Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གཉིས་བརྒྱ་བཅུ་པ།

1 occurrence of བརྒྱུད་གསུམ་
[Clear Hits]


 
ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ།  བློ་གྲོས་བརྟན་པ།


1 occurrence of བརྒྱུད་གསུམ་
[Clear Hits]

 
no previousཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ། བློ་གྲོས་བརྟན་པ།no next

ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ།
བློ་གྲོས་བརྟན་པ།


DTG210_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ཞིག་སྡིག་པ་ཅན་གྱི་སྐྱེ་བོ་སླུ་བར་བྱེད་པ་རྣམས་ནི་ནང་དང་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་པ་འདི་དག་ཤིང་ཐོག་དང་རྡོ་དང་ཚེར་མའི་རྣོ་བ་ལ་སོགས་པ་ལྟར་རྒྱུ་མེད་པ་ཉིད་དམ་མཐོང་བའི་རྒྱུ་ཅན་ནམ་མ་མཐོང་བའི་རྒྱུ་ཅན་ཡིན་ན་ཡང་བློ་སྔོན་དུ་བཏང་བ་ཡིན་ནོ་སྙམ་སྟེ། དེའི་ཕྱིར་ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཞེས་བྱ་བ་རྒྱས་པར་དྲིས་སོ། །རྒྱུ་སྣ་ཚོགས་པའི་ཕྱིར་ཤིང་ཐོག་དང་རྡོ་བ་ལ་སོགས་པ་རྣམས་ནི་སྣ་ཚོགས་པ་ཉིད་དོ། །རྒྱུ་མེད་པ་ནི་མ་ཡིན་ཏེ་ཤིང་གཅིག་ལས་སྐྱེས་པའི་ཤིང་ཐོག་རྣམས་ལ་ཡང་རྒྱུ་དང་རྐྱེན་སྣ་ཚོགས་པ་ཡོད་པ་ཉིད་དེ། མེ་ཏོག་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །ཤིང་ཏོག་དང་རྡོ་བ་ལ་སོགས་པ་སྣ་ཚོགས་པ་རྒྱུ་མེད་པ་ཉིད་ཡིན་ན་ནི། ཐམས་ཅད་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེའི་རྒྱུ་ཁུ་ཆུ་དང་ཁྲག་ལ་སོགས་པ་མཐོང་བ་ཁོ་ན་ཡང་མ་ཡིན་ཏེ། ཁུ་ཆུ་དང་ཁྲག་ལ་སོགས་པ་ཁྱད་པར་མེད་བཞིན་


DTG210_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་བོང་ཚད་དང་གཟུགས་དང་དབང་པོ་ཚང་བ་དང་མ་ཚང་བ་མཐོང་བའི་ཕྱིར་རོ། །བྱ་བ་དག་ལ་མཉམ་པོར་འཇུག་པ་ན་ཁ་ཅིག་གིས་བྱ་བའི་འབྲས་བུ་ཐོབ་ལ། ཁ་ཅིག་ནི་ངལ་བ་འབའ་ཞིག་ཏུ་འགྱུར་ན་དེ་ནི་མ་མཐོང་བའི་རྒྱུ་མེད་པར་མི་རུང་ངོ༌། །འགའ་ཞིག་གིས་བློ་སྔོན་དུ་བཏང་ནས་བྱས་པ་ཡང་མ་ཡིན་ཏེ་དེ་ནི་བཀག་པའི་ཕྱིར་རོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་སྣ་ཚོགས་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་ཚད་དང་ཚེ་ལ་སོགས་པའི་བྱེ་བྲག་གིས་བཤད་དོ། །སྣོད་ཀྱི་འཇིག་རྟེན་གྱི་སྣ་ཚོགས་པ་ནི་གཞལ་མེད་ཁང་དང༌། གླིང་དང་རི་དང་རླུང་གི་དཀྱིལ་འཁོར་ལ་སོགས་པའི་བྱེ་བྲག་གིས་བཤད་དོ། །སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མེད་དོ་ཞེས་བྱ་བ་ནི་སྤྲུལ་པ་པོས་སྤྲུལ་པ་ལྟར་རོ། །གལ་ཏེ་རྒྱུ་མེད་པའམ་མཐོང་བའི་རྒྱུ་ཅན་ནམ། བློ་སྔོན་དུ་བཏང་སྟེ་མ་ཡིན་ན་དེའི་ཕྱིར་འོ་ན་ཅི་ལྟ་བུ་ཞེ་ན། སེམས་ཅན་རྣམས་ཀྱི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་བྱ་བ་སྨོས་ཏེ། གང་ཅི་རིགས་པར་འབྲས་བུ་བཞིའི་སྒོ་ནས་ལས་ཀྱི་འབྲས་བུ་


DTG210_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་དངོས་པོ་གཞན་གྱི་སྐྱེ་བ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ག་ལས་ཤེ་ན། ལས་རྣམས་ཀྱི་འབྲས་བུ་མ་ཡིན་པའི་དངོས་པོ་གཞན་གྱི་སྐྱེ་བ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ག་ལས་ཤེ་ན། ལས་རྣམས་ཀྱི་ནུས་པ་མཐོང་བའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་བསྐྱེད་པ་ལ་ལས་རྣམས་ཀྱི་ནུས་པ་མངོན་སུམ་ཉིད་དུ་སྣང་སྟེ། དཔེར་ན་ཞིང་པའི་འབད་པ་ལས་ཞིང་རྨོ་བ་ལ་སོགས་པའི་འབྲས་བུ་འབྱུང་བ་དང༌། གཞན་གྱི་ཆུང་མ་ལ་འགྲོ་བ་ལས་འབྲས་བུ་མི་འདོད་པ་ལ་སོགས་པ་འབྱུང་ངོ༌། །ཁ་ཅིག་ནི་འབད་པ་མེད་པར་མངལ་ནས་འཐོན་པ་བཀྲུས་པ་མན་ཆད་དུ་བདེ་བར་མཐོང་ལ། ཁ་ཅིག་ནི་སྡུག་པར་མཐོང་ངོ༌། །འདིར་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་ཐོབ་པ་ནི་ལས་སྔོན་དུ་འགྲོ་བ་ཅན་ཡིན་པས། བདེ་བ་དང་སྡུག་བསྔལ་ཐོབ་པ་དེ་ཡང་སྔོན་དུ་འགྲོ་བར་འགྱུར་རོ། །གང་དག་རྨ་ལྟ་བུར་གྱུར་པའི་ལུས་དག་དང༌། དེའི་ཡུལ་དུ་གྱུར་པའི་ལོངས་སྤྱོད་དགའ་དགའ་ལྟ་བུ་དག་འབྱུང་བ་ལས་དེ་དག་ནི་དེ་ལྟ་བུའི་རང་བཞིན་ཅན་དག་ཡིན་ནོ། །ཡང་ལས་དེ་དག་གང་གི་ཡིན་ཞེ་ན། དེའི་ཕྱིར་སེམས་ཅན་འདྲེན་མར་བྱེད་པ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། དགེ་བ་དང་མི་དགེ་བ་བྱེད་པ་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ལས་གཉི་ག་ན་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། འདི་ལྟར་ལུས་དགའ་དགའ་ལྟ་བུ་དག་གིས་ཡུལ་དགའ་དགའ་ལྟ་བུ་མ་ཡིན་པ་ལོངས་སྤྱོད་པ་ནི་མི་ནུས་སོ། །དེ་ལ་རག་ལས་ཏེ་འཇུག་པའི་རྒྱུ་མེད་པའི་ཕྱིར་དང༌། དེ་ལས་གཞན་པའི་ཁྱད་པར་མེད་པའི་ཡང་ཕྱིར་རོ། །དེའི་ཕྱིར་ལས་དེ་ལྟ་བུ་དག་ཁོ་ནས་ཞེས་བྱ་བ་འདི་རིགས་ཏེ་སྐྱེད་པར་བྱེད་པ་ཡིན་པས་སོ། །གཞན་དག་ན་རེ། ཐུན་མོང་


DTG210_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ལས་ཀྱི་དབང་གིས་ནི་པདྨ་དང་ཨུ་ཏུ་ལུ་ལ་སོགས་པ་སྐྱེ་ལ། མི་དགེ་བའི་ལས་ཀྱི་དབང་གིས་ནི་དུག་དང་ཚེར་མ་ལ་སོགས་པ་སྐྱེའོ། །སོ་སོར་ངེས་པའི་སེམས་ཅན་གྱི་ལས་ཀྱི་འབྲས་བུ་དག་ནི་སེམས་ཅན་གྱི་ལུས་རྣམས་ཡིན་ལ། དེ་དག་ཀྱང་སེམས་པ་འདྲེན་མས་སྐྱེད་པར་བྱེད་དོ། །དེ་དག་ལ་ཡོད་པའི་ནི་མ་ཡིན་ཏེ་པདྨ་དང་ཨུ་ཏུ་ལ་ལ་སོགས་པ་ནི་ཐུན་མོང་བའོ། །འདི་ལྟར་སེམས་པ་དེ་ས་གང་གིས་ཕྱིར་ལ་འདྲེན་མར་བྱེད་པ་མ་ཡིན་པ་རྣམས་ཀྱི་ལུས་དང་ལོངས་སྤྱོད་དགའ་དགའ་ལྟ་བུ་དག་སྐྱེས། དེ་ནི་སེམས་པ་དང་དེས་བྱས་ཞེས་བྱ་བས་ནི་ལས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ། །སེམས་པ་དང་ཞེས་བྱ་བ་ན། འདི་ནི་འདི་ལྟ་བུ་ཞིག་ཏུ་བྱའོ་སྙམ་དུའོ། །མདོ་ལས། བསམས་པར་བཤད་པ་གང་ཡིན་པ་དེ་ནི་འདིར་བསྟན་བཅོས་ལས་སེམས་པར་བྱས་པ་ཞེས་བཤད་དེ། སེམས་པས་ཀུན་ནས་བསླང་བ་ཞེས་བྱ་བའི་དོན་ཏོ། །གསུམ་ཞེས་བྱ་བ་ནི་སེམས་པས་བྱས་པའི་ལས་ལ་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་རོ། །ཐམས་ཅད་ལུས་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི་ལུས་ལ་རག་ལས་ཏེ་འཇུག་པའི་ཕྱིར་ཏེ། དེ་ལྟར་ན་ལུས་ལ་བརྟེན་པའི་ལུས་ཀྱི་ལས་ཡིན་པས་ངག་དང་ཡིད་ཀྱི་ལས་ཀྱང་ལུས་ཀྱི་ལས་ཉིད་དུ་ཐལ་བར་འགྱུར་རོ། །དག་གི་ལས་གཅིག་པུར་འགྱུར་བ་ནི་དག་གི་རང་བཞིན་གྱི་ལས་སོ་ཞེས་རྣམ་པར་གཞག་པའི་ཕྱིར་རོ། །ལུས་དང་ཡིད་ཀྱི་ལས་གཉིས་ནི་དེ་ལྟར་ལས་དང་ཡིད་ཀྱི་རང་བཞིན་མ་ཡིན་པས་དེ་གཉིས་ལས་ཉིད་དུ་མི་འགྱུར། གལ་ཏེ་ཀུན་ནས་སློང་བ་ལས་ཡིན་ན་ནི་ཞེས་བྱ་བ་ལ། ཡིད་ཀྱི་ལས་དེ་བཞིན་དུ་ལུས་དང་ངག་གི་ལས་


DTG210_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་ཡིད་ཀྱིས་རབ་ཏུ་བཅུག་པའི་ཕྱིར་ཡིད་ཡིན་པ་ཉིད་པས་ཡིད་ཀྱི་ལས་གཅིག་པུར་འགྱུར་རོ། །རྒྱུ་གསུམ་གྱིས་གོ་རིམས་བཞིན་དུ་ཞེས་བྱ་བ་ལ་ལུས་ཀྱི་ལས་ཡིན་ཏེ། དེ་ནི་ཡིད་ཀྱིས་ཀུན་ནས་བསླངས་པ་ཉིད་ཡིན་ཡང་ལུས་ལ་བརྟེན་པའི་ཕྱིར་རོ། །ངག་གི་ལས་ནི་ངོ་བོ་ཉིད་ལས་ཡིན་ཏེ། དེ་ནི་ངག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ལས་ནི་ཀུན་ནས་སློང་བ་ལས་ཡིན་ཏེ། དེ་ནི་ཡིད་ཀྱི་ཀུན་ནས་བསླང་བའི་ཕྱིར་དང་དེ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ན་གསུམ་ཆར་ལ་ཡང་ཕན་ཚུན་ཁྱད་པར་བསྟན་པར་འགྱུར་རོ། །སེམས་པ་ཡིད་ཀྱི་ལས་ཡིན་ནོ་ཞེས་ཡིད་ཀྱི་ལས་ཀྱི་ངོ་བོ་བཤད་ཀྱི། ལུས་དང་ངག་གི་ལས་དག་གི་ནི་མ་ཡིན་པས། དེའི་ཕྱིར། དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་བྱ་བ་སྨོས་སོ། །དེ་སྐད་དུ་མདོ་ལས། ལུས་ཀྱི་ལས་གང་ཞེ་ན། ལུས་ཀྱི་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའོ། །ངག་གི་ལས་གང་ཞེ་ན། ངག་གི་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའོ་ཞེས་གསུངས་སོ། །ནིའི་སྒྲ་ནི་དེ་དག་ཁོ་ན་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་དག་ཡིན་གྱི། ཡིད་ཀྱི་ལས་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་དུའོ། །ཡང་ཅིའི་ཕྱིར་ཡིད་ཀྱི་ལས་ཀྱང་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་བདག་ཉིད་དུ་མི་འདོད་ཅེ་ན། དེའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར་རོ། །རང་ཀུན་ནས་སློང་བར་བྱེད་པའི་སེམས་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་ཅེ་ན། སེམས་ལ་ནི་མཚན་ཉིད་དེ་ཡོད་པ་མ་ཡིན་པས་སེམས་པས་རྣམ་པར་རིག་བྱེད་མ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་སྐྱེད་པར་བྱེད་པའི་འབྱུང་བ་ལོགས་ན་འབྱུང་བ་གཞན་ལ་བསྟན་ནས་འཇུག་ན་དགེ་བའི་སེམས་ནི་དེ་ལྟར་ཀུན་ནས་སློང་བར་བྱེད་པའི་སེམས་ལོགས་ན་ཉོན་མོངས་པ་


DTG210_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། ལུང་དུ་མ་བསྟན་པའི་སེམས་ལ་བརྟེན་ནས་འཇུག་པར་མི་བཟོད་དོ། །དེའི་ཕྱིར་སེམས་པ་ནི་རྣམ་པར་རིག་བྱེད་མ་ཡིན་པར་ཡང་མི་རིགས་སོ། །རྣམ་པར་སྨིན་པའི་རླུང་གི་དབང་གིས་ཀྱང་ལུས་ཀྱི་དབྱིབས་དེ་དང་དེ་ལྟར་འགྱུར་པས། སེམས་ཀྱི་དབང་གིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་དག་ན་རེ་ལུས་ལ་ཡོད་པ་སེམས་ལས་སྐྱེས་པའི་འབྱུང་བ་ཆེན་པོའི་འབྲས་བུ་དབྱིབས་ཀྱི་ཁྱད་པར་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཅེས་བྱའོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་ཁ་དོག་དང་འབྱུང་བ་དག་རྣམ་པར་རིག་བྱེད་མ་ཡིན་ཞེ་ན། དེ་དག་ནི་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་འགྲོ་བ་ཡིན་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ། །ལུས་ཀྱི་ལས་ནི་ལུས་ཀྱི་བྱ་བ་ཡིན་ལ། དེ་ནི་ལུས་གཡོ་བ་ཡིན་པས། མགུལ་པའི་ལུས་ཁོ་ན་ལ་རིགས་ཀྱི། མི་གཡོ་བ་ལ་ནི་མ་ཡིན་པས་ལུས་ཀྱི་རྣམ་པར་རིག་བྱེད་འགྲོ་བ་ཁོ་ན་ཡིན་གྱིས་དབྱིབས་ནི་མ་ཡིན་ནོ། །དེ་དག་ཀྱང་ཡན་ལག་གང་གིས་རྣམ་པར་རིག་པར་བྱེད་པའི་ཁ་དོག་དང་དབྱིབས་དེའི་བདག་ཉིད་ནི་རྣམ་པར་རིག་བྱེད་དུ་འདོད་པ་མ་ཡིན་ནམ་ཞེ་ན། འདོད་པ་བདེན་ཏེ། དེ་ནི་ལུས་ཀྱི་ཡུལ་གཞན་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་འགྲོ་བ་ཞེས་བརྗོད་པ་ཡིན་ནོ། །སྐད་ཅིག་མའི་སྒྲ་དོན་དུ་མའི་བརྗོད་པར་བྱེད་པ་ཡིན་པའི་ཕྱིར་འདྲི་བ་ན། སྐད་ཅིག་པ་ཞེས་བྱ་བ་འདི་ཅི་ཞེས་བྱ་བ་སྟེ། འདི་ལྟར་སྐད་ཅིག་གི་སྒྲ་ནི་སྟོང་པ་ལ་ཡང་འཇུག་པ་ནི་སྣོད་སྐད་ཅིག་པ་ཞེས་བྱ་བ་སྟེ་སྟོང་ངོ་ཞེས་བྱ་བར་རྟོགས་སོ། །བྱ་བ་མེད་པ་ལ་ནི་ལྷས་བྱིན་སྐད་ཅིག་མ་ཞེས་བྱ་བ་སྟེ། བྱ་བ་དང་བྲལ་ཞེས་བྱ་བར་རྟོགས་སོ། །ཡུལ་ལ་སོགས་པ་དང་བྲལ་བ་ལ་ཡང་འདི་སྐད་ཅིག་མ་གཅིག་ཉིད་ཅེས་བྱ་སྟེ། གང་ཟག་ཚངས་པར་སྤྱོད་པར་གནས་པ་ནི་དུས་གཅིག་ཅེས་བྱའོ། །དུས་ཀྱི་མཐའ་ལ་ནི་སྐད་ཅིག་ཙམ་བྱས་ཞེས་བྱའོ། །


DTG210_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པ་ཞེས་བྱ་བ་ལ། འདི་ལ་བར་ཆད་མེད་པས་ན་རེད་མ་ཐག་གོ །རེད་མ་ཐག་པ་ཡང་ཡིན་ལ་འཇིག་པ་ཡང་ཡིན་པས་ན་རེད་མ་ཐག་ཏུ་འཇིག་སྟེ། དེ་འདི་ལ་ཡོད་པས་ན་རེད་མ་ཐག་ཏུ་འཇིག་པའོ། །སྐྱེས་པའི་འོག་ཏུ་མི་གནས་ཞེས་བྱ་བའི་དོན་ཏོ། །དུས་གཞན་དུ་གནས་པར་སྨྲ་བའི་ལྟར་ན་བདག་ཉིད་དུ་རེད་པའི་འོག་རོལ་ཏུ་འཇིག་པ་ཡོད་པས་ཁྱད་པར་དུ་བྱ་བའི་ཕྱིར་རེད་མ་ཐག་ཏུ་ཞེས་བྱ་བ་སྨོས་སོ། །སྐད་ཅིག་མའི་སྒྲས་བརྗོད་པར་བྱ་བ་དེ་ལྟ་བུའི་རིགས་ཅན་བདག་ཉིད་དུ་རེད་པ་དེ་འདི་ལ་ཡོད་པས་ན་འདུས་བྱས་ནི་སྐད་ཅིག་མའོ། །གཞན་ཉིད་མ་ཡིན་ན་བརྗོད་པ་མེད་དོ་ཞེ་ན་མཐོང་བའི་ཕྱིར་མ་ཡིན་ཏེ་དཔེར་ན་ཁྱི་གུའི་ལུས་བཞིན་ནོ། །སློབ་དཔོན་འདུས་བཟང་ན་རེ། དུས་ཐམས་ཅད་ཀྱི་ནང་ན་ཐུང་བ་ནི་སྔ་ཕྱི་དབྱེ་བར་མི་ནུས་པས་འདུ་བྱེད་ཐམས་ཅད་ཀྱི་ཐུང་བའི་གནས་སྐབས་དེ་ཉིད་འདུ་བྱེད་རྣམས་ཀྱི་ད་ལྟར་བའི་སྐད་ཅིག་ཅེས་བྱ་བའོ། །དེ་འདི་ལ་ཡོད་པས་ཡོངས་སུ་འཇལ་བས་སྐད་ཅིག་མ་སྟེ། ཉེ་བའི་ཁྱི་གུ་བཞིན་ནོ། །དེ་ལྟར་བདག་ཉིད་ཐོབ་པ་ཉིད་སྐད་ཅིག་ཏུ་བཤད་དེ། འདས་པ་དང་མ་འོངས་པ་ཅུང་ཟད་ཀྱང་མེད་དོ། །ཐམས་ཅད་ལས་ཆུང་བའི་དབྱིབས་ཀྱི་གནས་སྐབས་ཞེས་བྱ་བའི་ཁྱད་པར་དེ་ཉིད་མི་རིགས་པར་བཤད་དོ། །ཡང་ན་སྐད་ཅིག་མར་བྱེད་པས་སྐད་ཅིག་མ་སྟེ་མེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་དངོས་པོ་རྣམས་ཀྱི་འཇིག་པའི་རྒྱུ་མི་རྟག་པ་ཞེས་བྱ་བའི་ཆོས་སོ། །དེ་འདི་ལ་ཡོད་པས་ལྷན་ཅིག་སྤྱོད་པས་སྐད་ཅིག་མའོ། འཇིག་པ་ལས་གཞན་པའི་མི་རྟག་པ་དེའི་རྒྱུ་ལ་ཤིན་ཏུ་རྣམ་པར་དཔྱད་དོ། །གལ་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་མར་ཁས་མི་ལེན་གྱི། འོ་ན་ཅི་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་དང༌། གཟུགས་འགའ་ཞིག་དང་ལྡན་པ་མ་ཡིན་པ་ཁ་ཅིག་སྐད་ཅིག་མ་ཡིན་གྱི། ལུས་ཀྱང་སྐད་ཅིག་མ་མ་ཡིན་པས་དེ་བདག་ཉིད་དུ་རེད་པའི་འོག་ཏུ་མེད་པ་མ་ཡིན་ཏེ། དེའི་ཕྱིར་ལུས་ནི་ལུས་གཞན་དུ་འཕོ་བར་མི་འགལ་ལོ་སྙམ་དུ་བསམས་པའོ། །འདུས་བྱས་ནི་གདོན་མི་ཟ་བར་འཇིག་པའི་ཕྱིར་རོ་ཞེས་བྱ་


DTG210_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། སྐྱེ་བ་དང་ལྡན་པ་ནི་འཇིག་པ་ལ་མི་འཁྲུལ་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །གལ་ཏེ་ཡང་འདུས་བྱས་གདོན་མི་ཟ་བར་འཇིག་མོད་ཀྱི། སྐྱེས་མ་ཐག་ཏུ་ནི་མ་ཡིན་ནོ་ཞེས་སྨྲའོ། །འཇིག་པ་འདོད་ན་ནི་གདོན་མི་ཟ་བར་སྐྱེས་མ་ཐག་ཏུ་ཁས་བླང་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་འཇིག་པ་ནི་རྒྱུ་མེད་པ་ཡིན་ནོ། །རྒྱུ་དང་བཅས་པ་ཉིད་ཡིན་ན་ནི་རྒྱུ་ལ་རག་ལས་པའི་ཕྱིར་སྐྱེས་མ་ཐག་ཏུ་མི་འགྱུར་བ་ཞིག་ན་དེ་ནི་རྒྱུ་མེད་པ་ཡང་ཡིན་ནོ། །གལ་ཏེ་སྐྱེས་མ་ཐག་ཏུ་མི་འདོད་ན་ནི་ཕྱིས་ཀྱང་མི་འགྱུར་བས་འདུས་བྱས་འཇིག་པ་མེད་པར་གྱུར་ན། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་འདུས་བྱས་ནི་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་དོ་ཞེས་ཁས་བླང་བར་བྱའོ། །འཇིག་པ་རྒྱུ་མེད་པ་ཉིད་ལ་རྒྱུ་འདྲི་བ་ནི་ཅིའི་ཕྱིར་ཞེས་བྱ་བ་ཡིན་ལ། བྱ་བ་མ་ཡིན་པ་ཉིད་ནི་རྒྱུ་མེད་པ་ཉིད་ཀྱི་གཏན་ཚིགས་སུ་སྨོས་སོ། །བྱ་བ་མ་ཡིན་པ་ཉིད་ནི་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་ཡིན་ལ་བརྗོད་དུ་མེད་པ་ཉིད་ནི་དངོས་པོ་མེད་པ་ཡིན་ཏེ། རང་གི་ངོ་བོ་ལོགས་པ་ཙམ་ཡིན་པའི་ཕྱིར་རོ། །ཡི་གེ་རྣམས་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །གང་ཡང་འཇིག་པ་སྨོས་པ་ཉིད་འཇིག་པའི་རྒྱུ་གཞན་མ་ཡིན་པས་དེའི་ཡང་ལན་འདི་ཉིད་དོ། །གལ་ཏེ་དངོས་པོ་སྐྱེས་པ་ཙམ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ཉིད་བཞིན་དུ་འགྱུར་བར་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རང་བཞིན་ལས་མི་ཉམས་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དེ་ཉིད་དེ་དང་མཚན་ཉིད་མི་མཐུན་པར་ནི་མི་རུང་ངོ་ཞེས་བྱ་བ་སྨོས་སོ། །མཚན་ཉིད་མི་མཐུན་པ་ཉིད་ནི་གཞན་ཉིད་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །ཤིང་ལ་སོགས་པ་དག་ལ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་ལ་སོགས་པ་རྣམས་བསྡུའོ། །འཇིག་པ་མིག་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་འདྲི་བ་ནི། རེ་ཞིག་ཁྱོད་ཤིང་ལ་སོགས་པ་དག་ཅེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ཡོད་ན་དེ་དག་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་མེ་དང་འབྲེལ་པ་ལས་ཤིང་ལ་སོགས་པ་དག་འཇིག་པ་མ་ཡིན་ན་ནི་སྔ་མ་བཞིན་དུ་མཐོང་བར་འགྱུར་ན། མཐོང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དག་མེ་དང་འབྲེལ་པ་ལས་འཇིག་གོ་ཞེས་བྱ་བར་


DTG210_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སོ། །ངེས་པའི་ཕྱིར་འཇིག་པར་མཐོང་ངོ་ཞེས་བཤད་ཀྱི། མངོན་སུམ་གྱིས་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །རེ་ཞིག་འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དཔྱད་པར་བྱ་བ་ཡིན་པའི་ཕྱིར་འདི་ནི་མཐོང་བ་མ་ཡིན་ནོ་སྙམ་དུ་དགོངས་སོ། །གཞན་དག་མ་སྐྱེས་པས་ཞེས་བྱ་བ་ནི་མེ་དང་འབྲེལ་པ་དེ་དག་སྐྱ་བ་ནི་འགལ་བའི་ཕྱིར་རོ། །དཔེར་ན་རླུང་དང་ཕྲད་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་ཕ་རོལ་པོ་ལ་ཡང་གྲུབ་པ་ཡིན་ནོ། །སྒྲ་དང་མར་མེ་སྐད་ཅིག་མ་ཡིན་པས་རང་ཉིད་ཞིག་ཅིང་རླུང་དང་ལག་པ་དང་ཕྲད་པས་གེགས་བྱེད་པ་དག་ཡང་མ་སྐྱེས་པས་མཐོང་བ་ཡིན་གྱི། རླུང་ལག་པ་དང་ཕྲད་པ་སྒྲ་དང་མར་མེ་ཞིག་པས་མ་མཐོང་བ་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་མཐོང་བ་འཇུག་པ་ཡང་དེ་དག་གནས་པའི་ཕྱིར་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྔར་སྐྱེས་པ་ཞིག་ན་གཞན་དག་སྐྱེས་པའི་ཕྱིར་རོ། །ཤིང་ལ་སོགས་པ་དག་གི་མཐོང་བ་དང་མ་མཐོང་བ་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་འཇིག་པ་རྒྱུ་དང་བཅས་པ་བས། རྒྱུ་མེད་པ་ཞེས་བྱ་བའི་དོན་འདི་ནི་རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་ཡིན་གྱི། མངོན་སུམ་གྱིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །བཤད་ཟིན་ཏོ་ཞེས་བྱ་བ་ལ་ཅི་བཤད་ཅེ་ན། རྒྱུ་མེད་པ་མ་ཡིན་ཏེ་བྱ་བ་མ་ཡིན་པའི་ཕྱིར་གཏན་མེད་པ་བཞིན་ནོ་ཞེས་བྱ་བའོ། །སྐྱེ་བ་བཞིན་དུ་ཞེས་བྱ་བ་ལ། སྐྱེ་བ་ནི་བདག་ཉིད་དུ་རེད་པ་ཡིན་ལ་དེ་ནི་འདུ་བྱེད་སྐད་ཅིག་མའམ། སྐད་ཅིག་མ་མ་ཡིན་པ་དག་ལ་རྒྱུ་དང་བཅས་པ་ཉིད་དུ་འདོད་པ་དེ་བཞིན་དུ་ཐམས་ཅད་ཀྱི་འཇིག་པ་ཡང་རྒྱུ་དང་བཅས་པ་ཉིད་དུ་འགྱུར་ན། འདོད་པ་ཡང་མ་ཡིན་ཏེ། འཇིག་པའི་རྒྱུའི་དུས་མ་ངེས་པའི་ཕྱིར་བློ་དང་སྒྲ་དང་མེ་ལྕེ་སྐད་ཅིག་མ་རྣམས་ཀྱི་འཇིག་པའི་དུས་མ་ངེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བློ་ལ་སོགས་པ་དག་ལྟར། ཐམས་ཅད་རྒྱུ་མེད་པ་ཉིད་དུ་ཁས་བླང་པར་བྱའོ། །བློ་གཉིས་ཕྲད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། བློ་སྔ་མའི་དུས་ནས་བློ་ཕྱི་མ་ཡོད་པ་ནི་མ་ཡིན་པས་ཇི་ལྟར་ཡོད་པ་མ་ཡིན་པ་སྔར་གྱི་བློའི་འཇིག་པའི་རྒྱུར་འགྱུར། བློ་ཕྱི་མའི་དུས་ན་ཡང་བློ་སྔ་མ་ཞིག་པས་ཇི་ལྟར་ཞིག་


DTG210_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་འཇིག་པའི་རྒྱུར་འགྱུར། ཅི་སྟེ་ཡང་བློ་ཕྱི་མའི་དུས་ན་བློ་སྔ་མ་གནས་སོ་སྙམ་ན། དེའི་ཕྱིར་ཐེ་ཚོམ་དང་ངེས་པའི་ཤེས་པ་དག་ཅེས་བྱ་བ་སྨོས་ཏེ། སྒྲ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གང་གི་ཚེ་བློ་དང་སྒྲ་གསལ་བ་དག་གི་མཇུག་ཐོགས་སུ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །གང་ཡང་གནས་པ་རྒྱུ་མེད་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སློབ་དཔོན་དཔལ་ལ་ན་ནི་སྐྱེས་པ་རྣམས་ལ་གནས་པའི་རྒྱུ་མེད་པས་དེའི་ཕྱིར་དེ་ཉིད་འཇིག་པའི་རྒྱུ་ཡིན་ནོ་སྙམ་དུ་སེམས་སོ། །དེའི་ལན་དུ་རྒྱུ་མེད་པ་ནི་རྒྱུ་ཡིན་པར་འོས་པ་མ་ཡིན་ཏེ་ཞེས་བྱ་བ་སྟེ། དངོས་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་འཇིག་པའི་རྒྱུ་མ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པའི་དབང་གིས་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཆོས་ནི་ཕན་འདོགས་པ་མ་ལྟོས་ཏེ། མར་མེའི་མེ་ལྕེ་དག་སྐྱེ་བའི་རྒྱུ་ཡིན་ལ། ཆོས་མ་ཡིན་པ་ནི་གནོད་པ་བྱེད་པ་ལ་སྟེ་འཇིག་པའི་རྒྱུ་ཡིན་ནོ། །སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་དང་ཆོས་མ་ཡིན་པ་དག་ཀྱང་སྐད་ཅིག་ལ་འཇུག་པ་ཐོབ་པ་དང་གེགས་བྱེད་བར་འོས་པ་མ་ཡིན་ནོ་ཞེས་བྱ་བ་ལ། སྐྱེས་བུ་ལ་ཕན་གདགས་པར་བྱ་བའི་ཕྱིར་ཆོས་མ་ཡིན་པས་གེགས་བྱས་ནས་ཆོས་ཀྱིས་འཇུག་པ་ཐོབ་པ་ཡིན་དང༌། སྒྲོན་མེའི་མེ་ལྕེ་དག་སྐྱེ་བར་འགྱུར་ལ། སྐྱེས་བུ་ལ་གནོད་པར་བྱ་བའི་ཕྱིར་ཆོས་ལ་གེགས་བྱས་ནས་ཆོས་མ་ཡིན་པས་འཇུག་པ་ཐོབ་པ་ཡིན་ཡང་འཇུག་པར་འགྱུར་ཏེ། དེ་བཞིན་དུ་ཆོས་མ་ཡིན་པ་ལ་ཡང་བཟློག་པའི་སྒོ་ནས་བརྗོད་པར་བྱའོ། །སྐྱེ་བ་དང་འཇིག་པ་དེ་གཉིས་ཀྱང་སྐད་ཅིག་རེ་རེ་ལ་ཡིན་ཞིང༌། སྟོབས་དང་ལྡན་པས་སྟོབས་ཆུང་བ་ལ་གེགས་བྱེད་པ་ཡང་ཡིན་ལ། ཆོས་དང་ཆོས་མ་ཡིན་པ་དག་གི་སྟོབས་དང་ལྡན་པ་དང་སྟོབས་ཆུང་བའི་རྒྱུ་ནི་སྐད་ཅིག་རེ་རེ་ལ་ཡོད་པ་མ་ཡིན་ནོ། །དེ་ལ་སྟོབས་ཆུང་བའི་ཕྱིར་ཆོས་ཀྱིས་མ་ཡིན་པ་ལ་གེགས་བྱེད་ན་ཡང་སྐད་ཅིག་དེ་ཉིད་ལ་ཆོས་མ་ཡིན་པ་སྟོབས་དང་ལྡན་པ་ཉིད་དམ། གང་ལས་སླར་ཆོས་མ་ཡིན་པས་ཆོས་ལ་གེགས་བྱེད་པར་འགྱུར་བས། ཆོས་སྟོབས་ཆུང་བ་ཉིད་དུ་གལ་འགྱུར། དེའི་ཕྱིར་འདི་ནི་ཡོངས་སུ་བརྟགས་པར་ཡང་འགྲིག་དཀའོ། །རྒྱུ་ཡོངས་སུ་བརྟགས་པ་ཆོས་དང་ཆོས་མ་


DTG210_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་འཇུག་པ་ཐོབ་པ་དང་གེགས་བྱེད་པའི་མཚན་ཉིད་ཅན་འདི་ཡང་འདུས་བྱས་ཐམས་ཅད་ལ་ནུས་ཏ། དེའི་ཕྱིར་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ། ཆོས་དང་ཆོས་མ་ཡིན་པ་ལ་མ་གཏོགས་པའི་འཇིག་པར་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་བརྩད་མི་དགོས་སོ། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ་ཞེས་བྱ་བ་ལ། ཆོས་པར་བྱ་བ་དང་ཆོས་པར་བྱེད་པའི་རྫས་ཕྲད་པ་ལས་སྔ་མ་སྔ་མ་འགགས་ཀྱང་རིམ་གྱིས་ཚོས་བྱེད་ལས་སྐྱེས་པ་ཕྱི་མ་ཕྱི་མ་རྣམས་ལ་ཚོས་པ་དང་ཆེས་ཚོས་པ་དང༌། ཆེས་ཆེར་ཚོས་པ་འབྱུང་བ་མཐོང་སྟེ། དེ་ལ་ཆེས་ཚོས་པ་འབྱུང་བ་ནི་མེ་དང་འབྲེལ་པ་ལས་ཚོས་པ་དག་འཇིག་པར་འདོད་ན། དེ་ལྟ་ན་རྒྱུ་ཉིད་འཇིག་པ་པོར་འགྱུར་ན། གང་ཁོ་ན་ལས་ཚོས་བྱེད་ལས་སྐྱེས་པ་རྣམས་འབྱུང་བ་ཉིད་ལས་འཇིག་གོ་ཞེས་བྱ་བ་འདི་ནི་རིགས་པ་ཡང་མ་ཡིན་ཏེ། དུས་ཐ་དད་པ་དག་རྒྱུ་གཅིག་ཏུ་མི་འགྲུབ་པའི་ཕྱིར་རོ། །གང་ཞིག་མེ་ནི་སྐད་ཅིག་པ་ཡིན་པའི་ཕྱིར་སྐྱེད་པར་བྱེད་པ་ནི་གཞན་ཡིན་ལ། འཇིག་པར་བྱེད་པ་ནེ་གཞན་ཡིན་ནོ་སྙམ་དུ་སེམས་པ་དེ་ལ། ཡང་ན་རྒྱུ་མེད་བྱེ་བྲག་མེད་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་འདྲ་བ་གཞན་གྱི་རྒྱུར་གྱུར་པའི་ཕྱིར་རྒྱུ་འདྲ་བའོ། །འཇིག་རྟེན་ན་རྒྱུ་འདྲ་བ་རྣམས་ནི་འབྲས་བུ་ཡང་འདྲ་བར་མཐོང་ངོ༌། །གལ་ཏེ་དེས་སྔར་སྐྱེད་པ་མི་འཇིག་ན། དེའི་ཕྱི་མ་རྣམས་རྒྱུ་མེད་པར་སྐྱེ་བར་ཐལ་བར་འགྱུར་རོ། །ཅི་སྟེ་སྐད་ཅིག་མའི་ཕྱིར་དང་དེའི་གནས་སྐབས་མི་སྲིད་པའི་ཕྱིར་དེ་མ་ཐག་ཏུ་སྐྱེ་བར་སེམས་ན། གཟུགས་ལ་སོགས་པ་མ་གཏོགས་པའི་སའི་རྫས་སྲེད་པའི་ཕྱིར་དེ་ནི་མི་རིགས་སོ། །རེ་ཞིག་མེ་ལྕེ་གཞན་དག་ལ་ཞེས་རྒྱས་པར་འབྱུང་སྟེ། མེ་ལྕེ་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཐལ་བ་དང་ཞེས་རྒྱས་པར་འབྱུང་བ་ལ། གང་གི་ཕྱིར་ཐལ་བ་ལ་སོགས་པ་ཉེ་བར་བཀོད་པ་དེ་རྣམས་སྐད་ཅིག་མ་མ་ཡིན་ནོ། །ཡང་ན་ཁྱེད་དང་རྩོད་པ་ན་སྐད་ཅིག་མ་ཉིད་དུ་ཁས་བླངས་ཏེ་བརྟག་པར་བྱ་བ་དག་ན་ཞེས་བྱ་སྟེ། བརྟག་པ་གང་གིས་ན་སྐྱེད་པར་བྱེད་པ་ཉིད་འཇིག་པར་བྱེད་པར་མི་འགྱུར་བའོ། །དེར་མེ་དང་འབྲེལ་བ་ཅི་ཞིག་བྱེད་ཅེ་ན་ཞེས་བྱ་བ་ནི། གལ་ཏེ་ཆུ་དག་མེ་དང་འབྲེལ་པ་མི་


DTG210_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ན། གང་ལས་བསྐོལ་བན་ཟད་པར་འགྱུར་བ་མེ་དང་འབྲེལ་པ་དག་ཅི་ཞིག་བྱེད་ན་ནི། དེ་དང་ཐ་མི་དད་པར་འཇུག་པའི་མེའི་ཁམས་མཐུའི་སྒོ་ནས་འཕེལ་བར་བྱེད་དོ། །དེའི་མཐུས་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མེའི་ཁམས་མཐུའི་སྒོ་ནས་ཤས་ཆེ་བ་ཆུ་དག་གི་སྐད་ཅིག་མ་དང་པོར་རང་གི་ངོ་བོས་སྐད་ཅིག་གཞན་ཉམ་ཆུང་བའི་རྒྱུར་འགྱུར་ལ། དེ་ཡང་དེ་བཞིན་དུ་ཡིན་པ་ནས། ཤིན་ཏུ་ཉམ་ཆུང་བའི་བར་དུ་གྱུར་པས་སྐད་ཅིག་གཞན་དང་འབྲེལ་བར་མི་བྱེད་དེ་དེ་ཤིན་ཏུ་ཉམ་ཆུང་བའི་ཕྱིར་རོ། །དེ་ལྟར་ཆུ་དག་གི་རྒྱུན་འཆད་པར་འགྱུར་གྱི་མེ་དང་འབྲེལ་བ་དག་གིས་འཇིག་པ་ནི་མ་ཡིན་ནོ། །རང་ཉིད་འཇིག་པའི་ངང་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འཇིག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། འབྱུང་བ་ཙམ་གྱིས་འཇིག་པའི་ཕྱིར་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཡུལ་གཞན་དུ་ཞེས་བྱ་བ་ལ་སོགས་པ་དང་རྩྭའི་མེ་བཞིན་ཞེས་རྒྱས་པར་སྨོས་ཏེ། ཇི་ལྟར་རྩྭའི་མེ་སྐད་ཅིག་མ་ཉིད་ཡིན་ཡང་རྩྭའི་ཡུལ་དུ་འདབ་ཆགས་པར་འབྱུང་བས་མེ་འགྲོའོ་ཞེས་བསྙད་པ་དེ་བཞིན་དུ་གཞན་ལ་ཡང་ཡུལ་གཞན་དག་ཏུ་འདབ་ཆགས་པར་འབྱུང་བ་ལ་མངོན་པའི་རྒྱལ་བྱེད་དོ། །མདོ་སྡེ་པ་རྣམས་ན་རེ་དབྱིབས་ནི་རྫས་སུ་མེད་དེ། དེ་བཅོམ་ན་དེའི་བློ་མེད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ་ཞེའོ། །གལ་ཏེ་རྫས་སུ་མེད་ན་དེར་གདགས་པའི་རྒྱུ་ནི་གང་ཞིག་ཡིན་ལ། དེར་བཏགས་པའི་བྱེ་བྲག་ཀྱང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་ཕྱོགས་གཅིག་གི་སྒོར་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། གདགས་པའི་རྒྱུ་ནི་ཁ་དོག་ཡིན་ལ། དེར་བཏགས་པའི་བྱེ་བྲག་ནི་ཁ་དོག་འབྱུང་བའི་བྱེ་བྲག་ལས་སོ། །འདི་ཉིད་ལ་དཔེ་ནི། དཔེར་ན་མགལ་མེ་ཞེས་བྱ་བ་སྟེ། ཇི་ལྟར་མགལ་མེའི་གཟུགས་ནི་རིང་པོ་དང་ཟླུམ་པོ་ཞེས་བྱ་བའི་དངོས་པོ་གཞན་མེད་ཀྱང་སྐྱེ་བའི་བྱེ་བྲག་ལས་རིང་པོ་དང་ཟླུམ་པོར་བཏགས་པའི་བྱེ་བྲག་གི་རྒྱུ་ཡིན་པ་དེ་བཞིན་དུ་གཞན་དུ་ཡང་ཡིན་ནོ། །མགལ་མེའི་དཔེ་ཡང་མི་ནུས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །གཙོ་བོ་ནི་བཏགས་པར་


