟེ། དེ་བཞིན་བསམ་པའི་དབང་གིས་འགལ་བའི་དཔེར་བྱེད་པ་ནི་འཐད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དེ་ལྟ་བུ་ནི་ཞེས་བྱ་བ་སྟེ། རྨོངས་ཚབས་ཆེ་བ་ཡང་ངོ༌། །འདི་ཉིད་དུ་ཞེས་བྱ་བ་སྟེ་སྒྲ་ཉིད་ལའོ། །འདི་ནི་སྨྲ་བའི་དབང་དུ་བྱ་བ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། གང་ལ་ཞེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་རྨོངས་པའི་བློ་ཅན་ནོ། །དེའི་ཚེ་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །སྦྱོར་བ་ནི་ཞེས་བྱ་བས་ནི་སྦྱོར་བ་བྱ་བའི་ཕྱིར་གཞན་


DTG186_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པར་བྱེད་པའོ། །སྒྲ་ནི་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་སྦྱོར་བའི་སྒྲ་ནི་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་ནི་མ་ཡིན་ནོ། །འདི་འདྲ་བའི་སྦྱོར་བ་ནི་འགལ་བའི་དཔེར་མི་འཐད་དོ་ཞེས་བསྟན་ཟིན་པ་ཉིད་དོ། །མི་རྟག་པའི་ཕྱིར་ཞེས་བྱ་བ་ནི་འགལ་བའི་དཔེར་བརྗོད་དུ་འཐད་པ་ཁོ་ནའོ། །ཅི་ལྟར་ཞེ་ན། དེ་ལྟ་བུ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མི་རྟག་པར་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འགལ་བའི་ཕྱིར་རོ། །བཤད་པ་ཞེས་བྱ་བ་ནི་རྣམ་འགྲེལ་མཛད་པས་སོ། །སློབ་དཔོན་གྱིས་ཞེས་བྱ་བ་ནི་རྩ་བའི་སློབ་དཔོན་གྱིས་སོ། །གལ་ཏེ་སྒྲ་ལ་གནས་པ་ཡིན་ན་ཞེས་བྱ་བ་ནི་གཏན་ཚིགས་གནས་ནའོ། །འདི་ག་ལས་ཤེ་ན། སྒྲ་ལ་ཞེས་བྱ་བའོ། །གལ་ཏེ་གཉི་ག་ལྟར་ཡང་སྒྲ་ལ་མི་རྟག་པ་ཉིད་བསྟན་པ་ཡིན་ནོ་ཞེ་ན། འདི་ནི་ཞེས་བྱ་བ་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ནིའོ། །གཞན་དུ་ཞེས་བྱ་བ་ནི་སྒྲ་ལས་མ་གཏོགས་པའི་ཆོས་ཅན་གཞན་ལའོ། །སེལ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མི་རྟག་པ་ཉིད་ཀྱི་སྒྲའི་མི་རྟག་པ་ཉིད་སེལ་བ་མ་ཡིན་པའོ། །སྐབས་ཀྱི་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེར་བརྗོད་པར་ཟད་ཀྱི་གཏན་ཚིགས་ནི་མ་ཡིན་ནོ། །གལ་ཏེ་སྒྲ་མི་རྟག་སྟི་དམ་བཅའ་བ་ཡིན་ལ། ཐམས་ཅད་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ན། འོ་ན་གཏན་ཚིགས་གང་ཡིན་སྙམ་པར་དོགས་པ་བསུ་བ་ནི། དེ་ནི་ཞེས་བྱ་བའོ། །བཤད་པ་ཞེས་བྱ་བ་ནི་རྩ་བའི་སློབ་དཔོན་གྱིས་སོ། །གཏན་ཚིགས་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་སོ། །གང་དུ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་པ་མཛད་པ་ཉིད་ཀྱི་ཚིགས་སུ་བཅད་པའོ། །ལྔ་པས་ཞེས་བྱ་བ་ནི། ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པས་སོ། །འདི་ཅི་ལྟར་ཞེས་བྱ་བ་ནི། ཐམས་ཅད་མ་ཡིན་པ་ཉིད་གཏན་ཚིགས་སུ་ཅི་ལྟར་རྟོགས་ཤེ་ན། གཞན་དུ་ཞེས་བྱ་བ་ནི། ཐམས་ཅད་མ་ཡིན་པར་རོ། །དེ་ནི་གཏན་ཚིགས་མ་ཡིན་ཏེ་མ་གྲུབ་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ཐམས་ཅད་མ་ཡིན་པ་དེའང་སྒྲ་ལ་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་ནི་ཁྱད་པར་མི་སྤོང་བའི་ཕྱིར་རོ། །སྤྱི་ནི་ཁྱད་པར་སྤོང་བ་མ་ཡིན་གྱི། འོན་ཀྱང་འཕངས་ནས་གནས་པ་ཉིད་དོ། །


DTG186_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཤིང་གི་ཤ་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེ་བཞིན་དུ་ཐམས་ཅད་ཀྱིས་ནི་སྒྲ་ཡང་འཕེན་པ་ཡིན་པའི་ཕྱིར་ན། སྒྲ་ནི་ཐམས་ཅད་ཁོ་ནའོ། །དེས་ན་འདི་ནི་ཐམས་ཅད་མ་ཡིན་པ་ཉིད་དུ་མ་གྲུབ་པའོ། །གལ་ཏེ་གང་གིས་འདི་མ་གྲུབ་པ་ཉིད་དུ་བརྗོད་པར་འགྱུར་བ་ཅི་ལྟར་ནི་འདི་གཏན་ཚིགས་བརྗོད་པ་ཡིན་སྙམ་ན། ཐམས་ཅད་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་མི་རྟག་པས་ཁྱབ་པའི་ཐམས་ཅད་ལས་སོ། །འདིའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རྟག་པའིའོ། །ཁྱད་པར་རྣམས་ཉིད་ཀྱིས་ཞེས་བྱ་བ་ནི་ཁྲ་བོ་ནི་སེར་སྐྱ་སྤངས་ནས་གནས་ཀྱི་བ་ལང་ཉིད་ནི་ཁྱད་པར་སྤངས་ནས་གནས་པ་མ་ཡིན་ཏེ་ཁྱད་པར་གཅིག་དོར་ན་ཁྱད་པར་གཞན་ལ་ངེས་པའི་ཕྱིར་རོ། །སྒྲ་ནི་ཚང་བ་མ་ཡིན་ནོ་ཞེས་འབྲེལ་ཏོ་ཅི་ལྟར་ཞེ་ན། གང་གི་ཕྱིར་སྒྲ་ནི་ཕྱོགས་གཅིག་ཡིན་པས་སོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་སྤྱི་ནི་རང་གི་ཁྱད་པར་སྤོང་བར་མཐོང་བ་ཡིན་ནོ་ཞེས་དོགས་པ་ནི། ཤིང་ཞེས་བྱ་བའོ་ལན་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །འགའ་ཞིག་གིས་ཤིང་ནི་ཤ་པ་ཁོ་ནའོ་ཞེས་བརྗོད་པ་ན། དེ་ལ་ལན་དུ་ཤིང་ཤ་པ་ཉིད་ནི་ཤིང་མིན་ཞེས་བྱ་བ་སྟེ། ཤིང་ཉིད་ངེས་པར་འགོག་པ་ཡིན་གྱི། ཤིང་ཉིད་དང་བྲལ་བ་ཁོ་ན་ཤིང་ཤ་པ་ཡིན་ནོ་ཞེས་ནི་སྟོན་པ་མ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ཀྱི་སྒྲ་མ་ཉན་པ་གཉི་ག་ཉིད་ལ་འཇུག་པ་འགོག་པ་ཡིན་པར་འགྱུར་རོ། །དེ་ཙམ་གྱིས་ཐམས་ཅད་མིན་ཞེས་བྱ་བ་ནི། ཐམས་ཅད་ཀྱི་སྒྲའི་འཇུག་པ་ངེས་པ་བཀག་པ་ཙམ་གྱིས་ནི། སྒྲ་དེ་ཐམས་ཅད་མ་ཡིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ཀུན་སོ་སོར་སྒྲ་བཞིན་དུ་ཐམས་ཅད་མ་ཡིན་པར་གྱུར་ན། ཐམས་ཅད་དེ་མེད་འགྱུར་ཕྱིར་ཏེ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །དེས་ན་འགའ་ཡང་ཐམས་ཅད་དུ་མི་འགྱུར་བ་ཞིག་ན་འདོད་པ་ཡང་ཡིན་ནོ། །དེའི་ཕྱིར་སྒྲ་ཐམས་ཅད་ཀྱི་ནང་ན་ཡོད་པའི་ཕྱིར་དེ་ཐམས་ཅད་མ་ཡིན་པ་ཉིད་དང་མ་གྲུབ་པོ། །གལ་ཏེ་སྒྲ་གཅིག་པུ་ཁོ་ན་ཐམས་ཅད་མ་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེས་ན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཅི་དང་འདྲ་བར་ཞེ་ན། སྒྲ་མི་རྟག་སྟེ་བཅོམ་ཡིན་པའི་ཕྱིར་ཞེས་བྱ་བའོ། །སྒྲ་ཐམས་ཅད་ནི་ཆོས་ཅན་ཡིན་ལ། གཏན་ཚིགས་ཀྱང་དེ་ཉིད་ཡིན་ནོ། །དེས་ན་སྤྱིའི་དངོས་པོས་ཀྱང་གཏན་ཚིགས་ཉིད་


DTG186_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དཔེ་ལ་གཞན་གྱིས་ལོག་པར་རྟོགས་པའི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་མ་གྲུབ་སྟེ་གྲུབ་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཞེས་བྱ་བའོ། །གཅོམ་ཉིད་ནི་སྒྲའི་རང་བཞིན་ཡིན་པས་དེ་མེད་ན་སྒྲ་ཉིད་མེད་པར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེས་ན་མ་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་ཅི་ལྟར་མ་གྲུབ་སྙམ་ན། གཏན་ཚིགས་ཉིད་དུ་ཞེས་བྱ་བའོ། །གཏན་ཚིགས་ཉིད་དུ་ཅི་ལྟར་མ་གྲུབ་སྙམ་ན། གཏན་ཚིགས་ཉིད་ནི་ཞེས་བྱ་བའོ། །གཞན་དུ་ནི་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་ནའོ། །ཐ་མི་དད་ཀྱང་ཅི་སྟེ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་མ་ཡིན་སྙམ་ན། སྒྲ་ནི་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། ཆོས་ཅན་ཉིད་སྒྲུབ་པར་བྱེད་པ་ཡིན་པར་འགྱུར་བའམ། ཆོས་ཅན་ཉིད་སྤྱིས་ནི་གཏན་ཚིགས་ཡིན་ལ་ཁྱད་པར་གྱིས་ནི་བསྒྲུབ་པར་བྱ་བ་ཡིན་པར་འགྱུར། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཐ་མི་དད་པའི་ཕྱིར་རོ། །འདི་ལྟར་ཆོས་ཅན་གྲུབ་བའམ་མ་གྲུབ་པ་ཞིག་ཡིན་པར་འགྱུར། གལ་ཏེ་གྲུབ་ན་ནི་དེའི་ཚེ་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་པར་བྱ་བ་ནི་མ་གྲུབ་པའི་ཕྱིར་རོ། །འོ་ན་མ་གྲུབ་པ་ཡིན་ནོ་ཞེ་ན། མ་གྲུབ་པས་ནི་ཞེས་བྱ་བའོ། །མ་གྲུབ་ན་ནི་གཏན་ཚིགས་ཉིད་མ་གྲུབ་པར་འགྱུར་ཏེ། ཤེས་པར་བ་བའི་སྒྲ་མ་གྲུབ་པའི་ཕྱིར་རོ། །ཡང་གྲུབ་པ་ཉིད་དུ་དོགས་པ་བསུ་ནས་སེལ་བར་བྱེད་པ་ནི། དེ་སྟེ་གྲུབ་པོ་ཞེ་ན་ཞེས་བྱ་བའོ། །གཞན་ཡང་གལ་ཏེ་ཆོས་ཅན་ཉིད་སྒྲུབ་པར་བྱེད་པ་ཡིན་ན་དེའི་ཚེ་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། སྤྱི་དང་ཁྱད་པར་གྱི་ངོ་བོས་གཏན་ཚིགས་ཐ་དད་པར་འགྱུར་ཏེ། བ་ལང་གི་སྒྲ་འདི་ནི་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར། བུམ་པའི་སྒྲ་བཞིན་ནོ་ཞེས་བྱ་བ་བཞིན་ནོ། །འོན་ཀྱང་རྣམ་པ་འདི་ནི་སྒྲ་ནི་མི་རྟག་སྟེ་བཅོམ་པའི་ཕྱིར་ཞེས་བྱ་བ་སྐབས་འདིར་བརྗོད་པར་འདོད་པ་མ་ཡིན་ཏེ། སྒྲ་ཐམས་ཅད་ཆོས་ཅན་ཉིད་བླངས་པའི་ཕྱིར་རོ། །དེའི་ཚེ་ཡང་ཆོས་ཅན་གང་ཡིན་པ་དེ་ཉིད་གཏན་ཚིགས་སུ་འགྱུར་རོ། །ཅིའི་ཕྱིར་བརྗོད་པར་མི་འདོད་སྙམ་ན། ཐལ་ཟིན་པ་ལ། ལྟོས་ཏེ་དཔེ་ཉིད་དུ་ཉེ་བར་བླངས་པའི་ཕྱིར་རོ། །དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །གཅིག་ཏུ་ཞེས་བྱ་བ་ནི་བསྒྲུབ་བྱ་མི་རྟག་པ་ཉིད་ནི་སྒྲུབ་པར་བྱེད་པ་མི་འདོད་མོད་ཅེས་བྱ་


DTG186_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་ལ་ལན་ནི་འགལ་བ་ཞེས་བྱ་བའོ། །ཅི་ལྟར་འགལ་སྙམ་ན། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཚོགས་པ་མི་འགལ་བར་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བའོ། །དོན་འདི་བསྒྲུབ་པའི་ཕྱིར་དཔེ་བརྗོད་པ་ནི། དུ་བ་ཞེས་བྱ་བའོ། །འདིར་ལན་ནི་དེ་ལ་ནི་ཞེས་བྱ་བའོ། །དུ་བ་ཡིན་པའི་ཕྱིར་དུ་བ་མེ་དང་ལྡན་པར་འགྱུར་བ་ཉིད་དོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། །དུ་བ་དེ་ལ་ནི་སྤྱི་དང་ཞེས་བྱ་བར་སྦྱར་རོ། །འདིར་ཡང་ནི་སྒྲ་ལའོ། །གལ་ཏེ་དེ་ལྟར་བྱེད་ན་སྤྱི་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་འགྱུར་བ་ཉིད་དོ། །འདིར་ནི་ཞེས་བྱ་བ་ནི་སྒྲ་ནི་མི་རྟག་སྟེ་གཅོམ་ཡིན་པའི་ཕྱིར་ཞེས་བྱ་བར་རོ། །གལ་ཏེ་སྒྲ་ཞེས་བྱ་བ་ནས་བཟུང་ནས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བའི་མཐར་ཐུག་པ་ནི་རྩོད་པའོ། །ཅི་གལ་ཏེ་འགལ་བ་མེད་པ་ཁོ་ནའོ། །གང་གི་ཚེ་ཞེ་ན། སྒྲ་ཆོས་ཅན་ཡིན་པ་ནའོ། །ཆོས་ཅན་ནི་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་ན་ནི་སྒྲའི་རང་བཞིན་ཉིད་ཡིན་བར་འགྱུར་ཏེ། ཐུན་མོང་གི་རང་བཞིན་ནི་གཏན་ཚིགས་ཡིན་པའི་ཕྱིར་སྒྲ་ཞེས་སྨོས་སོ། །འབྲེལ་པ་ཡིད་ན་དེའི་ཚེ་ཅི་ལྟར་ཞེས་སྦྱར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་འབྲེལ་བ་མེད་ནའོ། །མ་ངེས་པ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་བའོ། །སྒྲུབ་པར་བྱེད་པ་ཡང་བསྟན་པར་བྱ་བ་ཉིད་དང་ལྡན་པར་ཏེ་འབྲེལ་བར་མ་གྲུབ་པའོ། །ཁྱད་པར་འགའ་ཡང་ཞེས་བྱ་བ་ནི་ཆོས་ཅན་གྱི་རང་བཞིན་ལས་སམ། ཆོས་ཀྱི་རང་བཞིན་ལས་སོ། །གལ་ཏེ་ཆོས་ཅན་ཉིད་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་གཏན་ཚིགས་གཞི་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ཆོས་ཅན་དང་སྒྲུབ་པར་བྱེད་པ་གཉི་ག་བརྗོད་པར་བྱ་བ་མ་ཡིན་ཏེ། སྒྲ་ནི་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་གལ་ཏེ་ཆོས་ཅན་སྒྲུབ་པར་བྱེད་པ་ཉིད་དུ་བྱེད་ན་དེའི་ཚེ་སྒྲ་མི་རྟག་སྟེ་ཞེས་བྱ་བའམ། ཡང་ན་སྒྲ་ཡིན་པའི་ཕྱིར་ཞེས་བརྗོད་པར་བྱའོ། །ཆོས་ཅན་དང་གཏན་ཚིགས་གཉིས་སུ་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་གྲུབ་པའི་མཐའ་བཀོད་ནས་ལན་འདེབས་པ་ནི། དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་གཏན་ཚིགས་གཞན་ལ་ལྟོས་པ་སྤང་བའི་


DTG186_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནའོ། །ཆོས་ཅན་གཞན་ནི་སེལ་བ་ལ་ཞེས་བྱ་བའི་ཆོས་ཅན་གཞན་བསལ་བའི་རྒྱུ་མཚན་དུའོ། །ཆོས་ཅན་དང་སྒྲུབ་སྒྲུབ་པར་བྱེད་པ་གཉི་གར་སྦྱར་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །སྒྲ་ཉིད་ཀྱི་མཚན་ཉིད་སྒྲུབ་བྱེད་ཀྱི་རང་བཞིན་དུ་གྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ། གལ་ཏེ་རྟག་པ་ཉིད་བསྒྲུབ་པར་ནུས་པ་ཡོད་པ་ཡིན་ན་དེའི་ཚེ་སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གཞན་བླངས་པ་དོན་མེད་དོ། །འོན་ཏེ་ཆོས་ཅན་ལ་ནུས་པ་མེད་པ་དེ་ལྟ་ན་ཡང་སྒྲ་ཡིན་པའི་ཕྱིར་རོ་ཞེས་ཡང་བརྗོད་པ་དེས་ཅི་ཞིག་བྱ་སྟེ། ནུས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཅན་ལ་ནུས་པ་མེད་ན། དེའི་རང་བཞིན་དུ་གྱུར་བའི་སྒྲུབ་པར་བྱེད་པ་ཡང་ནུས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་མི་ནུས་པ་དང་མི་དགོས་པའི་ཉེས་པ་ཡོད་པའི་ཕྱིར་རོ། །ཡང་བསྟན་པ་ལ་ཞེས་བྱ་བ་ནི་སྒྲ་མི་རྟག་པ་ཞེས་བྱ་བ་དེ་ལ། ལྟོས་ཏེ་ཡང་སྒྲ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལ་བརྗོད་པར་འདོད་པ་གང་ཡིན་པ་སྒྲུབ་པར་བྱེད་པ་ལས་ཐ་དད་པའི་སྒྲ་མི་རྟག་པ་ཉིད་ཀྱི་ཁྱད་པར་དང་ལྡན་པར་བརྗོད་པ་འདོད་པ་དེ་འདིར་མེད་པའི་ཕྱིར་རོ། །མ་གྲུབ་པ་ཞེས་བྱ་བ་ནི་གཞི་མ་གྲུབ་པ་ཉིད་ཀྱིའོ། །འདིས་ནི་སྒྲ་མི་རྟག་སྟེ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་བསལ་བ་ཡིན་ནོ། །དེས་ན་མ་གྲུབ་པ་ཉིད་ཅེས་བྱ་བའི་སྐྱོན་ནི་མེད་དེ་ཞེས་བྱ་བའི་རྩོད་པ་ཉེ་བར་འགོད་པ་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེས་བྱ་བའོ། །ལན་འདེབས་པ་ནི་ཉེས་པ་དེ་ཡང་ཞེས་བྱ་བའོ། །ངེས་པ་མེད་པ་བརྗོད་པའི་སྐབས་སུ་ནི་ཞེས་བྱ་བ་ནི། གང་གི་ཚེ་ཉེས་པ་གཅིག་ཁོ་ན་བརྗོད་པར་བྱའོ་ཞེས་ཚད་མ་བྱས་པའི་ཚེའོ། །ངེས་པ་བརྗོད་པའི་སྐབས་སུ་ནི་རིགས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་མི་རིགས་སྙམ་ན། ཕ་མ་ཟིན་པ་ལ་ཏེ་མ་གྲུབ་པའི་ཉེས་པ་བརྗོད་པས་རྡུགས་པར་བྱས་ཟིན་པ་ལ། ཕ་མ་པ་སྟེ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་བརྗོད་པའི་སྒོ་ནས་རྡུགས་པ་གང་ཡིན་པ་སྟེ་མེད་བའི་ཕྱིར་རོ། །རྡུགས་ཟིན་པ་ལ་ནི་རྡུགས་པ་འཐད་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་ཐུག་པ་མེད་པས་རྩོད་པ་ངག་རྫོགས་པའི་མཐའ་མེད་པར་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཉིད་ཐོག་མར་ཅི་སྟེ་མི་བརྗོད་སྙམ་ན། བ་རྒལ་ཞིང་བརྟག་པར་བྱ་བ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཡལ་


DTG186_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར་བའི་ཕྱིར་ན་ཐོག་མར་མི་བརྗོད་དོ། །དེའི་ཕྱིར་ཞེས་བྱ་བ་ནི། གཞི་མ་གྲུབ་པས་མ་གྲུབ་པ་ཡིན་པའི་ཕྱིར་རོ། །མི་རིགས་པ་ནི་མི་ནུས་པའོ། །ཆོས་ཅན་ནུས་སོ་ཞེ་ན་ནི། དེའི་ཚེ་རྩོད་པ་མེད་པར་ཐལ་བར་འགྱུར་ཏེ། ཆོས་ཅན་གྲུབ་པ་ཙམ་གྱིས་གྲུབ་པས་ན་རྗེས་སུ་འགྲོ་བ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རྩོད་པ་མེད་ནའོ། །དེས་ན་སྟེ་མི་རིགས་པས་ན་ཆོས་ཅན་ནི་རང་གི་ཆོས་ཀྱི་སྒྲུབ་བྱེད་དུ་མ་གྲུབ་བོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཞེས་བྱ་བ་གཏན་ཚིགས་ཉིད་དུ་ཉེ་བར་བཀོད་པ་ནི། ཤེས་པར་བྱེད་པ་ཉིད་གང་ཡིན་པ་དེར་མ་གྲུབ་པའི་ཕྱིར་ཏེ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཤེས་པར་བྱ་བ་ཡིན་ཡང་ཤེས་བྱེད་ཅི་སྟེ་མ་ཡིན་སྙམ་ན། ཤེས་བྱ་བཤེས་བྱེད་ཐ་དད་པའི་ཕྱིར་རོ། །དེ་མེད་ན་ནི་ཐ་དད་པ་མེད་ནའོ། །དེ་མེད་ཀྱང་ཅི་ལྟར་མ་གྲུབ་སྙམ་ན་གསལ་བ་ཞེས་བྱ་བའོ། །གསལ་བ་ལ་སོགས་པ་ནི་རང་ཉིད་ཤེས་བར་གྱུར་ན་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ཡིན་ན། དེ་བཞིན་དུ་ཤེས་པར་བྱེད་པ་ཡང་ཤེས་པར་བྱ་བ་ལས་ཐ་དད་པར་ཤེས་པར་གྱུར་ན་ཤེས་པར་བྱ་བ་ཤེས་པར་བྱེད་པར་འགྱུར་ཏེ། ཤེས་པར་བྱ་བ་ནི་ཤེས་པར་བྱེད་པ་ལས་རང་བཞིན་ཐ་དད་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ཐ་དད་པ་མེད་པས་སོ།། ཐ་དད་ན་ཞེས་བྱ་བ་ནི། གལ་ཏེ་སྒྲུབ་པར་བྱེད་པ་ཆོས་ཅན་ལས་ཐ་དད་པར་གྱུར་ན། དེའི་ཚེ་དེ་ལ་རྗེས་སུ་འགྲོ་བ་ཡོད་དམ་འོན་ཏེ་མེད་ཅེས་སེམས་པར་འགྱུར་ཏེ། དཔེར་ན་གཞལ་བྱ་ཉིད་བཞིན་ནོ། །སྔར་སྒྲུབ་པར་བྱེད་པའི་རང་བཞིན་གྲུབ་པར་བྱས་ནས། གཞི་མ་གྲུབ་པ་དང་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་བརྗོད་པ་ཡིན་ལ། ད་ལྟ་ན་ནི་ཐ་དད་པ་ཉིད་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་ཐ་དད་པ་མེད་པ་ཙམ་གྱིས་སོ། །དེའི་ཕྱིར་ཞེས་བྱ་བ་ནི། ཤེས་བྱེད་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །གྲུབ་པ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོས་སོ། །དེ་བཞིན་དུ་ཆོས་ཅན་ལ་ཡང་རང་གི་སྒྲུབ་བར་བྱེད་པར་གྲུབ་པ་ཡིན་ནོ་ཞེས་བསམས་པའོ། །ལན་ནི་གྲུབ་པ་ནི་ཞེས་བྱའོ། །མར་མེ་ལ་སོགས་པ་གྲུབ་པའོ། །ལྐོག་ཏུ་གྱུར་པ་མི་རྟག་པ་ཉིད། ལྐོག་ཏུ་མ་གྱུར་པ་སྒྲ་ལ་སོགས་པས་གྲུབ་པ་ནི་མ་ཡིན་ནོ། །ཅི་ལྟར་མི་མཐུན་ཞེ་ན། མར་མེ་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་འགའ་ཞིག་


DTG186_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་མར་མེ་ཐ་དད་པ་མེད་ཀྱང་རང་གི་སྒྲུབ་པར་བྱེད་པར་གྲུབ་པ་དེ་བཞིན་དུ་ཆོས་ཅན་སྒྲ་ཡང༌། གལ་ཏེ་ཡང་ཆོས་ཅན་དང་བསྒྲུབ་བྱའི་རང་བཞིན་དུ་ཐ་དད་པ་མ་ཡིན་པ་དེ་ལྟ་ན་ཡང་མི་རྟག་པ་ཉིད་ཀྱི་སྒྲུབ་བྱེད་དུ་འགྱུར་རོ་སྙམ་དུ་སེམས་ན། དེ་ལ་མི་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་གལ་ཏེ་ཐམས་ཅད་མ་ཡིན་པ་ཉིད་སྒྲུབ་བྱེད་དུ་ལེན་པ་ཡིན་ན། དེའི་ཚེ་དམ་བཅའ་པའི་དོན་གྱི་ཕྱོགས་གཅིག་ཡིན་པར་གནས་པ་ཉིད་དོ། །གལ་ཏེ་ཐ་དད་པ་མེད་པའི་ཕྱིར་ཐམས་ཅད་ལ་ཉེས་པ་མེད་པ་འདིར་མི་འགྱུར་རམ་ཞེས་དགོས་པ་བསུ་བ་ནི། དངོས་པོ་ཀུན་ལ་བྱ་བ་སྟེ་སྒྲ་དང་བྱས་པ་ལ་སོགས་པ་ལའོ། །མིན་ཞེས་བྱ་བ་ནི་ཉེས་པ་མཚུངས་པ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། ཀུན་རྫོབ་ཏུ་ཞེས་བྱ་བའོ། །སྒྲ་དང་བྱས་པ་དག་ལ་ནི། ལྡོག་པས་བརྟགས་པའི་ཐ་དད་པ་ཡོད་དེ། དེས་ན་ཆོས་ཅན་སྒྲ་ལས་ཐ་དད་པའི་བྱས་པས་མི་རྟག་པ་ཉིད་ཀྱི་ཁྱད་པ་ཅན་གྱི་སྒྲ་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དོགས་པའོ། །མངོན་སུམ་དུ་གྲུབ་པ་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་པ་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་ཆོས་ཀྱི་དབྱེ་བ་བརྟགས་པའོ། །དེ་ལ་ཡང་ནི་མར་མེ་ལ་ཡང་ངོ༌། །ཐ་དད་པར་བརྟགས་པས་བསྒྲུབ་པར་བྱ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྩོད་པའི་དོན་ཏོ། །འདིས་ནི་ཕྱོགས་སྔ་མའི་ཆ་རྣམ་པར་བཀྲོལ་པ་ཡིན་ནོ། །ལན་གྱི་ཆ་རྣམ་པར་འགྲེལ་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མར་མེའི་རང་བཞིན་ཞེས་བྱ་བ་ནས་བརྩམས་ཏེ། མར་མེ་ནི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་བར་ནི་རྩོད་པའོ། །འདིར་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཀུན་རྫོབ་ཏུ་སྒྲ་དང་བྱས་པ་དག་ཐ་དད་པའི་ཕྱིར་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་འདི་དངོས་པོ་ཡིན་ན། དེའི་ཚེ་མར་མེ་ལ་ཡང་དབྱེ་བ་བརྟགས་པས་འགྱུར་རོ། །འོན་ཏེ་འདིར་མེད་ན། སྒྲ་དང་བྱས་པ་དག་ལ་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཐ་དད་པར་རྟོགས་པ་ཉིད་བརྗོད་པ་ནི། བྱེད་པ་དང་བཅས་པ་དང་ཞེས་བྱ་བའོ། །འབྲས་བུ་བྱེད་པའི་གནས་སྐབས་འབྲས་བུ་བྱེད་བཞིན་པ་ནི་བྱེད་པ་དང་བཅས་པའི་གནས་སྐབས་ཡིན་ལ། འབྲས་བུ་མི་བསྐྱེད་པའི་གནས་སྐབས་ནི་བྱེད་པ་མེད་པའི་གནས་སྐབས་ཡིན་ནོ། །དེས་ན་མར་མེའི་སྒྲས་


DTG186_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས་སྐབས་གཉིས་བརྗོད་པ་ཡིན་ནོ། །བརྗོད་པར་འདོད་པ་ནི་མར་མེའི་སྒྲས་བྱེད་བ་དང་བཅས་པའི་གནས་སྐབས་ཉིད་བརྗོད་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། རང་བཞིན་གྱི་སྒྲས་བྱ་བ་མེད་པའི་གནས་སྐབས་བརྗོད་པའི་ཕྱིར་རོ། །འདིས་ནི་ཆོས་ཅན་དུ་རྟོགས་པའི་ས་བོན་བསྟན་ཏོ། །ད་ནི་བསྒྲུབ་བྱར་བརྟགས་པའི་ས་བོན་བརྗོད་པ་ནི། རང་བཞིན་ཞེས་བྱ་བའོ། །རང་བཞིན་གྱི་སྒྲས་ནི་བྱེད་པ་དང་བཅས་པ་དང་བྱེད་པ་མེད་པའི་གནས་སྐབས་གཉིས་ཡལ་བར་དོར་བ་རང་བཞིན་མ་ཡིན་པ་ལས་ལྡོག་པའི་དངོས་པོ་བརྗོད་པ་ཡིན་ནོ། །ད་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་སྟོན་པར་བྱེད་པས། སྒྲུབ་པར་བྱེད་པ་ཡང་སྟོན་པ་ནི། དེ་ལ་ཞེས་བྱ་བའོ། །དོན་བྱ་བ་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ། རང་བཞིན་ནི་བསྒྲུབ་པར་བྱ་བ་ཡིན་པའམ། ཡང་ན་བཟློག་པས་ཏེ། རང་བཞིན་ནི་སྒྲུབ་པར་བྱེད་པ། དོན་བྱ་བ་བྱེད་བ་ནི་བསྒྲུབ་པར་བྱ་བ་ཡིན་ནོ། །གཉི་ག་ལྟར་ཡང་ཆོས་ཅན་ནི་མར་མེ་ཡིན་ནོ། །བྱེད་པ་མེད་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །འདིས་ནི་ཆོས་ཅན་དང་བསྒྲུབ་བྱ་དང༌། སྒྲུབ་པར་བྱེད་པ་རྣམས་ལྡོག་པའི་དབྱེ་བས་བརྟགས་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་ལྟར་རེ་ཞིག་བྱ་བ་དང་བཅས་པ་དང་བྱ་བ་མེད་པའི་གནས་སྐབས་གཉི་ག་ཁྱབ་པའི་ཆོས་ཅན་ནི་མ་གྲུབ་སྟེ། བྱ་བ་མེད་པ་ནི་གནས་སྐབས་དངོས་པོ་མ་ཡིན་པའི་ཕྱིར་རོ། །དེས་ན་མར་མེའི་སྒྲས་ནི་བྱ་བ་དང་བཅས་པའི་གནས་སྐབས་ཁོ་ན་བརྗོད་པ་ཡིན་ནོ། །རང་བཞིན་གྱི་སྒྲས་ཀྱང་དེ་བཞིན་ནོ། །བྱ་བ་མེད་པ་ལ་ནི་མར་མེའི་རང་བཞིན་མེད་པའི་ཕྱིར་རོ། །འབྲས་བུ་བྱེད་པའི་ཕྱིར་རོ་ཞེས་བྱ་བས་ཀྱང༌། བྱེད་པ་དང་བཅས་པའི་གནས་སྐབས་ཉིད་བརྗོད་པ་ཡིན་ནོ། །དེའི་ཕྱིར་མར་མེའི་སྒྲ་དང༌། རང་བཞིན་གྱི་སྒྲ་དང༌། འབྲས་བུ་བྱེད་པའི་སྒྲས་ནི་གཅིག་ཉིད་ལས་ལྡོག་པ་བརྗོད་པ་ཡིན་ནོ། །དེས་ན་ལྡོག་པས་བརྟགས་པའི་དབྱེ་བ་ཡང་མེད་དོ། །བརྗོད་པར་འདོད་པའི་དོན་བྱ་བ་མེད་པས་བྱེད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྩོད་པའོ། །བརྗོད་པར་འདོད་པའི་དོན་ནི་མར་མེས་བསྒྲུབ་པར་བྱ་བའོ། །དེ་མེད་བས་མར་མེ་བྱེད་པ་མེད་པ་ཡིན་ནོ། །དེས་ན་མར་མེ་བྱེད་པ་མེད་པ་གང་ཡིན་པ་དེ་ནི་རང་བཞིན་གྱི་སྒྲས་བརྗོད་པ་ཡིན་ལ། བྱ་བ་དང་བཅས་པའི་


DTG186_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ནི་མར་མེའི་སྒྲས་ཡིན་ནོ་ཞེ་ན་ཞེས་ནི་མི་རིགས་ཏེ་ཞེས་བྱ་བ་ནི་ལན་ནོ། །ཧ་ཅང་ཐལ་བའི་ཕྱིར་རེ་ཞེས་བྱ་བ་ནི། བྱ་བ་མེད་པའི་རི་བོང་གི་རྭ་ལ་ཡང་རང་བཞིན་ཡོད་པར་འགྱུར་རོ། །ད་སྐད་བརྗོད་པས་ནི་ཞེས་བྱ་བ་ནི་བྱེད་པ་དང་བཅས་པ་དང་ཅིག་ཤོས་ཉིད་ལ་སོགས་པ་བརྗོད་པས་ནིའོ། །ཐ་དད་པར་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་དེ་ནི་ཞེས་བྱ་བ་སྟེ་ཐ་དད་པར་རྟོགས་པ་ནིའོ། །སྤྱི་དང་ཞེས་བྱ་བ་ནི་དོན་བྱ་བ་བྱེད་པ་ཙམ་ཡིན་ལ། འབྲས་བུ་བྱེད་བའི་ཁྱད་པར་ནི་མར་མེ་ཡིན་ནོ། །ཡང་ན་རང་བཞིན་ནི་སྤྱི་ཡིན་ཏེ་བུམ་པ་དང་སྣམ་བུ་ལ་སོགས་པ་ཐུན་མོང་གི་རང་བཞིན་ཡིན་པའི་ཕྱིར་རོ། །མར་མེ་ནི་ཁྱད་པར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མར་མེས་རང་བཞིན་ཁྱད་པར་དུ་བྱེད་དེ། མར་མེའི་རང་བཞིན་ཞེས་སོ། །དེ་དག་ནི་དངོས་པོ་ཉིད་ཀྱིས་གྲུབ་པའི་ཕྱིར་མི་བྱེད་པ་དང་བཅས་པ་དང་ཅིག་ཤོས་ཀྱི་དངོས་པོས་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ལ་ཐ་དད་པ་ཉིད་ངེས་པ་ཡང་མ་ཡིན་ཏེ། འབྲས་བུ་བྱེད་པ་ལ་སོགས་པ་རྣམས་ལ་མར་མེ་ལས་ཐ་དད་པ་ཡོད་ཀྱང་དེ་མེད་པའི་ཕྱིར་རོ། །འོན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ལ་ངེས་པ་ཡིན་ཏེ། དེ་མེད་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་རོ། །ལོག་པར་རྟོགས་པ་ལ་ལྟོས་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ཡིན་ཡང་ཆད་པ་མེད་དེ། བྱས་པ་དང་མི་རྟག་པ་ཉིད་བཞིན་ནོ། །དེའི་ཕྱིར་ཆོས་ཅན་གྱིས་ཞེས་བྱ་བ་ནི། སྒྲ་ནི་མི་རྟག་སྟེ་སྒྲ་ཡིན་བའི་ཕྱིར་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི། ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བའོ། །འོ་ན་བྱས་པ་དང་མི་རྟག་པ་ཉིད་ཅི་ལྟར་ཐ་དད་སྙམ་ན་བྱས་པ་དང་ཞེས་བྱ་བའོ། །དོན་དམ་པར་ཐ་དད་པ་ཉིད་དུ་ཅི་སྟེ་ཁས་མི་ལེན་སྙམ་ན། འདི་ལྟར་ཞེས་བྱ་བའོ། །མངོན་སུམ་གྱིས་ནི་བྱས་པ་ལ་སོགས་པ་ཐ་མི་དད་པར་འཛིན་པར་བྱེད་པ་ཡིན་པའི་ཕྱིར་དངོས་པོ་བའི་ཐ་དད་པ་ལ་གནོད་པར་བྱེད་པ་ཡིན་པ་དེས་ན། ཅི་ལྟར་དོན་དམ་པར་ཐ་དད་པར་འགྱུར་རོ། །དོན་དམ་པར་ཐ་དད་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་ཆོས་ཅན་ཙམ་ནི་མངོན་སུམ་མ་ཡིན་ཞེས་བྱ་བའོ། །ཅི་ལྟར་གཅིག་ཡིན་ཞེ་ན། མི་རྟག་པ་ཉིད་ཅེས་བྱ་བའོ། །སྒྲ་ལས་མི་


DTG186_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་གཞན་ཡིན་ན། སྒྲ་འཛིན་པར་མི་འགྱུར་རོ་ཞེས་བརྗོད་པ་ནི། མི་རྟག་གཞན་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྟག་པ་ཉིད་དམ་གཉི་ག་མ་ཡིན་པའི་རང་བཞིན་དུ་ཡིན་ན། འདི་གཉི་ག་ཡང་རུང་བ་མ་ཡིན་ནོ། །དེས་ན་མི་རྟག་པ་ཉིད་གཞན་ཡིན་ན། ཆོས་ཅན་འཛིན་པ་ཅི་ལྟར་ཡིན། རེ་ཞིག་ཆོས་ཅན་རྟག་པ་ཉིད་དུ་འཛིན་པ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ཡིན་དང་རྗེས་སུ་དཔག་པ་ལས་རྟག་པ་ཉིད་མི་འགྲུབ་པོ་ཞེས་བརྗོད་པ་ནི། ཚད་གཞན་ཞེས་བྱ་བའོ། །ཅི་ལྟར་མི་རྟག་པ་ཉིད་དུ་འཛིན་པ་མ་ཡིན་ཞེ་ན། མངོན་སུམ་གྱིས་ནི་ཞེས་བྱ་བའོ། །མངོན་སུམ་གྱིས་རྟག་པ་ཉིད་དུ་རྟོགས་ན། མི་རྟག་པ་ཉིད་ཀྱི་རྗེས་སུ་དཔག་པས་སེལ་བར་མི་འགྱུར་རོ། །མངོན་སུམ་གཞན་གྱིས་བསལ་བར་བྱ་བ་མ་ཡིན་པ་ཉིད་བརྗོད་པ་ནི། མངོན་སུམ་ཚད་མ་གཞན་ཐམས་ཅད་ཀྱི་ནི་རྩ་བ་ཡིན་ཞེས་བྱ་བའོ། །རྒྱལ་པོའི་བུ་དག་ནི་སྡོམ་དང་ཆོས་མཚུངས་པ་ཡིན་ནོ། །སྡོམ་ནི་རང་གི་བུ་རྣམས་ཉིད་ཀྱིས་གསོད་པར་བྱེད་པ་དེ་བཞིན་དུ། རྒྱལ་བོའི་བུ་ཕ་སླུ་བར་བྱེད་པ་ཡིན་ནོ་ཅི་ལྟར་རྒྱལ་པོའི་བུ་ཕ་གསོད་པར་འཇུག་པ་དེ་བཞིན་དུ་མངོན་སུམ་གྱིས་སྐྱེད་པའི་ཚད་མ་གཞན་དག་ནི་མངོན་སུམ་སེལ་བར་བྱེད་བ་མ་ཡིན་ནོ། །དེས་ན་གལ་ཏེ་རྟག་པ་ཉིད་མངོན་སུམ་གྱིས་མཐོང་བ་ཡིན་ན། དེའི་ཚེ་མངོན་སུམ་གྱིས་བསྐྱེད་པ་མི་རྟག་པ་ཉིད་ཀྱི་རྗེས་སུ་དཔག་པས་བསལ་བར་ཅི་ལྟར་འགྱུར། མི་རྟག་པ་ཉིད་ཀྱི་རྗེས་སུ་དཔག་པ་ནི་འདོད་པ་ཡིན། དེ་ཡང་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་སྐྱེད་པར་བྱེད་པ་ཉིད་ཡིན་པར་བརྗོད་པ་ནི། ཚད་མ་ཐམས་ཅད་ཀྱི་ཞེས་བྱ་བའོ། །མངོན་སུམ་མ་ཁྲང་ཕོ་མ་བསྟན་པའི་རྟག་པ་ནི་རྗེས་སུ་དཔག་པ་མི་རྟག་པར་དཔོག་པར་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་གའི་རང་བཞིན་དུ་ཡང་ཆོས་ཅན་འཛིན་པར་མི་འཐད་དོ་ཞེས་བསྟན་པའི་དོན་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེས་ནི་མངོན་སུམ་གྱིས་སོ། །འོན་ཅི་ལྟར་རྟག་པ་ཉིད་དམ་མི་རྟག་པ་ཉིད་དུ་རྟོགས་ཞེ་ན། རྟག་པ་ཉིད་དམ་ཞེས་བྱ་བའོ། །ལན་ནི་མི་རྟག་པ་ཉིད་ཅེས་བྱ་བའོ། །རྟག་པ་དང་མི་རྟག་པ་ཉིད་ཀྱི་རང་བཞིན་བརྗོད་པ་ནི། གང་གི་ཕྱིར་ཞེས་བྱ་བའོ། །དེས་ཅིར་འགྱུར་སྙམ་ན། དངོས་པོ་ཞེས་བྱ་བའོ།།


DTG186_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དག་གི་ནང་ནས་རྟག་པར་འཛིན་པ་ནི་དངོས་པོ་དུས་ཁྱབ་པར་བཟུང་ནས་འགྱུར་བ་ཡིན་ནོ། །གལ་ཏེ་ཁྱབ་པ་དེ་མ་བཟུང་ན་དེའི་ཚེ་མི་རྟག་པར་རིག་པ་ཉིད་དུ་འགྱུར་རོ། །འཆད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །དོགས་པ་ནི་དེ་ཉིད་ཅེས་བྱ་བ་སྟེ་དུས་གཞན་ཁྱབ་པ་ཉིད་དོ། །མི་རྟག་པ་ཉིད་ནི་མ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བ་འདྲི་བ་ན་མི་རྟག་པ་ཞེས་བྱ་བའོ། །ཕ་རོལ་གྱི་ལན་ནི་དེ་ཉིད་ཀྱི་ཞེས་བྱ་བ་སྟེ་ཆོས་ཅན་ཉིད་ཀྱིའོ། །གྲུབ་བའི་མཐའ་སྨྲ་བ་རྣམ་པར་རྟག་པར་བྱེད་པ་ནི་དེ་ཞེས་བྱ་བ་སྟེ་མི་རྟག་པ་དེ་ཉིད་ཆོས་ཅན་གྱི་རང་བཞིན་རྟོགས་པ་ཉིད་ཀྱི་ཆེ་ཡིན་ནམ། འོན་ཏེ་ཕྱིས་ཡིན། རྣམ་པར་རྟོག་པ་དང་པོ་ཁས་ལེན་པར་དོགས་པ་ལ་ནི་དེ་ཉིད་ཀྱི་ཚེ་ཞེས་བྱ་བའོ། །དམིགས་པར་བྱ་བ་ཉིད་དུ་ཡོད་དོ་ཞེ་ན། ལན་ནི་ཅི་སྟེ་ཞེས་བྱ་བའོ། །གལ་ཏེ་ཆོས་ཅན་རྟོགས་པའི་དུས་ཉིད་ན་མི་རྟག་པ་ཉིད་བ་ལྟར་རུང་བར་ཡོད་པ་ཡིན་ནོ། དེའི་ཚེ་ཆོས་ཅན་མངོན་སུམ་ཡིན་པར་བཞིན་དུ། མི་རྟག་པ་ཉིད་ཀྱང་ཅི་སྟེ་མངོན་སུམ་གྱིས་མ་རྟོགས། མངོན་སུམ་གྱིས་མ་རྟོགས་ཀྱང༌། ཆོས་ཅན་གྱི་ཁྱད་པར་དུ་གྱུར་པའི་ཆོས་གཞན་ཉིད་ཡིན་ནོ་ཞེ་ན། མ་རྟོགས་ན་ཞེས་གསུངས་ཏེ། མི་རྟག་པ་ཉིད་དེ་ཅི་ལྟར་ཆོས་ཅན་དེའི་བདག་ཉིད་དུ་གྱུར་བ་ཡིན། ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་ནི་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་འབྲེལ་པ་ཉིད་དུ་ཞེས་བྱ་བའོ། །གལ་ཏེ་མི་རྟག་པ་ཉིད་ཀྱི་ཆོས་གཞན་ཆོས་ཅན་དང་འབྲེལ་བ་ནི། དེ་རྟོགས་པའི་དུས་ན་ཡོད་པ་ཡིན་ན་དེའི་ཚེ་གདོན་མི་ཟ་བར་མི་རྟག་པ་ཉིད་དེ་དེ་ལྟར་ཆོས་ཅན་དང་འབྲེལ་པ་ཉིད་དུ་རྟོགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་དང་ཞེས་བྱ་བའོ། །དེ་ལྟར་ནི་ཆོས་ཅན་དང་འབྲེལ་བར་འགྱུར་རོ། །རྣམ་པར་རྟོག་པ་གཉིས་པ་ཁས་ལེན་པའི་དོགས་པ་བསུ་བ་ནི་ཕྱིས་ཞེས་བྱ་བ་སྟེ་ཆོས་ཅན་མངོན་སུམ་དུ་བྱས་བའི་དུས་ཕྱིས་སོ། །ལན་ནི་དམིགས་པའོ་ཞེས་བྱ་བའོ། །གང་ཞེས་བྱ་བ་མི་རྟག་པ་ཉིད་དོ། །དེའི་ཚེ་ཞེས་བྱ་བའི་ཆོས་ཅན་གྱི་རང་བཞིན་མངོན་སུམ་དུ་གྱུར་པའི་དུས་ནའོ། །མི་རྟག་ཉིད་དེ་ཅི་ལྟར་ཡོད། །ཅེས་བྱ་བ་སྟེ་མེད་པ་ཁོ་ནའོ་ཅི་ལྟར་མེད་སྙམ་ན། བརྗོད་པ་གཞན་དུ་མེད་པའི་ཡུལ་གྱི་རྟོགས་པ་མེད་པར་འགྱུར་རོ། །ཡང་ན་གཞན་དུ་མེད་པས་རྟོགས་


DTG186_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞེས་བྱ་བ་སྟེ། གཞན་དུ་ཞེས་བྱ་བ་མེད་པ་ཉིད་དུ་ནི། གཏན་ཚིགས་མེད་པ་ཉིད་ཀྱིས་རྟོགས་པར་འགྱུར་ཏེ། མེད་པའི་ཐ་སྙད་ཉིད་དུ་རིགས་སོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཞེས་བྱ་བ་ནི་འཆད་པའོ། །འོན་ཏེ་ཞེས་བྱ་བ་ནི་སྔར་མི་རྟག་པ་ཉིད་ཀྱི་ཆོས་དང་འབྲལ་བའི་ཆོས་ཅན་ཙམ་རྟོགས་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཡིན་ཏེ། དེས་ན་མི་རྟག་པ་ཉིད་མ་དམིགས་ཀྱང་མ་དམིགས་པ་ལས་མེད་པར་འགྱུར་བའི་མཚན་ཉིད་ཀྱི་སྐྱོན་མེད་དོ་ཞེ་ན། ལན་ནི་གལ་ཏེ་ཞེས་བྱ་བའོ། །ཆོས་ཅན་འཛིན་པར་ཁས་ལེན་པ་ན། གལ་ཏེ་སྒྲ་ལ་སོགས་པའི་ཆོས་ཅན་ཐམས་ཅད་ལ་འཇུག་པ་ཡིན་ན། དེའི་ཚེ་ཆོས་ཅན་ལ་ཚད་མ་མེད་དོ། །དེའི་ཕྱིར་རྗེས་སུ་དཔག་པ་ཚད་མར་ཅི་ལྟར་འགྱུར། ཅི་སྟེ་མི་འགྱུར་སྙམ་ན། ཆོས་ཅན་དང་ནི་ཞེས་བྱ་བའོ། །དེ་ལྟར་ན་གྲུབ་པ་ཅི་ཡོད་སྙམ་ན། མངོན་སུམ་དང་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་ཡིན་སྙམ་ན། ཆོས་ཅན་མི་རྟག་པ་ཉིད་དང༌། ལྡན་པ་རྟོགས་པ་ན། དེ་དག་དེ་ལྟར་སྲིད་པ་ཡིན་ནོ་ཞེས་བརྗོད་པ་ནི། གང་ཚེ་ཞེས་བྱ་བའོ། །གང་གི་ཚེ་འབྱུང་བ་དང་འབྱུང་བའི་རང་བཞིན་མངོན་སུམ་གྱིས་མ་བཟུང་སྟེ་མི་རྟག་པ་ཉིད་བཟུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་བྱུང་བ་དང་འབྱུང་བར་འགྱུར་བའི་ཞེས་འབྲེལ་ཏོ། །གང་གི་ཚེ་ཞེ་ན། གཏན་ཚིགས་ཆོས་ཅན་དང་འབྲེལ་པ་མངོན་སུམ་གྱིས་གྲུབ་པ་ཡོད་ན་དེ། ཕྱོགས་ཀྱི་ཆོས་ཉིད་གྲུབ་ནའོ། །དོན་ནི་འདི་ཡིན་ཏེ། གང་གི་ཚེ་འདི་མི་རྟག་པ་ཉིད་མངོན་སུམ་གྱིས་གྲུབ་པ་དེའི་ཚེ། མཐའ་གཉིས་ལ་རྗེས་སུ་དཔག་པར་བྱ་ནུས་པ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །སྲོག་ཆགས་འདི་ནི་སྔོན་གཏོང་བ་བྱས་པ་ཡིན་ཏེ་བདེ་བར་གནས་པའི་ཕྱིར་རོ། །འདི་ནི་བདེ་བར་འགྱུར་ཏེ་གཏོད་བ་པོ་ཡིན་པའི་ཕྱིར་རོ། །འདིས་ནི་བསྟན་བཅོས་གོམས་པར་བྱས་པ་ཡིན་ཏེ། མཁས་པའི་ཕྱིར་རོ་ཞེས་དེ་ལྟར་མི་རྟག་པ་ཉིད་ཀྱི་ཕྱོགས་ལ་ནི་རྗེས་སུ་དཔག་པའི་འབྲས་བུ་དང་བཅས་བར་འགྱུར་གྱི། བསྟན་པའི་ཕྱོགས་ལ་ནི་མངོན་སུམ་གྱིས་བསྟན་པ་བཟུང་བ་ན། འདས་པ་དང་མ་འོངས་པའི་གནས་སྐབས་དག་ཀྱང་བཟུང་བའི་ཕྱིར་རྗེས་སུ་དཔག་བ་དོན་མེད་པར་འགྱུར་རོ། །རྟག་པ་ཉིད་


DTG186_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲ་བས་ཀྱང་འདས་པ་དང་མ་འོངས་པའི་གནས་སྐབས་དག་ལ་རྗེས་སུ་དཔག་པ་འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པའི་ཤུགས་ལས་གཞན་གྱིས་ཀྱང་མི་རྟག་པ་ཉིད་དུ་ཁས་བླང་བར་བྱའོ། །འདི་ཡན་ཆད་ཀྱིས་ནི་ཉེས་པ་གཉིས་བསྟན་པ་ཡིན་ཏེ། གལ་ཏེ་དངོས་པོ་རྣམས་རྟག་པ་དང་ཆོས་ཐམས་ཅད་ཀྱང་མི་འཛིན་པར་འདོད་ན་དེའི་ཚེ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བའི་རྗེས་སུ་དཔག་པ་མེད་པར་འགྱུར་ཏེ། གཞི་ལ་གྲུབ་པའི་ཕྱིར་རོ། །སྔོན་དང་ཕྱི་མའི་མཐའ་གཉིས་རྗེས་སུ་དཔག་པར་ཡང་མི་འགྱུར་ཏེ། མངོན་སུམ་གྱིས་གྲུབ་པའི་ཕྱིར་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་བྱུང་བ་དང་འབྱུང་བ་དག་རྗེས་སུ་དཔག་པས་གྲུབ་པའི་དུས་ནའོ། །ཅིག་ཤོས་ནི་རྗེས་སུ་དཔག་པར་བྱའོ། །རྟག་པ་ཉིད་ཀྱི་ཕྱོགས་ལ་ནི་རྗེས་སུ་དཔག་པ་དོན་མེད་པ་ཁོ་ནའོ་ཞེས་བརྗོད་བ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་རྣམས་ལ་ནི་བཟུང་དུ་ཟིན་ཀྱང་འཁྲུལ་པ་ཡོད་དེ། དེས་ན་ཆོས་དེ་དག་ནི་རྗེས་སུ་དཔག་པས་ངེས་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་དོན་མེད་པར་ཅིར་འགྱུར་སྙམ་ན། འཁྲུལ་པ་ཡིན་ན་ནི་ཞེས་བྱ་བའོ། །ཐམས་ཅད་འཇིག་ཅེས་བྱ་བ་ནི། ཆོས་རྣམས་ཐམས་ཅད་མ་བཟུང་ན། རྣམ་པ་ཐམས་ཅད་དུ་ཆོས་ཅན་དུ་འཛིན་པར་མི་འགྱུར་ལ། ཆོས་ཅན་གྱི་མངོན་སུམ་བཞིན་དུ་མངོན་སུམ་ཐམས་ཅད་ཚད་མ་མ་ཡིན་ན། རྗེས་སུ་དཔག་པ་ཡང་མེད་པར་འགྱུར་ཏེ། དེས་ན་རྣམ་པར་རིག་པ་ཙམ་འབའ་ཞིག་ཏུ་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་འཇིག་པའི་ཉམས་པར་འགྱུར་བ་དེས་ནའོ། །འོན་ཏེ་རྟག་པ་དང་མི་རྟག་པ་དག་ནི་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཆོས་ཀྱང་མངོན་སུམ་གྱིས་གྲུབ་ན། དེའི་ཚེ་ཆོས་ཀྱི་ཡུལ་ཅན་གྱི་རྗེས་སུ་དཔག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བའོ། །ཆོས་ཐམས་ཅད་མ་བཟུང་ན་ཆོས་ཅན་ཡང་མ་བཟུང་བར་འགྱུར་རོ་ཞེས་ལན་བཏབ་པ་ནི། དེ་ནི་ཞེས་བྱ་བའོ། །གལ་ཏེ་སྒྲ་ཉིད་ལ་སོགས་པས་ཆོས་ཅན་དུ་བཟུང་ཡང༌། མི་རྟག་པ་ཉིད་ལ་སོགས་པར་ནི་བཟུང་བ་མ་ཡིན་ནོ་སྙམ་ན། དེས་ན་ཞེས་བྱ་བའོ། །དེའི་ཕྱིར་རྗེས་སུ་དཔག་པ་དོན་མེད་པ་ཁོ་ནའོ་ཞེས་དགོངས་པའོ། །དེ་ལ་ཞེས་བྱ་བ་ནི་


DTG186_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པ་ལ་སོགས་པ་ལའོ། །འཁྲུལ་བའི་ཆོས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་པའོ། །རྟག་པ་དང་མི་རྟག་པ་ཉིད་སྤངས་ནས་སྒྲ་ཉིད་ལ་སོགས་པར་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐོ་ཡོར་པོ་ཉིད་ལ་སོགས་པ་མེད་པར་ཡང་རོད་རོད་བོ་ཙམ་བལྟ་བར་ནུས་ཀྱི། རྟག་པ་ཉིད་ལ་སོགས་པ་དང་བྲལ་བའི་དོན་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། མི་དང་ཞེས་བྱ་བའོ། །དེའི་ཆོས་ཅན་གྱིའོ། །དེ་ཡིན་ཏེ་ཞེས་བྱ་བ་ནི་ཁྱབ་པ་དང་ཅིག་ཤོས་ཉིད་དོ། །གལ་ཏེ་དེ་ཞེས་བྱ་བ་ཁྱབ་པ་དང་ཅིག་ཤོས་སོ། །དེ་ནི་ཞེས་བྱ་བ་ནི་ཆོས་ཅན་གྱི་རང་བཞིན་ནོ། །ཡུལ་ཁྱབ་ལ་གཞན་དུ་འཛིན་པ་བཞིན་དུ་ཡུལ་ཁྱབ་པ་ཡང་གཞན་དུ་འཛིན་པར་འགྱུར་རོ་ཞེས་བྱ་བའི་རྩོད་པ་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཀ་བ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་ནི་རིང་པོ་ཉིད་ཡིན་ཡང༌། ཡན་ལག་འགའ་ཞིག་བསྒྲིབས་པའི་དུས་ན། རིང་པོ་ཉིད་དུ་མི་འཛིན་པ་དེ་བཞིན་དུ། དུས་ཁྱབ་པའི་དོན་ལ་ཡང་ཁྱབ་པ་ཉིད་དུ་འཛིན་པར་མི་འགྱུར་རོ་ཞེ་ན། ལན་ནི་རིང་པོ་མངོན་སུམ་གྱིས་འཛིན་པ་ལ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤིང་ལ་སོགས་པ་བསྒྲིབས་པ་དེར་རོ། །དེ་ནི་ཡན་ལག་ཅན་ནོ། །འོ་ན་དེ་གང་ཡིན་སྙམ་ན། གཞན་གྱི་ལུགས་ཀྱིས་དེ་ནི་ཡན་ལག་ཅན་ཡིན་ནོ་ཞེས་བརྗོད་པ་ནི། རིང་པོ་ཉིད་ཅེས་བྱ་བའོ།། ཡན་ལག་ཅན་རིང་པོ་ཡིན་གྱི་ཡན་ལག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་ཅན་གྱི་རིང་པོ་དེ་ཡང་རྗེས་སུ་དཔག་པར་རྟོགས་པར་བྱ་བ་ཡིན་གྱི། མངོན་སུམ་གྱིས་རྟོགས་པར་བྱ་བ་ནི་མ་ཡིན་ནོ། །རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཉིད་གཞན་གྱི་ལུགས་ལ་གནས་ནས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་ཡན་ལག་གཅིག་གཡོས་པར་གྱུར་ན། ཐམས་ཅད་ཀྱང་གཡོ་བར་འགྱུར་བ་དེའི་ཕྱིར་དངོས་པོ་དེ་ནི་རིང་པོ་གཅིག་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །གལ་ཏེ་དངོས་པོ་གཅིག་ཡིན་པར་མ་གྱུར་ན་ནི། གཅིག་གཡོས་བས་ཐམས་ཅད་གཡོ་བར་མི་འགྱུར་ཏེ། དེས་ན་གཅིག་པ་ཉིད་འདི་ནི་རྗེས་སུ་དཔག་པ་ལས་རྟོགས་པ་ཡིན་ནོ། །དེ་ལྟར་རྗེས་སུ་དཔག་པ་གཉིས་བསྟན་ནས། གཉིས་པ་བརྗོད་བ་ནི། ཡན་ལག་གཅིག་ཅེས་བྱ་བའོ། །དེ་ལྟར་གཞན་གྱི་ལུགས་ཀྱིས་རྗེས་སུ་དཔག་པ་བརྗོད་ནས་ཟློག་པར་བྱེད་པ་ནི། དེ་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་


DTG186_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཉིས་པོ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་ཉིད་མ་ཡིན་པ་ཁོ་ན་སྟེ། གཡོ་བ་ལ་སོགས་པ་ནི་རྣམ་པ་གཞན་དུ་ཡང་འཐད་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་ཡན་ལག་ཅན་དང་བྲལ་བ་ཕན་ཚུན་འབྲེལ་པའི་ཡན་ལག་ཁོ་ན་དཔོག་པ་ཡིན་པའི་ཕྱིར་རོ། །ཡུལ་ཁྱབ་བའི་དཔེ་སུན་ཕྱུང་ནས། དོན་དུས་ཁྱབ་པ་ཉིད་སུན་འབྱིན་པ་ནི། དེ་ནི་ཞེས་བྱ་བ་སྟེ་དུས་ཁྱབ་པའོ། །རྗེས་སུ་དཔག་པའི་ཡུལ་ནི་མ་ཡིན་གྱི། འོན་ཀྱང་མངོན་སུམ་གྱི་ཡུལ་ཉིད་དོ། །དེ་ཉིད་བརྗོད་པ་ནི། མངོན་སུམ་མ་ཞུགས་ན་ཞེས་བྱ་བའོ། །ཚད་མ་གཞན་ནི་རྗེས་སུ་དཔག་པའོ། །དེ་ཉིད་ནི་ཞེས་བྱ་བ་ནི་ཁྱབ་པའོ། །དེའི་ཕྱིར་ཞེས་མཐོང་བ་དང་མ་མཐོང་བ་གཅིག་མ་ཡིན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་དུས་ཁྱབ་པའམ་མ་ཁྱབ་པའོ། །དེ་ལ་ནི་དེ་ལྟར་གནས་པའོ། །གལ་ཏེ་དོན་འདི་དུས་ཁྱབ་པའི་རང་བཞིན་དུ་མངོན་སུམ་གྱི་ཡུལ་མ་ཡིན་ན། དེའི་ཚེ་ཁྱབ་པ་ཉིད་དེ་དག་དེའི་རང་བཞིན་མ་ཡིན་ནོ། །ཁྱབ་པའི་རང་བཞིན་ཉིད་མ་ཁྱབ་པའི་རང་བཞིན་དུ་ཡུལ་དུ་བྱེད་པ་ཡིན་ནོ་ཞེ་ན། མངོན་སུམ་གྱིས་ཞེས་བྱ་བའོ། །དཔེར་ན་སྔོན་པོའི་རང་བཞིན་དུ་ནི་སེར་པོ་ལ་སོགས་པ་མངོན་སུམ་གྱིས་ཡུལ་དུ་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཁྱབ་པ་ཡང་མ་ཁྱབ་པར་ཡུལ་དུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་མ་ཁྱབ་པ་ཉིད་དུའོ། །གཞན་དུ་ན་ཞེས་བྱ་བ་ནི་དུས་གཞན་ཁྱབ་པ་ཉིད་དུ་བཟུང་བ་ཡིན་ནའོ། །བྱུང་བ་དང་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི། ཐམས་ཅད་ཀྱིས་བྱ་བའི་དོན་བྱེད་པར་ཐལ་བ་མ་ཡིན་པའོ། །ལན་ནི་དེ་ཞེས་བྱ་བ་སྟེ་དུས་ཀྱི་ཆ་རྣམས་མ་བཟུང་ནའོ། །དུས་དེ་ཙམ་ཞེས་བྱ་བ་ནི་ད་ལྟ་བའི་དུས་དང་འབྲེལ་པ་ཉིད་དུའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི། དུས་དེ་ཙམ་དང་འབྲེལ་བར་བཟུང་བ་ནའོ། །གློག་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ་གློག་ནི་ད་ལྟ་བའི་དུས་དང་འབྲེལ་བ་ཙམ་དུ་བཟུང་བས་སྐད་ཅིག་མ་ཉིད་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །གཞན་དག་གིས་ལྟར་ན་འཇིག་པའི་རྒྱུ་མེད་པའི་ཕྱིར་མི་འཇིག་གོ་ཞེས་ལན་འདེབས་བ་ནི་འོ་ན་ཞེས་བྱ་བའོ། །འཇིག་པའི་སྲིད་བར་དོགས་པ་བསུ་བ་ནི། གྱིས་ཞེས་བྱ་བའོ། །འདི་ལས་ཡང་འཇིག་པའི་རྒྱུ་འདི་འདྲ་བ་ནི་དོན་ལ་ཡང་ཡོད་དོ་ཞེས་ལན་འདེབས་བ་ནི། འདི་ལ་ཡང་ཞེས་བྱ་བ་སྟེ། བུམ་བ་ལ་སོགས་པ་


DTG186_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །རིགས་མཐུན་བ་དུས་ཕྱིས་འབྱུང་བ་བུམ་པའི་སྐད་ཅིག་དང་མི་མཐུན་པ་བྱ་བས་ནོན་པའོ། །དེ་ནི་ཞེས་བྱ་བ་ནི་ནོན་པས་བྱས་བའི་འཇིག་པའོ། །དུས་ཕྱིས་མ་དམིགས་པ་མ་གྲུབ་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཅེས་བྱ་བ་སྟེ་སྔར་བཟུང་བ་ཉིད་དོ། །འདི་ཉིད་བརྗོད་པ་ནི་སྔར་གྱི་ཞེས་བྱ་བའོ། །ཅི་ལྟར་སྔར་གྱི་དུས་མ་བཟུང་སྙམ་ན། རེ་ཞིག་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་གཟུགས་ནི་མངོན་སུམ་ལ་མི་གྲུབ་པ་མེད་དོ་ཞེས་བརྗོད་པ་ནི། ཡུད་ཙམ་ཞེས་བྱ་བའོ། །ཅི་ལྟར་མངོན་སུམ་གྱིས་མ་གྲུབ་སྙམ་ན་ཉི་མ་དང་པོར་ཞེས་བྱ་བའོ། །ཐུན་དང་པོ་ཉིད་ལ་སོགས་པ་རྟོགས་པ་མ་ཡིན་ནོ། །ཐུན་གཉིས་པར་མངོན་སུམ་གྱིས་ཉིན་མོ་ལ་སོགས་པ་རྟོགས་པ་མེད་དོ་ཞེས་འབྲེལ་ཏེ། འདི་ལ་གཏན་ཚིགས་བརྗོད་པ་ནི། དེའི་ཚེ་ཞེས་བྱ་བས་དེ་ཉི་མ་དང་པོ་ལ་སོགས་པའི་དུས་ནའོ། །གལ་ཏེ་མངོན་སུམ་གྱིས་དེམ་གྲུབ་ན་དྲན་པས་འགྲུབ་པར་འགྱུར་རོ་སྙམ་དུ་དོགས་པ་ནི། ཉི་མ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། དྲན་པ་ཞེས་བྱ་བའོ། །ཅི་ལྟར་ཞེ་ན་དྲན་པ་ནི་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི། དྲན་པ་ཞེས་བྱ་བའོ། །འོ་ན་མངོན་སུམ་གྱིས་དེ་འཛིན་པར་འགྱུར་རོ་སྙམ་ན། མངོན་སུམ་གྱིས་ཞེས་བྱ་བའོ། །སྔ་མ་དང་ཕྱི་མ་གཅིག་གི་རང་བཞིན་མ་ཡིན་མོད་དུས་བསགས་པའི་རང་བཞིན་ཉིད་དུ་ནི་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་བསགས་པ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །ཉི་མ་དུ་མ་འཛིན་པའི་མངོན་སུམ་གང་ཡིན་པ་དེས་ཉི་མ་བསགས་པའི་རང་བཞིན་ཟླ་བ་ཞེས་བྱ་བའི་དུས་འཛིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་མངོན་སུམ་ཞེས་བྱ་བའོ། །མངོན་སུམ་དུ་མ་ཞུགས་སོ་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡང་ཡོད་པ་མ་ཡིན་ནོ། །དྲན་པས་མངོན་སུམ་དུ་མ་རྟོགས་སོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དྲན་པ་ཞེས་བྱ་བའོ། །གང་གི་ཕྱིར་དྲན་པ་ལས་བྱུང་བ་ཡིན་པ་དེས་ན། བསགས་པའི་རང་བཞིན་དེ་ནི་ཀུན་རྫོབ་པ་ཡིན་གྱི། དོན་དམ་བ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་ཅི་ཞིག་འགྲུབ་སྙམ་ན། དུས་ནི་ཞེས་བྱ་བའོ། །དེ་ཁྱབ་སྟེ་དུས་དེས་ཁྱབ་པ་སྒྲ་ལ་སོགས་པའི་དོན་རྣམས་ནི་ཀུན་རྫོབ་བ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་


DTG186_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམས་ཀྱི་རྟག་པ་ཀུན་རྫོབ་པ་ཡིན་པས་ནའོ། །ཆོས་རྣམས་ཆོས་ཅན་གྱི་རང་བཞིན་ཡིན་པ་ལ་ཉེས་པའི་དོགས་པ་བསུ་བ་ནི་གལ་ཏེ་མི་རྟག་པ་ཉིད་ནི། རང་བཞིན་ཉིད་ཡིན་ན་དེའི་ཚེ་ཀུན་རྫོབ་ཏུ་ཐ་དད་པར་ཅི་ལྟར་འགྱུར་ཏེ། དོན་དམ་པའི་ཐ་མི་དད་བ་ནི་བརྟགས་པའི་ཐ་དད་པར་འགལ་བའི་ཕྱིར་རོ། །འགྱུར་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོར་ནི་མི་འཐད་དོ་ཞེས་བརྗོད་པ་ནི་ཉེར་ལེན་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལ་གནས་བའི་བྱས་པ་དང་མི་རྟག་པའི་རང་བཞིན་ནི། སྒྲུབ་པར་བྱེད་པ་མ་ཡིན་ཞིང་བསྒྲུབ་པར་བྱ་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉེར་ལེན་མེད་པར་སྟེ། དོན་དམ་པའི་ཐ་དད་པ་ནི་ཉེ་བར་ལེན་པ་དང་བྲལ་བས་སོ། །གལ་ཏེ་ཐ་དད་པའི་ཉེ་བར་ལེན་པ་དང་བྲལ་ཡང་དེ་ལ་གནས་པའི་རང་བཞིན་དག་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རང་བཞིན་དུ་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་རྩོད་བར་བྱེད་པ་ཉིད་ཀྱིས་སྨྲས་བ་ནི། འབྲེལ་བ་ཡོད་བ་དང་བྲལ་བ་ཞེས་བྱ་བའོ།། གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ནི་འབྲེལ་པ་ཡོད་བས་ཁྱབ་པ་ཡིན་ན། བརྟགས་པའི་རང་བཞིན་དག་ལ་ནི་འབྲེལ་བ་ཡོད་པ་མ་ཡིན་ཏེ་དེས་ན་དེ་དག་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་འབྲེལ་པ་ཡོད་པ་དང་བྲལ་བ་ཞེས་བྱ་བའོ། །འདིར་སྨྲས་པ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །མ་བྱས་པ་དང་རྟག་པ་གཅིག་ལས་ལོག་པའི་དུ་མ་ནི་བྱས་པ་ཉིད་ཀྱི་རང་བཞིན་དང་མི་རྟག་པ་ཉིད་ཀྱི་རང་བཞིན་གཅིག་གིས་ཏེ། སྤྱིའི་མཚན་ཉིད་ཀྱིས་རྟོགས་པའོ། །འདིས་ནི་སྤྱིའི་ཆོས་གཉིས་བ་ནི་ཁྱབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་རང་བཞིན་གཅིག་གིས་ཡུལ་དུ་བྱེད་པས་ནའོ། །གལ་ཏེ་གཅིག་ཉིད་རྟོགས་པ་ཁོ་ནས་བསྟན་པ་ཡིན་གྱི་མངོན་སུམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ག་ལས་སྙམ་ན། དངོས་པོ་ཀུན་གྱི་ཞེས་བྱ་བའོ། །གང་ལས་ལོག་སྙམ་ན་རིགས་མཐུན་དང་ཅིག་ཤོས་རིགས་མི་མཐུན་ལས་སོ། །དེས་ན་རྫས་འགྲོ་ཞེས་བྱ་བ་བྱས་པ་ཉིད་དམ་བ་ལང་ཉིད་རྗེས་སུ་སོང་བ་ནི། རྟོག་པ་ཙམ་ལས་གཟུང་བར་བྱ་བར་འགྱུར་བ་ཡིན་ནོ། །གལ་ཏེ་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པས་བ་ལང་ཉིད་ལ་སོགས་པ་ནི་སྤྱི་སྟོན་པར་བྱེད་ཀྱི། རྣམ་པར་རྟོག་བ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ཉེ་བར་བསྟན་ན་ནི།


DTG186_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པར་འགྱུར་པ་ཡིན་ནོ་ཞེས་དོགས་པར་བྱེད་པ་ནི། རྣམ་རྟོག་བཅས་པ་མངོན་སུམ་ན། །ཞེས་བྱ་བ་སྟེ་རྗེས་སུ་འགྲོ་བ་འཛིན་བའི་ཞེས་བྱ་བ་ལྷག་མའོ། །རྗེས་སུ་འགྲོ་བ་མངོན་སུམ་ཡིན་ན། སྔ་མ་དང་ཕྱི་མར་གྱུར་པའི་བསལ་བ་རྣམས་སམ། ལྷན་ཅིག་ཏུ་གྱུར་པ་རྣམས་ལ་ཡིན། དེ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། གང་གི་ཕྱིར་བ་ལང་ཉིད་ལ་སོགས་པའི་སྤྱི་གསལ་བ་སྔ་མ་དང་ཕྱི་མ་ལ་གནས་པ་ཉིད་ལ་ནི་མངོན་སུམ་གྱི་བྱེད་པ་འཇུག་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ་གང་གི་ཕྱིར་ལྷན་ཅིག་འབྱུང་བ་ལ་ཡང་རྗེས་སུ་འགྲོ་བ་ནི་མངོན་སུམ་དུ་གྱུར་པ་མ་ཡིན་ནོ། །ལྷན་ཅིག་པར་གྱུར་པ་དག་ལ་ཡང་རྗེས་སུ་སོང་བའི་རང་བཞིན་ནི་འགའ་ཡང་ཤེས་པ་མེད་དོ། །རྣམ་པར་རྟོག་པ་ལ་ཡང་ནོག་དང་ལྐོག་ཤལ་ལ་སོགས་པ་ཐ་ན་སྣང་བའི་ཕྱིར་རོ། །གལ་ཏེ་གསལ་བ་ལ་རྗེས་སུ་ཞུགས་པའི་སྤྱི་ཡོད་ན་ནི་དེའི་ཚེ་གསལ་བ་གཅིག་དང་པོ་མཐོང་བ་ན་ཡང་དམིགས་པར་གྱུར་པ་དེ་ལྟ་ན་ཡང་མ་ཡིན་ནོ། །འདི་ལྟར་རྟོགས་པ་པོ་གང་གིས་དང་པོ་གསལ་བའི་རང་བཞིན་གཅིག་ཉིད་མཐོང་བའི་རྟོགས་པ་པོ་དེ་ནི་གསལ་བ་དེ་ལ་རྗེས་སུ་འགྲོ་བར་ཏེ། སྤྱི་རྗེས་སུ་ཞུགས་པ་ཉིད་དུ་སྣང་བ་མིན་ནོ། །ཅིའི་ཕྱིར་ཞེ་ན། གསལ་བ་ཐམས་ཅད་ཅེས་བྱ་བའོ། །ཐལ་བ་འདི་སྤོང་བའི་ལན་གྱི་དོགས་པ་བསུ་བ་ནི། ཐག་རིང་ཉིད་ལ་སོགས་པའི་ཞེས་བྱ་བའོ། །གསལ་བ་ཞེས་བྱ་བ་ནི་གསལ་བ་ཐམས་ཅད་དོ། །ལན་ནི་གསལ་བ་ཞེས་བྱ་པའོ། །གསལ་བ་ཆ་བ་བྱར་གྱུར་པ་བཟུང་བ་མེད་པར་ནི། གསལ་བ་ལ་ཁྱབ་པར་བྱེད་པའི་སྤྱི་འཛིན་པ་ཉིད་དུ་མི་འགྱུར་ཏེ། ཁྱབ་བྱ་མ་བཟུང་བར་ན་དོན་དམ་པར་ན་ཁྱབ་བྱེད་ཀྱང་འཛིན་བམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་ལྟར་ཞེས་བྱ་བ་ནི་སྤྱིའི་རང་བཞིན་དུའོ། །དེས་ན་སྔ་ན་མེད་པའི་གསལ་བ་མཐོང་པ་ན་རྗེས་སུ་འགྲོ་བ་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་བསམས་པའོ། །དེ་དངོས་ཞེས་བྱ་བ་ནི་སྔ་མའི་དངོས་པོ་བཟུང་བས་བསྐྱེད་པའིའོ། །གསལ་བ་ཞེས་བྱ་བ་ནི་གསལ་བ་སྔ་མའོ། །དོན་གཞན་ཞེས་བྱ་བ་ནི་གསལ་བ་སྔ་མ་ལས་གཞན་པའི་སྤྱིའོ། །དེ་ཉིད་ལ་ཞེས་བྱ་བ་ནི་གསལ་བ་སྔ་མ་ཉིད་ལའོ། །སྔ་ན་མེད་པའི་དོན་མཐོང་བ་ཞེས་བྱ་བ་ནི་སྔ་ན་མེད་པའི་དོན་གྱི་མཐོང་བ་གང་ཡིན་པ་དེའི་རྒྱུ་ནི་འདུ་


DTG186_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །སྔར་གྱི་དོན་མཐོང་བའི་ཞེས་བྱ་བ་ནི། སྔར་གྱི་དོན་ལ་ཡོད་པའི་མཐོང་བ་གང་ཡིན་པ་དེ་ནི་སྟེ། དེ་ནི་མིག་ལ་སོགས་པ་ཁོ་ནའི་སྟོབས་ལས་སྐྱེ་བ་ཡིན་གྱི། འདུ་བྱེད་པའི་སྟོབས་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱི་མའི་མཐོང་བ་ཡང་དེའི་སྟོབས་ཉིད་ལས་ཡིན་ནོ། །འདུ་བྱེད་ནི་མ་མཐོང་བའི་དོན་དྲན་པའི་རྒྱུ་ཡང་མ་ཡིན་གྱི། འོན་ཀྱང་མཐོང་བའི་དོན་ཉིད་དྲན་པའི་རྒྱུ་ཡིན་ནོ། །དོན་འདི་ཡིན་ཏེ། ཤེས་པ་ནི་རྣམ་པ་གཉིས་ཏེ། རྣམ་པར་རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའོ། །དེ་ལ་འདུ་བྱེད་རྣམ་བར་རྟོག་པ་དང་བཅས་པའི་རྒྱུར་འགྱུར་བ་ཡང་མཐོང་བའི་དོན་ལ་ཡིན་གྱི། མ་མཐོང་བའི་དོན་གཞན་ལ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་པར་ནི། མཐོང་བ་དང་མ་མཐོང་བ་ལ་ཡང་རྒྱུར་འགྱུར་མི་སྲིད་དེ། དེ་ནི་མིག་ལ་སོགས་པ་ཁོ་ནའི་སྟོབས་ལས་འབྱུང་བའི་ཕྱིར་རོ། །སྐབས་ལ་སྦྱོར་བར་བྱེད་པ་ནི། སྤྱི་ཡང་ཞེས་བྱ་བའོ། །མ་མཐོང་བ་ཞེས་བྱ་བ་ནི་གསལ་བ་དང་པོ་མཐོང་བ་ནའོ། །དྲན་པར་ཡང་ཞེས་བྱ་བ་ནི་གསལ་པ་གཉིས་པ་མཐོང་བ་ནའོ། །སྤྱི་ནི་དྲན་པ་དང་མཐོང་བ་ལོག་ནས་དམིགས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། སྔ་ཕྱིའི་ཞེས་བྱ་བའོ། །སྔར་གྱི་དོན་ལ་ནི་དྲན་པ། ཕྱིས་ཀྱི་དོན་ལ་ནི་མཐོང་བའོ། །གཉི་ག་མཐོང་བ་ལ་ཡང་ཞེས་བྱ་བ་ནི། སྔ་ཕྱིའི་གསལ་བའི་དྲན་པ་དང་མཐོང་བར་མ་ཟད་པའོ། །དེང་ནི་ཞེས་བྱ་བ་ནི་མཐོང་བ་ལའོ། །གལ་ཏེ་མཐོང་བ་ལ་སྤྱི་སྣང་བ་ཡོད་དོ་ཞེས་རྗེས་སུ་དཔག་པ་ལས་གྲུབ་པ་མ་ཡིན་ནམ་ཞེས་དོགས་པ་བསུ་བ་ནི། མཚུངས་པའི་ཞེས་བྱ་བའོ། །གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། རྩིག་པ་ལ་སོགས་པ་སྣང་བར་ངེས་པ་ནི། རྗེས་སུ་དཔག་པས་བསྒྲུབ་པ་ནི་མ་ཡིན་གྱི། འོན་ཀྱང་རྩིག་བ་སྣང་ངོ་ཞེས་བྱ་བའི་ངེས་པ་ནི་མངོན་སུམ་ཁོ་ན་ལས་འགྱུར་བ་ཡིན་ནོ། །འདི་སྐད་ཅེས་ཅི་ལྟར་སྐད་ཅིག་མ་ཉིད་སྣང་བ་ཡིན་ཡང་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་དེ་བཞིན་དུ་སྤྱིར་སྣང་བ་ཡིན་ཡང་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། སྐད་ཅིག་བར་སྣང་བ་ནི་མངོན་སུམ་ཁོ་ནས་གྲུབ་པ་ཡིན་ཏེ། སྔ་མ་དང་ཕྱི་མའི་རང་བཞིན་གྱིས་དཔེན་བར་བཟུང་བའི་ཕྱིར་རོ། །དེ་བཞིན་དུ་སྤྱི་ནི་གཟུང་བ་མ་ཡིན་ཏེ་དེས་ན། ཅི་ལྟར་མ་རྨོངས་པས་སྐད་ཅིག་མ་ཉིད་འཛིན་ལ། ཐ་སྙད་ཙམ་ནི་རྨོངས་པ་ལ་


DTG186_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པ་དེ་བཞིན་དུ་ནི་སྤྱི་ནི་མ་རྨོངས་པ་སུས་ཀྱང་རྟོགས་པ་མེད་དོ། །དེས་ན་རྨོངས་པ་ལ་སྒྲུབ་པར་ཡང་ཅི་ལྟར་འགྱུར། འབད་པ་གཞན་ཞེས་བྱ་བ་ནི་དུས་ཕྱིས་ཀྱིས་མི་སླུ་བའོ། །སྣང་བཞིན་བའི་དུས་ཉིད་ན་ནི་ཞེས་བྱ་བ་ནི་འོན་ཀྱང་སྣང་བ་ལས་ཕྱིས་ཀྱི་དུས་སུ་ཡིན་པའོ། །སྤྱི་ནི་སྔར་སྣང་བ་མ་ཡིན་པས་དེ་ཅི་ལྟར་རྗེས་སུ་དཔག་པས་དེ་ཡོད་པར་སྒྲུབ་པའམ། འབད་བ་གཞན་བྱེད་པར་འགྱུར་ཏེ། ཅི་ལྟར་སྔར་ཤིང་སྣང་བར་གྲུབ་པ་ལ་དུས་ཕྱིས་བརྗོད་པ་ན་རྗེས་སུ་དཔག་པས་དེ་སྣང་བར་སྒྲུབ་པའམ། འབད་པ་གཞན་བྱེད་པ་བཞིན་ནོ། །འོན་ཏེ་རྩིག་པ་ལ་སོགས་པ་བཞིན་དུ་སྤྱི་ཡང་སྣང་བ་ཁོ་ནའོ་སྙམ་ན། གསལ་བའི་རང་བཞིན་གྱིས་དབེན་པའི་ཞེས་བྱ་བའོ། །འདི་ག་ལས་སྙམ་ན། སྤྱི་ནི་ཞེས་བྱ་བའོ། །མདོག་ཅེས་བྱ་བ་ནི་དོགས་པའོ། །ལན་ནི་འོ་ན་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མདོག་དབྱིབས་ལས་ཞེས་བྱ་བའོ། །དོགས་པ་ནི་ཁྱབ་པ་ཞེས་བྱའོ། །ཁྱབ་པ་ཉིད་སྤྱི་དེའི་རང་གི་ངོ་པོ་ཡིན་གྱི། མདོག་དབྱིབས་ཀྱི་ངོ་བོ་ནི་མ་ཡིན་ནོ། །དེས་ན་མདོག་དབྱིབས་ལས་ཕྱི་རོལ་ཏུ་གྱུར་པ་མེད་པ་མ་ཡིན་ནོ་ཞེ་ན། ལན་ནི་འོ་ན་གསལ་བ་ལ་བརྟེན་པའི་མདོག་དབྱིབས་ཀྱིས་མཚུངས་པ་མ་ཡིན་པའི་སྤྱི་གང་ཡིན་པ་དེ་ནི། མི་མཚུངས་པ་ཉིད་དེ་མི་འདྲ་བ་ཉིད་དོ། །མི་མཚུངས་པ་ན་ཡང་བ་ལང་ཉིད་ཀྱི་སྤྱི་དེ་ཁྲ་པོ་ལ་སོགས་པ་བཞིན་དུ་རྟ་ལ་སོགས་པ་ལ་ཡང་ཡོད་པར་འགྱུར་རོ། །འབྲེལ་པ་ལ་སོགས་པ་ཡང་སྤངས་ཡིན་ཏོ། །འོན་ཏེ་མདོག་དབྱིབས་དང་ལྡན་པ་དེས་ན་ཧ་ཅང་ཐལ་བས་མ་ཡིན་ནོ་ཞེ་ན། ཁྱབ་པ་ནི་ཞེས་བྱ་བའོ། །གྲངས་ཅན་གྱི་ལུགས་དོགས་པར་བྱེད་པ་ནི། མདོག་དབྱིབས་ཉིད་ཅེས་བྱ་བ་སྟེ། དེ་ལས་ཐ་དད་པའི་སྤྱི་ནི་མེད་དོ་ཞེས་བྱ་བའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དུས་གཞན་དུ་ཞེས་བྱ་བ་ནི་དོགས་པའོ། །གལ་ཏེ་དང་པོ་གསལ་བ་མདོག་དབྱིབས་ཀྱི་རང་བཞིན་གྱི་ཕྱིར། ཁྱབ་པ་ཉིད་དུ་མ་རྟོགས་པ་དེ་ལྟ་ན་ཡང་དུས་ཕྱིས་གསལ་བ་གཉིས་པ་ལ་ནི་རྟོགས་པ་ཁོ་ནའོ་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གང་གིས་རེས་འགའ་རང་གི་རྣམ་བར་ཤེས་པ་སྐྱེད་པར་བྱེད་པ། ཁྱད་པར་བསྒྲུབ་ཏུ་མེད་པའི་སྤྱི་ནི་གསལ་བ་ཡོད་བ་དང་མེད་བ་ན་ཁྱད་པར་དང་ལྡན་པར་འགྱུར་བ་མ་ཡིན་ནོ། །འདི་ག་ལས་སྙམ་ན་སྔོན་གྱིས་ཞེས་བྱ་བའོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་གསལ་བ་ཡོད་པའི་དུས་བཞིན་


DTG186_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །གལ་ཏེ་སྔོན་གྱི་གོང་བུ་མ་ཞིག་པ་ཉིད་མ་ཡིན་ནམ། དེ་ཅི་ལྟར་ན་ཞིག་ཀྱང་ཞེས་བརྗོད་དོ་སྙམ་ན། སྔོན་གྱི་ཞེས་བྱ་པའོ། །འོན་ཀྱང་ཞིག་པ་ཉིད་དེ་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །དེས་ན་སྔར་གྱི་གསལ་བ་ཞིག་ཀྱང་དེ་ཁོ་ན་ལྟར་རྟོགས་པའི་ཕྱིར་ན་གསལ་བ་ཡོད་བ་དང་མེད་པ་དག་ལ་སྤྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །དེས་ན་དང་པོ་ཁོ་ནར་ཁྱབ་པ་ཉིད་དུ་རྟོགས་པར་འགྱུར་བའམ། ཡང་ན་ནི་ནམ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་མཐའ་གཅིག་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་ཁྱད་པར་ཞིག་བ་ན་ཡང་སྤྱི་འཇིག་པར་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་འདིར་འདོད་པ་ཡིན་ནོ། །འདི་ཉིད་ཀྱི་ལན་གྱི་དོགས་པ་བསུ་བ་ནི། དེར་ཞེས་བྱ་བ་སྟེ་ཡུལ་གཞན་ན་གནས་པའི་གོང་བུ་དེ་ལ་སྤྱི་དམིགས་པའི་ཕྱིར་གསལ་བ་ཞིག་པའི་ཡུལ་དུ་ཡང་ཅི་ལྟར་ཞིག་ཏེ་མ་ཞིག་པ་ཁོ་ནའོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །སྔ་མར་ཞེས་སྔར་དམིགས་པའི་གསལ་བ་དང་འབྲེལ་བའི་ཡུལ་དུའོ། །དེའམ་ནི་གྲངས་ཅན་གྱིས་སོ། །གཞན་གྱིས་ཞེས་བྱ་བ་ནི་རྟོགས་པ་པོ་གཞན་གྱིས་སོ། །དོན་འདི་ཡིན་ཏེ། གལ་ཏེ་སྔར་གྱི་ཡུལ་དུ་གསལ་བ་ཞིག་པ་ན་སྤྱི་མ་ཞིག་ན་དེའི་ཚེ་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ་ཞེས་བྱ་བའོ། །ཁྱབ་པ་ཉིད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་རྩོད་པ་ཉིད་དེའི་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པའོ། །དམིགས་པ་ཁོ་ན་ཞེས་བྱ་བ་ནི་མངོན་པར་གསལ་བའི་གནས་སྐབས་ནའོ། །དོན་འདི་ཡིན་ཏེ་སྔར་གྱི་ཡུལ་ནི་རྣམ་པ་གཉིས་ཏེ། དང་པོ་ནི་གོང་བུའི་ཁྱད་པར་ཅན་དང༌། གོང་བུ་ཞིག་པ་ན་གོང་བུ་མེད་པ་ཅན་ནོ། །དེ་ལ་གོང་བུ་དང་ལྡན་པའི་ཡུལ་དུ་གོང་བུ་དམིགས་པ་ན་སྤྱི་དམིགས་པ་ཡིན་ལ། གོང་བུ་ཞིག་བ་ན་ནི་ཡུལ་དེ་མ་ཁྱབ་པ་ཡིན་ཏེ། གོང་བུའི་རང་བཞིན་མི་གསལ་བའི་ངོ་བོར་གནས་པ་ཡིན་ནོ། །དེས་ན་སྔར་གྱི་ཡུལ་དུ་མངོན་བར་གསལ་བའི་རང་བཞིན་གྱིས་གནས་པ་ལ་དེའི་ཡུལ་ཁྱབ་པར་བརྗོད་པ་ཡིན་ལ། མི་གསལ་བས་དེར་གནས་པ་ནི་ཡུལ་དེ་མ་ཁྱབ་པ་ཡིན་ནོ། །དུས་ཁྱབ་པ་ནི་མི་གསལ་བ་དང་གསལ་བའི་གནས་སྐབས་ན་གཙོ་བོའི་རང་བཞིན་དུ་ཡོད་པ་ཙམ་གྱིས་ཡིན་པར་འགྱུར་བ་ཡིན་ནོ། །ཡུལ་ཁྱབ་བ་ཙམ་ཉིད་ཅེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། མི་གསལ་


DTG186_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་སྐབས་ན་ནི་ཡུལ་ཁྱབ་པ་ཡང་མ་རྟོགས་པ་ཡིན་ནོ་ཞེས་སོ། །གྲུབ་པའི་མཐའ་པ་མི་གསལ་བ་ཉིད་མི་སྲིད་པར་བསམས་ནས་འདྲི་བ་ནི། བསྐལ་བ་ཞེས་བྱ་བའོ། །གཞན་གྱི་ལན་ནི་མི་སྣང་བའི་ཞེས་བྱ་བའོ། །འདི་ཡང་མི་འཐད་དོ་ཞེས་སྟོན་པ་ནི་ཅི་ལྟར་ཞེས་བྱ་པའོ། །སྣང་བ་ཞེས་བྱ་བ་ནི་མདོག་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དོགས་པ་བསུ་བ་ནི་ཡུལ་གཞན་དུ་ཞེས་བྱ་བ་སྟེ་གསལ་བ་འདས་པའི་ཡུལ་དུའོ། །ཐ་མི་དད་པའི་ཕྱིར་ན། རྣམ་པར་དབྱེ་བ་འདིར་མི་འགྱུར་རོ་ཞེས་བརྗོད་པ་ནི་སྣང་པའི་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཁྱབ་པ་ཉིད་ཞིག་པ་ནའོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་སྤྱི་མེད་པར་གྱུར་ནའོ། །གལ་ཏེ་གོང་བུ་ལས་གཞན་བདག་ལ་སོགས་པའི་བདག་ཉིད་ཅན་གྱི་སྤྱི་ནི་རྗེས་སུ་འགྲོ་བ་བློ་ལ་སྣང་བ་ཉིད་མ་ཡིན་ནམ། དེས་ན་ཅི་ལྟར་དེ་མེད་སྙམ་ན། གསལ་བ་ལས་ཞེས་བྱ་བའོ། །མཚུངས་པའི་རྣམ་པ་གཞན་དུ་མི་འཐད་པས་སྤྱི་གྲུབ་པར་དོགས་པ་བསུ་བ་ནི། འོ་ན་ཞེས་བྱ་བའོ། །ལན་ནི་ཁ་དོག་དང་ཞེས་བྱ་པའོ། །དེ་ལྟར་ཞེས་བྱ་བ་ནི་འདི་དག་ནི་མཚུངས་སོ་ཞེས་བྱ་བར་རོ། །ཡུལ་འཁོར་གྱི་རུང་ས་པ་ཞེས་བྱ་བ་ནི་རྒྱལ་པོའི་རིགས་ཀྱི་ཁྱད་པར་རོ། །དེར་ནི་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པ་དོན་གཅིག་བྱེད་བ་ཉིད་ཀྱིས་བྱས་པ་ཡིན་ནོ། །དོན་སོང་ཟིན་བ་ཉིད་ལྷག་བརྗོད་པའི་དོན་དུ་ཟློས་པར་བྱེད་པ་ནི། གཞན་ཡང་ཞེས་བྱ་བའོ། །མུ་སྟེགས་པ་གང་དག་འདི་སྐད་ཅེས་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པའི་རྒྱུ་མཚན་སྤྱི་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་མི་རིགས་པ་སྨྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྤྱི་ནི་རྟོགས་བ་ནི། དོན་གཅིག་པས་བྱས་པའམ། ཡང་ན་རྒྱུ་གཅིག་གིས་བསྐྱེད་པར་བྱ་བས་བྱས་པ་ཡིན་ནོ་བཟློག་བ་བརྗོད་པ་ནི། སྤྱིའི་ཞེས་བྱ་བའོ། །བྲམ་ཟེ་ཉིད་ལ་སོགས་པའི་སྤྱི་ནི་ཡོད་པ་མ་ཡིན་ཏེ། རྟེན་དམངས་རིགས་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་རོ། །རྟོག་པ་ལ་སོགས་པའི་རྣམ་གཞག་གཞན་དུ་མི་འཐད་པའི་རིགས་ཡོད་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་རིགས་ཡོད་པར་ཞེས་བྱ་བ་སྟེ་རིགས་ཡོད་ཀྱང་སྡིག་དང་བསོད་ནམས་ཀྱི་རྣམ་པར་གཞན་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རིགས་ནི་གསད་པར་ཞེས་བྱ་བའོ། །རྣམ་གཞག་འདི་ནི་ཚད་མས་གྲུབ་པ་


DTG186_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། སྡིག་པ་དང་ཞེས་བྱའོ། །ལུང་ཞེས་བྱ་བ་ནས་ཕྱི་རོལ་ཞེ་ན་ཞེས་བྱ་བའི་བར་ནི་རྩོད་པའོ། །ཉེ་བར་བསྟན་པའམ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཉེ་བར་བསྟན་པ་ནི་འདི་ལ་ནི་བྲམ་ཟེ་ཞེས་བྱའོ་ཞེས་བྱ་བའི་བརྡའོ། །མཚུངས་པའི་རྣམ་པར་འཛིན་པ་ཉིད་ཅི་ལྟར་ཞེ་ན། མཚུངས་པའི་ཞེས་བྱ་བའོ། །ཐོག་མ་མེད་པའི་བག་ཆགས་གང་ཡིན་པ་དང༌། ཉེ་བར་བསྟན་པ་གང་ཡིན་པ་སྟེ་དེ་དག་ཉིད་ལས་སོ། །དེས་པར་བཟུང་བའི་རྣམ་པར་གཅད་པར་བརྗོད་པ་ནི། དེ་ལས་གཞན་བའི་ཞེས་བྱ་བ་སྟེ་བག་ཆགས་དང་ཉེ་བར་བསྟན་པ་ལས་གཞན་ནོ། །རྣམ་བ་གཞན་གྱི་སྒོ་ནས་ཀྱང་སྤྱི་མེད་པར་བསྟན་པའི་ཕྱིར། རྣམ་པར་རྟོག་པ་གཉིས་བརྗོད་ན་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །སྤྱི་རྟོགས་པས་གསལ་བ་ལས་ཐ་དད་པའི་སྤྱི་ལས་ཏེ་རྣམ་པ་གང་ཡིན་པ་དེ་རིག་གམ་ཞེས་བྱ་བ་ནི་རྣམ་པར་རྟོག་བར་གཅིག་གོ །འོན་ཏེ་གཞན་ཡིན་ཏེ། རྟོགས་པ་ཙམ་ཡིན་ཞེས་བྱ་བ་ནི་གཉིས་པ་ཡིན་ཏེ། དེ་ལྟར་འདི་གདོན་མི་ཟ་བར་ཤེས་པར་བྱ་བ་ཡིན་ནོ། །གཞན་དུ་ནི་སྟེ་ཤེས་པར་མ་གྱུར་ན་ལོང་བའི་སྤྱོད་པར་འགྱུར་ཏེ། གཞལ་བྱ་ངེས་པར་རྟོགས་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་དང་པོ་སེལ་བ་ནི། ཁྱད་པར་ལས་ནི་ཞེས་བྱ་བའོ། །ཁྱད་པར་གྱི་བདག་ཉིད་རིག་པ་ཉིད་མི་གསལ་བའི་སྔོན་པོ་ལ་སོགས་པའི་རྣམ་པར་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །གཉིས་བསལ་བ་ནི་དེ་ལས་གཞན་དུ་བྱའོ་སྟེ་རྟོགས་པ་ཙམ་དུ་རིག་པས་ཁས་ལེན་ན་གཞལ་བྱ་སྤྱིའི་ཡོད་པ་ཉིད་དོན་དམ་པ་མ་ཡིན་གྱི་འོན་ཀྱང་རྟོགས་པས་སྤྱར་བ་ཉིད་དུ་འགྱུར་རོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་གསལ་བ་ལས་ཐ་དད་པའི་རྣམ་པ་དང་འབྲེལ་བ་ཉིད་དུའོ། །དེ་ལས་ཞེས་བྱ་བ་ནི་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པ་ལས་སོ། །འདིས་ནི་ཚིག་ལེ་འུར་བྱས་པ་གཉིས་ཀྱི་ཕྱེད་སྔ་མ་དག་བཤད་པ་ཡིན་ནོ། །ཕྱེད་ཕྱི་མ་འཆད་པ་ནི་འོན་ཏེ་ཞེས་བྱ་བའོ། །དོན་གྱི་ཁྱད་པར་ནི་སྤྱིའོ། །དེ་ལས་ཞེས་བྱ་བ་ནི་རྟོགས་པ་ལས་སོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་རྣམ་པ་གཞན་གྱི་རྟོགས་པ་ལས། གཞན་འགྲུབ་ན་དེའི་ཧ་ཅང་ཐལ་བར་འགྱུར་ཏེ། བུམ་པའི་རྣམ་པར་རྟོག་པ་ལས་སྣམ་བུ་འགྲུབ་པར་འགྱུར་རོ། །དེ་ལྟར་སྤྱི་ཐ་དད་པའམ་ཐ་མི་དད་པ་བསལ་ནས། གཉི་གའི་


DTG186_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཅན་བསལ་བའི་དོན་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ཞེས་བྱ་བའོ། །ཅི་ལྟ་འགལ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །རྗེས་སུ་འགྲོ་བའི་རང་བཞིན་གྱི་སྤྱི་གཞན་འདོད་པ་གང་ཡིན་བ་དེ་གལ་ཏེ་གསལ་བའི་རང་བཞིན་ཐ་དད་ལས། ཐ་མི་དད་དེ་གསལ་བའི་རང་བཞིན་ཡིན་ན་དེའི་ཚེ་ཅི་ལྟར་ཐ་དད་འགྱུར་ཏེ། གསལ་བ་ལས་གཞན་ཉིད་དུ་མི་འགྱུར་རོ། །དོགས་པ་བསུ་བ་ནི་ཐ་དད་སྣང་ནས་ཏེ་སྣང་བ་ན་ཐ་དད་པ་ཉིད་ཡིན་ན། ལན་ནི་ཡང་འདི་ཞེས་བྱ་བ་སྟེ་ཐ་དད་པ་འདིའོ། །ཚུལ་འགས་ཞེས་བྱ་བ་ནི་རྗེས་སུ་ཞུགས་པའི་རང་བཞིན་གྱིས་སོ། །དེ་ཉིད་ཅེས་བྱ་བ་ནི་གསལ་བ་ལས་ཐ་དད་པ་རྗེས་སུ་སོང་བའི་རང་བཞིན་ནོ། །དེ་ལྟ་ཡིན་དང་རྗེས་སུ་འགྲོ་བའི་རང་བཞིན་དེ་གཞན་མ་ཡིན་པ་ཉིད་རྒྱང་བསྲིངས་པར་འགྱུར་རོ་ཞེས་བརྗོད་པ་ནི། དེ་ནི་ཞེས་བྱ་བའོ། །འདི་སྙམ་དུ་རྗེས་སུ་འགྲོ་བའི་རང་བཞིན་གསལ་བ་ལས་ཐ་མི་དད་པ་ནི་མ་ཡིན་གྱི། འོན་ཀྱང་རྗེས་སུ་འགྲོ་བའི་རང་བཞིན་གཞན་གྱིས་ཐ་མི་དད་པར་འདོད་དོ་ཞེས་དོགས་པ་བསུ་བ་ནི། གཞན་གྱིས་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་དེའི་ཚེ་རྗེས་སུ་འགྲོ་བའི་རང་བཞིན་དེ་ནི་ཐ་དད་པ་དང༌། ཐ་དད་པ་མེད་པ་ཉིད་མིན་པར་འགྱུར་རོ། །འོན་ཏེ་རྗེས་སུ་འགྲོ་བའི་རང་བཞིན་ཉིད་ཀྱིས་བྲ་མི་དད་པ་ཡིན་ན་དེའི་ཚེ། དེ་ཉིད་ཀྱིས་ཐ་དད་མེད་ན། དེ་ཡང་ནི་ཞེས་བྱ་བ་ཐ་མི་དད་པ་དེ་ཡང་རྣམ་པ་སྟོང་འགྱུར་ཞེས་བྱ་བ་རྟག་ཏུ་ཐ་དད་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པ་དེ་ལས་བཏོན་པ་སྟེ་ལོགས་སུ་བཀོལ་བས་ནི། སྤྱི་དེར་ཏེ་ཐ་མི་དད་པའི་རང་བཞིན་དུ་མི་འགྱུར་བ་ཁོ་ནའོ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཐ་མི་དད་པར་གྱུར་ན་ཐ་མི་དད་པའི་རང་བཞིན་ཟད་བར་འགྱུར་བའི་ཕྱིར་རོ། །ཡང་ན་དེ་ཉིད་ཀྱི་ཐ་དད་མེད་ན། སྤྱི་དེ་ཡང་རྣམ་པ་སྟོང་དུ་འགྱུར་ཏེ། ཐ་དད་བ་དང་ཐ་མི་དད་པའི་རང་བཞིན་གྱིས་མཐའ་ཡས་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་མཐའ་ཡས་བའི་རང་བཞིན་ཡིན་པ་ལས་ནི་སྟོན་པས་ཏེ་བསྒྲིབས་པས་ན་དེར་ཏེ་སྤྱིར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྣམ་པ་དུ་མར་བརྟགས་པས་ཟད་པར་གྱུར་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གསལ་བ་རྣམས་ལས་ཐ་དད་པ་ཡིན་ན། དེའི་ཚེ་བལྟར་རུང་བར་འགྱུར་ཏེ། གསལ་བས་དབེན་པའི་རང་བཞིན་དུ་བལྟར་


DTG186_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་ཁས་བླངས་པའི་ཕྱིར་རོ། །ཐ་མི་དད་ན་ནི་ལྟར་མི་རུང་བར་འགྱུར་ཏེ་གསལ་བ་ཉིད་བ་ལྟར་རུང་བའི་ཕྱིར་རོ། །དེ་ཉིད་དེའི་ཚེ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཐ་དད་ཐ་དད་མིན་པའི་ཚིག་གཉིས་དང༌། མཐོང་བ་མཐོང་བ་མིན་པ་གཉིས་རིམ་བ་ཅི་ལྟ་བ་བཞིན་འབྲེལ་ཏོ། །དེ་ལྟར་འགྱུར་མོད་ཅི་སྐྱོན་སྙམ་ན། མཐོང་དང་ཞེས་བྱ་བའོ། །མཐོང་དུ་རུང་བ་དང་མི་རུང་བ་དག་ནི་མཚན་ཉིད་ཀྱིས་འགལ་བ་ཡིན་པའི་ཕྱིར་དེའི་བདག་ཉིད་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཡ་མཚན་ཆེ་སྙམ་ན། འདི་ལྟར་ཞེས་བྱ་བའོ། །མཐོང་བ་དང་མ་མཐོང་བ་ཕན་ཚུན་སྤངས་པའི་མཚན་ཉིད་ཅན་རྟགས་སུ་གྱུར་པ་ལས་དངོས་པོ་ཡོད་དང་མེད་པར་ནི་རིགས་པས་འགྲུབ་པའི་ཕྱིར་ན། སྤྱིའི་དངོས་པོ་ནི་གཅིག་ཉིད་དུ་འགྱུར་རོ། །དེ་ལྟར་ཁས་བླངས་པ་ན་ཡང་སྲོག་ཆགས་ཤི་པ་ཡང་མ་ཤི་བའི་བདག་ཉིད་དང་གཅིག་ཏུ་འགྱུར་རོ་ཞེས་སྦྱར་རོ། །དེས་ནི་སྤྱི་ནི་བལྟར་རུང་བ་དང་མི་རུང་བར་འདོད་པར་མི་བྱའོ། །ཐ་དད་པ་དང་ཐ་མི་དད་པར་ཁས་ལེན་ན་ནི་རིགས་པའི་སྟོབས་ཀྱིས་བལྟར་རུང་བ་དང་མི་རུང་བར་ཡང་འགྱུར་རོ། །བསྟར་རུང་བ་ཉིད་ནི་བལྟར་མི་རུང་བ་མེད་པ་ཡིན་ལ་བལྟར་མི་རུང་ཡང་བལྟར་མེད་པ་ཡིན་ཏེ། དེས་ན་འདི་དག་ནི་གཞི་གཅིག་པ་ཉིད་མ་ཡིན་ནོ། །དེས་ན་སྤྱི་གཉི་གའི་རང་བཞིན་དུ་སྨྲ་བ་ནི་མ་ཡིན་ནོ། །དེ་ལྟར་དོན་དམ་པ་པའི་སྤྱི་རྣམ་པ་ཐམས་ཅད་དུ་བཟློག་ནས། འགལ་བ་མེད་པའི་ཕྱིར་བརྟགས་པ་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི། དེ་ཕྱིར་ཞེས་བྱ་བ་སྟེ་དོན་དམ་པའི་སྤྱི་མེད་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དོན་དམ་པ་པའི་ཐ་དད་བ་མེད་པས་ནའོ། །དེ་ཞེས་བྱ་བ་ལྡོག་པ་བརྟགས་པའི་ཐ་དད་པ་མེད་པར་རོ། །འདིས་ནི་དུ་མ་གཅིག་ལས་ལོག་པ་ནི། རང་བཞིན་གཅིག་གིས་རྟོགས་པས། ཡུལ་དུ་བྱེད་བར་འགྱུར་བྱ་བའི་མཇུག་བསྡུས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཆོས་དང་ཆོས་ཅན་དག་ཐ་དད་ན། ཅི་ལྟར་དེ་ཉིད་དང་གཞན་ཉིད་འགོག་སྙམ་ན། དོན་དམ་པར་ནི་ཞེས་བྱ་བའོ། །རྣམ་པར་བཤད་པ་མཛད་པའི་བཞེད་པས་དོན་འདི་ཡིན་ཏེ། ཀུན་རྫོབ་པ་རྟོགས་པའི་བློས་བསྟན་པ་ནི། ཆོས་དང་ཆོས་ཅན་གྱི་མཚན་ཉིད་ཀྱི། དངོས་པོ་རྣམས་ལ་རྣམ་པར་གནས་པའི་དེ་ཉིད་དང་གཞན་ཉིད་གང་ཡིན་པ་དེ་ནི་དོན་དམ་ཕ་པའི་རང་བཞིན་དུ་འགོག་པར་འགྱུར་ཏེ། གང་ཞིག་རྣམ་བར་རྟོག་པ་ཅན་གྱི་


DTG186_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བསྟན་པ་དེ་ནི་དོན་དམ་པ་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཡིན་ནོ། །ཅི་ལྟར་འགོག་སྙམ་ན། དོན་དམ་པར་ནི་རྣམ་པར་དཔྱད་ན་ཞེས་བྱ་བའོ། །མངོན་སུམ་གྱི་ཚད་མས་ནི་ཆོས་དང་ཆོས་ཅན་དག་ཐ་དད་བར་མི་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །དེས་ན་རྟོག་པའི་བློ་ལ་མོས་དང་ཆོས་ཅན་ཐ་དད་པར་སྣང་བས་ན་དེ་ཙ་ལྟར་བསྙོན་པར་ནུས་ཞེས་བྱ་བའི་རྩོད་པ་འདི་བསལ་བ་ཡིན་ནོ། །ཐ་དད་པ་ནི་ཡོད་པ་ཁོ་ནའོ། །ཀྱང་དེ་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །ཛ་ཡནྟ་ས་ནི་རྣམ་པ་གཞན་དུ་འཆད་དེ། གལ་ཏེ་ཀུན་རྫོབ་ཏུ་ཐ་དད་བར་ཁས་ལེན་ན་དེའི་ཚེ་ཆོས་ལ་སོགས་པ་ཐ་དད་པ་དངོས་པོ་ཐམས་ཅད་ལ་མ་གྲུབ་པར་ཅི་ལྟར་བརྗོད། ཀུན་རྫོབ་ཏུ་གྲུབ་པ་གང་ཡིན་པ་དེ་ཡང་དོན་དམ་པར་གྲུབ་པ་ཁོ་ན་ཡིན་ནོ་སྙམ་དུ་དོགས་ན་དོན་དམ་པར་རྣམ་པར་དཔྱད་ན་ནི། རིགས་ལ་སོགས་པ་གསལ་བ་དང་དེ་ཉིད་དེ། དེའི་བདག་ཉིད་དཔེར་ན་བ་ལང་ཁྲ་བོ་ཡིན་ནོ་ཞེས་བྱ་བ་དང༌། གཞན་ཉིད་དེ་རིགས་ལ་སོགས་པ་གསལ་བ་ལ་ཐ་དད་པ། དཔེར་ན་འདིའི་བ་ལང་ཉིད་ཅེས་བྱ་བ་དེ་ཉིད་རང་གཞན་ཉིད་འགོག་པར་འགྱུར་རོ། །གཏན་ཚིགས་གང་གིས་འགོག་སྙམ་ན། མངོན་སུམ་གྱིས་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར་རོ། །ཡུལ་གང་ལ་གནས་ནས་འགོག་སྙམ་ན། ཀུན་རྫོབ་པའི་དངོས་རྣམས་ལ་སྟེ་རྟོག་པའི་བག་ཆགས་ལས་བྱུང་བ་རྣམས་ལའོ་ཞེས་སོ། །ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་བ་ནས་བརྩམས་ཏེ། དབྱེ་བ་རྟོག་པས་གྲུབ་པ་ཡིན་ཞེས་བྱ་བའི་བར་གྱིས་ནི་ཀུན་རྫོབ་བའི་ཞེས་བཤད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ནི་རྗེས་སུ་ཞུགས་པ་དང་ལྡོག་པ་དག་གོ །དེ་ཡང་ཞེས་བྱ་བ་ནི་སྤྱིའོ། །བ་ལང་ངོ་སྙམ་པའི་རྣམ་པར་རྟོག་པས་ཡོངས་སུ་བསྒྱུར་བའི་དངོས་པོ་བདག་ལ་སོགས་པ་མི་གསལ་བའི་རང་བཞིན་ཅན་གསལ་བ་ཙམ་གྱི་མཐར་ཐུག་པར་སྣང་བ་ནི་སྤྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་ཅི་ལྟར་སྙམ་ན། འདི་ལྟར་ཞེས་སྨོས་སོ། །གསལ་བ་ལས་གཞན་མ་ཡིན་པར་ཞེས་བྱ་བ་ནི་གསལ་བ་གཅིག་ལས་གཞན་མ་ཡིན་པར་རོ། །ཐ་དད་རྣམ་པར་གནས་ཞེས་བྱ་བ་ནི་སྤྱི་དང་གསལ་བ་དག་གོ །དེས་ན་ཞེས་བྱ་བ་ནི་གཅིག་ཉིད་མེད་བས་སོ། །དེ་ནི་དོན་དམ་བར་ནི་ཞེས་བྱ་བ་འཆད་པ་ནི། དེས་ན་ཞེས་བྱ་བ་སྟེ་རྟོག་པས་གྲུབ་པ་ཡིན་པའི་གཏན་


DTG186_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་དེས་ན། ཐ་དད་པ་ནི་དོན་དམ་བར་ན་མངོན་སུམ་གྱིས་འཛིན་པ་མ་ཡིན་ནོ། །གལ་ཏེ་རྟོག་པས་གྲུབ་པ་ཡིན་ཡང་ཅི་སྟེ་དོན་དམ་པ་ཉིད་མ་ཡིན་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །མངོན་སུམ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པ་ཐ་དད་པ་གང་ལ་འཇུག་པ་དེ་ཡང་དོན་དམ་པ་ཉིད་ཡིན་ནོ་ཞེས་སྦྱར་རོ། །དེས་ན་རྟོག་པས་གྲུབ་པ་ནི་དོན་དམ་པ་མ་ཡིན་ནོ་ཞེས་དགོངས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པའི་ཐ་དད་པའི་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་ཆོས་ཅན་གྱི་རང་བཞིན་ལས་ཐ་དད་འདིའི་སྒྲུབ་བྱེད་དེ་རྟགས་ཀྱི་རང་བཞིན་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ནི་ཀུན་རྫོབ་ཏུ་གནས་པའི་ངོ་བོ་སྟེ་ཡོད་པ་ཉིད་དང་ལྡན་པ་གང་ཡིན་བ་དེའི་དངོས་པོ་ནི་ཉིད་དོ། །ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཅན་གྱི་རང་བཞིན་ལས་དེ་ཉིད་གཞན་ཉིད་དེ། ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་དུ་ན་ནི། དེ་ཉིད་དུ་སྟེ་དོན་དམ་པར་ན་བྱས་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་ཡོད་པ་མ་ཡིན་ནོ། །འོ་ན་བརྟགས་པའམ་དོན་དམ་པ་ཉིད་གང་ཡིན་ཞེ་ན། རྟོག་བ་ཙམ་ལས་ཆོས་ཅན་ལས་ཐ་དད་པར་གྱུར་པ་ཡིན་ལ། དོན་དམ་པར་ནི་གསལ་བའི་དངོས་པོ་གནས་བ་ཡིན་ནོ། །བྱས་པ་ཉིད་ལ་སོགས་པའི་ཆོས་ནི་ཆོས་ཅན་སྒྲ་ལས་ཐ་དད་པ་བརྟགས་པ་ཡིན་ལ། སྒྲའི་གསལ་བ་ན་མི་མ་བརྟགས་པ་ཁོ་ན་ཡིན་ནོ། །འདིས་ནི་རང་གི་མཚན་ཉིད་ཁོ་ན་མངོན་སུམ་དུ་གྲུབ་པ་ཡིན་པའི་ཕྱིར་དོན་དམ་པ་ཡིན་གྱི། རིགས་ལ་སོགས་པའི་ཆོས་ནི་མ་ཡིན་ཏེ། རྟོག་པས་གྲུབ་པ་ཡིན་པའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ཉིད་ཡིན་པས་ནའོ། །དེ་ལྟར་རང་གི་མཚན་ཉིད་མངོན་སུམ་གྱིས་གྲུབ་པ་ཉིད་དུ་བརྗོད་ནས། རྗེས་སུ་དཔག་པས་གྲུབ་བར་བརྗོད་པ་ནི། མངོན་སུམ་སྔོན་དུ་ཞེས་བྱ་བའོ། །མངོན་སུམ་གྱིས་ནི་ཚད་མ་ལ་སོགས་པར་རིགས་མི་མཐུན་བ་ལས་ལྡོག་བའི་མེ་དང་དུ་བའི་གསལ་བ་དག་འབྲེལ་བར་གྲུབ་ལ། དུས་གཞན་དུ་རི་ལ་སོགས་པར་དུ་བ་ལས་གསལ་བ་ཁོ་ན་སྒྲུབ་པར་བྱེད་དོ། །དོན་དུ་གཉེར་པ་རྣམས་ནི་དེ་ཉིད་ལ་འཇུག་པའི་ཕྱིར་རོ། །སྤྱི་སྒྲུབ་པ་ནི་མ་ཡིན་ཏེ། དེ་ནི་དོན་བྱ་བ་དོན་དུ་གཉེར་པ་རྣམས་མི་འདོད་པའི་ཕྱིར་རོ། །རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་ན་ནི། འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ཚ་དམ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ནི་དེ་ལས་ཞེས་བྱ་བ་སྟེ་གསལ་བའི་རང་བཞིན་དེ་ལས་


DTG186_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྤྱིའི་གཞན་རྗེས་སུ་དཔག་པས་གྲུབ་ན་དེའི་ཚེ་ཁྱད་པར་ཏེ་གསལ་བ་རྣམས་ལ་ནི་འཇུག་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་རྣམས་བརྗོད་པ་མེད་པས་ཏེ། མ་རྟོགས་པས་ནའོ། །ཁྱད་པར་རྣམས་ནི་རྗེས་སུ་དཔག་པའི་ཤེས་པ་ལ་རང་གི་རང་བཞིན་གཏོད་བར་བྱེད་པ་མ་ཡིན་ལ། དེ་དག་གི་རང་གི་མཚན་ཉིད་མི་སྣང་བ་ཉིད་ཀྱང་མ་རྟོགས་པ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །ཁྱད་པར་སྣང་བ་མེད་པ་ནི་ཁྱད་པར་མ་ངེས་པའོ། །ཅིའི་ཕྱིར་འཇུག་པར་མི་འགྱུར་ཞེ་ན། མ་རྟོགས་པ་ལ་ནི་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པ་ལས་སྤྱི་རྟོགས་བས་ན། ཁྱད་པར་མ་རྟོགས་པ་འབྱུང་བ་ཡིན་ཏེ། ཁྱད་པར་དང་བྲལ་བའི་སྤྱི་ནི་མེད་དོ་ཞེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ། །དེས་ན་འཇུག་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་གསལ་བ་དང་སྤྱི་དག་འབྲེལ་པ་འཛིན་པའོ། །ལན་ནི་ཁྱད་པར་ལ་འཇུག་པ་དེ་ཉིད་ཅི་ལྟར་འགྱུར། སུ་ཞེ་ན། ཁྱད་པར་རྟོགས་པ་མེད་པའི་སྐྱེས་བུའོ། །དེས་ན་འདི་ནི་གཏན་ཚིགས་ཀྱི་ཚིག་གོ །རིའི་ཡུལ་ན་ཡོད་པའི་མེ་ནི་ལྐོག་ཏུ་གྱུར་བ་ཡིན་ཏེ། དེས་ན་གང་གི་འཇུག་པར་འགྱུར་བ། རྗེས་སུ་དཔག་པས་གསལ་བའི་ཁྱད་པར་ངེས་པར་ཅི་ལྟར་འགྱུར། དེས་ན་ནི་ཁྱད་པར་མི་རྟོགས་པས་ནའོ། །དུ་བ་ལ་སོགས་པའི་རྟོགས་པ་ལས་རྟོགས་པ་མེ་ལ་སོགས་པའི་སྤྱི་ལས་རྗེས་སུ་དཔག་པའི་རྟོགས་པ་གང་ཡིན་པ་དེ་ནི། གསལ་བ་རྟོགས་པ་ཡིན་ཏེ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ན། དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ། རྗེས་སུ་དཔག་པས་གསལ་བ་རྟོགས་པ་ཡིན་ན། དུ་བས་རྗེས་སུ་དཔག་པའི་མེ་ཉིད་ཀྱི་སྤྱི་རྟགས་སུ་གྱུར་བ་ལས་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་གསལ་བ་རྟོགས་པ་ཡིན་ནོ། །དེའི་ཕྱིར་ན་དེའི་ཚེ་ཡང་ཞེས་བྱ་བ་གསལ་བ་ཐུན་མོང་མ་ཡིན་པའི་རང་བཞིན་དུ་རྟོགས་པར་མི་ནུས་པས་ན། ཡང་གསལ་བའི་སྤྱི་གཞན་རྟོགས་པར་འགྱུར་ཏེ། དེས་ན་དེ་ལྟར་སྤྱི་བརྒྱུད་པ་རྟོགས་པ་ཉིད་ཐུག་པ་མེད་དོ། །དང་པོ་ཉིད་ཅེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་ཀྱི་སྟོབས་ཀྱིས་བསྐྱེད་པའི་རྗེས་སུ་དཔག་པ་སྐྱེས་པའི་དུས་ཉིད་ནའོ། །དེ་ལྟར་ཡིན་མོད་ཅི་སྐྱོན་སྙམ་ན། གསལ་བ་ཞེས་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་ན་འཇུག་པར་བྱེད་པ་ཉིད་མ་


DTG186_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །བློས་བཀོད་པའི་སྤྱིའི་ཕྱོགས་ལ་ཡང་ཉེས་པ་འདི་ཉིད་ཡིན་ནོ་སྙམ་པར་དོགས་པ་ནི། གལ་ཏེ་བློའི་ཞེས་བྱ་བའོ། །ལན་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །རིགས་མི་མཐུན་པ་ལས་ལྡོག་པའི་གསལ་བ་མཐོང་ན་རྣམ་པར་རྟོག་པ་སྐྱེ་ལ། རྣམ་པར་རྟོག་པ་ལས་ཀྱང་འཇུག་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བའི་ཕྱིར་མཐོང་བ་དང་རྣམ་པར་རྟོག་པ་དང་འཇུག་པ་རྣམས་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ། །གལ་ཏེ་སྤྱི་བློས་བཀོད་པའི་ཕྱོགས་ལ་རྒྱུ་དང་འབྲས་བུའི་དངོས་པོ་ལ་ཕྱི་རོལ་ལ་འཇུག་པ་ཡིན་ན། འོ་ན་ངེས་ཀྱི་ཡང་ཞེས་བྱ་བའོ། །མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི། དང་པོ་གསལ་བ་དང་སྤྱི་དག་གིས་མཐོང་བ་བསྐྱེད་ལ། དེས་ནི་རྣམ་པར་རྟོག་པ་རྟོག་པས་ཀྱང་འཇུག་པ་ཡིན་ནོ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ལན་ནོ། །རྒྱུ་དང་འབྲས་བུ་ནི་ཨ་རུར་དང་འདྲ་བར་ཡིན་ལ་ལྷ་དང་འདྲ་བ་ནི་སྤྱི་ཡིན་ནོ། །རིགས་མི་མཐུན་པ་ལས་ལོག་པའི་གསལ་བ་མཐོང་བ་ན་སྤྱིར་སྣང་བའི་རྣམ་པར་རྟོག་པ་ལས་འཇུག་པ་གྲུབ་པ་ན། སྤྱི་ནི་ཅི་ཡང་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་འགྲེལ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྤྱི་དོན་དམ་པ་བ་མེད་པའི་ཕྱིར་རོ། །ཅི་ལྟར་འདི་ཉིད་གཟུང་བར་བྱ་བ་ཡིན་ཞེ་ན། སྤྱི་ནི་ཞེས་བྱ་བའོ། །གལ་ཏེ་སྤྱི་དང་དངོས་པོར་གྱུར་པ་གསལ་བ་རྣམས་ལས་ཐ་དད་པ་རྗེས་སུ་དཔག་པའི་སྤྱོད་ཡུལ་ཡིན་ན་དེའི་ཚེ་གསལ་བ་ལ་འཇུག་པར་མི་འགྱུར་ཏེ། གསལ་བ་ནི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་དུ་གྱུར་པ་ནི་སྤྱི་ཡིན་ནོ། །དེ་ཡང་དོན་བྱ་བ་བྱེད་པར་མི་ནུས་སོ། །གསལ་བ་མ་བསྟན་པའི་ཕྱིར་ལྡོག་པ་ཁོ་ནར་འགྱུར་རོ་ཞེ་ན། ལྡོག་པ་མེད་པར་འགྱུར་ཏེ། འཇིག་རྟེན་ན་དོན་བྱ་བ་དོན་དུ་གཉེར་བའི་ཕྱིར་རོ། །འདིས་ནི་འདུག་པར་ཡང་མི་བྱ་འགྲོ་བར་ཡང་མི་བྱ་ཞེས་བྱ་བའི་ཚུལ་བསྟན་པ་ཡིན་ནོ། །འདི་ཉིད་བརྗོད་པ་ནི། སྤྱི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གསལ་བ་མ་རྟོགས་ནའོ། །འོན་ཏེ་དུ་བས་རྟོགས་པའི་མེ་ཉིད་ནི་གསལ་བ་རྟོགས་པར་བྱེད་པ་ཡིན་ཏེ། དེས་ན་དེར་འཇུག་པ་ཡིན་ནོ་སྙམ་དུ་དོགས་ན་གསལ་བ་ཞེས་བྱ་བའོ། །དུ་བ་ནི་རྟགས་ཀྱིས་རྟོགས་པའི་མེ་ཉིད་ཀྱིས་གསལ་བ་རྟོགས་པར་ཁས་ལེན་ན། དུ་བ་དེ་ཉིད་ལས་མེའི་གསལ་བ་རྟོགས་པར་འགྱུར་མོད། ངེས་པར་བཟུང་བས་ནི་མེ་ཉིད་ཀྱི་


DTG186_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལས་མེ་རྟོགས་པ་ཟློག་པར་བྱེད་དོ། །སྤྱིས་ཞེས་བྱ་བ་ནི་མེ་ཉིད་ཀྱི་སྤྱིས་སོ། །གལ་ཏེ་མེའི་སྤྱི་རྟགས་མ་ཡིན་པ་ལས་མེའི་གསལ་བ་རྟོགས་ལ་དུ་བ་ཉིད་ནི་རྟགས་སུ་གྱུར་བ་ལས་མེ་རྟོགས་པ་ཡིན་པའི་ཕྱིར་ཁྱད་པར་ཡོད་དོ་སྙམ་དུ་དོགས་ན། སྤྱིས་ཀྱང་ཞེས་བྱ་བའོ། །མེ་ཉིད་ཀྱི་སྤྱི་ལས་མེའི་གསལ་བ་རྟོགས་པ་ཡང༌། རྟགས་སུ་གྱུར་པ་ཁོ་ན་ལས་ཡིན་ཏེ། གང་དང་གང་ན་མེ་ཉིད་ཡོད་པ་དེ་དང་དེ་ན་མེའི་གསལ་བ་ཡོད་དོ་དཔེར་ན་ཚང་བང་བཞིན་ནོ། །འདི་ན་ཡང་མེ་ཉིད་ཡོད་དོ་ཞེས་མེའི་སྤྱི་རྟགས་སུ་གྱུར་པ་ཁོ་ན་ལས་གསལ་བ་རྟོགས་པ་ཡིན་ནོ། །དངོས་སུ་རྟོགས་ན་ནི། གསལ་བར་འགྱུར་བའི་ཕྱིར་རོ། །མངོན་སུམ་གྱིས་རྟོགས་པ་ནི་དུ་བས་རྟོགས་པའི་མེའི་སྤྱི་ལས་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་མེ་ཉིད་རྟགས་སུ་གྱུར་པས་གསལ་བ་རྟོགས་པར་བྱེད་ན་དེའི་ཚེ་དེ་བས་ཉེས་པ་ཅི་བྱས། དེས་ན་སྤྱི་ནི་འགར་ཡང་ཁས་བླང་བར་བྱ་བ་མ་ཡིན་ནོ། །གལ་ཏེ་སྤྱིའི་དངོས་པོ་མི་འདོད་ན་དེའི་ཚེ་སྤྱིའི་ཆོས་གཉིས་ཁྱབ་པ་མི་འདོད་པར་འགྱུར་རོ། །གསལ་བ་གཅིག་གིས་ནི་གསལ་བ་གཞན་གོ་བར་བྱེད་པ་མ་ཡིན་ཏེ། ཁྱབ་པའི་འབྲེལ་པ་མེད་པའི་ཕྱིར་རོ། །སྤྱིའི་དོན་ཁས་ལེན་ན་ནི་སྤྱི་གཉིས་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡིན་ཏེ་ཁྱབ་པའི་འབྲེལ་པ་ཡོད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །གསལ་བ་གཞན་དང་ཞེས་བྱ་བ་ནི་རི་ཡ་སོགས་པ་ན་ཡོད་པའི་མེའི་ཁྱད་པར་དང་ངོ༌། །རྟགས་སུ་འགྱུར་བའི་གསལ་བ་ནི་ཞེས་བྱ་བ་ནི། ཚང་བང་ན་ཡོད་པའི་དུ་བའི་གསལ་བའོ། །གསལ་བ་དག་ལ་ནི་འབྲེལ་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །མེ་ཉིད་དང་དུ་བ་ཉིད་ཀྱི་སྤྱི་དག་ལ་ནི་འབྲེལ་བ་ཡོད་དེ། དེ་གཉིས་ནི་ཁྱབ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་མེ་ཉིད་ཀྱི་སྤྱི་རང་གི་གསལ་བ་རྣམས་ཀྱི་ཁྱབ་པར་བྱེད་པ་ཡིན་ན། དེའི་ཚེ་ཚང་བང་དུ་ཁྱབ་པར་བྱེད་པའི་མེ་ཉིད་རྟོགས་པ་ན་རི་ལ་གནས་པའི་མེའི་གསལ་བ་ཡང་ཁྱབ་བར་བྱ་བར་རྟོགས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ཁྱབ་པར་བྱེད་པ་ཉིད་དུ་མི་རྟོགས་པར་འགྱུར་བའམ། རྟོགས་ན་ཡང་རྗེས་སུ་དཔག་པ་དོན་མེད་བར་འགྱུར་རོ་ཞེས་ལན་འདེབས་པ་ནི། སྤྱི་ནི་ཞེས་བྱ་བའོ། །མེ་ཉིད་ཀྱི་སྤྱི་ཁྱབ་པ་ཉིད་དུ་ཁས་ལེན་ན། སྤྱི་དེ་གསལ་བ་གཞན་གྱི་སྟེ་རིལ་གནས་པའི་མེའི་ཁྱད་པར་གྱི་གོ་བྱེད་དུ་ཅི་ལྟར་འདོད་དེ། མི་འགྱུར་བ་ཉིད་དོ། །ཅིའི་


DTG186_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། དེ་བཞིན་ཉིད་དུ་དེ་ཚང་བང་དུ་ཁྱབ་པར་བྱ་བ་ལ་ལྟོས་ཏེ། མེའི་སྤྱི་ཁྱབ་པར་བྱེད་པ་ཉིད་དུ་བཟུང་ནའོ། །མེ་ཉིད་ཀྱི་སྤྱི་དུ་བ་རྟོགས་པ་ནི། མེའི་སྤྱི་གོ་བར་བྱེད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །གལ་ཏེ་ཉེས་བ་འདི་ནི་སངས་རྒྱས་པ་ལ་ཡང་མཚུངས་པ་མ་ཡིན་ནམ། ཁྱབ་པ་སྒྲུབ་པར་བྱེད་པའི་ཚད་མས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་བཟུང་བའི་ཕྱིར་རོ་ཞེ་ན། དེ་ཉིད་དུ་ན་ཞེས་སྨོས་སོ། །གང་གི་ལྟར་ན་ངེས་བའི་ཤེས་པ་ཡུལ་དང་བཅས་པ་དེ་དག་ལ་ཉེས་པ་འདིར་འགྱུར་གྱི། བདག་ཅག་ལ་ནི་མ་ཡིན་ཏེ། འོལ་གྱི་རྣམ་པས་འཁྲུལ་པའི་ཞེན་པ་འཇུག་པའི་ཕྱིར་རོ། །འོ་ན་ཚང་བར་དུ་ཁྱབ་པར་བྱེད་པ་འཛིན་པ་ན་ཁྱབ་པར་བྱ་བ་འཛིན་པར་མི་འགྱུར་རོ། །མ་བཟུང་ཡང་དངོས་པོ་ལ་ཁྱབ་བྱེད་ཡིན་པ་མི་ཉམས་པའི་ཕྱིར་རོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཡང་མེའི་སྤྱི་ཁྱབ་པ་ཡིན་ན། དེ་ལྟ་ན་མེའི་ཁྱད་པར་དེའི་རྗེས་སུ་དཔག་པའི་དུས་ན་འབྱུང་བར་འགྱུར་བའི་ཁྱབ་པར་བྱ་བ་མ་བཟུང་ན་ཅི་ལྟར་མེའི་སྤྱི་དེའི་རྗེས་སུ་དཔག་པའི་དུས་ན་ཡོད་པའི་ཁྱབ་པར་བྱེད་པ་ཡིན་པར་འཛིན་པ་དེ་ལྟར་མི་འཛིན་མོད། དེ་ལྟ་ན་ཡང་དེ་ལས་རྟོགས་པ་ཁོ་ནའོ་ཞེ་ན། བརྗོད་པ་འབྲེལ་པ་མ་བཟུང་བ་ལས་ཞེས་བྱ་བའོ། །རང་གི་གསལ་བ་དང་འབྲེལ་པ་མ་བཟུང་བའི་མེ་ཉིད་ཀྱི་སྤྱི་ལས། རི་ལ་ཡོད་པའི་མེའི་གསལ་བ་རྟོགས་ན་ནིའོ། །ཧ་ཅང་ཐལ་བའི་ཚུལ་བརྗོད་པ་ནི་བ་ལང་ཉིད་ལ་སོགས་པ་སྤྱི་གཞན་གྱི་གསལ་བ་ཁྲ་བོ་ལ་སོགས་པ་གང་ཡིན་པ་དེ་ཡང་མེ་ཉིད་ཀྱི་སྤྱི་ལས་རྟོགས་པར་འགྱུར་རོ། །གལ་ཏེ་རི་ལ་མེ་ཉིད་ཀྱི་སྤྱི་དུ་བ་ལས་ཡོད་པར་རྟོགས་པས་མེའི་གསལ་བ་རྟོགས་པར་བྱེད་ན། དེའི་ཚེ་པ་ལང་གི་གསལ་བ་ཡང་རྟོགས་པར་བྱེད་པར་འགྱུར་ཏེ། འབྲེལ་པ་མ་བཟུང་བར་མཚུངས་པའི་ཕྱིར་རོ། །འོན་ཏེ་གསལ་བ་ཁྲ་བོ་དེ་དང་མེ་ཉིད་མ་འབྲེལ་བའི་ཕྱིར་རོ་ཞེས་སྤྱིར་ལན་འདེབས་པ་ན། མེ་ཉིད་ནི་མེའི་གསལ་བ་ལ་འདུ་བའི་འབྲེལ་པས་འབྲེལ་པར་འགྱུར་བ་ཡིན་ཏེ། དེས་ན་དེ་དག་ནི་ཡོད་པ་ཙམ་གྱིས་གོ་བར་བྱ་བ་དང་གོ་བར་བྱེད་པ་ཡིན་ནོ་ཞེས་བསམས་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གང་གིས་མེ་དང་མེ་ཉིད་གཉིས་ཀྱིས་འབྲེལ་པ་མ་བཟུང་བ་དེས་ཀྱང་མེ་ཉིད་ལས་མེ་རྟོགས་པར་འགྱུར་རོ། །གཞན་ཡང་བྱ་བ་ལ་སོགས་


DTG186_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་འདི་ཡིན་ཏེ། མེ་ཉིད་ཀྱི་སྤྱི་ནི་མེའི་གསལ་བར་འབྲེལ་གྱི་ཁྲ་བོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས། དེས་ན་གང་དུ་འབྲེལ་བ་དེ་གོ་བར་བྱེད་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་མི་འཐད་དེ། སྤྱི་གསལ་བ་ལ་འབྲེལ་ཏོ་ཞེས་བྱ་བ་ཉིད་ཅི་ལྟར་ཤེས་པར་བྱ་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་རོ། །སྤྱི་ལ་ཞེས་བྱ་བ་ནི་རྟགས་ཀྱིས་རྟོགས་པར་བྱས་པའི་སྤྱི་ལས་སོ། །དེའི་ཚེ་སྒྲས་རྟོགས་པའི་སྤྱི་ལས་ཀྱང་གསལ་བ་རྟོགས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །ཆུ་ཀླུང་གི་དོགས་ན་ཁ་རའི་ཕུང་པོ་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་ངག་ལས་ནི་གསལ་བ་རྟོགས་པ་ཡོད་པ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་རྟོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྟགས་ལས་བྱུང་བ་ཡང་ངོ༌། །གལ་ཏེ་ཞེས་བྱ་བ་ནས་ཞེ་ནའི་བར་ནི་རྩོད་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་རྟོགས་པ་ལས་ཡང་ངོ༌། །རྟགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། རྟགས་ཀྱིས་ནི་སྤྱི་ཉིད་རྟོགས་ཀྱི་གསལ་བ་ནི་མ་ཡིན་ཏེ། དེ་རྟོགས་ན་ནི་སྤྱི་རྟོགས་པ་དོན་མེད་པར་འགྱུར་རོ། །དེས་ན་རྟགས་ནི་སྤྱི་ཁོ་ན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེ་ལས་ཞེས་བྱ་བ་ནི། རྗེས་སུ་དཔག་པའི་སྤྱི་རྟོགས་པ་ཡིན་ཡང་གལ་ཏེ་གསལ་བ་རྟོགས་ནའོ། །དེའི་ཚེ་སྤྱི་སྟེ་ཐམས་ཅད་ལ་སྟེ་སྒྲའི་རྟོགས་པ་ལ་ཡང་གསལ་བ་རྟོགས་པ་ཡོད་པ་མ་ཡིན། དོགས་པ་ནི་སྒྲས་ནི་སྤྱི་ཙམ་ཞེས་བྱ་བ་སྟེ་གསལ་བ་ནི་མ་ཡིན་པའོ། །འོ་ན་ཞེས་བྱ་བ་ནི་གྲུབ་བའི་མཐའོ། །གལ་ཏེ་རྟོགས་ལས་ཀྱང་སྤྱི་ཁོ་ན་རྟོགས་པ་ཡིན་པ་དེའི་ཚེ་སྒྲ་ལས་ནི་སྤྱི་ཙམ་མོ་ཞེས་ཙམ་གྱི་སྒྲ་མི་བྱ་བར་འགྱུར་ན་བྱེད་པ་ཡང་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་ལས་ནི་གསལ་བ་རྟོགས་པ་ཡིན་ནོ་ཞེས་ཁས་བླང་བར་བྱ་བའོ། །འོ་ན་རྗེས་སུ་དཔག་པས་གསལ་བ་རྟོགས་ལ་རག་གོ་སྙམ་ན། དེ་ལྟ་ན་ཡང་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་གསལ་བ་རྟོགས་ན། དུ་བ་ལ་སོགས་པའི་རྟགས་དེ་ཉིད་ལས་འགྱུར་མོད། ཕྱིས་ཅི་བྱ་ཞེས་བྱ་བའོ། །སྤྱི་ནི་དངོས་པོར་ཡོད་ན་ནི། །འཇུག་དང་ལྡོག་པ་མེད་པར་འགྱུར། །ཞེས་སུན་འབྱིན་པ་བརྗོད་པ་གང་ཡིན་པ་དེ། ཅིར་ཡང་རུང་བ་སྨྲ་བའི་ལུགས་ཀྱིས་སྦོང་བ་ནི། །ཞེས་བྱ་བའོ། །སྤྱི་གཅིག་ཏུ་ཐ་དད་པར་འདོད་པའི་ཕྱོགས་ལ་ནི། གསལ་བ་ལ་


DTG186_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་མི་འགྱུར་རོ་ཞེས་བརྗོད་པར་རིགས་ཀྱི། ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ལ་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྤྱི་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་འདི་ལ་ཡང༌། གསལ་བ་རྟོགས་པའི་སྐྱོན་ཐམས་ཅད་ཉམས་སུ་མྱོང་བ་ཡིན་པའི་ཕྱིར་འཇུག་པ་མེད་པར་ཐལ་བའི་མཚན་ཉིད་ཀྱི་སྐྱོན་དེ་མེད་དམ་ཅི་སྟེ་ཡོད་པ་ཁོ་ནའོ། །འོན་ཏེ་ཐ་དད་པ་དང་ཐ་མི་དད་པའི་སྤྱི་རྟོགས་ན་གསལ་བ་རྟོགས་པ་མ་ཡིན་ཏེ། དེས་ན་དེ་རྟོགས་པའི་སྐྱོན་ཅི་ལྟར་ཡོད་སྙམ་དུ་དོགས་ན། སྤྱི་དེ་ལས་ཀྱང་ཞེས་བྱ་བའོ། །སྤྱི་ཐ་དད་པ་དང་ཐ་མི་དད་པ་ལ་བརྟེན་ནས་གསལ་བ་ལ་མ་རེག་པར་རྟོགས་པ་མ་ཡིན་གྱི། འོན་ཀྱང་གསལ་བ་ལ་རེག་པ་ཁོ་ན་ཡིན་ནོ། །ཡང་ན་གཉི་གའི་རང་བཞིན་གྱི་སྤྱི་དེ་ལ་དམིགས་པའི་རྟོགས་པ་སྐྱེ་བ་གང་ཡིན་པ་དེ་ནི་གསལ་བ་ལ་རེག་པར་མི་འགྱུར་ཏེ། འོན་ཀྱང་གསལ་བ་ལ་རེག་པ་ཁོ་ནས་ཡིན་ཏེ་དེས་ན་གསལ་བ་རྟོགས་པའི་སྐྱོན་དུ་ཅི་ལྟར་མི་འགྱུར། རྟོགས་སོ་ཞེ་ན་ཞེས་བྱ་བ་ནི་གསལ་བའོ། །ཐམས་ཅད་ཅེས་བྱ་བ་སྲེག་པ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ། །རྟོགས་ཀྱང་ཞེས་བྱ་བ་སྟེ་ཐུན་མོང་དུའོ། །མ་རྟོགས་པ་ཞེས་བྱ་བ་ནི་གསལ་བ་ངེས་པའི་རང་བཞིན་དུའོ། །ལན་ནི་དེ་ཉིད་ཅེས་བྱ་བ་སྟེ། གསལ་བའི་ངོ་བོའི་སྤྱིའོ། །དོགས་པ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ། རྟོགས་པ་དང་མ་རྟོགས་པ་ཉིད་ཀྱིས་སོ། །རྣམ་གྲངས་ཀྱིས་ཞེས་བྱ་བ་ནི་གནས་སྐབས་ཀྱིས་སོ། །རྗེས་སུ་འགྲོ་བ་ནི་སྤྱིའི་གནས་སྐབས་གཅིག་ཡིན་ལ། ཐུན་མོང་མ་ཡིན་པ་ཉིད་ནི་གཞན་ཡིན་ནོ། །འགལ་བ་ནི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བས་སོ། །གཞན་གྱིས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་སྟེ། དངོས་པོ་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན་ལན་ནི་གང་གིས་ཞེས་བྱ་བའོ། །ཅི་ལྟར་འཇུག་སྟེ་མ་རྟོགས་པའི་ཕྱིར་རོ། །དོགས་པ་ནི་དེ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་སྟེ་རྗེས་སུ་འགྲོ་བར་རྟོགས་པའི་སྤྱིའོ། །འོ་ན་རྟོགས་པ་རྗེས་སུ་འགྲོ་བའི་རང་བཞིན་ལ་འཇུག་གོ་སྙམ་ན། རྟོགས་པ་ལ་ཡང་ཞེས་བྱ་བའོ། །འཇུག་པ་མེད་པའི་མཚན་ཉིད་ཀྱི་སྐྱོན་དེ་ཉིད་དོ། །གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དང་གཉི་གའི་རང་བཞིན་གྱི་སྤྱི་མི་འཐད་པ་དེས་ན། སྤྱི་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དེ་དོན་དམ་བ་པ་ནི་མ་ཡིན་ནོ། །དེ་ལྟན་འོ་ན་ཞེས་བྱ་བ་ནི། གལ་ཏེ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་


DTG186_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདིར། རྟོག་པས་བཀོད་པའི་ཆོས་དང་ཆོས་ཅན་གྱི་དངོས་པོས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་སྒྲ་ནི་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་འདིར་ཡང་འགྱུར་ཏེ། འདིར་ཡང་བརྟགས་པའི་ཆོས་དང་ཆོས་ཅན་གྱི་དངོས་པོ་ཡོད་པའི་ཕྱིར་རོ། །འོ་ན་དེ་འདིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ན། དེའི་ཚེ་བྱས་པ་ཉིད་ལ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་སྤྱི་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། ཕ་རོལ་པོ་གང་གི་ལྟར་ན་ཆོས་ཅན་སྒྲ་ལས་ཐ་དད་པའི་སྒྲ་ཉིད་ཀྱི་སྤྱི་ཡོད་པ་དེའི་ལུགས་ལ་ཡང༌། དམ་པར་ས་པའི་དོན་གྱིས་ཕྱོགས་གཅིག་མ་ཡིན་པར་ཅི་སྟེ་མི་འགྱུར། དེ་ཁོ་ན་ཉིད་དུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོར་ཅི་ལྟར་མི་འགྱུར། སྒྲ་ནི་མི་རྟགས་ཏེ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་ཕ་རོལ་པོ་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དུ་འདོད་པ་ཁོ་ནའོ། །དེས་ན་གལ་ཏེ་ཕ་རོལ་པོ་སངས་རྒྱས་པ་ལ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡང་དག་པའི་སྒྲུབ་བྱེད་ཉིད་ཡིན་གྱི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ནི་མ་ཡིན་ནོ་ཞེས་སྨྲ་ན་དེའི་ཚེ་སངས་རྒྱས་པས་ཀྱང་ཁྱེད་ཀྱི་ལྟར་ན་ཡང་འདི་སྒྲུབ་བྱེད་ཡང་དག་པ་ཁོ་ནར་འགྱུར་ཏེ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ནི་མ་ཡིན་ཏེ། སྒྲ་དང་སྒྲ་ཉིད་དག་ནི་ཐ་དད་པའི་ཕྱིར་རོ་ཞེས་བརྗོད་པར་ནུས་པ་ཡིན་ནོ། །དོགས་པ་ནི་མ་ཡིན་ཏེ་ཞེས་བྱའོ། །སྒྲ་ཉིད་ཀྱི་སྒྲ་དེ་དང་སྒྲའི་གསལ་བ་འདུ་བའི་མཚན་ཉིད་ཀྱིས་ལྡན་པ་དེ་ནི་ཆོས་ཅན་སྟོན་པའི་སྒྲ་ཉིད་ཀྱིས་བསྟན་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཁོ་ནའོ། །སྒྲ་ཉིད་ཀྱི་སྒྲས་ནི་སྤྱི་དེ་དང་ལྡན་པར་སྟོན་པ་ཡིན་ལ། དེ་དང་ལྡན་པ་ཡང་སྒྲའི་སྒྲ་ཉིད་ཀྱིས་བསྟན་པ་ཡིན་ནོ། །དེས་ན་སྒྲ་ཉིད་ཀྱི་སྒྲའི་དོན་ནི། ཆོས་ཅན་གྱི་སྒྲས་བརྗོད་པར་བྱ་བའི་དོན་ལས་ཐ་མི་དད་པ་དེས་ན་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་ཡིན་ནོ་ཞེ་ན། ལན་ནི་འོ་ན་ཞེས་བྱ་བའོ། །སངས་རྒྱས་པའི་ལུགས་འདི་ལ་ཡང་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལས་གཞན་ལས་ཞེས་བྱ་བའོ། །དེ་ལྟར་ན་འདི་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པར་ཡུ་བུ་ཅག་གཉི་གའི་བར་ཡང་འཐད་པ་ཡིན་ནོ་ཞེས་བསྟན་ནས། ད་ནི་གཞན་ལུགས་ལས་རང་གི་


DTG186_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་བརྗོད་པ་ནི་སྤྱི་དང་ཞེས་བྱ་བའོ། །སྤྱི་དང་ལྡན་པ་དེ་ནི་ཞེས་གང་བརྗོད་པ་དེ་ལ་བརྗོད་པ་ནི། སྒྲའི་སྒྲ་དང་སྒྲ་ཉིད་ཀྱི་སྦྲས། སྒྲ་ཉིད་ཀྱི་སྤྱི་དང་ལྡན་པའམ། གཞན་སྒྲ་མ་ཡིན་པ་ལས་ལྡོག་པ་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་ཕྱོགས་དང་པོ་སུན་འབྱིན་པ་ནི། དེ་ནི་རྟོགས་པ་མེད་དེ་ངེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། སྒྲ་ཉིད་ཀྱི་སྤྱི་དང་ལྡན་པ་ནི། སྒྲའི་གསལ་བ་དེ་རིག་པ་མེད་པར་རྟོགས་པར་མི་འགྱུར་བ་ཉིད་དོ། །སྒྲ་ལས་གསལ་བ་རྟོགས་པ་ཡང་མེད་དོ། །ཞེས་བརྗོད་པ་ནི། དེའི་ཞེས་བྱ་བ་སྟེ། སྒྲ་རང་གི་མཚན་ཉིད་ཀྱིའོ། །སྔར་ཉིད་དུ་ནི་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་གཞན་སེལ་བའི་སྐབས་སུའོ། །གཞན་ལས་ནི་ལྡོག་པའི་ཞེས་བྱ་བའི་ཕྱོགས་གཉིས་པ་ཁས་ལེན་པ་ནི། དེ་ཕྱིར་ཞེས་བྱ་བ་སྟེ། སྒྲ་ལས་ཞེས་བྱ་བ་ནི་སྒྲའི་སྒྲ་དང༌། སྒྲ་ཉིད་ཀྱི་སྒྲ་ལས་སོ། །སྤྱི་དང་ལྡན་པའམ་ཞེས་བྱ་བའི་ཚིགས་སུ་བཅད་པའི་ཆ་རྣམ་པར་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་སྒྲའི་གསལ་བའི་མཚན་ཉིད་རྣམས་སོ། །སྤྱི་དང་ལྡན་པ་དེའི་རིག་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི། འོ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་སྤྱི་དང་ལྡན་པའོ། །གལ་ཏེ་ཡང་དེ་དང་ལྡན་པ་རྟོགས་པ་དེ་ལྟ་ན་ཡང་གསལ་བ་མ་རྟོགས་པ་ལ་རག་གོ་ཞེ་ན། གང་ལ་ཞེས་བྱ་བའོ། །གང་ལ་ཟན་སྤྱིན་པར་བྱ་བ་དེ་ཉིད་ལ། སྡེར་ལ་སོགས་པ་ཡང་དབྱིག་པ་དང་ཁུར་བའི་ཚུལ་དུ་གྲུབ་པ་ཡིན་ནོ། །སྡེར་མེད་ནམ་གྲོན་ཉིད་མི་འགྲུབ་པོ། །དེ་བཞིན་དུ་སྤྱི་དང་ལྡན་པར་རྟོགས་ན་གསལ་བ་ཡང་རྟོགས་པར་འགྱུར་ཏེ། མ་རྟོགས་ན་དེ་དང་ལྡན་པ་མི་རྟོགས་པའི་ཕྱིར་རོ། །དེའི་རང་བཞིན་རྟོགས་པ་ནི་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི། ཁྱད་པར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར། དེ་ལྟར་ཁྱད་པར་རྣམས་སྒྲའི་དོན་ཉིད་མ་ཡིན་པ་དེའི་ཕྱིར་ནའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །སྤྱི་གསལ་མ་རྟོགས་པར་མི་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་ལྡོག་པ་ཡང་ཡིན་ནོ། །གལ་ཏེ་ལྡོག་པ་མེད་པར་ལོག་པར་རྟོགས་པ་ཡོང་ན་ཡང་ལྡོག་པས་ཅི་བྱ་སྟེ། ལྡོག་པ་ནི་ལོག་པའི་དངོས་པོ་རྟོགས་པའི་དོན་དུ་རྟོགས་པ་ཡིན་ནོ། །གལ་ཏེ་དེ་ལྟ་མ་ཡིན་པར་ཡང་རྟོགས་ན་ནི། ལྡོག་པས་ཅི་ཞིག་བྱ།


DTG186_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་གཞན་དུ་ཞེས་བྱ་བ་ནི་ལོག་པའི་དངོས་པོ་རྟོགས་པ་གཞན་དུ་མི་འཐད་པས་སོ། །ཅི་སྟེ་སྤྱི་ཞེས་བྱ་བ་ནི་ལོག་པའི་དངོས་པོ་རྟོགས་པ་གཞན་དུ་མི་འཐད་པ་ཉིད་ཀྱིས་སྤྱི་ཉིད་རྟོགས་པར་བྱ་མོད་ཅེས་བྱ་བའོ། །རྟོགས་པའི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཅི་ཞེས་བྱ་བ་ནི་དོགས་པའོ། །མི་འདྲ་བ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཅི་ལྟར་མི་འདྲ་བ་རྟོགས་པ་ན་ལྡོག་པ་རྟོགས་ཤེ་ན། མ་རྟོགས་ན་རྣམ་པར་ཕྱེ་ནས་འཇུག་པར་མི་འགྱུར་རོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་མི་འདྲ་བར་རྟོགས་པ་ཉིད་ཡོད་པ་མ་ཡིན་པ་ཉིད་ན། དེ་ཅི་ལྟར་ལྡོག་པ་རྟོགས་པ་ཡིན་ཞེ་ན། གདོན་མི་ཐ་བར་ཞེས་བྱ་བའོ། འདི་ལ་བཟློག་པ་ལ་གནོད་བྱེད་ཅི་ཡོད་སྙམ་ན། ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྟེ་མི་འདྲ་བ་ཉིད་མ་རྟོགས་པ་ནའོ། །གལ་ཏེ་སྤྱི་མེད་ན་མི་འདྲ་བ་ཉིད་མེད་པ་ཁོ་ན་མ་ཡིན་ནམ། དེ་ཅི་ལྟར་དེ་ལྟར་རྟོགས་སྙམ་དུ་དོགས་པ་ནི། དེའི་ཞེས་བྱ་བ་སྟེ་མི་འདོད་པ་དང་བྲལ་བའིའོ། །ལན་འདེབས་པ་ནི་རང་ཉིད་ཅེས་བྱ་བའོ། །རང་ཉིད་ཅེས་བྱ་བ་བདག་ཉིད་ཀྱི་རང་བཞིན་གྱིས་དེ་ལྟར་ཞེས་བྱ་བ་མེ་རང་གི་མཚན་ཉིད་རིགས་མི་མཐུན་པ་ལས་ལྡོག་པ་མ་ཡིན་པར་གྱུར་ན། ཆོས་གཞན་སྤྱི་དང་ལྡན་ཡང་ངོ༌། །དེ་ལྟར་ཞེས་བྱ་བ་ནི་རིགས་མི་མཐུན་པ་དང་བྲལ་བ་ཉིད་དུའོ། །འོན་ཏེ་མི་འདྲ་བ་མ་ཡིན་པ་ཡང་སྤྱི་དང་ལྡན་པས་མི་འདྲ་བ་ཉིད་དུ་རྟོགས་པ་ཡིན་ནོ་ཞེས་དོགས་པ་ན་དེ་དང་ཞེས་བྱ་བའོ། །འདི་ནི་མེ་རང་གི་མཚན་ཉིད་དོ། །དེ་ལྟར་ཞེས་བྱ་བ་མི་འདྲ་བར་རོ། །ལན་ནི་དེ་ལྟ་བུར་ཞེས་བྱ་བ་སྟེ། རང་གི་རྒྱུ་ལས་མི་འདྲ་བར་སྐྱེས་པའོ། །གལ་ཏེ་རང་གི་ངོ་བོ་འདྲེས་པར་སྐྱེས་པ་ཡིན་ན་དེའི་ཚེ་འདི་སྤྱི་དང་ལྡན་པས་མ་འདྲེས་པར་རྟོགས་ན་རང་གི་ངོ་བོས་རྟོགས་པ་ཉིད་དུ་མི་འགྱུར་བའམ། འགྱུར་ན་ཡང་རྟོགས་པ་འཁྲུལ་པ་ཉིད་དུ་འགྱུར་རོ། །རང་གི་ངོ་བོས་མི་མཐུན་པ་ཉིད་དུ་རྟོགས་ན་ནི་སྤྱི་དང་ལྡན་པ་དོན་མེད་དོ་ཞེས་གསུངས་པ་ནི་རང་གི་ངོ་བོས་ཞེས་བྱ་བའོ། །གལ་ཏེ་སྤྱི་ལས་གསལ་བ་རྣམས་ཐ་ད་དཔར་གྱུར་པ་ནི་མ་ཡིན་གྱི། འོན་ཀྱང་རང་གི་རྒྱུ་ལས་གྲུབ་པ་ཉིད་སྤྱིས་ཤེས་པར་བྱེད་པ་ཡིན་ནོ་སྙམ་ན་གལ་ཏེ་ཞེས་སྨྲས་སོ། །གཉིས་ཞེས་བྱ་བ་ནི་བ་ལང་དང་མ་ཧེའོ། །དང་པོ་ནི་བ་ལང་གི་གསལ་བ་གཅིག་


DTG186_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཐོང་ལ། དེ་བཞིན་དུ་མ་ཧེའི་གསལ་བ་ཡང་གཅིག་མཐོང་བ་དེའི་ཚེ་བ་ལང་ཉིད་དང་མ་ཧེ་ཉིད་ཀྱི་སྤྱིའི་སྒོ་ནས་ཐ་དད་པར་རྟོགས་པ་མ་ཡིན་ནོ། །བ་ལང་ཉིད་ལ་སོགས་པའི་སྤྱི་ནི་གསལ་བ་གཉིས་པ་ལ་སོགས་པ་མཐོང་བས་ངེས་པར་བཟུང་བ་ཡིན་གྱི། གསལ་བ་གཅིག་མཐོང་བ་ཉིད་ལས་ནི་མ་ཡིན་ནོ། །བ་ལང་ཉིད་དང་མ་ཧེ་ཉིད་ནི་གསལ་པ་གཅིག་ཁོ་ནའི་མཐར་ཐུག་པ་མ་ཡིན་ཏེ། མཚུངས་པ་རྣམས་ཀྱི་ངོ་བོ་ནི་སྤྱི་ཡིན་ནོ་ཞེས་གཞུང་ཡིན་པའི་ཕྱིར་རོ། །གཅིག་ལ་ཞེས་བྱ་བ་ནི་བ་ལང་ངམ་མ་ཧེའི་གསལ་བ་གཅིག་ལའོ། །གང་གི་ཕྱིར་དང་པོ་མཐོང་བས་གཉིས་ཀྱི་ཐ་དད་པ་མཐོང་བ་དེའི་ཕྱིར་རོ། །དེ་ལྟ་ན་ཡང་ཅི་ལྟར་ལྡོག་པ་སྤྱི་ཡིན་སྙམ་ན་རིགས་མི་མཐུན་པ་ལས་ཞེས་བྱ་བའོ། །རིགས་མེད་ན་རིགས་མཐུན་པ་དང་མི་མཐུན་པ་མེད་པར་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །བ་ལང་དང་མ་ཧེའི་གསལ་བ་ཕན་ཚུན་ཐ་དད་པའི་རྒྱུ་མཚན་བ་ལང་ཉིད་དང་མ་ཧེ་ཉིད་ཀྱི་སྤྱི་ཕན་ཚུན་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེས་ན་བ་ལང་དང་མ་ཧེ་ལ་སོགས་པའི་མཚན་ཉིད་ཅན་གསལ་བ་རྣམས་ཐ་དད་པ་འབའ་ཞིག་ཏུ་འགྱུར་གྱི་རིགས་མཐུན་པ་དང་མི་མཐུན་པ་ཉིད་དུ་ནི་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རིགས་མཐུན་པ་ལ་སོགས་པའི་དབྱེ་བ་དེ་ནི་སྤྱི་མེད་པར་རྟོགས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གསལ་བ་ལ་ལྟོས་པའི་ཐ་དད་པ་ཉིད་ལས་རིགས་མཐུན་པའི་རྣམ་པར་དབྱེ་བར་འགྱུར་བ་མ་ཡིན་ནམ་སྙམ་ན། གསལ་བ་ལ་ལྟོས་ནས་ཞེས་བྱ་བའོ། །དེ་གཉིས་ཀྱང་ཞེས་བྱ་བ་ནི་ངང་པ་དང་ཁྲ་བོ་ལ་ཡང་ངོ༌། །ཐམས་ཅད་མཐོང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་བ་ལང་གི་གསལ་བ་ཐམས་ཅད་མཐོང་བ་མ་ཡིན་ཏེ་མཐའ་ཡས་པའི་ཕྱིར་རོ། །སངས་རྒྱས་པ་ལ་ལྟོས་ཏེ་སྤྱི་དངོས་པོ་ཡོད་པ་མི་འཐད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། བདེ་བར་གཤེགས་པའི་ལྡོག་པའི་རང་བཞིན་གྱི་སྤྱི་རྟོགས་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། མི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཉས་པ་འདི་ནི་བཟློག་པ་མེད་ཅེས་བྱ་བ་ནི་ཉེས་པ་འཇུག་པ་ཁོ་ནའོ། །གང་ཞིག་བཟློག་པར་མི་ནུས་པའི་ཉེས་པ་དེ་ཡང་ཡིན་ཞེ་ན་ཞེས་པའི་རྣམ་པ་བརྗོད་པ་ནི། སྤྱི་ནི་གསལ་བས་ཞེས་བྱ་བའོ། །རང་གི་ངོ་


DTG186_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བོས་མིན་ཞེས་བྱ་བ་ནི་གསལ་བ་མེད་པར་རང་གི་ངོ་བོས་ནི་གསལ་བ་མི་ཡིན་ནོ། །གསལ་བ་མེད་པར་ཡང་ཅི་སྟེ་མི་གསལ་སྙམ་ན། གསལ་བས་སྟོང་པའི་ཞེས་བྱ་བའོ། །སྤྱི་དེ་ནི་མངོན་པར་གསལ་བ་མཐོང་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་གསལ་བ་མེད་པར་མི་གསལ་བ་དེས་ན་གསལ་བ་ལ་ལྟོས་པར་བྱ་བ་ཁོ་ནའོ། །འོ་ན་ལྟོས་ན་རག་མོད་སྙམ་ན། དེའང་ཞེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་གསལ་བ་མཐའ་དག་མ་མཐོང་བས་ནའོ། །དེར་ཡང་ཞེས་བྱ་བ་ནི་སྤྱི་ལ་ཡང་སྟེ་གཞན་སེལ་བ་འབའ་ཞིག་ཏུ་མ་ཟད་པའོ། །སྤྱིས་ཉེ་བར་མཚོན་པའི་གསལ་བ་རྣམས་ལ་བརྡའི་བྱེད་པས་ཁྱབ་བ་གྲུབ་པར་མི་འགྱུར་རོ། །རྣམ་པར་འགྲེལ་པ་ནི་སྤྱི་ཡང་ཞེས་བྱ་བ་ལ་སོགས་པའོ། །ཐ་སྙད་དུ་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་བརྡའི་དུས་ཕྱིས་སྤྱི་ཐ་སྙད་དུ་བྱ་བའོ། །གལ་ཏེ་རང་གི་ངོ་བོས་སྤྱི་རྟོགས་པ་ཡིན་ནོ་ཞེ་ན། གསལ་བ་མེད་པར་ནི་བྱ་བའོ། །འོ་ན་གང་གིས་མ་འཛིངས་པར་བརྡའང་བྱེད་པ་སྤྱི་ངེས་པར་ཅི་ལྟར་རྟོགས་སྙམ་ན། གསལ་བ་ཞེས་སྨོས་སོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་གསལ་བ་མཐའ་དག་མཐོང་བའི་ཚེ་ཡང་ངོ༌། །ཅི་ལྟར་ན་གསལ་བ་དུ་མ་མཐོང་བ་ཁོ་ན་ལ་སྤྱི་ངེས་པ་རྟོགས་པར་ངེས་ཤེ་ན། དེ་མེད་ན་སྤྱི་ངེས་པར་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །འདི་བ་ལང་ངོ་ཞེས་བྱ་བའི་བརྡ་ནི་གལ་ཏེ་ཁས་བླངས་པ་དེའི་ཚེ་སྒྲ་བཀོད་པའི་སྔོན་རོལ་དུ་སོ་སོར་ངེས་པའི་སྤྱི་ཅི་ལྟར་རྟོགས། བརྡ་ནི་རྟོགས་པ་ལ་ཡིན་ན། འདི་བ་ལང་ངོ་ཞེས་བཀོད་པའི་སྔོན་རོལ་དུ་ནི་སོ་སོར་ངེས་པའི་སྤྱི་རྟོགས་པ་ཡང་མེད་དོ། །ཅི་ལྟར་མ་རྟོགས་སྙམ་ན། ཕྱུགས་ཉིད་ལ་སོགས་བ་ཞེས་སྨོས་སོ། །གསལ་བ་ལ་ནི་ཕྱུགས་ཉིད་དང་དངོས་པོ་ཉིད་དང༌། བ་ལང་ཉིད་ལ་སོགས་པའི་སྤྱི་ཡོད་པ་ཡིན་ལ། དེ་དག་ཀྱང་རྗེས་སུ་འགྲོ་བ་ཙམ་གྱིས་རང་བཞིན་དང་མཚུངས་པའི་ཕྱིར་བ་ལང་ཉིད་ཀྱི་སྤྱི་ནི་ཐ་དད་པར་ཉ་བར་མཚོན་པ་མ་ཡིན་ནོ། །དེས་ན་པ་ལང་ཉིད་སྤྱི་གཞན་ལས་ཐ་དད་པར་མ་ཤེས་པས་ན། བ་ལང་ཞེས་བྱ་བའི་བརྡ་མེད་པར་འགྱུར་རོ། །ཐམས་ཅད་ལ་བརྡ་བྱས་ན་ནི་བ་ལང་གི་སྒྲ་ཡོད་པ་ཉིད་དང༌། ཕྱུགས་ཉིད་ལ་སོགས་པའི་ཡང་རྗོད་བྱེད་དུ་འགྱུར་རོ། །བརྡ་བྱེད་པའི་སྤྱོད་ཡུལ་བ་ལང་ཉིད་ཐ་དད་པར་དོགས་པ་ནི། བ་ལང་


DTG186_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཙམ་ཞེས་བྱ་བའོ། །འདིར་ཕྱུགས་ཉིད་ལ་སོགས་པའི་སྤྱི་རྣམས་ལས། བ་ལང་ཉིད་བརྡའི་ཡུལ་ཡིན་གྱི། ཕྱུགས་ཉིད་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། ལན་ནི་བ་ལང་ཉིད་ཅེས་བྱ་བའོ། །མི་ཤེས་སོ་ཞེས་བྱ་བ་ནི། ཕྱུགས་ཉིད་ལ་སོགས་པའི་སྤྱི་ལས་བ་ལང་ཉིད་ཐ་དད་པར་ངེས་པར་མི་རྟོགས་བའོ། །ཤེས་པ་ཡོད་པ་ཁོ་ནའོ་ཞེ་ན། འདི་ལྟར་ཞེས་བྱ་བ་སྟེ། ཅི་ལྟར་རྣམ་བ་གང་གིས་ཤེས་པར་བྱ་སྟེ། མདོ་ག་དང་དབྱིངས་དང་ཡི་གེའི་རྣམ་པས་སྟོང་བས་ན་ཐམས་ཅད་མཚུངས་པའི་ཕྱིར་རོ། །ཤེས་པའི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པ་དེའི་དོགས་པ་བསུ་བ་ནི། གང་ཞིག་ཅེས་བྱ་བའོ།། སྤྱི་གང་ཞིག་འདི་ལྟ་བུར་གྱུར་པའི་གསལ་བས་གསལ་བར་བྱས་པ་ཡིན་གྱི། འདི་དང་མི་འདྲ་བའི་གསལ་བས་ནི་མ་ཡིན་པའོ་ཞེས་རྣམ་པ་འདིས་པ་ལང་ཉིད་ཕྱུགས་ཉིད་ལ་སོགས་པ་ལས་ཐ་དད་པའི་ཤེས་པ་ཡིན་ནོ་ཞེས་ན། ལན་ནི་དེས་བྱ་བ་སྤྱིས་ཡིན་པའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི། སྤྱི་དེ་ཞེས་བྱ་བའོ། །ཕན་ཚུན་བརྟེན་པའི་ཉེས་པ་སྤོང་བ་ནི། བ་ལང་ལས་ཞེས་བྱ་བའོ། །སྤྱི་རང་ཉིད་སྤྱི་གཞན་ལས་ཐ་དད་པ་ཡིན་གྱི་གསལ་བ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། སྤྱི་རྣམས་པ་ལང་ལ་སོགས་པའི་གསལ་བ་དག་ལ་འཇུག་པ་ནི་རྟོགས་པ་མ་ཡིན་ནོ།། དེས་ན་ཅི་ལྟར་རང་ངམ་གཞན་ལས་ཐ་དད་པར་འགྱུར། རྟོགས་པའི་དོགས་པ་བསུ་བ་ནི། གང་ལ་ཞེས་བྱ་བའོ། །ལན་ནི་གཞལ་བྱ་ཞེས་བྱ་བའོ། །ཅི་ལྟར་དེ་གཞལ་བྱ་ཤེས་པ་མེད་པ་ཡིན་ཞེ་ན། ཁ་དོག་དང་ཞེས་བྱ་བའོ། །ཁ་དོག་ལ་སོགས་པའི་རྣམ་པས་སྟོང་པའི་གཞལ་བྱའོ། །དེ་ཉིད་ཅེས་བྱ་བ་ལས་སོགས་པ་ནི་གྲངས་ཅན་ཉེ་བར་འགོད་པ་སྟེ། ཁ་དོག་ལ་སོགས་པ་ཉིད་དོ། །ཅི་ལྟར་རྗེས་སུ་འགྲོ་བ་མེད་སྙམ་ན། ཁ་དོག་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གསལ་བ་གཅིག་ཅེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཁ་དོག་རྗེས་སུ་སོང་བར་དོགས་ན་ཡང་ངོ༌། །རྟོགས་པ་ནི་སྤྱི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་གསལ་བ་ཐམས་ཅད་ལ་གནས་པ་ཉིད་དུའོ། །ལན་ནི་འོ་ན་ཞེས་བྱ་བ་སྟེ་གསལ་བ་གཅིག་གིས་གསལ་བ་ཉིད་དུ་ཡང་ངོ༌། །གསལ་བ་ཅི་ཙམ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཅི་ཙམ་ཡང་ཡིན་ལ་བསལ་བ་ཡང་ཡིན་པ་དེ་མཐོང་བ་ལའོ། །གསལ་བ་


DTG186_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་མ་མཐོང་ཡང་ཉེ་བར་གནས་པའི་གསལ་བ་གཅིག་ལ་སོགས་པ་མཐོང་བས་ཀྱང་སྤྱི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་གནས་པའི་གསལ་བ་ཙམ་གྱིས་གསལ་བར་བྱ་བ་ཉིད་མེད་པའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཡིན་ན་ཞེས་བྱ་བ་དེ་ཙམ་པ་ཉིད་ཡོད་པ་ཡིན་ནའོ། །དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་ཤེས་པ་བསྐྱེད་པ་ཉིད་སྤྱི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དེ་ལྟར་གཞན་གྱི་ཕྱིར་བཟློག་པ་ནའོ། །རིགས་མི་མཐུན་པ་ལས་ལོག་པའི་གསལ་བ་ཉིད་ཉམས་སུ་མྱོང་བའི་ཤེས་པས་བར་བཅད་ནས་རྗེས་སུ་འགྲོ་པའི་ཤེས་པའི་རྒྱུར་གྱུར་པ་གང་སྤྱི་ཡིན་ནོ། །འདི་ག་ལས་སྙམ་ན། དེ་དང་རིགས་མི་མཐུན་པ་ལས་ཞེས་བྱ་བའོ། །འོ་ན་ནི་རིགས་མི་མཐུན་པ་ཉིད་སྤྱིས་བྱས་པ་ཡིན་ནོ་ཞེ་ན། རིགས་མི་མཐུན་པ་ཉིད་ཀྱང་ཞེས་སྨོས་སོ། །དེ་ལས་གཞན་ལས་ཞེས་བྱ་བ་ནི་དེ་ལས་གཞན་དུ་གྱུར་པ་ལས་ལྡོག་པ་ཉིད་དོ། །གལ་ཏེ་སྤྱི་བཞིན་དུ་རིགས་མི་མཐུན་པ་ལས་ལྡོག་པ་ཡང་བསྟན་པར་མི་ནུས་པ་མ་ཡིན་ནམ་སྙམ་ན། ཅི་ལྟར་ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་ནི་རིགས་མི་མཐུན་པ་ལས་སོ། །གཅིག་ཅེས་བྱ་བ་ནི་ཁྲ་བའོ། །གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་སེར་སྐྱ་ལ་སོགས་པ་ལ་ཡང་ངོ་ཞེས་དེ་ལྟར་ལྡོག་པ་སྟོན་གཞན་དུ་ནི་ཞེས་བྱ་བ་ནི་མང་པོ་རྣམས་ལྡོག་པ་ཉིད་དུ་བསྟན་པ་མེད་པར་ནི། ལྡོག་པ་བསྟན་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ལྡོག་པ་བཞིན་དུ་སྤྱི་ཡང་བསྟན་པར་ནུས་སོ་སྙམ་ན། སྤྱི་ནི་ཞེས་སྨོས་སོ། །སྟོན་པའི་ཚུལ་བརྗོད་པ་ནི། དེ་ནི་འདི་ཡིན་ནོ་ཞེས་བྱ་བའོ། །གསལ་བ་རྣམས་ལས་སྤྱི་གཞན་མ་ཡིན་པའི་ཕྱིར། ཐ་དད་པ་དེ་ནི་འདིའོ་ཞེས་སྟོན་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ལན་དུ་གདབ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་དེ་མེད་ན་གསལ་བ་དེ་མེད་པར་ཐལ་བའི་ཕྱིར་རོ། །གསལ་བ་རྣམས་སྤྱིའི་ནང་དུ་ཐིམ་ན་དེ་དག་མེད་བ་ཁོ་ནར་འགྱུར་རོ། །གསལ་བ་མེད་པར་མ་ཟད་མོད་སྙམ་དུ་དོགས་ན། གསལ་བ་བསལ་ནས་ཞེས་བྱ་བའོ། །འོན་ཏེ་གསལ་བ་མེད་པ་ནི་འདོད་པ་ཁོ་ནའོ་སྙམ་ན། ཐ་སྙད་ཅེས་གསུངས་ཏེ། གསལ་བ་རྣམས་མེད་པ་ཡིན་ན། དེས་བསྒྲུབ་པར་བྱ་བ་དང་འགལ་བ་ལ་སོགས་པ་གང་ཡིན་པ་འདིར་མི་འགྱུར་ཏེ། དེ་ནི་གསལ་


DTG186_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཅི་ལྟར་གསལ་བ་མེད་ན་དེས་བསྒྲུབ་པར་བྱ་བའི་ཐ་སྙད་དུ་མི་འགྱུར་པའི་ཕྱིར་དེ་ཁས་ལེན་པ་ལྟར་སྤྱི་མེད་ན་ཡང་ཤེས་བརྗོད་ཐ་མི་དད་པའི་མཚན་ཉིད་ཀྱི་ཐ་སྙད་མེད་པར་འགྱུར་པ་དེས་ན་དེ་ཡང་དེ་དང་འདྲ་བར་ཁས་བླང་པར་བྱ་བ་ཡིན་ནོ་སྙམ་དུ་དོགས་ན། སྤྱི་བསལ་ན་གསལ་བ་ནང་དུ་ཐིམ་པའི་ཕྱིར་སྤྱིས་བསྒྲུབ་པར་བྱ་བའི་ཐ་སྙད་མེད་པར་འགྱུར་རོ་ཞེས་ནི་བརྗོད་པར་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ལོག་པའི་དོན་ཉམས་སུ་མྱོང་བས་བར་དུ་བཅད་པའི་ལྡོག་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་ཤེས་པ་དང་བརྗོད་པ་ཐ་མི་དད་པའི་མཚན་ཉིད་ཀྱང་ཡོད་པའི་ཕྱིར་རོ། །གསལ་བ་མེད་པར་ནི་འགལ་བ་ལ་སོགས་པའི་འབྲས་བུ་མི་འཐད་ཀྱི། རྗེས་སུ་འགྲོ་བའི་ཤེས་པ་ནི་སྤྱི་མེད་ཀྱང་འཐད་དེ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཀྱང་མཐར་ལྡོག་པ་ཉིད་ཐ་དད་པའི་ཐ་སྙད་ཀྱི་རྒྱུར་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ནི། སྤྱི་རྣམས་ཀྱི་ཞེས་བྱ་བའོ། །བ་ལང་ཉིད་དང་རྟ་ལ་སོགས་པ་སྤྱི་རྣམས་ཀྱི་ཕན་ཚུན་ལྡོག་པ་ཉིད་ཐ་དད་པའི་ཐ་སྙད་ཀྱི་རྒྱུ་ཡིན་གྱི་སྤྱི་ནི་མ་ཡིན་ཏེ། སྤྱི་ནི་སྤྱི་མེད་པ་ཡིན་ནོ་ཞེས་བྱ་བ་གཞུང་ཡིན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་བ་ལང་ཉིད་ནི་ཁྲ་བོ་ལ་སོགས་པའི་གསལ་བ་དང་ལྡན་པའི་ཕྱིར་རྟ་ཉིད་ལས་ཐ་དད་པ་ཡིན་ནོ། །དེ་བཞིན་དུ་རྟ་ཉིད་ཀྱང་དང་པ་ལ་སོགས་པའི་གསལ་བ་དང་ལྡན་པའི་ཕྱིར་བ་ལང་ཉིད་ལས་ཐ་དད་པ་ཡིན་ནོ། །ངོ་བོས་ཞེས་བྱ་བ་ནི། སྤྱི་སྤྱི་གཞན་ལས་ཐ་དད་པ་ཡོད་པ་མ་ཡིན་ནོ། །གཞན་གྱིས་ཞེས་བྱ་བ་ནི་གསལ་བ་གཞན་དང་ལྡན་པ་སྟེ། ཐ་དད་པར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རང་གི་ངོ་བོ་ཁོ་ནས་སྤྱི་རྣམས་ཐ་དད་པ་ཡིན་ལ། དེ་དང་ལྡན་པ་ནི་དེ་ཡོད་པས་ཐ་དད་པ་ཡིན་ནོ། །དཔེར་ན་དཀར་པོའི་རང་བཞིན་ནི། རང་ཉིད་ཀྱིས་ཐ་དད་པ་ཡིན་ལ། སྣམ་བུ་ནི་དེ་དང་ལྡན་པས་ཐ་དད་པ་བཞིན་ནོ་སྙམ་ན། དཀར་པོ་ལྡན་ཕྱིར་སྣམ་བུ་ནི། །དཀར་ཞེས་ཐ་དད་རབ་ཏུ་འཇིག །ཅེས་སྨོས་ཏེ། དེ་ལྟར་བའི་སྣམ་བུའི་ཐ་དད་པ་ནི་རབ་ཏུ་འཇིག་སྟེ། ཉམས་ཤིང་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དཀར་པོ་ལ་སོགས་པ་ནི་རྫས་ལས་ཐ་དད་པར་མ་རྟོགས་པའི་ཕྱིར་རོ། །དཔེ་ཉམས་པ་ན་དོན་ཡང་ཉམས་པ་ཁོ་ནའོ། །ཐ་མི་དད་པ་གསལ་


DTG186_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐ་དད་པ་དང་ལྡན་པས་ཐ་དད་པ་མ་ཡིན་སྙམ་ན། གཞན་གྱིས་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱིའོ། །གཞན་པ་ནི་སྤྱི་དང་ངོ༌། །དོགས་པ་བསུ་བ་ན་སྤྱི་དང་ཞེས་བྱ་བའོ། །ལན་ནི་སྤྱི་ཞེས་བྱ་བའོ། །འཕྲོད་པ་འདུ་བ་ན་གཉི་ག་ལས་གནས་པའི་ཕྱིར་ན། ཅི་ལྟར་གསལ་བ་ཐ་དད་བ་རྣམས་སྤྱི་དང་འབྲེལ་པ་དེ་བཞིན་དུ་སྤྱིའི་ཐ་མི་དད་པ་ཡང་གསལ་བ་དང་འབྲེལ་པར་འགྱུར་རོ། །ཐ་མི་དད་ན་ཅི་སྐྱོན་སྙམ་ན། དེས་ན་ཞེས་བྱ་བ་སྟེ་གསལ་བ་ཐ་མི་དད་པས་ན། བ་ལང་ཡང་རྟ་ལ་སོགས་པར་འགྱུར་རོ། །ཅི་ལྟར་གསལ་བ་ཐ་མི་དད་སྙམ་ན། བ་ལང་ཉིད་དང་རྟ་ཉིད་ལ་སོགས་པ་གཅིག་ཏུ་གྱུར་པའི་སྤྱི་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །སྤྱི་རྣམས་ཀྱི་ཕན་ཚུན་ཐ་དད་པའི་རྒྱུ་མཚན་ཡང་ལྡོག་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ཅག་གིས་བརྗོད་པ་ཡིན་ནོ། །ཁྱེད་ནི་འདི་སུན་འབྱིན་པར་བྱེད་པས་སྤྱི་རྣམས་འདྲེས་པ་ཉིད་དུ་འདོད་པར་བྱ་བ་ཡིན་ཏེ། མ་འཆོལ་བར་བསྒྲུབས་པའི་ཐབས་མེད་པའི་ཕྱིར་རོ། །དེས་ན་སྤྱི་རྣམས་དེའི་བདག་ཉིད་དུ་གྱུར་བ་ན། འཇིག་རྟེན་གསུམ་གྱི་སྤྱི་ནི་གཅིག་ཁོ་ནར་འགྱུར་ལ། དེ་ཡང་གསལ་བ་མཐའ་དག་ལ་གནས་པ་ཡིན་ནོ། །དེས་ན་བ་ལང་ཡང་རྟར་འགྱུར་རོ། །ཁྱོད་ཀྱི་ལུགས་ཀྱིས་ནི་གང་ལས་སྤྱི་རྣམས་ཐ་དད་པར་འགྱུར་བ་གསལ་བ་རྣམས་ཀྱང་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །བ་ལང་ཉིད་ཀྱི་སྤྱི་ནི་ཁྲ་བོ་ལ་སོགས་པའི་བ་ལང་ཉིད་ཡིན་གྱི་དང་པ་ལ་སོགས་པ་ནི་མ་ཡིན་ལ། བ་ལང་དང་རྟ་ལ་སོགས་པའི་མཚན་ཉིད་ཀྱིས་གསལ་བ་རྣམས་ཀྱང་ཕན་ཚུན་ཐ་དད་པ་མེད་དོ་ཞེས་བྱ་བའོ། །ཁྱད་པར་ཅི་ལྟ་བུ་དང་ལྡན་པ་ཞེ་ན། རང་གི་ངོ་བོས་རིགས་མཐུན་པ་དང་རིགས་མི་མཐུན་པའོ། །གསལ་བདག་ནི་སྤྱི་དག་གི་ཐ་དད་པར་བྱེད་པ་ཡིན་པར་ཁྱོད་འདོད་པ་ཡིན་ན། དེ་དག་ཀྱང་ཕན་ཚུན་ཐ་དད་པ་མ་ཡིན་ན་ཅི་ལྟར་ཐ་དད་པར་བྱེད་པ་ཡིན། གསལ་བ་རྣམས་ཀྱི་རང་བཞིན་གྱིས་ཐ་དད་ན་ནི་ཐུག་པ་མེད་དོ། །རང་གི་ངོ་བོས་ཐ་དད་ན་སྤྱི་དག་ཀྱང་དེ་བཞིན་དུ་འགྱུར་རོ། །དེས་ན་གསལ་བ་ཐ་དད་པ་དང་ལྡན་པས་ཅི་ཞིག་བྱ། འོན་ཏེ་གསལ་བ་རྣམས་ནི་རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་ནི་གཞན་གྱི་ངོ་བོས་མ་ཡིན་པའོ། །ལན་ནི་འོ་ན་ཞེས་བྱ་བའོ། །སྤྱི་ཁས་བླངས་


DTG186_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །དེ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཐ་དད་པའོ། །ཧ་ཅང་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་གསལ་བ་རྣམས་རང་གི་ངོ་བོས་ཐ་དད་ན་སྤྱིས་ཅི་བྱ། སྤྱི་ཐ་དད་པ་ནི་གསལ་བ་ཐ་དད་བའི་རྒྱུར་འདོད་པ་ཡིན་ན། དེ་ཐ་དད་པ་ཡང་རྣམ་པ་གཞན་དུ་གྲུབ་པ་དེས་ན་སྤྱི་ནི་བརྟག་པར་མི་བྱའོ། །དེ་ལྟར་ངོ་བོས་ཐ་དད་ཡོད་མིན་ན། །ཞེས་བྱ་བ་བཤད་ནས་ཕྱེད་ཕྱི་མ་བཤད་པའི་དོན་དུ་གྲུབ་པ་ཉེ་བར་འཇོག་པའི་ལན་གྱི་དོགས་པ་བསུ་བ་ནི། འོན་ཏེ་སྤྱི་ནི་རང་གི་ངོ་བོས་ཞེས་བྱ་བ་དེ་གསལ་བ་ཐ་དད་པ་ལས་ནི་མ་ཡིན་བའོ། །གལ་ཏེ་སྤྱི་རྣམས་ཀྱི་ཐ་དད་པ་གསལ་བ་ཐ་དད་པས་ཡིན་ན་དེའི་ཚེ་གྲུབ་པ་ཉེ་བར་འཇོག་པར་འགྱུར་བ་ཞིག་ན། གང་གི་ཚེ་སྤྱི་ཐ་དད་པ་ནི་གསལ་བ་རྣམས་ཀྱི་ཐ་དད་པར་བྱད་པ་ཡིན་པ་དེའི་ཚེ། ཅི་ལྟར་གྲུབ་པ་ཉེ་བར་འཇོག་པར་བྱེད་པ་ཡིན། དེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་དཔེ་ཉིད་སུ་ན་འབྱིན་པའོ། །གལ་ཏེ་དཀར་པོ་ལ་སོགས་པ་སྣམ་བུ་ལ་སོགས་པ་ལས་ཐ་དད་བར་རྟོགས་ན་དེའི་ཚེ་དཀར་པོའི་ཡོན་ཏན་གཞན་དང་ལྡན་པས་སྣམ་བུ་དཀར་པོ་ཞེས་རྟོགས་པར་འགྱུར་བ་ཞིག་ན་དེ་ལྟ་ན་ནི་མ་ཡིན་ཏེ་སྣམ་བུ་དང་དཀར་པོ་དག་དེའི་བདག་ཉིད་དུ་རྟོགས་པའི་ཕྱིར་རོ། །དཔེ་སུན་ཕྱུང་ནས། དོན་ཡང་སུ་ན་ཕྱུང་བ་ཉིད་དེ་རིགས་པ་མཚུངས་པས་སོ། །འབའ་ཞིག་ཅེས་བྱ་བ་ནི་སྣམ་བུ་ལ་སོགས་པ་ལས་ཐ་དད་པར་རོ། །དེ་ནི་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་གོ །རང་ཉིད་ཀྱིས་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པའི་རང་བཞིན་གྱིས་དཔེན་པར་རོ། །དཀར་པོ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །དེ་ལས་ཞེས་བྱ་བ་ནི་རྫས་ལས་སོ། །རྟོགས་པའི་ཚུལ་བརྗོད་པ་ནི། རང་ཉིད་ཅེས་བྱ་བའོ། །དཀར་པོར་ལྡན་ཕྱིར་སྣམ་བུ་ནི་དཀར་པོ་ཡིན་ཞེས་བྱ་བ་དེ་ལ་བཟློག་པ་བརྗོད་པ་ནི། དེའི་ཞེས་བྱ་བ་སྟེ་ཁ་དོག་དེའི་དཀར་པོ་ཉིད་ནི་རྫས་ལ་ལྟོས་ནས་ཡིན་ནོ་ཞེས་བཟློག་པར་ཡང་ཅི་སྟེ་མི་འགྱུར། དེའི་ནི་ཁ་དོག་གིའོ། །གང་ཡིན་ཞེ་ན་ཞེས་བྱ་བ་ནི་ཁ་དོག་ལ་རང་བཞིན་འགའ་ཡང་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །གང་གི་ཚེ་དཀར་པོ་དང་ལྡན་པས་རྫས་དཀར་པོར་བརྗོད་པ་དེའི་ཚེ་ཡང་རྫས་ཀྱི་རང་གི་ངོ་བོ་གང་ཡིན་ཞེས་བརྗོད་པར་བྱ་བ་ཁོ་ནའོ། །དོགས་པ་ནི་རྫས་སོ་ཞེས་དེ་ལྟར་


DTG186_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ནི་རྫས་ཀྱི་རང་གི་རང་བཞིན་ནོ་ཞེན། རྫས་ཞེས་བྱ་བ་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །དེ་ལས་གཞན་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དེ་དག་ལས་གཞན་དུའོ། །གྱུར་པ་ཞེས་བྱ་བ་ནི་བདེ་བའོ། །དབྱི་བས་ཁས་བླངས་ནས་དེ་ལས་གཞན་པའི་རྫས་མེད་པར་བརྗོད་པ་ཡིན་ནོ། །ད་ནི་དབྱིབས་ཀྱང་སུན་འབྱིན་པ་ནི་དབྱིབས་ཀྱང་ཞེས་བྱ་བའོ། །རྫས་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རྟེན་དུ་གྱུར་པའོ། །ཅི་ལྟར་སྣང་བར་འགྱུར་སྙམ་ན། འདི་ལྟར་ཞེས་བྱ་བའོ། །འོ་ན་དེ་གཟུགས་ལ་སོགས་པ་ཡོན་ཏན་གྱི་ཡུལ་ཅན་གྱི་ངོ་ཤེས་བས་ནི་རྫས་ཡུལ་དུ་བྱེད་པ་མ་ཡིན་ནོ་སྙམ་ན། ཡོན་ཏན་ཙམ་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་ཡོན་ཏན་ཙམ་ཡུལ་ཡིན་ནའོ། །དེ་ལྟར་འགྱུར་མོད་སྙམ་ན་རེག་པའི་ཞེས་བྱ་བའོ། །གང་གི་ཕྱིར་ཡོན་ཏན་ཙམ་ལ་ངོ་ཤེས་པ་མ་ཡིན་པ་དེས་ནའོ། །དོན་ལ་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རྟེན་དུ་གྱུར་པ་ལའོ། །ཅི་ལྟར་ངོ་ཤེས་པ་མེད་སྙམ་དུ་དོགས་ན། རྒྱུ་མེད་པས་ཞེས་བརྗོད་པ་ནི། དྲན་པ་མེད་པར་ཞེས་བྱ་བ་སྟེ། སྔར་གྱི་མཐོང་བའི་སྤྱོད་ཡུལ་མ་དྲན་པའི་སྐྱེས་བུ་ལ་ནི་ངོ་ཤེས་པ་མེད་པ་ཁོ་ནའོ། །དེས་ན་ཡན་ལག་ཅན་ལ་ཡང་ངོ་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་དྲན་པའི་མཚན་ཉིད་ཀྱི་རྒྱུ་མེད་པའི་ཕྱིར་ཅི་ལྟར་ངོ་ཤེས་པར་འགྱུར། འོན་ཏེ་གཟུགས་ལ་སོགས་པ་ལ་ཐ་དད་པའི་ཉམས་སུ་མྱོང་བའི་ཡོད་པ་ཉིད་ཡིན་ཏེ། དེས་ཅི་ལྟར་སྔར་གྱི་དྲན་པ་དེ་མེད་པའི་ཕྱིར་ངོ་ཤེས་པར་མེད་པར་འགྱུར་སྙམ་ན། རེ་ཞིག་ཅེས་བྱ་བའོ། །རེག་པའི་རྣམ་པར་ཤེས་པ་ལ་ཡང་བུམ་པ་ལ་སོགས་པ་ལས་ཐ་དད་པའི་ཉམས་སུ་སྣང་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་མི་སྣང་སྙམ་ན། དང་པོ་ནི་ཞེས་བྱ་བའོ། །ཡན་ལག་ཙམ་ནི་གྱོ་མོ་ལ་སོགས་པའི་ཡན་ལག་གང་ཡང་རུང་བ་ཙམ་མོ། །ཡན་ལག་ཙམ་སྣང་བ་ན་ཡང་ལག་ཅན་ཡང་སྣང་ངོ་སྙམ་ན། དེ་ནི་ཞེས་བྱ་བ་སྟེ་ཡན་ལག་ཙམ་མོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་ཡན་ལག་གི་རང་བཞིན་ཉིད་དོ། །ཡན་ལག་ཙམ་དེ་ཉིད་བུམ་པ་ཡིན་ནོ་ཞེ་ན། དེ་ནི་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། ཕྱོགས་ཀྱི་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཡན་ལག་ཅན་ཡིན་ན། འོ་ན་བུམ་པ་གཟུགས་ཡིན་པར་འགྱུར་རོ་ཞེན། གཟུགས་ཙམ་ཡང་ཞེས་བྱ་


DTG186_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཞེས་བྱ་བའོ། །འོ་ན་དེའི་དུས་ན་ཡོད་པའི་ངོ་ཤེས་པ་ལ་སྣང་བ་ཡིན་ནོ་ཞེ་ན། དེའི་ཚེ་ཞེས་བྱ་བ་སྟེ། དང་པོ་གཟུགས་ཙམ་སྣང་བའི་དུས་ནའོ། །ཤེས་པ་ནི་ཉམས་སུ་མྱོང་བ་གཉིས་ལས་བྱུང་བས་ན་དང་པོ་ཉམས་སུ་མྱོང་བའི་དུས་ཉིད་དུ་ནི་འབྱུང་བ་མ་ཡིན་ནོ། །གལ་ཏེ་དང་པོ་ཡན་ལག་དང་ཡོན་ཏན་དག་མཐོང་བ་ཡན་ལག་ཅན་མི་སྣང་ན། འོ་ན་ཡན་ལག་གཞན་ལ་སོགས་པ་མཐོང་བས་ན་སྣང་བ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་ཡན་ལག་དང་པོ་མཐོང་བའི་ཕྱིས་ཀྱི་ཚེའོ། །ཕྱོགས་གཅིག་ཉིད་གཞན་ཞེས་བྱ་བ་ནི་ཡན་ལག་གཞན་ཉིད་དོ། །གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ཡན་ལག་ཅན་དང་དབྱིབས་ནི་འཛིན་པ་ཡོད་པ་མ་ཡིན་ནོ། །ཡོན་ཏན་ལས་མ་གཏོགས་པའི་ཡན་ལག་ཅན་ཡང་སྣང་བ་མེད་དོ་ཞེས་བརྗོད་པ་ནི་དེ་བཞིན་ཞེས་བྱ་བའོ། །ཡོན་ཏན་གཞན་ལ་ཡང་འཛིན་པ་སྲིད་པ་ན་ཡན་ལག་ཅན་དང་དབྱིབས་དག་ལ་ནི་འཛིན་པ་སྲིད་པ་མ་ཡིན་ནོ་ཞེས་སྦྱར་ཏེ། གཟུགས་འཛིན་པའི་རྗེས་ཐོགས་སུ་ཡན་ལག་ཅན་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཡན་ལག་དང་ཡོན་ཏན་གཞན་རྣམས་དྲན་པ་དང་ལྷན་ཅིག་པའི་ངོ་ཤེས་པ་ལས་ཡན་ལག་ངོ་ཤེས་པ་ཡིན་ནོ་ཞེ་ན་ཞིག་ནའང་ཞེས་སྨོས་སོ། །ཡན་ལག་དང་ཡོན་ཏན་གཞན་བཀར་བ་ན་ཡན་ལག་ཅན་ཞིག་པ་མཐོང་བ་མ་ཡིན་ནོ། །དེས་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་མཐོང་བ་ལ། ཡན་ལག་སོགས་པ་དེ་རྣམས་ལ་ཡང་ཡན་ལག་ཅན་ནོ་སྙམ་པའི་དྲན་པར་འགྱུར་བ་ཡང་གང་ཞིག་ཡིན། འདིས་ནི་ཡུལ་ཐ་དད་པ་ཅན་གྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པ་ཡིན་ནོ། །རྗེས་སུ་དཔག་པ་གཞན་གྱིས་ནི་བཟློག་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་ལས་ནི་ཞེས་བྱ་བའོ། །དེའི་ཕྱིར་རྒྱུ་མེད་པའི་ཕྱིར་རམ་རྣམ་པ་གཞན་དུ་ཡང་རུང་སྟེ། ཡན་ལག་ཅན་ལ་ནི་ངོ་ཤེས་པ་ཡོད་པ་མ་ཡིན་ཏེ། དེས་ན་དེ་གཟུང་བར་བྱ་བ་ཡུལ་ཐ་དད་པ་ཅན་གྱི་རྣམ་པར་ཤེས་པས་གཟུང་བར་བྱ་བ་ཉིད་ན་མ་གྲུབ་པོ་ཞེས་བྱ་བ་དང༌། དེའི་ཞར་ལ་ཡན་ལག་ཅན་ནི་སྣང་བ་མི་དམིགས་པས་གནོད་


DTG186_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་ཀྱང་བསྟན་པ་ཡིན་ནོ། །དེ་བཞིན་ཡོན་ཏན་གཞན་ལ་ཡང༌། །ཞེས་འཆད་པ་ནི། གང་གི་ཚེ་བུམ་པ་ལ་སོགས་པ་ཞེས་བྱ་བའོ། །ཡན་ལག་གཞན་དང་ཡོན་ཏན་གཞན། །ཞེས་བྱ་བ་ནི་གང་གི་ཚེ་མདུན་ན་གནས་པའི་ཚུལ་གྱིས་ཡན་ལག་དང་ཡོན་ཏན་གཞན་གཟུགས་མཐོང་བ་དེའི་ཚེ་ཡོན་ཏན་དང་ཡན་ལག་གཞན་ཞེས་བྱ་བ་རེག་པ་ལ་སོགས་པ་དང༌། ཕ་རོལ་དང་དབུས་ཀྱི་ཡན་ལག་རྣམས་མ་དམིགས་པ་དང༌། ཅི་ལྟར་ཡན་ལག་ཅན་དམིགས་པ་ཡིན། ཡན་ལག་ཅན་ནི་ཡོན་ཏན་དང་ཡན་ལག་མཐའ་དག་གིས་ཁྱབ་པར་བྱེད་པ་ཡིན་ལ། དེ་ཡང་ཡོན་ཏན་དང་ཡན་ལག་ཅུང་ཟད་དམིགས་པ་ན་དམིགས་པར་ཅི་ལྟར་འགྱུར། དེ་ཙམ་ཉིད་ནི་ཞེས་བྱ་བ་ནི་ཡོངས་སུ་མཐོང་བ་བཞིན་པའི་ཡོན་ཏན་དང་ཡན་ལག་ཁྱད་པར་བྱེད་པ་ནི་བུམ་པ་མ་ཡིན་ནོ། །ཞིག་ནའང་ཞེས་བྱ་བ་ལ་སོགས་པ་བཤད་པའི་དོན་དུ་བརྗོད་པ་ན། འོན་ཏེ་ཞེས་བྱ་བའོ། །ཕ་རོལ་གྱི་ཡན་ལག་དང་གཟུགས་མུན་ཁུང་དུ་དྲན་པ་དེ་དང་ལྷན་ཅིག་པའི་ངོ་ཤེས་པས་སོ། །དེའི་ཚེ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་གྱི་ཡན་ལག་དང་ཡོན་ཏན་གཞན་དྲན་པ་དང༌། ད་ལྟར་བའི་འཛིན་པ་ཡོད་པ་ན་ངོ་ཤེས་པ་ཡིན་ན། འདིས་ནི་ཡན་ལག་ཅན་ནི་ཡོད་དེ། ཡན་ལག་རྣམས་མི་དབྱེ་བའི་ཕྱིར་ཞེས་བྱ་བའི་སྒྲུབ་བྱེད་མ་གྲུབ་པར་བརྗོད་པ་ཡིན་ལ། ཕན་ཚུན་ཞེས་བྱ་བས་ནི་མ་ངེས་པའོ། །ཅི་ལྟར་མི་འབྲལ་བར་འཛིན་པའི་ཚད་མ་མེད་སྙམ་ན། དབྱེར་མེད་པར་ནི་ཞེས་བྱ་བའོ། །ཚུ་རོལ་གྱི་ཡན་ལག་རྟོགས་པའི་དུས་ན་ཕ་རོལ་དང་དབུས་ཀྱི་ཡན་ལག་མ་བཟུང་བ་དྲན་པའི་རྟོགས་པ་དང་ཕ་རོལ་དང་དབུས་ཀྱི་ཡན་ལག་གང་ཡིན་པ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ངོ་ཤེས་པའི་རྟོགས་པའོ། །འཇག་རྟེན་ནི་གཅིག་ཏུ་བུམ་པའི་ཡན་ལག་མཐོང་ནས་དེའི་རྗེས་ཐོགས་ལས་ལོགས་གཞན་དུ་ཡང་མཐོང་བ་ན། བུམ་པ་དེ་ཉིད་མ་ཐོང་ངོ་ཞེས་ཡན་ལག་རྣམས་ལ་གཅིག་ཉིད་དུ་ངེས་པར་བྱེད་དོ། །དེ་དག་སོ་སོར་སྒྲུབ་པར་བྱེད་པར་མ་ཡིན་ཡང༌། ཚོགས་པ་སྒྲུབ་བྱེད་ཅི་ལྟར་མ་ཡིན་ཞེ་ན། དྲན་པ་དང་ཞེས་བྱ་བའོ། །མི་འབྲལ་བར་གྲུབ་པ་སོ་སོར་ཚད་མ་མ་ཡིན་ཡང་ཚོགས་པའི་གནས་སྐབས་ན་ཚད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་ནུས་པ་ཐ་དད་པར་


DTG186_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བ་ནི་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེར་ཞེས་བྱ་བ་ནི་གདུང་མ་འདེགས་པ་དེ་ལ་སོ་སོར་ནུས་པ་མེད་པ་དེ་རྣམས་ཚོགས་པའི་གནས་སྐབས་ན། ནུས་པའི་མཚན་ཉིད་ཀྱི་འབྲས་བུ་སྐྱེད་པའི་ཕྱིར་རོ། །འདིར་ཡང་ད་བཞིན་དུ་འགྱུར་རོ་ཞེ་ན། འདིར་ཞེས་བྱ་བའོ། །དོགས་པ་བསུ་པ་ནི། ཡན་ལག་ཅེས་བྱ་བ་སྟེ། ངོ་ཤེས་པ་དང་ཡན་ལག་དག་གིས་སོ། །ཡན་ལག་ཅན་རྟོགས་པ་སྐྱེད་དོ་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ངོ་ཤེས་པ་དང་དྲན་པ་ལས་གཞན་པའི་རྟོགས་པ་གསུམ་པ་གཞན་མེད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དོགས་པ་བསུ་བའོ། །ངེས་པའི་རང་བཞིན་ཞེས་བྱ་བ་ནི་ཡན་ལག་ཅན་ཡོད་དོ་ཞེས་བྱ་བ་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་ངེས་པའོ། །ཚད་མ་ཡིན་པ་ལས་ཞེས་བྱ་བ་ནི་རིགས་ལ་གཅིག་གི་ཚིག་སྟེ། དྲན་པ་དང་ངོ་ཤེས་པ་ཚད་མ་མ་ཡིན་པ་དག་ལས་ཡན་ལག་ཅན་གྱི་དེས་པ་སྐྱེ་བ་གང་ཡིན་པ་དེ་ནི་མ་ངེས་པ་མ་ཡིན་པ་ཁོ་ནའོ།། ཅིའི་ཕྱིར་ཞེ་ན་ཚད་མ་ཞེས་བྱ་བའོ། །ཅིའི་ཕྱིར་འདི་ལས་ངེས་བ་མ་ཡིན་སྙམ་ན་ཚད་མ་ཞེས་བྱ་བའོ། །གལ་ཏེ་ཚད་མ་ཁོ་ན་ལས་ངེས་ཀྱི་ཚད་མ་མ་ཡིན་པ་ལས་ནི་མ་ཡིན་ན། དེ་ལྟ་ན་ཚད་མ་དོན་དང་ལྡན་པར་འགྱུར་རོ། །རྗེས་དཔག་ལས་ནི་རྟོགས་པ་གང་ཞེས་བྱ་བ་ལ་སོགས་པ་བཤད་པའི་དོན་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་པའོ། །བུམ་བ་ཆུ་སྐྱོར་བར་མཐོང་ནས། འོག་གི་ཡན་ལག་རྗེས་སུ་དཔོག་པར་བྱེད་ལ། དེ་རྗེས་སུ་དཔག་པ་ན་ཡང༌། མཐོང་བཞིན་པའི་ཡན་ལག་གང་ཡིན་པ་དེ་མ་མཐོང་བ་འདི་གཅིག་ཉིད་དུ་ནི་དེ་ནི་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པ་ལས་ཡིན་ཏེ། དེ་ལྟ་མ་ཡིན་ན་མུས་ལ་འཕོ་བར་འགྱུར་ཏེ། ཡན་ལག་རྣམས་ནི་གཡོ་བ་དང་བཅས་པ་ཡིན་པའི་ཕྱིར་རོ། །གཅིག་ཉིད་དུ་ངོ་ཤེས་པ་ནི་ཡན་ལག་རྣམས་ཉིད་ཡིན་པར་ཡང་མི་འཐད་དེ། དེས་ན་ཤུགས་ཀྱིས་ཡན་ལག་ཅན་ཉིད་རྣམ་པར་གནས་པས་དེ་ལྟར་ཡན་ལག་ཅན་འགྲུབ་བོ། །གལ་ཏེ་གཅིག་ཏུ་ངོ་ཤེས་པར་བྱས་པ་ནི་ཡན་ལག་རྣམས་ཁོ་ན་ཡིན་གྱི་ཡན་ལག་ཅན་ནི་མ་ཡིན་ནོ། །དེས་ན་ཅི་ལྟར་དེ་འགྲུབ་སྙམ་ན། ཡན་ལག་དག་ནི་ཞེས་སྨོས་སོ། །གྲུབ་བའི་མཐའི་དོན་ནི་འདི་ཡིན་ཏེ། ཡན་ལག་གཞན་ངེས་པར་བྱེད་པའི་རྗེས་སུ་དཔག་པ་ནི་མངོན་སུམ་གྱིས་འབྲེལ་བ་གྲུབ་པའི་རྟགས་


DTG186_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པ་ཡིན་ནོ། །མངོན་སུམ་ཡང་ཡན་ལག་ཉིད་འཛིན་པར་བྱེད་པ་ཡིན་པས། དེ་ཅི་ལྟར་ཡན་ལག་ཅན་འགྲུབ་ཅེས་བྱ་བའོ། །ངོ་ཤེས་པ་ལས་གཅིག་ཏུ་རྟོགས་པའི་ཕྱིར་ཡན་ལག་ཅན་རྟོགས་པ་ཡིན་ཏེ་ཞེས་གང་བརྗོད་པ་དེ་ཡང་སུན་འབྱིན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གཞན་དུ་སྟེ་ཐ་དད་པར་མངོན་སུམ་གྱིས་མཐོང་བའི་དངོས་པོ་ལ་གཅིག་ཏུ་ངོ་ཤེས་པ་ལས་གྱུར་པ་གང་ཡིན་པ་དེ་རྟོགས་པའི་ལམ་དུ་མོད་ལ་ཅི་ལྟར་བྱེད་པར་འགྱུར། རྣམ་པ་གཞན་དུ་ཞེས་བྱ་བ་ནི་ཐ་དད་པར་རོ་གཞན་དུ་ཞེས་བྱ་བ་ནི་ཐ་མི་དད་པར་རོ། །གལ་ཏེ་མངོན་སུམ་གཞན་གྱིས་གཞན་དུ་མི་བྱེད་ན་དེའི་ཚེ་ངོ་ཤེས་པ་ཡང་མངོན་སུམ་ཉིད་ཡིན་པས། ཅི་ལྟར་གཞན་གྱིས་གཞན་དུ་བྱེད་སྙམ་དུ་དོགས་པ་ནི། ངོ་ཤེས་པ་ཡང་ཞེས་བྱ་བའོ། །མངོན་སུམ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་ཞེས་བྱ་བའོ། །རྗེས་སུ་དཔག་པའི་ཡུལ་ལ་འཇུག་པ་ཡང་ཕ་རོལ་པོ་ཉིད་འདོད་པ་ཡིན་ཏེ། འོན་ཏེ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་སོ། །གཞན་དག་ནི་རྗེས་སུ་དཔག་པའི་ཡུལ་ལ་ཞེས་བྱ་བ་ནི་དྲན་པའི་ཡུལ་ལ་ཞེས་སོ། །གལ་ཏེ་རྗེས་སུ་དཔག་པའི་ཡུལ་ལ་འཇུག་ཀྱང་ངོ་ཤེས་པས་གཅིག་ཉིད་སྒྲུབ་པར་འགྱུར་རོ་ཞེ་ན། རྗེས་སུ་དཔག་པ་དེ་ཡང་ཞེས་བྱ་བའོ། །དུ་མའི་ནི་ཡན་ལག་དུ་མའིའོ། །གལ་ཏེ་ཡན་ལག་དུ་མའི་ཡུལ་ཅན་ཉིད་ཡིན་ན། ཅི་ལྟར་ངོ་ཤེས་པ་གཅིག་ཉིད་ཉེ་བར་སྟོན་པས་ཐ་སྙད་ཀྱི་རྒྱུ་ཡིན་སྙམ་དུ་དོགས་པ་ནི། ངོ་ཤེས་པ་ཞེས་བྱ་བའོ། །ལན་ནི་ཚད་མ་ཉིད་ཀྱིས་ཐ་སྙད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །ཚད་མ་ཉིད་ཅི་ལྟར་ཡིན་ཞེ་ན། ཚད་མ་ཉིད་ཀྱང་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཞེས་བྱ་བ་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་པས་སོ། །གལ་ཏེ་གཅིག་ཉིད་ཀྱི་ཐ་སྙད་གྲུབ་པ་ལ་རྗེས་སུ་དཔག་པ་ཚོལ་ན་དེའི་ཚེ་རྗེས་སུ་དཔག་པའི་རང་བཞིན་གྱི་ངོ་ཤེས་པས་ཡན་ལག་ཅན་འགྲུབ་པར་འགྱུར་རོ། །སྙམ་དུ་དོགས་པ་བསུ་བ་ནི་འོ་ན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་ལན་གྱི་དོན་ནི་འདི་ཡིན་ཏེ། དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ནི། དོན་དམ་པའི་གཅིག་ཉིད་ཀྱི་ཕུལ་ཅན་མ་ཡིན་གྱི། འོན་ཀྱང་བརྟགས་པའི་གཅིག་གི་ཡུལ་ཅན་ཡིན་ལ། ཁྱེད་ཀྱིས་བསྒྲུབ་པར་བྱ་བའི་ཡན་ལག་ཅན་ནི་དོན་དམ་པའི་གཅིག་


DTG186_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བའོ། །བརྟགས་པའི་གཅིག་ཉིད་སྟོན་པ་ནི་དོན་དེ་ཞེས་བྱ་བའོ། །བཙོ་བ་དང་སྲེག་པར་བྱེད་པ་ཉིད་ཀྱིས་མཐོང་བ་དང༌། རིག་པ་དག་ལ་གཅིག་ཉིད་དུ་ཉེ་བར་བཏགས་པ་ཡིན་ནོ། །སྒྲུབ་པར་བྱེད་པའི་ཤེས་པས་ཉེ་བར་བསྟན་པའི་གཟུགས་དང་རེག་པའི་ཤེས་པས་ཉེ་བར་བསྟན་པའི་རེག་པ་ཉིད་གཅིག་ཏུ་བསྒྲུབ་པར་བྱ་བ་ཡིན་ནོ། །སྔར་མཐོང་བ་གང་ཡིན་པ་དེ་ཉིད་མི་སླུ་བའི་རང་བཞིན་དོན་བྱ་བའི་ཤེས་པས་རེག་པར་བྱ་བ་ཡིན་ཏེ། སྲེག་པ་ལ་སོགས་པའི་འབྲས་བུ་བྱེད་པའི་ཕྱིར་སྔོན་མཐོང་བའི་མེ་བཞིན་ནོ་ཞེས་ཉེ་བར་བཏགས་པའི་གཅིག་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐོག་མ་མེད་པའི་བག་ཆགས་ཞེས་ལན་འདེབས་པར་འགྱུར་རོ། །དོན་བྱ་བ་གཅིག་པ་ཉིད་ཀྱང་ལྷག་པར་ཞེན་པར་གཅིག་པ་ལས་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཐ་སྙད་བསྒྲུབ་པའི་རྗེས་སུ་དཔག་པའི་ཡུལ་མེ་ལ་སོགས་པ་ལའོ། །དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཅིག་ཉིད་མ་ཡིན་པའོ། །གལ་ཏེ་སྔར་མཐོང་བ་དང་མཐོང་བཞིན་པ་དོན་དམ་པར་གཅིག་མ་ཡིན་ན་ཅི་ལྟར་དོན་བྱ་བ་འགྲུབ། དེས་ན་དོན་དམ་པའི་གཅིག་ཉིད་རྗེས་སུ་དཔག་པའི་སྤྱོད་ཡུལ་ཡིན་ནོ་སྙམ་ན། དེ་ཉིད་ཀྱིས་ཞེས་བྱ་བ་སྟེ་སྔར་མཐོང་བ་ཉིད་ཀྱིས་སོ། །དོགས་པ་ནི་དངོས་ཞེས་བྱ་བའོ། །སངས་རྒྱས་པ་ལ་དོན་དམ་པ་པའི་གཅིག་མེད་པའི་ཕྱིར་ཉེ་བར་བཏགས་པ་མི་འཐད་དོ་ཞེ་ན། དངོས་མེད་ཀྱང་ཉེ་བར་འདོགས་པའི་རྒྱུ་མཚན་ཡོད་ངོ་ཞེས་བརྗོད་པ་ནི། ཐོག་མ་མེད་པའི་ཞེས་བྱ་བའོ། །གལ་ཏེ་ཡང་དངོས་ཀྱི་གཅིག་ཉིད་ཉེ་བར་འདོགས་པའི་རྒྱུ་མཚན་མ་ཡིན་པ་དེ་ལྟ་ན་ཡང་རྣམ་པ་གཅིག་ཏུ་སྣང་བའི་ཤེས་པ་བག་ཆགས་ཉིད་རྒྱུ་མཚན་ཡིན་ལ། དེ་ཡང་གཅིག་ཏུ་སྣང་བའི་ཤེས་པ་སྔ་མ་ལས་ཡིན་ནོ། །དེས་ན་འདི་ཡན་ཆད་ཀྱིས་ནི་དངོས་ཀྱི་གཅིག་མེད་ཀྱང་ཉེ་བར་བཏགས་པ་རྒྱུ་མཚན་དང་བཅས་པར་བསྟན་པ་ཡིན་ནོ། །ད་ནི་དངོས་པོ་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་བཏགས་པ་སྟོན་པ་ནི། ཡང་ན་ཞེས་བྱ་བའོ། །དང་པོ་མེ་མཐོང་བ་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་གྱིས་རེག་པར་བརྗོད་པ་ཡིན་ནོ། །གལ་ཏེ་ཡང་དེ་ལ་གཅིག་ཉིད་ཡོད་པ་མ་ཡིན་པ་དེ་ལྟར་ན་ཡང༌། གཅིག་ཉིད་དང་གཅིག་ཉིད་ཀྱི་སྒྲ་གྲགས་པས་དངོས་ཡིན་པར་བརྗོད་ལ། དུས་གཞན་དུ་ནི་སྔར་


DTG186_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་གཅིག་པ་ཉིད་དང་ལྷག་པར་སྒྲོ་བཏགས་པ་ལས་ཏེ། ལྷག་པར་ཞེན་པས་གཅིག་ཉིད་དུ་བརྗོད་དོ། །གང་ཞིག་ལ་ཞེ་ན། དོན་བྱ་བ་བྱེད་པའི་དངོས་པོ་ལའོ། །ཅི་ལྟར་ཡོད་པ་མ་ཡིན་པ་ལྷག་པར་སྒྲོ་འདོགས་སྙམ་ན། ཉེར་བཏགས་ལས་ཏེ། བཏགས་ནས་སོ། །འདིས་ནི། དོན་མེད་ན་ཡང་གང་ལ་ནི། །ཞེས་བྱ་བ་ལ་སོགས་པའི་རིགས་པ་བསྟན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཆོས་དང་ཆོས་ཅན་གྱི་དངོས་པོ་དོན་དམ་པ་པར་མི་འཐད་པ་དེའི་ཕྱིར་རོ། །ཆོས་དང་ཆོས་ཅན་དག་ཅེས་བྱ་བ་ནི་བྱས་པ་དང་སྒྲ་དག་གམ། གཟུགས་དང་བུམ་པ་དག་དེ་ཉིད་དང་གཞན་ཉིད་དུ་ཞེས་ཐ་མི་དད་པ་དང་ཐ་དད་པར་འགྱུར་བ་ཡིན་ནོ། །གལ་ཏེ་འདི་དག་ཐ་མི་དད་པ་ཉིད་དུ་མཐོང་བ་མ་ཡིན་ནོ། །དེ་ཇི་ལྟར་ཐ་དད་པ་དང་ཐ་མི་དད་པ་ཡིན་ཞེ་ན། ལྡོག་པ་ཞེས་བྱ་བ་ཐ་དད་པ་ཀུན་བརྟགས་པ་ལས་དེ་ཉིད་དང་གཞན་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ཉིད་ཁོ་ནར་འགྱུར་ཏེ། སྒྲ་ལས་བྱས་པ་ལ་སོགས་པའི་ཆོས་རྣམས་སམ་གཟུགས་དང་རོ་ལ་སོགས་པ་ལས་བུམ་པ་ལ་སོགས་པའི་ཆོས་ཅན་རྣམས་ཐ་དད་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་དངོས་པོ་ལ་མེད་སྙམ་ན་དེ་ཁོ་ནར་ནི་ཞེས་བྱ་བ་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་ཐ་དད་སྙམ་ན། ཐ་དད་པ་ནི་ཞེས་བྱ་བའོ། །དབྱེ་བ་ཅི་ལྟར་དོན་དམ་བ་མ་ཡིན་ཞེ་ན། དབྱེ་བ་དེ་ནི་ཞེས་བྱ་བའོ། །དེ་ཞེས་བྱ་བ་མངོན་སུམ་སྔོན་དུ་སོང་བ་ཅན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལས་སོ། །དངོས་པོའི་སྟོབས་ཀྱིས་ཞུགས་པའི་མངོན་སུམ་དང་རྗེས་སུ་དཔག་པ་ངག་གིས་ནི་ཆོས་དང་ཆོས་ཅན་དག་ཐ་དད་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་བརྟགས་པའི་དབྱེ་བ་ཡང་ཅི་ལྟར་འགྲུབ་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཡང་མཐོང་བ་གང་ཡིན་པ་དེ་ཉིད་རེག་པ་ཡིན་ཏེ། བྱ་བ་གཅིག་བྱེད་པའི་ཕྱིར་རོ་ཞེས་བསྟན་ཟིན་པ་ཁོ་ནའོ། །དེ་ཉིད་དང་གཞན་ཉིད་ཅེས་བྱ་བ་ནི་བརྟགས་པའོ། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར་ཏེ་མ་དམིགས་པའི་ཕྱིར་ན་དེ་ཉིད་གཞན་ཉིད་འགོག་པར་འགྱུར་རོ། །ཡུལ་གང་ལ་ཞེ་ན། དོན་དམ་པར་ནི་རྣམ་དཔྱད་ན་ཀུན་རྫོབ་པ་ལ་སྟེ། ཀུན་རྫོབ་པ་དོན་དམ་པར་རྣམ་པར་དཔྱད་པ་གང་ཡིན་པ་དེ་དག་ལ་སྟེ། དོན་འདི་དག་ནི་ཀུན་རྫོབ་པ་ཁོ་ན་ཡིན་གྱི་དོན་དམ་པའི་རང་བཞིན་


DTG186_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ་ཞེས་བྱ་བར་རོ། །གལ་ཏེ་དེ་ཉིད་དང་གཞན་ཉིད་དུ་ཁས་ལེན་ན་ཁྱེད་ནམ་མཁའི་གོས་ཅན་གྱི་ལུགས་ཀྱི་རྗེས་སུ་འཇུག་པར་འགྱུར་རོ་ཞེ་ན། དོན་དམ་པར་ནི་ཞེས་བྱ་བའོ། །དོན་དམ་པ་པར་ནི་ཐ་མི་དད་ལ། བརྟགས་པ་པ་ནི་ཐ་དད་ཡིན་ནོ་ཞེས་བྱ་བར་ནི་ནམ་མཁའི་གོས་ཅན་འདོད་པ་མ་ཡིན་གྱི་འོན་ཀྱང་སངས་རྒྱས་པ་ཁོ་ནའི་ཡིན་ནོ། །འོ་ན་ནམ་མཁའི་གོས་ཅན་གྱི་འདོད་པ་ཅི་འདྲ་པ་ཞིག་ཡིན་སྙམ་ན། འོན་ཀྱང་གཉི་ག་ཞེས་བྱ་བ་སྟེ་ཐ་དད་པ་དང་ཐ་མི་དད་པའོ། །གང་གི་ཕྱིར་དེ་ལྟར་དོན་དམ་པར་ཐ་དད་པ་མེད་པ་དེ་ཉིད་ཀྱི་ཕྱིར་རོ། །དཔག་བྱ་མི་རྟག་པ་ཉིད་དང་དཔག་པར་བྱེད་པ་རྟག་པ་དང་དོན་ཆོས་ཅན་ཏེ། འདི་དག་གི་བསྒྲུབ་བྱ་ཉིད་ལ་སོགས་པའི་ཐ་སྙད་གནས་པ་འདི་ནི། ལྡོག་པ་ལ་བརྟེན་པས་རྣམ་པར་རྟོག་པས་གྲུབ་པ་ལ་བརྟེན་ནས་བརྟགས་པ་ཡིན་ནོ། །ཤེས་པ་མ་གྲུབ་ཐ་དད་ལ། །བརྟེན་ནས་ཞེས་བྱ་བ་མ་རྟོགས་པའི། རྣམ་འགྲེལ་འདི་ཉིད་འདི་སྙམ་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཁ་བསྐངས་ཏེ་རྩོད་པ་ཡིན་ནོ་ཞེས་བརྗོད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །གལ་ཏེ་དོན་དམ་པ་པའི་ཐ་དད་པ་མེད་ན་དེའི་ཚེ་ཅི་ལྟར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཤེས་པ་ལ་གྲུབ་ཐ་དད་པ། །ཞེས་བྱ་བ་ཉིད་ཀྱི་རྣམ་པར་འགྲེལ་པ་བརྗོད་པ་ནི། ལྡོག་པས་ཞེས་བྱ་བའོ། །འོན་ཏེ་སངས་རྒྱས་པས་འདི་འདྲ་བའི་ཐ་དད་པ་ལ་བརྟེན་པས་བྱ་བ་མ་ཡིན་པ་ཁོ་ནའོ་སྙམ་ན། ཀུན་རྫོབ་པའི་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་ཀུན་རྫོབ་ཏུ་ཞེས་བྱ་བའོ། །དོན་དམ་པར་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་ལ་མི་བརྟེན་པ་ཡང་མ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་ཀུན་རྫོབ་དང་དོན་དམ་པ་དག་ལ་གང་རུང་ཞིག་ལ་བརྟེན་པར་བྱ་བ་ཡིན་ནོ་ཞེ་ན། ཀུན་རྫོབ་ཀྱི་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ཐ་དད་ཁས་མ་བླངས་ན་མི་སླུ་བ་མེད་པར་འགྱུར་རོ། །གལ་ཏེ་བྱ་བ་ལ་སོགས་པའི་ཆོས་འབའ་ཞིག་འདོད་ཀྱི། དེ་དང་དེ་ལས་ལོག་པའི་ཆོས་ཅན་སྒྲ་ལ་སོགས་པ་ནི་མ་ཡིན་ལ། དེ་བཞིན་དུ་ཡན་ལག་ཁོ་ན་འདོད་ཀྱི་གཟུགས་ལ་སོགས་པའི་ཡན་ལག་དོན་དམ་པ་པ་ནི་མ་ཡིན་ན་དེའི་ཚེ་མི་སླུ་བར་མི་འགྱུར་རོ། །བྱས་པ་ལ་སོགས་པའི་ཆོས་རྣམས་དང༌། ཡན་ལག་ཡན་ལག་ཅན་ནི་མེད་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་སྒྲ་ལ་སོགས་པའི་ཆོས་ཅན་འབའ་ཞིག་འདོད་ལ། དེ་བཞིན་དུ་ཡན་ལག་དང་རེག་པ་ལ་


DTG186_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཡོན་ཏན་ཉིད་འདོད་པ་ཡིན་ན། དེའི་ཚེ་རྗེས་སུ་དཔག་པ་དང༌། རྗེས་སུ་དཔག་པར་བྱ་བའི་ཐ་སྙད་དང༌། བདག་གིས་མཐོང་བ་གང་ཡིན་པ་དེ་ཉིད་ལ་རེག་གོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་མེད་པར་འགྱུར་ཏེ། དེས་ན་གཉི་ག་ལ་ཉེ་བར་ལེན་ཏོ། །གང་གི་ཕྱིར་དོན་དམ་པར་མེད་པ་དེའི་ཕྱིར་གང་གི་ཚེ་ཐ་དད་པར་སྡང་བར་གྱུར་པ་དེའི་ཚེ་དེ་ནི་ཐ་སྙད་ཀྱི་རྟེན་ཡིན་ནོ། །ཅི་ལྟར་སྣང་བ་གཞན་གྱི་ཆོས་དང་ཆོས་ཅན་ལ་བརྟེན་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་དུ་འགྱུར་བ་ཡིན་གྱི་དེ་ཁོ་ནར་ནི་མ་ཡིན་ནོ། །དོན་ལ་མི་སླུ་བ་ནི་འབྲེལ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེ་ལྟར་གང་ལ་སྣང་སྙམ་ན་ཤེས་ལ་སྟེ་རྣམ་པར་རྟོག་པ་ལའོ། །ཅི་ལྟ་བུ་ཞིག་ལ་ཞེ་ན། དོན་གང་གི་བདག་ཉིད་གང་ཞིག་དེ་ལྟ་བུམ་ཡིན་པ་ལས་ཐ་དད་པ་དེའི་མཐར་ཐུག་པའི་ཤེས་པ་གང་ཡིན་པ་དེ་ལའོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་བརྟགས་པའི་ཐ་དད་པ་མེད་ནའོ། །དེ་སྐད་དུ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་དོ། །སྐབས་སུ་བབ་པ་ལ་ནི་ལྡོག་པ་ཐ་དད་པ་ཡང་མེད་པའི་ཕྱིར་མ་གྲུབ་པ་ཁོ་ནའོ། །གང་གི་ཕྱིར་ཐ་སྙད་དུ་བཞག་པའམ། ཡང་ན་ཐ་སྙད་ཀྱིས་བཞག་པ་སྒྲ་ནི་རྟག་སྟེ་ཞེས་བྱ་བའི་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ཉིད་སྒྲ་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བྱས་པ་ཡིན་ནོ། ཅི་འདྲ་བ་ཞིག་སྒྲུབ་བྱེད་དུ་བྱས་ཤེ་ན། གང་ཞིག་ཐ་དད་པའི་བློ་དང་མ་འབྲེལ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་དུ་བྱས་པའི་རྣམ་པ་ལས་རང་བཞིན་གཞན་གྱིས་བློ་གཞན་ལ་གནས་མེད་པ་སྟེ། ཐ་དད་པའི་བློ་དང་མ་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་རྣམ་པར་གཅད་པར་བྱ་བ་ལོགས་ཤིག་པ་མེད་པའི་ཕྱིར་ན། རྟོགས་པར་གྲུབ་པའི་ཐ་དད་པ་ཙམ་ཡང་མེད་པ་དེས་ན་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པས་ན། མ་གྲུབ་པར་བསྟན་པ་ཡིན་ནོ། །གང་གིས་འདི་མ་གྲུབ་པར་འགྱུར་བ་ཅི་ལྟར་ན་འདིར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པ་ཉིད་དུ་བྱས་ཤེ་ན། ལོག་པ་ཞེས་བྱ་བ་སྟེ། མི་རྟག་པ་དང་བྱས་པའི་སྒྲ་ཐ་དད་པས་ནི་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་ལྡོག་པ་ཐ་དད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལོག་པ་དེ་ནི་གཅིག་ཡིན་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཐ་དད་སྙམ་ན། འོན་ཀྱང་སྒྲ་མ་ཡིན་པ་ལ་སོགས་པ་ལྡོག་པའི་མཚམས་གང་ལས་ལྡོག་པ་སྟེ་ཐ་དད་པ་ལས་ལྡོག་པ་རྣམས་ཐ་དད་


DTG186_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ་ཞེས་འབྲེལ་ཏེ། །ཐུན་མོང་ནི་བྱས་པ་ཉིད་དེ། སྒྲ་དང་སྒྲ་མ་ཡིན་པ་གཉི་ག་ལ་ཡོད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་སྒྲ་ཉིད་དེ་སྒྲའི་བསལ་བ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཡང་ན་ཐུན་མོང་བ་ནི་གཟུགས་དང་སྒྲ་ལ་སོགས་པའི་ཡན་ལག་རྣམས་ཡིན་ལ། ཐུན་མོང་མ་ཡིན་པ་ནི་བུམ་པ་ལ་སོགས་པའི་ཡན་ལག་ཅན་ནོ། །དེ་ལྟ་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐ་དད་པའོ། །དངོས་པོའི་རྐྱེན་ཞེས་བྱ་བ་ནི་སྒྲ་ཉིད་དོ། །གཞན་གྱི་ལྟར་ན་ནི་དངོས་པོའི་རྐྱེན་དོན་དམ་པ་པའི་ཐ་དད་པས་འཇུག་པ་ཡིན་ལ། སངས་རྒྱས་པའི་ལྟར་ན་ནི་ལོག་པའི་ཐ་དད་པར་བརྟགས་པས་ཡིན་ནོ། །འདིར་ནི་གཉི་ག་ལྟར་ཡང་ཐ་དད་པ་མི་སྲིད་དོ། །འགྱུར་ན་ཡང་ཞེས་བྱ་བ་ནི་ཐ་དད་པ་རྣམ་པ་གཉིས་མེད་བཞིན་དུའོ། །དོགས་པ་ནི་དངོས་པོའི་རྐྱེན་ཞེས་བྱ་བའོ། །ཕན་ཚུན་བརྟེན་པ་ཉིད་བརྗོད་པ་ནི། དྲུག་པའི་ཞེས་བྱ་བའོ། །དོན་ནི་སྒྲའི་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བ་ནི། དོན་མཐོང་པ་ན་ནི་བརྡ་ལས་ནི་རྗོད་པར་བྱེད་པའི་སྒྲ་ཡིན་ནོ། །དོན་མཐོང་བ་མེད་ན་ནི་བརྡ་མེད་པའི་ཕྱིར་སྒྲ་རྗོད་བྱེད་མ་ཡིན་པ་ཁོ་ནར་འགྱུར་རོ། །དེས་ན་འདིའི་རྗོད་པར་བྱེད་པ་ནི་དོན་གྱི་རྒྱུ་མཚན་ཅན་ཡིན་ནོ། །དོགས་པ་ནི་དོན་དེ་ནི་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པ་ཉིད་ཅེས་བྱ་བ་ནི། སྒྲ་ལས་རྟོགས་པར་འགྱུར་བ་ཉིད་དོ། །གང་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །ཚད་མ་ཡིན་ནོ་ཞེས་བྱ་བ་ནི་བླང་བར་བྱ་བའོ། །དེ་ལྟ་མ་ཡིན་ན་སྒྲས་བརྗོད་པར་བྱ་བ་གཞལ་བྱ་ཡིན་པའི་ཕྱིར་ཅི་ལྟར་དེ་ལ་ཚད་མ་འཇུག་པར་འགྱུར། སྒྲ་གཞན་གྱིས་ཞེས་བྱ་བ་ཉིད་ཀྱི་སྒྲས་སོ། །ལན་ནི་དེ་ལྟ་ན་ཞེས་བྱ་བའོ། །སྒྲ་དུ་མ་ལས་དོན་དུ་མ་ཉིད་ཡིན་ན་ཤིང་དང་རྐང་འཐུང་ལ་སོགས་པ་དུ་མས་དོན་དུ་མར་འགྱུར་བས་རྣམ་གྲངས་སུ་མི་འགྱུར་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན་ནོ། །གང་གི་ཕྱིར་ལོག་པ་ཐ་དད་པས་ལྡོག་པ་ཐ་དད་པ་མ་ཡིན་གྱི། འོན་ཀྱང་ལྡོག་མཚམས་ཐ་དད་པ་ལས་ཡིན་ལ། འདིར་ནི་ལྡོག་མཚམས་ཀྱང་ཐ་དད་པ་མེད་པ་དེའི་ཕྱིར་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འདིས་ནི་ཐ་དད་པ་མེད་པའི་ཕྱིར་མ་གྲུབ་པར་བརྗོད་པ་ཡིན་ནོ། །ད་ནི་དམ་བཅའ་བ་སྦྱར་བའི་དུས་ཉིད་དུ་རྟོགས་པའི་ཕྱིར་ཟློས་པ་ཡིན་པར་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་ནི། སྒྲུ་ཞེས་བྱ་བ་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲའི་མཉན་པ་ཉིད་ལས་སོ། །ཡང་སྒྲ་ཉིད་བརྗོད་པས་ཅི་བྱ། དོགས་པ་ནི་ཡང་བརྗོད་པ་ནི་ཞེས་བྱ་བ་སྟེ། ཆོས་སྒྲ་ཉིད་གཙོར་


DTG186_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་དུའོ། །གཙོར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་འབྲས་བུ་མེད་པའི་ཕྱིར་རོ། །འོན་ཏེ་དེ་གཙོར་བྱས་པ་ལ་འབྲས་བུ་གོ་བར་བྱེད་པ་ཉིད་ཡིན་པ་ཡོད་དོ་ཞེ་ན། ཆོས་ཅན་ཞས་སྨོས་སོ། །བྱས་པས་ཞེས་བྱ་བ་ཆོས་ཅན་གྱི་ཁྱད་པར་དངོས་པོའི་རྐྱེན་དང་བྲལ་བ་འདིས་ཀྱང་མི་རྟག་པ་ཉིད་རྟོགས་པ་ཁོ་ནའོ། །འོན་ཏེ་ཡང་ཅི་ལྟར་སྒྲོན་མེའི་ཆོས་གསལ་བར་བྱེད་པ་ཉིད་རང་རྟོགས་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྒྲའི་ཉིད་ཀྱང་རང་མི་རྟག་པ་ཉིད་དུ་གོ་བར་བྱེད་པ་ཡིན་ནོ་སྙམ་ན། མར་མེའི་ཞེས་སྨོས་སོ། །མར་མེའི་དཔེའི་དབང་གིས་ཆོས་ཅན་ཆོས་ཀྱིས་གོ་བར་བྱེད་པ་ཡིན་ན། ལྐོག་ཏུ་གྱུར་པའི་མེ་ཡང་ཆོས་ཅན་དེ་ལ་གནས་པའི་ཆོས་ཀྱིས་ཤེས་པར་བྱེད་པར་འགྱུར་ཏེ། མར་མེ་བཞིན་དུ་འབྲེལ་པ་ལ་མི་ལྟོས་པའི་ཕྱིར་རོ། །དེས་ན་རི་འདི་ནི་མེ་དང་ལྡན་པ་ཡིན་ཏེ། རི་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་སྒྲུབ་བྱེད་ཡིན་པས་དུ་བ་བརྗོད་པ་དོན་མེད་པར་འགྱུར་རོ། །རྗེས་སུ་དཔག་པ་ནི་ཐ་སྙད་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ལ། རྗེས་སུ་དཔག་པའི་དུ་བ་ལ་སོགས་པའི་རྟགས་སོ། །དུ་བ་ལ་སོགས་པའི་རྟགས་གཞན་བརྗོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་འབྲས་བུ་མེད་པས་ནའོ། །སྔར་བརྗོད་པའི་མཇུག་སྡུད་པ་ནི་ཐ་དད་པ་ཞེས་བྱ་བའོ། །དཔེར་ན་རྩོལ་བྱུང་ཉིད་ཀྱི་ཕྱིར་ཞེས་རྩོལ་བ་ལས་བྱུང་བའི་སྒྲའི་རང་བཞིན་ཉིད་ཆོས་ཅན་ཡིན་ལ། སྒྲ་དང་བུམ་པ་ལ་སོགས་པའི་ཐུན་མོང་བ་ནི་རྟགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྣམ་པར་འབྲེལ་བའོ། །ཅིའི་ཕྱིར་མ་གྲུབ་པ་ཉིད་མ་ཡིན་སྙམ་ན། སྒྲ་ལ་གནས་པའི་ཞེས་བྱ་བའོ། །ཐ་དད་པ་ཅི་ལྟར་ཞེ་ན། སྒྲ་ལ་གནས་པའི་ཞེས་གསུངས་སོ། །རྩོལ་བ་ལས་བྱུང་བ་ལས་གཞན་ལས་ནི་བུམ་པ་ལ་སོགས་པ་ལས་ཀྱང་ངོ༌། །དེ་ལས་གཞན་བུམ་པ་ལ་སོགས་པ་ལས་སོ། །འོ་ན་གང་ལས་ཐ་དད་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །གློག་ལ་སོགས་པ་ཁོ་ན་ལས་སོ། །དེ་ལྟར་ན་རེ་ཞིག །རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་འདི་ལ། ཆོས་ཅན་དང་སྒྲུབ་པར་བྱེད་པ་རྗོད་པའི་སྒྲ་དག་རྣམ་གྲངས་མ་ཡིན་པར་བསྟན་པ་ཡིན་ནོ། །འདི་འདྲ་བའི་རྣམ་གྲངས་མ་ཡིན་པ་ཉིད་ནི། སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ལ་མེད་པ་དེས་ན་མ་གྲུབ་པར་བརྗོད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་འདི་ལྡོག་པའི་ཐ་དད་པས་སོ། །དེ་དང་དེ་


DTG186_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ལས་ཞེས་བྱ་བ་སྒྲ་དང་སྒྲ་མ་ཡིན་པ་ལ་གནས་པའོ། །དེ་ལྟར་གྱུར་ན་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཉིད་དུ་འགྱུར་རོ་སྙམ་ན། འོ་ན་ཞེས་སྨྲས་ཏེ། རྩོལ་བ་ལས་བྱུང་བ་བཞིན་དུ་ཁྱབ་པ་ཉིད་མེད་པའི་ཕྱིར་སྒྲ་ཉིད་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཁོ་ན་ཡོད་པར་འགྱུར་གྱི་མ་གྲུབ་པར་ནི་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །ཅི་ལྟར་མ་གྲུབ་པའི་སྐྱོན་དུ་མི་འགྱུར་སྙམ་ན། མ་གྲུབ་པ་ལ་ཡང་ཞེས་བྱ་བའོ། །གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། ཉེས་པ་གཉིས་ཡོད་ཀྱང་མ་འབྲེལ་པ་རྣམ་པར་བཅད་པས་མ་གྲུབ་པ་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་ཉེས་པ་གཉིས་ཡོད་ན། དེའི་ཚེ་གཉི་ག་ཡང་བརྗོད་དོ་ཅོག་སྙམ་ན། དེས་ཞེས་བྱ་བའོ། །ཕྱོགས་ཀྱི་ཆོས་མེད་པར་ནི་གཏན་ཚིགས་ལ་རྗེས་སུ་འགྲོ་བ་མེད་པའི་ཉེས་པར་འགྱུར་བ་མ་ཡིན་ཏེ། མེད་པ་ཉིད་ཀྱིས་ཐེ་ཚོམ་སྐྱེད་པར་མི་བྱེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གཏན་ཚིགས་ཡོད་ན་ཞེས་བྱ་བའོ། །དེ་རྗེས་སུ་འགྲོ་བ་མེད་པ་ནི་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་བཟློག་པས་ཁྱབ་པ་དང༌། སོགས་པའི་སྒྲས་ཐུན་མོང་མ་ཡིན་པ་ལ་སོགས་པའོ། །དེ་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ལ་སོགས་པའི་ཉེས་པ་ནི་མ་བཤད་པ་དེའི་ཕྱིར། སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་འདི་ནི་མ་གྲུབ་པ་ཉིད་ཀྱིས་སྐྱོན་དུ་འགྱུར་རོ། །བ་དད་ན་ནི་ཞེས་བྱ་བ་ནི་རྩོལ་ལས་བྱུང་བ་ཉིད་ཆོས་ཅན་ལས་ཐ་དད་ན་མ་གྲུབ་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་བྱ་བར་རོ། །དེས་ན་ཞེས་བྱ་བ་ནི་ཐ་དད་མེད་པས་ནའོ། །ཕྱོགས་ཡན་ལག་ཞེས་བྱ་བ་ནི། རྩོལ་བ་ལས་བྱུང་བ་ཉིད་སྒྲ་ལ་གནས་པ་ཆོས་ཅན་ཡིན་པར་མ་ཟད་པའོ། །སྒྲ་ལ་གནས་པའི་རྩོལ་བ་ལས་བྱུང་བ་ཉིད་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལས་ཐ་དད་པའམ། ཡང་ན་དཔེའི་ཆོས་ཅན་དེ་ལ་ནི་ཐ་དད་པ་ལ་ནིའོ། །གནོད་མེད་ཕྱིར་ཏེ་འགལ་བ་མེད་པའི་ཕྱིར་ཏེ་དེ་དང་དེ་མ་ཡིན་པ་ལ་བརྟེན་པ་ནི་སྒྲུབ་པའི་བྱེད་པའམ་གྲུབ་པ་མ་ཡིན་ནོ། །ཕྱོགས་ཀྱི་ཁྱད་པར་ཉིད་ཡིན་ཡང་སྒྲུབ་པར་བྱེད་པ་ལས་ཐ་དད་པའི་བསྒྲུབ་བྱའི་ཆོས་ཅན་ནོ། །ཡང་ན་དེ་ལས་ཐ་དད་པའི་དཔེའི་ཆོས་ཅན་བུམ་པ་ལ་སོགས་པ་ལམ་གྲུབ་པ་མ་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཁྱད་པར་ཡིན་ཡང༌། མ་གྲུབ་པ་ཉིད་དུ་རྗེས་སུ་འགྲོ་བ་མེད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་


DTG186_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། འདི་དཔེར་བརྗོད་པ་ནི། དཔེར་ན་ཞེས་བྱ་བའོ། །ཅིའི་ཕྱིར་གཏན་ཚིགས་ཉིད་འགལ་བ་མ་ཡིན་སྙམ་དུ་དོགས་པ་བསུ་ནས། རྗེས་སུ་འགྲོ་བ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་བསྒྲུབ་པར་བྱ་བ་དང་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་འབྲེལ་བ་ཉིད་དུའོ། །འོན་ཏེ་ཕྱོགས་ཀྱི་ཡན་ལག་ཡིན་ན་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཅི་ལྟར་ཞེ་ན། འབྲེལ་པ་དེ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འབྲེལ་པ་མི་འགལ་བས་ནའོ། །གཏན་ཚིགས་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། མ་གྲུབ་མིན་ཞེས་བྱ་བ་འདིའི་བཤད་པའོ། །ཡང་ན་སྒྲུབ་པར་བྱེད་པ་རྩོལ་བ་ལས་བྱུང་བ་ཉིད། བསྒྲུབ་བྱ་དེས་པའི་དུས་ན་ཕྱོགས་ཀྱི་ཁྱད་པར་ཉིད་ཁས་བླང་པར་བྱ་བ་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། སྒྲའི་རང་བཞིན་རྟོགས་པར་བྱས་ནས་རྩོལ་བ་ལས་བྱུང་བ་ཉིད་ལྡོག་པའི་ཕྱིར་རོ། །ཁྱད་པར་ནི་ཞེས་བྱ་བ་ནི། ཁྱད་པར་ནི་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ཉེ་བར་མཚོན་པ་སྟེ་ངེས་པའི་དུས་ན་ཡོད་པ་མ་ཡིན་ནོ། །ལྷས་བྱིན་གྱིས་ཞེས་བྱ་བ་ནི་སྲོག་ཆགས་ཙམ་གྱིས་ཉེ་བར་མཚོན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ལྷ་སྐྱབས་ལ་སོགས་པའི་ཁྱིམ་ཉེ་བར་མཚོན་ནས་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་ཉེ་བར་མཚོན་བྱེད་དུ་གྱུར་པའི་བྱ་རོག་གོ །དེའི་འབྲས་བུ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །ཁད་པར་ཞེས་བྱ་བ་ནི་མཆོད་སྦྱིན་ལ་སོགས་པའི་ཁྱིམ་ལས་ཁྱད་པར་དུ་གྱུར་པས་ན་ཁྱད་པར་སྟེ་ལྷས་སྦྱིན་ལ་སོགས་པའི་ཁྱིམ་སྟེ། དེའི་མཐར་ཐུག་པའི་བློ་གང་ལ་ཡོད་པ་སྟེ་ཡོད་པའི་ཕྱིར་རོ། །ཉེ་བར་མཚོན་པ་ཞེས་བྱ་བ་ནི་ཆོས་ཅན་ལས་ཐ་དད་པ་རྩོལ་བ་ལས་བྱུང་བ་ཉིད་ལ་སོགས་པའོ། །དེས་ན་བྱེ་བྲག་སྤྱི་ཆོས་ཐ། །དད་ཕྱིར་རྟགས་དང་རྟགས་ཅན་ཉིད། །ཅེས་བྱ་བའི་དོན་དཔྱོད་པ་ནི། གལ་ཏེ་ཆོས་ཅན་ཞེས་བྱ་བའོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་ཀྱང་དམ་བཅས་པའི་དོན་གྱིས་ཕྱོགས་གཅིག་ཉིད་དོ་ཞེས་བྱ་བར་འགྱུར་རོ་ཞེས་འབྲེལ་ཏོ། །ལྡོག་མཚམས་ཐ་དད་པ་མེད་པའི་ཕྱིར་ཆོས་ཐ་དད་པ་མེད་པའི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲ་ཙམ་ཉིད་ཀྱིས་སོ། །དེ་སྐད་དུ་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་བའི་བསྟན་བཅོས་ལས་བཤད་པ་ཡིན་ནོ། །ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ནི་ལྡོག་པའི་དབྱེ་བ་སྟོན་པའོ། །སྒྲ་ཉིད་དང་མཉན་བྱ་ཉིད་དག་ནི། ལྡོག་པ་གཅིག་གི་མཐར་ཐུག་པས་


DTG186_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ནང་དུ་འདུ་བར་བརྗོད་པ་ཡིན་ཏེ། གལ་ཏེ་དེར་གྱུར་ན་ནི་དེའི་ཚེ་འདི་གཉིས་ཐ་དད་པར་རིགས་པ་དང་ལྡན་པ་མིན་པར་འགྱུར་བ་ཞིག་ན། འོན་ཀྱང་ལྡོག་པས་བརྟགས་པའི་ཆོས་ཐ་དད་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པ་ནི། དོན་གཞན་དང་ནི་ཞེས་བྱ་བའོ་དོན་གཞན་ཉན་པའི་ཤེས་པ་དང་འབྲེལ་པ་དང་མ་འབྲེལ་པ་ཡང་སྒྲ་ལ་ཡོད་པ་ཡིན་ནོ། །དེ་ལྟར་གྱུར་དང་མཉན་བྱ་ཉིད་ནི་སྒྲ་ཉིད་ལས་ཐ་དད་པར་གསལ་བ་ཁོ་ནའོ། །མཉན་བྱ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་བའོ། །མཉན་པར་བྱ་བ་མ་ཡིན་པ་མེད་པ་ཞེས་བྱ་བ་ནི། རུང་བའི་ཡུལ་ན་གནས་པའི་སྒྲ་ལ་ནི་འོན་པ་མ་ཡིན་པའི་དབང་དུ་བྱས་ཏེ། མཉན་བྱ་མ་ཡིན་པ་ཉིད་མེད་པའོ། །ཚོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྣ་བ་མི་གསང་བ་ལ་སོགས་པ་ལས་སོ། །སྐྱེས་བུ་གཞན་ལ་ཞེས་བྱ་བ་ནི་འོན་པ་དང་ཡུལ་ཐག་རིང་པོ་ལ་སོགས་པ་ལའོ། །སྒྲ་མ་ཡིན་པར་ནི་ཞེས་བྱ་བ་ནི། སྐྱེས་བུ་གཞན་ལ་ལྟོས་ཀྱང་སྒྲ་སྒྲས་མ་ཡིན་པར་མི་འགྱུར་གྱི། འོན་ཀྱང་སྒྲ་ཁོ་ནའོ། །ལྡོག་པ་ཐ་དད་པའི་མཇུག་སྡུད་པ་ནི། མཉན་བྱ་མ་ཡིན་པ་ལས་ལོག་པས་ནི་ཞེས་བྱ་བའོ། །འོ་ན་མཉན་བྱ་མ་ཡིན་པ་ལས་ལྡོག་པས་ཅིར་འགྱུར་ཞེ་ན། མཉན་བྱ་ཉིད་དེ་ལྟར་ཞེས་བྱ་བ་མཉན་བྱ་མ་ཡིན་པ་ལས་ལྡོག་པར་འགྱུར་གྱི། སྒྲ་ཉིད་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་ཉིད་དེ་ནིའོ། །འདིས་ནི་ཞེས་བྱ་བ་ལྡོག་པས་བརྟགས་པའི་དབྱེ་བ་བསྟན་པ་ནི། སློབ་དཔོན་གྱིས་ཅི་སྐད་དུ་གསུངས་པ་དེ་ནི་ལེགས་པར་བཤད་པ་ཡིན་ནོ་ཞེས་མཆོད་པ་དང་འབྲེལ་ཏོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པར་གང་གསུངས་པ་དེ་བཤད་པ་ཡིན་ནོ། །ཡང་ན་སློབ་དཔོན་གྱིས་གསུངས་པ་གང་ཡིན་པ་དེ་ཉིད་བཤད་པ་ཡིན་གྱི་ལྷག་པ་ནི་མ་ཡིན་པའོ། སློབ་དཔོན་ཉིད་ཀྱིས་རྩོད་པ་དང་ལན་མཛད་པས་འདི་དག་ཉིད་འདིར་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསུངས་པའི་ཚུལ་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་ནས་སྐྱོན་ཡིན་ནོ་ཞེས་བྱ་བའི་བར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་ནི། འདིར་ནི་གཏན་ཚིགས་ཉེར་གཏོད་ཀྱིས། །བསྒྲུབ་བྱ་དེ་ནི་འགལ་ལྡན་མིན། །ཞེས་བྱ་བ་སྐབས་འདིར། སྒྲ་ཉིད་ཀྱི་མཚན་ཉིད་ཐམས་ཅད་མ་ཡིན་པ་ཉིད་ནི། སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱིས་མ་གྲུབ་པ་ཡིན་པར་གསུངས་པ་ན།


DTG186_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པར་བྱེད་པས་གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཁྲུལ་པར་བྱེད་དེ། དམ་བཅས་པའི་དོན་གྱིས་ཕྱོགས་གཅིག་ཀྱང་ཡིན་ལ། སྒྲུབ་པར་བྱེད་པ་ཡང་ཡིན་མོད་ཅེས་སོ། །འདིར་ཞེས་བྱ་བ་ལ་སོགས་པ་ནི་ལན་སྦྱོར་བ་འདིས་སོ། །མིག་ལ་སོགས་པ་ཞེས་བྱ་བ་ནི་འདུས་པ་རྣམས་ཀྱི་ནང་ནས་མིག་ལ་སོགས་པ་ཁོ་ན་དམ་བཅས་པའི་དོན་ཡིན་པའོ། །དེའི་ཕྱོགས་གཅིག་ཅེས་བྱ་བ་འདུས་བྱས་ཀྱི་ཕྱོགས་གཅིག་ཀྱང་དམ་བཅས་པའི་དོན་ཡིན་པའོ། །སྤྱི་དང་ཁྱད་པར་གྱི་དངོས་པོ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པའི་རྩོད་པར་དོན་ནི་འདི་ཡིན་ཏེ། སྒྲ་མི་རྟག་སྟེ་སྒྲ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་ནི་མ་འཐད་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཁོ་ནར་འགྱུར་རོ། །སྒྲ་ཉིད་ནི་སྒྲ་ཁོ་ན་ལ་གནས་ཏེ། དེས་ན་ཐུན་མོང་མ་ཡིན་པ་ཁོ་ན་ཡིན་པས་དེ་ཅི་ལྟར་མ་གྲུབ་པ་ཉིད་དུ་བརྗོད་ཅེས་བྱ་བའོ། །དེ་ལྟར་ནི་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་མཐར་དོན་འདི་ཡིན་ཏེ། ཆོས་ཅན་དང་བསྒྲུབ་པར་བྱ་བའི་ཆོས་ལས་ལྟོས་ཏེ་ཐ་དད་པའི་ཆོས་གང་ཡིན་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་གནས་པ་གང་ཡིན་པ་དེ་ནི་ཐུན་མོང་མ་ཡིན་པར་རིགས་ཏེ། དཔེར་ན་མཉན་བྱ་ཉིད་སྒྲ་ཉིད་དང་མི་རྟག་པ་ཉིད་ལས་ལྡོག་པའི་དབྱེ་བས་ཐ་དད་པ་ཡིན་པ་དེས་ན་དེ་མ་ངེས་ས་ཉིད་དུ་འཐད་པ་བཞིན་ནོ། །སྒྲ་ཉིད་ནི་ཆོས་ཅན་ལས་ལྡོག་པའི་དབྱེ་བས་ཀྱང་ཐ་དད་པ་ཡོད་པ་མ་ཡིན་ཏེ། ཆོས་ཅན་ཉིད་སྒྲུབ་བྱེད་ཉིད་དུ་ཉེ་བར་བཀོད་པའི་ཕྱིར་རོ། །དེས་ན་འདི་ནི་མ་གྲུབ་པ་ཁོ་ན་ཡིན་གྱི། ཐུན་མོང་མ་ཡིན་པའི་མ་ངེས་པ་ནི་མ་ཡིན་ནོ་ཞེས་སོ། །མ་གྲུབ་པ་ཉིད་ཀྱིས་ཞེས་བྱ་བ་ཉིད་ཀྱི་སྒྲ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཉིད་སེལ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་བརྗོད་པར་བྱ་བ་ལ་ཡང་ངོ༌། །དེ་དབྱེ་བ་ནི་ཕྱོགས་ཆོས་ཀྱི་དབྱེ་བའོ། །གཏན་ཚིགས་ལྟར་སྣང་པའི་སྔོན་དུ་བསྟན་པར་བྱ་སྟེ། གཏན་ཚིགས་ཀྱི་མཚན་ཉིད་དང་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ཀྱི་སྔོན་རོལ་ཏུ་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱོགས་ཀྱི་ཆོས་ཉིད་གང་ཡིན་དེ་ཕལ་ཆེར་ནི་མང་དུ་ནི་གཏན་ཚིགས་ལྟར་སྣང་བ་ཡིན་ལ། ཕྱོགས་ཀྱི་ཆོས་འགའ་ཞིག་ནི་ཡང་དག་པའི་གཏན་ཚིགས་ཡིན་པ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་དེ་ལ་རིགས་མཐུན་


DTG186_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ལྟར་སྣང་བ་དང་པོར་བརྗོད་པར་རིགས་ཀྱི། འོན་ཀྱང་འདི་གཉིས་བ་ཞག་ནས་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པ་དེ་ནི་དགོས་པ་གཞན་བསྒྲུབ་པའི་ཆེད་དུ་ཡིན་ནོ། །ཕྱོགས་ཀྱི་ཆོས་ལ་ནི་གཏན་ཚིགས་ཀྱང་སྲིད་ལ། གཏན་ཚིགས་ལྟར་སྣང་བ་ཡང་སྲིད་དོ། །དེ་ལ་གལ་ཏེ་ཐ་དད་པར་ཕྱོགས་ཀྱི་ཆོས་འདི་ནི་གཏན་ཚིགས་ཉིད་ཡིན་ལ། འདི་ནི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་བསྟན་པར་མ་བྱས་ན། དེའི་ཚེ་སློབ་མ་རྣམས་ཅི་ཕྱོགས་ཀྱི་ཆོས་འདི་གཏན་ཚིགས་ཡིན་ནམ། དེ་སྟེ་གཏན་ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་རྨོངས་པར་འགྱུར་རོ། །དེས་ན་གཏན་ཚིགས་སུ་གྱུར་པའི་ཕྱོགས་ཆོས་ལ་གཏན་ཚིགས་ལྟར་སྣང་བའི་བློ་དང༌། གཏན་ཚིགས་ལྟར་སྣང་བ་ལ་ཡང་གཏན་ཚིགས་ཀྱི་བློར་མི་འགྱུར་བར་བྱ་བའི་ཕྱིར། དེ་ལྟར་ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ཡིན་ནོ། །དེ་ཉིད་བརྗོད་པ་ནི། ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པའོ། །མཐུན་ཕྱོགས་ནམ་མཁའ་བུམ་པ་རྫ། །མཁའ་དང་ནམ་མཁའ་བར་སྣང་ལ། །གློག་དང་བར་སྣང་གློག་བུམ་དང༌། །ནམ་མཁའ་དང་ནི་རྡུལ་ཕྲན་ནོ། །ཞེས་བྱ་བ་རྣམ་པ་དགུ་པོ་དག་ནི་ཕྲེང་བ་གསུམ་པའི་རེའུ་མིག་དགུ་པོ་རྣམས་སུ་གོ་རིམས་བཞིན་བྲི་བར་བྱའོ། །མཐུན་པའི་ཕྱོགས་རྣམས་པ་དགུ་བྲིས་པ་དེ་ལ་རིམ་པ་བཞིན་དུ་ཕྱོགས་ཀྱི་ཆོས་འགའ་ཞིག་ནི་ཡོད་པ་ཡིན་ལ། འགའ་ཞིག་ནི་མེད་པ། འགའ་ཞིག་ནི་རྣམ་པ་གཉི་གར་ཡང་འགྱུར་རོ། །གལ་ཏེ་དེ་ལྟར་ན་རྣམ་པ་གསུམ་དུ་འགྱུར་གྱི། རྣམ་པ་དགུ་པོར་གོ་རིམས་ཅི་ལྟར་འགྱུར་སྙམ་ན། རེ་རེ་དག་ལ་ཡང་རྣམ་གསུམ་ཞེས་གསུངས་སོ། །གང་གི་ཕྱིར་གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་དང་གང་ཞིག་མེད་པ་དང༌། གང་ཞིག་གཉི་ག་ཡིན་པར་བརྗོད་པ་དེ་ཉིད་རེ་རེ་ཡང་རྣམ་པ་གསུམ་གསུམ་དུ་འགྱུར་རོ། །ཅི་ལྟར་ཞེ་ན། བརྗོད་པ་མི་མཐུན་ཕྱོགས་ལ་ཡང་ཞེས་བྱ་བའོ། །བུམ་པ་བར་སྣང་གློག་དང་མཁའ། །བུམ་པ་རྫ་མ་གློག་བུམ་དང༌། །རྫ་མ་ནམ་མཁའ་བུམ་དེ་ནི། །དེ་བཞིན་མི་མཐུན་ཕྱོགས་རྣམས་དགུ། །མཐུན་པའི་ཕྱོགས་རེ་མིག་དགུ་པ། །དེ་བྲིས་པ་དེ་ལ་ཡང༌། རིམ་པ་བཞིན་ཡོད་པ་དང་མེད་པ་དང་རྣམ་པ་གཉི་གས་སོ་སོར་རྣམ་པ་གསུམ་གསུམ་དུ་འགྱུར་རོ། །དེས་ན་ཕྱོགས་ཀྱི་ཆོས་རྣམ་པ་དགུ་ཡིན་ནོ། །ཕྱོགས་ཀྱི་ཆོས་རྣམ་པ་དགུའི་


DTG186_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཡང་མདུན་དུ་འཆད་པར་འགྱུར་རོ། །གང་ཕྱིར་གཏན་ཚིགས་དག་དང་ནི་ཞེས་བྱ་བ་ལ་སོགས་པས་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གཏན་ཚིགས་དག་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གང་གི་ཕྱིར་བདེ་བར་འཆད་པ་དང་འཇིག་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་རྣམ་འགེལ་མཛད་པས་བཤད་ལ། གཏན་ཚིགས་ཀྱི་རབ་ཏུ་དབྱེ་བའི་དོན། མདོས་མདོར་བསྡུས་ཏེ་བརྗོད་པ་གང་ཡིན་པ་དེ་ནི། བདེ་བར་གཟུང་བ་གྲུབ་པའི་ཕྱིར་རོ། །གང་ཞིག་བདེ་བར་གཟུང་བ་གྲུབ་པའི་ཕྱིར་ཡིན་ཞེ་ན། སྐབས་ཀྱི་གཏན་ཚིགས་ཀྱི་རབ་ཏུ་བྱེད་པའི་དོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་བཤད་པ་ལས། གཏན་ཚིགས་ཀྱི་རབ་ཏུ་བྱེད་པའི་དོན་ཉིད་བདེ་བླག་ཏུ་གཟུང་བའི་དོན་དུའོ་ཞེས་སོ། །གཏན་ཚིགས་ཀྱི་རབ་ཏུ་བྱེད་པ་ནི་ཞེས་རྗེས་སུ་བརྗོད་ནས། གཏན་ཚིགས་ཀྱི་རབ་ཏུ་བྱེད་པ་ཞེས་བྱ་བའི། དོན་རེ་ཞིག་སྟོན་པ་ནི། གཏན་ཚིགས་དང་ཞེས་བྱ་བའོ། །གཏན་ཚིགས་རབ་ཏུ་བྱེད་པ་ཞེས་བྱ་བ་འདིར་གཏན་ཚིགས་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། དེས་ན་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་སྟོན་པར་བྱེད་པའི་ཚིག་ལ་རབ་ཏུ་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །དོན་གྱི་སྒྲ་རྣམ་པར་འགྲེལ་པ་ནི། དེའི་དོན་ནི་ཞེས་བྱ་བ་ནི་སྟེ་རབ་ཏུ་བྱེད་པ་དེའི་དོན་ཏོ། །དེ་གང་ཡིན་ཞེན། གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་ཉིད་དོ། །གལ་ཏེ་གཏན་ཚིགས་རབ་ཏུ་བྱེད་པའི་ཞེས་བྱ་བའི་སྒྲས་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་བརྗོད་པ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་ཤེས་སྙམ་ན་དེ་ཉིད་ཀྱི་ཕྱིར་ཞེས་གསུངས་སོ། །གང་གི་ཕྱིར་གཏན་ཚིགས་རབ་ཏུ་བྱེད་པ་ཞེས་བྱ་བའི་སྒྲས་གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བརྗོད་པ་དེ་ཉིད་ཀྱི་ཕྱིར་གཏན་ཚིགས་ལྟར་སྣང་གི་མངོན་དུ་ཞེས་གསུངས་སོ། །དེ་ཉིད་རྣམ་པར་འགྲེལ་པ་ནི། གཏན་ཚིགས་དང་ཞེས་བྱ་བའོ། །ཕྱོགས་ཆོས་ཞེས་བྱ་བ་འདི་མི་རིགས་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ཕྱོགས་ཀྱི་ཆོས་ཉིད་དུ་ཉེ་བར་བསྡུས་པའི་ཆོས་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །འདི་ག་ལས་སྙམ་ན་ནགས་ཚང་ཚིང་ཞེས་བྱ་བའོ། །དེས་ན་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ནོ་ཞེས་ཅི་ལྟར་བརྗོད་སྙམ་པའོ། །འོ་ན་ཕྱོགས་ཆོས་ཅན་ཙམ་ཡིན་ལ་རག་གོ་ཞེ་ན། ཆོས་ཅན་ཙམ་ནི་ཞེས་སྨོས་སོ། །གྲུབ་ཀྱང་བསྒྲུབ་པར་བྱ་བ་ཅི་སྟེ་མ་ཡིན་སྙམ་ན། ཆོས་ཀྱི་


DTG186_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱི་ཞེས་བྱ་བའོ། །དེས་ན་ཕྱོགས་ཆོས་ཞེས་བྱ་བ་ནི་མི་འཐད་དོ་སྙམ་ན། འདི་ལ་ལན་དེ་ནི་བདེན་ཏེ་ཞེས་བྱ་བའོ། །འདིར་ཕྱོགས་ཀྱི་སྒྲས་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཆོས་དང་ཆོས་ཅན་ཚོགས་པའི་ཕྱོགས་ནི་མི་གཟུང་སྟེ། དེ་བཟུང་ན་ནི་དེའི་ཆོས་སུ་གཏན་ཚིགས་ཐམས་ཅད་མ་གྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྤྱིའི་དོན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ནི་ཆོས་ཅན་དང༌། ཆོས་ཚོགས་པའི་དོན་འདི་ཡིན་ལ། དེ་ཡང་མ་གྲུབ་པའི་ཕྱིར་དེའི་ཆོས་སུ་གཏན་ཚིགས་ཅི་ལྟར་གྲུབ། གྲུབ་ན་ཡང་རྗེས་སུ་དཔག་པ་དོན་མེད་པར་ཅི་ལྟར་མི་འགྱུར། དེའི་ཕྱིར་ཤེས་པར་འདོད་པའི་ཆོས་ཀྱི་ཁྱད་པར་ཅན་ནི་ཕྱོགས་ཡིན་ནོ། །དེའི་ཆོས་སུ་ཡང་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཤེས་པར་འདོད་པ་ཅི་ལྟར་ཁྱད་པར་ཉིད་ཡིན་ཏེ། བསྒྲུབ་པར་འདོད་པས་ན་མ་གྲུབ་པའི་ཕྱིར་རོ་ཞེས་དོགས་ན། གང་གི་ཕྱིར་ཆོས་ཅན་ཙམ་ལ་བསྒྲུབ་བྱ་ཉིད་དུ་ཞེས་བྱ་བས། ཤེས་པར་འདོད་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཉིད་དུ་ཉེ་བར་འདོགས་པ་དེའི་ཕྱིར། ཉེ་བར་བརྟགས་པའི་བསྒྲུབ་བྱའི་ཁྱད་པར་ཅན་ནི་ཕྱོགས་ཡིན་ལ། དེའི་ཆོས་ནི་དེའི་རང་བཞིན་ངེས་པར་བྱེད་པའི་དུས་ན་ཕྱོགས་ཀྱི་ཆོས་ཀྱི་གཏན་ཚིགས་སུ་རྟོགས་པར་བྱའོ། །ཁྱབ་པ་ངེས་པའི་དུས་ན་ནི། ཆོས་ཅན་ཙམ་ལ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་འདོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚོགས་པས་རྗེས་སུ་འགྲོ་བ་མེད་པར་ཐལ་བའི་ཕྱིར་རོ། །ཅི་ལྟར་འདི་གཉིས་ཁོ་ན་ལ་ཉེ་བར་གདགས་སྙམ་ན། ཕྱོགས་གཅིག་ཕྱིར་ཞེས་གསུངས་སོ། །གཏན་ཚིགས་ཀྱི་ཞེས་བྱ་བ་ནས་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་མཐར་ཐུག་པས་ནི། གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཕྱོགས་སུ་སྟོན་པས་ཚོགས་དོན་བསྒྲུབ་བྱ་ཉིད་ཡིན་ཕྱིར་ཞེས་བྱ་བ་སྟེ། དེ་རྣམ་པར་འགྲེལ་པའོ། །འདིས་ནི་འདི་འདྲ་བའི་ཕྱོགས་ལ་ལྟོས་ནས་གཏན་ཚིགས་ཐམས་ཅད་ཀྱང་མ་གྲུབ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ད་ནི་ཕྱོགས་གང་ལ་ལྟོས་ནས་གཏན་ཚིགས་མ་གྲུབ་པ་དེ་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་གཏན་ཚིགས་ཀྱི་བྱེད་པ་ཡིན་ཡང་ཕྱོགས་ཉིད་དུ་འཛིན་པ་མ་ཡིན་ཏེ། དེ་ནི་མ་གྲུབ་པས་ན་གཏན་ཚིགས་ཐམས་ཅད་མ་གྲུབ་པར་ཐལ་བ་ཡིན་ནོ། །ཅི་ལྟར་མ་གྲུབ་པ་ཞེས་བྱ་བ་ནི་ཤེས་པར་འདོད་པའི་དོན་ནི་བསྒྲུབ་པར་བྱ་བ་ཉིད་ཀྱིས་མ་གྲུབ་པ་ཡིན་ན། མ་གྲུབ་པ་ཡང་ཅི་ལྟར་ཁྱད་པར་ཡིན། ཉེ་བར་བརྟག་པའི་


DTG186_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་ཡང་ཆོས་ཅན་ལ་ཁྱད་པར་མ་གྲུབ་པ་དེ་ལྟ་ན་ཡང་ཁྱད་པར་ཉེ་བར་བཏགས་པ་ཡིན་ཏེ། དེས་ན་ཉེ་བར་བཏགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་གྱི་ཆོས་ནི་གཏན་ཚིགས་ཡིན་ནོ། །ཕྱོགས་འདི་ཉིད་ཀྱི་ནི་ཕྱོགས་ནི་ཆོས་ཅན་ཏེ། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཡང་བཤད་པར་བྱའོ། །ཕྱོགས་ནི་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །སྔར་བསྟན་ཟིན་པས་ཞེས་བྱ་བ་ནི་ལེའུ་དང་པོའི་འགྲེལ་པར་རོ། །འདི་ནི་ཡང་ན་ཆོས་སམ་ནི་ཞེས་བྱ་བའི་རྣམ་པར་འགྲེལ་པའོ། །དེ་ལ་ཞེས་བྱ་བ་ནི་ཕྱོགས་ཆོས་ཞེས་བྱ་བ་དེ་ལའོ། །ཆོས་ཅན་གྱི་ཆོས་སྨོས་པ་ཉིད་ཀྱི་ཞེས་བྱ་བ་ནི་ཕྱོགས་ཆོས་སྨོས་པ་ཤེས་ལ། ཆོས་ཅན་གྱི་སྨོས་པ་བྱ་བ་ཡིན་ཏེ། མིག་གིས་གཟུང་བ་ཉིད་ལ་སོགས་པ་ནི་དེ་ཉིད་ཀྱིས་སེལ་བ་ཡིན་ནོ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཡང་གི་སྒྲས་ནི་ཆོས་མཐུན་པའི་དཔེའི་ཆོས་ཅན་གྱིའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པའོ། །ཆོས་མི་མཐུན་པའི་དཔེའི་ཆོས་ཅན་གྱི་ཆོས་ནི་གཏན་ཚིགས་སུ་མི་འགྱུར་ཏེ། མི་མཐུན་པའི་ཕྱོགས་ལ་མེད་པ་ཞེས་བརྗོད་པའི་ཕྱིར་རོ། །འོན་ཏེ་དེ་མི་མཐུན་པའི་ཕྱོགས་ལ་མེད་ཀྱང་ཡོད་པ་ཡང་ཡིན་ནོ་ཞེ་ན། ཅི་ལྟར་ཞེས་སྨོས་སོ། །མི་མཐུན་པའི་དཔེའི་ཆོས་ཅན་དེ་ཉིད་ལ་ཡོད་པ་དང༌། དེ་ཉིད་མེད་ཅེས་བྱ་བར་ཏེ། མི་འགྱུར་བ་ཁོ་ནའོ། །གང་གི་ཕྱིར་དེ་ཉིད་ལ་གཏན་ཚིགས་ཡོད་པ་དང་མེད་པར་མི་འཐད་པ་དེའི་ཕྱིར་འོས་གཞན་མེད་པས་སོ། །གང་ཞིག་ཡོངས་སུ་གཟུང་བར་བྱ་བ་ཆོས་ཅན་གསུམ་པ་དེ་གང་ཡིན་ཞེ་ན། དེ་ཡང་ཞེས་སྨོས་སོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །རིགས་མཐུན་ཉིད་ཡོད་ལ་ཞེས་བྱ་བ་ལ་ལྟོས་ཏེ། ཆོས་ཅན་གྱི་ཆོས་ཞེས་ཡང་བརྗོད་པ་ནིའོ། །ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ཆོས་མཐུན་པའི་དཔེའི་ཆོས་ཅན་གྱི་ཆོས་ཁོ་ན་གཏན་ཚིགས་ཡིན་གྱི། བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ནི་མ་ཡིན་ནོ་ཞེས་བྱ་བར་རོ། །གལ་ཏེ་ཆོས་ཅན་མ་སྨོས་ཀྱང་རིགས་མཐུན་པ་ཁོ་ན་ལ་ཞེས་ངེས་པར་གཟུང་བ་ཡོད་པ་ཁོ་ན་མ་ཡིན་ནམ། དེས་ན་དེའི་དོན་དུ་ཆོས་ཅན་སྨོས་པས་ཅི་བྱ། དེས་ན། འོ་ན་གཞན་མེད་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་གཟུང་ངོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པའོ། །མ་ཡིན་ཏེ་ཞེས་བྱ་


DTG186_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པ་ནི་ལན་ནོ། །ཉིད་ཀྱི་སྒྲ་རིམ་པ་བཞིན་དུ་བྱས་ནས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་ངེས་པར་གཟུང་བ་གཞན་སྲིད་བས་ནའོ། །ངེས་པར་གཟུང་བའི་ཕྱིར་ཆོས་ཅན་སྨོས་པར་བྱ་བ་ཡིན་པར་འགྱུར་རོ། །ངེས་པར་གཟུང་བའི་ཚུལ་བརྗོད་པ་ནི། དེ་ལ་ཞེས་བྱ་བ་སྟེ་དཔེའི་ཆོས་ཅན་ཉིད་ལའོ། །གང་གི་ཕྱིར་ད་ལྟར་ཆོས་ཅན་སྨོས་པ་དེས་པའི་དོན་ཡིན་པར་དོགས་པར་འགྱུར་བ་དེས་ནའོ། །འོ་ན་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དེ་ལ་ཡང་ཞེས་བྱ་བའི་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་ཞེས་བྱ་བ་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཉེ་བར་བརྟགས་པ་ཉིད་སྐྱབས་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་བསྒྲུབ་པར་བྱ་བའི་ཆོས་ཡིན་ན། དེའི་ཆོས་ཉིད་མ་གྲུབ་པར་འགྱུར་རོ། །བསྒྲུབ་པར་བྱ་བ་ཡང་ཁྱད་པར་དུ་འགྱུར་བ་མ་ཡིན་ནམ། ཉེ་བར་བཏགས་པས་ཅི་ཞིག་བྱ་སྙམ་ན། མ་གྲུབ་པ་ནི་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་ནི་མ་གྲུབ་པ་ཡིན་ལ། མ་གྲུབ་པ་ནི་ཉེ་བར་བཏགས་པ་མེད་པར་རྟགས་སུ་གྱུར་པའི་ཆོས་ཀྱི་ཁྱད་པར་དུ་ཅི་ལྟར་འགྱུར། བསྒྲུབ་པར་བྱ་བ་དང་ཕྱོགས་ཀྱི་སྒྲ་གཉིས་དོན་གཅིག་པས་ཁྱད་པར་མེད་པའི་ཕྱིར་འདི་འདྲ་བའི་བསྟན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཕྱོགས་ཞེས་བྱ་བ་འདིས་ཀྱང་ཞེས་བྱ་བའོ། །མིང་དང་མིང་ཅན་གྱི་ཞེས་བྱ་བ་ལ་སོགས་པའི་དོགས་པར་ནི་དོན་འདི་ཡིན་ཏེ། ཕྱོགས་ཆོས་ཞེས་བསྟན་པ་ན་ཕྱོགས་ཀྱི་སྒྲ་ནི་ཚོགས་པ་རྗོད་པར་བྱེད་པ་ཡིན་གྱི། ཤེས་པར་འདོད་པའི་བྱེ་བྲག་གིས་ཁྱད་པར་དུ་གྱུར་པའི་ཆོས་ཅན་ནི་མ་ཡིན་ནོ། །ཆོས་ཅན་ལ་འཇུག་པར་འདོད་པ་ཡང་ཡིན་ཏེ། དེས་ན་ཆོས་ཅན་ལ་ཕྱོགས་ཀྱི་མིང་གདགས་པར་བྱ་བ་མ་ཡིན་ཏེ། རྟོགས་པར་དཀའ་བར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ་རྣམ་གྲངས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་ཡང་མིང་དང་མིང་ཅན་གྱི་འབྲེལ་པ་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བའི་རྣམ་གྲངས་ཉིད་འཇིག་རྟེན་གྱི་གྲགས་པས་གསལ་བར་བྱེད་པ་སྟེ། དེ་ལྟར་ཡང་ཞེས་བྱ་བའོ། །ཕྱོགས་ཀྱིས་སྒྲ་བསྒྲུབ་བྱའི་རྣམ་གྲངས་སུ་སློབ་དཔོན་ཡང་བཞེད་པ་ཡིན་ནོ་ཞེས་སྟོན་པ་ནི། དེ་ལྟར་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་བསྒྲུབ་བྱ་ཉིད་དུ་ཉེ་བར་འདོགས་ཤེ་ན། ཉེ་བར་བཏགས་པ་མེད་པའི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། ཆོས་ཀྱི་ཁྱད་


DTG186_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་གྱི་ཆོས་ཅན་ནི་རྗེས་སུ་དཔག་པར་བྱ་བར་བརྗོད་པ་ཡིན་ན། འདི་ནི་ཉེ་བར་བཏགས་པ་ཡང་མ་ཡིན་ན་དེ་ཅི་ལྟར་ཉེ་བར་བཏགས་ནས་ཆོས་ཅན་ཕྱོགས་ཡིན་ཞེས་རྗོད་ཅེས་བྱ་བའོ། །དེ་ལ་ནི་ཞེས་བྱ་བ་ནི་ཆོས་ཀྱི་ཁྱད་པར་ཅན་གྱི་ཆོས་ཅན་ལའོ། །ཉེ་བར་བཏགས་པ་མི་སྲིད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེར་ནི་ཞེས་བྱ་བ་སྟེ། ཆོས་ཀྱི་ཁྱད་པར་ཅན་གྱི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཚིག་ལའོ། །འདི་ཉིད་ལ་འཐད་པ་གཞན་བརྗོད་པ་ནི་འདི་ལྟར་ནི་ཞེས་བྱ་བའོ། །རྒྱུ་གཉིས་པོ་འདི་གཉིས་གསལ་བར་བྱེད་པ་ནི། རྗེས་སུ་ཞེས་བྱ་བའོ། །གང་གི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཉེ་བར་བཏགས་པ་ཁོ་ན་ཡིན་པ་དེའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། ཉེ་བར་བཏགས་པས་ཞེས་བྱ་བའོ། །བཟློག་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། ཅི་ལྟར་ཉེ་བར་བཏགས་པའི་བསྒྲུབ་པར་བྱ་བའི་ཆའི་ཁྱད་པར་ནི་ཕྱོགས་ཡིན་ལ། དེའི་ཆོས་ནི་གཏན་ཚིགས་ཡིན་པ་དེ་བཞིན་དུ། ཉེ་བར་བཏགས་པའི་ཆོས་ཅན་གྱི་ཁྱད་པར་ཅན་གྱི་ཆོས་ནི་ཕྱོགས་ཡིན་ལ་དེའི་ཆོས་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ་ཞེས་བྱ་བའོ། །ཕྱོགས་ཞེས་བྱ་བ་ནི་ལན་ནོ། །ཕྱོགས་བརྗོད་པ་ནི་བསྒྲུབ་པར་བྱ་བའི་ཆོས་དོར་ནས་ཁྱད་པར་བྱ་བའི་ཆོས་ཅན་ཡོངས་སུ་གཟུང་བའི་དོན་དུ་ཡིན་ཏེ། དེས་ན་མིག་གིས་གཟུང་བ་ལ་སོགས་པ་སྤངས་པར་འགྱུར་བ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་བཟུང་ན་ནི་གཏན་ཚིགས་དེའི་ཆོས་མི་སྲིད་པའི་ཁོ་ནར་འགྱུར་ཏེ། ཆོས་རྣམས་ནི་ཆོས་ཀྱི་གཞིར་མི་སྲིད་པའི་ཕྱིར་རོ། །སྲིད་ན་ནི་མིག་གིས་གཟུང་བ་ཉིད་ཀྱང་གཏན་ཚིགས་སུ་འགྱུར་རོ། །ཆོས་ཅན་སྒྲའི་ཆོས་མི་རྟག་པ་ཉིད་གང་ཡིན་པ་དེའི་ཆོས་ནི་མིག་གིས་གཟུང་བ་ཉིད་ཡིན་ནོ། །བུམ་པ་ལ་སོགས་པ་ལ་ནི་མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་ཉིད་དང་འབྲེལ་པར་འགྱུར་བ་ཡིན་ལ། སྒྲའི་མི་རྟག་པ་གང་ཡིན་པ་དེ་ནི་བུམ་པ་ལ་ཡང་ཡོད་པ་ཡིན་ཏེ། སྤྱི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་མིག་གིས་གཟུང་བ་ཉིད་མི་རྟག་པ་ཉིད་ཀྱི་ཆོས་སུ་འགྱུར་གྱི་སྒྲའི་ནི་མ་ཡིན་ནོ། །གལ་ཏེ་སྒྲ་ལ་གནས་པའི་མི་རྟག་པ་ཉིད་ཀྱི་ཆོས་ནི་མི་འགྱུར་བ་མ་ཡིན་ནམ། འོན་ཏེ་མི་རྟག་པ་ཉིད་ཀྱི་སྤྱི་དང་འབྲེལ་བ་ཡིན་ན་དེའི་ཚེ་ཆོས་ཅན་ཙམ་དང་ཡང་འབྲེལ་བར་འགྱུར་རོ། །དེ་སྟེ་ཆོས་ཅན་གྱི་ཁྱད་པར་དང་མ་འབྲེལ་ན་