DTG210_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཡིན་ལ། མགལ་མེའི་རིང་པོ་ལ་སོགས་པ་ཡོད་པ་མ་ཡིན་པ་བཞིན་གཙོ་བོའི་དབྱིབས་སོ། །དེའི་ཕྱིར་མགལ་མེ་བཞིན་ཁ་དོག་དང་དབྱིབས་དག་བཏགས་པ་དག་ཏུ་རིགས་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཇི་ལྟར་གནས་པའི་གཟུགས་ལ་སོགས་པ་ལ་བུམ་པ་དང་སྣམ་བུ་ལ་སོགས་པར་བཏགས་པར་རིགས་ཤེ་ན། བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་གཙོ་བོའི་བདག་ཏུ་བཏགས་པ་མེད་པའི་ཕྱིར་དང༌། ཕུང་པོ་བཞི་རྣམས་ལ་གཙོ་བོའི་བདག་མེད་པའི་ཕྱིར་རོ། །ཞེན་པའི་ཁྱད་པར་ལས་ཁ་དོག་ཉིད་ལ་དབྱིབས་སུ་བཏགས་པ་ནི་མ་ཡིན་ཞེས་འདུས་བཟང་ཟེར་རོ། །དབང་པོའི་གཟུང་བྱ་མཚུངས་པ་རྣམས་ལ་ཡང་ཞེན་པའི་ཁྱད་པར་ལས་དོན་གྱི་ཁྱད་པར་མཐོང་སྟེ། གྲང་བ་དང་སྲ་བ་བཞིན་ནོ། །དེར་ཞེན་པའི་ཁྱད་པར་ཡོད་པས་ཀྱང་རིང་པོའོ་དཀར་པོའི་སྙམ་པ་དེས་ཀྱང་དོན་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་འདུས་པའི་མཐར་ཐུག་པའི་རྣམས་ལ་ཡོངས་སུ་གཅོད་པའི་བྱེ་བྲག་གི་རྒྱུར་གྱུར་པ་དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱང་དེར་སྐྱེས་སོ་ཞེས་ཨ་བ་སཱི་ཡ་ཏམ། གལ་ཏེ་གང་དུ་འདུས་པ་དེ་དག་མི་འཐད་ན། དེར་ཁ་དོག་སྐྱེ་བ་ལ་ཡང་དབྱིབས་མེད་དོ། །དཔེར་ན་མར་མེ་ལ་སོགས་པ་སྐྱེ་བ་ལ་ཡོངས་སུ་མ་བཅད་པར་ཁ་དོག་དང་དབྱིབས་སུ་མི་འགྱུར་ཏེ་ཐ་མི་དད་པའི་ཕྱིར་རོ། །མེའི་ཁམས་དང་དྲོ་བ་བཞིན་ནོ། །གལ་ཏེ་ཡོད་ན་ནི་གཉིས་གཟུང་འགྱུར་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་གཉིས་ཏེ། མིག་དང་རེག་པས་ཀྱང་རིང་པོ་ལ་སོགས་པར་ཤེས་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་ལ་སོགས་པའི་དབང་པོའི་དབང་གིས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཐ་དད་པ་ཡིན་ལ། དབྱིབས་ཀྱང་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་རེ་ཞིག་རེག་པས་འཛིན་པར་མི་འཐད་དོ། །གལ་ཏེ་ཁ་དོག་ཁོ་ན་སྐྱེ་བའི་ཁྱད་པར་ལ་རིང་པོ་ལ་སོགས་པའི་བློ་ཡིན་ན། མདོ་སྡེ་པའི་འདི་སྐྱོན་དུ་ཅི་ལྟར་མི་འགྱུར་ཞེ་ན། གང་གི་ཚེ་ལུས་ཀྱི་དབང་པོས་མུན་པ་ལ་རིང་པོའོ་སྙམ་དུ་འཛིན་པར་མི་འགྱུར་བ་དེའི་ཚེ་རིང་པོ་ལ་སོགས་པའི་ཤེས་པ་ནི་


DTG210_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་དེ་ཉིད་ཀྱི་ཕྱིར་ཞེས་བྱ་སྟེ། དབང་པོ་རྣམས་དང་སྐྱེ་མཆེད་རང་གི་མཚན་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །རེས་འགའ་བྱེ་བྲག་ཏུ་སྨྲ་བ་རིང་པོ་ལ་སོགས་པའི་དབྱིབས་ལུས་ཀྱི་དབང་པོས་འཛིན་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རེག་བྱའི་ཡན་ལག་དེ་ལྟར་གནས་པ་ལུས་ཀྱི་དབང་པོའི་དམིགས་པ་དག་ལ་ཕྱིས་རིང་པོ་ལ་སོགས་པར་ཤེས་པས་མིག་དང་རེག་པ་ཉིད་ཀྱིས་རིང་པོ་ལ་སོགས་པར་འཛིན་པར་ཐལ་བར་མི་འགྱུར་རོ་ཞེས་སྨྲ་བས། དེའི་ཕྱིར་ཡང་ཇི་ལྟར་རེག་བྱ་བ་ལ་ཞེས་བྱ་བ་ལ་རྒྱས་པར་སྨོས་སོ། །ཇི་ལྟར་རེག་བྱ་དེ་ཉིད་ད་ལྟར་གནས་པ་ཡན་ལག་རེ་རེ་ནས་གཟུང་བ་ན་ཕྱིས་ནས་རིང་པོ་ལ་སོགས་པར་ཤེས་པར་འགྱུར་གྱི། རེག་བྱ་ལས་དོན་གཞན་དུ་གྱུར་པ་རིང་པོ་ལ་སོགས་པར་གཟུང་བ་ནི་མ་ཡིན་པ་དེ་བཞིན་དུ། ཁ་དོག་དག་ཁོ་ན་རྣམ་པ་དེར་གནས་པ་ཡན་ལག་རེ་རེ་ནས་གཟུང་བ་ན་ཕྱིར་རིང་པོ་ལ་སོགས་པར་ཤེས་ཀྱི། ཁ་དོག་ལས་དོན་གཞན་དུ་གྱུར་པ་རིང་པོ་ལ་སོགས་པ་གཟུང་བ་ནི་མ་ཡིན་ནོ་ཞེས་ཡིད་ཆེས་པར་བྱའོ། །ཆོས་མངོན་པ་བས་ཁ་དོག་དང་རེག་བྱ་ལས་ཐ་དད་པའི་དབྱིབས་བརྗོད་པར་འདོད་པས་སླར་སྨྲས་པ་ནི་དེ་ལ་ནི་རེག་བྱ་དང་ལྷན་ཅིག་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདི་དྲན་པའི་སྒྲ་ནི་རྗེས་སུ་དཔག་པ་ལ་བརྗོད་ཀྱི། ཇི་ལྟར་མིག་གི་ཁ་དོག་བཞིན་རེག་པས་དངོས་སུ་འཛིན་པ་ནི་མ་ཡིན་ཏེ་སྐྱེ་མཆེད་མཚུངས་པ་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དཔེར་ན་མེའི་གཟུགས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་དབང་པོ་གཞན་གྱིས་གཟུང་བར་བྱ་བ་མི་འཁྲུལ་པ་ལས་དབང་པོ་གཞན་གྱིས་གཟུང་བར་བྱ་བ་རྗེས་སུ་དཔག་པ་ཡིན་པ་དེ་བཞིན་དུ་འདིར་ཡང་སྟོན་ཏོ། །དེ་ལ་རེག་བྱ་ནི་ཅུང་ཟད་ཀྱང་ཞེས་འཇམ་པ་ལ་སོགས་པའོ། །དབྱིབས་གང་ལ་ཡང་ཞེས་བྱ་བ་རིང་པོ་ལ་སོགས་པ་ལ་ངེས་ལ་མི་འཁྲུལ་བའོ། །དེ་ཉིད་སྨྲས་པ་དེ་ལྟ་མོད་ཀྱི་རེག་བྱ་ལས་དབྱིབས་ངེས་པར་རེག་བྱ་འདུས་པ་ལ་ཡང་ངེས་པ་ཡོད་དོ། །ཕྱོགས་གཅིག་གི་སྒོར་རེག་བྱ་ཕལ་ཆེར་བྱུང་བ་ལ་རིང་པོ་ཉིད་ཀྱི་དབྱིབས་ངེས་པ་དང༌། ཁོར་ཡུག་ཏུ་བྱུང་བ་ལ་ཟླུམ་པོ་ཞེས་བྱ་བ་དང་དེ་བཞིན་དུ་གཞན་ལ་ཡང་


DTG210_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །དེ་ཉིད་ཀྱི་ཕྱིར་དབྱིབས་མེད་པར་ཁ་དོག་རྗེས་སུ་དྲན་པ་ནི་ཁ་དོག་གི་རེག་པ་འདུས་པ་ལས་ངེས་པའི་ཕྱིར་རོ། །རེག་པ་ལས་གཞན་པའི་འདུས་པ་ཡོད་པ་མ་ཡིན་ཏེ། རེག་པ་མ་ངེས་ཀྱང་དབྱིབས་ལུས་པ་ལ་རག་ལས་ཏེ་འཇུག་པར་འགྱུར་རོ། །གལ་ཏེ་ཡང་དེར་རེག་བྱ་ལས་ཐ་དད་པའི་དབྱིབས་སུ་མི་འགྱུར་ཞེ་ན། དེར་འདུས་པ་བཞིན་དེའི་ཕྱོགས་གཅིག་ཀྱང་དེ་དང་བྲལ་བ་མེད་དོ། །དེའི་ཕྱོགས་གཅིག་གཟུང་བའི་ཕྱིར་རོ། །དེ་རྗེས་སུ་དཔག་པར་ཐལ་བར་ཡང་འགྱུར་རོ། །ཐམས་ཅད་དུ་དབྱིབས་ཀྱི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །གང་གི་ཕྱིར་རིམ་པས་དེ་ལྟར་གནས་པའི་རེག་པ་མ་ལུས་པ་སྨོས་པའི་ཕྱིར་བར་མེད་པར་དབྱིབས་སུ་རྟོགས་པ་ནི་རེག་པ་ལས་དོན་གཞན་དུ་གྱུར་པའི་དབྱིབས་མ་ཡིན་ཏེ་གྲོག་མ་ལ་སོགས་པ་རྣམས་ཀྱིས་གྲོག་མའི་ཕྲེང་བ་བཞིན་ནོ། །རི་མོ་བཀྲམ་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རི་མོ་བཀྲམ་པའི་དབྱིབས་གཅིག་ལ་རིང་པོ་དང་ཐུང་དུ་དང་ལྷམ་པ་དང་གྲུ་བཞི་ལ་སོགས་པ་དབྱིབས་མང་པོ་གནས་པར་མཐོང་ན། དེ་ནི་རྫས་སུ་ཡོད་པའི་དབྱིབས་ལ་མི་རུང་ངོ༌། །ཇི་ལྟར་ཁ་དོག་སྔོན་པོ་དང༌། སེར་པོ་ལ་སོགས་པ་རྣམས་རྟེན་འབྱུང་བ་ཐ་དད་པའི་ཕྱིར་ཡུལ་མཚུངས་པ་ཉིད་དུ་མི་འགལ་བ་བཞིན་ཏེ། དེའི་ཕྱིར་དེ་ལྟར་གནས་པའི་ཁ་དོག་དེ་ལ་དབྱིབས་སུ་ཐ་སྙད་བྱེད་དོ། །གང་ཡང་ཐོགས་པ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐོགས་པ་དང་བཅས་པའི་གཟུགས་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ནི། འདོད་ན་དབང་པོ་མེད་པ་དང༌། སྒྲ་མེད་ཕྲ་རབ་རྡུལ་ཞེས་བྱ་བ་ལ་སོགས་པ་འདུས་པའི་རྡུལ་ཕྲ་རབ་ལ་སོགས་པ་ཡིན་ནོ། །ཐོགས་པ་དང་བཅས་པ་སྨོས་པ་ནི་ཐོགས་པ་མེད་པའི་གཟུགས་བཅད་པའི་ཕྱིར་རོ། །དེ་རྡུལ་ལ་མེད། དབྱིབས་ནི་རྡུལ་ཕྲ་རབ་ལ་མེད་དོ། །ཡང་རྡུལ་ཕྲ་རབ་ལ་དབྱིབས་མེད་དོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་ཤེ་ན། རིང་པོ་ལ་སོགས་པའི་འདུས་པ་ལ་སྔོན་པོ་ལ་སོགས་པའི་གཟུགས་ཡན་ལག་རེ་རེ་ནས་ཡོད་པ་ལྟར་རིང་པོ་ལ་སོགས་པ་དབྱིབས་གཟུང་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་ཡན་ལག་རེ་རེ་ལ་


DTG210_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཡོད་པ་མ་ཡིན་པས་ཁ་དོག་བཞིན་དུ་གཟུང་བར་རིགས་པ་མ་ཡིན་ནོ། །ཇི་ལྟར་འགྲིབ་ན་དེར་སྔོན་པོ་ལ་སོགས་པའི་བློ་ལྡོག་པའམ། དེ་ལས་བཟློག་སྟེ་སེར་པོའི་བློར་མི་འགྱུར་བ་ལྟར། རིང་པོ་ལ་སོགས་པའི་ཚོགས་འགྲིབ་ན་རིང་པོ་ལ་སོགས་པའི་བློ་མི་ལྡོག་ཅིང་དེ་ལས་བཟློག་སྟེ་ཐུང་དུ་ལ་སོགས་པའི་བློར་མི་འགྱུར་བ་ཞིག་གོ །དེའི་ཕྱིར་རྡུལ་ལ་དབྱིབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གཞན་དག་ན་རེ་རྫས་ཀྱི་རྡུལ་ཕྲ་རབ་ལ་དེའི་བདག་ཉིད་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །འདུས་པའི་རྡུལ་ཕྲ་རབ་སྨོས་པ་ན་ཟླུམ་པོའི་དབྱིབས་ཁས་བླངས་པར་འགྱུར་བས་དེར་དེ་དག་གི་དབྱིབས་དག་ཏུ་འགྱུར་བས་སོ། །དེར་ནི་རྫས་ཀྱི་སྒོ་ནས་དབྱེ་བས་དགག་སྟེ། འདི་དབྱིབས་མ་ཡིན་ནོ་ཞེས་འདི་ལ་གླན་ཀ་མེད་དོ། །འདུས་པའི་རྡུལ་ཕྲ་རབ་ལ་ཡང་དབྱིབས་དགག་པ་ལས་དབྱིབས་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་བདག་ཉིད་དོ་ཞེས་བཤད་པ་ཉིད་དུ་འགྱུར་བས་འདི་ལ་ཐེ་ཚོམ་མེད་དོ། །དེའི་ཕྱིར་མང་པོ་དེ་ལྟར་གནས་པ་དག་ཁོ་ན་ལ་རིང་པོ་ལ་སོགས་པ་འདོགས་པར་ཟད་དེ་བུམ་པ་དང་སྣམ་བུ་བཞིན་ནོ། །འོན་ཏེ་དབྱིབས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་དག་བསགས་པའི་ཁྱད་པར་ལས་རིང་པོ་ལ་སོགས་པར་འདོགས་པར་བྱེད་ལ། དབྱིབས་ཀྱི་རྡུལ་ཕྲ་རབ་དེ་དག་ཁོ་ན་དེ་ལྟར་གནས་པར་མིག་གི་རྣམ་པར་ཤེས་པས་དམིགས་པར་འདོད་དེ། དེ་ནི་ཕྱོགས་འཛིན་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི། གང་ཁ་དོག་གི་རྡུལ་ཕྲ་རབ་གཉི་ག་ལ་རབ་ཏུ་གྲུབ་པའི་རང་གི་ངོ་བོ་སྟེ། རིང་པོ་ལ་སོགས་པའི་དབྱིབས་སུ་འདོགས་པའི་རྒྱུ་ཉིད་བསལ་ནས་དབྱིབས་ཀྱི་རྡུལ་ཕྲ་རབ་རྟོགས་པར་བྱེད་པའོ། །དེ་དག་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལ་རྒྱུ་བཤད་པའོ། །གལ་ཏེ་དེར་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་ལྟར་རིང་པོ་ལ་སོགས་པའི་རྡུལ་ཕྲ་རབ་ཀྱང་མིག་གི་རྣམ་པར་ཤེས་པས་དམིགས་ན། དེ་ལྟར་ན་དེའི་ཆ་ཤས་ལ་ཡང་སྔོན་པོ་ལ་སོགས་པའི་བློ་བཞི་པོ་ལ་སོགས་པའི་བློར་འགྱུར་རོ། །རིང་པོ་དང་ཐུང་ངུ་གཞན་ལ་བལྟོས་ན་དེ་ཉིད་ལ་རིང་པོ་དང་ཐུང་ངུའི་བློར་ཡང་མི་འགྱུར་ཏེ། འདི་ལྟར་སྔོན་པོ་ལ་ནི་སྔོན་པོ་དང་སྔོན་པོ་མ་ཡིན་


DTG210_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པར་བལྟོས་ན་སྔོན་པོ་དང་སྔོན་པོ་མ་ཡིན་པའི་བློར་མི་འགྱུར་ཏེ། འོ་ན་ཅི་ཞེ་ན། གཞན་ལ་མི་བལྟོས་པར་རང་གི་ངོ་བོ་ཁོ་ནས་སྔོན་པོའི་བློར་འགྱུར་རོ། །ཅི་ལྟར་མ་ངེས་པར་འཇུག་པའི་རེག་བྱས་རིང་པོ་ལ་སོགས་པ་ངེས་པར་དྲན་པར་འགྱུར། འོན་ཏེ་རེག་བྱ་དང་དབྱིབས་དག་ལ་ལྷན་ཅིག་སྤྱོད་པ་ངེས་པ་མེད་པར་དབྱིབས་དྲན་པར་གྱུར་ན་ནི་ཁ་དོག་ཀྱང་འགྱུར་ཏེ། རེག་བྱ་ངེས་པར་དྲན་ཞེས་སྦྱར་རོ། །འདིའི་རེག་བྱ་དྲན་པས་ཁ་དོག་ཀྱང་དྲན་ནོ་ཞེས་བསམས་པའོ། །ཡང་ཁ་དོག་ངེས་པར་མི་འགྱུར་ན་ནི། ཁ་དོག་བཞིན་དུ་དབྱིབས་ཀྱང་རིང་པོ་ལ་ཐུང་ངུའོ་སྙམ་པ་དང༌། ཐུང་ངུ་ལ་རིང་པོའི་སྙམ་དུ་ངེས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཁ་དོག་ནི་ངེས་པར་དྲན་པར་མི་འགྱུར་ཏེ། རེས་འགའ་རེག་བྱ་ལས་དམར་པོ་ལ་སེར་པོའོ་སྙམ་དུ་འགྱུར་ལ། ཇི་ལྟར་ཁ་དོག་མ་ངེས་པར་དྲན་པ་དེ་བཞིན་དུ་དབྱིབས་ཀྱང་མ་ངེས་པར་དྲན་པ་ནི་ཡིན་ཏེ། འོ་ན་ཅི་ཞེ་ན། ཁ་དོག་མ་ངེས་པར་དྲན་པར་མི་འགྱུར་ལ། དབྱིབས་ནི་ཇི་ལྟར་རེག་བྱ་ལས་ངེས་པར་དྲན་པར་འགྱུར་ཞེས་བྱ་བ་མི་རིགས་ཏེ། རེག་བྱ་ལས་དྲན་པ་མ་ཡིན་ཞེས་པའོ། །གང་གི་ཕྱིར་ཇི་ལྟར་རྡུལ་ཕྲ་རབ་རྣམས་འདུས་པ་ཁ་དོག་ཏུ་གཟུང་བ་དེ་ལྟར་སོ་སོར་མ་ཡིན་ཏེ་དབང་པོ་ལས་འདས་པའི་ཕྱིར་རོ། །གནས་པའི་རྡུལ་ཕྲ་རབ་རྣམས་ཀྱང་འདུས་པ་ཉིད་དུ་གཟུང་ངོ༌། །སོ་སོ་བ་དབང་པོ་ལས་འདས་པས་ན་ཅི་ལྟར་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་ཅེས་སློབ་དཔོན་འདུས་བཟང་ཟེར་རོ། །གང་ཅུང་ཟད་ཐོགས་པ་དང་བཅས་པའི་གཟུགས་འདུས་པ་དམིགས་པ་ངེས་པར་རྡུལ་ཕྲ་རབ་ལ་ཡོད་དོ། །ཁ་དོག་དམིགས་པ་ལ་བལྟོས་པ་མེད་པར་ཁ་དོག་བཞིན་དུ་འདུས་པ་རྣམས་ལ་དབྱིབས་སོ། །དེའི་ཕྱིར་ས་བོན་གྱི་ཆོས་ཀྱིས་ཀྱང་རྡུལ་ཕྲ་རབ་ཏུ་འགྱུར་རོ། །དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་ནི་མ་ཡིན་ཏེ། རེ་རེ་པ་དབང་པོ་ལས་འདས་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བརྗོད་དོ། །འོ་ན་ཅི་རིང་པོ་ལ་སོགས་པའི་འདུས་པའི་ཡན་ལག་སྨོས་ཤེ་ན། རྡུལ་ཕྲ་རབ་ལས་རྡུལ་ཕྲ་རབ་ལུས་གཞན་ཁྱད་པར་མེད་པའི་ཕྱིར་རིང་པོ་ལ་སོགས་པའི་དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་ཕན་ཚུན་གྱི་


DTG210_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། རིང་པོ་ལ་སོགས་པའི་བློ་ལས་དེ་ལྟར་གནས་པའི་ཁ་དོག་འཛིན་པ་བལྟོས་པ་དང་བཅས་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་བྱའོ། །གལ་ཏེ་ཡང་གང་ཞིག་འདུས་དམིགས་པའི་གཟུགས་དེ་ངེས་པར་རྡུལ་ཕྲ་རབ་ཏུ་འགྱུར་དགོས་ན། དེ་ལྟ་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་ཀྱང་རྡུལ་ཕྲ་རབ་ཏུ་ཁས་བླངས་དགོས་སོ། །གང་བཤད་པ་ཁ་དོག་ལ་བལྟོས་པ་མེད་པར་དབྱིབས་དམིགས་སོ་ཞེས་བྱ་བ་དེ་ཡང་རང་གི་རྣམ་པར་རྟོག་པ་ཙམ་སྟེ། ཁ་ཅིག་ཏུ་ཁ་དོག་གི་རེག་བྱ་མ་བཟུང་བར་དབྱིབས་དམིགས་པ་མེད་དོ། །འོ་ན་གང་ཁམ་སའི་སྣོད་རྣམས་ཁ་དོག་ཀྱང་ཐ་མི་དད་ལ་ཞེ་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདི་ཁ་དོག་ཙམ་ཡིན་གྱི། དེ་ལ་དབྱིབས་སུ་རྫས་སུ་མེད་ན། འོ་ན་ཇི་ལྟར་དེར་བུམ་པ་དང་ཕྲུ་བ་ཏོག་དང་ཁམ་གཞོང་དང༌། བཅུ་སྐྱོགས་ལ་སོགས་པ་རྣམས་དབྱིབས་ཐ་དད་པར་འཛིན་ཅེ་ན། ཁ་དོག་ཙམ་ལ་ནི་རིང་པོ་ལ་སོགས་པའི་བློས་འཛིན་པར་མི་འདོད་ཀྱི། འོ་ན་ཅི་ཞེ་ན། ཁ་དོག་གི་བྱེ་བྲག་ལའོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་གནས་པའི་ཁ་དོག་ལ་ཞེས་བྱ་བ་སྨོས་སོ། །ཇི་སྐད་སྨོས་ཤེ་ན། ཕྱོགས་གཅིག་གི་སྒོར་ཕལ་ཆེར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དཔེར་ན་གྲོག་མ་ལ་སོགས་པ་ཐ་མི་དད་ཀྱང་དེའི་གནས་སྐབས་ཐ་དད་པས་འཁོར་ལོ་དང་ཕྲེང་བ་ལ་སོགས་པ་ཐ་དད་པ་བཞིན་ནོ། །གལ་ཏེ་ཁ་དོག་ཚོགས་པའི་ཁྱད་པར་ཁོ་ན་རིང་པོ་ལ་སོགས་པའི་བློར་འགྱུར་ན། འོ་ན་གང་མུན་ཁུང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚོགས་པ་ཅན་རྣམས་མ་བཟུང་བར་ཚོགས་པ་བཟུང་བ་མི་རིགས་སོ་སྙམ་དུ་བསམས་པའོ། །དེ་དག་གིས་དེ་ནི་ཁ་དོག་མི་གསལ་བ་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གྲིབ་མ་ནག་པོས་བསྒྲིབ་པའི་ཕྱིར་མི་གསལ་བར་མཐོང་སྟེ། ཕྲེང་བ་དང་དམག་ལ་ཡོངས་སུ་རྟོག་པ་བཞིན་ནོ། །དཔེར་ན་མུན་ཁུང་ན་མཐོ་ཡོར་མི་གསལ་བར་མཐོང་ནས་ཕྲེད་དུ་ཡོངས་སུ་རྟོག་པར་བྱེད་པ་དང༌། གང་དུ་མཐོ་ཡོར་དང་མི་ངེས་པར་ཟིན་པར་མ་གྱུར་པ་དང༌། ཡང་དཔེར་ན་རྟ་དང་གླང་པོ་ཆེ་ལ་སོགས་པ་


DTG210_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དམག་གི་ཡན་ལག་མི་གསལ་བར་མཐོང་ནས་དམག་ཏུ་ཡོངས་སུ་རྟོག་པ་བཞིན་ཏེ། དེ་དག་མི་གསལ་བར་མཐོང་བ་ནི་རྟ་ལ་སོགས་པའི་ཁྱད་པར་མཐོང་བ་མེད་པས་སོ། །དེ་ནི་གདོན་མི་ཟ་བར་དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུ་འདིའི་ཕྱིར་ཡང་དེ་ལྟར་ཡིན་ཏེ། གང་ཁ་དོག་ཉིད་མི་གསལ་བར་མཐོང་ནས་དབྱིབས་སུ་ཡོངས་སུ་རྟོག་པར་བྱེད་པའོ། །ཡོངས་སུ་ཆད་པ་ངེས་པར་མི་ཟིན་པ་ཞེས་བྱ་བ་ནི་རིང་པོ་ལ་སོགས་པའི་དབྱིབས་ཡོངས་སུ་ཆད་པ་ངེས་པར་མི་ཟིན་ཞེས་བྱ་བའི་དོན་གང་ཡིན་པའོ། །ཁ་དོག་དང་དབྱིབས་ལས་ཐ་དད་པའི་གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་པ་ཡང་མ་ཡིན་ཏེ། གཟུགས་ཀྱི་སྐྱེ་མཆེད་ཀྱི་རྣམ་པ་གཉིས་ཏེ་ཁ་དོག་དང་དབྱིབས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་དེ་ན་ཁ་དོག་གམ་དབྱིབས་མི་གསལ་བར་སྣང་བ་ཡིན་གྱི། དེ་དག་ལས་མ་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་གསུམ་པ་མ་ཡིན་ནོ་ཞེས་ཁས་བླང་བར་བྱ་བ་ཡིན་པ་དེ་བཞིན་དུ། འདིར་ཡང་ཁ་དོག་ལས་ཐ་དད་པའི་དབྱིབས་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ན་ཁ་དོག་མི་གསལ་བ་ཁོ་ན་སྣང་ངོ་ཞེས་བྱ་བར་ཤེས་སོ། །ཁྱེད་རྣམས་ཀྱིས་ཞེས་བྱ་བ་ནི། ཁྱེད་ཅག་རྣམས་ཀྱིས་སོ། །དེ་དག་ནི་དབྱིབས་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འགྲོ་བ་དང་དབྱིབས་གཉིས་བཏགས་པ་ཡོད་པར་ཁྱད་པར་མེད་ཀྱང༌། ཁྱབ་པ་མ་ཡིན་པས་འགྲོ་བ་བསལ་ནས་དབྱིབས་ཁོ་ན་ཡོངས་སུ་བཟུང་སྟེ། འདི་ལྟར་ཐལ་མོ་སྦྱར་བ་ལ་སོགས་པ་གཡོ་བ་མེད་པས་ཀྱང་གོ་བར་བྱེད་ལ། རང་ཀུན་ནས་སློང་བར་བྱེད་པའི་སེམས་རིག་པར་བྱེད་པས་ཀྱང་རྣམ་པར་རིག་བྱེད་ཅེས་བྱ་ན། ཡུལ་གཞན་དག་ཏུ་མ་སྐྱེས་པའི་ཐལ་མོ་སྦྱོར་བ་ལ་སོགས་པ་དེ་ཡང་རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས། དའི་ཕྱིར་ཁྱབ་པས་དབྱིབས་ཁོ་ན་གཟུང་གི་འགྲོ་བ་ནི་མ་ཡིན་ན། ཇི་ལྟར་བྱེ་བྲག་ཏུ་སྨྲ་པ་རྣམས་ཟེར་བ་ལྟར་རྫས་སུ་ནི་མ་ཡིན་ནོ། །ཇི་ལྟར་ལུས་ཀྱི་ལས་སུ་འདོགས་པར་བྱེད་ཅེས་བྱ་བ་ནི་དབྱིབས་བཏགས་པར་ཡོད་པ་ལ་ལས་ཉིད་མི་རུང་བའི་ཕྱིར་དང༌། ལུས་བརྟེན་པ་མི་སྲིད་པའི་ཕྱིར་འདྲི་བའོ། །ལུས་ལ་བརྟེན་པའི་ལས་ནི་ལུས་ཀྱི་ལས་སོ་ཞེས་དེ་


DTG210_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོགས་ཀྱི་ལུས་ལ་གནས་པ་ནི་མ་ཡིན་ནོ། །ལུས་ལ་བརྟེན་པ་ཞེས་བྱ་བ་ནི་ལུས་ལ་དམིགས་པ་སྟེ། དེ་ཡང་ལུས་འཇུག་པར་བྱེད་པའི་སེམས་ལ་མངོན་པར་འདོད་དོ། །དཔྱོད་པ་དང་བྱ་བའི་སེམས་པ་གཉིས་ཀ་ལུས་ལ་དམིགས་པའི་ཕྱིར་ན་དཔྱོད་པའི་སེམས་པ་གཅད་པར་བྱ་བའི་ཕྱིར། དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ་ཞེས་བྱ་བ་སྨོས་ཏེ་རབ་ཏུ་འཇུག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་དག་ལ་ཡང་ཅི་རིགས་པར་ཞེས་བྱ་བ་ལ། ངག་ལ་བརྟེན་པའི་ལས་ནི་ངག་གི་ལས་ཏེ། དག་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ། །ཡིད་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་ཀྱི་ལས་སོ། །དེ་ལྟར་ན་ལུས་དང་ངག་གི་ལས་དག་ཀྱང་ཡིད་དང་མཚུངས་པར་ལྡན་པའི་ཕྱིར་ཡིད་ཀྱི་ལས་ཉིད་དུ་ཐལ་ལོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ལུས་དང་ངག་གི་ལས་གཉིས་ནི་ཡིད་དང་མཚུངས་པར་ལྡན་པ་ཡིན་ཡང་ལུས་དང་ངག་འཇུག་པར་བྱེད་པ་ཉིད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ལུས་དང་ངག་འཇུག་པར་བྱེད་པའི་སེམས་མ་གཏོགས་པའི་སེམས་པ་ཟག་པ་དང་བཅས་པ་འམ། ཟག་པ་མེད་པ་གང་ཡིན་པ་དེ་ཐམས་ཅད་ནི། ཡིད་དང་མཚུངས་པར་ལྡན་པའི་ཕྱིར་ཡིད་ཀྱི་ལས་སོ་ཞེས་བྱ་བར་གྲུབ་པོ། འོ་ན་གང་སེམས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ལུས་དང་ངག་གི་ལས་ནི་སེམས་པ་ཁོ་ན་ལ་བཤད་ན། དེ་ལྟ་ཡིན་ན་བསམ་པའི་ལས་གང་ཡིན་པ་དེ་མེད་པས། སེམས་པ་དང་བསམ་པའི་ལས་སོ་ཞེས་འབྱུང་བའི་མདོ་འདི་དང་ཇི་ལྟར་མི་འགལ་ཞེ་ན། དེའི་ཕྱིར་འདི་ལྟ་བུ་ཞིག་བྱའོ་སྙམ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དཔྱོད་པའི་སེམས་པ་འདི་དང་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་སེམས་པར་བཟུང་ནས། ཕྱི་ནས་གཞན་བྱ་བའི་སེམས་པ་འབྱུང་སྟེ། བྱ་བའི་ཚེ་རྗེས་སུ་འཇུག་པའི་ཕྱིར་རོ། །གང་གིས་ལུས་འཇུག་པར་བྱེད་པ་དེ་ནི་བསམ་པའི་ལས་ཞེས་བྱ་བའོ། །འདིར་འདུས་བཟང་གིས་སྒྲོ་བཏགས་པ་སུན་འབྱིན་པར་དགོངས་ནས་མང་དུ་བཤད་པ་དེ་ཡང་རྣམ་པར་བཤད་པ་འདི་ཉིད་ཀྱིས་བསམས་ཟིན་ཏེ། གཞུང་མངས་པའི་འཇིགས་


DTG210_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚིག་རེ་རེ་ནས་བསལ་བ་མ་བྱས་སོ། །འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་བསལ་བར་བྱ་བའི་ཕྱིར་ཏེ། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ནི་སོ་སོ་ཐར་པའི་སྡོམ་པ་ལ་སོགས་པ་ལྟར་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ། །ཉེས་པ་ཆེན་པོར་ཐལ་བར་འགྱུར་རོ་ཞེས་པ་ནི། རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་མེད་པའི་ཉེས་པ་དང༌། ལམ་ཡན་ལག་བརྒྱད་མེད་པའི་ཉེས་པ་དང༌། རྫས་ལས་བྱུང་བའི་བསོད་ནམས་བདུན་ལ། དེ་ལ་རག་ལས་པའི་བསོད་ནམས་མངོན་པར་འགྲུབ་པ་མེད་པའི་ཉེས་པར་འགྱུར་རོ། །མདོ་སྡེ་པས་གལ་ཏེ་ལུས་ཀྱི་ལས་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་དོགས་ན་སྙམ་དུ་བསམས་པའོ། །ཅིར་འགྱུར་ཞེས་བྱ་བ་ནི་སྐྱོན་ཅིར་འགྱུར་ཞེས་བྱ་བའོ། །སེམས་ཀྱི་རྗེས་སུ་འབྲང་བ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཙམ་ལ་རག་ལས་པའི་ཕྱིར་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་ནོ། །ཇི་ལྟར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་ལ་མི་ལྟོས་པའི་ཕྱིར། སེམས་ཙམ་ལ་བརྟེན་པས་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་པ་དེ་བཞིན་དུ་སོ་སོར་ཐར་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྣམ་པར་རིག་བྱེད་མེད་པ་ན་སེམས་ཀྱི་རྗེས་སུ་འབྲང་བར་ཐལ་བར་འགྱུར་བར་གདོན་མི་ཟ་བར་རྣམ་པར་རིག་བྱེད་ཁས་བླང་བར་བྱའོ། །དེ་ལྟར་མི་འགྱུར་ཏེ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱང་སེམས་ཀྱི་རྗེས་སུ་འབྲང་བར་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། སེམས་པའི་ཁྱད་པར་གྱིས་དེའི་འཕེན་པ་ཁྱད་པར་ཡོད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་དག་ལས་ལྡོག་པར་བྱའོ་སྙམ་པ་འདི་ནི་སེམས་པའི་ཁྱད་པར་ཏེ། དེ་དུས་ངེས་པར་འཕངས་པའི་དབང་གིས་དུས་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་རྒྱུན་ཆགས་སུ་གནས་པར་མི་འགལ་ལོ། །སེམས་པའི་ཁྱད་པར་འདི་མཉམ་པར་གཞག་པ་ནི་མེད་དེ། དེས་ན་འདི་ནི་སེམས་ཀྱི་རྗེས་སུ་འབྲང་


DTG210_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་ནོ། །རྣམ་པར་རིག་བྱེད་དེ་ཡོད་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་རིག་བྱེད་དེ་ཡོད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་འཕངས་པ་སྟེ། འཕངས་པ་ནི་དུས་ངེས་པར་རྗེས་སུ་འཇུག་པའི་རྒྱུའི་དངོས་པོར་གནས་པའོ། །སེམས་པའི་སྟོབས་ལ་རག་ལས་པ་ནི་བལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ལ་རྒྱུ་སྨྲས་པ་ནི་བླུན་པའི་ཕྱིར་རོ་ཞེས་བྱ་བ་སྟེ་མི་གསལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་སེམས་པ་མེད་པར་འཕེན་པར་མི་ནུས་ལ་མི་གསལ་བ་ནི་དམིགས་པ་མེད་པའི་ཕྱིར་རོ། །འདི་ལྟར་རྣམ་པར་རིག་བྱེད་ནི་སེམས་པའི་དབང་གིས་སྡོམ་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་འཕེན་པ་ལ་འཇུག་གི །ལུང་དུ་མ་བསྟན་པས་ཀུན་ནས་བསླངས་པས་ནི་རྣམ་པར་རིག་བྱེད་མ་ཡིན་པ་འཕེན་པར་ནུས་པར་མི་འགྱུར་རོ། །ངག་རྣམ་རིག་བྱེད་ནི་ངག་སྒྲ་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་མཆུ་འགུལ་བ་ལ་སོགས་པའི་དབྱིབས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དག་གི་རང་བཞིན་གྱི་སྒྲ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་ངག་ཁོ་ན་རྣམ་པར་རིག་བྱེད་ཡིན་ན། འོ་ན་ཇི་ལྟར་ངག་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བརྗོད་ཅེ་ན། ལུས་ཀྱིས་རྣམ་པར་རིག་པར་བྱེད་པ་དང་ཡིད་ཀྱིས་ལས་བྱེད་པ་མེད་པར་ལུས་ཉིད་ཀྱིས་རྣམ་པར་རིག་བྱེད་དང་ཡིད་ཉིད་ཀྱིས་ཀྱང་ལས་ཀྱི་བདག་ཉིད་དོ་ཞེས་མི་གཟུང་ངོ༌། །འདི་ནི་དེ་ལྟར་ཡོད་དོ། འོན་ཀྱང་ཇི་ལྟར་ལུས་དང་ཡིད་ལས་ཐ་དད་པའི་རྣམ་པར་རིག་བྱེད་ཀྱི་ལས་ཀྱང་མི་གཟུང་ངོ༌། །དེས་ན་རྣམ་པར་རིག་བྱེད་ཀྱི་ལས་དེར་བཟུང་བས་འགལ་བ་མེད་དོ། །འདིར་ནི་ངག་ལས་ཐ་དད་པའི་རྣམ་པར་རིག་བྱེད་མ་ཡིན་པ་གཞན་མེད་དེ། དེའི་ཕྱིར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་སྟེ་འདི་ལ་སྐྱོན་མེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། གཡེངས་དང་སེམས་མེད་པའི་ཡང་ཞེས་བྱ་བ་ལ་སོགས་པ་མཛོད་ཀྱི་གནས་དང་པོ་ནས་སོ། །ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་འདི་བདག་གིས་


DTG210_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ་ཞེས་སྔར་ཁས་བླངས་ནས་ཕྱིས་དེ་མི་བྱེད་པ་ཙམ་གྱི་ཕྱིར་ཞེས་བྱ་བ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ནི་རིག་བྱེད་མེད་པ་ཡིན་པས་རྫས་སུ་ཁས་བླང་བར་མི་བྱའོ། །འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་ཞེས་བྱ་བ་ནི། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཞེས་འབྱུང་བའི་ཕྱིར་ལ། དེ་རྣམས་ཀྱང་ཡོད་པ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། འདས་པའི་འབྱུང་བ་ཆེན་པོ་དེ་རྣམས་ནི་ད་ལྟར་བྱུང་བ་རང་བཞིན་མེད་པའི་ཕྱིར་རོ། །རྒྱུར་བྱས་པའི་གཟུགས་ནི་ཡོད་པ་མ་ཡིན་པའི་རྟེན་ཅན་ཡོད་པ་ཡང་མ་ཡིན་ནོ། །གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བ་ཞེས་བྱ་བ་ནི་རྣམ་པར་གྱུར་པ་བསྟན་པའི་སྒོ་ནས་གཟུགས་ཀྱི་མཚན་ཉིད་དུ་གསུངས་ན། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་རྣམ་པར་འགྱུར་བ་ཡང་མ་ཡིན་པ་དེ་ནི་མེད་པ་ཉིད་དོ། །རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་ཡོད་དོ་ཞེས་ཟེར་ཏེ། རྣམ་པ་གསུམ་དང་དྲི་མ་མེད་པའི་གཟུགས་ནི་རྣམ་གསུམ་དྲི་མེད་གཟུགས་སོ། །དེ་བཤད་པ་ནི་རྣམ་གསུམ་དྲི་མེད་གཟུགས་གསུངས་སོ། །འཕེལ་བ་དང་མ་བྱས་པའི་ལམ་ལ་སོགས་པ་ནི་འཕེལ་དང་མ་བྱས་ལམ་སོགས་སོ། །རྣམ་པ་གསུམ་དང་དྲི་མ་མེད་གཟུགས་གསུངས་པ་དང༌། འཕེལ་བ་དང་མ་བྱས་པའི་ལམ་ལ་སོགས་པ་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཏེ། །དེ་དག་གི་ཕྱིར་རོ། །གཟུགས་ཀྱིས་གཟུགས་བསྡུས་པ་ཞེས་བྱ་བ་ལ། གཟུགས་གཉིས་པ་སྨོས་པ་ནི་གཟུགས་ཁོ་ནས་གཟུགས་བསྡུས་པ་ཡིན་གྱི། ཚོར་བ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཅི་ནས་ངེས་པར་གཟུང་བ་ཤེས་པར་བྱ་བའི་ཕྱིར་རོ། །བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད་ཅེས་བྱ་བ་ནི། སྐྱེ་མཆེད་