DTG186_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་སྒྲ་ལ་གནས་པའི་མི་རྟག་པ་ཉིད་དང༌། འབྲེལ་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་ཆོས་ཅན་ནི་ཁྱད་པར་དུ་བྱེད་པ་ཁོ་ན་ཡིན་གྱི། བསྒྲུབ་པར་བྱ་བ་ནི་སྤྱི་ཁོ་ན་ཡིན་ནོ། །དེས་ཕྱོགས་སྨོས་པ་ནི་ཁྱད་པར་ཅན་གྱི་ཆོས་ཅན་གྱི་གཟུང་བའི་དོན་དུ་ཡིན་ནོ། །བསྒྲུབ་བྱའི་ཆོས་ཅན་གྱི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་ན། མིག་གིས་གཟུང་བ་ནི་དེ་ལྟ་མ་ཡིན་ཏེ། དེས་ནི་གཏན་ཚིགས་སུ་མི་འགྱུར་རོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་ཀྱི་ཚད་བརྗོད་པ་ནི། གཏན་ཚིགས་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཕྱོགས་ཀྱི་རང་བཞིན་བརྗོད་ནས། ཆོས་ཀྱི་ཚིག་དང་བསྡུ་བའི་ཁྱད་པར་བརྗོད་པ་ནི། ཕྱོགས་དེའི་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་དཔེ་ལ་རྗེས་སུ་འགྲོ་བའོ། །སྒྲའི་བདག་ཉིད་ཅན་གྱི་བྱས་པ་ཉིད་བུམ་པ་ལ་སོགས་པའི་བདག་ཏུ་ཅི་ལྟར་འགྱུར་ཞིང་བུམ་པ་ལ་སོགས་པ་དེ་ལ་ཡོད་པར་ཡང་ཅི་ལྟར་འགྱུར། སྒྲའི་བདག་ཉིད་ཡིན་པས་ཞེས་བྱ་བ་འདིའི་རྣམ་པར་གཅོད་པར་བྱ་བ་བརྗོད་པ་ནི། ཐ་དད་པ་ཡིན་ན་ཞེས་བྱ་བའོ། །འདོད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ལའོ། །ཆོས་ཅན་ལས་ཐ་དད་པའི་རྟགས་ཀྱི་རྒྱུ་ནི་རྒྱུ་ལས་གཞན་ཁྱད་པར་དུ་འགྱུར་བ་མ་ཡིན་ཏེ། རྒྱུ་ཉིད་ཁྱད་པར་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་རྒྱུ་རྟགས་ཀྱི་ཁྱད་པར་ཡིན་ནའོ། །གང་གི་ཕྱིར་ཁྱད་པར་རྣམ་པར་གཅོད་པར་བྱེད་པ་མ་ཡིན་པར་མི་འགྱུར་བ་དེའི་ཕྱིར་ཕྱོགས་ཁྱད་པར་ཡིན་པར་ཁས་ལེན་པ་ཡིན་ན་ཐུན་མོང་མ་ཡིན་པ་ཉིད་དོ། །ཕྱོགས་ཁྱད་པར་མ་ཡིན་པར་ཁས་ལེན་ན། ཡང་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །ཕྱོགས་ཀྱི་ཆོས་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དྲུག་པའི་དོན་མེད་པས་ན་ཕྱོགས་དང་འབྲེལ་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ངེས་པར་གཟུང་བས་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཁོ་ན་བརྗོད་པ་མ་ཡིན་ནམ་དེས་ན་རབ་ཏུ་དབྱེ་བ་འདི་ཙམ་དུ་ཅི་ལྟར་འགྱུར་སྙམ་ན་ལྡོག་པར་བྱེད་པའི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེའི་ཞེས་སྨོས་ཏེ་ཚིག་ཕྲད་ཀྱིའོ། །གཞན་དུ་ཞེས་བྱ་བ་ནི་མི་ལྡན་པ་རྣམ་པར་གཅོད་ནའོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་རྩོད་པའོ། །ལན་ནི་འབའ་ཞིག་ནི་ཞེས་བྱ་བ་སྟེ་ཚིག་ཕྲད་དང་འབྲེལ་བ་དང་འབྲེལ་པའིའོ། །གང་གི་ཚེ་ཁྱད་པར་དང་ཁྱད་པར་ཅན་དང༌། བྱ་བ་དང་ལྷན་


DTG186_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཚིག་བརྗོད་པར་གྱུར་པ་དེའི་ཚེ་ནི། ཚིག་ཕྲད་དང་འབྲེལ་པ་ཐ་དད་པར་འགྱུར་བ་ཡིན་ནོ། །ཡང་རྒྱུ་ཅིའི་ཕྱིར་འབྲེལ་བ་ཅན་ཐ་དད་པས་དོན་ཐ་དད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེ་ན། གཙོ་བོ་ནི་ཞེས་བྱ་བའོ། །འབྲེལ་པ་ཅན་གྱི་དོན་ཐ་དད་པ་ནི་གཙོ་བོ་ཡིན་གྱི་ཚིག་ཕྲད་ནི་མ་ཡིན་ནོ། །གཙོ་བོར་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །ཚིག་ཕྲད་ངེས་གཟུང་སྟོན་པར་བྱེད་པ་ཡིན་ན་དེ་ལམ་སྦྱར་བ་ལ་ཅི་ལྟར་ངེས་པར་རྟོགས་པར་འགྱུར་ཞེ་ན། ངེས་པར་གཟུང་བ་ནི་ཞེས་བྱ་བའོ། །འོ་ན་ཚིག་ཕྲད་སྦྱར་བ་དོན་མེད་དོ་ཞེ་ན། ཚིག་ཕྲད་ནི་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེས་ནི་ཞེས་བྱ་བ་སྟེ་ཚིག་ཕྲད་ཀྱིས་སོ། །དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་ལ་སོགས་པའི་ཚིག་གིས་བརྗོད་པའི་ངེས་པར་གཟུང་བའོ། །ཚིག་ཕྲད་གསལ་བར་བྱེད་པ་ཉིད་ཡིན་པ་སྟོན་པ་ནི། འདི་ལྟར་ཞེས་བྱ་བའོ། །ཚིག་ཕྲད་མེད་ཀྱང་སྙིམ་པ་ལ་སོགས་པའི་བྱེད་པ་རྣམ་པར་གཅད་ནས་བུམ་པ་ཉིད་བྱེད་པར་རྟོགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་བྱེད་པའི་ཁྱད་པར་སྨོས་པ་དོན་མེད་པར་འགྱུར་རོ། །དེ་དག་ཀྱང་ཞེས་བྱ་བ་ནི་བྱེད་པ་ལ་སོགས་པའི་ཚིག་དག་གོ །ཚིག་ཕྲད་རྗོད་བྱེད་ཡིན་པར་སྨྲ་བས་སྨྲས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་ལས་ལ་སོགས་པའི་ཚིག་རྣམས་ཐ་དད་པས། ངེས་པར་གཟུང་བའི་རང་བཞིན་གྱི་དོན་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་བའོ། །ཐལ་བ་ལས་ལྡོག་པ་བརྗོད་པ་ནི་ངེས་པར་གཟུང་བ་ནི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། རྗེས་སུ་འགྲོ་བ་སྟེ་ལས་ལ་སོགས་པའི་ཚིག་དང་རྗེས་སུ་འབྲེལ་པ་ཉིད་དང༌། ངེས་པར་གཟུང་བས་ལྡོག་པ་སྟེ་ཐ་དད་པ་དག་ལས་ལ་སོགས་པའི་ཚིག་གི་དོན་ཐ་དད་པར་བརྟགས་པས་ནད་ལ་སོགས་པའི་ཚིག་ནི་བརྗོད་པར་བྱ་བ་ནི་ཚིག་ཕྲད་ཀྱི་བརྗོད་བྱ་ཉིད་དོ་ཞེ་ན། གསལ་བར་བྱེད་པས་མ་ཡིན་ཏེ་ཞེས་སྨྲས་སོ། །དེ་མ་སྦྱར་ན་ཞེས་བྱ་བ་ནི་བུམ་པས་ཆུ་འོན་ཅིག་ཅེས་བྱ་བ་ལ་སོགས་པར་ཁོ་ནའི་ཚིག་སྦྱར་བ་ཉིད་ཡིན་ན་ངེས་པར་གཟུང་བར་ཡང་རྟོགས་སོ། །དེ་མེད་པར་རྟོགས་ཀྱང་དེའི་དོན་ཅི་སྟེ་མ་ཡིན་སྙམ་ན་སྨྲས་པ་ངེས་པར་གཟུང་བའི་རང་བཞིན་གྱི་དོན་གང་ཞིག་ཁོ་ནའི་སྒྲ་གང་མེད་ཀྱང་རྟོགས་པའི་ངེས་པར་གཟུང་བ་དེ་ཅི་ལྟར་ཁོ་བོའི་ཚིག་དོན་ཡིན་ཏེ་བརྗོད་པར་བྱ་བ་ཡིན། འོ་ན་ཅི་ལྟར་ཞེས་བྱ་བ་གལ་ཏེ་ཁོ་ནའི་ཚིག་མེད་ཀྱང་བུམ་པ་ལ་སོགས་པ་སྒྲ་ཁོ་ན་ལས་ངེས་པར་གཟུང་བ་རྟོགས་པ་ཡིན་ན་དེའི་ཚེ་


DTG186_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་བྱེད་པ་ལ་སོགས་པ་ཐ་དད་པར་རྗོད་པར་བྱེད་པ་དག་ལས་ཅི་ལྟར་རྣམ་པར་གཅོད་པ་ཙམ་ཐ་མི་དད་པར་རྟོགས་པ། དོན་ཐ་དད་པར་བརྗོད་པ་རྣམས་ཀྱི་བརྗོད་པར་བྱ་བ་ནི་ཐ་མི་དད་པར་མི་འཐད་དོ། །འདི་ནི་ཁས་བླངས་ནས་བརྗོད་པ་ཡིན་ཏེ། འདི་ནི་འཐད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། རྣམ་པར་གཅོད་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེའི་ཞེས་སྨོས་སོ། །རྣམ་པར་གཅོད་པ་ཉིད་སྟོན་པར་བྱེད་པས། ངག་གང་ལ་འབྲས་བུ་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་བའོ། །གཞན་རྟོགས་པའི་ཕྱིར་རབ་ཏུ་སྦྱར་བ་འདིས་ནི་གདོན་མི་ཟ་བར་མ་འབྲེལ་པ་ལ་སོགས་པ་འབའ་ཞིག་རྣམ་པར་གཅད་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྨྲ་བ་པོས་དེ་བརྗོད་པ་འབྲས་བུ་མེད་ལ་རྟོགས་པ་པོས་ཀྱང་མི་རྟོགས་པ་ཁོ་ནར་འགྱུར་རོ། །ཅི་ལྟར་འགའ་ཞིག་ཏུ་མཐོང་བ་ཡོད་དམ་སྙམ་ན། མཐོང་ངོ་ཞེས་བརྗོད་པ་ནི། དཔེར་ན་ཞེས་བྱ་བའོ། །རབ་ཏུ་གྲགས་པའི་ངག་གི་རང་བཞིན་བརྗོད་པ་ནི་ཕན་ཚུན་ཞེས་བྱ་བ་སྟེ། ཚིག་གི་ཚོགས་ཉིད་དག་ཡིན་གྱི། གདངས་ཞེས་བྱ་བ་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །འདིར་ནི་འདི་འདྲ་བ་ཚིག་གི་ཚོགས་དག་ཏུ་མི་གཟུང་གི་འོན་ཀྱང་ཚིག་ཚེགས་པའི་རང་བཞིན་ངག་གིས་རྫོགས་པར་བྱེད་པ་སྒྲུབ་པར་བྱེད་པའི་ཚིག་ལ་ངག་ཅེས་བརྗོད་པ་ཡིན་ཏེ། འདིར་ནི་སྲིད་སྒྲུབ་ལ་སོགས་པའི་ཚིག་ཉིད་རྣམ་པར་གཅོད་བྱེད་དུ་འདོད་ཀྱི་ཚིག་གི་ཚོགས་ནི་མ་ཡིན་ནོ། །དེ་དག་ཉིད་ཅེས་བྱ་བ་ནི་ཚིག་རྣམས་ཉིད་དོ། །གལ་ཏེ་ཚིག་ཚོགས་པའི་རང་བཞིན་ནམ་ཚིག་གི་རང་བཞིན་ལས་ཐ་དད་པ་གདངས་ཞེས་བྱ་བ་ངག་ཏུ་ཅི་སྟེ་མི་བཟུང་ཞེ་ན། དེ་ལས་ཞེས་བྱ་བ་སྟེ། དེ་དག་ལས་གཞན་གདངས་ཞེས་བྱ་བའི་དག་ཀྱང་མེད་པའི་ཕྱིར་འདིར་ཚིག་ཉིད་ངག་གི་སྒྲས་སྨོས་པ་ཡིན་ནོ། །གལ་ཏེ་ངག་གིས་འབྲས་བུ་རྣམ་པར་གཅོད་པ་ཡིན་ན་དེའི་ཚེ་བསྟན་པར་བྱ་བར་མི་འགྱུར་ཏེ། བསྟན་པར་བྱ་བ་ནི་འབྲས་བུ་ལས་གཞན་ཡིན་པའི་ཕྱིར་རོ་ཞེས་དོགས་ན་ངག་གང་གི་ཞེས་བྱ་བའོ། །དེ་ཉིད་ནི་འབྲས་བུ་ཉིད་དོ། །གལ་ཏེ་རྣམ་པར་གཅོད་པ་སྟོན་པ་ཡིན་ནོ་དོན་མ་བསྟན་པའི་ཕྱིར་ཅི་ལྟར་དོན་བྱ་བ་དོན་དུ་གཉེར་བ་རྣམས་སྒྲ་ལས་འཇུག་སྙམ་ན། སྨྲས་པ་དོན་ནི་རྣམ་པར་གཅོད་པ་དེ་ཉིད་ཡིན་ནོ། །གལ་ཏེ་རྣམ་པར་གཅོད་པ་ནི་དངོས་པོ་མེད་པ་མ་ཡིན་ནམ་དེས་ན་ཅི་ལྟར་དེ་དོན་ཡིན་སྙམ་ན། རྣམ་པར་གཅོད་པ་ཡང་ཞེས་སྨོས་སོ། །རྣམ་པར་གཅད་པ་ནི་རིགས་མི་མཐུན་པ་


DTG186_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལོག་པའོ། །འོ་ན་རྣམ་པར་གཅོད་པ་རྟོགས་པས་མ་ཡིན་ནོ་སྙམ་ན། དེས་ན་ཞེས་སྨོས་ཏེ་རྣམ་པར་གཅོད་པ་གཞན་མ་ཡིན་པས་ནའོ། །དེ་དང་ཞེས་བྱ་བ་རྣམ་པར་གཅད་བཞིན་པ་དང༌། ཐ་མི་དད་པའི་ཕྱིར་རོ། །རྣམ་པར་གཅོད་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཅད་བཞིན་པ་ཉིད་དོ། །དངོས་པོ་ཡིན་ལ་ཞེས་བྱ་བ་ནི་སྤྱིའོ། །རྣམ་པར་གཅོད་པ་ནི་དངོས་པོ་མེད་པའི་རང་བཞིན་དངོས་པོ་མེད་པའི་ཚད་མ་གཞན་གྱིས་རྟོགས་པར་བྱ་བ་སྒྲས་འཕེན་པ་ཡིན་ནོ། །རིགས་མི་མཐུན་པ་རྣམ་པར་གཅད་པ་དངོས་པོ་མེད་པའི་ཚད་མའི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ནི་རིགས་ལ་སོགས་པ་སྟོན་པར་བྱེད་པའི་སྒྲས་འཕེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣམ་པར་གཅོད་པའོ། །གཞན་རིགས་བརྗོད་པས་སོ། །གཞན་ནི་དངོས་པོ་མེད་པའོ། །གལ་ཏེ་འདི་དངོས་པོ་དང་འབྲེལ་པ་ཡིན་ན། དེ་ལྟ་ན་ནི་རིགས་ལ་སོགས་པའི་དངོས་པོ་བསྟན་པ་ནི། དངོས་པོ་མེད་པ་འཕེན་པར་འགྱུར་བ་ཞིག་ན་དེ་ནི་ཡོད་པ་མ་ཡིན་ནོ། །འབྲེལ་པ་མེད་ཀྱང་འཕེན་ན་ནི་ཐམས་ཅད་ཐམས་ཅད་ཀྱིས་འཕེན་པར་འགྱུར་རོ་ཞེས་བརྗོད་པ་ནི་འབྲེལ་པ་མེད་ཀྱང་ཞེས་བྱ་བའོ། །འོ་ན་ཅི་ལྟར་འཕེན་སྙམ་ན། གལ་ཏེ་ཞེས་བྱ་བའོ། །ལྡོག་པ་ནི་རྣམ་པར་གཅོད་པའོ། །ལྡོག་པ་དང་ལྡན་པ་ལས་ཞེས་བྱ་བ་ལྡོག་པ་ཅན་རྣམ་པར་བཅད་བཞིན་པ་ལས་ཐ་དད་པ་མ་ཡིན་ཏེ། ཐ་མི་དད་པ་ཡིན་ནའོ། །འདིས་ནི་དེའི་བདག་ཉིད་ཡིན་ན་འཕེན་པར་རིགས་པ་ཡིན་ན་ཁྱེད་ཀྱིས་ནི་དེའི་བདག་ཉིད་དུ་ཡང་ཁས་མ་བླངས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་བདག་ཉིད་མེད་ཀྱང་འབྲེལ་པའི་ཕྱིར་འཕེན་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། ཐ་དད་ཀྱང་ཞེས་བྱ་བའོ། །དངོས་པོ་དང་དངོས་པོ་མེད་པ་དེའི་བདག་ཉིད་མ་ཡིན་ཡང༌། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་པ་ལས་འཕེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་མཐར་ནི་དོན་འདི་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དེ་དག་དེའི་བདག་ཉིད་མ་ཡིན་ན་བུམ་པ་མེད་པ་ཤིང་གི་རང་བཞིན་མ་ཡིན་པས་ན། བུམ་པ་དངོས་པོ་གཞན་ཤིང་ལས་ལྡོག་པ་མེད་པར་ཏེ། ཐ་མི་དད་པར་རྟོགས་པར་འགྱུར་རོ། །གང་ཞིག་བུམ་པ་མེད་པ་ལས་ལྡོག་པ་དེ་ནི་བུམ་པ་ཉིད་ཡིན་ཏེ་དཔེར་ན་མངོན་པར་འདོད་པའི་བུམ་པ་བཞིན་ནོ། །ཁྱོད་ཀྱིས་འདོད་པས་ཤིང་ཡང་བུམ་པ་མེད་པ་ལས་ལྡོག་པ་ཡིན་ནོ། །


DTG186_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཞེས་བྱ་བ་ནི་བུམ་པ་དང་ཤིང་དེའི་བདག་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ཚད་མ་གཞན་གྱིས་ལྡོག་པ་སྟེ་དངོས་པོ་མེད་པ་རྟོགས་པར་ཁས་ལེན་པ་ཡིན་ན་ཡང༌། ལྡོག་པ་དེ་དང་གཅིག་ཏུ་འགྱུར་པ་དེ་ཉིད་གཉིས་འབྲེལ་པ་མེད་པ་ཉིད་དུ་རྟོགས་པ་སྟེ་ངེས་པར་འགྱུར་རོ། །གང་ལས་སྙམ་ན་ལྡོག་པ་མེད་པ་དང་ཞེས་བྱ་བའོ། །དངོས་པོ་ཕན་ཚུན་ཐ་དད་པ་མེད་པ་རྣམས་ནི་ཐ་དད་པ་དང་འབྲེལ་པར་རྟོགས་པར་ནུས་པ་མ་ཡིན་ནོ། །དེས་ན་གལ་ཏེ་བུམ་པ་དང་ཤིང་གཅིག་ཏུ་གྱུར་ན། དེའི་ཚེ་དེ་དག་དངོས་པོ་མེད་པ་དང་འབྲེལ་པར་རྟོགས་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཡང་དངོས་པོ་མེད་པ་ལས་དངོས་པོ་ཐ་དད་པས་ན་བུམ་པ་དང་ཤིང་དག་དེའི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་དངོས་པོ་མེད་པས་ཐ་དད་པ་དང་དངོས་པོ་ཚོགས་པ་ཡང་གཅིག་ལ་རག་ལས་པའི་འབྲེལ་པ་ཡོད་པ་ཉིད་དོ། །དེས་ན་ཐ་དད་པ་འབྲེལ་པ་རྟོགས་པར་མི་ནུས་སོ་ཞེས་ཅི་ལྟར་བརྗོད་སྙམ་པའོ། །ཐ་མི་དད་ཀྱང་ཞེས་བྱ་བ་ནི་ཤིང་དང་བུམ་པ་ཐ་མི་དད་ཀྱང༌། དངོས་པོ་དང་དངོས་པོ་མེད་པ་དག་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །ལྡོག་པ་དང་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་ངོ༌། །ལན་ནི་དེ་ནི་མི་འཐད་དོ་ཞེས་བྱ་བའོ། །དངོས་པོ་ལས་དངོས་པོ་མེད་པ་ཐ་དད་པར་ཁས་ལེན་ན། དངོས་པོ་མེད་པ་འདི་དངོས་པོ་དེའི་འབྲེལ་ཟླ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བུམ་པའི་དོན་ནི་རང་ཉིད་དེ་རང་གི་ངོ་བོས་རྗེས་སུ་འགྲོ་བའི་ཕྱིར་ཏེ་ཤིང་ལས་ཐ་མི་དད་པའི་ཕྱིར་རོ། །དངོས་པོ་མེད་པ་ཐ་དད་པ་ཡིན་ཡང་དངོས་པོ་གཉིས་ཐ་དད་པར་ཅི་སྟེ་མ་ཡིན་སྙམ་ན། དངོས་པོ་ལས་གཞན་པའི་དངོས་པོ་མེད་པ་ཡོད་ཀྱང་དེས་ནི། ཤིང་ལས་ཐ་མི་དད་པའི་བུམ་པའི་ཐ་དད་པར་ནི་འགྱུར་བར་མི་འོས་སོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཚོགས་པ་གཅིག་ལ་རག་ལས་བས་འབྲེལ་པའི་ཕྱིར་དངོས་པོ་དངོས་པོ་གཞན་ལས་དངོས་པོ་མེད་པས་འབྱེད་པར་འགྱུར་རོ་ཞེ་ན། རྭ་འདི་ནི་ཞེས་བྱ་བའོ། །དུས་མཉམ་དུ་བུམ་པའི་རྭ་དག་ནི་ཚོགས་པ་གཅིག་ལ་དག་ལས་ཀྱང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མ་ཡིན་ནོ། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་དེ་ལྟ་མ་ཡིན་ན་ཡང་དེར་མི་འགྱུར་རོ། །རྭ་གཉི་ག་ཡང་ངོ༌། །རྣམ་པར་ཆད་པར་ནི་མི་འབྲེལ་པར་རོ། །རྭ་འདི་ནི་རྭ་འདི་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ཏེ། འོ་ན་ཕན་ཚུན་ཕན་འདོགས་པས་ཁྱད་པར་དང༌།


DTG186_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱི་ངོ་བོ་ཡིན་ནོ་ཞེ་ན། ཕན་ཚུན་ཞེས་བྱ་བ་སྟེ་ཕན་འདོགས་པར་བྱེད་པ་ནི་རྒྱུ་ཉིད་ཀྱིས་སྔར་འགྱུར་བའི་ཕྱིར་རོ། །འོ་ན་གཞི་དང་གཞི་ཅན་གྱི་དངོས་པོ་དེའི་རྒྱུ་མཚན་ཡིན་ནོ་ཞེས་དོགས་པ་ནི། གཞི་དངོས་པོ་མེད་པ་དང་གཞི་ཅན་དངོས་པོ་སྟེ། དངོས་པོ་ནི་རིགས་མཐུན་པ་དང་མི་མཐུན་པའི་དངོས་པོ་མེད་པ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞི་དང་གཞི་ཅན་གྱི་དངོས་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བླ་འོག་ཏུ་ཞེས་བྱ་བ་སྟེ་དངོས་པོ་མེད་པ་འོག་ཏུ་གནས་པའི་སྟེང་ན་དངོས་པོ་འདུག་པར་རྟོགས་པ་ནི་མེད་དོ། །ལྡོག་པའི་ཞེས་བྱ་བ་ལ་སོགས་པ་ནི་དོགས་པའོ། །ལན་ནི་གལ་ཏེ་དེ་ལྟ་ན་གཞི་དང་གཞི་ཅན་གྱི་དངོས་པོ་ཡིན་ན་དེའི་ཚེ་འབྲེལ་པར་རྟོགས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་ཞིག་ཅེས་གསུངས་སོ། །འདི་ཉིད་ཁྱད་པར་དུ་རྟོགས་པ་ནི་བུམ་པའི་ནང་ན་གནས་པའི་སྣང་བའམ། མུན་པ་ལ་བུམ་པའི་ཞེས་བརྗོད་པའམ། སྣམ་བུའི་དབུས་ན་གནས་པའི་བུམ་པ་ལ་སྣམ་བུའི་ཞེས་བརྗོད་པ་ནི་མེད་དོ། །དངོས་པོ་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །བུམ་པ་དང་སྣམ་བུ་དག་གི་དབུས་སུ་གནས་པ་ནི་གདོན་མི་ཟ་བར་དངོས་པོ་མེད་པའི་དབུས་སུ་གནས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་མེད་ན་ནི་ཞེས་བྱ་བའོ། །གང་གི་ཕྱིར་དངོས་པོ་དག་ནི། དབུས་སུ་གནས་པ་ནི་དངོས་པོ་མེད་པ་ཡོད་པ་ཁོ་ནས་འགྱུར་བ་ཡིན་ན། ཅིའི་ཕྱིར་ཞེ་ན། དེ་ཞེས་བྱ་བ་བུམ་པ་ལ་སོགས་པ་ཁྱབ་པ་ཉིད་དུ་ཐལ་བའི་ཕྱིར་རོ། །བུམ་པ་ལ་སོགས་པས་སྣམ་བུ་ལ་སོགས་པ་ཁྱབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་དངོས་པོ་ལས་ཐ་དད་པའི་དངོས་པོ་མེད་པ་ནི་ཡོད་པ་ཁོ་ན་ཡིན་ལ། དེ་ཡང་དངོས་པོ་བསྟན་པའི་སྒོ་ནས་སྒྲས་འཕེན་པ་ཡིན་ནོ། །དེས་ན་དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་ཉིད་ཡིན་ནོ་ཞེས་གང་བརྗོད་པ་དང༌། དངོས་པོ་ངེས་པ་ཉིད་དངོས་པོ་མེད་པའི་ངེས་པ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་བསམས་པའོ། །ལན་ནི་འོ་ན་ཞེས་བྱ་བའོ། །གལ་ཏེ་དངོས་པ་འགའ་ཞིག་དངོས་པོ་གཉིས་ཀྱི་དབུས་སུ་ཆུད་པ་དེ། དེའི་བར་ན་གནས་པའི་དངོས་པོ་མེད་པ་མེད་པར་མི་འཐད་ན། དེས་ན་དངོས་པོ་མེད་པའི་དབུས་སུ་ཡང་དངོས་པོ་གནས་པ་ཡིན་ན། དེ་ལྟ་ན་འོ་ན་དངོས་པོའི་དབུས་འབའ་ཞིག་ཏུ་མ་ཟད་ཀྱི། དངོས་པོ་མེད་པ་གཞན་མེད་ན། དངོས་པོ་མེད་པའི་དབུས་སུ་


DTG186_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནས་པར་མི་འགྱུར་གྱི། དངོས་པོ་མེད་པ་གཞན་ལ་ལྟོས་པ་ཁོ་ནས་གནས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཁྱབ་པར་ཐལ་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་པ་དང་པོ་ལ་ལྡོག་པའི་རྒྱུ་མཚན་དངོས་པོ་མེད་པ་གཉིས་པ་མ་བརྟགས་ན་དེའི་ཚེ་དངོས་པོ་དང་པོ་ལ་དངོས་པོ་དེའི་བདག་ཉིད་ཀྱིས་ཁྱབ་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་དང་པོའི་དབུས་སུ་གནས་ན་ངེས་པར་དངོས་པོ་མེད་པ་གཞན་གྱི་བར་ན་གནས་པར་འགྱུར་ལ། དེ་ལྟ་ན་ཡང་དངོས་པོ་མེད་པ་གཞན་གྱི་ཡང་དབུས་ན་གནས་པར་འགྱུར་བས་ཐུག་པ་མེད་དོ། །འོན་ཏེ་ཡང་རང་གི་ངོ་བོ་ཁོ་ནས་དངོས་པོ་དངོས་པོ་མེད་པའི་དབུས་སུ་གནས་པ་ཡིན་པ་དེས་ན་ཐུག་པ་མེད་པ་མ་ཡིན་ནོ་སྙམ་ན། དོན་དེ་ཞེས་བྱ་བའོ། །དངོས་པོ་མེད་པ་གཞན་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཐུག་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ནི། གང་ཞིག་གནས་ན་ཞེས་བྱ་བའོ། །བུམ་པ་དང་སྣམ་བུ་དག་གི་བར་ན་གནས་པའི་ས་ཕྱོགས་གང་ཡིན་པ་དེ་ནི་བུམ་པའི་གཞི་ཡིན་ལ། གཞི་དེ་ལས་ཐ་དད་པའི་དངོས་པོ་མེད་པ་གང་ཡིན་པ་མེད་པར་འགྱུར་རོ། །དཔེར་ན་སྣམ་བུའི་ཞེས་བྱ་བ་ནི། ཤིང་དང་བུམ་པ་དག་གི་བར་ན་གནས་པའི་སྣམ་བུའོ། །ཕྱོགས་ཀྱི་ཆོས་བརྗོད་པ་ནི། དངོས་པོ་མེད་པའི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །རང་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ་གཞན་ལ་མི་ལྟོས་པར་དངོས་པོ་དེའི་དབུས་ན་གནས་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ཞེས་སྨོས་ཏེ། དེའི་ཞེས་བྱ་བ་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དངོས་པོ་ནི་དངོས་པོ་མེད་པ་ལས་ལྡོག་པ་ན། དངོས་པོ་མེད་པའི་དབུས་སུ་གནས་པ་ཡིན་ལ། དངོས་པོ་མེད་པ་ལས་ལྡོག་པ་ཡང་དངོས་པོ་མེད་པ་གཞན་དང་ལྡན་པས་མ་ཡིན་ཏེ། དེ་ནི་རང་ཉིད་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ཉིད་བསྒྲུབ་པའི་དོན་དུ་དཔེ་བརྗོད་པ་ནི། ལ་ཆ་ཞེས་བྱ་བའོ། །དེ་ཡང་ནི་ལ་ཆ་ཡང་ངོ༌། །ཅིའི་ཕྱིར་གཞན་ཡོད་པ་མ་ཡིན་ཞེ་ན། རང་ཉིད་ཅེས་བྱ་བ་སྟེ། སྦྱོར་བ་བྱེད་པ་གཞན་མེད་པ་ཁོ་ནར་རོ། །དེ་ལྟ་བུ་ཞེས་བྱ་བ་ནི་སྦྱོར་བར་བྱེད་པ་ཉིད་དུའོ། །ལ་ཆ་ནི་རང་ཉིད་མེ་ལ་ལྟོས་ཏེ་ཤིང་སྦྱོར་བར་བྱེད་པར་འགྱུར་གྱི། དངོས་པོ་མེད་པ་ནི་རང་ཉིད་ཁྱབ་པའི་དངོས་པོའི་དབུས་སུ་གནས་སམ། མ་ཁྱབ་པའི་ཕྱོགས་དང་པོ་ལ་བརྗོད་


DTG186_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དངོས་མེད་ཅེས་བྱ་བའོ། །གཉིས་པ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དོན་མེད་འགྱུར་ཞེས་བྱ་བ་ནི་དངོས་པོས་མ་ཁྱབ་པ་ཉིད་ཀྱིས་བར་ན་གནས་པ་འགྲུབ་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོས་དངོས་པོ་མེད་པའི་བར་ན་གནས་ན། དེ་ཁོ་ན་བཞིན་དུ་དངོས་པོ་མེད་པའི་དབུས་སུ་ཡང་ཅི་སྟེ་མི་གནས། དེ་ལྟ་ན་ཡང་དངོས་པོ་མེད་པའི་གཞལ་བྱ་སྨྲ་བ་ནི་དོན་མེད་དོ། །ཉེས་པ་ལྷག་པ་བརྗོད་པ་ནི་དངོས་པོ་མེད་པ་གང་ཞེས་བྱ་བ་སྟེ། དངོས་པོ་ཁྱབ་པ་ཉིད་ཡིན་ན་སྐྱོན་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་གལ་ཏེ་དངོས་པོ་མེད་པ་ཡང་ཁྱབ་པ་ཡིན་ན་དེའི་ཚེ་ཁམས་གསུམ་དངོས་པོ་མེད་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་དངོས་པོའི་དྲི་ཙམ་ཡང་ཡོད་པར་མི་འགྱུར་རོ། །དེ་མེད་ན་ཡང༌། གང་གི་དབུས་སུ་སུ་ཞིག་གནས་པར་འགྱུར། །དངོས་མེད་ངོ་བོ་ཉིད་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་འཆད་པ་ནི། དངོས་པོ་མེད་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མ་ཁྱབ་པ་ཉིད་དང་ཞེས་བྱ་བ་སྟེ། མ་ཁྱབ་པ་ཉིད་མ་ཁྱབ་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི། མ་ཁྱབ་པ་ཉིད་དུ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མི་འདྲེ་པའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །གལ་ཏེ་དངོས་པོས་ཁྱབ་པ་མ་ཁྱབ་བར་བྱེད་ན། དེའི་ཚེ་བུམ་པ་ལ་སོགས་པའི་དངོས་པོ་དེ་ཁྱབ་པར་ཁས་བླངས་བ་ན་འདྲེས་པར་འགྱུར་རོ། །ནམ་གྱི་ཚེ་ཞེ་ན། དངོས་པོ་མེད་པར་མ་འདྲེས་པར་མ་བྱས་པའི་སྔོན་རོལ་དུའོ། །དེ་ལྟ་མ་ཡིན་མོད་སྙམ་ན། ཕྱི་ནས་ཞེས་སྨོས་ཏེ། དངོས་པོ་ཁྱབ་པ་ཅི་ལྟར་གཞན་དུ་སྟེ་མ་ཁྱབ་པར་འགྱུར་ཅིའི་ཕྱིར་ཞེ་ན། ཁྱབ་པ་ནི་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་དངོས་པོ་མེད་པས་མ་འདྲེས་པར་བྱས་པ་ལས་སྔར་རོ། །འོན་ཏེ་སྔར་ནི་དངོས་པོ་མ་ཁྱབ་པ་ཉིད་མེད་བ་ཉིད་དོ་ཞེ་ན་འོན་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་བུ་ཞེས་བྱ་བ་ནི་གཞན་གྱི་རང་བཞིན་དང་མ་འདྲེས་པའོ། །གཞན་དུ་ཞེས་བྱ་བ་འདྲེས་པའི་རང་བཞིན་དུ་མ་མཐོང་བའི་ཕྱིར་རོ། །བུམ་པ་ལ་སོགས་པའི་དངོས་པོ་ནི་ཁྱབ་པ་མ་ཡིན་མ་ཁྱབ་པ་ཡང་མ་ཡིན་པའོ། །དེ་མེད་པ་དང་ཞེས་བྱ་བ་ནི་ཁྱབ་པ་མེད་པ་དང་ངོ༌། །དེ་སྐད་དུ་ཡང༌། བྷར་ཏི་ཧ་རིས་བཤད་པ་ཡིན་ནོ། །སྤྲོས་པའི་བདག་ཉིད་དངོས་རྣམས་ལ། །ཞེས་བྱ་བ་ནི། སྒྲའི་ཚངས་པའི་རང་བཞིན་དུ་ཡོངས་སུ་གྱུར་པ་རྣམས་ལ་ཤིང་ནི་ཤིང་མ་ཡིན་པ་ལས་ཐ་དད་དོ་ཞེས་བྱ་བའི་ཐ་སྙད་གང་


DTG186_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ནི་གཞན་གྱི་ཁྱད་པར་ཅན་ཏེ། ཕན་ཚུན་མེད་པའི་ཁྱད་པར་ཅན་ན། ཤིང་ཉིད་ཀྱི་སྤྱིའི་ཁྱབ་པར་ཅན་ཡིན་ལ། དེ་བ་དང་སེར་ལྡེང་ལ་སོགས་པ་ཐ་མི་དད་དོ་ཞེས་བྱ་བའི་ཐ་སྙད་ཀྱང་གཞན་གྱི་ཁྱད་པར་ཅན་དེ་ཉིད་ཤིང་གི་སྤྱིའི་ཁྱད་པར་ཅན་ཡིན་ནོ། །དེ་ལྟར་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་ཀྱི་སྤྲོས་པ་འདི་ནི། རྟོགས་པ་ཡིན་ནོ། །གལ་ཏེ་གཉིས་དང་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་མཐའི་དོན་ནི་འདི་ཡིན་ཏེ། དཔེར་ན་རྣམ་པ་གཞན་དུ་རྟོགས་པའི་གོས་ལ་ལེ་བརྒན་ལ་སོགས་པའི་ཚོན་རྩི་དང་ལྡན་པས་ཚོན་དང་ལྡན་པ་ཡིན་ནོ་ཞེས་རྟོགས་པ་དེ་བཞིན་དུ། གལ་ཏེ་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་དང་བྲལ་བར་ཆོས་ཅན་གྱི་རང་བཞིན་གྱི་དངོས་པོ་དེ་འབའ་ཞིག་གཞན་དུ་རྟོགས་པ་ཡོད་ནའོ། །ཅི་འདྲ་བ་ཞིག་ཅེ་ན། གཉིས་དང་བྲལ་བར་ཏེ། ཐ་དད་པ་དང་ཐ་མི་དད་པ་དང་བྲལ་བར་རོ། །དེའི་ཚེ་གཞན་ཏེ་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་གཉིས་དང་ལྡན་པས་ན། གང་ཞིག་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་དང་བྲལ་བར་རྟོགས་པའི་དངོས་པོ་སྟེ། ཆོས་ཅན་གྱི་རང་བཞིན་ཏེ་གཉིས་ལ་ཞེས་བྱ་བ་ཐ་དད་པ་དང་ཐ་མི་དད་པ་ལ་བརྟེན་ཅེས་སྨྲ་བར་རྟོགས་པར་འགྱུར་རོ། །འདི་ཡང་གཞན་གྱི་ལུགས་ལ་བརྟེན་ནས་བརྗོད་པ་ཡིན་ཏེ། གང་ཞིག་རྣམ་པ་གཞན་དུ་རྟོགས་བ་དེ་ནི་གཞན་དང་ལྡན་པས་རྣམ་པ་གཞན་དུ་འགྱུར་བ་མི་སྲིད་དེ། དེ་ལས་གཞན་དང་ལྡན་པས་ནི་དེ་ལ་ཅི་ཡང་མི་བྱེད་པའི་ཕྱིར་རོ། །དེ་ནི་རྣམ་པ་གཞན་དུ་རྟོགས་པ་ཡང་མ་ཡིན་ན་དེ་ཅི་ལྟར་གཞན་དང་ལྡན་པས་གཉིས་ལ་བརྟེན་པ་ཞེས་བྱ་བར་རྟོགས། དེ་ཉིད་ཀྱི་ཕྱིར་དེ་ལྟ་མ་ཡིན་ན་ནི་ཞེས་གསུངས་ཏེ། འབའ་ཞིག་པར་རྟོགས་པ་མེད་ནའོ། །འདི་ལྟར་འགྱུར་ཏེ་ཞེས་བྱ་བ་འདིའི་དོན་བརྗོད་པ་ནི། དངོས་དེ་ཞེས་བྱ་བ་ཆོས་ཅན་གྱི་རང་བཞིན་གྱི་དོན་དང༌། ཆོས་ཅན་དེ་ལས་གཞན་ཐ་དད་བ་དང་ཐ་མི་དད་པ་གཉིས་དང༌། ཆོས་ཅན་དང་ཐ་དད་པ་དང་ཐ་མི་དད་པ་དེ་རྣམས་ཀྱི་འབྲེལ་བ་སྟེ་དེ་ལྟར་དེ་གསུམ་རྣམ་པར་རྟོག་པ་དང་བཅས་པའམ་རྟོག་པ་མེད་པའི་ཤེས་པས་རྟོགས་པར་འགྱུར་རོ། །ཅི་ལྟར་འདི་གསུམ་རང་གི་ངོ་བོས་རྟོགས་པར་འགྱུར་ཞེ་ན། གང་གི་ཕྱིར་ཁྱད་པར་རྣམས་ཁྱད་པར་ཅན་དང་ལྷན་ཅིག་མ་འདྲེས་པར་རོ། །འོན་ཏེ་རང་གི་ངོ་བོ་ཉིད་དུ་ནི་རྟོགས་བ་མ་ཡིན་ཏེ། འོན་ཀྱང་འདྲེས་པ་ཉིད་དུ་ཡིན་ནོ་སྙམ་དུ་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་དེ་ལྟ་ན་ནི་ཞེས་བྱ་བ་སྟེ། མ་འདྲེས་པ་


DTG186_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འདྲེས་པ་ཉིད་དུ་རྟོགས་ན་ནི་འཁྲུལ་པ་ཁོ་ནར་འགྱུར་ཏེ། ཁྱད་པར་གྱི་རང་གི་ངོ་བོ་འཛིན་པའི་རྟོགས་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་མོད་སྙམ་ན། དེ་ལྟ་ན་ནི་ཞེས་སྨོས་ཏེ་འཁྲུལ་བར་གྱུར་ན། ཁྱད་པར་གྱི་མཚན་ཉིད་དུ་གྱུར་པའི་དོན་མེད་པ་སྟེ་ཡོད་པའི་ཐ་སྙད་དུ་མི་འགྱུར་རོ། །འོ་ན་སྒྲའི་དོན་གང་ཞིག་ཡིན་སྙམ་ན་མ་རིག་པ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཁོ་ན་ཙམ་ཞིག་ཤིང་ལ་སོགས་པའི་སྒྲ་རྣམས་ཀྱི་དོན་ཡིན་པར་འགྱུར་རོ། །ཡང་ན་འོན་ཁྱད་པར་རྣམས་འདྲེས་པ་ཁོ་ན་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ཞེས་གསུངས་ཏེ་ཐ་མི་དད་པར་གྱུར་ན། ཤིང་ལ་སོགས་པའི་ཚིག་རྣམས་ཀྱི་དོན་ཁྱད་པར་དུ་གྱུར་པ་དག་མེད་པའི་ཕྱིར་ཏེ། ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ནི་ཁྱད་པར་དང་ལྡན་པའི་དངོས་པོ་ཡང་མེད་པར་འགྱུར་ཏེ། མེད་པར་མེད་པས་ན་མེ་དང་ཆུ་ལ་སོགས་པའི་ཁྱད་པར་ཅན་རྣམས་ཐ་དད་པའི་ཕྱིར་རོ། །དེས་ན་ཤིང་ལ་སོགས་པའི་ཚིག་གིས་དོན་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་ནི་མི་རིགས་པ་ཙམ་དུ་འགྱུར་རོ། །གཞན་ཡང་ཤིང་གི་མཚན་ཉིད་ཀྱི་དངོས་པོ་སྔར་བུམ་པ་ལ་སོགས་པ་དག་དང་འདྲེས་པ་གང་ཡིན་པ་ཐ་དད་པ་དང་ཐ་མི་དད་པའི་ཁྱད་པར་གྱི་དབང་གིས་ཁྱད་པར་གཞན་དང་ལྡན་པའི་བུམ་པ་ལ་སོགས་པ་ལས་ཐ་དད་པ་དང་ལྡན་ལ་དུ་བ་ལ་སོགས་པའི་གསལ་བ་ལས་ནི་ཐ་མི་དད་པ་དང་ལྡན་པ་དེ་ཅི་ཁྱད་པར་དང་ལྡན་པ་གཞན་ལས་ཟློག་པ་ན་ཅི་ལྟར་ཁྱད་པར་གྱི་དབང་གིས་ལྡོག་པ་དང་རང་གི་གསལ་བ་ལ་ནི་རྗེས་སུ་འཇུག་པ་དེ་ཁོ་ན་ལྟར་ཁྱད་པར་ཡང་ཁྱད་པར་གཞན་གྱི་དབང་གིས་ལྡོག་གམ་འོན་ཏེ་རང་གི་ངོ་བོ་ཁོ་ནས་ཡིན། གལ་ཏེ་ཁྱད་པར་གཞན་གྱི་དབང་གིས་ལྡོག་པ་ཡིན་ན། དེའི་ཚེ་ཡང་ཁྱད་པར་གཞན་གྱི་དབང་གི་ཡིན་པའི་ཕྱིར་དེ་ལྟར་ཁྱད་པར་རྣམས་ཐུག་པ་མེད་པར་གསལ་བ་ཁོ་ནའོ། །དེས་ན་ཕྱོགས་གཉིས་པ་ལ་བརྗོད་པ་ནི། ཁྱད་པར་དང་ལྡན་པ་དེ་ཡང་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་ནི་རང་ཉིད་ཁོ་ན་ཐ་དད་ཀྱི། ཁྱད་པར་དང་ལྡན་པ་ནི་ཁྱད་པར་དང་ལྡན་པ་གཞན་ལས་ཁྱད་པར་གྱིས་ལྡོག་པ་ཡིན་པ་དེས་ན་ཁྱད་པར་རྟོགས་པ་དོན་མེད་པར་ཅི་ལྟར་འགྱུར་ཞེ་ན། ཁྱད་པར་ལས་ནི་ཞེས་བྱ་བའོ། །རང་གི་ངོ་བོས་ཁྱད་པར་ལས་ཁྱད་པར་ཅན་ཐ་དད་ཡོད་ན་དེའི་ཚེ་ཁོ་ནས་ཕྱུང་ལ་ཐ་དད་པ་དེ་ཉིད་ཅེས་སྦྱར་རོ། །བལྟས་པ་ལ་ཡང་ཞེས་


DTG186_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གི་སྒྲས་ནི་ཁྱད་པར་སྡུད་པའོ། །ཁྱད་པར་ལ་ལྟོས་ཏེ་དེ་ཐ་དད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འོན་ཀྱང་ཁྱད་པར་དང་ལྡན་པ་གཞན་ལ་ལྟོས་ན་ཡང་ཡིན་ནོ། །ཁྱད་པར་ལ་ལྟོས་ཏེ་རང་གི་ངོ་བོ་ཐ་དད་པ་ཉིད་གང་ཡིན་པ་དེ་ནི་ཁྱད་པར་ཅན་ལ་ལྟོས་ཏེ་ཐ་དད་པ་གང་ཡིན་པ་དེ་ལས་གཞན་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ཐ་དད་གཞན་དུ་ཡང་ཞེས་བྱ་བ་ནི། ཁྱད་པར་ཅན་གཞན་ལ་ལྟོས་ཏེ་བརྟགས་པས་སོ། །ཐ་དད་པ་རྣམས་ལ་ཡང་ཐ་དད་པའི་དོགས་པ་བསུ་བ་ནི། ཁྱད་པར་འདི་ལས་ཀྱང་ཞེས་བྱ་བ་ནི་ཁྱད་པར་ཅན་གཞན་ལས་ཀྱང་ཐ་དད་བའོ་ཞེས་དེ་སྙམ་དུ་སེམས་པའི་བློ་སྐྱེ་བའི་ཕྱིར་ཐ་དད་པར་འགྱུར་པ་རྣམས་ཀྱི་ཐ་དད་པ་རྟོགས་པའོ། །གལ་ཏེ་ཐ་དད་པར་རྟོགས་པ་ལ་དོན་དམ་པ་ཉིད་བརྗོད་ཟིན་ཁོ་ན་མ་ཡིན་ནམ། ཡང་དེ་བརྟགས་པ་དེས་ཅི་ལྟར་ཞེས་དོགས་ན། ཚད་མས་ཞེས་བྱ་བའོ། །དོན་གང་ཞིག་ཚད་མས་གྲུབ་པ་དེ་ནི་དོན་མེད་ཀྱང་དོར་བའི་ཡུལ་ཉིད་དུ་བརྟགས་པར་ནུས་པ་མ་ཡིན་ཏེ། ཚད་མས་གྲུབ་པོ་ཞེ་ན་ནི་དེའི་ཚེ་གཟུང་བར་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་དེ་ལྟར་ཐ་དད་པར་གྱུར་པ་རྣམས་ལ་ཐ་དད་བར་བརྟགས་ན། དེའི་ཚེ་ཁྱད་པར་དང་ལྡན་པ་གཞན་འབའ་ཞིག་ལས་ཐ་དད་པར་ནི་མ་ཟད་ཀྱི་འོན་ཀྱང་ཁྱད་པར་ལས་ཀྱང་ཐ་དད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུར་རྣམ་པར་རྟོག་པའི་ཕྱིར་ཐ་དད་པ་གཞན་ཁས་བླང་བར་བྱའོ། །ཁས་བླངས་པའི་ཁྱད་པར་དེ་ལས་ཀྱང་ཐ་དད་པ་གཞན་ཁས་བླང་པར་བྱ་བ་ཡིན་པའི་ཕྱིར་ཐུག་པ་མེད་དོ། །དེས་ན་ཁྱད་པར་ལས་ནི་ཁྱད་པར་ཅན་རང་གི་ངོ་པོས་ལྡོག་པ་ཡིན་ནོ་ཞེས་བྱ་བ་དེ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་རང་གི་ངོ་བོས་ནི་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་ཁྱད་པར་གཞན་ལ་ལྟོས་པར་སྨྲ་བ་ནི། རང་གི་ངོ་བོ་ཐ་དད་པ་མེད་པ་ཁོ་ནའོ་ཞེས་ཞེ་ལ་བཞག་ནས་སྨྲས་པ་ནི། ལེགས་པར་བྱོན་ཏེ་ཞེས་བྱ་བའོ། །གྲུབ་པའི་མཐར་ནི་དོན་འདི་ཡིན་ཏེ། ཁྱད་པར་དང་ལྡན་པའི་ངོ་བོས་གཞན་ལ་ཐ་དད་པ་ཡོད་པ་མ་ཡིན་ནོ། །རང་བཞིན་གཞན་གྱིས་ཀྱང་ཐ་དད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་ཐ་དད་པར་བྱ་བའི་ཁྱད་པར་ལས་ཐ་དད་པ་མེད་ན་ཐ་དད་པར་བྱེད་པ་དེ་ཡང་གཞན་ཡིན་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །འཇིག་རྟེན་གསུམ་ལས་ཆོས་ཅན་ཐ་དད་པ་མེད་པ་ཡིན་ན། །ཐ་དད་པར་བྱེད་པ་ལས་ཀྱང་ཐ་མི་དད་པ་ཁོ་ནའོ། །དེ་ལྟ་ན་ཡང་ཐ་དད་པར་


DTG186_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཆོས་ཅན་གྱི་རང་བཞིན་དུ་གྱུར་པ་ན། གཞན་གྱི་རང་བཞིན་གྱི་སྒྲས་བརྗོད་པར་བྱ་བ་ཉིད་མེད་པར་འགྱུར་ཏེ། དེས་ན་གཞན་གྱི་རང་བཞིན་གྱི་ཐ་དད་པར་ཡིན་ནོ་ཞེས་ཅི་ལྟར་བརྗོད། འདི་ཉིད་བརྗོད་པ་ནི་རང་གི་ཞེས་བྱ་བའོ། །ཐ་དད་པ་མ་ཡིན་པ་ནི་ཆོས་ཅན་གྱི་རང་བཞིན་ནོ། །དེ་ཞེས་བྱ་བ་ནི་གཞན་གྱི་རང་བཞིན་གྱི་ཁྱད་པར་རོ། །གཞན་མ་ཡིན་པ་ནི་ཆོས་ཅན་གྱི་རང་བཞིན་ཉིད་དོ། །ནམ་གྱི་ཚེ་ཞེ་ན། ཆོས་ཅན་ལས་ཐ་དད་པ་མ་ཡིན་ན་ནི་འོ། །དེ་ཞེས་བྱ་བ་ནི་ཆོས་ཅན་ནོ། །གཞན་ཉིད་ཅེས་བྱ་བ་ནི་གཞན་དུ་གྱུར་པའི་ཐ་དད་པར་བྱེད་པའོ། །དེ་མེད་པའི་ཕྱིར་ཏེ་གཞན་དུ་གྱུར་པའི་ཐ་དད་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་ཐ་དད་པར་བྱེད་པའི་ཆོས་ལས་ཏེ། དེའི་དབང་གིས་ཁྱད་པར་ཅན་གཞན་ལས་ཆོས་ཅན་ཐ་དད་པར་ཅི་ལྟར་འགྱུར། ཐ་དད་པར་བྱེད་པ་ཅི་ལྟ་བུ་ཞིག་ཅེ་ན། ཆོས་ཅན་ལས་རང་གི་ངོ་བོས་ཐ་དད་པའོ། །ཆོས་ཅན་གྱི་རང་བཞིན་ཅི་ལྟ་བུ་ཞིག་ཅེ་ན། ཐ་དད་པར་བྱེད་པ་ཐ་དད་པ་དེ་ལས་རང་བཞིན་ཐ་དད་པ་མེད་པ་ཡང་ངོ༌། །ཡང་ནི་ལྷག་པའི་དོན་ཏོ། །གལ་ཏེ་ཐ་དད་པ་བྱེད་པ་དེ་ནི་རང་ཉིད་ཆོས་ཅན་ལས་རང་བཞིན་གྱིས་ཐ་དད་པ་ཡིན་ན། དེའི་ཚེ་ཆོས་ཅན་གཞན་ཡང་ཐ་དད་པར་བྱེད་པ་ལས་དེ་ལྟར་ཐ་དད་པར་འགྱུར་རོ། །ཐ་དད་པར་བྱེད་པ་ཆོས་ཅན་གྱི་རང་བཞིན་ལས་ཐ་དད་པ་ཡིན་ཡང༌། ཆོས་ཅན་གྱི་རང་བཞིན་ནོ། །དེ་ལས་ཐ་དད་པར་ཅི་ལྟར་འགྱུར་སྙམ་ན། གང་གི་ཕྱིར་ཐ་དད་པར་བྱེད་པ་ཆོས་ཅན་ལས་རིང་དུ་སོང་བ་སྟེ། ཆོས་ཅན་རྒྱང་རིང་དུ་སྤངས་པས་ནི་ཆོས་ཅན་གྱི་སླར་འོང་བར་ནུས་པ་མ་ཡིན་ནོ། །གལ་ཏེ་ཆོས་ཅན་གྱིས་ཆོས་སྤངས་ཏེ། ཆོས་ཅན་གྱི་རང་བཞིན་ལས་ཐ་དད་པ་ཉམས་སུ་མྱོང་ན། དེའི་ཚེ་ཆོས་ཅན་ཡང་ཆོས་ཀྱི་གམ་དུ་སླར་འོང་བ་སྟེ། ཆོས་ལས་ཐ་མི་དད་པ་ཉམས་སུ་མྱོང་བར་བྱེད་ནུས་པར་ཅི་ལྟར་འགྱུར། ཐ་དད་པ་དང་ནི་ཐ་མི་དད་པར་འགྱུར་པར་མི་ནུས་སོ། །དེས་ན་གཅིག་རང་གི་ངོ་པོས་ཐ་དད་པ་ཡིན་ན། གཞན་ཡང་དེ་ལྟར་ཐ་དད་པ་ཁོ་ནར་འགྱུར་རོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་པའོ། །དེ་ལས་ཞེས་བྱ་བ་ནི་ཆོས་ཅན་ལས་སོ། །དེ་ལས་གཞན་དག་ཅེས་བྱ་བ་ནི་ཆོས་ཏེ། རང་གི་ངོ་བོས་ཐ་དད་པར་ཤིན་དུ་གསལ་ལོ་ཞེས་ཁོང་ནས་དབྱུང་ངོ༌། །གལ་ཏེ་རང་གི་ངོ་བོས་ཐ་དད་པ་ན་ཡང༌། ཐ་དད་པར་བྱེད་པ་དོན་དང་ལྡན་པར་འགྱུར་རོ་ཞེ་ན། རང་


DTG186_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གྱིས་མ་བསྒྱུར་བར་ཞེས་བྱ་བའོ། །གལ་ཏེ་ཆོས་ཅན་ལས་ཐ་དད་པར་བྱེད་པ་ཐ་དད་ཀྱི། ཐ་དད་པར་བྱེད་པ་ལས་ནི་ཆོས་ཅན་གྱི་རང་བཞིན་མ་ཡིན་ནོ་ཞེས་དོགས་པ་སེལ་བས་ཕྱེད་ཕྱི་མ་འཆད་པ་ནི། ཐ་མི་དད་པ་ལས་ནི་ཞེས་བྱ་བ་སྟེ། ཐ་དད་པར་བྱེད་པ་དང་ཐ་མི་དད་པ་ཆོས་ཅན་གྱི་རང་བཞིན་ལས་ནི་ཐ་དད་པར་བྱེད་པ་ཐ་དད་པར་འགྱུར་བར་རོ། །ཅི་ལྟར་ཐ་མི་དད་པ་ལས་ཐ་དད་པར་མི་འགྱུར་ཞེ་ན། ཐ་དད་པ་ཞེས་སྨོས་ཏེ་ཐ་དད་པར་བྱེད་པའོ། །ཆོས་ཅན་ཐ་དད་པ་མེད་པར་ཞེས་བྱ་བ་རང་ལས་ཐ་དད་པར་མ་བྱས་པར་རོ། །ཐ་དད་པར་ཞེས་བྱ་བ་ནི་ཆོས་ཅན་ལས་གཞན་དུ་གྱུར་པར་རོ། །གང་གི་ཕྱིར་དེ་ལྟར་གཉི་ག་ཡང་གཅིག་ཉིད་ལས་ཐ་དད་པ་མེད་པ་དེའི་ཕྱིར། ཐ་དད་པ་གཅིག་རང་གི་ངོ་བོས་ཐ་དད་པར་གྱུར་པ་ན། ཆོས་ཅན་ཐ་དད་པ་དང་ལྡན་པ་ཡང་དེ་བཞིན་དུ་ཞེས་བྱ་བ་རང་གི་ངོ་བོས་ཐ་དད་པ་དེར་འགྱུར་རོ། །དེས་ན་དེ་ལྟར་ཁྱད་པར་དང་ཁྱད་པར་ཅན་བཞིན་དུ་ཆུ་དང་མེ་ལ་སོགས་པ་ཁྱད་པར་དང་ལྡན་པ་རྣམས་ཀྱི་གཞན་ལས་ཁྱད་པར་གྱི་ཐ་དད་པ་མ་ཡིན་ནོ། །ཁྱད་པར་ནི་རང་གི་ངོ་བོས་ཐ་མི་དད་པ་རྣམས་ཀྱི་ཐ་དད་པ་བྱེད་པ་ནི་མ་ཡིན་ཏེ་ནུས་པ་མེད་པའི་ཕྱིར་རོ། །ཐ་དད་པ་རྣམས་ལ་ཡང་ཁྱད་པར་གྱིས་ཅི་ཞིག་བྱ་སྟེ། རང་ཉིད་ཁོ་ནས་ཐ་དད་པའི་ཕྱིར་ན་དོན་མེད་པས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་གཞན་ལས་ཁྱད་པར་གྱི་ཐ་དད་པ་ཡོད་བ་མ་ཡིན་པའི་ཕྱིར་རོ། །ཅི་སྐད་དུ་རྣམ་པར་གཅད་བཞིན་བ་ལས་མ་གཏོགས་པའི་རྣམ་པར་གཅོད་པ་ནི་མེད་དོ་ཞེས་བརྗོད་པའི་དེའི་མཇུག་སྡུད་པ་ནི། ཐ་དད་པ་དང་དོན་གྱི་རང་བཞིན་ཞེས་བྱ་བའོ། །ལྡོག་པ་དང་ལྡོག་པ་དང་ལྡན་པ་དག་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །སྐབས་ཀྱི་མཇུག་སྡུད་པའོ། །དེས་ན་ཐ་དད་པ་ཉིད་ཅེས་བྱ་བ་སྟེ་གྲུབ་པ་ནི་མ་ཡིན་པའོ། །འདི་ཉིད་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐ་དད་པ་བརྗོད་བྱ་མ་ཡིན་ནའོ། །ཐ་དད་པ་སྤངས་པ་ལ་ནི་སྒྲུབ་པ་ཡང་བརྗོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འཆོལ་པ་སྟེ་འདྲེས་བའི་རང་བཞིན་ནི་དངོས་པོ་ཉིད་དུ་མི་རུང་བའི་ཕྱིར་རོ། །འདྲེས་ན་དངོས་པོར་ཅི་ལྟར་མི་རུང་ཞེན། དངོས་པོ་ནི་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ཅི་ཞིག་གྲུབ་སྙམ་ན། ཐམས་ཅད་འདྲེས་ན་ཞེས་བྱ་བའོ། །དེས་འཆོལ་ན་དངོས་པོར་མི་རུང་བའི་ཕྱིར་རྣམ་པར་གཅོད་པ་མ་བརྗོད་ན་དངོས་པོ་བརྗོད་པ་ཉིད་དུ་མི་འགྱུར་རོ་


DTG186_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་དེ་ཉིད་ལྷུར་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་རྣམ་པར་གཅོད་པ་ཡང་ཅི་ལྟར་བརྗོད་བྱ་ཡིན་ཏེ། ཚད་མས་མ་རྟོགས་པས་ན། དེ་ལ་བརྡ་མེད་པའི་ཕྱིར་རོ་ཞེ་ན། དོན་གཞན་ལས་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་རྣམ་པར་གཅོད་པ་ལའོ། །རྣམ་པར་གཅོད་པ་ཉིད་ཅེས་བྱ་བ་ནི་རྣམ་པར་གཅད་བཞིན་པའོ། །དེའི་ཕྱིར་དེ་ཉིད་བརྗོད་པར་བྱ་བ་ཡིན་ཞེ་ན། ལོག་པ་ནི་ཞེས་བྱ་བའོ། །ཐ་དད་པ་དང་དོན་གྱི་ངོ་བོ་དག་དེའི་བདག་ཉིད་ཡིན་ན་ཡང་ཅི་ལྟར་ཐ་དད་བ་མ་བརྗོད་ན། དངོས་པོ་མ་བརྗོད་པ་དེ་བཞིན་དུ་དངོས་པོ་མ་བརྗོད་ན་ཡང་ཐ་དད་པར་བརྗོད་པར་མི་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ཐ་དད་ན་ནི་དེ་ཉིད་སྤྱི་ཡིན་ཏེ། དེས་ན་སྤྱི་ཉིད་བརྗོད་པར་བྱ་བ་ཡིན་ནོ་དེའི་ཕྱིར་རྣམ་པར་གཅོད་པ་ནི་ངག་གི་འབྲས་བུ་མ་ཡིན་ནོ་ཞེས་དོགས་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རིགས་ཉིད་དུ་གྱུར་པ་ནའོ། །བུམ་པ་དེ་ཉིད་རིགས་མི་མཐུན་པ་ལས་རང་གི་ངོ་པོས་ལྡོག་པར་བརྗོད་པ་ཡིན་ནོ། །དེ་རང་གི་ངོ་བོས་མ་ལོག་པ་ནི། སྤྱི་དང་ལྡན་པས་ལྡོག་པར་འགྱུར་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟ་མ་ཡིན་ཞེན། འདི་ནི་ཞེས་གསུངས་སོ། །གལ་ཏེ་མ་ལོག་པ་དེ་དང་ལྡན་པས་ལྡོག་པར་འགྱུར་བ་མ་ཡིན་ན། འོན་ཅི་ལྟར་འགྱུར་སྙམ་དུ་དོགས་ན། སྤྱི་དང་ཞེས་བྱ་བའོ། །མཚུངས་པ་ཉིད་དུ་འགྱུར་གྱི་ལྡོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ནི། མཚུངས་པ་དེར་ཡང་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་གཞན་དང་ལྡན་ཕ་མི་མཚུངས་པ་ནི་མཚུངས་པ་ཉིད་དུ་འཐད་པ་མ་ཡིན་ནོ། །རང་གི་ངོ་བོ་ཉིད་ཀྱིས་མཚུངས་པ་དང་མི་མཚུངས་པ་ཡིན་ན་ནི་སྤྱི་དོན་མེད་པ་དང་ནུས་པ་མེད་པའི་ཉེས་པས་ཟིན་པར་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་སྤྱི་དང་ལྡན་པར་འགྱུར་ཞེ་ན། སྤྱི་དེ་ནི་མཚུངས་བ་ལས་ཐ་དད་པ་རང་གི་རང་བཞིན་དུའོ། །འདི་ཉིད་གསལ་བར་བྱེད་པ་ནི། ཐ་དད་པར་ཞེས་བྱ་བ་ནི། སྤྱི་དང་དེ་དང་ལྡན་བདག་གོ །ཐ་མི་དད་པར་ཞེས་བྱ་བ་ནི་རྗེས་སུ་སོང་བ་གཅིག་གི་རང་བཞིན་དུ་སྣང་བའོ། །གལ་ཏེ་ཐ་དད་པར་མ་བཟུང་ན་ནི་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་དག་ཕན་ཚུན་ནང་དུ་འདུས་པར་གཟུང་བའི་ཕྱིར་རོ། །གསལ་བའི་རང་བཞིན་ལས་ཐ་དད་པ་དང་ཐ་མི་དད་པ་དག་ཏུ་


DTG186_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཕྱིར་སྤྱི་དང་རང་བཞིན་གཉི་ག་ཡིན་ནོ་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །ཐ་དད་བར་སྣང་ན་གསལ་བའི་རང་བཞིན་ལ་ཐ་མི་དད་པར་མི་འགྱུར་རོ་ཞེས་ལན་བརྗོད་པ་ནི་གལ་ཏེ་ཐ་དད་པར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཐ་དད་པར་སྣང་བས་ནའོ། །གསལ་བའི་རང་བཞིན་སྤྱི་གཞན་དང་ལྡན་པར་འགྱུར་ཏེ། དེས་ན་གསལ་བའི་རང་བཞིན་ལས་ཐ་མི་དད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པར་སྣང་ན་ཡང་ཐ་དད་པར་མི་འགྱུར་བ་ཁོ་ནའོ་ཞེས་བརྗོད་པ་ནི། ཐ་དད་མེད་པར་ཞེས་བྱའོ། །དེས་ན་ཞེས་བྱ་བ་ནི་ཐ་མི་དད་པར་སྣང་བས་ན། གསལ་བའི་རང་བཞིན་དེ་ནི་སྤྱིར་འགྱུར་ཏེ། གསལ་བ་ཐ་དད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་སྤྱི་རང་བཞིན་གཉིས་པར་ཅི་ལྟར་འགྱུར། འདི་ཉིད་བརྗོད་པར་ནི། གཅིག་ལ་ནི་ཞེས་བྱ་བའོ། །གཅིག་ཉིད་ལ་ཐ་དད་པ་དང་མི་དད་པའི་རང་བཞིན་གཉིས་ཐ་དད་པ་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །རང་བཞིན་གཉིས་པར་འགྱུར་བ་མ་ཡིན་ཞེས་བྱ་བ་ནི་རང་བཞིན་གང་གིས་ཐ་དད་པ་དེ་ནི་རང་བཞིན་གཅིག་ཡིན་ལ། གང་གིས་ཐ་མི་དད་པ་དེ་ཡང་གཞན་ཡིན་ནོ་ཞེས་བྱ་བ་དེ་ལྟར་སྤྱི་རང་བཞིན་གཉིས་པ་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། ཕན་ཚུན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ན། དེ་ལ་ཞེས་བྱ་བ་སྟེ་རང་བཞིན་དེ་གཉིས་ལའོ། །རང་བཞིན་གཉིས་སུ་གྱུར་ན་སྤྱིའི་རང་བཞིན་ཉིད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ནི་སྤྱི་ཞེས་བྱ་བའོ། །གསལ་བ་ལ་ལྟོས་ཏེ་རང་བཞིན་གཉིས་པོ་སྤྱིའི་རང་བཞིན་ཉིད་ཡིན་ནོ་ཞེ་ན། རང་བཞིན་ཞེས་བྱ་བའོ། །འདི་ནི་རང་བཞིན་གཉིས་པོའོ། །སྤྱིའི་རང་བཞིན་ཐ་དད་ཕྱིར། །ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བའོ་གལ་ཏེ་རང་བཞིན་ཐ་དད་ཀྱང་ཅི་ལྟར་གསལ་བའི་རང་བཞིན་དུ་འགྱུར་སྙམ་ན། ཐ་དད་པའི་ཞེས་བྱ་བའོ། །དོགས་པ་ནི་གསལ་བ་ཉིད་ཅེས་བྱ་བ་སྟེ། ཐ་དད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །ལན་ནི་གསལ་བ་ཉིད་ཅེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་གསལ་བ་ཉིད་ཀྱིས་སྤྱི་དང་ངོ༌། །རང་བཞིན་གཉིས་ནི་མཚུངས་པ་ཉིད་དུ་འགྱུར་གྱི་གསལ་བའི་རང་བཞིན་ནི་མ་ཡིན་ལ། དེ་ནི་སྤྱིར་ཡང་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་ཞེས་བྱ་བ་སྟེ་གསལ་བ་ཉིད་ཀྱི་སྤྱིའོ། །གསལ་བ་ལས་ཞེས་བྱ་བ་ནི་རང་བཞིན་གཉིས་ཀྱི་མཚན་ཉིད་ལས་སོ། །འོན་ཏེ་ཁྱབ་བ་ཉིད་དུ་གྲུབ་


DTG186_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་ཐ་དད་པར་རྟོགས་པ་ཡིན་ནོ་སྙམ་ན། རང་བཞིན་གཉིས་སུ་ཞེས་བྱ་བའོ། །ཐལ་བར་འགྱུར་ཞེས་བྱ་བ་སྟེ་དེ་ལ་ཡང་སྤྱི་གཞན་ཡོད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་ཚུལ་དུའོ། །སྔ་མ་བཞིན་ཞེས་བྱ་བ་ནི་རང་བཞིན་སྔ་མ་དག་ཉིད་དོ། །གང་གི་ཕྱིར་དེ་ལྟར་གསལ་བ་ཉིད་གསལ་བ་རྣམས་ཀྱི་རང་བཞིན་མ་ཡིན་པ་དེའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ཐ་དད་པ་ཉིད་ཀྱིས་སོ། །གསལ་བ་ཉིད་ཡིན་ན་རང་བཞིན་གཉིས་པོ་དེ་སྤྱི་མ་ཡིན་ནོ། །འོ་ན་སྤྱི་དེ་དང་ལྡན་པའི་ཕྱིར། རང་བཞིན་ཉིད་སྤྱི་ཡིན་ནོ་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་ལ་ཞེས་བྱ་བ་སྟེ་རང་བཞིན་གཉིས་ལའོ་ཞེས་བྱ་བ་རང་བཞིན་གཉིས་པོའོ། །ཅིའི་ཕྱིར་ཞེ་ན། སྤྱི་དང་ཞེས་བྱ་བའོ། །གསལ་བ་རྣམས་ནི་སྤྱི་དང་ལྡན་པས་སྤྱི་མ་ཡིན་ནོ། །གང་གི་ཕྱིར་རང་བཞིན་གཉིས་པོ་སྤྱི་དང་ལྡན་པ་ཡིན་གྱི་སྤྱི་ནི་མ་ཡིན་པ་དེས་ནའོ། །ཅིའི་ཕྱིར་ཞེ་ན། དེ་ཞེས་བྱ་བ་སྟེ་གསལ་བའོ། །ཅི་སྟེ་ལྡན་བ་མ་ཡིན་ཞེ་ན། སྤྱིའི་ཞེས་བྱ་བའོ། །ཐ་དད་པས་ཞེས་བྱ་བ་ནི་རང་བཞིན་གཉིས་ཀྱི་མཚན་ཉིད་ཀྱིས་སོ། །གལ་ཏེ་རང་བཞིན་གཉིས་དང་ལྡན་པའི་སྤྱིའི་གསལ་བ་ཡིན་པའི་ཕྱིར། སྤྱི་རང་བཞིན་འགས་ཐ་མི་དད་པ་ཡང་ཡིན་ཏེ། དེས་ན་པར་ཆད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ཁྱད་པར་རང་བཞིན་གཉིས་ཀྱི་བདག་ཉིད་ཅན་དང༌། སྤྱི་རང་བཞིན་གཉིས་ལ་བརྟེན་པ་དེ་གཉིས་སོ། །ལན་ནི་དེ་དག་གི་ཞེས་བྱ་བའོ། །རང་བཞིན་གང་དག་གིས་ཐ་དད་པ་དང་ཐ་མི་དད་པ་དེ་དག་གི་ཐ་མི་དད་པ་ལ་ཡང་སྟེ་གསལ་བ་ཉིད་དུ་གྱུར་པ་ལ་ཡང་ངོ༌། །འཕྱོ་བར་འགྱུར་རོ་ཞེས་བྱ་བ་ནི། རང་བཞིན་གཉིས་ཀྱི་བདག་ཉིད་ཅན་གྱི་སྤྱིའི་སྟེང་དུ་ལྡིང་བའི་ཕྱིར་རོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་འཕྱོ་བ་ཡིན་དང་ངོ༌། །བརྟེན་པའི་སྤྱི་དང་སྤྱི་གསུམ་པའི་རྟེན་གྱི་རང་བཞིན་གྱི་སྤྱི་གཉིས་པ་དེ་དག་གསལ་བ་ཉིད་དོ། །དེས་ན་ཞེས་བྱ་བ་གསལ་བ་ཡིན་པའི་ཕྱིར་རོ། །གསལ་བ་ལས་ཐ་དད་པ་དང་ཐ་མི་དད་པའི་རྒྱུ་མཚན་སྤྱི་སྔ་མ་དག་ལ་མཚུངས་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྤྱི་དང་ཞེས་བྱ་བ་སྤྱི་གསུམ་པ་དང་མེ་ལྡན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། སྤྱི་ཐ་མས་ཞེས་བྱ་བ་སྟེ། སྤྱི་ཐ་མ་ནི་རང་བཞིན་གཉིས་ཀྱི་བདག་ཉིད་ཅན་ཏེ། དེའི་འོག་ཏུ་ཡང་རང་བཞིན་གཉིས་པའི་སྤྱི་གཞན་མེད་པའི་ཕྱིར་རོ། །འོན་ཏེ་སྤྱི་ཐ་མ་


DTG186_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུམ་པ་ཐ་མི་དད་པར་ཡང་འདོད་དེ་དེས་ན་ཆོས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འོན་སྤྱི་དེ་ཡང་རང་བཞིན་གཉིས་པ་ཡིན་པའི་ཕྱིར་དེ་ལ་ཡང་སྤྱི་གཞན་འཕྱོ་བར་འགྱུར་རོ། །དེས་གསལ་བ་ཉིད་ཡིན་པས་སྤྱི་སྔ་མ་མཚུངས་པ་ཉིད་དུ་མི་འགྱུར་ཏེ། སྤྱི་དང་མི་ལྡན་པའི་ཕྱིར་ཏེ། སྤྱི་ཐམས་བར་མོད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཆོད་བས་སྤྱི་དང་མི་ལྡན་པའི་ཕྱིར་གཅིག་ཀྱང་མཚུངས་པར་མི་འགྱུར་རོ་ཞེས་བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །གཅིག་ཀྱང་ཞེས་བྱ་བ་ནི་གསལ་བའི་རང་བཞིན་ནམ། རང་བཞིན་གཉིས་པའི་སྤྱིའོ། །དེས་ན་ཞེས་བྱ་བ་གསལ་བའི་རང་བཞིན་ནི་རྣམ་པ་མཚུངས་པ་མ་ཡིན་པས་ནའོ། །རྟོགས་པ་གང་ལ་སྤྱིའི་མཚན་ཉིད་ཀྱི་དངོས་པོ་མེད་པ་དེ་ནི་དངོས་པོ་དང་མི་ལྡན་པའི་རྟོགས་པའོ། །ཅི་ལྟར་དངོས་པོ་དང་མི་ལྡན་སྙམ་ན། ངེས་བ་མེད་པར་ཞེས་བྱ་བའོ། །འོན་ཏེ་རྫོགས་པ་ཡོད་པ་ཁོ་ན་སྟེ། ཐ་མ་རང་བཞིན་གཉིས་པའི་སྤྱི་ལ་སྤྱི་གཞན་ཁས་མི་ལེན་པའི་ཕྱིར་རོ་སྙམ་ན། རྫོགས་པ་ཡོད་ཀྱང་ཞེས་བྱ་བའོ་གསལ་བ་ཉིད་དོ་ཞེས་བྱ་བ་ནི་རྟོགས་པའི་སྤྱོད་ཡུལ་ཞེས་བྱ་བ་རྗེས་སུ་འཇུག་གོ །འདི་ག་ལས་ཤེ་ན། དེ་ལ་ཞེས་སྨོས་ཏེ་རང་བཞིན་གཉིས་པ་ཐ་མ་ལའོ། །སྤྱི་གཞན་མི་འདོད་པ་ནི་མ་ངེས་པར་སྨྲ་བའོ། །སྔ་མ་ལ་ཡང་ཞེས་བྱ་བ་ནི་རང་བཞིན་གཉིས་པ་ལའོ། །དེའི་ཕྱིར་གསལ་བ་ཁོ་ན་རྟོགས་པའི་སྤྱོད་ཡུལ་ཡིན་ཏེ། དེས་ན་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པ་ནི་དམིགས་པ་མེད་པ་ཁོ་ནའོ། །འོ་ན་གང་མེད་པས་དམིགས་དང་བཅས་པར་འགྱུར་བ་ཅི་ལྟར་འདི་དམིགས་བ་དང་བཅས་པ་ཡིན་ཞེན། ཐ་མ་ཞེས་སྨོས་སོ། །རང་བཞིན་གཉིས་བ་བའི་སྤྱིའི་ཐ་མ་སྤྱི་ཉིད་ཡིན་ན་ནི། རང་བཞིན་གཉིས་པ་སྔ་མ་སྤྱིར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལས་ཐ་མི་དད་པས་ཏེ། སྤྱི་ཐ་དད་དང་ཐ་མི་དད་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་སྔ་མ་ལས་ཀྱང་སྔ་མ་སྟེ། དང་པོའི་རང་བཞིན་གཉིས་བདག་ཀྱང་ཅིར་འགྱུར་ཏེ་དེ་དང་ཐ་མི་དད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །འོ་ན་ཅི་ལྟར་དངོས་པོ་དང་མི་ལྡན་སྙམ་ན། དེ་ལྟར་ཡང་མ་ཡིན་ཏེ་ཞེས་བྱ་བ་སྟེ། བརྗོད་པའི་ཚུལ་གྱིས་དམིགས་པ་དང་བཅས་པར་ཡང་འཐད་པ་མ་ཡིན་ཏེ། སྤྱི་ཐ་མ་ལ་སྤྱི་མེད་པས་སྤྱི་ཉིད་མ་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་ཅི་ཡང་རུང་བ་སྨྲ་བའོ། །དེ་ལྟ་ན་ནི་དོན་མེད་ཕྱིར། །ཞེས་བྱ་བ་སྟེ་རྣམ་པར་འགྲེལ་བ་ནི། དེ་བཞིན་དུ་ཞེས་བྱ་བའོ། །ཅི་ལྟར་


DTG186_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོས་ལོགས་པ་མ་ཡིན་པ་ནི། དེ་ལས་གཞན་པའི་སྤྱི་དང་ལྡན་པས་ལྡོག་པ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་ཁྲ་བོ་ལ་སོགས་པ་ཐ་དད་པ་རྣམས་ཀྱི་རིགས་མི་མཐུན་པ་ལས་ཐ་དད་པ་ཡང༌། དེ་དག་ལས་ཐ་དད་པ་ཁྲ་བོ་ལ་སོགས་པའི་ཐ་དད་པ་ཐམས་ཅད་ལ་ཁྱབ་པ་ཡིན་ན། དེའི་ཚེ་དེའི་ཕྱིར་ཞེས་བྱ་བ་ཐ་དད་པ་ཐ་དད་བ་ཡིན་པའི་ཕྱིར་རྟ་དང་བ་ལང་ལ་སོགས་པ་ཕན་ཚུན་ཐ་དད་བ་མེད་པ་རྣམས་ཐ་དད་པ་གཞན་དང་ལྡན་ཡང༌། དེ་དང་ཞེས་བྱ་བ་ཐ་དད་པ་གཞན་དེ་དང་ལྡན་པ་དག་ཕན་ཚུན་ཐ་མི་དད་པ་གསལ་བར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ཐ་མི་དད་པར་ཞེས་བྱ་བ་ནི་མི་འཐད་དེ་རིགས་དང་གསལ་བ་དག་ཐ་དད་པའི་ཕྱིར་རོ་ཞེས་དོགས་བ་ནི། སྤྱི་དང་ཞེས་བྱ་བའོ། །ལན་ནི་ཐ་དད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གསལ་བ་རྣམས་ལས་སྤྱི་ཐ་དད་པ་མེད་པར་ཁས་བླངས་པར་གྱུར་ན། དེ་ནི་སྤྱི་མ་ཡིན་པར་འགྱུར་གྱི། འོན་ཀྱང་དེ་ནི་གསལ་བ་ཉིད་ཡིན་པར་འགྱུར་རོ། །འོན་དེ་ཉིད་སྤྱི་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེ་ཡང་ཞེས་བྱ་བའོ། །ཕྱིར་ཏེ་དེའི་ཕྱིར་རིགས་དང་གསལ་བ་དག་ཀྱང་ཐ་དད་པ་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ཐ་མི་དད་པས་ན། གཉིས་མེད་ཉིད་དུ་སྟེ་དོན་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་དངོས་པོར་གྱུར་པའི་སྤྱི་མི་འཐད་པ་དེའི་ཕྱིར་རོ། །མ་རིག་བ་ཙམ་ཉིད་དུ་འགྱུར་ཞེས་བྱ་བ་དེ་བཤད་པའི་དོན་དུ་ཕྱོགས་སྔ་མ་ཉེ་པར་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ནི་གསལ་བ་ལས་ཐ་དད་བ་མེད་པ། ལྡོག་པའི་རང་བཞིན་རྣམ་པར་ཕྱེ་ནས་ཅི་ལྟར་ཡང་རྟོགས་པར་ནུས་པ་མ་ཡིན་ནོ། །འོ་ན་གང་གི་ཚེ་རྣམ་པར་ཕྱེ་ནས་རྟོགས་སྙམ་ན། གང་གི་ཚེ་ཞེས་གསུངས་སོ། །ཐ་དད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་ཐ་མི་དད་པར་ཡང་རྟོགས་ཞེས་བརྗོད་པ་ནི། ཁྲ་བོ་ལ་སོགས་པ་ཐ་དད་པ་དག་དང་འདྲ་བ་གཅིག་པ་ཉིད་གང་ཡིན་པ་དེ་གང་ལ་ཡོད་པའི་ཐ་དད་པ་མེད་བ་དེ་ལྟར་ཡང་རྟོགས་པར་འགྱུར་རོ། །དོན་དམ་པར་གསལ་བ་ལས་ཐ་མི་དད་ཀྱང་ཐ་སྙད་དུ་ཐ་དད་པར་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་དམ་པར་གསལ་བ་ལས་ཐ་མི་དད་པ་ཅི་ལྟར་ཐ་དད་པ་དང་ཐ་མི་དད་པ་ཉིད་དུ་རྟོགས་པར་འགྱུར་སྙམ་ན། ཡུལ་ཞེས་བྱ་བའོ། །ཅིའི་ཕྱིར་ཐ་དད་པ་ཡོད་ཀྱང་རྟོགས་པར་མི་ནུས་སྙམ་ན། དེར་ཞེས་བྱ་བའོ། །འོ་ན་དབྱི་བས་ཙམ་ཉིད་


DTG186_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ་སྙམ་ན། ཁྱད་པར་དང་ཞེས་བྱ་བའོ། །འོ་ན་ཅི་ཡིན་ཞེ་ན། ཡུལ་ཐག་རིང་པོ་ཞེས་སྨོས་སོ། །དེ་ནི་ཁྱད་པར་རོ། །སྣང་བ་ཙམ་ནི་དབྱིབས་ཙམ་མོ། །ཐམས་ཅད་དུ་ཞེས་སྐྱེས་བུ་ལ་ཡང༌། དེ་ཉིད་ཅེས་བྱ་བ་ནི་སྣང་བ་ཙམ་མོ། །འོན་ཅི་ལྟར་ཐ་མི་དད་སྙམ་ན། སྣང་བ་དང་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་སྣང་བ་ཙམ་མོ། །དོགས་པ་ནི་དོན་དམ་པ་ཉིད་དུ་ཞེས་བྱ་བའོ། །ལན་ནི་གཅིག་ཏུ་ཞེས་བྱ་བའོ། །གཉིས་ཞེས་བྱ་བ་ནི་སྣང་བ་དང་རྣམ་པར་བརྟགས་བ་དག་གོ །འོ་ན་ནི་ཞེས་བྱ་བ་ནི་དོགས་པའོ། །ཅིའི་ཕྱིར་ཞེ་ན། སྤྱི་ཉིད་ཅེས་བྱ་བ་སྟེ་ཁྱད་པར་མ་ཡིན་པའོ། །གལ་ཏེ་དེ་ལྟ་ན་ཡང་ཅི་ལྟར་ཐ་དད་སྙམ་ན། གང་ཞིག་ཅེས་བྱ་བའོ། །ལན་ནི་དེ་ཡང་ཞེས་བྱ་བའོ། །གོང་བུ་དང་འབྲེལ་བ་མེད་པའི་རང་བཞིན་དུ་སྣང་ན་གསལ་བ་དང་མ་འདྲེས་པའི་རང་བཞིན་དེ་ནི་སྤྱིར་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཅི་ལྟར་གསལ་བའི་རང་བཞིན་སྤྱི་ལ་མི་ལྟོས་བ་དེ་བཞིན་དུ་ནི་གསལ་བལ་མི་ལྟོས་པ་མ་ཡིན་གྱི། འོན་ཀྱང་གསལ་བའི་རང་བཞིན་དང་འབྲེལ་པ་ཁོ་ནའོ། །དེ་ལ་ཞེས་བྱ་བ་ནི་གང་དང་ལྡན་པས་སྤྱི་རྣམས་མཚུངས་པ་ཉིད་ཡིན་པ་དེ་ལས་ཕ་རོལ་གྱི་སྤྱི་ནི་གསལ་བ་ཉིད་དུ་འགྱུར་རོ། །དེས་ན་གསལ་བའི་རང་བཞིན་ལྟར་འབའ་ཞིག་པ་ནི་སྤྱི་ལ་ཡིན་ནོ་ཞེས་གནས་བ་ཁོ་ནའོ། །དོགས་པ་བསུ་བ་ནིའོ་ན་ནི་ཞེས་བྱ་བའོ། །ཅི་ལྟར་རྟོགས་པ་ཅི་ཡིན་སྙམ་ན། དེ་ནི་ཞེས་བྱ་བའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །ཅི་ལྟར་མི་འགྱུར་སྙམ་ན་བློ་ཞེས་བྱ་བའོ། །འཁྲུལ་བས་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་འཁྲུལ་པས་འཇུག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེན། གཞན་ཞེས་བྱ་བ་འཁྲུལ་བའི་བློའི་རང་བཞིན་ལས་གཞན་མེད་པའི་ཕྱིར་རོ། །ཁས་བླངས་ནས་གྱང་ཉེས་པ་བརྗོད་པ་ནི་དེའི་ཚེ་ཡང་ཞེས་བྱ་བ་སྟེ། འཁྲུལ་པ་གཞན་གྱི་ཚེ་ཡང་ངོ༌། །དེས་ན་ཞེས་བྱ་བ་ནི་གསལ་བ་རྟོགས་པ་མེད་པས་ནའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །ཐ་དད་པ་དང་ཅིག་ཤོས་ནི་ཐ་དད་པ་དང་ཐ་མི་དད་པའོ། །ལན་ནི་འོས་གཞན་ཞེས་བྱ་བའོ། །དེ་དག་སྤྱི་དང་ལྡན་པ་ལ་སོགས་པ་བཀག་པས་ན་འོས་གཞན་མེད་པས་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པར་གཅོད་པ་རྟོགས་པ་དོར་ནས་སྒྲའི་དོན་རྟོགས་པ་ལ་ཚུལ་གཞན་ནི་ཚད་མ་ཅི་འདྲ་བ་ཞིག་ཡོད་པར་འགྱུར་ཏེ། ཚུལ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོས་གཞན་མེད་པ་ཡིན་ཡང་རྒྱུད་གཞན་དང་འབྲེལ་བའི་རྣམ་པར་གཅོད་


DTG186_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟོགས་པ་ནི་མི་འགྲུབ་སྟེ་ཚད་མ་མེད་པའི་ཕྱིར་རོ་ཞེས་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །དངོས་པོ་རྣམ་པར་འཇོག་པ་ཞེས་བྱ་བ་ནི་རྒྱུད་གཞན་དང་འབྲེལ་པ་རྣམ་པར་གཅོད་པ་རྟོགས་པ་རྣམ་པར་འཇོག་པའོ། །ངེས་པའི་ཡུལ་ལ་འཇུག་པ་གཞན་དུ་མི་འཐད་པས་རྣམ་པར་གཅོད་པ་རྟོགས་པ་འགྲུབ་བོ་ཞེས་ལན་འདེབས་པ་ནི། དེ་ལས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་དེ་ལས་གཞན་རྣམ་པར་བཅད་ནས་འཇུག་པས་ནའོ། །གལ་ཏེ་རྣམ་པར་གཅོད་པ་དོགས་པ་ནི་མེད་པ་ཁོ་ན་ཡིན་ནམ། དེ་ཅི་ལྟར་འཇུག་པ་གཞན་དུ་མི་འཐད་པས་གཞན་ལ་ཡོད་པར་རྟོགས་སྙམ་ན། རང་གི་རྒྱུད་ལ་གྲུབ་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དངོས་པོའི་ཡུལ་ཅན་མ་ཡིན་པས་ནའོ། །འདིས་ནི་ཚད་མ་འདི་མངོན་པར་འདོད་པ་ཡིན་ཏེ། གང་ཞིག་ངེས་པའི་ཡུལ་ལ་འཇུག་བ་དེ་ནི་རྣམ་པར་གཅོད་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་བདག་ཉིད་ཀྱི་བཞིན་ནོ། །ཐ་སྙད་པ་རྣམས་ཀྱི་འཇུག་པ་ཡང་ངེས་པའི་ཡུལ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བའོ། །ལྡོག་པ་ཞེས་བྱ་བ་ནི་དངོས་པོ་ལ་གནས་པའོ། །དུམ་བུར་བཀོལ་ཏེ་ལྡོག་པ་རྟོགས་པ་ཡང་མི་བདེན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྡོག་པ་ནི་རྣམ་པར་རྟོག་པའི་ཡང་ཡུལ་ཡིན་ནོ་ཞེས་ལན་བརྗོད་པ་ནི། དངོས་པོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སྣང་བའོ། །ལྡོག་པའི་ཞེས་བྱ་བ་ནི་རྣམ་པར་གཅོད་པའི་འབྲེལ་པའི་ཡུལ་ལོ། །དེ་གང་ཡིན་ཞེ་ན། རྟོག་པ་སྤྱོད་ཡུལ་ཏེ་རྣམ་པར་རྟོག་པའི་རྣམ་པ་གང་ཡིན་པའོ། །འོན་ཏེ་ཡང་རྟོག་པའི་སྤྱོད་ཡུལ་གྱི་དངོས་པོ་གང་ཡོད་པ་ནི་ཡོད་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་འདི་ནི་མི་བདེན་པ་ཡིན་ནེ་སྙམ་ན། བདེན་དང་ཞེས་བྱ་བའོ། །གང་ཐོབ་པར་བྱ་བ་ནི་བདེན་པ་ཡིན་ལ། གང་ཞིག་རྣམ་པར་བརྟགས་པ་དེ་ནི་མི་བདེན་པ་ཡིན་ནོ་ཞེས་དེ་ལྟར་བདེན་པ་དང་བདེན་པ་མ་ཡིན་པ་ཉིད་དུ་སྣང་བ་དང་རྣམ་པར་རྟོག་པར་བྱ་བ་དག་ཐ་དད་པར་ནི་སུ་ཡང་རྟོག་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདེན་པ་གཉིས་ལ་སོགས་པར་རྟོག་པ་མེད་ན། རྣམ་པར་རྟོག་པ་ལ་སྣང་བའི་དངོས་པོ་དངོས་པོ་ཙམ་ལས། ཁྱེད་ལྟར་ཐ་སྙད་པ་བདག་ཅག་ལྡོག་པ་རྟོགས་པ་མ་ཡིན་ནོ་ཞེ་ན། ལྡོག་དང་ཞེས་བྱ་བའོ། །ཅི་ཙམ་གྱིས་ཞེས་བྱ་བ་ནི། བདེན་བརྫུན་གྱི་རྣམ་པར་དབྱེ་བ་དང༌། བྲལ་བ་རྣམ་པར་རྟོག་པ་ལ་སྣང་བའི་དངོས་པོ་ཙམ་གྱིས་ཏེ། ལྡོག་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྣམ་པ་ལ་འགྱུར་བ་ཁོ་ནའོ། །ཁྱེད་ལ་


DTG186_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྡོག་པ་རྟོགས་པའི་མཚན་ཉིད་ཀྱི་དགོས་པ་གྲུབ་པའི་དོན་དུ་དེ་ཙམ་གྱིས་ཆོག་མོད། མཚུངས་པར་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་ཉམས་སུ་མྱོང་བ་གཉིས་ལས། གཅིག་ལ་ནི་ལྡོག་པ་རྟོགས་པ་ཡོད་ལ་གཞན་ལ་ནི་མེད་དོ་ཞེས་ནི་མི་འཐད་དོ། །གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་དངོས་པོ་ཙམ་གྱིས་དགོས་པ་འགྲུབ་ཀྱང་དེ་ཐ་དད་པར་ཅི་སྟེ་མི་རྟོག་སྙམ་ན། གལ་ཏེ་ཐུན་མོང་དུ་རྣམ་པར་རྟོག་པ་ལ་སྣང་བ་ཙམ་གྱི་དངོས་པོའི་སྤྱིས་ལྡོག་པ་རྟོགས་པའི་མཚན་ཉིད་ཀྱི་དགོས་པ་འགྲུབ་ན་དེའི་ཚེ་རྣམ་པར་རྟོག་པའི་རྣམ་པར་བྱེ་བྲག་སྟེ་བརྟགས་པ་དེ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་འགའ་ཡང་མེད་དོ། །གལ་ཏེ་བདེན་པའི་དངོས་པོ་དང་འབྲེལ་པ་ཁོ་ནས་རྣམ་པར་གཅོད་པར་རྟོག་པར་ནུས་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། དེ་ནི་ཅི་ལྟར་དེ་ཙམ་གྱིས་ལྡོག་པ་རྟོགས་པར་ནུས་སྙམ་པའི་དོགས་པ་བསུ་བས་རྐན་པ་བཞི་བ་རྣམས་པར་འགྲེལ་བ་ནི། བདེན་པའི་ཞེས་བྱ་བའོ། །ཅི་ལྟར་ངེས་བ་འདི་མེད་ཅེ་ན། བདེན་པ་དང་འབྲེལ་པ་མ་ཡིན་པ་རྣམ་པར་བརྟག་པའི་རྣམ་པས་ཀྱང་ལྡོག་པ་སྟེ་རྟོགས་པར་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་མི་བདེན་པ་དང་འབྲེལ་པས་ཀྱང་རྣམ་པར་གཅོད་པ་རྟོགས་པ་དེའི་ཕྱིར་རོ། །ངག་རྣམ་པར་གཅོད་པའི་ཡུལ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བ་ཅི་ལྟར་ངེས་ཤེ་ན། དེ་ལ་ཞེས་བྱ་བ་སྟེ། ངག་གིས་བསྟན་པའི་རྣམ་པར་རྟོག་པའི་རྣམ་པ་ལ་གནས་པའི་རྣམ་པར་གཅོད་པ་ལའོ། །འདིས་ནི་ཕྱེད་ཕྱི་མ་བཤད་དོ། །དངོས་པོ་མི་བདེན་ན་ལྡོག་པ་ཡང་ཅི་ལྟར་བདེན་ཞེས་འབྲེལ་ཏོ། །དེ་ལ་ཏེ་དངོས་པོ་མི་བདེན་པ་ལ་གནས་པའོ། །དེ་ལ་གནས་པའི་རྒྱུ་བརྗོད་བ་ནི་དེ་དང་ཞེས་བྱ་བ་སྟེ་དངོས་པོ་མི་བདེན་པ་དང་ཐ་དད་པ་མེད་པས་སོ། །རྐང་བ་དང་པོ་འབྲེལ་པ་ས་ལན་བརྗོད་པ་ནི། རྟོགས་བཞིན་དུ་ཡང་ཞེས་བྱ་བའོ། །རྟོགས་བཞིན་པ་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་འདི། རྟོགས་བཞིན་པའི་རང་བཞིན་གྱིས་བདེན་བ་མ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ཅི་ཞིག་ཡིན། གང་ཞིག་ཅི་ལྟར་རྟོགས་པ་དེ་ནི། དེ་ཁོ་ན་ལྟར་བདེན་པ་མ་ཡིན་ནོ་ཞེས་བྱ་བར་ནི་མི་འཐད་དོ། །མ་རྟོགས་པའི་རང་བཞིན་གྱིས་ཀྱང་འདི་ཉིད་མི་བདེན་ནོ་ཞེས་བྱ་བའི་ཚུལ་ཅི་ཞིག་ཡིན་ཏེ་དེ་ལྟར་ཡིན་ན་ཐམས་ཅད་མི་བདེན་པར་འགྱུར་ཏེ། མ་རྟོགས་པའི་རང་བཞིན་གྱིས་མཐའ་ད་ག་མི་བདེན་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེས་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་མི་བདེན་པའི་ཕྱིར་དེ་ལ་གནས་པའི་ལྡོག་པ་མི་བདེན་


DTG186_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅི་ལྟར་འགྱུར། རྟོགས་བཞིན་པ་བདེན་ཡང་སླུ་བས་མི་བདེན་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་འོན་ཐ་དད་པ་མི་སླུ་བས་ཉམས་སུ་མྱོང་བས་བདེན་པ་ཁོ་ན་ཡིན་ནོ་ཞེས་ལན་འདེབས་པ་ནི། ཐ་དད་ཅེས་བྱ་བའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་མི་བདེན་པར་སྨྲ་བལ་དྲི་བར་བྱ་བ་ཉིད་སྟོན་པ་ནི་རྣམ་པར་ཞེས་བྱ་བའོ། །རྣམ་པར་བརྗོད་པ་ནི་རྟོགས་པའི་ཞེས་བྱ་བའོ། །ཅི་རྟོགས་བཞིན་པས་མི་བདེན་ནམ་དེ་ལས་གཞན་པས་ཡིན། ཕྱོགས་དང་པོ་རྗེས་སུ་བརྗོད་ནས་སུ་ན་འབྱིན་བ་ནི་གལ་ཏེ་ཞེས་བྱ་བའོ། །ཕྱོགས་གཉིས་བ་རྗེས་སུ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །སུན་འབྱིན་པ་ནི་འོ་ན་ནི་ཞེས་བྱ་བའོ། །གལ་ཏེ་སླུ་བས་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི། འོན་ཏེ་ཞེས་བྱ་བ་ནས་ཞེ་ནའི་བར་རོ། །གལ་ཏེ་རང་གི་ངོ་བོས་མི་བདེན་པ་ཉིད་མ་ཡིན་ན་ཅི་ལྟར་མི་བདེན་པ་ཡིན་ཞེ་ན། རང་གི་ངོ་བོ་ཡོད་ཀྱང་ཞེས་བྱ་བའོ། །དེ་ཞེས་བྱ་བ་ཐོབ་བྱའི་རང་བཞིན་མདན་ནིའོ། དེ་མེད་ཀྱང་ཅི་ལྟར་མི་བདེན་ཞེ་ན། ཕྱིན་ཅི་ལོག་ཅེས་བྱ་བའོ། །དེ་ལས་ཅིར་འགྱུར་ཞེ་ན། ཐོབ་པར་བྱ་བའི་ཞེས་བྱ་བའོ། །འོན་ཀྱང་ཕྱིན་ཅི་ལོག་རྟོགས་པ་ཉིད་དེ་འཛིན་པ་ཡིན་ནོ། །དེས་ན་གང་ཞིག་ཐོབ་པར་བྱ་བ་དེ་བདེན་པ་ཡིན་པས་ཐམས་ཅད་མི་བདེན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ཅི་སྟེ་ཞེས་བྱ་བ་རྣམ་པར་འགྲེལ་བས་བརྗོད་པ་ནི། དེ་ལྟ་ན་ནིའོ་ན་ཞེས་བྱ་བའོ། །གང་ཞིག་དངོས་པོ་མ་ཡིན་པའི་རྣམ་པར་གཅོད་པ་དེ་ནི་ཐོབ་པར་བྱ་བ་མ་ཡིན་ཏེ། དེས་ན་སླུ་བའི་ཕྱིར་མི་བདེན་པ་ཡིན་ནོ་ཞེས་བྱ་བའི་དོགས་བསེལ་བས་རྐང་པ་གཉིས་པ་རྣམ་པར་འགྲེལ་བ་ནི་རྣམ་གཅོད་དངོས་དང་ཞེས་བྱ་བའོ། །འདིར་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་ཐ་དད་པ་ཐོབ་པར་བྱེད་པ་ཡིན་པ་ནའོ། །འདི་ཉིད་ཀྱི་ཕྱེད་སྔ་མ་རྣམ་པར་འགྲེལ་བ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རྣམ་པར་རྟོག་པ་དེས་ནི་མི་བདེན་པ་རྣམ་པར་རྟོག་པ་ལ་སྣང་བའི་དངོས་པོ་དེའི་གཞན་ལས་རྣམ་པར་གཅོད་པ་རྟོགས་པ་ཡིན་ལ། མི་བདེན་པའི་དངོས་པོའི་རྣམ་པར་གཅོད་པ་དེ་ནི་ཐོབ་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེན་པའི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མི་སླུ་བ་མ་ཡིན་པས་སོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི། གནས་ཞེས་བྱ་བའོ། །ཅི་ལྟར་གནས་མ་ཡིན་པ་ལ་བརྟེན་པ་ཡིན་ཞེན། རེ་


DTG186_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཅེས་བྱ་བའོ། །གལ་ཏེ་ཆོག་པར་འཛིན་ཀྱང༌། གང་གི་སླུ་བ་རིག་པར་འགྱུར་བ། བདེན་བ་དང་མི་བདེན་པར་དབྱེ་བ་ངེས་པར་བྱེད་པ་ཡིན་ནོ་ཞེན་གང་གིས་ཞེས་བྱ་བའོ། །དེ་ལྟར་ལྡོག་པའི་འབྲེལ་ཡུལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཤད་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི། དབྱེ་བ་ངེས་པར་མི་བཟློག་པའི་ཕྱིར་རོ། །ཐ་སྙད་པའི་སྐྱེ་བའི་རྟོགས་པས་ཡིན་གྱི་འཆད་པ་པོའི་སྐྱེ་བོའི་རྟོགས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དོན་དམ་པར་ནི་ཞེས་བྱ་བའོ། འདི་ཡང་སྔར་ཉིད་བསྒྲུབས་ཟིན་ཏོ་ཞེས་སྟོན་པ་ནི་འདི་ནི་ཞེས་བྱ་བའོ། །དེ་སྐད་བརྗོད་པས་ཅི་བྱ་སྟེ། །རྣམ་པ་གཞན་དུ་ཡང་ཚད་མའི་རྟོགས་པ་ཡོད་པའི་ཕྱིར་རོ་ཞེས་དོགས་ན། རྣམ་པ་གཞན་དུ་ཚད་མའི་རྟོགས་པ་ཡོད་བ་སེལ་བ་ནི། གལ་ཏེ་ཞེས་བྱ་བའོ། །ཐུགས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཡང་ཚད་མ་གཞན་གྱིས་ཚད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཉེས་པ་འདིས་འཇིགས་པས་ཚད་མ་མེད་པར་དེ་རྟོགས་པ་ཁས་ལེན་པ་ཡིན་ན། དེ་ལྟ་ན་འོ་ན་གཞལ་བྱ་རྟོགས་པ་ཡང་དེ་ལ་རག་ལས་པར་མི་འགྱུར་རོ་ཞེས་བརྗོད་པ་ནི། ཚད་མ་མེད་པར་ཞེས་བྱ་བའོ། །གང་གི་ཕྱིར་ཚད་མ་ཡོད་པ་དང་མེད་པ་དག་གིས་ཁས་བླངས་ཚད་མ་མི་རྟོགས་པ་དེའི་ཕྱི་བཤད་པའོ། །ཅི་སྐད་བཤད་སྙམ་ན་ཚད་མ་ཉིད་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཚད་མའི་བློ་དེའི་བདག་ཉིད་ཡིན་པར་རྟོགས་པ་ནི་དེ་ཉིད་དེ་ཚད་མ་ཉིད་མ་ཡིན་ནོ། །འོ་ན་གཞན་གྱིས་རྟོགས་སོ་སྙམ་ན། དེ་ལྟ་ཡིན་ན་སྟེ་གཞན་གྱིས་ཁས་བླངས་པ་ཡིན་ན་ཐུག་པ་མེད་པར་བརྗོད་དོ། །ཅི་ལྟར་ཞེ་ན་གང་གི་ཕྱིར་ཞེས་བྱ་བའོ། །ཚད་མ་འབའ་ཞིག་ཏུ་མ་ཟད་དེ། འོན་ཀྱང་གཞན་ཐ་སྙད་ལ་ཡང་རྣམ་པར་དཔྱད་ནའོ། །རྣམ་པར་དཔྱད་པ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་ཐ་སྙད་ཚད་མ་མ་ཡིན་ན། དེའི་ཚེ་ཚད་མ་མ་ཡིན་པའི་ཐ་སྙད་ལས་ཚད་མ་རྟོགས་པ་མ་ཡིན་ན། གཞལ་བྱ་བ་ལ་ཡང་དེ་ལྟར་རྟོགས་པར་འགྱུར་རོ། །དེ་ལྟན་ཡང་ཚད་མའི་མཚན་ཉིད་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཚད་མ་མེད་པ་ཐམས་ཅད་ནི། གྲུབ་ཕྱིར་ཏེ་ངེས་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་མ་ཡིན་པ་ལས་ངེས་པ་འདི་ནི་འབྲེལ་བ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་དེ་ཁོ་ན་རྟོགས་པ་མེད་པའི་ཕྱིར་རོ། །ཐ་སྙད་ཙམ་ཞེས་བྱ་བ་ཙམ་སྨོས་པས་ནི་ཚད་མ་དང་བྲལ་བ་ཉི་བརྗོད་དོ། །མི་སླུ་བ་དོན་


DTG186_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བར་མ་ཡིན་པ་ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །འདི་ཉིད་སྦྱོར་བ་ནི་ཐ་དད་ཅེས་བྱ་བ་སྟེ་གང་གི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་གཉི་ག་ལ་མི་སླུ་བ་མི་འཐད་པས་སོ། །མི་འཐད་པ་ཉིད་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྒྲས་བསྟན་པའི་རྫོགས་བཞིན་པ་ལས་བསྲེག་པ་ལ་སོགས་པ་གཞན་ཐོབ་པ་ཡིན་ན། དེའི་ཚེ་བསྲེག་པ་ལ་སོགས་པ་གཞན་ཐོབ་པས། མེད་དགག་གི་རང་བཞིན་སླུ་བ་མེད་པའམ། མ་ཡིན་པའི་རང་བཞིན་གྱིས་མི་སླུ་བར་ཅི་ལྟར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །འོན་ཏེ་རྟོགས་བཞིན་པ་ལས་ཐོབ་པར་བྱ་བ་ཐ་མི་དད་ན། དེ་ལྟ་ཡིན་ན་ཐོབ་པར་བྱ་བ་ངེ་ཡང་རྟོགས་བཞིན་པ་ཉིད་བཞིན་དུ་རྟོགས་པས་སོ། །དེས་ན་ཞེས་བྱ་བ་ནི་ཐོབ་པར་བྱ་བ་རྟོགས་བཞིན་པ་དང་ཐ་མི་དད་པའི་ཕྱིར་སླུ་བ་མ་ཡིན་ནོ། །ཤེས་པ་སྐྱེས་པའི་དུས་ཉིད་ན་མི་སླུ་བ་ཡོད་པར་འགྱུར་རོ། །དེས་ན་སླུ་བའི་དོགས་པ་མེད་པས་ན་འཇུག་པར་བྱ་བ་མ་ཡིན་པ་ཁོ་ནའོ། །དེས་ན་དོན་དམ་པར་ན། མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་དང་སྒྲ་དག་ཀྱང་མི་སླུ་བ་མ་ཡིན་ནོ། །སྤྱིའི་ཡུལ་ལ་སོགས་པ་མེད་པ་དེའི་ཕྱིར་རོ། །ཅི་ལྟར་ངག་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་ཞེ་ན། ཁོ་ནའོ་ཞེས་བྱ་བའོ། །གང་གི་ཕྱིར་ཁོ་ནའི་སྒྲ་སྦྱར་བར་མ་ཟད་ཀྱི་མ་སྦྱར་བ་ཡང་ཚིག་རྣམས་ཀྱིས་ཏེ། ངག་རྣམས་སུ་མ་ཟད་པར་རྣམ་པར་གཅོད་པ་རྟོགས་པར་འགྱུར་བ་ཡིན་ནོ། །གཞན་གྱིས་འདི་ནི་རེ་ཞིག་གཞག་གོ་ཞེས་སྨྲས་ཏེ། རྣམ་པར་གཅོད་པའི་འབྲས་བུ་ཅན་འདིའོ། །དེ་ལྟར་ཞེས་བྱ་བ་རྣམ་པ་གསུམ་དུ་མཐོང་བའོ། །གྲུབ་པའི་མཐའ་པས་ནག་པ་ཞེས་བྱ་བའོ། །རྣམ་པར་ཕྱེ་ནས་མཐོང་བ་ཉིད་དོ་ཞེས་སྦྱར་རོ། །རྣམ་པར་ཕྱེ་བའི་རྣམ་པ་བརྗོད་པ་ནི་ཁྱད་པར་དང་ངེས་པར་བཟུང་ན་ནི་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་རྣམ་པར་དབྱེ་བ་འདིར་འགྱུར་ཞེ་ན། ཁྱད་པར་དང་ཞེས་བྱ་བའོ། །ཅི་ལྟར་ཁྱད་པར་ལ་སོགས་པ་ལ་སྦྱོར་ཞེ་ན། ནག་པ་ཞེས་བྱ་བའོ། །དོགས་པ་ནི་སྦྱར་བ་མེད་པར་ཞེས་བྱ་བའོ། །ལན་ནི་སྐབས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་རྟིང་བཞིན་དུ་འཆད་པར་འགྱུར་རོ། །ཁྱད་པར་གཞན་ཞེས་བྱ་བ་ན་གཏོང་ཕོད་པ་ལ་སོགས་པ་རྣམ་པར་གཅོད་པར་འགྱུར་བའོ། །དེས་ན་ཞེས་བྱ་བ་ཡོན་ཏན་གཞན་རྣམ་པར་གཅོད་པར་འགྱུར་བས་སོ། །དེ་ལྟར་འགྱུར་མོས་སྙམ་ན། དེ་ལྟར་ནི་ཞེས་བྱ་བ་སྟེ་ཡོན་ཏན་ཐམས་


DTG186_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྣམ་པར་གཅོད་པ་ནི་མི་འཐད་དེ་ཚད་མ་དང་འགལ་བའི་ཕྱིར་རོ། །སུན་འབྱིན་པ་གཞན་ནི་མི་ལྡན་པ་དང་ཞེས་བྱ་བ་སྟེ། གཉི་གས་ཀྱང་འགའ་ཞིག་འགོག་པའི་ཕྱིར་རོ། །དེར་ཡང་ཞེས་བྱ་བ་ནི་མ་འགྲེལ་བ་རྣམ་པར་གཅོད་པའི་ངག་ལ་ཡང་ངོ༌། །ནག་པ་ལ་སོགས་པའི་དོན་རྣམས་ལ་ནིའོ། །ཅི་ལྟར་མ་འབྲེལ་པ་ལ་སོགས་པའི་བཟློག་ཟླ་ཡིན་ཞེ་ན། དེ་ཉིད་ཅེས་བྱ་བ་ནི་འཕོང་སྐྱེན་པ་ཉིད་དོ། །ད་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གཏོང་ཕོད་པ་ལ་སོགས་པ་རྣམ་པར་གཅོད་ནའོ། །དེ་ལྟར་གཞན་དང་ལྡན་པ་རྣམ་པར་གཅོད་པའི་ངག་ལ་ཡང་ཟླ་བོ་རྣམ་པར་གཅོད་པ་ཉིད་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །ར་མ་ལ་སོགས་པ་ནི་རྣམ་པར་གཅོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་སྐབས་སུ་མ་བབ་པའི་ཕྱིར་ཏེ། གཉིས་པོ་ཁོ་ན་སྐབས་སུ་བྱས་པའི་ཕྱིར་རོ། །རམ་ལ་སོགས་པ་སྐབས་སུ་བབ་ན་ནི་དེ་ཡང་རྣམ་པར་གཅོད་དོ་ཞེས་འཆད་པར་འགྱུར་རོ། །སྐབས་སུ་ཡིན་ན་ཞེས་བྱ་བ་ནི་སྐབས་སུ་བབ་པར་བྱས་ནའོ། །དེ་ཉིད་བརྗོད་པ་ཅི་ཞེས་བྱ་བ་ནི། མཁས་པ་ལ་སོགས་པའི་ཡོན་ཏན་གཞན་ནོ། །གལ་ཏེ་ཡོན་ཏན་མཐའ་དག་རྣམ་པར་གཅོད་ན། ནག་པ་ཉིད་ལ་སོགས་པ་ཡང་རྣམ་པར་གཅོད་པར་འགྱུར་རོ། །དེ་ལྟར་ནི་འཐད་པ་ཡང་མ་ཡིན་ཏེ། ཚད་མ་དང་འགལ་བའི་ཕྱིར་རོ་ཞེས་དོགས་ན། འཁྲུལ་བ་མེད་པ་སྤངས་པའོ་ཞེས་བྱ་བ་སྟེ། ཅི་ལྟར་འཁྲུལ་པ་མེད་པ་སྤངས་པ་དེ་ལྟར་ཡོན་ཏན་མཐའ་དག་རྣམ་པར་གཅོད་པ་ཡིན་ནོ། །ཐེ་ཚོམ་ཟ་བའི་སྐབས་སུ་བབ་པའི་ཚུལ་བརྗོད་པ་ནི། ཅི་འདྲ་བ་ན་ཞེས་བྱ་བའོ། །མཐའ་དག་ཅེས་བྱ་བ་ནི་ར་མ་ལ་སོགས་པ་ཡང་ངོ༌། །ཅིའི་ཕྱིར་ཞེ་ན། དེའི་ཚེ་ཞེས་བྱ་བའོ། །དེ་བཞིན་དུ་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་པའི་ངག་གིས་ཀྱང་པདྨ་སྔོན་པོ་ནི་མི་སྲིད་པ་ཁོ་ནའོ་ཞེས། པདྨ་ལ་སྔོན་པོ་དང་གཏན་མི་ལྡན་པའི་སྐབས་ཡིན་པའི་ཕྱིར་དེ་ཉིད་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། པདྨའི་རིགས་ཀྱི་ཕྱོགས་གཅིག་དང་སྔོན་པོ་ལྡན་པར་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རྣམ་གཅོད་རྣམ་པ་གསུམ་ཡོད་ཀྱི། རྣམ་པ་འབྲེལ་པ་རྣམ་པར་གཅོད་པ་དང༌། ཅིག་ཤོས་ཁོ་ན་ནི་མ་ཡིན་པ་དེས་ན། བྱས་པ་ཉིད་ལ་སོགས་པའི་ཆོས་དང་མི་ལྡན་པ་གང་ཡིན་པ་དེ་རྣམ་པར་གཅོད་པས་ན། ཆོས་ཅན་བྱས་པ་ལ་སོགས་པ་ཆོས་ཀྱི་ཁྱད་པར་ཡིན་གྱི། གཞན་དང་ལྡན་པ་རྣམ་པར་གཅོད་པ་དང༌། ཤིན་ཏུ་མི་ལྡན་པ་


DTG186_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཅོད་པས་ནི་མ་ཡིན་ནོ། །ཅི་ལྟར་ཐུན་མོང་མ་ཡིན་པ་ཁོ་ན་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བ་ནི་ཉེས་པས་འཇིགས་པས། གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་མ་བཟུང་བ་དེ་བཞིན་དུ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བའི་ཉེས་པས་ཤིན་ཏུ་མི་ལྡན་པ་རྣམ་པར་གཅོད་པས་ཀྱང་ཁྱད་པར་དུ་གཟུང་བར་བྱ་བ་མ་ཡིན་ནོ། །ཤིང་གི་རིགས་ནི་ཉལ་བ་དང་ཤིན་ཏུ་མི་ལྡན་པ་རྣམ་པར་གཅད་བའི་ཕྱིར་ཏེ། ཕྱོགས་གཅིག་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མ་འབྲེལ་པ་རྣམ་པར་གཅོད་པ་ཁོ་ནས་ཁྱད་པར་ཡིན་ནོ། །དེས་ཆོས་ཅན་དེའི་ཁྱད་པར་ཅན་གྱི་ཆོས་བྱས་པ་ཉིད་ལ་སོགས་པ་རྗེས་འགྲོ་བ་མེད་པ་ཞེས་བྱ་བ་ལ། དཔེ་ལ་རྗེས་སུ་འགྲོ་བ་མེད་པའམ། ཕྱོགས་ཀྱི་ཕྱོགས་གཅིག་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དེ་ལ་བརྟེན་པ་མ་ཡིན་ནོ། །ཐུན་མོང་མ་ཡིན་པ་དང་ཕྱོགས་ཀྱི་ཕྱོགས་གཅིག་ལམ་གྲུབ་པའི་ཉེས་བདག་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་རྗེས་སུ་འགྲོ་བ་མེད་པའི་ཉེས་པར་མི་འགྱུར་བ། ཅི་ལྟར་ན་གཞན་དང་ལྡན་པ་ལ་སོགས་པ་རྣམ་པར་གཅོད་པ་མ་ཡིན་ཞེ་ན། ཆོས་དེ་ཞེས་གསུངས་སོ། །གཞན་དང་ནི་དཔེའི་ཆོས་ཅན་དང་ངོ༌། །དེས་ན་ཞེས་བྱ་བ་ནི་དོགས་པས་ནའོ། །དེ་ཞེས་བྱ་བ་ནི་མི་ལྡན་པ་རྣམ་པར་གཅོད་པ་བསྟན་པས། གཞན་དང་ལྡན་པ་དང༌། གཏན་མི་ལྡན་པ་རྣམ་པར་གཅོད་པ་མ་ཡིན་པ་དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་སྐྱོན་མེད་དོ་ཞེས་བྱ་བ་སྔ་མ་བཞིན་བཤད་པར་བྱའོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཅེས་བརྗོད་ཀྱང༌། ཅི་ལྟར་མ་འབྲེལ་པ་རྣམ་པར་གཅོད་པ་ཉིད་རྟོགས་ཞེས་དོགས་པ་བཟློག་པ་ནི་དེ་ལྟར་གྲགས་དང་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི། འདི་ལྟར་ཞེས་བྱ་པའོ། གཞན་དང་ལྡན་པ་ནི་ཞེས་ནིའི་སྒྲས་གཏན་མི་ལྡན་པ་ཡང་བསྡུའོ། །བཟློག་པའི་ཕྱིར་ཞེས་བྱ་བ་ནི་བཟློག་ཟླ་མ་ཡིན་པའི་ཕྱིར་རོ། །དོན་འདི་ཞེས་བྱ་བ་ནི་མ་འབྲེལ་པ་རྣམ་པར་གཅོད་པའོ། །ཅི་ལྟར་ཞེ་ན། གཞན་དང་ཞེས་བྱ་བ་སྟེ་དཔེའི་ཆོས་ཅན་དང་ལྡན་པའོ། །དེར་ཞེས་བྱ་བ་ནི་ཁྱད་པར་དུའོ། །དེ་ཉིད་ལ་ཞེས་བྱ་བ་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཉིད་ལའོ། །ཅི་ལྟར་འགལ་སྙམ་ན་ཐེ་ཚོམ་དུ་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ཉིད་དཔེ་དང་ལྡན་པར་གྲུབ་པ་ཁོ་ན་ཡིན་པས་ཅི་ལྟར་གསལ་བར་ནུས་ཞེས་བྱ་བའི་དོན་


DTG186_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གྲུབ་པ་ནི་སེལ་བའམ་བཀག་པ་ནི་སྒྲུབ་པ་མ་ཡིན་ཏེ། བསལ་བ་ནི་གཏན་ཚིགས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ། །བཟློག་པའི་ཟླ་བོར་མ་ཟད་ཀྱི་སྒྲ་དག་ཀྱང་བརྗོད་བར་འདོད་པའི་རྗེས་སུ་འབྲང་བ་ཡིན་ནོ། །འདི་ག་ལས་ཤེ་ན་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །སྒྲ་དང་བརྗོད་འདོད་ཅི་ལྟ་བ་བཞིན་འཇུག་པ་ཡིན་གྱི་དོན་དང་འབྲལ་བ་ཅི་ལྟ་བ་བཞིན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེས་ཤེ་ན། སྒྲ་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལ་དོན་འདི་ཡིན་ཏེ། ཁྱད་པར་དང་ལྷན་ཅིག་བརྗོད་པའི་ངེས་པར་གཟུང་བ་ཡང་མི་ལྡན་པ་རྣམ་པར་གཅོད་པ་མ་ཡིན་གྱི་འོན་ཀྱང་གཞན་དང་ལྡན་པ་རྣམ་པར་གཅོད་པ་ཁོ་ན་བྱེད་པར་འགྱུར་ཏེ། དཔེར་ན་ལྷ་སྦྱིན་ཁོ་ནའི་བུ་ཞེས་ཁྱད་པར་དང་ལྷན་ཅིག་བརྗོད་པའི་ངེས་པར་གཟུང་བས་གཞན་དང་ལྡན་པ་ཁོ་ན་རྣམ་པར་གཅོད་ཀྱི། མི་ལྡན་པ་ནི་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བའོ། །སྐབས་དང་འགལ་བའོ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་པ་མཐུན་པའི་ཕྱོགས་ལ་ཡོད་པར་སྟོན་པའི་སྐབས་སུ་བབ་པ་ཡིན་པས་དེ་དང་འགལ་བའོ། །འགལ་བ་མེད་དོ་ཞེས་བྱ་བའི་གྲུབ་པའི་མཐར་ནི་དོན་འདི་ཡིན་ཏེ། སྒྲའི་ཚུལ་གྱིས་ཕྱོགས་དང་སྲིད་སྒྲུབ་དག་ཁྱད་པར་ཉིད་དུ་བསྟན་ཀྱང༌། དོན་གྱིས་ནི་དེ་ཉིད་ཁྱད་པར་ཅན་ཁོ་ན་ཡིན་ཏེ། རྟེན་ཡིན་པའི་ཕྱིར་རོ། །ཆོས་དང་འཕོང་སྐྱེན་པ་ནི་ཁྱད་པར་ཡིན་ཏེ་བརྟེན་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཁོ་ནའི་སྒྲས་ཆོས་དང་འཕོང་སྐྱེན་པ་གཉིས་དང་ལྷན་ཅིག་བརྗོད་པས་ནི་མ་འབྲེལ་བ་ཁོ་ན་རྣམ་པར་གཅོད་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་ནི་སྲིད་སྒྲུབ་ལའོ། །དེ་ནི་ཁྱད་པར་རོ། །དམ་པའི་དོན་དུ་ཞེས་བྱ་བ་ནི་དོན་གྱི་ཚུལ་གྱིས་སོ། །ཚུལ་གཉིས་ཡོད་ན་འདིར་གང་གཟུང་ཞེ་ན། འདིར་ནི་ཞེས་གསུངས་སོ། །དངོས་པོའི་ཆོས་ཞེས་བྱ་བ་ནི་དངོས་པོ་བའི་ཚུལ་ལོ། །སྐྱོན་ཞེས་བྱ་བ་སྐབས་དང་འགལ་བའི་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ངེས་པར་གཟུང་བ་འདི་ན་ཚད་མ་དང་ཡང་མི་འགལ་ལོ་ཞེས་བརྗོད་པ་ནི་འདིར་ཞེས་བྱ་བ་སྟེ་ཕྱོགས་ཀྱི་ཆོས་ལའོ། །རྣམ་པར་གཅོད་བའི་རང་བཞིན་ཞེས་བྱ་བ་ནི་འདི་ནི་ཕྱོགས་ཀྱི་ཆོས་ཁོ་ན་ཡིན་གྱི། ཆོས་མ་ཡིན་པ་ནི་མ་ཡིན་ནོ་ཞེས་མི་ལྡན་པ་འགོག་པའི་རང་བཞིན་ནོ། །ས་ཕྱོགས་ལ་ཡོད་པའི་དུ་བ་ལ་ནི་དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ལ། སྒྲ་ལ་ཡོད་པའི་བྱས་པ་ལ་ནི་རྐྱེན་གྱི་བྱེ་བྲག་གིས་ཐ་


DTG186_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ལས་སོ། །དེའི་ཕྱིར་མ་འབྲེལ་པ་རྣམ་པར་གཅོད་པ་མི་རྟོགས་པའི་སྐྱོན་མེད་དོ། །གལ་ཏེ་ཁྱད་པར་དང་ལྷན་ཅིག་བརྗོད་པའི་ངེས་པར་གཟུང་བས་ཀྱང༌། གཞན་དང་ལྡན་པ་ཅི་སྟེ་རྣམ་པར་མི་གཅོད་སྙམ་ན། གཞན་དང་ཞེས་བྱ་བའོ། །རི་ལ་སོགས་པ་གཅིག་དེ་ལྟར་ཏེ། དུ་བ་ལ་སོགས་པ་དང་འབྲེལ་པ་ཡིན་ན། གཞན་ཚང་བང་ལ་སོགས་པ་དེ་ལྟར་ཏེ་དུ་བ་ལ་སོགས་པ་དང་མ་འབྲེལ་པར་འགྱུར་རོ། །ཉེས་པ་གཞན་ཡང་བརྗོད་པ་ནི་ཁྱད་པར་དང་ཞེས་བྱ་བའོ། །གཞན་དང་ལྡན་པས་རྣམ་པར་གཅོད་པ་ཞེས་བྱ་བ་ལ་སོགས་པ་ཉིད་རྣམ་པར་འཕྲེལ་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལས་གཞན་ནི་བུམ་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་སྙམ་ན། དེ་དེ་ལྟར་ཞེས་གསུངས་སོ། །ཅི་ལྟར་ཞེ་ན་མངོན་སུམ་གྱིས་ནི་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་མཐུན་པའི་ཕྱོགས་ལ་དུ་བ་མངོན་སུམ་གྱིས་རྟོགས་པའོ། །བུམ་པ་ལ་ཡང་རྗེས་སུ་དཔག་པས་བྱས་པ་ཉིད་ཡོད་པར་རྟོགས་པ་ཡིན་ནོ། །རྗེས་སུ་དཔག་པ་དེ་ག་ལས་སྐྱེ་སྙམ་ན། འཇིམ་གོང་ལ་སོགས་པའི་རྐྱེན་གྱིས་བྱེ་བྲག་ཆེ་བ་དང་ཆུང་བ་ལ་སོགས་པའི་དབྱེ་བས་ཐ་དད་པར་འགྱུར་བའི་རང་བཞིན་གང་ལ་ཡོད་པའོ། །དེའི་དངོས་པོ་ནི་ཉིད་དེ་དེ་ལ་སོགས་པ་བརྩལ་མ་ཐག་ཏུ་འབྱུང་བ་ལ་སོགས་པ་སྟེ། རྟགས་དེའི་ཕྱིར་རོ། །མངོན་སུམ་ལས་ཞེས་བྱ་བའི་བུམ་པ་ལ་མངོན་སུམ་གྱིས་རྟོགས་པའོ། །གལ་ཏེ་མི་ལྡན་པ་དང༌། གཞན་དང་ལྡན་པ་དང༌། གཏན་མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱེད་པ་རྣམས་ཐ་དད་པ་ཡིན་ཡང་རྗོད་པར་བྱེད་པ་ཁོ་ན་དང༌། བརྗོད་པར་བྱ་བ་མི་ལྡན་པ་རྣམ་པར་གཅོད་པ་ལ་སོགས་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་དམ། ཡུལ་དང་ཡུལ་ཅན་གྱི་འབྲེལ་པ་གང་ཡིན་པ་དེ་ཅི་ལྟར་རྟོགས་ཤེ་ན། རྗེས་སུ་དཔག་པའི་ཞེས་བྱ་བའོ། །འཇིག་རྟེན་གྱི་གྲགས་པ་ལས་བརྗོད་པར་བྱ་པ་ངང་རྗོད་པར་བྱེད་པའི་དངོས་པོའམ། གཞན་དག་ཅེས་བྱ་བ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྟོགས་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟ་བུར་གྱུར་པ་ལས་ཤེ་ན། རྗེས་སུ་དཔག་པའི་མཚན་ཉིད་ལས་སོ། །འཇིག་རྟེན་གྱི་གྲགས་པ་ནི་རྟོགས་པ་སྟེ། རྣམ་པར་རྟོགས་པའི་ཤེས་པ་ལ་བརྗོད་ལ། དེའང་རྗེས་སུ་


DTG186_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་པ་ཡིན་ནོ། །གང་དང་གང་རྣམ་པར་རྟོག་པའི་ཡུལ་ཡིན་པ་དེ་དང་དེ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡིན་ཏེ། དཔེར་ན་རྣམ་པར་རྟོག་པ་ལ་གནས་པའི་བུམ་པའི་དོན་དང༌། བུམ་པའི་སྒྲའི་རྣམ་པ་དག་བཞིན་ནོ། །རྣམ་པར་གཅོད་ལ་དང་ངེས་པར་གཟུང་བ་ཡང་རྣམ་པར་རྟོག་པའི་ཡུལ་ཡིན་ནོ་ཞེས་བྱ་བའོ། །སོགས་པའི་སྒྲས་ནི་ཁྱད་པར་བྱ་བ་དང་བྱ་བ་དག་གཟུང་ངོ༌། །ཁྱད་པར་ལ་སོགས་པ་དང་ལྷན་ཅིག་སྤྱོད་པ་ངེས་པར་གཟུང་བའི་དོན་གང་ལ་ཡོད་པའི་ཚིག་ཕྲད་དང༌། ཚིག་ཕྲད་དེའི་དོན་དག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའོ། །དེ་ལ་ཞེས་བྱ་བ་ནི་འབྲེལ་བར་རྟོགས་པ་ལའོ། །དེ་ལྟར་ཞེན་པ་ནི་མི་ལྡན་གཞན་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པར་ཕྱོགས་ཆོས་ཞེས་བྱ་བའི་བསྡུ་བ་གང་ཡིན་པ་དེའི་དོན་དེ་བཤད་པ་ཡིན་ནོ། །དེ་གང་ཡིན་ཞེན་ཐ་དད་ཅེས་བྱ་བ་སྟེ། གཞན་ལས་ལྡོག་པ་དང་འབྲེལ་བ་རྗེས་སུ་འགྲོ་བའམ། གཉི་ག་བརྗོད་པ་ནི་ཐ་དད་པ་དང་འབྲེལ་པ་ཞེས་བྱ་བའོ། །ཕྱོགས་ཆོས་ཞེས་དྲུག་པའི་བསྡུ་བ་ཅན་གྱི་དག་ལ་དོན་རྣམ་པ་གསུམ་སློབ་དཔོན་བཞེད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་བཤད་པ་མཛད་པ་བཞེད་པའོ། །གལ་ཏེ་ངག་འདི་ལ་དོན་གསུམ་ཡོད་དོ་ཞེས་བྱ་བ་འདི་ཅི་ལྟར་རྟོགས་ཤེ་ན། བྱེ་བྲག་ཏུ་ཞེས་བྱ་བ་དོན་དུ་མར་དོན་གསུམ་རྟོགས་པའི་ཕྱིར་རོ། །ཕྱོགས་ཞེས་བརྗོད་པ་ནི་ཕྱོགས་ཆོས་མ་ཡིན་པ་ནི་གཏན་ཚིགས་མ་ཡིན་ནོ་ཞེས་རྣམ་པར་གཅོད་པ་རྟོགས་ལ། དེའི་ཆོས་གཏན་ཚིགས་ཡིན་ནོ་ཞེས་ནི་སྒྲུབ་པར་བྱེད་དོ། །དེ་ལྟ་ཡིན་དང་གཉི་ག་ཡང་རྟོགས་སོ། །འོ་ན་ཅི་ལྟར་ཕྱོགས་ཀྱི་ཆོས་བསྟན་པར་བྱ་བ་སྙམ་ན། མ་གྲུབ་པ་དྲུག་རིགས་ཐིགས་ལས་བརྗོད་པ་དང༌། གསལ་བ་གཉིས་དང༌། མ་ངེས་པ་དྲུག་དང༌། ཡང་དག་པའི་གཏན་ཚིགས་གསུམ་སྟེ་དེ་དག་བརྗོད་པའི་དོན་དུའོ། །དེ་ཙམ་ཞིག་ཅེས་བྱ་བ་ནི་མ་ཡིན་པ་དང༌། འགལ་བ་དང༌། མ་ངེས་པ་དང༌། ཡང་དག་པའི་གཏན་ཚིགས་རྣམས་ཉིད་དོ། །དེ་གཉིས་ཉིད་ཅེས་བྱ་བ་ནི་རང་བཞིན་དང་འབྲས་བུ་དག་ཉིད་ངོ༌། །གཞན་གཉིས་སོ་ཞེས་བྱ་བ་ནི། གཞལ་བྱ་ཉིད་དང་མཉན་བྱ་ཉིད་དོ། །དེས་ན་ཞེས་བྱ་བ་ནི། ལྡོག་པའི་སྒོ་ནས་གོ་བྱེད་ཡིན་པས་ནའོ། །གང་དག་མཐུན་པའི་ཕྱོགས་གང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་དང༌།


DTG186_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་སུ་ཡང་བརྗོད་པ་ཕྱོགས་ཀྱི་ཆོས་རྣམ་པ་དགུ་པོ་དེ་དག་ཀྱང་གང་དག་ཡིན་ཞེ་ན། ཕྱོགས་ཀྱི་ཆོས་དགུ་པོ་དེ་དག་ནི་ཞེས་བྱ་བའོ། །རྟག་སོགས་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལའོ། །འདས་པས་ཅི་ལྟར་དུ་མ་ཉིད་ཅེས་བྱ་བ་རྣམ་པ་བཞི་ཉིད་དུའོ། །གྲུབ་པའི་མཐར་ནི་དོན་འདི་ཡིན་ཏེ། རྩོལ་བ་ལས་བྱུང་བ་དང་བྱས་པ་གཉིས་རང་གི་ངོ་བོས་རྣམ་པ་བཞི་མེད་ཀྱང༌། གཅོར་གྱུར་པའི་བསྒྲུབ་བྱའི་དབྱེ་བ་ལས་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་རང་གི་ངོ་བོས་ནི་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ནི་འཐད་པས་ནའོ། །བྱས་པ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །དེའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །བྱས་པ་ལ་ནི་རང་བཞིན་གྱི་མཚན་ཉིད་དང༌། རྩོལ་བ་ལས་བྱུང་བ་ཉིད་ལ་ནི་འབྲས་བུའི་མཚན་ཉིད་ཡོད་དོ། །བྱས་པ་ལ་ནི་རང་བཞིན་ལས་གཞན་འབྲས་བུའི་མཚན་ཉིད་མེད་ལ། རྩོལ་བ་ལས་བྱུང་བ་ལ་ནི་འབྲས་བུ་ཉིད་ལས་གཞན་གྱི་མཚན་ཉིད་མེད་དོ། །དེའི་ཕྱིར་བཟློག་པ་སྟེ། བྱས་པ་ཉིད་ནི་འབྲས་བུ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དུ་རང་བཞིན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་ཞེས་བྱ་བའོ། །གང་གི་ཕྱིར་འབྲས་བུ་གོ་བར་བྱ་བ་ལ་མ་ཁྱབ་ཀྱི། འོན་ཀྱང་རང་བཞིན་ཁོ་ནས་ཁྱབ་པ་ཡིན་ནོ། །ཁྱབ་པ་ཁོ་ན་ནི་མ་ཡིན་ཏེ། ཤ་བ་ཉིད་ཀྱིས་ཤིང་ཉིད་ལ་མ་ཁྱབ་པའི་ཕྱིར་རོ། །ཅིའི་ཕྱིར་འབྲས་བུས་མ་ཁྱབ་སྙམ་ན། རྒྱུ་ནི་འབྲས་བུ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །འཁྲུལ་པ་དེའི་ཕྱིར་འབྲས་བུ་ནི་རྒྱུ་ལ་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །རང་བཞིན་གྱིས་ཅི་ལྟར་ཁྱབ་སྙམ་ན། བྱས་པ་ཉིད་ནི་ཞེས་བྱ་བའོ། །ཅི་ལྟར་ན་འབྲས་བུ་རྣམ་པ་གཉིས་སུ་འཇུག་སྙམ་ན། མི་རྟག་པ་ཙམ་གྱིས་ཞེས་སྨོས་སོ། །དེས་ན་ཞེས་བྱ་བ་ནི་འབྲས་བུ་རྩོམ་བར་མ་ངེས་པས་སོ། །དེ་ནི་བརྩལ་མ་ཐག་ཏུ་འབྱུང་བའོ། །རྒྱུའི་ཞེས་བྱ་བ་ནས་བཞིན་ནོའི་བར་ནི་རྩོད་པའོ། །འདི་ལ་བསམ་པ་ནི་འདི་ཡིན་ཏེ། མི་རྟག་པ་ཐམས་ཅད་ནི་རྫ་མཁན་ལ་སོགས་པ་རྒྱུའི་རྩོལ་བའི་དེ་མ་ཐག་ཏུ་འབྱུང་བའི་ཤེས་པ་སྐྱེད་པ་ཡིན་ཏེ། དེས་ན་འབྲས་བུ་ནི་རྣམ་པ་གཉིས་སུ་འཇུག་པ་མ་ཡིན་ནོ། །དེས་ན་ཅི་ལྟར་བྱས་པ་ཉིད་ཀྱིས་མེ་རྟག་པ་ཉིད་ཁྱད་པར་དེ་བཞིན་དུ་ཤེས་པས་ཀྱང་ཡིན་ནོ། །དེས་ན་བརྩལ་མ་ཐག་ཏུ་འབྱུང་བ་ཡང་རང་བཞིན་གྱི་གཏན་ཚིགས་སུ་འགྱུར་རོ་ཞེས་བྱ་བའོ། །


DTG186_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཤེས་པས་ཁྱབ་པ་ཡིན་པ་དེ་ལྟ་ན་ཡང་བུམ་པ་ལ་སོགས་པ་ནི་ཤེས་པ་ལས་དོན་གཞན་ཉིད་མ་ཡིན་ནམ། དེས་ན་འོད་རང་བཞིན་གྱི་ནང་དུ་ཅི་ལྟར་བསྡུ་སྙམ་ན། ཅི་ལྟར་ཞེས་བྱ་བའོ། །བརྩལ་མ་ཐག་ཏུ་ཞེས་བྱ་བ་ནི་ལན་ནོ། །བརྩལ་མ་ཐག་ཏུ་འབྱུང་བའི་མཚན་ཉིད་ཀྱི་ཤེས་པ་ནི། དོན་རྣམས་ཀྱི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྐྱེད་པར་བྱེད་པའི་དོན་དེ་ལས་གཞན་ཤེས་པ་སྐྱེད་པར་མི་བྱེད་པ་རྣམས་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པའི་མཚན་ཉིད་ཡོད་པ་མ་ཡིན་པས་ནའོ། །བརྩལ་མ་ཐག་ཏུ་འབྱུང་བ་འགའ་ཞིག་ལ་རྣམ་པར་ཡོད་པ་ཡོད་པ་ནི་རྗེས་སུ་འགྲོ་བའོ། །ཡོད་པ་འགའ་ཞིག་ལ་ཡང་མེད་པ་ནི་ལྡོག་པའོ། །དེ་དག་གིས་བརྩིགས་པའི་ཐ་དད་པ་གང་ལ་ཡོད་པའི་ཤེས་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །བརྩལ་མ་ཐག་ཏུ་འབྱུང་བའི་དོན་ཐམས་ཅད་ནི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འགའ་ཞིག་ཁོ་ནས་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་བརྩིགས་པའི་ཐ་དད་པ་ཡོད་པས་ནའོ། །ཅི་ལྟར་རྟོགས་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཀྱིས་ནི། སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ཡང་འདི་ལས་འགྲུབ་པ་མ་ཡིན་ཏེ། བརྩལ་མ་ཐར་ཏུ་འབྱུང་བའི་ཤེས་པ་ནི་རྟག་པ་དད་མི་རྟག་པའི་འབྲས་བུ་ཡིན་པ་ཉིད་ཀྱིས་མ་ངེས་པའི་ཕྱིར་རོ་ཞེས་བྱ་བའོ། །རྩོད་པར་བྱེད་པས་མ་ངེས་པ་ཉིད་བརྗོད་པ་ནི། དེ་ལྟར་ཡང་ཞེས་བྱ་བ་སྟེ། རིགས་པའི་མདོ་བྱེད་པས་བཤད་པ་ཡིན་ནོ། །རྩོལ་བའི་འབྲས་བུ་ནི་དུ་མ་ཡིན་ཏེ། མངོན་པར་གསལ་བ་ལ་སོགས་པའི་དབྱེ་བས་འབྲས་བུ་དུ་མ་ཡོད་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་གསལ་བའང་ཞེས་བྱ་བ་སྟེ། རྩོལ་བས་ནི་ཤེས་པ་ལྟར་བྱེད་ལ་རེས་འགའ་ནི་དོན་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུའི་མར་མེ་འདེགས་པའི་རྩོལ་བ་ནི་བུམ་བ་སྐྱེད་པ་མ་ཡིན་གྱི། འོན་ཀྱང་ཤེས་པར་བྱེད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི། བུམ་པ་རྫ་མཁན་གྱི་འབྲས་བུར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ལས་སོ། །གཉི་ག་ཞེས་བྱ་བ་ནི་དོན་དང་ཤེས་པའི་འབྲས་བུར་རོ། །རྣམ་པར་བཤད་པ་བྱེད་པ་ནི་རི་ཁྲོད་རྗེའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རྟག་པར་མི་འཐད་ནའོ། །བྱེད་པའི་ཐ་སྙད་ལས་ཀྱང་སྒྲ་འབྲས་བུར་མི་འགྲུབ་བོ་


DTG186_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པ་ནི་སྒྲ་བྱེད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སྦྱོར་པའི་ཞེས་བྱ་བ་ལ་སོགས་པར་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །འོ་ན་རྟག་པ་ཉིད་ཇི་ལྟར་འགྲུབ་སྙམ་ན། སྒྲ་རྟག་པ་ཉིད་ཀྱི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ངོ་ཤེས་པས་གྲུབ་པའི་ཕྱིར་རོ། །གློག་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་སྒྲ་རྟག་པ་ཡང་ངོ༌། །རྩོལ་བས་གསལ་བར་བྱ་བ་ཉིད་ཡིན་གྱི། བསྐྱེད་པར་བྱ་བ་ནི་མ་ཡིན་པའོ། །ཅི་དང་འདྲ་བར་ཞེ་ན། མར་མེ་ལས་བུམ་པ་གསལ་བ་དེ་བཞིན་ནོ། །མངོན་པར་གསལ་བ་འདི་གང་གི་ཡིན་ཞིང༌། མཚན་ཉིད་ཀྱང་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རྟག་པ་ཉིད་ཀྱི་དང་དམིགས་པའི་མཚན་ཉིད་དུ་ནི་བུམ་པའི་དཔེས་གྲུབ་པོ་ཞེས་བརྗོད་པ་ནི། དེ་དང་དེ་མིན་ཞེས་བྱ་བ་དམིགས་པ་དང་མ་དམིགས་པའི་དུས་དག་དང་ལྡན་པར་ཡོད་པར་བུམ་པ་ངོ་ཤེས་པའི་ཚད་མས་གྲུབ་པ་དང་ལྡན་པ་གང་ཡིན་པ་དེ་ནི། ཡང་ཞེས་བྱ་བ་ཕྱིས་དམིགས་པ་ནི་མངོན་པར་གསལ་བ་ཞེས་བརྗོད་དོ། །ཅིའི་ཕྱིར་དེ་ཉིད་གསལ་བ་ཡིན་ཞེ་ན། གང་གི་ཕྱིར་ཉེ་བར་དམིགས་པ་ལས་གསལ་བའི་མཚན་ཉིད་གཞན་ནི་སྟེ་རང་གི་ངོ་བོ་ཡོད་པ་མ་ཡིན་ཏེ་དེས་ན་དེ་ཉིད་གསལ་བ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་དམིགས་པ་དང་མ་དམིགས་པའི་དུས་དག་ཏུ་ཡོད་པར་གྲུབ་པ་ཡིན་ན། བུམ་བ་སྔར་ཡོད་པ་མར་མེ་བཏེག་པ་ལ་སོགས་པའི་རྐྱེན་འགའ་ཞིག་ལ་ཉེ་བར་དམིགས་པར་འགྱུར་གྱི། སྔར་ཡོད་པའི་བུམ་པ་འབྲས་བུ་ཉིད་ནི་མ་ཡིན་ནོ། །དོན་ལ་སྦྱར་བ་ནི་དེ་བཞིན་ཞེས་བྱ་བ་བརྩལ་མ་ཐག་ཏུ་འབྱུང་བའི་རྣམ་པར་ཤེས་པ་ཡོད་ཀྱང་སྒྲའི་འབྲས་བུ་མ་ཡིན་ནོ། །གལ་ཏེ་སྒྲ་རྟག་པ་ཉིད་ཡིན་ན་དེའི་ཚེ་སྒྲ་སྔར་ཡོད་པའི་ཤེས་པ་ནི། བརྩལ་མ་ཐག་ཏུ་འབྱུང་བ་ཁོ་ནར་ངེས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲིབ་བྱེད་དང་དབང་པོ་དང་སྒྲ་རྣམས་ལ་རྩོལ་བདེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མི་བྱེད་པའི་ཕྱིར་རོ། །སུན་འབྱིན་པ་འདི་ཡང་རྩོལ་པས་གསལ་བ་ཉིད་ཁས་བླངས་ནས་བརྗོད་པ་ཡིན་ཏེ། འདི་ནི་རྩོལ་བས་གསལ་བར་བྱས་པ་ཡང་མ་ཡིན་ཏེ། འོན་ཀྱང་རྩོལ་བའི་འབྲས་བུ་ཁོ་ནའོ། །ཅི་དང་འདྲ་བར་ཞེ་ན། དཔེར་ན་ཞེས་བྱ་བའོ། །རྫ་མཁན་གྱི་རྩོལ་བས་ཞེས་བྱ་བ་ནི་གྲངས་ཅན་གྱི་ལུགས་དགག་པའོ། །ཅིའི་ཕྱིར་ཞེ་ན། རྒྱུའི་ཚོགས་ཞེས་བྱ་བའི་


DTG186_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་གསལ་བར་བྱེད་པའི་ཕྱིར་རྒྱུ་རྣམས་དོན་མེད་པ་མ་ཡིན་ནོ་སྙམ་ན། ཐམས་ཅད་ཅེས་བྱ་བའོ། །དོགས་པ་ནི་རྒྱུ་རྣམས་ཞེས་བྱ་བ་སྟེ། འཇིམ་གོང་ལ་ནི་བུམ་པ་ཁོ་ནའི་ཤིང་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་བྱེད་པ་པོ་ལ་མི་ལྟོས་ནའོ། །ངེས་པ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །བྱེད་པ་པོས་བྱས་པ་གང་ཡིན་པའི་ངེས་པ་དེ་ནི་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །རྫ་མཁན་གྱིས་འཇིམ་གོང་ལ་ཤིང་ལ་སོགས་པ་བཟློག་པར་བྱ་བ་ལ་མ་གཏོགས་པར་ནི། བུམ་པ་ཁོ་ན་བྱེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རང་བཞིན་གྱི་ངེས་པ་ཞེས་བྱ་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་རྣམ་པ་འདི་འདྲ་བའི་ངེས་པ་ནི། གཞན་བཟློག་པ་ཁོ་ན་ཡིན་ནོ། །རྣམ་པ་འདི་འདྲ་བ་ཁོ་ནར་ངེས་པར་བྱེད་དོ་ཞེ་ན། ཡོད་པ་ཞེས་གསུངས་སོ། །ཐམས་ཅད་ཐམས་ཅད་ལ་ཡོད་དོ་ཞེས་བས་བླངས་པའི་ཕྱིར་ན། འཇམ་གོང་ལ་ཤིང་ལ་སོགས་པ་ཡོད་པ་ནི་རྫ་མཁན་ལ་སོགས་པས་ཀྱང་བཟློག་པར་མི་ནུས་ཏེ། འཇིམ་པའི་རྒྱུ་མི་རུང་བའི་ཕྱིར་རོ། །ཡང་ན་བཟློག་མེད་དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཁོ་ནའོ་ཞེས་བརྗོད་པ་ནི། བཟློག་པ་ཞེས་བྱ་བའོ། །གལ་ཏེ་རྫ་མཁན་ལ་སོགས་པས་འཇིམ་གོང་ལ་ཤིང་ལ་སོགས་པ་བཟློག་པ་མེད་པར་བྱེད་པ་ཡིན་ན། དེའི་ཚེ་ལྗོན་པ་ལ་སོགས་པ་ཡོད་པ་མ་ཡིན་པ་དེ་ཡང་ཕྱིས་རྟོགས་པར་ཇི་ལྟར་འགྱུར། གྲངས་ཅན་གྱི་ལྟར་ན་ནི་དུས་གཅིག་གི་ཚེ་བུམ་པའི་རང་བཞིན་ཡོངས་སུ་གྱུར་པའི་འཇིམ་གོང་ཉིད་གཞན་གྱི་ཚེ་ལྗོན་པ་ལ་སོགས་པའི་རང་བཞིན་དུ་འགྲོ་བ་ཡིན་ཞེས་བྱ་བ་ལུགས་ཡིན་ནོ། །དེ་ཡང་བུམ་པ་སྐྱེད་པའི་ཚེ་ལོག་པའི་ཕྱིར། ཕྱིས་ཡང་རྟོགས་པར་མི་འགྱུར་རོ། །མེད་པ་ཁོ་ན་ལས་ཕྱིས་དམིགས་པར་འགྱུར་བ་ཡིན་ནོ་ཞེ་ན། ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །སྐྱེ་བ་ཁོ་ནའི་གསལ་བ་ནི་མ་ཡིན་ནོ། །འབྲས་བུ་ཡོད་པར་སྨྲ་བའི་འདོད་པ་ལ་ནི། སྒྲ་ངེས་པར་འབྱེད་པ་ཡང་མི་འཐད་དེ་ངེས་པ་ཉིད་ཀྱང་ཡོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འབྲས་བུ་སྔ་མ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཡོད་པས་ནའོ། །དེ་ཡང་ཞེས་བྱ་བ་ནི་མྱུ་གུ་འབའ་ཞིག་ཏུ་མ་ཟད་ཀྱི་ངེས་པ་ཡང་ངོ༌། །ཡོད་དེ་ཞེས་བྱ་བ་ནི་ངེས་པའོ། །ལན་ནི་གལ་ཏེ་དེ་ཡང་ཞེས་བྱ་བ་སྟེ་མངོན་


DTG186_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་བའོ། །དེ་ལ་ནི་མངོན་པར་གསལ་བ་ལའོ། །འོ་ན་གཉི་ག་དང་ལྡན་པ་བྱེད་དོ་ཞེ་ན། ཡོད་བ་དང་མེད་བ་ཉིད་ཅེས་བྱ་བའོ། །བརྗོད་ཟིན་པའི་དོན་ཉིད་སྡུད་པ་ནི། ཡིན་ན་བསྟན་དུ་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོའི་ཚོགས་དོན་མེད་པའི་ཕྱིར་རོ། །བུམ་པ་རྩོལ་བས་གསལ་བར་བྱ་བ་མ་ཡིན་མོད། མར་མེ་གསལ་བར་བྱ་བ་ནི་ཡིན་ནོ། །དེ་བཞིན་དུ་སྒྲ་ཡང་རྩོལ་བས་གསལ་བར་བྱ་བར་འགྱུར་རོ་ཞེས་དོགས་པར་བྱེད་པ་ནི། འོན་ཅི་ལྟར་ཞེས་བྱ་བའོ། །ལན་ནི་བུམ་བ་ལྟར་སྒྲ་ནི་གསལ་བར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བུམ་པ་ཞེས་བྱ་བའོ། །སྔར་ནི་མར་མེ་ལ་སོགས་པ་ཡོད་པའི་སྔོན་རོལ་དུའོ། །ཚད་མ་རེག་པ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཡོད་བའི་ཕྱིར་རོ། །སྒྲ་ལ་ཡང་རྩོལ་བ་ལས་སྔར་ཡོད་པ་ལ་ངོ་ཤེས་པའི་ཚད་མ་ཡོད་དེ་ཞེས་དོགས་པར་བྱེད་པ་ནི། འདི་ལ་ཡང་ཞེས་བྱ་བ་སྟེ་སྒྲ་ལ་ཡང་ངོ༌། །ཤེས་པ་གཉིས་ཀྱི་ཞེས་བྱ་བ་ནི་ཤེས་ཟིན་པ་དང་ཤེས་བཞིན་པ་གཉིས་ཀྱི་དབུས་ན་ཡོད་པའོ། །དེ་ལ་ཞེས་བྱ་བ་ནི་ཤེས་པ་ལའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །དེ་ཞེས་བྱ་བས་ར་མཐོང་བའོ། །ལན་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དབང་སྐྱེས་ཉིད་མ་ཡིན་ཞེས་བྱ་བ་ནི་དྲན་པ་ཉིད་དོ། །གལ་ཏེ་དེ་ལྟ་ཡིན་མོད། དེ་ལྟན་ཡང་ཅི་ལྟར་ཚད་མ་མ་ཡིན་ཞེ་ན་དབང་སྐྱེས་དྲན་བ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཤེས་པ་གཞན་མེད་པས་ནའོ། །དབང་སྐྱེས་མ་ཡིན་པའི་ཕྱིར་དྲན་པ་སྟེ་ངོ་ཤེས་པ་ནི་ཚད་མ་ཡིན་པ་ཉིད་དོ། །ཅི་ལྟར་དབང་སྐྱེས་ཉིད་མིན་ཞེ་ན། དབང་བོ་རྣམས་ནི་ཞེས་བྱ་བའོ། །གཞན་དུ་ན་ཞེས་བྱ་བ་ནི་འཇུག་ནའོ། །དེས་ན་ཞེས་བྱ་བ་ནི་དྲན་བར་བྱ་བ་ཡིན་པས་ནའོ། །འོན་ཏེ་ཞེས་བྱ་བ་ནི་རྩོད་བའོ། །ལན་ནི་ངོ་མཐོང་བཞིན་པ་ལ་ཡང་ཤེས་པས་ཞེས་བྱ་བའོ། །དོགས་པ་ནི་དྲན་བ་དང་ལྷན་ཅིག་མཐོང་བཞིན་བ་གཅིག་ཏུ་རྟོགས་པ་ལའོ། །དེ་ཞེས་བྱ་བ་ནི་དྲན་པས་གཞལ་བའོ། །གལ་ཏེ་དྲན་པས་ཚད་མ་མ་ཡིན་པས། དྲན་བར་བྱ་བའི་ཆོས་ཅན་མི་བདེན་པ་ཉིད་ཡིན་ཡང་དེའི་གཅིག་ཉིད་ཅི་ལྟར་མི་བདེན་ཞེ་ན། ཆོས་ཅན་ཞེས་བྱ་བའོ། །གལ་ཏེ་སྔར་གྱི་དུས་དང་འབྲེལ་པ་ནི་དྲན་པས་རྟོགས་པ་མ་ཡིན་གྱི། འོན་ཀྱང་མངོན་སུམ་གྱིས་ཡིན་ནོ། །དེས་ན་དེའི་གཅིག་ཉིད་ཅི་


DTG186_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་བདེན་སྙམ་ན། སྔ་མའི་དུས་དང་ཞེས་བྱ་བའོ། །གལ་ཏེ་སྔོན་གྱི་དུས་དང་འབྲེལ་བ་བཞིན་དུ་རང་བཞིན་ཅི་སྣང་བ་ཡང་དྲན་པ་ཁོ་ནས་རྟོགས་པ་མ་ཡིན་ན་མ་ཞེ་ན། དངོས་པོ་ཙམ་ཞིག་ཅེས་གསུངས་སོ། །ཅི་ལྟར་ངོ་ཤེས་པ་མེད་ཀྱང་རྟོགས་ཤེ་ན། དཀར་པོ་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དང་པོར་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་རང་བཞིན་ཙམ་སྣང་བའོ། །དང་པོར་མཐོང་པ་ནི་སྔོན་པོར་ངེས་ཀྱི། རྟག་པ་ཉིད་དུ་ནི་མ་ཡིན་ནོ། །ཕ་རོལ་བོའི་གཞུང་གིས་ཀྱང་གཉིས་པ་ལ་སོགས་པ་མཐོང་བ་ཁོ་ནའི་ཚེ་རྟག་པ་ཉིད་དུ་སྣང་བ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་དང་པོ་སྣང་བ་ལ་ཡང་ངོ༌། །གལ་ཏེ་མངོན་སུམ་གྱི་བཀག་པ་ཇི་ལྟར་སྣང་ཞེན། མངོན་སུམ་གྱིས་ནི་ཞེས་བྱ་བའོ། །དེ་ནི་རྟག་པ་ཉིད་དོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དུས་ཀྱི་ཆ་ཐམས་ཅད་དམིགས་པ་དེ་ལྟར་གྱུར་ནའོ། །འདིའི་བར་གྱི་དངོས་པོ་ཙམ་ཞིག་སྣང་བ་ནི་ཞེས་བྱ་བ་བཤད་པ་ཡིན་ནོ། །མཇུག་བསྡུ་བའི་སྒོ་ནས་སྔ་མའི་དུས་དང་འབྲེལ་པ་ནི་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། ཤི་བའི་མཐར་ཐུག་པ་འཛིན་པའི་ཕྱིར་རོ། །དྲན་པ་ཚད་མ་མ་ཡིན་པའི་ཕྱིར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དེས་ན་ཞེས་བྱ་བ་སྟེ། སྔོན་གྱི་དུས་ཀྱི་དངོས་པོ་དམིགས་པ་མ་ཡིན་པས་ནའོ། །ཆོས་ཅན་བདེན་བ་མ་ཡིན་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། ཆོས་ཅན་མི་བདེན་ན་ཞེས་བྱ་བའོ། །གལ་ཏེ་སྔ་མ་དང་ཕྱི་མ་དག་གི་གཅིག་པ་ཉིད་མི་བདེན་ནོ་ཞེས་བྱ་བ་ནི་མི་འཐད་པ་ཁོ་ན་སྟེ། དེ་དག་བདེན་པ་དང་མི་བདེན་པས་ན་གཅིག་ཉིད་ཀྱང་བདེན་པ་དང་མི་བདེན་པར་འགྱུར་རོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །སྔ་མ་ནི་དྲན་པར་བྱ་བའོ། །བདེན་པ་དང་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །དེ་ཡང་ཞེས་བྱ་བ་ནི་ལན་འདེབས་པའོ། །འདི་ཞེས་བྱ་བ་ནི་གཅིག་པ་ཉིད་དོ། །དེའི་ཚེ་ཆོས་ཅན་གྱི་རང་བཞིན་ད་ལྟར་བས་ནི་དེ་ལ་གནས་པའི་གཅིག་པ་ཉིད་བདེན་པར་འགྱུར་ཞིང་ད་ལྟར་མིན་པས་ནི་བརྫུན་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འཆད་པ་ནི་ད་ལྟར་བྱུང་བ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེན། འདི་ལྟར་ཆོས་ནི་ཆོས་ཅན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཆོས་ཅན་གྱི་རང་བཞིན་གྱི་རྗེས་སུ་འཇུག་པ་དེ་ཉིད་ཀྱི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་ཐ་དད་པས་ན། ད་ལྟ་བའི་དངོས་པོ་ལ་སྔ་མ་དང་གཅིག་པ་ཉིད་མ་གྲུབ་པའོ། །


DTG186_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཚད་མ་མེད་པའི་ཕྱིར་ཆོས་ཅན་སྔ་མའི་རང་བཞིན་གྱི་གཅིག་ཉིད་བཞིན་དུ་ད་ལྟ་བའི་ཆོས་ཅན་གྱི་རང་བཞིན་ཡང་མི་བདེན་པར་མི་འགྱུར་རམ་ཞེས་དོགས་པར་བྱེད་པ་ནི། གཅིག་གཅིག་ཉིད་ཅེས་བྱ་བ་སྟེ། ད་ལྟར་བའི་རང་བཞིན་གཅིག་ཉིད་དོ། །ལན་ནི་ད་ལྟར་བའི་རང་བཞིན་གྱི་གཅིག་ཉིད་ལ། མངོན་སུམ་གྱི་བདག་ཉིད་ཀྱི་རྟོགས་པ་མེད་དམ་ཅེ་ན་གང་གིས་མི་བདེན་པར་འགྱུར། འོན་ཀྱང་ཡོད་པ་ཁོ་ནའོ། །དེས་ན་དེ་གྲུབ་བ་ཅི་ལྟར་མི་བདེན་བ་ཉིད་དུ་འགྱུར། འགྱུར་ན་ཡང་ཉེས་པ་བརྗོད་པ་ནི་བདག་ཉིད་དང་ཞེས་བྱ་བའོ། །གལ་ཏེ་བདེན་པ་ཉིད་མི་བདེན་པར་འགྱུར་ན། དེའི་ཚེ་བདག་ཉིད་ལ་བདག་ཉིད་ཀྱིས་གནོད་པར་འགྱུར་རོ། །ཅིའི་ཕྱིར་ཞེན། བདེན་པ་ཉིད་མི་བདེན་པ་ཡིན་ནོ་ཞེས་སྨྲས་པས་ན། རང་གི་ཚིག་ལ་ཡང་གནོད་པར་འགྱུར་རོ། གལ་ཏེ་མངོན་སུམ་ཉིད་ཀྱིས་ངོ་ཤེས་པ་རྟག་པའི་རྟོགས་པར་བྱེད་པ་མ་ཡིན་ན། འོ་ན་རྟགས་ཀྱི་སྒོ་ནས་རྟོགས་པར་བྱེད་པ་ཡིན་པར་འགྱུར་རོ་སྙམ་པར་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །གཞན་དུ་མཐོང་བ་ལ་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་དང་སྒྲ་ལ་སོགས་པ་ལའོ། །དེ་སྔར་ཞེས་བྱ་བ་ནི། མི་མཐུན་པའི་ཕྱོགས་ཐ་དད་པ་ལ་ངོ་ཤེས་པ་མེད་པའི་ཕྱིར་རོ། །ངོ་ཤེས་པ་མཐོང་བ་ནི། དོན་ཐ་དད་པ་མེད་པ་ལ་འགྱུར་རོ་ངེས་པ་ཡིན་ནོ། །རྣམ་པར་འགྲེལ་པ་ནི་ངོ་ཤེས་པ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཐ་མི་དད་པ་ལ་ངེས་པས་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཉི་ག་ལས་ལོག་ན་ཤེས་པ་མེད་པར་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཞེས་བྱ་བའོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་གཅིག་སྒྲུབ་པ་ལ་ལྡོག་པ་ཅན་གཏན་ཚིགས་སུ་ཕ་རོལ་བོས་འདོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཁྱད་པར་གང་གིས་བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་ཐ་དད་པ་དེ་ལས་ངོ་ཤེས་བའི་བློ་ལྡོག་པར་འགྱུར་བ། ཐ་དད་པ་ལ་ཡང་ཞེས་བྱ་བ་སྔར་དང་ཕྱི་མའི་དུས་ན་ཡོད་པའི་བུམ་པའི་སྒྲ་གཉིས་བཞིན་དུ་བུམ་པ་དང་སྣམ་བུའི་སྒྲ་གཉིས་ཐ་དད་པ་ཡིན་ཡང་མི་འདྲ་བའི་མཚན་ཉིད་ཀྱི་ཁྱད་པར་དང་གཞན་ཡོད་བ་ཁོ་ནའོ། །དེས་ན་ངོ་ཤེས་པ་སྐྱེ་པ་ལས་ནི་གང་གིས་འགའ་ཞིག་ཁོ་ན་ལ་གནས་པར་འགྱུར་བ། ཐ་དད་པ་དེ་ཉིད་ཀྱི་འདྲ་བའི་མཚན་ཉིད་ཀྱི་ཁྱད་པར་ཡོད་པར་འགྱུར་མོད། གཅིག་ཉིད་ཀྱི་དོན་གཞན་དུ་རྟོགས་


DTG186_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་ཡིན་ནོ། །ཕྱེད་ཕྱི་མ་འཆད་པ་ནི་ངོ་ཤེས་པའི་ཞེས་བྱ་བའོ། །མ་མཐོང་བ་འདི་ཅི་ལྟར་བརྟག་པར་རིགས་ཤེ་ན། ངོ་ཤེས་པ་འདི་ན་ནི་ཞེས་བྱ་བའོ། །དེས་ན་ནི་མཐོང་བས་ནའོ། །གཞན་དུ་ཡང་ཞེས་བྱ་བ་ནི་སྔར་དང་ཕྱིས་ཀྱི་དུས་ན་ཡོད་པ་བུམ་པའི་སྒྲ་དག་ལ་ཡང་ངོ༌། །དེས་ན་ཞེས་བྱ་བ་ནི་བར་དུ་ཆད་པར་དམིགས་པས་ནའོ། །དེར་ནི་ཞེས་བྱ་བ་ནི་འབྲེགས་པ་ཡང་སྐྱེས་པའི་སྐྲ་ལ་སོགས་པར་རོ། །འདིར་ནི་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་དུས་ན་ཡོད་པའི་སྒྲ་ལ་སོགས་པ་རྣམས་ལའོ། །དེ་ལྟ་ཞེས་བྱ་བ་ནི་ཐ་དད་པ་ལ་ཡང་ཐ་མི་དད་པར་རྟོགས་པའོ། །ལན་ནི་དེ་ནི་ཞེས་བྱ་བའོ། །བདེན་པ་དེ་གང་ཞེ་ན། ཤིན་ཏུ་གཡོར་ཆེ་བའི་དངོས་བོའི་གཡང་དུ་ལྷུང་བ་རྩྭ་ཀུ་ཤ་ཉག་མ་ལ་འཇུ་བ་དང་མཚུངས་སོ། །ཆོན་པ་ཉིད་ནི་ལྷུང་བའི་རྒྱུ་ཡིན་ནོ། །ཅི་སྟེ་ཁྲེལ་བགད་འདི་ལྟར་བྱེད་ཅེ་ན་འདི་ལྟར་ཞེས་བྱ་བའོ། །དེ་ནི་གཅད་པའོ། །དེས་ན་ནི་མ་འབྲེལ་པས་ནའོ། །རང་བཞིན་སྔ་མ་བོར་བའི་ཕྱིར་རིག་པར་འགྱུར་བ་ན། དེ་དང་འབྲེལ་པ་ལ་ཅི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །གལ་ཏེ་འདིར་ནི་རྣམ་པར་ཆད་པ་སྲིད་བའི་ཕྱིར་ན་མཐོང་བ་མ་འབྲེལ་བ་ཁོ་ནའོ་གཞན་དུ་ནི་དེ་མེད་པའི་ཕྱིར་འབྲེལ་བ་ཁོ་ནའོ་ཞེ་ན། འབྲེལ་བ་མེད་པར་དེ་ཐ་དད་བར། མཐོང་བ་ནི་རྩོད་པའི་གནས་སུ་གྱུར་པའི་དོན་སྒྲ་ལ་སོགས་པ་དང་གཞན་དཔེ་སྐྲ་བྲེགས་པ་ཡང་སྐྱེས་པ་ལ་སོགས་པ་ལ་མཚུངས་པ་ཉིད་དོ། །དེས་ན་ཐ་དད་པ་ལ་ཡང་མཐོང་བའི་ཕྱིར་ན། ངོ་ཤེས་བ་ནི་མ་ངེས་པ་ཁོ་ནའོ། །གལ་ཏེ་བྲེགས་བ་ཡང་སྐྱེས་པ་ལ་ཡང་ཞིག་པ་དང་ལྷན་ཅིག་གཅིག་བ་ཉིད་ཡོད་པ་ཁོ་ནའོ། །དེས་ན་ངོ་ཤེས་པ་མ་ངེས་པ་མ་ཡིན་ནོ་ཞེས་འགའ་ཞིག་འདོད་པའི་དོགས་པ་བསུ་བ་ནི། གཞན་དག་ཅེས་བྱ་བའོ། །ལན་ནི་མ་རུངས་ཞེས་བྱ་བའོ། །ཅི་ལྟར་བདག་ཉིད་ཀྱིས་བདག་ཉིད་ཉམས་བར་བྱེད་སྙམ་ན། སྔ་མའི་རང་བཞིན་ཞིག་པར་འགྱུར་པ་ན། གལ་ཏེ་མ་ཞིག་བ་དང་ལྷན་ཅིག་གཅིག་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་ཐ་དད་པ་ལ་ཡང་དེ་བཞིན་དུ་གཅིག་ཉིད་དུ་འགྱུར་རོ་ཞེས་བསྟན་ཟིན་ཏོ། །གཞལ་བྱ་གཅིག་ཉིད་སུན་ཕྱུང་ནས་ད་ནི་གཅིག་ཉིད་སྒྲུབ་པར་བྱེད་པའི་ཚད་མ་ཡང་མེད་དོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མངོན་སུམ་གྱི་སྤྱོད་ཡུལ་ཉིད་མ་ཡིན་པས་ནའོ། །དེ་ནི་


DTG186_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པའོ། །དེས་ན་ཞེས་བྱ་བ་ནི་དྲན་པ་ཚད་མ་ཡིན་བས་ནའོ། །གལ་ཏེ་ཞེས་བྱ་བ་ནས་འགྱུར་རོ་ཞེ་ན་ཞེས་བྱ་བའི་བར་གྱི་རྩོད་བ་ནི་དོན་འདི་ཡིན་ཏེ། གལ་ཏེ་ཡང༌། ད་ལྟར་བ་ལ་དྲན་པ་ཚད་མ་མ་ཡིན་པ་དེ་ལྟ་ན་ཡང་འདས་པ་ལན་ཚིག་མར་འགྱུར་བ་ཁོ་ན་སྟེ། གནོང་བྱེད་མེད་པས་ན་བསྟན་པའི་ཕྱིར་རོ་ཞེས་བྱ་བའོ། །དོན་སྡུད་བ་ལ་ཞེས་བྱ་བ་གཅིག་པ་ཉིད་ཀྱི་དོན་འཛིན་པ་ལའོ། །གལ་ཏེ་ཡང་ད་ལྟར་བའི་དུས་ཀྱི་དངོས་པོ་སྒྲུབ་བར་བྱེད་བ་མ་ཡིན་པ་དེ་ལྟན་ཡང་དྲན་པ་དེས་དེའི་ཚེ་དངོས་པོ་ཞེས་བྱ་བ་འདས་པའི་དུས་སར་གྱུར་པ་དེས་རྟོགས་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དེའི་ཚེ་དངོས་པོ་རྟོགས་པས་ན་སྔ་མ་ཉིད་དྲན་པའི་མཚན་ཉིད་ཀྱི་ཚད་མས་རྟོགས་པ་ཡིན་ནོ། །དེ་དང་ཞེས་བྱ་བ་ཞེས་སྔ་མ་ཉིད་དང་ལྷན་ཅིག་གོ །གཅིག་ཉིད་དུ་ངེས་བ་བསྟན་པ་ནི། ཚད་མ་ལས་གཞན་ཚད་མ་མ་ཡིན་བའི་རང་བཞིན་དུ་ཇི་ལྟར་འགྱུར། བསྟན་པ་ཡིན་ཡང་ཚད་མ་མ་ཡིན་ནོ་ཞེ་ན། དངོས་ལ་ཞེས་སྨྲས་སོ། །ཡིད་ཆེས་ཞེས་བྱ་བ་ནི་བསླད་པ་མེད་པའི་བློའོ། །འགལ་འགྱུར་ཞེས་བྱ་བ་ནི་ངེས་བར་བསྟན་པར་ཁས་བླངས་པ་དང་དེ་སེལ་བ་ཕན་ཚུན་འགལ་བའོ། །ཅི་ལྟར་འགལ་སྙམ་ན། རྣམ་པར་འགྱུར་བ་མེད་པའི་ཞེས་བྱ་བའོ། །རྣམ་པར་འགྱུར་བ་མེད་པའི་ངེས་པའི་ཤེས་པ་སྤྱོད་བ་སྐྱེད་པའི་ཡིད་གང་ལ་ཡོད་པའི་སྐྱེས་བུ་ཡང་སྟེ། གལ་ཏེ་ངེས་པ་དང་ལྡན་པ་ཡང་ངེས་པ་སེལ་བར་བྱེད་ན་དེའི་ཚེ་བརྗོད་པ་ལ་དོན་གཞན་ཡོད་པར་འགྱུར་ཏེ། ངོ་ཤེས་བ་ཚད་མ་ཡིན་བར་བསྟན་པའི་ཕྱིར་རོ། །སེམས་པ་ཡང་གཞན་ཡིན་བར་ཏེ། ངོ་ཤེས་བར་ཚད་མར་སེམས་པར་འགྱུར་རོ་ཞེ་ན། ངོ་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །ཅི་ལྟར་ཤིན་ཏུ་རྒྱང་རིང་བར་འཇོག་པ་ཡང་སྐད་ཅི་ག་ལ་ལྟུང་བར་འགྱུར་སྙམ་ན་ཤིན་ཏུ་ཞེས་བྱ་བའོ། །ཅི་དེ་ལྟར་འགའ་ཞིག་ཏུ་མཐོང་བ་ཡོད་དམ་སྙམ་ན། མར་མེ་ཞེས་བྱ་བའོ། །སྔར་ཆེར་འབད་ནས་དེའི་འོག་ཏུ་འཆིང་བ་དང་འདྲའོ། །ཅི་ལྟར་ན་མར་མེ་དང་འདྲ་བར་ངོ་ཤེས་པར་སྨྲ་བ་རྣམས་དྲུང་ཁོ་ནར་རྟོགས་ཀྱིས་ལྷུང་ཞེན། འདི་ལྟར་ཞེས་གསུངས་སོ། །གལ་ཏེ་ད་ལྟ་བའི་དྲན་པ་ཉམས་སུ་མྱོང་བའི་དོན་འཛིན་བ་ཡོད་ན་དེའི་ཚེ་ཡུལ་ཞིག་པ་ལ་སྟེ་འདས་བ་ལ་ཅི་ལྟར་འགྱུར་ཏེ། ཉེ་བར་གནས་པ་ཁོ་ན་ཉམས་སུ་མྱོང་བའི་ཕྱིར་ད་ལྟར་བ་ཁོ་ན་


DTG186_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་ཡུལ་ཡིན་པར་འགྱུར་རོ། །གལ་ཏེ་ཉམས་སུ་མྱོང་བའི་དོན་གྱི་ཡུལ་ཅན་དུ་ཁས་མི་ལེན་ན་དེའི་ཚེ་དེ་ནི་ཅི་ལྟར་དྲན་པ་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་དྲན་པ་ཉམས་སུ་མྱོང་བའི་དོན་མངོན་དུ་བྱེད་པའི་རང་བཞིན་ཅན་ཡིན་ན། དེའི་ཚེ་འདས་པའི་དོན་དྲན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གིས་ཕྱིར་འདས་པ་ཉེད་ན་མངོན་སུམ་གྱིས་གང་དུ་ཡང་རྟོགས་པ་མེད་དོ། །དྲན་པ་ཡུལ་དང་བཅས་པས་ན་མངོན་སུམ་གྱི་ཚད་མ་ཡིན་ན། མངོན་སུམ་ནི་འདས་པའི་ཡུལ་ཅན་མ་ཡིན་ནོ། །ཡང་ན་འདི་ནི་ཉེས་པ་གཞན་ཡིན་ཏེ། དྲན་པའི་གཟུང་བའི་དོན་ལས་སྐྱེ་བ་ཡིན་ན། འདས་པ་ཉིད་ནི་མངོན་སུམ་གྱིས་འཛིན་པ་མ་ཡིན་ནོ། །མྱོང་མིན་ཞེས་བྱ་བ་ལ་སོགས་པ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་སྔ་ན་མེད་པའི་དོན་གྱི་ཡུལ་ཅན་ཉིད་ཡིན་ཡང་ངོ༌། །སྔ་ན་མེད་པའི་ཡུལ་ཅན་ཡིན་ཡང་ངོ་ཤེས་པ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། ངོ་ཤེས་པ་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །གང་ཚེ་ཞེས་བྱ་བ་ད་ལྟར་བའི་དུས་ན་སྔ་མའི་རང་བཞིན་འདས་པར་འགྱུར་པ་ཡིན་ནོ། །དེའི་ཚེ་ཞེས་བྱ་བ་འདས་བ་ནི་གཟུང་བ་མིན་ནོ། །གཟུང་བའི་ཚེ་ཞེས་བྱ་བ་རང་གི་དུས་ན་ནི། གཟུང་བ་ནི་དེ་ལྟར་ཞེས་བྱ་བ་འདས་པ་ཉིད་མ་ཡིན་ནོ། །ཅི་ལྟར་གཟུང་བ་འདས་པ་མ་ཡིན་ཞེ་ན། དྲན་པར་གྱུར་པའི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནས་ཞེ་ནའི་བར་ནི་རྩོད་པའོ། །གལ་ཏེ་འཇིག་རྟེན་ན་ངེས་པ་བསྟན་པའི་ཕྱིར་ཚད་མར་རིགས་པས་འཐད་པ་ཡིན་ན་དེའི་ཚེ་ངོ་ཤེས་པ་ཡང་དེར་འགྱུར་རོ། །འོན་ཏེ་འདས་པ་ལ་དབང་པོ་དང་ལྡན་པ་མེད་པ་དེས་ན་ངོ་ཤེས་པ་ཚད་མ་མ་ཡིན་པར་བརྗོད་ན་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། དབང་པོ་དང་ལྡན་པ་དོན་མེད་ཉིད་ཅེས་བྱ་བའོ། །འདི་ལྟར་དེས་པར་བསྟན་པ་ཁོ་ནས་ཚད་མ་མ་ཡིན་ན་དབང་པོ་དང་ལྡན་པ་བརྟགས། ཅི་མི་མགོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཅི་ལྟར་མི་བཟོད་སྙམ་དུ་ཟད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །མི་ལྟ་བ་དང་ལྡན་པ་ལས་ནི་ཡིན་གྱི་བསྐྲུན་པ་ལས་ནི་མ་ཡིན་ནོ། །གང་ལ་དེ་ཉིད་འདི་ཡིན་ནོ་སྙམ་ན་ས་ཞུགས་བ་དེར་ནི་ད་ལྟར་བ་ལ་མི་སླུ་བ་


DTG186_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱི་འདས་པ་ལ་མ་ཡིན་ནོ། །འོན་ཏེ་གཅིག་མེད་པར་ནི། མི་སླུ་བ་ཉིད་མི་རུང་ངོ་ཞེ་ན། གལ་ཏེ་ཞེས་བྱ་བ་སྟེ། སྔ་མ་དང༌། ཕྱི་མ་དེ་དག་གཅིག་ཉིད་མིན་མོད། ཅི་དེའི་ཚེ་གཅིག་ཉིད་དང་བྲལ་བའི་དོན་དེ་ལས་དོན་བྱ་བ་དེ་མིན་པར་འགྱུར་རམ། གཅིག་མེད་ཀྱང་མི་སླུ་བར་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མེ་ཞེས་བྱ་བ་སྟེ། སྐད་ཅིག་གཞན་དུ་གྱུར་པའི་མེས་སོ། །འོ་ན་ཅི་ལྟར་གཅིག་གོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་ཞེ་ན། དེ་མི་བྱེད་པ་ཞེས་བྱ་བའོ། །དོན་བྱ་བ་དང་བྲལ་བའི་དོན། དོན་དམ་པ་པའི་གཅིག་ཉིད་ཀྱི་མཚན་ཉིད་དུ་གྱུར་བའི་ཡུལ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དེས་ན་ཞེས་བྱ་བ་ནི་གུས་པར་བྱ་བ་མ་ཡིན་པས་ནའོ། །གང་གི་ཕྱིར་དེ་ལྟ་ཡིན་བ་དེས་ན་དོན་བྱ་བ་བྱེད་པ་ཉིད་དེའི་རང་བཞིན་གྱི་རྟགས་གང་ལ་ཡོད་པའི་ངོ་ཤེས་པ་དེ་ནི་རྗེས་སུ་དཔག་པ་ཡིན་ནོ། །རང་བཞིན་དོན་བྱ་བ་བྱེད་པའོ། །དེ་ལས་གཞན་ཞེས་བྱ་བ་ནི་འཛིན་པ་གཅིག་པ་ཉིད་ལས་སོ། །འོ་ན་ཞེས་བྱ་བ་ནི་གལ་ཏེ་རྒྱུ་གཅིག་ལ་དུ་མ་ཡིན་ཡང་ངོ་ཤེས་པ་ངོ་ཤེས་པ་ཡིན་ན་དེའི་ཚེ་དུ་མར་གྱུར་པའི་བུམ་པ་དུས་མཉམ་པ་ན་ཡོད་བའམ། དུས་ཐམས་ཅད་ཡོད་པ་ལ་ཡང་ངོ་ཤེས་པར་འགྱུར་རོ། །ངོ་ཤེས་པའི་རྣམ་པ་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་ལན་ནོ། །ངོ་ཤེས་པ་ནི་རྣམ་པ་གཉིས་ཏེ། གཅིག་ན་དེ་དང་མཚུངས་སོ་སྙམ་པའི་རྣམ་པ་ཅན་ཡིན་ལ། གཞན་དེ་ཉིད་འདིའོ་ཞེས་བྱ་བའོ་རྣམ་པའོ། །དེ་ལ་ཆུ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་པ་ཉིད་ཀྱིས་འདི་ནི་བུམ་པ་གཞན་དང་མཚུངས་པའི་རྣམ་བའོ་ཞེས་བྱ་བར་རྟོགས་པ་ཉིད་ངོ་ཤེས་པ་ཡིན་ནོ། །གཉིས་པར་ཡང་འགྱུར་རོ་ཞེས་བཤད་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་བུམ་པ་རྣམས་རྒྱུད་ཐ་དད་པ་ཉིད་དུ་འགྱུར་ན་ཅི་ལྟར་བུམ་པ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་སྙམ་ན་འདི་ལྟར་ཞེས་བྱ་བའོ། །གཞན་ནི་བུམ་པ་ལས་གཞན་པར་རིགས་མི་མཐུན་པའི་དོན་ཏོ། །དེ་གསལ་གཞན་ནི་བུམ་པ་ལས་གཞན་པའི་བུམ་པའོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །གལ་ཏེ་དོན་དམ་པ་པའི་གཅིག་ཉིད་མེད་པར་ངོ་ཤེས་པ་ནི་ཉེ་བར་བརྟགས་པ་ཉིད་དུ་འགྱུར་རོ་ཞེ་ན། ཐོག་མ་མེད་པའི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ངོ་ཤེས་ཀྱི་རྟོགས་པ་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ངེས་


DTG186_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོད་པས་ཅི་ལྟར་བསྙོན་སྙམ་ན། སྒྲ་རྣམས་ཀྱི་རྟོགས་པར་བྱེད་བའི་ནུས་པ་མཚུངས་པའི་ཕྱིར་ན་དེ་ལྟར་གཅིག་ཉིད་དུ་འཁྲུལ་བའི་ངེས་པ་བྱུང་བ་ན་མི་བསྙོན་པ་ཡིན་ནོ། །དེས་ན་གལ་ཏེ་ཡང་ངོ་ཤེས་པ་ཚད་མ་མ་ཡིན་པའི་ཕྱིར་ན་སྒྲ་གཅིག་བ་ཉིད་མི་འགྲུབ་པ་དེ་ལྟ་ན་ཡང་བརྟགས་པའི་གཅིག་ཉིད་ཀྱིས་རྗོད་པར་བྱེད་པ་ཉིད་དུ་ནི་གྲུབ་པ་ཁོ་ནའོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་སྐད་ཅིག་ཉིད་ཀྱིས་ནི་གཞན་ཡིན་ན། དེའི་ཚེ་སྐད་ཅིག་གཞན་དུ་སྟེ་གཞན་ལ་དེ་ཉིད་འདི་ཡིན་ནོ་སྙམ་པའི་ཡིད་ཆེས་པ་ཅི་ལྟར་འཇུག་པར་འགྱུར། ཅིའི་ཕྱིར་ཞེ་ན། ཤེས་བ་མེད་པ་ཞེས་བྱ་བའོ། འཁྲུལ་པ་ཞེས་བྱ་བ་ནི་ལན་ནོ། །ཁྱོད་ཀྱིས་བསམ་པས་སྐད་ཅིག་མ་མ་ཡིན་པ་ལ་ཡང་ཡིད་ཆེས་པ་མ་ཡིན་ཏེ་སླུ་བ་མཐོང་བའི་ཕྱིར་རོ། །ཡིད་ཆེས་པ་འཇིག་པར་བྱེད་པའི་མ་རུངས་པའི་བདག་ཉིད་ཅན་རྣམས་མཐོང་བའི་ཕྱིར་རོ། །གཞན་གྱི་ཁྱད་པར་ལ་ནི་འགའ་ཞིག་གི་ཡིད་ཆེས་བར་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི། དེ་བཞིན་ཞེས་བྱ་བའོ། །ཡིད་ཆེས་པའི་ཡུལ་ཕ་ལས་གཞན་ཕ་དང་མཚུངས་པའི་བུ་ལ་དེ་བཞིན་ཁོ་ནར་ཡིད་ཆེས་བར་འགྱུར་བ་ཡིན་ནོ། །དེར་ཡིད་ཆེས་བར་འགྱུར་མོད། སྐབས་སུ་བབ་པ་ལ་ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་ཡིད་ཆེས་བའི་ཡུལ་སྔ་མའི་ཉེ་བར་ལེན་པ་དེ་རྒྱུན་གང་ལ་ཡོད་པ་སྟེ་དེ་ལ་ཡིད་ཆེས་པ་ཞེས་འབྲེལ་ཏོ། །གལ་ཏེ་སྐད་ཅིག་མ་ཉིད་ཡིན་ན། སླར་ལེན་པར་འདོད་པར་མི་འགྱུར་ན་ཡིད་ཆེས་པ་ཡང་ཡིན་ཏེ། དེས་ན་སྐད་ཅིག་མ་ཡིན་པ་དེ་ཉིད་དོ་ཞེས་དོགས་བ་བ་བསུ་བ་ནི། །ཅི་སྟེ་ཞེས་བྱ་བའོ། །ལན་ནི་གཅིག་ཉིད་ཡིན་ན་ཞེས་བྱ་བའོ། །ཅི་ལྟར་མི་འཐད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །བྱིན་པ་ཕྱིར་ལེན་པ་ནི་རིགས་སོ། །ཅི་ལྟར་ཞེ་ན། འཇིགས་པའམ་ངོ་ཚ་བས་སོ། །འཇིགས་པ་དང་ངོ་ཚ་བས་རྣམ་པར་འགྱུར་བ་མེད་པའི་བདག་ལ་འཇིགས་དང་ངོ་ཚ་བ་གང་གིས་བྱས་ཏེ། གང་གིས་ཀྱང་མ་བྱས་སོ། །དོགས་པ་བསུབ་ནི། འོན་ཏེ་ཞེས་བྱ་བའོ། །ཉེ་བས་ཞེས་བྱ་བ་ནི་ནོར་གྱི་བདག་པོ་མཐོང་བས་ནའོ། །བཅོལ་བའི་ཀ་ཆ་དང་འབྲེལ་བའི་བདག་ཉིད་ནོར་གྱི་བདག་པོ་དེས་ཟིན་པ་སྟེ་ཉེ་བར་སྙོགས་པའོ། །དེས་ན་བཅོལ་བའི་ཕྱིར་སྟེར་བར་རིགས་སོ་ཞེས་བསམས་པའོ། །ལན་ནི་དེ་ནི་ཞེས་བྱ་བ་སྟེ། སྐད་ཅིག་མ་ཡིན་པར་སྨྲ་བ་དེ་ནི་བདག་གི་ཡུལ་ལ་ནོར་གྱི་བདག་པོ་དེས་ཟིན་པ་མ་


DTG186_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང༌། དེས་ཟིན་པ་ཉིད་དུ་རྟོགས་པ་ནི་འཁྲུལ་པ་ཁོ་ནར་འགྱུར་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་དེས་བྱས་བའི་གཏམས་བ་ཕྱིར་སྟེར་བ་དོན་དམ་བ་བམ་ཡིན་བར་འགྱུར། འོན་ཏེ་གཏམས་པ་ཕྱིར་སྟེར་བ་ནི་དོན་དམ་པ་བམ་ཡིན་པ་ཁོ་ན་ཡིན་ན། དེ་ལྟན་འོ་ན་སྐད་ཅིག་མའི་རྒྱུན་ལ་ཡང་གཅིག་ཏུ་སྒྲོ་བཏགས་པ་ལས་ཅི་སྟེ་མི་འགྱུར་ཞེས་བརྗོད་པ་ནི། འཁྲུལ་པ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དེས་མ་ཟིན་ཀྱང་དེས་ཟིན་པའི་རང་བཞིན་ནམ། གཅིག་ཉིད་དུ་འཛིན་བའི་རང་བཞིན་ནོ། །དེའི་ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པར་སྨྲ་བའི་འོ། །དེ་ལྟའི་ཐ་སྙད་ཅེས་བྱ་བ་ནི་གཏམས་བ་སྔར་སྟེར་པའི་ཐ་སྙད་ཀྱི་རྒྱུའོ། །ཅི་ལྟར་ན་འཁྲུལ་པ་ཁོ་ན་ཐ་སྙད་ཀྱི་རྒྱུ་ཡིན་ཞེ་ན། གཞན་གྱིས་ཞེས་བྱ་བའོ། །རྟག་པ་ཉིད་ལ་ཡང་རྒྱུ་དང་འབྲས་བུ་ལས་ཞེས་བྱ་བ་ནི། ཉེ་བར་ལེན་པ་དང༌། ཉེ་བར་ལེན་པ་ལས་བྱུང་བར་རྣམ་པར་གནས་པ་གཅིག་ཉིད་དུ་ལྷག་པར་ཞེན་པའི་རྒྱུ་མཚན་ལས། གཅིག་ཉིད་ལ་སོགས་པར་ལྷག་པར་སྒྲོ་འདོགས་པའི་མཚན་ཉིད་ཀྱི་མངོན་པར་ཞེན་པའི་རྒྱུ་གཞན་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་གྱི་ཡོད་པ་མ་ཡིན་ནོ། །འཁྲུལ་པས་འཇིག་པ་དང་ངོ་ཚ་བར་འགྱུར་ལ། དེ་དག་གིས་ཀྱང་གཏམས་པ་ཕྱིར་གཏོད་པའི་འདོད་བསྐྱེད་དེ། དེས་ན་བརྒྱུད་ནས་འཁྲུལ་བདེ་ཁོ་ནའི་རྒྱུ་ཡིན་ནོ། །གཞན་གྱི་རྟག་ལའང་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། བདག་རྟག་བར་ཞེས་བྱ་བ་སྟེ། དེ་དག་གི་འཇིག་རྟེན་ཕ་རོལ་དང་ལྡན་པ་སྐྱེས་བུའི་རང་བཞིན་རྟག་པར་རོ། །གཅིག་ཏུ་མངོན་པར་ཞེན་བའི་རྒྱུ་མཚན་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བ་དང་རྒྱུ་དང་འབྲས་བུས་བྱས་བའི་མངོན་བར་ཞེན་བདེ་ལས་མི་འགྲེལ་ལོ། །ཅི་ལྟར་དེ་ལས་མི་འགྲེལ་སྙམ་ན། འཇིགས་དང་ངོ་ཚས་འགྱུར་མེད་ཀྱི་ཞེས་བྱ་བ་རྣམ་བར་འགྲེལ་བས་ལན་འདེབས་པ་ནི། འདི་ལྟར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འཕོ་བ་མ་ཡིན་པས་སོ། །དེ་ལ་ནི་བདག་ལའོ། །འཇིགས་པ་ལ་སོགས་པས་ཞེས་བྱ་བ་ནི་འཇིགས་པ་དང་དོ་ཚ་བ་ཐ་དད་པར་གྱུར་བས་སོ། །ཅི་ལྟར་རྣམ་པ་གཞན་དུ་འགྱུར་བ་ཉིད་ཀྱིས་བསྡིགས་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་དང་ཉེ་བས་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ནི་བདག་གོ་དེ་དང་ལྡན་པས་ནི་འཇིགས་པ་ལ་སོགས་པ་དང་ལྡན་པས་སོ། །དེ་ནི་བདག་ཉིད་དེས་ཟིན་པ་མིན་ཡང་ཞེས་བྱ།


DTG186_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམ་པར་འགྲེལ་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བདག་དེ་ལ་གནོད་པ་ཅི་ཡང་མེད་དོ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན། རང་གི་ངོ་བོ་ཞེས་བྱ་བའོ། །འོན་ཅི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་འཇིགས་པ་དང་འཛེམ་པ་ལ་སོགས་པའི་ཐ་སྙད་དུ་འགྱུར་ཞེ་ན། རྒྱུ་དང་འབྲས་བུའི་ཞེས་བྱ་བའོ། །དེ་ལྟ་བུའི་ཞེས་བྱ་བ་ནི་འཇིགས་པ་དང་འཛེམ་པ་ཉིད་དུ་ཐ་སྙད་བྱེད་པའི་རྒྱུའོ། །འཇིགས་པ་ལ་སོགས་པའི་ཐ་སྙད་ཙམ་གྱིས་གནོད་པ་གང་ཡིན་བ་དེ་ནི་གནོད་པ་མ་ཡིན་གྱི། འོན་ཀྱང་བདག་གི་རང་བཞིན་རྣམ་བ་གཞན་དུ་གྱུར་པ་ཉིད་གནོད་པ་ཡིན་ནོ། །གནོད་བྱེད་ཐ་དད་པས་གནོད་པར་འགྱུར་བ་ཉིད་དུ་དོགས་པ་བསུ་པ་ནི། ཐ་དད་ཀྱང་ཞེས་བྱ་བའོ། །བུའི་གནོད་པས་ནི་གནོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཞེས་བྱ་བའོ། དེས་ཞེས་བྱ་བ་ནི་རང་གི་ངོ་བོར་གྱུར་པས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཞན་ལ་གནོད་པས་ཀྱང་གདོན་ནའོ། །འོན་ཏེ་བུ་དང་ནི་གང་འབྲེལ་བས་ན་དེའི་གནོད་པས་གནོད་པར་འགྱུར་གྱི། དགྲའི་གནོད་པས་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། དེ་དང་ཡང་ཞེས་བྱ་བ་སྟེ་དགྲ་དང་ངོ༌། །དེས་ན་འབྲེལ་བ་ཡོད་ཀྱང་ཅི་ལྟར་དགྲ་ལ་གནོད་པས་མི་གནོད་པ་དེ་བཞིན་དུ་བུ་ལ་གནོད་པས་ཀྱང་གནོད་པར་མི་འགྱུར་རོ། །འགྱུར་བ་ཡང་ཡིན་ཏེ། དེས་ན་བུ་སྡུག་བསྔལ་བར་མཐོང་བས་ཕའི་རྒྱུད་ལ་གནོད་པ་གཞན་ཁོ་ན་ཞིག་སྐྱེ་བ་ཡིན་ནོ། །གལ་ཏེ་ཕ་ལ་གནོད་པ་གཞན་ཡོད་པར་མ་གྱུར་ན། དེའི་ཚེ་ནི་བུའི་གནོད་པས་གནོད་པར་མི་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་གཞན་གྱི་གནོད་པས་གནོད་བ་མ་ཡིན་པ་དེས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་རེས་འགའ་གནོད་བའི་རང་བཞིན་གྱི་ཕྱིར་རོ། །རྒྱུན་ལས་ཞེས་བྱ་བ་ནི་སྐད་ཅིག་བྲག་ཡུད་མ་ལས་སོ། །དེས་ན་ཞེས་བྱ་བ་ནི་རྒྱུན་ཙམ་ཡིན་པས་ནའོ། །དེ་ཉིད་ཅེས་བྱ་བ་ནི་འཆད་པའོ། །དེས་ན་ཞེས་བྱ་བ་ནི། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ནི་ཐ་སྙད་ཀྱིས་ནའོ། །འདི་ནི་དགྲའོ། །དེའི་སྟེ་སྐྱེ་བའི་མཚན་ཉིད་ཅེས་བྱ་བའི་རྐྱེན་གྱི་བྱེད་གཞིས་ཐ་དད་པའི་རྟགས་ཏེ། དེ་དང་ལྡན་པའི་ཕྱིར་རོ། །རྐྱེན་གྱི་བྱེ་བྲག་གིས་ཐ་དད་བ་ཉིད་ལས། འབྲས་བུ་ཉིད་དུ་གྲུབ་པས་ན་རྗེས་སུ་དཔག་པའི་ཚད་མའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི་རྐྱེན་གྱི་ཞེས་བྱ་བའོ། །གསལ་བྱེད་ཀྱི་དབྱེ་བས་ཀྱང་ཐ་དད་བར་དོགས་པ་བསུ་བ་


DTG186_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཅི་སྟེ་ཞེས་བྱ་བའོ། །དེ་ལས་གཞན་པའི་རང་བཞིན་ཉིད་ཀྱི་འབྲས་བུ་གསལ་བར་བྱེད་པ་གང་ལ་ཡོད་པ་དེའི་དངོས་པོ་ཉིད་དེའི་ཕྱིར་རོ། །དེའི་རང་བཞིན་ལས་ནི་བུམ་པའི་རང་བཞིན་ལས་སོ། །རང་གི་རང་བཞིན་ཉམས་པའི་ཕྱོགས་ལ་སུན་འབྱིན་པ་བརྗོད་པ་ནི། དེ་ལ་མེད་པའི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མེད་པ་ཡང་གསལ་བར་བྱ་བ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གསལ་བྱེད་དེའི་རང་བཞིན་གཞན་དུ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཅི་ལྟར་གསལ་བྱེད་ཡིན་སྙམ་ན། འགའ་ཞིག་ཅེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་འཁྲུལ་པ་སྐྱེད་པར་བྱེད་པ་ཡང་གསལ་བར་བྱེད་པ་ཡིན་ནའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་རབ་རིབ་ལ་སོགས་པ་ལ་ཡང་ངོ༌། །འོན་ཏེ་འཁྲུལ་ཡང་ཞེས་བྱ་བ་ནི་ཆུང་དུ་དད་ཆེན་པོ་ལ་སོགས་པའི་རང་བཞིན་དུ་འཁྲུལ་ཀྱང་ངོ༌། །དེའི་ནི་སྒྲའིའོ། །གཞན་ནི་ཆེ་ཆུང་ལ་སོགས་པའི་རང་བཞིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་རྩོལ་བ་ལ་སོགས་པ་ནི་གདངས་དེའི་གསལ་བྱེད་ཡིན་བ་འདོད་ནའོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྒྲ་ཐ་དད་པའོ། །དེ་ཁོ་ན་ཉིད་གཞན་ཞེས་བྱ་བ་ནི། ཡི་གེ་ག་ལ་སོགས་པ་ལ་ཐ་དད་པ་གོ་བའི་སྒྲ་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཐ་དད་པར་མི་སྣང་ན་ཆེན་པོ་དང་ཆུང་དུ་ལ་སོགས་པའི་དབྱེ་བས་འཁྲུལ་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་དུ་ཟླ་བ་གཅིག་ཐ་དད་པར་མི་སྣང་ན་ནི། ཟླ་བ་གཉིས་སུ་སྣང་བ་འཁྲུལ་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །འོན་ཏེ་ཡང་ཐ་དད་པར་མི་སྣང་ཡང་དེ་ཐ་དད་པ་ཡིན་ནོ་ཞེ་ན། ཐ་དད་ཅེས་བྱ་བའོ། །ཅི་ལྟར་ཐ་དད་པར་རྟོགས་པར་མི་འགྱུར་ཞེ་ན། དེ་ལྟ་མིན་ན་ཞེས་བྱ་བའོ། །གལ་ཏེ་འཁྲུལ་པས་ན་སྒྲའི་རང་བཞིན་ཐ་དད་ཀྱང༌། ཐ་དད་པ་ཉིད་དུ་ངེས་པར་མི་རྟོགས་སོ་ཞེས་དོགས་ནས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འཁྲུལ་པ་ཉིད་ཉམས་པ་ཁོ་ནར་འགྱུར་ཏེ། མ་འཁྲུལ་པའི་རང་བཞིན་ཡོད་པའི་ཕྱིར་རོ། །འཁྲུལ་པ་ལ་ཡང་འཁྲུལ་པའོ་ཞེས་བྱ་བའི་དོན་ཅི་ཞེ་ན། འཁྲུལ་པ་མེད་དོ་ཞེས་བྱ་བ་ཡིན་ཏེ། དེས་ན་འཁྲུལ་པ་ལ་འཁྲུལ་པ་ཡིན་ན། འཁྲུལ་པ་མེད་པའི་ཕྱིར། མ་འཁྲུལ་པའི་རང་བཞིན་ཡོད་པར་འགྱུར་རོ། །གང་གི་ཚེ་འཁྲུལ་པ་ཡིན་ཞེ་ན། འཁྲུལ་པ་ཞེས་བྱ་


DTG186_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །གལ་ཏེ་འཁྲུལ་པའི་རང་བཞིན་ལས་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི། འཁྲུལ་པ་སྣང་པའི་རང་བཞིན་ལས་ཞེས་བྱ་བའོ། །དེས་ན་རང་བཞིན་གཞན་ནི་མེད་པ་ཁོ་ནའོ། །དོགས་བ་ནི་འཁྲུལ་པས་ཞེས་བྱའོ། །འདི་རེ་ཞིག་ཐུག་པ་མེད་པའི་ཉེས་པ་བརྗོད་པ་ནི་འཁྲུལ་པ་ཞེས་བྱ་བའོ།། འཁྲུལ་པས་ཉེ་བར་བསྟན་པའི་རང་བཞིན་གཉིས་པ་དེ་ལས་ཀྱང་ངོ༌། །དེས་ན་ཞེས་བྱ་བ་ནི་འཁྲུལ་པའི་རང་བཞིན་ལས་སྒྲའི་རང་བཞིན་དེ་ཡང་ངོ༌། །དེ་ཡང་རང་བཞིན་གཞན་ཡིན་པ་ནི་སྒྲའི་རང་བཞིན་གཞན་ཡིན་པའོ། །དེ་ལྟར་ཐུག་པ་མེད་པ་བརྗོད་ནས། འཁྲུལ་བ་ཉིད་ཉམས་འགྱུར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། འཁྲུལ་པ་ལ་ཡང་ཞེས་བྱ་བའོ། །འཁྲུལ་པའི་ཡུལ་ལ་ཡང་འཁྲུལ་པ་གང་ཡིན་པ་དེར་གྱུར་ན་ནི་ཕྱིན་ཅི་ལོག་གི་རང་བཞིན་ཉམས་པར་འགྱུར་ལ། སྒྲའི་རང་བཞིན་བདེན་པ་ཉིད་འབའ་ཞིག་ནི་སྣང་བར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་ཐུག་པ་མེད་པས་ནའོ། །དེས་ན་ཞེས་བྱ་བ་ནི་འཁྲུལ་པ་ལ་འཁྲུལ་པ་ཡོད་པས་ནའོ། །དེ་ཉིད་སྣང་བས་ན་ཞེས་བྱ་བ་ནི་འཁྲུལ་པ་ལ་འཁྲུལ་ན། མ་འཁྲུལ་པ་ཉིད་དུ་འགྱུར་ལ། དེ་སྣང་པ་ན་ནི་འཁྲུལ་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ལྟར་ན་འཁྲུལ་བ་ལ་ཡང་འཁྲུལ་པ་ཉིད་དུ་རྣམ་པར་གཞག་ཅེ་ན། གཞལ་བྱ་ཞེས་བྱ་བའོ། །དེ་ཁོ་ན་སྣང་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་སྣང་ཡང་སྒྲའི་རང་བཞིན་ཁོ་ན་བདེན་པ་ཡིན་གྱི་ཆེན་པོ་ཉིད་ལ་སོགས་པ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཆེན་པོ་ཉིད་ལ་སོགས་པས་ཞེས་བྱ་བ་ནི་སྒྲ་ཆེན་པོ་ཉིད་ལ་སོགས་པས་བྱས་པའོ། །བཟློག་པའི་ཕྱིར་ནི་དོན་བྱ་བ་མེད་པས་སོ། །གཞན་ནི་ཆེན་པོ་ཉིད་ལ་སོགས་པའོ། །འོ་ན་དོན་རྟོགས་པ་གང་ལས་འགྱུར་སྙམ་ན། དོན་ཏེ་ཞེས་བྱ་བའོ། །སྒྲའི་ཤེས་པ་མེད་པ་ཁོ་ནས་ཅི་སྟེ་མི་འགྱུར་སྙམ་ན། བག་ཆགས་ཞེས་བྱ་བའིའོ། །དེས་ན་དོན་རྟོགས་པ་ནི་སྒྲ་རིག་པ་ལ་ལྟོས་པ་ཡིན་ནོ། །གལ་ཏེ་སྒྲའི་དབྱེ་བས་དོན་རྟོགས་པ་ཐ་དད་པར་འགྱུར་བ་མ་ཡིན་ནམ། དེས་ན་དེ་ཉིད་དེའི་ཐ་དད་པར་བྱེད་པ་ཡིན་ནོ་ཞེ་ན། རྒྱུད་པའི་ས་ནི་ཞེས་བྱ་བའོ། །ཉན་པའི་རྣམ་པར་ཤེས་པ་ལ་སོགས་པས་བར་ཆོད་པས་སྐྱེས་པར་བྱེད་པ་སྒྲའི་རང་བཞིན་གང་ཡིན་པ་དེ་ནི་ཐ་དད་པར་བྱེད་པ་ནི་མ་ཡིན་ཏེ། དེ་མ་ཐག་པའི་རྒྱུ་ཉིད་ཐ་དད་པར་བྱེད་པ་


DTG186_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །འོ་ན་གང་ཞིག་ཐ་དད་པས་ཐ་དད་པར་འགྱུར་ཞེ་ན། ཉེར་ལེན་ཞེས་བྱ་བའོ། །དོན་རྟོགས་པའི་ཉེ་བར་ལེན་པ་ནི་རིགས་མཐུན་པའི་བག་ཆགས་ཡིན་ལ། སྒྲ་ནི་ལྷན་ཅིག་བྱེད་པ་ཡིན་ནོ། །ལྷན་ཅིག་བྱེད་པའི་སྒྲ་ཐ་དད་པས་ནི་དོན་རྟོགས་པ་ཐ་དད་པར་མི་འཐད་དེ། སྒྲ་ཐ་མི་དད་ཀྱང་ཡུལ་གྱི་དབྱེ་བས་དོན་རྟོགས་པ་ཐ་དད་པར་མཐོང་ལ། ཐ་དད་ཀྱང་མ་མཐོང་སྟེ་དེས་ན་ཉེ་བར་ལེན་པའི་དབྱེ་བ་ཁོ་ནས་དེ་ཐ་དད་པ་ཡིན་ནོ། །ཐ་དད་པར་བྱེད་པ་མ་ཡིན་པའི་གཏན་ཚིགས་གཉིས་མདོར་བསྡུས་ཏེ་བརྗོད་པ་ནི། དེས་ཀྱང་ཞེས་བྱ་བ་ནི་བརྒྱུད་པས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཡང་སྒྲ་ནི་ཐ་དད་པར་བྱེད་པ་མ་ཡིན་ནོ་ཞེས་སྦྱར་རོ། །འཆད་པ་ནི་དོན་དེའི་ཞེས་བྱ་བའོ། །དེ་ལ་ནི་དོན་རྟོགས་པ་ལའོ། །དེས་ཞེས་བྱ་བ་ནི་བརྒྱུད་ནས་སྐྱེད་བྱེད་ཡིན་པ་དང༌། ལྷན་ཅིག་བྱེད་པ་ཡིན་པས་ན་སྒྲ་དེ་ཐ་དད་པར་བྱེད་པ་མ་ཡིན་པས་ན། འོ་ན་སྒྲའི་དངོས་སུ་དོན་བྱ་བ་གང་ཡིན་ཞེ་ན། སྒྲ་ནི་ཞེས་བྱ་བའོ། །དེའི་ཤེས་པ་ནི་སྣང་བའི་ཤེས་པའོ། །གལ་ཏེ་ཆེན་པོ་དང་ཆུང་དུ་ལ་སོགས་པའི་དབྱེ་བ་ནི་གདངས་རྣམས་ཁོའི་ཡིན་གྱི་སྒྲའི་ནི་མ་ཡིན་ཏེ། དོན་བྱ་བ་ཐ་མི་དད་པའི་ཕྱིར་རོ་ཞེས་གང་བརྗོད་པ་དེ་སུན་འབྱིན་པ་ནི། དེ་ནི་ཞེས་བྱ་བ་སྟེ་ཤེས་པ་ནི་ཐ་དད་པར་འགྱུར་བ་ཉིད་དེ་ཞེས་ཕྱི་མ་དང་འབྲེལ་ཏོ། །སྒྲ་ཉེ་བ་དང་རིང་བའི་དབྱེ་བས་གསལ་བ་དང་མི་གསལ་བ་གང་ཡིན་པ་དེས་སོ། །ཐ་དད་པའི་རྒྱུ་གཅིག་བརྗོད་ནས། གཉིས་པ་བརྗོད་པ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཞེས་བྱ་བ་སྟེ། བདེ་བའི་རྣམ་པ་དང་སྡུག་བསྔལ་གྱི་རྣམ་པའོ། །དེ་ཅི་ལྟར་ཞེས་བྱ་བ་ནི། སྒྲའི་དོན་བྱ་བ་ཐ་དད་པའི་ཕྱིར་སྒྲ་ཐ་མི་དད་པར་ཅི་ལྟར་འགྱུར་ཞེས་བྱ་བའོ།། རང་གི་དོན་བྱ་བ་བྱེད་པ་ནི་བདག་གི་དགོས་པ་སྒྲུབ་པའོ། །འོན་ཏེ་སྒྲ་ལ་ཐ་དད་པ་ནི་ཡོད་མོད་ཀྱི། འོན་ཀྱང་འདི་ནི་འཁྲུལ་པ་ཁོ་ན་ཡིན་ནོ་སྙམ་དུ་དོགས་ན། དེ་ལྟ་ཡིན་དང་ཞེས་བྱ་བ་སྟེ། རང་གི་དགོས་པ་བྱེད་པ་ཡིན་དང་ངོ༌། །དེ་ལྟར་བུམ་པ་བཞིན་དུ་སྒྲ་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར་མི་རྟག་པ་ཁོ་ནའོ། །རྩོད་བའི་འབྲས་བུ་དུ་མ་ཡིན་པའི་ཕྱིར། དེའི་དེ་མ་ཐག་པར་ཞེས་པ་ཉིད་ཀྱིས་དེ་གསལ་བར་བྱས་པ་ཉིད་ནི་མ་ཡིན་ནོ་ཞེས་བསྟན་ནས། ད་ནི་བརྩལ་མ་ཐག་ཏུ་ཤེས་པས་དེས་གསལ་བར་བྱ་བ་ཉིད་ཡིན་ཡང༌། མི་རྟག་པ་ཁོ་ནའོ་ཞེས་བསྒྲུབ་པའི་དོན་དུ་རྣམ་འགྲེལ་རྣམ་པར་འགྲེལ་བ་ནི། གལ་ཏེ་ཞེས་བྱ་བའོ། །


DTG186_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ཞེས་བྱ་བ་ཁོ་ན་ཕྱུང་ལ། བརྩལ་མ་ཐག་པ་ཞེས་སྦྱར་ཏེ། མ་ངེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་ངེས་པ་ཉིད་བརྗོད་པ་ནི། སྔར་ཡང་ཞེས་བྱ་བའོ། །དོགས་པ་ནི་ཐོས་པས་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་ཐོས་པར་རོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དེས་ན་ནི་རྗེས་སུ་འཇུག་པ་ནའོ། །ལྡོག་པ་བརྗོད་པ་ནི་ཕྱིས་ཀྱི་ཞེས་བྱ་བའོ། །དོགས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཚེ་སྟེ་སྔར་གསལ་བྱེད་མེད་པའི་ཕྱིར་རོ། །གལ་ཏེ་སྔར་གསལ་བར་བྱེད་པ་མེད་ཀྱང་ད་ལྟར་བའི་གསལ་བར་བྱེད་པས་ཅི་སྟེ་རྟོགས་པ་མི་སྐྱེད་སྙམ་ན་གསལ་བར་བྱེད་པ་ནི་ཞེས་བྱ་བའོ། །ལན་འདེབས་པ་ནི་དེ་ནི་ཞེས་བྱ་བའོ། །གལ་ཏེ་གསལ་བྱེད་ཀྱིས་གསལ་བྱའི་བདག་ཉིད་ཐམས་ཅད་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཉིད་ག་ལ་ཡིན་ཞེ་ན་རང་གི་རང་བཞིན་ཕྱིན་ཅི་མ་ལོག་པར་ཞེས་བྱ་བའོ། །གལ་ཏེ་དུས་གཞན་གནས་པ་དེ་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་དུས་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མི་གསལ་བ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གསལ་བ་ཡང་གསལ་བྱེད་ལ་ལྟོས་ནའོ། །དེའི་ཚེའང་ཞེས་བྱ་བ་ནི་གསལ་བྱེད་ཡོད་པའི་དུས་ན་ཡང་ངོ༌། །དེའི་ཕྱིར་ཕྱིས་ཀྱི་རྩོལ་བ་ལས་སྔར་མི་རྟོགས་པ་མ་ཡིན་ནོ། །ཕྱིས་ཀྱིས་ཤེས་པས་ཀྱང་མི་རྟོགས་པ་མི་འཐད་དོ་ཞེས་བསྟན་པའི་དོན་དུ་བརྗོད་པ་ནི། ཕྱིས་ཀྱི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་དེ་ཉིད་ཅེས་བྱ་བའོ། །འོན་སྟེ་སྔར་རྩོལ་བ་མེད་པའི་ཕྱིར་མི་དམིགས་སོ་ཞེ་ན། སྔར་བྱུང་བའི་ཞེས་བྱ་བའོ། །དེ་ལ་ནི་སྒྲ་ལའོ། །ཅིའི་ཕྱིར་ཞེ་ན། ཕྱི་མ་ཉིད་ཀྱིས་ཞེས་བྱ་བ་སྟེ་ཕྱིས་ཡོད་པའི་རྩོལ་བས་སོ། །དོགས་པ་ནི་རང་གི་ཞེས་བྱ་བའོ། །ཕྱིས་ཀྱི་རྩོལ་བས་ནི་རང་གི་དུས་དང་འབྲེལ་པའི་གསལ་བྱ་གསལ་བར་བྱེད་པ་ཡིན་གྱི་སྔར་གྱི་དུས་དང་འབྲེལ་པ་ནི་མ་ཡིན་ནོ། །ལན་ནི་ཅི་ཞེས་བྱ་བ་སྟེ། སྔར་གྱི་རྩོལ་བ་དེ་ལས་གཞན་གྱིས་སྔར་གྱི་དུས་དང་འབྲེལ་པའི་གསལ་བྱ་གཞན་རྣམ་པར་གཅོད་དམ། སྔ་མ་དང་ཕྱི་མའི་དུས་ཀྱིས་རྩོལ་བ་ཐ་དད་པའི་ཕྱིར་གསལ་བྱ་བ་ཐ་དད་པ་ནི་མ་ཡིན་ཏེ་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྔ་ཕྱིའི་ཞེས་བྱ་བའོ། །གསལ་བྱ་འཛིན་པའི་ཤེས་པ་སྔ་མ་དང་ཕྱི་མའི་དུས་ན་གཅིག་ཡིན་ནམ་དུ་མ་ཡིན་ནམ་དེ་ལ་སྔ་མ་དང་ཕྱི་མ་དག་གིས་ཤེས་པ་གཅིག་ཡིན་ན་རྩོལ་བ་ཐ་དད་པ་གསལ་བ་རྣམ་པར་འབྱེད་པར་བྱེད་པ་མ་ཡིན་པར་འགྱུར་ཏེ་མི་ནུས་པའི་ཕྱིར་རོ། །དུ་མ་ཡིན་ན་ཡང་དེ་ཐ་དད་པ་ཁོ་ནས་ཐ་དད་པར་འགྱུར་གྱི་རྩོལ་བས་


DTG186_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བྱ་སྟེ་དོན་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ཤེས་གཞན་ཞེས་བྱ་བ་སྟེ། ཤེས་པ་ཐ་དད་པ་ཡིན་ནའོ། །འོན་ཏེ་གང་གི་ཚེ་ཞེས་བྱ་བ་ནི་གང་གི་ཚེ་སྒྲིབ་པ་ཡོད་པ་དེ་ཚེ་ནི་གསལ་བར་བྱ་བ་ཡོད་ཀྱང་དམིགས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བསྒྲིབས་པའི་ཕྱིར་རོ་ཞེས་བྱ་བའོ། །གང་གིས་སྒྲ་ལ་ཡང་དེ་ལྟར་འགྱུར་བ་ཅི་འགའ་ཞིག་ཏུ་དེ་དེ་ལྟར་མཐོང་བ་ཡོད་དམ་སྙམ་ན། མཐོང་ངོ་ཞེས་བརྗོད་པ་ནི། རྩིག་པས་ཞེས་བྱ་བའོ། །སྐྱེས་བུ་ལ་སོགས་པ་གཞན་གྱི་རྩིག་པ་ལ་སོགས་པ་གསལ་བར་བྱས་ནའོ། །དེ་ལྟར་ཞེས་བྱ་བ་ནི་རྩིག་པས་སྒྲིབ་པར་བྱེད་པ་ཉིད་ཡིན་པ་ནའོ། །དོན་ལ་བརྗོད་པ་ནི་སྒྲ་ལའང་ཞེས་བྱ་བའོ། །རྣམ་པར་འགྲེལ་པ་ནི་ཡོད་ཀྱང་ཞེས་བྱ་བའོ། །བསྒྲིབས་པས་རང་ཉིད་ཅེས་བྱ་བ་ནི་སྒྲིབ་པ་ཡོད་ན་གསལ་བྱའི་རང་གི་ངོ་བོ་ཉིད་ཡོད་པར་འགྱུར་བ་ཡིན་ལ། རྣམ་པ་གཞན་དུ་འགྲོ་བའི་མཚན་ཉིད་ཀྱི་འགྱུར་བ་གཞན་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱིས་ཞེས་བྱ་བའོ། །མ་བསྒྲིབས་པའི་གནས་སྐབས་ན། མངོན་སུམ་དེའི་རང་བཞིན་སྟེ། སྔར་གྱི་རྣམ་པར་འགྱུར་པར་མ་བྱས་པའི་གནས་སྐབས་ཉིད་དམིགས་པའི་ཕྱིར་རོ། །ཅི་ལྟར་མ་བརྟགས་པར་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེར་ཡང་ནི་རྩིག་པ་ལ་སོགས་པས་ཆོད་པ་ལས་ཡང་རྗེས་སུ་དཔག་པའི་བདག་ཉིད་ཀྱི་ངོ་ཤེས་པ་ཉིད་ལས་རྣམ་པར་འགྱུར་བ་མེད་པར་རྟོགས་པ་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན། འདི་ལྟར་དམིགས་པ་མེད་པའང་སྟེ། སྒྲིབ་པས་བར་བཅད་པ་མ་དམིགས་པ་ཡིན་ཡང་མངོན་སུམ་གྱིས་འགྱུར་བ་མེད་པ་ཅི་ལྟར་རྟོགས་ཏེ་མི་རྟོགས་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཞེས་བྱ་བ་སྟེ་གང་གི་ཕྱིར་དམིགས་པ་ལྡོག་པས་ནི། བར་ཆོད་པ་དེའི་རང་བཞིན་ཡོད་པར་བསྒྲུབས་པ་མ་ཡིན་ནོ། །འོན་ཏེ་བསྒྲིབས་པ་ནི་གཞན་གྱིས་དམིགས་པ་ཡིན་པས་དེ་ཉིད་ཀྱི་དེའི་རང་བཞིན་ཡོད་པར་སྒྲུབ་པར་བྱེད་དོ་ཞེ་ན། གཞན་གྱི་ཞེས་བྱ་བའོ། །དེའི་ཕྱིར་རྣམ་པར་འགྱུར་བ་མེད་པ་ཉིད་ནི་དོ་ཤེས་པ་ཁོ་ན་ལས་རྟོགས་པ་ཡིན། དེ་ལྟར་ཡིན་པར་འགྱུར་རོ་ཞེ་ན། གལ་ཏེ་ཞེས་སྨོས་སོ། །དེ་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་མེད་པའོ། །དེའི་ཚེ་ལོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་ངོ་ཤེས་པ་ནི་རྗེས་སུ་དཔག་པ་ཡིན་པར་འགྱུར་རོ། །ཅི་ལྟ་བུར་གྱུར་པ་ཞེ་ན། མངོན་སུམ་གྱི་སྔོན་འགྲོ་ཅན་མ་ཡིན་པའོ། །དེ་ལྟ་ཡིན་མོད་སྙམ་ན། མངོན་སུམ་སྔོན་འགྲོ་ཅན་མིན་ན། །ཞེས་བྱ་བའོ། །ཅི་ལྟར་ལོང་


DTG186_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྒྱུད་པ་ཡིན་ཞེ་ན། རྗེས་སུ་དཔག་པ་ཡིན་ན་ཞེས་བྱ་བ་སྟེ། བསྒྲིབས་པ་ན་ཡང་ཡོད་ངོ་ཞེས་རྣམ་པ་དེ་ལྟ་བུའི་བདག་ཉིད་ཅན་གྱི། རྟགས་གང་ཡིན་པས་བསྒྲིབས་པའི་གནས་སྐབས་ན་རྣམ་པར་འགྱུར་བ་མེད་པའི་རང་བཞིན་དེ་ཡང་ངོ༌། །དེ་ལྟར་གྱུར་པས་ཞེས་བྱ་བ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་མ་ཡིན་པ། རྣམ་པར་འགྱུར་པ་མེད་པའི་རང་བཞིན་གྱི་རྟགས་ཀྱིས་འགྲུབ་ཕྱིར་ཏེ། ངེས་པའི་ཕྱིར་རོ། །དམིགས་པ་མེད་ནའང་མངོན་སུམ་གྱིས་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི། སྒྲིབ་པས་ཞེས་བྱ་བའོ། །མ་བསྒྲིབས་པའི་གནས་སྐབས་ན། རྣམ་པར་མ་བསྒྱུར་བའི་རྟོགས་པའི་དོགས་པ་བསུ་བ་ནི། ཕྱིས་ཞེས་བྱ་བའོ།། ལན་ནི་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་སྟེ་ཕྱིས་ཀྱི་ཚེ་ཉིད་དོ། །གལ་ཏེ་དོ་ཤེས་པ་ལས་དེ་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། བར་ན་ཡོད་པ་ནི་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་ཡིན་ནའོ། །ཅི་ལྟར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་དངོས་པོ་ལའོ། །ཅི་ལྟར་མངོན་སུམ། སྔོན་དུ་འགྲོ་བ་ཅན་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་ཞེས་བྱ་བའོ། །འོ་ན་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་དུ་འགྱུར་རོ་སྙམ་ན། རྗེས་སུ་དཔག་པ་ཞེས་བྱ་བའོ། །རྣམ་པ་ཅི་ལྟར་ཡང་རུང་བར་མངོན་སུམ་སྔོན་དུ་འགྲོ་བ་ཅན་དུ་དོགས་པ་བསུ་བས་ནི། གཞན་གྱིས་ཞེས་བྱ་བ་སྟེ་རྟོགས་པ་པོ་གཞན་གྱིས་སོ། །གལ་ཏེ་ཡང་རྟོགས་པ་པོ་གཅིག་གི་དབང་དུ་བྱས་ནས་བུམ་པ་ལ་སོགས་པ་བསྒྲིབས་པ་ཡིན་པ་དེ་ལྟ་ན་ཡང་རུང་བའི་ཡུལ་ན་གནས་པའི་རྟོགས་པ་པོ་གཞན་གྱིས་ནི་དེ་རྟོགས་པ་ཁོ་ནའོ་ཞེ་ན། གཞན་གྱི་དམིགས་སོ་ཞེས་བྱ་བ་རྣམ་པར་འགྲེལ་པས་འདི་ལ་ཡང་ལན་འདེབས་པ་ནི། དེ་ལ་ཡང་ཞེས་བྱ་བ་སྟེ། གཞན་གྱི་རྟོགས་པ་ལ་ཡང་དོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་ཞེས་བྱ་བའོ། །དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་སྨྲ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚིག་ཅེས་བྱ་བའོ། །འོན་ཏེ་བདེན་པར་སྨྲ་པའི་ཚིག་ལ་རྗེས་སུ་དཔོག་པ་པོ་ངེས་པ་ཁོ་ན་འོ་ཞེ་ན་བདེན་པར་སྨྲ་ཡང་ཞེས་བྱ་བའོ། །རྗེས་སུ་དཔོག་པ་པོ་གཞན་གྱིས་ནི། བདག་ཉིད་བདེན་པར་སྨྲ་བ་ཉིད་དུ་ཡང་དེས་པར་ནུས་པ་མ་ཡིན་ན་མངོན་དུ་བྱས་པར་ངེས་པ་ལྟ་ག་ལ་ཡང་ཡིན། །ཡུལ་གང་ལ་འདི་བདེ་ན་པར་སྨྲ་བ་ཞེ་ན། གང་ཞིག་ཅེས་བྱ་བའོ། །དེས་ཞེས་བྱ་བ་ནི་


DTG186_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་བྱེད་པའོ། །དེས་ཞེས་བྱ་བ་ནི་རྗེས་སུ་དཔོག་པའོ། །བདེན་པར་སྨྲ་བར་མི་ངེས་པ་ཡང་ཡུལ་མ་ངེས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གཞན་གྱིས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་གཞན་གྱིས་རྟོགས་པ་ཉིད་དུའོ། །དེ་ཉིད་ནི་ཞེས་བྱ་བ་ནི་གཞན་གྱི་རྟོགས་པ་གང་ཡིན་པའོ། །དེས་ན་ཞེས་བྱ་བ་ནི་བདེན་པར་སྨྲ་བ་ཉིད་དུ་ངེས་པ་མེད་པས་ན། དངོས་པོ་ལ་གཞན་གྱིས་རྟོགས་པ་ཉིད་དུ་རྟོགས་པ་མེད་པས་ནའོ། །དེ་རྟོགས་ན་ནི་ཕན་ཚུན་བརྟེན་པའི་སྐྱོན་དུ་འགྱུར་རོ། །ཅི་ལྟར་ཞེ་ན། ཕན་ཚུན་ཞེས་བྱ་བ་སྟེ། གཅིག་ལ་གཅིག་རྟོགས་པ་ཉིད་དུ་བརྗོད་པས་ན་དེ་རྟོགས་པ་ཡིན་ལ། དེ་རྟོགས་པས་ཀྱང་དེ་བརྗོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི། ངལ་མངོན་སུམ་དུ་གྱུར་པའི་དོན་གྱི་བསྐྱེད་པ་ཡིན་ཏེ། དཔེར་ན་ངའི་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་བཞིན་ནོ། །འདིའི་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡང་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་དེ་ལྟ་བུ་ཉིད་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བ་སྟེ། དེ་འདྲ་བ་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་མཐོང་བ་ལས་རྟོགས་པ་པོ་གཞན་དེས་ཀྱང་ངས་མཐོང་བ་གང་ཡིན་པ་དེ་ཉིད་རྟོགས་སོ། །ཞེས་སོ། །ལན་ནི་འོ་ན་དེ་ལྟ་བུ་ཉིད་ཅེས་བྱ་བ་སྟེ་དེ་དང་རིགས་མཚུངས་པའོ། །དེ་ནི་རྗེས་སུ་དཔག་པའོ། །ཅིའི་ཕྱིར་རིགས་པ་དང་ལྡན་པ་མ་ཡིན་ཞེ་ན་རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་དུ་བ་ཞེས་བྱ་བའོ། །དཔེ་ལ་མཐོང་བ་དེ་ཉིད་དོ། །འོན་ཀྱང་དཔེ་ལ་མཐོང་བ་དང་རིགས་མཚུངས་པ་འགྲུབ་པོ། །དེ་བཞིན་དུ་འདིར་ཡང་ཤིང་ལ་གནས་པའི་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ལས་ངེས་པའི་རྒྱུ་དང་རིགས་མཚུངས་པ་འགྲུབ་ཀྱི་དོན་གཅིག་མ་ཡིན་ནོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །བདག་ཀྱང་ཅི་སྟེ་གཅིག་མ་ཡིན་ཞེས་སྦྱར་སྟེ། བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི། ངའི་བདེན་པའམ་བདག་གིས་བྱས་པ་ཡིན་ཏེ། དཔེར་ན་ང་རང་གི་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་བཞིན་ནོ། །འདིའི་བཞིན་འགྱུར་བ་ལ་སོགས་པའི་རྣམ་པར་འགྱུར་བ་ཡང་བཞིན་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡིན་


DTG186_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །བདེ་བའམ་བདག་ཀྱང་གཅིག་ཉིད་དུ་འགྱུར་རོ། །གལ་ཏེ་མངོན་སུམ་གྱིས་གནོད་པ་ནི། ཕྱོགས་སམ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་བ་ཡིན་ན་ཞེས་བྱ་བ་ནི། བདེ་བ་ལ་སོགས་པ་ཐ་དད་ནའོ་རྟོགས་པ་དག་ཀྱང་ཞེས་བྱ་བ་ནི་སྔོན་པོ་དག་ཀྱང་ངོ༌། །ལྟ་བ་པོ་གཉིས་ཀྱི་མཐོང་བའི་སྔོན་པོ་ལ་གཅིག་ཉིད་དུ་ལྷག་པར་ཞེན་ཀྱང་རིགས་པས་ཐ་དད་པ་ཁོ་ནར་འགྱུར་རོ། །འོ་ན་ཇི་ལྟར་ཡུལ་མཚུངས་པར་རྟོགས་སྙམ་ན། དེ་རྟོགས་པ་མེད་པར་ཞེས་བྱ་བ་སྟེ། གཉི་གས་གཅིག་རྟོགས་པ་མེད་པར་རོ། །དེ་རྟོགས་པས་ཀྱང་ཅིའི་ཕྱིར་ཡུལ་གཅིག་ཉིད་མ་ཡིན་ཞེ་ན། དངོས་པོའི་བྱ་བའོ། །གང་གི་ཕྱིར་བསྒྲིབས་པའི་དུས་ན་བུམ་པ་ལ་སོགས་པ་ཅི་ལྟར་ཡང་ཡོད་པར་མི་འགྱུར་བ་དེས་ན་བུམ་པ་ལ་སོགས་པ་ཡོད་ཀྱང་སྒྲིབ་པ་ཡོད་པས་ནའོ། །གཞན་གྱིས་རྟོགས་པ་ཉིད་རྟོགས་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །འོན་ཏེ་རྟོགས་པ། །འདི་ནི་གནོད་པ་དེས་ན། ཚད་མ་མ་ཡིན་ནོ་ཞེ་ན། གནོད་པར་བྱེད་པ་ཞེས་བྱ་བའོ། །གལ་ཏེ་གནོད་བྱེད་བརྗོད་མ་ཐག་པ་ཁོ་ན་མ་ཡིན་ནམ་ཅི་ལྟར་དེ་མེད་སྙམ་ན། འདིར་ཞེས་བྱ་བ་སྟེ། གཞན་གྱིས་རྟོགས་པ་ཉིད་རྟོགས་སོ་ཞེས་རྟོགས་པ་ལའོ། །ཅི་ལྟར་འཇིག་པར་འགྱུར་ཞེ་ན། ཞིབ་མོར་ཞེས་བྱ་བ་སྟེ་ཟས་ལ་སོགས་པ་ཡང་མི་ཟ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་དེ་བཀག་པ་ཚད་མ་བཀག་པ་ཡིན་ཞེ་ན། ཞིབ་མོར་ཞེས་བྱ་བའོ། །ཕ་རོལ་ནི་སངས་རྒྱས་པའོ། །གལ་ཏེ་འཇིག་རྟེན་གྱི་ཐ་སྙད་འཕེལ་བའི་དོན་དུ་ཡིན་པའི་ཕྱིར་དོན་བྱེད་པ་ཅི་ལྟར་ཞེ་ན། ཐ་སྙད་ཙམ་པོ་ཞེས་བྱ་བའོ། །རྨོངས་པ་འཕེལ་བའི་དོན་དུ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེན་།A་བསྟན་བཅོས་ཞེས་བྱ་བའོ། །འདི་ཉིད་ལ་དོགས་པ་སྔོན་དུ་འགྲོ་བ་ཅན་གྱི་སུན་འབྱིན་པ་གཞན་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་ཞེ་ན། སྤྱི་བོར་ཞེས་བྱ་བའོ། །གལ་ཏེ་ཐ་སྙད་རྣམ་པར་དཔྱོད་པས་གནོད་ན། དེའི་ཚེ་ཡང་རྟོགས་པ་ལྡན་པ་ཁས་ལེན་པ་ཁོ་ནའོ་ཞེ་ན། བརྗོད་པ་ནི་མཁས་པ་རྣམས་ལ་ནི་ཞེས་བྱ་བ་སྟེ་ཐར་པ་འདོད་པ་རྣམས་ལ་འཁོར་བའི་ཐ་སྙད་འཆད་པ་ཁོ་ནའོ། །ཞིབ་མོར་རྣམ་པར་དཔྱད་ཀྱང་འཁོར་བ་མེད་པ་དག་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ནི་ཅི་ལྟར་ཞེས་བྱ་བའོ། །ཡང་ན་ལྷག་པར་ཞེན་པ་ཅི་ལྟ་བ་བཞིན་རྒྱུ་དང་འབྲས་བུའི་རང་བཞིན་གྱི་ཐ་སྙད་བསྒྲུབ་པའི་ཕྱིར་ཉམས་པར་ག་ལ་འགྱུར་ཏེ་ཅི་འགལ་ཞེས་བྱ་བའོ། །འདི་ཉིད་རྣམ་པར་


DTG186_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ནི། ཐ་སྙད་པ་རྣམས་ཀྱི་ཞེས་བྱ་བའོ། །འོ་ན་འདི་ཇི་ལྟར་ཟློག་སྙམ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། ཐ་སྙད་པ་རྣམས་ཀྱི་ཉམས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐ་སྙད་འདིའི་དེ་ཁོ་ན་སྟེ་རང་བཞིན་ངེས་པར་བརྟགས་པར་ཟློག་པར་བྱེད་དོ། །གལ་ཏེ་ཐ་སྙད་ནི་རྣམ་པར་རྟོག་པ་ཡིན་ལ། དེ་ནི་ངེས་པར་རྟོག་པ་ལས་སྔར་ཡང་མེད་པ་ཁོ་ན་མ་ཡིན་ནམ། དེས་ན་གང་གིས་འདི་ངེ་པར་བརྟགས་པས་བཟློག་ཅེ་ན་མྱ་ངན་ལས་འདས་པའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཐ་སྙད་ཀྱི་དེ་ཁོ་ན་ངེས་པར་བརྟགས་པས་ཟློག་པར་བྱེད་པ་ཡིན་ན། དེ་ཉིད་དེ་ཁོ་ན་མ་ཡིན་མོད། ཅི་ལྟར་ན་འཁོར་བ་དེ་ཁོ་ན་མ་ཡིན་པར་འགྱུར་ཞེ་ན། ཀུན་རྫོབ་ཅེས་བྱ་བའོ། །འཁོར་བ་དེ་ཁོ་ན་མ་ཡིན་ན། དེ་ཁོ་ན་ཉིད་ནི་མྱ་ངན་ལས་འདས་པ་ཡིན་པར་གནས་སོ་ཞེས་བརྗོད་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །དེ་ལྟ་ནའོ་ན་དེ་ཁོ་ན་དང་དེ་ཁོ་ན་མ་ཡིན་པ་ཐ་དད་པའི་ཕྱིར་ཅི་ལྟ་དེ་ཁོན་གཉིས་མེད་པར་གཞག་ཅེ་ན། དེ་ཉིད་དེ་ཉིད་མིན་ཞེས་བྱ་བ་སྟེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བདག་ཐ་དད་པ་དག་མ་ཡིན་གྱི། འོན་ཀྱང་རྣམ་པར་བྱང་བ་ཉིད་སྣ་ཚོགས་གཉིས་མེད་པར་རིགས་པ་ཁོ་ན་ཡིན་གྱི་དོན་དམ་པར་ན་འཁོར་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་དོན་དམ་པ་ཉིད་ཡིན་ཏེ། དེས་ན་གཉིས་མེད་པའི་དེ་ཁོ་ན་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཁོར་བ་ཞེས་བྱ་བ་དོན་དམ་པར་མེད་པ་ཁོ་ན་ཡིན་ན། འོ་ན་ཅི་ལྟར་འཇིག་རྟེན་འཁོར་བ་ཞེས་མངོན་པར་རློམ་པ་ཡིན་ཞེས་དོགས་ན། དེ་ཉིད་དཔྱད་པ་མེད་པ་དག་ཁོ་ན་དེ་ཁོ་ན་མ་ཡིན་ནོ་ཞེས་སེམས་པར་བྱེད། །ཅི་ལྟར་འཁོར་པའི་ཐ་སྙད་ཆད་པར་བྱ་བ་ཡིན་ཞེ་ན། ཁོ་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱད་བ་དག་ཐ་དད་བ་དེ་ནའོ། །ཅི་ལྟར་འཇིག་པར་འགྱུར་ཞེས་བྱ་བ་ནི་ཅི་ལྟར་ཁྱོད་ཐེ་ཚོམ་ཟ་ཕྱིར་འཇིག་པར་འགྱུར་ཞེས་བརྗོད། ཞིབ་མོར་དཔྱོད་པ་ནི་རྣམ་པར་དཔྱོད་པ་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བ་ཁོ་ན་སྟེ། འཁོར་པ་ཆ་དཔའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་གང་གི་ཚེ་འཁོར་བ་ལ་གནོད་པ་མ་ཡིན་ཞེ་ན། ཅི་སྲིད་ཅེས་བྱ་བའོ། །དེས་ན་དེ་ཁོ་ན་མཐོང་བ་ལས་འཁོར་བ་ཅད་པར་འགྱུར་བ་ནི་འདོད་པ་ཉིད་ཐོག་ཏུ་བབ་པ་ཡིན་ནོ། །གལ་ཏེ་དེ་ཁོ་ན་མཐོང་བ་ཉིད་ལས་འཁོར་བ་ལྡོག་པ་ཡིན་ན་དེའི་ཚེ་ཐོག་མ་བ་ཉིད་དུ་དེ་ཁོ་ན་ཅི་སྟེ་མི་བསྒྲུབ་སྟེ། མི་


DTG186_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་ལ་སོགས་པ་སྒྲུབ་པའི་ཐ་སྙད་ཀྱི་ཅི་ཞིག་བྱ་ཞེ་ན། མཁས་པའི་སྐྱེ་བོ་ཞེས་བྱ་བའོ། །འདི་ཉིད་ནི་འཆད་བཞིན་པའོ། །གང་ལ་ནི་སྐད་ཅིག་ལའོ། །ཅི་ལྟར་སྐད་ཅིག་མ་ཉིད་བསྒྲུབ་པ་ཅེ་ན། དོའི་ཕྱིར་ཞེས་བྱ་བའོ། །གང་གི་ཚེ་ཞེས་བྱ་བ་ནི་བརྩལ་ལ་ཐག་ཏུ་འབྱུང་བ་སྟེ། གང་ཞིག་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །གང་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་ནོ། །དེའི་ཚེ་དེ་ཞེས་བྱ་བ་ནི། དེའི་ཚེ་ཁོ་ན་དེ་བརྗོད་པ་ཡིན་ཏེ། མི་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྔོན་དང་ཕྱི་མའི་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་གང་ཞིག་ཅི་ལྟར་ཞེས་བྱ་བའོ། །གཏན་ཚིགས་འདི་ལ་སྐད་ཅིག་པ་མ་ཡིན་པར་སྨྲ་བ་གཞན་དག་མ་ངེས་པ་ཉིད་དུ་བརྗོད་པ་ནི། ཅི་ལྟར་སྨྲ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་རང་བཞིན་ནོ། །དུས་གཞན་དུ་ཞེས་བྱ་བ་ནི། བར་གྱི་རང་བཞིན་འཛིན་པའི་དུས་ལས་དུས་གཞན་ཏེ། འདས་པའམ་མ་འོངས་པ་དེར་རོ། །དེ་ནི་སྔ་ཕྱིའི་རང་བཞིན་ནོ། །དེའི་ཚེ་ནི་ཞེས་བྱ་བ་ནི་དུས་གཞན་དུ་ནིའོ། །ཅི་ལྟར་དེའི་ཚེ་དམིགས་ཤེ་ན། འདི་ལྟར་ཞེས་བྱ་བའོ། །གང་དུ་ནི་ཡུལ་དུའོ། །དམིགས་པའི་མཚན་ཉིད་ནི་མིག་ལ་སོགས་པའི་ཚོགས་པའི་ནང་དུ་ཆུད་པའི་དོན་ཏོ། །དེ་དམིགས་པ་མཚོན་པའི་ཕྱིར་རོ། །དེའི་དངོས་པོ་ནི་དམིགས་པའི་མཚན་ཉིད་དེ་དོན་གང་ཡིན་པའོ། །དེར་ནི་ཉེ་བར་དམིགས་སོ་ཞེས་བྱ་བའོ། །འདིག་ལས་ཤེ་ན། བུམ་པ་ཞེས་བྱ་བའོ། །དེ་འདྲ་བ་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་ཐོབ་པའོ། །དོན་ལ་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །གང་ཚེ་ཞེས་བྱ་བ་ནི་དུས་གཞན་ནའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་བར་གྱི་རང་བཞིན་འཛིན་པའི་དུས་ན་སྔ་མ་དང་ཕྱི་མའི་རང་བཞིན་དེ་ནི་དམིགས་པར་བྱ་བའི་རང་བཞིན་དེ་འདྲ་བ་ཉིད་མིན་པས་སོ། །གཅིག་ཉིད་ན་ཞེས་བྱ་བ་ནི་ད་ལྟར་གྱི་རང་བཞིན་དང་སྔ་མ་དང་ཕྱི་མའི་དུས་ན་ཡོད་པའི་རང་བཞིན་དུ་གཅིག་ནའོ། །དེ་དང་དེ་མིན་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པ་དང་མ་གྱུར་པ་ཅི་ལྟར་འགྱུར། དམིགས་པ་མཚན་ཉིད་དུ་གྱུར་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དུ་མ་ཉིད་དུ་ཁས་ལེན་ན། དེའི་ཚེ་དེ་ལྟར་རང་བཞིན་སྔར་བཟུང་བ་དེ་ཉིད་ཕྱིས་དམིགས་སོ་ཞེས་བྱ་བར་མི་འཐད་དེ། གཞན་ཁོ་ན་དམིགས་པའི་ཕྱིར་


DTG186_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གལ་ཏེ་ད་ལྟར་གྱི་དུས་ན་སྔ་ཕྱིའི་དུས་དག་མེད་པའི་ཕྱིར་དེ་ན་གནས་པའི་རང་བཞིན་མེད་ན་དེ་མི་དམིགས་པར་འཐད་པ་ཁོ་ན་མ་ཡིན་ནམ། དེ་ཅི་ལྟར་དམིགས་པའི་མཚན་ཉིད་དུ་གྱུར་པ་ཁོ་ནར་འགྱུར་ཞེ་ན། གང་གིས་ཞེས་བྱ་བའོ། །དེའི་ཚེ་ནི་ད་ལྟར་གྱི་དུས་སུའོ། །འོ་ན་ངས་ཞེས་བསྙད་པ་གང་ཡིན་ཞེ་ན། སྔོན་དང་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །འོ་ན་དུས་གཞན་མ་ཡིན་པར་འགྱུར་རོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དངོས་པོའི་དུས་དང་གཅིག་ཡིན་ན། དེ་བཞིན་དུ་དུས་ཀྱང་གཅིག་ཉིད་ཡིན་པར་འགྱུར་ཏེ། རྟག་པ་ཉིད་དུ་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་རྟགས་པས་ན་འདས་པ་དང་ད་ལྟར་གྱི་དུས་ཀྱི་དབྱེ་བ་མེད་པས་ནའོ། །གཞན་གྱི་ད་ལྟར་གྱི་གནས་སྐབས་ན། འདས་པ་དང་མ་འོངས་པའི་གནས་སྐབས་གཉིས་མ་དམིགས་པར་བརྗོད་པ་གང་དེ་མེད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེ་གནས་ན་དེ་ཡོང་ན་དུས་མེད་པར་མི་འགྲུབ་པའི་ཕྱིར་ཏེ། དངོས་པོ་ལས་དུས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཉིད་ལ་ཡང་ཉེས་པ་བརྗོད་པ་ནི། གཞན་ཉིད་ཡིན་ན་ཡང་ཞེས་བྱའོ། །སྔ་མ་དང་ཕྱི་མ་ཉིད་རྟོགས་པ་སྤང་པར་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་ལན་ནོ། །ཟློག་པ་ནི་དུས་ཉིད་ཅེས་བྱ་བའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དུས་ནི་ཞེས་བྱ་བའོ། །ཁས་བླངས་ནས་ཀྱང་སུན་འབྱིན་པ་ནི། ཡང་ན་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི། དུས་སྤྱིའི་དོན་ཡིན་ཡང་ངོ༌། དེ་རྟག་པ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་དངོས་བོར་དམིགས་པའི་ཕྱིར། དུས་ཐམས་ཅད་ན་ཡོད་པའི་རང་བཞིན་ཁོ་ནར་དམིགས་པར་འགྱུར་རོ། །གལ་ཏེ་ཁྱད་པར་ཅན་འཛིན་པ་ནི་ཁྱད་པར་འཛིན་པ་ལ་ལྟོས་པ་ཡིན་ཏེ་དེས་ན་འདས་པ་དང་མ་འོངས་པའི་དུས་ཀྱི་ཆ་ཁྱད་པར་རྣམས་མ་བཟུང་ན། ཁྱད་པར་ཅན་དུས་ཀྱི་སྤྱི་ཡང་མི་འཛིན་ནོ་ཞེས་དོགས་པར་བྱེད་པ་ནི། འོན་ཏེ་ཞེས་བྱ་བའོ། །གཞན་ནི་དུས་ཀྱི་ཆའོ། །སྣང་བའི་དུས་ཀྱི་སྤྱིའོ། །འོན་ཏེ་མི་སྣང་བའི་དུས་ཀྱི་ཆ་དང་གཅིག་ཡིན་པ་དེས་ན་མི་དམིགས་སོ་སྙམ་ན། སྣང་བ་མི་སྣང་བ་དང་གཅིག་ཉིད་དུ་སྐྱེས་བུ་གང་གིས་ཀྱང་ཅི་ལྟར་རྟོགས་པར་ནུས་ཏེ། དེ་ཡང་མི་སྣང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱི་དུས་ན། འདས་པ་དང་མ་འོངས་པའི་


DTG186_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དག་རྟོགས་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པའི་དུས་དང་འབྲེལ་བ་ཅན་གྱི་དོང་ཞན་མ་མཐོང་བའི་ཕྱིར་རོ་ཞེ་ན། འདིས་ནི་ཞེས་བྱ་བ་སྟེ། གཞན་མཐོང་བ་མེད་པའི་ཕྱིར་སྣང་བའི་མཐོང་བ་ཅི་ལྟར་ཞེས་བྱ་བ་འདིས་ནིའོ། །གལ་ཏེ་ཡང་ལྷན་ཅིག་སྤྱོད་པའི་དོན་གཞན་མི་མཐོང་བ་དེ་ལྟ་ན་ཡང་དུས་གསུམ་དུ་མཐོང་བའི་དུས་ཉིད་ཅེས་བྱ་བ་མི་མཐོང་བར་ཅི་ལྟར་འགྱུར། འོན་ཏེ་དུས་གསུམ་གསལ་བྱེད་ཡིན་པའི་ཕྱིར་དེ་མ་བཟུང་བར་དུས་ཉིད་ཅི་ལྟར་འཛིན་སྙམ་ན་སྔ་མ་དང་ཞེས་བྱ་བའོ། །སྔ་མ་དང་ཕྱི་མ་ན་ཡོད་པའི་དུས་ཀྱི་སྐད་ཅིག་གང་ཡིན་པ་དེས་ན་དུས་ཉིད་གསལ་བར་བྱ་བར་མི་འཐད་དེ། དེ་ནི་གསལ་བའམ་གསལ་མིན་པ། །ངོ་བོ་ཉིད་ཀྱི་གང་གནས་པ། །རྟག་པ་ཉིད་ཕྱིར་གསོ་མིན་པ། །དེ་ཟད་བྱེད་པར་ནུས་པ་གང༌། །ཞེས་བརྗོད་པའི་ཚུལ་གྱིས་སོ། །གང་གི་ཕྱིར་དེ་ལྟར་དུས་ཞེས་བྱ་བ་གཞན་མེད་པ་དེའི་ཕྱིར་རོ། །ཕྱིས་ཞེས་བྱ་བ་ནི་མ་འོངས་པའི་རང་བཞིན་གྱིས་ཀྱང་ངོ༌། །དེ་ལྟར་ཡིན་དང་ཅི་གྲུབ་སྙམ་ན། དེས་ཞེས་བྱ་བ་སྟེ་སྣང་བ་དང་མི་སྣང་བ་ཉིད་མེད་པས་ནའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ད་ལྟར་གྱི་གནས་སྐབས་ཉིད་དུའོ། །དམིགས་པའི་རང་བཞིན་གྱི་སྐད་ཅིག་ལ་ནི་སྒྲིབ་པ་ཡང་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བུམ་པ་ཞེས་བྱ་བའོ། །དེ་ལྟར་སྒྲིབ་པ་ལ་རྩོལ་བར་ཉེ་བ་མི་སྦྱོར་བ་བཤད་ནས། དབང་པོ་ལ་ཉེ་བར་མི་སྦྱོར་བ་བཤད་པའི་དོན་དུ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་རང་བཞིན་ངེས་པ་དམིགས་པར་བྱེད་པ་མ་ཡིན་པས་ནའོ། །ངེས་པར་དེ་མ་ཐག་པའི་རང་བཞིན་ད་ལྟར་བའི་རང་བཞིན་ཉིད་དུ་དམིགས་པ་ཞེས་བྱ་བ་འདིར་མི་འགྱུར་གྱི། འོན་ཀྱང་དུས་གསུམ་ན་ཡོད་པའི་རང་བཞིན་དུ་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཟློག་པ་བརྗོད་པ་ནི། དེ་མ་ཐག་པ་ཉིད་ཅེས་བྱ་བ་སྟེ་རྩོལ་བའི་དེ་མ་ཐག་ཁོ་ནར་མཐོང་གི་སྔར་ནི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་བརྩལ་མ་ཐག་ཁོ་ནར་མཐོང་བས་ན། དོན་དེ་ནི་དེ་ཙམ་དུ་ཞེས་བྱ་བ་རྩོལ་བའི་དེ་མ་ཐག་པར་ཡོད་པ་ཙམ་ཉིད་ཀྱི་རང་བཞིན་ཅན་ཡིན་ནོ། །དེས་ན་རྟག་པ་ལ་ནི་དབང་པོ་ལ་ཕན་བཏགས་པས་སོ་སོར་ངེས་པའི་རང་བཞིན་དམིགས་པར་བྱེ་དཔ་མ་ཡིན་ནོ་ཞེས་གཉུག་མ་དང་འབྲེལ་བར་བྱའོ། །ཅིའི་ཕྱིར་སོ་སོར་ངེས་པའི་རང་བཞིན་དམིགས་པར་བྱེད་པ་མ་ཡིན་ཞེ་ན། །འདི་ལྟར་ཞེས་བྱ་བའོ། །རྩོལ་བས་


DTG186_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བྱས་པའི་དབང་པོ་ལས་ཀྱང་སྒྲ་མི་རྟག་པ་དེ་ཉིད་དམིགས་པ་མ་ཡིན་ཞེས་འོག་མ་དང་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུར་ཅེས་བྱ་བ་རྟག་པའི་རང་བཞིན་དུ་ཉེ་བར་དམིགས་པའི་ཕྱིར་ཏེ། དེ་ནི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལོགས་པར་བྱས་པ་ལས་རྟག་པ་ཡང་མི་རྟག་པའི་རང་བཞིན་ཉིད་དུ་དམིགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བརྗོད་པ་ལོགས་པར་བྱས་ཀྱང་སྒྲ་གང་ལ་མི་རྟག་པ་ཉིད་གང་ཞིག་མེད་པའི་མི་རྟག་པ་ཉིད་དེ་ནི་སྤྲ་དེ་ལ་དམིགས་པར་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྟག་པ་ཉིད་དམིགས་པ་དེ་བས་ན་དབང་པོ་ལ་ཕན་བཏགས་པས་ནི། སོ་སོར་ངེས་པའི་རང་བཞིན་དམིགས་པར་བྱེད་པ་མ་ཡིན་ནོ། །འོ་ན་རྟག་པའི་རང་བཞིན་ཁོ་ནར་དམིགས་པར་འགྱུར་རོ་ཞེ་ན། རྟག་པ་ཉིད་ནི་ཡོད་མི་འགྱུར། །ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཉེ་བར་དམིགས་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་མ་དམིགས་ཀྱང་ཅི་ལྟར་མེད་སྙམ་ན། དམིགས་པ་ཉིད་ནི་ཞེས་བྱ་བ་སྟེ། ཡོད་པ་ཉིད་དམིགས་པ་ཡིན་པས་ན། དམིགས་པ་ལས་གཞན་པའི་ཡོད་པ་ནི་དཔྱོད་པ་མ་ཡིན་ནོ། །དེས་ན་དམིགས་པ་མེད་ན་ཡོད་པ་མེད་པའི་ཕྱིར་མེད་པ་ཁོ་ནར་འགྱུར་རོ། །ཉེ་བར་དམིགས་པ་མི་ནུས་པའི་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། རྟག་པ་ཉིད་ཡིན་ན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །མ་དམིགས་སུ་ཆུག་ཀྱང་ཞེས་བྱ་བ་ནི་རྟག་པ་ཉིད་དོ། །ལན་ནི་དམིགས་པའི་ཞེས་བྱ་བའོ་།གལ་ཏེ་རྟག་པ་ཉིད་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པ་དེས་ན་དེ་ཅི་ལྟར་དགག་སྙམ་ན། གལ་ཏེ་ཞེས་སྨོས་སོ། །དེའི་ཞེས་བྱ་བ་ནི་རྟག་པའི་རང་བཞིན་ནོ། །དམིགས་པ་ལ་ལྟོས་ཏེ་སྐྱེད་པར་བྱེད་པ་ཉིད་ཀྱི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བ་སྟེ། གཞན་གྱི་དམིགས་པའི་སྐྱེད་བྱེད་དུ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་མ་དམིགས་པ་ཉིད་ཅི་ལྟར་ཡིན་སྙམ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དེའི་རང་བཞིན་ལ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་མེད་པའི་ཕྱིར་རོ། །དབང་པོ་ལོགས་པར་བྱས་པ་སུན་ཕྱུང་ནས། སྒྲ་ལ་ལོགས་པར་བྱེད་པ་ཉིད་སུན་འབྱིན་པ་ནི་སྒྲ་ལ་ཞེས་བྱ་བའོ། །སྒྲ་ལ་རྩོལ་བས་ཕན་བཏགས་པར་བྱས་པ་ནི་གཞན་མ་ཡིན་པར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་སྒྲ་ལ་སོགས་པ་ལ་རྩོལ་བས་ཅི་ཡང་མི་བྱེད་པར་འགྱུར་


DTG186_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །ཕྱོགས་དེ་ལ་ནི་དེ་ཉིད་མི་རྟག་པ་ཉིད་ཡིན་ཏེ་དེའི་བདག་ཉིད་དུ་གྱུར་པའི་ཕན་པ་བྱས་ན། དེ་ཡང་བྱས་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། རྩོལ་བ་དབང་པོ་དང༌། སྒྲིབ་པ་སྒྲ་རྣམས་ལ་ཉེ་བར་མི་སྦྱོར་བའི་ཕྱིར་རོ། །རྟག་པ་ནི་འགལ་ཞིག་གི་ཚེ་འབྲས་བུ་མི་བྱེ་དཔར་འགལ་བ་ཡིན་ནོ། །རྟག་པ་རེས་འགའ་འབྲས་བུ་མི་བྱེད་པར་འགལ་བ་དེ་ཉིད་ཀྱི་ཕྱིར་ན། རྟག་པ་ལས་ལྡོག་པའི་ཤེས་པ་འདི་འདྲ་བ་རེས་འགའ་བ་དེ་ནི། རེས་འགའ་བའི་དོན་གྱི་འབྲས་བུར་གྲུབ་པས་དེའི་རྟགས་ཡིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་རྟག་པ་དང༌། འབྲས་བུ་རེས་འགའ་བ་འགལ་བར་བསྟན་པའི་ཕྱིར་བརྗོད་པ་ནི། སྒྲ་དང་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་དཔེའོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་ཁྱབ་པ་ཉིད་དུའོ། །ཤེས་པ་རེས་འགའ་བར་ཅི་ལྟར་མི་འགྱུར་ཞེ་ན། དེ་ནི་ཞེས་བྱ་བ་སྟེ་སྒྲ་ལ་སོགས་པའོ། །གཞན་དུ་ཞེས་བྱ་བ་ནི། རེས་འགའ་བ་ཉིད་དུ་དམིགས་པ་ཡང་རྟག་པ་རང་བཞིན་འཛིན་པ་མ་ཡིན་ནོ། །རྟག་པ་དང་འབྲས་བུ་རེས་འགའ་བ་འགལ་བ་མེད་པར་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རེས་འགའ་དམིགས་པའོ། །ཅི་ལྟར་འདི་འཁྲུལ་པ་ཡིན་སྙམ་ན། ཚུ་རོ་ལ་ཞེས་བྱ་བའོ། །འོ་ན་དོན་ཡང་མི་རྟག་པ་ཁོ་ནའོ་ཞེ་ན། དེ་ཞེས་བྱ་བ་སྟེ་ཚུ་རོལ་མཐོང་པ་དེའོ། །གཟུང་བར་བྱ་བ་སྒྲ་ལ་སོགས་པའི་རང་བཞིན་གཞན་དུ་མི་རྟག་པར་འགྱུར་བ་ཡང་མ་ཡིན་ནོ། །འོ་ན་དེ་ཚད་མ་མ་ཡིན་ནོ་ཞེ་ན། དེ་ནི་ཞེས་བྱ་བ་སྟེ། ཁྱབ་པའི་དོན་དེའོ། །མ་ཁྱབ་པར་རྟོགས་ཀྱང་ཁྱབ་པ་ལ་འཇུག་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོ་ཉིད་གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་མ་འཁྲུལ་པའི་མཐོང་བས་གནོད་པའི་དུས་ནའོ། །ཕ་རོལ་པོ་ཉིད་ལན་འདེབས་པ་ནི། མ་འཁྲུལ་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་དང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདིར་ནི་ཞེས་བྱ་བ་ནི་ཡུལ་དང་དུས་ཁྱབ་པའི་རང་བཞིན་ལའོ། །འདི་ནི་ཞེས་བྱ་བ་ནི་ངོ་ཤེས་པའོ། །ཅི་ལྟར་འོད་མངོན་སུམ་གྱིས་གནོད་དེ། དེ་ཡང་མངོན་སུམ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ངོ་ཤེས་ཀྱི་ཞེས་བྱ་བའོ། །ཅི་ལྟར་མངོན་སུམ་མ་ཡིན་ཞེ་ན། མངོན་སུམ་ནི་ཞེས་བྱ་བའོ། །མངོན་སུམ་ནི་ད་


DTG186_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བ་ཙམ་ཞིག་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དབང་པོའི་ཞེས་བྱ་བའོ། །ཅི་ལྟར་ཚད་མ་ཡིན་ཞེ་ན། མི་སླུ་བ་དང་ཞེས་བྱ་བ་སྟེ་མ་ཁྱབ་པ་ལའོ་ཞེས་བལྟའོ། །ངོ་ཤེས་པ་ནི་མངོན་སུམ་མ་ཡིན་ཞིང་ཚད་མ་ཡང་མ་ཡིན་ཏེ་འདི་ལས་བཟློག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་ནི་ཚད་མ་མ་ཡིན་པས་ནའོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་དངོས་པོ་དུས་ཁྱབ་པར་བྱེད་པ་ཡིན་ལ། དུམ་བུར་འཛིན་པར་འགྱུར་བས་དེའི་ཚེ་སྣ་ཚོགས་གཅིག་ཁོ་ནར་འགྱུར་ཏེ། དངོས་པོའི་རང་བཞིན་དུ་ཐ་མི་དད་པའི་ཕྱིར་རོ། །སྣ་ཚོགས་པ་དེའི་འཛིན་པ་ནི་ཆ་ཤས་ཡིན་པར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །གཞན་དུ་ཞེས་བྱ་བ་ནི་མ་ཁྱབ་པ་ཉིད་དུའོ། །འདི་ལ་ལན་གྱི་དོགས་པ་བསུ་བ་ནི་གཅིག་ཉིད་ཡིན་ན་ཞེས་བྱ་བའོ། །ལན་འདེབས་པ་ནི་འོ་ན་ནི་ཞེས་བྱ་བའོ། །དབྱངས་ལ་སོགས་པའི་དབྱེ་བ་ལ་ཡང་གཅིག་ཉིད་ཀྱི་རྒྱུ་མཚན་སྒྲ་ཡིན་ནོ་ཞེས་དོགས་པ་ནི། དབྱངས་ལ་སོགས་པའི་ཞེས་བྱ་བའོ། །ལན་ནི་བུམ་པ་ཞེས་བྱ་བའོ། །སྒྲ་གཉི་གའི་རང་བཞིན་དུ་དོགས་པ་ནི། གཅིག་དང་ཞེས་བྱ་བའོ། །སྒྲ་ནི་སྒྲ་ཉིད་དུ་ནི་གཅིག་ཡིན་ལ། དབྱངས་ལ་སོགས་པས་ནི་དུ་མ་ཡིན་ནོ་ཞེ་ན། ལན་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བ་སྟེ། གཅིག་ནི་མི་བདེན་པ་ཁོ་ན་སྟེ། གཅིག་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དུ་མ་ཉིད་བདེན་པར་འགྱུར་ཏེ། བཟློག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་གཅིག་ཉིད་མི་བདེན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཁྱེད་ཀྱི་ལུགས་ཀྱིས་ངོ་ཤེས་པའི་དབང་གིས་གཅིག་ཉིད་འཛིན་པ་ཡིན་པས་ན། སྒྲ་གཅིག་ཉིད་དང་དུ་མ་ཉིད་དུ་འགྱུར་ན། ངོ་ཤེས་པ་དེ་ཡང་ཚད་མ་མ་ཡིན་པ་ཉིད་དུ་སྔར་བྱས་པས་ན་ཅི་ལྟར་གཅིག་ཉིད་དུ་སྒྲུབ་པར་བྱེད། གལ་ཏེ་གཉི་ག་མི་བདེན་ན། འོ་ན་ཅི་བདེན་ཞེ་ན། གང་གི་ཚེ་ཞེས་བྱ་བའོ། །ཅི་ལྟར་ན་ཐ་དད་པ་ཉིད་བདེན་ཞེ་ན། དེའི་ཕྱིར་ཞེས་བྱ་བ་སྟེ་ཐ་དད་པའི་ཕྱིར་རོ། །ཐ་མི་དད་ལ་སྟེ། སྔ་མ་དང་ཕྱི་མའི་དུས་དག་ཏུ་གཅིག་པ་ལ་ནི། ཐ་དད་ཀྱི་རང་བཞིན་གཟུང་བར་བྱ་བ་ཕྱི་རོལ་བདེན་པ་ཚད་མ་དང་ལྡན་པ་ནི་གང་ལའང་མེད་དོ། །དེའི་ཕྱིར་ཐ་དད་པ་ཁོ་ན་བདེན་པ་ཡིན་ནོ། །འོ་ན་ཐ་མི་དད་པ་ཅི་ལྟར་འགྲུབ་སྙམ་ན། ཐ་དད་ཅེས་བྱ་བའོ། །འོ་ན་ཐ་མི་དད་པ་


DTG186_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདེན་པ་ཡིན་ནོ་ཞེ་ན། རྣམ་རྟོག་དེ་ནི་ཚད་མ་མིན་ཏེ། དེས་ན་ཅི་ལྟར་དེས་གྲུབ་པའི་ཐ་མི་དད་པ་མི་བདེན་པ་ཉིད་དུ་གྱུར། ཕྱེད་ཕྱི་མ་འཆད་པ་ནི། ཐ་དད་པ་ཉིད་བདེན་པ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་གང་གིས་འདི་དེ་ལྟར་ཁས་ལེན་པར་འགྱུར་བ། ཐ་དད་པ་མི་བདེན་ན་ཅི་ཉེས་སྙམ་ན། ཐ་དད་པ་མི་བདེན་ན་ཞེས་བྱ་བ་སྟེ། གལ་ཏེ་ཐ་དད་པ་མི་བདེན་པར་ཁས་ལེན་ན་དེའི་ཚེ་ཐ་མི་དད་པ་དེ་ཆོས་ཅན་གང་ཞིག་གིས་ཡིན་ཏེ། གང་གི་ཡང་མ་ཡིན་ནོ། །འོན་ཏེ་ཐ་མི་དད་པ་ཁོ་ན་བདེན་པ་ཡིན་ཏེ། དེ་ཙམ་གྱིས་ཐ་སྙད་བྱེད་པའི་ཕྱིར་ཞེ་ན། ཐ་མི་དད་པ་ཙམ་གྱིས་ཞེས་བྱ་བའོ། །གང་གི་ཕྱིར་ཐ་དད་པ་མི་བདེན་པ་ཉིད་ཡིན་ན། ཐ་མི་དད་པ་གང་གིས་ཡང་ཆོས་སུ་མི་འགྱུར་ཞིང༌། ཐ་མི་དད་པ་ཙམ་གྱིས་ཀྱང་ཐ་སྙད་དུ་མི་འགྱུར་བ་དེའི་ཕྱིར་རོ། །ཐ་དད་པ་མི་བདེན་ཡང་དེའི་ཐ་མི་དད་པ་ཅི་སྟེ་བདེན་པར་མི་འགྱུར་ཞེ་ན། ཆོས་ཅན་ཞེས་བྱ་བའོ། །དེ་ལྟར་ནི་བདེན་པར་རོ། །དཔེ་བརྗོད་པ་ནི་རི་བོང་གི་ཞེས་བྱ་བའོ། །ཐ་དད་པ་ནི་ཐ་མི་དད་པ་ལ་མི་ལྟོས་པར་རང་ཉིད་ཁོ་ནས་ཡིན་ནོ་ཞེས་ལན་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །རྒྱུ་གང་གི་ཕྱིར་ཆོས་ཅན་གྱི་རང་བཞིན་དུ་གྱུར་པ་ཐ་མི་དད་པ་གཞན་གྱི་དབང་གི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་རྒྱུ་དེ་ཉིད་ཀྱི་ཕྱིར་དེ་ཐ་དད་པ་ཡིན་ནོ་ཞེས་བརྗོད་དེ། གཞན་དུ་ཞེས་བྱ་བ་ཐ་མི་དད་པ་དང༌། ཐ་དད་པ་གཞན་གྱི་དབང་གི་མཚན་ཉིད་ཀྱི་འབྲེལ་བ་ཡོད་ན། ཆོས་ཅན་ཐ་དད་པ་ཉིད་ཉམས་པར་འགྱུར་རོ། །ཐ་དད་པར་བྱ་བའི་དངོས་པོ་ཉིད་ཐ་དད་པ་ཡིན་ལ། དེ་ཡང་ཆོས་ཅན་ཁོ་ན་ཡིན་ཏེ་རྟེན་མེད་པའི་ཕྱིར་རོ། །ཐ་དད་པ་ནི་ཐ་དད་པར་བྱ་བར་དམིགས་པ་དག་གི །འདས་པའི་བདག་ཉིད་ཀྱི་ཆོས་ཐ་དད་པ་ལ་བརྟེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་ཐ་མི་དད་པ་ནི་ཞེས་བྱ་བའོ། །སྤྱིའི་ཆོས་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བ་ལང་ཉིད་ལ་སོགས་པའི་སྤྱི་ཐ་དད་པ་བསལ་ན་མི་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཐ་མི་དད་པ་ཡང་ཐ་དད་པ་གསལ་ན་འཚམ་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་པ་དང༌། དམིགས་པའི་འབྲས་བུ་རེས་འགའ་བ་ནི་འགལ་བ་ཡིན་ནོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་ཆད་པ་མེད་པའི་རང་བཞིན་ཉིད་དུའོ། །རྣམ་པར་ཆད་པ་ཞེས་བྱ་བ་ད་ལྟར་བ་ཙམ་གྱི་གནས་སྐབས་འཛིན་པ་གང་ཡིན་པ་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་


DTG186_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ་ཁྱབ་པའི་རང་བཞིན་ནོ། །གཞན་ལ་ཞེས་བྱ་བ་ཤེས་པ་གཞན་ལ་ལྟོས་ནས་འཛིན་པའོ། །ཅིའི་ཕྱིར་དེ་ལྟར་མི་འཛིན་སྙམ་ན། དེ་ཡང་ཞེས་བྱ་བ་སྟེ་བཟུང་བཞིན་པ་ད་ལྟར་བ་ཡང་ངོ༌། །དེའི་ཕྱིར་ཞེས་བྱ་བ་ནི་རྟག་པ་ཡིན་ན་འབྲས་བུ་རེས་འགའ་བར་འགལ་བའི་ཕྱིར་རོ། །ཁྱབ་པ་བསྒྲུབས་ནས་ཕྱོགས་ཀྱི་ཆོས་ཉིད་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །ད་ལྟར་གྱི་གནས་སྐབས་འཛིན་པར་བྱེད་པ་ཤེས་པའི་མཚན་ཉིད་ཀྱིས་འབྲས་བུ་ལས་སྒྲ་མི་རྟག་པ་ཉིད་དུ་རྟོགས་པ་ཡིན་ནོ། །གལ་ཏེ་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བ་འདི་ཉིད་ཀྱིས་རང་བཞིན་དང་འབྲས་བུ་གཉི་ག་བསྟན་པ་འགྲུབ་པ་མ་ཡིན་ནམ། དེས་ན་བྱས་པའི་ཕྱིར་ཞེས་བསྟན་པས་ཅི་བྱ་ཞེ་ན། དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་ཀྱིས་རང་བཞིན་ཉིད་གྲུབ་ཀྱང་བྱས་པའི་ཕྱིར་ཞེས་བྱ་བའི་རང་བཞིན་འདི་ཐ་དད་པར་བྱས་པ་ནིའོ། །གལ་ཏེ་ཚུལ་གསུམ་རྟགས་ལས་དོན་མཐོང་བའོ་ཞེས། རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་བཤད་ཟིན་པ་མ་ཡིན་ནམ། དེ་སྐད་བཤད་ནས་ཡང་འདི་སྐད་ཅེས་དེ་ལ་རིགས་མཐུན་ལ་ཡོད་དང་ཞེས་བྱ་བ་ལ་སོགས་པ་ཡང་གསུངས་པ་དེ་ནི་ཟློས་པ་ཡིན་ནོ་ཞེས་དོགས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོག་པའོ། །རྟོགས་དོན་དུ་ཞེས་བྱ་བའི་ལན་གྱི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཡང་དོན་འདི་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ཁོ་ནས་བསྡུས་པ་དེ་ལྟ་ན་ཡང་དོན་དེ་ཉིད་རྒྱས་པར་བསྟན་པའི་དོན་དུ་དེ་ལ་རིགས་མཐུན་ལ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །རིགས་མཐུན་ལ་ཡོད་ཅེས་བྱ་བ་འདིས་ནི་གཏན་ཚིགས་མཐུན་པའི་ཕྱོགས་ཐམས་ཅད་ཁྱབ་པར་བཟུང་ངོ༌། །རྣམ་གཉིས་ཞེས་བྱ་བ་འདིས་ནི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་བཟུང་ངོ༌། །དེ་ལ་རིགས་མཐུན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་མེད་ན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་བྱ་བའི་ཚིག་འདིས་བརྩལ་མ་ཐག་ཏུ་འབྱུང་པ་རྣམ་པ་གཉིས་ཀྱིས་འཇུག་པ་ཁོ་ན་འཛིན་པར་འགྱུར་གྱི། བྱས་པ་ཉིད་ན་མི་ཡིན་ནོ། །རྗེས་སུ་དཔག་པར་ཞེས་བྱ་བ་ནི་ཚུལ་གསུམ་རྟགས་ལས་དོན་མཐོང་བའི་ཞེས་བྱ་བ་རང་གི་དོན་གྱི་རྗེས་སུ་དཔག་པར་རོ། །གཏན་


DTG186_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བརྗོད་བྱས་ཞེས་བྱ་བ་ནི་དེ་ལ་རིགས་མཐུན་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱས་པའོ། །རབ་ཏུ་དབྱེ་བ་ཙམ་ཞེས་རིགས་མཐུན་པ་ཐམས་ཅད་ལ་ཡོད་པ་དང༌། དེ་ལ་རྣམ་པ་གཉིས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་ལ་ནི་ཞེས་བྱ་བ་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་བྱ་བའི་མཚན་ཉིད་ལ་ཐ་དད་པ་མེད་པ་སྟེ། མཐུན་པའི་ཕྱོགས་ལ་ཁྱབ་པ་དང༌། །རྣམ་པ་གཉིས་ཀ་ལ་འཇུག་པ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི། གལ་ཏེ་དེ་ལ་རིགས་མཐུན་ལ་ཡོད་དང་ཞེས་བྱ་བ་ལ་སོགས་པ་མ་བྱས་ན། རིགས་མཐུན་པ་ཡོད་པ་ཁོ་ན་ཞེས་བྱ་བ་གང་ཡིན་པ་དེ་ནི་དཔེར་བརྗོད་པ་མེད་པའི་ཕྱིར་མཚན་ཉིད་མི་བྱེད་པ་ཁོ་ནར་འགྱུར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གཏན་ཚིགས་ཀྱིས་མཚན་ཉིད་མ་ཡིན་ནམ། དེ་ནི་མཐུན་པའི་ཕྱོགས་ལ་ཁྱབ་པ་དང་མ་ཁྱབ་པ་ལ་ཡང་མཚུངས་པ་ཁོ་ན་ཡིན་ཏེ། དེས་ན་ཐམས་ཅད་བསྡུས་པ་ཡིན་ནོ་ཞེ་ན། དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཞེས་བྱ་བ་ནི་གསུམ་བསྟན་ནའོ། །འདིར་ནི་གཏན་ཚིགས་ཀྱི་འཁོར་ལོར་རོ། །གང་གི་ཕྱིར་འབྲས་བུའི་གཏན་ཚིགས་ཀྱི་མཐུན་པའི་ཕྱོགས་གཅིག་ལ་བརྟེན་པའི་རང་བཞིན་བརྗོད་པར་འདོད་པ་དེས་ན། རྩོལ་པ་ལས་གསལ་བ་དང་སྐྱེ་བ་ལ་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་འདྲ་པར་དཔེར་བརྗོད་པ་གཅིག་བརྗོད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རང་བཞིན་བསྟན་པས་མི་བཞེད་ནའོ། །དེས་ན་ཞེས་བྱ་བ་ནི་ཤིན་ཏུ་གསལ་བའི་འབྲས་བུའི་གཏན་ཚིགས་དཔེར་མ་བརྗོད་པས་ནའོ། །གལ་ཏེ་གཉི་ག་རྩོལ་བའི་འབྲས་བུ་ཅི་ལྟར་ཡིན་ཞེ་ན། ཤེས་པ་ཡང་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། རྩོལ་བས་ན་སྒྲའི་རང་བཞིན་ཁོ་ན་བྱེད་པ་ཡིན་ལ། རྩོལ་བས་བྱས་པ་དེས་ནི་ཤེས་པ་ཡིན་ནོ། །དེས་ན་ཤེས་པ་ཡང་རྩོལ་བ་ལས་བྱུང་བར་ཅི་ལྟར་འགྱུར་ཞེས་བྱ་བའོ། །དེ་ནི་མི་རིགས་ཏེ་ཞེས་བྱ་བའི་ལན་དེ་ལ་ཡང་དོན་འདི་ཡིན་ཏེ། བྲམ་ཟེའི་འདོད་པས་སྒྲ་རྟག་པ་ཡིན་པའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་ཏེ། དེས་རྩོལ་བའི་ལྷན་ཅིག་བྱེད་པས་རང་གི་ཡུལ་ཅན་གྱིས་ཤེས་པ་བསྐྱེད་པར་བྱ་བ་ཡིན་ལ། ཤེས་པ་དེས་ནི་དུས་གསུམ་ན་ཡོད་པའི་རང་བཞིན་ཅན་གྱི་སྒྲ་འཛིན་པ་ཡིན་ནོ་ཞེས་བྱ་བའོ། །ཡུལ་


DTG186_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་སྒྲ་ཡང་ངོ༌། །དེས་ན་ཞེས་བྱ་བ་ནི་སྒྲ་རྒྱུ་ཡིན་པས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྒྲས་བསྐྱེད་བར་བྱ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་གཟུང་བྱར་ཐ་ལ་ཞེ་ན། དེས་ཞེས་བྱ་བ་སྟེ་སྔ་མ་དང་ཕྱི་མ་ན་ཡང་ཡོད་པའི་རང་བཞིན་ནིའོ། །ཅིའི་ཕྱིར་ཞེ་ན། འཁོར་ལིང་དུ་ཞེས་བྱ་བའོ། །དྲན་པས་གཟུང་བ་གཞན་དུ་མི་འཐད་པས་ན། སྔར་གྱི་མངོན་སུམ་གྱིས་འབྱུང་བར་འགྱུར་བའི་རང་བཞིན་ཡང་བཟུང་བ་ཁོ་ནའོ་ཞེས་དོགས་པ་ནི། འོན་ཏེ་ཡང་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྔར་མ་བཟུང་ནའོ། །དོ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཅིའི་ཕྱིར་མ་བཟུང་བ་ལ་མི་འཇུག་སྙམ་ན། གང་གི་ཕྱིར་བཟུང་བ་ཉིད་དྲན་པས་ནའོ། །འཛིན་པས་ནི་བདག་ཉིད་འབྱུང་བར་འགྱུར་བའི་རང་བཞིན་འཛིན་པར་བྱེད་པ་ཉིད་དུ་མི་རྟོགས་ལ། དེའི་རྗེས་སུ་འབྲང་བའི་དྲན་པས་ནི་རྟོགས་སོ་ཞེས་བྱ་བ་ནི་མཚར་ཆེའོ་ཞེས་ལན་འདེབས་བ་ནི་ངས་ཞེས་བྱ་བའོ། །གང་ལ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བ་ལའོ། །འཛིན་པར་བྱེད་པ་ཞེས་བྱ་བ་ནི་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་པོ་ཡོད་པ་ཡིན་ན་འཛིན་པའི་རང་བཞིན་ནམ་ཞེས་འཆད་པར་འགྱུར་རོ། །ཅིའི་ཕྱིར་དེ་ལ་མངོན་སུམ་གྱི་བྱེད་པ་མེད་སྙམ་ན། འབྱུང་བའི་ཞེས་བྱ་བའོ། །ཅི་སྟེ་བཟུང་བ་མི་ནུས་སྙམ་ན། ཐེ་ཚོམ་ཟ་བའི་ཕྱིར་ཏེ་ཞེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ནས་འདོད་ན་ཞེས་བྱ་བའི་བར་ནི་རྩོད་པའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། ངས་བཟུང་བ་ཉིད་དོ་ཞེས་རྣམ་པ་དེ་ལྟར་མཐོང་བའི་དུས་ཕྱིས་བྱུང་བའི་དྲན་པས་ཡུལ་དུ་བྱེད་པར་འགྱུར་རོ་ཞེས་རྟོགས་པའི་རྒྱུའི་ཕྱིར་ནི་འབྱུང་བར་འགྱུར་བའི་རང་བཞིན་དེ་ཡང་བཟུང་བ་ཁོ་ནའོ། །ཅི་ལྟར་ཡུལ་དུ་བྱེད་སྙམ་ན། བཟུང་བ་ཉིད་དོ་ཞེས་བྱ་བར་རོ། །ལན་ནི་མངོན་སུམ་གྱིས་འབྱུང་བར་འགྱུར་བའི་རང་བཞིན་གཟུང་བ་ནི་མི་རུང་ངོ༌། །ཅིའི་ཕྱིར་ཞེ་ན། བཟུང་བ་ལ་ཡང་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་ལ་ནི་རེ་ཞིག་འཛིན་པ་མི་སྲིད་པ་ཉིད་དོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི། འབྱུང་བར་འགྱུར་བ་གཟུང་བའི་དོན་ནོ། །གལ་ཏེ་འབྱུང་བར་འགྱུར་ན་ཞེས་བྱ་བའི་དོན། གལ་ཏེའི་དོན་ཐེ་ཚོམ་ཟ་བ་ཉིད་དུ་གྱུར་པ་ནི། མ་བཟུང་བར་ཉིད་ཀྱིས་ཁྱབ་ན་ཅི་ལྟར་མ་བཟུང་བར་འགྱུར། བཟུང་བ་ལ་ནི་ཐེ་ཚོམ་དུ་