DTG210_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟུགས་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བའོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད་ཅེས་བྱ་བ་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱི་བྱེ་བྲག་རྣམས་སོ། །བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ། །ཟག་པ་མེད་པ་ཡང་མེད་དོ་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པར་གཟུགས་གཞན་ནི་ཟག་པ་མེད་པར་མི་རིགས་ཏེ། ལམ་ལ་སྙོམས་པར་ཞུགས་པ་ལ་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་མེད་ལ། གང་མིག་ལ་སོགས་པའི་གཟུགས་ནི་ཡོད་མོད་ཀྱི། དེ་ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་ཡིན་པའི་ཕྱིར་ཟག་པ་མེད་པ་མ་ཡིན་ནོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལ་རྫས་ནི་ཀུན་དགའ་ར་བ་དང༌། གཙུག་ལག་ཁང་ལ་སོགས་པའི་དངོས་པོའོ། །རྒྱུ་མཚན་གྱིས་བདུན་པར་བྱས་ནས། དེ་ལས་བྱུང་བ་ནི་རྫས་ལས་བྱུང་བ་སྟེ། དཔེར་ན་གློ་བུར་དུ་འོངས་པ་ལ་སྦྱིན་པ་དང༌། འགྲོན་པོ་ལ་སྦྱིན་པ་དང༌། ནད་པ་ལ་སྦྱིན་པ་དང༌། ནད་པའི་རིམ་གྲོ་པ་ལ་སྦྱིན་པ་དང༌། ཀུན་དགའ་ར་བ་ལ་འབུལ་བ་དང༌། གཅིག་ཏུ་སློང་བ་ལ་ཤོམ་པ་དང༌། ཆར་པ་དང་རླུང་མོ་ཆེ་ལ་སོགས་པ་དག་བྱུང་ན་ཟན་དང་སྐྱོམ་ལ་སོགས་པ་སྦྱིན་པ་སྟེ། འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ནོ། །རྟག་ཏུ་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །རྒྱུན་མི་འཆད་པར་ཞེས་བྱ་བ་ནི་བར་མེད་པའོ། །རྫས་ལས་བྱུང་བ་མ་ཡིན་པ་དག་དང་ལྡན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། ཇི་ལྟར་རྫས་ལས་བྱུང་བ་དག་དང་ལྡན་པ་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་འཕེལ་བ་ཁོ་ནར་འགྱུར་བ་བཞིན་དུ་རྫས་ལས་བྱུང་བ་མ་ཡིན་པ་དང་ལྡན་པ་ཡིན་ནོ། །ཡང་དེ་དག་ནི་དད་པ་དང་ལྡན་པ་དག་སྟེ། དཔེར་ན་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ངམ་གྲོང་གི་ཉེ་འཁོར་ཞིག་ན་བཞུགས་སོ་ཞེས་ཐོས་


DTG210_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོས་ནས་ཀྱང་སེམས་དགའ་བ་དང་རབ་ཏུ་དགའ་བ་ཐོབ་སྟེ་ཞེས་འབྱུང་བའི་ཕྱིར་མདོ་ཇི་ལྟ་བ་བཞིན་ནོ། །ཡིད་གཞན་དང་ལྡན་པའི་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པའོ། །དེའི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པར་བསོད་ནམས་རྣམ་པར་འཕེལ་བར་མི་རུང་སྟེ། སེམས་གཞན་དང་ལྡན་པ་ལ་ལུས་དང་ངག་གི་རྣམ་པར་རིག་བྱེད་རྗེས་སུ་འབྲེལ་བ་མེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྗེས་སུ་འབྲེལ་པ་ཡོད་དེ། གཡེངས་དང་སེམས་མེད་པ་ཡི་ཡང༌། །དགེ་དང་མི་དགེའི་རྗེས་འབྲེལ་གང༌། །ཞེས་བྱ་བའི་མཚན་ཉིད་ཀྱིས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་ཞེས་བྱ་བ་འབྱུང་སྟེ། གང་ཞིག་དངོས་གཞིའི་ལས་ཀྱི་ལམ་ཉིད་དུ་རྣམ་པར་གཞག་ལ། བྱ་བ་མ་རྫོགས་པའི་ཚེ་ན་ནི་གཞན་བྱེད་དུ་འཇུག་པའི་བསྒོ་བ་པོ་ལ་ལུས་དང་ངག་གི་རྣམ་པར་རིག་བྱེད་ཡོད་པ་མ་ཡིན་ཞིང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་དོ། །དེའི་ཕྱིར་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་ནི་ལས་ཀྱི་ལམ་མི་འགྲུབ་པར་འགྱུར་རོ། །ཡང་ལུང་བསྒོ་ནས་ལས་ཀྱི་ལམ་ཡིན་པར་འགྱུར་རོ་སྙམ་ན། དེའི་ཕྱིར་ལུང་བསྒོ་བ་ཙམ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི་ལས་དེ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བའོ། །ལུང་བསྒོ་བའི་ཚེ་སྲོག་གཅོད་པ་ལ་སོགས་པའི་ལས་དེ་ལ་བྱས་པའི་ཕྱིར་ཏེ། ལས་མ་བྱས་པར་ནི་དངོས་གཞིའི་ལས་ཀྱི་ལམ་རིགས་པ་མ་ཡིན་ནོ། །ལས་བྱས་པ་ནི་ལས་ཀྱི་ལམ་དུ་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་ཕྱིར། བྱས་སུ་ཟིན་ཀྱང་དེའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་སྨོས་ཏེ། ལས་བྱས་སམ་མ་བྱས་ཀྱང་རུང་སྟེ། ལུང་བསྒོ་པ་ལ་ནི་བདག་ཉིད་ཀྱི་ཁྱད་པར་མེད་ན། སྔ་མ་དང་ཕྱི་མ་ཁྱད་པར་མ་སྐྱེས་པ་དེ་ནི་ཇི་ལྟར་ཕྱིས་ལས་ཀྱི་ལམ་དུ་འགྱུར། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་མ་གཏོགས་པ་ལྷག་མ་བཅུ་གཅིག་གོ །ཡིད་ཀྱི་སྐྱེ་མཆེད་ལྟར་གཟུགས་ཅན་


DTG210_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའོ་ཞེས་ནི་མ་གསུངས་སོ། །དགོས་པ་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །སྙོམས་པར་ཞུགས་པ་ལ་ལུས་དང་ངག་གི་ལས་ཀྱི་མཐའ་རྣམས་མི་རུང་ཕྱིར་ཏེ། ལམ་ལ་སྙོམས་པར་ཞུགས་པ་ནི་ཚིག་ཏུ་མི་སྨྲ་ཞིང་ལུས་མི་གཡོ་ལ་ཆོས་གོས་ལ་སོགས་པ་ཚོལ་བ་ཡང་མ་ཡིན་ནོ། །མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །མི་སྲིད་པ་ནི་དེ་དག་ཀུན་ནས་སློང་བའི་སེམས་རྣམས་ཁ་ཕྱིར་བལྟས་ཏེ་འཇུག་པའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་ཁས་བླང་པར་བྱ་སྟེ། དེ་མེད་ན་ནི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འགལ་བ་ཡིན་ནོ། །འོ་ན་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདི་ནི་གལ་ཏེ་ལམ་ལ་སྙོམས་པར་ཞུགས་པ་ལ་ཡང་དག་པའི་ལྟ་བ་ལ་སོགས་པ་བཞིན་དུ་ཡང་དག་པའི་ངག་ལ་སོགས་པ་ཡོད་ན་ནི་འདིའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་སྔོན་ཞེས་བྱ་བ་དེ་སྐད་དུ་ཅིའི་ཕྱིར་གསུངས་ཞེས་བྱ་བ་ནི་བརྗོད་པར་བྱ་སྟེ། དེས་ན་དེའི་ཚེ་ཡང་དག་པའི་ངག་ལ་སོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེས་ན་སྡོམ་པའི་ནང་དུ་འདུས་པའི་ལུས་དང་ངག་གི་ལས་ཀྱི་མཐའ་དང་འཚོ་བ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་ན་ལམ་ལ་སྙོམས་པར་ཞུགས་པར་ཡོངས་སུ་དྲང་ངོ་ཞེས་བྱ་སྟེ། དེའི་ཕྱིར་ལམ་ཡན་ལག་བརྒྱད་གྲུབ་པས་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ་ཞེ་ན། དེ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པ་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྔར་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་བྱས་པ་གང་ཡིན་པ་དེ་ལ་དགོངས་ཏེ། སྔར་འཇིག་རྟེན་པས་འདོད་ཆགས་དང་བྲལ་བའི་གནས་སྐབས་ཁོ་ནར་དེ་དག་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཡིན་ནོ་ཞེས་བྱ་བ་འདི་གསུངས་པས། དེའི་ཕྱིར་ལམ་ལ་སྙོམས་པར་ཞུགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་པ་ཉིད་དོ། །ཡང་དག་པར་བླངས་པའི་འོག་ཏུ་ཞེས་བྱ་བ་ལ། ཡང་དག་པར་ལེན་པའི་ཚེ་ནི་རྣམ་པར་རིག་བྱེད་དང་དེའི་སེམས་པ་


DTG210_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་པས་ཡང་དག་པར་བླངས་པའི་འོག་ཏུ་ཞེས་བྱ་བ་སྨོས་སོ། །དེ་ནི་མེད་དོ་ཞེས་བྱ་བ་ནི་གང་ཞིག་རྗེས་སུ་འཇུག་པས་ཡིད་གཞན་དང་ལྡན་པ་འདི་ཡང་དགེ་སློང་མར་འགྱུར་བའི་རྣམ་པར་རིག་བྱེད་དམ་སེམས་པའམ་དེ་ལས་གཞན་མེད་དོ། །གཞུང་མང་བའི་ཕྱིར་འདི་ནི་མང་པོ་ཡིན་ལ། དཔེར་བརྗོད་པ་སྣ་ཚོགས་པའི་ཕྱིར་འདི་ནི་སྣ་ཚོགས་པ་ཡིན་མོད་ཀྱི། འདི་ཇི་ལྟར་ཁྱེད་ཅག་གིས་རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་ཉེས་པའི་ཚོགས་བརྗོད་པ་དེ་ལྟ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་ཡུལ་གྱི་གཟུགས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་སྟེ་རུས་གོང་ལ་སོགས་པ་གཟུགས་བརྙན་གྱི་གཟུགས་སོ། །དེ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་མཚུངས་སོ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡུལ་ལ་མི་བསྒྲིབས་པས་གཟུགས་སུ་མི་འགྱུར་ལ། ཅི་སྟེ་ཡུལ་ལ་མི་བསྒྲིབས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་སུ་འདོད་ན་ནི། འོ་ན་ནི་དེས་ན་འདི་ཡང་འདོད་པར་བྱའོ། །དགྲ་བཅོམ་པའི་གཟུགས་དང་ཞེས་བྱ་བ་ལ། དགྲ་བཅོམ་པའི་གཟུགས་ནི་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའོ། །ཕྱི་རོལ་ནི་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པ་དང་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པའོ། །ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་རྣམས་དེ་ལ་རག་ལས་ཏེ་འཇུག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །མིག་ལ་སོགས་པ་རྣམས་ནི་ཟག་པ་མེད་པ་ཉིད་དུ་རྟོགས་པར་མི་ནུས་ཏེ་ཇི་སྙེད་པ་ཞེས་མ་ལུས་པར་གསུངས་པའི་ཕྱིར་རོ་ཞེ་ན། དེ་ནི་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། ཉོན་མོངས་པ་རྣམས་ནི་ཤེས་པས་གཞོན་པར་བྱ་བ་ཡིན་ནོ་ཞེས་བྱ་བས་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་གྱི་གཟུགས་ནི་མ་ཡིན་པར་ཁྱད་པར་མེད་པར་གཟུགས་ཐམས་ཅད་ཟག་པ་དང་བཅས་པར་གསུངས་སོ། །འོ་ན་ནི་རྣམ་གྲངས་ཀྱིས་ཞེས་བྱ་བ་ནི་དགྲ་བཅོམ་པའི་གཟུགས་དང་ཕྱི་རོལ་ནི་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ལ། ཟག་པ་རྣམས་ཀྱི་


DTG210_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡིན་ནོ། །ཅིར་འགྱུར་ཞེས་བྱ་བ་ནི་གལ་ཏེ། དེ་ལྟར་ཟག་པ་དང་བཅས་པ་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ན་ཉེས་པར་ཅིར་འགྱུར་ཞེས་བྱ་བའོ། །མཚན་ཉིད་འཆོལ་བར་འགྱུར་རོ་ཞེས་བྱ་བ་འབྱུང་སྟེ། ཟག་པ་རྣམས་ཀྱི་གཉེན་པོར་མ་ཡིན་ཡང༌། ཟག་པ་མེད་པའི་ཕྱིར་དང༌། ཟག་པ་དང་བཅས་པ་རྣམས་ཀྱི་རྟེན་མ་ཡིན་ཡང༌། ཟག་པ་དང་བཅས་པའི་ཕྱིར་མཚན་ཉིད་འཆོལ་བར་ཐལ་བར་འགྱུར་རོ། །ཇི་ལྟར་དེ་ཟག་པ་དང་བཅས་པ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕ་དང་བུ་བཞིན་དུ་ལྟོས་པས་ཐ་དད་པའི་ཕྱིར་མཚན་ཉིད་འཆོལ་བའི་ཉེས་པ་མེད་དོ། །དེ་ནི་ཟག་པའི་གཉེན་པོ་མ་ཡིན་པའི་ཕྱིར། ནམ་ཡང་ཟག་པ་མེད་པར་མི་འདོད་ལ། ཟག་པའི་རྟེན་མ་ཡིན་པའི་ཕྱིར་ནི་ཟག་པ་དང་བཅས་པར་མི་འདོད་དོ། །ཅིའི་ཕྱིར་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ན་ནི་གཟུགས་ཟག་པ་དང་བཅས་པ་ཉེ་བར་ལེན་པར་འགྱུར་བ་ཞེས་བྱ་བའི་ཁྱད་པར་འདི་དོན་མེད་པར་འགྱུར་རོ། །རྣམ་པར་བཅད་པར་བརྗོད་པར་འདོད་པས་ཁྱད་པར་ཉེ་བར་འགོད་པ་ཞིག་ན། འདིར་རྣམ་པར་གཅད་པར་བྱ་བ་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གཟུགས་གང་དག་ཡིན་པ་དེ་དག་ནི་སེམས་ཀྱི་ཐ་བ་དང་སྤགས་པའི་གཞི་ཡིན་ནོ་ཞེས་དེ་སྐད་དུ་གསུང་བར་འགྱུར་བ་ཞིག་ན། དེ་སྐད་དུ་ཡང་མ་གསུངས་པས་དེའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་ནི་ཟག་པ་མེད་པ་ཡང་ཡོད་དོ་ཞེས་བྱ་བར་ཤེས་སོ། །གང་དག་སོ་སོའི་སྐྱེ་བོའི་གཟུགས་ཉེ་བར་ལེན་པར་འགྱུར་བ་དེ་དག་ནི་ཟག་པ་དང་བཅས་པ་ཡིན་ཏེ། ཟག་པ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་དང་དེ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པའི་ནང་དང་ཕྱི་རོལ་དག་ནི་ཟག་པ་མེད་པ་ཡིན་པར་ཤེས་པར་བྱ་སྟེ། ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་རོ། །ཡོན་ཏན་གྱི་ཁྱད་པར་ཞེས་བྱ་བ་ནི་བསམ་གཏན་དང༌། ཚད་མེད་པ་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་རོ། །ཕན་གདགས་


DTG210_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་པར་གྱིས་ཞེས་བྱ་བ་ནི་ལུས་ཀྱི་ཁ་དོག་དང་སྟོབས་ལ་སོགས་པའི་ཁྱད་པར་གྱིས་སོ། །དེ་ལ་དམིགས་པའི་སྦྱིན་པའི་སེམས་པས་བསྒོས་པ་ནི། དེ་ལ་དམིགས་པའི་སེམས་པ་གང་ཡིན་པའོ། །ཀིནྟ་ཏ་པྲ་ཏི་གྲ་ཧ་ཀདྭེ་པཉྩ། ཕྲ་མོ་ཞེས་བྱ་བ་ནི་མི་གསལ་བ་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པར་བྱ་བ་སྟེ། ཕྱི་མ་ལ་འབྲས་བུ་ཁྱད་པར་དུ་འཕགས་པ་སྐྱེད་པའི་ནུས་པ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཐོབ་པོ། འདི་ནི་ཆོས་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ཅི་དེ་སོ་སོ་གཟུང་བ་གཉིས་ལྔ་རྣམས་ཀྱི་ནུས་པ་ཐོག་མ་མེད་པའོ། །འོ་ན་ཇི་ལྟར་རྒྱུད་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་ཟབ་པོ་རྣམས་ཀྱི་ཡོན་ཏན་དང་ཕན་གདགས་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །ད་ནི་རྫས་ལས་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངས་པོ་དག་ལ་ཞེས་བྱ་བ་སྟེ། དེ་དག་ལ་ནི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་སྤྱད་པ་ཡང་མེད་ལ། གཞན་ལ་ཕན་གདགས་པའི་ཁྱད་པར་ཡང་མེད་ན། ཇི་ལྟར་དེ་དག་ལ་ཡིད་གཞན་དང་ལྡན་པ་དག་ཇི་ལྟར་བསོད་ནམས་མངོན་པར་འཕེལ་བའམ་ཉེ་བར་འགྱུར། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དག་ལས་ནི་འདི་སྐད་དུ་སྐུལ་བྱེད་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་གྲོང་ངམ་ཞིང་ཆེ་གེ་མོ་ཞིག་ན་རྟེན་ཅིང་བཞུགས་སོ་ཞེས་ཐོས་ཤིང་ཐོས་ནས་ཀྱང་དགའ་བ་དང༌། རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བར་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་པོ་ཡིན་ཏེ། དེ་དང་ལྡན་པའི་དད་པའི་ཞེས་བྱ་བ་རྒྱས་པ་དང༌། དེ་བཞིན་དུ་ཚུར་གཤེགས་པ་དང་ཆོས་ཐོས་པའི་བར་དུ་གསུངས་སོ། །ཡང་དང་ཡང་དུ་དེ་ལ་དམིགས་པའི་སེམས་པ་གོམས་པས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང་ཉན་ཐོས་ལ་དམིགས་པའི་དང་བས་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཡོངས་སུ་འགྱུར་བའི་ཁྱད་པར་ཕྲ་མོ་ཐོབ་པས་ཕྱི་མ་ལ་འབྲས་བུ་ཆེས་མང་པོས་འགྲུབ་པའི་ནུས་པར་


DTG210_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །མི་ཉལ་བ་ལ་ནི་དེ་ལྟ་བུ་རིགས་ན་ཉལ་བ་ལ་གོ་ཇི་ལྟར་ཞེ་ན། དེའི་ཕྱིར་རྨི་ལམ་ན་ཡང་དེ་དག་རྗེས་སུ་འབྲངས་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །རྫས་ལས་བྱུང་བ་མ་ཡིན་པ་ལ་ཉན་པ་པོ་དེ་ལ་ནི་རྣམ་པར་རིག་བྱེད་དང༌། ཏིང་ངེ་འཛིན་དག་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མི་རུང་ངོ༌། །འདོད་པའི་ཁམས་ན་ནི་རྣམ་པར་རིག་བྱེད་ལ་མ་བལྟོས་པའི་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ། །གཞན་དག་ན་རེ་རྫས་ལས་བྱུང་བ་དག་ལ་ཡང་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་གྱིས་མ་ཡིན་ནོ་སྙམ་དུ་བསམས་པའོ། །འོ་ན་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སེམས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་ནི་བྱམས་པ་ལ་སོགས་པའོ། །དེའི་ཚེ་སྦྱིན་པ་པོའི་སེམས་པའི་ཁྱད་པར་གང་ཞིག་ཡིན། ཡོད་པ་མ་ཡིན་པ་ཉིད་དེ་སེམས་གཞན་དང་ལྡན་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །དེ་ལྟ་བས་ན་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་རིགས་པ་དང་ལྡན་པ་ཡིན་ཏེ། སེམས་གཞན་དང་ལྡན་པ་ལ་ཡང་དེ་སྲིད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །གནོད་པའི་བྱེ་བྲག་ནི་སྲོག་གཅོད་པ་ལ་སོགས་པའོ། །བྱ་བའི་འབྲས་བུ་ཡོངས་སུ་རྫོགས་ན་ཞེས་བྱ་བ་ལ། བྱ་བ་ནི་ལས་ཀྱི་ལམ་དངོས་ཀྱི་སྦྱོར་བའོ། །དེའི་འབྲས་བུ་ནི་ལས་ཀྱི་ལམ་དངོས་སོ། །དེའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཏེ་དེའི་རྒྱུ་ནི་ལས་ཀྱི་ལམ་མོ། ཇི་ལྟར་ཞེ་ན་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་ནི་དེའི་སྒོ་ནས་སེམས་པ་ཞེས་བྱ་བའི་ལས་རབ་ཏུ་འཇུག་པའི་ཕྱིར་ལས་ཀྱི་ལམ་ཡིན་ལ། དེའི་འབྲས་བུ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་རོ། །དེ་དག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ལུས་ཀྱི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ལུས་ཀྱི་ཉིད་ཡིན་ལ། ངག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་དག་གི་ཉིད་ཡིན་ཏེ། ལས་ཀྱི་ལམ་ཉིད་ཇི་ལྟ་བ་བཞིན་དུ་ལུས་ཀྱི་དང་ངག་གི་ཉིད་ཀྱང་བཏགས་པ་ཁོ་ན་ལས་ཡིན་ནོ་ཞེས་སྟོན་ཏོ། །དཔེར་ན་རྣམ་པར་རིག་བྱེད་མ་ཡིན་པ་


DTG210_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་སྨྲ་བ་རྣམས་ཀྱིས་ཀྱང་འབྲས་བུ་ལ་རྒྱུ་བཏགས་པས་རྣམ་པར་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ་དུ་འདོད་ལ། ལུས་དང་ངག་གི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ལུས་ཀྱིའམ་ངག་གི་ཉིད་དུ་འདོད་པ་ཡིན་ནོ། །ཟིན་པའི་ཕུང་པོ་དག་ལ་ཞེས་བྱ་བ་ད་ལྟར་བ་དག་ལ་སྟེ། འདས་པ་དང་མ་འོངས་པ་ནི་ཟིན་པའི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སེམས་དང་སེམས་ལས་བྱུང་བའི་གནས་ཀྱི་དངོས་པོ་ཉེ་བར་བཟུང་ནས་གཟུགས་ཀྱི་ཕུང་པོ་གཅིག་པུ་ཉིད་ཟིན་པ་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་གནས་ཀྱི་དངོས་པོ་ཉེ་བར་བཟུང་བའོ། །གཟུགས་ཀྱི་ཕུང་པོའི་དབང་གིས་ཚོར་བ་ལ་སོགས་པ་རྣམས་ཟིན་པ་ལ་སོགས་པར་བསྟན་ཏེ་རང་གི་ངོ་བོས་དེ་ལྟར་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། ཟིན་པ་ཞེས་བྱ་བ་འདི་ནི་ལུས་ཀྱི་ཚིག་བླ་དགས་སོ་ཞེས་འབྱུང་ངོ༌། །ཡང་ན་ཟིན་པའི་ཕུང་པོ་དུ་མ་འཆད་པར་འདོད་པས་ཕུང་པོ་རྣམས་ལ་ཞེས་མང་པོའི་ཚིག་གིས་གསུངས་སོ། །དེ་ལྟ་མ་ཡིན་ན་ཁམས་རྣམས་ཟིན་པ་མ་ཡིན་པས་བསྟན་བཅོས་དང་འགལ་བར་འགྱུར་རོ། །འདིར་བཙུན་པས་རྣམ་པར་རིག་བྱེད་མ་ཡིན་པ་ཁས་བླངས་དང་སེམས་པ་ཁོ་ན་ལས་ཀྱི་ལམ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཙུན་པའི་བསམ་པ་ཡང་དག་པ་ཡིན་ནམ་མ་ཡིན་སྙམ་སྟེ་འདི་ལ་བསམ་པ་ནི་བདག་ཉིད་ཀྱིས་གསོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉེ་བར་བསྟན་པ་འདི་ནི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་ལྷུར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རང་ཉིད་ཀྱིས་གསོད་པ་ལ་སེམས་པ་འབྱུང་བ་ལྷུར་བྱེད་པ་ཡིན་ནོ། །དེ་ཁོ་ན་དང་འདྲ་བར་མི་མངོན་པར་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལྟར་ཚད་དག་གིས་མི་དམིགས་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཀྱི་རྒྱུ་ལས་བྱུང་བ་ནི་སེམས་སྔོན་དུ་འགྲོ་བ་དང་སེམས་ཀྱི་རྒྱུ་ཅན་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ལུས་ཀྱི་བྱ་བ་སྟེ། ལུས་ཀྱི་གཡོ་བའོ། །བྱ་བ་ཡོངས་སུ་རྫོགས་ན་ཞེས་བྱ་བ་ནི། ལས་ཀྱི་ལམ་ཡོངས་སུ་རྫོགས་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་དང་ཞེས་བྱ་བ་ནི་ལུས་དང་སེམས་དང་སྟེ།


DTG210_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གཞན་ནི་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཅན་ནོ། །གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། སེམས་གང་གིས་བྱས་པ་ནི་གང་གིས་བྱས་པའི་སྦྱོར་བའོ། །དེ་ལས་བྱུང་བའི་བྱ་བ་ཡོངས་སུ་རྫོགས་པ་ནི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའོ། །དེ་ཁོ་ན་ལ་ཞེས་བྱ་བ་ནི་སྦྱོར་བར་བྱེད་པ་པོའི་སེམས་ལའོ། །དེའི་རྒྱུ་ཅན་གྱིས་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་རྒྱུ་ཅན་ནོ། །ཅིའི་ཕྱིར་ཞེ་ན། བྱ་བ་ཡོངས་སུ་རྫོགས་པ་ནི་དེས་བྱས་པའི་སྦྱོར་བ་ལས་བྱུང་བའི་ཕྱིར་རོ། །ཡོངས་སུ་དགའ་བར་འགྱུར་ཏེ་ཞེས་བྱ་བ་ནི། རྒྱུན་ཡོངས་སུ་འགྱུར་བའི་ཁྱད་པར་སེམས་ཀྱི་བདག་ཉིད་དུ་གྱུར་པའི་ཆོས་ཡིན་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བའི་རྒྱུད་ལས་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་ག་ལས་རྟོགས་ཤེ་ན། སེམས་མྱོས་པའམ་ཞེས་བྱ་བ་ནས་དད་པ་དང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྒོས་པ་གོང་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་མདོ་ལས་སོ། །རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་འདོད་པའི་ཁམས་ན་རྣམ་པར་རིག་བྱེད་མེད་པ་མེད་ལ་རྣམ་པར་རིག་བྱེད་ཀྱང་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་ཟིན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཁས་བླངས་ནས་མི་བྱེད་པ་ཙམ་ཡིན་པའི་ཕྱིར་དང༌། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ནས་འདོགས་པའི་ཕྱིར་ལ། དེ་དག་ཀྱང་རང་གི་ངོ་བོ་ལ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པར་རྫས་གཞན་མེད་དོ་ཞེས་བྱ་བ་བསྡུས་ཏེ། དེའི་ཕྱིར་ཡང་གང་གིས་བྱས་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་བསྟན་པ་གང་ཡིན་པ་དེ་ཉིད་ཅེས་བྱ་བ་ལ། ཇི་ལྟར་ཞེ་ན་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་ཏིང་ངེ་འཛིན་གྱི་གཟུགས་བསྟན་དུ་མེད་པ་དང་ཐོགས་པ་མེད་པ་སྐྱེ་བ་གང་ཡིན་པ་སྟེ། དེ་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཡིན་ནོ། །འཚོ་བ་དག་ཡོད་པ་སྨོས་ཤིག་ཞེས་བྱ་བ་ནི་འདི་ནི་རེ་ཤིག་སྨོས་ཤིག་ཅེས་བྱ་བ་སྟེ། རྒྱུ་མཚན་ལ་རྒྱུ་


DTG210_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཅན་ཉེ་བར་བཏགས་ནས་སོ། །རྒྱུ་མཚན་ནི་འདིར་རྣམ་པར་རིག་བྱེད་པ་མ་ཡིན་པའོ། །རྒྱུ་མཚན་ཅན་ནི་ཡང་དག་པའི་དག་ལ་སོགས་པ་དག་གོ །རྣམ་པར་རིག་བྱེད་མ་ཡིན་པ་ལ་དེར་བཤད་དོ་ཞེས་བྱ་བ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ །བསམ་པ་དང་ལུས་ཞེས་བྱ་བ་ལ། བསམ་པ་ནི་སྲོག་གཅོད་པ་མི་བྱེད་པའི་བསམ་པའོ། །ལུས་ནི་ཡང་དག་པའི་ངག་ལ་སོགས་པ་འཇུག་པར་རུང་སྟེ། རྟེན་ཡོངས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་ཅན་ཉེ་བར་བཏགས་པ་བྱས་ནས་ཞེས་བྱ་བ་ནི་དེ་འདྲ་བའི་བསམ་པ་དང་ལུས་ལམ་གྱི་སྟོབས་ཀྱིས་ཐོབ་པ་གང་ཡིན་པ་དེ་ནི་ཡང་དག་པའི་ངག་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། རྒྱུ་མཚན་དེ་ལ་རྒྱུ་མཚན་ཅན་ཉེ་བར་བཏགས་པ་བྱས་ནས་ལམ་ཡན་ལག་བརྒྱད་རྣམ་པར་གཞག་གོ །དེ་དག་མི་བྱེད་པ་ཙམ་ཞེས་བྱ་བ་ནི་ལོག་པའི་ངག་ལ་མི་བྱེད་པ་ཙམ་མོ། །དེ་གང་ཞིག་ཅེ་ན། འདི་ཡང་འཕགས་པའི་ལམ་གྱི་མཐུས་ཞེས་བྱ་བ་ལ་སོགས་པའོ། །ལམ་དག་ནི་ཟག་པ་མེད་པའི་ཡིན་ན། མི་བྱེད་པ་ཙམ་ནི་ཟག་པ་མེད་པ་ཡིན་པར་མི་འོས་པས་དེ་ལམ་ཉིད་དུ་མི་རུང་ངོ་ཞེ་ན། དེའི་ཕྱིར་དེ་ཡང་ཟག་པ་མེད་པའི་ལམ་ལ་བརྟེན་ནས་ཐོབ་པའི་ཕྱིར་ཟག་པ་མེད་པ་ཡིན་ན་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་དག་མི་བྱེད་པ་ཙམ་པོ་ཟག་པ་མེད་པ་ནི་རྫས་སུ་མེད་པ་ཡིན་པས་ཇི་ལྟར་ལམ་ཡན་ལག་བརྒྱད་དུ་ཞེ་ན། དེའི་ཕྱིར་ཐམས་ཅད་རྫས་སུ་ཡོད་པའི་ཆོས་ཞེས་བྱ་བ་རྒྱས་པར་སྨོས་སོ། །གང་ཡང་སོ་སོར་ཐར་པའི་སྡོམ་པ་ཡང་མང་བར་འགྱུར་ཏེ་ཞེས་སྨྲ་བ་དེའི་དབང་དུ་བྱས་ནས། སོ་སོ་ཐར་པའི་སྡོམ་པར་ཡང་འགྱུར་ཏེ་ཞེས་བྱ་བ་སྨོས་སོ། །སེམས་པ་གང་གི་ཆོ་ག་སྔོན་དུ་བཏང་བ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པའི་ཆོ་གས་ཞེས་བྱ་བའི་ཐ་ཚིག་སྟེ་སེམས་པ་དེ་སྡོམ་པ་ཡིན་ནོ། །དེ་ལྟ་ན་འོ་ན་སེམས་གཞན་དང་ལྡན་པ་མ་བསྡམས་པར་འགྱུར་ཏེ། སྡོམ་པའི་སེམས་པའི་སེམས་ལས་སེམས་གཞན་དང་ལྡན་པ་མ་བསྡམས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་པ་གང་གིས་


DTG210_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་སྡོམ་པའི་སེམས་པ་དེ་དེའི་ཚེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ་དེ་ལ་གོམས་པས་ཞེས་བྱ་བ་ནི། སྡོམ་པའི་སེམས་པ་དེས་སེམས་ཀྱི་རྒྱུད་ལ་དེའི་རང་བཞིན་ཅན་གྱི་སེམས་ཞེས་པ་མ་འོངས་པ་སྐྱེད་ལ་ས་བོན་དུ་གཞག་པ་གང་ཡིན་པ་དེའི་ངོ་བོའི་གོམས་པས་སོ། །བྱ་བའི་དུས་སུ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའི་སྦྱོར་བའི་དུས་སུ་སྟེ། བདག་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལོག་པ་ཡིན་ན་ཞེས་བྱ་བར་སྡོམ་པ་ལན་པ་དྲན་པ་ལ་ཉེ་བར་གནས་པའི་ཕྱིར་རོ་སྟེ་མི་བྱེད་པར་ཁས་ལེན་པའི་སེམས་ལ་ཉེ་བར་གནས་པའི་ཕྱིར་རོ། །དེ་ལྟར་ན་སྡོམ་པའི་སེམས་པ་རྒྱུན་དང་བཅས་པ་སྡོམ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གང་ཡང་ཆུ་ལོན་དུ་ཡང་གསུངས་ན་ཞེས་སྨྲས་པ། དེའི་ཕྱིར་ཆུ་ལོན་གྱི་ངོ་བོ་ཡང་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ་སྡོམ་པའི་སེམས་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟ་བུའི་དོན་དུ་དེ་ཡང་དག་པར་ལན་པ་ཡིན་ནོ་ཞེས་བྱ་བ་ནི། ཅི་ནས་ཀྱང་མི་བྱེད་པ་དམ་བཅས་པ་དྲན་པས་འཚལ་བའི་ཚུལ་ཁྲིམས་མི་བྱེད་པར་བྱ་བའི་ཕྱིར་རོ། །བརྗེད་ངས་པ་འགས་ཀྱང་ཚུལ་ཁྲིམས་འདྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་པ་ལ་ཆུ་ཡོན་དུ་བརྗོད་པ་དེ་ནི་བརྗེད་ངས་པའི་དུས་ན་ཡང་ཡོད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་དང་ལྷན་ཅིག་འབྱུང་ལ། རྣམ་པར་རིག་བྱེད་ཀྱང་འབྱུང་བ་ཆེན་པོ་ངག་རྒྱུར་བྱས་པ་ཡིན་པས་ཐེ་ཚོམ་ཟ་ནས་འདྲི་བ་ནི་དེ་ཅི་རྣམ་པར་རིག་བྱེད་ཀྱི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཚོགས་པ་དེ་ཉིད་ལ་ཞེས་བྱ་བ་ནི། ས་ལ་སོགས་པ་འབྱུང་བ་བཞིའོ། །འབྲས་བུ་ཕྲ་མོ་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་ཕྲ་མོ་ཡིན་ལ། ས་རྣམ་པར་རིག་བྱེད་ནི་ཐོགས་པ་དང་བཅས་པ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ཕལ་ཆེར་ཞེས་བྱ་བ་ལ། འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ད་ལྟར་བྱུང་བའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ལས་སྐྱེའོ། །འདོད་གཏོགས་རྣམ་རིག་བྱེད་མིན་སྐད་ཅིག །


DTG210_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ལ་རྣམ་པར་རིག་བྱེད་དང་ལྷན་ཅིག་སྐྱེས་པའི་འབྱུང་བ་རྣམས་ཐམས་ཅད་ཀྱི་མ་འོངས་པ་ཉིད་དེ་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུན་སྐྱེད་པ་ལ་རྒྱུར་འགྱུར་བས་དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་མ་དང་པོ་མ་གཏོགས་པ་སྐད་ཅིག་མ་གཞན་གང་ཡིན་པ་དེ་ཐམས་ཅད་ནི་འདས་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་ཏེ་གདགས་སོ། །སྐད་ཅིག་མ་དང་པོ་ནི་ལྷན་ཅིག་སྐྱེས་པའི་འབྱུང་བ་ཆེན་པོ་ཁོ་ན་རྒྱུར་བྱས་ནས་སྐྱེའོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་ཕྱིན་ཆད་ཅེས་བྱ་བ་ཁྱད་པར་རོ། །འདོད་གཏོགས་ཞེས་བྱ་བ་སྨོས་པ་ནི་བསམ་གཏན་དང་ཟག་པ་མེད་པ་སྡོམ་པ་གཅད་པར་བྱ་བའི་ཕྱིར་ཏེ། དེ་དག་གི་རྟེན་འབྱུང་བ་ཆེན་པོ་རྣམས་ནི་སེམས་དང་འདྲ་བར་དུས་མཉམ་པའི་ཕྱིར་རོ། །དེ་དག་ནི་འདིའི་གཞིའི་དོན་དུ་འགྱུར་ལ་ཞེས་བྱ་བ་ནི། དཔེར་ན་ད་ལྟར་བྱུང་བའི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པའི་གཟུགས་གཞན་གྱི་རྟེན་ཡིན་པ་བཞིན་ནོ། །འཇུག་པ་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ཏེ་ཞེས་བྱ་བ་ནི་འདས་པའི་འབྱུང་བ་ཆེན་པོ་དག་ནི་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གཞིའི་དོན་དུ་འགྱུར་ལ། ད་ལྟར་བྱུང་བའི་ལུས་འབྱུང་བ་ཆེན་པོའི་རྟེན་གྱི་དོན་གྱིས་སོ། །ལག་པས་འཕུལ་བ་ནི་འཇུག་པའི་རྒྱུའོ། །སའི་ཕྱོགས་ནི་རྗེས་སུ་འཇུག་པའི་རྒྱུའོ། །འབྱུང་བ་དང་ལུས་དང་ངག་གི་ལས་རྣམ་ལྔ་པ་ཡིན་པའི་ཕྱིར་འདྲི་བ་ནི། ཡང་གང་ན་ཡོད་པའི་ལུས་དང་ངག་གི་ལས་ཞེས་རྒྱས་པར་འབྱུང་སྟེ། བསམ་གཏན་བཞི་པ་ཡན་ཆད་ན་འབྱུང་བ་དག་མེད་པའི་ཕྱིར་དང༌། ལུས་དང་ངག་གི་ལས་མེད་པའི་ཕྱིར་བསམ་གཏན་བཞི་པའི་ས་པའི་བར་ཞེས་བྱ་བ་སྨོས་སོ། །ཁམས་སུ་མ་གཏོགས་པའི་ཕྱིར་ཞེས་བྱ་བ་ནི་འདི་ལ་སྐྱེ་བ་ཁོ་ན་ངེས་པའི་རྒྱུ་ཡིན་གྱི་རང་གི་ས་པའི་ཉིད་ནི་མ་ཡིན་ཏེ། ཟག་པ་མེད་པ་ནི་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལྟར་ན་འོ་ན་ཟག་པ་མེད་པའི་འབྱུང་བ་དག་ཁོ་ན་རྒྱུར་བྱས་པ་ལས་འབྱུང་ངོ་ཞེ་ན། དེའི་ཕྱིར་ཟག་པ་མེད་པའི་འབྱུང་བ་དག་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ནི་འོ་ན་འབྱུང་བ་ལ་བལྟོས་པ་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེའི་


DTG210_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་ལ་མ་ལྟོས་པར་མི་འབྱུང་ལ། སེམས་ཙམ་གྱི་སྟོབས་ཀྱིས་སྐྱེ་ན་ནི་འདི་རྒྱུར་བྱས་པའི་གཟུགས་ཡིན་པ་ཉིད་ལ་གནོད་པར་འགྱུར་རོ། །དེར་ཡང་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ལས་རྣམས་རིག་པར་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པ་གཉིས་ཏེ། མཉམ་པར་གཞག་པའི་ལས་དང་མཉམ་པར་མ་བཞག་པའི་ས་པའོ། །དེ་ལ་རྣམ་རིག་བྱེད་མིན་མ་ཟིན་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཡུལ་ན་མི་གནས་པའི་ཕྱིར་དང༌། སེམས་དང་སེམས་ལས་བྱུང་བ་དག་གིས་རྟེན་གྱི་དངོས་པོར་མ་བཟུང་བའི་ཕྱིར་ན་མ་ཟིན་པའོ། །དགེ་བ་དང་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུས་སྐྱེད་པའི་ཕྱིར་རྒྱུ་མཐུན་པ་ལས་འབྱུང་བའོ། །དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་སྨིན་ལུང་དུ་མ་བསྟན་ཞེས་འབྱུང་བའི་ཕྱིར་རོ། །རྒྱས་པ་ལས་བྱུང་བ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་བསགས་པ་མེད་པའི་ཕྱིར་དང༌། དེ་སྐྱེ་བ་རྣམ་པར་ཤེས་པ་ལ་བལྟས་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ཡིན་ཏེ་ལུས་དང་ངག་གི་ལས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དང་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ཕྱིར་རོ། །འདི་ནི་ཁྱད་པར་ཡིན་ཏེ། མཉམ་པར་མ་བཞག་པའི་ས་པ་ཡིན་ན་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེས། རྒྱས་པ་ལས་བྱུང་བའི་འབྱུང་བ་ལས་སྐྱེ་བ་ནི་མ་ཡིན་ཏེ། དེའི་རྟེན་གྱི་འབྱུང་བ་ཆེན་པོ་དག་སྐད་ཅིག་གཅིག་པ་ཡིན་པའི་ཕྱིར་དང༌། རྒྱས་པ་པ་ལས་བྱུང་བའི་འབྱུང་བ་ཆེན་པོ་དག་ནི་རྒྱུན་ཆགས་པར་རྗེས་སུ་འཇུག་པའི་ཕྱིར་རོ། །མ་ཟིན་པའི་འབྱུང་བ་ལས་སྐྱེ་བ་ཡང་མ་ཡིན་ཏེ། དེའི་འབྱུང་བ་ཆེན་པོ་དག་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པ་ནི་རྒྱས་པ་ལས་བྱུང་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱས་པ་ལས་བྱུང་བའི་འབྱུང་བ་ལས་སྐྱེའི་རྒྱུ་མཐུན་པའི་འབྱུང་བ་ལས་སྐྱེ་བ་ནི་མ་ཡིན་ཏེ། དེའི་རྟེན་འབྱུང་བ་ཆེན་པོ་ཏིང་