DTG186_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བ་ཉིད་འཇུག་པ་མ་ཡིན་ཏེ། བཟུར་བ་ཉིད་མ་བཟུང་བ་དང་འགལ་བས་ན་དེས་ཁྱབ་པའི་ཐེ་ཚོམ་དུ་གྱུར་པ་དང་ཡང་འགལ་བའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི་ཐེ་ཚོམ་དང་ནི་ཞེས་བྱ་བའོ། །དེའི་ཕྱིར་བཟུང་བ་ཉིད་ཡིན་ན་ནི་ཐེ་ཚོམ་དུ་གྱུར་པ་ཉིད་འཇུག་པར་མི་འགྱུར་པ་ཞིག་ན། འཇུག་པ་ཡང་ཡིན་ཏེ། དེས་ནམ་བཟུང་ངོ་ཞེས་བྱ་བ་ནི་བཟློག་པའོ། །འོན་ཏེ་འབྱུང་བར་འགྱུར་བ་ལ་གལ་ཏེའི་དོན་འཇུག་ཀྱང་མི་འགལ་ལོ་ཞེན་གལ་ཏེ་ཞེས་བྱ་བ་སྟེ། གལ་ཏེ་ཡོད་པར་འགྱུར་ན་དེའི་ཚེ་བཟུང་བར་འགྱུར་རོ་ཞེས་བརྗོད་པ་ནི། ཤེས་པ་གཅིག་ལ་འཛིན་པ་དང་མི་འཛིན་པའི་རང་བཞིན་དུ་ཁས་ལེན་ན་འཛིན་པའི་བྱེད་པ་ཆེའོ་ཞེས་བྱ་བ་ནི་ཁྲེལ་བ་གང་བྱེད་པའོ། །ཅིའི་ཕྱིར་གཅིག་ལ་གཉི་གའི་རང་བཞིན་མེད་སྙམ་ན། ཤེས་པ་ཡོད་པ་ཡིན་ན་ཞེས་བྱ་བའོ། །དེའི་ཕྱིར་འབྱུང་བར་འགྱུར་བ་ལ་གལ་ཏེ་ངའི་དོན་འཇུག་ན་འཛིན་པའི་བྱེད་པ་མེད་པ་ཁོ་ནའོ། །འོ་ན་བཟུང་བ་ལ་གལ་ཏེ་དེའི་དོན་འཇུག་པ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། བཟུང་བ་ལ་ཞེས་བྱ་བའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། མི་དམིགས་པ་ལ་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་ལ་འཛིན་པ་མེད་པ་ཉིད་ཀྱིས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བ་བཟུང་བ་ཡིན་ནའོ། །ཅིའི་ཕྱིར་ཞེ་ན། འབྱུང་བར་འགྱུར་བ་དེ་དང་ད་ལྟར་བ་དེ་དང་ཐ་དད་པ་མེད་པའི་ཕྱིར་རོ། །འབྱུང་བར་འགྱུར་བ་བཟུང་ན་འབྱུང་བར་འགྱུར་པ་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་ཚེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་མངོན་སུམ་གྱིས་བཟུང་བའི་དུས་ནའོ། །ཅིའི་ཕྱིར་མ་ཡིན་ཞེ་ན། ད་ལྟར་བའི་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི། འབྱུང་བར་འགྱུར་བའི་དུས་གང་ཡིན་པ་དེ་དང་འབྲེལ་པའི་ཕྱིར་རོ། །ཅིའི་ཕྱིར་ད་ལྟར་བ་ལ་སོགས་པའི་དུས་དང་ལྷན་ཅིག་སྤྱོད་པ་ཙམ་ཉིད་ད་ལྟར་བ་ལ་སོགས་པ་ཡིན་ཞེ་ན། དུས་གཞན་ཞེས་བྱ་བའོ། །དུས་དེ་ཡང་དོན་ཉིད་ཡིན་ཏེ། ལྷན་ཅིག་སྤྱོད་པའི་དུས་ནི་མ་ཡིན་ནོ། །དེ་ལྟར་ཡིན་ན་ཅི་སྐྱོན་ཞེ་ན། དེ་ལྟ་ཡིན་དང་ཞེས་བྱ་བ་སྟེ། ལྷན་ཅིག་སྤྱོད་པ་ཡིན་དང་ངོ༌། །དེའི་ནི་དུས་ཀྱིའོ། །མི་རྟག་པའི་ཞེས་བྱ་བའོ། །མི་རྟག་པའི་དོན་གང་ཡིན་པ་དེ་དང་ལྷན་ཅིག་སྤྱོད་པ་ཉིད་ནི། སྒྲའི་འདས་པ་དང་མ་འོངས་པ་ཡིན་ཏེ། དེས་ན་སྒྲ་ཁྱབ་པའི་རང་བཞིན་བཟུང་ཡང་དོན་གཞན་མ་བཟུང་བས་ཐེ་ཚོམ་ཟ་བ་


DTG186_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེ་ན། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི། མི་རྟག་པའི་དོན་གཞན་མ་བཟུང་ན། མི་རྟག་པའི་དོན་གཞན་དང་ལྷན་ཅིག་སྤྱོད་པ་ཉིད་དུ་བཟུང་བར་མི་ནུས་པའི་ཕྱིར་མི་རྟག་པའི་དོན་དང་ལྷན་ཅིག་སྤྱོད་པ་ཉིད་ངས་བཟུང་བ་ནི་འདི་ཉིད་དོ་ཞེས་རྣམ་པ་དེ་ལྟར་དྲན་པར་ཅི་ལྟར་འགྱུར། ལྷན་ཅིག་སྤྱོད་པ་མི་རྟག་པའི་དོན་དང་ལྷན་ཅིག་སྤྱོད་པ་མ་བཟུང་ཡང༌། བྱུང་བ་དང་འབྱུང་བའི་རང་བཞིན་ནི་བཟུང་བ་ཁོ་ན་སྟེ། དེས་ན་དྲན་པ་འདི་ནི་འཐད་པ་ཁོ་ནའོ་ཞེས་སེམས་ན། འདི་ཡང་མ་དག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ཞེས་བྱ་བའོ། །བྱུང་བ་དང་འབྱུང་བ་ནི་སྒྲའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་འདི་ནི། ཁྱེད་ཉིད་ཀྱི་འདོད་པ་ཡིན་ཏེ། མི་རྟག་པའི་དོན་དང་ལྷན་ཅིག་སྤྱོད་པ་ནི་འབྱུང་བ་དང་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་འབྱུང་བར་འགྱུར་བ་ཉིད་འཛིན་པར་མི་འཐད་པ་དེས་ནའོ། །འདི་ཉིད་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བའོ། །མི་བཟུང་བ་ཞེས་བྱ་བ་ནི་གཅིག་ཉིད་དོ། །འཛིན་བཞིན་པ་ནི་ཞེས་བྱ་བ་ནི་གང་གི་ཚེ་འཛིན་པ་དེའི་ཚེ་ནི་དྲན་པ་མ་ཡིན་གྱི། འོན་ཀྱང་བཟུང་བའི་རྗེས་ཐོགས་སུ་ཡིན་ནོ། །དེ་ལྟར་ཡིན་མོད། དེ་ལྟན་ཡང་བཟུང་བ་ལ་ནི་ཅི་སྟེ་མི་དྲན་ཞེ་ན། འདས་པར་བཟུང་བ་ཡིན་ན་ནི། བཟུང་བ་དེའི་རང་བཞིན་མེད་པར་འགྱུར་ལ། དེ་ལྟར་གྱུར་ན་ཡང་དེ་དྲན་པར་མི་འགྱུར་རོ། །འོན་ཏེ་སྔར་མཐོང་བ་དྲན་པས་ཤེས་པས་སོ། །དེས་ན་དེར་དྲན་པ་ཡིན་ནོ་ཞེ་ན། དྲན་པ་ད་ལྟར་ཞེས་བྱ་བའོ། །དེའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། བརྗོད་པ་སྔར་མཐོང་བ་ནི་ཡོད་པ་མ་ཡིན་ཏེ། རང་གི་མཐོང་བ་བསྐྱེད་ནས་ཞིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དངོས་མེད་རང་བཞིན་ཡིན་ནོ། །དེ་ལྟར་ཡིན་དང༌། ཅི་ལྟར་སྔར་མཐོང་བའི་རྣམ་པ་ཉིད་ཀྱིས་དྲན་པ་ཡིན་ནོ། །དེའི་རྣམ་པ་ཅན་མ་ཡིན་པས་ནི་དེ་ཤེས་པར་ནུས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བརྗོད་པ་ནི། དེ་མིན་རང་བཞིན་ཞེས་བྱ་བའོ། །དེའི་ཚེའང་ཞེས་བྱ་བ་ནི་དྲན་པའི་དུས་ན་ཡང་ངོ༌། །གལ་ཏེ་བདག་ནི་འཛིན་པ་ལ་ནུས་པ་ཡིན་གྱི་དྲན་པ་ལ་ནི་མ་ཡིན་པ་མ་ཡིན་ནམ། དེས་ན་ཅི་ལྟར་འདིས་སྔ་མ་ཉིད་ཤེས་སོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། འཛིན་པ་དང་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཅིའི་ཕྱིར་


DTG186_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེའི་ངོ་བོ་ཞེས་བྱ་བ་འཛིན་པ་དང་དྲན་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་བདག་གོ །ཅིའི་ཕྱིར་འཛིན་པ་པོ་དང་དྲན་པ་པོ་མ་ཡིན་ཞེ་ན། ལུས་ལ་ཡང་ཞེས་བྱ་བ་སྟེ། འཛིན་པ་པོ་དང་དྲན་པ་པོ་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་ཀྱང་འཛིན་པ་དང་དྲན་པ་དག་ཐ་དད་པའི་ཕྱིར་རོ། །སྐད་ཅིག་དྲུག་གནས་པ་ཉིད་མི་རྟག་པ་ཡིན་པའི་ཕྱིར་དེ་ནི་དེ་ལྟ་བུ་ཉིད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ལན་ནི་ནམ་མཁའ་ལ་སོགས་པ་ཞེས་བྱ་བའོ། །དེ་ལ་ནི་ནམ་མཁའ་ལ་སོགས་པ་ལའོ། །དེ་ཉིད་ཀྱི་འཛིན་པ་དང་དྲན་པ་དག་གོ །བདག་ནི་རྗེས་སུ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་གཞན་དུ་མི་འཐད་པ་མཐོང་བའི་དོན་རྗེས་སུ་དྲན་པའི་རང་བཞིན་ཅན་ལས། འཛིན་པ་དང་དྲན་པ་དང་ལྡན་དུ་ཡོངས་སུ་རྟོག་ན་དེ་ལྟ་ན་ནི་ནམ་མཁའ་ལ་སོགས་པ་ལ་ཡང་དེ་དང་ལྡན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེས་ན་འདུ་བ་མེད་པར་མ་གྲུབ་བོ་ཞེས་དགོངས་པའོ། །གཞན་ཡང་རྩོད་པ་ནི་འདུ་བས་ལྡན་པ་དེ་ལ་ཡང་མཚུངས་ཏེ། དཔེར་ན་བདག་ལ་དེ་ཉིད་ཀྱིས་འདུ་བ་ཡོད་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པ་ལ་ཡང་འགྱུར་རོ་ཞེས་བྱ་བའོ། །གང་ཞིག་མེད་ན་གང་མི་འཐད་སྙམ་ན། སྔོན་དང་ཞེས་བྱ་བའོ། །འདི་ནི་དྲན་པའོ། །དེ་ལྟར་འགྱུར་མོད་ཅེས་བྱ་བ་ནི། དྲན་པའམ་དྲན་པར་བྱེད་པ་པོ་ཉིད་དུའོ། །བརྩད་པ་དང་ཡང་མཚུངས་པ་ཡིན་ཞེས་བྱ་བ་རྣམ་པར་འབྲེལ་བ་ནི། འབྲེལ་པ་ལ་ཡང་ཞེས་བྱ་བའོ། །འདི་ཉིད་ཅེས་བྱ་བ་ནི་བདག་ལ་འཛིན་པ་སོགས་པའི་འབྲེལ་པ་བཞིན་ཉིད་དོ། །ཡང་ན་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་གནས་སྐབས་དག་ཏུ་དོན་གཅིག་རྟོགས་པ་ཅི་ནས་ཀྱང་འགྱུར་བར་བྱ་བའི་དོན་དུ་དྲན་པ་ལ་སོགས་པ་རྟག་པ་ཉིད་དུ་ཁས་བླངས་པར་བྱ་བའོ། །གལ་ཏེ་དྲན་པ་ད་ལྟ་ཁོ་ན་ཡོད་པ་ཡིན་ན་དེའི་ཚེ་རྟག་པ་ཉིད་མི་རྟོགས་པར་འགྱུར་ཏེ། དེས་ན་དྲན་པ་ནི་སྔ་མ་དང་ཕྱི་མའི་དུས་དག་ཏུ་རྗེས་སུ་འཇུག་པ་ཡིན་ནོ་ཞེས་ཁས་བླང་པར་བྱའོ། །འདི་ནི་འདོད་པ་ཁོ་ནའོ་ཞེས་དོགས་པ་ནི། དེ་ཉིད་ཅེས་བྱ་བ་སྟེ་དྲན་པ་ཉིད་དོ། །ལན་ནི་གང་ལ་ཞེས་བྱ་བའོ། །འདས་པའི་རང་བཞིན་གང་ལ་འཛིན་པ་ཐེ་ཚོམ་ཟ་བ་དེ་དྲན་པས་ནི་ཅི་ལྟར་ཤེས། དྲན་པ་ནི་འདུས་པའི་དུས་དེའི་ཚེ་མེད་པའི་ཕྱིར་སྔ་མ་ཉིད་དུ་ཅི་ལྟར་


DTG186_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །དེའི་ཕྱིར་མ་བཟུང་བ་བཞིན་དུ་བཟུང་བ་ལ་ཡང་ཅི་ལྟར་དྲན་པར་འགྱུར་ཞེས་བྱ་བ་འདི་གནས་སོ་གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི། འོན་ཏེ་བདག་ཤེས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟན་ཡང་ཅི་ལྟར་སྒྲ་རྟག་པ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་སྒྲ་རྣམས་རྟག་པ་ཡིན་ན་དེའི་ཚེ་བརྩལ་མ་ཐག་ཏུ་སྔ་མའི་རང་བཞིན་དང་མ་སྦྱར། འཛིན་པ་སྲིད་པ་མ་ཡིན་ན་དེ་ལྟར་འཛིན་པ་ཡང་ཡིན་ཏེ་དེས་ནའོ། །ཅི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ནི་སྔར་བརྗོད་པའི་རྩོད་པ་སྟོན་པར་བྱེད་དོ། །རྩོལ་བས་ནི་སྒྲའི་རང་གི་ངོ་བོ་སྐྱེད་ལ། དེས་ནི་ཤེས་པ་ཡིན་པས་ན། སྒྲ་མི་རྟག་པའི་ཕྱོགས་ལ། ཤེས་པ་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་མི་འཐད་དོ་ཞེས་བྱ་བའི་རྩོད་པ་གཞན་གྱི་ཕྱོགས་ལ་གནས་དེ་སྤངས་པ་ཡིན་ནོ། །གཞན་དག་ཀྱང་སྒྲ་ནི་རྟག་པ་ཡིན་པའི་ཕྱིར་རྩོལ་བས་ནི་ཤེས་པ་ཁོ་ན་སྐྱེད་པ་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །ད་ནི་དེ་རྣམ་པ་གཞན་གྱི་སྒོ་ནས་སྤང་བར་བྱ་བ་སྟེ། ཅི་ལྟར་ཞེ་ན། བརྗོད་པ་གལ་ཏེ་ཞེས་བྱ་བའོ། །བརྩལ་མ་ཐག་པར་ཡང་འགྱུར་བ་ཡིན་ཏེ་རང་གི་ངོ་བོ་འབའ་ཞིག་ལས་ནི་ཡིན་པར་མ་ཟད་དོ། །གལ་ཏེ་མི་རྟག་པའི་ཕྱོགས་ལ། བརྒྱུད་ནས་དེའི་དེ་མ་ཐག་པར་འབྱུང་བ་མ་ཡིན་ནམ་ཞེ་ན། འདིར་ཞེས་སྨོས་ཏེ། བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ལའོ། །བརྟག་པ་འདི་ནི་སྐབས་སུ་ཉེ་བར་མཁོ་བ་མེད་པའི་ཕྱིར་རོ། །རྩོལ་བ་ཡོད་ན་ཤེས་པ་འབྱུང་བ་གང་ཡིན་པ་དེ་ནི་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ཙམ་ཞིག་སྒྲ་ནི་མི་རྟག་སྟེ། །བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བའི་སྒྲས་བརྗོད་པར་འདོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་འབྲས་བུའི་གཏན་ཚིགས་དང༌། རང་བཞིན་གྱི་གཏན་ཚིགས་ཀྱང་ཡིན་པ་དེའི་ཕྱིར་རོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་བརྩལ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བ་ཉིད་ཀྱིས་སོ། །དབྱེ་བ་གཞན་ནི་ཞེས་བྱ་བ་ལྡན་པ་ལ་སོགས་པའོ། །དུ་བ་ལ་སོགས་པའི་ཡོད་པ་གང་ཞིག་བསྒྲུབ་པར་བྱ་བ་གང་མེད་ན་མི་འབྱུང་བའམ། ཤིང་ཤ་པ་ལ་སོགས་པ་གང་གིས་རང་གི་བདག་ཉིད་ཤིང་ཤ་པ་མེད་ཀྱང་ཡོད་པའི་ཕྱིར་ན་རྣམ་པར་དབྱེར་ཡོད་པ་ཅན་གྱི་ཤིང་ཉིད་གང་ཡིན་པ་དེ། དུ་བ་དང་ཤིང་ཤ་བ་ལ་སོགས་པའི་དོན་དེ་ནི་མེ་དང་ཤིང་ཉིད་ལ་སོགས་


DTG186_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དང་འཁྲུལ་མི་འགྱུར་ཞེས་བྱ་བ་དེ་ལྟ་བུའི་དོན་དུ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དེ་གཉིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་བཤད་པ་ལ་ལྟོས་ཏེ་སྦྱར་བ་ཡིན་ནོ། །འབྲེལ་བ་བྱེད་པ་དེ་ལྟར་ན་ནི། རྣམ་དབྱེར་མེད་ཅན་ཞེས་སྦྱར་བར་བྱེད་དེ། དེས་ནི་དེ་ཁོ་ན་ལྟར་བཤད་པའི་ཕྱིར་རོ། །དུ་བ་ལ་སོགས་པ་གང་ཞིག་མེ་སོགས་པ་གང་མེད་པར་རོ། །དེ་ཉིད་ནི་དུ་བ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན་དེ་ཞེས་བྱ་བའོ། །གལ་ཏེ་ལྡན་པའི་སྟོབས་ཀྱིས་མི་འཁྲུལ་བ་ཅི་སྟེ་མི་འགྱུར་ཞེ་ན། ཐ་དད་པ་ལ་ནི་ཞེས་བྱ་བའོ། །དེ་ནི་ཐལ་བའོ། །འཁྲུལ་པ་མེད་པའི་དུས་མཚུངས་པའི་མེ་ལ་སྟེ་མེ་འདས་ནས་ཡུན་རིང་བའི་ཕྱིར་རོ། །འོ་ན་ཅི་སྐད་བརྗོད་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །གལ་ཏེ་གོ་བར་བྱེད་པ་ཡིན་ན་དེའི་ཚེ་འབྲས་བུ་ཁོ་ནས་ཡིན་གྱི། གང་འབྲས་བུ་ཡིན་པ་དེ་གོ་བར་བྱེད་པ་ནི་མ་ཡིན་ནོ། །དེས་ན་དུ་བ་འབྲས་བུ་ཡིན་ཡང་དུས་མཚུངས་པའི་མེ་གོ་བར་བྱེད་པ་མ་ཡིན་ནོ། །གསལ་བར་བྱེད་པ་ནི། ཐ་དད་པ་ནི་ཞེས་བྱ་བའོ། །ཡང་ན་ཐལ་བ་ལ་སོགས་པས་ཀྱང་རང་གི་རྒྱུ་རྣམ་པ་དེ་འདྲ་བ་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། འདས་པའི་ཞེས་བྱ་བའོ། །ཐལ་བ་ལ་སོགས་པའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་དུས་མཚུངས་པའི་མེ་དང་འབྲེལ་བ་ཡིན་ལ། འདས་ནས་ཡུན་རིང་དུ་ལོན་པའི་མེ་དང་འབྲེལ་པ་ཡང་ཡོད་དོ། །དེ་དག་གི་གནས་སྐབས་ཀྱི་ཁྱད་པར་འཛིན་པར་བྱེད་པ་གང་ཡིན་པ་དེས་ནི་འདས་པ་དང་དུས་མཚུངས་པའི་མེ་དེ་ལས་རྟོགས་པ་ཁོ་ནའོ། །དེས་ན་འབྲས་བུ་ཐལ་བ་ལ་སོགས་པ་རྣམ་པ་ཅི་འདྲ་བ་ཞིག་འདས་པའམ། ཡུལ་གཞན་ན་གནས་པའི་མེ་ལས་སྐྱེ་བ་དེ་ལྟ་བུ་ནི་འདས་པའི་དུས་དང༌། ཡུལ་གཞན་ན་གནས་པའི་མེ་གོ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐལ་བ་མེ་དང་ལྡན་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གོ་བར་བྱེད་པ་ཉིད་གང་གིས་ཐལ་བའི་འབྲས་བུ་དེ་ཁྱད་པར་དུ་འགྱུར་བའོ། །ཅི་ལྟར་ཁྱད་པར་དུ་འགྱུར་ཞེ་ན། བརྗོད་པ་དེའི་ཁྱད་པར་ལས་ཏེ། རྒྱུའི་ཁྱད་པར་ལས་སོ། །གཞན་དུ་ཡང་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་ཡང་ངོ༌། །དེ་བཞིན་དུ་འབྲས་བུ་མ་ཡིན་ཡང་ཞེས་བྱ་བའི་རྩོད་པ་བསལ་བའི་ཕྱིར་བརྗོད་པ་ནི། ལྡན་པས་ཞེས་བྱ་བའོ། །རྟེན་པ་ཉིད་གོ་བར་བྱེད་པ་ཡིན་གྱི། རྟེན་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་གལ་ཏེ་


DTG186_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །ཅི་ལྟར་འབྲས་བུ་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་འོས་པ་ཡིན་ཞེ་ན། གང་ཞིག་ཅེས་བྱ་བའོ། །དེ་ལྟ་ན་ཡང་སྐབས་ལ་ཅི་བྱུང་སྙམ་ན། གཞི་ཅན་ཞེས་བྱ་བའོ། །འཁྲུལ་པ་མེད་དོ་ཞེས་བྱ་བ་ནི་དེ་ལས་སྐྱེས་པས་གོ་བྱེད་ཡིན་པ་ལའོ། །གལ་ཏེ་གནས་པ་ནི་གོ་བར་བྱེད་པ་མ་ཡིན་ཏེ། འོན་ཀྱང་དེའི་ཁྱད་པར་ཅན་གྱི་ཆུ་ཡིན་ནོ། །དེ་ཡང་རྟེན་ལས་སྐྱེས་པ་མ་ཡིན་ཏེ། དེས་ན་དེ་ལས་བྱུང་བ་གོ་བར་བྱེད་པ་ཡིན་པ་ནི་འཁྲུལ་པར་གྱུར་ཏོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་ཆུའི་ཞེས་བྱ་བའོ། །འོན་ཏེ་འདི་མི་རིགས་པ་དེས་ན་འདི་ལྟར་མ་ཡིན་ནོ་ཞེ་ན། རིགས་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཅེས་བྱ་བ་སྟེ་གནས་པ་ཉིད་དོ། །གཞན་གྱིས་བསམ་པས་གནས་པ་ལས་ཆུ་གཞན་དུ་སྒྲུབ་པར་བྱེད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ལན་ཏེ་ལྷུང་བའོ། །དེ་ཉིད་ནི་ཞེས་བྱ་བ་ནི་གནས་པ་གང་ཡིན་པ་ཉིད་དོ། །གཞན་ཡང་ཞེས་བྱ་བ་ནི་ལྷུང་བ་ཡང་ངོ༌། །གལ་ཏེ་ཆུ་ཉིད་ཀྱི་སྤྱི་གཅིག་ཡིན་པའི་ཕྱིར་ཅི་ལྟར་གཞན་ཡིན་ཞེ་ན། ཆུ་ཉིད་ཀྱི་ཞེས་བྱ་བའོ། །དེ་ནི་སྤྱིའོ། །འབྲེལ་པ་མེད་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ། །གསལ་བ་ཉིད་དོ་ཞེས་བྱ་བ་ནི་གནས་པའི་ཆུའི་གསལ་བའོ། །གཅིག་ཁོ་ནའོ་ཞེས་བྱ་བ་ནི་གནས་པ་གང་ཡིན་པ་དེ་ཉིད་ལྷུང་བའོ། །དེས་ན་ཆུ་ནི་གཞིའི་འབྲས་བུ་མ་ཡིན་ནོ་ཞེས་བསམ་པའོ། །དེ་ལྟར་ཡིན་ཡང་ཞེས་བྱ་བ་ནི་གནས་པ་དང་མི་གནས་པ་ཡིན་ཡང་ངོ༌། །འོ་ན་ངོ་ཤེས་པས་གཅིག་ཉིད་དུ་སྒྲུབ་པར་བྱེད་དོ་ཞེ་ན། ངོ་ཤེས་པ་ནི་ཞེས་བྱ་བའོ། །གང་གི་ཕྱིར་ལྷུང་བ་དང་མ་ལྷུང་བའི་དུས་དག་ཏུ་གཅིག་ཡིན་པ་ཚད་མས་མ་གྲུབ་ཀྱི། ཐ་དད་པ་ནི་མངོན་སུམ་གྱིས་རྟོགས་པ་ཉིད་ཡིན་པ་དེའི་ཕྱིར་རོ། །ཅི་ལྟར་ན་འབྲས་བུ་ཁོ་ན་གོ་བར་བྱེད་པའི་རྒྱུ་མཚན་ཡིན་ཞེན་ཆུ་བཤད་པ། ཆུ་དང་ཐལ་བ་ལ་སོགས་པའི་དངོས་པོ་དག་རང་བཞིན་གང་གིས་བསྐྱེད་པ་དེ་ཉིད་ཀྱིས་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པས་ན། འབྲས་བུ་ཉིད་གོ་བར་བྱེད་པའི་རྒྱུ་མཚན་དུ་གནས་པར་བྱེད་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་གཞན་འབྲས་བུ་མ་ཡིན་པ་ལས་ནི་གཞན་རྟོགས་པ་མ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི། ཤིང་ཤ་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །གང་གང་ཞེས་བྱ་བ་ནི་ཤིང་ངོ༌། །དེ་ནི་ཤིང་ཤ་པའོ།།


DTG186_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནི་ཤིང་ཉིད་ཀྱིའོ། །སྤྱིར་བརྗོད་པའི་དོན་ཁྱད་པར་ལ་སྟོན་པ་ནི། ཤིང་ཤ་པ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྣམ་པར་དབྱེར་མེད་པ་ཉིད་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བའི་རྣམ་པར་དབྱེར་ཡོད་པ་ཅན་ཡིན་པས་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་རྣམ་པར་དབྱེར་ཡོད་པ་ཡིན་ཞེ་ན། ཤིང་ནི་ཞེས་བྱ་བའོ། །དེས་ན་ཤ་པའི་གོ་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཤ་པ་ཡང་གོ་བྱེད་དུ་མི་འགྱུར་རོ་ཞེ་ན། ཤ་པ་ནི་ཞེས་བྱ་བའོ། །དེ་ལྟར་ན་ནི་ཤིང་མེད་པར་ཡོད་པའོ། །གཏན་ཚིགས་དེའི་ཕྱིར་ན། ཤ་པ་དེ་ཉིད་རྣམ་པར་དབྱེར་མེད་པ་ཅན་གྱི་ཤིང་ནི་མ་ཡིན་ནོ། །རྣམ་པར་དབྱེར་མེད་པ་ཅན་གྱི་ཤ་པ་གང་ཡིན་པ་དེ་གོ་བར་བྱེད་པ་ཡིན་ན། དེ་ལྟ་ན་ནི་དེའི་བདག་ཉིད་དེ་ནི་གོ་བར་བྱེད་པ་ཉིད་ཀྱི་རྒྱུར་མི་འགྱུར་ཏེ། ཤིང་ཉིད་ཤ་པ་ཉིད་ཡིན་ཡང་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་མི་འཁྲུལ་པ་ཉིད་དུའོ། །གཞན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་ཏེ་དུ་བའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ནའོ། །དེའི་བདག་ཉིད་དུ་ནི་དུ་བ་མེ་གོ་བར་བྱེད་པའི་རྒྱུ་མཚན་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་བྲལ་བའི་བདག་ཉིད་ནི། གོ་བར་བྱེད་པའི་རྒྱུ་མཚན་ཉིད་མ་ཡིན་ཏེ། ཤིང་ཉིད་ལ་ཤ་པའི་བདག་ཉིད་ཡོད་ཀྱང་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་དང༌། མེད་ཀྱང་དུ་བ་གོ་བྱེད་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་བདག་ཉིད་ལ་སོགས་པ་མེད་ན། མི་འཁྲུལ་བའི་གོ་བྱེད་ཉིད་མེད་པས་ན། དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་དག་གོ་བར་བྱེད་པ་ཉིད་དེའི་རྒྱུ་མཚན་ཅན་ཡིན་ནོ། །འོ་ན་གོ་བར་བྱེད་པ་ཉིད་ཀྱིས་གཏན་ཚིགས་རྣམ་པ་གཅིག་ཁོ་ནར་འགྱུར་རོ་ཞེ་ན། དེའི་ཞེས་གསུངས་སོ། །གང་གི་དབྱེ་བ་ཉིད་བརྗོད་པ་ནི། གོ་བྱེད་ཅེས་བྱ་བའོ། །ཤིང་གི་བདག་ཉིད་ཀྱི་ཤ་པ་ནི། ཤིང་གི་བདག་ཉིད་ཁོ་ནས་ཤ་པ་གོ་བར་བྱེད་པ་ཡིན་ནོ། །ཐ་དད་པ་ནི་མ་ཡིན་ནོ། །རྒྱུའི་ཞེས་བྱ་བ་ནི་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་ཐ་དད་པ་ཉིད་དོ། །དེ་ཉིད་ཅི་ཕྱིར་ཞེས་བྱ་བ་ནི། དེའི་བདག་ཉིད་དང་དེ་ལས་བྱུང་བ་མ་ཡིན་ན། གོ་བར་བྱེད་པ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པ་གང་དག་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་


DTG186_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱི་འབྲེལ་བ་ཡོད་པ་མ་ཡིན་པ་དག་ནི་གཏན་ཚིགས་མིན་ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་འདྲ་བའི་འབྲེལ་བ་མེད་ཀྱང་ལྡན་པའི་སྟོབས་ཀྱིས་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ལྡན་པས་ཞེས་བྱ་བའོ། །འོན་ཏེ་མེ་ནི་དུ་བ་མེད་ཀྱང་ཡོད་པ་དེས་ན་གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། མི་འཁྲུལ་བ་ཞེས་བྱ་བའོ། །ལན་ནིའོ་ན་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོའོ། །ལན་ནི་མེ་ནི་གོ་བར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པ་ཞེས་བྱ་བའོ། །རྒྱུ་དང་འབྲས་བུ་ཉིད་ཐ་དད་པར་ཁས་བླངས་ནས་དེ་སྐད་བརྗོད་པ་ཡིན་ནོ། །ད་ནི་དེ་མེད་པ་ཉིད་དོ་ཞེས་བརྗོད་པ་ནི་རྒྱུ་དང་ཞེས་བྱ་བའོ། །འོན་རྒྱུ་དང་འབྲས་བུའི་དངོས་པོས་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདིའི་དོན་ཅི་ཡིན་ཞེ་ན། དེས་ན་ཞེས་གསུངས་སོ། །གཞན་དུ་འགྱུར་བ་མེད་དོ་ཞེས་བྱ་བ་ནི། རྒྱུ་ནི་གོ་བར་བྱེད་པ་མ་ཡིན་པར་མི་འགྱུར་བའོ། །འོན་འཇིག་རྟེན་རྒྱུ་ལས་འབྲས་བུ་དཔོག་པར་འགྱུར་རོ་ཞེ་ན། དེ་ན་ཞེས་བྱ་བ་སྟེ་རྒྱུའི་དངོས་པོ་ནི་དེ་ལྟར་ཏེ། མཐའི་སྐད་ཅིག་ཉིད་ཐོབ་པར་རོ། །མི་ནུས་པ་ཡང་འབྲས་བུ་མཐོང་བའི་སྔོན་རོལ་དུ་མཐའ་སྐད་ཅིག་ཉིད་དུ་མི་ངེས་པའི་ཕྱིར་རོ། །ཅི་ལྟར་ཞེས་བྱ་བ་འབྲས་བུ་ཡོད་པ་དང་མེད་པ་ཐུན་མོང་བའི་རང་བཞིན་དུ་ཤེས་པ་དེ་ལྟར་ནི་རང་བཞིན་དེས་རྒྱུ་གོ་བར་བྱེད་པ་མ་ཡིན་པ་ཁོ་ནའོ། །དེས་ནི་ཞེས་བྱ་བ་ནི་མཐའི་སྐད་ཅིག་ཐོབ་པའི་རང་བཞིན་གྱིས་སོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་སྨོས་སོ། །བྱེད་པ་ཞེས་བྱ་བ་ནི། གལ་ཏེ་མཐའི་སྐད་ཅིག་ཐོབ་པར་བྱེད་ན། དེའི་ཚེ་གོ་བར་བྱེད་པ་ཉིད་དུ་ཡང་འགྱུར་བ་ཁོ་ནའོ། །གོ་བར་མ་ནུས་པ་ནི་དངོས་པོ་ཤེས་པ་ཡང་མ་ཡིན་ཏེ། འོན་ཀྱང་རྟོགས་པ་པོའི་ཡིན་ནོ་ཞེས་བརྗོད་པ་ནི། དེ་ལྟར་ཞེས་བྱ་བ་ནི། དེ་ལྟར་ཡིན་ན་འབྱུང་བར་འགྱུར་བ་ཡང་རྒྱུ་ཡིན་པའི་ཕྱིར་འདི་འབྲས་བུ་ཁོ་ནའོ་ཞེས་བརྗོད་པ་ནི། དེ་ལྟ་ཡིན་ཡང་ཞེས་བྱ་བ་སྟེ་མཐའི་སྐད་ཅིག་ཐོབ་པ་ཉིད་ཀྱིས་སོ། །དུ་བ་དེ་འབྲས་བུ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དུ་བ་ནི་དེ་མེད་ན་མེད་ཕྱིར་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་མོད་དེ་ལྟན་ཡང་འདི་ཅི་ལྟར་རྒྱུ་ཉིད་ཡིན་ཞེ་ན། ཐ་དད་ཅེས་བྱ་བའོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཁྱད་པར་མེད་པའི་ཕྱིར་གཉི་ག་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་བརྗོད་ནས་རང་བཞིན་གྱི་གཏན་


DTG186_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ལ་ཡང་དེའི་བདག་ཉིད་ཁྱད་པར་མེད་པའི་ཕྱིར་གཉི་ག་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡིན་ནོ་ཞེས་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །རང་བཞིན་གྱི་གཏན་ཚིགས་དེར་ཡང༌། གལ་ཏེ་ཤ་བའི་བདག་ཉིད་ལ་ངེས་པ་ཉིད་དུ་རྟགས་ན། དེའི་ཚེ་ཤིང་ཡང་རྣམ་པ་དེ་ལྟ་བུའི་ཤིང་ཡང་གོ་བྱེད་ཉིད་དུ་རྟོགས་པར་འགྱུར་རོ། །འོན་ཏེ་ཤིང་ཉིད་ཤ་པ་ལ་ངེས་པ་ཉིད་དུ་གོ་བར་རྟོགས་པ་པ་དེའི་ཚེ་ནི་གོ་བར་བྱེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འོན་ཏེ་དེའི་བདག་ཉིད་ཀྱི་གོ་བར་བྱེད་པ་ཉིད་དུ་ཁས་ལེན་ན། དེའི་ཚེ་དེ་ལྟ་ན་ཡང་ཞེས་བྱ་བ་ཤིང་ཤ་པ་ཉིད་ཀྱི་གོ་བར་བྱེད་པ་ཉིད་དུ་ཁས་བླངས་ན་ཡང་ཤིང་ཤ་པ་ཉིད་དང་དབྱེར་མེད་པ་སྟེ། དེའི་བདག་ཉིད་དུ་རྟོགས་པས་འགྱུར་བ་ཡིན་ཏེ། གཞན་དུ་ན་གོ་བར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཤིང་ཉིད་ཀྱི་དངོས་པོ་ནི་ཤ་པ་ཉིད་དང་རྣམ་པར་དབྱེར་མེད་པ་ཉིད་དུ་རྟོགས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་གོ་བྱེད་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཡང་ན་དེའི་ཕྱིར་ཞེས་བྱ་བ་འབྲེལ་པ་ངེས་པ་མེད་པར་གོ་བྱེད་ཉིད་དུ་མི་འཐད་པའི་ཕྱིར་ན་དངོས་པོ་མེ་ལ་སོགས་པ་དུ་བ་ལ་སོགས་པ་ལ་ལྟོས་ནས་སམ། དུ་བ་ལ་སོགས་པ་མང་མེ་ལ་སོགས་པ་ལ་ལྟོས་ནས་འབྲས་བུ་དང་རྣམ་པར་དབྱེར་མེད་པ་དེ་དག་གི་དངོས་པོ་དེས་ཐམས་ཅད་རྟོགས་པར་འགྱུར་གྱི་འགའ་ཞིག་ཉིད་ནི་མ་ཡིན་ནོ། །གལ་ཏེ་རྟགས་ཀྱི་གོ་བར་བྱེད་པ་ཉིད་ངེས་པའམ། མ་ངེས་པ་ཞིག་ཡིན་ཞེས་དོགས་པ་བསུ་ནས། མ་ངེས་བ་ཁོ་ན་ཡིན་ཞེས་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ཁྱབ་པར་བྱ་བའི་བདག་ཉིད་དོ། །ཤིང་ཉིད་ལ་སོགས་པ་ཡོད་དོ་ཅོག་ན། ཤ་པ་ཉིད་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གོ་བར་བྱེད་པ་ཡང་ཞེས་བྱ་བ་ནི། ཤིང་ཉིད་ལ་སོགས་པ་ཤ་བ་ལ་སོགས་པ་ལ་ལྟོས་ནས་གོ་བར་བྱེད་པ་ཉིད་ཀྱང་མ་ངེས་པ་ཁོ་ན་ཡིན་ཏེ། རེས་འགའ་བ་ཁོ་ནས་ཡིན་ནོ། །མ་ངེས་པ་ཡིན་ན་ཞེས་བྱ་བ་མ་ངེས་པ་ཉིད་ཀྱི་རང་བཞིན་ཡིན་ན། སྒྲ་གང་གིས་གོ་བར་བྱེད་པ་ཡིན་ཏེ། གོ་བར་བྱེད་པ་ཉིད་ཅི་ལྟར་ངེས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལན་ནི་མ་ངེས་པས་ཞེས་བྱ་བའོ། །ཤིང་ལ་སོགས་པ་དང༌། དུ་བ་ལ་སོགས་པའི་གོ་བར་བྱེད་པ་ཉིད་གང་ཡིན་པ་དེའི་རྒྱུ་མཚན་དེའི་བདག་ཉིད་དང༌།


DTG186_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བྱུང་བ་ཉིད་དུ་ངེས་པ་གང་ཡིན་པ་དེ་ནི་མ་ངེས་པར་ཏེ། རེས་འགའ་བ་ཉིད་ཀྱིས་ཡོད་པའི་ཕྱིར་གོ་བར་བྱེད་པ་ཉིད་མ་ངེས་པ་ཡིན་ནོ། །གལ་ཏེ་རྒྱུ་མཚན་མ་ངེས་ན་གོ་བར་བྱེད་པ་ཉིད་ཀྱང་དེ་ལྟར། འགྱུར་དགོས་སོ་ཞེས་བྱ་བ་གང་ལས་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་གལ་ཏེ་དེའི་བདག་ཉིད་དང༌། དེ་ལས་བྱུང་བའི་ངེས་པ་དེའི་རྗེས་སུ་འཇུག་པ་ཡིན་པ་དེ་ལྟ་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་ཉིད་དུ་ངེས་པ་དེ་གོ་བར་བྱེད་པ་ཉིད་དེའི་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ཡང་ཞེས་བྱ་བ་ནི། དེ་ངེས་པའི་རྗེས་སུ་མི་འཇུག་ཀྱང་དེའི་རྒྱུ་མཚན་ཅན་ཡིན་ན། ཐམས་ཅད་ཐམས་ཅད་ཀྱི་རྒྱུ་མཚན་ཅན་དུ་འགྱུར་རོ་ཞེས་ཧ་ཅང་ཐལ་བར་འགྱུར་རོ། །དེའི་ཕྱིར་རྟགས་ཀྱི་གོ་བར་བྱེད་པ་ཉིད་ནི་མ་ངེས་པ་ཁོ་ན་སྟེ་རྒྱུ་མཚན་མ་ངེས་པའི་ཕྱིར་རོ་ཞེས་གནས་སོ། །གལ་ཏེ་ལྡན་པ་ལ་ཡང༌། ལྡན་པ་ཅན་ལ་སོགས་པ་ལས་བསྒྲུབ་བར་བྱ་བ་ལས་ཐ་དད་པའི་ཕྱིར་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཁོ་ན་མ་ཡིན་ནམ། དེས་ན་ལྡན་པ་ཅན་ལ་སོགས་པ་ཅི་སྟེ་གཏན་ཚིགས་མ་ཡིན་ཞེས་དོགས་པ་ནི། ལྡན་པ་ལ་ཡང་ཞེས་བྱ་བའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་ཁོ་ན་བཞིན་དུ་གོ་བར་བྱེད་པ་ཡིན་པའོ། །འགོག་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །སྔར་ནི་རྣམ་འགྲེལ་འདི་དེའི་བདག་ཉིད་དང༌། དེ་ལས་བྱུང་བ་ཁོ་ན་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་གྲུབ་པའི་དོན་དུ་ཤེས་བར་བྱེད་པ་ཉིད་དུ་ཉེ་པར་བཀོད་པ་ཡིན་ལ། །ལྡན་པས་གོ་བར་བྱེད་པ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པས་ཀྱང་ཤ་པ་དང་དུ་བ་བཞིན་དུ། ཤིང་དང་མེ་དག་ཀྱང་གོ་བར་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་འདི་སྟོན་པའི་དོན་དུ་བརྗོད་པ་ཡིན་གྱི་བཤད་པ་ནི་མ་ཡིན་ནོ། །ད་ནི་རྩོད་པའི་དགོས་པ་བསུ་ནས་དེ་དགག་པས་བཤད་པའི་ཕྱིར་ཉེ་བར་བཀོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་དག་ལ་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་དེ་དག་ནི་གཏན་ཚིགས་ཉིད་ཡིན་པར་གྲུབ་པའི་ཕྱིར་ལྡན་པས་ཅི་བྱ་སྟེ། མི་འཁྲུལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལྡན་པ་ཅན་གྱི་གཏན་ཚིགས་གང་ཞིག་ཡིན་ཞེན། རྟེན་པ་དང་ལྡན་པ་ཅན་ནི་རྟེན་ཏེ་ཞེས་བྱ་བ་ལ། ལྡན་པ་ཅན་ནི་རྟེན་ཏོ། །གང་དང་ཞེ་ན་རྟེན་པ་དང་ངོ༌། །གལ་ཏེ་ལྡན་པ་ནི་གཅིག་ཁོ་ན་ལ་གནས་ཀྱི། གཉི་ག་ལ་ནི་མི་


DTG186_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མ་ཡིན་ནམ། དེས་ན་རྟོགས་པ་དང་ལྡན་པས་ཅན་ནི་སྟོན་ཏེ་ཞེས་བརྗོད་ཅེ་ན། ལྡན་པར་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། རྟེན་དང་བརྟེན་པ་གཉི་ག་ལ་ཁྱད་པར་མེད་པར་ལྡན་པ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུ་བ་ཅན་གྱི་གཏན་ཚིགས་དེ་གང་ཡིན་ཞེ་ན། འདུ་བ་ཅན་ནི་ཞེས་བྱ་བའོ། །དེ་ལ་རྣམ་པ་འདི་ལྟ་བུའི་ལྡན་པ་ཅན་ནི་གོ་བར་བྱེད་པ་མ་ཡིན་ཏེ། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། བཞིས་ནི་ཞེས་བྱ་བའོ། །འདུ་བ་ཅན་ཡང་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། རིགས་ཀྱང་ཞེས་བྱ་བའོ། །འོན་ཏེ་བརྟེན་པ་ལ་སོགས་པ་མེད་ན་མི་འབྱུང་བ་ཅན་གྱི། རྟེན་ལ་སོགས་པ་ནི་གོ་བར་བྱེད་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་འདོད་ན། དེ་ལྟ་ན་འོན་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ཁོ་ན་གོ་བར་བྱེད་པའི་རྒྱུ་མཚན་ཡིན་གྱི། ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་གལ་ཏེ་ཡང་བརྟེན་པ་ལ་སོགས་པས། རྟེན་ལ་སོགས་པ་ཙམ་ནི་གོ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཆུ་ལ་སོགས་པའི་བརྟེན་པས་བུམ་པ་ལ་སོགས་པའི་རྟེན་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ལན་ནི་དེ་ལྟ་ན་འོ་ན་ཞེས་བྱ་བ་སྟེ། བརྟེན་བརྟེན་མེད་ན་མི་འབྱུང་བས་གོ་བར་བྱེད་པ་ཉིད་ཡིན་ན་དེ་དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་གོ་བར་བྱེད་པ་ཡིན་གྱི། ལྡན་པ་ནི་མ་ཡིན་ནོ། །དོགས་པ་བསུ་བ་ནི། མེད་ན་མི་འབྱུང་བ་ཉིད་ཅེས་བྱ་བ་སྟེ། རྒྱུ་དང་འབྲས་བུའི་དངོས་པོ་ལ་ཐ་དད་པའོ། །དེའི་ཕྱིར་ཞེས་མེད་ན་མི་འབྱུང་བའི་ཁྱད་པར་རྒྱུ་དང་འབྲས་བུའི། དངོས་པོ་ཡིན་པའི་ཕྱིར་རོ། །མེད་ན་མི་འབྱུང་བའི་ཁྱད་པར་ཅན་གྱི་འབྲེལ་པ་ཡོད་པ་ཡིན་ན་ཡང། མེད་ན་མི་འབྱུང་བའི་ཁྱད་པར་དེ་ཉིད་བསྒྲུབ་པར་བྱ་བ་རྟོགས་པའི་སྒྲུབ་བྱེད་ཡིན་ཏེ། ལྡན་པ་ལ་སོགས་པ་བརྟགས་པས་ཅི་བྱ། གང་གི་ཕྱིར་སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་ངེས་པ་ཁོ་ན་འབྲེལ་བ་ཡིན་པ་དང༌། མེད་ན་མི་འབྱུང་བའི་ཡང་དེ་ཉིད་ཡིན་པ་དང༌། ངེས་པ་མེད་པ་ཡང་སྒྲུབ་པར་བྱེད་པ་མ་ཡིན་པ་དེའི་ཕྱིར་མེད་ན་མི་འབྱུང་བ་ཁོ་ན་འབྲེལ་པ་ཡིན་ནོ། །འོན་ཏེ་མེད་ན་མི་འབྱུང་བ་ཡིན་མོད། དེ་རྒྱུ་དང་འབྲས་བུའི་དངོས་པོ་ནི་མ་ཡིན་ནོ་ཞེ་ན། གཞན་ལ་གཞན་ཞེས་བྱ་བའོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་བཤད་པའི་སྐབས་སུའོ། །གལ་ཏེ་


DTG186_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་འདི་ཙམ་གྱི་རྣམ་འགྲེལ་མཛད་པས་ཅི་ཞིག་བཤད་པ་ཡིན་ཞེ་ན། རང་བཞིན་དུ་འབྲས་བུ་ཞེས་བྱ་བའོ། །འོ་ན་ད་ཅི་འཆད་སྙམ་ན་བརྗོད་བ་ནི་ད་ནི་ཞེས་བྱ་བའོ། །གལ་ཏེ་འདི་གཉིས་མ་ངེས་པ་ཡིན་པའི་ཕྱིར་ཉེ་བར་བཀོད་པ་དོན་མེད་དོ་ཞེ་ན། གཞན་དག་ཅེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ཁྱད་པར་ལ་སོགས་པ་ལའོ། །དེ་ཉིད་ནི་གོ་བར་བྱེད་པ་ཉིད་མ་ཡིན་པ་ཉིད་དུ་སྟེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་གོ་བར་བྱེད་པ་ཉིད་མ་ཡིན་པར་བཤད་པའོ། །གཞུང་གང་གིས་ཤེ་ན། དེ་ལ་ཞེས་བྱ་བའོ། །རེ་ཞིག་ཐ་དད་པ་གོ་བར་བྱེད་པ་ཉིད་ཡིན་པའི་དོགས་པ་བསུ་ནས་སེལ་བ་ནི། གལ་ཏེ་གཅིག་ཏུ་ལྡོག་པ་ཅན་ཞེས་བྱ་བ་སྟེ། སྲོག་ལ་སོགས་པ་ནི་གོ་བར་བྱེད་པ་ཁོ་ནར་རིགས་སོ་ཞེས་བྱ་བ་འདི་ནི་བདེན་བ་ཞིག་ནའོ། །གང་གི་ཞེ་ན། གལ་ཏེ་གཅིག་ཉིད་ལ་སྟེ་མི་མཐུན་པའི་ཕྱོགས་ཉིད་ལས་སོ། །གྲུབ་པ་ཁོ་ནའོ་ཞེ་ན། དེ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་མ་གྲུབ་ཅེ་ན། ཕྱོགས་ཉིད་ལས་ཏེ་གསོན་པོའི་ལུས་ཉིད་ལ་བདག་མེད་ཀྱང་སྲོག་ལ་སོགས་པ་འཇུག་གོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་བདག་ཉིད་འཁྲུལ་པར་དོགས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་གཅིག་ཏུ་ལྡོག་པ་ཅན་ཁོ་ན་ཅི་ལྟར་གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་མེད་ན་མི་འབྱུང་བ་མེད་ན། སྲོག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་གཅིག་ཏུ་ངེས་པ་ཅན་ཡིན་པར་ཇི་ལྟར་བརྗོད། ལྡོག་པ་གཅིག་ཏུ་ངེས་པ་ཅན་དེ་ཡང༌། མ་འབྲེལ་པ་དག་ལ་སྲིད་བ་མ་ཡིན་ཏེ། དེས་ན་ལྡོག་པ་འདོད་པས་འབྲེལ་པ་ཡང་ཁས་བླང་བར་བྱའོ། །དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི་འབྲེལ་བ་ཉིད་ཀྱི་ཕྱིར་རྗེས་འགྲོ་གནས་ཏེ་དེ་ལྟ་མ་ཡིན་ན། འབྲེལ་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་ན་གོ་བར་བྱེད་པ་ཉིད་དུ་འཐད་པ་ཁོ་ནའོ་ཞེས་དོགས་པའོ། །རྣམ་པར་འགྲེལ་པ་ནི་སྲོག་ལ་སོགས་པ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལྡོག་པ་གཅིག་ཏུ་ངེས་པ་ཉིད་དོ། །ཅིའི་ཕྱིར་མི་འགྲུབ་ཅེ་ན། མི་མཐུན་པའི་ཞེས་བྱ་བའོ། །རང་གི་སྒོ་ནས་ཞེས་བྱ་བ་ནི། གཏན་ཚིགས་བདག་ཉིད་ཀྱི་སྒོ་ནས་སོ། །འདི་ཉིད་བརྗོད་པ་ནི་གང་གིས་ཞེས་བྱ་བའོ། །གལ་ཏེ་རང་གི་སྒོ་ནས་མི་ནུས་ན། འོ་ན་ཅི་ལྟར་རྟོགས་སྙམ་ན། རྗེས་སུ་འགྲོ་བའི་སྒོ་ནས་ནི་ཞེས་བྱ་བའོ། །ཅི་ལྟར་རུང་བ་ལ་


DTG186_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་རྗེས་སུ་འགྲོ་བའི་སྒོ་ནས་ལྡོག་པ་འགྲུབ་པ་དེ་བཞིན་དུ། གལ་ཏེ་འདི་ལ་ཡང་རྗེས་སུ་འགྲོ་བ་ཡོད་ན་དེའི་ཚེ་ལྡོག་པར་འགྱུར་བ་ཁོ་ནའོ། །རྗེས་སུ་འགྲོ་བའི་སྒོ་ནས་ཀྱང་ལྡོག་བ་ཅི་ལྟར་རྟོགས་ཤེ་ན། གང་གི་ཕྱིར་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ལྡོག་པ་མི་འཕེན་ནའོ། །དོན་འདི་ཉིད་གཞུང་འཛུགས་པ་ནི། འདི་ལྟར་ཞེས་བྱ་བའོ། །གཞན་རྒྱུ་མ་ཡིན་པར་འདོད་པའོ། །དེ་ནི་འབྲས་བུའོ། །རྒྱུར་འདོད་པ་དེ་ཡོད་ནའོ། །གཞན་རྒྱུ་མ་ཡིན་པར་འདོད་པ་མེད་ན་ཡང་འབྲས་བུ་མེད་པ་ཡིན་པའོ། །དེས་འབྲས་བུར་མངོན་བར་འདོད་པའི་རྒྱུ་ཉིད་དུ་ངེས་པར་འགྱུར་རོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །དེ་ཡོད་ན་ནི་ཙན་དན་ཡོད་ནའོ། །དེའི་སྟེ་ཙན་དན་གྱི་འབྲས་བུ་ཡིན་ནོ་ཞེས་སོ། །དེ་ཡང་ནི་དེ་ཡོད་ན་ཡོད་པའོ། །དེའི་ཞེས་བྱ་བ་རྗེས་སུ་འགྲོ་བའི་བདག་ཉིད་དུ་གྱུར་པའོ། །ཁྱད་བར་ཞེས་བྱ་བ་ནི་ཐམས་ཅད་བསྡུས་པར་རོ། །ཁྱབ་པའི་རྣམ་པར་བརྗོད་པ་ནི་ཐམས་ཅད་དུ་ཞེས་བྱ་བའོ། །འདི་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པར་ནི་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་རྗེས་སུ་འགྲོ་བ་ངེས་པར་བསྟན་པ་ཡིན་ནོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་གསལ་བ་གཅིག་ལ་ལྟོས་པའི་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་ཙམ་གྱིས་སོ། །དེ་ཞེས་བྱ་བ་ནི་ཁྱབ་པའི་རྗེས་སུ་འགྲོ་བ་རྟོགས་པའོ། །གལ་ཏེ་ཡང་ད་ལྟ་མེ་ལས་དུ་བ་སྐྱེ་བར་རྟོགས་པ་ཡིན་ཡང༌། གཞན་གྱི་ཚེ་གཞན་ལས་མི་འབྱུང་ངོ་ཞེས་ཅི་ལྟར་རྟོགས་ཤེ་ན། དེ་ཡང་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཁྱབ་པ་ཉིད་དུའོ། །དེའི་ཚེ་ཉིད་ཅེས་བྱ་བ་ནི་མེ་ལས་སྐྱེ་བར་མཐོང་བའི་དུས་ཉིད་ནའོ། །གལ་ཏེ་གཞན་ལས་མི་སྐྱེ་བ་ཉིད་དུ་རྟོགས་པ་ལ་ཅི་སྟེ་ལྟོས་ཤེ་ན། འདི་འདི་ལས་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མེ་མ་ཡིན་བ་ལའོ། །འོ་ན་གོ་བར་བྱེད་པའི་རྒྱུ་མཚན་གང་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །གལ་ཏེ་གཞན་ལས་དུ་བ་མི་འབྱུང་བར་རྟོགས་པ་ཉིད་ནི་འདི་ཉིད་ལས་དུ་བ་འབྱུང་ངོ་ཞེས་བྱ་བའི་ངེས་པ་འགྲུབ་པར་འགྱུར་བ་ཡིན་ནོ། །གཞན་ལས་མི་འབྱུང་བའི་རྣམ་པ་ལ་ནི་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི་དེ་ལྟར་ཡང་ཞེས་བྱ་བ་སྟེ། གཞན་ལས་དུ་བ་མི་སྐྱེ་བའི་རྣམ་པ་ལ་ཡང༌། རྟོགས་པ་ཡོད་པ་ཉིད་དོ། །གང་དག་གིས་ཤེ་ན། བརྗོད་པ་དེ་ཡོད་ན་ཞེས་བྱ་བ་སྟེ།


DTG186_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡོད་ན་དུ་བ་མེད་པ་དེ་མ་ཐག་ཉིད་དུ་སྟེ། གྱུར་པ་ཉིད་དུ་ངེས་པའི་རྟོགས་པ་པོ་རྣམས་ལའོ། །དེ་ཡོད་ན་མེད་པར་རྟོགས་པ་ཉིད་ཅི་ལྟར་ཞེ་ན། དེ་ལས་གཞན་ཆུ་ལ་སོགས་པ་ལས་མེ་ཉེ་བའི་སྔར་དུ་བ་མི་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་མི་མཐུན་བའི་ཕྱོགས་ལས་ལོག་པར་ཐེ་ཚོམ་ཟའོ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་གྱི་ཁྱད་པར་ནི་ཤ་ཟ་ལ་སོགས་པའོ། །འོན་ཏེ་གཞན་ཉིད་དུ་ཁྱད་པར་མེད་པའི་ཕྱིར། ཆུ་ལ་སོགས་པ་ལས་ཀྱང་ཅི་སྟེ་མི་འགྱུར་ཞེ་ན། གཞན་ཞེས་བྱ་བ་ཞེས་སྨྲས་སོ། །དེས་ན་ཞེས་བྱ་བ་ནི་དུ་བ་གཞན་གྱི་ཁྱད་པར་ལ་ཡོད་པས་ནའོ། །འོན་ཏེ་མེ་ཡོད་པ་ཉིད་ལ་དུ་བ་ཡོད་དོ་ཞེས་ངེས་པ་ཡིན་ཏེ། དེས་ན་ལྡོག་པ་མེད་པར་ཅི་ལྟར་མ་ངེས་ཤེ་ན། དེ་ཡོད་ན་ཞེས་བྱ་བ་མེ་ཡོད་པ་ཉིད་ལ་དུ་བ་ཡོད་དོ་ཞེས་དེ་ལྟར་ལྡོག་པ་ཡང་མི་ངེས་ཏེ། རྗེས་སུ་འགྲོ་བ་འབའ་ཞིག་ཏུ་ནི་མ་ཟད་པའོ། །ཅིའི་ཕྱིར་ཞེ་ན། མ་མཐོང་ལ་ཡང་ཞེས་བྱ་བའོ། །རིག་པ་ཅན་ཁྱེད་ཀྱིའོ། །འདི་ལྟར་ཞེས་བྱ་བ་ནི་དུ་བ་བཞིན་དུ་འབྲས་བུ་ཉིད་ཀྱིས་གཏན་ཚིགས་གོ་བར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རོ། །ཁྱེད་ཉིད་རྗེས་སུ་འཛིན་པ་ཡིན་གྱི། གཉིས་མེད་པར་སྨྲ་བ་སངས་རྒྱས་པ་ནི་མ་ཡིན་ནོ། །གལ་ཏེ་རང་རྗེས་སུ་འཛིན་པ་ཡིན་ཡང་མི་འདོད་ན་དེའི་ཚེ་རྣམ་པ་ཐམས་ཅད་དུ་ཁྱེད་ཉིད་ལ་གནོད་པར་འགྱུར་ཏེ། བདག་རྗེས་སུ་དཔོག་པ་ཡང་མེད་པར་ཐལ་བའི་ཕྱིར་དང་གཉིས་མེད་པར་ཐལ་བའི་ཕྱིར་རོ། །འཆད་བ་ནི་ཁྱེད་ཀྱི་ཞེས་བྱ་བའོ། །གཏན་ཚིགས་ནི་སྲོག་ལ་སོགས་པའོ། །འདི་ལྟར་ཞེས་བྱ་བ་ནི་དུ་བ་ལྟར་འབྲས་བུ་ཉིད་ཀྱིས་སོ།། རྣམ་པ་གཞན་དུ་ཞེས་བྱ་བ་ནི་འབྲས་བུ་ཉིད་མ་ཡིན་ན། གོ་བར་བྱེད་པ་ཉིད་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནའོ། །དེ་ལྟར་ཞེས་བྱ་བ་དེའི་འབྲས་བུ་ཉིད་ཀྱིས་གོ་བར་བྱེད་པ་ཉིད་དུ་མི་འདོད་ན་དེའི་ཚེ་དེའི་འབྲས་བུ་ཉིད་ལ་རྟེན་གཞན་ཚོལ་ཅིག །རྟེན་གཞན་ནི་སྲིད་པ་ཡང་མ་ཡིན་ནོ། །གསལ་ཞིང་འཛིན་པ་དང་འདྲ་བ་ནི་དུ་བ་མེའི་འབྲས་བུ་ཉིད་ཡིན་པར་འཁྲུལ་པར་བརྗོད་པའོ། །རྒྱུ་དང་འབྲས་བུའི་དངོས་པོ་ཁས་མ་བླངས་པར་འདི་སྐད་བརྗོད་པ་ཡིན་ནོ། །ད་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་པའི་དོན་དུ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་བསྒྲུབ་པ་ནི། གཞན་ཡང་


DTG186_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའོ། །དེ་མེད་པས་ཞེས་བྱ་བ་ནི་མེ་མེད་པས་དུ་བ་འདི་མེད་ལ། མེད་པར་ཅི་ལྟར་འགྱུར། དེ་མ་ཐག་ཏུ་ཞེས་བྱ་བ་དུ་བ་མེའི་དེ་མ་ཐག་ཏུ་མི་འགྱུར་བ་ཁོ་ནའོ། །གང་གི་ཚེ་གཉིས་པོ་འདིར་མི་འགྱུར་ཞེ་ན། གལ་ཏེ་ཤ་ཟ་ལ་སོགས་པ་གཞན་ཡང་རྒྱུ་ཡིན་ནའོ། །མཐུན་བའི་ཞེས་བྱ་བ་ནི་འཆད་པའོ། །དེ་ཞེས་བྱ་བ་ནི་དུ་བ་ལ་སོགས་པ་འབྲས་བུའོ། །དེ་མེད་ན་ནི་ཞེས་བྱ་བ་མེ་མེད་ན་ནི་དེ་མ་ཐག་ཏུ་མེད་པར་འགྱུར་རོ་ཞེས་བྱ་བ་འདིར་ནི་སྲིད་བ་མ་ཡིན་ནོ། །གང་གི་ཚེ་ཞེ་ན་ཤ་ཟ་ལ་སོགས་པ་གཞན་ཞེས་བྱ་བའོ། །དབང་དུ་བྱས་པ་ཞེས་བྱ་བ་ནི་མེའི་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་བྱེད་བའི་ཕྱིར་རོ། །འདོད་རྒྱལ་བའི་ཞེས་བྱ་བ་ནི། རྒྱུ་མཚན་མེད་པར་དུ་བ་ལས་མེ་ཐོབ་པའོ། །གཏན་ཚིགས་དེའི་ཕྱིར་བྱང་གྲོལ་ལ་སོགས་པའི་སྒྲུབ་བྱེད་ཐབས་ཚོལ་བ་འབྲས་བུ་དང་འབྲས་བུ་ལ་ངེས་པའི་འབྲས་བུ་ལ་སོ་སོར་ངེས་པ་དེར་མི་འགྱུར་རོ། །འོ་ན་ཁྱེད་ཀྱི་ལྟར་ན་རྣམ་པ་ཐམས་ཅད་དུ་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་ན། འབྲས་བུ་སོ་སོ་ལ་ངེས་པའི་ཐབས་ཚོལ་བར་ཅི་ལྟར་འགྱུར་ཞེ་ན། གཉིས་སུ་མེད་པར་ཞེས་གསུངས་ཏེ། ཀུན་རྫོབ་ཏུ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ཁོ་ན་སྟེ། དེས་ན་སོ་སོར་ངེས་པས་འཇུག་པ་ཡིན་ནོ། །གང་གི་ཕྱིར་རྒྱུ་གཞན་ཡོད་ན། དེ་མེད་པས་མེད་པ་ཞེས་བྱ་བ་ལ་སོགས་པ་དང༌། འབྲས་བུ་སོ་སོ་ལ་ངེས་པའི་ཐབས་ཚོལ་བ་མི་འཐད་པ་དེའི་ཕྱིར་རོ། །དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཅི་ལྟར་ལྡོག་པ་ཅན་མ་ཡིན་ཞེ་ན། གང་གི་ཕྱིར་ཞེས་གསུངས་སོ། །ལྡོག་པ་ཞེས་བྱ་བ་ནི་ཤ་བ་དང་དུ་བ་དག་གོ །བདག་ནི་གཏན་ཚིགས་སྲོག་ལ་སོགས་པ་ལ་ལྟོས་ཏེ། རང་གི་བདག་ཉིད་དམ་རྒྱུའི་དངོས་པོར་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ན་ཞེས་བྱ་བ་ནི་རང་གི་བདག་ཉིད་ལ་སོགས་པ་མ་གྲུབ་བས་ནའོ། །ཁྱད་པར་ཐུན་མོང་མ་ཡིན་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉི་ག་མེད་དོ། །ཅིའི་ཕྱིར་དེ་ཁོ་ན་བཞིན་དུ་ལྡོག་པ་ཅན་ཉིད་དུ་འགྲུབ་ཅེ་ན། དེའི་བདག་ཉིད་ཅེས་བྱ་བའོ། །བསྒྲུབ་པར་བྱ་བའི་བདག་ཉིད་ལ་ངེས་བ་ཁོ་ན་དེ་མེད་པས་ལྡོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་ཁོ་ན་དེ་ལྟར་འགྱུར་ཞེ་ན། འབྲེལ་པ་མེད་པ་ནི་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་


DTG186_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྲེལ་པ་དང་ལྡན་པ་ཁོ་ན་ལྡོག་པར་བྱེད་པ་ཡིན་དང་ངོ༌། །ཅི་ལྟར་གཏན་ཚིགས་མ་ཡིན་ཞེ་ན། མ་འབྲེལ་བ་ཞེས་བྱ་བའོ། །འོན་ཏེ་གྲོག་ལ་སོགས་པ་ནི་བདག་ལ་འབྲེལ་བ་ཁོ་ནའོ་ཞེ་ན། འབྲེལ་པ་དང་ལྡན་བ་ཞེས་བྱ་བའོ། །འོ་ན་ལྡན་བ་ཅན་ལ་སོགས་པའི་འབྲེལ་པ་ལས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡིན་པ་ཁོ་ནའོ་ཞེས་ན། དེའི་བདག་ཉིད་དང་ཞེས་བྱ་བའོ། །དོགས་པ་བསུ་བ་ནི་ལྡན་པ་ཅན་ལ་སོགས་པ་རྣམ་བ་གཞན་གྱིས་ཀྱང་ཅི་སྟེ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མ་ཡིན་ཞེ་ན། འོན་ཏེ་རྣམ་པ་གཞན་གྱིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་མ་གཏོགས་པ་ཁྱབ་བར་བྱ་བ་དང་ཁྱབ་པར་བྱེད་པའི་རྒྱུ་མཚན་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་དེའི་བདག་ཉིད་དང་དེ་ལས་བྱུང་བ་ཁོ་ནས། སྲོག་ལ་སོགས་པ་དང་ལྡན་པ་ཉིད་གོ་བར་བྱེད་པ་ཡིན་པར་འགྱུར་རོ་ཞེ་ན། རྣམ་པ་དེ་ཉིད་ཀྱང་ཞེས་བྱ་བ་སྟེ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་དོ། །སྲོག་ལ་སོགས་པ་ལ་ནི་དེ་ལྟར་ཡང་སྟེ་རྟོགས་པར་ཡང་མ་གྱུར་ཏེ། སྲོག་ལ་སོགས་པ་བདག་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བ་ཉིད་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་རང་གི་བདག་ཉིད་ལ་སོགས་པར་མ་གྲུབ་པས་ནའོ། །དེས་ཀྱང་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་ངོ༌། །འདི་ཉིད་ཅེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་པའོ། །ཚིག་རྐང་བཞི་པ་འགྲེལ་བ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་གོ་བར་བྱེད་པ་ཡིན་ན་ཡང་ངོ། །དེའི་ཕྱིར་ན་མ་ངེས་པ་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མེད་པའོ། །གཏན་ཚིགས་དེའི་ཕྱིར་གསོན་པོའི་ལུས་ལ་ཡང༌། ཁྱབ་པར་བྱ་བ་བདག་ལྡོག་པ་ཡོད་ན་གདོན་མི་ཟབ་བར་ཁྱབ་པར་བྱེད་སྲོག་ལ་སོགས་པ་མེད་པ་ཉིད་ཀྱང་ཡོད་བར་འགྱུར་བ་ཞིག །ཡོད་པ་ཡང་མ་ཡིན་ཏེ་དེའི་ཕྱིར་ཁྱབ་པར་བྱེད་པ་སྲོག་ལ་སོགས་པ་ལོག་པས་ཁྱབ་པར་བྱ་བ་བདག་མེད་པ་ལྡོག་བས་ན་བདག་རྟོགས་པར་འགྱུར་རོ་ཞེས་བྱ་བའི་རྩོད་པ་རྗེས་སུ་བརྗོད་ནས་ལན་འདེབས་པ་ནི། སྲོག་ལ་སོགས་བ་མེད་བ་བདག་མེད་པའི་ཁྱབ་པར་བྱེད་པ་ཉིད་


DTG186_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དེ་ཡང་མཐུན་པའི་ཕྱོགས་ཀྱི་ཁྱབ་པ་མེད་པར་མི་འགྲུབ་པོ། །རྗེས་སུ་འགྲོ་བ་ལ་མི་ལྟོས་པར་ཁྱབ་བར་བྱེད་བ་ཉིད་གྲུབ་བ་ཡིན་ན་ནི་དེ་ལོག་བས་བདག་མེད་བ་ལྡོག་པའི་ཕྱིར་བདག་རྟོགས་བར་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་མི་མཐུན་པའི་ཕྱོགས་དག་ཅེས་བྱ་བ་སྟེ་སྲོག་ལ་སོགས་པ་མེད་པ་དང། བདག་མེད་པ་དག་གོ །རྗེས་སུ་འགྲོ་བ་མེད་པར་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་ལ་འབྲེལ་པ་མ་ཡིན་ཡང་ངོ༌། །འོ་ན་ཁྱབ་པ་དེ་གྲུབ་པ་ཁོ་ནའོ་ཞེ་ན། མི་མཐུན་བའི་ཞེས་བྱ་བའོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། བདག་དང་ཞེས་བྱ་བའོ། །བདག་ལྡོག་པར་བྱེད་བ་ཉིད་མ་ཡིན་མོད་དེ་ལྟ་ན་ཡང་བདག་ལྡོག་པ་ལ་ནི་སྲོག་ལ་སོགས་པ་ལྡོག་པས་ཁྱབ་པ་འགྲུབ་པོ་ཞེ་ན། ལྡོག་པར་བྱེད་པ་མ་ཡིན་པ་ཞེས་སྨོས་སོ། །གང་གི་ཕྱིར་མཐུན་ཕྱོགས་ཀྱི་ཁྱབ་པ་མེད་པར་ལྡོག་པའི་ཁྱབ་པ་མི་འགྲུབ་པ་དེའི་ཕྱིར་རོ། །ཅི་ལྟར་ན་སྲོག་ལ་སོགས་པ་མེད་བའི་ཁྱབ་བྱེད་ཉིད་དུ་མི་འགྲུབ་ཅེ་ན། གཞན་ཞེས་བྱ་བ་སྟེ་མ་འབྲེལ་པ་གཞན་ལོག་པས། འབྲལ་ཟླ་མ་ཡིན་པ་གཞན་ལྡོག་པ་ནི་མི་རུང་བའི་ཕྱིར་རོ། །གལ་ཏེ་ཅི་ལྟར་མི་རུང་ཞེས་གལ་ཏེ་ཞེས་བྱ་བའོ། །འབྲེལ་བ་ཡོད་པར་དོགས་པ་ནི་དེ་བདག་ཅེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ནི་འཆད་པའོ། །རིག་བྱེད་ཀྱི་མཐར་སྨྲ་བ་རྣམས་ཀྱི་ལྟར་ན་ནི། སྲོག་ལ་སོགས་པ་བདག་གི་རང་བཞིན་ཡིན་ཏེ་དེས་ན་རྣམ་འགྲེལ་དུ་དེའི་སྒྲས་བདག་བཟུང་བ་ཡིན་ལ་བདག་གི་སྒྲས་ནི་རང་བཞིན་བཟུང་བ་ཡིན་ནོ། །དེའི་བདག་སྟེ་རང་བཞིན་ག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་ཚིག་སྦྱར་རོ། །བདག་དམིགས་པ་ན་སྲོག་ལ་སོགས་པ་དེ་དམིགས་ལ། བདག་རྟོགས་པ་མེད་ན་ཡང་མིག་ལ་སོགས་པ་དེ་མ་རྟོགས་ན་བདག་གི་རང་བཞིན་དང༌། བདག་ལས་བྱུང་བ་ཉིད་འདི་གྲུབ་བར་འགྱུར་རོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ཡང་ངོ༌། །དེའི་རང་བཞིན་ཞེས་བྱ་བ་ནི་བདག་གི་རང་བཞིན་ནོ། །དེ་ཉིད་ནི་བདག་གོ །འདུ་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི་དེ་ལས་བྱུང་བའི་ཕྱོགས་སུ་ནི་འབྱིན་པར་བྱེད་དོ། །མཇུག་སྡུད་བ་ནི་དེའི་ཕྱིར་དེའི་བདག་ཉིད་དང་དེ་ལས་བྱུང་བར་ཅི་ལྟར་འགྱུར་ཞེས་བྱ་བའོ། །མཐོང་དང་མ་མཐོང་ཞེས་བྱ་བ་ནི་ཡུལ་ཅན་གྱི་ཡུལ་བསྟན་


DTG186_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན། རྒྱུ་དང་ཁྱབ་བྱེད་ཉིད་དུ་སྒྲུབ་པར་བྱེད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་གྲུབ་པའོ། །གལ་ཏེ་བུམ་པ་ལ་སོགས་པ་ལ། བདག་ཤིན་ཏུ་ལྐོག་ཏུ་གྱུར་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་དང་མ་གྲུབ་པ་དེ་ལྟ་ན་ཡང་ལྡོག་པ་ནི་གྲུབ་པ་ཁོ་ན་ཡིན་ལ་དེ་གྲུབ་ན་ཡང་སྲོག་ལ་སོགས་པ་ཡང་ལྡོག་པའི་ཕྱིར་ཁྱབ་པ་འགྲུབ་པ་ཅི་སྟེ་མ་ཡིན་ཞེ་ན། བུམ་པ་ལ་སོགས་པ་ཞེས་བྱ་བའོ། །ཅི་ལྟར་མ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །བདག་ཤིན་ཏུ་ལྐོག་ཏུ་གྱུར་པ་ན་ནི་མ་དམིགས་པ་ལས་མེད་པ་མི་རྟོགས་སོ། །དེས་ན་བུམ་པ་ལ་སོགས་པ་ལ་བདག་མེད་པར་གྲུབ་པ་མེད་པ་ན། བདག་དེའི་སྲོག་ལ་སོགས་པའི་ཁྱབ་པར་བྱེད་པ་ཉིད་ཅི་ལྟར་རྟོགས། འོ་ན་ནི་གང་ལ་རྒྱུ་དང་ཁྱབ་པར་བྱེད་པ་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་ཅེ་ན་དམིགས་པའི་མཚན་ཉིད་ཀྱིས་ཞེས་སྨོས་སོ། །དེས་ན་ཞེས་བྱ་བ་ནི་དམིགས་པར་བྱ་བ་མ་ཡིན་པས་ནའོ། །དེ་མ་ཡིན་ན་ཡང་ཞེས་བྱ་བ་ནི་རྒྱུ་དང་ཁྱབ་པར་བྱེད་པ་ཉིད་མ་ཡིན་ན་ཡང་ངོ༌། །ཡུལ་ལམ་དུས་གཞན་འགའ་ལ་ཡང་མཐོང་བ་མེད་པའི་ངོ་བོ་ཅན་ཤ་ཟ་ལ་སོགས་པ་དང་འདྲ་བ་གང་ཡིན་པ་དེ་བུམ་པ་ལ་སོགས་པ་ལ་མེད་ཅེས་བྱ་བ་དེ་ལྟ་བུའི་དངོས་པོ་མེད་པ་ཉིད་དུ་ངེས་པར་མི་འགྱུར་རོ། །དེས་ན་ལྡོག་པ་ཤེས་པ་མེད་པའི་བདག་གི་སྲོག་ལ་སོགས་པ་མེད་པ་ལྡོག་པ་སྲོག་ལ་སོགས་པའི་མཚན་ཉིད་ལ་ཁྱབ་པར་བྱེད་པ་ཡིན་པ་ཡང་ཅི་ལྟར་འགྱུར། གང་ཞིག་ཅེས་བྱ་བ་ལ་སོགས་པས་ཕྱེད་སྔ་མ་ལྡོག་པའི་སྒོ་ནས་བཤད་ནས། རྗེས་སུ་འགྲོ་བའི་སྒོ་ནས་འཆད་པ་ནི། གང་ཞིག་ནམ་ཡང་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་མཐོང་པ་མེད་པ་ལ་ཞེས་བྱ་བའོ། །རྟོགས་པ་ཡོད་དམ་མེད་ཅེས་བྱ་བར་འཇུག་པའོ། །འོ་ན་དེའི་བདག་ཉིད་དགག་པ་ཡང་མི་བྱ་བར་འགྱུར་རོ་ཞེ་ན། ཐམས་ཅད་ལ་ནི་ཞེས་བྱ་བ་སྟེ་མཐོང་བ་དང་མ་མཐོང་བ་ལ་ལྟོས་ནས་སོ། །ཕྱེད་ཕྱི་མ་འཆད་པ་ནི་དེ་ལྟར་ཞེས་བྱ་བའོ།། རྟེན་པ་འགོག་པ་ནི་ཐམས་ཅད་ལ་ལྟོས་པ་ཅན་མ་ཡིན་ནོ་ཞེས་བརྗོད་པ་ནི། བུམ་པ་ལ་སོགས་པ་ལ་ཞེས་བྱ་བའོ། །སྤྱི་ལ་སོགས་པ་ནི་བདག་དང་འདྲ་བར་བལྟར་རུང་བ་མ་ཡིན་ཡང་བ་ལྟར་རུང་བ་ཉིད་དུ་ཁས་བླངས་པ་ཁོ་ན་ལས་རང་བཞིན་མི་དམིགས་པ་རྟེན་པ་ཉིད་འགོག་པ་ཡིན་ལ་གཞན་དུ་


DTG186_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །འོན་ཏེ་བུམ་པ་ལ་སོགས་པ་ལ་བདག་གིས་དབེན་པར་དམིགས་པས་དེ་མེད་པར་ངེས་བ་ཡིན་ནོ་ཞེ་ན། དེས་དབེན་བར་ནི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་བདག་མེད་པར་རོ། །དེ་ཡང་ན་ལུས་སོ། །དེས་ནི་བདག་གི་དབེན་པར་རོ། །གང་གི་ཕྱིར་དབེན་པར་དམིགས་པས་བུམ་པ་ལ་སོགས་པ་ལ་བདག་མེད་པར་འགྲུབ་ན་ལུས་ལ་ཡང་མེད་པར་འགྲུབ་པར་འགྱུར་བ་དེས་ནའོ། །སྲོག་ལ་སོགས་པ་མེད་པ་ལྡོག་པ་ནི་སྲོག་ལ་སོགས་པ་ཡོད་པ་ཉིད་དོ། །ཅིའི་ཕྱིར་བདག་ཁྱབ་པར་བྱེད་པ་ཉིད་མ་ཡིན་ཞེ་ན། བརྗོད་པ་དུ་བ་གང་ཞིག་ལྡོག་པས། མེ་གང་ལྡོག་པ་ཁྱབ་པ་དུ་བ་ལྡོག་པ་དེ་ལྡོག་པ་ནི། མེ་ལྡོག་པ་ལྡོག་པའི་རང་བཞིན་དེས་ཁྱབ་པར་འགྱུར་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟད་མོད་དེས་ཅིར་འགྱུར་ཞེ་ན། བདག་ལྡོག་པ་ནི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ལྡོག་པ་དག་ཁྱབ་པ་མེད་པའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་ཁྱབ་པ་འགྲུབ་པ་ཉིད་ཀྱིས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་བདག་བ་ལྟར་མི་རུང་བའི་ཕྱིར་རོ། །འདི་ལ་ནི་བུམ་པ་ལ་སོགས་པ་ལའོ། །སྲོག་ལ་སོགས་པ་ནི་བུམ་པ་ལ་སོགས་བ་ལ་ཡོད་པ་དང་མེད་པ་ཉིད་དུ་རྟོགས་བར་འགྱུར་རོ། །ཅི་ལྟར་ཞེ་ན། མཐོང་བདག་གིས་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པ་ཉིད་ཀྱི་སྟེ། མི་དམིགས་པ་ཙམ་གྱིས་ནི་མ་ཡིན་ནོ་དེ་ལྟར་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བཞིན་དུའོ། །གསོན་པོའི་ལུས་མ་ཡིན་པ་ནི་བུམ་པ་ལ་སོགས་པ་ལའོ། །ཕྱེད་ཕྱི་མ་ལྡོག་པའི་སྒོ་ནས་རྣམ་པར་འགྲེལ་བ་ནི། བདག་ནི་ཞེས་བྱ་བའོ། །བུམ་བ་ལ་སོགས་པ་ལ་ནི། སྲོག་ལ་སོགས་པའི་ལྡོག་པར་བྱེད་པ་བདག་མེད་པ་ཉིད་དང་འབྲེལ་པ་གང་ཡིན་པ་དེ་མཐོང་བའི་ཕྱིར་རོ། །བདག་མེད་པར་ནི་ལྡོག་པར་བྱེད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། འབད་རྩོལ་ལ་སོགས་པ་གཞན་མེད་པའོ། །དེ་མེད་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མེད་པས་སོ། །འདི་ནི་བུམ་པ་ལ་སོགས་པ་ལའོ། །འོན་ཏེ་བློ་ལ་སོགས་པ་ལུས་ལ་མེད་པ་ཁོ་ནའོ་ཞེ་ན། བློ་ལ་སོགས་པ་ནི་ཞེས་བྱ་བའོ། །ཆོས་མཚུངས་པ་སངས་རྒྱས་པའི་འདོད་པ་ཡིན་ནོ། །གལ་ཏེ་བློ་ལ་སོགས་པ་ཡོད་པ་དང་མེད་པས་བྱས་པའི་ཆོས་མི་མཚུངས་པ་ཡང་ཡོད་པ་མ་ཡིན་ནམ། དེས་ན་སྲོག་ལ་སོགས་པ་དང་འབྲལ་བར་ཅི་ལྟར་


DTG186_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གང་ཞིག་བདག་མེད་པ་དེ་ནི་སྲོག་ལ་སོགས་པ་སྟོན་བ་ཡིན་ཏེ་དཔེར་ན་བུམ་པ་བཞིན་ནོ། །གསོན་པོའི་ལུས་ཀྱང་བདག་མེད་པ་ཡིན་ནོ། །དེས་ན་སྲོག་ལ་སོགས་པས་སྟོད་པར་འགྱུར་རོ། །ཐལ་བ་ལྡོག་པ་བརྗོད་པ་ནི། སྲོག་ལ་སོགས་པ་མེད་པས་ཞེས་བྱ་བའོ། །གསོན་པོའི་ལུས་སྲོག་ལ་སོགས་པ་དང་ལྡན་པར་ཁས་ལེན་ན། དེ་བདག་དང་བཅས་པར་སངས་རྒྱས་པས་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་བ་ཡང་ཞེས་བྱ་བ་ནི་བུམ་པ་ལས་ཐ་དད་པའི་ལུས་ལ་ཡང༌། བདག་མེད་བ་ཙམ་ཅུང་ཟད་ཆོས་མཐུན་པས་སྲོག་ལ་སོགས་པ་དང་མི་ལྡན་པ་དེར་རྟོགས་པར་བྱེད་ནའོ། །མི་འདོད་ཅེ་ན་ཞེས་བྱ་བ་ནི་གཞལ་བྱ་ཉིད་ཀྱི་བུམ་པ་ལ་སོགས་པ་བདག་དང་བཅས་པ་ཉིད་དུ་མི་འདོད་ནའོ། །ལན་ནི་ཚད་མ་ཉིད་ཅེས་བྱ་བའོ། །ཅི་ལྟར་ཚད་མ་ཉིད་འདོད་པའི་རྒྱུ་མཚན་ཡིན་ཞེ་ན། དེ་མེད་པར་ཞེས་བྱ་བ་ཆོས་ཅན་ཚད་མ་མེད་པར་རོ། །འོན་ཏེ་བུམ་པ་ལ་སོགས་པ་ནི་བདག་དང་བཅས་པར་མི་འདོད་དེ་དེས་ན་མེད་པ་ཡིན་ནོ་ཞེ་ན། ཚད་མས་ཞེས་བྱ་བའོ། །ཟློག་པར་བྱེད་ཅེས་བྱ་བ་ནི་ཉེ་བར་མཚོན་བ་སྟེ་ཐེ་ཚོམ་དུ་ཡང་འགྱུར་བ་མ་ཡིན་ནོ། །འདི་ག་ལས་ཤེ་ན། ཚད་མ་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ཏེ་འདོད་པས་དངོས་པོ་དང་དངོས་པོ་མེད་པ་འདོར་ལེན་བྱེད་ན། དངོས་པོ་དང་དངོས་པོ་མེད་པ་འདོར་ལེན་བྱེད་པར་མི་འགྱུར་རོ་ཞེས་འབྲེལ་ཏོ། །ཅི་ལྟར་མི་འགྱུར་ཞེ་ན། ཚད་མ་ལས་རང་དབང་མེད་པར་རོ། །ཅི་ལྟར་འདོད་པས་དངོས་པོ་དང་དངོས་པོ་མེད་པ་འདོར་ལེན་བྱེད་ཅེ་ན། རྒོལ་བའི་ཞེས་བྱ་བའོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་མ་མཆིས་པར་གནས་བ་མེད་དེ་འཆོལ་བ་ཁོ་ནའོ། །འོ་ན་ཞེས་བྱ་བ་ནི་དོགས་པར་བྱེད་པའོ། །སྲོག་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་བློ་ལ་སོགས་པ་ཡང་བདག་ལ་བརྟེན་པ་ཡིན་ཞེས་སོ། །དེས་ན་ཞེས་བྱ་བ་ནི་བློ་ལ་སོགས་པ་བདག་ལ་བརྟན་པ་ཉིད་ཀྱིས་སོ། །དེ་མེད་ན་མེད་པས་ནའོ། །སངས་རྒྱས་པས་གང་བརྗོད་པ་དེའོ། །ལན་ནི་མི་རིགས་པ་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ཉིད་ཅེས་བྱ་བ་ནི། མིག་ལ་སོགས་པ་ཚོགས་པ་སྔ་མར་གྱུར་པ་རྣམས་ཉིད་ཕྱིས་ཀྱི་མིག་ལ་སོགས་པའི་ཚོགས་པ་དེ་ལའོ། །འོ་ན་ཅི་ལྟར་བློ་ལ་སོགས་པའི་ལྡོག་པར་བྱེད་པ་བདག་


DTG186_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་རིགས་ཤེ་ན། གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ནི་ཞེས་བྱ་བ་འཇུག་པར་བྱེད་པ་ཉིད་དུ་ངེས་བ་མ་ཡིན་པའོ། །དེ་དག་ཅེས་བྱ་བ་ནི་དྲན་པ་ལ་སོགས་པ་དག་ནིའོ། །དེའང་ཞེས་བྱ་བ་ནི། གུལ་དང་དབང་བོ་དང་བློའོ། །རང་གི་རིགས་དེ་ཉེ་བར་ལེན་བའི་རྒྱུ་ལས་བྱུང་བ་ཡིན་ནོ། །རང་གི་རིགས་ཙམ་ལས་འབྱུང་བར་ཡང་མ་ཟད་དེ། ཕན་ཚུན་རྐྱེན་ལ་ནི་ལྟོས་པའི་ཞེས་བྱ་བ་སྟེ། བདག་ཉིད་ཅི་ལྟ་བ་ལྷན་ཅིག་བྱེད་པའི་རྒྱུ་ལ་ཡང་ལྟོས་པ་ཡིན་ནོ། །བློ་དྲུག་པོ་འདི་རྣམ་ལས། མིག་ལ་སོགས་པའི་བློ་དག་ལ་ནི་དེ་རྣམ་པར་འགྱུར་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་མཐོང་བ་ལས་མིག་ལ་སོགས་པའི་ནུས་པ་འཇུག་པ་ཡིན་ལ། ཡིད་ལ་བྱེད་པའི་ནུས་པ་ནི་ཐམས་ཅད་ལ་ཡང་འཇུག་པ་ཡིན་ཏེ། དེ་མཐུན་པ་དང་མི་མཐུན་པ་དང་དག་ལས་ཕྱིས་ཀྱི་རྣམ་པར་ཤེས་པ་མཐུན་པ་དང་མི་མཐུན་པར་མཐོང་བའི་ཕྱིར་རོ། །འབྱུང་བ་དང་རྔུབ་པ་དང་དབང་པོ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་ནི་སྐལ་བ་མཉམ་བ་སྔ་མ་ཡིན་ནོ། །བློ་ནི་རྐྱེན་ཡིན་ནོ། །དེ་དང་བ་དང་རྙོག་པ་དག་ལས་དབང་པོ་རྣམས་ལ་ཕན་པ་དང་གནོད་པ་མཐོང་བའི་ཕྱིར་རོ། །སྲོག་ལ་སོགས་པ་འཇུག་པ་དང་ལྡོག་པ་དག་ནི་བློ་དང་འབད་རྩོལ་གྱི་རྗེས་སུ་བྱེད་པ་ཡིན་ནོ། །ཕན་ཚུན་ལྟོས་པའི་རྒྱུ་དང་རྐྱེན་གྱི་ཚོགས་པ་དེ་ཙམ་ལས་བདག་གི་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་ཏེ། མཐོང་བའི་ཚོགས་པ་འདི་ལས་གཞན་དུ་བདག་རྒྱུར་རྟོགས་ན་ནི་གཞན་དང་གཞན་ཡང་བརྟག་པར་བྱ་བ་ཡིན་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་ནུས་བ་མ་མཐོང་བའི་བདག་ལོག་པས་སྲོག་ལ་སོགས་པ་ལོག་པར་ཅི་ལྟར་འགྱུར། མི་འདོད་པའམ་ཞེས་བྱ་བ་ནི་དྲི་ལ་སོགས་པ་མཐོང་བ་ལའོ། །དེ་ལས་གཞན་འགའ་ཞིག་ལ་ཞེས་བྱ་བ་ནི་འདོད་པ་ལའོ། །དེ་ལས་ཞེས་བྱ་བ་ནི་རྩོལ་བ་ལ་སོགས་པ་ལས་སོ། །ཡུལ་ལ་སོགས་པ་ཉིད་གང་ལ་འཇུག་སྙམ་ན། དེ་དག་ཀྱང་ཞེས་བྱ་བའོ། །དབང་པོ་དང་བློ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་སྔ་མའི་རྒྱུ་ཅན་ཡིན་ནོ། །གལ་ཏེ་འདིར་བདག་ཉེ་བར་སྦྱོར་བ་མེད་དུ་ཆུག་མོད། དྲན་པ་ལ་ནི་ཉེ་བར་སྦྱོར་བ་ཡོད་པ་ཁོ་ནའོ་ཞེས་བརྩད་པ་གལ་ཏེ་ཞེས་བྱ་བའོ། །སྲོག་ལ་སོགས་པ་ལྟར་འདི་ཡང་ལྡོག་པ་ཙམ་ལ་གོ་བ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། འདི་ཡང་ཞེས་བྱ་བའི་


DTG186_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་ལྡོག་པ་ཁོ་ན་ཡིན་ཞེ་ན། དྲན་པ་ཞེས་བྱ་བའོ། །འོ་ན་ངོ་ཤེས་པས་མཐོང་ཞེ་ན། དྲན་པ་ཡང་ཞེས་བྱ་བའོ། །ཚད་མ་མ་ཡིན་པ་ཡང་མངོན་སུམ་གྱི་གསལ་བ་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་བདག་མེད་ན། གཞན་གྱིས་མཐོང་བ་གཞན་གྱིས་ཅི་ལྟར་དྲན་ཏེ། ལྷ་སྦྱིན་གྱིས་མཐོང་བ་ནི་མཆོད་སྦྱིན་གྱིས་མཐོང་བ་མ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གཞན་གྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་དྲན་པ་སྐྱེད་པར་བྱེད་བའི་མྱོང་བ་དང་བཅས་པ་ཉེ་བར་ལེན་པར་གྱུར་པའི་ལུས་ཀྱི་སྐད་ཅིག་གི་ཁྱད་པར་ཅན་གྱི་དམིགས་པས་ཞེས་ཁ་བསྐངས་ཏེ་ཉེ་བར་ལེན་པར་གྱུར་པའི་ལུས་ཀྱི་སྐད་ཅིག་གི་ཁྱད་པར་གྱིས་དྲན་པར་འགྱུར་རོ་ཞེས་སྦྱར་རོ། །གལ་ཏེ་མཐོང་བ་དང་བཅས་པ་གཞན་དག་ཀྱང་དྲན་པའི་རྒྱུ་ཅི་སྟེ་མ་ཡིན་ཞེ་ན། གང་གིས་ཞེས་བྱ་བའོ། །གཞན་མ་ཡིན་པ་ཞེས་བྱ་བ་ནི་རྒྱུ་ཐ་དད་པ་མ་ཡིན་པའོ། །གལ་ཏེ་དེ་ལྟ་ན་ཡང་བདག་དྲན་པའི་རྒྱུ་ཅི་སྟེ་མ་ཡིན་ཞེ་ན། བདག་ཡོད་པ་ཞེས་བྱ་བའོ། །འོ་ན་ཅི་ལྟར་དྲན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །དེ་ལྟ་ན་མ་ཡིན་ན་ཞེས་བྱ་བ་ནི། བདག་ནི་ཡོད་པ་ཉིད་ཀྱིས་དྲན་པ་ཡིན་ནའོ། །འདི་ནི་ཉེ་བར་མཚོན་བ་སྟེ། བདག་གཞན་གྱིས་མྱོང་བ་ལ་ཡང་བདག་གཞན་གྱི་དྲན་པ་ཡང་previous hit ཐལ་བར་འགྱུར་རོ། །ཐམས་ཅད་ཀྱི་ཚེ་དང་ཐམས་ཅད་ཀྱི་དྲན་པའི་ལན་གྱིས་དོགས ་ནི་གལ་ཏེ་ཞེས་བྱ་བའོ། །འོ་ན་ཅི་སྐད་བརྗོད་སྙམ་ན། གལ་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་དེ་སྐད་བརྗོད་སྙམ་ན། དྲན་པ་པོ་ཞེས་བྱ་བའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི། དེ་འགྱུར་ན་འགྱུར་བ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་ཡིན་ན། རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་མེད་པར་འགྱུར་རོ། །དེ་བཞིན་དུ་བདག་ཀྱང་དྲན་པའི་རྒྱུ་ཅི་སྟེ་མ་ཡིན་ཞེ་ན། དྲན་པ་ནི་ཞེས་བྱ་བའོ། །མི་འགྱུར་ན་ཞེས་བྱ་བ་ནི་དྲན་པར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ཁྱབ་པ་དང་རྟག་པ་ཡིན་ནའོ། །ཁྱད་པར་ཡོད་པར་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་རྟག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་ཡིན་པར་ཞེས་བྱ་བ་ནི། དྲན་པ་དང་ཉམས་སུ་མྱོང་བ་པོར་རོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཐུན་མོང་དུ་རྟོགས་བ་ནའོ། །དེ་ཡང་ནི་བདག་གོ །ཅི་ལྟར་མི་མཐུན་པ་མ་ཡིན་ཞེ་ན། ཁྱབ་པ་དང་ཞེས་བྱ་བའོ། །མི་མཐུན་པ་ཡོད་པར་དོགས་པ་


DTG186_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་ངའོ་སྙམ་པའི་ཞེས་བྱ་བའོ། །ལུས་དང་མདོག་ལ་སོགས་པ་དང་བྲལ་བའི་བདག་ནི་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བའོ་སྙམ་པའི་བློ་ལ། ལུས་རྟགས་ནི་སྣང་བ་མེད་པ་བྱིས་བ་ལ་སོགས་པའི་རང་བཞིན་གྱིས་ཐ་དད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི། ལུས་ནི་ཞེས་བྱ་བའོ། །ལན་ནི་མི་རྟག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུས་ཀྱི་ཞེས་བྱ་བའོ། །འོ་ན་རྟག་པ་གང་ཡིན་ཞེ་ན། གནས་སྐབས་ཅན་ཞེས་བྱ་བའོ། །ཕྱོགས་འདི་ནི་རྟག་པའི་བདག་དགག་པའི་དོན་དུ་ཁས་བླངས་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྗོད་པ་རྟོགས་པ་འདི་ཉིད་བླའི། ལུས་ལས་ཐ་དད་པར་གྱུར་པའི་བདག་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་དྲན་པ་ལ་སོགས་པ་ནི་བདག་གིས་བྱིན་གྱིས་བརླབས་པར་རྟོགས་པའི་ཕྱིར་ཅི་ལྟར་དེར་མི་རྟག་སྙམ་ན་དྲན་པ་ལ་སོགས་པ་ནི་ཞེས་བྱ་བའོ། །དེ་ལྟ་ཡང་མི་འདོད་བ་ཐོག་ཏུ་བབ་པོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་གནས་སྐབས་ཀྱི་ཚོགས་ཉིད་ལུས་ཡིན་པ་དེ་ཉིད་ཀྱི་ཕྱིར་ངེད་ཀྱི་ཕྱོགས་གྲུབ་པ་ལ་གནོད་པ་མེད་དོ། །ཅིའི་ཕྱིར་དེ་ཉིད་ལུས་ཡིན་ཞེ་ན། གནས་སྐབས་ཅན་གྱི་ལུས་གཞན་རྟོགས་པ་ཡོད་བ་མ་ཡིན་པའི་ཕྱིར་རོ། །རྟག་པ་ལ་ནི་རིམ་གྱིས་འབྱུང་བའི་དྲན་པ་དང་མྱོང་བར་ཐད་པ་མ་ཡིན་ནོ་ཞེས་བརྗོད་བ་ནི། གཞན་ཡང་ཞེས་བྱ་བའོ། །ཅི་སྟེ་མི་རིགས་ཤེ་ན། གལ་ཏེ་དེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དྲན་པར་བྱེད་པ་ཉིད་དོ། །དྲན་པར་བྱེད་པ་ཉིད་ཡིན་ན། ཉམས་སུ་མྱོང་བར་བྱེད་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཉེས་པ་གཞན་ཡང་བརྗོད་པ་ནི། བདེ་བ་ལ་སོགས་བར་ཞེས་བྱ་བའོ། །འོན་ཏེ་རྣམ་པར་འགྱུར་བ་ཁས་མི་ལེན་ནོ་ཞེ་ན། བདག་དེ་བདེ་བ་ལ་སོགས་པས་འགྱུར་བ་མེད་ན། བདེ་བར་གནས་བ་ཉིད་དུ་མི་འཐད་དོ། །འོན་ཏེ་བདག་མེད་ན་དྲན་པར་མི་འགྱུར་རོ་ཞེས་བརྒྱ་ལ་སྨྲ་བར་འགྱུར་དུ་འོང་བས་བརྗོད་པ་ནི། གང་གི་ཕྱིར་དྲན་པ་འབྲས་བུ་ཡིན་པ་དེས་ན་མྱོང་བ་ལས་ཅི་སྟེ་མ་ཡིན་ཏེ་བདག་ཁས་བླངས་པས་ཅི་ཞིག་བྱ། རྒྱུ་དང་འབྲས་བུ་ཙམ་མ་ཡིན་ཞེས་བྱ་བ་ནི་བདག་ལྷག་བ་གཟུང་བའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །བྱེད་པ་ཉིད་ཅེས་བྱ་བ་ནི་དྲན་པ་དང་མྱོང་བ་ལ་ལྟོས་ནས་བདག་གོ །རྟོགས་བ་བདག་ལ་སྐྱེས་པ་ཙམ་གྱིས་ནི་འདི་ཚད་མ་མ་ཡིན་ནོ།།


DTG186_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་རྣམ་པ་བརྗོད་པ་ནི་སྔོན་མཐོང་ཞེས་བྱ་བའོ། །ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། དེ་ལྟ་ཡིན་ན་ནི་རབ་རིབ་ཅན་ལ་སོགས་པའི་ཤེས་པ་ཀུན་ཆད་མར་གྱུར་ཏེ། དེ་ཡང་བདག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་གཞག་མེད་པར་འགྱུར་རོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་རབ་རིབ་ཅན་གྱིའོ། །དེས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་འགྲུབ་པས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡིན་དང་ཞེས་བྱ་བ་ནི་དབང་པོའི་ཤེས་པ་ཚད་མ་ཡིན་དང་ངོ༌། །འདི་ཉིད་ཅེས་བྱ་བ་ནི་བདག་གིའོ། །དྲན་པ་ནི་སྔར་མཐོང་བ་རྣམ་པར་རྟོག་པའོ། །མཚམས་སྦྱོར་བ་ནི་སྔ་མ་དང་ཕྱི་མ་གཉིས་གཅིག་ཏུ་བྱེད་པའོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་སྔ་མའི་རང་བཞིན་དང་ཕྱི་མའི་རང་བཞིན་གཅིག་ཉིད་དུ་བཅས་པ་མེད་པའི་ཕྱིར་རོ། །གཅིག་ཏུ་རྟོགས་བ་ཞེས་བྱ་བ་ནི་མཐོང་བ་སྔ་མའི་ཡུལ་ཉིད་བདག་གིས་རྟོགས་སོ་ཞེས་བྱ་བ་བདེན་པར་ཇི་ལྟར་འགྱུར་ཏེ། མངོན་སུམ་གྱིས་གསལ་བ་ལ་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་གཅིག་ཏུ་རྟོགས་པ་བདེན་པར་འགྱུར་དགོས་ཤེ་ན། ཚད་མར་འགྱུར་བའི་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་དབང་པོའི་མངོན་སུམ་གྱིས་གཅིག་ཉིད་མ་རྟོགས་པས་སོ། །དེས་ན་ཞེས་བྱ་བ་ནི་ཚད་མས་གྲུབ་པའི་བདག་མེད་པས་སོ། །གལ་ཏེ་ཁྱད་པར་གྱི་སྒྲས་སྲོག་ལ་སོགས་པ་དང་ལྡན་པར་བརྗོད་པར་འདོད་ན། དོན་ཅིའི་ཕྱིར་གཏན་ཚིགས་ཀྱི་འཁོར་ལོར་མཉན་བྱ་ཉིད་བཀོད་ཅེ་ན། མཉན་བྱ་ཉིད་དང་མཚུངས་བས་ཀྱང་སྲོག་ལ་སོགས་པ་དང་ལྡན་པ་གོ་བྱེད་མ་ཡིན་པར་བསྟན་པའི་དོན་དུ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །དོགས་པ་ནི་མ་ཡིན་ཞེས་བྱ་བ་སྟེ་མཚུངས་པའོ། །དེའི་ཕྱིར་ཞེས་བ་མི་མཐུན་པའི་ཕྱོགས་ལས་ལྡོག་བ་ཅན་ཡིན་པ་མཉན་བྱ་འདི་ནི་འཁྲུལ་པའི་ཕྱིར་ཞེ་ན། གྲུབ་པའི་མཐས་ཅི་ལྟར་ཞེས་དྲིས་སོ། །གཞན་གྱིས་ལན་བཏབ་པ་ནི། བསྒྲུབ་པར་བྱ་བ་མིན་པ་ཉིད་ལམ་ཉན་བྱ་ཉིད་དུ་ལྡོག་པ་མིན་ཏེ། འོན་ཀྱང་བསྒྲུབ་པར་བྱ་བ་ལས་ཀྱང་ངོ༌། །དེས་ན་ལྡོག་པ་ཅན་ཡིན་ཡང་འཁྲུལ་པ་ཡིན་ནོ་ཞེས་ན། གྲུབ་པའི་མཐའ་བརྗོད་པ་ནི། འོ་ན་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་མ་ཡིན་པ་ཁོ་ན་ལས་ལྡོག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་གྱིས་མཉན་བྱ་ཉིད་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པ་


DTG186_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་དེ་ལྟར་བརྗོད་བར་འགྱུར་བའི་ཕྱིར་དེ་བསྒྲུབ་པར་བྱ་བའི་རྗེས་སུ་འཇུག་པ་མེད་པར་བརྗོད་པ་ཡིན་ནོ། །ཡིན་མོད་དེ་ལས་ཅིར་འགྱུར་ཞེ་ན། དེ་ནི་གཞན་ལའང་ཞེས་བྱ་བ་སྲོག་ལ་སོགས་པ་དང་ལྡན་པ་ལ་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པ་དེ་མཚུངས་སོ། །དེས་ན་སྲོག་ལ་སོགས་པ་ནི་གོ་བར་བྱེད་པ་ཡིན་ལ། མཉན་བྱ་ཉིད་ནི་མ་ཡིན་ན་ཅི་ལྟར་མཚུངས་ཤེ་ན། མཉན་བྱ་ཉིད་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ལྡོག་པ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཁྱབ་པར་མེད་པས་ནའོ། །མ་ཡིན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་ཡུལ་ཐ་དད་ཅེ་ན། མཉན་བ་ཉིད་ནི་ཞེས་བྱ་བའོ། །སྲོག་ལ་སོགས་པ་ནི་གཉི་ག་ལ་ཡང་ལྡོག་པ་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་མ་ཡིན་པ་ཞེས་བྱ་བའོ། འོན་དོན་གྱིས་དེ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི། འོ་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པར་བྱེད་པའོ། །ཅི་ལྟར་མཚུངས་ཤེ་ན། དེ་ཡང་ཞེས་བྱ་སྟེ་སྲོག་ལ་སོགས་པ་ཡང་ངོ༌། །ཅི་སྟེ་ཡང་མཉན་བྱ་ཉིད་ལ་མཐུན་ཕྱོགས་ཡོད་དེ་དེས་ན་དེ་ལ་ཡོད་པའམ་མེད་པར་འགྱུར་གྱི། སྲོག་ལ་སོགས་པ་དང་ལྡན་པ་ལ་ནི་དེ་མེད་པ་དེས་ན་ཅི་ལྟར་དེ་ལ་མེད་པའམ་ཡོད་པར་འགྱུར་ཏེ། མེད་བ་ནི་གཞི་ལ་སོགས་པར་མི་འཐད་པའི་ཕྱིར་རོ། །དེས་ན་རྗེས་སུ་འཇུག་པ་མེད་པར་ཅི་ལྟར་མཚུངས་སྙམ་ན། མཐུན་པའི་ཕྱོགས་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །གཏན་ཚིགས་མི་མཐུན་པའི་ཕྱོགས་ཉིད་ལས་རྣམ་པར་འཆད་པ་ཞེས་བྱ་བ་ལྡོག་པའི་ཚིག་གིས་མཐུན་པའི་ཕྱོགས་ལ་གནས་པ་ཉིད་བརྗོད་པ་ཡིན་ནོ། །གལ་ཏེ་འདིས་ལྡོག་པ་བརྗོད་པའི་ཕྱིར་ཅི་ལྟར་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བར་བརྗོད་པ་ཡིན་ཞེ་ན། དོན་གྱིས་གོ་བས་ཞེས་བྱ་བ་སྟེ་ངེས་པར་གཟུང་བའི་ཤུགས་ཀྱིས་སོ། །དེ་ཉིད་ཕྱིར་ཞེས་བྱ་བ་ནི་དོན་གྱིས་གོ་བས་ཡོད་པ་ཉིད་ཡིན་བའི་ཕྱིར་ན་ཁྱེད་ཀྱིས་ཀྱང་ལྡོག་པ་བསྟན་པ་གཅིག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་གཉི་ག་བསྟན་པར་བྱ་བས་སོ། །དེ་ལྟར་མ་ཡིན་ན་ངེས་པར་གཟུང་བ་འབྲས་བུ་མེད་པར་འགྱུར་རོ། །ཕྱེད་སྔ་མ་འཆད་པ་ནི། ངེས་པར་ཞེས་བྱ་བའོ། །ངེས་པར་གཟུང་བར་བྱ་བ་ནི་ལྡོག་པ་ཡིན་ལ་དེ་ལས་བཟློག་པ་ནི་མཐུན་པའི་


DTG186_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་རྗེས་སུ་འགྲོ་བ་སྟེ་དེ་སྒྲུབ་པའོ། །དོན་གྱིས་གོ་བས་ཞེས་བྱ་བ་དེ་རྣམ་པར་འགྲེལ་པ་ནི། དེ་ལྟར་མ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་པ་ཁོ་ན་ལས་རྣམ་པར་ཆད་པ་ཞེས་ངེས་པར་གཟུང་བས། མཐུན་པའི་ཕྱོགས་ལས་ཀྱང་རྣམ་པར་ཆད་པ་ཡིན་ན། དེའི་ཚེ་ངེས་པར་གཟུང་བ་འབྲས་བུ་མེད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མེད་པ་ཁོ་ནའི་ཕྱིར་ཁྱེད་ཀྱིས་ཀྱང་དོན་གྱིས་གོ་བས་ལྡོག་པ་བསྟན་པ་གཅིག་གིས་ཀྱང་གཉི་ག་བསྟན་པར་བྱས་པ་ཡིན་ནོ། ལྡོག་པ་རྟོགས་པ་ག་ལས་ཤེ་ན། བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལས་ཞེས་བྱ་བའི་ངག་འདི་ལས་སོ། །དེའི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཕན་ཚུན་དེའི་བདག་ཉིད་ཡིན་པའི་ཕྱིར་ལྡོག་པས་རྗེས་སུ་འགྲོ་བ་འཕངས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ད་ནི་ལྡོག་པ་རྟོགས་པ་རྗེས་འགྲོ་དེས་པ་མེད་པར་མི་འབྱུང་བ་ཡིན་ནོ་ཞེས་བཤད་པ་གཞན་བརྗོད་པ་ནི། ཡང་ན་ཞེས་བྱ་བའོ། །འོ་ན་ཅི་ལྟར་ལྡོག་པ་རྟོགས་ཤེ་ན། རྗེས་སུ་འགྲོ་བའི་སྒོ་ནས་ནི་ཞེས་བྱ་བའོ། །ཅི་ལྟར་རྗེས་སུ་འགྲོ་བའི་སྒོ་ནས་ལྡོག་པ་རྟོགས་ཤེ་ན། བདག་ཉིད་ལ་ནི་ཞེས་བྱ་བའོ། །མི་མཐུན་པའི་ཕྱོགས་གཞན་ལས་སྲོག་ལ་སོགས་པར་ལྡོག་པར་འགྱུར་བ་ཡིན་ནོ། །འོན་ཏེ་གཞན་ལས་མི་ལྡོག་གོ་ཞེ་ན། དེ་ལས་གཞན་ལས་ཞེས་བྱ་བའོ། །དེ་ལ་ནི་བདག་ལའོ། །དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཁོ་ན་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཏོ། །འདིའི་ལན་དོགས་པར་བྱེད་བ་ནི་འོན་ཏེ་ཞེས་བྱ་བའོ།། །ལན་ནི་འོན་ཞེས་བྱ་བའོ། །མི་འཁྲུལ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཅི་ལྟར་དགག་པ་འགོག་པ་སྒྲུབ་པ་ཡིན་ནོ་ཞེ་ན། བསྒྲུབ་པར་བྱ་བ་མེད་པ་ཉིད་ལ་ཞེས་བྱ་བའོ། །འོ་ན་མེད་པར་ཡིན་པར་འགྱུར་བས་ཞེས་བྱ་བ་དེ་ལ་ལན་གྱི་དོགས་པ་བསུ་བ་ནི། ཅི་སྟེ་ཞེས་བྱ་བའོ། །སྲོག་ལ་སོགས་པ་ནི་མཐུན་པའི་ཕྱོགས་མེད་པ་ལས་ལྡོག་པ་དེས་ན། བསྒྲུབ་བྱ་མིན་པ་བུམ་པ་ལ་སོགས་མི་མཐུན་པའི་ཕྱོགས་ཉིད་ལ་སྲོག་ལ་སོགས་པ་མེད་པ་ཡིན་ཏེ་དེས་ན་མི་འཁྲུལ་པ་འགྲུབ་བོ་ཞེ་ན་ལན་མེད་ཅེས་བྱ་བའོ། །འཆད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི། མཐུན་པའི་ཕྱོགས་ལས་སོ། །ཕྱེད་ཕྱི་མ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དོགས་པ་ནི་དེ་ཡང་ཞེས་བྱ་བ་སྟེ་ལྡོག་བའི་ལྡོག་པའོ། །ལན་ནི་གལ་


DTG186_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཞེས་བྱ་བའོ། །འོན་ཏེ་དགག་པ་ལ་ལྟོས་ཏེ་འབྱུང་ཁུངས་སུ་འགྱུར་བ་ཁོ་ནའོ། །ལྡོག་བ་ལ་ལྟོས་ཏེ་མ་ཡིན་ནོ་ཞེ་ན། བཀག་པ་དང་ལྡོག་པ་ཞེས་བྱ་བའོ། །དོན་ཏེ་གཞིར་ནི་འཐད་ཀྱི་འབྱུང་ཁུངས་སུ་ནི་མ་ཡིན་ན། ལྡོག་པའི་ཞེས་སྨོས་སོ། །མེད་པ་ལ་ནི་འགའ་ཞིག་དང་ལྡན་བ་སྔོན་དུ་སོང་བའི་བྲལ་བ་མེད་པའི་ཕྱིར་ན། འབྱུང་ཁུངས་མ་ཡིན་ནོ་ཞེས་ཟུར་ན་འདུག་པའི་རྩོད་པ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ལྷས་བྱིན་དང་གྲོང་ལྡན་བ་ཡིན་ལ་དེ་དང་བྲལ་བ་ན་ཡང་གྲོང་འབྱུང་ཁུངས་ཡིན་ནོ། །དངོས་པོ་མེད་པ་དང་ནི་གཏན་ཚིགས་ལྡན་བ་མེད་པ་དེས་ན་ཅི་ལྟར་དེ་ལ་ལྟོས་ཏེ་འབྱུང་ཁུངས་ཡིན་ཞེ་ན། གང་དང་ཞེས་བྱ་བ་ནི་ལན་ནོ། །ཅི་སྟེ་མ་ཡིན་ཏེ་འོན་ཀྱང་ཡིན་པ་ཁོ་ནའོ། །ཅི་ལྟར་ཞེ་ན། བྲལ་བ་ཙམ་ལ་ཞེས་བྱ་བའོ། མི་འདོད་པ་བཟློག་པ་ནི་ལྡན་པར་ཡང་ནི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི། ལྡན་པ་སྔོན་དུ་འགྲོ་བས་གཞི་ཡིན་ནའོ། །དེར་ནི་ཞེས་བྱ་བ་ནི། སྡིག་པ་ལས་ཟློག་གོ་ཞེས་བྱ་བ་སྡིག་པ་ལ། འདིར་ཡང་ཞེས་བྱ་བ་ལ་ནི་དངོས་བོ་མེད་པ་ལའོ། །དེས་ན་ཞེས་བྱ་བ་ནི་འདོད་པས་ནའོ། །དེ་ནི་ཞེས་བྱ་བ་ནི་དངོས་པོ་མེད་པའོ། །འདི་ཉིད་བརྗོད་བ་ནི་གང་ལ་ཞེས་བྱ་བ་སྟེ། དངོས་པོ་མེད་པ་ལའོ། །དོན་དེ་ན་གཏན་ཚིགས་སོ། །ཅི་ལྟར་དེ་དེའི་འབྱུང་ཁུངས་ཡིན་ཞེ་ན། མཐུན་པའི་ཕྱོགས་མེད་པ་ལ་གཏན་ཚིགས་མེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་འདིས། ལྡོག་པ་མེད་པ་སྒྲུབ་པ་ཉིད་དངོས་པོ་ཡོད་པའི་མཚན་ཉིད་ཅན་དུ་བསྟན་པར་འགྱུར་རོ། །དེ་ནི་མེད་པའང་ཡོད་པ་ཡིན་ལ། དངོས་བོ་མེད་པའི་མཚན་ཉིད་ལྡོག་བ་ནི་མེད་བ་ཡིན་ནོ་ཞེས་བྱ་བ་འདི་ནི། མི་ཤེས་པའི་སྤྱོད་པ་ཡིན་ནོ། །བཟློག་ཀྱང་ཅིག་ཤོས་ནི་ཞེས་བྱ་བ་ནི། དངོས་པོ་ལ་དངོས་པོ་འཐད་པ་ཡིན་ཡང་མེད་དོ་ཞེས་འབྲེལ་ཏོ། །འདི་ལྟར་མཐུན་པའི་ཕྱོགས་བདག་དང་བཅས་པ་ལ། སྲོག་ལ་སོགས་པ་ཡོད་པ་འཐད་པ་ཡིན་ཡང་མེད་པ་ཡིན་ཏེ། མཐུན་པའི་ཕྱོགས་ཚད་མས་རབ་ཏུ་མ་གྲུབ་པ་ནི་ཡོད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །གལ་ཏེ་རྣམ་པ་གཞན་སྲིད་པའི་ཕྱིར་ཉེས་པ་འདིར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཅི་ལྟར་འདི་གཉིས་དེ་ལྟར་གནས་ཤེ་ན། རྣམ་གཞན་ཞེས་བྱ་བ་སྟེ། དེས་ན་གཉི་ག་མེད་ཅེས་བྱ་བ་ནི་མི་རིགས་སོ། །གལ་ཏེ་མེད་པ་ལ་སྒྲུབ་པར་བྱེད་པ་མེད་ཀྱང་ཅི་ལྟར་འཇུག་པ་ཡིན་


DTG186_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། བརྗོད་པ་མཐུན་པའི་ཕྱོགས་ལ་སྒྲུབ་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ནའོ། །དེ་ཉིད་ནི་ཞེས་བྱ་བ་ནི་མེད་པ་ཉིད་དོ། །གལ་ཏེ་དངོས་པོ་ཡོད་པ་མ་ཡིན་ན། གོར་མ་ཆག་པར་མེད་པ་ཉིད་ཡིན་མོད། དེ་ལྟ་ན་ཡང་ཅི་ལྟར་དེ་ཉིད་དེ་ལས་ལྟོས་པ་ཡིན་ཞེ་ན། མཐུན་པའི་ཕྱོགས་དེ་ལས་མེད་པ་ནི་མཐུན་པའི་ཕྱོགས་དེ་ལས་མི་ལྡོག་པ་མ་ཡིན་ཏེ་འོན་ཀྱང་ལྡོག་པ་ཁོ་ནའོ། །དོགས་བ་ནི་མེད་པ་ཉིད་ཀྱང་ཞེས་བྱ་བ་སྟེ། ལྡོག་པ་མི་འཐད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་སྒྲུབ་བར་བྱེད་པ་མེད་པ་ཉིད་ཀྱང་མེད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། གཞི་ཉིད་དང་ཞེས་བྱ་བའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དོགས་པ་ནི་དེ་ཡང་ཞེས་བྱ་བ་སྟེ་དངོས་པོ་མེད་པ་ཡང་ངོ༌། །ལན་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ་གཉི་ག་དགག་པ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དང་ཞེས་བྱ་བའོ། །གལ་ཏེ་ཕན་ཚུན་མེད་པའི་རང་བཞིན་ཡིན་ཡང་ཅི་ལྟར་གཉི་ག་དགག་པ་མ་ཡིན་ཞེ་ན། དངོས་པོ་ནི་ཞེས་བྱ་བའོ། །གལ་ཏེ་གང་གིས་རྣམ་པ་གཞན་མེད་པར་འགྱུར་བ། དངོས་པོ་མེད་པ་བཀག་ན་ངེས་པར་དངོས་པོ་ཡོད་བ་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །དེ་ལྡོག་ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ལྡོག་ནའོ། །འདི་ཉིད་ལྡོག་པའི་སྒོ་ནས་བསྟན་པར་བྱེད་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་སྐབས་ཀྱིས་ན་ད་རོས་པོའོ། །འདི་ལྟར་ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་བརྗོད་པའོ། །དོགས་བ་ནི་དེ་ཡང་ཞེས་བྱ་བ་སྟེ་དངོས་པོ་ཡང་ངོ༌། །ལན་ནི་དགག་བ་ཞེས་བྱ་བའོ། །དེ་ཡང་མིན་ན་ཞེས་བྱ་བའི་དགག་པ་འདི་ལྟ་བུ་ནི་མི་དམིགས་པས་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །མི་དམིགས་བས་དངོས་བོ་མེད་པ་རྣམ་པར་འཇོག་པ་ཅི་ལྟར་ཞེ་ན། མེད་ཕྱིར་རོ་ཞེས་བྱ་བ་སྟེ་མི་དམིགས་པ་ནི་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །འོན་གཉི་ག་ཡང་མེད་དོ་ཞེ་ན་གཉི་ག་མེད་ན་ཞེས་བྱ་བའོ། །དངོས་མེད་ནི་ཞེས་བྱ་བར་སྒྲུབ་པར་བྱེད་པ་མེད་པའོ། །དངོས་པོ་བཀག་པ་ཉིད་དངོས་པོ་མེད་པ་ཡིན་ཏེ་དེས་ན་དངོས་པོ་མེད་པ་ནི་ཟློག་ཏུ་མེད་པ་ཁོ་ནའོ། །ཅི་ལྟར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དངོས་པོ་མེད་པ་ཉིད་བསྟན་ནས། དངོས་པོ་མེད་པའི་མེད་པ་ཉིད་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །དེ་ལྟ་ན་ཡང་དངོས་པོ་མེད་པར་བཟློག་ཏུ་མེད་པ་ཇི་ལྟར་ཞེ་ན། དངོས་པོར་ཡང་མི་འགྱུར་ན་ནི་ཞེས་བྱ་བའོ།།


DTG186_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་འདི་ཞེས་བྱ་བ་དེ་མཇུག་བསྡུ་བའི་སྒོ་ནས་རྣམ་པར་འགྲེལ་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །འོན་ཏེ་དངོས་པོ་མེད་པའི་ཚད་མས་དགག་པ་རྣམ་པར་འཇོག་པ་ཡིན་ལ། དངོས་པོ་ནི་མངོན་སུམ་ཉིད་ཀྱིས་ཡིན་ནོ་ཞེ་ན། དེའི་ཕྱིར་ཚད་མ་ཞེས་བྱ་བ་སྟེ་གང་གི་ཕྱིར་མངོན་སུམ་གྱིས་བསྒྲུབ་པ་ལས་ཕྱི་རོལ་ཏུ་གྱུར་པ་འདི་རྣམ་པར་འཇོག་པ་དེའི་ཕྱིར་ཚད་མ་གཅིག་འཇུག་པ་ཉིད་ཀྱིས་རྣམ་པ་གཞན་ལ་སྟེ་བཟློག་པ་ལ། རྣམ་པ་གཞན་གྱི་ངོ་བོར་ཏེ། དེ་ལས་བཟློག་པ་ཉིད་དུ་འཇོག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་ལས་མ་གཏོགས་པའི་རྣམ་བ་གཞན་ནི་སྲིད་པ་མ་ཡིན་ནོ། །ཅི་ལྟར་ཚད་མ་གཅིག་ཉིད་ཀྱིས་རྣམ་པ་གཞན་ལ་རྣམ་པ་གཞན་ཉིད་དུ་རྣམ་བར་འཇོག་ཅེ་ན། གང་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཡང་གང་གི་རྣམ་པ་གཞན་མེད་པ་ཉིད་དུ་འགྱུར་བ་ཅི་ལྟར་ན་གཞན་དེའི་ངོ་བོར་མེད་ཅེ་ན་དངོས་པོའི་ཞེས་བྱ་བའོ། །དེ་ལ་ནི་དངོས་པོའི་རང་བཞིན་ལའོ། །དེའི་ཞེས་བྱ་བ་དངོས་པོའི་རང་བཞིན་དུའོ། །དེའི་རང་བཞིན་དུ་མེད་པ་ནི་དངོས་པོའི་རང་བཞིན་དུའོ། །དེ་ལྟར་དངོས་པོའི་རང་བཞིན་དུ་ཡོངས་སུ་མ་བཅད་པ་ནི་དངོས་པོ་མེད་པའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བསྟན་ནས། དངོས་པོ་མེད་པའི་རང་བཞིན་དུ་ཡོངས་སུ་མ་བཅད་པ་ཡང་དངོས་པོའི་རང་བཞིན་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། དངོས་པོ་མེད་པ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་དངོས་པོ་མེད་པའི་རང་བཞིན་དུའོ། །རྣམ་འགྲེལ་ལ་འཇུག་པར་བྱེད་པ་ནི། གལ་ཏེ་ཞེས་བྱ་བའོ། །མཐུན་པའི་ཕྱོགས་དེ་ནི་དངོས་པོའམ་དངོས་པོ་མེད་པར་གྱུར་བ་ཞིག་ཡིན་ནོ། །དེ་ལ་མེད་པའི་ཕྱོགས་ལ་རྩོད་པར་སྨྲ་བ་སྐྱོན་བརྗོད་པ་ནི། མཐུན་པའི་ཕྱོགས་མེད་པ་ལ་གཏན་ཚིགས་མེད་དོ་ཞེས་དགག་པ་གཞི་དང་བཅས་པ་ཡོངས་སུ་བཅད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། གཞི་ཉིད་དུ་འདོད་པའི་མཐུན་པའི་ཕྱོགས་དེ་ཉིད་བཅད་པ་མེད་པའི་ཕྱིར་རོ། །མ་བཅད་པའི་ཕྱིར་ཞེ་ན། མེད་པ་ནི་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་མཐུན་ཕྱོགས་མེད་པ་ལའོ། །དེའི་ཚེ་འཇུག་པར་འདོད་དམ་ཞེས་དྲི་བའོ། །གཞན་གྱིས་བརྗོད་པས་འཇུག་པ་དེ་ཡང་འདོད་པ་མིན་ན། ལན་བཏབ་པ་ནི། དེ་ཡང་མིན་ཞེས་བསྟན་པ་འདི་ཉིད་ནི་བཀག་པ་ཡིན་ཏེ། དེས་ན་ལྡོག་པ་ཅི་ལྟར་འགོག་ཏེ་མི་འགོག་བ་ཁོ་ནའོ། །ལྡོག་པ་བཀག་པ་


DTG186_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཅིའི་ཕྱིར་ཡིན་ཞེ་ན། རྣམ་པ་གཞན་ནི་ཞེས་གསུངས་སོ། །དེ་ཉིད་ཅི་ལྟར་ཞེ་ན། དེ་ལྟར་ན་ཞེས་བྱ་བའོ། །དོགས་བ་ནི་དེ་ཡང་ཞེས་བྱ་བ་སྟེ་འཇུག་བའོ། །ལན་ནི་འོ་ན་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་མཐུན་པའི་ཕྱོགས་དེ་ལས་གཏན་ཚིགས་ལྡོག་པ་ཅི་སྟེ་འགོག་པར་བྱེད་དེ་མི་བྱ་བ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པ་ནི་ཞེས་བྱ་བའོ། །དེ་ནི་མཐུན་པའི་ཕྱོགས་མེད་པའོ། དེས་ལས་མི་མཐུན་པའི་ཕྱོགས་ལས་སོ། །བརྒལ་ཞིང་བརྟག་པ་བྱེད་པའི་རྣམ་པར་བརྗོད་པ་ནི། སྲོག་ལ་སོགས་པ་ཞེས་བྱ་བའོ། །དེ་ན་གདོན་མི་ཟ་བར་བརྗོད་པར་བྱ་དགོས་ཏེ་ཞེས་འབྲེལ་ཏོ། །བརྗོད་པའི་ཚུལ་སྨྲས་པ་ནི། མཐུན་པའི་ཞེས་བྱ་བའོ། །བརྒལ་ཞིང་བརྟགས་པ་ན་ཁྱེད་ཀྱིས་གོར་མ་ཆག་པར་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ན་སྟེ་མ་སྨྲས་ན། དངོས་པོ་མེད་པའི་སྐབས་འདིར་བྱེད་མི་སྨྲ་བ་ཉིད་འཐོབ་པོ་མི་སྨྲ་བ་ཉིད་ཁས་ལེན་པར་དོགས་པ་ནི། །ཅི་སྟེ་ཡང་ཞེས་བྱ་བའོ། །དེ་བཞིན་ཁོ་ནར་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་མི་སྨྲ་བ་ཁོ་ནར་འགྱུར་བ་སྟེ་དེའི་ཡུལ་ཅན་གྱི་བློ་མེད་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །ལན་ནི་དེའི་ཡུལ་ཅན་གྱི་བློ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་ཉིད་ཅེས་བྱ་བའོ། །མ་ཡིན་པའི་ཕྱོགས་ལ་དངོས་པོའི་རང་བཞིན་དུ་གཅོད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། བྱེད་པ་དགག་པ་རང་ཉིད་ཀྱི་རྣམ་པ་འགའ་ཞིག་ལྟར་གཅོད་པ་སྲིད་བའི་ཕྱིར་རོ། །གལ་ཏེ་གང་གིས་ཡོངས་སུ་གཅོད་པར་འགྱུར་བ་ཚིག་བཞིན་དུ་དེའི་ཡུལ་ཅན་གྱི་བློར་ཡང་ཅི་ལྟར་འགྱུར་ཞེ་ན། ཚིག་ཞི་ཞེས་བྱ་བའོ། །ཅི་ལྟར་ཞེ་ན། གདོན་མི་ཟ་བར་ཞེས་བྱ་བའོ། །རྟོག་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་རང་བཞིན་ཏེ། དེ་ལྟར་མ་ཡིན་ན་གོམ་གཅིག་ཀྱང་མི་འགྲོ་བར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་དགག་པའི་དོན་དངོས་པོ་མེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་དངོས་པོ་མེད་པ་མ་རྟོགས་ན་དགག་པ་མི་སྦྱོར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཅིའི་ཆེད་དུ་སྦྱོར་ཞེ་ན། བརྗོད་པར་བྱ་བ་དེ་ཉིད་རྟོགས་པར་བྱེད་པའི་ཕྱིར་ཏེ་ངེས་པའི་ཆེད་དུའོ། །དེ་གཉིས་ཞེས་བྱ་བ་ནི་བློའི་ཡུལ་དང་རྗོད་པར་བྱེད་པ་སྦྱོར་བའོ། །དངོས་པོ་མེད་པ་བརྗོད་པར་བྱ་བར་བྱེད་པ་ན། དགག་པར་བྱ་བའི་དངོས་བོ་དང་བྲལ་བའམ། ཁྱད་


DTG186_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་དང་བཅས་པ་ཞིག་ཡུལ་དུ་བྱེད་གྲང་ན། ཕྱོགས་དང་པོ་ལ་ཉེས་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །གཉིས་པ་ལ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །འོན་ཏེ་རྟོགས་པ་ནི་ཞེས་བྱ་བ་ནི། ཤར་ཕྱོགས་ལ་སོགས་པའི་ཡུལ་དང་འབྲེལ་པ་ཉིད་དུ་རྣམ་པ་གཞན་དུ་ཡིན་ལ་མེད་པ་ཡང་རྣམ་པ་གཞན་དུ་སྟེ་ཡུལ་གཞན་ན་གནས་པ་ཉིད་ཀྱིས་སོ། །ཡུལ་དུས་ཞེས་བྱ་བ་ནི། མངོན་པར་འདོད་པའི་ཡུལ་དང་དུས་སུ་བུམ་པ་འགོག་བ་ཡིན་གྱི། ཐམས་ཅད་དུ་ནི་མ་ཡིན་པའོ། །འདི་ནི་བུམ་པ་ལ་འདུ་བ་དང༌། སྔོན་པོ་ལ་སོགས་པའི་ཆོས་འགོག་བའི་ཉེ་བར་མཚོན་བྱེད་དོ། །ཡང་ན་བུམ་པ་དང་འབྲེལ་པའི་མངོན་པར་འདོད་པའི་ཡུལ་དང་དུས་དང་བུམ་པའི་སྔོན་པོ་ལ་སོགས་པའི་ཆོས་དང་འབྲེལ་བ་ཉིད་འགོག་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་པའོ། །དེ་ལྟར་རྩོད་པ་རྗེས་སུ་བརྗོད་ནས་ལན་འདེབས་པ་ནི། ཅི་ལྟར་ཡུལ་གཞན་ན་གནས་པ་ལ་སོགས་པས་བུམ་པ་དེ་ཡོད་པ་དེ་ལྟར་ནི་མི་འགོག་ཏེ། ཡུལ་དགག་པ་མི་འཐད་པའི་ཕྱིར་རོ། །ཅི་ལྟར་མངོན་པར་འདོད་པའི་ཡུལ་ན་གནས་པ་ལ་སོགས་པར་བུམ་པ་མེད་པ་དེ་ལྟར་ཡང་འགོག་པ་མ་ཡིན་ཏེ། མེད་པ་ནི་བློའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ན་ཅི་ལྟར་ཡུལ་ལ་སོགས་བ་བུམ་པ་དང་འབྲེལ་བ་ཉིད་དུ་ཡོད་པ་དེ་ལྟར་ནི་འགོག་པ་མ་ཡིན་ལ། ཅི་ལྟར་བུམ་པ་དང་འབྲེལ་པ་ཉིད་དུ་ཡུལ་ལ་སོགས་པ་མེད་པ་དེ་ལྟར་ཡང་འགོག་པ་མ་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་དང་འདུ་བར་རོ། །རང་བཞིན་གང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཆོས་དང་འབྲེལ་བ་བུམ་པ་ལ་སོགས་པའི་རང་བཞིན་ནོ། །དེ་ཞེས་བྱ་བ་ནི་བུམ་པ་དང་འབྲེལ་པའི་ཡུལ་ལ་སོགས་པའོ། །དེའི་ཚེ་ཅི་ལྟར་འགོག་སྟེ། མེད་པའི་ཕྱིར་མི་འགོག་པ་ཁོ་ནའོ། །འོན་ཏ་བུམ་པ་དང་འབྲེལ་པའི་ཡུལ་ལ་སོགས་པའི་མེད་པ་ཉིད་ཡིན་ན་དེའི་ཚེ་བློས་ཡུལ་དུ་བྱེད་པ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། མེད་པ་ཞེས་བྱ་བའོ། །ཅི་སྟེ་ཞེས་བྱ་བ་ལ། བུམ་པ་དང་འབྲེལ་པའི་ཡུལ་ལ་སོགས་པ་མེད་ཀྱང་ཡུལ་དུ་ནའོ། །བུམ་པ་དང་འབྲེལ་བ་ཉིད་དུ་ནི་མ་ཟད་དེ། འོན་ཀྱང་གཞི་ལ་སོགས་པར་ཡང་ངོ༌། །ཅིའི་ཕྱིར་བུམ་པ་ལ་སོགས་པ་དང་འབྲེལ་པ་ཉིད་དུ། །ཡུལ་ལ་སོགས་བ་ཡུལ་དུ་བྱས་ན། གཞི་ལ་སོགས་པར་ཡང་ཡུལ་དུ་བྱེད་པར་


DTG186_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྟེ། གཞི་ལ་སོགས་པར་ཡོངས་སུ་བཅད་པ་མེད་པར་ད་དང་འབྲེལ་བ་ཅན་ཉིད་དུ་ཡུལ་དུ་བྱ་བར་མི་ནུས་བའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི། གདོན་མི་ཟ་བར་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་གཞི་ལ་སོགས་བར་ཡུལ་དུ་མ་བྱས་ནའོ། །དེ་དང་འབྲེལ་པ་ཉིད་དུ་ཡོངས་སུ་གཅོད་པ་མི་སྲིད་པའི་ཕྱིར་རོ། །གཞིའི་ངོ་བོར་ཡུལ་དུ་བྱེད་མོད་སྙམ་ན། ཡུལ་འདི་ན་ཞེས་བྱ་བའོ། །གཞིའི་ངོ་བོར་མེད་པར་མི་ལྟར་འགྱུར། མེད་ན་ཞེས་བྱ་བ་ནི་མེད་པ་བློའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡུལ་ལ་སོགས་པ་དང༌། འབྲེལ་པའི་བུམ་པ་འགོག་པ་ལ་ཡང་ཉེས་པ་བརྗོད་པར་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །མཐུན་པའི་ཕྱོགས་བདག་དང་བཅས་པ་ཡང་ངོ༌། །དེའི་ཕྱིར་སྲོག་ལ་སོགས་པ་དང་ལྡན་པ་ནི་མཉན་བྱ་ཉིད་བཞིན་དུ་མཐུན་བའི་ཕྱོགས་ལ་འཇུག་པ་མེད་པ་ཡིན་ཏེ། དེས་ན་མཉན་བྱ་ཉིད་དང་འདྲ་བར་སྲོག་ལ་སོགས་པ་ཡང་གོ་བར་བྱེད་པ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་དགག་བསྒྲུབ་མི་འཐད་བས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་མི་སྲིད་པའི་ཕྱིར་རོ། །ཅི་ལྟར་བསྒྲུབ་པ་མེད་ཅེ་ན། བུམ་པ་ཞེས་བྱ་བའོ། །གལ་ཏེ་བུམ་པའི་སྒྲ་ལས་བུམ་པ་ཡོད་དོ་ཞེས་བདེན་པར་ཡོངས་སུ་འཛིན་ན་དེའི་ཚེ་དེ་ཉིད་བསྒྲུབ་པར་ཡིན་པའི་ཕྱིར་ཡང་ཡོད་དོ་ཞེས་བྱ་བའི་བསྒྲུབ་པ་བསྟན་ཟིན་པ་སྟོན་པས་ཅི་ཞིག་བྱ། འོན་ཏེ་བུམ་པའི་སྒྲ་ལ་བུམ་པ་མེད་པ་ཉིད་དུ་ཡོངས་སུ་འཛིན་ན་དེའི་ཚེ་དེ་ནི་ཞེས་བྱ་བའོ། །འདི་ཉིད་སྡུད་བ་ནི་གལ་ཏེ་ཞེས་བྱ་པའོ། །འོན་བསྒྲུབ་པ་དང་དགག་པའི་ཐ་སྙད་ཅི་ལྟར་ཞེ་ན། དེ་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་ཕྱི་རོལ་ལ་བརྟེན་པའི་དགག་བསྒྲུབ་ཀྱི་ཐ་སྙད་མི་འཐད་པ་དེའི་ཕྱིར་རོ། །སྒྲ་དོན་རྣམ་པར་རྟོག་པའི་རྣམ་པ་ལའོ། །གལ་ཏེ་ཕྱི་རོལ་ལ་ངེས་པའི་ཕྱིར་ན། སྒྲའི་དོན་ཡོད་བསྒྲུབ་པ་དང༌། དགག་པའི་ཡུལ་ཅི་ལྟར་ཡིན་ཞེན། གང་གི་ཕྱིར་ཕྱི་རོལ་ལ་རྟེན་པ་མིན་པས་སོ། །དེ་ཉིད་ཅི་ལྟར་ཞེ་ན། གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་ལ་བརྟེན་པས་སོ། །གཉི་གའི་ཐུན་མོང་པ་ཡིན་པས་ཞེས་བྱ་བའི་དོན་ཏེ། དེ་ལྟ་བུར་གྱུར་པའི་སྒྲའི་དོན་དེ་ལ་བརྟེན་ནས་འགྲོ་བ་འདིར་ནི་བསྒྲུབ་པ་དང་དགག་


DTG186_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱང་འདོད་པ་ཡིན་ནོ། །གལ་ཏེ་ཚད་མའི་ཡུལ་ཁོ་ན་སྒྲའི་དོན་མ་ཡིན་ནམ། དེ་ཅི་ལྟར་ན་དེ་ལ་ཡང་བསྒྲུབ་བ་དང་དགག་བ་འཐད་ཅེ་ན། ཚད་མའི་ཞེས་བྱ་བའོ། །མངོན་སུམ་གྱི་ཚད་མའི་དོན་ནི། གསལ་བའི་རྣམ་པ་ཅན་ཤེས་བའི་བདག་ཏུ་གྱུར་པར་གསལ་བ་གང་ཡིན་པའོ། །ཅི་ལྟར་གཞན་ཡིན་ཞེ་ན། སྒྲའི་དོན་ནི་ཞེས་བྱ་བའོ། །ཅིའི་ཕྱིར་གཉི་ག་ལ་བརྟེན་པ་མ་ཡིན་ཞེ་ན། ཚད་མའི་དོན་ནི་ཞེས་བྱ་བའོ། །རྣམ་བ་གཞན་དུ་ནི་དངོས་པོ་ལས་གཞན་དུའོ། །འོ་ན་ཅི་ལྟར་སྒྲའི་དོན་གཉི་གའི་ཐུན་མོང་བ་ཡིན་ཞེ་ན། སྒྲ་ལས་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན། དངོས་པོ་དང་དངོས་པོ་མེད་པ་ལ་བརྟེན་པ་ནི་སྒྲའི་དོན་ཡིན་ནོ། །མངོན་སུམ་གྱི་དོན་ཡང་དེ་འདྲ་བ་ཁོ་ནའོ་ཞེ་ན། མངོན་སུམ་གྱི་ཚད་མ་ནི་རྣམ་པར་རྟོག་པ་དང་འདྲ་བར་དེ་ལྟ་མིན་ཏེ། ཞིག་པ་དང་མ་ཞིག་བའི་དོན་ལ་ཡང་དེ་འདྲ་བ་ཉིད་མ་ཡིན་ན་གང་གིས་དེའི་དོན་ལས་གཉི་ག་ལ་ཐུན་མོང་བར་འགྱུར། དེས་ན་ཞེས་བྱ་བ་ནི་གཉི་ག་ལ་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པའི་ཡུལ་བསྒྲུབ་པ་དང་དགག་པའི་ཡུལ་ཉིད་དུ་བསྒྲུབས་ནས། ད་ནི་རྟོག་མེད་ཀྱི་བློ་འཁྲུལ་བའི་ཡུལ་ཟླ་བ་གཉིས་ལ་སོགས་པ་ཡང་དགག་པའི་ཡུལ་ཉིད་དུ་བརྗོད་པ་ནི། རྣམ་པར་རྟོག་པ་མེད་པ་ཡང་ཞེས་བྱ་བའོ། །གལ་ཏེ་རྣམ་པར་རྟོག་པ་མེད་པའི་ཤེས་པ་མཐའ་དག་ཚད་མར་གྱུར་ན་དེའི་ཚེ་དེས་ཉེ་བར་བསྟན་པའི་དོན་དགག་པའི་ཡུལ་དུ་མི་འགྱུར་བ་ཞིག་ན། དེ་ལྟར་ནི་མ་ཡིན་ཏེ་དེས་ན་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཁོ་ན་ཚད་མ་ཡིན་པའི་ཕྱིར་དེའི་ཡུལ་དགག་བའི་ཡུལ་དུ་མི་འགྱུར་མོད་འཁྲུལ་པའི་རྣམ་པ་གཞན་དགག་པའི་ཡུལ་ཡིན་པ་ཡང་གོ་འགལ་བ་ཅི་ཡོད། གལ་ཏེ་རྣམ་པར་རྟོག་པ་མེད་པ་སྒྲུབ་པའི་ཚུལ་དུ་ཞུགས་པ་ན་དེའི་དོན་ཇི་ལྟར་དགག་སྙམ་ན། གལ་ཏེ་ཞེས་བྱ་བའོ། །ཟླ་བ་གཉིས་ལ་སོགས་པ་སྒྲུབ་པའི་ཚུལ་དུ་ཞུགས་པ་གང་ཡིན་པ་དེ་ཚད་མ་མ་ཡིན་ན་ནི་དེའི་ཚེ་ཚད་མ་ཡིན་པ་དེས་ན་འཁྲུལ་པའི་ཤེས་པས་ཉེ་བར་བསྟན་པའི་ཟླ་བ་གཉིས་ལ་སོགས་པ་དེ་ཚད་མ་མ་ཡིན་པར་བསྟན་པའི་ཕྱིར། ཟླ་བ་གཉིས་ལ་སོགས་པ་འདི་ནི་ཡོད་པ་མ་ཡིན་ནོ་ཞེས་དགག་པ་འཇུག་པར་བྱེད་དོ། །གང་གི་ཚེ་དེ་ཚད་མ་མ་ཡིན་ཞེ་ན་དགག་པའི་ཚུལ་གྱིས་ཞེས་བྱ་བའོ། །གལ་ཏེ་ཕྱི་རོལ་གྱི་ཟླ་བ་གཉིས་ལ་སོགས་པ་མེད་པའི་རང་བཞིན་དང་ཟླ་བ་གཉིས་ལ་


DTG186_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རྣམ་པར་བསྒྲུབ་པ་འཇུག་པ་ཡིན་ན། དེའི་ཚེ་དེ་ཚད་མ་ཡིན་ལ་གང་གི་ཚེ་དེ་ཚད་མ་མ་ཡིན་བ་དེའི་ཚེ་ཡང་དེས་ཉེ་བར་བསྟན་བའི་ཟླ་བ་གཉིས་ལ་སོགས་པ་ཕྱིའི་ཟླ་བ་གཉིས་ལ་སོགས་པའི་རང་བཞིན་གྱི་དགག་པ་ཡུལ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། ཉེས་པ་འཁྲུལ་པ་ཉིད་ཉེ་བར་སྐྱེ་བ་ནི། རང་གི་དམིགས་བ་ཕྱི་རོལ་གྱི་རང་བཞིན་དུ་མེད་པར་སྟོན་པར་བྱེད་དེ། དེས་ན་བཏགས་ཟིན་བ་ལ་འཐག་བའི་ཚུལ་དུ་དགག་པ་གཞན་གྱིས་ནི་ཅི་ཡང་བྱར་མེད་དོ་ཞེས་བྱ་བའོ། །དེ་ལྟ་བུའི་ཉིད་དུ་ཞེས་བྱ་བ་ནི། ཕྱིའི་དམིགས་པས་སྟོང་པ་ཁོ་ནར་རོ། །ཅིའི་ཕྱིར་ཞེ་ན། རང་རིག་པ་ཞེས་བྱ་བའོ་འདི་ཉིད་གཞུང་འཛུགས་པ་ནི་རང་གི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་སོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པས་རང་གི་ངོ་བོས་ལས་དམས་པར་ཐལ་བའི་ཕྱིར་རོ། །གང་གིས་རང་གིས་ངོ་བོ་ལས་ཉམས་པར་འགྱུར་བ་ཅི་ལྟར་ཐུག་པ་མེད་ཅེ་ན། རྣམ་པ་གཞན་དུ་ཞེས་བྱ་བའོ། །དེ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་གཞན་ནོ། །འོན་ཏེ་རྣམ་པ་གཉིས་པ་ཡང་རྣམ་པ་གཞན་དུ་སྣང་བ་ཡིན་ནོ་ཞེ་ན། དེར་ཡང་ཞེས་བྱ་བ་སྟེ། རྣམ་པ་གཉིས་པ་ལ་ཡང་རྣམ་པ་གཞན་དུ་སྣང་བ་ཡིན་ན། དེ་ལྟར་ཞེས་བྱ་བ་རང་བཞིན་དེ་ཉིད་ཡིན་པར་འགྱུར་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དངོས་པོ་ཉེ་བར་ལེན་བ་ཅན་ཉིད་ཀྱང་དགག་པར་མི་འཐད་དོ་ཞེས་བརྗོད་པའི་དོན་དུ་རང་གི་ངོ་བོར་ཞེས་སྨྲས་སོ། །གལ་ཏེ་ཆོས་ཅན་ཡིན་ན། དེའི་ཚེ་ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་ཡིན་པ་འགོག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་དེ་ལྟར་ནི་སངས་རྒྱས་པས་ཀྱང་ཁས་བླང་དགོས་སོ། །འོན་ཏེ་ཆོས་ཅན་ཡོད་པ་ཁོ་ནའོ་ཞེ་ན། ཆོས་ཅན་དེ་ཡང་ཞེས་བྱ་བ་སྟེ། སྒྲའི་དོན་གྱི་རང་བཞིན། དངོས་པོའི་ཉེ་བར་ལེན་པ་ཅན་དགག་པའི་གཞིར་གྱུར་པ་ཡང་རང་གི་ངོ་བོས་ཞེས་བྱ་བ་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པའི་རང་བཞིན་དུ་རྟོགས་པས་ན་སྟེ། དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པ་ནི་དེའི་རང་བཞིན་ཡིན་པའི་ཕྱིར། ཆོས་ཅན་རྟོགས་པ་ཉིད་ན་དངོས་པོའི་ཉེ་བར་ལེན་པ་ཅན་མ་ཡིན་པར་རྟོག་པར་འགྱུར་རོ། །དེས་ན་ཅི་ལྟར་ཆོས་ཅན་དེ་སྒྲུབ་པ་དང་དགག་པའི་ཐུན་མོང་པ་ཉིད་ཡིན་ཞེན་


DTG186_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་དོན་དང་མཚུངས་པ་དེ་འདྲ་བ་ཕྱི་རོལ་དང་ནང་གི་རང་བཞིན་མེད་ནའང༌། སྒྲའི་དོན་གྱི་རང་བཞིན་གྱི་ཆོས་ཅན་དེ་ཉིད་སྒྲུབ་པ་དང་དགག་པ་དེ་དག་དང་འབྲེལ་བར་སྣང་ཞིང་ངེས་བ་ཡིན་གྱི། ཕྱི་དང་ནང་གི་རང་བཞིན་དག་ནི་མ་ཡིན་ནོ། །གལ་ཏེ་ཕྱི་དང་ནང་གི་རང་བཞིན་དང་བྲལ་བ་ཉིད་ཡིན་ན་རང་བཞིན་མེད་པ་ཁོ་ན་མ་ཡིན་ནམ། ཅི་ལྟར་ན་ཡོད་ཅེས་ཐ་སྙད་བྱེད་སྙམ་ན་སྒྲ་འཇུག་པའི་གཏན་ཚིགས་ལ། སྒྲའི་དོན་གྱི་རང་བཞིན་གྱི་གཞན་སེལ་བདེ་ཡང་སྤྱི་ལ་སོགས་བརྗོད་པར་བྱ་བ་ཡིན་པར་འཛིན་པ་བཟློག་པའི་དོན་དུ་ཡོད་དོ་ཞེས་བྱ་བའི་ཐ་སྙད་ལ་བརྟེན་པར་འདོད་དོ། །ཅིའི་ཕྱིར་ཐ་སྙད་འདི་ཕྱི་དང་ནང་གི་རང་བཞིན་ལ་བརྟེན་པ་མ་ཡིན་ཞེན། སྒྲ་ཞེས་བྱ་བའོ་དེ་ལས་ཞེས་བྱ་བ་ནི་ཕྱི་དང་ནང་གི་རང་བཞིན་ལས་མ་གཏོགས་པའོ། །ལན་ནི་གཞན་སེལ་བ་ཞེས་བྱ་བའོ། །འོ་ན་སྒྲ་ལས་རྟོགས་བ་ཞེས་བྱ་བའི་ཐ་སྙད་དུ་ཅི་ལྟར་འགྱུར་ཞེ་ན། དེ་ལྟ་ན་ཡང་ཞེས་བྱ་བ་སྟེ་མ་རྟོགས་ན་ཡང་ངོ༌། །དེ་ག་ལས་ཤེན་འདི་ལྟར་ཞེས་གསུངས་སོ། །མངོན་པར་ཡིན་ནོ་ཞེས་བྱ་བ་ནི་ལྷག་པར་ཞེན་པའོ། །ཅི་ལྟར་ན་སྒྲའི་དོན་འདི་ཕྱི་རོལ་ལ་སོགས་པའི་རང་བཞིན་དང་བྲལ་བ་ཡིན་ཞེ་ན། དེ་སྐད་དུ་ཡང་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་གཞན་སེལ་བ་ལའོ། །སློབ་དཔོན་ཆོས་མཆོག་གི་ལུགས་ཀྱི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །གང་ལ་ཤེས་པ་ལས་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་པའི་རང་བཞིན་ཡོད་པ་དེ་ལྟ་བུ་སྒྲའི་དོན་གྱི་རང་བཞིན་ཡོད་པ་མ་ཡིན་ནམ། དེས་ན་སྒྲའི་དོན་རང་བཞིན་མེད་པ་ཅི་ལྟར་ཡིན་ཞེ་ན། ལན་ནི་དེ་ལ་ནི་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་པའི་རང་བཞིན་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་པ་དང་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་སྒྲོ་བཏགས་པའི་རང་བཞིན་ནོ། །དོགས་པ་ནི་འཁྲུལ་པའི་ཞེས་བྱ་བའོ། །སྒྲོ་བཏགས་པའི་རང་གི་ངོ་བོ་ནི་འཁྲུལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དེ་ཡང་ཞེས་བྱ་བ་སྟེ། འཁྲུལ་པའི་རང་བཞིན་ཡང་ངོ༌། །མ་རྟོགས་ན་ཞེས་བྱ་བ་ནི་འཁྲུལ་པའི་རང་བཞིན་ནོ། །དོགས་པ་ནི་ཕྱིས་ཞེས་བྱ་བའོ། །དང་པོའི་ནི་འཁྲུལ་པའི་རང་བཞིན་རྟོགས་པ་ཁོ་ན་ཡིན་ལ། ཕྱིས་ནི་འཁྲུལ་པའི་རང་བཞིན་ཉིད་དུ་ངེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ཞེས་བྱ་བ་ནི་འཁྲུལ་པའི་རང་བཞིན་དུའོ། །མ་རྟོགས་ན་ནི་


DTG186_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་རང་བཞིན་དུ་ཡོད་དོ་ཞེས་བྱ་བ་ནི། རྣམ་པར་གཞག་པ་གང་ཡིན་པ་དེའི་ཡུལ་ཅི་ལྟར་ཡིན། འོན་ཏེ་དང་བོ་ནི་འཁྲུལ་བའི་རང་བཞིན་ལ། མ་འཁྲུལ་བ་ཉིད་དུ་རྟོགས་ཏེ། དེས་འཁྲུལ་བ་ཉིད་དུ་ངེས་པ་མ་ཡིན་ནོ་ཞེས་དོགས་ན་གཞན་གྱི་ཞེས་བྱ་བའོ། །གལ་ཏེ་དེ་ཉིད་གཞན་གྱི་རང་གི་ངོ་བོར་རྟོག་ན། དེའི་ཚེ་རྟོགས་པ་འཁྲུལ་པར་འགྱུར་བ་ཡིན་གྱི། སྒྲོ་བཏགས་པ་དེ་ཉིད་ནི་འཁྲུལ་བའི་རང་བཞིན་དུ་རྟགས་བ་མ་ཡིན་ནོ། །བདེན་པ་ཉིད་དུ་ངེས་པས་ན་ཞེས་བྱ་བ་ནི་སྒྲོ་བཏགས་པ་མི་བདེན་ཡང་དང་པོ་བདེན་པ་ཉིད་དུ་སྣང་པས་ནའོ། །དེའི་ཞེས་བྱ་བ་ནི་ལན་ནོ། དོགས་པ་ནི་དོན་ལ་ཞེས་བྱ་བའོ། །ལན་ནི་དེ་ཉིད་ཅེས་བྱ་བ་སྟེ་དོན་ལ་མ་རེག་པ་ཉིད་དོ། །དེའི་ནི་སྒྲོ་བཏགས་པ་ཡིའོ། །དོན་ལ་མ་རེག་པ་དེ་ཡང་སྣང་བ་ཁོ་ན་ཡིན་པས་ཅི་ལྟར་མི་བདེན་པས། ཅིའི་ཕྱིར་ཞེ་ན། རང་བཞིན་ཞེས་བྱ་བའོ། །དོན་ལ་མ་རེག་ཀྱང་དོན་ལ་རེག་པ་ཉིད་དུ་ངེས་པ་སྐྱེད་པའི་ཕྱིར་མི་བདེན་པ་ཉིད་དོ་ཞེས་དོགས་པ་བསུ་བ་ནི། རྣམ་པ་གཞན་དུ་ཞེས་བྱ་བའོ། །ལན་ནི་འོན་ཞེས་བྱ་བའོ། །ཉིད་ཀྱི་ཚིག་གིས་ནི་དོན་ལ་མ་རེག་པ་བདེན་པར་བརྗོད་པའོ། །དོགས་པ་ནི་དེས་ཞེས་བྱ་བ་སྟེ། སྒྲོ་བཏགས་པས་ཕྱིན་ཅི་ལོག་ཏུ་ངེས་པ་སྐྱེད་པའི་ཕྱིར་རོ། །དེ་ཡང་ནི་སྒྲོ་བཏགས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ་མངོན་སུམ་ལ་སྣང་བ་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་སྒྲོ་བཏགས་པ་ཡང་དེའི་སྐྱེད་བྱེད་མ་ཡིན་གྱི། འོན་ཀྱང་སྒྲོ་བཏགས་པ་ཉིད་དེ་སྐྱེད་བྱེད་ཡིན་ནོ། །གང་གིས་དེ་སྐྱེད་པས་དེའང་མི་བདེན་པར་འགྱུར་བ་ངེས་པ་ཡང་འཁྲུལ་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །དེ་ཡང་ནི་ངེས་པ་ཡང་ངོ༌། །དེའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་ལས་མ་གཏོགས་པའི་སྒྲོ་བཏགས་བ་མེད་པའི་ཕྱིར་རོ། །གཟུང་བའི་རྣམ་པ་དང་ལྡན་པའི་རྣམ་པར་རྟོག་པ་འབའ་ཞིག་ཡོད་ཀྱི་བཏགས་པ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གལ་ཏེ་རང་བཞིན་མེད་ན། འོ་ན་ཅི་ལྟར་ཞེས་བྱ་བའོ། །ལན་ནི་སྒྲ་འཇུག་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ཉིད་ཀྱི་བཤད་པ་ནི་སྒྲ་འཇུག་པའི་ཞེས་བྱ་བའོ། །ཐ་སྙད་ལས་ཞེས་བྱ་བ་ནི། བསྒྲུབ་པ་དང་དགག་པའི་རང་བཞིན་ལས་སོ། །ཅིའི་དོན་དུ་ཞེ་ན། སྤྱི་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་སྒྲ་ལས་ཅི་ཡང་


DTG186_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མེད་དོ་ཞེས་བརྗོད་ཀྱང་སྤྱི་ལ་སོགས་པར་འཛིན་པ་ནི་ལྡོག་པར་འགྱུར་བ་ཉིད་མ་ཡིན་ནམ། དེས་ན་གཞན་སེལ་བ་ཞེས་བསྟན་པས་ཅི་བྱ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གང་གི་ཕྱིར་སྒྲ་འཇུག་པའི་ཕྱིར་ཡོད་དོ་ཞེས་ཐ་སྙད་དུ་བྱེད་པ་དེ་ཉིད་ཀྱི་ཕྱིར། རྣམ་འགྲེལ་མཛད་པས་དེ་ཡང་ཞེས་གསུངས་ཏེ། སྒྲའི་དོན་རང་བཞིན་མེད་པ་ཉིད་བསྒྲུབ་པ་དང༌། དགག་པའི་ཐ་སྙད་ལ་བརྟེན་པར་འདོད་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་དེའི་ཐ་སྙད་ལ་བརྟེན་པར་མི་འདོད་ན། རང་བཞིན་མེད་པ་སྒྲའི་དོན་ཡིན་པ་ལ་ཤེས་པར་བྱེད་པ་མེད་པའི་ཕྱིར་ན་ཡོད་དོ་ཞེས་བྱ་བའི་ཐ་སྙད་ཆད་པ་ཁོ་ནར་འགྱུར་རོ། །དེས་ན་རིགས་པ་ཅན་ལ་སོགས་པ་སྒྲའི་དོན་རང་བཞིན་མེད་པ་ཅི་ལྟར་ཡིན་ཞེས་སྤོང་བར་འགྱུར་རོ། །གལ་ཏེ་སྒྲོ་བཏགས་པ་མི་བདེན་ཡང་རང་བཞིན་མེད་པར་སྒྲའི་དོན་ཅི་ལྟར་ཡིན་ཏེ། དངོས་པོའི་རང་བཞིན་བརྗོད་བྱ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་མེའི་སྒྲ་ལས་མེ་མ་ཡིན་པ་ལས་ལྡོག་པ་མ་ལྡོག་ཀྱང༌། མེ་མ་ཡིན་པ་སྤངས་ནས་འཇུག་པ་ཉིད་གཞན་བཟློག་པ་ཡིན་ནོ། །འོན་ཏེ་འདི་འདྲ་བའི་གཞན་བཟློག་པ་ནི། སྒྲ་ལས་དངོས་པོའི་རང་བཞིན་རྟོགས་པའི་དབང་གིས་འགྱུར་བ་མ་ཡིན་ནོ་ཞེ་ན། རྟོགས་པ་རྣམས་ཀྱིས་ཞེས་བྱ་བའོ། །ཕན་ཚུན་གྱི་ཞེས་བྱ་བ་ནི། སྒྲས་ནི་གཞན་ལས་ལྡོག་པའི་རྣམ་པར་རྟོག་པ་སྐྱེས་ལ་དེས་ནི་འཇུག་པའི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་མེའི་སྒྲ་ལས་མེའི་རང་བཞིན་རྟོགས་པ་ཉིད་ཀྱི་ན་འཇུག་པ་ཡིན་ནོ་ཞེ་ན། སྒྲ་ལས་ནི་ཞེས་བྱ་བའོ། །དེ་ལས་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལས་སོ། །འཇུག་པའི་རྣམ་པར་རྟོག་པ་ནི་བདག་འཇུག་གོ་ཞེས་བྱ་བའི་རྣམ་བ་ཅན་ནོ། །དེ་ལས་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་རྟོག་པ་ལས་སོ། །འགྲོ་བའི་རང་བཞིན་ཞེས་བྱ་བ་ནི་ཡུལ་གཞན་དང་གཞན་དུ་སྐྱེ་བའི་ཆོས་ཅན་གྱི་ལུས་ཉིད་འགྲོ་བ་པོ་ཡིན་ལ། དེའི་རང་བཞིན་ཉམས་སུ་མྱོང་བ་པོ་ཞེས་བྱ་བ་ནང་གི་རེག་བྱ་ལུས་ཀྱི་དབང་པོས་ཉམས་སུ་མྱོང་བའོ། །འགྲོ་བའི་རང་བཞིན་ཉམས་སུ་མྱོང་བ་དེ་ལས་ནི་ཡོད་ན་མེ་ཐོབ་པའམ། གལ་ཏེ་མེད་ན་མི་ཐོབ་པ་ཞེས་བྱ་བ་དེ་ལྟ་བུར་མེའི་རང་བཞིན་མ་གཏོགས་པས་ཁོ་ནར་ཐ་སྙད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྗོད་པར་བྱ་བ་དང་ཞེས་བྱ་བའོ། །མེད་


DTG186_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱི་དེ་ལྟ་ན་ཡང་ཐ་སྙད་ནི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེས་ན་སྒྲའི་དོན་ནི་རང་བཞིན་མེད་པ་ཁོ་ནའོ། །གལ་ཏེ་སྒྲའི་དོན་དངོས་བོའི་རང་བཞིན་ཉིད་ཀྱིས་ངོ་བོ་དང་བཅས་པ་ཡིན་ན་ཅི་སྐྱོན་སྙམ་ན། དེ་ལྟ་མིན་ན་ཞེས་བྱ་བའོ། །གལ་ཏེ་སྒྲའི་དོན་རང་བཞིན་མེད་པ་མ་ཡིན་གྱི། འོན་ཀྱང་དངོས་པོའི་རང་བཞིན་ཉིད་ཡིན་ན། དེའི་ཚེ་དོན་རྣམས་ཀྱི་ཆོས་གཅིག་བསྒྲུབས་སམ་བཀག་པ་ན། བདག་ཉིད་ཐམས་ཅད་བསྒྲུབས་པ་དང་བཀག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་ཐ་སྙད་མེད་པའི་ཕྱིར་ཏེ། ཆོས་དང་ཆོས་ཅན་དག་ཐ་མི་དད་པའི་ཕྱིར་རོ། །འོན་ཏེ་ཐ་དད་པ་འདོད་པ་ཡིན་ན། དེའི་ཚེ་བསྒྲུབ་པ་དང་ནི་དགག་པ་དག་ཆོས་ཅན་གཅིག་ལ་འདུ་བར་མི་འགྱུར་རོ། །ཅི་དང་འདྲ་བར་ཞེ་ན། གཞན་དང་གཞན་བཀག་པ་དང་ནི་བསྒྲུབས་པ་བཞིན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་བའོ། །ཅི་ཏེ་དེ་ལྟར་འགྱུར་ཞེ་ན། དེས་ཞེས་བྱ་བ་སྟེ། བ་ལང་ཞེས་བྱ་བ་ལང་བསྒྲུབས་པ་ན་བ་ལང་དེའི་བདག་ཉིད་དཀར་པོ་ཉིད་ལ་སོགས་པ་མ་བསྒྲུབས་པ་ནི་མ་ཡིན་ཏེ། བསྒྲུབས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་བྱ་བའོ། །མ་བཀག་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གཅིག་བཀག་པས་ཐམས་ཅད་མ་བཀག་ན་དེའི་ཚེ་བཀག་པ་ཡང་མ་བཀག་པར་ཐལ་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཆོས་རྣམས་ཆོས་ཅན་ལས་ཐ་མི་དད་པ་ཡིན་ན་དེའི་ཚེ་ཆོས་བརྗོད་པ་ན་ཆོས་ཐམས་ཅད་བརྗོད་པའི་ཕྱིར་ཆོས་གཞན་སྟོན་པར་བྱེད་པའི་སྒྲ་གཞན་དག་དོན་མེད་པར་འགྱུར་རོ་ཞེས་བྱ་བའོ། །ཅིའི་ཕྱིར་བསྒྲུབས་པ་དང་བཀག་པ་དག །མ་བསྒྲུབས་པ་དང་མ་བཀག་པར་ཐལ་ཞེ་ན། དུམ་བུར་ཞེས་བྱ་བའོ། །འོན་ཏེ་གཅིག་བསྒྲུབས་པའམ་བཀག་པ་ན། དེའི་བདག་ཉིད་ཡིན་པ་ཡང་གཞན་དག་ནི་བསྒྲུབས་པའམ་བདག་པ་མ་ཡིན་ནོ་ཞེ་ན། དེ་སྒྲུབ་པ་དང་འགོག་པའི་སྒྲ་གཞན་དག་དོན་མེད་པ་མ་ཡིན་ནོ་ཞེ་ན། སྒྲ་དེས་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དོགས་པའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་ཐམས་ཅད་མ་ངེས་ན། དེའི་ཚེ་ཁྱེད་བསྒྲུབས་པར་འདོད་པ་གང་ཡིན་པ་དེ་ཡང་མ་ངེས་པར་འགྱུར་རོ། །ངེས་པར་ཡུལ་དུ་བྱས་བམ་ངེས་བཞེས་བྱ་བར་ནི་འཐད་པ་མ་ཡིན་


DTG186_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྣམ་པར་དབྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པ་མེད་པའི་ཕྱོགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །གལ་ཏེ་རྣམ་པར་དབྱེ་བ་མེད་ཀྱང་རྣམ་པར་དབྱེ་བར་ཅི་སྟེ་མི་དམིགས་ཞེན་དམིགས་པ་ཉིད་ཅེས་བྱ་བའོ། །འདིར་ནི་སྐབས་ཀྱིས་ཡང་དམིགས་པའི་སྒྲར་བརྗོད་དོ། །དེ་ཞེས་བྱ་བ་ནི་དམིགས་པ་རྣམ་པར་དབྱེ་བས་ནའོ། །གང་གི་ཕྱིར་དམིགས་པའི་རྣམ་པར་དབྱེ་བས་ཡོད་པ་རྣམ་པར་དབྱེ་བར་འགྱུར་བ་དེས་ནའོ། །གཅིག་ཉིད་ལ་ཞེས་བྱ་བ་ནི་ཆོས་དུ་མ་དང་ཐ་མི་དད་པའི་ཆོས་ཅན་ནོ། །གཞན་ནི་ཞེས་བྱ་བ་ནི་དཀར་པོ་ཉིད་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་གཅིག་ཉིད་ལ་ངེས་པ་དང་མ་ངེས་པ་ཉིད་དོ། །གཅིག་ལ་ཡང་ངེས་པ་དང་མ་ངེས་པ་ཉིད་མི་འགལ་བ་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་འདི་ནི་མི་འཐད་དོ་ཞེ་ན། མཐོང་བ་ནི་ཞེས་སྨྲས་སོ། །དེ་ལ་ཡང་ཞེས་བྱ་བ་ནི། ངེས་པ་དངོས་པོའི་ཡུལ་ཅན་ཡིན་པ་འབའ་ཞིག་ལ་བ་ལང་ཉིད་དང་དཀར་པོ་ཉིད་ངེས་པ་དང་མ་ངེས་པར་འགལ་བར་མ་ཟད་ཀྱི་འོན་ཀྱང་སྔོན་པོ་དང་སྐད་ཅིག་མ་དག་ལ་ཡང་ངོ༌། །ཅི་ལྟར་འགལ་ཞེ་ན། དངོས་པོའི་རང་བཞིན་པའི་ངེས་པས་གལ་ཏེ་སྔོན་པོ་ཉིད་དུ་རྟོགས་པ་གང་ཡིན་བདེ་ནི་སྐད་ཅིག་ཉིད་དུ་གནས་པར་བསྒྲུབ་བ་དང་བྲལ་བར་ཏེ། སྐད་ཅིག་མ་ཉིད་གནོད་པའི་སྔོན་པོ་རྟོགས་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་བྱས་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་གཞན་གྱིས་སྐད་ཅིག་མ་ཉིད་འགྲུབ་པར་མི་འགྱུར་རོ། །ཚད་མས་ཏེ་ངེས་པར་གྲུབ་པའི་སྔོན་པོའི་རང་བཞིན་སྐད་ཅིག་མ་ཉིད་དང་བྲལ་བ་ནི། ཡོད་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་གཞན་གྱིས་གནོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དེ་ཡང་ནི་གནོད་པར་བྱེད་པའོ། །གཞན་གྱིས་ནི་གནོད་བྱེད་ཀྱིས་སོ། །དེས་ན་ཚད་མས་གྲུབ་པ་ལ་ནི་གནོད་པ་མེད་དོ། །དེས་ན་སྔོན་པོའི་རང་བཞིན་ངེས་པ་ནི། མ་ངེས་པ་སྐད་ཅིག་མ་ཉིད་ཀྱི་རང་བཞིན་དང་འགལ་བ་ཁོ་ནའོ། །སྔོན་པོ་ངེས་པ་དེས་སོ། །དེ་ཞེས་བྱ་བ་སྐད་ཅིག་མ་ཉིད་བསྒྲུབས་པས་ཀྱང་ངོ༌། །སྔོན་པོ་དང་སྐད་ཅིག་མར་ངེས་པ་དག་ནི་ཕན་ཚུན་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བསྡུ་བའི་ཞེས་བྱ་བའོ། །གཉི་གའི་ནི་སྔོན་པོ་དང་སྐད་ཅིག་མའི་ཉིད་དོ། །ཅི་གང་གིས་བསྡུ་བའི་ཞེས་བརྗོད་པ་རྣམ་པ་གཞན་ཡང་


DTG186_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དམ་ཞེ་ན། ལྡན་པ་ནི་ཞེས་བྱ་བའོ། །དེ་ལ་བསྡུ་བའི་རང་བཞིན་བརྗོད་པ་ནི། བསྡུ་བ་ནི་ཞེས་བྱ་བའོ། །ཅི་ལྟར་འདི་བསྡུ་བ་ཡིན་ཞེ་ན། ཆོས་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ལྡན་པ་རྣམ་པ་དུ་མ་ཡོད་པ་དེའི་ཕྱིར་སྐབས་འདིར་རོ། །གནོད་པའི་མཚན་ཉིད་ཅེས་བྱ་བ་ནི་གནོད་པར་བྱ་བས་དཔེན་པ་ཉིད་དོ། །སྔོན་པོ་གང་ལ་དེ་དང་འབྲེལ་པ་ཡོད་པ་ནི་ལྡན་པའི་ཕྱིར་སྔོན་པོ་འདིར་ནི་དེ་ལྷན་ཅིག་མི་རྟག་པ་ཉིད་ཅི་ལྟར་སྡུད་པ་དེ་མ་ཡིན་པ་ཁོ་ནའོ། །ཡང་གནོད་པའི་མཚན་ཉིད་གནོད་པར་བྱ་བས་དབེན་པར་འཛིན་པ་ཡིན་ལ། དེ་དང་ལྡན་པ་ནི་སྔོན་པོར་ངེས་པ་གང་ཡིན་དེས་ན། ཅི་ལྟར་འདིར་སྔོན་པོ་ཉིད་དང་སྐད་ཅིག་མ་ལྷན་ཅིག་ཅི་ལྟར་སྡུད་པ་དེ་ཡང་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གནོད་བྱ་སྐད་ཅིག་མ་ཉིད་གནོད་པར་བྱེད་པ་སྔོན་པོ་ཉིད་དང་ལྷན་ཅིག་བསྡུས་པར་འོས་པ་མ་ཡིན་ནོ། །ཡང་ན་གནོད་པར་བྱེད་པ་སྔོན་པོ་ཉིད་དུ་ངེས་པས་ནི། གནོད་པར་བྱ་བ་སྐད་ཅིག་མ་ཉིད་སྔོན་པོ་ཉིད་དང་ལྷན་ཅིག་བསྡུས་པར་འོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་བཀག་སྙམ་ན། དེས་ཞེས་བྱ་བའོ། །སྐད་ཅིག་གི་རང་བཞིན་དང་བྲལ་བར་བཟུང་ཡང་ཅི་ལྟར་དེས་བཀག་སྙམ་ན། དབེན་པའི་ཞེས་བྱ་བའོ། །ཅིའི་ཕྱིར་དངོས་པོ་མེད་པའི་ཚད་མས་གནོད་སྙམ་ན། མངོན་སུམ་གྱི་ཞེས་བྱ་བའོ། །མེད་ཅེས་ངེས་པ་འདི་ཉིད་ནི་རང་རྒྱུད་དུ་ཚད་མ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ནི་འབྲས་བུ་ཡིན་ཏེ་ཕ་རོལ་དག་གི་ཚད་མ་དང་འབྲས་བུ་དག་ཐ་དད་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་འབྲས་བུ་འདིའི་ཚད་མ་གང་ཡིན་ཞེ་ན། དེ་ཡིས་ཞེས་བྱ་བའོ། །ངེས་པ་འདི་ཞེས་བྱ་བ་ནི་འཆད་པའོ། །ངེས་པ་འདི་གཞན་དུ་དབེན་པ་དམིགས་པ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་རེས་འགའ་ནི་སྔོན་པོ་ངེས་པར་མི་འགྱུར་བ་དེའི་ཚེ་སྐད་ཅིག་ཉིད་ལ་གང་གིས་གནོད་སྙམ་ན་གལ་ཏེ་ཞེས་བྱ་བའོ། །དེར་ཞེས་བྱ་བ་དབེན་པར་རྟོགས་པའི་ངེས་པ་བསྐྱེད་པ་རུང་བ་གྱིས་སོ། །འོག་ནས་ཞེས་བྱ་བ་ནི་མི་དམིགས་པའི་སྐབས་ནས་སོ། །སྤྱིར་བརྗོད་པའི་དོན་ཁྱད་པར་ལ་སྦྱོར་བ་དེ་ལ་ཞེས་བྱ་བ་སྟེ་དེ་ལྟར་གནས་པ་དེ་ལའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྔོན་པོའམ་དེ་ངེས་པས་སོ། །གནོད་པར་བྱས་པའི་སྐད་ཅིག་


DTG186_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་གཞན་ཡོད་པ་ལ་སོགས་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པས་ཅི་ལྟར་སྒྲུབ། དེས་ཀྱང་ཞེས་བྱ་བ་ནི་སྔར་གྱི་སྔོན་པོ་ངེས་པས་སོ། །གཞན་གྱིས་ནི་སྐད་ཅིག་ཉིད་དུ་རྗེས་སུ་དཔོག་པས་སོ། །གལ་ཏེ་སྔོན་གྱི་རྟོགས་བ་སྔོན་པོར་ངེས་པ་དེ་དམིགས་པ་དང་བཅས་པས་ཚད་མ་ཡིན་ནོ།། དེའི་ཚེ་སྔོན་པོ་ངེས་པའི་རང་བཞིན་ལ། ཅི་ལྟར་སྐད་ཅིག་ཉིད་གསལ་བ་མ་ཡིན་ཏེ། འོན་ཏེ་སྔོན་པོར་ངེས་པ་སྐད་ཅིག་མ་ཉིད་བསྒྲུབས་ཀྱང་གསལ་བར་མ་བྱས་སོ། །དེས་ན་རྗེས་སུ་དཔག་དེས་ན་རྗེས་སུ་དཔག་ཡིན་ནོ་ཞེ་ན། བཤད་བ་སྐད་ཅིག་མ་ཉིད་ཀྱི་དོན་དེ་སྔོན་པོ་ངེས་བསགས་ལ་བར་ནི་མ་བྱས་ལ། བསྒྲུབས་པས་ཡང་ཡིན་ནོ་ཞེས་འཐད་པར་དཀའོ། །གང་གིས་ཕྱིར་སྔོན་པོའི་རང་བཞིན་འཛིན་པས་ངེས་པ་ཡིན་ཡང་དེ་དང་ཐ་མི་དད་པའི་སྐད་ཅིག་གསལ་བར་མ་བྱས་སོ་ཞེས་བྱ་བར་ཡང་ཅི་ལྟར་འགྱུར་ཏེ་མ་ཡིན་པ་ཁོ་ནའོ། །འོན་སྔོན་པོར་ངེས་བ་སྐད་ཅིག་མ་ཉིད་ལ་ནི་གསལ་བ་ཡིན་ལ། སྔོན་པོ་ཉིད་ལ་ནི་ངེས་པར་བྱེད་པ་ཡིན་ནོ། །དེས་ན་སྐད་ཅིག་མ་ཉིད་ངེས་པའི་དོན་དུ་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེ་ན། སྐད་ཅིག་འདིར་ནི་ངེས་པ་གསལ་བ་ཡིན་ལ། གཞན་སྔོན་པོ་ཉིད་ལ་ནི་ངེས་པ་ཡིན་པར་ནི་འཐད་པ་དང་འབྲེལ་པ་མ་ཡིན་ནོ། །ངེས་པ་སྔོན་པོའི་རང་བཞིན་འཛིན་པ་ཡིན་ན། འགའ་ཞིག་ནི་ངེས་བ་ལ་འགའ་ཞིག་ནི་མ་ངེས་སོ་ཞེས་མི་འཐད་དོ། །དེའི་ཕྱིར་ཞེས་བྱ་བ་དངོས་པོ་འཛིན་པའི་ཕྱིར་སྔོན་པོ་ངེས་པ་སྔ་མ་གང་ཡིན་པ་དེ་ཉིད་མ་འཁྲུལ་པར་འགྱུར་བའམ། ཡང་ན་ཕྱི་མ་སྐད་ཅིག་མ་ཉིད་དུ་རྗེས་སུ་དཔོག་པ་མ་འཁྲུལ་བར་འགྱུར་གྱི། གཉི་ག་མ་འཁྲུལ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་གཅིག་གི་ཞེས་བྱ་བའོ། །གང་གི་ཕྱིར་ཡུལ་གཅིག་ལ་ཕན་ཚུན་འགལ་བའི་ཤེས་བ་མི་འབྱུང་བ་དེས་ནའོ། །འོན་ཏེ་ཞེས་བྱ་བ་ནི། ཆོས་ཅན་ལས་དང་ཕན་ཚུན་ཡང་ཐ་དད་པ་ཡིན་ནའོ། །ཅི་ལྟར་རྟེན་གཞན་མེད་སྙམ་ན། འདི་ལྟར་ཞེས་བྱ་བའོ། །རྫས་དང་ཡོན་ཏན་དེ་དག་ལ་རྟེན་གཞན་གསུམ་པའོ། །ཁྱད་པར་དང་ཁྱད་པར་གྱི་གཞི་ཞེས་བྱ་བ་ནི་གཞི་མཐུན་པས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་རྟོགས་པའོ། །སྔོན་པོ་ཡན་འགར་བ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོའི་སྒྲས་རྫས་དང་བཅས་པའི་སྔོན་པོ་རྟོགས་པར་བྱེད་པའོ། །རིགས་


DTG186_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་ཞེས་བྱ་བ་ནི། ཨུཏྤལ་ཉིད་ཀྱི་རིགས་དང༌། སྔོན་པོའི་ཡོན་ཏན་ཨུཏྤལའི་སྔོན་བོའི་སྒྲ་དག་ལས་རྟོགས་པ་ཡིན་ནའོ། །དེ་ལྟར་ན་ཡང་གཞི་མཐུན་བ་མི་རྟོགས་སོ། །ཅི་ལྟར་ཞེ་ན། གཞི་བརྗོད་པའི་ཞེས་བྱ་བའོ། །སྔོན་པོ་དང་ཨུཏྤལའི་སྒྲ་དག་ནི་ཡོན་ཏན་དང་རིགས་རྗོད་པར་བྱེད་པ་ཡིན་ལ། གཞི་བརྗོད་པའི་སྒྲ་གསུམ་བ་ཡང་མེད་པས་སོ། །རྫས་ཉིད་ཅེས་བྱ་བ་ནི་རྫས་དང་འབྲེལ་བའི་སྔོན་པོ་ཉིད་རྟོགས་པའོ། །གཅིག་གིས་ཞེས་བྱ་བ་སྔོན་པོའི་སྒྲས་སོ། །གཉིས་པ་ནི་ཡོན་ཏན་དང་རྫས་སོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི། ཨུཏྤལའི་སྒྲས་ཀྱང་ངོ༌།། དེ་བཞིན་ཞེས་བྱ་བ་ནི་གཉིས་བརྗོད་པའོ། །བཞིའམ་ཞེས་བྱ་བ་ནི་སྒྲ་གཉིས་ཀྱིས་གཉིས་གཉིས་བརྗོད་པས་སོ། །གསུམ་ཞེས་བྱ་བ་ནི་སྔོན་པོའི་སྒྲས་རྫས་དང་ཡོན་ཏན་གཉིས་དང་ཨུཏྤལའི་སྒྲས་རིགས་བརྗོད་ནའོ། །ཅིའི་ཕྱིར་གཞི་མཐུན་པ་མེད་སྙམ་ན། གཅིག་གམ་ཞེས་བྱ་བའོ།། དེས་ན་ཞེས་བྱ་བ་ནི། ཡན་འགར་བ་རྟོགས་པར་མི་ནུས་པས་ནའོ། །ཐ་དད་པར་རྟོགས་པ་བཞིན་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་རྟོགས་པ་བཞིན་ནོ། །རིགས་མ་ངེས་བ་ནི་ཨུཏྤལ་དང་ཁུ་བྱུག་ལ་སོགས་པའི་རིགས་ལ་ཡོད་པས་སོ། །ཡོན་ཏན་མ་ངེས་པ་ཞེས་བྱ་བ་ནི། ཨུཏྤལ་ལ་སོགས་པ་ནི་སྔོན་པོ་དང་གཞན་ལ་ཡང་ཡོད་པའི་ཕྱིར་རོ། །དོན་དེ་ཉིད་ཅེས་བྱ་བ་ནི། མངོན་སུམ་གྱིས་ངེས་པར་བསྐོལ་བ་ཉིད་དུ་ཡུལ་དུ་མ་བྱས་པ་གང་ཡིན་པའོ། །གཞན་དུ་ཞེས་བྱ་བ་ནི་ངེས་པར་བསྐོལ་བ་ཉིད་དུའོ། །དེ་ཁོ་ན་བཞིན་ཞེས་བྱ་བ་ནི་ཐ་མི་དད་བར་ངོ༌། །ཅིའི་ཕྱིར་ཞེ་ན། དེ་ཉིད་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ཐ་དད་པ་མ་ཡིན་པ་ཉིད་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཐ་མི་དད་པར་རོ། །ལན་ནི་རྟོགས་བཞིན་བ་ཞེས་བྱ་བའོ། །དོགས་པ་ནི་ཉེ་བར་ཞེས་བྱ་བའོ། །སྒྲ་ལས་ཤེས་པ་འཇུག་པ་ནི། སྒྲའི་ཤེས་པ་འཇུག་པའོ། །དོགས་པ་ནི་དབང་པོའི་ཞེས་བྱ་བའོ། །ལན་ནི་དབང་པོ་ཉིད་ནི་ཞེས་བྱ་བ་སྟེ། སྒྲ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྟོགས་པ་ལ་ལྟོས་ཏེ་དབང་པོ་ལ་ཁྱད་བར་ཡོད་པ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །རྒྱང་རིང་པོ་ནག་ནས་པ་ལ་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་བར་ཁས་བླངས་ནས་ཉེ་བར་གནས་བ་ལ་ཅི་སྟེ་དེ་ལྟར་རྟོགས་ཞེས་


DTG186_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ནི། གང་དུ་ཞེས་བྱ་བའོ། །ཉེ་བར་གནས་པ་གང་དུ་དངོས་པོ་གནས་པ་དེར་ཅི་ལྟར་གཞན་ལྐོག་ཏུ་གྱུར་བ་ཉིད་དུ་རྟོགས། དབང་བོའི་བྱེད་བ་མེད་པའི་ཕྱིར་རོ་ཞེ་ན། དབང་བོ་ཞེས་བྱ་བའོ། །སྒྲ་ནི་དངོས་བོའི་རང་བཞིན་རྟོགས་པར་བྱེད་པར་ཁས་བླངས་པའི་ཕྱིར་རོ། །དོགས་པ་ནི་གསལ་བ་ཉིད་ཅེས་བྱ་བའོ། །གསལ་བ་ཉིད་མེད་པར་ཁས་བླངས་ནས་ཀྱང་ཉེས་པ་བརྗོད་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ལྟ་མོད་ཀྱང་ཞེས་བྱ་བ་གསལ་བ་ཉིད་མེད་ཀྱང༌། ཨུཏྤལའི་རྫས་སོ་སོར་ངེས་པ་དེར་འདུ་བའོ། །གཞན་དུ་ཞས་བྱ་བ་ནི་སྔོན་པོ་མེད་པར་རོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྔོན་པོའི་སྒྲ་ལས་སྔོན་པོ་ཉིད་རྫས་ལ་གནས་པར་རྟོགས་ན་ཚིག་གཞན་སྔོན་པོའི་སྒྲས་སྦྱོར་བ་མེད་བར་འགྱུར་ཏེ་དོན་མེད་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་མ་ངེས་བར་རྗོད་བར་བྱེད་པས་ནའོ། །ཅིའི་ཕྱིར་ཞེ་ན། མ་ངེས་བར་ཞེས་བྱ་བའོ། །འོན་ཏེ་ཕན་ཚུན་རྣམ་པར་གཅོད་པའི་ཕྱིར་ན། གཞི་མཐུན་པ་ཉིད་དུ་རྟོགས་པ་ཡིན་ནོ་ཞེན། ཕན་ཚུན་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཟིན་པ་ཞེས་བྱ་བའོ། །སྔོན་བོ་ལ་སོགས་པའི་སྒྲས་སྔོན་པོ་ལ་སོགས་པའི་དོན་མ་ངེས་པར་བརྗོད་པ་ནི་ཕན་ཚུན་རྣམ་པར་གཅོད་པ་མ་ཡིན་པར་འགྱུར་རོ། །རྣམ་པར་གཅོད་ན་སྐྱོན་ཅི་ཡོད་སྙམ་ན། གལ་ཏེ་ཞེས་བྱ་བ་སྟེ། སྔོན་པོ་མ་ཡིན་པ་དང༌། ཨུཏྤལ་མ་ཡིན་པ་ལས་རྣམ་པར་གཅོད་པར་བྱེད་ནའོ། །རྣམ་པར་འགྲེལ་བ་ནི། གལ་ཏེ་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི། ཨུཏྤལའི་སྒྲས་སོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱི་ཞེས་བྱ་བའོ། །གཞན་གྱིས་ནི་སྒྲའམ་ཚད་མ་གཞན་གྱིས་སོ། །ཅིའི་ཕྱིར་ཞེ་ན། འཁྲུལ་བ་ཉིད་དུ་ཞེས་བྱ་བའོ། །འོ་ན་ཞེས་བྱ་བ་ནས་ཞེ་ནའི་བར་ནི་རྩོད་པའོ། །སྔོན་པོའི་སྒ་བརྗོད་མ་ཐག་ཏུ་ནི་ཅི་ཨུཏྤལའམ་དེ་སྟེ་གཞན་ཡིན་ཞེས་ཐེ་ཚོམ་ཟ་བ་ནི་སྒྲ་གཞན་ལས་ཏེ། ཨུཏྤལ་བ་ཟློག་པ་ཡིན་ནོ། །བསྡུ་བས་རྟོགས་པ་ཡང་ཅི་སྟེ་མི་རྟོགས་སྙམ་ན། བསྡུ་བས་ཞེས་བྱ་བའོ། །འོ་ན་ཐེ་ཚོམ་ཡང་ཅི་ལྟར་ལྡོག་སྙམ་ན། གང་གི་ཚེ་ཞེས་བྱ་བའོ། །གཉི་ག་ཡང་ཞེས་བྱ་བ་ནི། སྔོན་བོ་དང་ཨུཏྤལའི་སྒྲ་དག་གམ་དེ་ལས་བྱུང་བའི་ཤེས་པ་དག་གོ །དེས་ནི་སྔོན་པོའི་སྒྲས་སོ། །བརྟན་པར་ཞེས་བྱ་བ་ནི། ཨུཏྤལའི་སྒྲས་ནི་ཨུཏྤལའི་སྒྲ་ལས་སྐྱེས་པའི་རྟོགས་པ་སྟེ། དེས་བཟློག་པར་བྱ་བའོ། །ཅི་ལྟར་སྒྲ་


DTG186_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་བཟློག་པར་འཐད་ཅེ་ན། དེ་ལྟ་བུ་ཉིད་ཅེས་བྱ་བ་སྟེ་བཟློག་པར་གོས་པ་ཉིད་ནི། དེ་ལྟ་བུར་གྱུར་བ་མ་ཡིན་པར་ཏེ་བཟློག་པར་མི་ནུས་པའོ། །ཨུཏྤལའི་སྒྲས་ནི་ཨུཏྤལའི་མ་ཡིན་པ་ལས་ཟློག་པར་བྱེད་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། སྔོན་པོའི་སྒྲས་དངོས་པོའི་རང་བཞིན་རྟོགས་པའི་ཕྱིར། ཨུཏྤལ་མ་ཡིན་པ་ལས་ལྡོག་པ་ཉིད་ཀྱང་རྟོགས་པ་ཁོ་ནའོ། །དེས་ན་ཨུཏྤལའི་སྒྲས་བྱ་བ་ཅི་ཡོད་དེ། རྟོགས་ཟིན་པ་རྟོགས་པར་བྱེད་པས་དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ནི་སྔོན་པོའི་སྒྲས་སོ། །སྒྲ་གཞན་ནི་ཨུཏྤལའི་སྒྲའོ། །རྟོགས་པ་སྔ་མས་ཞེས་བྱ་བ་ནི། སྔོན་པོའི་སྒྲ་ལས་སྐྱེས་པས་སོ། །ཕྱི་མས་ཞེས་བྱ་བ་ནི་ཨུཏྤལའི་སྐྲ་ལས་སྐྱེས་པས་སོ། །ཚད་མའི་སྒྲ་ཞེས་བྱ་བ་ནི། གལ་ཏེ་སྔོན་པོའི་སྒྲ་ཕྱིའི་དོན་ལ་ཚད་མ་ཡིན་ན་དེའི་ཚེ་དེས་བསྟན་པ་ངེས་པ་ཉིད་མེད་པ་གང་ཡིན་པ་དེ་ནི་སྒྲ་ཕྱི་མའམ་གཞན་གྱིས་གཞན་དུ་བྱ་བར་མི་ནུས་པ་ཞིག་ན་གཞན་དུ་བྱེད་པ་ཡང་ཡིན་ཏེ། དེའི་ཕྱིར་སྔ་མའམ་ཞེས་བྱ་བའོ། །འོན་ཏེ་རྗེས་སུ་དཔག་པར་ནི་ཞེས་བྱ་བར་དོན་འདི་ཡིན་ཏེ། སྔོན་པོ་དང་ཨུཏྤལའི་སྒྲའམ་དེ་སྐྱེད་པའི་ཤེས་པ་དག་ནི་ཕན་ཚུན་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡིན་པའི་ཕྱིར་དངོས་པོ་མེད་པའི་ཡུལ་ཅན་དུ་འགྱུར་གྱིས་རྗེས་སུ་དཔག་པ་ནི་མེད་པར་སྒྲུབ་པའི་ཕྱིར་ན། མེ་དང་མེ་མ་ཡིན་པ་ལ་སོགས་པ་ཐུན་མོང་པའི་ངོ་ལས་གནོད་པར་བྱེད་པ་ཁོ་ནའོ། །གནོད་བར་བྱ་བ་ནི་མ་ཡིན་ཏེ། དེས་ནི་ཅི་ལྟར་དངོས་པོ་མེད་པའི་ཡུལ་ཅན་ཡིན་ཞེས་བྱ་བའོ། །གནོད་བར་བྱེད་པ་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་བྱ་བ་སྟེ་རྗེས་སུ་དཔག་པ་ཡང་ངོ༌། །གལ་ཏེ་རྗེས་སུ་དཔག་པས་བཟུང་བ་ཉིད་མངོན་སུམ་གྱིས་འཛིན་པ་མ་ཡིན་ནམ། དེས་ན་ཇི་ལྟར་རྗེས་སུ་དཔག་པ་ལ་དེས་གནོད་ཅེ་ན། རྗེས་སུ་དཔག་པས་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི། རྗེས་སུ་དཔག་པ་ལ་ཡང་རྣོ་བ་དང་འབར་བ་ལ་སོགས་པའི་ཁྱད་པར་ལ་ཐེ་ཚོམ་ཟ་བ་ཁོ་ནའོ། །གལ་ཏེ་ཁྱད་པར་ལ་ཐེ་ཚོམ་ཟ་བདེ་ལྟ་ན་ཡང༌། སྤྱི་ལ་ནི་མ་ཡིན་ནོ་ཞེས་དོགས་པ་ནི། སྤྱི་ལ་ཞེས་བྱ་བ་ནི། ཅིའི་ཕྱིར་ཐེ་ཚོམ་གྱི་རང་བཞིན་ཡིན་ཞེ་ན། སྤྱི་རྟོགས་པ་ནི་ཞེས་བྱ་བའོ། །སྤྱི་ཞེས་བྱ་བ་གཞན་ནི་འགའ་ཡང་ཡོད་བ་མ་ཡིན་ཏེ། འདིར་རྒྱ་ཆེར་བཀག་ཟིན་


DTG186_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འོན་ཀྱང་ཁྱད་པར་དེ་དག་ཉིད་ངེས་པར་མ་བརྟགས་པ་ནི་སྤྱི་ཡིན་ལ། ཁྱད་པར་ངེས་པར་མ་རྟོགས་པ་ཉིད་ཀྱང་སྤྱི་རྟོགས་པ་ཡིན་ནོ། །དེས་ནི་འདི་ཐེ་ཚོམ་གྱི་རང་བཞིན་ཡིན་པའི་ཕྱིར་ཅི་སྐད་བརྗོད་པའི་མཚན་ཉིད་ཅན་གྱི་སྤྱི་ལ་ཐེ་ཚོམ་ཟ་བ་ཁོ་ནའོ། །ཅི་ལྟར་ན་དེ་ལྟ་བུར་རྟོགས་པ་ཉིད་སྤྱི་རྟོགས་པ་ཡིན་ཞེ་ན། སྤྱི་ལ་ནི་ཞེས་བྱ་བའོ། །རྣམ་པར་ངེས་པ་ནི་འདི་ནི་ཁྲ་བོ་ཁོ་ནའོ་ཞེས་སོ་སོར་ངེས་པའོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །བ་ལང་ཙམ་དུ་རྟོགས་པའི་སྤྱི་གང་ཡིན་པ་དེ་ལ་ནི། ཁྲ་པོ་ལ་སོགས་པ་ལས་གང་ཡང་རུང་བའི་བ་ལང་གི་གསལ་བ་ཡོད་དོ་ཞེས་རྟོགས་པར་འགྱུར་གྱི། སེར་པོའམ་སྔོན་པོའི་གསལ་བ་རྣམ་པ་འདི་ལྟ་བུ་ཞིག་ཡོད་དོ་ཞེས་བྱ་བར་ནི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ཁྱད་པར་མ་ངེས་པ་ནའོ། །འཆད་བ་ནི་སྤྱི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་གསལ་བ་རྟོགས་པ་མི་འདྲེན་པས་སོ། །དོགས་པ་ནི་གསལ་བ་ཞེས་བྱ་བའོ། །སྤྱི་ཁས་བླངས་ནས་ཉེས་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །འོན་ཏེ་སྤྱི་དོན་བྱ་བ་བྱེད་པ་མ་ཡིན་མོད། དེ་ལྟ་ན་ཡང་བསླད་པ་མ་ཡིན་ནོ་ཞེ་ན། གང་དུ་དོན་དུ་ཞེས་བྱ་བ་སྟེ། དོན་བྱ་བ་ནུས་པའི་དོན་དུའོ། །གཞན་ལ་ཞེས་བྱ་བ་ནི་སྤྱི་ལའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །སྤྱི་ཞེས་བྱ་བ་ནི་ལན་ནོ། །གཞན་ལ་ཞེས་བྱ་བ་ནི་གསལ་བ་ལའོ། །གཞན་ནི་སྤྱིའོ། །ཧ་ཅང་ཐལ་བ་བརྗོད་པ་ནི་ངེས་པ་ཐམས་ཅད་ཅེས་བྱ་བའོ། །འདི་སྤོང་བ་ནི་ཅི་སྟེ་ཞེས་བྱ་བའོ། །སྲེད་པ་ཞེས་བྱ་བ་ནི་མཚུངས་པ་ནི་ཆོས་དང་ལྡན་པའི་ཆོས་ཅན་ནི་འདི་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །ཁྱད་པར་གང་ཞིག་སྤྱི་གང་ལ་སྲིད་པའོ།། དེ་ཞེས་བྱ་བ་སྤྱི་མཐོང་བའི་ཁྱད་པར་དེ་ཉིད་ལའོ། །ཅིའི་ཕྱིར་དེ་ཉིད་ལ་ཐེ་ཚོམ་ཟ་ཞེ་ན། ཐེ་ཚོམ་ནི་སྲིད་པ་དང་ཞེས་བྱ་བའོ། །གང་གིས་དེ་མཐོང་བས་དེར་ཐེ་ཚོམ་དུ་འགྱུར་བ་གང་ཞིག་གང་ལ་སྲིད་པ་དང་འཁྲུལ་པ་ཡང་ཡིན་ཞེ་ན། སྤྱི་ལ་ཡང་ཞེས་བྱ་བའོ། །སྐབས་ཡིན་བའི་ཕྱིར་ན་སྲིད་པ་ཞེས་བྱ་བ་འདིས་ནི་འཁྲུལ་པ་ཉེ་བར་མཚོན་པའོ། །དོན་འདི་ཉིད་ཁྱད་པར་དུ་སྟོན་པ་ནི་བ་ལང་ཉིད་ཅེས་བྱ་བའོ། །སྤྱི་ཞེས་བྱ་བ་ནི་མ་དམིགས་པ་ཁོ་ན་ཡིན་ཏེ། དེས་ངེས་པས་ཁྱད་བར་ལ་ཐེ་ཚོམ་ཟ་བར་ཅི་ལྟར་འགྱུར་ཞེས་ལན་འདེབས་པ་ནི། ཁྲ་བོ་ཞེས་བྱ་བའོ། །གཞན་སྤྱི་ནི་ཁྱད་པར་འདིར་ཡོད་


DTG186_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ནོ། །གཞན་ཡང་ཞེས་བྱ་བ་ནི་བ་ལང་ཉིད་ལ་གཞན་ཤིང་ཉིད་དུ་རྣམ་པར་རྟོག་པའོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་སྤྱི་རྟོགས་པ་མི་རིགས་སོ་ཞེས་བརྗོད་པ་ནི། ཡང་ན་ཞེས་བྱ་བའོ། །སྐབས་ཉེ་བར་སྡུད་པ་ནི། དེས་ན་ཞེས་བྱ་བའོ། །ཁྱད་པར་གྱི་དབྱེ་བ་ཡོན་ཏན་དང༌། སྤྱི་ལ་སོགས་པ་རྣམས་སོ། །རྟགས་ཡིན་པ་དེས་ནའོ། །ཐེ་ཚོམ་མེད་པས་ཞེས་བྱ་བ་ནི་ངེས་པའི་ཤེས་པ་དམིགས་པ་དང་བཅས་བས་ན་བདག་ཉིད་ཐམས་ཅད་ངེས་བའི་ཕྱིར་རོ། །རྫས་ཞེས་བྱ་བ་ནི་རྩོད་པའོ། །ཅི་ལྟ་བུར་གྱུར་བ་ཞེས་བྱ་བ་ནི་སྔོན་པོ་ཞེས་བརྗོད་པ་ན་ཅི་ཨུཏྤལའི་ཁྱད་པར་ཅན་གྱི་རྫས་སམ། དེ་སྟེ་རྣམ་པ་གཞན་ཡིན་ཞེས་མི་ཤེས་པ་དེས་ན། ཨུཏྤལའི་ཁྱད་པར་ཅན་གྱི་རྫས་བསྟན་པའི་དོན་དུ་ཨུཏྤལའི་སྒྲས་ཨུཏྤལའི་ཁྱད་པར་བསྟན་པའོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་སྔོན་པོའི་སྒྲས་ཁྱད་པར་གཅིག་གིས་ཁྱད་པར་དུ་བྱས་པའི་དོན་དེ་རང་གི་རང་བཞིན་དུ་རྟོགས་པར་བྱས་ནས། དེའི་ཚེ་ཨུཏྤལའི་ཁྱད་པར་གྱིས་ཀྱང་ཁྱད་པར་ཅན་དུ་བསྟན་པ་ཁོ་ན་ཡིན་པས་དེའི་སྔོན་པོའི་ཁྱད་པར་གཞན་ཨུཏྤལ་ཉིད་དེ་ཨུཏྤལའི་སྒྲ་ལས་རིགས་གང་ཡིན་པ་དེས་སྔ་ན་མེད་པའི་རང་བཞིན་གཞན་གང་ཞིག་ཡུལ་དུ་བྱེད་པར་འགྱུར་ཏེ་མི་འགྱུར་ཕ་དེས་ན་དེས་ནི་དོན་མེད་དོ། །འོན་ཏེ་སྔོན་པོའི་སྒྲས་སྔོན་པོའི་ཁྱད་པར་ཉིད་ཀྱི་ཁྱད་པར་ཅན་གྱི་དོན་རྟོགས་ཀྱི། ཨུཏྤལའི་ཁྱད་པར་ཅན་དུ་ཡང་ནི་མ་ཡིན་ནོ། །དེས་ན་ཨུཏྤལའི་སྒྲ་དོན་མེད་དོ་ཞེས་དོགས་བ་བསུ་ནས་སེལ་བ་ནི། འོན་ཏེ་ཞེས་བྱ་བའོ། །སྔོན་པོའི་སྒྲས་སྔོན་པོའི་ཁྱད་པར་དང་འབྲེལ་པ་ན། དོན་དེ་གཞན་དུ་ཞེས་བྱ་བ་ཨུཏྤལ་ཉིད་ཀྱི་ཁྱད་པར་དང་འབྲེལ་པར་རྟོགས་ན་ནི། དེའི་ཚེ་ཁྱད་པར་གཞན་ཨུཏྤལ་ཉིད་དང་འབྲེལ་བར་ཨུཏྤལའི་སྒྲ་ལས་རྟོགས་པས་གཞན་དུ་ཞེས་བྱ་བ་ཨུཏྤལའི་ཉིད་ཀྱི་ཁྱད་པར་ཅན་དུ་བྱེད་པར་ནུས་པ་མ་ཡིན་ནོ། །ཚིག་ལེའུར་བྱས་པ་སྔ་མས་དོན་མེད་པ་ཉིད་དུ་བརྗོད་པའི་ལན་གྱི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ཨུཏྤལའི་སྒྲས་ནི། རྫས་ལ་ཨུཏྤལ་ཉིད་ཀྱི་སྤྱི་དང་འབྲེལ་བ་ཁོ་ནར་རྟོགས་ཀྱི་རྫས་དེའི་ཁྱད་པར་སྔོན་པོའི་སྒྲས་བསྟན་པར་བྱ་བ་ནི་རྟོགས་པ་མ་ཡིན་ཏེ། དེས་ན་ཨུཏྤལའི་སྒྲ་དོན་མེད་པ་མ་ཡིན་ནོ་ཞེས་བསམས་


DTG186_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟ་ཡིན་ན་ཞེས་བྱ་བའི་ལན་ལ་ནི་དོན་འདི་ཡིན་ཏེ། གལ་ཏེ་ཨུཏྤལ་ཉིད་དང་ལྡན་པ་ཁོ་ནར་རྟོགས་ཀྱི་དོན་བྱ་བ་བྱེད་པའི་ཨུཏྤལའི་གསལ་བ་མ་ཡིན་ན། དེའི་ཚེ་དེ་མ་གྲུབ་པས་ན་དེ་ལ་འཇུག་པར་མི་འགྱུར་རོ། །དེ་མེད་པས་དེ་ཐོབ་བར་ཡང་མི་འགྱུར་རོ། །ཁྱད་པར་ཁོན་དོན་བྱ་བ་བྱེད་པ་ཡིན་ནོ་ཞེ་ན། ཁྱད་པར་ཡན་འགར་བས་ནི་ཞེས་བྱ་བའོ། །ཚིག་ལེའུར་བྱས་པ་དང་པོ་རྣམ་པར་འགྲེལ་པ་ནི། ཅི་སྟེ་དེའི་སྒོ་ནས་ཞེས་བྱ་བ་སྟེ། ཨུཏྤལའི་ཁྱད་བར་གྱི་སྒོ་ནས་སོ། །འགོག་པ་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ཞེས་བྱ་བའོ། །ཁྱད་པར་སྔ་མ་སྔོན་པོ་ཉིད་སྔོན་པོའི་སྒྲ་གང་ལ་བརྗོད་པར་བྱ་བ་ཉིད་དུ་ཡོད་པ་དེ་ཉིད་ཀྱིས་རྟོགས་ཟིན་པའི་ཕྱིར་རོ། །དེས་ན་ཨུཏྤལའི་སྒྲ་ལས་ཁྱད་པར་གཞན་བརྗོད་པ་ནི་དོན་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཚིག་ལེའུར་བྱས་པ་གཉིས་པའི་ཕྱེད་སྔ་མ་རྣམ་པར་འགྲེལ་པ་ནི། འོན་ཏེ་ཞེས་བྱ་བའོ། །ཁྱད་པར་གཞན་དང་ཞེས་བྱ་བ་ནི་ཨུཏྤལའི་ཁྱད་པར་དང་བྲལ་བའོ། །རྩོད་བ་བྱེད་པ་ཉིད་གྲུབ་པའི་མཐའ་སྨྲ་བའི་གཞུང་དབང་པོ་ཉིད་དུ་ཉེ་བར་འགོད་པ་ནི། དེ་ལྟ་ན་ཡང་ཞེས་བྱ་བའོ། །དེའི་ཕྱིར་ཨུཏྤལའི་སྒྲ་དོན་མེད་པ་མ་ཡིན་ནོ་ཞེས་བསམས་པའོ།། ཕྱེད་ཕྱི་མ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི། འོ་ན་གལ་ཏེ་ཞེས་བྱ་བའོ། །ཁྱད་པར་གཞན་ནི་སྔོན་པོའི་ཁྱད་བར་གྱིས་སོ། །གཞན་དུ། གྱུར་པར་ཞེས་བྱ་བ་ནི་ཨུཏྤལ་ཉིད་དང་བྲལ་བའོ། །གཞན་དུ་བྱེད་ཅེས་བྱ་བ་ནི་ཨུཏྤལ་ཉིད་དང་ལྡན་པར་བྱེད་པའོ། །གང་གི་ཕྱིར་ཚད་མ་ཏེ། སྔོན་པོའི་སྒྲས་གྲུབ་པའི་ཨུཏྤལ་ཉིད་དང་བྲལ་བ་གང་ཡིན་བ་དེ་ནི་གཞན་དུ་སྟེ། ཨུཏྤལ་ཉིད་དང་བཅས་པར་བྱེད་ནུས་པ་མ་ཡིན་ནོ། །སྔོན་པོའི་སྒྲས་ནི་ཨུཏྤལ་ཉིད་དང་བྲལ་བར་རྟོགས་པ་འཐད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཕྲོད་པ་འདུ་བ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཐམས་ཅད་དབྱེར་མེད་པའི་རང་བཞིན་ནོ། །སྔོན་པོའི་སྒྲས་ཨུཏྤལ་ཉིད་དང་ཡང་ལྡན་པར་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཨུཏྤལའི་སྒྲ་དོན་མེད་དོ། །རྟོགས་ན་ནི་ཞེས་བྱ་བ་ནི་སྔོན་པོའི་སྒྲས་ཨུཏྤལ་ཉིད་དང་བྲལ་བ་རྟོགས་ན་ཡང་སྔོན་པོ་དེ་ཉིད་རྫས་དེའི་རང་བཞིན་


DTG186_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ། །གཞན་གྱི་ནི་ཨུཏྤལའི་སྒྲས་གཞན་དུ་སྟེ་ཨུཏྤལ་ཉིད་དང་འབྲེལ་བར་བྱེད་པར་ཅི་ལྟར་འགྱུར། ལྷག་པ་བསྣན་བ་ཞེས་བྱ་བ་ནི། ཨུཏྤལ་ལྷག་པར་བསྣན་པ་ཙམ་ཞིག་ཨུཏྤལའི་སྒྲས་བྱེད་པ་ཡིན་གྱི། ཨུཏྤལའི་རང་བཞིན་དུ་ནི་མ་ཡིན་པའོ། །གཞན་ལས་ནི་ཨུཏྤལའི་སྒྲ་ལས་སོ། །འདི་སྐད་བརྗོད་པ་མ་ཡིན་ཏེ། ཨུཏྤལའི་སྒྲ་སྦྱར་བའི་སྔོན་རོལ་དུ་ནི་ཨུཏྤལའི་ཆོས་དང་ལྡན་པར་ཡང་མ་རྟོགས་ལ་ཨུཏྤལ་མ་ཡིན་པའི་ཆོས་དང་ལྡན་བར་ཡང་མ་རྟོགས་ཀྱི། ཨུཏྤལའི་སྒྲ་སྦྱར་བས་ནི་རྫས་ལ་ཨུཏྤལ་ཉིད་ལྷག་པར་རྟོགས་པ་ཡིན་གྱི། ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་ཨུཏྤལ་མ་ཡིན་པ་ལས་ལྡོག་སྙམ་ན། དེ་ལས་ཞེས་བྱ་བ་སྟེ། ཨུཏྤལ་མ་ཡིན་པ་ལས་ལྡོག་པ་ནི་རྫས་ལ་ཨུཏྤལ་མ་ཡིན་པའི་རང་བཞིན་དུ་མི་སྲིད་བར་ངེས་པ་གང་དེ་ལས་ཡིན་ཏེ། དེས་ན་ཨུཏྤལ་མ་ཡིན་པ་ལས་ལྡོག་པ་ནི་གཞན་ལས་གྲུབ་ལ་སྒྲ་ལས་ནི་ལྷག་པར་རྟོགས་པ་ཙམ་ཞིག་འཇུག་བ་ཡིན་ནོ། །ཅི་ལྟར་མི་སྲིད་པར་ངེས་ཤེ་ན། དེ་དང་ཞེས་བྱ་བ་སྟེ། རྫས་དེ་ཨུཏྤལ་དེ་ཉིད་ཀྱི་ཆོས་དང་ལྡན་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་འབྲེལ་ཏེ། དེ་ལས་གཞན་ཞེས་བྱ་བ་ནི་ཨུཏྤལ་མ་ཡིན་བའི་ཆོས་དང་ལྡན་པར་ཡང་མི་འགྱུར་རོ། །ཨུཏྤལ་ཉིད་དང་ཨུཏྤལ་མ་ཡིན་པ་ཉིད་ཀྱི་ཆོས་དང་ལྡན་པ་ནི་གཅིག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འདི་མི་བདེན་སྙམ་ན། གལ་ཏེ་ཞེས་བྱ་བའོ། །སྔོན་པོའི་སྒྲ་ལ་སྔོན་པོ་ཉིད་ཁུ་བྱུག་ལ་སོགས་པ་དང་མཐུན་པའམ་ཐུན་མོང་མ་ཡིན་པ་ཞིག་རྟོགས། དེ་ལ་གལ་ཏེ་ཁུ་བྱུག་ལ་སོགས་པ་ཕྱུགས་ཀྱི་ཁྱད་པར་རྣམས་ཚད་མས་ཏེ་སྔོན་པོའི་སྒྲས་ཐོབ་པར་བསྟན་ན། དེའི་ཚེ་ཨུཏྤལ་ཨུཏྤལ་ཞེས་དེ་ལྟར་ལྷག་པར་སྟོང་ཕྲག་བསྣན་པས་ཀྱང་ཐོབ་པ་དེ་བཟློག་པར་ནི་མི་ནུས་སོ། །ཚད་མའི་སྟོབས་ཀྱིས་འོངས་པ་ནི་སྒྲོ་བཏགས་པས་ལྡོག་པ་མ་ཡིན་ནོ། །གཉིས་བསལ་བ་ནི། འོན་ཏེ་ཕྱུགས་གཞན་རྣམས་ཐོབ་པ་མེད་ན། དེའི་ཚེ་ཨུཏྤལའི་དོན་དེ་ཉིད་སྔོན་པོའི་སྒྲས་བཅད་པའི་ཕྱིར་དེ་རྟོགས་པའི་ཕྱིར། ཨུཏྤལ་ཉིད་བསྣན་བའི་ཁྱད་པར་གཞན་གྱི་ཅི་ཞིག་བྱ། འདིར་ནི་ཞེས་བྱ་བ་ནི། བདག་ཉིད་ཐམས་ཅད་ཀྱིས་རྟོགས་པར་ལའོ། །གང་གི་ཕྱིར་ཨུཏྤལ་ཉིད་དུ་


DTG186_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་པའི་ཡུལ་གྱི་ཁྱད་པར་གཞན་གྱིས་བཟློག་པར་བྱ་བ་ནི་ཅིའང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བཟློག་པར་བྱ་བ་མད་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱིས་བཟུང་བས་ནའོ། །ཚད་མ་གཞན་ནམ་སྒྲ་གཞན་གྱིས་ཁྱད་པར་གཞན་རྟོགས་པ་ནི་དོན་མེད་དོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་ཕྱོགས་རྗེས་སུ་བརྗོད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་སུན་འབྱིན་པའོ། །ཙམ་གྱི་སྒྲས་ནི་གསལ་བ་རྟོགས་པ་འགོག་པའོ། །མཚོན་པའི་སྤྱིས་མཚོན་བ་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་ན་དེ་ལྟར་རྟོགས་ན་ཁྱད་པར་ཐམས་ཅད་འཛིན་སྙམ་ན། མངོན་སུམ་གྱིས་ནི་དེ་ལྟར་ཞེས་བྱ་བ་སྟེ། ཁྱད་པར་ཐམས་ཅད་དང་ལྡན་པ་ཉིད་དུའོ། །མངོན་སུམ་གྱིས་ཀྱང་ཁྱད་པར་གྱི་ཚོགས་མཐའ་དག་དང་ལྡན་པའི་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ནམ་ཡང་རྫས་འཛིན་པར་མི་འགྱུར་ཏེ། ཐམས་ཅད་དུ་མདོག་དང་དབྱིབས་ཁོ་ན་འཛིན་པའི་ཕྱིར་རོ། །ངེས་པ་ཅི་ཡོད་སྙམ་ན། དེས་ནི་ཞེས་བྱ་སྟེ་དམིགས་བའི་མཚན་ཉིད་དུ་འགྱུར་བ་མ་དམིགས་པས་མེད་བའི་ཕྱིར་རོ། །དེ་ལས་རྫས་གཞན་ཞེས་བྱ་བ་ནི་ལན་ནོ། །བདག་དེ་ལ་རྫས་གཞན་ཅི་ལྟར་འགྱུར་བ་ཏེ་མི་འགྱུར་བ་ཁོ་ན་སྟེ། མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་ཆོས་ཅན་རྫས་གཅིག་མེད་པའི་ཕྱིར་རོ། །དོགས་པ་ནི་སངས་རྒྱས་པས་ཁྱེད་ལ་ཡང་གཞི་མཐུན་པ་དེར་ཅི་ལྟར་འགྱུར་འདི་ནི་ཉེ་བར་མཚོན་པ་སྟེ་བསྒྲུབ་པ་དང་དགག་པའི་ཐ་སྙད་དུ་ཡང་ཅི་ལྟར་འགྱུར་ཞེ་ན། སྒྲ་ལ་སོགས་པ་ཆོས་ཅན་གཅིག་གི་དབང་དུ་བྱས་ཏེ། རྣམ་པར་རྟོག་པ་ཅན་གྱི་བློས་བསྟན་པའོ། །ཆོས་ཅན་ཅི་འདྲ་བར་གཅིག་ཅེ་ན། སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ་ལྟ་བུའོ། །ཆོས་གཅིག་བསྒྲུབ་ན་སྟེ། སྒྲུབ་པའི་དུས་དེ་སྟོན་པ་དང་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་དེ་དང་འབྲེལ་པ་ལྟ་བུ་དང། བསྒྲུབ་པ་དང་དགག་པ་དག་གིས་མ་རེག་པའི་རང་བཞིན་གཞན་རྣམས་བཏང་སྙོམས་ལྟ་བུ་དང་ངོ༌། །ཆོས་གཅིག་འགོག་ན་ནི་དགག་པར་བྱ་བའི་ཆོས་དེའི་ས་དབེན་པ་སྟེ་བྲི་བ་ལྟ་བུ་དང༌། དེ་ལས་གཞན་དགག་བར་བྱ་བ་མ་ཡིན་པའི་ཆོས་རྣམས་ལ་ལྟོས་པ་ལྟ་བུར་སྟེ།


DTG186_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུའི་ཆོས་ཅན་བསྟན་ནས། དགག་པ་དང་བསྒྲུབ་པའི་མཚན་ཉིད་ཀྱི་ཐ་སྙད་མེད་བའི་དོན་ཅན་ཅི་ལྟར་བསྟན་བ་དེ་ཁོ་ན་བཞིན་དུ་ཐ་སྙད་དེ་བསྟན་པ་དོན་ཐ་དད་པ་ལ་བརྟེན་པ་སྟེ། གཞན་སེལ་བ་ལ་མི་བདེན་བའི་དོན་ཅན་དུ་མ་བརྟགས་པར་ཁས་ལེན་པའི་ཐ་སྙད་བྱེད་པ་པོ་ནི་འཇིག་རྟེན་པའི་དོན་ལ་གནོད་པར་མི་འགྱུར་རོ། །ཅི་འདྲ་བ་ལ་ཞེ་ན། ཐོག་མེད་ཅེས་བྱ་བ་སྟེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་རྣམ་པར་རྟོག་བའི་བློས་བསྟན་པ་ལའོ། །དེ་ལྟ་མ་ཡིན་ན་ཐ་སྙད་ཉིད་མི་འཐད་པར་འགྱུར་རོ། །དེས་ན་གང་གིས་མེད་པར་འགྱུར་བ། ཁྱེད་ཅག་བཞིན་དུ་དེད་ཀྱི་ལྟར་ན་ནི་ཐ་སྙད་འདི་དོན་དམ་པར་མ་ཡིན་ནོ། །འཆད་པ་ནི་ཁོ་བོ་ཅག་གིས་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གཞི་མཐུན་པ་ཞེས་བྱ་བའོ། །དེ་ཉིད་གསལ་བར་བྱེད་པ་ནི། འདི་ལྟར་ཞེས་བྱ་བའོ། །སྒྲའི་སྒྲ་དོན་ཞེས་བྱ་བ་ནི། སྒྲ་ཞེས་བྱ་བའི་སྒྲ་འདིའི་དོན་སྒྲའི་མཚན་ཉིད་གང་ཡིན་པ་དེ་ཆོས་ཅན་ཉིད་དུ་འཇོག་གོ །ཅི་ལྟར་ཞེ་ན། སྒྲ་མ་ཡིན་པ་ལས་ཞེས་བྱ་བའོ། །རྣམ་པར་འཇོག་པའི་རྣམ་པར་བརྗོད་པ་ནི་སྒྲ་ཞེས་བྱ་བ་ཞེས་སོ། །གལ་ཏེ་སྒྲའི་སྒྲའི་དོན་ཚད་མ་གཅིག་གིས་རྟོགས་ན་མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པ་དོན་མེད་དོ་ཞེ་ན། སྒྲ་དེ་ཡང་ཞེས་བྱ་བའོ། །ཕྱིན་ཅི་ལོག་གི་ཐ་སྙད་རྟག་བ་ཉིད་ཀྱི་ཐ་སྙད་དེ་མི་རྟག་པ་ཉིད་ཟིན་པའི་ཕྱིར་རོ། །ཐ་སྙད་གཞན་ཞེས་བྱ་བ་མི་རྟག་པ་ཉིད་ཀྱི་ཐ་སྙད་བཅུག་པས་སོ། །ཕྱིན་ཅི་ལོག་གི་ཐ་སྙད་ཀྱང་ཡུལ་ནི་རྟག་བ་ཉིད་དེ་དེ་བསལ་བའི་ཕྱིར་ཏེ་བཟློག་པའི་ཕྱིར་རོ། །དེའི་ཚེ་ནི་རྣམ་པར་འཇོག་པའི་དུས་ནའོ། །རང་བཞིན་གང་གིས་རྟོགས་སྙམ་ན། བདག་གིས་ངོ་བོར་རོ། །ཅི་འདྲ་བའི་ཁྱད་པར་ཅན་དུ་ཞེ་ན། དེ་ལ་བརྟན་པ་སྟེ་མི་རྟག་པའི་ཆོས་བརྟེན་པའི་འགོག་པ་ནི་ཞེས་བྱ་བ་ནི། གང་གིས་ཚེ་སྒྲ་རྟག་པ་མ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་སྒྲ་ལས་རྟག་བ་ཉིད་དེ་དང་བྲལ་བར་རོ། །དེས་དཔེན་པ་ནི་རྟག་པ་ཉིད་ཀྱིས་དབེན་པའོ། །རྟག་པ་ཉིད་དེ་ལས་བཟློག་པའི་ཆོས་མི་རྟག་པ་ཉིད་ཀྱི་ཆོས་ལ་ལྟོས་པ་དང་བཅས་པ་ཉིད་དུ་ཆོས་ཅན་རྟོགས་སོ། །འདིས་ཅི་ཞིག་བརྗོད་པར་འགྱུར་ཞེ་ན། བསྒྲུབ་པ་དང་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི། འདི་ལྟར་ཞེས་བྱ་བའོ་


DTG186_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཁོ་ན་ལ་བཞིན་དུ་ཞེས་བྱ་བ་ནི། སྒྲ་མི་རྟག་པ་ཉིད་དུ་ཁོ་བོས་སྔར་རྟོགས་ཏེ་རྟག་པར་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་རོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་མི་རྟག་པ་ཉིད་འཛིན་པ་ཉིད་དུ་དུས་ཕྱིས་བྱུང་བའི་སྐད་ཅིག་མ་ཉིད་ཀྱི་རྗེས་སུ་དཔག་བས་ཐ་སྙད་ཀྱི་ཡུལ་ཉིད་དུ་འགྲུབ་བ་ཡིན་ནོ། །གང་ཞིག་ཅེ་ན། དེ་ཉིད་ཅེས་བྱ་བ་སྟེ་སྔར་གྱི་དུས་ན་ཡོད་པ་ཉིད་དོ། །དངོས་པོ་ནི་དེ་ལྟ་བུའི་རང་བཞིན་ཅན་དུ་ཞེས་བྱ་བ་འཆད་བ་ནི། དེ་ལ་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་དོན་ལའོ། །གལ་ཏེ་སྒྲ་རྣམས་ཀྱི་ཡུལ་མངོན་སུམ་གྱིས་རྟོགས་པ་ཉིད་ཅིའི་ཕྱིར་མ་ཡིན་ཞེ་ན། རྣམ་པར་རྟོག་བ་ནི་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་དུས་ན་མངོན་སུམ་གྱིས་རྟོགས་པ་དེ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་གྱིས་རྟོགས་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འདི་ཉིད་ཀྱི་དོན་འདི་ཡིན་ཞེ་ན། འཁྲུལ་པ་ཙམ་ཞེས་བྱ་བའོ། །གཞན་སེལ་བའི་ཡུལ་ལ་འཁྲུལ་པ་ཟློག་པར་བྱེད་པ་ཉིད་ཀྱིས་མ་ཁྱབ་པོ་ཞེས་དོགས་པ་ནི། འོ་ན་ཞེས་བྱ་བའོ། །གང་གི་ཆ་འཁྲུལ་བ་མ་ཞུགས་ཤེ་ན། མངོན་སུམ་གྱིས་ཞེས་བྱ་བའོ། །ཅི་ལྟར་རྣམ་པར་རྟོག་པ་གཞན་སེལ་བའི་ཡུལ་ཅན་དུ་འགྱུར་ཞེ་ན་ཞེས་བྱ་བར་ཡང་བལྟ་བར་བྱ་བའོ། །མི་འཇུག་པའི་ཡུལ་ཞེས་བྱ་བ་ནི་འཇུག་པའི་ཡུལ་མ་ཡིན་ལ། འཇུག་པའི་ཡུལ་མ་ཡིན་པ་ཡང་བཏང་སྙོམས་ཀྱི་ཡུལ་ཏེ། དེ་ནི་མེ་འདིར་ཡང་ངོ༌། །བཟློག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡང་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པ་དེ་ལྟ་ཡང་བཏང་སྙོམས་ཀྱི་ཡུལ་བཟློག་པ་ཉིད་སྒྲ་དང་རྣམ་པར་རྟོག་པ་དག་གི་ཡུལ་ཡིན་ནོ། །མེའི་རང་གི་ངོ་བོ་ཉིད་དོན་དུ་ཅི་སྟེ་མི་འདོད་ཅེ་ན། དེར་ཞེས་བྱ་བ་སྟེ་རྣམ་པར་རྟོག་པ་ལའོ། །འོན་ཏེ་རང་གི་ངོ་བོ་མ་ཡིན་པ་ཡང་དེ་རྟོགས་སོ་ཞེ་ན། གཞན་དུ་ཞེས་བྱ་བ་སྟེ། སྒྲོ་བཏགས་པའི་རང་བཞིན་དུ་རྟོགས་པ་གང་ཡིན་པ་དེ་ཡང་མེ་རྟོགས་པ་མ་ཡིན་ནོ། །གལ་ཏེ་འདིའོ་ཞེས་བྱ་བའི་ཤེས་པ་མངོན་སུམ་གྱི་དེ་མ་ཐག་ཏུ་འབྱུང་བ་ཡང་སྒྲའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཅན་མ་ཡིན་ནམ། ཅི་ལྟར་ཡིད་ཀྱི་མངོན་སུམ་དུ་བརྗོད་ཅེ་ན། མངོན་སུམ་གྱི་ཞེས་བྱ་བའོ། །འདིར་ཞེས་བྱ་བའི་རྣམ་པ་ཅན་དངོས་པོའི་རྣམ་པར་རྟོག་པས་ནི། སྔོན་པོ་རྟོགས་པ་མ་ཡིན་ནོ། །སྔོན་པོ་ཅི་འདྲ་བ་ཞིག་རྟོགས་པ་མ་ཡིན་ཞེ་ན། སྒྲའི་ཡུལ་གྱི་སྔོན་པོའོ། །


DTG186_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དེས་ནི་མངོན་སུམ་ཁོ་ན་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །དངོས་པོའི་རྣམ་པར་རྟོག་པས་ཞེས་བྱ་བ་ནི་རྩོད་པ་སྨྲ་བའི་བསམ་པའི་དབང་གིས་བརྗོད་པ་ཡིན་ནོ། །འོ་ན་ཡིད་ཀྱི་མངོན་སུམ་གྱི་རང་བཞིན་ཅི་འདྲ་བ་ཞིག་ཡིན་ཞེ་ན། དེ་འདི་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་ཡིད་ཀྱི་མངོན་སུམ་དུ་མངོན་པར་འདོད་པས་སོ། །མངོན་སུམ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་དམ། ཡང་ན་ཡིད་ཀྱི་མངོན་སུམ་དུ་མངོན་པར་འདོད་པའོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྒྲ་དང་རྣམ་པར་རྟོག་པ་དག་གཞན་སེལ་བའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །ཐ་དད་པའི་དོན་ཅེས་བྱ་བ་ནི་ཐམས་ཅད་ལྡོག་པའི་ཕྱི་རོལ་གྱི་དོན་གཞན་ལས་ལྡོག་པ་ལ་ནི། ཐམས་ཅད་ཅེས་བྱ་བ་གཞི་མཐུན་པ་ལ་སོགས་པ་འཐད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཅེས་བྱ་བ་སྟེ་དོན་ཉིད་དོ། །གལ་ཏེ་དོན་དམ་པར་ན་ལོག་པ་ལས་ལྡོག་པ་གཞན་ཁོ་ན་མ་ཡིན་ནམ། དེས་ན་ཅི་ལྟར་གཞི་མཐུན་པ་ལ་སོགས་པར་འགྱུར་ཞེ་ན། ལྡོག་པ་ནི་དོན་དེ་ལས་གཞན་མ་ཡིན་ཏེ། ངོ་བོ་མེད་པའི་ཕྱིར་རོ། །གལ་ཏེ་ལྡོག་པ་གཞན་མ་ཡིན་ན། འོ་ན་ཅི་ལྟར་ཞེས་བྱ་བའོ། །ལན་ནི་དཔེར་ན་ཞེས་བྱ་བའོ། །ལྡོག་པ་རྣམས་ཞེས་བྱ་ནི་གཅིག་ལ་གནས་པ་རྣམས་སོ། །དེ་ཉིད་གཞུང་འཇུག་པ་ནི་ལྡོག་པ་ནི་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ནི་རྣམ་པར་རྟོག་པའི་དབང་གིས་སོ། །དེ་མིན་ཞེས་བྱ་བ་ནི་ཐ་དད་པ་ཉིད་དོ། །གང་གི་ཕྱིར་ད་ལྟར་ཐ་དད་པ་དང་ཐ་མི་དད་པ་དེས་ན་རྣམ་པར་རྟོག་པའི་ཡུལ་གྱི་སྒྲའི་དོན་ནི་ཐ་དད་པ་དང་ཐ་དད་པ་མེད་པའི་རྒྱུ་མཚན་ཡིན་ཏེ། སྒྲའི་དོན་མེད་ན་ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་མད་པའི་ཕྱིར་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཕྱེད་སྔ་མ་འཆད་པ་ནི། དོན་དམ་པ་ལ་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་ལྡོག་པ་རྣམས་སོ། །གཉི་གའི་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པའོ། །ཅི་ལྟར་ཀུན་རྫོབ་ཏུ་ཡང་ཐ་དད་པ་དང་ཐ་མི་དད་པ་ཉིད་དུ་འགྱུར། ཉེ་བར་བསླད་བ་ཉིད་དུ་མ་ངེས་པར་ཡང་ཅི་སྟེ་ཞེ་ན། འདི་ལྟར་ཞེས་གསུངས་སོ། །དོན་ཞེས་བྱ་བ་ནི་ཆོས་ཅན་ནི། དེ་ཞེས་བྱ་བ་ཉན་པའི་རྣམ་པར་ཤེས་པའི་འབྲས་བུ་ཅན་ནོ། །འདི་ནི་འཕེལ་བའི་རྣམ་པར་བསྟན་ཏོ། །དེ་འབྲས་མེད་ཅེས་བྱ་བ་


DTG186_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མིག་ལ་སོགས་པའི་ཤེས་པའི་འབྲས་བུ་ཅན་མ་ཡིན་པ་སྟེ། འདིས་ནི་འགྲིབ་པའི་རྣམ་པ་བརྗོད་དོ། །གཅིག་ཅེས་བྱ་བ་འདིས་ནི་གཞི་མཐུན་པའི་རྒྱུ་མཚན་ཐ་དད་པ་མེད་པ་ཉིད་བརྗོད་པའོ། །དེ་ཞེས་བྱ་བ་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་དེའི་འབྲས་བུ་ཅན་ཉིད་ཀྱིས་ཐ་དད་པ་དང༌། དེ་ལས་ཞེས་བྱ་བ་དེའི་འབྲས་བུ་ཅན་དག་ལ་དེའི་འབྲས་བུ་ཅན་མ་ཡིན་པ་ཉིད་ཀྱིས་ཐ་དད་པ་སྟེ་འདིས་ནི་སྒྲ་ཐ་དད་པ་འཇུག་པའི་རྒྱུ་མཚན་ཐ་དད་པ་ཉིད་བརྗོད་པ་ཡིན་ནོ། །དེ་ལྟ་བུར་གྱུར་བའི་ཆོས་ཅན་དེ་ཡང་སྒྲ་ཡང་རྣམ་པར་རྟོག་པ་ཐ་དད་རྟེན་ཅན་དེ་ལྡོག་པའི་རྒྱུ་མཚན་ཅན་དེ་ལྟ་བུར་གྱུར་པའི་དོན་དེ་ལ་འཕེལ་བ་དང་འགྲིབ་པ་ལྟ་བུར་བྱེད་པ་དངོས་པོའི་རང་བཞིན་མ་རྟོགས་པས་ན་ཉེ་བར་བསླད་པར་གྱུར་པའི་བསླད་པ་དེ་དང་དེ་དག་གིས་དོན་དམ་པར་འཕེལ་བ་དང་འགྲིབ་པ་དང་བྲལ་བ་ཡིན་ཡང་མ་ཐོང་བ་ཐ་དད་པར་གྱུར་པའི་མཚན་ཉིད་དུ་ཉེ་བར་སྦྱོར་བ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པའི་ཡུལ་གྱི་དོན་ཅི་ལྟར་འཐོབ་པ་ཉིད་དུ་སྦྱོར་ཞེ་ན། འབྲེལ་པ་འགའ་ལས་ཞེས་བྱ་བའོ། །རྣམ་པར་རྟོག་པའི་ཁྱད་པར་གྱི་ཡུལ་ནི། ཐོབ་པར་བྱ་བའི་དོན་དང་ལྷན་ཅིག་དེའི་བདག་ཉིད་དམ། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་ཁོ་ནའོ། །དེ་སྐད་དུ་ཡང༌། དེ་བདག་དེ་ལས་བྱུང་བ་ཡི།། མཐུ་ཡིས་ཞེས་བྱ་བའོ། །དེས་ན་ཐ་སྙད་དེའི་བདག་ཉིད་དང་དེ་ལས་བྱུང་བས་འབྲེལ་བའི་ཕྱིར་མཐོང་བ་ཉིད་དུ་སྦྱོར་བ་ཡིན་ནོ། །གང་གི་ཕྱིར་ཡང་དག་མ་ཡིན་ཡང་ཡང་དག་པ་ལྟ་བུར་སྟོན་པར་བྱེད་པ་དེས་རྣམ་པར་རྟོག་པའམ་སྒྲའམ་ཐ་སྙད་དུ་བྱེད་པ་དེ་བསླད་པ་ཉིད་ཀྱང་ཤེས་པ་མ་ཡིན་ཏེ། འབྲེལ་པ་ཡོད་ན་དེ་ལས་ཞུགས་པ་དེ་ལྟ་ནའི་དངོས་པོ་ལ་མི་སླུ་བ་ཡོད་པའི་ཕྱིར་རོ། །རྣམ་འགྲེལ་སྔ་མའི་དོན་དང༌། རྣམ་འགྲེལ་གཉིས་པ་འདིའི་དོན་གྱི་འགྲེལ་པ་བྱ་བའི་ཕྱིར་དགོས་པར་བྱེད་པ་ནི། གལ་ཏེ་ཞེས་བྱ་བའོ། །འདི་ཉིད་ཅི་ལྟར་བ་ཞེས་བྱ་བ་ནི། རྣམ་པར་མ་བརྟགས་པར་ཁས་ལེན་པའོ། །མཐོང་བར་སྦྱོར་ཞེས་བྱ་བ་འཆད་པ་ནི། མི་སླུ་བའི་ཕྱིར་ཞེས་བྱ་བའོ། །བསླད་པའང་ཤེས་པ་མ་ཡིན་ཞེས་བྱ་བར་འཆད་པ་ནི་མི་རྟག་གོ་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི། ཐ་དད་ཐ་དད་མེད་ཅེས་བྱ་བའོ། །དོན་བྱ་བ་གྲུབ་ན་ཐ་དད་པ་དང་ཐ་མི་དད་བ་ལ་ངའི་སླུ་བཞུགས་སོ་ཞེས་བྱ་བའི་


DTG186_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཔྱད་པ་གང་དུ་དགོས་པ་སོམས་ཤིག །ཐ་དད་པའི་ཆོས་ཀྱིས་དོན་བྱ་བ་འགྲུབ་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བུར་མ་ཞེས་བྱ་བ་སྟེ། བུར་མ་ལ་ཐ་དད་པའི་མངར་བས་ནི་མངར་བའི་དོན་བྱེད་པ་ཡིན་པར་ནི་འཐད་པ་མ་ཡིན་ནོ། །བུ་རམ་གྱི་རང་བཞིན་དུ་གྱུར་པའི་མངར་བ་ཁོ་ནས་དོན་བྱ་བ་བྱེད་པར་མཐོང་བའི་ཕྱིར་རོ། །དེས་ན་ཐ་དད་པ་ཚོལ་བ་ནི་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པ་ཉིད་བརྗོད་པ་ནི། མིག་ལས་ལྡོག་པ་ཅེས་བྱ་བ་སྟེ། མངར་པོ་མ་ཡིན་པ་ལས་ལྡོག་པའི་བུ་རམ་གྱི་དོན་བྱ་བ་ཐོབ་པའི་ཕྱིར། མངར་བ་ཐ་དད་པ་ལས་དོན་བྱ་བ་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་ཆོས་ཐ་དད་པ་ཡིན་སྙམ་དུ་དོགས་པ་སེལ་བས་དེ་འབྲས་བུ་ཅན་དང་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་ཆོས་ཀྱི་བྱེད་པ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དེའི་འབྲས་བུ་དང་ཅིག་ཤོས་དེའི་འབྲས་བུ་ཅན་མ་ཡིན་པ་སྟེ་དེ་དག་ལྡོག་མཚམས་ཡིན་ཏེ། བློའི་རྣམ་པ་གང་ལ་དེ་རྒྱུ་མཚན་དུ་ཡོད་པ་དེས་བརྟགས་པའོ། །དེ་ཞེས་བྱ་བ་ནི་ཆོས་ཐ་དད་པའོ། །དེ་ལ་ནི་དེ་ལྟར་གནས་པས་ནའོ། །འོ་ན་མཁས་པ་དག་ཐ་དད་པ་རྟོགས་པ་ལ་གུས་པར་འགྱུར་རོ་སྙམ་ན། དངོས་པོའི་དེ་ཁོ་ན་རྟོགས་པ་ལྷུར་བྱེད་པ་ཞེས་བྱ་བ་སྟེ་མཁས་པ་ཞེས་བྱ་བའི་དོན་ཏོ། །རང་རྒྱུད་ཉིད་སྤོང་བ་ནི་དེ་སྐད་དུ་ཡང་ཞེས་བྱ་བའོ། །དཔྱོད་པ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། །ཐ་སྙད་ནི་མངོན་པར་བརྗོད་པ་ལ་སོགས་པའོ། །དེ་དག་གིས་ནི་འཇིག་རྟེན་པའི་ལམ་གང་ཡིན་པ་དེར་གནས་པ་ན་བྱིས་པ་དང༌། མཁས་པ་དག་རྣམ་པར་རྟོག་པའི་ཤེས་པ་དང༌། བརྗོད་པ་དག་ལ་བལྟོས་ཏེ་འདྲ་བ་ཉིད་དོ། །གང་གི་ཕྱིར་དེ་དང་དེ་ལས་ལྡོག་པའི་རྒྱུ་མཚན་ཅན་བློའི་རྣམ་པས་བརྟགས་པའི་ཆོས་ཐ་དད་པ་དག་ཐ་སྙད་པས་རྣམ་པར་དཔྱད་པར་མི་ནུས་པ་དེས་ནའོ། །དེའི་བདག་ཉིད་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་འགའ་ཞིག་ལས་ཐོབ་པའི་མཚན་ཉིད་ཀྱི་མཐོང་བའི་ལམ་དུ་བྱེད་དེ། མཐོང་བ་ལ་ཉེ་བར་སྦྱོར་རོ་ཞེས་འབྲེལ་ཏོ། །གང་གི་ཕྱིར་ཆོས་དང་ཆོས་ཅན་གྱི་ཐ་སྙད་འདི་བརྟགས་པ་ཡིན་པས་ན་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་སྡུད་པའོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། ཡང་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར་རོ། །གསོན་པོའི་ལུས་ལ་བདག་ཐེ་ཚོམ་ཟ་བ་ནི་


DTG186_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་སོགས་པ་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་གྱི། མེད་པ་ནི་མ་ཡིན་ནོ། །འོན་ཏེ་བུམ་པ་ལ་ནི་མེད་པ་ཡིན་ཏེ། སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ་ཞེ་ན། ཁས་བླངས་ཞེས་བྱ་བའོ། །འཆད་པ་ནི་གསོན་པོའི་ཞེས་བྱ་བའོ། །འོན་ཏེ་ཡོད་དང་མེད་པ་ཉིད་དུ་ངེས་སོ་ཞེ་ན། ཐེ་ཚོམ་མི་ཟ་བ་ནི་ཞེས་བྱ་བའོ། །གཞན་གྱི་ཞེས་བྱ་བ་ནི། འདོད་པ་ལ་སོགས་པ་འདི་དག་ནི་འགའ་ཞིག་ལ་བརྟེན་པ་ཡིན་ཏེ། དངོས་པོ་ཉིད་ཡིན་པ་ན་འབྲས་བུར་གྱུར་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ཁས་བླངས་པས་བུམ་པ་ལ་སོགས་པ་ལ་བདག་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །མེ་ལས་ལྡོག་པ་མེད་ན་ཡང་ཞེས་བྱ་བ་ནི་ཅི་སྐད་བརྗོད་པའི་ཚུལ་ལས་མེད་པ་ལས་ལྡོག་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མེད་པ་ལས་ལྡོག་པ་མེད་པར་ཁས་བླངས་ཀྱང་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྲོག་ལ་སོགས་པའོ། །ཐེ་ཚོམ་ཟ་བས་ན་མི་མཐུན་པའི་ཕྱོགས་ལ་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཡང་ཐེ་ཚོམ་ཟ་བ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་བདག་ལྡོག་པས་ལྡོག་པར་ཐེ་ཚོམ་ཟ་བས་ནའོ། །དེ་ལྟར་སྔར་བཀོད་པའི་རྣམ་འགྲེལ་གྱི་ཕྱེད་སྔ་མ་དང་ལྷན་ཅིག་འཆད་པར་འགྱུར་བའི་རྣམ་འགྲེལ་བཤད་ནས། ཕྱེད་ཕྱི་མ་བཤད་པའི་ཕྱིར་གསུངས་པ་ནི་གལ་ཏེ་ཞེས་བྱ་པའོ། །དེ་ལྟར་ན་ཞེས་བྱ་བ་ནི། སངས་རྒྱས་པས་ཁས་བླངས་པ་འདོད་ནའོ། །དོགས་པ་ནི་སངས་རྒྱས་པས་ཞེས་བྱ་བའོ། །ལན་ནི་འོ་ན་ཞེས་བྱ་བའོ། །དེ་ཉིད་དོ་ཞེས་བྱ་བ་ནི་ཚད་མ་མ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པའོ། །གང་གི་ཕྱིར་དེ་ལྟར་སྲོག་ལ་སོགས་པ་གཞན་ལས་ལྡོག་པར་མ་གྲུབ་པ་དེའི་ཕྱིར་རོ། །བདག་དང་བཅས་པ་གཅིག་ལ་ངེས་པར་གྲུབ་པ་ཡིན་ན། གཞན་བདག་མེད་པ་ལས་ལྡོག་པ་གྲུབ་བོ། །གལ་ཏེ་བདག་དང་བཅས་པ་དང་བདག་མེད་པའི་ཕུང་པོ་གཉིས་ཁོ་ན་མ་ཡིན་ནམ། དེས་ན་གང་གི་ཚེ་བདག་མེད་པ་འགའ་ཞིག་ལས་ལྡོག་པར་མཐོང་བ་དེའི་ཚེ་དོན་གྱི་སྲོག་ལ་སོགས་པ་བདག་དང་བཅས་པ་ཁོ་ན་ལ་ངེས་ཀྱི་མི་མཐུན་པའི་ཕྱོགས་ལ་ནི་ཡོད་པ་མ་ཡིན་ནོ་ཞེ་ན། མ་མཐོང་བ་ཡིན་ཡང་ཞེས་བྱ་བའོ། །གལ་ཏེ་ཡང་ཕུང་པོ་གཉིས་ཡོད་པ་ལས་བུམ་པ་ལ་སོགས་པ། བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་མ་མཐོང་བ་དེ་ལྟ་ན་ཡང་མཐོང་བ་མེད་པའི་


DTG186_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པ་ལ་སྲོག་ལ་སོགས་པ་ཐེ་ཚོམ་དུ་འགྱུར་དེ་བདག་མེད་པ་ཡང་ཡིན་ལ། སྲོག་ལ་སོགས་པ་མི་ལྡོག་པ་ཡང་མིན་ནོ་ཞེས་བྱ་བར་རོ། །གལ་ཏེ་རེ་ཞིག་བུམ་པ་ལ་སོགས་པ་མཐོང་བ་དག་ལ་མཐོང་བས་བདག་མེད་པར་གྲུབ་པ་མ་ཡིན་ན་མ་ཞེ་ན། མཐོང་བ་ཡིན་ཡང་ཞེས་བྱ་བའོ། །རེ་ཞིག་བུམ་པ་ལ་སོགས་པ་ལ་བདག་མེད་པར་མ་གྲུབ་མོད་ཀྱི་ཁས་བླངས་ནས་ཀྱང་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་སྲོག་ལ་སོགས་པ་རྣམས་སོ། །མི་མཐུན་པའི་ཕྱོགས་ལས་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་བསྐལ་པ་ལས་སོ། །མི་མཐུན་པའི་སོགས་ལས་ཞེས་མཐོང་བའི་བུམ་པ་ལ་སོགས་པ་ལས་སོ། །འོན་ཏེ་གང་དུ་ལྡོག་པ་མཐོང་བ་དེར་མེད་མོད། ཡུལ་ལ་སོགས་པས་བསྐལ་པ་གཞན་ལ་གོ་ཅི་ལྟར་ཞེ་ན། བདག་མེད་བ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཕྱེད་ཅེས་བྱ་བའོ། །འོ་ན་ཅི་ལྟར་རིགས་ཤེ་ན། གཅིག་གི་ངོ་བོར་ངེས་པ་ཉིད་དུ་ཞེས་བྱ་བ་སྟེ། མཐོང་བ་དང་མ་མཐོང་བའི་བདག་མེད་པ་ཐམས་ཅད་གཅིག་ཉིད་ཁོ་ནར་སྲོག་ལ་སོགས་པ་དང་བྲལ་བར་རོ། །དེས་ན་གང་ཅུང་ཟད་བདག་མེད་པ་དེ་མཐའ་དག་ནི་སྲོག་ལ་སོགས་པ་དང་བྲལ་བའོ་ཞེས་བྱ་བར་གྲུབ་པོ་ཞེ་ན། གསལ་བ་ཞེས་བྱ་བ་ནི། མཁྲེགས་པའི་གསལ་བ་མཐའ་དག་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང༌། མཁྲེགས་པའི་རིགས་ཅན་དུ་གྱུར་པའི་སྲོག་ལ་སོགས་པའི་དོན་ཡོད་དེ། དེས་ན་བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་མ་མཐོང་བ་ཙམ་གྱིས་ནི་བདག་མ་ངེས་པ་མ་ཡིན་ཏེ། དཔེར་ན་མཁྲེགས་པ་ཉིད་མཚོན་གྱིས་མི་ཆོད་པ་ལ་ངེས་པ་མ་ཡིན་པ་བཞིན་ནོ། །ཅིའི་ཕྱིར་འགའ་ཞིག་ལ་མ་མཐོང་པས་ངེས་བ་མི་འགྲུབ་ཅེ་ན། ཡོད་ལ་ཞེས་བྱ་བའོ། །བདག་མེད་པ་འགའ་ཞིག་ལ་སྲོག་ལ་སོགས་པ་ཡོད་པར་ཐེ་ཚོམ་ཟ་བ་གང་ལས་ལྡོག་པར་འགྱུར། ཅིའི་ཕྱིར་ཞེ་ན། བདག་མེད་པ་དང་སྲོག་ལ་སོགས་པ་ལ་འགལ་བ་རྣམ་པ་གཉི་ག་ཡང་མ་མཐོང་བའི་ཕྱིར་རོ། །བདག་གལ་ཏེ་བདག་མེད་པ་གཅིག་སྲོག་ལ་སོགས་པ་དང་བྲལ་བ་མཐོང་ན་གཞན་དེ་ལས་བཟློག་པར་ཅི་ལྟར་འགྱུར་ཞེ་ན། གང་གིས་ཞེས་བྱ་བའོ། །འགའ་ཞིག་ནི་གསོན་པོའི་ལུས་སོ། །གཞན་ནི་བུམ་པ་ལ་སོགས་པའོ། །དེ་ལྟ་མ་ཡིན་པར་ཞེས་བྱ་བ་ནི་སྲོག་ལ་སོགས་པ་དང་མི་ལྡན་པར་


DTG186_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འགའ་ཞིག་ནི་ཤིང་ངོ༌། །གཞན་ནི་རྡོ་རྗེའོ། །གཞན་དུ་ནི་མཚོན་གྱིས་མི་ཆོད་པའོ། །ཅི་ལྟར་ངེས་པ་མེད་ཅེ་ན། འདི་ལྟར་ཞེས་བྱ་བའོ། །འཆད་པ་ནི་བདག་མེད་པ་དང་ཞེས་བྱ་བའོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། གང་གིས་ཞེས་བྱ་བ་སྟེ་འགལ་བས་སོ། །དེ་ནི་བདག་མེད་པའོ། །ལ་ལར་ནི་བདག་ལ་སྲོག་ལ་སོགས་པ་དེའོ། །ངེས་པ་ལས་གཞན་བདག་མེད་པ་དང་འགལ་བ་ཅི་ཡོད། །བདག་ལ་ངེས་པ་ཁོ་ནས་སོ། །བདག་མེད་པ་དང་འགལ་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་མོད་སྙམ་ན། ངེས་པ་དེ་ཡང་བདག་གི་འབྲས་བུའམ། བདག་གི་རང་བཞིན་གྱིས་ཡིན་པར་འགྱུར་ཏེ་གཞན་དུ་ངེས་པ་མི་འཐད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་དེ་གཉིས་ཡིན་པར་ཚད་མས་གྲུབ་པ་ཡང་མ་ཡིན་པ་དེས་ན། ཅི་ལྟར་བརྒྱུད་པས་ཀྱང་འགལ། གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །ཁྱད་པར་བྱེད་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པའི་ཁྱབ་པར་བྱེད་པ་བདག་ཡིན་ལ་དེ་དང་བདག་མེད་པ་འགལ་བའོ། །ཁྱབ་པར་བྱ་བ་དང་ཡང་ཞེས་བྱ་བ་ནི། སྲོག་ལ་སོགས་པ་དང་ཡང་ངོ༌། འོན་ཏེ་བདག་ལ་ངེས་པ་ཡོད་པ་ཁོ་ནའོ་ཞེ་ན། སྲོག་ལ་སོགས་པ་ནི་ཞེས་བྱ་བ་ནི་ལྡན་པ་ལ་སོགས་པའི་རྣམ་པས་སོ། །འོན་ཏེ་སྲོག་ལ་སོགས་པ་ནི་བདག་ལ་དེའི་བདག་ཉིད་ལ་སོགས་ཡིན་པ་ཉིད་དོ་ཞེ་ན། སྲོག་ལ་སོགས་པ་ནི་ཞེས་བྱ་བའོ། །དེས་ན་སྲོག་ལ་སོགས་པ་ནི་བདག་མེད་པ་ཟློག་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་གནས་སོ། །འདི་དག་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་སྲོག་ལ་སོགས་པའི། ཅི་ལྟར་ཞེ་ན། དེར་ཞེས་བྱ་བ་སྟེ་བདག་ལའོ། །འདི་ཉིད་ཀྱི་ཕྱིར་ཕུང་པོ་གཉིས་ལས་གཅིག་ལ་ནི། ངེས་པར་གྲུབ་ན་གཞན་ལས་ནི། ལྡོག་པ་འགྲུབ་ཅེས་བཤད་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ལས་སྲོག་ལ་སོགས་པ་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང་བདག་མེད་པ་མེད་པའི་རྒྱུ་ལས་ནི། གསོན་པོའི་ལུས་ལ་བདག་མི་འགྲུབ་བོ། །རྒྱུ་གང་གིས་ན་རིགས་པ་ཅན་དེ་ནི་ལྡོག་པ་མེད་པ་དངོས་པོར་འདོད་པ་མ་ཡིན་པས་སོ། །དཔེར་ན་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་པར་འདོད་པ་དེ་བཞིན་དུ། གསོན་པོའི་ལུས་


DTG186_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་མེད་པ་མེད་ཀྱང་བདག་ཡོད་པར་ནི་མི་འདོད་པར་མི་བྱའོ། །དེའི་ཕྱིར་གལ་ཏེ་གཏན་ཚིགས་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པར་འདོད་ན། དེའི་ཆོ་མཐུན་པའི་ཕྱོགས་ལས་མི་ལྡོག་པ་མེད་པའི་གཏན་ཚིགས་དེས་ན་རྒྱུ་དེ་གཏན་ཚིགས་རྗེས་སུ་འགྲོ་བ་ཅན་དུ་གྱུར་བས་ཅི་ལྟར་ལྡོག་པ་ཅན་དུ་བརྗོད། རྗེས་འགྲོ་ཅན་མི་ལྡོག་པ་མིན་ཞེས་བྱ་བ་ནི། གལ་ཏེ་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཀྱི་ལྡོག་པ་མེད་ཀྱང་དེ་ལ་སྲོག་ལ་སོགས་པ་འཐད་པར་ཁས་མི་ལེན་ན། དེའི་ཚེ་གསོན་པོའི་ལུས་བདག་མེད་པ་མ་ཡིན་ཡང་བདག་དང་བཅས་པ་ཉིད་དུ་མི་འགྲུབ་སྟེ། ལྡོག་པ་མེད་ཀྱང་ཡོད་པར་ཁས་མི་ལེན་པའི་ཕྱིར་རོ། །འཆད་པ་ནི་ཅི་ལྟར་ཞེས་བྱ་བའོ། །མཐུན་པའི་ཕྱོགས་མེད་པ་བདག་མེད་པ་ལ། སྲོག་ལ་སོགས་པ་མེད་པ་མེད་ཀྱང་ངོ༌། །ཅི་ལྟར་མི་མཐུན་པ་ཉེ་བར་བཀོད་ཅེ་ན། འདི་ལྟར་ཞེས་བྱ་བ་སྟེ། མཐུན་པའི་ཕྱོགས་ལ་ནི་སྲོག་ལ་སོགས་པ་ལྡོག་པ་མེད་ཀྱང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐུན་པའི་ཕྱོགས་བདག་དང་བཅས་པ་དེ་མེད་པའི་ཕྱིར་རོ། །མེད་ཀྱང་ལྡོག་པ་མེད་ན་ཡོད་པར་ཅི་སྟེ་མི་འགྱུར་ཞེ་ན། མེད་པ་ལ་ནི་ཞེས་བྱ་བའོ། །འོ་ན་བདག་མེད་པ་མེད་ཀྱང་བདག་རྟོགས་པར་མི་འགྱུར་རོ་ཞེས་དོགས་ན་གསོན་པོའི་ལུས་ལ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གསོན་པོའི་ལུས་དེ་ཡོད་པའི་ཕྱིར་རོ། །ལྡོག་པ་མེད་ན་ཞེས་བྱ་བ་བདག་མེད་པ་མེད་ན་གདོན་མི་ཟ་བར་བདག་ཡོད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕུང་པོ་གཞན་ཞེས་བྱ་བའོ། །དཔེར་ན་བདག་མེད་ལྡོག་པ་དངོས་པོ་ཡིན་པའི་ཕྱིར་གསོན་པོའི་ལུས་ལ་བདག་འགྲུབ་པ་དེ་བཞིན་དུ། མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པ་ཡང་དངོས་པོ་ཡིན་པའི་ཕྱིར་མཐུན་པའི་ཕྱོགས་ལ་ཡང་ལྡོག་པ་ལ་སོགས་པ་ཡོད་པར་འགྱུར་རོ། །འོན་ཏེ་མཐུན་པའི་ཕྱོགས་ལ་ལྡོག་པ་མེད་ཀྱང་ཡོད་པར་ཁས་མི་ལེན་ན། དེ་ལྟ་ན་བདག་མེད་པ་ལྡོག་ཀྱང་བདག་ཁས་བླང་བར་མི་བྱའོ། །དེས་ན་མཚུངས་པ་ཁོ་ནའོ་ཞེས་ལན་བརྗོད་པ་ནི། མི་མཐུན་པ་ཞེས་བྱ་བའོ། །ཅི་ལྟར་འདོད་པ་འགྲུབ་པ་མ་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བའོ། །འོན་ཏེ་མེད་པ་བཞིན་དུ་ཡོད་པ་ཡང་མེད་དོ་ཞེ་ན། མེད་པ་ལོག་ན་ཞེས་བྱ་བའོ། །གཉི་ག་འགོག་པའི་རྒྱུ་


DTG186_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དོགས་པར་བྱེད་པ་ནི་མཐུན་པའི་ཕྱོགས་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་མེད་པ་ལྡོག་པ་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མཐུན་པའི་ཕྱོགས་མེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི། སྲོག་ལ་སོགས་པ་ཞེས་བྱ་བའོ། །དེའི་ཕྱིར་གསོན་པོའི་ལུས་བཞིན་དུ་མཐུན་པའི་ཕྱོགས་ལ་ལྡོག་པ་མེད་ན་ཡོད་པ་ཉིད་དུ་འགྱུར་རོ། །འོན་ཏེ་མི་འདོད་ན་དེ་ལྟ་ནའོ་འོ་ན་མཐུན་པའི་ཕྱོགས་བཞིན་དུ་གསོན་པོའི་ལུས་ལ་ཡང་ལྡོག་པ་མེད་ན་ཡོད་པར་མི་འགྱུར་རོ་ཞེས་བརྗོད་པ་ནི། ཅི་ལྟར་ཞེས་བྱ་བའོ། །སླར་ཡང་མི་མཐུན་པར་དོགས་པ་ནི་འོན་ཏེ་ཞེས་བྱ་བ་ནས་ཞེ་ནའི་བར་རོ། །གསོན་པོའི་ལུས་འདི་ཡོད་པ་ཡིན་ཏེ་དེས་ན་དེ་ལ་ནི་བཟློག་པ་བདག་མེད་པར་འགྱུར་གྱི། མཐུན་པའི་ཕྱོགས་ལ་ནི་བཟློག་པར་འགྱུར་བ་མ་ཡིན་ཏེ་མཐུན་པའི་ཕྱོགས་ལ་ནི་མེད་པའི་ཕྱོགས་ཕྱིར་རོ་ཞེས་འབྲེལ་ཏོ། །འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །མཐུན་པའི་ཕྱོགས་ནི་མེད་པ་ཡིན་ཏེ། དེས་ན་དེ་ནི་མེད་པ་ལས་མི་ལྡོག་གོ །འདི་ཉིད་བརྗོད་པ་ནི་མེད་པ་ནི་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཡོད་པའོ། །དེ་ནི་ཞེས་བྱ་བ་ནི་མེད་པའོ། །གལ་ཏེ་མཐུན་པའི་ཕྱོགས་མེད་པ་ཡིན་ཡང་དེ་ལ་སྲོག་ལ་སོགས་པ་མེད་པར་ཅི་ལྟར་འགྱུར་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །དེ་ལ་མཐུན་པའི་ཕྱོགས་ལའོ། །ཅི་ལྟར་ཞེ་ན། མེད་པ་ལ་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མེད་པ་ཉིད་དོ། །དེ་ལ་ནི་མཐུན་པའི་ཕྱོགས་ལའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །དོགས་པ་ནི་དེ་ཞེས་བྱ་བ་སྟེ་གསོན་པོའི་ལུས་ནི་ཡོད་པའི་ཕྱིར་བདག་མེད་པ་ལྡོག་པ་ཉིད་དུ་འགྱུར་བ་ཉིད་དོ་ཞེ་ན། གཞན་ཡོད་པའི་ས་ཞེས་བྱ་བ་ནི་གསོན་པོའི་ལུས་ཡོད་པས་སོ། །འཁྲུལ་ཅན་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་འཁྲུལ་པ་ཅན་ནམ། དངོས་པོ་ལ་འཁྲུལ་པ་ཅན་ཏེ། དངོས་པོ་མེད་པའམ་ལྡོག་པ་མེད་པའོ། །མཐུན་པའི་ཕྱོགས་ལ་མཐོང་བར་དངོས་པོ་མེད་ངེས་པའམ། དངོས་པོ་ལ་ངེས་པ་ཉིད་དུ་བྱེད་པ་ཞེས་བྱ་བར་ཅི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། གང་གིས་ཕྱིར་རང་གི་ཉེས་པས་དངོས་པོའི་དངོས་པོ་མེད་པ་ལ་སོགས་པ་ལ་འཁྲུལ་པ་ཅན་ནི། གསོན་པོའི་ལུས་གཞན་གྱིས་ཅི་ལྟར་


DTG186_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་དངོས་པོ་མེད་པ་ལ་སོགས་པ་ལ་འཁྲུལ་པ་མེད་པར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །འཆད་པ་ནི་རང་ཉིད་ཅེས་བྱ་བ་སྟེ། ལྡོག་པ་མེད་པའམ་དངོས་པོ་མེད་པའོ། །གཞན་ཡོད་པས་ཞེས་བྱ་བ་ནི་གསོན་པོའི་ལུས་ཡོད་པས་སོ། །དེ་ལྟ་མ་ཡིན་པས་ཞེས་བྱ་བ་ནི་མེད་པས་སོ། །དེ་ལ་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་ལའོ། །མེད་པ་ལ་ཞེས་བྱ་བ་ནི། མཐུན་པའི་ཕྱོགས་ལའོ། །ཡོད་པ་འགའ་ཞིག་ཅེས་བྱ་བ་ནི་སྲོག་ལ་སོགས་པའོ། །དེའི་ཚེ་མེད་པ་ཡང་ཞེས་བྱ་བ་སྲོག་ལ་སོགས་པ་ཡང་ཡོད་པ་ལ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་བུམ་པ་ལའོ། །འདི་ནི་ཞེས་བྱ་བ་ནི་དེ་ནི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། ཅི་ལྟར་མེད་པ་གཞི་ཉིད་དུ་མི་འདོད་པ་དེ་བཞིན་དུ་སྟོན་པ་ཉིད་དུ་ཡང་མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་ཅི་ལྟར་མཐུན་པའི་ཕྱོགས་སྲོག་ལ་སོགས་པ་ཡོད་པར་མི་འདོད་པ་དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པར་འདོད་པར་མི་བྱ་སྟེ། དེས་ན་སྲོག་ལ་སོགས་པ་ལྡོག་པ་ཅན་དུ་ཅི་ལྟར་འགྱུར། འདི་ཡང་ཞེས་བྱ་བ་ནི་མེད་པ་ཡང་རྟོགས་པ་མ་ཡིན་པའི་ཕྱིར་རོ། །སྔར་ཞེས་བྱ་བ་ནི་ཡོད་པ་རྣམས་ལ་དགག་པ་མེད་ཅེས་བྱ་བ་དེར་རོ། །བདག་མེད་ན་ལྡོག་ཀྱང་གསོན་པོའི་ལུས་ལ་བདག་མི་འགྲུབ་པོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་ལས་བཟློག་པ་ཞེས་བྱ་བ་ནི་སྔོན་པོར་ངེས་པའི་རང་བཞིན་གྱིས་བདག་ལས་བཟློག་པ་བདག་མེད་པའོ། །དེ་མེད་ན་གསོན་པོའི་ལུས་ལ་བདག་མེད་པ་དེ་ཡོད་པར་འགྲུབ་པའོ། །བདག་མེད་ན་སྲོག་ལ་སོགས་པ་ལྡོག་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །འཇུག་པ་ནི་ཡང་ཞེས་བྱ་བ་ནི་དུ་བ་ལ་སོགས་པ་ནི་མེ་ཉིད་འཇུག་བར་བྱེད་པ་ནི་ཡིན་གྱི། གཞན་ནི་མ་ཡིན་ནོ། །བརྗོད་མ་ཐག་པའི་མེད་ན་མི་འབྱུང་བ་དེ་ཡང་རང་ཉིད་ངེས་པར་བྱེད་པ་ལ་ལྟོས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་དེ་གང་ཞེ་ན། འབྲས་བུ་མཐོང་དང་མ་མཐོང་བའོ། །གལ་ཏེ་དེའི་སྒྲུབ་པར་བྱེད་པ་རྒྱུ་དང་འབྲས་བུ་ཉིད་ཡིན་གྱི། མཐོང་བ་དང་མ་མཐོང་བ་ནི་མ་ཡིན་ཞེ་ན། དེ་དག་ཅེས་བྱ་བའོ། །མཐོང་བ་དང་མ་མཐོང་བ་ཉིད་རྒྱུ་དང་འབྲས་བུ་ཡིན་ཏེ། དེས་ན་མེད་ན་མི་འབྱུང་བ་ཉིད་རྒྱུ་དང་འབྲས་བུའི་


DTG186_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་ཅན་ཡིན་ན། མཐོང་བ་དང་མཐོང་བ་ཉིད་ཀྱི་སྒྲུབ་བྱེད་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མེད་ན་མི་འབྱུང་བ་ཉིད་ནི་འགྲུབ་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན། སྒྲུབ་པར་བྱེད་པ་མཐོང་བ་དང་མ་མཐོང་བའི་མཚན་ཉིད་ཅན་མེད་པར་ཅི་ལྟ་བུར་གྱུར་པ་ཞིག་ཅེས་ན་རྗེས་སུ་འགྲོ་ལྡོག་དག་གི་སྒྲུབ་བྱེད་དུ་གྱུར་པའོ། །འོ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ནི་རྒྱུ་དང་འབྲས་བུའི་དངོས་པོས་སྒྲུབ་པ་ཡིན་ནོ་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ནི་ཞེས་བྱ་བའོ། །མེ་མེད་ན་མི་འབྱུང་བ་ཉིད་ཀྱི་སྒྲུབ་བྱེད་མེད་པ་ལས་དོན་གཞན་ཏེ་ཐ་དད་པའི་གོང་བུ་ལ་སོགས་གང་ཡིན་པའི། གོང་བུ་ལ་སོགས་པ་དེ་ནི་ཡོད་ཀྱང་གཞན་མེ་ཡོད་པར་རོ། །དེ་མེད་ན་ནི་མེད་མེད་ན། མེད་པར་ཞེས་བྱ་བའི་གོང་བུ་མེད་པར་རོ། །ཅི་ལྟར་ན་དེ་མེད་ན་མེད་པར་མི་རྟོགས་ཤེ་ན། མེ་དེ་ནི་གོང་བུའི་བྱ་བ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་བྱེད་མ་ཡིན་ལ་ལོག་པས་ཀྱང་ཅི་སྟེ་མི་ལྡོག་ཅེ་ན། ཁྱབ་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་སྟེ་མེ་ལ་སོགས་པའོ། །གཞན་ནི་གོང་བུའོ། །འོན་ཏེ་བདག་ནི་ཁྱབ་པར་བྱེད་པ་ཁོ་ན་མ་ཡིན་ནམ། ཅི་ལྟར་ན་དེ་ལོག་པས་སྲོག་ལ་སོགས་པ་ལྡོག་པར་བྱེད་པ་མ་ཡིན་ཞེ་ན། བདག་ཀྱང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །བདག་ཏུ་ཡོད་པ་མེད་པ་ན་སྲོག་ལ་སོགས་པ་དེ་དག་མེད་པ་ནི་མི་སྲིད་པའི་ཕྱིར་རོ། །དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ཅི་ལྟར་ན་དེ་ཙམ་ཁོ་ནས་འདི་རྒྱུ་ཡིན་ཞེ་ན། རྒྱུ་དང་ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་བདག་དང་སྲོག་ལ་སོགས་པ་ལས་ཡང་ངོ༌། །འབྲས་བུའི་རང་བཞིན་ཞེས་བྱ་བ་ནི། རྗེས་སུ་འགྲོ་བ་ཙམ་གྱི་འབྲས་བུའི་རང་བཞིན་ཐ་དད་པ་རྣམས་རྒྱུའི་རྗེས་ལས་བྱུང་བར་ཁས་བླངས་པའི་ཕྱིར་རྒྱུ་ཐ་དད་པ་དེ་དག་འབྲས་བུ་འབྱུང་ཞེས་འདོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་དེ་མེད་པས་མེད་པ་ཡིན་ན། ལྡོག་པ་ཡང་ཡོད་པར་ཐལ་བའི་ཕྱིར་རོ། །དེ་དག་མེད་པར་གཞན་ལས་འབྱུང་ན། ཅི་ལྟར་དེས་བསྐྱེད་པར་བྱ་བའི་རང་བཞིན་དུ་འགྱུར་བ་ཡིན། འཆད་པ་ནི་གལ་ཏེ་ཞེས་བྱའོ། །དོགས་པ་ནི་གཞན་ལས་ཀྱང་དེས་བསྐྱེད་པའི་རང་བཞིན་འབྱུང་ངོ་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱའོ། །འོན་ཏེ་དེས་བསྐྱེད་པའི་རང་བཞིན་མ་ཡིན་པ་ཁོ་ན་གཞན་ལས་འབྱུང་ངོ་ཞེ་


DTG186_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ན། གཞན་ལས་སྐྱེས་པའི་འབྲས་བུ། དེའི་རང་བཞིན་ཉིད་མ་ཡིན་ན་ནི་དེས་བསྐྱེད་པ་གང་ཡིན་པའི་རང་བཞིན་དེ་ཉིད་མ་ཡིན་ཏེ། འོན་ཀྱང་གཞན་གྱི་བསྐྱེད་བ་ཁོ་ནའོ། །ཅིའི་ཕྱིར་གཞན་ལས་དེས་བསྐྱེད་པའི་རང་བཞིན་མི་འབྱུང་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལ་དོན་འདི་ཡིན་ཏེ། འབྲས་བུ་ཐ་དད་པ་མཐོང་བ་ནི་བསྙོན་རྟོལ་གྱི་ཡུལ་མ་ཡིན་ཏེ། དེས་ན་འདི་རྒྱུ་ཐ་དད་པ་ལས་སམ། གཞན་དུ་ཡིན་ཞེས་དཔྱད་པས་ཅི་བྱ་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པར་ཡང་དོན་འདི་ཡིན་ཏེ། འབྲས་བུ་ཐ་དད་པ་ནི་ཚོགས་པ་ཐ་དད་པ་ཁོ་ན་ལས་ཡིན་པར་བརྗོད་པར་བྱ་སྟེ། དེ་ལྟ་མ་ཡིན་ན་ངེས་པ་མེད་པའི་ཕྱིར་རོ། །ཅི་ལྟར་སྲོག་ལ་སོགས་པ་ལས་བདག་འགྲུབ་པར་འགྱུར། ཁྱོད་ཀྱི་ནི་བདག་མ་མཐོང་བ་ཡིན། ཡང་སྲོག་ལ་སོགས་པ་དེ་དང་འབྲེལ་པ་ལས་རྟོགས་པ་ཡིན་ན་སྲོག་ལ་སོགས་པའི་འབྲེལ་པ་དེ་ཡང་ཚོགས་པ་ཐ་དད་པ་ཁོ་ན་ལས་འབྲས་བུ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་ངེས་པ་མེད་པར་མི་འགྲུབ་པོ་ཞེས་བྱ་བའོ། །ཅི་ལྟར་བདག་ལ་ངེས་པ་མ་ཡིན་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །དོན་མི་འགྲུབ་བོ་ཞེས་བྱ་བ་ནི་བདག་གི་མཚན་ཉིད་ཀྱི་དོན་མི་ངེས་པའོ། །ད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྲོག་ལ་སོགས་པ་སྐུལ་བར་བྱེད་པའི་རང་བཞིན་གྱི། བདག་གི་སྒྲུབ་པར་བྱེད་པ་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །སྲོག་ལ་སོགས་པ་འགྱུར་བ་མ་ཡིན་ཏེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལའོ། །སོགས་པ་སྨོས་པས་ནི། འབྱུང་བ་དང་རྡུབ་པ་དང་བྱེད་པ་དང་མཐོང་བ་རྣམ་བསྡུའོ། །འབྱུང་བ་དང་རྔུབ་པ་དག་ཀྱང་རླུང་འབྱིན་བ་དང་འདྲེན་པའི་རང་བཞིན་ཡིན་ནོ། །དེས་ན་ལྡོག་པ་སྲིད་པས་སྲོག་ལ་སོགས་པས་བདག་རྟོགས་སོ། །རྗེས་སུ་འགྲོ་བ་སྟོན་པ་ནི། དེས་ན་སྦུད་པ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། གང་འགའ་ཞིག་ལ་འབྱིན་པ་དང་འདྲེན་པ་ཡོད་པ་དེ་ནི་སྐུལ་བར་བྱེད་པ་དང་འབྲེལ་པ་ཡིན་ཏེ། དཔེར་ན་སྦུད་པའི་རླུང་དང་ཕོ་ལོང་བཞིན་ནོ། །དབུགས་དབྱུང་རྔུབ་དག་ཀྱང་རླུང་འབྱིན་པ་དང་འདྲེན་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའོ། །གང་ཞིག་བྱེད་པར་མཐོང་བ་དེ་ནི་ལྟ་བ་པོ་དང་འབྲེལ་བ་ཡིན་


DTG186_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དཔེར་ན་སྐར་ཁུང་ན་ཡོད་པའི་ལྟ་བ་པོའི་སྐར་ཁུང་ནས་མཐོང་བ་བཞིན་ནོ། །གཟུགས་ལ་སོགས་པ་མཐོང་བ་ཡང་བྱེད་པས་མཐོང་བ་ཡིན་ནོ་ཞེས་བྱ་བའོ། །ལན་ནི་དེ་སྐུལ་བར་བྱེད་པའི་རང་བཞིན་གྱི་བདག་གི་སྒྲུབ་པར་བྱེད་པ་དེ་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་བའོ། །བྱ་བ་མེད་པ་དང་ཁྱབ་པ་འདི་ནི་སྐུལ་བར་བྱེད་པ་ཉིད་དུ་མི་འཐད་དེ་སྲོག་ལ་སོགས་པ་ལ་སྐུལ་བར་བྱེད་པ་ཉིད་ཀྱིས་ཁྱབ་ན། འདོད་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་མེད་ན་གཟུགས་ལ་སོགས་པ་མི་མཐོང་བའི་ཕྱིར་ཞེས་བྱ་བ་ཙམ་གྱིས་ཀྱང་བདག་ནི་འགྲུབ་པ་མ་ཡིན་ཏེ། འོན་ཀྱང་བྱེད་པ་མེད་པར་གཟུགས་ལ་སོགས་པ་མཐོང་བ་མེད་ན། དེ་ཉིད་ཀྱི་སྒྲུབ་བར་བྱེད་པར་འགྱུར་གྱི། ལྟ་བར་བྱེད་པ་པོའི་བདག་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་བྱེད་པ་དང་བཅས་པ་དང་མ་ཁྱབ་པའོ། །ལན་ནི་དེ་ལ་ཡང་ཞེས་བྱ་བ་སྟེ། སྐུལ་བར་བྱེད་པ་ལའོ། །གང་ཞིག་སྐུལ་བར་བྱེད་བདེ་ནི་སྐུལ་བྱེད་གཞན་ལ་ལྟོས་པ་ཡིན་ཏེ། དཔེར་ན་སྦུད་པ་སྦུད་མཁན་བཞིན་ནོ། །བདག་ཀྱང་སྐུལ་བར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་སྐུལ་བར་བྱེད་པ་གཞན་ལ་ལྟོས་བས་ན་ཐུག་པ་མེད་དོ། །གཞན་གྱི་ལྟ་བས་དེ་སྐད་བརྗོད་བའི་ཕྱིར་གཞི་ལ་གྲུབ་པ་ལ་སོགས་པའི་ཉེས་པ་ནི་མེད་དོ། །སྒྲུབ་པར་བྱེད་པ་གཉིས་པོ་སུན་འབྱིན་པ་ནི། སྐར་ཁུང་གི་ནང་ན་ཞེས་བྱ་བའོ། །དེ་ལྟར་གྱུར་པ་ཞེས་བྱ་བ་ནི། མིག་ལ་སོགས་པ་དང་ལྡན་པའོ། །དེ་ལ་ཡང་ནི་བདག་ལའོ། །བདག་ལ་ཡང་བྱེད་པ་ཡོད་མོད། །འོན་ཀྱང་དེ་སྐད་བརྗོད་དེ། དཔེར་ན་སྐར་ཁུང་གི་ནང་ནས་ལྟ་པའི་དཔེས་བདག་དང་པོ་འགྲུབ་པ་དེ་བཞིན་དུ། དཔེ་ཉིད་ཀྱིས་བདག་ཉིད་ལ་ཡང་བདག་གཉིས་པ་བརྟག་དགོས་སོ། །དེ་བཞིན་དུ་གསུམ་བ་ལ་སོགས་ཐུག་པ་མེད་བར་འགྱུར་རོ། །འོན་ཏེ་བདག་གཅིག་ཁོ་ནས་དགོས་པ་གྲུབ་པའི་ཕྱིར་ན། གཉིས་པ་ལ་སོགས་པར་རྟོགས་པ་དོན་མེད་ན། དེ་ལྟ་ན་འོན་བདག་དང་པོ་རྟོགས་པ་ཡང་དོན་མེད་དེ། དགོས་བ་ནི་ཕུང་པོ་རྒྱུ་ཡིན་པ་ཁོ་ནས་གྲུབ་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོའོ། །གཞན་ལ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ལའོ། །གཞན་དུ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཙམ་གྱིས་ཡིན་པར་རོ། །དེར་ཡང་ཞེས་བྱ་བ་ནི་མེ་


DTG186_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུ་བ་ལ་སོགས་པ་ལའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི། ལྡོག་པ་མེད་ནའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གཞན་ལས་མི་འབྱུང་ནའོ། །དོགས་པ་ནི་གཉི་གས་ཞེས་བྱ་བའོ། །གཉི་གས་བསྐྱེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་ཞེས་བྱ་བའོ། འདི་ཉིད་བརྗོད་པ་ནི་དེ་ལས་ཞེས་བྱ་བའོ། །དེ་ལྟར་གྱུར་དང་ཞེས་བྱ་བ་ནི་གཞན་ལས་འབྱུང་བ་ཡིན་ནའོ། །དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་རོ། །མཐོང་བཞིན་དུ་ཞེས་བྱ་བ་ལ་སོགས་པའི་རྩོད་བ་དོན་འདི་ཡིན་ཏེ། ཐ་དད་པ་དང་ཐ་མི་དད་པ་མེད་པར་ཡང་འབྲས་བུ་ཐ་དད་པ་དང་མི་དད་པར་འགྱུར་ཏེ། དེ་དག་མཐོང་བའི་ཕྱིར་རོ། །མཐོང་བ་ནི་མི་འཐད་པ་ཞེས་བྱ་བ་མ་ཡིན་ནོ་ཞེས་བྱ་བའོ། །རྒྱུ་དང་ཞེས་བྱ་བ་ལ་སོགས་པར་ཡང་དོན་འདི་ཡིན་ཏེ། ཐ་དད་པ་དང་ཐ་མི་དད་པ་དག་ཏུ་མཐོང་བ་ངེས་པ་ཡིན་ན་དེ་དག་རྣམ་པར་འཇོག་པར་བྱེད་པར་འགྱུར་ལ། ངེས་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་མི་འགྱུར་ཏེ། དེས་ན་མཐོང་བ་རྣམ་པར་འཇོག་པར་བྱེད་པ་ཉིད་དུ་ཅི་ལྟར་འགྱུར་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་རྟོགས་པ་དེས་ན་ཞེས་བྱ་བའོ། །སྔོན་པོའི་འབྲས་བུ་ཡིན་པས་སྔོན་པོའི་རྟོགས་པ་ངེས་པ་ཡིན་ན། རྟགས་སུ་གྱུར་པ་སྔོན་པོའི་ཤེས་པས་སྔོན་པོ་རྟོགས་པར་འགྱུར་གྱི། དེ་ལྟ་མིན་ན་སྟེ་སྔོན་པོའི་འབྲས་བུ་ཉིད་མ་ཡིན་ན། འཁྲུལ་པ་དང་མ་འཁྲུལ་བའི་རྣམ་པར་དབྱེ་བ་མེད་པ་ཁོ་ནར་འགྱུར་རོ། །རྟོགས་འགྱུར་གྱི་ཞེས་བྱ་བའི་མཐར་ཐུག་པ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །རབ་རིབ་དང་བྲལ་ཞིང་སྔོན་པོ་ལ་སོགས་པའི་ལྷན་ཅིག་བྱེད་པ་ཅན་འདི་འདྲ་བའི་མིག་ནི་མ་འཁྲུལ་པའི་རྟོགས་པ་སྐྱེ་བའི་རྒྱུ་ཡིན་ལ། རབ་རིབ་དང་བཅས་པ་ནི་འཁྲུལ་པའི་རྟོགས་པ་སྐྱེད་པའི་རྒྱུ་ཡིན་ནོ་ཞེས་ངེས་པའོ། །ལྷག་མ་རྣམ་པར་འགྲེལ་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །རྟོགས་བཞིན་པ་ཐ་དད་པ་མེད་དོ། །རྟོག་པ་ཐ་དད་པ་ཉིད་ཀྱིས་ཐ་སྙད་འཇུག་པར་འགྱུར་རོ་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་རྣམ་པ་ཅན་སྣང་བ་དེ་ཉིད་རང་རིག་པའི་ཤེས་པས་རྣམ་པར་གཞག་བར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །སྣང་བ་ཙམ་ལས་ཞེས་བྱ་བ་རྒྱུ་དང་འབྲས་བུར་མ་གྱུར་པ་ལས་སོ། །ཅི་སྟེ་དེ་ཙམ་གྱི་