DTG210_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་ལས་སྐྱེས་པ་རྒྱས་པ་ལས་བྱུང་བ་ལས་མ་གཏོགས་པའི་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །མ་ཟིན་པའི་འབྱུང་བ་ལས་སྐྱེས་པ་ཁོ་ན་ཡིན་གྱི་ཟིན་པའི་འབྱུང་བ་ལས་སྐྱེས་པ་ནི་མ་ཡིན་ཏེ་འབྱུང་བ་ཆེན་པོ་རྣམས་སེམས་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །ཟིན་པ་རྣམས་ནི་སེམས་ལ་བལྟོས་པ་མེད་པར་འཇུག་གོ །ཐ་དད་མིན་ལས་སྐྱེས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་གང་དག་ཁོ་ན་རྒྱུར་བྱས་ན་སྲོག་གཅོད་པ་སྤོང་བ་སྐྱེ་བ་དེ་དག་ཁོ་ན་ལས་ཚིག་ཀྱལ་པ་སྤང་བའི་བར་དུ་སྐྱེའོ་ཞེས་བྱའོ། །སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་དེ་སྐྱེད་པར་བྱེད་པའི་སེམས་ཐ་མི་དད་དེ། སྲོག་གཅོད་པ་ལ་སོགས་པ་སྤོང་བ་ཐམས་ཅད་ཀྱི་སེམས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པས་ཐ་མི་དད་པ་དེ་བཞིན་དུ་སྐྱེད་པར་བྱེད་པའི་འབྱུང་བ་ཆེན་པོ་དག་ཀྱང་སྤོང་བ་ཐམས་ཅད་ལ་ཐ་མི་དད་པ་ཡིན་ནོ། །ཡང་རྒྱུ་ཅིས་མཉམ་པར་མ་བཞག་པ་ལས་རྒྱུ་མཐུན་པའི་འབྱུང་བ་སྐྱེ་བར་འགྱུར་ཞེ་ན། མཉམ་པར་གཞག་པ་ལས་ནི་རྒྱས་པ་ལས་བྱུང་བ་སེམས་ཀྱི་ཁྱད་པར་མངོན་དུ་གྱུར་པའི་འབྱུང་བ་ཉེ་བར་བསགས་པ་ཡོད་པའི་ཕྱིར་དང༌། སེམས་དང་ལྷན་ཅིག་སྤྱོད་པའི་ཕྱིར་མཉམ་པར་གཞག་པ་ལས་འབྱུང་བ་རྒྱས་པ་ལས་བྱུང་བ་རྣམས་སོ། །མཉམ་པར་མ་བཞག་པ་ལས་ནི་དེའི་ཀུན་སློང་གི་སེམས་ལས་མཉམ་པར་གཞག་པའི་སེམས་མེད་པར་འབྱུང་བ་རྒྱས་པ་ལས་བྱུང་བ་དེ་སྐྱེ་བ་མེད་པས་སོ། །ཁ་ཅིག་ནི་རྒྱུ་མཐུན་པ་ལས་མ་ཡིན་ཏེ། རྒྱུ་མཐུན་པ་སྔར་འགགས་པའི་འབྱུང་བ་བཞི་ཚན་ལས་སོ་ཞེས་སོ། །ཐོགས་པ་དང་བཅས་པ་ཐོགས་པ་མེད་པའི་འབྱུང་བ་ལས་གྱུར་པའི་འབྲས་བུ་ཉིད་ཀྱི་ཕྱིར་དེ་དག་གི་དེ་རྣམས་རྒྱུ་མཐུན་པར་མི་རུང་ངོ༌། །དེ་ལྟར་ངེས་པར་ཐོགས་པ་མེད་པའི་འབྱུང་བའི་འབྲས་བུ་རྣམས་ཨ་ནཱ་དཽ་འགགས་པ་རྣམས་དེར་རྒྱུ་མཐུན་པ་དེ་རྣམས་སུ་འགྱུར་རོ་ཞེས་སྨྲ་བར་བྱེད་དོ། །མཉམ་པར་གཞག་པའི་མ་ཟིན་པ་རྣམས་ནི་མཉམ་པར་གཞག་པའི་སེམས་ཀྱི་འབྲས་བུ་དང་པོ་མ་ཡིན་པ་ཨཱ་དི་ལ་དི་བྱིན་དི་སྔ་མ་དང་བཅས་ཨའོ་སྔོན་དུ་དགག་པའི་ན་དང༌། དབྱངས་ལ་ཡི་གེ་བཟློག་པའི་ཆོ་ག་བྱས་པ་ཡིན་ནམ་དཔྱད།


DTG210_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། དེ་རྣམས་ལུས་ལ་སྲིད་པ་རྒྱུར་བྱས་པ་མ་ཡིན་པ་ཟིན་པ་མ་ཡིན་ནོ། །དེ་དག་གི་མཚན་ཉིད་ལ་ཡོད་པ་ནི་ཁ་དོག་སྐྱེད་པར་བྱེད་པའི་འབྱུང་བ་ཆེན་པོ་བཞིན་ནོ། །མཉམ་པར་གཞག་པའི་ཟིན་པ་རྣམས་ནི་རྟེན་ལ་རག་ལས་ཏེ་དེ་སྐྱེ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་མཉམ་པར་གཞག་པ་དང་ཐ་དད་པ་དང༌། མཉམ་པར་མ་བཞག་པ་དང་ཐ་དད་པ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་འབྲས་བུ་གཅིག་སྐྱེད་པར་བྱེད་ཅེ་ན། འབྱུང་བ་བཞི་ཚན་གཅིག་ཉིད་འབྲས་བུ་རྣམ་པར་རིག་བྱེད་མ་ཡིན་པ་བདུན་དུ་འགྱུར་རོ། །བཟློག་པ་ནི་མཉམ་པར་གཞག་པ་ལས་ཐ་མི་དད་པ་རྣམ་པར་རིག་བྱེད་མ་ཡིན་པའི་འབྲས་བུ་རྣམས་རྒྱུ་མཚུངས་པར་གྲུབ་པའི་ཕྱིར་རིམ་པ་གཅིག་གིས་རིམ་པ་ཐམས་ཅད་དུ་འགྱུར་རོ། །མཉམ་པར་གཞག་པའི་རྣམ་པར་རིག་བྱེད་བཞིན་ཅིག་ཅར་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་རྣམ་པ་བདུན་ཡང་རུང་ངོ༌། །རྣམ་པར་རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་ཡིན་པས། རྣམ་པར་རིག་བྱེད་སྐྱེད་པའི་འབྱུང་བ་རྣམས་ཀྱི་རྒྱུ་མཐུན་པ་སེམས་ཅན་དུ་སྟོན་པའོ། །ཇི་ལྟར་འཕེན་པ་འདིར་འཇུག་པས་རྣམ་པར་རིག་བྱེད་མ་ཡིན་པ་རྒྱུ་མཐུན་པ་ལས་བྱུང་བ་སྟེ། འདི་ཡང་དང་ཡང་འགྲིབ་པ་མ་ཡིན་ཞིང་མཉམ་པར་གཞག་པའི་སེམས་ལས་སྐྱེ་བ་མ་ཡིན་ཞིང་རྒྱས་པ་ལས་བྱུང་ཡང་མ་ཡིན་ནོ། །ཟིན་པ་ནི་ལུས་ཀྱིས་ཞེས་བྱ་སྟེ་ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པར་འཇུག་པའི་ཕྱིར་ལུས་ཀྱིས་ཟིན་པ་ལ། དེ་དག་ནི་ཟིན་པ་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཡང་ཅིའི་ཕྱིར་རིག་བྱེད་འདི་སྐྱེ་བ་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་རིག་བྱེད་དེ་ནི་སྔར་གྱི་དབྱིབས་ཀྱི་རྒྱུན་མ་ཞིག་པར་རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བ་ཆེན་པོ་གཞན་དག་ཁོ་ན་རྒྱུར་བྱས་ནས་སྐྱེ་སྟེ་ལྷའི་མིག་བཞིན་ནོ། །ཁ་ཅིག་ན་རེ་རྣམ་པར་རིག་བྱེད་ཀྱི་དབྱིབས་ཀྱི་འབྱུང་བ་ཆེན་པོ་དག་ནི་ཕྲ་བའི་ཕྱིར་མི་དམིགས་ཏེ། ཡན་ལག་གི་མཚན་བཞིན་ནོ་ཞེས་ཟེར་རོ། གཞན་དག་ན་རེ་ལུས་ལ་གོས་པ་ཡོད་པའི་ཕྱིར་ཏེ་དེ་དག་


DTG210_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གི་གོ་སྐབས་ཡོད་དོ་ཞེས་ཟེར་རོ། །དེ་ལྟར་རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་རྒྱུན་ཆགས་པའི་ཉེས་པ་ཡང་མེད་ལ། འབྱུང་བའི་ཚོགས་གཅིག་ལ་དབྱིབས་གཉིས་གང་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཆེན་པོར་འགྱུར་བ་དང༌། ཡན་ལག་ཐ་དད་ཀྱིས་རྣམ་པར་རིག་པར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་རྒྱུན་ཆད་པའི་ཉེས་པ་ཡང་མེད་ལ། འབྱུང་བའི་ཚོགས་གཅིག་ལ་དབྱིབས་གཉིས་གང་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཆེན་པོར་འགྱུར་བ་དང༌། ཡན་ལག་མཐའ་དག་གིས་རྣམ་པར་རིག་པར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་མཚམས་མི་སྦྱོར་ན་ཅི་ལྟར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་འགའ་ཞིག་ཡང་མཚམས་སྦྱོར་བར་འགྱུར། དེ་རྣམས་ཀྱི་རྒྱུ་མཐུན་པ་ཕན་ཚུན་སྐྱེའི། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་པས་དམྱལ་བ་རྣམས་དང་ལྷ་རྣམས་ཀྱང་ཇི་ལྟར་ཉིང་མཚམས་སྦྱོར་བར་འགྱུར་ཞེ་ན། མི་རྣམས་ཀྱི་དབང་དུ་བྱས་ཏེ་མཚན་ཉིད་རྣམ་པར་གཞག་པས་སྐྱོན་མེད་དོ། །རྣམ་པ་གཉིས་ཞེས་བྱ་བ་ལ། དེ་ནི་སེམས་པ་དང་དེས་བྱས་ཞེས་བྱ་བའོ། །རྣམ་པ་གསུམ་ཞེས་བྱ་བ་ནི། སེམས་པ་དང་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམས་སོ། །ཡང་ན་སེམས་པ་ཡིད་ཀྱི་ལས་ཡིན་ཏེ། དེས་སྐྱེད་ལུས་དང་ངག་གི་ལས་ཞེས་བྱ་བ་ཡིན་ནོ། །རྣམ་པ་ལྔ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་རེ་རེ་ལ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པར་ཕྱེ་ལ་སེམས་པ་ཡིད་ཀྱི་ལས་ཡིན་ནོ་ཞེས་བྱ་བ་དང་རྣམ་པར་བཤད་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ལས་རྣམ་པ་ལྔ་ལས་སོ། །རྣམ་རིག་མིན་ལུང་བསྟན་མིན་མེད། །ཅིའི་ཕྱིར་ཞེ་ན། དེ་སྐྱེ་བ་ནི་ཀུན་ནས་སློང་བར་བྱེད་པ་སྟོབས་དང་ལྡན་པ་ལ་བལྟོས་པའི་ཕྱིར་དང༌། ལུང་དུ་མ་བསྟན་པའི་སེམས་ནི་སྟོབས་ཆུང་བ་ཡིན་ནོ། །གལ་ཏེ་འགགས་ཀྱང་དེ་ལ་སེམས་གཞན་དང་སེམས་རྗེས་སུ་འབྲེལ་བར་འགྱུར་བས་ཞེས་བྱ་བ་ལ་དེ་སློང་པར་བྱེད་པ་ལུང་དུ་མ་བསྟན་པའི་དེ་ལའོ། །རྣམ་པར་རིག་བྱེད་


DTG210_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ནི་དེའི་སྐད་ཅིག་པ་ཡོད་པ་ཡང་མ་ཡིན་ཏེ། དགེ་དང་མི་དགེའི་རྗེས་འབྲེལ་གང༌། །ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་རིག་བྱེད་དང་སེམས་པའོ་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་ཅེས་བྱ་བས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་བསྡུའོ། །གཞན་ན་ནི་མེད་དེ་ཞེས་བྱ་བ་སྨོས་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ནའོ། །མི་དགེ་བའི་ལས་མཚུངས་པར་ལྡན་པའི་སྒོ་ནས་སམ་ཀུན་ནས་བསླང་བའི་སྒོ་ནས་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་མི་དགེ་བའི་རྩ་བ་རྣམས་དང༌། ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་སྤང་བའི་ཕྱིར་མི་དགེ་བའི་ལས་མེད་དོ། །དེ་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཀྱིས་དང་ཁམས་ཀྱི་རྣམ་པར་གཞག་པ་ངེས་པར་བསྟན་པའི་ཕྱིར། དེ་ལ་གཟུགས་ན་འང་རྣམ་རིག་མིན། །ཞེས་བྱ་བ་སྨོས་སོ། །འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པ་རྣམས་ན་འབྱུང་བ་དག་མེད་ལ། རྒྱུར་བྱས་པའི་གཟུགས་འབྱུང་བ་དང༌། རྒྱུར་མ་བྱས་པ་ཡོད་པ་ཡང་མ་ཡིན་པས་གཟུགས་མེད་པ་དག་ན་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ་ཞེས་ཁ་ཅིག་གོ །དེ་ལྟར་ཟག་པ་དང་བཅས་པ་ཉིད་ལ་ནི་སྡོམ་པ་དང་དགག་པར་བཤད་པ་མ་ཡིན་ལ་ཟག་པ་མེད་པ་ལ་ནི་མ་ཡིན་ཏེ། སྐལ་བ་མི་མཉམ་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ལས་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་གཞན་སྨོས་པ་ནི་གང་ན་ལུས་དང་ངག་འཇུག་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་གི་འཇུག་པ་སྡོམ་པའི་དོན་གྱིས་ན་སྡོམ་པ་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་ན་ནི་ལུས་དང་ངག་གི་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ་དེ་ན་དེ་གཉིས་མེད་པའི་ཕྱིར་རོ། །འོ་ན་འདོད་པའི་ཁམས་འདིར་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལ་ཡོད་པར་འགྱུར་ཏེ། འདི་ནི་འབྱུང་བ་དག་དང་ལུས་དང་ངག་གི་འཇུག་པ་ཡང་ཡོད་པ་ཡིན་ནོ། །ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་ནི་གང་དུ་སྐྱེས་པས་


DTG210_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཟག་པ་མེད་པ་ནི་ཟག་པ་མེད་པའི་འབྱུང་བ་མེད་ཀྱང་ས་དེ་པའི་འབྱུང་བ་དག་རྒྱུར་བྱས་ནས་སྐྱེ་བ་བཞིན་ནོ། །མ་ཡིན་ཏེ་དེ་ནི་ཁམས་སུ་མ་གཏོགས་པའི་ཕྱིར་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ན་ཁམས་སུ་མ་གཏོགས་པ་ཉིད་དེ། དེ་ནི་ཁམས་སམ་སའི་སྒོ་ནས་ཀྱང་བྱ་སྟེ་འབྱུང་བ་ཆེན་པོ་དག་དང་སྐལ་བ་མཉམ་པ་ཡང་མ་ཡིན་ལ། སྐལ་བ་མི་མཉམ་པ་ཡང་མ་ཡིན་པས་དེ་དག་རྒྱུར་བྱས་ནས་སྐྱེའོ། །གཟུགས་མེད་པ་ནི་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་སྐལ་པ་མི་མཉམ་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བར་འོས་པ་མ་ཡིན་ནོ། །ཇི་ལྟར་གཟུགས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་ཤེ་ན། དེའི་ཕྱིར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འཆལ་བའི་ཚུལ་ཁྲིམས་དེ་ཡང་འདོད་པ་ན་སྤྱོད་པ་ཡིན་ན་ཞེས་བྱ་བ་ནི་མི་དགེ་བའི་རྩ་བས་ཀུན་ནས་བསླང་བའི་ཕྱིར་རོ། གཟུགས་མེད་པ་ན་སྤྱོད་པ་རྣམས་ནི་འདོད་པའི་ཁམས་ལས་ཞེས་རྒྱས་པར་འབྱུང་སྟེ། དེ་ལ་བརྟེན་པ་ནི་སྙོམས་པར་འཇུག་པ་དེ་མ་ཐག་པའི་རྐྱེན་གྱི་རྟེན་ཉིད་མི་སྲིད་པའི་ཕྱིར་རོ། །རྣམ་པར་རིག་པ་ནི་རགས་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་འདོད་པའི་ཁམས་ཨ་ནཱ་ཀར་ཎ་ཏ། འདིས་དམིགས་པ་རིང་བ་ཉིད་ཀྱང་བཤད་དེ་བསམ་གཏན་བཞི་པ་ཉིད་གཟུགས་མེད་པར་རགས་པའི་རྣམ་པས་དམིགས་པའོ། །གཉེན་པོ་རིང་བ་ཉིད་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བར་དེ་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །རྣམ་པར་མ་ཡིན་མ་ཡིན་མ་ཡིན་བྱེད་པའི་ཕྱིར་རོ། །སུན་འབྱིན་པ་ལ་སོགས་པ་དེ་རྣམས་མི་འཐད་དོ། །ཡུལ་མེད་པར་རྣམ་པར་སུན་འབྱིན་པར་ནུས་པ་མ་ཡིན་ནོ། འདིར་ནི་གཉེན་པོ་རིང་བ་ཉིད་དཔེར་བརྗོད་པ་ཡིན་ནོ། །རྣམ་རིག་དཔྱོད་དང་བཅས་དག་ན་ཞེས་བྱ་བ་ནི། དཔྱོད་པ་སྨོས་པ་ནི་བསམ་གཏན་དང་པོ་མཐའ་དག་ལ་ཁྱབ་པར་


DTG210_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར་རོ། །འདོད་པ་ན་འང་བསྒྲིབས་པ་མེད་ཅེས་བྱ་བའི་ཡང་ཞེས་བྱ་བའི་སྒྲས་ནི་བསམ་གཏན་དང་པོའི་གོང་ན་ཡང་མེད་དོ་ཞེས་བྱ་བ་སྟེ། དེ་ལྟར་ན་བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ་ཞེས་བསྟན་ཏོ། །དེ་ཡན་ན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་གོང་བསམ་གཏན་གཉིས་པ་ལ་སོགས་པ་དག་ནའོ། །ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་བྱ་བ་ནི་གོས་དང་རྒྱན་ལ་སོགས་པའི་རྒྱུ་ཅན་ནོ། །འདི་ལ་ཁ་ཅིག་བསྟན་བཅོས་སུ་ལྡན་པ་གསུངས་པའི་ཕྱིར་ན་འདི་ནི་དེ་ལྟ་མ་ཡིན་ཏེ། འདི་སྐད་གང་ཞིག་སྒྲའི་ཁམས་དང་ལྡན་ཞེ་ན། སྨྲས་པ་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའོ། །གང་ཞིག་ལྡན་པ་མ་ཡིན་ཞེ་ན། གཟུགས་མེད་པ་ན་སྤྱོད་པའོ་ཞེས་གསུངས་ན། སེམས་ཅན་དུ་སྟོན་པ་མ་ཡིན་པའི་ཕྱིའི་དང་ནི་ལྡན་པ་ཡོད་པ་མ་ཡིན་ནོ། །དབང་པོ་དང་ཐ་མི་དད་པའི་སྒོའི་ཁམས་ནི་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །ཡང་ན་ནི་དེའི་ཕྱོགས་གཅིག་ན་ཡོད་པའི་དབང་དུ་བྱས་ནས་བཤད་པའི་ཕྱིར་ཉེས་པ་མེད་དོ་ཞེས་རྒོལ་པར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དེ་དག་ནི། བསམ་གཏན་དང་པོའི་ས་པ་ཕན་ཚུན་སྨྲ་བར་བྱེད་དོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམ་པར་རིག་བྱེད་ཀྱི་ཀུན་སློང་ཅན་ཡིད་ཀྱི་རྣམ་པར་ཤེས་པ་མངོན་དུ་བྱེད་དེ་རྣམ་པར་ཤེས་པའི་ཚོགས་བཞིན་ནོ། །དེའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། དེ་ལྟ་བུ་ཞེས་བྱ་བ་ནི་དགེ་བ་དང་ཉོན་མོངས་པ་ཅན་གྱི་རང་བཞིན་མངོན་དུ་མི་བྱེད་པའི་རྒྱུ་སྨྲས་པ་དམན་པའི་ཕྱིར་དགེ་བ་མངོན་དུ་མི་བྱེད་ལ། སྤངས་ཟིན་པའི་ཕྱིར་ཉོན་མོངས་པ་ཅན་མངོན་དུ་མི་བྱེད་དོ། །སྔ་མ་ཁོ་ན་བརྗོད་དོ་ཞེས་བྱ་བ་ནི་ཕྱིའི་འབྱུང་བ་ཆེན་པོ་རྒྱུར་བྱས་པའོ། །ནཱ་ནནྟ་བར་མེད་པར་རི་ཀི་ཙཾ་ཀཱ་ར་ན་མ་ས་རྒྱུ་མི་ནུས་པར་གྲགས་སོ། །མརྠ་ཀི་ལ། དེ་རྣམ་པར་རིག་བྱེད་ཀྱི་ཀུན་སློང་ཅན་ས་གཞན་དུ་སྐྱེས་པས་ལུས་དང་ངག་གི་ལས་སློང་བར་བྱེད་དེ། འདི་ཡང་བཅོམ་ལྡན་འདས་གནས་གཙང་མར་བཞུགས་པ་ལ་གནས་གཙང་མ་པ་རྣམས་ཀྱིས་


DTG210_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བ་དང་བསྟོད་པ་དང་བཀུར་སྟི་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་གནས་གཙང་མ་ལ་སོགས་པར་གཤེགས་ཏེ་དྲི་བ་མཛད་པ་ཐོས་པའི་ཕྱིར་ཙམ་གྱི་སྒོ་ནས་སོ་ཞེས་ཟེར་རོ། །གང་ཕྱིར་ཀུན་སློང་མེད་ཅེས་བྱ་བ་ལ། རྟོག་པ་དང་དཔྱོད་པ་དང་བཅས་པ་དང་བསྒོམ་པས་སྤང་བར་བྱ་བས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་དེ་གང་ཡང་རུང་བ་ཞིག་མ་ཚང་བས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་ལ། མཐོང་བས་སྤང་བར་བྱ་བ་ནི་ཁ་ནང་དུ་བལྟས་ནས་འཇུག་པའི་ཕྱིར་རྣམ་པར་རིག་བྱེད་ཀུན་ནས་སློང་བར་མི་ནུས་སོ། །བསྒོམ་པར་བྱ་བ་ནི་ཁ་ཕྱིར་བལྟས་ཏེ་འཇུག་པའི་ཕྱིར་ནུས་ན་འདོད་པའི་ཕྱིར་ན་ནི་བསྒོམ་པས་སྤང་བར་བྱ་བ་བསྒྲིབས་པ་མ་ཡིན་ཏེ། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལས་མ་གཏོགས་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཞན་མེད་པའི་ཕྱིར་ལ། དེ་གཉིས་ཀྱང་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་གྱི་གོང་ན་རྟོག་པ་དང་དཔྱོད་པ་དག་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་དང་བྲལ་བའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་རྣམ་པར་རིག་བྱེད་མེད་ལ། འདོད་པའི་ཁམས་ན་བསྒྲིབས་པ་ཡང་མེད་དོ། །འདོད་པའི་ཁམས་ན་ཀུན་ནས་སློང་བ་མེད་པས་བསྒྲིབས་པ་མེད་དོ་ཞེས་བྱ་བས་རྣམ་པར་དཔྱོད་པ་སྐྱེས་པས་འདྲི་བ་ནི་ཡང་ཅི་ཀུན་ནས་སློང་བའི་དབང་ཁོ་ནས་ཆོས་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཐར་པ་དམ་པའི་དོན་དུ་དགེ་ཞེས་བྱ་བས་ནི་དོན་གྱི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བས་དགེ་བ་ནི་ཀུན་རྫོབ་ཏུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་གཅིག་ཏུ་ཤིན་ཏུ་དགེ་བ་མ་ཡིན་ཏེ་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་དག་གིས་བདེ་བ་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་འདིར་དགེ་བའི་དོན་ནི་བདེ་བའི་དོན་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་རྣམ་པར་སྨིན་པ་བདེ་བ་ཉིད་ཀྱིས་ཕུང་ཁྲོལ་ཐམས་ཅད་སེལ་བའི་དོན་གྱི་ས་ལྷག་མ་རྣམས་


DTG210_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཉིད་དུ་བདག་ཉིད་ཐམས་ཅད་ཀྱིས་ཤེས་པར་འགྱུར་རོ། །གཞན་དག་ན་རེ་དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་དོན་དམ་པའོ་ཞེས་ཟེར་རོ། །དམ་པ་ཞེས་བྱ་བ་ནི་མཐར་ཐུག་པ་སྟེ་ཕུལ་དུ་དབྱུང་དུ་མེད་དོ་སྙམ་དུ་བསམས་པའོ། །དོན་ནི་རྫས་དང་དངོས་པོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ན་དགེ་བའི་དོན་གྱིས་བོགས་དབྱུང་དུ་མེད་པའི་རྫས་ཡིན་ལ། དེ་ནི་རྟག་པའི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་ཟེར་རོ། །གཞན་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བ་ལ་མི་བལྟོས་པའི་ཕྱིར་ཞེས་བྱ་བ་ནི། །རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་ལྟར་གཞན་དང་མཚུངས་པར་ལྡན་པ་ལ་མི་བལྟོས་པའི་ཕྱིར་དང་ལུས་དང་ངག་གི་ལས་ལྟར་ཀུན་ནས་སློང་བ་ལ་མི་བལྟོས་པའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། གང་ཞིག་མཚུངས་པར་ལྡན་པ་དང༌། ཀུན་ནས་སློང་བའི་དབང་གིས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དབྱེ་བས་ཐ་དད་པར་མི་འགྱུར་བ་དེ་ནི་རང་གི་ངོ་བོས་དགེ་བ་དང་མི་དགེ་བ་ཡིན་ནོ། །འོ་ན་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཤེས་རབ་དང་དད་པ་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་རྣམས་ཀྱང་འདིར་འདུས་པ་བྱ་ན། འདི་དག་ཀྱང་དགེ་བའི་རྩ་བ་ལ་སོགས་པ་སྟེ། ནམ་ཡང་མི་དགེ་བ་འམ་ལུང་མ་བསྟན་དུ་འགྱུར་བ་མ་ཡིན་ནོ། །ཁ་ཅིག་ན་རེ། གང་གི་ཕྱིར་གཅིག་མཐའ་གཅིག་ཏུ་ངེས་པ་མ་བཟུང་བར་རྩ་བ་ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས་ཞེས་ཟེར་རོ། །གཞན་དག་ན་རེ། དད་པ་ཅན་རྣམས་ལ་ངོ་བོ་ཉིད་ཀྱིས་དགེ་བ་ཉིད་དུ་འདོད་པ་ཁོ་ནའོ་ཞེས་ཟེར་རོ། །དེ་ལྟ་ནི་མ་ཡིན་ཏེ། རྩ་བ་ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས་ཞེས་བསྟན་པ་འདི་དང་འགལ་ལོ། །མི་འགལ་ཏེ་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་པ་གང༌། མི་མཐུན་པའི་ཕྱོགས་ལས་བཟློག་པ་ཉིད་ཀྱིས་འདིར་དགེ་བ་ཉིད་དུ་དགོངས་པའོ། །མ་ཡིན་ཏེ་ཡང་རེ་ཞིག་ཁོ་ནར་བདག་ཉིད་ཀྱིས་དགེ་བ་ཞེས་སོ། །ཇི་སྐད་དུ་བསྟན་བཅོས་ལས། ཉེས་པར་སྤྱོད་པ་གསུམ་དང་ལེགས་


DTG210_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་གསུམ་དང་དགེ་བའི་རྩ་བ་གསུམ་རྣམས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འགོག་པར་བྱེད་དོ་ཞེས་སོ། །ལེགས་པར་སྤྱོད་པ་ཡོངས་སུ་གཏུགས་པ་ནི་མ་ཡིན་ཏེ་མ་ཆགས་པ་ལ་སོགས་པ་མི་ལྕོགས་པ་མེད་པས་འགོག་པ་ཉིད་མེད་པས་སོ། །གལ་ཏེ་དེ་ལྟ་ན་མི་མཐུན་པའི་ཕྱོགས་ཁྲོ་བ་ལ་སོགས་པ་ཡང་མི་དགེ་བའི་རང་བཞིན་དུ་ཡོད་ན། ཅིའི་ཕྱིར་མི་དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་རྣམས་ཁོ་ན་ངོ་བོ་ཉིད་ཀྱི་མི་དགེ་བར་བཤད་ཅེ་ན། རྣམ་པར་ཤས་པ་ཐམས་ཅད་ལ་བརྟེན་པ་ཡིན་པའི་ཕྱིར་དང་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱས་ཏེ་ཁྲོ་བ་ལ་སོགས་པ་ནི་མ་ཡིན་པས་གཞན་དུ་བཤད་དོ། །འདི་ལྟར་ཁྲོ་བ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྐྱེ་བ་ལ་སོགས་པ་རྣམས་དང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་ངོ་བོ་ཉིད་ཀྱི་དགེ་བ་མ་ཡིན་པར་འགྱུར་ན་སྐྱོན་ཅིར་འགྱུར། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་དེ་དག་ཀུན་སློང་གི་སྒོ་ནས་དགེ་བར་བརྗོད། འདི་དག་གིས་ཀུན་སློང་གི་སེམས་སྐལ་བ་མཉམ་པ་ནི་རྙེད་པར་སླ་བ་མ་ཡིན་ནོ། །ཀུན་སློང་ལས་དེ་ལྟར་བརྗོད་དོ་ཞེ་ན། ཀུན་སློང་ལས་བྱ་བ་ལ་སོགས་པ་རྣམས་ཨི་ཏྱ་ཏྲ་ཀི་ཙི་ཏྭ་ཥ་ཏེ། མ་འོངས་པའི་དུས་ཉིད་ན་དེ་དག་མི་དགེ་བ་ཉིད་ཀྱི་ཕྱིར། དེ་དག་སྔར་དགེ་བ་ལ་ཕྱིས་ཀུན་སློང་ལས་མི་དགེ་བར་འགྱུར་བ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདིར་དེའི་རང་བཞིན་ཡོངས་སུ་བོར་བས་ཕྱོགས་གཅིག་མ་ཡིན་ནོ་ཞེས་ཟེར་རོ། །ཞེས་བྱ་བ་འདིར་ཁ་ཅིག་ནི་འདོད་དོ། །སྔར་ཡང་དེ་ལ་བལྟོས་ནས་དགེ་བའི་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆོས་དེ་དག་ཁོ་ནས་ཞེས་བྱ་བ་ལ་སོགས་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མཚུངས་པར་ལྡན་པ་བསྡུའོ། །ཐོབ་པ་རྣམས་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་བྱ་བ་ལ་སོགས་པ་རྣམས་ཀུན་ནས་བསླངས་བས་དགེ་བ་ཉིད་ཡིན་ན། དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་པའི་ཐོབ་པ་རྣམས་དགེ་བ་


DTG210_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མི་འགྱུར་ཏེ། འདི་ལྟ་སྟེ། ཐེ་ཚོམ་གྱིས་དགེ་བའི་རྩ་བའི་ཉིད་མཚམས་སྦྱོར་བ་དང༌། ཡང་སྲིད་པར་ཉིད་མཚམས་སྦྱོར་བའི་ཚེ་དགེ་བའི་ཆོས་ཀྱི་ཐོབ་པ་རྣམས་སོ། །དེ་རྣམས་ནི་དོན་དམ་པའམ་ངོ་བོ་ཉིད་དམ། མཚུངས་པར་ལྡན་པའི་སྒོ་ནས་དགེ་བ་ཉིད་ཡིན་པར་མི་རིགས་ཏེ། དེ་རྣམས་མྱ་ངན་ལས་འདས་པ་ལ་སོགས་པའི་རང་བཞིན་མ་ཡིན་པའི་ཕྱིར་ལ། དོན་དམ་པ་དང༌། ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བས་དགེ་བ་རྣམས་ཀྱང་ཡོངས་སུ་ཆད་པའི་ཕྱིར་རོ། །དེའི་ཕྱིར་ཐོབ་པ་དེ་རྣམས་ཇི་ལྟར་དགེ་བ་འདི་བརྗོད་དགོས་སོ། །བསམ་གཏན་གྱི་ཐོབ་པ་རྣམས་དང་སྤྲུལ་པའི་སེམས་ཀྱི་ཐོབ་པ་རྣམས་ཇི་ལྟར་ལུང་མ་བསྟན་ཡིན་པ་བརྗོད་དགོས་ཤེ་ན། དེའི་ཆོས་དང་ལྡན་ཅིག་སྐྱེས་པའི་ཐོབ་པ་རྣམས་ལ་དགོངས་ནས་དེ་ལྟར་བཤད་དོ། །སློབ་དཔོན་འདུས་བཟང་ན་རེ། དེ་ནི་མ་ཡིན་ཏེ་མཉམ་པའི་སེམས་ཀྱི་རྟེན་གྱིས་ཀྱང་སྐྱེ་བས་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་རྣམས་ནི་སྐལ་བ་མི་མཉམ་པའི་སེམས་ལ་སྐྱེ་བའི་རྐྱེན་ཉིད་དུ་བལྟོས་པ་ཡིན་གྱི་དགེ་བ་ལ་སོགས་པའི་ངོ་བོར་ནི་མ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་ཀུན་ནས་སློང་བ་དང་མཚུངས་པར་ལྡན་པའི་དབང་གིས་དགེ་བ་ལ་སོགས་པའི་ངོ་བོར་མི་འདོད་ན་ནི་དེས་ན་འོ་ན་དགེ་བ་རྣམ་གཉིས་ཁོ་ན་ཁས་བླང་བར་བྱ་སྟེ། དོན་དམ་པ་དང་ངོ་བོ་ཉིད་དོ། །སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། དེ་འཇུག་པའི་བདག་ཉིད་ནི་འཁོར་བ་སྟེ་མཆོག་ཏུ་མི་བདེ་བའོ། །མི་བདེ་བའི་དོན་དང་མི་དགེ་བའི་དོན་གྱིས་འཁོར་བ་ནི་དོན་དམ་པར་མི་དགེ་བའོ། །རྣམ་པ་གཅིག་ཏུ་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཀྱི་གཞིར་གྱུར་པ་ཐམས་ཅད་འཇུག་པའི་བདག་ཉིད་དོ། །སྡུག་བསྔལ་ཐམས་ཅད་ནི་སྡུག་བསྔལ་གསུམ་ཡིན་ལ་འཁོར་བ་ཡང་དེ་དག་འཇུག་པའི་བདག་ཉིད་དོ། །ནད་དང་མི་འཕྲོད་པའི་སྨན་ལ་སོགས་པ་དཔེར་བྱའོ་ཞེས་བྱ་བ་ལ། འཁོར་བ་ནི་མཆོག་ཏུ་མི་དགེ་བ་ཡིན་པས་ནད་ཀྱི་དཔེར་བརྗོད་པར་བྱའོ། །ཆགས་པ་ལ་


DTG210_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དག་ནི་ངོ་བོ་ཉིད་ཀྱིས་མི་དགེ་བ་ཡིན་ཏེ། དེའི་ཕྱིར་ཆགས་པ་ལ་སོགས་པ་དག་ནི་མ་འཕྲོད་པའི་སྨན་གྱི་དཔེར་བརྗོད་པར་བྱའོ། །ཆགས་པ་ལ་སོགས་པ་དེ་དག་དང་མཚུངས་པར་ལྡན་པ་དེ་དག་གི་ངོ་བོ་མ་ཡིན་པས་མཚུངས་པར་ལྡན་པ་དག་ནི་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བས་དཔེར་བརྗོད་པར་བྱའོ། །ལུས་དང་ངག་གི་ལས་དང་སྐྱེ་བ་ལ་སོགས་པ་དེ་དག་གིས་ཀུན་ནས་བསླང་བ་རྣམས་ནི་ཀུན་ནས་བསླང་བ་མི་དགེ་བ་ཡིན་གྱི་ངོ་བོ་དང་མཚུངས་པར་ལྡན་པས་མ་ཡིན་པས་མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མས་དཔེར་བརྗོད་པར་བྱའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཁོར་བ་དོན་དམ་པར་མི་དགེ་བ་ཡིན་ལ། འཁོར་བའི་ཁུངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཅུང་ཟད་ཀྱང་ལུང་དུ་བསྟན་པའམ་དགེ་བར་མི་འགྱུར་ལ། ཟག་པ་མེད་པའི་ཁོ་ན་ལུང་དུ་མ་བསྟན་པ་འམ་དགེ་པར་ཐལ་བར་འགྱུར་རོ་ཞེ་ན། དོན་དམ་པར་དེ་དེ་སྐད་དུ་བཤད་ཀྱི་དགོངས་པ་ནི་མཚན་ཉིད་ཀྱི་ཟག་པ་དང་བཅས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཡིན་ནོ། །རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་ནི་དགེ་བའོ། །ཡིད་དུ་མི་འོང་བ་ཅན་ནི་མི་དགེ་བའོ། །རྣམ་པར་སྨིན་པ་མེད་པ་ནི་ལུང་དུ་མ་བསྟན་པ་སྟེ། རྣམ་པར་སྨིན་པ་བདེ་བ་དང་བདེ་བ་ཅན་མ་ཡིན་པའི་ཕྱིར་དང༌། རྣམ་པར་སྨིན་པའི་ཕྱིར་བརྡ་མི་འཕྲོད་པའི་ཕྱིར་ལུང་དུ་མ་བསྟན་པའོ། །དོན་དམ་པར་ལུང་མ་བསྟན་པ་བརྟེན་པ་དག་ཞེས་བྱ་བ་ནི། རྣམ་གྲངས་མེད་པར་ལུང་དུ་མ་བསྟན་པ་དག་ཡིན་ཏེ། དགེ་བ་དང་མི་དགེ་བའི་མཚན་ཉིད་བཞི་དང་བྲལ་བའི་ཕྱིར་རོ། །ཅི་སྟེ་འབྱུང་བ་ཆེན་པོ་རྣམས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ཉིད་མ་ཡིན་ཏེ། ལས་ཀྱི་རྟེན་འབྱུང་བ་རྣམས་ཀྱང་སེམས་གཅིག་གིས་ཀུན་ནས་བསླང་བའི་ཕྱིར་ལས་བཞིན་དུ་དགེ་བ་དང་མི་དགེ་བ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་སོ། །བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། འགའ་ཡང་འབྱུང་བ་རྣམས་བྱའོ་སྙམ་


DTG210_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྟེ། དགེ་བ་དང་མི་དགེ་བའི་སེམས་མངོན་དུ་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀུན་ནས་བསླང་བར་བྱའོ་སྙམ་དུའོ། །གལ་ཏེ་བསམ་པའི་དབང་གིས་དགེ་བ་དང་མི་དགེ་བའི་ཉིད་ཡིན་གྱི་ཀུན་ནས་བསླང་བ་ཙམ་གིས་མ་ཡིན་ན་མཉམ་པར་གཞག་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མཉམ་པར་གཞག་པ་ནི་འདི་སྙམ་དུ་རྣམ་པར་རིག་བྱེད་མ་ཡིན་པ་བྱའོ་སྙམ་དུ་མི་སེམས་སོ། །གཞན་དག་ན་རེ། ཉོན་མོངས་པས་ཉེས་པར་སྤྱད་པའི་གཉེན་པོའི་དབང་གིས་བསམ་གཏན་ཟག་པ་མེད་པའི་སྡོམ་པ་དག་ཀྱང་ཡོད་པར་བསམ་མོ་ཞེ་ན། ཉོན་མོངས་པས་ཉེས་པར་སྤྱད་པའི་གཉེན་པོ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཡོད་མོད་ཀྱི་དེ་དག་ཀུན་ནས་བསླང་བ་ལས་དེའི་གཉེན་པོར་བསམ་པ་མ་ཡིན་ཏེ། དེའི་ཕྱིར་འདི་དག་ཁ་ཅིག་གིས་རྟོགས་པ་མ་ཡིན་ནོ། །མཉམ་པར་གཞག་པ་ལ་རྣམ་པ་རིག་བྱེད་མ་ཡིན་པ་མེད་པར་བསམ་མོ་ཞེས་སོ། །མཉམ་པར་གཞག་པའི་གནས་སྐབས་ན་བསམ་པ་ཡོད་དོ་ཞེ་ན། དེའི་ཕྱིར་མཉམ་པར་མ་བཞག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ས་འོག་མའི་སྦྱོར་བའི་སེམས་དེ་ནི་ས་གོང་མའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པ་ཡིན་པ་མི་རུང་ངོ༌། །གལ་ཏེ་སྦྱོར་བའི་སེམས་ཀྱི་དབང་གིས་རྣམ་པར་རིག་བྱེད་མ་ཡིན་པ་དགེ་བ་ཉིད་དུ་འདོད་ན་ནི། རང་གི་ས་པའི་ཏིང་ངེ་འཛིན་ཉོན་མོངས་ཅན་གྱིས་གཟིར་བ་ས་འོག་མ་ལས་ནེམ་ནུར་དུ་འགྱུར་ཏེ་སྦྱོར་བ་མི་དགེ་བའི་སེམས་སུ་གྱུར་པའི་ཕྱིར་རོ། །དེ་ལྟ་ན་ལྷའི་མིག་དང་རྣ་བ་དག་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སྦྱོར་བའི་དུས་ན་དེ་དག་སེམས་པ་ཡོད་པས་སོ། །འདི་ལ་འབད་པར་བྱ་དགོས་སོ་ཞེས་བྱ་བ་ནི། འདིར་ཉེས་པ་འདིར་ཐལ་བར་འགྱུར་བ་བདེན་མོད་ཀྱི་འདི་ལ་ལན་གྱི་ཕྱིར་འབད་པར་བྱ་དགོས་སོ། །གཞན་དག་ནི་ལན་དུ་ལུས་དང་ངག་གི་ལས་དག་ནི་ནམ་ཡང་སེམས་མེད་པར་མཐོང་སྟེ། དེའི་ཕྱིར་དེ་ནི་སེམས་ཀྱི་དབང་གིས་དགེ་བ་ལ་སོགས་