DTG186_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་མི་འགྲུབ་ཅེ་ན། མདུན་ན་གནས་པའི་རྣམ་པ་ཅན་དེ་ཙམ་འབའ་ཞིག་སྣང་ན་སྟེ་གསལ་བ་ནི་དེ་ལས་གཞན་པའི་ཅི་བྱར་ཡོད་དེ་ཅིའང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྣང་བ་ཙམ་གྱིས་ནི་ཐ་སྙད་མི་འགྲུབ་བོ། །གང་མི་འགྲུབ་པའི་ཐ་སྙད་དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། གཞན་ནི་ཞེས་བྱ་བ་ནི་བྱ་བ་བྱེད་པ་མ་ཡིན་པ་གང་ཡིན་པའོ། །གཞན་ཞེས་བྱ་བ་ནི་བླང་བར་བྱ་བ་མ་ཡིན་པའོ། །སྣང་བ་ཙམ་ཡིན་ཡང་བླང་བ་དང་དོར་བའི་ཐ་སྙད་ཅི་སྟེ་མ་ཡིན་ཞེ་ན། སྣང་བ་ཙམ་ནི་ཞེས་བྱ་བའོ། །དེའི་སྐད་ཅིག་ཉིད་ལ་ཡིན་གྱིས་སྔར་མ་ཡིན་ཕྱིས་ཀྱང་མ་ཡིན་ཏེ་དེས་ན་བླང་བ་དང་དོར་བར་བྱ་བ་མ་ཡིན་ནོ། །དོན་དང་དོན་མ་ཡིན་པ་རྣམ་པར་དབྱེ་བ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཞེས་བྱ་བ་ནི་སྣང་བ་ཙམ་ཡིན་པ་ནའོ། །གང་གི་ཕྱིར་དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་མེད་པས་ཐ་དད་པ་དང་ཐ་མི་དད་པ་མ་ཡིན་པ་དེའི་ཕྱིར་རོ། །གང་གི་ཡང་ཞེས་བྱ་བ་ནི་སྲོག་ལ་སོགས་པའིའོ། །དེ་ནི་བདག་གོ །གང་ལས་ཀྱང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ལས་སོ། །བཤད་ཟིན་པའི་དོན་གྱི་སྒྲུབ་བྱེད་དུ་སྔར་སྦྱོར་བ་ནི་རྣམ་འགྲེལ་ཉིད་ད་ལྟ་བཤད་ཟིན་པའི་དོན་ཉེ་བར་སྡུད་པ་ཉིད་དུ་ཉེ་བར་ནི། དེས་ན་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་མེ་དང་མི་མཐུན་པའོ། །དེས་ན་ཞེས་བྱ་བ་ནི་གཉི་གའི་རང་བཞིན་ཡིན་པས་ནའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་ཅོ་ཇོ་ལས་ཀྱང་ངོ༌། །མེ་དང་མི་མཐུན་པའི་ཚོགས་པ་འདིའོ། །ཐ་དད་ཐ་དད་བྱེད་མིན་ན། །ཞེས་བྱ་བ་ནི། རང་བཞིན་གཅིག་ནི་འབྲས་བུའི་ཐ་དད་པར་བྱེད་པ་ཡིན་ཏེ། དེ་ན་རྒྱུ་ཐ་དད་པ་ལས་ཀྱང་དུ་བ་ལ་སོགས་པའི་འབྲས་བུ་འབྱུང་ལ། གང་གིས་སྔར་དང་མི་མཐུན་པའི་ཚོགས་པས་བསྐྱེད་པའི་དེ་སྐྱེད་བྱེད་དུ་འགྱུར་བ་ཐ་མི་དད་པའི་རང་བཞིན་གཞན་ཡང་ཡོད་པ་མ་ཡིན་ནོ་ཞེས་ད་ལྟར་ཐ་དད་པར་བྱེད་པ་དང་ཐ་དད་པར་བྱེད་པ་མ་ཡིན་པར་ཁས་ལེན་ན་རང་བཞིན་ཐ་མི་དད་པ་ཉིད་ཉམས་པར་འགྱུར་གྱི་དངོས་པོ་ལ་རང་བཞིན་ཐ་དད་པ་ཡོད་ན། དེ་ལྟ་ན་ཡང་གཅིག་ཉིད་རང་བཞིན་དུ་མར་ཁས་བླངས་པ་ན། མེ་དང་མེ་མ་ཡིན་པའི་རང་བཞིན་གཉིས་སུ་འགྱུར་རོ། །གང་ཞིག་ཐ་དད་པར་བྱེད་པ་མ་ཡིན་པའི་རང་བཞིན་དེ་ཉིད་མེ་ཡིན་གྱི། ཐ་དད་པར་བྱེད་པ་གང་ཡིན་པ་དེ་ནི་མེ་མ་ཡིན་ནོ། །


DTG186_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཞེ་ན། དངོས་པོ་ཞེས་བྱ་བའོ། །ཐ་དད་བ་དེས་ནའོ། །བརྒྱ་བྱིན་གྱི་ཅེ་དེ་ལས་བྱུང་བའི་ཕྱིར་ཅི་ལྟར་མི་འཁྲུལ་ཞེ་ན། དེ་ཞེས་བྱ་བའོ། །དངོས་པོ་དེ་མེའི་རང་བཞིན་ཡིན་ན་བརྒྱ་བྱིན་གྱི་སྤྱིའོ་གཞན་སྲིད་པ་མ་ཡིན་ཏེ། མེ་ཉིད་དུ་འདུས་པའི་ཕྱིར། དེའི་རང་བཞིན་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གང་གིས་ཞེས་བྱ་བ་ནི་མེ་མ་ཡིན་པའི་རང་བཞིན་གྱིས་སོ། །ཐ་དད་པ་ཞེས་བྱ་བ་ནི་མེ་ལས་བརྒྱ་བྱིན་གྱིས་མགོ་བོར་རོ། །དེ་ན་དུ་བའི་སྐྱེད་པར་བྱེད་པ་མ་ཡིན་པ་ཁོ་ན་སྟེ། དེས་ན་དུ་བ་མེ་ལས་འཁྲུལ་པར་དོགས་པ་གང་ལ་ཡོད། མེ་ལ་སོགས་པའི་ཚོགས་པ་དུ་བ་སྐྱེད་པར་བྱེད་བ་གང་ཡིན་པ་དེའི་དུ་བསྐྱེད་པའི་རང་བཞིན་དེ་ཉིད་གལ་ཏེ་འཁྲུལ་པའི་ཡུལ་དུ་འདོད་པ་གཞན་གྱིས་ཡང་རང་བཞིན་ཡིན་ན། དེའི་ཚེ་འཁྲུལ་པའི་ཡུལ་གྱི་ཚོགས་པ་དེ་ཡང་མི་ལ་སོགས་པའི་ཚོགས་པ་དེ་ཉིད་དོ། །དེས་འཁྲུལ་པ་ག་ལས་ཡོད་དེ། འོན་ཏེ་དེ་དུ་བ་སྐྱེད་པའི་རང་བཞིན་མ་ཡིན་ན། དེའི་ཚེ་འབྲས་བུ་དུ་བ་ལ་སོགས་པ་དེ་ནི་དུ་བསྐྱེད་བའི་རང་བཞིན་མ་ཡིན་པ་དེ་ལས་བྱུང་བར་ཅི་ལྟར་འགྱུར། དེ་ཕྱིར་ཞེས་བྱ་བ་ནི་དེ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་མི་འབྱུང་བའི་ཕྱིར། རྒྱུ་དང་འབྲས་བུ་དག་ཕན་ཚུན་རང་བཞིན་ངེས་པ་ཡིན་ཏེ། གང་ཞིག་དུ་བསྐྱེད་པར་བྱེད་པ་དེ་ཉིད་ནི་མི་ལ་སོགས་པའི་ཚོགས་པའི་ཁྱད་པར་ཡིན་ལ། མེ་ལ་སོགས་པའི་ཚོགས་པས་བསྐྱེད་པ་གང་ཡིན་པ་དེ་ཉིད་ཀྱང་དུ་བ་ཡིན་ཏེ། དེ་ལྟར་དེ་དག་གི་རང་བཞིན་ངེས་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་རང་བཞིན་ངེས་པས་ན་རང་ཉིད་མཐོང་བ་བཞིན་ཏེ། དཔེར་ན་འབྲས་བུ་དུ་བ་རང་གི་མཐོང་བ་འབྲས་བུར་གྱུར་པ་ཡོད་ན་རྟོགས་པ་དེ་བཞིན་དུ་འབྲས་བུ་གྱུར་པའི་རྟགས་མཐོང་བ་ན་ཡང་དེའི་རྒྱུ་གོ་བར་བྱེད་དོ། །དེས་ན་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡིན་ནོ། །ཡང་དུ་བ་ལ་ཡང་འཁྲུལ་པར་དོགས་པ་བསུ་བ་ནི། འོ་ན་ཞེས་བྱ་བའོ། །འབྲས་བུ་གཅིག་ནི་གཅིག་ལས་འབྱུང་བར་མཐོང་ཡང༌། དེ་དང་རིགས་མི་མཐུན་པ་ལས་ཀྱང་སྐྱེ་བར་མཐོང་སྟེ། དཔེར་ན་འབྲས་བུ་ལ་སོགས་པ་གཟུགས་དང་རོ་ལ་སོགས་པ་རྣམ་པར་འགྱུར་བ་དེ་ལྟ་མ་ཡིན་པར་འགྱུར་བའི་མཚན་ཉིད་ཀྱི་རུལ་པ་ནི། འོ་མ་ལས་འབྱུང་བ་ཡིན་ལ། ཡང་འོ་མ་དང་


DTG186_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མི་མཐུན་བ་ཆུ་ལས་ཀྱང་འབྱུང་བར་འགྱུར་བ་དེ་བཞིན་དུ་དུ་བ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཆུ་དང་འོ་མ་དག་ཐ་དད་ན། དེའི་འབྲས་བུ་རུལ་པ་ཡང་ཐ་དད་པ་ཁོ་ནའོ། །དེས་ན་འཁྲུལ་བ་ག་ལ་ཡོད། །འོན་ཏེ་དེའི་འབྲས་བུ་རུལ་པ་ཐ་མི་དད་ན། དེ་ལྟན་འོ་ན། དེའི་རྒྱུ་ཆུ་དང་འོ་མ་དག་ཀྱང་ཐ་མི་དད་པ་ཁོ་ནའོ། །དེས་ན་འཁྲུལ་པར་ཅི་ལྟར་འགྱུར་ཞེས་བསམས་ནས་གསུངས་བ་ནི། དེ་ལྟར་ནི་ཞེས་བྱ་བའོ། །གང་གི་ཕྱིར་གཤེར་བའི་ནུས་པ་གང་ལས་རུལ་བར་འགྱུར་བ། རུལ་བར་བྱེད་པའི་རྣམ་པ་དེར་ནི། ཆུ་དང་འོ་མ་གཉི་གའང་གཅིག་པ་ཉིད་ཡིན་པ་དེས་ན་ཅི་ལྟར་འཁྲུལ། ཡང་ཅི་འདི་ནི་ཞེས་བྱ་བ་ནས་ཅི་ལྟར་ཡིན་གྱི་བར་གྱིས་འཁྲུལ་པར་བརྗོད་པའོ། །གང་གིས་ཕ་རོལ་པོའི་བཞིན་དུ་འདི་པའི་ལྟར་ན་ཡང༌། རུལ་པའི་འབྲས་བུ་འཁྲུལ་བ་སྤོང་བར་འགྱུར་བ། ཅི་ཆུ་འདི་ནི་འོ་མ་ལས་སྣང་བ་ཐ་དད་པའི་ཕྱིར་དང༌། ནུས་པ་གཅིག་གི་བདག་ཉིད་ཀྱང་ཡིན་པས་ན་ཐ་དད་པ་དང་གཅིག་པའི་རང་བཞིན་ཅན་དུ་སངས་རྒྱས་པས་ཁས་བླངས་པ་ཡིན་ནམ། ཁས་མ་བླངས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ཅེས་བྱ་བ་ནི། འོན་ཏེ་ཐ་དད་པ་དང་གཅིག་པར་ནི་མི་འདོད་ཀྱི། འོན་ཀྱང་ཐ་དད་པ་ཁོ་ནའི་བདག་ཉིད་ཡིན་ན། དེ་ལྟ་ན་འོ་ན་གཤེར་བ་ཉིད་དུ་གཅིག་པར་བརྗོད། ཆུ་དང་འོ་མ་ཐ་དད་ན་གང་ལས་རུལ་བར་འགྱུར་བའི་རློན་པ་ཉིད་དུ་རང་བཞིན་གཅིག་པར་ཅི་ལྟར་འགྱུར། རང་བཞིན་གཅིག་མེད་ན་ཡང་འབྲས་བུ་རུལ་བ་ཁོ་ནའོ་ཞེ་ན། བརྟག་པའི་གཅིག་པ་ཉིད་ཀྱིས་འཁྲུལ་པ་སྤང་བ་བརྗོད་པ་ནི། རློན་བ་ཉིད་དུ་གཅིག་ཏུ་འཛིན་པའི་རྣམ་པ་ཅན། དེའི་རང་བཞིན་ཅན་གྱིས་ནི་ཐ་དད་པ་མེད་བའི་ཕྱིར་ནུས་པ་གཅིག་ཅེས་བརྗོད་པ་ཡིན་ནོ། །དངོས་པོ་རྣམ་ལ་རྣམ་པར་ཤེས་པ་གཅིག་དང་དུ་མ་སྐྱེ་བ་ལས་གཞན་པའི་གཅིག་དང་ཐ་དད་པ་མེད་པའི་ཕྱིར་རོ། །དེས་ན་བདག་གཅིག་གི་ལྟར་ན་ཡང་དུལ་བའི་འབྲས་བུ་འཁྲུལ་པར་ཅི་ལྟར་འགྱུར། དེ་ཁོ་ན་ཉིད་དུ་གཅིག་པར་ཅི་སྟེ་མི་བརྗོད་སྙམ་ན། ཆུ་དང་ཞེས་བྱ་བའོ། །འོ་ན་ཅི་ལྟར་གཅིག་ཉིད་ཡིན་ཞེ་ན། དེ་ལས་ཞེས་བྱ་བའོ། །ལྡོག་པ་ཐ་དད་པ་མེད་པའི་ཕྱིར་ཆུ་དང་འོ་མ་དག་གཅིག་པ་ཉིད་དེ། ལྡོག་པ་ཐ་མི་དད་པ་ཉིད་ཅི་ལྟར་ཞེ་ན།


DTG186_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་འོ་མ་དེ་ལས་གཞན་པ་ས་བ་ལ་སོགས་པའི་རང་བཞིན་དེ་ལས་ཐ་དད་པ་དེའི་ཕྱིར་རོ། །སྲ་བའི་རང་བཞིན་ལས་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །རྒྱུ་ལ་རྟེན་བའི་གཅིག་པ་ཉིད་བརྗོད་ནས། འབྲས་བུ་ལ་བརྟེན་པ་ཉིད་བརྗོད་པ་ནི། འབྲས་བུ་ཡང་ལྡོག་པ་གཅིག་པས་གཅིག་པ་ཉིད་དོ་ཞེས་འབྲེལ་ཏོ། །དོན་དམ་པ་ཉིད་དུ་ཅི་སྟེ་ཐ་མི་དད་པ་མ་ཡིན་ཞེ་ན། དོན་དམ་པར་ཞེས་བྱ་བའོ། །དེ་སྐད་ཅེས་བྱ་བ་ནི་ཐ་མི་དད་བར་རོ། །ཅི་ལྟར་ཆུ་དང་འོ་མ་དག་རང་བཞིན་གང་གིས་བརླན་པའི་རྟོགས་པའི་རྟེན་ཡིན་བའི་རང་བཞིན་དེ་ཉིད་ཀྱིས་རུལ་པའི་འབྲས་བུ་བྱེད་པ་དེའི་རྟེན་ཡིན་ལ། རང་བཞིན་དེ་ཉིད་ཀྱིས་ན། དེ་དག་འབྲས་བུ་རུལ་བ་ལས་རྟོགས་པ་ཡིན་པ་དེ་བཞིན་དུ། མེ་ཐ་དད་ཀྱང་ཆ་གང་གིས་དེ་མེའི་རྟོགས་པའི་རྒྱུ་ཉིད་ཀྱིས་རང་བཞིན་གྱིས་དེ་ལས་གཞན་ལས་ལྡོག་བས་མར་རྟོགས་པའི་རྟེན་ཡིན་ལ། རང་བཞིན་དེ་ཉིད་ཀྱི་བྱ་བ་བྱེད་པས་དེའི་རྟེན་ཡིན་ལ། རྟགས་དུ་བ་ལས་རྟོགས་བ་ཡང་རང་བཞིན་དེ་ཉིད་ཀྱིས་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །ཅི་ལྟར་ན་རང་བཞིན་དེ་ཉིད་ཀྱིས་དུ་བ་ལས་རྟོགས་པ་ཡིན་ཞེ་ན། མེར་ཤེས་ཡན་ལག་ཅེས་བྱ་བའོ། །མེར་ལྷག་པར་ཞེན་བའི་ཤེས་བསྒྲུབ་པར་བྱེད་པ་ཁོ་ན་བུད་ཤིང་གི་ཁྱད་པར་གྱི་ལྷན་ཅིག་བྱེད་པ་གཞན་ལ་ལྟོས་བ་ལས་དུ་བ་འབྱུང་བའི་ཕྱིར་ན། དུ་བ་མེ་དེ་ལས་འཁྲུལ་བ་མེད་པ་ཅན་ཡིན་ནོ། །དེས་ན་རང་བཞིན་དེ་ཉིད་ཀྱིས་དུ་བ་ལས་མེ་རྟོགས་པ་ཡིན་ནོ། །ཅི་ལྟར་དུ་བ་རང་གི་རྒྱུ་ལ་མི་འཁྲུལ་བ་དེ་བཞིན་དུ་འབྲས་བུ་གཞན་ཡང་དེ་བཞིན་ཏེ། མི་འཁྲུལ་བར་གྲུབ་པ་ཡིན་ནོ། །འཆད་པ་ནི་དེ་བཞིན་ཞེས་བྱ་བའོ། །ཐ་དད་ཀྱང་ཆུར་རྟོགས་པ་ཐ་མི་དད་པའི་རྟེན་ཉིད་ཅི་ལྟར་ཞེ་ན། དེ་ལས་གཞན་རློན་པ་མ་ཡིན་པ་དག་ལས་ལྡོག་པས་ནའོ། །དེ་ལས་གཞན་དག་ཅེས་བྱ་བ་མེ་མ་ཡིན་པར་རྟོགས་པའི་རྒྱུ་དག་ལས་ལྡོག་པ་ཉིད་ཀྱིས་སོ། །དེ་ཉིད་ཀྱིས་ཞེས་བྱ་བ་མེར་རྟོགས་པའི་རྒྱུ་ཉིད་ཀྱིས་དུ་བ་ལས་མེ་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞན་དུ་ཞེས་བྱ་བའོ། །རྣམ་འགྲེལ་གཉིས་བ་རྣམ་པར་འགྲེལ་བ་ནི། མེར་ཞེས་བྱ་བའོ། །ཅི་ལྟར་དུ་བ་མི་འཁྲུལ་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་ལས་ཀྱང་འབྱུང་བའི་ཕྱིར་རོ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དུ་བ་


DTG186_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུད་ཤིང་གི་འགྱུར་བ་དག་གིས་ཡིན་ཏེ། རྒྱུ་གང་ཡིན་པ་ད་ལས་བརྟེན་ནས་མེར་འཇོག་པའི་ཕྱིར་རོ། །གལ་ཏེ་འཁྲུལ་པའི་ཡུལ་དུ་འདོད་པའི་བརྒྱ་བྱིན་གྱི་སྤྱི་བོར་མེ་མིན་ནོ་ཞེ་ན། དེའི་ཚེ་དུ་བ་ཉིད་དུ་འདོད་པ་དེ་དུ་བ་མ་ཡིན་ཏེ་དེས་ན་འཁྲུལ་པ་མེད་དོ། །གལ་ཏེ་གཞན་ལས་སྐྱེས་པ་དེ་ཡང་དུ་བ་ཡིན་ནོ་ཞེ་ན་ནི། དེའི་ཚེ་དུ་བའི་རྒྱུར་མངོན་པར་འདོད་པ་དེ་མེ་ཉིད་ཡིན་གྱི་གང་གི་དུ་བ་འཁྲུལ་བར་འགྱུར་བ་མེ་དང་རིགས་མི་འདྲ་བ་ནི་མ་ཡིན་ནོ། །འདི་ཉིད་ག་ལས་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །ངེས་པའི་རྣམ་པ་སྨྲས་བ་ནི། གཞན་དུ་ནི་ཞེས་བྱ་བའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ།། །ན་དུ་ཞེས་བྱ་བ་ནི་སྔོན་པོ་མ་ཡིན་པར་རོ། །དོགས་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ་གཞན་དུ་འགྱུར་བ་ཡིན་ནའོ། །ལན་ནི་དུ་བ་ཞེས་བྱ་བའོ། །ཡུལ་དང་དུས་གཞན་དུ་མ་ཡིན་པ་ལས་སྐྱེན་དུ་བ་ཉིད་དུ་མི་འགྱུར་རོ། །འདི་ག་ལས་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་ནི་གཞན་སྔོན་པོ་ལས་མཚུངས་སོ། །ཅི་ལྟར་ཡུལ་གཞན་ལ་སོགས་པར་མེ་ལས་གཞན་ལས་ཀྱང་དུ་བ་འབྱུང་བར་འགྱུར་རོ་ཞེས་བྱ་བར་རྒོལ་ཞིང་རྟོགས་པ་དེ་བཞིན་དུ་སྔོན་པོ་ཡང་ཡུལ་གཞན་ལ་སོགས་པར་རྣམ་པ་གཞན་དུ་ཡང་འགྱུར་རོ་ཞེས་བརྒལ་ཞིང་བརྟག་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། སྔོན་པོ་ནི་སྔོན་པོ་ཉིད་ཀྱི་རང་བཞིན་ཡིན་པས་ཅི་ལྟར་དེ་མེད་པར་འགྱུར། རང་གི་རང་བཞིན་གྱིས་མཚོན་པར་བྱ་བའི་དངོས་པོ་ནི་དེ་མེད་པར་འགྱུར་བ་མ་ཡིན་ནོ། །གང་གིས་དེ་མེད་པས་མེད་པར་འགྱུར་བ་བསྐྱེད་པར་བྱ་བ་ཉིད་ནི་དངོས་པོའི་མཚན་ཉིད་མ་ཡིན་ཏེ། དེས་ན་མངོན་པར་འདོད་པའི་རྒྱུས་བསྐྱེད་པར་བྱ་བ་ཉིད་སྤངས་ནས། གཞན་གྱི་རྒྱུས་བསྐྱེད་པར་བྱ་བ་ཉིད་དུ་ཁས་བླངས་ཀྱང་ཉེས་པ་མེད་དོ་ཞེས་བྱ་བའོ། །དེར་ཡང་ནི་དུ་བ་ལ་ཡང་ངོ༌། །རང་བཞིན་ཞེས་བྱ་བ་ལ་སོགས་པར་ནི་དོན་འདི་ཡིན་ནོ། །དངོས་པོ་ཉིད་ཀྱི་མཚན་ཉིད་ནི་རྒྱུས་བསྐྱེད་པ་ཁོ་ན་ཡིན་ཏེ། དེ་ལས་བཟློག་པ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་དངོས་པོ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བར་མི་འགྱུར་རོ་ཞེས་བྱ་བའོ། །རྣམ་བར་དབྱེ་བ་ཞེས་བྱ་བ་ནི་འཁྲུལ་པ་དང་ཅིག་ཤོས་པ་སྐྱེད་པར་


DTG186_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྒྱུས་བྱས་པ་གང་ཡིན་པ་དེ་ཉིད་ཀྱི་རྣམ་པར་དབྱེ་བ་བྱས་པ་ཡིན་ནོ། །དེ་ལྟར་འབྲས་བུའི་གཏན་ཚིགས་མེད་ན་མི་འབྱུང་བ་ཉིད་ཡིན་མོད། རང་བཞིན་གྱི་གཏན་ཚིགས་གོ་ཅི་ལྟར་ཞེས་དོགས་པ་ནི། རང་བཞིན་ཞེས་བྱ་བའོ། །འདིའི་མེད་ན་མི་འབྱུང་བ་ཡང་རང་ཉིད་ཅི་ལྟ་བའི་ཚད་མ་ལ་ལྟོས་ཏེ་དེ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་ལན་འདེབས་པ་ནི། ཅི་ལྟར་ཞེས་བྱ་བའོ། །དེ་ལྟར་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས་ཀྱི་མེད་ན་མི་འབྱུང་བ་ཉིད་བརྗོད་ནས་སྐབས་ཉིད་དང་སྦྱོར་བ་ནི། གང་གི་ཕྱིར་དེ་ལྟར་རྗེས་སུ་འགྲོ་བ་ཙམ་མ་མ་ལྡོག་པ་ཙམ་གྱི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པ་དེའི་ཕྱིར་རོ། །བདག་དང་སྲོག་ལ་སོགས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པའི་ཕྱིར་སྲོག་ལ་སོགས་པ་ནི། བདག་གོ་པར་བྱེད་པ་མ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའིའོ། །ལྡོག་ཅན་ཞེས་བྱ་བ་ནི་སྲོག་ལ་སོགས་པའོ། །མཇུག་སྡུད་པ་ནི་དེ་ལྟར་ན་རེ་ཞིག་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ལྡོག་པ་ཅན་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཅི་ལྟར་གཏན་ཚིགས་མ་ཡིན་ཞེ་ན། དེ་ཡང་ཞེས་བྱ་བ་སྟེ། མཉན་བྱ་ཉིད་ཀྱང་ངོ༌། །དེ་ལྟར་ན་ཡང་མ་ངེས་པ་ཅི་སྟེ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །འོ་ན་ཅི་ལྟར་ལྡོག་པ་ཅན་དུ་གསུངས་ཤེ་ན། མ་མཐོང་བ་ཙམ་གྱི་ཞེས་བྱ་བའོ། གལ་ཏེ་ཕུང་པོ་གཞན་མེད་ན་ཅི་ལྟར་འདི་བསྒྲུབ་བར་བྱ་བ་དང༌། ཅིག་ཤོས་དག་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཞེ་ན། རྟག་པ་དང་ཞེས་བྱ་བ་སྟེ་མཉན་བྱ་ཉིད་ལ་ལྟོས་ནས་སོ། །བདག་དང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་དང་ལྡན་པ་ལ་ལྟོས་ནས་སོ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་དག་གི་འགའ་བ་དང་དངོས་པོ་ཉིད་མ་ཡིན་ནའོ། །གལ་ཏེ་ཕུང་པོ་གཞན་མེད་ཀྱང་ཅི་ལྟར་འདི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། ཕྱོགས་གཉི་ག་ལ་མི་སྲིད་པའི་ཕྱིར་རོ་ཞེ་ན། ཕྱོགས་གཉི་ག་ལས་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་མཉན་པར་བྱ་བ་ཉིད་ཐམས་ཅད་ལས་ལྡོག་ན། དེའི་ཚེ་འདི་མེད་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྟེན་མེད་པའི་ཕྱིར་རོ། །རྟེན་ནི་རྟག་པའམ་མི་རྟག་པ་ཞིག་ཡིན་ཏེ། དེ་གཉི་ག་ལས་ལྡོག་པ་ནི་རྟེན་མེད་པ་ཡིན་ནོ། །སྒྲ་ཉིད་ཅེས་བྱ་བ་ནི། གལ་ཏེ་ཡང་


DTG186_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་དང་མི་རྟག་པ་དག་ལས་ལྡོག་པ་དེ་ལྟ་ན་ཡང༌། ཕུང་པོ་གསུམ་པ་སྒྲ་ཉིད་ལ་ངས་པར་འགྱུར་རོ་ཞེ་ན། སྒྲ་ལ་ཡང་ཞེས་བྱ་བ་སྟེ། མཉན་བྱ་འབའ་ཞིག་ཏུ་ནི་མ་ཟད་པའོ། །ཅི་ལྟ་ཞེ་ན། དེ་ཡང་ཞེས་བྱ་བ་སྟེ་སྒྲ་ཉིད་ཀྱང་ངོ༌། །དེས་ན་མཉན་བྱ་ཉིད་ཐེ་ཚོམ་གྱི་སྒྲའི་རྟེན་སྒྲ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྒྲའོ། །དེ་དག་ལ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དག་ལའོ། །འདི་ནི་སྒྲ་ལའོ། །གལ་ཏེ་གཉི་ག་ལས་ལྡོག་བན་ཡིད་དུ་ངེས་ཀྱང་།ཅི་སྟེ་དེ་གཉིས་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཞེན། དེ་ལས་ཞེས་བྱ་བའོ། བསམ་པ་ནི་གལ་ཏེ་སྒྲ་ཐམས་ཅད་ལས་ལྡོག་པར་ངེས་པར་འགྱུར་བ་དེའི་ཚེ་མཉན་པར་བྱ་བས་དེ་ལ་ཐེ་ཚོམ་མི་སྐྱེད་པ་ཞིག་ན་སྐྱེད་པར་ཡང་བྱེད་དེ། དེས་ན་གཉི་ག་ལས་ལྡོག་པར་ངེས་པ་མ་ཡིན་ནོ། །དེས་ན་གཉི་ག་ལས་ལྡོག་པ་ཉིད་དུ་མ་ངེས་པའི་སྒྲ་ལ་མཉན་བྱ་ཉིད་ཡོད་པས་ན་ཐེ་ཚོམ་གྱི་རྒྱུར་འགྱུར་རོ་ཞེས་བྱ་བ་མ་ཡིན་ནོ། །གཞན་དག་ཀྱང་ཞེས་བྱ་བ་ནི་མཉན་བྱ་ཉིད་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པར་དོན་འདི་ཡིན་ཏེ། ཐུན་མོང་གི་མ་ངེས་པ་ཁོ་ན་མ་ངེས་པར་རིགས། ཐུན་མོང་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །མཐོང་བ་ཞེས་བྱ་བ་ནི། གཞལ་བྱ་ཉིད་ལ་སོགས་པ་གཉི་གའི་ཕྱོགས་ལ་མཐོང་བ་ལ་ནི་སྒྲུབ་པའི་སྒོ་ནས་ཐེ་ཚོམ་ཟ་ལ། མཉན་བྱ་ཉིད་ལ་སོགས་པ་ཕྱོགས་གཉི་ག་ལམ་མཐོང་བ་འདིར་ནི། དགག་པའི་སྒོ་ནས་ཐེ་ཚོམ་ཟའོ། །འདི་ཉིད་བརྗོད་པ་ནི་དངོས་པོ་དང་དངོས་པོ་མེད་པར་ཞེས་བྱ་བ་སྟེ་བསྒྲུབ་པ་དང་དགག་པས་ཀྱང་ངོ༌། །རང་གི་ཕྱོགས་ཞེས་བྱ་བ་ནི་རིག་བས་རང་ཕྱོགས་འཛིན་པ་ནི་རིགས་ཀྱི་ཐུན་མོང་བ་ཁོ་ན་མ་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་ཁྱེད་ལ་རིགས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །རྣམ་པར་འགྲེལ་བ་ནི་གང་དུ་ཞེས་བྱ་བའོ། །ཐུན་མོང་མ་ཡིན་པ་མ་ངེས་པ་ཉིད་ཡིན་པ་སྤོང་བར་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །འགལ་བ་གཉིས་གཅིག་ལ་འཇུག་པ་དང་མི་འཇུག་པ་ཡང་མི་འཐད་པ་ཡིན་ཏེ། དེ་དག་ལས་གཅིག་མེད་པ་ན་དེ་ལས་གཞན་ཡོད་པ་ལ་མི་འཁྲུལ་བའི་ཕྱིར་རོ་ཞེས་ཞེ་ལ་བཅངས་ནས་ལན་འདེབས་པ་ནི། འདི་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བའོ། །གང་གི་ཚེ་ཆོས་ཅན་སྒྲ་ལ་གཅིག་རྟག་བ་ཉིད་ལྡོག་པ་དེའི་ཚེ་ངེས་པ་ཁོ་ནར་ལྡོག་པའི་


DTG186_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བོ་མི་རྟག་པ་ཉིད་འཇུག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འགལ་བས་ཞེས་བྱ་བའོ། །ཅིའི་ཕྱིར་གཉི་ག་ཆི་ལྡོག་ཅེ་ན། ཕན་ཚུན་ཞེས་བྱ་བའོ། །དེས་ན་མཉན་བྱ་ཉིད་ཀྱིས་རང་གི་རྟེན་ལ་འདི་ཉིད་ལྡོག་པར་ཅི་ལྟར་བྱེད། ཅི་ལྟར་ཞེ་ན། འདིར་ཞེས་བྱ་བ་སྟེ། སྒྲ་ལ་གཉི་ག་ལས་ལྡོག་པས། གནས་པ་ནི་མཉན་པར་བྱ་བ་ཉིད་ཀྱིས་མི་འཐོབ་པོ། །རྟག་པ་དང་མི་རྟག་པ་གཉིས་ལས་སོ། །གཅིག་ལ་ནི་སྒྲ་ལའོ། །ལྡོག་པ་བརྗོད་པ་ནི་མཉན་བྱ་ཉིད་ཀྱིས་ཞེས་བྱ་བའོ། །ཐེ་ཚོམ་གྱི་རྒྱུ་མ་ཡིན་པ་ན་ཡང༌། འོས་གཞན་མེད་པས་ན། མ་རྟོགས་པའི་རྒྱུ་ཉིད་གནས་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་དེ་ལྟ་ན་ཞེས་བྱ་བའོ། །འོ་ན་ནི་ཞེས་བྱ་བ་ལ་སོགས་པས་ནི་མགོ་བསྒྲེ་བའོ། །དེ་ཞེས་བྱ་བ་ནི་ཐེ་ཚོམ་མོ། །གཏན་ཚིགས་ཞེས་བྱ་བ་ནི། གཞལ་བྱ་ཉིད་ཀྱི་གཏན་ཚིགས་ཀྱིས་བྱས་པའོ། །གཞན་གྱི་དེ་ཡང་བྱ་བ་སྟེ་གཉི་ག་ལ་མཐོང་བའི་སྒོ་ནས་སོ། །ལན་ནི་མཉན་བྱ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྩོད་བའོ། །ཆོས་ཅན་སྒྲ་ལ་རྟག་པ་དང་མི་རྟག་པ་དག་ཏུ་ཐེ་ཚོམ་ཟ་བར་གྱུར་ནའོ། །དེ་ལས་ནི་གཞལ་བྱ་ཉིད་ལས་སོ། །དེ་ཞེས་བྱ་བ་ནི་གཞལ་བྱ་ཉིད་དོ། །གང་ལ་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པ་ལའོ། །དེ་ཞེས་བྱ་བ་ནི་རྟག་པ་ཉིད་ལ་སོགས་པ་ཏེ་བསྒྲུབ་པ་ཉིད་དོ། །ཅིའི་ཕྱིར་མཐུན་པའི་ཕྱོགས་ཀྱི་སྒོ་ནས་གྱུར་པ་མ་ཡིན་ཞེ་ན། མཐོང་བ་ལ་ཡང་ཞེས་བྱ་བ་སྟེ་གཞལ་བྱ་ཉིད་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མཐོང་བ་ལ་ཡང་ངོ༌། །དེ་ནི་ཞེས་བྱ་བ་ནི་ཐེ་ཚོམ་མོ། །གཉི་ག་ལ་ཞེས་བྱ་བ་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལའོ། །གལ་ཏེ་མཉན་པར་བྱ་བ་ཉིད་ལྡོག་པ་ལ་ཐེ་ཚོམ་ཟ་བས་ཐེ་ཚོམ་རྒྱུ་ཡིན་ནོ་ཞེས་བྱ་བ་ནི། མི་འཐད་པ་ཉིད་མ་ཡིན་ནམ། སློབ་དཔོན་ཕྱོགས་ཀྱི་གླང་པོས་འདི་ལྡོག་པ་ཅན་ཉིད་དུ་གསུངས་པས་ན་ལྡོག་པ་གཅིག་ཏུ་ངེས་པ་ཅན་ཡིན་པས་ཐེ་ཚོམ་གྱི་རྒྱུ་ཉིད་དུ་བཤད་པའི་ཕྱིར་རོ། །དེ་ལྟར་ན་ནི་ཐེ་ཚོམ་གྱི་རྒྱུར་འཐད་པ་ཡང་མ་ཡིན་ཏེ། གཅིག་ཏུ་ལྡོག་པ་ཅན་ཡིན་པའི་ཕྱིར་མ་རྟོགས་པའི་རྒྱུ་ཁོ་ནར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། གཅིག་ཏུ་ཞེས་བྱ་སྟེ། གཅིག་ཏུ་ངེས་པར་ལྡོག་པ་གང་ཡིན་པ་དེ་ཉིད་ཀྱི་ཐེ་ཚོམ་བྱས་པ་ཡིན་གྱི། ལྡོག་


DTG186_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐེ་ཚོམ་ཟ་བས་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། གཅིག་ཏུ་ཞེས་བྱ་བའོ། །ལྡོག་པ་ངེས་པ་ཉིད་ཀྱིས་ཐེ་ཚོམ་ཟ་མོད་སྙམ་ན། གང་ཞིག་ཅེས་བྱ་བ་སྟེ། མཉན་བྱ་ཉིད་ལ་སོགས་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི། ཕུང་པོ་གཉི་ག་ལས་ལྡོག་པ་ཉིད་ཀྱིས་སོ། །ཅི་གང་གིས་འདི་སྐད་བརྗོད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་འདི་ལྡོག་པ་གཅིག་ཏུ་ངེས་པ་ཅན་དུ་གསུངས་སམ་ཞེ་ན། དེ་སྐད་དུ་ཡང་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་ཆོས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ནི་སྒྲ་ལ་སོགས་པའི་ཆོས་ཅན་ནོ། །སྒྲ་ལ་སོགས་པའི་ཆོས་ཅན་གྱི་ཆོས་གང་ཡིན་པ་མཉན་བྱ་ཉིད་ལ་སོགས་པའི་དོན་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་འབྲེལ་ཏོ། །གང་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཞེན་ཁྱད་པར་ཅི་སྙེད་ཀྱིས་ཞེས་བྱ་བ་སྟེ། རྟག་པ་དང་མི་རྟག་པའམ། བདག་དང་བཅས་པ་དང་བདག་མེད་པའི་མཚན་ཉིད་ཀྱིས་དངོས་པོ་མཐའ་དག་བསྡུས་པ་དེ་ལའོ། །ཅིའི་ཕྱིར་ཞེ་ན། དེ་དང་ལྡན་པ་ཞེས་བྱ་བ་སྟེ། རྟག་པ་དང་མི་རྟག་པ་དང་ལྡན་པའི་རྣམ་པས་དོན་གྱི་ཚོགས་མཐའ་དག་པ་དེ་བསྡུས་པའི་ཕྱིར་དང༌། གཉིས་ལས་གཅིག་ཏུ་ངེས་པ་ཡང་ལྡོག་པའི་ཕྱིར་རོ། །འདིས་ནི་རྣམ་གཉིས་ཀྱིས་ཐམས་ཅད་བསྡུས་པ་དང༌། གཅིག་ཏུ་ངེས་པ་ལྡོག་པ་ཡང་ཐེ་ཚོམ་གྱི་རྒྱུ་ཉིད་རྒྱུ་མཚན་དུ་བསྟན་པ་ཡིན་ན། འདི་ནི་མ་རྟོགས་པའི་རྒྱུའི་རྒྱུ་མཚན་ཉིད་དུ་འཐད་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཅི་ལྟར་མཉན་བྱ་ཉིད་འདི་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བས་དོགས་པའི་རྒྱུ་ཡིན་ཏེ། མ་ཡིན་པ་ཁོ་ནའོ་ཞེས་བྲམ་ཟེགས་ལ་བྱེད་ལ་སོགས་པར་ཟེར་རོ། །དེ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། ཕུང་པོ་གཉིས་ལས་གལ་ཏེ་མཉན་བྱ་ཉིད་ལྡོག་པ་དེས་ན། དེའི་ཚེ་ཆོས་ཅན་ལ་མཐོང་བ་ན་དེ་དག་མེད་པ་ཉིད་དུ་གོ་བར་བྱེད་པར་འགྱུར་རོ། །དེ་ལྟན་ཡང་ཐེ་ཚོམ་གྱི་རྒྱུའམ་མ་རྟོགས་པའི་རྒྱུར་ཅི་ལྟར་འགྱུར་ཞེས་བྱ་བ་རྟོགས་པ་བསྐྱེད་པ་ཉིད་ནི་མ་རྟོགས་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའོ། །མཉན་པར་བྱ་བ་ཉིད་གང་ཞིག །རྟག་པ་དང་མི་རྟག་པ་གཉི་ག་ལས་ལྡོག་པར་ངེས་པ་གང་ཡིན་པ་དེ་གཞན་ཆོས་ཅན་སྒྲ་ལ་ཡོད་པས་ན། རྟག་པ་དང་མི་རྟག་པ་གཉི་ག་ལ་ཡང་མཉན་པར་བྱ་བ་ཉིད་


DTG186_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མེད་པར་ངེས་པར་འགྱུར་རོ། །མེད་པར་ངེས་པར་བྱེད་པ་ཡིན་ཡང་དེ་དག་ལ་ཐེ་ཚོམ་བྱེད་པར་འགྱུར་རོ་ཞེན་རྟག་པ་དང་མི་རྟག་པ་དག་ནི་ལྡོག་པར་བྱེད་པ་མཉན་པར་བྱ་བ་ཉིད་སྒྲ་དེ་གཉིས་ལ་ཐེ་ཚོམ་བྱེད་པར་ཅི་ལྟར་འགྱུར། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མཉན་པར་བྱ་བ་ཉིད་ཀྱི་རྟག་པ་དང་མི་རྟག་པ་དག་ལས་ལྡོག་པ་གང་ཡིན་པ་དེ་ལས་རྟག་པ་དང་མི་རྟག་པ་གཉི་ག་ལ་རྣམ་པར་གཅོད་པ་བསྒྲུབ་པ་ནི་གཞན་མ་ཡིན་གྱི། འོན་ཀྱང་དེ་ལས་ལྡོག་པ་ཉིད་དེ་དག་ལ་རྣམ་པར་གཅད་པ་བསྒྲུབ་པ་ཡིན་ནོ། །འདི་ཉིད་ནི་བརྗོད་པ་ནི་གང་ཞིག་ཅེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་གཏན་ཚིགས་དུ་བ་ལ་སོགས་པ་ཡང་རྣམ་པར་གཅོད་པ་བསྒྲུབ་པས་གཏན་ཚིགས་ཉིད་ཡིན་ལ། དེ་རྟག་པ་དང་མི་རྟག་པ་རྣམ་པར་གཅོད་པ་དེ་ནི་མཉན་པར་བྱ་བ་ཉིད་ལ་ཡང་ཡོད་དོ་དེས་ན། གཏན་ཚིགས་མ་ཡིན་པར་ཅི་ལྟར་འགྱུར། རྣམ་པར་གཅོད་པ་ཡིན་པས་ན་གཏན་ཚིགས་ཉིད་ཡིན་ནོ་ཞེས་ཅི་ལྟར་རྟོགས་ཤེ་ན། སྒྲ་དང་ཞེས་བྱ་བའོ། །གཏན་ཚིགས་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ནི་དོན་འདི་ཡིན་ཏེ། གང་ཞིག་ལྡོག་པ་སྔོན་དུ་སོང་བའི་སྒྲུབ་པའི་ངེས་པར་བྱེད་པ་དེ་ཁོ་ན་གཏན་ཚིགས་ཡིན་ཏེ། དཔེར་ན་བྱས་པ་ཉིད་རྟག་པ་རྣམ་པར་གཅད་པས་མི་རྟག་པ་སྒྲུབ་པར་བྱེད་པ་ན་གཏན་ཚིགས་ཡིན་པ་བཞིན་ནོ། །མཉན་བྱ་ཉིད་ནི་གཉི་ག་ཡང་ལྡོག་པ་ཙམ་ཞིག་སྒྲུབ་པ་ཡིན་ཏེ། དེས་ན་མ་རྟོགས་པའི་རྒྱུ་ཁོ་ནར་འགྱུར་རོ་ཞེས་བྱ་བའོ། །ལན་ནི་དེ་བདེན་ཏེ་ཞེས་བྱ་བའོ། །འཆད་པ་ནི་རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །གལ་ཏེ་རྟག་པ་ཉིད་ཀྱི་སྒྲོ་འདོགས་རྣམ་པར་གཅད་ཀྱང༌། མི་རྟག་པ་ཉིད་མི་སྒྲུབ་པའི་ཕྱིར་ཅི་ལྟར་རྗེས་སུ་དཔག་པས་དོན་བྱས་པར་འགྱུར་ཞེ་ན། རྣམ་པ་དང་ཞེས་བྱ་བའོ། །དོགས་བ་ནི་དེ་ཡང་ཞེས་བྱ་སྟེ་མི་རྟག་པ་ཉིད་ཀྱང་ངོ༌། །དེས་ན་ཅི་ལྟར་རྟག་པ་ཉིད་ལོག་པས་མི་རྟག་པ་ཉིད་འགྲུབ་ཅེ་ན། དེ་ནི་མ་ཡིན་ཏེ་རྟག་པ་དང་རྣམ་པར་བཅད་པས་རྗེས་སུ་དཔག་པས་བསྒྲུབས་པའི་མི་རྟག་པ་ཉིད་དེ་ནི་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །སྒྲའི་རང་བཞིན་རྟག་པ་དང་མ་འདྲེས་པར་བྱས་པ་ཉིད་ལ་སོགས་པའི་རྟགས་ཀྱིས་བསྒྲུབས་པ་དེ་ནི་དེ་ཁོ་ན་ལྟར་མངོན་སུམ་གྱིས་གཟུང་བས་ན། དེ་ཡང་རེས་འགའ་མེད་པར་འགྱུར་རོ་ཞེས་ཅི་


DTG186_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྗོད་ཅེ་ན། འབྲས་བུའི་གཏན་ཚིགས་ལ་ཅི་ལྟར་ཞེས་བྱ་བ་ན། གང་གི་མེ་དང་བཅས་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བའི་རྩོད་པ་སྤོང་བར་འགྱུར་བ་མེ་མེད་པར་རྣམ་པར་བཅད་ནས་མེ་དང་བཅས་པ་ཉིད་ཅི་ལྟར་མངོན་སུམ་གྱིས་འགྲུབ་ཅེ་ན། འདི་ནི་རེ་ཞིག་ཅེས་བྱ་བ་ནི་གྲུབ་པའི་མཐར་དོན་འདི་ཡིན་ཏེ། མེ་མེད་པ་རྣམ་པར་བཅད་ནས་དུ་བས་བསྒྲུབས་པའི་མེ་དང་བཅས་པ་ཡང་མངོན་སུམ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་འགྱུར་པའི་ཕྱིར་རོ་ཞེས་བརྗོད་ཟིན་པའི་ཕྱིར་རོ་ཞེས་བྱ་བའོ་དཔེ་བཤད་ནས་དོན་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་མཉན་བྱ་ཉིད་ཀྱིས་རྟག་པ་དང་མི་རྟག་པ་གཉི་ག་ཡང་རྣམ་པར་གཅད་པ་ཡིན་ན། དེ་ལས་གཞན་དུ་བསྒྲུབ་པ་ལ། དེའི་ཚེ་དེ་ལས་གཞན་དུ་མངོན་སུམ་གྱིས་གྲུབ་པར་འགྱུར་ཏེ། དེའི་ཕྱིར་མཉན་པར་བྱ་བ་ཉིད་གཏན་ཚིགས་ཁོ་ནར་འགྱུར་གྱི། མ་རྟོགས་པའི་མཚན་ཉིད་ཀྱི་གཏན་ཆགས་ལྟར་སྣང་བར་ནི་མ་ཡིན་ནོ། །གཞན་གྱི་ཞེས་བྱ་བ་ནི་མཉན་བྱ་ཉིད་ལས་གཞན་བྱས་པས་མི་རྟག་པ་ཉིད་དེ་གཅིག་བསྒྲུབས་པས་མཉན་བྱ་ཉིད་གཏན་ཚིགས་མ་ཡིན་ནོ་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མངོན་སུམ་གྱིས་སྒྲ་ལས་རྟག་པ་དང་མི་རྟག་པ་ཉིད་ལས་ཕྱི་རོལ་དུ་གྱུར་པར་གྲུབ་པ་ལ་གཏན་ཚིགས་གཞན་གྱིས་རྟག་པ་ཉིད་འགོད་པར་བྱེད་པའམ། མི་རྟག་པ་ཉིད་སྒྲུབ་པར་བྱེད་པར་ཅི་ལྟར་འགྱུར། འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེས་ན་ཞེས་བྱ་བ་ནི་འགོག་པར་བྱེད་པ་མ་ཡིན་པས་ནའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མཉན་པར་བྱ་པ་ཉིད་ནི་གཉི་ག་ལས་གཅིག་ཏུ་ལྡོག་པར་འདོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་རྟག་པའི་རྒྱུ་ཉིད་དུ་ཁས་ལེན་པར་མི་འགྱུར་རོ། །དེས་ན་མཉན་པར་བྱ་བ་ཉིད་ཀྱིས་གཉི་ག་རྣམ་པར་གཅད་ན། གང་གི་མཉན་བྱ་གཏན་ཚིགས་མ་ཡིན་པར་འགྱུར་བ། ཅི་ལྟར་གཞན་པས་མི་རྟག་པ་ཉིད་སྒྲུབ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་མཁྲང་པས་མི་རྟག་པ་ཉིད་གནོད་པར་བྱས་པ་ལ་ཡང༌། བྱས་པ་ཉིད་གཞན་གྱིས་བསྒྲུབ་ན་དེའི་ཚེ་མི་རྟག་པ་ཉིད་ཀྱི་ཁྱད་པར་ཅན་དུ་རྟོགས་པའི་སྒྲ་དེ་ལ་ཡང་རྟགས་གཞན་གྱིས་རྟག་པ་ཉིད་སྒྲུབ་པར་དོགས་པར་འགྱུར་བའི་ཕྱིར་ཅི་ལྟར་གཞན་


DTG186_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཉིད་ཚད་མ་ཡིན་པར་འགྱུར། དེས་ན་གཏན་ཚིགས་ཐམས་ཅད་ལ་ཡིད་བརྟན་དུ་མེད་པར་འགྱུར་ཏེ། མཚན་ཉིད་དང་ལྡན་པ་ལ་གནོད་པར་མཐོང་བའི་ཕྱིར་རོ། །མངོན་སུམ་འགོག་པར་བྱེད་པ་ཉིད་མ་ཡིན་པར་ཁས་བླངས་ནས་འདི་སྐད་བརྗོད་པ་ཡིན་གྱི། འགོག་པར་མི་བྱེད་པ་ཉིད་ནི་རིགས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། མངོན་སུམ་ཞེས་བྱ་བའོ། །ཅི་ལྟར་སྒྲུབ་པར་བྱེད་པར་མི་འགྱུར་ཞེ་ན། སྒྲུབ་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་དེ་ལས་གཞན་ཐ་དད་པ་བཀག་པ་མེད་པར་མི་རྟོགས་ཤེ་ན། འདི་ལྟར་ཞེས་བྱ་བའོ། །མངོན་སུམ་གྱིས་རྟོགས་པའི་དངོས་པོ་དེ་གཞན་དང་མ་འདྲེས་པའམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཅིག་ནི། འོན་ཏེ་གཞན་དང་འདྲེས་པར་འགྱུར་ཞེས་བྱ་བ་ནི་གཉིས་པའོ། །གལ་ཏེ་གཞན་དང་འདྲེས་བ་ནི། དེའི་ཚེ་དངོས་པོ་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། འདྲེས་པའི་ཐ་སྙད་མེད་པའི་ཕྱིར་རོ། །འཆད་པ་ནི་འདིར་ཞེས་བྱ་བའོ། །སྒྲའི་མཚན་ཉིད་ཀྱི་དངོས་པོ་ནི། གཞན་རྟག་པ་དང་མི་རྟག་པ་དག་ལས་ལྡོག་པའམ་མི་ལྡོག །ལྡོག་པའི་ཕྱོགས་ལ་ཡང་རྣམ་པར་རྟོག་པ་གཉིས་བརྗོད་པ་ནི། བཟུང་བའམ་མ་བཟུང་བ་ཡིན་བཟུང་བའི་ཕྱོགས་སུ་མ་འབྱིན་པ་ནི་གལ་ཏེ་ཞེས་བྱ་པའོ། །གཞན་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པའི་ཕུང་པོ་གཉིས་མི་འགོག་སྟེ་འོན་ཀྱང་འགོག་པ་ཁོ་ནའོ། །མ་བཟུང་བའི་ཕྱོགས་ལ་བརྗོད་པ་ནི། དེ་ལྟ་མ་ཡིན་ཞེས་བྱ་བ་སྟེ། གལ་ཏེ་ལྡོག་པ་མ་བཟུང་ན་དེའི་ཚེ་མངོན་སུམ་གྱིས་འཛིངས་པར་རྟོགས་པའི་ཕྱིར་ཐ་སྙད་མེད་པས་ནའོ། །དོན་མེད་དོ་ཞེས་བྱ་བ་ནི་འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་མེད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་མངོན་སུམ་གྱིས་སྒྲ་རྟག་པ་དང་མི་རྟག་པ་དག་ལས་མི་ལྡོག་པ་ཉིད་དུ་བཟུང་ཡང་བྱས་པ་ཉིད་ལ་སོགས་པའི་རྟགས་ཀྱིས་རྟག་པ་ཉིད་འགོག་པ་ན། མི་རྟག་པ་ཉིད་ཀྱིས་ཐ་སྙད་འཇུག་པར་བྱེད་པ་ཡིན་ཏེ། དེས་ན་འཛིངས་པ་ཞེས་ཅི་ཏེ་བརྗོད་ཅེས་བྱ་བའོ། །རྟོག་པ་ལ་ནི་བརྟག་པ་ལའོ། །གཞན་གྱིས་ནི་བྱས་པས་སོ། །གཞན་ཡང་ནི་རྗེས་སུ་དཔག་པ་ཡང་ངོ༌། །འདིས་ནི་དེ་ལྟ་མ་ཡིན་ཞེས་བྱ་བའི་ཕྱོགས་རྣམ་པ་གཉིས་སུ་བརྟགས་ཏེ་སུན་ཕྱུང་


DTG186_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕྱོགས་དང་པོ་སུན་འབྱིན་པའོ། །ལན་ནི་ལས་ཞེས་བྱ་བ་སྟེ་མངོན་སུམ་དེ་ལས་གཞན་པའི་ཚད་མ་བ་རྒྱས་ཀྱང་ངོ༌། །ཅིའི་ཕྱིར་ཞེ་ན། རང་གི་རང་བཞིན་ཞེས་བྱ་བ་སྟེ་གཞན་དང་འདྲེས་པའོ། །གཞན་དུ་ཞེས་བྱ་པ་ནི་གཞན་དང་མ་འདྲེས་པར་རོ། །འགའ་ཞིག་གིས་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་གྱིས་མི་རྟག་པ་མ་འདྲེས་པ་ཡིན་གྱི། ཆོས་ཅན་གྱི་རང་བཞིན་གྱིས་ནི་མ་ཡིན་པའོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་མི་ལྡོག་པ་ཉིད་དུའོ། །དོགས་པ་ནི་གཞན་གྱིས་ཞེས་བྱ་བ་སྟེ་ཚད་མ་གཞན་གྱིས་སོ། །ལན་ནི་གཞན་གྱིས་ཞེས་བྱ་བའོ། །ཚད་མ་གསུམ་པ་ལ་སོགས་པས་ཚད་མ་གཉིས་པས་བཟུང་བ་ཡང་དེ་ལྟ་མ་ཡིན་པར་རྟོགས་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི། དེ་ལྟར་མ་ཡིན་ན་དེ་ལ་ཡང་གཞན་གྱིས་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་མངོན་སུམ་ལ་ཡང་དུས་ཕྱིར་འབྱུང་བའི་ཚད་མས་གནོད་པའི་ཕྱིར་ཐམས་ཅད་ལ་ཡིད་བརྟན་དུ་མེད་པར་འགྱུར་རོ་ཞེ་ན་ཉི་ཚན་ཞེས་བྱ་པའོ། །ཉི་ཚན་ལས་ཁྱིམ་ཕུགས་སུ་ཞུགས་མ་ཐག་པའི་སྐྱེས་བུ་ལ་རྣམ་པ་གཞན་སྣང་བའི་མངོན་སུམ་ལ་མ་ཡིན་པ་ཕྱིས་གསལ་བར་སྣང་བ་གང་ཡིན་པའི་མངོན་སུམ་ཕྱི་མ་དེས་སྔ་མ་ལ་གནོད་ཀྱིས་སྔ་མས་ནི་ཕྱི་མ་ལ་མི་གནོད་པའི་ཕྱིར་ཅི་ལྟར་ཡིད་བརྟན་དུ་མེད། དེས་ན་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་སྡུད་པའོ། །གཞན་ལས་ཞེས་བྱ་བ་ནི་མཉན་བྱ་ཉིད་ལས་སོ། །དེ་ལྟར་མ་ཡིན་པར་ནི་ངེས་པར་རོ། །དེ་བཞིན་ནོ་ཞེས་བྱ་བ་ནི་མཉན་བྱ་ཉིད་ཀྱིས་ཀྱང་གཉི་ག་ལས་ལྡོག་པའི་སྒྲ་རྟོགས་པ་ན་གཞན་ལས་ཐེ་ཚམ་ཟ་བའམ་ངེས་པར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ལྡོག་པ་ཉིད་ཡིན་ན་གཏན་ཚིགས་ཁོ་ནར་འགྱུར་བ་དེས་ནའོ། །གལ་ཏེ་མ་མཐོང་བ་ཙམ་ལ་བརྟེན་ནས་ལྡོག་པ་ཅན་དུ་གསུངས་ན་འོ་ན་ཅི་ལྟར་ཞེས་བྱ་བའོ། །ལན་ནི་གཅིག་ཏུ་ངེས་པ་ཞེས་བྱ་བའོ། །ཅི་ལྟར་ངེས་པ་ལྡོག་སྙམ་ན། དེ་ནི་ཞེས་བྱ་བ་སྟེ། མཉན་པར་བྱ་བ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་མ་ངེས་པ་ནའོ། །ངེས་པ་ཉིད་དོ་ཞེས་བྱ་བ་ནི་མ་རྟོགས་པའི་རྒྱུ་ནི་མ་ཡིན་པའོ། །དེ་བས་ན་ཐུན་མོང་པ་བཞིན་དུ་ཐུན་མོང་མ་ཡིན་པ་


DTG186_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ངེས་པ་ཁོ་ནའོ་ཞེས་བྱ་བར་གནས་སོ། །འདིས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་གཞན་དག་གཏན་ཚིགས་ཉིད་དུ་འདོད་པ་ཡང་མ་ངེས་པ་ཉིད་དུ་ཤེས་པར་བྱའོ། །འདི་ཙམ་གྱིས་ཅི་ཞིག་བཤད་སྙམ་ན། དེ་ལྟར་ན་རེ་ཞིག་ཅེས་བྱ་བའོ། །ཅི་ལྟར་ཞེས་བྱ་བ་ནས་ཞེ་ནའི་བར་ནི་རྩོད་པའོ། །ལྡོག་པ་ཅན་ཞེས་བྱ་བ་ནི་གཏན་ཚིགས་མཉན་བྱ་ཉིད་དོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཅི་ལྟར་རྗེས་འགྲོ་གཅིག་དུ་ངེས་པ་ཡིན་ཞེ་ན། ནམ་མཁའ་ཞེས་བྱ་བའོ། །འདི་ནི་གཞལ་བྱའོ། །ཅི་ལྟར་ལྡོག་པ་མེད་པ་ཡིན་ཞེ་ན་ནམ་མཁའ་ལ་ནི་ཞེས་བྱ་བའོ། །འདི་ནི་གཞལ་བྱའོ། །དེ་ནི་ནམ་མཁའོ། །དེས་ན་ཞེས་བྱ་བ་ནི་ལྡོག་པ་མེད་པས་ནའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་བརྗོད་པའོ། །མདོ་སྡེ་པ་མངོན་པར་འདོད་པ་ནམ་མཁའ་མེད་པའི་ཕྱོགས་ལ་ནི་གལ་ཏེ། ནམ་མཁའ་དེ་མི་སྲིད་པ་དེ་ལྟ་ན་ཡང་གཞལ་བྱ་ཉིད་ནི་ནམ་མཁའ་མེད་པ་འདི་ལ་ཅི་ལྟར་ཡང་མི་ལྡོག་གོ །ཅིའི་ཕྱིར་ཞེ་ན། མེད་པ་ལ་ཡང་ངོ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མེད་པ་ལ་གཞལ་བྱ་ཉིད་མེད་ནའོ། །ཅི་ལྟར་ཐ་སྙད་མེད་པར་འགྱུར་ཞེ་ན་ཡོད་པ་ཞེས་བྱ་བའོ། །འབའ་ཞིག་ཅེས་བྱ་བ་ནི་གཞན་ལས་ལྡོག་པ་མེད་པའོ། །ཅིའི་ཕྱིར་ནུས་པ་མ་ཡིན་ཞེ་ན། ཕན་ཚུན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཕན་ཚུན་སྤངས་པ་མ་ཡིན་ནའོ། །ཐ་སྙད་དུ་བྱེད་པ་སུ་ཞིག་ཐ་སྙད་བྱ་བ་གང་ལའམ། དགོས་པ་ཅིའི་དོན་དུ་བྱེད་པ་ཡིན་ཏེ། འདི་ཐམས་ཅད་མེད་པར་འགྱུར་རོ། །གལ་ཏེ་དེ་ལྟར་དོན་ཐམས་ཅད་ཀྱི། ཕན་ཚུན་མེད་པ་གཞལ་བྱ་ཡིན་མོད། མེད་པའི་ནམ་མཁའ་ལ་གོ་ཅི་ལྟར་ཞེ་ན། གཞན་གྱིས་ཞེས་བྱ་བའོ། །རིགས་པ་ཅན་ལ་སོགས་པ་གཞན་དག་གིས་ནམ་མཁའ་མེད་དོ་ཞེས་བྱ་བའི་ཕྱོགས་མེད་པར་མ་རྟོགས་པ་ཏེ། མ་ངེས་པ་ནི་མདོ་སྡེ་བས་རང་རང་གི་ཕྱོགས་ནམ་མཁའ་མེད་པའི་ཕྱོགས་གཞུང་གཟུགས་པར་ནུས་པ་མ་ཡིན་ནོ། །དེས་ན་མདོ་སྡེ་བའི་ལུགས་ཀྱི་ནམ་མཁའ་མེད་པ་ཡིན་ཡང་གཞལ་བྱ་ནི་ཡིན་པ་ཁོ་ནའོ། །དེ་ལྟར་གཞན་གྱི་འདོད་པའི་ནམ་མཁའ་མེད་པ་


DTG186_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱ་ཉིད་དུ་བསྒྲུབས་ནས་རང་གི་འདོད་པ་བརྗོད་པ་ནི། ནམ་མཁའ་ཡང་ཞེས་བྱ་བའོ། །ཐོགས་པ་དང་བཅས་པའི་དངོས་པོ་མེད་པ་ཞེས་བྱ་བའི་ནི་ཡོན་ཏན་སྒྲ་ལ་བལྟོས་ཏེ། ནམ་མཁའ་ཡོན་ཏན་ཅན་ཉིད་ཡིན་པ་སེལ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ནམ་མཁའ་ཐོགས་པ་དང་བཅས་པའི་དངོས་པོ་དང་བྲལ་བའི་རང་བཞིན་ཚད་མའི་སྤྱོད་ཡུལ་དུ་མི་འདོད་ནའོ། །མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །དེ་ཞེས་བྱ་བ་དངོས་པོ་མེད། དེ་ལྟར་ཏེ་དངོས་པོ་རྣམས་མ་འདྲེས་པར་རྣམ་པར་འཇོག་པས་རྣམ་པར་གཞག་པར་བྱ་བ་ཡིན་ན། དེའི་ཚེ་ཚད་མས་རྣམ་པར་གཞག་པ་ཡིན་ནོ་ཞེས་ཁས་བླང་པར་བྱ་སྟེ། དེས་ན་དངོས་པོ་མེད་པ་ཡང་གཞལ་བྱ་ཡིན་ནོ། །ཅི་ལྟར་དངོས་པོ་མེད་པ་གཞལ་བྱ་ཡིན་ཏེ། དངོས་པོ་ཁོ་ན་གཞལ་བྱ་ཡིན་པའི་ཕྱིར་རོ་ཞེ་ན། དངོས་པོའི་ཞེས་བྱ་བའོ། །འོན་ཀྱང་གཞན་མེད་པའི་ཡུལ་ཅན་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་ནི་ཞེས་བྱ་བ་ནི་གཞན་དང་བྲལ་བའི་དངོས་པོ་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི་རྣམ་པར་གཅོད་པར་བྱེད་པ་ཉིད་ཅེས་བྱ་བའོ། །རྣམ་པར་གཅོད་པར་བྱེད་པ་ཚད་མ་ཡིན་ན། ཉ་ཕྱིས་ལ་དངུལ་དུ་ཤེས་པ་ཡང་ཚད་མར་འགྱུར་རོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །གནོད་བྱེད་གཞན་གྱིས་སོ། །གང་གི་ཕྱིར་དེ་ལྟར་དངོས་པོའི་ཡུལ་ཅན་ཉིད་ཀྱི་ཚད་མ་མ་ཡིན་པ་དེའི་ཕྱིར་ཐ་སྙད་དུ་མི་སླུ་བ་དོན་བྱེད་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པའང་ཡིན་ལ་ཤེས་པའང་ཡིན་པ་དེས་གཅད་པར་བྱ་བའོ། །བུམ་པ་ནི་དོན་བྱ་བ་རྟོགས་པ་ཉིད་དེ་དང་ཤེས་པ་གཅིག་ལ་འདྲེ་བའི་ཤིང་རྟ་ལ་སོགས་པ་མེད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་མི་འཁྲུལ་བ་མ་ཡིན་པས་ནའོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །གང་གི་ཕྱིར་དོན་བྱ་བར་ནུས་པའི་དངོས་པོ་ཁོ་ན་གཞལ་བྱ་ཡིན་པ་དེས་ན། དོན་བྱ་བ་བྱེད་པ་ཉིད་མི་རྟག་པ་ཉིད་ཀྱི་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་ཞེས་བྱ་བ་ནི་དོན་བྱ་བ་བྱེད་པའི་མཚན་ཉིད་ཀྱི་གཞལ་བྱ་ཉིད་ཅི་ལྟར་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་ཡིན་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ལས་ཞེས་བྱ་བའོ། །གལ་ཏེ་གང་ཞིག་མེད་པ་


DTG186_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྱུང་ཁུངས་སུ་འགྱུར་བ་མ་ཡིན་ཏེ། དེས་ན་ཅི་ལྟར་མེད་པ་ལས་ལྡོག་ཅེས་བརྗོད་སྙམ་ན་མེད་པ་ལས་ཀྱང་ཞེས་བྱ་བའོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི། ཕྱིར་དངོས་དངོས་མེད་རྟེན་ཅན་ཞེས་བྱ་བར་རོ། །འདིས་ནི་ཞེས་བྱ་བ་ནི་གཞལ་བྱ་ཉིད་ཐུན་མོང་གི་མ་ངེས་པར་བསྟན་པས་ནའོ། །རྗེས་སུ་འགྲོ་བ་མི་འཁྲུལ་པ་ཉིད་དེ་དག་གཏན་ཚིགས་ཉིད་ཡིན་པ་ཡང་གསལ་བ་ཡིན་ནོ། །འདི་ལྟར་དངོས་པོ་ཉིད་ཀྱང་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ཡིན་པ་ན། བུམ་པ་དང་ནམ་མཁའ་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་ནོ། །མདོ་སྡེ་པས་ནམ་མཁའ་ཡང་དངོས་པོ་མེད་པར་འདོད་པའི་ཕྱིར་རོ། །མེད་པ་ཡང་འབྱུང་ཁུངས་སུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེས་ན་ཅི་ལྟར་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། གཞལ་བྱ་ཉིད་ཐུན་མོང་གི་མ་ངེས་པ་ཡིན་པ་དེ་བཞིན་དུ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་ཡང་ཡིན་ནོ་ཞེས་གནས་སོ། །ཕྱོགས་ཀྱི་ཆོས་རྣམ་པ་དགུར་བསྟན་པ་ལ་ཉུང་བ་ཉིད་དུ་རྩོད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྩོད་པ་སྨྲ་བ་ཉིད་གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་རྩོད་པ་པོ་ཉིད་ལན་ལྡོན་པའོ། །རང་རྒྱུད་དུ་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་ལ་མི་ལྟོས་པའོ། །འོ་ན་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་ཅི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་དངོས་པོ་མེད་པ་ནི་རང་ཉིད་འགྲུབ་མོད། རྒྱུ་དང་ཁྱད་པར་བྱེད་པ་མེད་པ་ལས་དེ་ཅི་ལྟར་སྒྲུབ་སྙམ་ན། དངོས་པོ་དེ་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། དེ་མ་དམིགས་ཞེས་བྱ་བ་སྟེ། འབྲས་བུ་ཐེ་ཚོམ་ཟ་བའོ། །འོན་ཅི་ལྟར་དངོས་པོ་མེད་པར་འགྲུབ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །དེ་མེད་པར་ནི་འབྲས་བུ་ཐེ་ཚོམ་ཟ་བ་ལ་སོགས་པ་དེ་མེད་པར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་རྒྱུ་དང་ཁྱད་པར་བྱེད་པ་ལའོ། །དེ་ཉིད་ཅེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའོ། །གལ་ཏེ་འབྲེལ་པ་གྲུབ་པ་ཁོ་ན་མི་དམིགས་པ་ཡིན་ན། དེའི་ཚེ་རང་བཞིན་ལ་སོགས་པའི་གཏན་ཚིགས་བཞིན་དུ་འདི་ལ་ཡང་དཔེར་བརྗོད་པ་ཅི་ཏེ་མ་སྦྱར་ཅེ་ན་ཞེས་བྱ་བ་ནི་འདྲི་བའི་དོན་ཏོ། །ལན་ནི་སྦྱར་བ་ཁོ་ནའོ་ཞེས་བྱ་བའོ། །འདི་ལྟར་རྒྱུ་དང༌། ངོ་བོ་སྐྱེད་པར་བྱེད་པ་དང་ཁྱད་པར་བྱེད་པ་དག་མི་མཐུན་པའི་


DTG186_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་ལྡོག་པ་ཉིད་ཀྱིས། འབྲས་བུ་དང་ཁྱབ་བྱར་གྱུར་པའི་དོན་ལྡོག་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྗོད་པ་ལས་དེ་དག་མི་དམིགས་པའི་དཔེ་ནི་གྲུབ་པ་དེའི་ཕྱིར་དེ་གཉིས་ལས་ཐ་དད་པར་མ་བཤད་དོ། །གང་གིས་དེ་སྐད་སྨྲ་བ་དེ་ལྟར་བརྗོད་པ་ཡོད་དམ་ཞེ་ན་འདི་ནི་བསྟན་ཟིན་ཏོ་ཞེས་བྱ་བའོ། །འོ་ན་རང་བཞིན་མི་དམིགས་པ་ཚང་ངོ་ཞེ་ན། རང་བཞིན་ཞེས་བྱ་བའོ། །བསྟན་པ་ཉིད་དེ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་རྣམ་པ་དགུ་བསྟན་པར་རོ། །ཅི་ལྟར་ཞེ་ན། རྒྱུ་དང་ཞེས་བྱ་བའོ། །དངོས་པོ་ནི་འབྲས་བུ་དང་ཁྱབ་བྱའོ། །དེ་ལའང་ཞེས་བྱ་བ་གང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །བསྟན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པ་གང་གིས་གཞན་དག་མི་མཐུན་པའི་ཕྱོགས་བུམ་པ་ལ་གཏན་ཚིགས་སྲོག་ལ་སོགས་པ་ལྡོག་པར་བསྟན་པའི་དོན་དུ་བདག་མེད་པར་གྲུབ་པར་བྱེད་པའི་མི་དམིགས་པ་དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐེ་ཚོམ་ཟ་བར་བཤད་པས་བལྟར་རུང་བའི་དོན་ལ་མི་དམིགས་པ་དེ་གོ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ཁོ་ནའོ། །ཅི་ལྟར་གཏན་ཚིགས་ཐེ་ཚོམ་ཟ་བར་བཤད་ཅེ་ན། བདག་གི་མཚན་ཉིད་ཀྱི་སྐྱེས་བུ་མཐོང་བ་མེད་པ་ལས་སྲོག་ལ་སོགས་པ་ལྡོག་པ་མེད་པའི་ཕྱིར་ཏེ། ལྡོག་པ་བཀག་པའི་ཕྱིར་དེ་བདག་བལྟར་མི་རུང་བའི་ཡུལ་ཅན་ཉིད་ཀྱིས་ན་མི་དམིགས་པ་ཙམ་ལས་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་འབྲས་བུ་དག་ཀྱང་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་ཀྱིས་ན། མི་དམིགས་པའི་རང་བཞིན་ཉིད་དུ་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །དགོས་པ་ནི་འོ་ན་ཞེས་བྱ་བའོ། །ལན་ནི་དེའི་བདག་ཉིད་དོ་ཞེས་བྱ་བའོ། གང་དག་དངོས་པོའི་རང་བཞིན་ཁས་མ་བླངས་པའི་དགག་པ་སྒྲིབ་པ་དེ་ལ་སྟེ། དམིགས་པར་དུ་བ་རྣམས་ཀྱིས་ཡོད་པ་རྣམས་ནི་དམིགས་པ་ལས་གཞན་མ་ཡིན་པ་ཁོ་ནའོ། །འོན་ཀྱང་དམིགས་པ་ཉིད་ཡོད་པ་ཡིན་ནོ། །འདི་ག་ལས་ཤེ་ན། མེད་པའོ་ཞེས་བྱ་བའོ། །ཐ་དད་པས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །འདི་གཉིས་ཞེས་བྱ་བ་ནི་ཤེས་པ་མེད་པ་དང་ཤེས་བྱ་བ་མེད་པ་དག་གོ །འོན་ཏེ་ཤེས་པ་དང་ཤེས་བྱ་དག་ཐ་མི་དད་པ་མ་ཡིན་ནམ། དེ་ཅི་ལྟར་དེ་མེད་པ་དག་ཐ་དད་པར་སྒྲུབ་པའི་དོན་དུ་འདི་གཉིས་དཔེ་ཉིད་དུ་ཉེ་བར་བླངས་ཤེ་ན། ཤེས་པ་ཉིད་


DTG186_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའོ། །དེ་ཞེས་བྱ་བ་ནི་དོན་གྱི་ཡོད་པའོ། །གལ་ཏེ་མངོན་སུམ་ལོག་པས་ཀྱང་དོན་མེད་པ་ཡིན་ནོ་ཞེས་ཅི་ལྟར་ཤེས་ཤེ་ན། འདི་ལྟར་ཞེས་བྱ་བའོ། །འོན་ཏེ་རྗེས་སུ་དཔག་པས་ལྐོག་ཏུ་གྱུར་པའི་དོན་མི་འཛིན་པ་ཁོ་ན་མ་ཡིན་ནམ་ཞེ་ན། དུ་བ་མཐོང་བས་ཞེས་བྱ་བའོ། །འོན་ཏེ་དེར་ཡང་རྗེས་སུ་དཔག་པས་དམིགས་པ་ཡོད་པ་ཡིན་ཏེ། དེས་ན་དེ་ལོག་པས་ནི་མེད་པ་གོ་བར་བྱེད་པ་ཡིན་ནོ་ཞེ་ན་དེར་ཡང་ཞེས་བྱ་བ་སྟེ། ལྐོག་ཏུ་གྱུར་པའི་དོན་ལའོ། །རྗེས་སུ་དཔག་པས་ཡོད་པ་ལ་ཁྱབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཞེ་ན། རྗེས་སུ་དཔག་པ་ཞེས་བྱ་བ་སྟེ། གང་གི་ཚེ་རྗེས་སུ་དཔག་པ་མེད་ཀྱང་ལྐོག་ཏུ་གྱུར་པའི་དོན་དེ་ཡོད་པ་དེའི་ཚེ་རྫས་དེ་རྗེས་སུ་དཔག་པ་ལ་འཁྲུལ་པ་ཡིན་ནོ། །འདི་ཉིད་བརྗོད་པ་ནི། རྗེས་སུ་དཔག་པ་ལྡོག་པས་ནི་ཞེས་བྱ་བའོ། །འོན་ཏེ་རྗེས་སུ་དཔག་པས་ཡོད་པ་ལ་མ་ཁྱབ་མོད། ཡོད་པས་ནི་རྗེས་སུ་དཔག་བ་ཅི་ལྟར་མ་ཁྱབ་ཅེ་ན། འདས་པ་དང་ཞེས་གསུངས་སོ། །འདས་པ་དང་མ་འོངས་པའི་དོན་ནི་མེད་པ་ཡིན་ཏེ། དེ་ལྟ་ན་ཡང་དེ་དག་ལ་རྗེས་སུ་དགག་པ་མི་འཇུག་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་ལ་ཡང་ཡོད་པས་མ་ཁྱབ་པའོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་ལྡོག་པ་རྗེས་སུ་དཔག་པ་མེད་པ་མེད་པར་མི་འགྱུར་བ་མ་ཡིན་ནོ། །དེས་ན་ཤེས་པ་དང་ཤེས་བྱ་དག་བཞིན་དུ་དེ་མེད་པ་དག་ཀྱང་ཐ་དད་པ་ཁོ་ནའོ་ཞེ་ན་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །འོན་ཀྱང་དམིགས་པ་མེད་པ་ཉིད་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་ཞེས་བྱ་བའོ། །གལ་ཏེ་མ་དམིགས་པ་ཉིད་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཡོད་པ་མ་ཡིན་ཏེ། དེས་ན་ཅི་ལྟར་སྣང་བ་མི་དམིགས་པས་མེད་པའི་ཐ་སྙད་སྒྲུབ་ཅེས་དོགས་ན། ཡོད་པ་དང་དམིགས་པ་དག་དེའི་བདག་ཉིད་དུ་སྟོན་པས་མི་དམིགས་པ་དང་མེད་པ་དག་ཀྱང་དེའི་བདག་ཉིད་དུ་བརྗོད་པ་ནི། དེ་དག་གི་ཞེས་བྱ་བ་སྟེ་བལྟར་རུང་བ་རྣམས་ཀྱིའོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ལས་ཀྱི་ཆོས་སུ་གྱུར་པའི་དམིགས་པ་འཆད་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བྱེད་པ་པོའི་ཆོས་བསྟན་ཏོ། །ཁྱབ་པ་ཉིད་དོ་ཞེས་བྱ་བ་ནི་ཡོད་པ་ལའོ། །གལ་ཏེ་ལས་ཀྱི་ཆོས་


DTG186_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡིན་པའི་ཕྱོགས་ལ། ཅི་ལྟར་དམིགས་པ་ཉིད་ཡོད་པ་ཡིན་ཞེ་ན་དེ་ལས་ཞེས་བྱ་བ་སྟེ། ལས་ཀྱི་ཆོས་སུ་གྱུར་པའི་དམིགས་པ་དེ་ལས་ཡོད་པ་ཉིད་ཐ་དད་པ་མེད་ན་ཐ་དད་པར་རྟོགས་པ་མ་ཡིན་ཏེ། དེས་ན་དམིགས་པ་ཉིད་ཡོད་པ་ཡིན་ནོ། །འོ་ན་དམིགས་པ་བྱེད་པ་པོའི་ཆོས་ཡིན་པའི་ཕྱོགས་ལ་ཅི་ལྟར་ཡོད་པ་དམིགས་པ་ཉིད་ཡིན་ཞེ་ན། དེས་ན་ཞེས་བྱ་བའོ། །བྱེད་པ་པོའི་ཆོས་དམིགས་པ་ཐ་དད་པ་ནི་མི་འཁྲུལ་བའི་ཕྱིར་ན་ཡོད་པ་ཉིད་དམིགས་པ་ཡིན་ནོ། །འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་གསུངས་པ་ནི་ཐ་དད་པ་ཞེས་བྱ་བའོ། །ཐ་དད་པ་དངོས་པོ་དང་དུས་མཚུངས་པའི་དམིགས་པ་གང་ཡིན་པ་དེས་དོན་རྣམས་དམིགས་པ་ནི་མི་སྲིད་དོ། །འོན་ཇི་ལྟར་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །དངོས་པོ་དེར་རྗེས་སུ་ཆུད་པ་དམིགས་པར་བྱ་བའི་ལས་ཀྱི་ཆོས་སུ་གྱུར་པ་གང་ཡིན་པ་དེའི་མཚན་ཉིད་ཀྱི་དམིགས་པ་ལས་དོན་རྣམས་དམིགས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡོད་པ་དང་དམིགས་པ་དག་དེའི་བདག་ཉིད་ཡིན་པ་དེའི་ཕྱིར་རོ། །འདིས་ནི་དེ་ལའང་དམིགས་རུང་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ལས་ནི་ཞེས་བྱ་བ་ནི་ཡོད་པ་དང་དམིགས་པ་དག་དེའི་བདག་ཉིད་ཡིན་པ་ལས་སོ། །དེ་མི་དམིགས་པ་ཞེས་བྱ་བ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་དམིགས་པ་མེད་པ་ཉིད་དོ། །འདིས་ནི་དམིགས་པར་བྱ་བ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །གལ་ཏེ་ཤེས་པ་དང་ཤེས་བྱ་དག་དེའི་བདག་ཉིད་ཡིན་ཡང་དེ་མེད་པ་དག་ཅི་ལྟར་འདིའི་བདག་ཉིད་ཡིན་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཐ་དད་པས་ཞེས་བྱ་བའོ། །ཁྱད་པར་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་རྣམས་ཐ་དད་པས་དངོས་པོ་མེད་པ་རྣམས་ཐ་དད་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཐ་དད་པ་ཉིད་དོ། །ཁྱད་པར་དངོས་པོ་ཐ་དད་པས་དངོས་པོ་མེད་པ་ཐ་དད་པ་ན་ཁས་བླངས་ནས་བརྗོད་པ་ཡིན་གྱི་འདི་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བུམ་པ་དང་སྣམ་བུ་མེད་པ་དག་གི་ཁྱད་པར་ནི་དངོས་པོ་མེད་པ་ལས་ལྡོག་པས་བུམ་པ་དང་སྣམ་བུ་དག་གཅིག་ཡིན་པའི་ཕྱིར་ན་གཅིག་ཁོ་ནའོ། །དེས་ཅིར་འགྱུར་ཞེ་ན། དེས་ན་ཞེས་བྱ་བའོ། །ཁྱད་པར་


DTG186_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡིན་པའི་ཕྱིར་ན་བུམ་པ་དང་སྣམ་བུ་ལྡོག་པའི་སྒོ་ནས་གཅིག་ཉིད་དུ་གྱུར་པ་དག་གིས་དངོས་པོ་མེད་པ་གང་ཡིན་པ་དེ་དག་ཀྱང་གཅིག་ཁོ་ནའོ། །དེ་ལྟར་དངོས་པོ་གཉིས་ཐ་མི་དད་པས་ན། དེ་དག་མེད་པ་དག་ཀྱང་ཐ་མི་དད་པར་བསྟན་པ་ཡིན་ནོ། །ཡང་ན་དངོས་པོ་གཉིས་ཐ་དད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་དག་གི་དངོས་པོ་མེད་པ་དག་ནི་ཐ་དད་པ་མ་ཡིན་ནོ་ཞེས་བརྗོད་བ་ནི། དོན་དམ་པར་ནི་ཞེས་བྱ་བའོ། །དེས་ནི་མི་དམིགས་པ་ཉིད་མེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་དོན་འདི་ཡིན་ཏེ། གལ་ཏེ་བུམ་པ་མེད་པར་ས་གཞི་ལ་སོགས་པ་ཡོད་པ་ཉིད་ཡིན་ལ་མི་དམིགས་པ་ཡང་ས་གཞིའི་རང་བཞིན་ཡིན་ན་དེའི་ཚེ་མེད་པ་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་ན་སྣང་བ་མི་དམིགས་པ་དོན་མེད་དོ་ཞེས་བྱ་བ་ཡིན་ནོ། །དངོས་པོ་མེད་པ་ལ་ལོག་པར་རྟོགས་པ་མེད་པ་ཉིད་དེ། མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར་རོ། །མི་ཤེས་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའི་མཚན་ཉིད་ནི་མེད་པ་ཉིད་ཡིན་ནོ་ཞེས་མི་ཤེས་པ། གང་ཡིན་པའི་མི་ཤེས་པ་དང་མི་དམིགས་པ་ཉིད་མེད་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་མི་དམིགས་པ་སྟེ་རང་བཞིན་མི་དམིགས་པའི་དཔེ་གཅིག་འདོད་པ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་གང་ཞིག་ཅེས་བྱ་བའོ། །རྒོལ་བ་གཞན་བརྗོད་པ་ནི་གྲངས་ཅན་ཞེས་བྱ་བའོ། །ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནི། གལ་ཏེ་ཤེས་པ་དང་ཤེས་བྱ་མེད་པ་དག་ཐ་མི་དད་པར་རྟོགས་ན། དེའི་ཚེ་དེ་བསྟན་པ་དོན་མེད་དེ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོང་བ་དང་དམིགས་པ་དག་ཐ་མི་དད་ན། འོ་ན་མི་དམིགས་པ་དེར་བསྒྲུབ་པར་བྱ་བ་ཅི་ཞིག་ཡིན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་ཡུལ་ཞེས་བྱ་བའོ། །བུམ་པ་ལ་སོགས་པ་ཡོད་པ་ནི་ཡུལ་ཡིན་ལ། ཤེས་པ་དང་སྒྲ་ནི་ཡུལ་ཅན་ཡིན་ནོ། །བུམ་པ་ལ་སོགས་པ་ཡོད་པར་ཐེ་ཚོམ་ཟ་བ་ནི་ཡུལ་ཡིན་ལ། ཐེ་ཚོམ་ཟ་བའི་ཤེས་པ་དང་བརྗོད་པ་དག་ནི་ཡུལ་ཅན་ཡིན་ཏེ། ཡུལ་དེ་མེད་པས་ངེས་པར་མི་དམིགས་པ་དེར་ཡུལ་ཅན་ཤེས་པ་ལ་སོགས་པ་འགོག་པ་ཡིན་ཏེ། དེ་ལྟར་དེ་དགག་པ་བསྒྲུབ་པར་བྱ་བ་ཡིན་ནོ། །མི་སྣང་བ་མི་དམིགས་པ་ལ་ནི། ངེས་པ་ཡོད་པའི་ཐ་སྙད་ཉིད་འགོག་པ་ཡིན་གྱི་ཐེ་ཚོམ་


DTG186_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ལ་གཞན་དུ་ནི་འདི་མཐའ་དག་འགོག་པ་ཡིན་ནོ་ཞེས་སྔར་བརྗོད་ཟིན་ཏོ། །ཅི་དང་འདྲ་བར་ཞེ་ན་དཔེར་ན་ཞེས་བྱ་བའོ། །སྲེག་པར་བྱེད་པ་རྟོགས་པས་ནི་ཤེས་པ་དང་བརྗོད་པའི་མཚན་ཉིད་མེའི་ཐ་སྙད་དུ་ངེས་པ་འཇུག་པར་བྱེད་པ་ཡིན་ལ། ཐེ་ཚོམ་ཟ་བས་ནི་ཐེ་ཚོམ་ཟ་བ་ཡིན་ནོ། །མེ་དེ་མེད་ན་ནི་མེའི་ཐ་སྙད་མཐའ་དག་འགོག་པ་བཞིན་ནོ། །ཡང་འདིར་ཡུལ་ཅི་འདྲ་བ་ཞིག་ཡིན་པར་འདོད་ཅིང༌། འདི་ཡང་གང་ཞིག་ཡིན་ཞེ་ན། ཤེས་པ་དང་ཞེས་བྱ་བའོ། །དེ་དག་ཏུ་ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི་ཡུལ་ལ་ཐེ་ཚོམ་ཟ་བ་ནི་ཡུལ་ཡིན་ནོ་ཞེས་སྐབས་སུ་བབ་པའོ། །ཤེས་བརྗོད་ཐེ་ཚོམ་ཟ་བ་དག་ནི་ཡུལ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད་དེ་ལྟ་ན་ཡང་ཅི་ལྟར་ཡུལ་ཅན་འགོག་ཅེ་ན། ཡུལ་ཞེས་བྱ་བའོ། །གང་གིས་ཤེས་པ་ལ་སོགས་པ་འགོག་པ་དེའི་ཡུལ་ཅི་ལྟར་མེད་ཅེ་ན། བཟློག་པའི་ཞེས་བྱ་བའོ། །དཔེ་རྣམ་པར་འགྲེལ་པ་ནི་དཔེར་ན་ཞེས་བྱ་བའོ། །ཅི་ལྟར་འདི་ཐེ་ཚོམ་ཟ་བའི་མེ་འགོག་ཅེ་ན། ཕྱོགས་གཞན་དུ་ཞེས་བྱ་བའོ། །སྲེག་པར་བྱེད་པ་མེད་པའི་ཕྱོགས་ལས་གཞན་ནི་ཕྱོགས་ཏེ། སྲེག་པར་བྱེད་པ་ཡོད་པ་སྟེ་དེར་གྱུར་པའོ། །སྲེག་པ་ལ་ཐེ་ཚོམ་དུ་གྱུར་ན་ཞེས་བྱ་བའི་དོན་ཏོ། །མེར་ཐེ་ཚོམ་ཟ་བ་ཞེས་བྱ་བ་ནི། ཅི་འདི་མེའམ་འོན་ཏེ་མེ་མ་ཡིན་ཞེས་མེའི་ཐ་སྙད་ལ་ཐེ་ཚོམ་ཟ་བའོ། །དེ་མེད་ན་ནི་ཞེས་བྱ་བ་ནི་ཕྱོགས་གཞན་དུ་གྱུར་པའི་སྲེག་པར་བྱེད་པ་ཡོད་པ་མེད་ན་ནི་ལྡོག་པ་ངེས་པའི་སྲེག་པར་བྱེད་པ་མེད་པ་ཡོད་པའི་ཕྱིར། ཐེ་ཚོམ་ཟ་བའི་མེའི་ཐ་སྙད་དེ་སྲིད་པ་ལ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །ཅིའི་ཕྱིར་ཐ་སྙད་དགག་པ་བསྒྲུབ་ཀྱི་མེ་མེད་པ་ནི་མ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེ་ལྟར་སྣང་བ་མི་དམིགས་པ་ལ་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་རྣམ་པ་གཉིས་བརྗོད་ནས་ད་ནི་མེད་པ་དང་མི་དམིགས་པ་དག་དེའི་བདག་ཉིད་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་མེད་པའི་ཐ་སྙད་ཀྱི་འབྲས་བུ་ཅན་ཉིད་དུ་བསྟན་པ་ནི་ཅི་ལྟར་ཞེས་བྱ་བའོ། །སྲེག་བྱེད་མ་ཡིན་པ་ལས་མེ་མེད་པ་གཞན་ནི་མ་ཡིན་གྱི། འོན་ཀྱང་སྲེག་པར་བྱེད་པ་མེད་པ་ཉིད་མེ་མ་ཡིན་པ་དེ་བཞིན་དུ། དམིགས་སུ་རུང་བའི་མེད་པ་ཡང་མི་དམིགས་པ་ལས་གཞན་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་ཉིད་མེད་པ་ཡིན་ནོ། །དེ་ཡོད་པ་ལས་ཏེ། མི་དམིགས་པ་ཡོད་པ་ལས་དེའི་


DTG186_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ཅན་མེད་པའི་ཤེས་པ་དང༌། སྒྲ་མི་དམིགས་པའི་རྒྱུ་མཚན་ཅན་སྒྲུབ་པར་བྱེད་པ་ཡིན་གྱི། དངོས་པོ་མེད་པ་ནི་མ་ཡིན་ནོ། །ཆད་པ་ནི་དམིགས་པའི་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དམིགས་པ་གྲུབ་ནའོ། །དེ་བདག་ཉིད་ཅེས་བྱ་བ་ནི་མི་དམིགས་པའི་ངོ་བོ་ཉིད་དོ། །དེའི་བདག་ཉིད་མ་ཡིན་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རྟགས་དེ་ཉིད་མེད་པ་དང་མི་དམིགས་པ་འདིར་རོ། །འོན་ཏེ་མ་གྲུབ་པ་ལས་ཀྱང་བསྒྲུབ་བྱ་འགྲུབ་བོ་ཞེ་ན། མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་དུ་མ་ཉིད་ནི་མ་གྲུབ་པས་ཞེས་བྱ་བ་བསྒྲུབ་པར་བྱ་བ་སྒྲུབ་པའི་མཚན་ཉིད་ཀྱིས་རྟགས་མ་གྲུབ་པའི་འགྲུབ་པར་འགྱུར་བ་མ་ཡིན་ནོ། །ཅི་ལྟར་ན་རྟགས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་མ་གྲུབ་ཅེ་ན། མེད་པ་དང་མི་དམིགས་པ་འདི་ལ་ནི་དེའི་བདག་ཉིད་ཁས་མི་ལེན་ན་འབྲེལ་པ་མེད་པ་ཁོ་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཞེས་བྱ་བ་བསྒྲུབ་བྱ་བསྒྲུབ་པ་ཉིད་མ་གྲུབ་བའོ། །བསྒྲུབ་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་རྩོད་པ་རྗེས་སུ་བརྗོད་ནས། དེ་ཉིད་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པར་ལན་འདེབས་པ་ནི་བསྒྲུབ་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་རྟགས་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། མ་གྲུབ་པ་ནི་ཞེས་བྱ་བ་སྟེ། ཐ་དད་པ་ཉིད་དོ། །མ་གྲུབ་པས་ཞེས་བྱ་བ་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པས་སོ། །བསྒྲུབ་པར་བྱ་བ་ལས་སྒྲུབ་བྱེད་གྲུབ་ན་ཕན་ཚུན་རྟེན་པའི་ཉེས་པ་བརྗོད་པ་ནི་ཅི་སྲིད་དུ་ཞེས་བྱ་བའོ། །འོ་ན་ཅི་ལྟར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དངོས་པོ་འགྲུབ་ཅེ་ན། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཞེས་བྱ་བའོ། །འོན་ཏེ་དེའི་བདག་ཉིད་ལས་གཞན་པའི་འབྲེལ་པ་ཡོད་པ་ཉིད་དོ་ཞེས་དོགས་ན་དེ་ཉིད་འདིར་ནི་མ་གྲུབ་སྟེ་ཞེས་བྱ་བ་རྣམ་པར་འགྲེལ་ཏེ། བརྗོད་པ་ནི་མི་དམིགས་པ་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་དག་ཅེས་བྱ་བ་སྟེ། མི་དམིགས་པ་དང་མེད་པ་དག་གོ །གལ་ཏེ་ཞེས་བྱ་བ་ནི། གལ་ཏེ་དངོས་པོ་མེད་པར་ཤེས་པ་ཡིན་ན་ཞེས་འབྲེལ་ཏོ། །གང་གིས་ཞེ་ན། མི་དམིགས་པ་ལས་གཞན་པའི་ཚད་མས་སོ། །དེའི་ཕྱིར་ཞེས་བྱ་བ་དངོས་པོ་མེད་པ་ཚད་མ་གཞན་གྱིས་


DTG186_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཕྱིར་དངོས་པོ་མེད་པ་དང་ངོ༌། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་འགྲེལ་པ་གྲུབ་པའི་དོན་དུ་མི་དམིགས་པ་ཁོ་ནས་དངོས་པོ་མེད་པ་ཤེས་པ་ཡིན་ནའོ། །གལ་ཏེ་ཡང་ཕན་ཚུན་རྟེན་པ་ཉིད་ཀྱིས་གཉི་ག་རབ་ཏུ་མ་གྲུབ་པ་དེ་ལྟན་ཡང༌། ཕན་ཚུན་རྟོགས་པའི་མཚན་ཉིད་དེའི་འབྲས་བུ་ནི་གྲུབ་པར་འགྱུར་རོ་ཞེས་དོགས་པ་ནི་དེ་ཉིད་ཀྱི་ཕྱིར་ན་ཞེས་གསུངས་ཏེ། མ་གྲུབ་པ་ཉིད་ཀྱི་ཕྱིར་ནའོ། །ཕན་ཚུན་གྱིས་བྱས་པའི་འབྲས་བུ་འགྲུབ་པ་མ་ཡིན་ཏེ་སྐྱེ་བ་མ་ཡིན་ནོ། །དེ་ཕྱིར་དེ་མ་ཡིན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །འོན་ཏེ་དེའི་བདག་ཉིད་ཀྱི་འགྲེལ་པ་ཁས་ལེན་ན། དེའི་ཚེ་དེའི་བདག་ཉིད་ཀྱིས་ཞེས་བྱ་བའོ། །འདི་སྲིད་ཀྱིས་རྣམ་འགྲེལ་གྱི་ཕྱེད་སྔ་མ་བཤད་ནས། ཕྱེད་ཕྱི་མ་འཆད་པ་ནི་ཕྱིར་ཐ་སྙད་བསྒྲུབ་བར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །འཆད་པར་འགྱུར་བའི་རྩོད་པ་ཞེ་ཁོངས་ལ་བཞག་ནས་གསུངས་པ་ནི། སྣང་བ་ཞེས་བྱ་བའོ། །ཅི་ལྟར་འདི་དེར་ངེས་པ་ཡིན་ཏེ། བློ་དང་བྲལ་བ་ལ་སོགས་པ་ཡང་ཡོད་པའི་ཕྱིར་རོ་ཞེ་ན་གང་གི་ཕྱིར་བལྟར་རུང་བ་མ་མཐོང་བ་དེའི་འབྲས་བུ་ཡིན་ཡང༌། བློ་སྒྲ་ཐེ་ཚོམ་མེད་དེ་ངེས་པ་ཡིན་ནོ། །ཅི་ལྟར་དེ་ལ་དེ་དག་ངེས་ཤེ་ན་སྣང་བ་མ་མཐོང་ན་ཞེས་བྱ་བའོ། །དེས་ན་དེའི་འབྲས་བུ་ཡིན་ཡང་དེ་དག་ངེས་པར་འགྲུབ་བོ། །དེ་ཉིད་ཀྱི་ཕྱིར་མེད་པའི་ཐ་སྙད་ཀྱི་ཡུལ་དུ་རུང་བ་ཉིད་ནི་མི་དམིགས་པའི་རང་བཞིན་ཉིད་ཀྱིས་འགྲུབ་པ་ཡིན་ནོ། །རྩོད་པ་གཞན་བརྗོད་པ་ནི་ཐ་སྙད་ཀྱང་ཞེས་བྱ་བའོ། ལྷུར་བྱ་བའི་དོན་གྱིས་རྩ་བ་རྣམ་པར་འགྲེལ་པས་ལན་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །རྩོད་པ་གཉིས་པ་ལ་བརྗོད་པ་ནི། དེ་ཙམ་གྱི་ཞེས་བྱ་བ་སྟེ་མི་དམིགས་པ་ཙམ་གྱི་རྒྱུ་མཚན་གྱིས་སོ། །ཅིའི་ཕྱིར་ཞེ་ན། རུང་བ་ཉིད་ནི་ཞེས་བྱ་བའོ། །གལ་ཏེ་མི་དམིགས་པ་ཡོད་ཀྱང་འགའ་ཞིག་ཐ་སྙད་མི་འཇུག་པ་ཁོ་ན་མ་ཡིན་ནམ། དེས་ན་ཅི་ལྟར་དེ་ལ་བལྟོས་ཏེ་རུང་བ་ཉིད་མི་དམིགས་པའི་རང་བཞིན་ཡིན་ཞེ་ན། སེམས་དང་ལྡན་པ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་སྣང་བ་མི་དམིགས་པ་མཐོང་བ་ལས་སོ། །གལ་ཏེ་ལུས་དང་ངག་གིས་ཐ་སྙད་འཇུག་པར་མི་བྱེད་པ་ཅི་ལྟར་ཡིད་ཀྱི་ཐ་སྙད་འཇུག་པར་བྱེད་ཅེ་ན་དངོས་པོ་མེད་པའི་ཞེས་བྱ་བའོ། །ཅི་


DTG186_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དེ་གཉིས་མི་འཇུག་ན་དེ་ལ་མི་དམིགས་པ་ཅི་ལྟར་ཚད་མ་ཡིན་ཞེ་ན། ཚད་མ་ནི་ཞེས་བྱ་བའོ། །རྟོགས་པ་སྟེ་མེད་པར་ཤེས་བ་སྒྲུབ་པས་ཡིན་གྱི། ལུས་ལ་སོགས་པའི་ཐ་སྙད་སྒྲུབ་པས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལ་ཡང་མི་དམིགས་པའི་རང་བཞིན་གྱི་རུང་བ་གྲུབ་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟར་མི་དམིགས་བ་མེད་པའི་ཐ་སྙད་དུ་རུང་བ་ཉིད་ལ་མི་འཁྲུལ་པར་གྲུབ་པ་དེའི་ཕྱིར་སྣང་བ་མི་དམིགས་པའི་བདག་ཉིད་ཅན་གྱི་ཡུལ་ཡོད་ན་ཡང་རྨོངས་པས་འཇིམ་གོང་ལ་སོགས་པ་འདིར་རྟོགས་པར་བྱ་བ་མེད་པའི་ཐ་སྙད་ལ་སོགས་པ་འཇུག་པར་མི་བྱེད་པ་མི་བརྗོད་དག་ལ་བརྡ་དྲན་པར་བྱེད་པ་འབའ་ཞིག་གོ །ཅི་འདྲ་བ་ཞིག་འཇིག་རྟེན་ན་སྣང་དུ་རུང་བ་ལས་མི་དམིགས་པས་ན་མེད་པའི་ཐ་སྙད་ཀྱི་ཡུལ་དུ་སྒྲུབ་པ་དང༌། གང་ལ་ཁྱོད་ཀྱིས་ཀྱང་མེད་པའི་ཐ་སྙད་བྱས་པ་དེ་དང་འདི་འདྲ་བ་ཡིན་ཏེ། དེས་ན་འདི་གྲུབ་པའི་ཡུལ་དང༌། ཆོས་མཐུན་པ་ལས་འདིར་ཡང་མེད་པའི་ཐ་སྙད་ཀྱི་ཡུལ་ལ་ཞུགས་ཤིག་ཞེས་སོ། །བསྡུ་བའོ་ཞེས་བྱ་བ་ནི་རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ་ཅེས་བྱ་བ་དེའིའོ། །ཅི་དང་འདྲ་བར་མེད་པའི་ཐ་སྙད་བསྒྲུབ་ཅེ་ན། ཅི་ལྟར་ཞེས་བྱ་བའོ། །འོ་ན་ཅི་ལྟར་དོན་ཐ་དད་པ་མེད་པར་སྒྲ་ཐ་དད་དུ་འགྱུར་ཞེ་ན། དེ་གཉིས་ལ་ནི་ཞེས་བྱ་བའོ། །གལ་ཏེ་རྒྱུ་དང་འབྲས་བུ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་ཁོ་ན་མ་ཡིན་ནམ། དེ་ཅི་ལྟར་ན་དེའི་ཐ་སྙད་བསྒྲུབ་པ་ཡིན་ཞེ་ན། མཐོང་བ་དང་ཞེས་བྱ་བའོ། །འདིའི་འབྲས་བུ་ཞེས་པའི་སྒྲས་ནི་དོན་འདི་བརྗོད་པ་ཡིན་ཏེ། འདི་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་དེ་མེད་ཀྱང་ཡོད་པར་གྱུར་ནའོ། །རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་གྱི་འབྲེལ་པ་གཞན་དོན་མེད་དེ། མེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟར་ཡིན་ན་ཞེས་བྱ་བ་ནི་དེ་མེད་པར་འབྱུང་བ་ཡིན་ནའོ། །དེ་ཉིད་ཅེས་བྱ་བ་ནི་ལྡོག་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པ་ལ་དོན་ནི་འདི་ཡིན་ཏེ། གཉིས་ལ་གནས་པའི་འབྲེལ་པ་གཞན་ཡོད་ན་དེ་མེད་ན་མེད་ལ། དེ་ཡོད་ན་ཡང་ཡོད་དོ་ཞེས་བྱ་བར་འགྱུར་གྱི། འབྲེལ་པ་མེད་ན་ནི་འདི་དག་བུམ་པ་དང་སྣམ་བུ་བཞིན་དུ་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ལན་ལ་ཡང་དོན་


DTG186_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ཏེ། གལ་ཏེ་གཉིས་ལ་གནས་པའི་འབྲེལ་པ་ཡོད་པས། མེ་ཡོད་ན་དུ་བ་ཡོད་དོ་ཞེས་བྱ་བར་འདོད་ན། དེའི་ཚེ་དུས་མཚུངས་བ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་མེའི་དུས་ན་དུ་བ་མེད་ན་ཅི་ལྟར་གཉིས་ལ་གནས་པའི་འབྲེལ་པར་འགྱུར་རོ། །དེས་ན་ཅི་ལྟར་འབྲེལ་པ་ཡོད་པས་རྗེས་སུ་འགྲོ་བ་དང་ལྡོག་པར་འགྱུར་བ་ཡིན་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་དུ་བ་སྐྱེས་པ་ལས་སོ། །གཉིས་ལ་གནས་པའི་འབྲེལ་བ་དེ་གང་གིས་ཡིན་ཏེ་འབྲེལ་པ་ཅན་གཉིས་པོ་མེད་པའི་ཕྱིར་འགའི་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཡོད་པ་ལ་ཞེས་བྱ་བ་ནི་མེ་ཉིད་ཡོད་པ་ལའོ། །འབྲེལ་པ་གཉིས་ལ་གནས་པར་ཁས་མི་ལེན་གྱི་འོན་ཀྱང་འབྲས་བུ་སྐྱེ་བར་རུང་བ་ཉིད་ཡིན་ལ། དེ་ལའང་རྒྱུའི་དུས་ན་ཡོད་པ་ཁོ་ནའོ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །ལན་ནི་རྒྱུ་ཉིད་ལས་ནི་ཞེས་བྱ་བའོ། །རྒྱུ་ལས་འབྲས་བུ་འབྱུང་བ་ཡིན་ནོ་ཞེས་བྱ་བར་མངོན་སུམ་དུ་མི་དམིགས་པས་གྲུབ་པའི་ཕྱིར་རིགས་པ་དང་ལྡན་པ་ཡིན་གྱི། །དེ་ལས་ཐ་དད་པའི་རུང་བ་ཉིད་ནི་རིགས་པ་དང་ལྡན་པ་མ་ཡིན་པའོ། །གལ་ཏེ་འབྲེལ་པ་ཐ་དད་པ་མེད་ན། ཅི་ལྟར་རྒྱུ་ལས་འབྲས་བུ་འབྱུང་བར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དུ་བསྐྱེད་པར་ནུས་པའི་མེ་ནི་རང་གི་རྒྱུ་ཁོ་ནས་བསྐྱེད་པ་ཡིན་ལ། དེས་ནི་དུ་བསྐྱེད་པ་ཡིན་ནོ། །རྒྱུ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་རྗེས་སུ་འགྲོ་བ་དང་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལས་རྒྱུ་དང་འབྲས་བུ་ཉིད་གཞན་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་མཐོང་བ་དང་མ་མཐོང་ལས་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཞེས་བྱ་བའོ། །དོན་ཐ་དད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་དོན་ལས་རྒྱུ་དང་འབྲས་བུ་ཉིད་ཀྱི་དོན་ཏོ། །སྒྲ་གཞན་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒྲ་ལས་རྒྱུ་དང་འབྲས་བུ་ཉིད་ཀྱི་སྒྲའོ། །གལ་ཏེ་དེ་ཡིན་པ་དེ་ལྟན་ཡང་ཕྱོགས་ཀྱི་ཆོས་རྣམ་པ་དགུར་བསྟན་པ་འདི་སོགས་སུ་ཅི་སྟེ་མ་བསྟན་ཅེ་ན། དེས་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་མེད་པའི་ཐ་སྙད་དུ་བྱར་རུང་བ་མི་དམིགས་པའི་རང་བཞིན་ཡིན་པ་དེས་ན། སྣང་བ་མི་དམིགས་པ་ནི་མཚན་ཉིད་ཀྱི་རྒྱུ་ལས་འབྲས་བུ་སྐྱེར་རུང་


DTG186_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་བསྒྲུབ་པས་ན་འདི་ནི་རང་བཞིན་གྱི་གཏན་ཚིགས་ནང་དུ་འདུས་པ་དེའི་ཕྱིར་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ལ་འདི་ཐ་དད་པར་དཔེར་མ་བསྟན་ཏོ། །ཅི་ལྟར་མི་དམིགས་པ་རང་བཞིན་གྱི་ནང་དུ་འདུ་ཞེ་ན། ནུས་པའི་ཞེས་བྱ་བའོ། །འབྲས་བུའི་རང་བཞིན་དུ་ཞེས་བྱ་བ་ནི་འབྲས་བུ་བསྐྱེད་པར་རུང་བའི་རང་བཞིན་ཉིད་དོ། །གལ་ཏེ་མི་དམིགས་པ་ནི་དོན་གྱི་བདག་ཉིད་དུ་མ་གྲུབ་པའི་ཕྱིར། རུང་པའི་བདག་ཉིད་དུ་མ་གྲུབ་པས་ན་ཅི་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་ཤེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་དེའི་བདག་ཉིད་ཅེ་ན་ཅི་ལྟར་ཞེས་བྱ་བའོ། །འདི་ཉིད་བརྗོད་པ་ནི་བདག་མེད་པ་ཞེས་བྱ་བའོ། །ཅི་ལྟར་དབེན་པ་དམིགས་པ་ཉིད་མི་དམིགས་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་གཅིག་དམིགས་པ་ཉམས་སུ་མྱོང་བ་ལས་དྲན་པ་ལ་གནས་པའི་དགག་པར་བྱ་བ་འདི་མ་དམིགས་ལ། ས་ཕྱོགས་ལ་སོགས་པ་འདི་ནི་དམིགས་སོ་ཞེས་བྱ་བར་རྟོགས་པ་ཅན་གྱི་བློ་སྐྱེ་བར་འགྱུར་རོ། །ཅི་ལྟར་ས་ཕྱོགས་དགག་པར་བྱ་བས་དབེན་པར་དམིགས་པ་ཉིད་དེ་མེད་པ་ཡིན་གྱི་དེ་ལས་ཐ་དད་པ་ནི་མ་ཡིན་ཞེ་ན་སྟོང་པའི་ཞེས་བྱ་བའོ། །ཚད་མའི་སྤྱོད་ཡུལ་དུ་རྣམ་པར་དཔྱོད་པ་དེར་རུང་བ་སྟེ་ཚད་མས་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་གྲུབ་པ་ཉིད་དོ་ཞེ་ན་དབེན་པའི་བདག་ཉིད་ཀྱི་དངོས་པོ་མེད་པ་དེ་ནི་རང་བཞིན་གྱི་ངོ་བོ་ཙམ་དུ་གྲུབ་ཀྱང་མི་འདྲ་བ་ལ་སོགས་པ་ཅུང་ཟད་ཀྱང་གྲུབ་པ་མ་ཡིན་ནོ། །འོན་ཏེ་ཅིའི་ཕྱིར་མེད་ཀྱང་གཞན་དག་ཁས་ལེན་ནོ་ཞེ་ན། དེ་ནི་ཞེས་བྱ་བའོ། །དངོས་པོ་རྣམས་འཆོལ་བར་རྟོགས་པ་སྟེ། དངོས་པོ་མེད་པ་སྟོང་པའི་བདག་ཉིད་མེད་ན་འཆོལ་བར་འགྱུར་ཞེས་སེམས་པ་དེའི་ལྟ་བ་གང་ལ་ཡོད་པ་དེ་དག་གི་དངོས་པོ་མེད་པ་དེ་ལྟར་མི་འཆོལ་བར་བྱེད་པ་ཉིད་དུ་འདོད་པ་ཡིན་ཏེ། དེས་ན་ཅི་ལྟར་དེ་ཅི་ཡང་བྱེད་པ་མ་ཡིན་པར་འགྱུར། ཅུང་ཟད་བྱེད་པ་ཡང་མ་འདྲེས་པ་རྣམས་མ་འདྲེས་པར་བྱེད་པས་ནའམ། འདྲེས་པ་རྣམས་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །དེ་ལ་ཞེས་བྱ་བ་ནི་ཕྱོགས་འདི་གཉིས་ལའོ། །དང་པོ་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །གཉིས་པ་འགོག་པ་ནི་འོན་ཏེ་ཞེས་བྱ་བའོ། །


DTG186_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྟོང་པའི་རང་བཞིན་གྱི་དངོས་པོ་མེད་པ་མེད་ན། འོ་ན་ཅི་ལྟར་ས་ཕྱོགས་ན་བུམ་པ་མེད་ཅེས་ཐ་དད་པར་སྟོན་ཅེ་ན། དེའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཐ་དད་པར་རོ། །སྟོན་པ་ནི་རྣམ་པ་བརྗོད་པ་ནི་བུམ་པ་ཞེས་བྱ་བའོ། །གལ་ཏེ་དབེན་པ་ཉིད་གཞན་མེད་མོད། དེ་དམིགས་པ་གོ་ཅི་ལྟར་མི་དམིགས་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཅི་མ་དམིགས་སྙམ་ན། དྲན་པ་ལ་མངོན་དུ་གནས་པའི་དགག་པར་བྱ་བ་འདི་ནིའོ། །ས་ཕྱོགས་ཞེས་བྱ་བ་ནི་དབེན་པའི་ས་ཕྱོགས་ཉམས་སུ་མྱོང་བ་ཉིད་གཞན་མ་དམིགས་པ་ཡིན་གྱི། ཤེས་པ་གཏན་མེད་པ་ནི་མ་ཡིན་ནོ། །འོ་ན་དེའི་བདག་ཉིད་འགོག་པའི་ཕྱོགས་ལ་ཅི་ལྟར་གཞན་དམིགས་པ་ཡིན་ཞེ་ན། གང་གི་ཕྱིར་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་མྱོང་བཞིན་པའི་ཕྱོགས་ལ་སོགས་པའོ། །གཞན་གྱི་ཞེས་བྱ་བ་ནི་དྲན་པ་ལ་གནས་པའི་བུམ་པ་ལ་སོགས་པའི་རང་བཞིན་དུའོ། །རང་བཞིན་དེས་དེ་ལྟར་མ་དམིགས་ཀྱང་ཅི་ལྟར་དེས་དབེན་པ་ཡིན་ཞེ་ན། གཅིག་དམིགས་ཞེས་བྱ་བ་ལ་སོགས་པ་འདིར་རོ། །གང་ཞེ་ན། དེའི་ཞེས་བྱ་བ་སྟེ་བུམ་པ་ལ་སོགས་པའོའོ། །འདི་ནི་ཞེས་བྱ་བ་ནི་ས་ཕྱོགས་སོ། །ས་ཕྱོགས་བུམ་པ་ལ་སོགས་པའི་བདག་ཉིད་དུ་མ་དམིགས་པ་ཉིད་དོ་བུམ་པ་ལ་སོགས་པའི་དབེན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་བསམ་པས་ལྡོག་པ་མེད་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །བུམ་པ་ལ་སོགས་པའི་དངོས་པོ་དེས་ཕྱོགས་འདི་ན་མེད་པའོ་ཞེས་དེ་ལྟར་བུམ་པ་ལ་སོགས་པ་དེ་མེད་པར་བསྒྲུབ་པར་བྱ་བའོ། །བཟློག་སྟེ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བཟློག་པ་སྟེ། ས་ཕྱོགས་ལ་སོགས་པ་ཡོད་པ་ལ་དངོས་པོ་མེད་པའི་སྒྲས་བརྗོད། ཅི་ལྟར་ས་ཕྱོགས་ལ་སོགས་པ་ཉིད་དུ་བུམ་པའི་རང་བཞིན་དུ་མེད་པར་བསྒྲུབ་སྟེ་དངོས་པོ་མེད་པར་གཞན་ཉིད་བསྒྲུབ་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལན་ནི་འདི་ནི་ཞིག་ན་ཞེས་བྱ་བའོ། །གང་གི་ཚེ་ཞེ་ན་གལ་ཏེ་ཞེས་བྱ་བའོ། །འདིའི་ཞེས་བྱ་བ་ནི། ས་ཕྱོགས་བུམ་པའི་རང་བཞིན་དུ་མེད་དོ་ཞེས་བྱ་བར་བརྗོད་པའིའོ། །གལ་ཏེ་ས་ཕྱོགས་ལ་སོགས་པའི་དོན་དངོས་པོའི་རང་བཞིན་དུ་གྱུར་པ་གཞན་ནང་དུ་མི་འདུ་བ་ཡིན་ནའོ། །ནང་


DTG186_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་འདུ་བ་ཡིན་ཏེ། དེས་ན་ཕྱོགས་ཉིད་བུམ་པ་མེད་པའི་རང་བཞིན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཅི་ལྟར་དངོས་པོ་དངོས་པོ་མེད་པའི་རང་བཞིན་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེའི་ནི་བུམ་པའི་རང་བཞིན་གྱིས་སོ། །འདི་ཡིས་ཞེས་བྱ་བ་ནི་ས་ཕྱོགས་ཀྱིས་སོ།། འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་ནི་ས་ཕྱོགས་སོ། །འདིས་ནི་བུམ་པས་སོ། །བུམ་པ་འདི་ཡང་ས་ཕྱོགས་དེས་སོ། །དེ་ལྟར་ཤིན་ཏུ་གསལ་བའི་དོན་ས་ཕྱོགས་བུམ་པ་མེད་པའི་རང་བཞིན་ཡིན་པ་ལ་གཞན་དག་དངོས་པོ་མེད་པ་ཐ་དད་པ་ཡོད་པ་ཡིན་ནོ་ཅི་ལྟར་རྨོངས་པར་རིགས། གང་གི་ཕྱིར་དེ་ལྟར་དངོས་པོ་མེད་པ་ཐ་དད་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ན། བུམ་པ་ལ་སོགས་པ་དེས་དབེན་པ་ཉིད་ས་ཕྱོགས་འདིར་བུམ་པ་དེའི་དངོས་པོ་མེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་འདིར་མི་དམིགས་པ་ཉིད་དམིགས་པ་ཡིན་པར་ཅི་ལྟར་འགྱུར་ཞེ་ན་གང་གི་ཕྱིར་ཞེས་བྱ་བའོ། །ཤེས་པ་གཞན་ཞེས་བྱ་བ་ནི་ས་ཕྱོགས་ཀྱི་ཤེས་པའི་དམིགས་པ་གང་ཡིན་པ་དེ་བུམ་པའི་མི་དམིགས་པ་ཡིན་དུ་ཆུག་མོད། ཤེས་བྱ་གཞན་ཞེས་བྱ་བ་ནི། ས་ཕྱོགས་ཀྱི་ཤེས་པའི་དམིགས་པ་ཉིད་བུམ་པ་མེད་པར་ཅི་ལྟར་ཡིན། ས་ཕྱོགས་ཤེས་པ་བུམ་པ་ཤེས་པ་མེད་པ་ཡིན་མོད། བུམ་པ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་དང་ཞེས་བྱ་བ་ལ་སོགས་པའི་ལན་གྱི་མདོ་དོན་ནི་འདི་ཡིན་ཏེ། དམིགས་པ་ཉིད་དོན་རྣམས་ཀྱི་ཡོད་པ་ཡིན་པ་དེས་ན། ཤེས་པ་མེད་པ་ཉིད་ཤེས་བྱ་མེད་པ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་བཤད་པ་སྔ་མར་ནིའམ་གྱི་སྒྲ་ལ་མ་རེག་གོ །དེའི་རྗེས་ལ་ནི་བསྡུ་བའི་དོན་དུ་བཤད་དོ། །དེ་ནི་ཁོ་ནའི་དོན་དུ་འཆད་པའོ། །དམིགས་སོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བསྐྱེད་པའི་སྒོ་ནས་ཡུལ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དམིགས་པ་ཉིད་དུ་ངེས་པར་བྱས་པ་ལ་དམིགས་པ་ཞེས་བརྗོད་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་འགྲོ་བ་ན་རྩ་ལ་རེག་པ་དང༌། འདྲ་བའི་ཕྱིར་དམིགས་པས་དམིགས་པའི་རྣམ་པར་གཞག་པ་ཉམས་སུ་མྱོང་བ་མ་ཡིན་ནོ། །དེ་བཞིན་དུ་མ་དམིགས་སོ་སྙམ་པའི་ཞེན་པ་ལས་ཀྱང་མ་དམིགས་པར་བརྗོད་པ་ཡིན་ནོ།།


DTG186_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཞེས་བྱ་བ་ནི་འདི་མེད་པའོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱི་དངོས་པོ་མེད་པའི་ཚད་མས་བསྒྲུབ་པའི་དངོས་པོ་མེད་པ་ཡོད་པ་ཉིད་ལས་དངོས་པོ་རྣམས་ཀྱི་ཁྱད་པར་མ་འཆོལ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །མྱོང་བ་ཁྱད་པར་ཅན་ཉིད་ལས་ཞེས་བྱ་བ་ནི། དངོས་པོ་མེད་པའི་ཚད་མས་བསྒྲུབས་པའི་དངོས་མེད་ལས་ནི་མ་ཡིན་པའོ། །ཁྱད་པར་ཅན་ཞེས་བྱ་བ་ནི་མ་འདྲེས་པའོ། །གལ་ཏེ་མྱོང་བའི་ཁྱབ་པར་སྒྲུབ་པར་བྱེད་པ་གང་ཡིན་ཞེ་ན། དེ་ལྟའི་ཞེས་བྱ་བའོ། །མྱོང་བ་འདིའི་སོ་སོར་ངེས་པའི་བདག་ཉིད་ཉམས་སུ་མྱོང་བ་ཉིད་ཐ་དད་པའི་བློའི་རྒྱུ་ཡིན་ནོ། །དེ་ནི་མྱོང་བ་གཞན་ནམ་དངོས་པོ་མེད་པའི་ཁྱད་པར་ཅན་མ་ཡིན་ཏེ། དེས་ན་ཐུག་པ་མེད་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཕྱེད་སྔ་མ་ལྡོག་པའི་སྒོ་ནས་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །མྱོང་བར་བྱ་བ་ཞེས་བྱ་བ་ས་ཕྱོགས་ཀྱི་ཁྱད་པར་མ་འཆོལ་བ་གང་ཡིན་པ་དེ་རྟོགས་པར་མི་འགྱུར་རོ། །གལ་ཏེ་ས་ཕྱོགས་ཀྱི་ཤེས་པ་བུམ་པའི་ཤེས་པ་ལས་མི་ལྡོག་ནས་ཕྱོགས་ཀྱང་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རིགས་པར་བྱ་བ་ཕྱི་རོལ་གྱི་ཁྱད་པར་རྟོགས་པ་མེད་པར་བསྟན་ཏོ། །ད་ནི་ཕྱེད་ཕྱི་མ་ལྡོག་པའི་སྒོ་ནས་རྣམ་པར་འགྲེལ་པས་འཛིན་པར་བྱེད་པ་ཡང་འཛིན་པར་བྱེད་པ་གཞན་ལས་མི་ལྡོག་ན། ཁྱད་པར་རྟོགས་པ་མེད་པར་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་རང་བཞིན་ཅན་ཞེས་བྱ་བ་ནི་ས་ཕྱོགས་ཀྱི་རྣམ་པ་ཅན་གྱི་ཤེས་པའོ། །དེའི་ཡང་ཞེས་བྱ་བ་ནི་དེའི་ཤེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ས་ཕྱོགས་ཀྱི་ཡང་ངོ༌། །ཁྱད་པར་ཞེས་བྱ་བ་ནི་མ་འཆོལ་བ་ཉིད་དོ། །སྔར་བཤད་ཟིན་པའི་རྩོད་པ་ཉིད་དངོས་སུ་བཟློག་པའི་ཕྱིར་དོགས་པ་བསུ་བ་ནི། དངོས་པོ་མེད་པ་ཞེས་བྱ་བའོ། །དེའི་ཡང་དངོས་པོ་ལྡོག་པའི་དངོས་པོ་མེད་པའི་རང་བཞིན་ལ་འདི་ནི་དོན་མེད་དོ་ཞེས་ཤེས་པའི་རིགས་པས་ཁྱད་པར་ཅན་ཉིད་རྟོགས་སོ་ཞེ་ན། དབྱེ་བ་ཞེས་བྱ་བ་ནི་ལན་ནོ། །ནམ་གྱི་ཚེ་ཞེ་ན་དབྱེ་བ་མེད་པ་མངོན་སུམ་གྱིས་རིག་པ་ནའོ། །བསྟན་ཟིན་པས་ཞེས་བྱ་བ་ནི་ཚད་མ་སླུ་བ་མེད་པ་ཅན་གྱིས་ཞེས་བྱ་བ་དེར་རོ། །དེས་ན་དངོས་པོ་མེད་པ་རིགས་པས་ནི་མ་འདྲེས་པར་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་


DTG186_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁྱད་པར་ཅན་ཉམས་སུ་མྱོང་བ་ཉིད་མ་འཆོལ་བའི་སྒྲུབ་པར་བྱེད་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་དྲན་པ་མེད་པར་ནི་འདི་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་དངོས་པོ་མེད་པའི་ཤེས་པ་ཡོད་པར་མི་སྲིད་དོ། །གང་གི་ཕྱིར་ཁྱད་པར་ཅན་ཉམས་སུ་མྱོང་བ་མེད་པར་ནི་དངོས་པོ་མེད་པའི་ཤེས་པའི་རྒྱུར་གྱུར་པའི་དྲན་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཁྱད་པར་ཅན་ཉམས་སུ་མྱོང་བ་ཉིད་མ་འདྲེས་པར་གྲུབ་པར་བྱེད་པ་ཡིན་ནོ་ཞེས་དོགས་པའོ། །འཆད་པ་ནི་བཟློག་ཟླ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་འདི་ལྟར་བསམས་པ་ཡིན་ཏེ། སྔར་ནི་མ་འདྲེས་པ་ཉམས་སུ་མྱོང་བ་ཡིན་ཏེ། དེ་དྲན་པ་ནི་དེའི་སྟོབས་ཀྱིས་དུས་གཞན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའོ། །ལན་ནི་དེ་ལྟར་ཡིན་ན་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་དེ་ལྟར་བའི་ས་ཕྱོགས་སོ། །ཅི་ལྟར་དྲན་པའི་བག་ཆགས་འཇོག་པར་བྱེད་པའི་ཉམས་སུ་མྱོང་བ་མ་འདྲེས་པའི་དངོས་པོ་འཛིན་པར་བྱེད་པར་ཁས་ལེན་པ་དེ་བཞིན་དུ་དྲན་པ་ཉེ་བར་སད་པར་བྱེད་པ་ཡང་ཁས་བླང་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་དེ་ཉིད་མ་འཆོལ་བའི་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་མ་འཆོལ་བར་བསྒྲུབ་པའི་དོན་ལ་ནི་དངོས་པོ་མེད་པའི་དོན་མེད་པ་ཁོ་ནའོ། །དོན་མེད་པ་ཡོད་པ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་མངོན་སུམ་གྱིས་གྲུབ་པའི་དངོས་པོ་མེད་པའི་ཐ་སྙད་ལ་དངོས་པོ་མེད་པ་གཞན་གྱིས་བསྒྲུབས་པས་ཅི་བྱ། འདིས་ནི་མ་རྨོངས་པ་ལ་མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རྨོངས་པའི་དབང་དུ་བྱས་ཏེ་བརྗོད་པ་ནི་ཐ་སྙད་ཅེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་ཅན་ཉམས་སུ་མྱོང་བའོ། །གང་གི་ཕྱིར་དེ་ལྟར་དངོས་པོ་མེད་པ་ལམ་འཆོལ་བ་མི་འགྲུབ་པ་དེའི་ཕྱིར་རོ། །དངོས་པོ་རྣམས་ཐ་དད་པ་ཡིན་ཡང་ཅི་ལྟར་ཕན་ཚུན་མེད་པ་ཡིན་ཞེ་ན། ཐ་དད་དེ་ཉིད་ཅེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །བློ་ཞེས་བྱ་བ་ནི་ས་ཕྱོགས་དང་བུམ་པའི་ཤེས་པ་དག་གོ །དེའི་དོན་ཞེས་བྱ་བ་ནི་ས་ཕྱོགས་དང་བུམ་པ་དག་གིས་དབྱེ་བ་འགྲུབ་པའོ། །དེ་ལྟ་མིན་ཞེས་བྱ་བ་ནི་


DTG186_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པས་བསྒྲུབ་པའི་དངོས་མེད་ཀྱི་ཐ་དད་པ་འགྲུབ་ནའོ། །འཆད་པ་ནི་བློ་ནི་ཞེས་བྱ་བའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་རང་རིག་པས་གྲུབ་པ་གཞན་ལས་ལྡན་པའི་ཤེས་པ་ལས་སོ། །ད་ནི་ཕྱེད་ཕྱི་མ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚད་མས་ཐ་དད་པར་བསྒྲུབ་ནའོ། །ཅི་ལྟར་ཐུག་པ་མེད་ཅེ་ན། འདི་ལྟར་ཞེས་བྱ་བའོ། །དངོས་པོ་མེད་པའི་ཚད་མས་དངོས་པོ་མིན་པ་འགྲུབ་པ་ཡིན། གལ་ཏེ་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ན་དེའི་ཚེ་དངོས་པོ་མེད་པའི་ཚད་མ་དེ་ཡང་ཟླ་བོར་གྱུར་བའི་བུམ་པ་དྲན་པ་གཞན་གྱིས་ངེས་པར་གཟུང་བ་ཡིན་ལ་དྲན་པ་ཡང་བཟློག་པའི་ཟླ་བོ་ཉིད་ཀྱི་མངོན་སུམ་གྱིས་བཟུང་བ་ཤིང་རྟས་སྟོང་བ་གཞན་མེད་པ་ཉིད་ཀྱིས་ཡིན་ནོ། །དེས་ན་སྔར་མངོན་སུམ་གྱིས་བུམ་པ་ཤིང་རྟས་དབེན་པ་ཉིད་དུ་བཟུང་བ་ནི་དངོས་པོ་མེད་པ་ནི་དོན་མེད་དོ། །དེ་དང་འདྲ་བར་ད་ལྟར་ཡང་བུམ་པས་དབེན་པའི་ཤིང་རྟ་མངོན་སུམ་ཉིད་ཀྱིས་འཛིན་པར་འགྱུར་རོ། །དེས་ན་དངོས་པོ་མེད་པས་ཅི་ཞིག་བྱ་ཞེས་དགོངས་པའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །འོན་ཏེ་ད་ལྟ་དོན་མེད་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡང་ཞེས་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི་སྔར་གྱི་དུས་ན་ཡོད་པའི་བུམ་པ་ལའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་དེ་ལས་གཞན་པའི་དངོས་པོ་མེད་པའི་ཚད་མ་སྐྱེས་པའི་དུས་ན་ཡང་ངོ༌། །དེ་བཞིན་དུ་དེ་ལས་གཞན་པའི་དངོས་པོ་མེད་པ་སྐྱེ་བའི་དུས་སུ་ཡང་དྲན་པ་ལ་ལྟོས་པས་ཐུག་པ་མེད་དོ། །གལ་ཏེ་ཕྱིར་འཛིན་པ་སྔར་བཟློག་ཟླ་ཉིད་དུ་ཅི་ལྟར་དྲན་ཞེ་ན། འདི་ནི་ཞེས་བྱ་བ་སྟེ་ཐུག་པ་མེད་པའོ། །ཅི་ཞིག་མི་སྲིད་སྙམ་ན། གང་གིས་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་སྔར་གྱི་བུམ་པ་འཛིན་པའི་དུས་ནའོ། །འདི་ལས་ཞེས་བྱ་བ་ནི་ཕྱིས་བཟུང་བའི་ཤིང་རྟ་ལས་སོ། །དེས་ན་ཞེས་བྱ་བ་ནི་ཐུག་པ་མེད་པའམ། དངོས་པོ་མེད་པའི་ཚད་མ་མི་འཇུག་པས་ནའོ།། གཞན་གྱི་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚད་མར་སྨྲ་བའི་ལྟ་བ་ལས་སོ། །འོ་ན་ཅི་ལྟར་ཁྱེད་ཀྱི་མངོན་སུམ་ལས་ཐ་དད་པ་ཅི་ལྟར་རྟོགས་ཤེ་ན། དེའི་ཕྱིར་རང་བཞིན་ཞེས་བྱ་བ་སྟེ། གཞན་དང་མ་འདྲེས་པ་མྱོང་བ་ལས་དམིགས་པའི་མཚན་ཉིད་དུ་འགྱུར་བ་བསལ་པ་ནི་གཞན་མ་ཡིན་ཏེ།


DTG186_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཁྱད་པར་ཅན་གྱི་རང་བཞིན་ཉམས་སུ་མྱོང་བ་ཉིད་གཞན་པ་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན། དེ་ལས་ཁྱད་པར་ཅན་དམིགས་པ་ཉིད་ཅེས་བྱ་བ། བུམ་པ་དང་བཅས་པའི་ཕྱོགས་དེ་ལས་ཁྱད་པར་ཅན་འབའ་ཞིག་པའི་ས་ཕྱོགས་དམིགས་པ་གང་ཡིན་པ་དེ་ཉིད་དགག་པར་བྱ་བ་ཉིད་དུ་འདོད་པ་དེ་མི་དམིགས་པ་ཡིན་ནོ། །ཕྱེད་སྔ་མ་རྗེས་སུ་འགྲོ་བའི་སྒོ་ནས་བཤད་ནས། ལྡོག་པའི་སྒོ་ནས་འཆད་པ་ནི། ཁྱད་པར་ཅན་གྱི་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་རང་བཞིན་ཉིད་དོ། །དེ་ནི་བུམ་པའོ། །དེ་ལ་ནི། ཤིང་རྟ་ལའོ། །མེད་པ་ཅི་ལྟར་མངོན་སུམ་ལས་ཡིན་པར་འགྱུར་ཏེ། མ་ཡིན་པ་ཁོ་ནའོ། །དེའི་བདག་ཉིད་དགག་པ་ལྟར་བརྟེན་པ་དགག་པར་ཡང་ཅི་ལྟར་མི་འགྱུར་ཞེ་ན། ཡུལ་དང་ཞེས་བྱ་བའོ། །དེས་ན་དེའི་བདག་ཉིད་དགག་པ་ལ་ནི་མངོན་སུམ་གྱིས་བྱེད་པ་འཇུག་པ་ཡིན་ལ། བརྟེན་བ་དགག་པ་ནི་དངོས་པོ་མེད་པའི་ཚད་མ་ལས་སོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །སྒྲོ་བཏགས་ནས་དངོས་པོ་མེད་པར་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ནི་དེ་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་ཅན་གྱི་རང་བཞིན་ཉམས་སུ་མྱོང་བའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་ཁྱད་པར་ཅན་གྱི་ཞེས་བྱ་བའོ། །འོན་ཏེ་ས་ཕྱོགས་ལ་སོགས་པའི་རང་བཞིན་ཁྱད་པར་ཅན་རྟོགས་པ་ཉིད་དོ་ཞེ་ན། གལ་ཏེ་བུམ་པ་ཞེས་བྱ་བའོ། །འོན་ཏེ་དངོས་པོ་མེད་པ་མ་རྟོགས་པར་ཁྱད་པར་ཅན་གྱི་རང་བཞིན་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེ་ན། དངོས་པོ་མེད་པ་སྟེ་ཞེས་བྱ་བའོ། །གལ་ཏེ་དངོས་པོ་མེད་པ་མ་རྟོགས་པར་རང་གི་ངོ་བོ་རྟོགས་པར་མི་འདོད་དོ་ཞེ་ན། རང་གི་ངོ་བོ་ཞེས་གསུངས་ཏེ། དེ་མེད་ན་དངོས་པོ་མེད་པ་རྟོགས་པ་ཉིད་མི་འཐད་པའི་ཕྱིར་རོ་ཞེས་དགོངས་པའོ། །འོན་ཏེ་དངོས་པོ་མེད་པ་རང་གི་ངོ་བོས་རྟོགས་པར་འདོད་པས་བྱ་བ་ཁོ་ནའོ་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བའོ། །གང་གི་ཕྱིར་ཞེས་དེ་ལྟར་དངོས་པོ་མེད་པ་གཞན་ལ་སྒྲུབ་པར་བྱེད་པ་མེད་པ་དེའི་ཕྱིར་རོ། །འོ་ན་མི་དམིགས་པ་གང་ཡིན་སྙམ་ན། དེ་ཞེས་བྱ་བ་སྟེ་ས་ཕྱོགས་སོ། །གཞན་ནི་དགག་པར་བྱ་བའོ། །གང་གི་ཕྱིར་དམིགས་པ་ཉིད་མི་


DTG186_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཡིན་པ་དེས་ནའོ། །གྲུབ་པའི་མི་དམིགས་པ་དེས་ཀྱང་རང་ཉིད་ཙམ་གྱི་འཇུག་པ་གང་ལ་ཡོད་པ་སྟེ་དེ་དག་དགག་པར་བྱ་བ་མེད་པའི་རྣམ་པར་གཞག་པ་དེའི་གོ་བྱེད་དེ་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་ཚེ་རུང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །འོ་ན་དོན་མེད་པ་གང་ཞིག་ཡིན་ཞེ་ན། དེས་ན་ཞེས་བྱ་བ་སྟེ། གང་གི་ཕྱིར་དངོས་པོ་མེད་པ་གཞན་མ་ཡིན་པ་དེས་ནའོ། །རང་བཞིན་ནི་ངེས་པའི་ས་ཕྱོགས་ཀྱི་དམིགས་པའི་རང་བཞིན་མི་དམིགས་པ་གང་ཡིན་པ་ཉིད་དངོས་པོ་མེད་པ་ཡིན་ནོ། །འོ་ན་ཞེས་བྱ་བ་ནི། ཅི་ལྟར་དོན་རང་ལས་མི་འགྲུབ་ཀྱི་འོན་ཀྱང་རང་གི་ཤེས་པ་ལས་ཡིན་པ་དེ་བཞིན་དུ་དོན་མེད་པ་ཡང་རང་ལས་མ་ཡིན་ཏེ། འོན་ཀྱང་རང་གི་ཤེས་པ་མེད་པ་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་ཐུག་པ་མེད་པ་ལས་ཅི་ལྟར་ཐར་སྙམ་ན། དམིགས་པ་ཡོད་པ་ནི་ཞེས་བྱ་བའོ། །ཤེས་པ་ནི་རང་ཉིད་ཀྱིས་འགྲུབ་པས་ན་དེ་མེད་པ་ཡང་རང་ལས་འགྲུབ་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དངོས་པོ་མེད་པ་ནི་ནམ་ཡང་རང་ལས་འགྲུབ་པ་མི་སྲིད་པས་ན་ཐུག་པ་མེད་པ་ཁོ་ནའོ་ཞེས་ལན་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །ཅི་ལྟར་བ་བཅོལ་ཆོས་ཤེ་ན། །གལ་ཏེ་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ། ཤེས་པ་གཞན་རང་རིག་པས་དམིགས་པའི་ཕྱིར་ན་ཤེས་པ་མེད་པ་ནི་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། དེས་ན་ཐུག་པ་མེད་པ་མ་ཡིན་ནོ་ཞེས་བསམས་པའོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྩོད་པ་ཉིད་རྣམ་པར་འགྲེལ་པའོ། །གཞན་གྱི་མངོན་སུམ་ཞེས་བྱ་བ་ནི། རང་རིག་པའི་རང་བཞིན་གྱིས་ཤེས་པ་གཞན་ལས་སོ། །ལན་ནི་འོ་ན་ཞེས་བྱ་བའོ། །དངོས་པོའི་མེད་པའི་ཐ་སྙད་ཀྱང་མངོན་སུམ་ཉིད་ལས་ཡིན་མོད། སྣང་བ་མི་དམིགས་པས་ཅི་བྱ། འདིས་ནི་སློབ་དཔོན་ཆོས་མཆོག་ལ་སོགས་པ་ཡང་གསལ་བ་ཡིན་ནོ། །དེ་ནི་ཤེས་པ་མེད་པའི་ཐ་སྙད་ཁོ་ན་མངོན་སུམ་ལས་གྲུབ་པར་འདོད་ཀྱི། དོན་མེད་པའི་ཐ་སྙད་ནི་རྨོངས་པ་ལས་ནི་སྣང་བ་མ་དམིགས་པ་ལས་ཡིན་ལ། རྨོངས་པ་ལས་ནི་ཁྱད་པར་བྱེད་པ་མི་དམིགས་པ་ལས་ཡིན་པར་འདོད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་