DTG210_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོར་འབྱུང་བ་རྣམས་ནི་སེམས་ལ་ལྟོས་ཏེ་འབྱུང་བ་མ་ཡིན་ཏེ་དེ་རྣམས་ནི་སེམས་མེད་ཀྱང་འབྱུང་བའི་ཕྱིར་རོ། དེའི་ཕྱིར་དེ་རྣམས་ནི་མིག་ལ་སོགས་པ་བཞིན་དུ་སེམས་ཀྱི་དབང་གིས་དགེ་བ་ལ་སོགས་པར་མི་དབྱེའོ་ཞེས་སྨྲ་སྟེ། །དེ་ལྟ་ན་ནི་འོ་ན་སྐྱེ་བ་ལ་སོགས་པ་དང། ཐོབ་པ་ལ་སོགས་པ་རྣམས་ཀྱང་ཀུན་ནས་བསླང་བས་དགེ་བ་ཉིད་དུ་མི་འགྱུར་ཏེ་དེ་དག་གི་དོན་དུ་མི་འཇུག་པའི་ཕྱིར་དང༌། སེམས་མེད་པ་རྣམས་ལ་ཡང་འབྱུང་བའི་ཕྱིར་རོ། །འདི་ལ་ལན་ནི་སྐྱེ་བ་ལ་སོགས་པ་དང་ཐོབ་པ་ལ་སོགས་པ་རྣམས་ནི་བདག་ཉིད་ཀྱིས་དགེ་བ་ལ་སོགས་པ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཆོས་ཀྱི་དབང་གིས་དགེ་བ་ལ་སོགས་པར་རྣམ་པར་གཞག་ལ། དེ་དག་གི་འབྱུང་བ་ཆེན་པོ་རྣམས་བཞིན་ཁ་ཅིག་ཏུ་བལྟོས་པས་བདག་ཉིད་པས་གྲུབ་པ་ཡོད་དོ། །སེམས་གཞན་གྱི་དབང་གིས་ཆོས་སྐྱེ་བ་ལ་སོགས་པ་རྣམས་ཀྱང་དགེ་བ་ལ་སོགས་པ་ཉིད་དུ་སྐྱེའོ། །དེ་བཞིན་དུ་སྐྱེ་པའི་སེམས་མེད་པར་རྒྱུན་ཏུ་ཞུགས་པར་མ་མཐོང་བའི་ཕྱིར་སེམས་སྔ་མའི་འཕེན་པ་ཉིད་ལས་དེ་འཇུག་གོ །དེ་ལྟར་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་མ་ཡིན་ཏེ། རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་སྐྱེ་བའི་ཕྱིར་དང༌། དེ་ཡང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །ལོག་པར་ལྟ་བ་དེ་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལོག་པར་ལྟ་བ་མཐོང་བས་སྤང་བར་བྱ་བ་ནི་ལོག་པའི་ངག་གི་ལས་ཀྱི་མཐའ་གཉིས་ཀྱིས་ཀུན་ནས་བསླང་བ་ཉིད་དུ་གསུངས་པས་བསྒོམ་པས་སྤང་པར་བྱ་བ་ཁོ་ན་རྣམ་པར་རིག་བྱེད་ཀུན་ནས་བསླང་གི་མཐོང་བས་སྤང་བར་བྱ་བས་ནི་མ་ཡིན་ནོ་ཞེས་གང་བཤད་པ་དེ་ནི་འདི་དང་འགལ་བར་འགྱུར་རོ། །འདིས་ཀུན་ནས་བསླང་བས་ཀུན་ནས་བསླང་བའོ། །དེའི་མཚན་ཉིད་ཀུན་ནས་བསླང་བས་ཁྱད་པར་གྱི་དོན་དུ་རྒྱུ་སྨས་ལ། དེ་ཉིད་བྱ་བའི་དུས་ཏེ་དེའི་དུས་ནི་དེའི་དུས་ཀྱི་ཀུན་སློང་ངོ༌། དེ་ཉིད་ཀྱི་ཕྱིར་དེའི་དུས་ཁོ་ནར་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འཕེན་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། རྒྱུན་མཐའ་དག་སྐྱེད་པའི་རྒྱུ་ཉིད་


DTG210_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པའི་ཕྱིར་རོ། །བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ཞིང་སྐྱེ་བའི་དུས་སུ་དེ་ལ་ཕན་འདོགས་པའི་ཕྱིར་རོ། །གལ་ཏེ་དེའི་དུས་ཀུན་ནས་སློང་བ་སྐྱེད་པར་བྱེད་པ་མ་ཡིན་ན་ནི། དེ་ནི་རྣམ་པར་རིག་བྱེད་ཀྱི་བྱ་བ་དེ་ལ་དའི་དུས་སུ་ཀུན་ནས་བསླང་དེའི་ནུས་པ་ཅི་ཞིག་ཡོད། འོ་ན་སེམས་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ། བསྙེན་པར་རྫོགས་པར་འདོད་པས་དགེ་སློང་གི་དགེ་འདུན་ལ་གསོལ་བ་བཏབ་ནས་འགོག་པ་ལ་སྙོམས་པར་ཞུགས་པའི་ལུས་ཀྱི་རྣམ་པར་རིག་བྱེད་སྡོམ་པའི་ནང་དུ་འདུས་པ་དེ་སྡོམ་པ་སྐྱེ་བའི་དུས་སུ་དེ་ལ་དུས་ཀྱི་ཀུན་སློང་མེད་པར་ཇི་ལྟར་སྐྱེ་ཞེ་ན་ཞེས་བྱ་བའོ། །མཐོང་བས་སྤང་བྱའི་རྣམ་ཤེས་ནི་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ཁོ་ན་རབ་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟར་རབ་ཏུ་འཇུག་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་དེ་ཀུན་ནས་སློང་བར་བྱེད་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མཐོང་བས་སྤང་བར་བྱ་བའི་སེམས་ལུས་དང་ངག་གིས་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་དཔྱོད་པ་དག་གི་གཞིར་གྱུར་པའི་ཕྱིར་ཀུན་ནས་བསླང་བ་ཞེས་བྱ་བ་སྟེ་དངོས་སུ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །བྱ་བའི་དུས་ན་མེད་པའི་ཕྱིར་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བའི་རབ་ཏུ་འཇུག་བྱེད་མེད་པའི་ཕྱིར་རོ། །འདིར་ཡང་བྱ་བ་གཅིག་དང་དུ་མ་ལ་སྤྱོད་པའི་སེམས་སྲིད་དེ། བྱ་བ་གཅིག་དང་ལྷན་ཅིག་ཉིད་དེ་གཞན་དུ་ན་བྱ་བ་སྐད་ཅིག་མའོ། །དེས་ཀུན་ནས་བསླང་བའི་ཞེས་བྱ་བ་ལ་སོགས་པ་ནི་དེའི་དུས་ཀྱི་ཀུན་ནས་བསླང་བའི་དབང་དུ་བྱས་ནས་བརྗོད་པ་ཡིན་གྱི། རྒྱུའི་ཀུན་ནས་བསླང་བ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། གལ་ཏེ་མཐོང་བས་སྤང་བར་བྱ་བ་དེ་ཡང་རྗེས་སུ་འཇུག་པར་བྱེད་པ་ཡིན་ན་ནི་དེའི་ཕྱིར་མཐོང་བས་སྤང་བར་བྱ་བའི་རྗེས་སུ་འཇུག་པ་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་གང་ཡིན་པ་དེ་ཡང་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་ན། འདོད་པ་ན་ཡང་མ་ཡིན་ཏེ། དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་


DTG210_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཇུག་པ་མེད་དོ། །ཅིར་འགྱུར་ཞེས་བྱ་བ་ནི་གལ་ཏེ་གཟུགས་མཐོང་བས་སྤང་བར་བྱ་བར་འགྱུར་ན་སྐྱོན་ཅིར་འགྱུར། ཆོས་མངོན་པ་ལ་གནོད་པར་འགྱུར་ཏེ། ཆོས་མངོན་པ་ལས། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བསྟན་པའི་ཕྱིར་རོ། །འཐད་པ་ཡང་བཤད་པ་ནི། གཟུགས་ནི་རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་ཞེས་བྱ་བའོ། །ཅི་མ་ཡིན་ཞེ་ན། གཟུགས་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །འདི་ལྟར་གཟུགས་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལྟར་རིག་པ་མཐོང་བའི་ལམ་དང་མི་འགལ་ཏེ། བདེན་པ་མཐོང་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །དེ་ཀུན་འབྱུང་བའི་གནས་སྐབས་ན་ཟག་པ་མེད་པའི་ལམ་ལྟར་མ་རིག་པ་མི་འབྱུང་བ་ནི་མ་ཡིན་ཏེ། དེའི་ཕྱིར་མ་རིག་པ་དང་ཡང་མི་འགལ་ལོ། །ཚིག་ལྷག་མར་བྱས་ཏེ་ལྷག་མ་ལས་རྣམ་པར་རིག་བྱེད་ཀྱི་གཟུགས་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་རོ། །ཕྱོགས་འདི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །གཟུགས་རིག་པ་དང་མི་འགལ་ལོ་ཞེས་བྱ་བ་སྟེ། གང་ཞིག་གཟུགས་མཐོང་བས་སྤང་བར་བྱ་བ་འདོད་པ་དེ་དེ་ཇི་ལྟར་རིག་པ་དང་འགལ་བར་ཁས་ལན་པར་བྱེད། ཡང་ན་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐོབ་པ་ལྟར་མི་འགལ་ཡང་རྣམ་པར་རིག་བྱེད་ཀྱི་གཟུགས་དང་རིག་པ་ནི་མཐོང་བས་སྤང་བར་བྱ་བ་ཉིད་དོ། །འདི་ལྟར་བདེན་པ་མཐོང་བ་ལ་ངན་སོང་བའི་ལུས་དང་ངག་གི་ལས་ཀུན་ཏུ་འབྱུང་བ་མེད་དོ། །དེའི་ཕྱིར་གཟུགས་ནི་མཐོང་བས་སྤང་བར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བས་གཞན་གྱི་ཕྱོགས་བསལ་བར་བྱ་བའི་ཕྱིར། འབྱུང་བ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི་སེམས་མཚུངས་པས་བསླང་བའི་ཕྱིར་རོ་ཞེས་བྱ་བའོ། །མཐོང་བས་སྤང་བར་བྱ་བའི་སེམས་གང་གིས་གཟུགས་དེ་བསླང་བ་དེ་ཉིད་ཀྱིས་དེའི་རྟེན་འབྱུང་བ་རྣམས་ཀྱང་བསླང་བ་ཡིན་ནོ། །དེ་ལྟར་ན་མི་འགྱུར་ཏེ་ཞེས་བྱ་བ་ནི་ཇི་ལྟར་


DTG210_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་ཁོ་ན་དགེ་བ་དང་མི་དགེ་བ་ཡིན་གྱི་དེའི་རྟེན་འབྱུང་བ་རྣམས་ནི་མ་ཡིན་ནོ། །ཡང་ན་གཟུགས་ལྟར་འབྱུང་བ་རྣམས་ཀྱང་མཐོང་བས་སྤང་བར་བྱ་བར་འགྱུར་མོད། ཁོ་བོ་ཅག་ལ་ཅི་གནོད། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་དགེ་བ་ཟག་པ་དང་བཅས་པའོ། །རིག་པ་དང་མ་རིག་པ་དག་དང་མི་འགལ་བའི་ཕྱིར་ཞེས་བྱ་བ་ལ་ནི། ཐོབ་པ་གཅོད་པའི་འགལ་བའི་སྒོ་ནས་ནི་རིག་པ་མཐོང་བའི་ལམ་དང་འགལ་བར་འགྱུར་བ་ཞིག་སྟེ། དཔེར་ན་མཐོང་བས་སྤང་བར་བྱའི་ཉོན་མོངས་པ་རྣམས་ཐོབ་པ་ཆད་པའི་ཕྱིར་འགལ་བ་བཞིན་ནོ། །ལམ་བཞིན་དུ་མ་རིག་པ་དང་འགལ་བ་ཡང་མ་ཡིན་ཞིང་འབྱུང་བ་ཆེན་པོ་རྣམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། དེ་རྣམས་ཀྱང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྒོལ་བ་བཀོད་དེ་མཐོང་བས་སྤང་བར་བྱ་བའི་རྣམ་པར་ཤེས་པ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་ལན་རབ་ཏུ་བཞག་ནས་འཇུག་པར་བྱེད་པ་ནི་དེ་ལྟ་བས་ན་མདོ་ལས་རྒྱུའི་ཀུན་ནས་བསླང་བའི་དབང་དུ་མཛད་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལོག་པར་ལྟ་བ་དེ་ལས་ནི་ལོག་པར་རྟོག་པ་དང༌། ལོག་པའི་ངག་དང༌། ལོག་པའི་ལས་ཀྱི་མཐའ་འབྱུང་བར་འགྱུར་ཞེས་གསུངས་པ་དེ་དང་འགལ་བ་མེད་དོ། །རབ་ཏུ་འཇུག་བྱེད་ཀྱི་དབང་ལས་དགེ་བ་ལ་སོགས་པ་ཉིད་པྲ་ཏྲི་པ་དེ་ཏྱ། མཐོང་བས་སྤང་བར་བྱ་བ་ཉིད་ཅེས་ཨ་བྷི་སུ་ལུགས་གཞན་གྱི་རྒོལ་བའི་ཚིག་གོ །དེ་འདིར་རབ་ཏུ་འཇུག་བྱེད་ཀྱི་དབང་ལ་སོགས་པ་ཉིད་དུ་མི་འགལ་ལོ་ཞེས་ཁས་ལེན་པར་བྱེད་དེ། གཟུགས་ནི་མཐོང་བས་སྤང་བར་བྱ་བ་ཉིད་དུ་འགལ་ལོ། །རིག་པ་དང༌། སོ་སོར་རྟོག་པས་འགལ་བའི་ཕྱིར་རོ་ཞེས་བྱ་བའི་ནི་ཁས་ལེན་པར་མི་བྱེད་པའོ། །མཐོང་བས་སྤང་བར་བྱ་བ་རབ་ཏུ་འཇུག་བྱེད་དེ། །བསྒོམ་པས་སྤང་བས་བར་ཆོད་པ་ཡོད་པ་མ་ཡིན་ནོ། །མཐོང་བའི་ལམ་གྱིས་འགའ་ཞིག་ལ་ཆགས་པ་དང་བྲལ་བ་མ་ཡིན་པས་ཅི་ལྟར་དེ་གཉི་ག་ཡང་སྤང་བྱའི་ངོ་བོར་བརྗོད་


DTG210_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། ཡིད་ནི་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལས་རྣམ་པར་གཅོད་པའོ། །བསྒོམ་པས་སྤང་བར་བྱ་བ་ནི། མཐོང་བས་སྤང་བར་བྱ་བ་དང༌། ཟག་པ་མེད་པ་ལས་རྣམ་པར་གཅོད་པ་སྟེ། མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ནོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ཡང་རིགས་ཀྱི་དབང་དུ་བྱས་ནས་བརྗོད་པ་སྟེ། མཉམ་པར་གཞག་པ་ལ་འཇུག་པའི་ཕྱིར་རོ། །ལྔ་ནི་རྗེས་སུ་འཇུག་པར་བྱེད་པ་ཁོ་ན་ཡིན་གྱི་རབ་ཏུ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ་དཔྱོད་པར་མི་ནུས་པའི་ཕྱིར་རོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་ནོ་ཞེས་བྱ་བ་ནི། མཉམ་པར་གཞག་པའི་ཕྱིར་དང༌། ཁ་ནང་དུ་བལྟས་པའི་ཕྱིར་དང༌། འཇུག་པའི་དང་འགལ་བའི་ཕྱིར་རོ། །དམན་པར་འགྱུར་བ་མ་ཡིན་ཞེས་བྱ་བ་ནི་མི་མཉམ་པ་དང་མི་ལྡན་པའོ། །དགེ་བའི་རྒྱུད་གཅིག་པ་ཞེས་བྱ་བ་ནི། དགེ་བར་རྒྱུད་གཅིག་པའོ། །མདོ་ལས་ཀྱང་ཞེས་བྱ་བས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་མཛད་ནས་ཞེས་བྱ་བ་སྟོན་ཏོ། །འདི་ལ་ངན་པ་མི་མངའ་བས་ན་གླང་ཆེན་ནོ། །ངན་པ་ནི་ཉེས་པའོ། །དེ་སྐད་དུ་ནི་མདོ་ཉིད་ལས་སྐུ་དང་གསུང་དང་ཐུགས་ཀྱིས་ངན་པར་མི་མཛད་དེ། དེ་ལྟ་བས་ན་གླང་པོ་ཆེན་པོ་ཞེས་བྱ་བ་ཞེས་གསུངས་སོ། །དེའི་ཕྱིར་ཚིགས་སུ་བཅད་པ་འདིས་ནི་སྤྱོད་ལམ་བཞི་ཆར་ལ་དགེ་བའི་ཐུགས་ནཱ་ག་ཞེས་བྱ་བའི་ཨ་ཀ་ངན་པ་དང་ན་དགག་པར་བྱས་ཏེ་ངེས་ཚིག་གིས་བཤད་པའོ། །ལས་ལུང་དུ་མ་བསྟན་པའི་ཐུགས་སུ་འབྱུང་བ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །མི་བཞེད་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ནི་མི་བཞེད་པ་མི་དགོངས་བཞིན་དུ་མི་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་གཞན་ལ་མི་འགྲོ་ཞེས་བྱ་བའི་ཐ་ཚིག་གོ །མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཞེས་བྱ་བའི་དོན་ཏོ། །འདི་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་རིག་བྱེད་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི། འདོད་པའི་ཁམས་ན་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བས་ཀུན་ནས་བསླང་བའི་རྣམ་པར་རིག་བྱེད་


DTG210_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་སློང་བའི་དབང་གིས་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་འདོད་པ་ན་ཡང་བསྒྲིབས་པ་མེད་པ་ཞེས་གང་སྨྲས་པ་དེ་དང་འགལ་བར་འགྱུར་རོ། །ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ་སྙམ་དུ་གཞན་གྱི་བསམ་པ་ལ་བལྟོས་ནས་ཡང་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཅེས་བྱ་བ་རྒྱས་པར་སྨོས་ཏེ། དེ་སྐད་དུ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་མ་གཏོགས་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་ཞེ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟར་ན་དགེ་བའི་སེམས་ཀྱིས་རྣམ་པར་རིག་བྱེད་འཕངས་པ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྷན་ཅིག་འབྱུང་བས། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་གཞན་དུ་སྤྱད་པ་གཞན་ཉིད་དུ་འགྱུར་རོ། །རབ་ཏུ་འཇུག་པར་བྱེད་པ་བསྒོམ་པས་སྤང་བར་བྱ་བ་ཇི་ལྟར་རིག་བྱེད་ཀྱང་དེ་དང་འདྲའི། རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་བ་ནི་མ་ཡིན་ནོ། །དེ་ལ་རྒྱུ་སྨྲས་པ། བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པའི་ཕྱིར་ཞེས་བྱ་བ་སྟེ། གང་གི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་མཐོང་བས་སྤང་བར་བྱ་བ་ལ། རབ་ཏུ་འཇུག་པ་བྱེད་པ་བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པ་དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཇི་ལྟ་བ་དེ་ལྟར་རྣམ་པར་རིག་བྱེད་ཡིན་གྱི། མཐོང་བས་སྤོང་བར་བྱེད་པ་ཇི་ལྟ་བར་ནི་མ་ཡིན་ནོ། །གང་ཟག་ལོག་པར་ལྟ་བ་འམ་བདག་ཏུ་ལྟ་བ་ཞིག་གཞན་དག་ལ་འཇིག་རྟེན་ཕ་རོལ་མེད་པ་འམ། བདག་ཡོད་པར་སྟོན་པར་འདོད་པས་དེ་དག་སྐྱེད་པར་བྱེད་པའི་སེམས་ཁ་ཕྱིར་བལྟས་པ་བསྒོམ་པས་སྤང་བར་བྱ་བ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པས་ཚིག་ཏུ་སྨྲ་བར་བྱེད་ཀྱི། ལྟ་བ་དང་མཚུངས་པར་ལྡན་པས་ནི་མ་ཡིན་པའི་ཕྱིར་ན་བར་དུ་ཆོད་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་ནི་དངོས་སུ་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པས་ཡིན་པས་དེའི་དབང་ཁོ་ནས་རྣམ་པར་རིག་བྱེད་རྣམ་པར་གཞག་གོ །འོ་ན་ནི་


DTG210_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་རྗེས་སུ་འཇུག་པའི་དབང་གིས་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པ་ཉིད་ཡིན་ན་ནི་མདོ་ལས་རྒྱུའི་ཀུན་ནས་བསླང་བ་ལ་དགོངས་ཏེ་གསུངས་ཀྱི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་བརྗོད་པར་རིགས་ན། གང་གི་ཚེ་རྒྱུའི་ཀུན་ནས་བསླང་བ་ལས་རྣམ་པར་རིག་བྱེད་དགེ་བ་ལ་སོགས་པ་ཉིད་ཡིན་པ་དེའི་ཚེ་ཁྱད་པར་བརྗོད་པར་མི་རིགས་སོ། །དེ་ལྟར་ན་འདོད་པ་ན་ཡང་བསྒྲིབས་པའི་རྣམ་པར་རིག་བྱེད་ཡོད་པར་འགྱུར་ཏེ། འདི་སྐད་དུ་བརྗོད་པར་བྱ་སྟེ་ཞེས་སློབ་པའོ། །གཞན་གྱིས་ཆོད་པའི་ཞེས་བྱ་བ་ལ། མདོ་ལས་བསྒོམ་པས་སྤང་བར་བྱ་བས་བར་དུ་ཆོད་པའི་རྒྱུའི་ཀུན་ནས་བསླང་བའི་དབང་དུ་མཛད་ནས་གསུངས་པའི་ཕྱིར་མི་འགལ་ལོ། །གཞན་དག་ན་རེ་འདིས་རབ་ཏུ་འཇུག་བྱེད་སྐད་ཅིག་མ་དུ་མ་ཉིད་དོ་ཞེས་སྟོན་པར་བྱེད་དེ་ཞེས་ཟེར་རོ། །དགོངས་པ་དེ་རབ་ཏུ་འཇུག་པར་བྱེད་པ་དེའི་འཕེན་པར་བྱེད་པ་ཉིད་ཡིན་ཡང་ཇི་ལྟར་བསྒོམ་པས་སྤང་བར་བྱ་བ་ལས་གཞན་པ་རྗེས་སུ་འཇུག་བྱེད་དུ་འགྱུར་ཞེས་བྱ་བ་རྒོལ་བའི་ཚིག་སྟེ། ཁ་ཕྱིར་བལྟས་ཀྱི་འཇུག་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེས་བྱ་བ་རིག་པའི་གཉེན་པོའི་རང་བཞིན་གྱིས་འཇུག་པ་རྣམ་པར་རིག་བྱེད་དེ་དེ་ལྟ་བུ་ཉིད་ཀྱིས་འགལ་བ་མེད་དོ་ཞེས་བྱ་བ་རྒོལ་པའི་ཚིག་ལོག་པར་སྒྲུབ་པ་མ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་བཞིན་འཁོར་མེད་པའི་ཕྱིར་དང༌། སྐྱེ་བ་ལ་སོགས་པ་བཞིན་གྲུབ་པ་དང་བདེ་བ་གཅིག་པ་མེད་པའི་ཕྱིར་ཞེས་ཏེ། ཨ་བ་སྱ་ཡ་མ། དེའི་ཕྱིར་འདི་འདོད་པ་ཙམ་མ་ཡིན་ནོ། །ཞར་ལས་བྱུང་བ་རྫོགས་སོ་ཞེས་བྱ་བ་ནི་ལས་རྣམས་ཀྱི་ས་དང་ཁམས་རྣམས་བཞག་པའི་ཞར་ལས་འོངས་པའོ། །སོ་སོར་ཐར་ཅེས་བྱ་རྣམས་བརྒྱད། །ཅེས་བྱ་བ་འབྱུང་སྟེ། དེ་ལ་ཉེས་པར་སྤྱོད་པ་དང་འདོད་པ་ལས་དབེན་པར་སྤྱོད་པའི་གང་ཟག་གི་དབང་དུ་བྱས། སྡོམ་པ་དང་པོ་རྣམ་པ་ལྔ་རྣམ་པར་བཞག་སྟེ། དེ་འདྲ་བ་དེས་ནི་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་དང་མི་ཚངས་པར་སྤྱོད་པ་ལས་ལྡོག་པར་ནུས་སོ། །གང་ཞིག་ཉེས་པར་སྤྱོད་པ་ལས་དབེན་


DTG210_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་འབའ་ཞིག་ཏུ་ཟད་པ་དེའི་དབང་དུ་བྱས་ནས་ནི་ཁྱིམ་པའི་སྡོམ་པ་ཇི་སྲིད་འཚོ་བ་གཉིས་ཏེ། དེ་ཉིད་ཀྱི་ཕྱིར་དེ་ནི་འདོད་པས་ལོག་པ་གཡེམ་པ་ལྡོག་པ་རྣམ་པར་གཞག་གི་མི་ཚངས་པར་སྤྱོད་པ་ལས་ནི་མ་ཡིན་ནོ། །གཉི་ག་ལས་གཏན་དུ་དབེན་པ་ལ་གོམས་པ་དང་བྲལ་བ་ལ་ནི་རིམ་གྱིས་དེ་གཉིད་ལས་གོམས་པར་བྱ་བའི་ཕྱིར་བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་པ་ཁོ་ན་རྣམ་པར་གཞག་གོ །མཚན་གྱུར་པ་ལ་སྔོན་གྱི་སྡོམ་པ་གཏོང་པའི་རྒྱུ་ཡང་ཡོད་པ་མ་ཡིན་ལ་ཞེས་བྱ་སྟེ། བསླབ་པ་ཕུལ་བ་དང་ཤི་འཕོས་པ་དང་མཚན་གཉིས་བྱུང་བ་ལ་སོགས་པ་ཡོད་པ་མ་ཡིན་ལ། སྡོམ་པ་གཏོང་བའི་རྒྱུ་མེད་པར་སྡོམ་པ་གཏོང་བ་ཡང་མ་ཡིན་ནོ། །སྔོན་མེད་པའི་སྡོམ་པ་ཐོབ་པའི་རྒྱུ་གཞན་གྱི་རྣམ་པར་རིག་པར་བྱེད་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །མཚན་སྔ་མ་དང་མཚན་ཕྱི་མ་གཏོང་བ་དང་བྱུང་བ་ཉིད་སྡོམ་པ་གཏོང་བ་དང་འཐོབ་པའི་རྒྱུར་རིགས་པ་ཡང་མ་ཡིན་ཏེ། སྡོམ་པ་མ་བླངས་པས་ཀྱང་མཚན་གྱུར་ན་སྡོམ་པ་ཐོབ་པར་ཐལ་བར་འགྱུར་པའི་ཕྱིར་རོ། །མཚན་གྱུར་པ་སྡོམ་པ་ལས་འདའ་བའི་རྒྱུ་མ་ཡིན་པས། དགེ་སློང་མ་ལ་སོགས་པར་མི་རུང་བ་མ་ཡིན་པས། དེའི་ཕྱིར་དགེ་སློང་གི་སྡོམ་པ་ལས་དགེ་སློང་མའི་སྡོམ་པ་གཞན་མ་ཡིན་ཞེས་རྒྱ་ཆེར་རོ། །ཅི་སྤོང་པའི་འཕེལ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། དགེ་བསྙེན་གྱི་སྡོམ་པ་ཁོ་ན་དུས་མ་ཡིན་པའི་ཁ་ཟས་ཟ་བ་ལས་སྡོམ་པ་ལ་སོགས་པ་དང་བཅས་པ་དགེ་ཚུལ་གྱི་སྡོམ་པར་བཞག་གམ། དགེ་སློང་གི་སྡོམ་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དོང་ཚེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་ཞེས་བྱ་བ་ནི་ཟླ་བོ་མེད་པ་གང་ཞིག་ལ་སྔར་དོང་ཚེ་ཞེས་བརྗོད་པ་དེ་ཉིད་ལ་གཉིས་པ་དང་བཅས་པ་ལ་གཉིས་ཞེས་བྱ་བ་བཞིན་དུའོ། །འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པའི་ངོ་བོར་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་པ་སྤང་བ་དག་སྟེ། དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་


DTG210_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ལོག་པ་དག་ནི་དགེ་ཚུལ་གྱི་སྡོམ་པ་གཞན་ཡིན་ལ། དགེ་སློང་གི་སྡོམ་པར་ཡང་གཞན་ཡིན་ནོ། །རྒྱགས་པ་དང་བག་མེད་པའི་གནས་ཞེས་བྱ་བ་ནི། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། མྱོས་པར་འགྱུར་བའི་བཏུང་བའོ། །དེ་དག་ལ་ཁྱད་པར་ཅི་ཡོད་པ་ཞེས་བྱ་བ་ནི། སྤོང་བར་མཚུངས་བཞིན་དུ་སྙམ་དུ་བསམས་པའོ། །དགེ་བསྙེན་ཡང་མ་ཡིན་པ་ཁོ་ན་ཞེས་བྱ་བ་ནི་འགལ་བ་ནི་དགེ་སློང་གི་སྡོམ་པ་བླངས་པས་དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་གཉིས་དང་བྲལ་པའི་ཕྱིར་དགེ་སློང་གི་སྡོམ་པ་བཏང་བས་དགེ་བསྙེན་པ་སྡོམ་པ་མེད་པའི་ཕྱིར་དགེ་བསྙེན་ཡང་མ་ཡིན་པ་ཁོ་ནར་གྱུར་ཏེ་དགེ་བསྙེན་གྱི་སྡོམ་པ་མེད་པའི་ཕྱིར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དགེ་སློང་གི་སྡོམ་པ་བཏང་བས་དགེ་ཚུལ་དང༌། དགེ་ཚུལ་གྱི་སྡོམ་པ་བཏང་བས་དགེ་བསྙེན་དུ་འདོད་པ་ཡིན་ནོ། །ཡང་ཁ་ཅིག་ན་རེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་དག་མ་བཟུང་བར་དགེ་སློང་གི་སྡོམ་པ་ཇི་ལྟར་ཐོབ་ཅེས་ཟེར་རོ། །གཞན་དག་ན་རེ་ཐོབ་པར་འགྱུར་ཏེ། འདི་ལྟར་དགེ་ཚུལ་མ་བྱས་པར་བསྙེན་པར་རྫོགས་པར་བྱེད་ན་ལེགས་པར་བསྙེན་པར་རྫོགས་པར་ནི་བརྗོད་པར་བྱའོ་ཞེས་འདུལ་བ་ལས་འདོན་པར་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་དགེ་ཚུལ་གྱི་སྡོམ་པ་ཡང་དགེ་བསྙེན་གྱི་སྡོམ་པ་མེད་པར་ཡང་ཐོབ་བོ་ཞེས་ཤེས་པར་བྱའོ། །དེ་དག་གི་འདོད་པས་དགེ་སློང་ཡང་གལ་ཏེ་ཕྱིས་དགེ་ཚུལ་དང་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་དག་སྐྱེད་པར་བྱེད་ན་ཐོབ་པར་འགྱུར་ལ། དགེ་ཚུལ་གྱིས་ཀྱང་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་དག་གོ །གང་ཞིག་དེར་བརྗོད་པར་ནི་གཙོ་བོའི་སྡོམ་པ་དེ་དང་དེ་དག་ལ་བརྟེན་ནས་སོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་དགེ་ཚུལ་ལ། གར་དང༌། གླུ་དང༌། རོལ་མོ་དང༌། སྤོས་དང༌། མེ་ཏོག་ཕྲེང་བ་དང༌། བྱུག་པ་རྣམས་གཉིས་སུ་བྱས་ལ། བསྙེན་གནས་ཀྱི་སྡོམ་པར་ནི་གཅིག་ཏུ་བྱས་ཤེ་ན། ཤིན་ཏུ་མང་ངོ་སྙམ་དུ་སྒྱིད་ལུག་པའི་ཁྱིམ་པ་རྣམས་ལ་སླ་བར་བསྟན་པའི་ཕྱིར་གཅིག་ཉིད་དུ་རྣམ་པར་


DTG210_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་སྟེ། བྲྀ་ཛིའི་བུ་ལ་བསླབ་པའི་གཞི་བསྟན་པ་བཞིན་ནོ། །ལས་མི་མཉམ་པ་ཅན་རྣམས་སེམས་ཅན་རྣམས་ལ་ཡང་དག་པར་འཇོག་པས་ཞེས་བྱ་བའི་དོན་ཏེ། སྡིག་པ་བྱེད་པ་རྣམས་ལ་མི་མཉམ་པར་འཇུག་ཅེས་བྱ་བའོ། །མཁས་པ་ན་སངས་རྒྱས་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་སོ། །རྣམ་པར་རིག་བྱེད་དང་སེམས་དག་གིས་བྱེད་པས་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་དང་སེམས་ཀྱིས་བྱེད་དེ། དེ་ལ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་ནི་རྣམ་པར་རིག་བྱེད་དང་སེམས་ཀྱིས་བྱེད་ལ། བསམ་གཏན་དང་ཟག་པ་མེད་པས་བསྡུས་པ་ནི་སེམས་ཀྱིས་བྱེད་དོ། །བྱ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །སྡོམ་པ་ལ་གནས་པ་ནི་སྡོམ་པ་ཡང་དག་པར་བསྲུང་བའི་ཕྱིར་ཡན་ལག་སྐུམ་པར་བྱེད་ལ། ཡན་ལག་སྐུམ་པར་བྱེད་པའི་རྣམ་པར་རིག་བྱེད་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དངོས་གཞིས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི། །དང་པོ་དེའི་སྒོ་ནས་ལུས་དང་ངག་གིས་ཡང་དག་པར་བསྡམ་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོར་ཐར་པ་ནི་མ་ཡིན་ནོ། །མཇུག་ཡིན་གྱི་ལས་ཀྱི་ལམ་དངོས་གཞིའི་ནི་མ་ཡིན་ཏེ། སྐད་ཅིག་མ་དང་པོ་ཁོ་ནར་སྡིག་པ་སྤང་བའི་ཕྱིར་དང༌། ལུས་དང་ངག་ཡང་དག་པར་བསྡམ་པའི་ཕྱིར་རོ། །དེ་བཞིན་དུ་སྡོམ་པ་མ་ཡིན་པ་ལ་ཡང་བརྗོད་པར་བྱ་སྟེ། བྱ་བ་ཁས་བླངས་པའི་དུས་ཁོ་ནའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་དངོས་གཞི་དང་ལས་ཀྱི་ལམ་མོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་མཇུག་ཡིན་ནོ་ཞེས་བྱ་བའོ། །ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང༌། ཆོས་ཉིད་ཀྱིས་ཐོབ་པའོ། །དེ་ལ་གང་ཞིག་འདི་དང་འདི་བྱའོ་སྙམ་དུ་དེ་ལྟར་ལེན་པ་དེ་ནི་ཡང་དག་པར་ལེན་པའི་ཚུལ་ཁྲིམས་ཏེ་སོ་སོར་ཐར་པ་ཞེས་བྱ་བའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་


DTG210_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པའོ། །སོ་སོར་ཐར་དང་ལྡན་རྣམས་བརྒྱད། །ཅེས་བྱ་བ་ནི་བརྒྱད་ཁོ་ནས་སོ་སོར་ཐར་པའི་སྡོམ་པ་དང་ལྡན་གྱི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་དང་ལྡན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཅིག་ཤོས་དག་ལ་ཡང་སྡོམ་པ་ངེས་པར་གཟུང་བ་རིག་པར་བྱའོ། །སྲིད་པ་ལ་བརྟེན་པར་བྱེད་པའི་ཕྱིར་ཞེས་བྱ་བ་ལ། ཐར་པ་འདོད་པའི་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱང་སྲིད་པ་ལ་བརྟེན་པ་ཁོ་ན་སྟེ། སྲིད་པའི་ཁྱད་པར་ལ་ཐར་པར་འདུ་ཤེས་པའི་ཕྱིར་རོ། །སེམས་གཞན་དང་ལྡན་པ་ཞེས་བྱ་བ་ནི། དེ་ཀུན་ནས་སློང་བར་བྱེད་པའི་སེམས་ལས་གཞན་པའི་སེམས་དང་ལྡན་པའོ། །སེམས་མེད་པ་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའོ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་ནི་དེ་ལྟར་ཀུན་སློང་བའི་སེམས་མེད་པར་མི་འབྱུང་སྟེ། དེའི་ཕྱིར་དེ་དག་ཁོ་ན་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །བར་ཆད་མེད་པའི་ལམ་དག་ཅེས་བྱ་བ་ནི། འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་དགུ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་དགུའོ། །དེ་གཉིས་ཀྱིས་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་དུ་སྐྱེས་པའི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་གིས་སོ། །དེ་ཀུན་སློང་བར་བྱེད་པ་ཞེས་བྱ་བ་ནི་འཆལ་བའི་ཚུལ་ཁྲིམས་ཀུན་སློང་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་མི་ལྕོགས་པ་མེད་པ་ཐམས་ཅད་སློང་བའི་སྡོམ་པར་མི་འདོད་པའོ། །བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མ་ཡིན་པ་ཡང་ཡོད། སྤོང་བའི་སྡོམ་པ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མ་ཡིན་པ་ཡང་ཡོད། གཉི་ག་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་དེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་བསམ་གཏན་གྱི་སྡོམ་པའོ། །གཟུགས་མེད་པར་གཏོགས་པའི་སྡོམ་པ་ཐམས་ཅད་བསམ་གཏན་གྱི་སྡོམ་པ་ཁོ་ན་ཡིན་གྱི་སྤོང་བའི་སྡོམ་པ་ནི་མ་ཡིན་ཏེ། དེས་འཆལ་པའི་ཚུལ་ཁྲིམས་དང་དེ་ཀུན་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་མི་


DTG210_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ཕྱིར་རོ། །བཞི་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པའོ། །མུ་བཞི་ཅི་རིགས་པ་རིག་པར་བྱའོ་ཞེས་བྱ་བ་ལ། མུ་བཞི་པ་ཅི་རིགས་པ་དེ་ལྟར་རིག་པར་བྱ་སྟེ། ཇི་ལྟར་རིགས་ཤེ་ན་ཟག་པའི་སྡོམ་པ་ཡིན་ལ་སྤོང་པའི་སྡོམ་པ་མ་ཡིན་པ་ཡང་ཡོད། སྤོང་པའི་སྡོམ་པ་ཡིན་ལ་ཟག་པ་མེད་པའི་སྡོམ་པ་མ་ཡིན་པ་ཡང་ཡོད། གཉིས་ཀ་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་དེ། མུ་དང་པོ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པའོ། །གཉིས་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དུ་སྐྱེས་པའི་བསམ་གཏན་གྱི་སྡོམ་པའོ། །གསུམ་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དག་ན་ཡོད་པའི་ཟག་པ་མེད་པའི་སྡོམ་པའོ། །བཞི་པ་ནི་མི་ལྕོགས་པ་མེད་པའི་བར་ཆད་མེད་པའི་ལམ་དུ་མ་གཏོགས་པའི་བསམ་གཏན་གྱི་སྡོམ་པ་ཐམས་ཅད་དོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། ངག་གི་སྡོམ་པ་ལེགས་པ་ཡིན། །ཞེས་བྱ་བ་དེར་ནི་ལུས་དང་ངག་གི་སྡོམ་པ་དག་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དུ་ཤེས་པ་ཞིག་ན། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་གང་གསུངས་པ་དང༌། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་གསུངས་པའི་ཡིད་དང་དབང་པོའི་སྡོམ་པས་འདི་དག་ན་གང་གི་རང་བཞིན་ཡིན་པར་མི་ཤེས་སོ། །ཡང་ཡིད་དང་དབང་པོའི་སྡོམ་པ་གཉིས་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན་ལུང་ལས་ཏེ། འདི་ལྟར་མདོ་ལས་མིག་གིས་གཟུགས་རྣམས་མཐོང་ན་ཡིད་བདེ་བར་ཡང་མི་འགྱུར་ཞིང་ཡིད་མི་བདེ་བར་ཡང་འགྱུར་ལ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་སོ་ཞེས་བྱ་བ་ནས་ཡིད་ཀྱི་ཆོས་རྣམས་ཤེས་ནས་ཞེས་བྱ་བའི་བར་དུ་གསུངས་པ་དང༌། ཡང་འཇིག་རྟེན་འདི་ན་སྲོལ་གང་དག་ཡོད་དེ་དྲན་པས་བཟློག་པ་ཡིན། དེའི་སྡོམ་པ་བཤད་བྱ་སྟེ། །དེ་ནས་ཤེས་བཞིན་གྱིས་དགག་གོ་ཞེས་བྱ་བ་གསུངས་སོ། །ཡང་


DTG210_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཞིག་གིས་དགེ་སློང་དབང་པོ་ཡུལ་དག་ལ་རྒྱུ་བ་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་རྨ་འབྱིན་པར་མ་བྱེད་ཅིག །དགེ་སློང་གིས་སྨྲས་པ། ལྷ་དགག་པར་བྱའོ། །ལྷས་སྨྲས་པ། དགེ་སློང་རྨ་རྫ་མ་ཙམ་བྱུང་ནས་ཅི་ཞིག་གིས་དགག་པར་བྱེད། དགེ་སློང་གིས་སྨྲས་པ། དྲན་པ་དང་ཤེས་བཞིན་གྱིས་དགག་པར་བྱའོ་ཞེས་བྱ་བ་འབྱུང་ངོ༌། །སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་རྟག་དང་ད་ལྟར་གྱི། །ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ནི་སྐད་ཅིག་མ་དང་པོ་ལ་ད་ལྟར་བ་ཉིད་དང་ལྡན་གྱིས་འདས་པ་དང། མ་འོངས་པ་དག་དང་ནི་མ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་ཏུ་ནི་ད་ལྟར་བ་གང་ཡིན་པ་དེ་དང་འདས་པ་དག་དང་ལྡན་གྱི་མ་འོངས་པ་དང་མ་ཡིན་ནོ། །ཇི་སྲིད་བསླབ་པ་ཕུལ་བ་ལ་སོགས་པ་གཏོང་བའི་རྒྱུ་དག་གིས་མི་གཏོང་བ་དེ་སྲིད་དུའོ། །ཀ་སྨཱ་ཏ་པུ་ན་ར་ཏི་ཏ་ཛནྨ་པྲཏི་ལབྡྷུ་པཱུརྦཿཔྲ་ཏི་མོཀྵ་སམྦ་རཿདྷ་ན་སམྦ་ར་པཱ་དྱེ་ཀྵ་ཎེ་ན་ལ་བྷྱེ་ཏེ། ཨ་ཏུ་ལྱ་ཕ་ལ་ཏྭ་ཏེ་ར་གྱེ་ཙིཏྟཾ་ཏུ་སརྦེ་ཥཱཾ་ཏུ་ལྱ་མི་ཏི། ཏ་ཏྲི་བ་ཏ་ཐོཏྤ་དྱ་ཏེ། ཨ་ནུ་ཙིཏྟ་ཏྭི་དཱ། བསམ་གཏན་གྱི་སྡོམ་པའི་ཁྱད་པར་དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་གྱི་སྡོམ་པ་ཅིའི་ཕྱིར། ཡང་འདས་པ་ཚེ་རབས། སོ་སོར་ཐོབ་པ། སྔར་སོ་སོར་ཐར་པའི་སྡོམ་པ་བསམ་གཏན་གྱི་སྡོམ་པ་ཐོབ་པ་ནི་སྐད་ཅིག་གིས་ཐོབ་པ་འབྲས་བུ་མི་མཚུངས་པའི་ཕྱིར། འདོད་ཆགས་དང་བྲལ་བའི་སེམས་ནི་ཐམས་ཅད་མཚུངས་ཞེས་སོ། །དེ་ལ་དེ་ལྟར་སྐྱེ་བ་རྗེས་སུ་སེམས་ཕྱིར་རམ། ཐོབ་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་དང་ལྡན་གྱི་ད་ལྟར་བ་དང་ནི་མ་ཡིན་ནོ། །ད་ལྟར་བ་དང་ནི་སྙོམས་པར་ཞུགས་པ་ཁོ་ན་ལྡན་ཏེ། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་སེམས་གཞན་གྱི་རྗེས་སུ་མི་འཇུག་པ་མ་ཡིན་པས་ཇི་སྲིད་མ་བཏང་གི་བར་རྟག་ཏུ་ད་ལྟར་བ་ཡོད་དོ། །གང་སྐྱེ་བ་འདིར་བསྐྱེད་པ་དོར་བ་དེ་ཇི་ལྟར་སྐད་ཅིག་དང་པོ་འདས་པ་ཐོབ་ཅེ་ན། དེའི་ཕྱིར་དེའི་ནི་སྐད་ཅིག་མ་དང་པོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ངེས་པ་འབྱེད་པའི་ཆ་དང་མཐུན་པས་བསྡུས་པས་ནི་མ་གཏོགས་ཏེ། དེ་ནི་ཚེ་རབས་གཞན་དག་ཏུ་ཐོབ་པ་བཏང་


DTG210_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འཐོབ་པོ། འཕགས་ནི་དང་པོ་འདས་དང་མིན་ཞེས་པ་ལ་སྐད་ཅིག་མ་དང་པོ་ནས་བཟུང་སྟེ། ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ནི་མ་འོངས་པ་དང་ལྡན་ནོ། །འདིར་ཡང་མ་བཏང་གི་བར་དུ་ཞེས་སྦྱར་རོ། །གཞན་དུ་ན་དེའི་མཚན་ཉིད་མི་འཐད་པའི་ཕྱིར་རོ། །ལམ་སྔོན་མ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལ། སློབ་དཔོན་གོ་ཆ་མཐའ་ཡས་ན་རེ་ཁྱད་པར་འདི་ཅི་ཡིས་ཞེས་ཟེར་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་ཇི་སྲིད་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དག་དབང་པོ་འཕོ་བ་ན་ལམ་སྔོན་མ་བསྐྱེད་པ་དང་ལྡན་པ་ཡོད་པས་འདི་ལ་ཀླན་ཀ་མེད་དོ། །མ་བཏང་གི་བར་དུ་ཞེས་རྗེས་སུ་འཇུག་པའི་ཕྱིར་འདིར་ཡང་བཤད་པ་ཉིད་དོ། །ལངས་པ་དག་ནི་མ་ཡིན་པ་ཅི་ཞེ་ན། ད་ལྟར་བ་དང་ལྡན་པ་ནི་མ་ཡིན་ཏེ། དེ་གཉིས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །གཞན་དག་ན་རེ། འཕགས་པའི་ལམ་ལ་གནས་པར་བཤད་པའི་ཕྱིར་དེ་སྙོམས་པར་འཇུག་པ་ཉིད་དུ་ཤེས་པར་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་འཕགས་པའི་ལམ་དང་ལྡན་པ་ནི་འཕགས་པའི་ལམ་ལ་གནས་པ་ཞེས་བྱ་བ་སྟེ། དཔེར་ན་འབྲས་བུ་དང་ལྡན་པ་འབྲས་བུ་ལ་གནས་པར་བརྗོད་པ་བཞིན་ནོ། །འཆལ་བའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་པས་བསྡུས་པ་ཞེས་བྱ་བ་ལ། འཆལ་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ནི་སྲོག་གཅོད་པ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་ནི་དེ་སྤང་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དེ་ལས་གཞན་པ་དག་བསྡུའོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ནི་མི་དགེ་བའི་ཆོས་ལ་གནས་པའི་ཕྱིར་ལ། སྡོམ་པ་ལ་གནས་པ་ནི་དགེ་བའི་ཆོས་ལ་གནས་པའི་ཕྱིར་བཟློག་པ་མི་སྲིད་དོ་སྙམ་ན། ཅི་རེས་འགའ་སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི། རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་དག་གོ །དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དག་གོ །གཞན་དག་ཏུ་ནི་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སོགས་པ་དག་ཏུའོ། །མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་


DTG210_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ནི་སུ་ཡང་མི་ལྡན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེ་ནི་སེམས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །འདིས་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལ་དེ་རག་ལས་པར་བཤད་པ་ཉིད་དོ། །འདས་པ་དག་དང་ཡང་ཞེས་བྱ་བ་ནི་ཆོས་མ་འོངས་པ་ཁོ་ན་དང་ལྡན་པ་མེད་འབའ་ཞིག་ཏུ་མ་ཟད་པའོ། །ཆེས་ཉམ་ཆུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དང་ལྡན་ཅིག་སྐྱེས་པའི་ཐོབ་པ་ནི་ཉམ་ཆུང་བའི་ཕྱིར། གང་གི་དབང་གིས་འགགས་ཀྱང་རྣམ་པར་རིག་བྱེད་དང་ལྡན་པར་འགྱུར་བ། ཐོབ་བ་གཞན་འདྲེན་པར་མི་ནུས་སོ། །འོ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་དང་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱིས་ཐོབ་པ་ཉམ་ཆུང་བའི་ཕྱིར་རྗེས་སུ་འབྲེལ་པ་ཅན་མ་ཡིན་ན། དེ་ལྟ་ན་དེ་ཀུན་ནས་སློང་བར་བྱེད་པ་བསྒྲིབས་པའི་སེམས་ཀྱིས་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ། །སེམས་ཀྱི་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ་ཞེས་གང་སྨྲས་པ་དེ་ནི་དེ་ལྟ་མ་ཡིན་ཏེ། རྣམ་བྱེད་ནི་དམིགས་པ་མེད་པའི་ཕྱིར་བླུན་པ་དང་སེམས་ལ་རག་ལས་པའི་ཕྱིར་རོ། །གཞན་གྱི་དབང་ཡིན་ན་སེམས་ནི་བཟློག་པའི་ཕྱིར་དེ་ལྟར་བླུན་པ་དང་གཞན་གྱི་དབང་མ་ཡིན་ལ། ལུང་དུ་མ་བསྟན་པའི་སེམས་ཉམ་ཆུང་བས་བསླང་བའི་དེ་ནི་ཆེས་ཉམ་ཆུང་བར་འགྱུར་རོ། །ངག་ཙམ་ནི་ཆུང་ངུ་ལ་སོགས་ཡིད་ཇི་བཞིན་ཞེས་འབྱུང་བའི་ཕྱིར་རོ། །ཀུན་ནས་བསླང་བ་ཉམ་ཆུང་བ་ཉིད་ཀྱིས་ཉམ་ཆུང་བར་འགྱུར་བ་ཉིད་དོ། །ཉམ་ཆུང་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་རྒོལ་བའི་ཚིག་སྟེ། ཆུང་ངུ་ལ་སོགས་པ་ཡིད་ཇི་བཞིན་ཞེས་སོ། །ཡང་དག་པར་བླངས་པའི་སེམས་ཀྱི་དབང་ལས་ཆུང་ངུ་ལ་སོགས་པ་ཉིད་དོ། །དེར་བཤད་པ་ནི་སྡོམ་པ་རྣམས་ཀྱི་རང་གི་རིགས་ལ་བལྟོས་པའོ། །དེ་ནི་སེམས་བཞིན་དུ་ཆུང་ངུ་ལ་སོགས་པ་ཉིད་དེ་རྣམ་པར་རིག་བྱེད་ནི་བླུན་པ་ཉིད་དང་གཞན་གྱི་དབང་ཉིད་ཀྱི་ཕྱིར་ཉམ་ཆུང་བས་བསླང་བ་ན་ཆེས་ཉམ་ཆུང་བའོ་ཞེས་བྱ་བ་འདི་ཉིད་ལེགས་པར་འཐད་དོ། །ཉེས་པར་སྤྱད་པ་ནི་སྨད་པ་སྤྱད་པའོ། །ཇི་ལྟར་སྨད་པ་ཡིན་ཞེ་ན་དམ་པ་


DTG210_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སྨད་པའི་ཕྱིར་ཏེ། དགོངས་པའི་ཕྱིར་དང༌། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་སྨད་པའོ། །དངོས་ཀྱིས་བསྡུས་པའི་ཕྱིར་དང༌། སེམས་པའི་ལམ་དུ་གྱུར་པའི་ཕྱིར་ལམ་གྱི་ལམ་མོ། །སེམས་ཞན་པ་ཞེས་བྱ་བ་ནི་སེམས་དྲག་པོ་བསལ་བར་བྱ་བའི་ཕྱིར་ཏེ། སེམས་དྲག་པོས་ནི་དགེ་བ་དང་མི་དགེ་བ་བྱེད་པ་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་དོ། །ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་བྱེད་ན་ཞེས་བྱ་བ་དང་སྦྱར་རོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ལས་ཀྱི་ལམ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་དེར་བསམ་པ་གཞན་པས་རྣམ་པར་རིག་བྱེད་ལས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པས་འབྱུང་བའི་ཕྱིར་རོ། །དེར་ནི་ལུང་དུ་མ་བསྟན་པ་བྱེད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་ཞིང་ཞེས་འབྱུང་བའི་ཕྱིར་རོ། །ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་རུང་རྣམ་པར་རིག་བྱེད་མ་བྱུང་བ་ཞེས་བྱ་བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུའོ། །རྣམ་པར་རིག་བྱེད་རྣམ་པར་ཉམས་པ་ནི་གཟུགས་མེད་པར་སྐྱེད་པ་ནའོ། །ཡང་ན་རྣམ་པར་རིག་བྱེད་ཉམས་པ་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་གཙུག་ལག་ཁང་ལ་སོགས་པ་ཕུལ་བ་ན་སྟེ། དེའི་ཐོབ་པ་ནི་རྗེས་སུ་འབྲེལ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཚེ་རྣམ་པར་རིག་བྱེད་མ་ཡིན་པ་ཡོངས་སུ་མ་བཏང་ན་རྣམ་པར་རིག་བྱེད་ལྟ་སྨོས་ཀྱང་ཅི་དགོས། གཞན་དག་ན་རེ། བསམ་གཏན་གྱི་སྡོམ་པའི་སོ་སོ་སྐྱེ་བོས་ཀྱང་ཡེ། ན་ན་བི་ཛྙ་བཏིཾ་བྷ་བ་ཏཱི་དི། རྣམ་པར་རིག་བྱེད་བཏང་བ་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་ལྡན་པ་ཁོ་ནའོ། །རྣམ་པར་རིག་བྱེད་ལ་རིགས་པ་མ་ཡིན་ནོ། །གང་ཟག་ནི་འདིར་ཁྱད་པར་གང་ལས་འཕགས་པའི་གང་ཟག་ཉིད་དུ་བརྗོད་པར་བྱེད། ཚེ་ཡོངས་སུ་གྱུར་པ་གང་གི་མ་ཡིན་རྣམ་པར་རིག་བྱེད་འགྱུར་ཞེས་བྱ་བ། ལས་ཀྱང་མ་རུང་ངོ༌། །དེ་ཅི་ལས་ཚེ་གཞན་ཡོངས་སུ་གྱུར་པ་ཉིད་འགལ་བར་འདོད་ཅེ་ན། འདི་ལ་ནི་ངེས་པར་གཟུང་བ་ཡོད་པ་མ་ཡིན་ནོ། །གཞན་དག་ན་རི་མུ་


DTG210_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསྟན་པའི་དོན་དུ་དེ་ལྟར་བཤད་པས་སྐྱོན་མེད་དོ་ཞེས་ཟེར་རོ། །མུ་གསུམ་པ་ནི་སོ་སོར་ཐར་པའི་སྡོམ་པ་ལེན་པ་ན་སྟེ། དེ་ནི་དེའི་ཚེ་གཉི་ག་དང་ལྡན་པ་ཡིན་ནོ། །བཞི་པ་ནི་སོ་སོ་སྐྱེ་བོ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་གང་ཞིག་ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་རུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ། རྣམ་པར་རིག་བྱེད་རྣམ་པར་ཉམས་པའོ། །གཟུགས་མེད་པར་སྐྱེས་པའི་སོ་སོ་སྐྱེ་བོ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི། རྣམ་པར་རིག་བྱེད་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་གཞི་དང་ཉེར་བསྡོགས་ཀྱི་ཡང་ཞེས་བྱ་བ་སྟེ་མཉམ་པར་གཞག་པ་འབའ་ཞིག་ཏུ་མ་ཟད་པ་ཉིད་དོ། །གང་གི་ཚེ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེས་པ་ན་སྐྱེ་བས་ཐོབ་པའི་བསམ་གཏན་ཐོབ་པ་དེའི་ཚེ་དེ་དང་ལྷན་ཅིག་དང་སྤྱོད་པའི་སྡོམ་པ་ཡང་འཐོབ་བོ། །ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གྱི་སྡོམ་པ་དང༌། བསམ་གཏན་གྱི་སེམས་གཉིས་ནི་ཅིག་ཅར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་འདི་ལ་གཞན་གྱིས་རྣམ་པར་རིག་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན་ཞེས་བྱ་བ་ལ་འདིར་རྣམ་པར་རིག་བྱེད་པ་ནི་གོ་བར་བྱེད་པའོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་ཞེས་བྱ་བ་ནི། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། བསྙེན་གནས་པའི་སྡོམ་པ་དག་གོ །རང་བྱུང་གིས་ནི་ཞེས་བྱ་བ་ནི་ཡེ་ཤེས་བརྙེས་པས་ཞེས་བྱ་བའི་དོན་ཏེ་དེ་དག་གི་ཡེ་ཤེས་ནི་རང་བྱུང་ཡིན་ནོ། །ངེས་པར་འཇུག་པས་ཞེས་བྱ་བ་ནི་སྨོན་ལམ་གྱི་དབང་ངམ་སངས་རྒྱས་ཀྱི་མཐུས་སོ། །ངེས་པ་ཉིད་ནི་ངེས་པ་སྟེ་མཐོང་བའི་ལམ་མོ། །འཇུག་པ་ནི་དེ་སྐྱེད་པའོ། །ལྔ་སྡེ་ནི་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དག་གོ །དགེ་སློང་ཚུར་ཤོག་ཅེས་བྱ་བས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཆོས་ནི་ལེགས་པར་གསུངས་པའོ་ཞེས་གསུངས་པས་ཏེ། བདེ་གཤེགས་སྐྱོབ་པས་ཚུར་ཤོག་


DTG210_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པས། །མགོ་ཡང་བྱི་ཞིང་ཆོས་གོས་གྱོན་པར་འགྱུར་ཞེས་འབྱུང་བ་ལྟ་བུ་ཡིན་ནོ། །དྲི་བས་མཉེས་པ་ནི་དྲི་བའི་ལན་བཏབ་པས་བཅོམ་ལྡན་འདས་མཉེས་པའོ། །བླ་མའི་ཆོས་ཁས་བླངས་པ་ནི་ཞེས་བྱ་བ་ནི་བླ་མའི་ཆོས་བརྒྱད་དེ། དགེ་སློང་མས་དགེ་སློང་མས་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་བྱ་བ་དང༌། དགེ་སློང་མས་དགེ་སློང་ལས་ཟླ་བ་ཕྱེད་ཅིང་གདམས་ངག་མནོད་པར་བྱ་བ་དང༌། དགེ་སློང་མས་དབྱར་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱ་བ་དང༌། དབྱར་ཁས་བླངས་པའི་དགེ་སློང་མས་གཉིས་ཀའི་དགེ་འདུན་ལ་མཐོང་བ་དང༌། ཐོས་པ་དང་དགོས་པའི་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང༌། དགེ་སློང་མས་དགེ་སློང་ལ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། ལྟ་བ་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་མ་ཡིན་པ་དང༌། འཚོ་བ་ཕུན་སུམ་ཚོགས་པ་མ་ཡིན་པས། །ལྟུང་བ་གླེང་བར་མི་བྱ་བ་དང༌། དགེ་སློང་མས་དགེ་སློང་ལ་གཤེ་བའམ་ཁྲོ་བ་འམ་སྤྱོ་བར་མི་བྱ་བ་དང༌། བླ་མའི་ཆོས་ཀྱི་ལྟུང་བ་བྱུང་བའི་དགེ་སློང་མས་གཉི་གའི་དགེ་འདུན་ལ་མཉེས་པར་བྱ་བ་སྤྱད་པར་བྱ་བ་དང༌། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དགེ་སློང་དེ་ལྟར་བསྙེན་པར་རྫོགས་པ་ལ་གུས་པར་སྨྲ་བ་དང༌། ཕྱག་དང་སྔོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་ལས་བྱ་བ་ཞེས་བྱ་བའོ། །ཕོ་ཉས་ནི་ཆོས་སྦྱིན་ན་ཞེས་བྱ་བ་ནི་དེས་བཙུན་མོའི་འཁོར་གྱི་ནང་དུ་འདུག་བཞིན་དུ་རབ་ཏུ་འབྱུང་བར་བྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་ངོ་ཞེས་གྲག་གོ །འདུལ་བ་འཛིན་པ་གཏོགས་པ་ལྔས་ཞེས་བྱ་བ་ལ་འདིར་འདུལ་བ་འཛིན་པ་ནི་གསོལ་བ་བརྗོད་པ་ལ་མངོན་པར་འདོད་དོ། །དེ་དག་ལ་བཟང་སྡེ་ཞེས་བྱ་བའི་མིང་ཡོད་པ་ནི་བཟང་སྡེ་དྲུག་ཅུའོ། །ཚོགས་ཞེས་བྱ་བ་ནི་ཚན་ཏེ། གྲངས་དྲུག་ཅུ་པོ་དེ་དག་གིས་བསྙེན་པར་རྫོགས་པར་བྱས་པ་གང་ཡིན་པ་དེ་རྣམས་ནི་སྐྱབས་སུ་འགྲོ་བ་ལན་གསུམ་འདས་སོ། །དེ་དག་གིས་སོ་སོར་ཐར་པའི་སྡོམ་པ་


DTG210_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ལྔ་སྡེ་དང་གྲགས་པ་ལ་སོགས་པ་དག་གིས་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་སྟེ་བསམ་པ་ཕུན་སུམ་ཚོགས་པ་འམ། སངས་རྒྱས་ཀྱི་མཐུས་རྣམ་པར་རིག་བྱེད་མེད་པར་སོ་སོར་ཐར་པའི་སྡོམ་པོ་ཐོབ་བོ། །ཁ་ཅིག་དུས་རྟག་པ་དང་རྫས་ཀྱི་བདག་ཉིད་ཁོ་ནར་འདོད་པས། ཐེ་ཚོམ་ཟ་བས་དུས་ཞེས་བྱ་བའི་ཆོས་དེ་ཅི་ཞེས་བྱ་བ་དྲིས་སོ། །དྲི་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། འདུ་བྱེད་འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་མངོན་པར་གསལ་བར་བྱ་བའི་ཕྱིར་དུས་ཞེས་བྱ་བའི་མིང་འདི་བཏགས་ཀྱི་རྟག་པ་དང་རྫས་ཞེས་བྱ་བ་ནི་མ་ཡིན་ནོ། །འདི་ལྟར་འདས་པའི་དུས་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་ནི་འདུ་བྱེད་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ཁོ་ན་ཡིན་པར་རྟོགས་ཀྱི། རྟག་པའི་རྫས་གཞན་ནི་མ་ཡིན་ཏེ། རྟག་པ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་མི་སྲིད་པའི་ཕྱིར་རོ། །ཡང་དག་པར་བླངས་པ་ཡོད་ཀྱང་ཞེས་བྱ་བ་ནི། བདག་གིས་སྐྱེ་བ་གཞན་དུ་ཡང་དགེ་སློང་གི་སྡོམ་པ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླང་བར་བྱའོ་སྙམ་དུ་ཡང་དག་པར་བླངས་པ་དེ་ཡོད་ཀྱང་ངོ༌། །སྐལ་བ་མི་འདྲ་བའི་ཕྱིར་ཞེས་བྱ་བ་ནི་རིས་མི་མཐུན་པ་གཞན་གྱིས་བསྡུས་པའི་ཕྱིར་རོ། །དེས་ཀྱང་དེར་སྦྱོར་བ་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི། སྐལ་བ་མི་འདྲ་བའི་ལུས་དེས་དེར་ཏེ། ཡང་དག་པར་བླང་བ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། ལུས་གང་གིས་སྡོམ་པ་ཡང་དག་པར་བླང་བ་ལ་སྦྱོར་བའི་ལུས་དེ་ཉིད་ལ་སྡོམ་པ་སྐྱེའི་ལུས་གཞན་ལ་ནི་མ་ཡིན་ནོ། །མི་དྲན་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལན་པ་དེ་ལུས་གཞན་གྱིས་མི་དྲན་པའི་ཕྱིར་རོ། །སུ་ཞིག་གེགས་བྱེད་ཅེས་བྱ་བ་ནི། དེ་ལ་རྟེན་སྐལ་བ་མི་ཉམས་པ་འགེགས་མེད་པའོ། །ཉིན་ཞག་གཉིས་པ་ལ་སོགས་པ་ལ་རྟེན་ཐ་དད་པའི་ཕྱིར་དེ་དག་ལ་དེ་དང་སྦྱོར་བའི་གེགས་མེད་པ་མ་ཡིན་ནོ། །རྟེན་དེ་ཉིད་ཀྱི་དེར་སྦྱོར་བ་ལས་གེགས་མི་དྲན་པ་མ་ཡིན་


DTG210_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྡོམ་པ་ཡང་དག་པར་བླངས་པ་དྲན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཤི་བ་སྡོམ་པ་སྐྱེ་བར་རིགས་པ་དང་འགལ་བ་དེ་ལྟར་འདི་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཟླ་བ་ཕྱེད་ལ་སོགས་པར་ཡང་དག་པར་ལེན་པའི་སེམས་སྟོབས་དང་ལྡན་པ་དེ་ལྟར་ཉིན་ཞག་པའི་སྡོམ་པ་ཡང་དག་པར་ལེན་པ་མ་ཡིན་པ་དེའི་ཕྱིར་ཉིན་ཞག་གི་འོག་ཏུ་སྡོམ་པ་སྐྱེ་བ་ཡང་མི་འགལ་ལོ། །སློབ་དཔོན་འདུས་བཟང་ན་རེ་འདུལ་བ་དང་ལྡན་པའི་དོན་དག་ལ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྟོག་གེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མི་ནུས་ཏེ། གང་སྡོམ་པ་དེ་དག་ལས་ཁ་ཅིག་ནི་ཚོགས་ཀྱི་ནང་དུ་གསོལ་བ་དང་གཞིའི་ལས་ཀྱིས་འཐོབ་ལ། ཁ་ཅིག་ནི་གང་ཟག་གཅིག་ལས་གསོལ་བ་ཙམ་གྱིས་ཐོབ་ལ། ཁ་ཅིག་གིས་དེ་ཡང་མེད་པར་ཐོབ་པ་འདི་ལ་རྒྱུ་ཅི་ཞིག་ཡོད་པ་ཞེས་ཟེར་རོ། །མཚམས་མེད་པ་བྱེད་པ་རྒྱུ་དང་འབྲས་བུའི་འབྲེལ་པ་ངེས་པ་རྣམས་ལ་རྟེན་པ་དང་བྲལ་བ་མེ་ཤི་བ་ལྟ་བུ་རྣམས་བཀག་སྟེ། མཚམས་མེད་པ་བྱེད་པ་རྣམས་ནི་རབ་ཏུ་དབྱུང་བར་མི་བྱ་བསྙེན་པ་རྫོགས་པར་མི་བྱའོ་ཞེས་འབྱུང་ངོ༌། །དེའི་ཕྱིར་གང་དེ་ལྟར་འཐོབ་ཀྱི་རྣམ་པ་གཞན་ནི་མ་ཡིན་ཞེས་སྟོན་པས་གཟིགས་ཤིང་དེ་ཁོ་ན་ལྟར་བསྟན་པ་འདི་ནི་སྡོམ་པའི་རིགས་ཁོ་ན་དེ་ལྟར་གནས་པ་ཡིན་པས་འདི་ལ་རྒྱུ་བཙལ་བར་མི་བྱའོ་ཞེས་སྨྲའོ། །ཉིན་ཞག་པའི་ཕྱིར་ཐམས་ཅད་བསྟན་པ་ཉིད་དོ་ཞེ་ན་འདི་གྲུབ་པ་ལ་ལན་ཡིན་ནོ། །འདི་གྲུབ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་འདི་ལན་མ་ཡིན་ནོ། །དགེ་འདུན་ཕལ་ཆེན་པའི་སྡེ་པ་དག་ཀྱང༌། ཇི་སྲིད་འཚོ་དང་ཉིན་ཞག་པ། །ཇི་སྲིད་དུས་ཀྱི་སྡོམ་པའོ། །ཞེས་འདོན་ཏོ། །ཉིན་ཞག་པ་ཉིད་ཅེས་བྱ་བ་ནི། གཞན་དུ་ན་ཞག་ལྔའམ་ཞག་བཅུ་པ་ཡང་བསྟན་པར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་དུ་ནི་ཉིན་ཞག་པའི་སྡོམ་པ་བསྟན་པ་ལས་ངེས་པར་བྱའོ། །འདི་ཉིན་ཞག་པའི་སྡོམ་པ་ཡིན་པའི་ཕྱིར་དེ་ལྟར་བསྟན་ཏོ་ཞེས་སོ། །འོན་ཏེ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་


DTG210_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབྱུང་སྟེ། སློབ་དཔོན་འདུས་བཟང་ནི། དེ་ནི་གལ་ཏེ་དབང་པོ་གདུལ་དཀའ་བ་ལ་བལྟོས་ནས་ཉིན་ཞག་པ་བསྟན་ནི་དབང་པོ་ཆེས་གདུལ་དཀའ་བ་ལ་བལྟོས་ནས་ཡུད་ཙམ་མམ་ཉིན་ཞག་པ་ཉིད་བཤད་པ་མ་ཡིན་ནོ། །དེ་དེ་ལྟར་བརྟག་གལ་ནུས་ཞེས་བྱ་བ་ནི་ཐལ་མ་ཐག་ཏུ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་སྟེ། འདིས་ནི་ཉིན་ཞག་གི་འོག་ཏུ་ཡང་སྡོམ་པ་སྐྱེའོ་ཞེས་བྱ་བའི་ལུང་མེད་པར་སྟོན་ཏོ། །ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་ཞེས་སློབ་དཔོན་གྱིས་རྒྱས་པར་སྨོས་པ་ལ། ཡང་ཅི་ལྟར་རིག་པ་དང་མི་འགལ་ཞེ་ན། ལུས་སྐལ་བ་འདྲ་བའི་ཕྱིར་དང་དེས་དེར་སྦྱོར་བ་བྱས་པའི་ཕྱིར་དྲན་པའི་ཕྱིར་རོ། །ཕྱིན་ཆད་སུ་ལ་ཡང་མི་བསྟན་པས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཁྱིམ་པ་ཐམས་ཅད་དབང་པོ་གདུལ་དཀའ་བ་ནི་མ་ཡིན་ཏེ། དེའི་ཕྱིར་ཕྱིན་ཆད་སྐྱེ་བ་མི་སྲིད་པས་ཉིན་ཞག་གི་འོག་ཏུ་སུ་ལ་ཡང་མ་བསྟན་ཏོ་ཞེས་བྱ་བར་ཤེས་སོ་ཞེས་ཟེར་རོ། །དེ་དེ་ལྟར་ནོད་མོད་ཅེས་གྲག །གྲག་ཅེས་བྱ་བའི་སྒྲ་ནི་མ་རངས་པར་བསྟན་པའི་ཕྱིར་རོ། །དུས་གཞན་གྱི་བར་དུ་ལོག་པར་ཞུགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཉིན་ཞག་ཏུ་སྡིག་པ་བྱ་བའི་བསམ་པས་སྡིག་པའི་བྱ་བ་བྱེད་པ་ནི་སྡོམ་པ་ཡང་མ་ཡིན་ལ། སྡོམ་པ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ལྟ་ན་ལོ་ནི་བསྙེན་གནས་ཀྱི་སྡོམ་པ་ལ་ཡང་ཉིན་ཞག་ཁོ་ནར་བསམ་པ་ལོག་པ་མ་ཡིན་པར་ཞུགས་པས་དེ་ཡང་ཐོབ་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་བསྙེན་གནས་ཀྱི་སྡོམ་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡིག་པ་བྱ་བའི་བསམ་པས་ཞེས་བྱ་བ་ནི་སྡོམ་པ་བྱ་བའི་མནོ་བསམ་མོ། །རྗེས་སུ་འབྲེལ་པ་དང་བཅས་པ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པ་སྟེ། དེ་ལས་སྐྱེས་པ་དང་དེའི་རྒྱུའི་བག་ཆགས་དེ་ཡོད་པས་སེམས་དགེ་བ་ཡང་དེ་དང་ལྡན་པ་སྟེ། སྡོམ་པ་མ་ཡིན་པ་དང་ལྡན་པ་ཞེས་བྱ་བའོ། །དེ་མ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་སྡིག་པ་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་དང་བཅས་པ་སྟེ། དེ་མ་སྤངས་པ་ནི་བསམ་པ་ཐག་པ་ནས་སྡིག་པའི་བྱ་བ་ཡོངས་སུ་མ་བཏང་


DTG210_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ནི་ཟས་ཟོས་ནས་ཀྱང་ནོད་པར་བྱ་བ་འབྱུང་ངོ༌། །ཡང་ཅི་ནོད་པའི་སྔ་རོལ་ཏུ་ཟོས་པ་ལ་སྡོམ་པ་སྐྱེ་འམ་འོན་ཏེ་མི་སྐྱེ། གལ་ཏེ་སྐྱེ་ན་ནི་སྡོམ་པར་རྣམ་པར་རིག་བྱེད་ལ་རག་ལས་པ་ཉམས་པར་འགྱུར་ལ་ནད་པར་ཡང་དོན་མེད་པར་འགྱུར་རོ། །སྔར་ཡང་དག་པར་བླངས་པའི་རྒྱུ་མཚན་ལས་ཁས་བླང་བར་བྱའོ། །དེའི་ཕྱིར་འདི་ཉིན་ཞག་པར་མི་འགྱུར་རོ། །ཅི་སྟེ་མི་སྐྱེ་བ་དེ་ལྟ་ན་ཡང་ཉིན་ཞག་པ་ཉིད་ལ་ནོད་པར་འགྱུར་རོ། །འབོགས་པ་དང་ནོད་པ་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི། སྔར་རམ་མཉམ་དུ་སྨྲ་ནའོ། །ཡན་ལག་བརྒྱད་ཚང་བ་ཞེས་བྱ་བ་ནི། ཡན་ལག་བརྒྱད་ཁོ་ན་ཡང་དག་པར་ནོད་པར་བྱ་བ་སྟེ། སྤོང་བ་རྣམས་ཕན་ཚུན་རག་ལས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྲོག་གཅོད་སྤོང་བ་པ་ལ་སོགས་པ་མཚན་ཉིད་ཐ་དད་པ་བཞི་པོ་ཡང་རྒྱུད་གཅིག་ལ་ཅིག་ཅར་འགྱུར་གྱི། སྤོང་བ་ཉུང་དུ་དང་ཆེས་མང་པོ་ལ་རག་ལས་པ་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་མ་ནོས་པ་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲས་ནི་སྡོམ་པ་ལེགས་པར་སྤྱད་པ་ལས་ཁྱད་པར་དུ་བྱེད་པ་སྟེ། འདི་ཡང་འབྲས་བུ་ཡིད་དུ་འོང་བ་འདྲེན་པར་བྱེད་པ་ཁོ་ནའོ། །གསོལ་བ་འདེབས་པའི་ཕྱིར་ཞེས་བྱ་བ་ནི་རྒྱས་པར་ཅེས་བྱ་བའི་ཐ་ཚིག་གོ །གར་དང་གླུ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རོལ་མོ་དང་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང་ཁ་དོག་བསྡུའོ། །དེ་མེད་ན་ཞེས་བྱ་བ་ནི་དུས་ཟ་བའོ། །གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི་བསྙེན་གནས་དང་སྐྱོ་བའི་དྲན་པ་སྟེ། རབ་ཏུ་བྱུང་བ་རྣམས་ཀྱིས་དུས་སུ་ཟ་བའི་ཁྱིམ་པ་རྣམས་ཀྱི་སྐྱོ་བ་འདྲེན་པར་བྱེད་པ་ཡིན་ནོ། །གཉིས་སུ་བྱའོ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་གཉིས་སུ་བྱེད་ཅེ་ན། གཞན་དུ་ན་ནི་གསོ་བ་ཡན་ལག་བདུན་དུ་འགྱུར་གྱི་ཡན་ལག་བརྒྱད་དུ་ནི་མ་ཡིན་ནོ། །དཔེར་ན་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལམ་ཡན་ལག་བརྒྱད་ཅེས་


DTG210_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདིར་ནི་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་ཏེ། ལམ་ནི་ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བྱང་ཆུབ་ཡན་ལག་གོ །བསམ་གཏན་ཡན་ལག་ལྔ་པ་དང་བསམ་གཏན་ཡན་ལག་བཞི་པ་ཞེས་བྱ་བ་དེར་ཡང་ཏིང་ངེ་འཛིན་ཁོ་ན་བསམ་གཏན་གྱི་ཡན་ལག་ཏུ་བཤད་དོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བདག་ཉིད་ཀྱི་ཡན་ལག་བརྒྱད་པར་མི་འགྱུར་ཏེ། དེར་སྔར་སྐྱེས་པའི་ཡང་དག་པའི་ལྟ་བ་ལ་ཡན་ལག་མེད་པས་ཡན་ལག་བདུན་པར་འགྱུར་རོ། །སྐད་ཅིག་མ་དང་པོ་སྨོས་པ་ནི། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ལ་ནི་སྔར་སྐྱེས་པའི་ཡང་དག་པའི་ལྟ་བ་ཡོད་པས་ཡན་ལག་བདུན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་ངོ༌། །སྐད་ཅིག་མ་ཕྱི་མ་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ཏེ། དེ་ལས་ཕྱི་མར་བྱང་ཆུབ་གཞན་ཡོད་པ་མ་ཡིན་པས་གང་གི་ཡན་ལག་ཡིན་པ་དེར་འགྱུར་རོ། །གནས་བརྟན་འདུས་བཟང་ན་རེ། ཅིག་ཅར་སྐྱེ་བ་ཉིད་ཀྱིས་ཡང་དག་པའི་ལྟ་བའི་མི་མཐུན་པའི་མཚན་ཉིད་ཀྱི་ཕྱིར་ལམ་དང་ལམ་གྱི་ཡན་ལག་རྣམ་པར་གཞག་གོ །ཆོལ་བའི་རང་བཞིན་གྱི་ཕྱིར་ལམ་ཞེས་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ཡང་དག་པའི་ལྟ་བ་ལམ་གྱི་ཡན་ལག་མ་ཡིན་ན་ཡང་དག་པའི་རྟོག་པ་ལ་སོགས་པ་རྣམས་ཀྱང་ལམ་མ་ཡིན་ཏེ། ཡང་དག་པར་མཐོང་བ་གཅིག་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་དག་པའི་རྟོག་པ་ལ་སོགས་པ་རྣམས་ཉེ་བར་བཏགས་པ་ལས་ལམ་ཉིད་དུ་འདོད་ཀྱི། དོན་དམ་ལས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་འོ་ན་ཡང་དག་པའི་ལྟ་བ་ཡང་ཉེ་བར་བཏགས་པ་ལས་ལམ་གྱི་ཡན་ལག་ཉིད་མིན་གྱི། དོན་དམ་པ་ལས་མ་ཡིན་ནོ། །ལམ་གྱི་ཡན་ལག་བརྒྱད་དུ་འགྱུར་བར་འདོད་ཀྱི་ནི་དོན་དམ་པ་ཉིད་ལས་ཡན་ལག་བརྒྱད་དོ། །ཐམས་ཅད་ཀྱི་རང་གི་བདག་ཉིད་ཀྱི་ཡན་ལག་ཉིད་མི་ལྡན་པ་ལས་ཡན་ལག་བདུན་ཉིད་དོ། །མཱརྒ་སྱ་ན་བི་ནི་བརྟ་ལམ་གྱི་ཟློག་པ་མ་ཡིན་པ་ལ་མ་ཡིན་ཏེ་ན་


DTG210_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྱ་ཏ་ཀིཉྩི་དཔྱ་པ་དེ་ཤྱ་ཏེ། ཡ་སྱ་ཏཱ་ནྱཱཥྞཱི་གཱ་ནི་སྱུ་རི་ཏི། མི་ཤེས་པ་ནི་མ་གཏོགས་སོ། །ཞེས་བྱ་བ་ནི་འཕོགས་པར་བྱེད་པ་དང་ནོད་པར་བྱེད་པ་བརྗོད་པ་དང་མ་བྱང་བ་སྟེ། དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང༌། ལོག་པར་ཞུགས་པའི་བསམ་པ་ཅན་ལ་ནི་སྡོམ་པ་གཞན་ཅུང་ཟད་ལྡན་པ་གང་གི་དེ་རྣམས་ཡན་ལག་བརྒྱད་དུ་འགྱུར་ཞེས། མི་སྐྱེ་སྟེ། གང་ཞིག་མི་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི་ལོག་པར་ཞུགས་པ་འམ། ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་པ་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེའོ། །ཁྱིམ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །གོས་དཀར་པོ་བགོས་པ་ཞེས་བྱ་བ་ནི་བཤད་པའོ། །སྐྱེས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །ཕོའི་དབང་པོ་དང་ལྡན་པ་ཞེས་བྱ་བ་ནི་བཤད་པའི་ཚིག་གོ །ཁ་ཆེ་བ་རྣམས་ན་རེ་སྡོམ་པ་མེད་པར་མི་འགྱུར་ཏེ། དགེ་སློང་དང་དགེ་ཚུལ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་སྐྱབས་སུ་འགྲོ་བ་ཁས་བླངས་པ་ཁོ་ནས་དགེ་བསྙེན་གྱི་སྡོམ་པ་ཐོབ་ན་ནི། འོ་ན་ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་འོག་ཏུ་ཡང་དགེ་བསྙེན་གྱི་སྡོམ་པ་ལེན་ཞེ་ན། དེའི་ཕྱིར་སྡོམ་པ་ཐོབ་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དགེ་སློང་གིས་ནི་གསོལ་བ་དང་གཞིའི་ལས་ཀྱིས་སྡོམ་པ་ཐོབ་ལ། དགེ་ཚུལ་གྱིས་ཀྱང་བདག་མིང་འདི་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་དེ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་ནི་རབ་ཏུ་སྤོང་ངོ༌། །རབ་ཏུ་བྱུང་བའི་རྟགས་ནི་ཡང་དག་པ་ལེན་ཏོ། །བདག་དགེ་ཚུལ་ལེགས་པར་གཟུང་དུ་གསོལ། དེ་སྐད་དུ་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་དོ་ཞེས་ཁས་བླངས་པ་འདིས་སྡོམ་པ་འཐོབ་པོ། དེ་ལྟར་དགེ་སློང་དང་དགེ་ཚུལ་སྡར་སྡོམ་པ་ཐོབ་ཟིན་པ་དེ་གཉིས་ཤེས་པར་བྱ་བའི་ཕྱིར་ཕྱིས་བསླབ་པའི་གཞི་རྣམས་འཛིན་དུ་འཇུག་པ་དེ་བཞིན་དུ་དགེ་བསྙེན་ཡང་ཡིན་ནོ། །སྣ་གཅིག་སྤྱོད་པ་ནི་གང་ཞིག་བསླབ་པའི་གཞི་གཅིག་


DTG210_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བའོ། །ཕྱོགས་གཅིག་སྲུང་བའི་ནི་གང་ཞིག་གཉིས་སམ་གསུམ་སྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་གང་ཞིག་བཞི་སྲུང་བའོ། །ཡོངས་སུ་རྫོགས་པར་སྤྱོད་པ་ནི་གང་ཞིག་བསླབ་པའི་གཞི་ལྔ་པོ་ཐམས་ཅད་སྲུང་བའོ། །མདོའི་ཚིག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་ཆེན་གྱི་མདོའི་ཚིག་སྟེ། དེ་ལས་ནི་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནམ་འཆིའི་བར་དུ་སྲོག་གཅོད་པ་སྤང་ངོ་ཞེས་བྱ་བ་དེ་ལྟར་མི་འདོད་པའི་ཕྱིར་རོ། །དེ་ཉིད་ལས་དགེ་བསྙེན་གྱི་མཚན་ཉིད་བསྟན་གྱི་ཞེས་བྱ་བ་ནི། མིང་ཆེན་གྱི་མདོ་ལས་ཏེ། དེའི་ཕྱིར་ཚིག་འདི་ལས་སྐྱབས་སུ་འགྲོ་བ་ཙམ་གྱིས་དགེ་བསྙེན་གྱི་སྡོམ་པ་མི་ཐོབ་སྟེ། མིང་ཆེན་གྱི་མདོ་ལས་མི་འདོན་པའི་ཕྱིར་རོ། །ཤེས་ནས་དད་པའི་རྒྱུས་ཞེས་བྱ་བ་ནི། ཤེས་ནས་དད་པ་ལས་བྱུང་བ་ཞེས་བྱ་བའི་དོན་ཏོ། །གང་ནས་ཀྱང་མི་འབྱུང་ན་ཞེས་བྱ་བ་ནི་མིང་ཆེན་གྱི་མདོ་འམ་གཞན་ནས་སོ། །སུ་ཞིག་ཡོངས་སུ་མི་གསལ་བའི་དོན་འདི་འདོན་པར་བྱེད་ཅེས་བྱ་བ་ནི། ཅི་སྲོག་སྤོང་དམ་འོན་ཏེ་སྲོག་གཅོད་པ་སྤོང་ཞེས་མི་ཤེས་པའོ། །ཞུ་བ་ཉིད་ཀྱང་མི་འཐད་ན་ཞེས་བྱ་བ་ནི། བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་གྱི་སྡོམ་པ་ལ་སྣ་གཅིག་སྤྱོད་པར་འགྱུར་བ་ལགས་ཞེས་བྱ་བ་ནས་ཡོངས་སུ་རྫོགས་པར་སྤྱོད་པ་ལགས་ཞེས་བྱ་བའི་བར་གྱི་ཞུ་བ་དེ་ནི་མི་འཐད་པ་སྟེ། གང་དུ་ཞུ་བ་མི་འཐད་པར་དེར་ལན་ཇི་ལྟར་འཐད་པར་འགྱུར། མིང་ཆེན་འདི་ནི་དགེ་བསྙེན་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ཏེ། མིང་ཆེན་འདི་ཙམ་གྱིས་ནི་དགེ་བསྙེན་གྱི་བསླབ་པ་ལས་སྣ་གཅིག་སྤྱོད་པ་ཡིན་ཞེས་བྱ་བ་ནས་ཇི་སྲིད་ལྔ་སྤོང་བ་ལས་ཡོངས་སུ་རྫོགས་པའི་པར་དུ་འགྱུར་རོ། །གཞི་དེ་ཙམ་ཞིག་བཟོད་པ་ལ་ནི་བསླབ་པའི་གཞི་གཅིག་བཟོད་པ་ནས་ལྔ་ཆར་ཡང་བཟོད་པའི་བར་ལའོ། །ཡན་ལག་ངེས་པ་ཡིན་ཞེས་བྱ་བ་ནི་ཡན་ལག་ལྔ་དང་བཅུ་དང་ཡན་ལག་ཐམས་ཅད་དོ། །སློབ་དཔོན་འདུས་བཟང་ན་རེ། །མིང་ཆེན་གྱི་མདོ་འདི་ཁ་ཆེ་བ་རྣམས་ཀྱང་