DTG186_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པའོ། །གཞན་གྱི་མངོན་སུམ་ཞེས་བྱ་བ་ནི་དོན་ལས་སོ། །ཅིའི་ཕྱིར་མི་འགྲུབ་སྙམ་ན། དམིགས་པའི་མཚན་ཉིད་དུ་ཞེས་བྱ་བའོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ལ་ཡིན་པ་ཉིད་ཅི་ལྟར་ཞེ་ན། དེ་ནི་ཞེས་བྱ་བ་ནི་དངོས་པོ་ཁོ་ནའོ། །རིག་པ་ཡང་རིག་པ་དེ་ཁོ་ན་ལྟར་རོ་ཞེ་ན་རིག་པ་ནི་ཞེས་བྱ་བའོ། །རིག་པ་ཉིད་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་རིག་པ་དེ་ལས་རིག་པ་གཞན་དེ་མེད་པ་ནི་གཞན་གྱི་མངོན་སུམ་ལས་གྲུབ་བོ། །འདི་ནི་སློབ་དཔོན་ཡང་བཞེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ལྟར་ཡང་ཞེས་བྱ་བའོ། །ཤེས་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་དོན་མེད་པའི་མཚན་ཉིད་ཀྱི་མི་དམིགས་པ་ནི་མངོན་སུམ་རང་ཉིད་ལས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་གཞན་དམིགས་པས་རིགས་པ་གཞན་མེད་པ་ཅི་ལྟར་རྟོགས། ཕ་རོལ་པོ་ཞེས་བྱ་བ་ནི་མཆོག་ཏུའི་དོན་ཏོ། །གཞན་དམིགས་པས་ནི་རིགས་པ་གཞན་ཡོད་པའམ་མེད་པ་འཕྲིག་པ་མ་ཡིན་ནོ། །དེས་ན་ཅི་ལྟར་དེས་དངོས་པོ་མེད་པ་བརྟགས་པར་འགྱུར། དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །རིག་པ་གཞན་རིག་པ་གཞན་གྱིས་དབེན་པས་ན་མེད་པར་རྟོགས་པར་འགྱུར་རོ་ཞེ་ན། ལན་ནི་དེ་ཞེས་བྱ་བ་སྟེ། དེས་དབེན་པ་ཉིད་ཅི་ལྟར་མི་དམིགས་པ་ལས་མ་ཡིན་ཏེ། ཤེས་པ་གཞན་མེད་པར་བསྒྲུབ་པ་ནི་མི་དམིགས་པ་ཁོ་ན་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ཞེ་ན། དེས་དབེན་པ་ཉིད་ཅེས་བྱ་བའོ། །དེ་ལྟ་ན་ཡང་ཅི་ལྟར་མི་དམིགས་པ་ཡིན་ཞེ་ན། དེས་དབེན་པ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་ནོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ལན་ནོ། །གང་གི་ཕྱིར་དེས་དབེན་པ་ཉིད་མི་དམིགས་པ་ཡིན་པ་དེས་ན་ཞེས་བྱ་བ་ལ་སོགས་པའོ། །མ་ཡིན་པར་དགག་པའི་རང་བཞིན་ཞེས་བྱ་བ་ནི། ཤེས་པ་དང་ཤེས་བྱའི་རང་བཞིན་ནོ། །འོ་ན་གང་ཞིག་རྨོངས་པ་ལ་བལྟོས་ནས་ཐ་སྙད་སྒྲུབ་པར་བྱེད་པར་འགྱུར་བ་མི་དམིགས་པ་གང་ཡིན་ཞེ་ན། དེ་ཉིད་ནི་ཞེས་བྱ་བའོ། །གཞན་ལས་ནི་རྨོངས་པ་ལ་བལྟོས་ཏེའོ། །འོ་ན་ཅི་ལྟར་འདི་མི་དམིགས་སོ་ཞེས་བརྗོད་ཅེ་ན། འདི་ནི་ཞེས་བྱ་བའོ། །དོན་གྱིས་མེད་


DTG186_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགག་པ་མ་ཡིན་པ། ཅིའི་ཕྱིར་ཞེ་ན། དེ་དང་ཞེས་བྱ་བ་སྟེ་ཤེས་པ་དང་དོན་ཐ་དད་པ་མེད་པས་སོ། །དེ་ཉིད་ཅེས་བྱ་བ་ནི་ཤེས་པ་མེད་པ་ཉིད་དོ། །གལ་ཏེ་དེ་ལྟ་ཡིན་ཏུ་ཟད་མདོ་དེ་ལྟར་ན་ཡང་དོན་མེད་པ་མངོན་སུམ་གྱིས་གྲུབ་ཅེ་ན། གང་གི་ཚེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དམིགས་པ་མེད་པའི་སྟོང་པའི་རང་བཞིན་ནོ། །རང་བཞིན་མི་དམིགས་པ་འདི་ནི་ཞེས་བྱ་བ་ནི་དེ་ལྟར་ཡིན་ན་རང་བཞིན་མི་དམིགས་པ་དངོས་པོ་མེད་པའི་སྒྲུབ་བྱེད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཤེས་པ་དང་ཤེས་བྱ་བའི་གཞི་ཐམས་ཅད་དུ་མངོན་སུམ་ཉིད་བལྟར་རུང་གི་དངོས་པོ་མེད་པ་རིགས་པར་བྱེད་པར་འགྱུར་བས་སོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་སྟེ། བལྟར་རུང་བའི་མེད་པ་མངོན་སུམ་གྱིས་གྲུབ་པ་དེ་དག་གལ་ཏེ། ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ན་དེའི་ཚེའོ། །ལྷག་མ་རྣམ་པར་འགྲེལ་བ་ནི། འོ་ན་ཞེས་བྱ་བའོ། །ཅི་སྐད་དུ་མ་རྨོངས་པ་ལ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ལ། རྨོངས་པ་ལ་ནི་རང་བཞིན་མི་དམིགས་པས་ཡིན་ནོ་ཞེས་བྱ་བ་སྟེ་སུན་འབྱིན་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱབ་བྱེད་མི་དམིགས་པ་ཉིད་དོ། །གཞན་ཞེས་བྱ་བ་ནི་སྣང་བ་མི་དམིགས་པ་བརྟགས་པས་སོ། །གློ་བུར་བ་ལས་ཞེས་བྱ་བ་ནི་འབད་པས་འབྲེལ་པ་དྲན་པ་མེད་པར་རྨོངས་པ་དུ་བ་རྟོགས་པ་ཡིན་ཏེ་དུ་བ་ཉིད་ནི་མེས་བསྐྱེད་པར་བྱ་བ་ཡིན་ནོ། །དེ་ཡང་རྨོངས་པ་ནི་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ལས་རྟོགས་པ་ཡིན་ལ་མ་རྨོངས་པ་ནི་མངོན་སུམ་ལས་ཡིན་ནོ། །ཡང་ན་དུ་བ་ལས་རྟོགས་པ་ཞེས་ཚིག་སྦྱར་ཏེ། །དཔེར་ན་མ་རྨོངས་པ་དུ་བ་ལས་གློ་བུར་དུ་མེ་རྟོགས་པ་དེ་བཞིན་དུ་རང་བཞིན་མི་དམིགས་པ་ཡང་རྒྱུ་དང་ཁྱད་པར་བྱེད་པའི་མི་དམིགས་པའི་རང་བཞིན་དུ་གྱུར་པས་མ་རྨོངས་པ་ལས་ཡང་དངོས་པོ་མེད་པ་སྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ལ་ནི་ཞེས་བྱ་བ་སྟེ། རང་བཞིན་མི་དམིགས་པ་གཅིག་ལ་རྒྱུ་དང་ཁྱབ་བྱེད་མི་དམིགས་པ་བསྟན་པས་གསུམ་ཉིད་དོ། །འདི་ལྟར་བུམ་པའི་ཤེས་པ་ནི་བུམ་པའི་རྒྱུ་ཡིན་ཏེ། འབྱུང་བར་འགྱུར་བའི་རྒྱུར་སྨྲ་བ་ཅེས་ལེན་པའི་ཕྱིར་རོ། །དེས་ན་བུམ་པའི་


DTG186_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མེད་པས་བུམ་པ་མེད་པ་ནི། རྒྱུ་མི་དམིགས་པ་ལས་ཡིན་ནོ། །དམིགས་པ་ཉིད་ཡོད་པ་རྣམས་ཀྱི་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་ན་ཤེས་པ་ནི་ཁྱབ་པར་བྱེད་པ་ཡིན་ཏེ། དེས་ན་ཁྱབ་པར་བྱེད་པར་ཤེས་པ་མེད་པས་ཁྱབ་པར་བྱ་བ་ཤེས་བྱ་མེད་པ་ཡིན་ནོ།། གང་གི་ཚེ་བ་ལྟར་རུང་བའི་ཡོད་པ་མཐོང་བའི་ཡུལ་ཉིད་ཀྱི་ཁྱབ་པ་དེའི་ཚེ་རང་བཞིན་མི་དམིགས་པ་ཡང་ཡིན་པ་ནི་བསལ་བ་ཁོ་ནའོ། །དེ་ལྟར་ན་རང་བཞིན་མི་དམིགས་པ་ལ་ནི་གསུམ་ཉིད་ཡིན་ནོ། །གང་གིས་གཅིག་གི་ཚེ་ནི་རང་བཞིན་མི་དམིགས་པ་ཡིན་ལ་གཞན་གྱི་ཚེ་ནི་ཁྱབ་བྱེད་མི་དམིགས་པར་འགྱུར་བ་རང་བཞིན་དང་ཁྱད་པར་བྱེད་པ་མི་དམིགས་པ་དག་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཁྱད་པར་ཡོད་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱ་བའོ། །འདིར་ནི་ཞེས་བྱ་བ་ནི་རང་བཞིན་དང་ཁྱབ་བྱེད་མི་དམིགས་པ་དག་ལ་ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོ་གང་ཡིན་པ་དེ་ནི་དོན་དམ་པར་ཐ་དད་པ་ཡོད་པ་མ་ཡིན་ཏེ། གཉི་ག་ལ་ཡང་ཁྱབ་པར་བྱ་བ་དང་ཁྱད་པར་བྱེད་པའི་དངོས་པོ་མཚུངས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དམིགས་པ་ཉིད་ནི་ཞེས་བྱ་བ་སྟེ། རང་བཞིན་མི་དམིགས་པར་དམིགས་པ་ཉིད་ཡོད་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་རོ། །འཆད་པ་ནི་བལྟར་རུང་བའི་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོའོ། །ཅི་ལྟར་ཞེ་ན། དེའི་ཞེས་བྱ་བ་སྟེ། དགག་པ་ཉིད་ཀྱིས་ཁྱབ་བྱ་ཁྱབ་བྱེད་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཆོས་མཆོག་ལ་སོགས་པ་ནི་རང་གི་མཚན་ཉིད་ཀྱིས་རིག་པ་མི་དམིགས་པ་ནི་རང་བཞིན་མི་དམིགས་པ་ལྟར་འདོད་པ་ཡིན་ནོ་ཞེས་སྟོན་པ་ནི་གང་ཞེས་བྱ་བའོ། །མེའི་འབྲས་བུ་དེ་ནི་མེ་དེའི་རང་བཞིན་དང་ཁྱད་པར་མེད་པས་ནའོ། །ཅི་ལྟར་ཁྱད་པར་མེད་ཅེ་ན། རྒྱུ་མེ་ཁྱབ་པ་གང་ཡིན་པ་དང་དེའི་འབྲས་བུ་མེ་ལས་བཟློག་པ་མེད་པ་དེས་ནའོ། །ནུས་པའི་རྒྱུ་ལ་ནི་འབྲས་བུས་ཁྱབ་པ་ཡིན་ཏེ། དེས་ན་རང་བཞིན་ལྟར་འདི་ཡང་ཐ་དད་པ་མེད་པ་ཡིན་ནོ། །ཐ་མི་དད་པ་དེས་ན་དེའི་རང་གི་ངོ་བོ་དང་ཁྱབ་པར་མེད་པ་ཡིན་ནོ་དེ་ཞེས་བྱ་བ་འབྲས་བུ་མི་དམིགས་པ་ནི། རང་བཞིན་མི་དམིགས་པ་ཉིད་


DTG186_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྗོད་དོ་ཞེས་དེ་ལྟར་དུ་བ་མི་དམིགས་པའི་རང་བཞིན་གྱི་འབྲས་བུ་མི་དམིགས་པ་རང་བཞིན་མི་དམིགས་པའི་ཁོངས་སུ་འདུ་བ་ཉིད་དུ་འཆད་བ་རྨོངས་པ་སློབ་དཔོན་ཆོས་མཆོག་ལ་སོགས་པ་དེ་མྱོང་བ་ཞེས་བྱ་བ་དེའི་འབྲས་བུར་གྱུར་པ་བུམ་པའི་ཤེས་པ་མ་དམིགས་པ་རང་བཞིན་མི་དམིགས་པར་ཅི་ལྟར་འཆད། གང་ཞིག་འབྲས་བུ་མི་དམིགས་པ་རང་བཞིན་མི་དམིགས་པའི་ནང་དུ་འདུས་པར་འཆད་པ་དེ། རིག་པ་མི་དམིགས་པ་ནི་གསལ་བར་ཡང་རང་བཞིན་མི་དམིགས་པར་འཆད་དེ་དང་ངོ༌། །གང་གི་ཕྱིར་དེ་ལྟར་རང་བཞིན་མི་དམིགས་པ་ཡིན་གྱི་ཁྱབ་པར་བྱེད་པ་མི་དམིགས་པ་མ་ཡིན་པ་དེའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་གང་ཞིག་ཁྱབ་བྱེད་མི་དམིགས་པ་ཉིད་དུ་སྦྱར་བར་ནུས་པ་དེ་གལ་ཏེ་རང་བཞིན་མི་དམིགས་པའི་ནང་དུ་འདུས་ན། དེའི་ཚེ་ཁྱབ་བྱེད་མི་དམིགས་པ་བུམ་པ་མེད་པའི་ཐ་སྙད་དུ་བྱས་པ་ལ་མི་སྲིད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལན་ནི་བདེན་དེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཁྱབ་བྱེད་མི་དམིགས་པར་རང་བཞིན་མི་དམིགས་པའི་ནང་དུ་འདུས་ན། འོ་ན་རང་བཞིན་དང་ཁྱབ་བྱེད་མི་དམིགས་པ་དག་ཅི་ལྟར་ཐ་དད་ཅེ་ན། ལན་ནི་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱ་བ་ཤིང་དང་ཤ་པ་དག་ཐ་དད་པའི་ཕྱིར་ནི་རང་བཞིན་དང་ཁྱབ་བྱེད་མི་དམིགས་པ་དག་ཐ་དད་པ་ཡིན་ནོ། །དེ་དག་ཐ་དད་པ་ཉིད་ཅི་ལྟར་ཞེ་ན། ལྷག་པ་དང་ཞེས་བྱ་བའོ། །ཤིང་ཉིད་ནི་ལྷག་པ་ཡིན་ཏེ་ཨ་མྲ་ལ་སོགས་པ་ལ་ཡོད་པའི་ཕྱིར་རོ། །ཤ་པ་ནི་དེ་ལྟ་མ་ཡིན་ནོ། །ལྷག་པ་དང་ཆད་པས་ཐ་དད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། འོན་ཀྱང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པ་དག་ཉེ་བ་དང་རིང་བ་ལས་སྣང་བ་དང་མི་སྣང་བ་ལས་ཀྱང་ཐ་དད་པའི་ཕྱིར་རང་བཞིན་དང་ཁྱབ་བྱེད་མི་དམིགས་པ་དག་ཐ་དད་པ་ཡིན་ནོ། །འཆད་པ་ནི་ཤིང་ཉིད་ནི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དག་ཐ་དད་པ་ཡིན་པས་ན་ཞེས་བྱ་བ་དེའི་ཕྱིར་རང་བཞིན་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ཐ་དད་དོ། །སྣང་དུ་རུང་བ་དང་དམིགས་པ་དག་ཀྱང་དེ་ཁོ་ན་བཞིན་དུ་ཐ་དད་པར་འགྱུར་རོ་ཞེ་ན། དམིགས་པའི་ཞེས་བྱ་བ་སྟེ། དམིགས་པའི་


DTG186_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དུ་གྱུར་བའང་དེ་ཡིན་ལ་ཡོད་པ་ཡང་ཡིན་པ་དང་དམིགས་པ་དེ་དག་གི་ཐ་དད་པར་བརྟགས་པར་མི་ནུས་སོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཤིང་དང་ཤ་པ་དག་ལྟར་ཐ་དད་པ་མེད་པ་དེས་ན། འདི་ན་བུམ་པ་མེད་དོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་ཁོ་ན་ཡིན་གྱི། ཁྱབ་པར་བྱེད་པ་མི་དམིགས་པ་ནི་མ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་བ་བསྒྲུབས་ནས་གཏན་ཚིགས་རབ་དབྱེ་བཤད་པ་ལ། ཐ་དད་པ་ནི་དཔེར་མ་བརྗོད་ཅེས་གང་གསུངས་པ་དེའི་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟ་བུའི་མི་དམིགས་པ་དངོས་པོ་མེད་པའི་ཐ་སྙད་སྒྲུབ་པ་དེ་ཉིད་ཀྱི་ཕྱིར་རོ། །གཞན་དུ་མི་སྣང་བ་མི་དམིགས་པ་ནི་གཞན་པ་ཡོད་པའི་ཐ་སྙད་འགོག་པ་ཡིན་གྱི་མེད་པའི་ཐ་སྙད་སྒྲུབ་པ་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། མི་སྣང་བ་ལ་ཡོད་པའམ་མེད་པར་ངེས་པ་མི་རུང་བའི་ཕྱིར་རོ། །གང་ཞིག་ངེས་པ་མེད་པའི་བལྟར་མི་རུང་བ་དེ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ཞེས་བྱ་བའོ། །དེས་མེད་པ་དེས་ནའོ། །འབྲས་བུ་ངེས་པ་མེད་པའི་རང་བཞིན་མི་དམིགས་པ་འདིས་ནི་གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །འོན་གང་གིས་ནུས་པ་མ་ཡིན་ནོ་ཞེ་ན་དང་པོ་ཞེས་བྱ་བ་སྟེ། རྒྱུ་དང་རང་བཞིན་མི་དམིགས་པ་ཁོ་ན་གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྒྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །དང་པོ་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དང་པོ་ཞེས་བྱ་བའོ། །གལ་ཏེ་མི་དམིགས་པ་གཉི་ག་ལ་ཡང་མི་མཐུན་པའི་ཕྱོགས་མཐའ་དག་ལས་ལྡོག་པ་མ་གྲུབ་པའི་ཕྱིར་ཅི་ལྟར་དེས་ལྡོག་པ་ངེས་པར་འགྱུར་སྙམ་ན་དེར་ཡང་ཞེས་བྱ་བ་སྟེ། འབྲས་བུ་དང་རང་བཞིན་འབའ་ཞིག་ཏུ་ནི་མ་ཟད་ཀྱི་རྒྱུ་དང་ཁྱབ་བྱེད་མི་དམིགས་པར་ཡང་ངོ༌། །དེས་ན་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །ལན་ནི་དེ་ཡང་ཞེས་བྱ་སྟེ། འགལ་བའོ། །འགལ་བར་ཅི་ལྟར་རྟོགས་ཤེ་ན། ཡོད་ན་ཞེས་བྱ་བ་སྟེ། གྲང་བའི་རེག་བ་རྒྱུན་དུ་འབྱུང་བ་ན། དེ་ཡོད་པས་མེད་པའི་ཕྱིར་འགལ་བར་རྟོགས་སོ། །གལ་ཏེ་འགལ་བའི་གཏན་ཚིགས་མེད་པ་ཁོ་ན་མ་ཡིན་ནམ། དེ་


DTG186_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་དམིགས་པའི་རབ་ཏུ་དབྱེ་བ་ཡིན་ཞེ་ན་འགལ་བའི་གཏན་ཚིགས་ནི་ཞེས་བྱ་བའོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་ཅི་ལྟར་འགལ་བ་དེ་ལས་གཞན་འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པའི་རབ་ཏུ་དབྱེ་བ་མིན་པ་དེ་བཞིན་ནོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་འགལ་བ་མི་དམིགས་པའི་དབྱེ་བ་མ་ཡིན་ན་དེའི་ཚེ། གྲང་བ་དང་འགལ་བའི་མེ་དང་འབྲས་བུ་དུ་བ་ལ་སོགས་པ་དང་འགལ་བས་ཁྱབ་པ་བ་དང༌། སོགས་པའི་སྒྲས་རྒྱུས་འགལ་བ་ལ་སོགས་པ་དག་ཀྱང་བྱེ་བྲག་བ་ལ་སོགས་པ་གཞན་དག་ཐ་དད་པ་སྟོན་པར་བྱེད་པར་འགྱུར། འོ་ན་གང་གི་ཚེ་ཉེས་པ་འདི་མེད་སྙམ་ན། གང་གི་ཚེ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའིའོ། །ཅི་ལྟར་འདིའི་རྣམ་བའི་དབྱེ་བ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་དམིགས་བ་ཅི་ལྟར་དངོས་པོ་མེད་པའི་སྒྲུབ་པར་བྱེད་པ་ཡིན་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་འགལ་བའི་ཞེས་བྱ་བའོ། །གལ་ཏེ་འགལ་བ་ཅན་དག་ལས་འགལ་བ་ཞེས་བྱ་བ་གཞན་ནི་ཡོད་བ་མ་ཡིན་ལ། དེ་ཡང་རྟོགས་པ་མ་ཡིན་པས་ན་ཅི་ལྟར་ན་འགལ་བ་རྟོགས་ཞེས་བརྗོད་སྙམ་ན། འགལ་བ་ནི་ཞེས་བྱ་བའོ། །འགལ་བ་ནི་ཡོད་པ་དང་མེད་པའི་མཚན་ཉིད་ཁོ་ན་ཡིན་པས། དམིགས་པ་དང་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དམིགས་པ་དང་མི་དམིགས་པའི་མཚན་ཉིད་ཡིན་ནོ་ཞེས་བརྗོད་བ་ཡིན་ནོ། །དེས་ན་འགལ་བ་མེའི་གཟུགས་མཐོང་བ་ལས་དྲོ་བའི་རེག་པའི་མཚན་ཉིད་གྲང་བའི་རེག་པ་མི་དམིགས་པ་བསྒྲུབ་པར་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རང་བཞིན་མི་དམིགས་པ་ལས་རང་བཞིན་འགལ་བ་དམིགས་པ་ཅི་ལྟར་གཞན་མ་ཡིན་ཞེ་ན། དེ་ལས་ཞེས་བྱ་བའོ། །གལ་ཏེ་དྲོ་བའི་རེག་པ་དམིགས་པ་ཅི་ལྟར་གྲང་བ་མི་དམིགས་པ་ཡིན་ཞེ་ན། དྲོ་བ་ཡང་ཞེས་བྱ་བའོ། །དེ་ཉིད་ཀྱང་ཞེས་བྱ་བ་ནི་ཅང་མེད་ཀྱི་རང་བཞིན་དངོས་པོ་མེད་པ་ནི་མ་ཡིན་པའོ། །ཅི་ལྟར་དངོས་པོ་ཉིད་དངོས་པོ་མེད་པ་ཡིན་ཞེ་ན། དེས་དབེན་པ་ཞེས་བྱ་བའོ། །དྲོ་བའི་རེག་པ་འབའ་ཞིག་ནི་གྲང་བ་མེད་པ་མ་ཡིན་གྱི། གྲང་བ་དང་དྲོ་བ་


DTG186_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་མ་ཡིན་པ་ཡང་གྲང་བ་མེད་པ་ཡིན་ནོ། །གང་གོ་ཕྱིར་དེ་ལྟར་སྲིན་པ་དེས་ན་དྲོ་བའི་རེག་བདེ་དམིགས་པ་ཉིད་གྲང་བ་དེ་མི་དམིགས་པ་ཡིན་ནོ། །འགལ་བའི་འབྲས་བུ་དམིགས་པ་ཡང་རང་བཞིན་མི་དམིགས་པ་ལས་གཞན་མ་ཡིན་ནོ་ཞེས་བསྟན་བ་ནི་འགལ་བའི་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་འགལ་བ་དམིགས་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་དེའི་འབྲས་བུ་དམིགས་པ་ཡང་ཞེས་བྱ་བའོ། །དྲོ་བའི་རེག་པ་དམིགས་པའི་མཚན་ཉིད་ཀྱི་གྲང་བ་མི་དམིགས་པ་ནི་དུ་བའི་མཚན་ཉིད་ཀྱི་འབྲས་བུའི་གཏན་ཚིགས་གང་ཡིན་པ་དེའི་རྗེས་སུ་དཔག་པ་དེས་གྲུབ་པ་ཡིན་ནོ། །གལ་ཏེ་འདི་ཅི་ལྟར་རྗེས་སུ་དཔག་པས་འགྲུབ་པ་ཡིན་ཞེ་ན། སྔ་མ་ནི་ཞེས་བྱ་སྟེ་རང་བཞིན་འགལ་བ་དམིགས་པར་ནི་གཟུགས་དང་དྲོ་བའི་རེག་པ་དག་ཚོགས་པ་གཅིག་ལ་རག་ལས་བ་ཉིད་ཀྱིས་ན། གཟུགས་མཐོང་བ་ལས་བ་ལྟར་རུང་བའི་གྲང་བ་མི་དམིགས་པ་དྲོ་བའི་རེག་པ་དམིགས་པའི་མཚན་ཉིད་རྗེས་སུ་དཔོག་པ་ཡིན་ནོ། །དེས་ན་འདིར་ཡང་དེའི་རྗེས་སུ་དཔག་བས་གྲུབ་པ་ཁོ་ནའོ། །དེ་ལྟར་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་བསྟན་ནས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་འགལ་བ་བརྗོད་པ་ནི། ཕན་ཚུན་ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི། ལྷན་ཅིག་མི་གནས་པའི་མཚན་ཉིད་དང༌། མཚན་ཉིད་པའི་འགལ་བ་ལ་ཡང་ངོ༌། །བཟློག་པ་དགག་པར་བྱ་བས་དབེན་པ་དམིགས་པ་ཉིད་མི་དམིགས་པ་ཡིན་གྱི་མེད་པར་དགག་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའོ། །ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་འཕེན་པར་བྱེད་པ་ཉིད་ཀྱི་འགལ་བ་གསུམ་པ་ཡང་བརྗོད་པ་ནི། ཚད་མ་ཞེས་བྱ་བའོ། །ཅི་དང་འདྲ་བར་ཞེ་ན་ངེས་འགྱུར་དང་ནི་ཞེས་བྱ་བའོ། །ཅི་ལྟར་ཚད་མས་གནོད་ཀྱང་འགལ་བ་ཅི་ལྟར་ཡིན་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །ཅི་ལྟར་འདི་འགལ་བ་གཞན་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ལྟོས་བཅས་དང་ངེས་པར་འགྱུར་དག་ལ་ཡང་འགལ་བ་འདི་ཡིན་ནམ་ཞེ་ན། ལྟོས་པ་དང་བཅས་པ་ཡང་ཞེས་བྱ་བའོ། །འགལ་བ་གཞན་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །ལྟོས་པ་དང་བཅས་པའི་རྟགས་


DTG186_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ངེས་པར་འགྱུར་པ་མེད་པ་སྒྲུབ་པར་བྱེད་པ་དེ་ཡང་ཕན་ཚུན་སྤངས་པས་འགལ་བ་ཡིན་ནོ། །བསྟན་པ་དང་བསྟན་པ་མ་ཡིན་པ་དག་ལ་ཡང་དོན་དམ་པར་ཡོད་པར་ཁོ་ན་ཡིན་ཏེ། དེས་ན་འགལ་པ་གཞན་ཡིན་ནོ། །གཞན་དག་འགལ་བ་འདི་འགལ་བ་གཞན་ཡིན་པ་སྤོང་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ནི་བདེན་མོད་ཀྱི་ཞེས་བྱ་བའི་ལན་ལ་དོན་འདི་ཡིན་ཏེ། དངོས་སུ་འགལ་བ་ནི་མ་ཡིན་ཏེ། འོན་ཀྱང་བརྒྱུད་ནས་ཡིན་ཏེ། དེས་ན་འདིས་ནི་འགལ་བ་གཞན་ཁོ་ནའོ་ཞེས་བྱ་བའོ། །དགག་པར་བྱ་བ་ངེས་པར་འགྱུར་བ་ཉིད་དང་འགལ་བ་ངེས་པར་འགྱུར་བ་མེད་པ་ཉིད་ཀྱིས་ཁྱབ་པ་ལ་ལྟོས་པ་དང་བཅས་པ་དེའི་རང་བཞིན་གྱིས་ཀྱང་དོན་གྱིས་ཏེ། དངོས་པོ་མ་ཡིན་པར་འགལ་བ་ལ་བསམས་ནས་འགལ་བ་གཞན་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཡང་ཞེས་བྱ་བ་ནི་འགལ་བས་ཁྱབ་པའི་རང་བཞིན་ཀྱང། དོན་གྱི་འགལ་བར་འགྱུར་བས་ན་ཞེས་བསྟན་པ་ལའོ། །གང་གིས་འདི་ཉེ་བར་བསྟན་པ་ལ་དོགས་པ་ཡོད་པར་འགྱུར་བ་ཅི་འདི་དགག་པར་སྒྲུབ་པར་བྱེད་པ་ཡིན་པར་མཐོང་ངམ་ཞེ་ན་འདི་ལྟར་ཞེས་གསུངས་སོ། །གཞན་དག་ཅེས་བྱ་བ་ནི་མི་དམིགས་པའི་རང་བཞིན་ཙམ་གཏན་ཚིགས་ཡིན་པར་སྨྲ་བའོ། །ཚིགས་ཐམས་ཅད་ནི་མི་དམིགས་པ་ལས་གཞན་མ་ཡིན་ཏེ། མི་དམིགས་པ་གཅིག་ཏུ་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་དམིགས་པ་དང་ལྷན་ཅིག་ཉིད་ཡིན་པས་ནའོ། །འབྲས་བུ་ལ་སོགས་པ་མི་དམིགས་པ་དང་གཅིག་ཡིན་པ་ཉིད་ཅི་ལྟར་ཞེ་ན། བརྗོད་པ་ནི་འགལ་ཏེ་འབྲས་བུ་ཞེས་བྱ་བའོ། །མེ་མ་ཡིན་དང་ཤིང་མ་ཡིན་དང་འགལ་བ་དང༌། མེ་དང་ཤིང་དག་གིས་འབྲས་བུ་དང༌། ཁྱབ་བྱ་གང་ཡིན་པ་དེ་སྦྱར་བ་གང་ཡིན་པ་དེར་ནི་སྟེ་འགལ་བའི་འབྲས་བུ་དང་ཁྱབ་བྱ་དམིགས་པར་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་ཀྱང་འདུ་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་གཏན་ཚིགས་རྣམ་པ་གསུམ་ཀ་ཡང་མི་དམིགས་པ་དེ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཡིན་ནོ། །གཏན་ཚིགས་ཐམས་ཅད་ཅེས་བྱ་བ་རྣམ་པར་འགྲེལ་བ་ནི་མི་དམིགས་གཅིག་པུ་ཞེས་བྱ་བའོ། །གཅིག་ཉིད་ཀྱིས་


DTG186_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་རྣམ་པར་འགྲེལ་བ་ནི་འབྲས་བུ་དང་ཞེས་བྱ་བའོ། །འགལ་འབྲས་ཞེས་བྱ་བ་རྣམ་པར་འགྲེལ་བ་ནི། དེ་ལ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུ་དང་རང་བཞིན་དག་མི་དམིགས་པར་འདུ་བ་ནིའོ། །ཅི་ལྟར་མི་རུང་ཞེ་ན། དེ་བདག་ཅེས་བྱ་བའོ།། གལ་ཏེ་གཏན་ཚིགས་འབྲེལ་པ་དང་རྗེས་སུ་མཐུན་པར་རྟོགས་ན་དེའི་ཚེ་དེའི་བདག་ཉིད་དང་དེ་ལས་བྱུང་བས་ན་རང་བཞིན་དང་འབྲས་བུ་དག་ཁོ་ན་གཏན་ཚིགས་སུ་འགྱུར་གྱི་གཞན་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་གང་ལ་སྒྲུབ་པར་བྱེད་པ་གང་ཞིག་དངོས་སུ་འབྲེལ་པ་དེ་ལ་ལྟོས་ཏེ་ཐ་དད་པ་ཡིན་ལ། རྒྱུ་དང་ཁྱབ་པར་བྱེད་པ་ལ་ཡང་འབྲས་བུ་ལ་སོགས་པ་དངོས་སུ་འབྲེལ་པ་ཡིན་ཏེ། དེས་ན་དེ་ལ་ལྟོས་པ་ཁོ་ནས་དེ་དག་ཐ་དད་པ་ཡིན་ནོ། །མེ་མ་ཡིན་པ་དང༌། ཤིང་མ་ཡིན་པ་བཀག་པར་ནི་གང་ཡང་འབྲེལ་པ་མ་ཡིན་ཏེ། དེས་ན་ཅི་ལྟར་དེ་ལ་ལྟོས་ཏེ་མི་དམིགས་པའི་རང་བཞིན་ཉིད་ཡིན། །གཞན་གྱིས་བསམས་པས་བརྒྱུད་པ་སྟོན་པ་ནི། མི་རྟག་པ་ཉིད་དམ་ཞེས་བྱ་བའོ། །གཞན་གྱི་ལུགས་ལས་གཞན་གྱི་ལུགས་ཁྱད་པར་ཅན་དུ་སྟོན་པ་ནི། དེ་ལ་ཞེས་བྱ་བ་ནི་མེ་ལ་སོགས་པ་ལའོ། །ཅི་ལྟར་སྲིད་པ་མ་ཡིན་ཞེ་ན། འབྲས་བུས་ནི་ཞེས་བྱ་བའོ། །དངོས་སུ་ནི་ཞེས་བྱ་བ་ནི། གང་གིས་མི་དམིགས་པ་ཉིད་དུ་འགྱུར་པ་གྲང་བ་ལ་སོགས་པ་ཉིད་ལ་ནི་དུ་བ་ལ་སོགས་པ་དངོས་སུ་བྱེད་པ་མ་ཡིན་ནོ། །དེས་ན་བརྒྱུད་ནས་ཞེས་བྱ་བ་ནི་འབྲས་བུ་དུ་བ་ལས་རྗེས་སུ་དཔག་བའི་མེ་འགལ་བ་དམིགས་པའི་རང་བཞིན་གྱིས་གྲང་བའི་རེག་པའི་རང་བཞིན་མི་དམིགས་པར་རྗེས་སུ་དཔག་པས་གྲང་བ་མེད་པའི་ཐ་སྙད་རྗེས་སུ་དཔོག་པའོ། །གལ་ཏེ་འགལ་བའི་འབྲས་བུ་དམིགས་པ་ཞེས་སྒྲ་གཅིག་གིས་བསྟན་པའི་ཕྱིར་འདི་གཏན་ཚིགས་གཅིག་ཁོ་ན་མ་ཡིན་ནམ་དེས་ན་ཅི་ལྟར་རྗེས་སུ་དཔག་པས་རྗེས་སུ་དཔོག་པ་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་སྟེ། དེ་ལྟར་གནས་པ་ན་གཉིས་སམ་ཞེས་བྱ་བ་གཏན་ཚིགས་སོ། །གཅིག་གིས་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་དམིགས་པ་ཞེས་བྱ་བའི་སྒྲས་སོ། །འདི་ལྟར་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་བའི་ཕྱིར་ཞེས་བྱ་བའི་སྦྱོར་བར་མེ་ཉིད་དང་དུ་བ་ཉིད་


DTG186_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བསྒྲུབ་པར་བྱ་བ་ལ་ལྟོས་ཏེ། གཏན་ཚིགས་ཡིན་པའོ། །གསུམ་ཞེས་བྱ་བ་ནི་དུ་བ་དང་མེ་དང་སྣང་བ་མི་དམིགས་པ་སྟེ་གསུམ་མོ། །འདི་དག་ཀྱང་སྒྲ་གཅིག་གིས་བསྟན་ཀྱང་དེ་ཞེས་བྱ་བ་འབྲས་བུ་ལ་སོགས་པའི་རང་བཞིན་མ་གཏོགས་པ་མི་དམིགས་པ་ཙམ་མ་ཡིན་ལ། གཅིག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲ་གཅིག་གིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ན། ཅི་ལྟར་གཅིག་མ་ཡིན་ཞེ་ན་གང་དུ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་རང་བཞིན་གཅིག་ཏུ་འགྱུར་པའོ། །དེ་སྟེ་ཡིན་དང་ཅིར་འགྱུར་ཞེ་ན། དེ་ལྟར་ཡིན་དང་ཞེས་བྱ་བ་སྟེ། སྒྲའི་དབང་གིས་གཞན་དུ་གྱུར་ནའོ། །གཉིས་སམ་ཞེས་བྱ་བའི་རྣམ་པར་འགྲེལ་བ་ནི། འདི་ནི་ཞེས་བྱ་བ་ནས་འགལ་བ་དམིགས་པ་ཡིན་ལ་ཞེས་བྱ་བའི་བར་རོ། །འདི་ཉིད་རང་བཞིན་མི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་མཐར་ཐུག་པས་ནི་གསུམ་ཞེས་བྱ་བ་རྣམ་པར་འགྲེལ་པ་ཡིན་ནོ། །གལ་ཏེ་འབྲས་བུ་དང་རང་བཞིན་དག་གཞན་གྱིས་མི་དམིགས་བའི་ནང་དུ་འདུ་བར་བརྗོད་པ་མ་ཡིན་ནམ། གྲུབ་པའི་མཐའ་ལས་ཀྱང་དེ་དག་ཉིད་ཐ་དད་པར་བསྟན་པར་བྱ་བ་ཡིན་ནོ། །དེས་ན་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་རོ། །འདི་ནི་ཤིང་ཡིན་ཏེ་ཤད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསྟན་པར་འོས་པ་ལས་འདི་ལ་གྲང་བའི་རེག་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཉེ་བར་བཀོད་པས་ཅི་བྱ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཐམས་ཅད་དུ་རྗེས་སུ་དཔག་པས་རྗེས་སུ་དཔོག་པ་ལ་སྒྲ་གཅིག་གིས་བརྗོད་པར་བྱ་བ་ཉིད་ཀྱི་ཐ་མི་དད་པར་མི་འགྱུར་རོ་ཞེས་བསྟན་པའི་དོན་དུ་འདི་གསུངས་པར་ཟད་དོ། །སྒྲའི་དབང་གིས་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི། གསུམ་པོ་རྣམས་ཞེས་བྱ་བའོ། །འགལ་བའི་འབྲས་བུ་དམིགས་པ་ཞེས་བརྗོད་བཙམ་གྱིས་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་མི་དམིགས་པའི་མཚན་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཏན་ཚིགས་རྣམས་ཐ་དད་ཡིན་ན་ཅི་ལྟར་གཅིག་གིས་སྒྲས་བརྗོད་པར་བྱ་བ་ཉིད་ཡིན་ཞེ་ན་འདི་ནི་ཞེས་བྱ་བའོ། །མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཞན་སེལ་བའི་ཡུལ་ཅན་ཉིད་ཀྱིས་ན། གཏན་ཚིགས་ཐམས་ཅད་མི་དམིགས་པ་ཡིན་ནོ་ཞེས་


DTG186_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་བཅུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། གང་གིས་དེ་ཐ་མི་དད་པས་ཐ་དད་པ་མེད་པར་འགྱུར་བ་རྣམ་པར་གཅོད་པ་ཁོ་ན་ནི་གཏན་ཚིགས་ཀྱི་ཡུལ་མ་ཡིན་གྱི། འོན་ཀྱང་རྒྱུ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་དེ་ཐ་དད་པ་ཁོ་ནས་ཐ་དད་པ་ཡིན་ནོ། །བསྟན་བཅོས་མཛད་པས་ཀྱང་ཡུལ་གྱི་དབྱེ་བ་གཏན་ཚིགས་ཀྱི་དབྱེ་བའི་རྒྱུ་མཚན་ཡིན་ནོ་ཞེས་སྟོན་བ་ནི་དེ་ལྟར་ཡང་ཞེས་བྱ་བའོ། །ཕྱོགས་ཀྱི་མི་དམིགས་པ་འདིས་ནི་དངོས་པོ་ལས་ཡང་དངོས་པོའི་ཆེ་ཁས་མ་བླངས་པའི་དགག་བསྒྲུབ་པར་བྱེད་པ་ཡིན་ལ། སྔ་མ་འབྲས་བུ་དང་རང་བཞིན་དག་གིས་ནི་རྒྱུ་ལ་སོགས་པའི་རང་བཞིན་མ་ཡིན་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་དགག་པ་དང་དོན་གཞན་དང་གཞན་མ་ཡིན་པ་བསྒྲུབ་པ་ཡུལ་གྱི་དབྱེ་བ་ཐ་དད་པས་གཏན་ཚིགས་ཐ་དད་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པས་གཏན་ཚིགས་རྒྱུ་ལ་སོགས་པའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ཡང༌། དོན་དམ་པར་ན་རྣམ་པར་གཅོད་པ་ལྷུར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །རང་རིག་པའི་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པའི་གཏན་ཚིགས་ཀྱིས་ནི་མེ་ལ་སོགས་པ་རང་རིག་བའི་རང་བཞིན་ཁོ་ན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ཅི་སྟེ་མི་བརྗོད། མེ་གྲུབ་པ་ན་ནི་དོན་དམ་པར་རང་རིག་པ་ཁོ་ན་གྲུབ་པ་ཡིན་ཏེ། ཕྱི་རོལ་གྱི་མེ་མེད་པའི་ཕྱིར་རོ། །དེ་བས་ན་རིགས་པ་ཐམས་ཅད་ནི་རང་རིག་པ་ལྷུར་གྱུར་བ་ཡིན་པའི་ཕྱིར་རང་རིག་བ་ཁོ་ན་བརྗོད་པར་རིགས་སོ། །འོན་ཏེ་ཐ་སྙད་ལ་ལྟོས་པས་དེ་སྐད་མི་བརྗོད་ན། དེའི་ཚེ་འབྲེལ་པ་དང་རྗེས་སུ་མཐུན་བ་ཁོ་ནར་སྒྲུབ་པར་བྱེད་པ་རྣམ་པར་དབྱེ་བར་རིགས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་མི་དམིགས་པ་རྣམས་རང་བཞིན་མི་དམིགས་པའི་ནང་དུ་འདུ་བའི་ཕྱིར་རོ། །འགལ་བས་ཁྱབ་པ་དམིགས་པ་ཅི་ལྟ་བ་ཞིག་ཡིན་ཞེ་ན། ལྟོས་པ་དང་ཞེས་བྱ་བ་དང་འདི་ལྟར་ཞེས་བྱ་བའོ། །ཅིའི་ཕྱིར་གདོན་མི་ཟ་བ་མ་ཡིན་ཞེས་ན། རྒྱུ་གཞན་དེ་ཡང་ཞེས་བྱ་བའོ། །འདི་སྙམ་དུ་དངོས་པོའི་རྒྱུ་ཡིན་པ་དེ་ཉིད་འཇིག་བྱེད་བསྐྱེད་པའི་སྒོ་ནས་འཇིག་པའི་རྒྱུ་ཡིན་པ་དེས་ན་ངེས་པ་ཡིན་ནོ་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ།།


DTG186_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ནི་དངོས་པོའི་ཞེས་བྱ་བའོ། །དོགས་པ་ནི་འདིར་ཞེས་བྱ་བའོ། །ལན་ནི་དེ་ནི་ཞེས་བྱ་བ་སྟེ། དངོས་པོའི་རང་བཞིན་རྣམ་པ་གཞན་ཡིན་པའི་ཕྱིར་ན་དངོས་པོའི་རང་བཞིན་ལན་འདེབས་སོ་ཞེས་བྱ་བ་འདི་མི་རིགས་སོ། །ཅི་ལྟར་དངོས་པོའི་རང་བཞིན་དེ་ལྟ་མ་ཡིན་ཞེ་ན་འདི་ལྟར་ཞེས་བྱ་བའོ། །དངོས་པོའི་བདག་ཉིད་གྲུབ་པར་གྱུར་ན། བདག་ལ་ཕན་འདོགས་བར་བྱེད་བ་གང་ཞིག་ཡིན་ཏེ། འགའ་ཡང་མ་ཡིན་ནོ། །འོན་ཏེ་བདག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ན། དེའི་ཚེ་གྲུབ་པ་ཟིན་བ་དེས་ལྟོས་པར་བྱ་བ་གང་ཞིག་ཡོད་དེ་ཅི་ཡང་མེད་དོ། །འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་གཞན་ཡིན་པར་གྱུར་ན་ཡང་དེའི་འཇིག་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འཇིག་པའི་རྒྱུ་དེ་གྲུབ་པ་དེ་དང་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བའོ། །འོན་ཏེ་གྲུབ་པ་ལ་ཡང་ཁྱད་པར་གང་ཡིན་པ་དེ་བྱེད་པ་དེས་ན་དེ་འཇིག་པའི་རྒྱུ་ཡིན་ནོ་ཞེ་ན། ལན་ནི་དེ་ལྟ་ཡིན་དང་ཞེས་བྱ་བའོ། །དེ་ལས་གཞན་ཞེས་བྱ་བ་ནི་མ་གྲུབ་པའོ། །ཕྱོགས་དང་པོའི་དོགས་པ་བསུ་ནས་སུན་འབྱིན་པ་ནི། གལ་ཏེ་ཞེས་བྱ་བའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་བདག་ལ་ཕན་འདོགས་པར་བྱེད་པ་གང་ཞེས་བྱ་བ་དེས་བསྟན་པའོ།། གལ་ཏེ་ཞེས་བྱ་བས་ནི་ཕྱོགས་གཉིས་པ་དོགས་པ་བསུ་བའོ། །དེའི་བདག་ཉིད་ཅེས་བྱ་བ་ནི་གྲུབ་པའི་བདག་ཉིད་ཀྱི་ཁྱད་པར་རོ། །དེའི་བདག་ཉིད་ལས་ཞེས་བྱ་བ་གྲུབ་པའི་བདག་ཉིད་ལས་ཐ་དད་པའོ། །དེའི་ཞེས་བྱ་བ་གྲུབ་པའི་ཕན་འདོགས་པར་བྱེད་པ་མ་ཡིན་ཏེ། འཇིག་པར་བྱེད་པ་མ་ཡིན་ནོ། །འོ་ན་ཁྱད་པར་དེ་ཐ་དད་པ་དང་ཐ་མི་དད་པར་འགྱུར་རོ་ཞེ་ན། གཉི་གར་སྨྲ་བ་ཞེས་བྱ་བའོ། །དེ་ལས་གཞན་དང་ཞེས་བྱ་བ་ནི་དུས་གཞན་དུ་མི་གནས་པར་འགྱུར་རོ། །དུས་ཀྱི་ཆ་ཀུན་ཞེས་བྱ་བ་ནི། གལ་ཏེ་སྐད་ཅིག་གཅིག་ཁོ་ན་ལ་དུས་ཀྱི་ཆ་ཐམས་ཅད་ཁྱབ་པ། འབྲས་བུ་ཐམས་ཅད་ཀྱི་སྒྲུབ་བྱེད་དུ་གྱུར་པའི་དངོས་པོ་རྟོགས་པ་ཡིན་ན་དེའི་ཚེ་སྐད་ཅིག་གཉིས་པ་ལ་རང་ཉིད་ཁོ་ན་འཇིག་པའི་རྒྱུ་ཅི་ཞིག་བྱས་ཏེ། ཅི་ཡང་བྱར་མེད་དོ། །ཅི་དང་འདྲ་བར་དོན་མེད་ཅེ་ན། ཆུས་ཁྱེར་བ་ལ་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། རགས་


DTG186_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་པ་ནི་ཞེས་བྱ་བའོ། །འདི་གང་ལས་ཤེ་ན། གང་གི་ཕྱིར་ཆུ་མི་འགོག་པར་ཞེས་བྱ་བའོ། །མི་འགོག་ཀྱང་རགས་འཛུགས་སོ་ཞེ་ན། རགས་འཛུགས་དེ་ནི་ཞེས་བྱ་བའི་ཕྱོགས་ཕྱི་མ་བཟློག་པའི་དོན་དུ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཁྱབ་པར་ཉིད་ལ་སོགས་པར་རོ། །དེས་པར་བྱས་པ་ནི་སེམས་དང་ལྡན་པ་ལ་ལྟོས་ཏེ། ངེས་པར་རྟོག་པ་ལ་རྩོད་པ་མེད་དོ། །སེམས་དང་མི་ལྡན་པ་ལ་ནི་སེམས་དང་ལྡན་པར་སྒྲོ་བཏགས་ནས་བརྗོད་པ་ཡིན་ནོ། །འདི་ཡང་ཞེས་བྱ་བ་ནི་གྱོ་མོ་ཡང་སྟེ་ཐོབ་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཐོ་བ་ལ་ཡང་ངོ༌། །སྔ་མ་ཉིད་ཅེས་བྱ་བ་ནི་བུམ་པ་གྲུབ་པའམ་མ་གྲུབ་པ་ཞིག་འགལ་ཟླས་བཟློག་པར་བྱ་བ་ཡིན་ཞེས་བྱ་བའི་ཕྱོགས་གཉིས་ལ་བརྗོད་པའི་མི་ནུས་པ་དང་མི་དགོས་པའི་མཚན་ཉིད་ནི་གྱོ་མོ་ལ་སོགས་པ་ལ་ཡང་ཡིན་ནོ། །ཕན་ཚུན་ཞེས་བྱ་བ་ནི་བུམ་པ་དང་གྱོ་མོ་དག་ཕན་ཚུན་སྤངས་པ་ཙམ་གྱིས་ནི། གྱོ་མོ་ལ་སོགས་པ་བུམ་པའི་ཟློག་བྱེད་དུ་མི་འགྱུར་ཏེ། དེ་ལྟ་ན་ནི་འདི་ཤིང་གི་ཡང་ཟློག་པར་བྱེད་པར་ཡིན་པར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པར་ནི་དོན་འདི་ཡིན་ཏེ། དངོས་པོ་དུས་གཞན་དུ་གནས་པ་ལ་འཇུག་པའི་རྒྱུས་སྟོན་པ་མི་སྒྲུབ་པ་བྱེད་པ་ཡིན་པ་དེས་ན་འཇིག་པའི་རྒྱུ་དོན་མེད་པ་མ་ཡིན་ནོ་ཞེས་བྱ་བའོ། །དུས་གཞན་དུ་ཞེས་བྱ་བ་ལ་སོགས་པའི་ལན་ཡང་དོན་འདི་ཡིན་ཏེ། གལ་ཏེ་དངོས་པོ་བསྟན་བྱ་ཡིན་ན་དེའི་དེ་ཚེ་དེ་གཞན་དུ་བྱ་བར་མི་ནུས་ཏེ། དེས་ན་གལ་ཏེ་འཇིག་པར་བྱེད་པས་དེ་ལ་སྟོང་པར་བྱེད་ན། དེ་ལ་བརྟེན་པའི་སྟོང་པ་ཉིད་གཅིག་བྱེད་གྲང་ན། །བརྟེན་པས་ནི་རྟེན་འཇིག་པ་མ་ཡིན་ནོ། །ཆུས་བུམ་པ་བཞིན་ནོ། །ཆུས་བུམ་པར་གནས་པས་དེ་ཉིད་འཇིག་པར་ནི་བྱེད་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བུམ་པ་སོམ་བཏང་པ་ལའོ། །བུམ་པ་སོ་མ་བཏང་པ་ནི་འཇིག་པའི་ངང་ཅན་འདོད་པའི་ཕྱིར་ན་དུས་གཞན་དུ་གནས་པ་ཉིད་མ་གྲུབ་པོ། །གལ་ཏེ་གཞི་གང་ལ་བསྟན་པ་ཉིད་ལྷག་པར་རློམ་པ་དེ་ནི་བརྟེན་པས་འཇིག་པ་མ་ཡིན་ཏེ་ཞེས་བརྗོད་པར་འདོད་པ་ཡིན་ནོ། །དེས་ན་དུས་གཞན་དུ་གནས་པའི་དངོས་པོ་ལ་འཇིག་པའི་རྒྱུ་བྱེད་


DTG186_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ་ཞེས་བྱ་བ་ནི་གནས་སོ། །ཡང་གཞན་དག་རྗེས་སུ་དཔག་པས་གྲུབ་པའི་དུས་གཞན་དུ་གནས་པ་འགལ་བས་ཟློག་བར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལྟར་འཇིག་རྟེན་པ་དག་ནི་བུམ་པ་དུས་གཞན་དུ་གནས་པར་ཁས་བླངས་ནས། དེ་གཞིག་པའི་ཆེད་དུ་ཐོ་བ་ལ་སོགས་པ་རབ་ཏུ་སྦྱོར་ཏེ། དེས་ན་དུས་གཞན་དུ་གནས་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ། སྟ་རེ་ལ་སོགས་པ་སྦྱོར་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ནོ། །གལ་ཏེ་དངོས་པོ་གནས་པ་མ་ཡིན་ན་ནི་འཇིག་པའི་རྒྱུ་ཡང་མི་སྦྱོར་བ་ཞིག་ན་བྱེད་པ་ཡང་ཡིན་ཏེ་དེས་དངོས་པོ་ནི་བསྟན་བ་ཁོ་ནའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །འདིས་ནི་དུས་གཞན་དུ་གནས་པ་ལ་གྲུབ་པ་ནི་འགལ་བས་ལོག་པར་བྱེད་པ་ཡིན་ནོ། །དེས་ན་འཇིག་པའི་རྒྱུ་ནི་དོན་མེད་པ་མ་ཡིན་ནོ་ཞེས་དགོངས་པའོ། །རབ་ཏུ་གྲུབ་པ་བསྟན་པ་ནའོ། །གཞན་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པས་མ་གྲུབ་པ་གཞན་དུ་གྱུར་པ་ཉིད་ནི་མེད་པ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་དངོས་པོར་གྲུབ་པའི་ཚད་མ་མེད་པས་ན། ཡོད་པའི་ཐ་སྙད་དུ་མི་རུང་བའི་ཕྱིར་རོ། །ཕྱེད་སྔ་མ་འཆད་པ་ནི་མངོན་སུམ་དང་འདྲ་བར་ཞེས་བྱ་བའོ། །དེས་གྲུབ་པ་ཡང་ཞེས་བྱ་བ་ནི་མངོན་སུམ་གྱིས་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྗེས་སུ་དཔག་པས་གྲུབ་པ་ཡང་ངོ༌། །དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གྲུབ་པའི་བསྟན་པའོ། །ཅིའི་ཕྱིར་ཞེ་ན། དེ་མེད་ན་ཞེས་བྱ་བའོ། །གང་གི་ཕྱིར་བསྟན་པ་དེ་མེད་ན་རྗེས་སུ་དཔག་པའི་རང་བཞིན་བསྟན་པར་རྟོགས་པ་མི་བདེན་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་བ་དེའི་ཕྱིར་ན། གལ་ཏེ་རྗེས་སུ་དཔག་པ་ཚད་མ་མ་ཡིན་ན། མངོན་སུམ་ཡང་ཚད་མར་མི་འགྱུར་རོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་བསྟན་པའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་མི་བརྗོད་མོད་ཀྱི། འོན་ཀྱང་སྲིད་པ་ཙམ་དུ་རྟོག་པ་ཡིན་ནོ་ཞེས་དོགས་པ་ནི་འགྱུར་བར་ཞེས་བྱ་བའོ། །བྱེད་ཕྱི་མ་བཤད་པའི་དོན་དུ་དགོས་པར་བྱེད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་བུམ་པ་བསྟན་པའོ། །ཕྱོགས་གཉི་ག་ཡང་སུན་འབྱིན་པ་ནི་བུམ་སོགས་ཞེས་


DTG186_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྟེ་སོགས་པའི་སྒྲས་འཇིག་པའི་རྫས་ལ་སྟེ། རྣམ་པ་གཞན་ཉིད་དུ་གྲུབ་ཟིན་པའི་ཕྱིར་ན། འཇིམ་པ་ལ་སོགས་པའི་རྫས་དེ་ཅི་ལྟར་མཐོང་བར་མ་གྱུར། གལ་ཏེ་བུམ་པ་ལ་སོགས་པའི་ཆོས་ཅན་ལ་ཆོས་གཞན་དུ་གྱུར་པ་ཉིད་གྲུབ་ན་དེ་ལྟ་ན་ཡང་བུམ་པ་ལ་སོགས་པ་མཐོང་བར་འགྱུར་ཏེ། མ་ལོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་དང་པོ་རྗེས་སུ་བརྗོད་ནས་བུམ་པ་ལ་གཞན་ཉིད་ཀྱི་ཞེས་བྱ་བ་སྟེ་རྣམ་པར་འགྲེལ་པས་བཟློག་པ་ནི་གཞན་དུ་ཞེས་བྱ་བའོ། །དེ་ཉིད་ནི་བུམ་པ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་གཞན་དུ་གྱུར་པའི་གཞི་ཡིན་པས་སོ། །བུམ་པ་མ་མཐོང་ན་ནི་གཞན་གྱིས་འདི་སྐད་བརྗོད་པར་རིགས་སོ་ཞེས་གསུངས་པས་ནི་བུམ་པ་སྔོན་དུ་ཞེས་བྱ་བའོ། །དེའི་ནི་བུམ་པའིའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། གལ་ཏེ་བུམ་པའི་འཇིག་པ་ཡིན་ན་དེའི་ཚེ་བུམ་པ་སྔོན་དུ་འགྲོ་བ་ཅན་གྱི་གཞན་དུ་གྱུར་པ་ཐ་དད་པར་འགྱུར་གྱི། འཇིག་པ་མེད་ན་གོ་ཇི་ལྟར་ཞེས་བྱ་བའོ། །ལན་ནི་འཇིག་པ་དེ་ཡང་ཞེས་བྱ་བའོ། །གཞན་དུ་གྱུར་པ་ཁོ་ན་ལ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ་དེས་ན་ཐུག་པ་མེད་དོ། །དང་པོ་འཇིག་པ་ཡོད་ན་གཞན་དུ་གྱུར་ལ། གཞན་དུ་གྱུར་པ་ན་ཡང་འཇིག་པ་གཉིས་པ། འཇིག་པ་གཉིས་པ་ཡོད་ན་ཡང༌། །གཞན་དུ་གྱུར་པ་གཉིས་པ། གཞན་དུ་གྱུར་པ་གཉིས་པ་ཡིན་ན་ཡང་འཇིག་པ་གསུམ་པ་ཡིན་པའི་ཕྱིར་རོ། །ཡང་ན་ཐུག་པ་མེད་པ་ཞེས་བྱ་བ་ནི་རྣམ་པར་གནས་པ་མེད་པ་ལ་བརྗོད་དོ། །དེས་ཀྱང་ཕན་ཚུན་རྟེན་པ་མཚོན་བའོ། །འོན་ཏེ་འཇིམ་པའི་རྫས་ལ་འདོད་ཅེས་བྱ་བ་དེ་རྣམ་པར་འགྲེལ་བ་ནི་འོན་ཏེ་འཇིམ་པའི་ཞེས་བྱ་བའོ། །བུམ་སོགས་ལ་ནི་ཞེས་སོགས་པའི་སྒྲས་བསྡུས་པ། རྣམ་པར་འགྲེལ་པས་ལན་འདེབས་པ་ནི་དེ་ཡང་ཞེས་བྱ་བ་སྟེ་འཇིམ་པའི་རྫས་ཀྱང་ངོ༌། །དེ་ཞེས་བྱ་བ་ནི་འཇིམ་པའི་རྫས་སོ། །གཞན་ཡང་འཇིམ་པའི་རྫས་ཀྱི་དུས་སམ། དུས་གཞན་དུ་འཇིག་པ་དེ་འགྱུར་བ་ཡིན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། དེར་ཡང་ཞེས་བྱ་བ་སྟེ་འཇིམ་པའི་རྫས་ལ་ཡང་བུམ་པ་སྐྱེ་བ་ལས་སྔ་


DTG186_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་འཇིམ་པའི་རྫས་བུམ་པའི་རྒྱུར་གྱུར་པ་ནི་མི་འཇིག་གོ །ཅིའི་ཕྱིར་ཞེ་ན། དེའི་ཚེ་ཞེས་བྱ་བ་ནི་འཇིམ་པའི་རྫས་ཀྱི་དུས་ན་འཇིག་པ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེད་བྱེད་ཀྱི་འཇིམ་པའི་རྫས་ཀྱི་དུས་ན་ནི་དེ་འཇིག་པ་མ་ཡིན་གྱི། དེའི་དེ་མ་ཐག་པར་སྐྱེ་བའི་བུམ་པའི་བདག་ཉིད་དུ་གྱུར་པའི་འཇིམ་པའི་རྫས་འཇིག་པ་ཡིན་ནོ་ཞེ་ན་ཕྱི་མ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །འཇིམ་པའི་རྫས་ཕྱི་མ་བུམ་པའི་གནས་ཉིད་དུ་གྱུར་པ་ཡང་འཇིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ་བུམ་པའི་བདག་ཉིད་དུ་གྱུར་པའི་འཇིག་པའི་དུས་ན་དེ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དུས་ཕྱིས་འབྱུང་བའི་འཇིག་པས་དངོས་པོ་སྔ་མ་གཞིག་པར་བྱ་དགོས་སོ། །ཕྱིས་འབྱུང་བའི་འཇིག་བ་ཡང་ཁྱོད་འདོད་པ་ཡིན་ན་དེ་ཡང་དངོས་པོའི་དུས་ན་ཡོད་པ་མ་ཡིན་ན། །དེ་ཅི་ལྟར་འདི་དངོས་པོའི་ཡིན་པར་འགྱུར། གལ་ཏེ་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དོན་འདི་ཡིན་ཏེ། གལ་ཏེ་དུས་ཕྱིས་འབྱུང་བའི་འཇིག་པ་སྔ་མ་དང་མ་འབྲེལ་ན་དེའི་ཚེ་ས་བོན་གྱི་རྗེས་ཐོགས་ལ་འབྱུང་བའི་མྱུ་གུ་ཡང་ས་བོན་གྱི་འབྲས་བུར་མི་འགྱུར་ཏེ། ས་བོན་གྱི་དུས་ན་དེ་མེད་པའི་ཕྱིར་རོ། །འོན་ཏེ་དེའི་དུས་ན་དེ་མེད་ཀྱང་དེ་དེའི་འབྲས་བུ་ཉིད་ཡིན་ན། དེ་ལྟ་ན་འོ་ན་དངོས་པོའི་དུས་ན་འཇིག་པ་མེད་ཀྱང་འདི་དེའི་ཡིན་པར་འགྱུར་རོ་ཞེས་བྱ་བའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བའི་ལན་གྱི་དོན་ནི་འདི་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་དུས་མི་མཚུངས་པ་དག་ཁོ་ན་ལ་རིགས་པ་ཡིན་གྱི། འཇིག་པ་ནི་དུས་མཚུངས་པ་ཁོ་ནར་ཁས་བླང་པར་བྱ་བ་སྟེ་དེ་ལྟ་མ་ཡིན་ན་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའོ། །ཅི་ལྟར་ལན་འདི་མ་ཡིན་ཞེ་ན་དངོས་པོ་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་དངོས་པོ་ཞིག་གོ་ཞེས་བརྗོད་ཅེ་ན། གང་གི་ཚེ་ཞེས་བྱ་བའོ། །འདིའི་ལྡོག་པ་བརྗོད་པ་ནི། མེད་པ་ལ་ནི་ཞེས་བྱ་བའོ། །དངོས་པོའི་མེད་པ་ཉིད་ཀྱི་དུས་ན་ནི་ཐོ་བ་ལ་སོགས་པ་མེད་པས་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ཤི་བ་ལ་ནི་ཞེས་བྱ་བའོ། །གལ་ཏེ་ཅི་ལྟར་དངོས་པོ་ལོག་པ་ལ་དེའི་འཇིག་པ་མི་འཐད་པ་དེ་བཞིན་དུ་ས་བོན་ལོག་པ་ན་མྱུ་གུ་སྐྱེ་བར་ཡང་མི་འགྱུར་ཞེས་དོགས་ན། འབྲས་བུ་ནི་ཞེས་བྱ་བའོ། །དངོས་པོ་མེད་པ་ཡང་འབྲས་བུ་དང་འདྲ་བ་དངོས་པོ་གཞན་ཁོ་ན་ཡིན་ནོ་ཞེ་ན། དངོས་


DTG186_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེད་བ་ནི་ཞེས་བྱ་བའོ། །གལ་ཏེ་དངོས་པོའི་འཇིག་པ་ཞེས་གཞི་མཐུན་པ་མ་ཡིན་པར་མཐོང་བ་མ་ཡིན་ནམ། དེ་ཅི་ལྟར་གཞི་མཐུན་པ་ཡིན་ཞེ་ན། གཞི་མཐུན་པ་མ་ཡིན་པ་ནི་ཞེས་བྱ་བ་ནི་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ། །བུམ་པ་དང་སྣམ་བུ་ལ་སོགས་པའི་ཐ་དད་པ་འདི་ལ་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་དངོས་པོ་མེད་དོ་ཞེས་གཞི་མཐུན་པ་ཡིན་པ་དེ་བཞིན་དུ་མེ་ཉིད་དུ་བ་ཡིན་ནོ་ཞེས་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་མེ་དུ་བ་ཡིན་ནོ་ཞེས་བྱ་བར་མ་ཟད་ཀྱི་དེ་མེད་དོ་ཞེས་བྱ་བ་འདིར་ཡང་ངོ། །ཅི་ལྟར་འདིར་ཡང་གཞི་མཐུན་པ་མ་ཡིན་ཞེ་ན་སྔོན་གྱིས་ཞེས་བྱ་བའོ། །དེས་ན་དེ་མེད་དོ་ཞེས་བྱ་བ་ནི་ཉེ་བར་བཏགས་ནས་གཞི་མཐུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འགལ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་སྔོན་གྱི་དུས་སུའོ། །གང་གི་ཕྱིར་དེ་ལྟར་དུས་ཕྱིས་བྱུང་བའི་འཇིག་པས་ཞིག་གོ་ཞེས་རྟོགས་པ་མ་ཡིན་པ་དེའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ཐ་དད་པ་དང་གཞི་མཐུན་པ་མེད་པས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་གཞན་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་གཞན་མ་ཡིན་ཞེ་ན། ཕྱིས་ཞེས་བྱ་བའོ། །དེ་ལས་ཞེས་དུས་ཕྱིས་འབྱུང་བའི་དོན་ལས་ལྡོག་པ་དང་ལྡན་པའོ། །ཅི་ལྟར་སྔ་མའི་ཡོད་པ་ཕྱི་མའི་མེད་པ་ཡིན་ཞེ་ན། ཕྱི་མ་ཞེས་བྱ་བའོ། །གང་གི་ཕྱིར་སྔ་མ་དེ་དམིགས་པ་གང་ཡིན་པ་དེ་ཉིད་ཕྱི་མ་མི་དམིགས་པ་ཡིན་ནོ། །དེ་ཅི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེ་ཡང་ཞེས་བྱ་བའོ། །ཅི་ལྟར་དེ་ལྟ་བུའི་རང་བཞིན་ཡིན་ཞེ་ན། ཕྱི་མ་དང་ཞེས་བྱ་བའོ། །སྐྱེས་པ་ཙམ་ཞེས་སྨོས་པས་ནི། འཇིག་པའི་རྒྱུ་ལ་ལྟོས་པ་བསལ་བ་ཡིན་ནོ། །གཞན་ལ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་ལའོ། །ཁྱབ་པ་ནི་རྟག་པའོ། །དེ་ལ་ཞེས་བྱ་བ་ནི་འཇིག་པའི་དོན་དུ་གཞན་ལ་ལྟོས་པའོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་མི་ནུས་པ་དང་མི་དགོས་པ་སྟོན་པའི་སྐབས་སུའོ། །འཇིག་པའི་རྒྱུ་མི་འཐད་པ་དེ་ཉིད་ཀྱི་ཕྱིར་བཤད་པའོ། །དེ་ལྟ་མིན་པར་ཞེས་བྱ་བ་ནི་རྣམ་པར་མ་ཆད་པའི་རང་བཞིན་ནོ། །དང་པོ་ཁོ་ནར་ཞེས་བྱ་བ་ནི་སྐྱེ་བའི་དུས་ནའོ། །རྒྱུ་མེད་ཅེས་བྱ་བ་ནི་འཇིག་


DTG186_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་དང་བྲལ་བའོ། །འཇིག་པའི་དངོས་པོའི་བདག་ཉིད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ནི། ད་བས་ན་ཞེས་བྱ་བའོ། །དངོས་པོ་མཚན་ཉིད་ཀྱི་དེ་མ་ཐག་ཏུ་ཞེས་བྱ་བ་ནི་སྐད་ཅིག་གཉིས་པ་ལའོ། །དེའི་བདག་ཉིད་ནི་དངོས་པོའི་བདག་ཉིད་དོ། །དེའི་བདག་ཉིད་མ་ཡིན་པ་ལ་རག་མོད་ཅེ་ན། དེའི་བདག་ཉིད་མ་ཡིན་ན་ཡང་ཞེས་བྱ་བའོ། །དེ་ལྟར་གྱུར་ཏོ་ཞེས་བྱ་བ་ནི་འཇིག་པའི་དང་ཅན་ནོ། །དངོས་པོ་མེད་ཅེས་བྱ་བ་ནི་དངོས་པོ་མེད་པ་ཡིན་ན། སྔོན་པོ་ལ་སོགས་པའི་དངོས་པོ་འཇིག་པའི་རང་བཞིན་དེ་ལྟར་ཅི་ལྟར་འགྱུར། དེར་ཞེས་བྱ་བ་ནི་འཇིག་པར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཞེས་བྱ་བའོ། །དེ་ལྟ་ན་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་དངོས་པོ་ཉིད་འཇིག་པ་ཡིན་ནོ། །དེའི་ཚེ་འཇིག་པ་ཐ་དད་པ་མེད་པའི་ཕྱིར་ཅི་ལྟར་དངོས་པོ་ཞིག་པར་འགྱུར་ཞེ་ན། འཇིག་པ་ཞེས་བྱ་བ་ནི་ལན་ནོ། །འཇིག་པའི་ཞེས་བྱ་བ་ནི་གཞན་གྱིའོ། །ཡིན་ལ་རག་མོད་ཅེས་བྱ་བ་ནི་ལན་ནོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཐ་དད་ཀྱང་ངོ༌། །དེ་ནི་འཇིག་པའོ། །ཅིའི་ཕྱིར་ཞེ་ན། ཐ་དད་པའི་ཞེས་བྱ་བ་སྟེ་འཇིག་པའིའོ། །གཞན་གྱི་སྟེ་དངོས་པོའི་རང་བཞིན་འཕྲོག་པར་བྱེད་པ་མ་ཡིན་པ་ཉིད་དོ། །གལ་ཏེ་འགལ་བས་དངོས་པོ་ཟློག་པར་བྱེད་པ་ཉིད་མ་ཡིན་ནམ་ཞེ་ན། འགལ་བས་ཞེས་བྱ་བའོ། །ཅི་ལྟར་བསལ་ཟིན་ཅེ་ན། འཇིག་པ་མེད་ན་ཞེས་བྱ་བའོ། །གལ་ཏེ་མེ་ལ་སོགས་པ་ཉེ་བས་དངོས་པོ་འཇིག་པ་ཡིན་ན། དེའི་ཚེ་འདི་འགལ་བར་འགྱུར་གྱི། འཇིག་པ་མེད་ན་ནི་བུམ་པ་དང་སྣམ་བུ་བཞིན་དུ་འགལ་བ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྒྱུ་གཞན་ལ་ལྟོས་པ་གདོན་མི་ཟ་བར་འགྱུར་པ་མ་ཡིན་པ་དེའི་ཕྱིར། གང་དག་བསལ་བ་ལ་སོགས་པ་གཞན་ལ་ལྟོས་ནས་ཡོད་པ་མ་ཡིན་པ་དེ་དག་ནི་དེ་ཡོད་པ་ལ་ངེས་པ་ཁོ་ན་ཡིན་ཏེ། དཔེར་ན་འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་ཚོགས་པ་བཞིན་ནོ། །དེ་བཞིན་དུ་དངོས་པོ་ཡང་འཇིག་པའི་དོན་དུ་གཞན་ལ་ལྟོས་པ་མེད་པ་ཡིན་ནོ་དེས་ན་དེ་ཡོད་པ་ལ་ངེས་པ་ཁོ་ནའོ། །དེ་ལ་ངེས་པ་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པ་ལ་ངེས་པའོ། །དེ་བཞིན་དུ་དངོས་པོ་ཡང་འཇིག་པ་ལ་ལྟོས་པ་ཅུང་ཟད་ཀྱང་མེད་དེ། དེས་ན་འཇིག་པ་ལ་མི་


DTG186_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པས་དངོས་པོ་རྣམས་ནི་སྐད་ཅིག་མ་ཁོ་ནའོ། །འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འཇིག་པ་རྒྱུ་དང་བཅས་པའི་ཕྱོགས་ལ་ནི་སྐྱེ་བ་དང་ལྡན་པ་ཉིད་འཇིག་པ་དང་འབྲེལ་བ་མ་ཡིན་ཏེ། སྐྱེས་པ་གནས་པར་ཁས་ལེན་པའི་ཕྱིར་རོ། །ལྟོས་པ་མེད་པའི་ཕྱོགས་ལ་ཡང་འབྲེལ་པ་མེད་དོ་ཞེ་ན། འཇིག་པ་ཞེས་བྱ་བའོ། །དེའི་བདག་ཅེས་བྱ་བ་འཇིག་པའི་བདག་ཉིད་ལ་འབྲེལ་པས་ན། བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་ཀྱི་སྒྲུབ་པར་བྱེད་པ་སྐྱེ་བ་དང་ལྡན་པ་ཉིད་ཡིན་ནོ། །ཅིའི་ཕྱིར་འབྲས་བུ་ཉིད་ཀྱིས་ཀྱང་རྟགས་མ་ཡིན་ཞེ་ན། ཕྱིས་འབྱུང་ཕྱིར་ན་ཞེས་བྱ་བའོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། ཕྱིས་ཞེས་བྱ་བའོ། །འོ་ན་རྒྱུ་ཉིད་ཀྱིས་དེ་དེའི་རྟགས་ཡིན་པར་འགྱུར་རོ་ཞེ་ན། འབྲས་བུ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འཁྲུལ་པས་ནའོ། །དེ་ནི་སྐྱེ་བ་དང་ལྡན་པ་ཉིད་དོ། །གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་པའིའོ། །རྒྱུ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་འཇིག་པ་རྒྱུ་མེད་པ་ཉིད་ཀྱིས། དངོས་པོ་དང་འཇིག་པ་དག་དེའི་བདག་ཉིད་དུ་འགྱུར་རོ་ཞེས་བྱ་བ་ག་ལས་ཏེ་མ་ཡིན་པ་ཁོ་ནའོ། །ཐོ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ཡང༌། འཇིག་པ་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེ་ན། འབྲས་བུའི་ཆོས་ཀྱང་ཞེས་བྱ་བའི་འཇིག་པ་གང་ཞིག །འཇིག་པའི་རྒྱུ་གང་མེད་ཀྱང་ངོ༌། །དེའི་ཞེས་བྱ་བ་ནི་མེ་ལ་སོགས་པའི་རྒྱུ་ཅན་ནོ། །དངོས་པོ་ཡོད་པའི་དུས་ན་ནི་དེའི་བདག་ཉིད་ཀྱི་འཇིག་པ་ཡོད་པ་ཡིན་ན། དེའི་ཚེ་ནི་འཇིག་པའི་རྒྱུ་ཡོད་པ་མ་ཡིན་ནོ། །དེས་ན་འཇིག་པའི་རྒྱུ་མེད་པར་འབྱུང་བའི་འཇིག་པ་ནི་དེའི་རྒྱུ་ཅན་དུ་མི་འགྱུར་རོ། །གལ་ཏེ་ཐོ་བ་ལ་སོགས་པ་ཡོད་ན། འཇིག་པར་འགྱུར་བའི་ཕྱིར་ན་དེའི་རྒྱུ་ཅན་ཉིད་ཡིན་ནོ་ཞེ་ན། རྗེས་སུ་འགྲོ་བ་ཙམ་གྱི་ཞེས་བྱ་བའོ། །འོན་ཏེ་ཐོབ་ལས་ཅི་འདྲ་བ་དེ་འདྲ་བའི་འཇིག་པ་ནི་ཐོ་བ་མེད་པར་མི་འགྱུར་རོ་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །སྐྱེས་མ་ཐག་ཏུ་ཡང་གཞན་དང་འབྲེལ་པ་མེད་པར་རྟོགས་སོ་ཞེས་འབྲེལ་ཏོ། །འདི་ག་ལས་ཤེ་ན། སྔར་ཡང་ཞེས་བྱ་བའོ། །འོན་ཏེ་འཇིག་བྱེད་ཉེ་བའི་དུས་ན་འཇིག་པ་དེ་དང་མི་འདྲ་བ་འབྱུང་བ་ཡིན་ན་


DTG186_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཕྱིས་ཀྱང་ཞེས་བྱ་བ་སྟེ་ཐོ་བ་ལ་སོགས་པ་རང་ཕྲད་པའི་དུས་ན་ཡང་ངོ༌། །དེ་ཞེས་བྱ་བ་མ་འབྲེལ་བར་བྱས་པའོ། །འདི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་འབྱོར་བ་ཉིད་དོ། །དེར་ནི་འཇིག་པ་ལའོ། །ཅིའི་ཕྱིར་ཉེ་བར་མི་སྤྱོར་ཞེ་ན། དེའི་ཚེ་ཞེས་བྱ་སྟེ་འབྱོར་བ་ཉིད་དུ་རྟོགས་པའི་དུས་ནའོ། །དེས་ནི་འཇིག་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་གཉི་ག་ལྟར་ཡང་དངོས་པོ་རང་གི་རྒྱུ་ལས་སྐྱེ་བ་ན་འཇིག་པའི་བྱེད་པ་མི་རུང་བའི་ཕྱིར་རོ། །ཅི་ལྟར་མངོན་སུམ་གྱིས་དེ་ལྟར་རྟོགས་ཤེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །མངོན་སུམ་གྱིས་དེ་ལྟ་མ་ཡིན་པར་མི་རྟོགས་མོད། དངོས་པོ་ནི་དེ་ལྟ་མ་ཡིན་པར་འགྱུར་རོ་ཞེ་ན་གང་ཞིག་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཞན་ཏུ་གྱུར་པ་ཉིད་ཅེས་བྱ་བ་སྟེ། སྐད་ཅིག་མ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་འཇིག་པའི་རྒྱུ་མི་འཐད་པའི་ཕྱིར་རོ། །འཇིག་པ་དེར་ངེས་པ་ནི་འཇིག་པ་ལ་ལྟོས་པ་མེད་པ་ཉིད་ཡིན་གྱི། གཞན་ཞེས་བྱ་བ་འཇིག་པ་ལ་ལྟོས་པ་དང་བཅས་པ་ནི་དེར་ངེས་པ་མ་ཡིན་ནོ། །གལ་ཏེ་ལྟོས་པ་དང་བཅས་ཀྱང་གདོན་མི་ཟ་བར་ཕྱིས་འགྱུར་བ་ཡོད་དོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ཅི་ལྟར་ལྟོས་པ་དང་བཅས་སྙམ་ན། ལྟོས་པ་མེད་པ་ཉིད་ཡིན་ཞེས་བྱ་བའོ། །འཆར་བ་དང་ནུབ་པའི་དེ་མ་ཐག་ཁོ་ནར་འཆར་བ་དང་ནུབ་པ་ཡང་མ་ཡིན་ཏེ། དེས་ན་དེ་དག་ལྟོས་པ་དང་བཅས་སོ་ཞེས་རྟོགས་པ་ཡིན་ནོ་ཞེས་བྱ་བའོ། །དཔེ་ཡང་རྗེས་སུ་མཐུན་པ་མ་ཡིན་ནོ་ཞས་བརྗོད་པ་ནི་ཚོགས་པ་ཡང་ཞེས་བྱ་བའོ། །དངོས་མེད་པ་ལ་ཞེས་བྱ་བ་ནི་ཐ་དད་པ་ལའོ། །བཟློག་པ་ཉིད་དུ་ཞེས་བྱ་བ་ནི་དངོས་པོ་ཉིད་བསྒྲུབ་པར་འགྱུར་བའོ། །ཅི་ལྟར་མ་ཁྱབ་ཅེ་ན། རེས་འགའ་ཞེས་བྱ་བའོ། །ཕྱེད་སྔ་མ་འཆད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཐུན་མོང་གི་མ་ངེས་པ་ཉིད་བརྗོད་ནས། མི་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་ཉིད་བརྗོད་པ་ནི། རྒྱུན་གང་ཞེས་བྱ་བའོ། །གཞན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་མི་འཆར་བར་ཡང་སྲིད་པ་ཡིན་ནོ། །ནུབ་པར་ཁས་བླངས་ནས་གཉིས་པོ་འདི་བརྗོད་པར་ཟད་དེ། འདི་ནི་


DTG186_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གཞག་པ་ཉིད་དུ་ཡང་ནུས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བུམ་པ་ནི་ཞེས་བྱ་བའོ། །འདི་དག་དེ་གཉིས་ཀྱིས་འཁྲུལ་པ་མེད་པ་ཡིན་ཡང༌། ཐམས་ཅད་དུ་མི་འཁྲུལ་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །གལ་ཏེ་འཆར་བ་དང་ནུབ་པ་འགའ་ཞིག་གདོན་མི་ཟ་བར་ཡིན་པ་དེ་ལྟན་ཡང་གཞན་བྱས་བ་དག་ནི་དེ་ལྟ་མ་ཡིན་པས་ཞེས་བྱ་བ་གདོན་མི་ཟ་བར་འགྱུར་པ་མ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། ལྟོས་པ་དང་བཅས་པ་རྣམས་ནི་ཞེས་བྱ་བའོ། །དེ་ཡང་མི་རུང་ཏེ་ཞེས་བྱ་བ་ནི་དེ་ཉིད་སུན་འབྱིན་པའོ། །གང་དངོས་པོ་གང་ཞིག་ངོ་བོ་གཞན་ཏེ་མྱུ་གུ་ལ་ངེས་པ་དེ་ནི་རང་གི་རང་བཞིན་གྱི་བདག་ཉིད་ཅན་གྱི་འཇིག་པ་ལ་རང་གི་རྒྱུ་ལས་དེ་ལྟར་དེ་ངེས་པར་ནི་ཤིན་ཏུ་གསལ་བ་ཁོ་ནར་ཅིས་མ་རྟོགས་ཏེ་རྟོགས་པ་ཁོ་ནའོ། །འོན་ཏེ་འཇིག་པ་ཡང་གཞན་ཁོ་ན་ཡིན་ནོ་ཞེ་ན། འཇིག་པ་ཞེས་བྱ་བ་ཞེས་སྨོས་སོ། །འོ་ན་འཇིག་པ་གང་ཡིན་ཞེ་ན་འོན་ཀྱང་ཞེས་བྱ་བའོ། །འོ་ན་དངོས་པོའི་འཇིག་པ་ཞེས་ཐ་དད་པའི་ཐ་སྙད་དུ་ཅི་ལྟར་འགྱུར་ཞེ་ན། མཚི་གུའི་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་དེས་ན་དཔེ་དེས་ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པའོ། །སྤྱིར་ཞེས་བྱ་བ་ནི་གང་ཞིག་གང་གིས་ངོ་བོ་ལ་ལྟོས་པ་མེད་པ་དེ་ནི་དེའི་ངོ་བོར་ངེས་པ་ཡིན་ནོ་ཞེས་སྤྱིར་འབྱུང་བའམ་འཇིག་པ་ལ་ལྟོས་པ་མེད་པར་སྟོན་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་ཞེས་བྱ་བ་ནི། མྱུ་གུའི་དངོས་པོ་ལ་ནི་ཚོགས་པ་ངེས་པ་ཡིན་གྱི། དངོས་པོ་མེད་པ་འཇིག་པ་ལ་ནི་ངེས་པ་མ་ཡིན་ནོ་ཞེས་དངོས་པོ་དང་དངོས་པོ་མེད་པར་རྟོགས་པ་ནི། ལྟག་ཆོད་དེ་ལན་ལྟར་སྣང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། སྒྲ་དང་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་སྡུད་པའོ། །ལྟོས་པ་དང་བཅས་པ་དང་ངེས་པར་འགྱུར་བ་བཞིན་ཞེས་བྱ་བའི་ཚད་མས་གནོད་པའི་དཔེར་བརྗོད་པ་བཤད་པ་ཡིན་ལ། དེ་ཡང་འགལ་བས་ཁྱབ་པ་དམིགས་པའི་རང་བཞིན་ཁོ་ན་ཡིན་ནོ། །གཏན་ཚིགས་གཉིས་ཉིད་ཅེས་བྱ་བ་ནི་འབྲེལ་བ་ཡོད་པས་ནའོ། །གཏན་ཚིགས་འགལ་བ་ལས་གཞན་དག་ནི་མ་ངེས་པའོ། །རྣམ་པ་ལྔ་ཉིད་གསལ་བར་བྱེད་པ་ནི། དེ་ལ་ཞེས་བྱ་བའོ། །གལ་ཏེ་


DTG186_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་ཉེ་བར་བཀོད་པ་གཞན་གྱི་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པ་སྤང་བའི་དོན་ཡིན་ན། འོ་ན་ལྷག་མ་རྣམས་ཅིའི་དོན་དུ་ཉེ་བར་བཀོད་ཅེ་ན། ལྷག་མ་ཞེས་བྱ་བའོ། །ཅི་ལྟར་རྟོགས་པའི་སྒོ་ནས་གཏན་ཚིགས་གོ་བར་བྱེད་པ་ཡིན་པར་སྒྲུབ་ཅེ་ན། འདི་ལྟར་ཞེས་བྱ་བའོ། །ཡིད་ཙམ་ཞེས་བྱ་བ་ནི། ཡོད་པ་ཙམ་དང་མཉམ་པ་དང་ལྷག་པ་ཞེས་ཟླས་དབྱེ་བའོ། །ཡོད་པ་ཙམ་གྱིས་ནི་རྗེས་སུ་འགྲོ་བ་སྟོབས་ཆུང་བར་བརྗོད་པའོ། །མཉམ་པས་ནི་མཚུངས་པར་རོ། །ལྷག་པས་ན་སྟོབས་ཆེ་བའོ། །ཅི་ལྟར་རྗེས་སུ་འགྲོ་བ་རྣམ་པ་གསུམ་ཀ་ཡང་གོ་བར་བྱེད་པ་མ་ཡིན་ཞེ་ན་གལ་ཏེ་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལའོ། །འདི་ལ་ཞེས་བྱ་བ་ཡང་མི་རྟག་པ་ལའོ། །གལ་ཏེ་རྗེས་སུ་འགྲོ་བ་སྟོབས་དང་ལྡན་པ་ཡིན་ཡང་ལྡོག་པའི་ཁྱད་པར་ལ་མ་ལྟོས་པར་ཅི་ལྟར་གོ་བར་བྱེད་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གཙོ་བོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །དེ་ལས་གཞན་པ་ནི་ལྡོག་པའིའོ། །ཅིའི་ཕྱིར་ཞེ་ན། ཟས་ཞེས་བྱ་བའོ། །སྦྱོར་བྱེད་པ་ནི་ནུས་པའོ། །དེ་ལ་ཞེས་བྱ་བ་ནི་ལྡོག་པའི་ཁྱད་པར་ལའོ། །སྦྱོར་བར་འགྱུར་ཏེ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བས་ཞེས་བྱ་བ་སྐབས་ཡིན་ནོ། །འོ་ན་ལྡོག་པ་གོ་བར་བྱེད་པའི་རྒྱུ་མཚན་དུ་ཅི་ལྟར་འགྱུར་ཞེ་ན། ལྡོག་པ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ལྡོག་པ་སྟེ་རྗེས་སུ་འགྲོ་བ་མ་ཉན་པ་ལ་སོགས་པ་ལ་མི་ལྟོས་པར་རྗེས་སུ་འགྲོ་བ་ཡོད་ཙམ་ལ་ལྟོས་ཏེ་གོ་བར་བྱེད་པ་ཡིན་ནོ། །ཅི་ལྟར་རྗེས་སུ་འགྲོ་བ་ལྡོག་པ་མཉམ་པ་ལ་སོགས་པ་ལ་ལྟོས་པ་ལྟར་ལྡོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པའི་སྒོ་ནས་གོ་བར་བྱེད་པ་ཉིད་ཁྱད་པར་གྱི་མཐར་ཐུག་པར་བརྗོད་པ་ནི། དཔེར་ན་ཞེས་བྱ་བའོ། །གང་གི་ཕྱིར་རྟག་པ་ལས་ལྡོག་པའི་རྩོལ་བ་ལས་བྱུང་བ་དེས་ནི། རྟག་པ་དེ་མེད་པའི་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །རྗེས་སུ་འགྲོ་བའི་སྟོབས་ཀྱིས་གོ་བར་བྱེད་པ་ཉིད་ཡིན་པ་སུན་འབྱིན་པ་ནི། མི་རྟག་པ་ལ་ཡོད་པའི་རྩོལ་བ་ལས་བྱུང་བ་ཉིད་ནི་རྟག་པའོ། །དེ་མེད་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འདི་ཉིད་བརྗོད་པ་ནི་གལ་ཏེ་མི་རྟག་པའི་དཔེ་བུམ་པ་ལ་རྩོལ་བ་ལས་བྱུང་བ་ཉིད་མཐོང་བ་དེ་ལ་ཡང༌། སྒྲ་རྟག་པ་མེད་པ་ཉིད་དུ་


DTG186_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ལྟར་མི་རྟག་པ་ཉིད་དུ་སྒྲུབ་སྙམ་ན། རྟག་པ་ལ་ཞེས་བྱ་བའོ། །དེ་མེད་པ་སྟེ་རྟག་པ་མེད་པ་སྒྲུབ་ནའོ། །ཕུང་པོ་གཞན་ཞེས་བྱ་བ་མི་རྟག་པ་ཉིད་ལ་སྒྲུབ་པར་བྱེད་པ་འཇུག་པར་འགྱུར་རོ། །དེས་ན་རྟག་པ་ལས་ལྡོག་པ་གོ་བར་བྱེད་པ་ཉིད་ཀྱི་གཏན་ཚིགས་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་བ་གཙོར་གྱུར་པས་གོ་བར་བྱེད་པ་ཉིད་ཡིན་པ་སུན་འབྱིན་པ་ནི། གཞན་ལ་ཞེས་བྱ་བ་སྟེ། མི་རྟག་པ་ཉིད་དང་འབྲེལ་པ་བུམ་པ་ལ་མཐོང་བའི་སྒྲུབ་བྱེད་བྱས་པ་ཉིད་ལ་སོགས་པ་ནི། དེ་ལས་གཞན་དུ་ཞེས་བྱ་བ་རྟག་པ་ཉིད་དུ་འབྲེལ་པའི་སྒྲ་ལ་སོགས་པ་གདོན་མི་ཟ་བར་འགྱུར་རོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཁོ་ནའོ། །གལ་ཏེ་མི་རྟག་པའི་བུམ་པ་བཙལ་མ་ཐག་ཏུ་འབྱུང་བར་མཐོང་བ་དེ་ལྟ་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟག་པ་ལ་འཇུག་པར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་མེ་ཐོབ་པ་ནའོ། །འོན་ཏེ་དེ་ཡང་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་མེའོ། །ལྐོག་ཏུ་གྱུར་པ་ནང་དུ་སྡུད་པ་ནི་མཐོང་བའི་རྗེས་སུ་འབྲང་བས་ཡིན་པ་མི་སྲིད་དོ། །ཅི་ལྟར་ལྡོག་པ་ངེས་པ་ལ་མཐོང་བ་དབང་དུ་གྱུར་པ་མ་ཡིན་ཞེ་ན། མཐོང་བས་ནི་ཞེས་བྱ་བའོ། །སྣང་བ་ཉིད་ཅེས་བྱ་བ་ནི་ད་ལྟར་བ་ཉིད་དོ། །དེ་ལས་གཞན་ཞེས་བྱ་བ་ནི་མ་འོངས་པའོ། །འདུ་བྱེད་པ་ལས་ཞེས་བྱ་བ་ནི་གོམས་པ་ཞེས་གྲགས་པ་ལས་ཏེ། བག་ཆགས་ཀྱི་དབང་ཉིད་ཀྱིས་གཞན་དུ་ཡང་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་རང་བཞིན་གང་ལ་སྣང་བ་སྟེ་གསལ་བ་ཉམས་སུ་མྱོང་བ་དེ་ལས་བྱུང་ཞིང་སྐྱེས་པའི་འདུ་བྱེད་པས་ནི། ཉམས་སུ་མྱོང་བར་འགྱུར་བའི་དངོས་པོའི་རང་བཞིན་དེ་ལས་ངེས་པའི་རྒྱུ་ཡིན་ཏེ། དེས་ན་ངེས་པ་དེ་ལས་གཞན་མ་འོངས་པ་ནི་ངེས་པ་མིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ནི་གཙོ་བོ་མ་ཡིན་ནོ། །ལྡོག་པ་ནི་གཙོ་བོ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི། གང་གི་ཚེ་ཞིས་བྱ་བའོ། །གལ་ཏེ་ཞེས་བྱ་བ་


DTG186_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཕ་རོལ་དག་སླར་ཡང་རྗེས་སུ་འགྲོ་བ་གཙོ་བོ་ཉིད་དུ་བརྗོད་པའོ། །བརྗོད་ཟིན་ཏོ་ཞེས་བྱ་བ་ནི། གང་གི་ཕྱིར་རྟག་པ་ལས་ལྡོག་པ་དེས་ཞེས་བྱ་བ་ལ་སོགས་པས་སོ། །གསལ་བ་གཞན་གྱིས་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའིའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་དུས་ཕྱིས་འབྱུང་བའི་གསལ་བ་དང་འབྲེལ་པ་ཡིན་ན་དེའི་ཚེ་སྔར་གྱི་གསལ་བ་དང་མ་འབྲེལ་པ་ཁོ་ནར་འགྱུར་ཏེ། ཕྱི་མ་དང་འབྲེལ་པའི་ཕྱིར་རོ། །གསལ་བ་གཞན་དང་འབྲེལ་པ་ནི། གཞན་ཡང་འབྲེལ་པ་ཞེས་བྱ་བར་ནི་རིགས་པ་མ་ཡིན་ནོ། །སྒྲུབ་པར་བྱེད་པ་སྔ་མ་དང་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྐབས་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པའི་ཕྱིར་ཞེས་བྱ་བའོ། །སྔར་གྱི་གསལ་བ་སྤངས་ཏེ་གསལ་བ་གཞན་དང་འབྲེལ་པ་ཡིན་ན་ནི། སྒྲུབ་པར་བྱེད་པ་སྔར་གྱི་གསལ་བ་ལ་འཁྲུལ་པར་འགྱུར་རོ། །གསལ་བའི་སྤྱི་དང་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །གསལ་བ་ཞེས་བྱ་བ་ནི་ལན་ནོ། །མཚུངས་སོ་ཞེས་བྱ་བ་ནི་ལན་ནོ། །དེའི་ཞེས་བྱ་བ་རྟོགས་པའིའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་ནོ། །འབྲས་བུ་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པ་མཐོང་བ་ལས་སོ། །རྒྱུའི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྒྱུའི་སྤྱི་ཞེས་བྱ་བ་ནི་སྤྱི་དང་སྤྱི་མེད་པའི་རང་བཞིན་གྱི་རྒྱུ་ཙམ་མོ། །དེ་གཞན་གྱིས་མངོན་པར་འདོད་པའི་སྤྱི་རྟོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་དེ་འདི་ལྟ་བུ་ཞེས་བྱ་བར་རོ། །སྤྱི་མེད་ན་མཚུངས་པའི་རྣམ་པ་ཅན་གྱི་རྟོགས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན་རྒྱུ་མཚན་ཡང་ཞེས་བྱ་བའོ། །དངོས་པོ་དོན་གཅིག་བྱེད་པ་ཁོ་ན་རྒྱུ་མཚན་ཡིན་པའི་ཕྱིར་ན། སྤྱི་ཅི་བྱ། འབྲས་བུ་གཅིག་བྱེད་པ་ཁོ་ན་སྤྱི་ཡིན་ནོ་ཞེས་བྱ་བར་རོ། །སྤྱི་མེད་ན་མཚུངས་པའི་རྣམ་པ་ཅན་གྱི་ཅི་ལྟར་རྟོགས་ཤེ་ན། འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་དོན་གཅིག་བྱེད་པ་ཁོ་ན་སྤྱི་ཡིན་པ་དེའི་ཕྱིར་དུ་བ་འདི་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མེའི་གསལ་བ་མི་འཕེན་ནའོ། །དེས་ན་ལྡོག་པ་ཉིད་གཙོ་བོར་གྱུར་པ་ཡིན་ནོ། །གང་ཕྱིར་འཇིག་ལས་རྩོལ་བྱུང་མིན་དང་རག་མིན་ལས་རྟག་འཇིག་པ་ལས། །རྩོལ་བྱུང་


DTG186_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མིན་རྩོལ་ལས་སྐྱེད་བས་འཇིག་པ་གང་ཕྱིར་རྗེས་དཔོག་བ། །དེ་ཕྱིར་རྗེས་འགྲོ་ཡོད་སྙམ་སྟོབས་ལྡན་གཏན་ཚིགས་ཉིད་དུ་གནས་པར་ནི། །རིག་མིན་ལྡོག་ཉིད་བསྟན་པས་དེ་བསྟན་པ་ནི་ངེས་པར་འཐད་པ་ཡིན། །ཞེས་བྱ་བ་ནི་བསྡུ་བའོ། །གལ་ཏེ་ཞེས་བྱ་ལ་སོགས་པ་ནི་རྩོད་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །འོན་དོན་གང་ཞིག་ཡིན་པར་འདོད་ཅེ་ན། འོན་ཀྱང་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་གཏན་ཚིགས་སམ་འགལ་བ་དག་ཀྱང་ངོ༌། །གཞན་དག་ཀྱང་ནི་ཞེས་བྱ་བ་ནི་འབྲེལ་བ་ལས་གཞན་མ་འབྲེལ་བའོ།། མ་ངེས་པ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་བྱས་པས་ངག་འདིའི་དོན་ཅིར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བའོ། །ངག་ཅེས་བྱ་བ་ནི་གཞན་པ་དག་ནི་མ་ངེས་པ་ཞེས་བྱ་བ་འདིའིའོ། །གལ་ཏེ་དེ་ལྟ་ན་ཡང་འདིས་ཅི་ལྟར་ལྷག་མ་དང་ལྡན་པ་མ་ངེས་པ་བརྗོད་ཅེ་ན། ལྷག་མ་དང་ཞེས་བྱ་བའོ། །འདི་ཉིད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་མ་འབྲེལ་པའོ། །དེ་ཉིད་ཀྱང་ཞེས་བྱ་བ་ནི་ལྷག་མ་དང་ལྡན་པ་དང་འགལ་བ་མི་འཁྲུལ་བ་ཅན་དག་ཀྱང་ངོ༌། །གང་གི་ཕྱིར་དེ་ལྟར་ཐམས་ཅད་མ་ངེས་པས་བསྡུས་པ་དེས་ནའོ། །གལ་ཏེ་འགལ་བ་མི་འཁྲུལ་བ་ཅན་ཅི་ལྟར་མ་ངེས་པ་ཉིད་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་བསྒྲུབ་པར་བྱ་བ་ལ་མ་འབྲེལ་ན། འོ་ན་ཅི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །འོན་ཏེ་མ་འབྲེལ་བ་ཡང་མི་འཁྲུལ་བ་ཡིན་ནོ་ཞེ་ན། འབྲེལ་པ་ཡང་མ་ཡིན་ལ་ཞེས་བྱ་བའོ། །དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འོ་ན་ཁྱེད་ཀྱི་ཕྱོགས་ལ་འདི་ཅི་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། ངེད་ཀྱིས་ཞེས་བྱ་བའོ། །མ་འབྲེལ་བ་ཉིད་ཀྱིས་མི་འཁྲུལ་པ་ཉིད་མེད་པར་དོགས་པར་བྱེད་པ་ནི། མི་འཁྲུལ་པ་ཉིད་ཅེས་བྱའོ། །ལན་ནི་ཁས་བླངས་པའི་ཞེས་བྱ་བའོ། །དཔེར་ན་བྱེ་བྲག་བས་རང་གིས་ཁས་བླངས་བས་ཆོས་ཅན་སྒྲ་ལ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན། དེས་བུམ་པའི་དབང་གིས་བྱ་བ་པ་ཉིད་མི་འཁྲུལ་བ་ཅན་ཡིན་པ་དེ་བཞིན་དུ། བརྡ་སྒྲོད་པ་བས་འདོད་


DTG186_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྒྲུབ་པར་བྱ་བ་རྟག་པ་ལ་ཡང་སྒྲ་ཉིད་ཀྱི་དཔེའི་དབང་གིས་མཉན་བྱ་ཉིད་མི་འཁྲུལ་པ་ཡིན་ནོ། །དེས་ན་འདིའི་རང་གི་ཁས་བླངས་པ་ལ་ལྟོས་ཏེ། གཉི་ག་ཡང་སྒྲུབ་པར་བྱེད་པར་ཐལ་བར་འགྱུར་ཏེ། དེས་འདི་ཉིད་ལ་ཕན་ཚུན་འགལ་བ་ཡིན་ནོ། །དེས་ན། བདག་ཅག་ལ་ནི་མ་འབྲེལ་ན། །ཅི་ལྟར་མི་འཁྲུལ་བ་ཡིན་ཞེས་བྱ་བའི་ཉེས་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་ཁས་བླངས་པ་ཉིད་བརྗོད་པའོ། །ཁས་བླངས་པ་ཞེས་བྱ་བ་ནི་བརྡ་སྤྲོད་པ་བས་སོ། །གཏན་ཚིགས་ཉིད་དུ་ཞེས་བྱ་བ་ནི་མཉན་བྱའོ། །སྒྲ་ཉིད་ཀྱི་སྤྱི་རྟག་པ་དཔེར་ཡོད་པའི་ཕྱིར་རོ། །འཇིག་པ་ཉིད་ལ་མཉན་བྱ་ཉིད་ཅི་ལྟར་མ་མཐོང་ཞེ་ན། རྟག་པ་ཉིད་ལ་ཞེས་བྱ་བའོ། །མཉན་བྱ་ཉིད་ནི་དཔེ་སྒྲ་ཉིད་ལ་མཐོང་བའི་ཕྱིར་ན་གོ་བར་བྱེད་པ་ཉིད་དུ་འགྱུར་རོ། །འཆད་པ་ནི་གོ་བར་བྱེད་པའི་ཞེས་བྱང་སྟེ། རྟག་པ་ཉིད་ལ་མཉན་བྱའི་གཏན་ཚིགས་སོ། །གཞན་གྱི་འདོད་པའི་གོ་བྱེད་ཀྱི་མཚན་ཉིད་བརྗོད་པ་ནི། མཐོང་བ་དང་ཞེས་བྱ་བའོ། །གོ་བར་བྱེད་པའི་གཏན་ཚིགས་ཞེས་བྱ་བ་ནི་གོ་བར་བྱེད་པ་རྟགས་ཀྱི་རྒྱུ་ཉིད་དོ། །འདིས་ནི་བྱེ་བྲག་པའི་ལུགས་ལ་གནས་ཏེ། བརྡ་སྤྲོད་པ་པས་ཉེ་བར་བཀོད་པའི་སྒྲུབ་པར་བྱེད་པ་གོ་བྱེད་ཀྱི་མཚན་ཉིད་བརྗོད་པ་ཡིན་ནོ། །དེ་ལྟར་དེའི་གྲུབ་པའི་མཐའ་ལ་བརྟེན་ནས་མཉན་པར་བྱ་བ་ཉིད་བསྒྲུབས་པ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་པ། མཉན་བྱ་ཉིད་གོ་བར་བྱེད་བར་འགྱུར་རོ། །ནམ་གྱི་དུས་ན་ཞེ་ན། གལ་ཏེ་འདིར་ཞེས་བྱ་བ་སྒྲ་ལས་བྱེ་བྲག་པ་འགའ་ཞིག་གོ །ཉེ་བར་བཀོད་པའི་མཉན་བྱ་དང་བྱས་པ་ཉིད་ལ། གལ་ཏེ་འདི་གཉི་ག་ལ་ཡང་དཔེའི་སྟོབས་ཀྱིས་གོ་བར་བྱེད་པ་ཉིད་དུ་ཁས་ལེན་ན་དེའི་ཚེ་ཐེ་ཚོམ་ཟའོ། །གཉི་ག་ཞེས་བྱ་བ་ནི་མཉན་བྱ་དང་བྱས་པའོ། །བརྟེན་ན་ཞེས་བྱ་བ་ནི་བྱེ་བྲག་པའོ། །ཤིན་དུ་དགོས་པར་ཆུད་པ་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །གལ་ཏེ་བྱེ་བྲག་བ་ཁྱོད་སྒྲ་མི་རྟག་པ་ཉིད་དུ་འདོད་པ་ནི། དེའི་ཚེ་སྤྱི་སྒྲ་ཉིད་ཀྱང་རྟག་པར་འདོད་པ་དོར་བར་བྱའོ། །ཅིའི་ཕྱིར་ཞེ་ན།


DTG186_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྒོ་ནས་ཞེས་བྱ་བ་སྟེ་སྒྲ་ཉིད་ཀྱི་དཔེའི་སྒོ་ནས་སོ། །གཞན་ཡང་ཞེས་བྱ་བ་ནི་བྱས་པ་ཉིད་དུ་མ་ཟད་ཀྱི་མཉན་པར་བྱ་བ་ཉིད་ཀྱང་ངོ༌། །འོན་ཏེ་བྱས་པ་ཁོ་ན་གོ་བྱེད་ཡིན་ནོ་ཞེ་ན། རིགས་པ་ཞེས་བྱ་བའོ། །དཔེལ་ཡོད་པ་མཐོང་བ་ནི། བྱས་པ་དང་མཉན་བྱ་ཉིད་ཀྱི་རིགས་པ་མཚུངས་པ་ཡིན་ཏེ། དེ་དང་ལྡན་པ་མཉན་བྱ་ཉིད་ཀྱི་གཏན་ཚིགས་ལྟར་ཞེས་བྱ་བ་མཚུངས་པར་མི་འགྱུར་བའོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་མི་མཚུངས་པ་ཡིན་ནའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་རིགས་རིགས་པར་མ་གྱུར་ནའོ། །མཐའ་དག་ཅེས་བྱ་བ་ནི་རིགས་པ་དེ་དང་ལྡན་པའི་གཏན་ཚིགས་བྱས་པ་ཉིད་ལ་སོགས་པ་གང་ཡིན་པ་དེར་ཡང་གཏན་ཚིགས་ཀྱི་ཐ་སྙད་ཆད་པར་འགྱུར་རོ། །གལ་ཏེ་གང་གིས་འདི་ཡང་དེ་བཞིན་དུ་འགྱུར་བ་མཉན་བྱ་ཉིད་ཅི་ལྟར་རིགས་པ་མཚུངས་པ་ཅན་ཡིན་ཞེ་ན། མཉན་བྱ་ཉིད་ཀྱང་ཞེས་བྱ་པའོ། །འདི་ཡང་ཞེས་བྱ་བ་ནི་མཉན་བྱ་ཉིད་དོ། །བྱས་པའི་བསྒྲུབ་པར་བྱ་བ་ནི་མི་རྟག་པ་ཉིད་ཡིན་ལ་དེ་ལས་བཟློག་པ་ནི་རྟག་པ་ཉིད་དེ། དེ་ལ་འཁྲུལ་པ་མེད་པའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའིའོ། །སློབ་དཔོན་གྱི་དགོངས་པ་ངེས་པ་ལ་དེའི་གཞུང་དབང་ཉིད་དུ་བརྗོད་པ་ནི། འོ་ན་ཞེས་བྱ་བའོ། །སྐབས་ཀྱི་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །མ་འབྲེལ་པ་སྟེ་བསྒྲུབ་པར་བྱ་བ་ལ་འབྲེལ་བ་མ་ངེས་པ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་པས་ན། གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཁྱབ་པ་ཡིན་ནོ། །གཏན་ཚིགས་ཀྱི་མཚན་ཉིད་ནི་ཕྱོགས་ཀྱི་ཆོས་དང་བཅས་པའི་བསྒྲུབ་པར་བྱ་བ་དང་འབྲེལ་པའོ། །གཏན་ཚིགས་ལྟར་སྣང་པ་འགལ་བ་ནི་ཕྱོགས་ཀྱི་ཆོས་དང་བཅས་པའི་བསྒྲུབ་བྱ་ལས་བཟློག་པར་ཁྱབ་པའོ། །མ་ངེས་པའི་ནི་དེ་དང་ལྷན་ཅིག་པའི་བསྒྲུབ་པར་བྱ་བ་ལ་འབྲེལ་པ་མ་ངེས་པ་སྟེ།། གཏན་ཚིགས་དང་འགལ་བ་དང་མ་ངེས་པ་མཐའ་དག་མཚན་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །དེས་ན་མཚན་ཉིད་མ་ཁྱབ་པའི་ཉེས་པ་མེད་དོ། །གལ་ཏེ་ཁྱད་པར་མ་བརྗོད་བའི་ཕྱིར་ཕྱོགས་ཀྱི་ཆོས་མ་ཡིན་པ་ཡང་གཏན་ཚིགས་སུ་འགལ་བའམ་མ་ངེས་པར་འགྱུར་རོ་ཞེས་


DTG186_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ན། དེ་ལ་ཞེས་བྱ་བའོ། །ཕྱིན་ཅི་ལོག་ནི་བསྒྲུབ་པར་བྱ་བ་ལས་བཟློག་བས་ཁྱབ་བའོ། །གཞན་ནི་ཞེས་བྱ་བ་ནི་བསྒྲུབ་བྱ་དང་འབྲེལ་བ་མ་ངེས་བའོ། །གལ་ཏེ་ཅི་ལྟར་འགལ་བ་དང་མ་ངེས་པའི། ཕྱོགས་ཀྱི་ཆོས་ཞེས་བྱ་བ་སྒྲ་གཞན་ཡིན་པ་དེ་བཞིན་དུམ་གྲུབ་པའི་ཡང་ཅི་སྟེ་མི་འདོད་ཅེ་ན། དེས་ན་ཞེས་བྱ་བའོ། །ཅི་ལྟར་འགལ་བ་ལ་སོགས་པ་ལ་ཕྱོགས་ཀྱི་ཆོས་ཞེས་བྱ་བའི་སྒྲ་གཞན་ཡོད་པ་དེ་བཞིན་དུ་མ་གྲུབ་པ་ལ་ནི་མ་ཡིན་ཏེ། འོན་ཀྱང་མ་གྲུབ་པའི་སྤྱི་ནི་ཕྱོགས་ཀྱི་ཆོས་མ་ཡིན་པ་ཁོ་ན་ཡིན་ནོ། །འདི་ཡང་རྣམ་གྲངས་ཀྱི་སྒྲ་ཡིན་གྱི་ཕྱོགས་ཀྱི་ཆོས་ཀྱི་སྒྲ་ནི་འགལ་བ་དང་མ་ངེས་པའི་རྣམ་གྲངས་མ་ཡིན་ཏེ། ཡང་དག་པའི་སྒྲུབ་བྱེད་ཀྱང་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོ་སྒྲུབ་པ་མ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་དག་ནི་ང་རང་གི་མིང་གིས་བསྙད་པར་བྱ་བ་ཡིན་གྱིས་ཆོས་ཅན་མ་གྲུབ་པ་ལ་སོགས་ཅི་ལྟར་དེ་ལྟར་བསྙད་པར་བྱ་བ་ཞེ་ན། ཆོས་ཅན་ཞེས་བྱ་བའོ། །མ་གྲུབ་པ་ཉིད་ཡིན་ལ་ཞེས་བྱ་བ་ནི་ཕྱོགས་ཆོས་མ་ཡིན་ནའོ། །གང་ཡང་རུང་བ་ལམ་གྲུབ་པ་ལམ་གྲུབ་པ་ཉིད་དོ་ཞེས་རྗེས་སུ་འཇུག་གོ །འདི་དག་ཀྱང་ཕྱོགས་ཆོས་ཀྱི་སྒྲས་ཁྱད་པར་དུ་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ཡང་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་དག་ལའོ། །གྲུབ་པའི་ཆོས་སྒྲུབ་པར་བྱེད་པས་ཐ་སྙད་བྱེད་པའི་ཕྱིར་བཟློག་པ་ཞེས་བྱ་བ་མ་གྲུབ་པ་ནི་མི་འདོད་དོ། །དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མིག་གིས་བཟུང་བ་ཉིད་བཞིན་ནོ། །རྒོལ་བའམ་ཕྱིར་རྒོལ་བ་གཅིག་ལ་མ་གྲུབ་པ་ཡང་སྒྲུབ་བྱེད་དུ་མི་འདོད་དེ། དཔེར་ན་བདེ་བ་ལ་སོགས་པ་སེམས་པ་མེད་པར་སྒྲུབ་པ་ལ་གཏན་ཚིགས་སྐྱེ་བ་ཅན་ནམ་མི་རྟག་བ་ཉིད་ནི་རྒོལ་བ་གྲངས་ཅན་རང་ཉིད་ལམ་གྲུབ་པ་བཞིན་ནོ། །ཤིང་རྣམས་སེམས་པ་ཡོད་པར་བསྒྲུབ་པར་བྱ་བ་ལ་ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་ཕྱིར་རྒོལ་བ་སངས་རྒྱས་པ་ལ་མ་གྲུབ་པ་བཞིན་ནོ། །ཆོས་ཅན་མ་གྲུབ་པ་ཡང་སྒྲུབ་པར་བྱེད་པ་མི་འདོད་དེ། དཔེར་ན་བདག་གི་ཁྱབ་པ་ཡིན་ཏེ། ཡོན་


DTG186_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཐམས་ཅད་ན་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་དཔེར་བརྗོད་པ་གཞན་དག་ཀྱང་ཚད་མ་རྣམ་པར་ངེས་པ་ལ་སོགས་པར་བརྗོད་པ་ཡིན་པའི་ཕྱིར་དེ་ཉིད་དུ་རྟོགས་པར་བྱའོ། །གལ་ཏེ་ཆོས་ཀྱི་ཕྱོགས་མ་ཡིན་པ་ཡང་གཏན་ཚིགས་སུ་མཐོང་བ་མ་ཡིན་ནམ། དེ་ཅི་ལྟར་ཕྱོགས་ཀྱི་ཆོས་ཉིད་གཏན་ཚིགས་སུ་བརྗོད་ཅེ་ན། ཕྱོགས་སྔ་མ་འགོད་པ་ནི། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། འོ་ཅི་ལྟར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སྒྲ་མི་རྟག་སྟེ་ཞེས་བྱ་བ་འདི་ལ་གཏན་ཚིགས་བརྗོད་པ་ནི་བྱས་པ་ཞེས་བྱ་བ་ལ་སོགས་པ་གཉིས་སོ། །རྒྱུའི་བདག་ཉིད་ལ་འབྲས་བུ་སྔ་ན་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། མེད་པ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྒྲུབ་བྱེད་ཡིན་ནོ། །གལ་ཏེ་ཕྱོགས་ཀྱི་ཆོས་གཏན་ཚིགས་ཡིན་ན། དེའི་ཚེ་སྒྲ་མི་རྟག་སྟེ་བྱས་པ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཅི་ལྟར་སྒྲུབ་བྱེད་ཡིན་ཏེ། ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གང་དུ་གཏན་ཚིགས་བསྒྲུབ་བྱའི་རྗེས་སུ་འགྲོ་བ་དང༌། བསྒྲུབ་བྱ་མེད་ན་མེད་པ་དག་ལྔ་པས་ཏེ་ལྔ་པའི་མཐའ་ཅན་གྱིས་བརྗོད་པ་དེར་ནི་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་བརྗོད་པ་ཡིན་ནོ། །འདི་ལྟར་སྒྲ་མི་རྟག་གོ་ཞེས་བསྒྲུབ་པར་བྱ་བ་ལ། བྱས་བ་མི་རྟག་པའི་ཕྱིར་ཞེས་བྱ་བ་འདི་དཔེ་རྟག་པ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པའི་དཔེ་བུམ་པ་དང་ནམ་མཁའ་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པ་ཡིན་ཏེ། དེས་ན་སྦྱོར་བ་གཉི་ག་ལ་ཡང་སྒྲ་མི་རྟག་སྟེ་ཞེས་བསྒྲུབ་པར་བྱ་བ་ལ་བྱས་བ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་འདིས་ཆོས་མཐུན་པའི་དཔེས་བུམ་པ་བརྗོད་པ་ཡིན་ལ། རྟག་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་བརྗོད་པ་ཡིན་ནོ། །སྦྱོར་བ་གཉི་གར་ཡང་གཏན་ཚིགས་མ་བརྗོད་དེ། དེ་ནི་ཉེ་བར་གཏོད་པ་ལས་བལྟ་བར་བྱ་བ་ཡིན་ནོ། །སྒྲ་ནི་མི་རྟག་སྟེ་བུམ་པ་བྱས་པ་ནི་མི་རྟག་བའི་ཕྱིར་རོ། །དེ་


DTG186_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྒྲ་ཡང་བྱས་བ་ཡིན་ནོ། །རྟག་པའི་ནམ་མཁའ་ནི་མ་བྱས་བའི་ཕྱིར་རོ། །སྒྲ་ནི་བུམ་པ་ཡིན་ནོ་ཞེས་བྱ་བ་སྟེ། ཉེ་བར་གཏོད་པ་ཞེས་བྱ་བ་ཕྱོགས་ཀྱི་ཆོས་ཉེ་བར་སྡུད་པ་དེ་ལས་འདོད་བ་ཡིན་ནོ། །གཞན་དུ་ཡང་ཆོས་མི་མཐུན་པའི་དཔེ་བརྗོད་པ་ཡིན་ནོ་ཞེས་བསྒྲེ་བ་མི་དེ་བཞིན་དུ་མེད་པ་ཞེས་བྱ་བའོ། །འོ་ན་ཅི་ལྟར་འདི་དག་གཏན་ཚིགས་མ་ཡིན་ཞེ་ན། ཅི་ལྟར་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་དང་གཏན་ཚིགས་གང་ཞིག་འབྲེལ་པ་མ་གྲུབ་པའི་གཏན་ཚིགས་དེ་ལ་ནི་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་དེ། འོན་ཀྱང་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཁོ་ནས་བསྒྲུབ་བྱ་སྒྲུབ་པར་ནུས་པ་ཡིན་ནོ། །སྒྲུབ་པར་བྱེད་པ་བྱ་བ་ལ་སོགས་པ་འདི་ལ་ནི་བསྒྲུབ་པར་བྱ་བ་དང་འབྲེལ་པ་གྲུབ་པ་དེ་མེད་དེ་དེས་ན་བྱེད་པ་ལ་སོགས་པ་འདི་དག་ནི་གཏན་ཚིགས་མ་ཡིན་ནོ། །དེ་ལ་གཏན་ཚིགས་གཅིག་གཏན་ཚིགས་མ་ཡིན་པར་བྱ་བའི་དོན་དུ་གྲངས་ཅན་ལ་འདྲི་བ་ནི། མེད་པ་ཞེས་བྱ་བའོ། །མེད་པ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་ཙམ་གྱི་བྱ་བའི་མཚན་ཉིད་ཀྱི་གཏན་ཚིགས་འདི་ཇི་ལྟར་མི་མཐུན་པའི་ཕྱོགས་ལ་ལྡོག་པར་འགྱུར། གྲངས་ཅན་གྱི་ལན་ནི། །མེད་པ་རི་བོང་གི་ཞེས་བྱ་བའོ། །འདི་ལ་ལན་བརྗོད་པ་ནི་འདི་ཙམ་གྱི་ལྡོག་པས་ནི་ཞེས་བྱ་བའོ། །གལ་ཏེ་ཡང་མེད་པ་རི་བོང་གི་རྭ་ལ་སོགས་པ་བྱེད་པར་མ་མཐོང་བ་དེ་ལྟ་ན་ཡང་བཟློག་པ་རྒྱུའི་བདག་ཉིད་ལ་འབྲས་བུ་མེད་པ་ལས་བཟློག་པ་སྟེ། ཡོད་པ་ལ་བྱ་བ་སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་མེད་དོ་ཅོག་གོ །ཁྱབ་པ་ཉིད་ཅེས་བྱ་བ་ནི། གང་མེད་པ་དེ་ནི་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །ཅིའི་ཕྱིར་དེ་ལྟ་བུའི་ཁྱབ་པ་མ་གྲུབ་ཅེ་ན། བཟློག་པའི་ཞེས་བྱ་བའོ། །བཟློག་པའི་འབྲེལ་པ་ནི་གང་མེད་པ་དེ་ནི་མི་བྱེད་དོ་ཞེས་བྱ་བ་འདི་ལས་བཟློག་པ། གང་བྱེད་བ་དེ་ནི་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །འདི་འབྲེལ་པ་མེད་བར་ནི་བཟློག་བ་བསྒྲུབ་པར་བྱ་བ་མེད་པ་དང་བསྒྲུབ་པར་བྱེད་བ་མེད་པ་མེད་པ་དང༌། མི་བྱེད་པ་དག་


DTG186_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱབ་པ་གྲུབ་པ་མེད་པ་ཁོ་ནའོ། །གལ་ཏེ་དེའི་བདག་ཉིད་དང་དེ་ལས་བྱུང་བདག་གིས་བྱེད་པ་ལ་ཡོད་བས་བྱ་བ་ཡིན་ན། དེའི་ཚེ་ཆོས་མི་མཐུན་པ་གོ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དཔེས་སྒྲིབ་པར་བྱེད་པ་ནི། དུ་བ་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་ནི་སྔར་མཐོང་བའི་ཡུལ་ནའོ། །གཞན་ན་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་བ་ནའོ། །རྟོགས་པར་མི་ནུས་བའི་གཏན་ཚིགས་བརྗོད་པ་ནི། ཡུལ་དང་ཞེས་བྱ་བའོ། །མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ནུས་པ་མེད་པའི་བྱིར་རོ། །འོ་ན་ཅི་ལྟར་ལྡོག་པ་གྲུབ་ཅ་ན། རྗེས་སུ་འགྲོ་བས་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ཡོད་པ་ཙམ་ཞིག་ལྡོག་བའི་ཁྱད་པར་དུ་བརྗོད་པར་འདོད་པ་ཡིན་གྱི། གཙོ་བོ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་གཙོ་བོ་ཡིན་པ་ནི་སྔར་ཉིད་བསལ་ཟིན་ཏོ། །དེས་ན་དོན་འདི་ཡིན་ཏེ། ལྡོག་པའི་ཡན་ལག་ཏུ་གྱུར་པའི་རྗེས་སུ་འགྲོ་བས་འབྲེལ་པ་འཛིན་པ་ཡིན། རྗེས་སུ་འགྲོ་བ་གཞན་གྱི་ལུགས་ཀྱིས་ནི་རྗེས་སུ་འགྲོ་བ་སྟོབས་ཆུང་བ་ཡང་མེད་དོ། །འདི་ལྟར་རྗེས་སུ་འགྲོ་བ་ཡོད་པ་ནི་འབྲེལ་བ་ཡོད་པ་འགྱུ་བ་ཡིན་ན་གཞན་གྱི་ལུགས་ལ་ནི་འབྲེལ་པ་ཡོད་པ་མ་ཡིན་ནོ། །དེའི་ཤུགས་ཀྱིས་ཞེས་བྱ་བ་ནི། རྗེས་སུ་འགྲོ་བས་འབྲེལ་པ་འཛིན་པའི་ཤུགས་ཀྱིས་སོ། །འདི་དག་ཅེས་བྱ་བ་ནི་མེད་པ་མི་བྱེད་པ་ལ་སོགས་པ་དག་ནི་གཏན་ཚིགས་མ་ཡིན་ཏེ། གོ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་བའོ། །གང་གི་ཕྱིར་སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ་ཕྱོགས་ཀྱི་ཆོས་ཉིད་ཉེ་བར་གཏོད་པར་འགྱུར་བ་དེའི་ཕྱིར། ཕྱོགས་ཀྱི་ཆོས་ཉིད་ཡིན་ན་གཏན་ཚིགས་སུ་འགྱུར་ལ། ཕྱོགས་ཀྱི་ཆོས་ཉིད་བཟློག་པས་ཁྱབ་པ་ནི་འགལ་བ་ཡིན་ལ། ཕྱོགས་ཀྱི་ཆོས་ཉིད་འབྲེལ་པ་མ་གྲུབ་པ་མ་ངེས་པ་ཡིན་ནོ། །གལ་ཏེ་རྟགས་ཀྱི་མཚན་ཉིད་ལ་མ་ཁྱབ་པ་དང༌། ཧ་ཅང་ཁྱབ་པའི་མཚན་ཉིད་ཀྱི་རྩོད་པ་གཞན་ཡང་ཡོད་པ་མ་ཡིན་ནམ། དེ་ཅི་སྟེ་བརྗོད་ནས་ཡོད་པར་མི་འགྱུར་བྱེད་ཅེ་ན། འདི་ནི་ཞེས་བྱ་བ་རྣམ་འགྲེལ་མཛད་


DTG186_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། ཚིག་གི་རང་བཞིན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་གསལ་བར་བྱས་པ་ཡིན་ནོ་ཞེས་སྦྱར་རོ། །རྣམ་བ་གང་གི་སྒོ་ནས་གསལ་བར་བྱས་སྙམ་ན་ཡོད་པ་དང་ཞེས་བྱ་བ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་རྣམ་པ་གཉིས་ཞེས་རབ་ཏུ་བསྟན་པའི་ཚུལ་གྱིས་སོ། རྣམ་འགྲེལ་མཛད་པ་འདི་ཐུགས་བཏང་སྙོམས་སུ་མཛད་དེ་ཡལ་བར་དོར་བའོ། །ཅིའི་ཕྱིར་ཞེ་ན། ཚུལ་གསུམ་པ་ལྷག་ལུས་པ་རྟོགས་པར་བྱ་བའི་ཕྱིར་རོ། །འོ་ན་ཅི་ལྟར་ཚུལ་གསུམ་པ་ལྷག་ལུས་པ་རྟོགས་ཤེ་ན། སྤྲོས་པ་ལྷག་མ་དག་ནི་ཞེས་སྦྱར་རོ། །དེ་ལྟར་རིགས་པ་དང་འབྲེལ་པ་ཅི་ལྟ་བ་བཞིན་རྣམ་པར་བཀྲལ་བའི་རྣམ་འགྲེལ་འདིའི་བརྗོད་པར་བྱ་བའི་རང་བཞིན་ཅི་ལྟ་བ་བཞིན་གསལ་བ་ནི་གཟུ་བོར་གནས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་ན། གཟུ་བོར་གནས་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་སློབ་པར་བྱེད་པ་ནི། ཀྭའི་ཞེས་བྱ་བའོ། །ཡིད་འདི་དང་འདི་འདྲ་བར་གྱུར་པ་ནི། དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་ཡིན་ནོ་ཞེས་འབྲེལ་ཏོ། །རྟག་ཏུ་ཕྱོགས་སུ་ལྷུང་བ་དང་སྡང་བའི་ཡིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ན་རང་དང་གཞན་གྱི་ཕྱོགས་དག་ཏུ་གང་གིས་བྱས་པའི་མུན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟག་ཏུ་ཞེས་བྱ་བ་ནས་མུན་པ་ནི་ཞེས་བྱ་བའི་བར་གྱིས་ནི་གཟུ་བོར་གནས་པའི་རྒྱུ་མེད་པར་བསྟན་ཏོ། །འབྲས་བུ་དེ་ཁོ་ན་རྟོགས་པ་མེད་པར་བརྗོད་པ་ནི། དེ་ཉིད་རྟོགས་པ་བསྒྲུབ་མིན་ཞེས་བྱ་བའོ། །འདིས་ནི་གཟུ་བོར་གནས་པ་མེད་ན་དེ་ཁོ་ན་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་ལྡོག་པ་བརྗོད་དོ། །དེ་ཡོད་ན་ནི་དེ་འབྱུང་ངོ་ཞེས་རྗེས་སུ་འགྲོ་བ་བརྗོད་པ་ནི། འཛིན་ཏོ་ཞེས་བྱ་བར་ཤེས་རབ་ཕུལ་ཏུ་བྱུང་བས་མཛེས་པའི་ཚུལ་དབུ་མར་གནས་པ་ནི། དེ་ཉིད་རྟོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །གཟུ་བོར་གནས་པས་ནི་བློ་དང་ལྡན་པ་དང་དོན་དུ་གཉེར་བ་དག་འཕངས་པའི་ཕྱིར་རོ། །གང་གི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ཁོ་ན་རྟོགས་པས་ནི། གཟུ་བོར་གནས་བའི་རྗེས་སུ་འགྲོ་བ་དང་ལྡོག་བའི་རྗེས་སུ་བྱེད་པ་དེའི་ཕྱིར།


DTG186_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་རྣམ་འགྲེལ་འདི་ནི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ། །གཟུ་བོར་གནས་པ་དེར་བློ་བསྒྲུབ་པར་བྱའོ། །གལ་ཏེ་གཟུ་བོར་གནས་པ་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་གང་དུ་མཐོང་ཞེ་ན། གཞུང་ལུགས་པ་རྣམས་ཞེས་བྱ་བའོ། །དེ་འདྲ་ཉིད་ཅེས་བྱ་བ་ནི་དཔལ་ཆོས་ཀྱི་གྲགས་པ་དང་མཉམ་པ་རྣམས་ཀྱིས་སོ། །བཤད་ལ་ཞེས་བྱ་བ་ནི། དེ་ཁོ་ན་རྟོགས་པར་བྱ་བར་རོ། །འདི་ལ་ཞེས་བྱ་བ་ནི་དེ་ཁོ་ན་བསྟན་པ་ལའོ། །རྒྱུ་བསམས་པ་ནི་གཟུ་བོར་གནས་པ་ཉིད་ཡིན་པར་གནས་སོ། །དེས་ན་གཟུ་བོར་གནས་པ་ནི་དེ་ཁོ་ན་རྟོགས་པའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བདག་གིས་དེ་ལྟར་རྟོགས་སོ། །དེ་ཉིད་ཀྱི་ཕྱིར་འདིར་བདག་འདྲ་དག་ཕྱོགས་སུ་ལྷུང་བ་ཡིན་ནོ། །གལ་ཏེ་ཤེས་རབ་དང་ལྡན་པ་ཁྱེད་ཅག་ནི་གཟུ་བོར་གནས་པར་དེ་སྒྲུབ་པའི་ཕྱིར་རྣམ་འགྲེལ་ལ་ཕྱོགས་སུ་ལྷུང་ལ་རག་ན། གཞན་ལ་ནི་གཟུ་བོར་གནས་པ་ཡོང་ཀྱང་དེ་གྲུབ་པ་མེད་པའི་ཕྱིར་ཅི་ལྟར་དེ་འདྲ་བ་བདག་དེར་ཕྱོགས་སུ་ལྷུང་ཞེ་ན། འདིར་གོམས་ཞེས་གསུངས་ཏེ། རྣམ་འགྲེལ་འདིར་ཤིན་ཏུ་ལེགས་པར་གོམས་པ་དེ་ཙམ་ཉིད་ཀྱིས་ཏེ། ཙམ་གྱི་སྒྲས་ནི་ལྷ་ལ་སོགས་པའི་མཐུས་དེ་ཁོ་ན་རྟོགས་པའི་རྒྱུ་མཚན་ཡིན་པ་སེལ་བ་ཡིན་ཏེ། ཤེས་རབ་ནི་གོམས་པས་འཐོབ་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །དེས་ན་གལ་ཏེ་གཞན་ཞེས་བྱ་བ་བདག་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སྐྱེ་བོ་གཞན་དག་ཀྱང་འགྱུར་བ་སྟེ་ནུས་པར་འགྱུར་བའི། ཅིའི་དོན་དུ་ཞེ་ན། དེ་ཉིད་དོན་གྲུབ་སྟེ་དེ་ཉིད་ཀྱི་དོན་ཤེས་པར་བྱ་བའི་ཕྱིར་རོ། །དེའི་ཚེ་གཉི་ག་ཡང་རྣམ་འགྲེལ་འདིར་འཆོལ་བར་རིགས་སོ། །ཅིའི་ཕྱིར་ཞེ་ན། བདག་དང་གཞན་གྱི་ལུགས་ཏེ། བློ་རིགས་པ་དང་མི་རིགས་པར་གྱུར་པ་ན་དོན་འདི་བྱས་པ་སྟེ་དོན་སྒྲུབ་པར་འགྱུར་བའོ། །རིགས་པས་འཐད་པས་བླང་བར་བྱ་བ་ནི་རིགས་པ་ཉིད་དུ་ཤེས་ལ། རིགས་པས་མི་འཐད་པའི་སྤངས་པར་བྱ་བ་སྤང་པར་བྱ་བ་ཉིད་སུ་ཤེས་པར་བྱ་སྟེ། བླང་བྱ་དང་སྤང་བྱ་རྣམ་པར་དབྱེ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཟུ་


DTG186_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བོར་གནས་པའི་འབྲས་བུ་གཞན་ཡང་བརྗོད་པ་ནི་འདིར་ལས་ཞེས་བྱ་བའོ། གཟུ་བོར་གནས་པ་དག་ནི། གལ་ཏེ་བདག་གིས་བསྟན་བཅོས་རྒྱ་ཆེན་པོ་བྱས་ན་དེའི་ཚེ་བདག་གིས་བྱིས་པ་རྗེས་སུ་བཟུང་བར་མི་འགྱུར་ཏེ། དེས་ན་མདོར་བ་སྡུས་པ་བྱེའོ་ཞེས་རྣམ་པར་དཔྱོད་པར་བྱེད་དེ། །རྒྱ་ཆེར་ཅི་ས་མེ་བརྗོད་ཅེ་ན། རིན་ཆེན་ཞེས་བྱ་བའོ། །རིན་པོ་ཆེའི་འབྱུང་གནས་གྲགས་བའི་ལུགས་ལས་རྙེད་པའི་རིན་ཆེའི་ཚོགས་ལེན་པར་བྱེད་པ་མ་ཁྲང་པོ་དག་ཁོ་ན་ཡིན་གྱི། མི་མ་ཁྲང་བ་ནི་མ་ཡིན་ནོ། །གང་གི་ཕྱིར་མ་ཁང་པོ་ཁོ་ན་ལེན་བྱེད་ཡིན་པ་དས་ན་མ་བཤད་དེ་རྒྱ་ཆེར་མ་བྱས་སོ། །ཡང་ན་གང་གི་ཕྱིར་ལེན་བྱེད་མཁས་པ་མེད་པ་དེས་ན། བཤད་པ་བྱས་པ་ཉིད་ཀྱི་ཊཱི་ཀ་ནི་མ་ཡིན་ནོ། །འདིས་ནི་གཞུང་འདི་བྱིས་པའི་དབང་དུ་བྱས་ནས་བརྩམས་སོ་ཞེས་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆགས་ཕྱིར་ཞེས་བྱ་བའོ། །འདོད་པའི་འདོད་ཆགས་ཀྱི་ཕྱིར་གྲོང་པ་སྟེ་བྱིས་པ་དག་རྒྱན་བྱེད་པར་འདོད་པར་མཐོང་སྟེ། དེས་ན་བྱིས་པ་དོན་དུ་གཉེར་བ་རྣམས་ཀྱི་དོན་དུ་རྣམ་འགྲེལ་གྱི་རྒྱན་བྱས་པ་ཡིན་ནོ། །ཅིའི་ཕྱིར་འདིར་རྒྱན་བྱེད་ཀྱི། གསལ་ལ་བྱེད་ལ་སོགས་བའི་ལ་ནི་མ་ཡིན་ཞེས་དོགས་ན་དེ་ལྟར་ཞེས་བྱ་བའོ། །དེ་ལྟར་གསུང་རབ་ཀྱི་རྣམ་འགྲེལ་གྱི་སྒོ་ནས་གཞན་དོན་སྒྲུབ་པ་སྟེ། གཞན་གྱི་དོན་གྲུབ་པར་བྱ་བ་ལ་བརྩོན་བའི་བློ་གང་དག་ལ་ཡོད་དེ་སྙིང་རྗེའི་བདག་ཉིད་ཅན་དེ་རྣམས་ཀྱིའོ། །བློ་གྲོས་འདི་ནི་ཞེས་བྱ་བ་ནི། གཞན་གྱི་དོན་བསྒྲུབ་པར་རྟོགས་པའི་བློ་འདི་ནི་ལེགས་པར་སྟེ་དགེ་བ་དང་ཤིས་པའི་དོན་དུ་འགྱུར་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཏེ་ཆོས་སྐུའི་བདག་ཉིད་ཀྱི་གསུང་རབ་གང་ཡིན་པ་དེའི་ཚུལ་ཏེ་རྣམ་འགྲེལ་དེ་ཉིད་ལ་སེམས་ཞིབ་མོར་རྟོགས་པར་བྱེད་པ་ཡིན་གྱི། གསལ་བྱེད་ལ་སོགས་པའི་ལ་ནི་མ་ཡིན་ནོ། །འོན་ཏེ་གསལ་བྱེད་ཀྱི་བསྟན་བཅོས་ཀྱི་སྒོ་ནས་ཀྱང་བློ་གྲོས་ལེགས་བའི་དོན་དུ་འགྱུར་རོ་ཞེ་ན། འགྲོ་བ་ཞེས་བྱ་བའོ། །གསུང་རབ་ཀྱི་རྣམ་འགྲེལ་ཉིད་རབ་ཏུ་ཞི་བ་དང་མཐུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་མའི་གང་ཆེན་ལས་


DTG186_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གཞན་པའི་རྒྱ་མཚོ་གང་འགྲོ་བ་མཐའ་དག་དགའ་བསྐྱེད་པར་བྱེད་པ་དཔལ་མོ་དང་ཟླ་བ་སྐྱེད་པར་བྱེད་པའི་མ་འགྲོ་བ་སྐྱེ་བོས་མཐོང་ངམ་ཅི་སྟེ་མ་མཐོང་བ་ཁོ་ནའོ། །འོ་མའི་གང་ཆེན་གྱི་དོན་ལ་ནི་གསུང་རབ་ཀྱི་རྣམ་འགྲེལ་ཡིན་ལ་གཞན་པའི་རྒྱ་མཚོའི་དད་པ་ནི། གསལ་བྱེད་ལ་སོགས་པའི་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བཤད་པ་བྱས་པའི་དགེ་བ་ཡོངས་སུ་བསྔོ་བ་བརྗོད་པའོ། །དེ་ལྟར་སྨད་མེད་དེ་ལེགས་པའི་བཤད་པ་བྱས་པས་བདག་གིས་དགེ་བ་དྲི་མ་མེད་པ་ཐོབ་པའི་དགེ་བ་འདིས་འགྲོ་བ་འདི་གྲུབ་པར་གྱུར་ཅིག །ཅི་འདྲ་བར་ཞེ་ན། འགོར་བ་ཀུན་གྱི་དོན་སྒྲུབ་པ་སྟེ། འགྲོ་བ་མཐའ་དག་ནི། མཐོ་རིས་དང་བྱང་གྲོལ་གྱི་མཚན་ཉིད་ཀྱི་དོན་སྒྲུབ་པར་རོ། །བདག་འདྲ་ལ་འདིར་འདི་འདྲའི་བློ་ཡོད་མིན། །དེ་ལྟའང་སྐྱེ་བོ་དགའ་ཞིང་འདིར་འདོད་པ། །དེས་ན་བདག་གིས་ལག་གིས་འདི་གཏང་བྱས། །བརྩེ་བའི་གཞན་དབང་ལུས་ཡིན་རློམ་པས་མིན། །ཚུལ་བཞིན་ཊཱི་ཀ་འདི་ནི་བྱས་པས་ན། །བསོད་ནམས་ཚད་མེད་བསགས་པ་གང་ཡིན་པ། །དེ་ཡིས་འཇིག་རྟེན་གཤིན་རྗེའི་དགྲ་མཛེས་ནི། །མི་ཟད་རབ་སྒྲུབ་གཉིས་མེད་མཐོང་བར་ཤོག །དཔལ་མཁས་པ་ཛ་མཱ་རིས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་ཊཱི་ཀ །བམ་པོ་བརྒྱད་ཅུ་རྩ་གཉིས་པ་རྫོགས་སོ།། །།དཔལ་ལྡན་དབང་རྒྱལ་དབང་ཕྱུག་ལྟ་བུར་འབྱོར་ལྡན་ཀུན་ལ་ཁྱབ་པ་ཡི། །གྲགས་པ་གསལ་ལྡན་ཟླ་འདྲའི་གཞི་གྱུར་མཆོག་ཏུ་ཡང་དག་ལ་གནས་པ། །རབ་དང་ཡིད་ཅན་མཁས་པ་རྣམས་ཀྱིས་རྟག་པར་ཤིན་ཏུ་བརྗོད་བྱ་གང༌། །སེམས་ཅན་དོན་ལ་མངོན་པར་དགའ་བའི་སྔོ་མ་བརྩོན་དམ་པ་དེ་ཡི་ངོར། །བློ་བཟང་གང་ན་བློ་བཟང་བློ་གྲོས་བཟང་པོ་དང༌། །སྒྲ་སྒྱུར་རྣམས་ཀྱི་རྒྱན་གྱུར་བློ་ལྡན་བཟང་པོ་ཡིས། །རྣམ་འགྲེལ་དམ་པའི་རྒྱན་དུ་གྱུར་པའི་ཊཱི་ཀ་འདི། །གཉེ་ཐང་བྲག་སྣ་བཀྲ་ཤིས་གཙུག་ལག་ཁང་དུ་བསྒྱུར། །ཚད་མ་རྒྱན་གྱི་ཊཱི་ཀ་པཎྜི་ཏ་སུ་མ་ཏི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།


no previousཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ། ཛ་མཱ་རི།no next