DTG210_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཏེ། །འདོན་པ་འདི་ལ་རིག་པ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དོ། །ཉི་འོག་པ་གང་དག་དེ་ཉིད་མི་འདོན་ནོ། །འདོན་པ་གཞན་མ་ཡིན་ནོ་ཞེས་རྟོགས་པར་ནུས་པས་ཁ་ཆེ་བ་རྣམས་སྲོག་དང་ལྡན་པ་བྱུང་བ་ལས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཞེས་མི་ཟེར་རོ། །འོ་ན་ཅི་བདག་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་འབྱུང་བས་དགེ་བསྙེན་ཁས་བླངས་ཏེ། དཔེར་ན་འོད་སྲུངས་ཆེན་པོ་ནི་ཉན་ཐོས་དེ་རྣམས་ལ། དེ་ལྟར་ཁས་བླངས་པས་དགེ་བསྙེན་གྱི་བསླབ་པའི་གཞི་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པས་དེའི་ཕྱིར་དེ་ཁས་བླངས་པས་དེ་དག་ཁས་བླངས་པར་འགྱུར་རོ་ཞེས་སོ། །འདི་རྒྱས་པ་ལས་རབ་ཏུ་བྱུང་བ་ཉིད་དུ་ཉེ་བར་བསྡུ་བར་བྱའོ། །སྲོག་སྡོང་ངོ་ཞེས་བྱ་བ་དེ་གལ་ཏེ་ངེས་པར་བསྟན་པ་ཡང་མདོ་སྡེ་པ་རྣམས་ནི་མི་འདོན་ན་ད་ཅི་ཞིག་བྱ། གལ་ཏེ་དགེ་བསྙེན་ཉིད་དུ་ཁས་བླངས་པ་ཁོ་ནས་སྡོམ་པ་ཐོབ་ན། དེ་ལྟར་མདོ་ལས་གསུངས་པ་ལ་དོན་ཅི་ཞིག་ཅེ་ན། ཇི་ཙམ་གྱིས་དགེ་བསྙེན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བའོ། །འདིར་དགེ་བསྙེན་གྱིས་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་ནས་ཇི་སྲིད་ཆང་འཐུང་བའི་བར་ལས་སོ། །དེའི་ཕྱིར་སྡོམ་པ་མེད་པར་ཡང་དགེ་བསྙེན་ཡོད་དོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ཡང་ཆོས་མངོན་པ་ལས་བཤད་པའི་ཚུལ་གྱིས་དྲི་བ་འདི་རུང་ན། བསླབ་པའི་གཞི་གཅིག་ལས་འདས་ན་བསླབ་པ་ཐམས་ཅད་ལས་འདས་པར་འགྱུར་རམ་ཅི་ཞེ་ན། དྲི་བ་འདི་ནི་སྐྱབས་སུ་སོང་བ་ཙམ་ལས་དགེ་བསྙེན་སོ་སོར་གྲུབ་པ་མ་བསླབ་པའི་གཞི་བླངས་པ་ལས་ཀྱང་དེའི་དབྱེ་བ་གྲུབ་པ། བསླབ་པའི་གཞི་དུ་བླངས་པ་ལས་སྣ་གཅིག་སྤྱོད་པ་ནས་ཡོངས་སུ་རྫོགས་པའི་བར་དུ་འགྱུར་བ་འཐད་དོ། །ནཱ་ནྱ་ཐ་ཏྱ་ནྱ་ད་སྱ་ཏྭ་པ་རི་ཧཱ་རེ་ཙྪ་ཡཱ་བ་དུཀྟི། ཏ་ཏྭ་པཱ་རཱ་དི་ཏི། རྣམ་པ་གཞན་དུ་མ་ཡིན་པ་ཞེས་པ་གཞན་ལས་ཀྱང་འདིར་ལན་ལ་གྲིབ་མ་བཞིན་ཞེས་སྨྲས་སོ། །དེ་ཁོ་ན་ཉིད་སྙིང་པོ་ལས་ཞེས་སོ། །གཞུང་མངས་པའི་འཇིགས་


DTG210_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགག་པ་མ་བྱས་སོ། །ཆུང་ངུ་ལ་སོགས་ཡིད་ཇི་བཞིན་ཞེས་བྱ་བ་ནི། ཇི་ལྟར་དེའི་དགེ་བ་ཉིད་སེམས་ལ་རག་ལས་པ་དེ་བཞིན་དུ་ཆུང་ངུ་ལ་སོགས་པ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་མི་ཤེས་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། འབོགས་པ་པོ་དང་ནོད་པ་པོ་སྟེ། ཐེ་ཚོམ་ཟ་ན་སྐྱབས་སུ་མི་འགྲོ་བ་ལ་དགེ་བསྙེན་གྱི་སྡོམ་པ་མེད་དོ། །བྱེད་པའི་ཆོས་ཞེས་བྱ་བ་ནི་སངས་རྒྱས་སུ་བཏགས་སུ་རྒྱུ་སྟེ། དེ་ཉིད་ཀྱི་ཕྱིར་གང་དག་གཙོ་བོར་གྱུར་པས་ཞེས་བྱ་བ་སྨོས་ཏེ། ཡང་དག་ན་གང་དག་བརྙེས་པས་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་སངས་རྒྱས་ཡིན་པའོ་ཞེས་བྱ་བ་ནི། དེ་དག་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པ་དེ་ཡིན་པ་དེའི་ཕྱིར་ཆོས་དེ་དག་ནི་སངས་རྒྱས་སུ་བྱེད་པ་ཞེས་བྱའོ། །དེ་གང་ཞེ་ན་ཟད་པ་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་མི་སྐྱེ་བ་ཤེས་པ་དང། མི་སློབ་པའི་ཡང་དག་པའི་ལྟ་བ་བསྡུའོ། །འཁོར་སྨོས་པ་ནི་ཟག་པ་མེད་པའི་ཕུང་པོ་ལྔ་བསྡུའོ། །གཟུགས་ཀྱི་སྐུ་ནི་སྔ་མ་བྱང་ཆུབ་སེམས་དཔའི་གནས་སྐབས་དང༌། ཕྱི་མ་སངས་རྒྱས་ཉིད་ཀྱི་གནས་སྐབས་སུ་བྱེ་བྲག་མེད་པའི་ཕྱིར་རོ་སྟེ། གཟུགས་གྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །མཚན་ཉིད་ཀྱི་སྒོ་ནས་ནི་སངས་རྒྱས་ཐམས་ཅད་ལ་ཞེས་བྱ་བ་ནི་བསམ་པའི་སྒོ་ནས་མ་ཡིན་པ་སྟེ། དེ་ཉིད་ལ་རྒྱུ་ལ་མ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། ལམ་སྨོས་པ་ནི་སྐུ་ཚེ་ལ་སོགས་པ་རྣམས་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་རོ་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་ཆོས་ཉིད་ལས་མི་ཕྱེད་པའི་ཕྱིར་རོ། །ཅི་དགེ་འདུན་ཐམས་ཅད་ལ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ལའོ། །ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཡན་ལག་བརྒྱད་ཉིད་དང༌། ཟག་པ་མེད་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དགེ་འདུན་


DTG210_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྐྱབས་སུ་འགྲོ་ན་མདོ་ལས། གལ་ཏེ་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་ནས། རིང་པོ་མ་ལོན་པར། མ་འོངས་པའི་དགེ་འདུན་གཅིག་པུའི་དབང་དུ་མཛད་ནས་གང་ཡང་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་སོང་ཞིག་ཅེས་གང་གསུངས་པ་དེ་ཇི་ལྟར་ཞེ་ན། དེའི་ཕྱིར་གང་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་གི་མངོན་སུམ་ཞེས་བྱ་བ་ནི་ག་གོན་དང་བཟང་པོ་གཉིས་ཀྱིས་མངོན་སུམ་དུ་འགྱུར་བའོ། །དགེ་འདུན་དཀོན་མཆོག་ཅེས་བྱ་བ་ནི། དགེ་འདུན་དཀོན་མཆོག་གང་ཞིག་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཇུག་ཐོགས་སུ་འབྱུང་བར་འགྱུར་བ་དེ་སྟེ། བརྗོད་པའི་ཕྱིར་ཞེས་བྱ་བ་ནི། དེ་ལྟར་མཐུ་དང་ལྡན་པ་དེ་འབྱུང་བར་འགྱུར་རོ་ཞེས་ཡོན་ཏན་གྱི་སྒོ་ནས་གསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་དག་ཞི་བར་མཚན་ཉིད་ཐ་མི་དད་པའི་ཕྱིར་ན་གང་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པ་ཐམས་ཅད་ལ་སྐྱབས་སུ་འགྲོའོ། །རྟེན་ལ་གནོད་པར་བྱས་པས་ཞེས་བྱ་བ་ལ། རྟེན་ནི་གང་ན་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་རྣམས་ཡོད་པས་གཟུགས་ཀྱི་སྐུ་སྟེ། དེ་ལ་གནོད་པ་བྱས་པས་ནི་འདིར་ཉམས་པར་བྱས་པ་ལ་མངོན་པར་འདོད་དོ། །དེ་དག་ལ་ཡང་གནོད་པ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པ་བྱས་པར་འགྱུར་བ་སྟེ། དཔེར་ན་མིག་ལ་གནོད་པ་བྱས་པས་དེ་ལ་བརྟེན་པ་རྣམ་པར་ཤེས་པ་ལ་ཡང་གནོད་པ་བྱས་པར་འགྱུར་བ་བཞིན་ནོ། །དེ་སྐད་དུ་མི་འབྱུང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །མི་སློབ་པའི་ཆོས་སངས་རྒྱས་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་ནི་མི་འབྱུང་ངོ༌། །མི་སློབ་པའི་ཆོས་གང་ཡིན་པ་ལས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱེད་པ་མ་ཡིན་གྱི། མི་སློབ་པའི་ཆོས་སངས་རྒྱས་སུ་བྱེད་པའི་ཆོས་ལ་སྐྱབས་སུ་


DTG210_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །འདིར་མི་སློབ་པའི་ཆོས་སངས་རྒྱས་སུ་བྱེད་པ་ཞེས་བཤད་ཀྱི། སངས་རྒྱས་མ་ཡིན་པས་དེའི་ཕྱིར་ཀླན་ཀ་མེད་དོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཞིང༌། སློབ་པ་དག་མི་སློབ་པའི་ཆོས་དག་དགེ་འདུན་ཡིན་གྱི་རྟེན་མ་ཡིན་ཏེ། དེ་ལྟར་ན་འཇིག་རྟེན་པའི་སེམས་ལ་གནས་པས་སངས་རྒྱས་མ་ཡིན་ཞིང་དགེ་འདུན་མ་ཡིན་པར་འགྱུར་རོ། །འདི་ལྟར་སློབ་པ་དང་མི་སློབ་པ་འཇིག་རྟེན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང༌། འཇིག་རྟེན་པའི་སེམས་འབྱུང་བའི་གནས་སྐབས་སུ་སློབ་པ་དང་མི་སློབ་པའི་ཆོས་འབྱུང་བ་ཡང་མ་ཡིན་ལ། གང་དག་ལ་ཡོད་པ་དེ་དག་ཀྱང་སངས་རྒྱས་སུ་བྱེད་པ་མ་ཡིན་ཞིང༌། དགེ་འདུན་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་སྟེ་སྔོམ་པ་ཞེས་བྱ་བ་ཡང་དགེ་སློང་དུ་གྱུར་གྱི་རྟེན་ནི་མ་ཡིན་ཏེ། དེ་ལྟ་ཡིན་དང་དགེ་སློང་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཐ་དད་ཀྱི་སྒོ་ནས་སྟོན་པར་མི་འགྱུར་བ་ཞིག་ལ། གང་ན་ཚུལ་ཁྲིམས་ཉིད་ཡོད་པ་དེ་ནི་དགེ་སློང་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡང་ཡིན་ནོ། །ཇི་ལྟར་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་དགེ་སློང་མཆོད་པར་བྱེད་པ་དེ་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་མཆོད་པར་བྱེད་དོ་ཞེས་ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་སློང་མཆོད་པར་བྱེད་དོ་ཞེས་བྱ་བ་ཡིན་གྱི། ཚུལ་ཁྲིམས་ཉིད་དགེ་སློང་ནི་མ་ཡིན་པ་དེ་བཞིན་དུ་མི་སློབ་པའི་ཆོས་ཀྱི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་མི་སློབ་པ་ལ་སྟེ། འདི་སངས་རྒྱས་སུ་བྱེད་པའི་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །ཡང་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་མ་ཡིན་ཏེ། དེའི་ཕྱིར་ཅི་ལྟར་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཞེས་བྱ་བ་འདི་ཡང་ཞེས་སོ། །དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཞེས་བྱ་བ་ནི། དེ་དག་ཐུན་མོང་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ན་ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཁས་ལེན་


DTG210_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། སེམས་ཀྱིས་ཀུན་ནས་བསླང་བའི་ཚིག་གིས་སྐྱབས་སུ་འགྲོའོ། །སེམས་མེད་པར་ནི་མ་ཡིན་ནོ། །དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ་ཞེས་བྱ་བ་ལ། སྐྱབས་སུ་འགྲོ་བ་ནི་ཡང་དག་པར་བསྒྲུབ་པའི་ས་བོན་ཡིན་ལ། ཡང་དག་པར་བསྒྲུབ་པ་ནི་བདེན་པ་མཐོང་བ་སྟེ། དེ་ལྟར་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལྡོག་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། སྐྱབས་ཀྱི་དོན་ཞེས་བྱ་བ་ལ། གང་དག་སྐྱབས་སུ་སོང་བས་སྐྱེ་བ་དེ་ལ་བདེན་པ་མཐོང་བ་འམ། ཡང་ན་ངན་སོང་དུ་སོང་ཡང་དེ་དག་སྐྱབས་སུ་སོང་བ་དེ་ཉིད་ཀྱིས་ཚེ་རབས་གཞན་ལ་བདེན་པ་མཐོང་བའི་ས་བོན་དུ་འགྱུར་བ་ལ་འཁྲུལ་པ་མེད་དོ། །དོན་དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྒོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། སྒོ་དང་ཐབས་དང་རྒྱུ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཡང་སྐྱབས་དེ་དག་གིས་ཐ་དད་དུ་བྱ་བ་ནི། མི་སློབ་པ་ནི་སངས་རྒྱས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ཆོས་སོ། །སློབ་པ་དང་མི་སློབ་པ་ནི་དགེ་འདུན་ནོ། །དབང་པོ་བཅུའི་ཕྱོགས་ནི་སངས་རྒྱས་སོ། །བཅུ་གཉིས་ཀྱི་ཕྱོགས་ནི་དགེ་འདུན་ནོ། །མྱ་ངན་ལས་འདས་པ་ནི་དབང་པོ་མ་ཡིན་ནོ། །གང་དག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་གཅིག་ཏུ་འདུས་བྱས་སུ་གྱུར་པའི་དགེ་སློང་གི་ཚུལ་གྱིས་འབྲས་བུ་ལ་སྐྱབས་སུ་འགྲོའོ། །གང་དག་ཆོས་ནི་བདེན་པ་བཞི་སྟེ། དགེ་སློང་གི་ཚུལ་གྱི་འབྲས་བུ་རྣམས་སོ། །གང་དག་དགེ་འདུན་ནི་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་འདུས་བྱས་བཞི་རྣམས་དང་དེ་ལ་ཞུགས་པའི་ལམ་ལ་ཡང་ངོ༌། །ཡང་ཅིའི་ཕྱིར་ཟག་པ་མེད་པ་ལས་རང་སངས་རྒྱས་ཀྱི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་སློབ་པའི་ཆོས་རྣམས་སྐྱབས་ཉིད་དུ་མ་བཞག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་རེ། འཁོར་བའི་འཇིགས་པ་ལས་སྐྱོབ་མི་


DTG210_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཕྱིར་ཏེ། རང་སངས་རྒྱས་རྣམས་ནི་རྗེས་སུ་བསྟན་པ་ལ་ནུས་པ་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་སློབ་པ་ནི་ལུས་མི་ལྡང་བའི་ཕྱིར་མ་ཡིན་ན་ཞེས་ཟེར་རོ། །ཤིན་ཏུ་སྨད་ཕྱིར་ཞེས་བྱ་བ་ལ། གཞན་དག་གི་ཆུང་མ་སུན་འབྱིན་པའི་ཕྱིར་འཇིག་རྟེན་པ་དག་གིས་སྨད་པ་ཡིན་ལ། ངན་སོང་བའི་རྒྱུ་ཡིན་པའི་ཕྱིར་ཡོངས་སུ་དཔྱད་པ་པོ་དག་གིས་སྨད་པའོ། །མི་ཚངས་པར་སྤྱད་པ་ནི། དེ་ལྟར་འཇིག་རྟེན་པ་དང་ཡོངས་སུ་རྟོགས་པ་པོ་དག་གིས་ཤིན་ཏུ་སྨད་པ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པ་ལས་ནི་དཀའ་བའི་ཕྱིར་ཞེས་བྱ་བ་ནི། སྔོན་གོམས་པའི་དབང་གིས་ཏེ་པོར་ཉོན་མོངས་ཀུན་ཏུ་སྤྱོད་པའི་ཕྱིར་དང༌། ཉེས་པར་སྤྱོད་པ་དང་མཐུན་པའི་རྐྱེན་ཉེ་བའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པར་མི་བྱེད་པའི་སྡོམ་པ་འཐོབ་ཀྱི་ཞེས་བཤད་ན། དེ་ནི་མི་ཤེས་སོ་ཞེ་ན། མི་བྱེད་པར་ངེས་པ་ནི་མི་བྱེད་པའི་སྡོམ་པའོ་ཞེས་བྱ་བ་སྨོས་ཏེ། མི་བྱེད་པའི་ཕྱིར་སྡོམ་པ་ནི་མི་བྱེད་པའི་ངེས་པ་སྟེ། མི་བྱེད་པའི་ཕྱིར་ངེས་ཤིང་གཅིག་ཏུ་ངེས་པ་གང་ཡིན་པ་སྟེ། དེ་ནི་མདོ་སྡེ་པའི་ཚུལ་དུ་མི་བྱེད་པའི་སྡོམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱ་ལྟར་ན་ནི་ཚུལ་ཁྲིམས་ཀྱི་ཡན་ལག་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནོ། །ཆུང་མ་ལེན་པར་བྱེད་ན་ཞེས་བྱ་བ་ལ། སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་ཡིན་པ་དེའི་ཕྱིར་རང་གི་ཆུང་མ་ལས་ཀྱང་ཡན་ལག་མ་ཡིན་པའི་རྣམ་པར་རིག་བྱེད་ལ་སོགས་པ་འཐོབ་པོ། ཆུང་མར་གྱུར་པ་ལ་ཞེས་བྱ་བ་ནི། དེའི་ཚེ་གཞན་གྱིས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ཐོབ་པར་གྱུར་པའི་རྫས་ལོངས་སྤྱོད་པ་ལྟར་སྡོམ་པ་ཉམས་པ་མེད་དོ། །བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང༌། །ཞེས་བྱ་བ་ནི་གཞན་སླུ་བའི་ཕྱིར་དང་ངན་སོང་གི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་པ་དང་ཡོངས་སུ་སྤྱོད་པ་པོ་དག་གིས་ཕྲ་མ་ལ་སོགས་པ་དག་པས་བརྫུན་དུ་སྨྲས་བ་ཤིན་ཏུ་སྨད་པ་ཡིན་ནོ། །ཁྱིམ་ན་གནས་པས་སེམས་ཅན་ལོག་པར་བསྒྲུབ་པ་རྣམས་ལ་ཕྲ་མ་ལ་སོགས་པ་སྤོང་བ་དཀའི་བརྫུན་དུ་སྨྲ་བ་ལ་སོགས་པ་སྤོང་བ་ནི་མ་ཡིན་ནོ། །གཞན་བསྲུང་


DTG210_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བ་ལ་ཆང་འཐུངས་ནས་སྲོག་གཅོད་པ་ལ་སོགས་པ་དག་ལ་ཡང་འཇུག་པར་འགྱུར་ཏེ། གང་གི་ཕྱིར་དྲན་པ་དང་ཤེས་བཞིན་འཇོམས་པར་བྱེད་པའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ཀྱི་ཡང་རྒྱུར་འགྱུར་བ་ཡིན་ནོ། །གཉེན་པོའི་བློ་ཁོ་ནས་ཞེས་བྱ་བ་ལ་སྨན་པའི་ངག་གིས་སོ། །གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་ངོ་ཚ་བ་མེད་པར་འཐུང་བ་འང༌། གང་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཁ་ན་མ་ཐོ་བ་མེད་དོ་སྙམ་པའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ནོ། །གང་མྱོས་པར་མི་འགྱུར་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་སྐྱོན་བསལ་བར་བྱ་བའི་ཕྱིར་སྨན་པའི་ངག་གིས་དུག་ལྟར་མྱོས་པར་མི་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ལ། གང་དག་ཇི་ལྟར་ན་འགལ་བར་འགྱུར་སྙམ་སྟེ་མྱོས་པར་བྱས་པའི་ཕྱིར་འཐུང་བ་དེ་དག་སེམས་དེ་ནི་ཉོན་མོངས་པ་ཅན་ཡིན་ནོ། །ཡང་ཁྱད་པར་དུ་ཆང་འཐུང་བ་ཉེས་པར་སྤྱོད་པ་ཉིད་དུ་བསྒྲུབ་པའི་ཕྱིར་དུ་འདུལ་བ་འཛིན་པ་རྣམས་ན་རེ། མྱོས་པར་འགྱུར་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ་ཞེས་སྨྲས་སོ། །གལ་ཏེ་མྱོས་པར་འགྱུར་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་ན་ནི། མྱོས་པར་འགྱུར་བ་དང༌། འཕྲོད་པའི་ཤཱཀྱ་ནད་པ་རྣམས་ལ་གནང་བར་འགྱུར་བ་ཞིག་ན། གནང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་ཆགས་བསད་པ་ལ་སོགས་པ་བཞིན་ནོ། །གང་ཞིག་འཕགས་པ་རྣམས་ཚེ་རབས་གཞན་དུ་མི་བྱེད་པའི་སྡོམ་པ་ཐོབ་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་ལེན་པར་ལ་སོགས་པ་བཞིན་ནོ། །ལུས་ཀྱིས་ཉེས་པར་སྤྱོད་པ་ཞེས་ཀྱང་འབྱུང་བའི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། དེ་ལས་གཞན་པའི་ལུས་ཀྱིས་ཉས་པར་སྤྱད་པ་བཞིན་ནོ། །ལུས་ཀྱིས་ཉེས་པར་སྤྱོད་པ་ནི་རྣམ་པ་བཞི་གསུངས་ཏེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། མྱོས་པར་འགྱུར་བ་འཐུང་བའོ། སྤྱིར་བསྟན་མོད་


DTG210_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐུན་མོང་དུ་བསྟན་མོད་ཀྱི་བཙུན་པ་ཇི་ལྟར་བྲོ་གཡོག་བགྱི། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་ཞེས་བྱ་བ་འདི་ནི་ཕྱིར་བསྟན་པ་ཡིན་ལ། ཤཱཀྱ་ནད་པ་རྣམས་ལ་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལས་སྔ་ཕྱི་འགལ་བ་སྤང་པ་ཡིན་ཏེ། ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ལ་ཆད་ནི་ལན་ཅིག་འཐུངས་ཀྱང་ཞེན་པ་ཅན་དུ་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་གསུམ་པོ་ཆང་དང༌། མི་ཚངས་པར་སྤྱོད་པ་དང༌། རྨུགས་པ་དང་གཉིད་བརྟེན་པ་ནི་ཚིམ་པ་མེད་དོ་ཞེས་གསུངས་སོ། །གང་དག་ཕྱིར་བཅོ་བའི་ཕྱིར་མྱོས་པར་མི་འགྱུར་བའི་ཚང་དུ་འཐུང་བ་ཁ་ཅིག་ཡོད་པ་དེ་དག་ལ་ཅིའི་ཕྱིར་མ་གནང་ཞེ་ན། དེའི་ཕྱིར་མྱོས་པར་འགྱུར་བའི་དྲོད་མ་ངེས་པར་ཞེས་བྱ་བ་སྨོས་སོ། །ཆང་དེ་ཉིད་རྫས་དང་རང་བཞིན་དང་ལུས་ཀྱི་གནས་སྐབས་ལ་བལྟོས་ནས་མྱོས་པར་འགྱུར་བ་ཡང་ཡིན་ལ་མྱོས་པར་མི་འགྱུར་པ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྩྭའི་རྩེ་མོས་འཐུང་བ་བཀག་པ་ཡིན་ནོ་ཞེས་བྱ་བ་ནི། ཐལ་བར་འགྱུར་བ་སྤང་བའི་ཕྱིར་རྩྭའི་རྩེ་མོས་འཐུང་བ་བཀག་པ་ཡིན་ཏེ། དི་ལྟ་ན་ནི་ཐལ་བར་འགྱུར་བ་ཉིད་གཅོད་པ་ཡིན་ནོ། །འཕགས་པ་རྣམས་མི་སྤྱོད་པ་ནི་ངོ་ཚ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། མདོ་ལས་སློབ་པའི་སྟོབས་ལྔ་འབྱུང་སྟེ། དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང༌། ངོ་ཚ་ཤེས་པའི་སྟོབས་དང༌། ཁྲེལ་ཡོད་པའི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་ངོ་ཚ་དང་ལྡན་པའི་ཕྱིར་མི་འཐུང་བར་ཟད་དོ། །ངོ་ཚ་དང་ལྡན་པ་དག་གིས་པ་ཏུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་དེས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཆང་འཐུང་བ་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པར་འགྱུར་རོ། །གལ་ཏེ་དེ་ལྟར་ན་ཇི་ཙམ་གྱིས་དྲན་པ་ཉམས་པར་མི་འགྱུར་པ་ཅུང་ཟད་ཅིག་ཅི་སྟེ་མི་འཐུང་ཞེ་ན། དེའི་ཕྱིར་ཅུང་ཟད་ཀྱང་མི་གསོལ་ཏེ། དུག་བཞིན་དུ་


DTG210_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དཔེར་ན་དུས་དང་རང་བཞིན་དང་མཐུ་དང་ལྡན་པས་དུག་ཆུང་དུས་ཀྱང་རེས་འགའ་འཆི་བར་བྱེད་པ་དེ་བཞིན་དུ་ཆང་ཡང་མྱོས་པར་བྱེད་དོ། །འཕགས་པ་རྣམས་མི་སྤྱོད་པའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྟེ། དུས་མ་ཡིན་པའི་ཁ་ཟས་བཞིན་དུ་ཆང་ཡང་ངོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །འདི་ཡང་མྱོས་པར་འགྱུར་བར་ཤེས་ནས་ལྷག་པར་མི་སྤྱོད་པའི་ཕྱིར་རོ། །ཉེས་པར་སྤྱོད་པ་ཞེས་འབྱུང་བ་ནི། བག་མེད་པའི་གནས་ཡིན་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་ལ། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤངས་ཏེ་ཞེས་སྨོས་སོ། །གཞན་ལ་མ་ཡིན་ཏེ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དག་ལའོ། །མ་སྨོས་པའི་རྒྱུ་བཤད་པ་ནི་དེ་དག་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །ཧ་ཅང་ཀུན་ཏུ་བསྟེན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། །བཅོམ་ལྡན་འདས་ཀྱིས་མདོ་ལས་འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལུས་ཞིག་ནས་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་སོ། །འཕེན་པ་ནི་སྔོན་མེད་པའོ། །སྔོན་བསགས་པ་ནི་འཇུག་པ་ཐོབ་པའི་ཕྱིར་ཏེ། འཆི་བའི་གནས་སྐབས་སུ་འཇུག་པ་ཐོབ་པའི་ཕྱིར་རོ། །བག་མེད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཞེས་བྱ་བ་ནི། བརྗེད་ངེས་པའི་པག་མེད་པ་དང༌། སྲོག་གཅོད་པ་ལ་སོགས་པ་མི་དགེ་ཐམས་ཅད་ཀྱི་གནས་དང་གཞི་དང་རྟེན་ཅེས་བྱ་བའི་ཐ་ཚིག་གོ །བྱ་བ་ལ་བལྟོས་པ་མེད་པར་བྱ་བ་མ་ཡིན་པ་ལ་གཞོལ་བ་ཉིད་ནི་བག་མེད་པར་ཏེ། དེའི་རྒྱུ་ནི་བག་མེད་པའི་གནས་སོ། །ཆང་ནི་དེ་སྤང་བའི་སྡོམ་པ་ཅན་ལ་སྦྱིན་པར་མི་བྱ་སྟེ་བག་མེད་པའི་གནས་ཡིན་པའི་ཕྱིར་རོ། །གང་ལས་གཅིག་འཐོབ་པ་ཞེས་བྱ་བ་ལ། དྲི་བའི་དོན་ནི་ལས་སྦྱོར་བ་དང་དངོས་དང་མཇུག་རྣམས་དང༌། སེམས་ཅན་


DTG210_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ཅན་མ་ཡིན་པར་སྟོན་པའི་གཞི་དག་དང༌། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དག་ལས་ཞེས་བྱ་བའོ། །སྦྱོར་བ་དང་དངོས་དང་མཇུག་ལས་སོ་ཞེས་བྱ་བ་ནི་ལས་ཀྱི་ལམ་གྱི་ལམ་རྣམས་ཀྱི་ཞེས་བྱ་བར་སྦྱར་ཏེ། མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་ཞེས་བྱ་བར་སྦྱར་ཏེ། མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་སྦྱོར་བ་དང་དངོས་དང་མཇུག་དག་ལས་ཅི་རིགས་པར་དེ་དག་གི་གཉེན་པོར་སོ་སོར་ཐར་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་དག་སྐྱེའོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི་གཞིའོ། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ་ཞེས་བྱ་བ་ནི་ལས་དག་ལས་ཏེ་འདི་ནི་རེ་རེ་དང་སྦྱར་བར་བྱའོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་སེམས་ཅན་མ་ཡིན་པར་སྟོན་པ་ཇི་ལྟ་བུ་ཞེ་ན་ས་ལེ་སྦྲམ་བརྐུ་བ་ལ་སོགས་པ་ལྟ་བུའོ། །སེམས་ཅན་དུ་སྟོན་པ་ཇི་ལྟ་བུ་ཞེ་ན། བུད་མེད་ཀྱི་ཡུལ་མི་ཚངས་པར་སྤྱོད་པ་ལྟ་བུའོ། །བཅས་པའི་ཁ་ན་མ་ཐོ་བ་ནི་ཁྱིམ་དུ་ལྷན་ཅིག་ཉལ་བ་ལྟ་བུའོ། །ཁྱད་པར་རང་བཞིན་གྱི་ཁ་ན་མ་ཐོ་བ་སེམས་ཅན་རྟེན་ཅན་གྱི་སྲོག་གཅོད་པའོ། །བཅས་པའི་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པའི་རྟེན་ཅན་ནི་རྩྭ་གཅོད་པ་ལ་སོགས་པའོ། །སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་ཞེས་བྱ་བ་འབྱུང་ངོ༌། །གལ་ཏེ་འདས་པ་དང་མ་འོངས་པ་ལས་ཀྱང་འཐོབ་ན་ནི། དེ་ལྟར་ན་སྲོག་གཅོད་པ་ལ་སོགས་པ་སྤོང་པའི་རང་བཞིན་གང་ཞིག་སེམས་ཅན་དུ་སྟོན་པ་རྣམས་ལས་ཐོབ་པ་དེ་ཉིད་སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམས་ལས་ཀྱང་འཐོབ་པར་འགྱུར་བས་འཚོལ་བར་འགྱུར་རོ། །གལ་ཏེ་ཡང་སོ་སོར་ཐར་པའི་སྡོམ་པ་སེམས་ཅན་དུ་སྟོན་པ་ཡང་མ་ཡིན་པའི་རྟེན་ཅན་ཡང་ཡོད་མོད་ཀྱི། དེ་ནི་སེམས་ཅན་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ད་ལྟར་བ་དག་ཁོ་ན་ལས་འཐོབ་པས་སེམས་ཅན་གྱི་རྟེན་ཅན་ཞེས་པ་རྙེད་ཀྱི། དེ་སེམས་ཅན་མ་ཡིན་པའི་རྟེན་ཅན་ཉིད་ཡིན་པས་འགོག་པ་ནི་མ་ཡིན་ནོ། །ཡང་


DTG210_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་ཅན་གྱི་རྟེན་ཅན་གཙོ་བོ་ཡིན་པའི་ཕྱིར་དང༌། ཅིག་ཤོས་ནི་དེའི་ཡན་ལག་ཏུ་ཉེ་བར་བླངས་པའི་ཕྱིར་སེམས་ཅན་གྱི་རྟེན་ཅན་ཞེས་བསྟན་ཏོ། །སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་ཞེས་བྱ་བ་ནི། མཉམ་པར་གཞག་པའི་གནས་སྐབས་ན་སྡོམ་པ་མེད་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་ཁས་བླངས་པ་མེད་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དུས་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། དེ་དག་དང་ལྷན་ཅིག་འབྱུང་བའི་སེམས་བཞིན་དུ་འདས་པ་དང༌། མ་འོངས་པའི་སྡོམ་པ་གཉིས་ཀྱང་འཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་གི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ད་ལྟར་བ་ཁོ་ན་དང༌། དངོས་ལྟར་སྤྱོར་བ་དང༌། མཇུག་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་ལྟར་བཅས་པའི་ཁ་ན་མ་ཐོ་བ་དག་ལས་ཀྱང་འཐོབ་ལ། བསམ་གཏན་དང༌། ཟག་པ་མེད་པའི་སྡོམ་པ་གཉིས་ནི་ད་ལྟར་པ་བཞིན་དུ་འདས་པ་དང་མ་འོངས་པ་དག་ལས་ཀྱང་འཐོབ་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་རྣམས་ལས་ནི་དངོས་གཞི་ཁོ་ན་ལས་ཏེ། སྦྱོར་བ་དང་མཇུག་དག་ལས་མ་ཡིན་ནོ། །གཞན་དག་ནི་སྡོམ་པ་ཐོབ་པའི་དུས་སུ་ད་ལྟར་བྱུང་བའི་ལས་ཀྱི་ལམ་དག་མེད་པས་ཞེས་མི་འདོན་ཏེ། རྣམ་པར་རྟོག་པར་བྱེད་པའི་ཆོས་རྣམས་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་ཀྱི། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་མ་ཡིན་པ་ནི་མུ་དང་པོའོ། །གང་ད་ལྟར་བྱུང་བ་དང་སྦྱོར་བ་དང་མཇུག་སྤོང་བ་ལས་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་འཐོབ་བོ། །འདས་པ་དང་མ་འོངས་པའི་ལས་ཀྱི་ལམ་དངོས་གཞི་སྤོང་བ་ལས་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་ཁོ་ན་འཐོབ་ཀྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །གསུམ་པ་ནི་ད་ལྟར་བའི་ལས་ཀྱི་ལམ་དག་སྤོང་བ་ལས་སོ། །བཞི་པ་ནི་འདས་པ་དང་མ་འོངས་པའི་ཉེར་བསྡོགས་དང་དངོས་གཞི་དག་སྤོང་ངོ༌། །འདིར་ཐམས་ཅད་དུ་ལས་ཀྱི་ལམ་གྱི་གཞི་ལ་ལས་ཀྱི་སྒྲ་འཇུག་པ་སྔ་མའི་བཞི་པ་ཡང་


DTG210_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་མ་ཡིན་སྙམ་དུ་སེམས་སེ། །དེ་ལྟར་བྱས་ན་ད་ལྟར་བྱུང་བ་དང་འདས་པའི་ལས་ཀྱི་ལམ་དག་སྡོམ་པར་མི་རུང་ལ། མ་འོངས་པའི་བདག་ཉིད་ཀྱི་ལས་ཀྱི་ལས་ཀྱི་གཞི་ལ་དེའི་སྒྲ་འཇུག་པ་མ་ཡིན་པས། རྣམ་པ་གཞན་དུ་མ་འོངས་པ་ཁོ་ན་སྡོམ་པ་རུང་ངོ༌། །སྡོམ་པར་ནུས་པས་མ་འོངས་པ་འདོད་པའི་ལས་ཀྱི་ལམ་འཐད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་རྣམས་མ་ཡིན་ཞེས་བྱ་བ་ནི་དེ་ལས་གཞན་པ་ཞེས་བྱ་སྟེ། དགེ་སློང་གི་སྡོམ་པ་ལས་གཞན་པ་རྣམ་པ་གསུམ་གཟུང་ངོ༌། །དེ་ལ་རྣམ་པ་གསུམ་ཡང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་རྣམ་པ་གསུམ་དང༌། ངག་གི་སྒོ་ནས་བརྫུན་དུ་སྨྲ་བ་སྤོང་བ་ཁོ་ན་ཡན་ལག་ཏུ་རྣམ་པར་གཞག་གོ །མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ནི་དགེ་བའི་སེམས་ཐམས་ཅད་ལ་ལྷན་ཅིག་འབྱུང་ལ་སེམས་ཆུང་དུ་དང་འབྲིང་དང༌། ཆེན་པོ་དག་ནི་རྣམ་གྲངས་ཀྱིས་འབྱུང་གི་ཅིག་ཅར་མ་ཡིན་པས། དེའི་ཕྱིར་རྒྱུ་ལས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡོམ་པ་ལ་གནས་པ་ཞེས་བྱ་བ་ནི་ཐམས་ཅད་ལ་དབང་དུ་བྱ་བར་རིག་པར་བྱའོ། །ཡན་ལག་ཐམས་ཅད་ཀྱིས་མ་ཡིན་པ་ནི་བསྙེན་གནས་དང༌། དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་དག་ལ་ཕྲ་མ་དང་ཚིག་རྩུབ་པོ་དང་ཀྱལ་པ་སྤོང་བ་རྣམས་མི་སྲིད་པའི་ཕྱིར་རོ། །རྒྱུ་ཐམས་ཅད་ཀྱིས་མ་ཡིན་པ་ཞེས་བྱ་བ་ནི། སེམས་ཆུང་ངུ་ལ་སོགས་པ་རྣམས་ལས་སེམས་གང་ཡང་རུང་བ་ཞིག་གིས་དགེ་བསྙེན་གྱི་སྡོམ་པའམ། བསྙེན་གནས་ཀྱི་སྡོམ་པའམ། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་གང་ཡིན་པ་དེའོ། །སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའོ། །སེམས་ཅན་དགེ་བ་ནི་གནོད་པ་མེད་པའི་སེམས་སམ་ཕན་འདོགས་པའི་སེམས་ཏེ། ལོག་པར་མ་ཞུགས་པའི་ཕྱིར་དགེ་བ་ཞེས་བྱའོ། །སྡིག་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི། གནོད་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ། །ཇི་ལྟར་མི་ནུས་པ་དག་ལས་ཞེས་བྱ་བ་རྒྱས་པར་འབྱུང་


DTG210_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གང་ཞིག་གང་དག་གི་སྲོག་དང་ལོངས་སྤྱོད་དང་ཆུང་མ་འཕྲོག་པར་མི་ནུས་པ་དེ་ལ་དེ་དག་གི་ཡུལ་ཅན་སྲོག་གཅོད་པ་ལ་སོགས་པ་མི་སྲིད་པས་དེ་དག་ལས་སྲོག་གཅོད་པ་སྤོང་བའི་བདག་ཉིད་ཀྱི་སྡོམ་པ་མི་རུང་ངོ་སྙམ་དུ་སེམས་སོ། །སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ལ་མི་གནོད་པའི་བསམ་པ་ཁྱད་པར་མེད་པའི་ཕྱིར་ནུས་པ་དག་བཞིན་མི་ནུས་པ་དག་ལས་ཀྱང་འཐོབ་པོ། དེ་ལྟ་མ་ཡིན་ན་གཉིད་ལོག་པ་དང་མྱོས་པ་དང་བརྒྱལ་བ་ལ་སོགས་པ་རྣམས་ཀྱིས་ཐམས་ཅད་དུ་མི་ནུས་པའི་ཕྱིར་སྡོམ་པ་གཏོང་བར་འགྱུར་རོ། །ཅི་འདུ་ཤེས་ལ་རག་ལས་ཏེ་འཐོབ་པས་དེ་ལ་གནོད་པར་ནུས་པ་ཡོད་དོ་ཞེས་བྱ་བ་ནི་ནུས་པ་རྣམས་འཐོབ་པའི་ནུས་པ་བཞིན་དུ་མི་ནུས་པ་རྣམས་ལ་ཡང་སྟེ། འདི་མཚུངས་པར་འཕེལ་བ་དང་འགྲིབ་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའོ། །ལྷ་ལ་སོགས་པ་མི་ནུས་པ་རྣམས་མི་རྣམས་ལ་སོགས་པ་ནུས་པ་དག་གི་ནང་དུ་འཕོ་བས་འཕེལ་བ་དང་ལྡན་པར་འགྱུར་ཏེ། སྔོན་མེད་པར་སྡོམ་པ་ཐོབ་པའི་ཕྱིར་རོ། །མི་ལ་སོགས་པ་ནུས་པ་རྣམས་ལ་སོགས་པ་མི་ནུས་པ་དག་གི་ནང་དུ་འཕོ་བས་འགྲིབ་པ་དང་ལྡན་པར་འགྱུར་རོ། །སྔར་ཐོབ་པའི་སྡོམ་པ་དང་བྲལ་བའི་དེ་ལྟར་ན་འཐོབ་པའི་རྒྱུ་གཞན་གྱི་རྣམ་པར་རིག་པར་བྱེད་པ་ལ་སོགས་པ་དག་དང༌། གཏོང་བའི་རྒྱུ་བསླབ་པ་འབུལ་བ་ལ་སོགས་པ་དག་མེད་པར་ཡང་སྡོམ་པ་འཐོབ་པ་དང་གཏོང་བ་འགྱུར་རོ། །སེམས་ཅན་རྣམས་ནི་སྔོན་ཡང་ཡོད་ལ་ཕྱིས་ཀྱང་ཡོད་པའི་ཕྱིར་ལ་ཞེས་བྱ་བ་ལ། ཇི་ལྟར་ཁྱད་པར་འདི་ལྟ་བུ་གཞན་ཡང་འབྱུང་བར་འགྱུར་རོ་སྙམ་དུ་སེམས་སོ། །དེ་ལ་འདི་ཆོས་མི་མཐུན་པ་ཙམ་གྱིས་གནས་སྐབས་མ་ཡིན་པར་ནུས་པ་མེད་དོ། །ཅི་སྟེ་རྩྭ་ལ་སོགས་པ་ལ་སྔོན་མེད་པའི་ཕྱིར་ཕྱིས་ཀྱང་སྡོམ་པ་མེད་པ་ཉིད་དུ་འདོད་པ་དེ་ལྟ་ན་འདིར་ཡང་སྡོམ་པ་འགྲིབ་པ་དང་འཕེལ་བའི་ཚུལ་གྱིས་སམ་རྩྭ་ལ་སོགས་པ་རྣམས་ཐམས་ཅད་ལས་སྡོམ་པ་དེ་ལྟར་ཐལ་བར་འགྱུར་རོ། །


DTG210_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་སྡོམ་པ་འགྲིབ་པར་མི་འགྱུར་ཞེས་བྱ་བ་ནི། ཡུལ་མེད་པའི་ཕྱིར་སྙམ་དུ་དགོངས་པའོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་འདས་ནས་སྡོམ་པ་མེད་ན། དེ་ལྟ་ན་འོ་ན་ཞེས་རྒྱ་ཆེར་འབྱུང་སྟེ། འདི་ལ་སློབ་དཔོན་གྱིས་ལན་གསུངས་པ། ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལས་ཐོབ་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ད་ནི་འདི་བརྗོད་པར་བྱ་སྟེ། སངས་རྒྱས་ཀྱི་རྒྱུ་དང་གྲོག་སྤུར་གྱི་རྒྱུད་ལས་ཀྱང་སྲོག་གཅོད་པ་སྤང་བའི་ཕྱིར། ཅི་ཁྱད་པར་ཡོད་དམ་འོན་ཏེ་ཅུང་ཟད་ཀྱང་མེད། གལ་ཏེ་ཡོད་ན་འགྲོ་བ་མ་ངེས་པའི་ཕྱིར་སེམས་ཅན་རྣམས་ཀྱི་སྡོམ་པ་འཕེལ་པ་དང་འགྲིབས་པར་ཐལ་བར་འགྱུར་རོ། །ཅི་སྟེ་མེད་ན་ཅི་ལྟར་མི་བསད་པ་ལས་ཕས་ཕམ་པ་དང༌། མི་མ་ཡིན་པ་བསད་པ་ལས་སྦོམ་པོ་དང་དུད་འགྲོའི་སྐྱེ་གནས་པ་བསད་པ་ལས་ལྟུང་བྱེད་དུ་འགྱུར། དེའི་ཕྱིར་རྒྱུད་ཀྱི་སྒོ་ནས་སྡོམ་བ་ལ་ཁྱད་པར་མེད་དོ་སྙམ་དུ་སེམས་སོ། །ཆད་པའི་ལས་ཀྱི་ཁྱད་པར་ལས་ནི་སྦྱོར་བའི་ཁྱད་པར་ལས་སོ་ཞེས་ཟེར་རོ། །གཞན་དག་ནི་མི་ལ་ཀུན་ཏུ་སྦྱོར་བ་གཞན་ནི་ཇི་སྲིད་གྲོག་སྦུར་ལ་མཚུངས་པ་དེ་སྲིད་འགོར་བ་མཚུངས་པ་ལ་སྐྱེ་བ་སྦྱོར་བའི་སྒོ་ནས་ལས་རྣམས་ཀྱི་ཁྱད་པར་ཡིན་ནོ། །ཇི་ལྟར་གླང་པོ་ཆེ་བསད་པ་ནི་བསོད་ནམས་མ་ཡིན་པ་ཆེས་མང་ལ་གྲོག་སྦུར་ནི་ཆེས་ཉུང་ན་མཚུངས་པ་ལྟ་ཅི་སྨོས། སྡོམ་པ་ནི་བསམ་པའི་སྒོ་ནས་རྣམ་པར་གཞག་སྟེ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་དགེ་བའི་བསམ་པས་རྣམ་པར་གཞག་གོ །དེ་ནི་དེ་ལས་ཐོབ་པོ་ཞེས་བྱ་བ་ནི། རང་གི་རྒྱུད་ལས་ལས་ཀྱི་ལམ་དངོས་གཞིས་བསྡུས་པའི་སྡོམ་པའི་ཐོབ་པ་མ་ཡིན་ནོ། །སེམས་དང་ཆོས་ལ་སོགས་པ་མ་གྱུར་པར་རང་གསད་པ་ལས་མཚམས་མེད་པ་ལ་སོགས་པ་ཐོབ་པར་འགྱུར་རོ། །ཉེར་བསྡོགས་ཀྱིས་བསྡུས་པའི་ནི་མི་འགོག་སྟེ། ཁུ་བ་འབྱིན་པ་སྤོང་བ་ལ་སོགས་པའོ། །སྡོམ་པ་མིན་པ་ཐམས་ཅད་དང་ཞེས་བྱ་བ་ལ་སྡོམ་པ་མ་ཡིན་པ་ནི་ལས་ཀྱི་ལམ་ཐམས་ཅད་ཀྱི་སྒོར་གྱུར་པ་ཉེས་པར་སྤྱོད་པ་ལ་བྱ་སྟེ། གང་གི་ཚེ་སྡོམ་པ་མ་ཡིན་པ་ཐོབ་ནས་བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་


DTG210_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པར་བྱེད་པ་དེ་ནི་དེའི་ལས་ཀྱི་ལམ་ཡིན་ནོ། །རྒྱས་པར་ཐམས་ཅད་བརྗོད་པར་བྱའོ། །སེམས་ཞན་པ་ལ་སོགས་པ་ཅིག་ཅར་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འབྱུང་ངོ༌། །གལ་ཏེ་འདོད་ཆགས་དང་ཞེ་སྡང་དག་ལྷན་ཅིག་མི་འབྱུང་བས་མི་དགེ་བའི་རྩ་བ་རྣམས་ཀྱང་ཅིག་ཅར་མི་འབྱུང་བས་མ་ཡིན་ནམ། ཅིའི་ཕྱིར་སེམས་ཞན་པ་ལ་སོགས་པ་ཁོ་ན་བརྗོད་ཅེ་ན། རྣམ་གྲངས་ཐ་མ་ངེས་པ་ལ་བརྟེན་ཏེ་བརྗོད་པས་སྐྱོན་མེད་དོ། །དེ་ལྟར་ཐམས་ཅད་ཀྱི་སྡོམ་པ་མ་ཡིན་པའི་རྒྱུ་གཅིག་ཉིད་ལ་ཤེན་པ་དང་བྱ་གག་གསོད་པ་དང་ཕག་གསོད་པ་ཞེས་པར་འགྱུར་བ་ཅི་ཞེ་ན། སྡོམ་པ་བཞིན་དུ་ཐོབ་པས་འདིས་སྔོན་མེད་པའི་སྡོམ་པ་མ་ཡིན་པ་འཐོབ་པ་མ་ཡིན་ལ། སྲོག་གཅོད་པའི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ནི་འབྱུང་ངོ་ཞེས་ཟེར་རོ། །འདིས་སྔར་ཉིད་དུ་སེམས་ཅན་ཐམས་ཅད་ལམ་བསྡམས་ཏེ། དེའི་སྲོག་ལ་གནོད་པར་ཁས་བླང་བའི་ཕྱིར་རོ། །དེ་ནི་སྔོན་མེད་པའི་སྡོམ་པ་མ་ཡིན་པ་ཐོབ་པ་གང་ལས་ཤེ་ན། དགེ་བསྙེན་གྱིས་ནི་དགེ་ཚུལ་གྱི་སྡོམ་པའི་སྔོན་དང༌། དགེ་ཚུལ་གྱི་ཡང་དགེ་སློང་གི་སྡོམ་པའི་སྔོན་དུ་སྐྱེའོ། །ཡང་དག་པར་བླངས་པའི་ལམ་དེའི་འཁོར་གྱི་ཁྱད་པར་ལས་ཞེས་བྱ་བ་སྟེ། ཆེན་པོ་ནི་སྲོག་གཅོད་པའི་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་ཡང་རྟོག་པར་བྱའོ། །གླང་པོ་ཆེ་འཆོར་པ་ན་ནི་བ་གླང་འཆོར་བ་རྣམས་སོ། །བློན་པོ་ནི་ཆོས་བཞིན་འདོན་པ་དག་གོ །ཡང་ན་བློན་པོ་ནི་བཀའ་པ་གཏོགས་པའོ་།དོན་གྱིས་ན་ཞེས་བྱ་བ་ནི་དེ་ལས་མི་འབྱུང་ཡང་འཇུག་པ་མཐུན་པའི་ཕྱིར་སྡོམ་པ་མ་ཡིན་པ་ཅན་དུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་གནས་པ་ཞེས་བྱ་བ་ནི། དེ་དག་ནི་སྡོམ་པ་མ་ཡིན་པ་ནི་ཡོད་པ་མ་ཡིན་ཏེ་འོ་ན་ཞེ་ན་དེ་ལ་གནས་པས་སོ། །ཤེས་ན་ནི་ཞེས་བྱ་བ་ཤེས་བཞིན་དུའོ། །འཕགས་པར་གྱུར་པ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདེན་མ་མཐོང་བ་ངན་སོང་དུ་སྐྱེ་བ་མེད་ཅེས་བྱའོ། །བུར་གྱུར་པའི་ལུག་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་སློབ་དཔོན་འདུས་བཟང་གིས་ལན་སྨྲས་པ། དཔེར་ན་


DTG210_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཤེན་པ་འགའ་ཞིག་གཞན་གྱི་ནོར་མ་བྱིན་པར་རང་གིར་མི་བྱེད་ཅིང༌། རང་གི་ཆུང་མས་ཆོག་ཤེས་པ་ཡང་བསམ་པ་ལོག་པར་ཞུགས་པའི་ཕྱིར་ཡན་ལག་ཐམས་ཅད་ལ་སྡོམ་པ་མ་ཡིན་པ་འཐོབ་པོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་འགྱུར་ཏེ། བསམ་པ་ལོག་པར་ཞུགས་པའི་ཕྱིར་རོ། །ཨཱ་ཏྲ་ཙ་བྲིཏྟི་ཀཱི་རེ་ཎཻ་བ་ད་ནྟ་མུཏྟ་མི་ཏི་ནཱ་ཏྲཱ་ད་ར་ཀྲི་ཡ་ཏེ། སྡོམ་པ་མ་ཡིན་པ་མ་ཚང་བ་དང་ཉི་ཚེ་བ་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་བྱ་བ་ལ། ལས་ཀྱི་ལམ་གྱི་ཡན་ལག་མཚང་བའི་ཕྱིར་མ་ཚང་བའོ། །ཉི་ཚེ་བ་ནི་སེམས་ཅན་དང་ཡུལ་དང་དུས་དང་ཚེ་ངེས་པ་དང་ལྡན་པའོ། །རྣམ་པ་བརྒྱད་མ་གཏོགས་པ་ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པ་གཞན་ནི་ཉི་ཚེ་བ་དང་མཚང་བ་ཡང་ཡོད་དོ། །ཚུལ་ཁྲིམས་དང་འཚལ་བའི་ཚུལ་ཁྲིམས་དེ་ཙམ་གྱིས་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་ལ་སྨྲས་པ། དེ་ལྟ་ན་སྡོམ་པ་མིན་ཅན་གྱི་དགེ་བསྙེན་དང་དགེ་བསྙེན་སྡོམ་མིན་ཅན་ཞེས་བྱ་བ་ཐལ་བར་འགྱུར་རོ། །འདི་ནི་མདོ་སྡེ་བ་ལ་གནོད་བྱེད་དེ། དེ་དག་ནི་སྐྱབས་སུ་འགྲོ་བོ་ཙམ་ལས་སྡོམ་པ་མེད་པར་ཡང་དེ་དགེ་བསྙེན་ནོ་ཞེས་སོ། །ད་ནི་གང་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་དང་དེ་ལ་འཇུག་པར་བྱེད། དེ་ནི་གལ་ཏེ་བསྡམས་པ་དང་མ་བསྡམས་བ་ལས་ཡིན་ཏེ། འདི་ལ་ཅི་ཞིག་གནོད། དེའི་རིགས་སུ་སྐྱེས་པ་རྣམས་ནི་ཞེས་བྱ་བ་ནི་ཤེན་པ་ལ་སོགས་པ་སྡོམ་པ་མ་ཡིན་པ་ཅན་གྱི་རིགས་སུ་སྐྱེས་པ་རྣམས་སོ། །ཞིང་དང་ལེན་པ་དང་གུས་པར་བྱེད་པས་འཐོབ་ཅེས་བྱ་བ་ལ་བྱེད་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། ཞིང་བྱེད་པ་དང༌། ལེན་པར་བྱེད་པ་དང༌། གུས་པར་བྱེད་པ་ནི་ཞིང་དང་ལེན་པ་དང་གུས་པར་བྱེད་པ་འོ། །ཡང་འདིར་ལེན་པ་ཉིང་བྱེད་པའོ་ཞེས་བྱ་བར་ཚིག་བསྡུའོ། །བྱེད་པ་ནི་གཡོ་བ་སྟེ། བྱེད་པ་ནི་གཡོ་བ་ལའོ་ཞེས་འབྱུང་ངོ༌། །མི་བརྡ་ཕྲད་པ་འོ་ཞེས་བྱ་བ་ལ། མི་བརྡ་ཕྲད་པ་ནི་འདིར་གང་ཞིག་འདིས་བསླབ་པ་ཕུལ་ལོ་སྙམ་དུ་དེའི་ཚིག་ཤེས་པ་དེ་ལ་མངོན་པར་འདོད་དོ། །བསམ་པ་ཐག་པ་ནི་སྡོམ་པ་དོན་དུ་མི་གཉེར་བའོ། །དེ་དང་འགལ་


DTG210_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པར་རིག་བྱེད་ཀྱི་ཁྱད་པར་ནི་བསླབ་པ་ཕུལ་བ་སྟེ་སེམས་བསྐྱེད་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་ཐོབ་པ་བཞིན་དུ་བསླབ་པ་འབུལ་བའི་སེམས་ཀྱང་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །རྨི་ལམ་གྱི་ནང་དུ་བཏང་བ་ལས་རྣམ་པར་རིག་བྱེད་ཙམ་མ་ཡིན་ནོ། །ཁྲོ་བ་དང་མྱོས་པ་ལ་སོགས་པས་ཀྱང་ཕྱིར་ཕུལ་བ་མ་ཡིན་པས་གཉི་ག་མ་ཡིན་པ་ཙམ་མོ། །དུད་འགྲོའི་སྐྱེ་གནས་པ་ལ་སོགས་པའི་མདུན་དུ་བསླབ་པ་ཕུལ་བ་མེད་དོ། །རྟེན་ཉམས་པ་དང་ཞེས་བྱ་བ་ནི་སྐྱེས་པ་འམ། བུད་མེད་ཀྱི་རྟེན་ཇི་ལྟ་བུ་སྡོམ་པ་བླངས་པ་དེ་ལྟ་བུས་དེ་ཉམས་པ་སྟེ། འདི་ནི་གཏོང་བའི་རྒྱུ་གསུམ་པའོ། །གཞི་ཆད་པ་དང་ཞེས་བྱ་བ་ལ་སྡོམ་པའི་གཞི་སྟེ་རྒྱུ་ནི་དགེ་བའི་རྩ་བ་གསུམ་ཡིན་ལ། དེ་དག་ཆད་པས་སྡོམ་པ་ཡང་འཆད་དེ། འདི་ནི་གཏོང་བའི་རྒྱུ་བཞི་པའོ། །ཉིན་ཞག་ཏུ་འཕངས་པའི་ཕྱིར་ཏེ། འདི་གཏོང་བའི་རྒྱུ་ལྔ་པའོ། །ཁ་ཅིག་ལྟུང་བར་གྱུར་ལས་སྨྲ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་ལས་ཏེ། འདི་ལྟུང་བར་བྱེད་པས་ན་ལྟུང་བར་གྱུར་བའོ། །ཁ་ཆེ་རྣམས་ནི་བྱུང་བ་ལ། བུ་ལོན་ནོར་བཞིན་གཉིས་སུ་འདོད། ཅེས་བྱ་བ་ལ་བུ་ལོན་དང་ནོར་ནི་བུ་ལོན་ནོར་ཏེ། དེ་དག་དང་འདྲ་བ་ནི་བུ་ལོན་ནོར་བཞིན་ནོ། །ཡང་ཅིའི་ཕྱིར་དེ་རྣམས་དེ་ལྟར་འདོད་ཅེ་ན། དེའི་ཕྱིར་ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་སོ་ཞེས་བྱ་བ་སྨོས་སོ། །ལྟུང་བ་གཞན་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བའོ། །རྟེན་ཉམས་པ་དང་ཞེས་བྱ་བ་ནི། མཚན་གཉིས་ཅིག་ཅར་བྱུང་བ་སྟེ། ཇི་ལྟར་རང་གི་རྟེན་ལས་སྡོམ་པ་སྐྱེ་བའི་རྗེས་སུ་འཇུག་པ་དེ་ཉམས་པས་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་རྗེས་སུ་མི་འཇུག་པ་སྟེ། ལུས་རྣམ་པར་འགྱུར་བ་ལ་སེམས་རྣམ་པར་འགྱུར་བ་སྲིད་པའི་ཕྱིར་དང་བདག་པོ་ཡིན་པའི་ཕྱིར་འདི་ནི་གཏོང་བའི་རྒྱུ་གསུམ་པའོ། །གཞི་ཆད་པ་དང་ཞེས་བྱ་བ་ནི། སྡོམ་པའི་གཞི་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་ཀུན་སློང་གི་སེམས་ཆད་པ་ལས་སྡོམ་པ་ཡང་ཆད་པར་འགྱུར་ཏེ། དེས་ན་འདི་ནི་གཏོང་བའི་རྒྱུ་བཞི་པའོ། །དེ་སྲིད་དུ་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི།


DTG210_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་ཏུ་འཕངས་པའི་ཕྱིར་ཉིན་ཞག་པའི་སྡོམ་པ་སྟེ། ཉིན་ཞག་གིས་ཡོངས་སུ་འདོར་ཞིར་སླར་སྐྱ་རེངས་ཤར་བས་གཏོང་ངོ༌། །བུ་ལོན་དང་ནོར་ནི་བུ་ལོན་ནོར་ཏེ་དེ་དག་དང་འདྲ་བ་ནི་བུ་ལོན་ནོར་བཞིན་ནོ། །ཕྱོགས་གཅིག་ཉམས་པར་སྡོམ་པ་ཟད་པར་གཏོང་བ་མི་རིགས་སོ་ཞེས་བྱ་བ་སྟེ། ཇི་ལྟར་རེ་རེ་ཡང་དག་པར་བླངས་པས་སྡོམ་པ་མཐའ་དག་བླངས་པར་མི་འགྱུར་བ་བཞིན་དུ་རེ་རེ་ལས་འདས་པས་མཐའ་དག་གཏོང་བར་མི་རིགས་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཞིང་ལས་ཐོབ་པས་རྒྱུད་གཅིག་ལས་འདས་པས་ཐམས་ཅད་གཏོང་བར་མི་རུང་ངོ༌། །ནམ་ཞིག་འདི་རིགས་པར་མི་རུང་ན། གང་གི་ཚེ་ལྟུང་བ་གཅིག་གི་དབང་གིས་སྡོམ་པ་གཏོང་བར་འགྱུར་རོ། །འོ་ན་སྐྱོན་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་ལ་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་གཉི་ག་ཡང་ཡོད་དེ་ཞེས་འབྱུང་སྟེ། པྲ་ཏི་དེ་ཤ་ནཱརྡཱཡཱནྟུ་ཤི་ཀྵ་ཡ་མ་ཏྲིཀྲནྟཱ་བི་ཀྲྀ་ཏ་ཡཾ། ཚུར་ཁྲིམས་དང་ལྡན་པ་ཉིད་ཡིན་གྱི་ཚུལ་ཁྲིམས་འཆལ་བ་མ་ཡིན་ནོ། །གཞན་ནི་རྟག་ཏུ་གཉིས་ཀ་ཇི་ལྟ་བར་དོན་དམ་པའི་དགེ་སློང་ལ་དགོངས་ནས་དེ་སྐད་གསུངས་སོ་ཞེས་སོ། ཚུལ་ཁྲིམས་རྣམ་པར་དག་པའི་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྟོགས་པའི་དོན་ཏེ། རྩ་བའི་ལྟུང་བ་བྱུང་བ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ཡོད་པ་མ་ཡིན་ནོ། །བ་ཤགས་པ་མེད་པའི་ལྡང་བའི་སྐལ་པ་མེད་པའི་ཕྱིར་སྡོམ་པ་གཞན་དང་རྗེས་སུ་འབྲེལ་བ་ཡོད་ཀྱང་འདི་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་སྣོད་དུ་མ་གྱུར་པས་དགེ་སློང་མ་ཡིན་ཞེས་གསུངས་སོ་ཞེས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སྟོན་པས་སྡོམ་པ་ལྷག་མ་དང་བཅས་པ་དགེ་སློང་གིས་དགོངས་པ་བསྒྲུབ་པའི་སྐལ་པ་དང་མི་ལྡན་པ་ལ་དགེ་སློང་མ་ཡིན་ཞེས་གསུངས་པ་འཐད་པ་ཡིན་ཏེ། བུའི་དོན་དང་བྲལ་བ་ལ་བུ་མ་ཡིན་ནོ་ཞེས་བྱ་བའི་སྒྲ་འགོད་པ་དང༌། མིའི་དོན་དང་བྲལ་བ་མཚན་དང་བྲལ་བ་མཚན་དང་མི་ལྡན་པ་ལ་མི་མ་ཡིན་པར་བརྗོད་པ་བཞིན་ནོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་རྩ་བའི་ལྟུང་བ་ལྷག་པར་སྤྱད་པ་ཉིད་དགེ་སློང་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། སྐྱབས་སུ་འགྲོ་བ་གསུམ་བརྗོད་པས་


DTG210_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པ་རྩ་བ་ལས་འདས་པ་ཡང་དགེ་སློང་མ་ཡིན་པ་ཉིད་དོ་ཞེས་དེ་ལྟར་འདས་པའི་དོན་འདི་སེམས་ལ་བཞག་ནས་འདྲི་བ་ནི། དེ་ཅི་ལྟར་ན་ངེས་དོན་ཡིན་ཞེ་ན་ཞེས་བྱ་བ་ནི། དེ་ལ་མིང་གི་དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་ཞེས་འོལ་ཕྱིར་མིང་བཏགས་པའོ། །ཁས་འཆེས་པའི་དགེ་སློང་ཞེས་བྱ་བ་ནི་གང་ཞིག་ཚུལ་ཁྲིམས་འཆལ་བ་སྟེ། དེ་ནི་བདག་ཉིད་དགེ་སློང་ཡིན་ནོ་ཞེས་དམ་འཆའོ། །སློང་བས་ན་དགེ་སློང་ཞེས་བྱ་བ་ནི་སློང་བར་བྱེད་པའོ། །ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཞེས་བྱ་བ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ལའོ། །དོན་འདི་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན་ཞེས་གང་གསུངས་པ་ལའོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཞེས་བྱ་བ་ནི། སྔར་བཤད་པ་བཞི་ལས་གཞན་པ་སོ་སོའི་སྐྱེ་བོ་ཚུལ་ཁྲིམས་ལ་གནས་པ་ལ་མངོན་པར་བཞེད་དོ། །གང་ཡང་དོན་དམ་པའི་དགེ་སློང་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ་ཡང་བརྗོད་པ་ནི་དེ་སྔོན་ཞེས་བྱ་བ་སྟེ། ལྟུང་བར་འགྱུར་བ་ལྷག་པར་སྤྱོད་པའི་སྔ་རོལ་དུའོ། །བྱེ་བྲག་དུ་སྨྲ་བ་རྣམས་ན་རེ་མ་ཐོབ་པ་དག་ལས་ཀྱང་ཉམས་པར་འདོད་དེ། ཇི་སྐད་དུ་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །ཤེས་རབ་ཡོངས་སུ་ཉམས་པ་ལྟོས། །ཞེས་གསུངས་པ་ལྟ་བུའོ་ཞེས་ཟེར་རོ། །གསུངས་པ་ཡང་ཇི་ལྟར་དོན་དམ་པའི་དགེ་སློང་ཉིད་ལ་དགོངས་ནས་དགེ་སློང་མ་ཡིན་པར་གསུངས་པ་ཡིན་ནོ། །རྩ་བར་གྱུར་པ་ཕྱོགས་གཅིག་ཆད་པས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་དཔེའི་དོན་འདི་ནུས་པ་མེད་དོ་ཞེས་ཟེར་རོ། །ཇི་ལྟར་བསླབ་པའི་གཞི་བཞི་པོ་འདི་མཐའ་དག་ནི་ཤིང་ཏཱ་ལའི་མགོ་ལྟ་བུའོ། །གལ་ཏེ་མཐའ་དག་ལས་གང་ཡང་རུང་བ་རེ་རེ་ལས་འདས་པས་སྡོམ་པ་གཏོང་བར་མི་རུང་སྟེ། ཏཱ་ལ་རེ་རེ་ནས་མགོའི་ཕྱོགས་གཅིག་ཆད་ཀྱང་ཕྱོགས་གཞན་གནས་པ་མཐོང་པའི་ཕྱིར་རོ། །ཇི་སྟེ་རེ་རེ་བ་དེ་ལྟ་ན་ཡང་དེ་ལས་འདས་ན་སྡོམ་པ་ཐམས་ཅད་གཏོང་བ་མ་ཡིན་ཏེ།


DTG210_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཏཱ་ལའི་མགོ་ལྟ་བུ་གང་དག་ཡིན་པ་གསུམ་པོ་དག་ལས་མ་འདས་པས་གཏོང་བར་མི་འགྱུར་རོ་ཞེས་ཟེར་རོ། །འདི་ལ་དགོས་པ་ཅི་ཞེ་ན། དེའི་ཕྱིར་འདི་ལ་འདིར་དཔེའི་དོན་གྱི་ནུས་པ་སྨྲ་སྟེ། བསླབ་པའི་གཞི་གཞན་པོ་ཡལ་ག་དང་ལོ་མ་དང་འདྲ་བ་དག་ལས་འདས་ཀྱང་བཤགས་ནས་ཡང་སྡོམ་པ་དེ་འཐོབ་ཀྱི། ཤིང་ཏཱ་ལའི་མགོ་དང་འདྲ་བ་བཞི་པོ་དག་གང་ཡང་རུང་བ་ལས་འདས་ན་ནི། སླར་སྡོམ་པ་ཐོབ་པ་མ་ཡིན་ནོ། །དེས་ན་ངེས་པ་འཇུག་པ་མེད་པས་དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་ལ་བརྟེན་ཅིང་གནས་པའི་ཞི་གནས་དང་ལྷག་མཐོང་དག་ཀྱང་མེད་དོ། །སྲེ་ད་ནི་ནས་དང་འདྲ་བ་ཞིག་སྟེ་དེ་མ་རུང་བར་བྱེད་པའོ། །ཤིང་རུལ་པ་ཞེས་བྱ་བ་ནི་ཤིང་རུལ་པའོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་འབྲུ་ཁོང་ན་སྙིང་པོ་མེད་པའོ། །འདིར་དགེ་སློང་ཡང་དགེ་སློང་གི་ཤ་ཚུགས་ཅན་ཡིན་པའི་ཕྱིར་དང༌། ཁོང་ན་སྙིང་པོ་མེད་པའི་ཕྱིར་སྲེད་ལ་སོགས་པ་དག་དང་ཆོས་མཐུན་ནོ། །ཇི་ལྟར་སྲེད་ལ་སོགས་པ་དག་ནས་ལ་སོགས་པ་སྙིང་པོ་དང་ལྡན་པ་རྣམས་མ་རུང་བར་བྱེད་པས་དེ་རྣམས་ལས་སེལ་བར་བྱེད་པ་དེ་བཞིན་དུ་དེ་ཡང་དགེ་སློང་གི་ཚོགས་ཉིང་པོ་དང་ལྡན་པ་མ་རུང་བར་བྱེད་པས་དེ་དག་ལས་སེལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་ལམ་གྱིས་རྒྱལ་བ་ནི་མྱ་ངན་འདས་པ་སྟེ། ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེར་འགྲོ་ང་རྒྱལ་བ། །ཞེས་གསུངས་པ་ལྟ་བུའོ། །ལམ་སྟོན་པ་ནི་གང་ཞིག་ལམ་སྟོན་པར་བྱེད་པའོ། །ཁ་ཅིག་ལམ་གྱིས་འཚོ་བ་ནི་སློབ་པ་དང་མི་སློབ་པའོ་ཞེས་ཟེར་རོ། །གཞན་དག་ནི་སློབ་པ་དང་མི་སློབ་པ་ནི་ལམ་གྱིས་རྒྱལ་བའོ་ཞེས་ཟེར་རོ། །ལམ་གྱི་ཕྱིར་འཚོ་བ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སྟེ། ལམ་གྱི་ཆེད་དུ་འཚོ་བའི་ཕྱིར་རོ། །ལམ་སུན་འབྱིན་པ་ནི་དགེ་སློང་ཚུལ་ཁྲིམས་འཆལ་བ་སྟེ། འདིར་དཔེར་བརྗོད་པ་ནི་འདི་ཡིན་ནོ། །འདུལ་བ་ལས་དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན་ཞེས་གསུངས་པ་ལ་ཡང་འདིར་དགེ་སྦྱོང་ཞེས་བཤད་ཅེ་ན། དེའི་ཕྱིར་དོན་དམ་པའི་དགེ་སློང་ལ་དགོངས་ནས་དགེ་སློང་མ་ཡིན་ཞེས་དེ་སྐད་བཤད་པ་རྟོགས་པར་བྱའོ། །ཤ་ཚུགས་ཙམ་ལུས་པའི་


DTG210_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེས་བྱ་བ་ནི་དགེ་སྦྱོང་གི་རྟགས་ཙམ་ལུས་པའི་ཕྱིར་རོ། །བསམ་གཏན་ཏུ་གཏོགས་པའི་དགེ་བ་ཐམས་ཅད་ཅེས་བྱ་བ་ནི་སྔོམ་པའི་ངོ་བོ་དང༌། དགེ་བ་གཞན་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཚོགས་པ་དེ་ཐམས་ཅད་བསྡུའོ། །གོང་ངམ་འོག་ཏུ་ཞེས་བྱ་བ་ནི་གོང་དུ་སྐྱེས་ནས་འོག་མ་གཏོང་ལ། འོག་ཏུ་སྐྱེས་ནས་གོང་མ་གཏོང་ངོ༌། །སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་པ་ཇི་ལྟར་ཐོབ་པ་གཏོང་སྟེ་སྙོམས་པར་འཇུག་པ་ལ་རག་ལས་པའི་ཕྱིར་རོ། །རིས་མཐུན་པ་བཏང་བས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་ལ་སོགས་པ་བཟོད་པ་འབྲིང་པར་རོ། །འདིར་རིས་མཐུན་པ་བཏང་བ་ནི་འཆི་བའོ། །ཅུང་ཟད་ཅིག་ནི་ཉམས་པའི་ཆ་དང་མཐུན་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་བྲལ་བས་ཀྱང་གཏོང་ངོ༌། །ལམ་སྔ་མ་གཏོང་པར་འགྱུར་རོ་ཞེས་བྱ་བ་ནི་ཞུགས་པའི་ལམ་མོ། །འབྲས་བུ་འམ་འབྲས་བུ་ཁྱད་པར་ཅན་ཞེས་བྱ་བ་ལ། འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་གཞན་རྣམ་པ་གསུམ་ཡོངས་སུ་བཟུང་ངོ༌། །འབྲས་བུ་ཁྱད་པར་ཅན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་འོག་རོལ་གྱིས་ཞུགས་པའི་ལམ་མམ་ཁྱད་པར་གྱི་ལམ་མོ། །སློབ་དཔོན་འདུས་བཟང་ན་རེ་གཉིས་ཁོ་ན་བརྗོད་པར་བྱའོ་ཞེས་ཟེར་རོ། །དབང་པོ་སྦྱངས་པ་ནི་འབྲས་བུ་ཐོབ་པ་བརྗོད་དེ་གཟུང་བའི་ཕྱིར་དེར་ཡང་འབྲས་བུ་ཐོབ་པས་ནི་ལམ་སྔ་མ་འདོར་རོ། །འདིར་འབྲས་བུ་འམ་འབྲས་བུ་ཁྱད་པར་ཅན་ལ་ཡང་རྣམ་པར་རྟོག་པ་གཉིས་ཏེ། མཐོང་བའི་ལམ་ནི་འབྲས་བུ་ཁྱད་པར་ཅན་ལམ་ལ་རྗེས་སུ་ཤེས་པ་ཐོབ་པས་འདོར་རོ། །མི་གཡོ་བར་བསྡུས་པའི་ཆོས་རྣམས་གཉི་ག་ཇི་ལྟར་བར་ཁྱད་པར་ཅན་མ་ཡིན་ལ། སླར་ཡང་གཉི་ག་ཇི་ལྟ་བ་སྟེ། དེ་ལྟ་མོད་ཀྱི་དབང་པོ་སྦྱངས་པས་འབྲས་བུ་ཙམ་ཐོབ་པ་དེ་ལྟ་ན་ཡང་དེར་དབང་པོ་སྦྱངས་པ་ཁོ་ན་རྒྱུ་ཡིན་པས་བར་ཆོད་མེད་པར་སོ་སོར་བཤད་པའི་ཕྱིར་རོ། །ཟག་པ་མེད་པ་ནི་མཚུངས་པར་ལྡན་པ་མ་ཡིན་


DTG210_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ས་འཕོས་པས་མི་གཏོང་ངོ༌། །ཡང་སྡོམ་པ་མ་ཡིན་པ་ཅན་གྱི་སྡོམ་པ་ཇི་ལྟ་འཐོབ་ཅེ་ན། དེའི་ཕྱིར་གལ་ཏེ་སྡོམ་པ་ཡང་དག་པར་བླངས་པ་ལ་ཞེས་བྱ་བ་སྨོས་ཏེ་སོ་སོར་ཐར་པའི་སྡོམ་པའོ། །བསམ་གཏན་གྱི་སྡོམ་པ་ཐོབ་ན་ཞེས་བྱ་བ་ལ། ཟག་པ་མེད་པའི་སྡོམ་པ་ཐོབ་ན་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། ཟག་པ་མེད་པའི་སྔོན་དུ་བསམ་གཏན་གྱི་སྡོམ་པ་འགྲོ་བའི་ཕྱིར་ལ། བསམ་གཏན་གྱི་སྡོམ་པ་ཁོ་ནས་བོར་པའི་ཕྱིར་ཟག་པ་མེད་པའི་སྡོམ་པ་ཐོབ་ན་ཞེས་མ་བརྗོད་དོ། །ཡང་སྡོམ་པ་མ་ཡིན་པ་ཅན་གྱིས་བསམ་གཏན་གྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན་རྒྱུ་དང་རྐྱེན་གྱི་སྟོབས་ཞེས་བྱ་བ་སྨོས་ཏེ། རྒྱུའི་སྟོབས་ནི་སྡར་གྱི་བསམ་གཏན་གོམས་པའོ། །རྐྱེན་གྱི་སྡོམ་པ་ནི་ས་དེ་པའི་ལས་རྣམ་པར་སྨིན་པ་ལ་མངོན་དུ་ཕྱོགས་པའོ། །གཞན་དག་ན་རེ་དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་ཟེར་རོ། །གཉེན་པོ་སྟོབས་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་སྟོབས་དང་ལྡན་པའི་ཕྱིར་རོ། །ལུས་བོར་པའི་ཕྱིར་ཤི་བ་ཞེས་བྱ་བ་ནི། རིས་མཐུན་པའི་སྟོབས་ཀྱིས་ཐོབ་པའི་ཕྱིར་ལ། དེ་དང་བྲལ་ན་དེ་མེད་པའི་ཕྱིར་རོ། །རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྫ་མཁན་གྱི་འཁོར་ལོ་འམ། མདའི་འགྲོས་འདུ་བྱེད་ཀྱི་ཁྱད་པར་གྱིས་འཕང་པ་ནི་འདུ་བྱེད་ཀྱི་ཁྱད་པར་དེ་ཆད་པས་འཆད་དེ་དེ་དང་འདྲའོ། །གདོས་དང་རྒྱལ་སོགས་པའི་དངོས་པོའོ་ཞེས་བྱ་བ་ལ། གང་གིས་གཞན་ལ་གདོས་སམ་རྒྱའམ་མཚོན་ཆ་སྟེར་བ་ན་རྣམ་པར་རིག་བྱེད་མ་ཡིན་པ་དྲངས་པ་དེ་ནི་བདག་ཉིད་ཀྱི་དོན་དུ་ཡོངས་སུ་བཟུང་པ་དེ་ཆད་པས་དེ་ཡང་འཆད་དོ། །དགེ་པའི་རྩ་བ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །སྟོབས་ཆུང་བའི་ཕྱིར་དགེ་བའི་རྩ་བ་གཅད་པའི་སྦྱོར་བ་ཁོ་ནས་བར་མ་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པས་ཏེ་དགེ་བའི་རྩ་བ་ཆད་པ་ལས་ཞེས་བརྗོད་པར་མི་བྱའོ་ཞེ་ན། སྦྱོར་བ་ལ་དེའི་སྒྲ་ཉེ་བར་བཏགས་པའི་ཕྱིར་རོ། །དྲུག་པོ་རྣམས་ཁོ་ནས་ཞེས་འདོད་དོ། །དེ་བཞིན་དུ་བསམ་གཏན་གྱི་སྡོམ་པའི་སྦྱོར་བས་ཀྱང་བར་མ་མི་དགེ་བའི་


DTG210_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱེད་མ་ཡིན་པ་གཏོང་ངོ༌། །གཞན་དག་ན་རེ་བདུན་པ་བརྗོད་པར་བྱའོ་ཞེས་ཟེར་རོ། །རྩ་བ་ཆད་བ་དང་གང་དུ་སྐྱེས་པ་ཞེས་བྱ་བ་དེ་ལ་འདོད་ཆགས་དང་བྲལ་བ་ལས་ཀྱང་ཅུང་ཟད་ཅིག་གཏོང་སྟེ། དཔེར་ན་ཡིད་མི་བདེ་བའི་དབང་པོ་དབང་བ་ལྟ་བུའོ། །ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་པའོ། །ཉོན་མོངས་པ་གང་ཡིན་པ་དེ་ནི་ཉེ་བར་ཉོན་མོངས་པ་ཡང་ཡིན་ནོ། །སྤོང་བའི་ལམ་ནི་བར་ཆད་མེད་པའི་ལམ་སྟེ། དེ་ལ་ཆེན་པོའི་སྤོང་བ་ནི་ཆུང་ངུའི་ཆུང་ངུ་ཡིན་ལ། ཆུང་ངུའི་ཆུང་ངུ་ནི་ཆེན་པོའི་ཆེན་པོའི་ཡིན་ནོ། །འཁོར་དང་བཅས་པ་ཞེས་བྱ་བ་ལ། དེའི་འཁོར་ནི་དེ་དང་ལྷན་ཅིག་འབྱུང་བ་དང༌། དེའི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་གོ །སྐྱེས་པ་ཕོའི་དབང་པོའི་དང་ལྡན་པ་ཞིག་ཅེས་བྱ་བ་འདི་ནི་འདིར་དཔེར་བརྗོད་པ་ཡིན་ནོ། །རྟེན་གཉིས་ཀའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ལ། དེ་དག་ནི་སྐྱེས་པ་དང་ཡང་སྦྱོར་བར་འདོད་ལ། བུད་མེད་དང་ཡང་སྦྱོར་བར་འདོད་དེ། དེའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱི་རྟེན་གྱི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དེའི་གཉེན་པོར་གྱུར་པ་སོ་སོར་རྟོག་པ་མི་མཐོང་ངོ༌། །བྱནྟ་ར་སྱ་ཧི་ཀླེ་ཤ་ས་མུ་ད་ཙཱ་རོ་པི་བྱནྟར་ཨེ་བེ་ཏི། ཅི་རིགས་པར་སྦྱར་བར་བྱ་སྟེ། མཚན་གཉིས་པ་ལ་ནི་གཉི་གའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་མེད་པའི་ཕྱིར་སྡོམ་པ་མེད་ལ། ཟ་མ་དང་མ་ནིང་དག་ལ་ནི་ངོ་ཚ་ཤེས་པ་དང༌། ཉོན་མོངས་པ་ཀུན་དུ་སྤྱོད་པ་ཡང༌། ཁྲེལ་ཡོད་པ་ཤས་ཆེན་པོ་མེད་པའི་ཕྱིར་རོ། །སྡོམ་པ་མེད་པའི་རྒྱུར་བཤད་པ་གང་དག་ཡིན་པ་དེ་དག་ནི་སྡོམ་པ་མ་ཡིན་པ་དང་རྗེས་སུ་མཐུན་པ་ཡིན་པས། འོ་ན་སྡོམ་པ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་དྲིས་སོ། །བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་ཡང་དག་པར་ལེན་པ་མེད་པའི་ཕྱིར་སོ་སོར་ཐར་བའི་སྔོམ་པ་མེད་དེ། །ཏིང་ངེ་འཛིན་མེད་པའི་ཕྱིར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་མེད་དོ། །ཡང་ཅིའི་ཕྱིར། དེ་རྣམས་ལ་ཡང་དག་པར་ལེན་པ་དང་ཏིང་ངེ་འཛིན་དག་མེད་ཅེ་ན། ཤེས་རབ་ཞན་པས་དགེ་བ་ལ་སོགས་པའི་ཆོས་ལ་མ་བྱང་


DTG210_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །མི་རྣམས་ལ་གསུམ་མོ་ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་ནི་མི་རྣམས་ཁོ་ན་ལ་ཡོད་ཀྱི། སྐྱོ་བ་མེད་པའི་ཕྱིར་འདོད་པ་སྤྱོད་པའི་ལྷ་ཤེས་རབ་ཅན་རྣམས་ལ་ཡང་མེད་ན། གོང་དུ་སྐྱེས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། འོ་ན་ཇི་ལྟར་ན་དེ་དག་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཡོད་ཅེ་ན། ཅི་རིགས་པར་རྒྱུ་དང་ལས་ཀྱི་ཆོས་ཉིད་ཀྱིས་རྟོགས་སོ། །གོང་ན་ནི་མེད་དོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ལའོ། །བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་རྣམས་མ་གཏོགས་པ་ཞེས་བྱ་བ་ལ། འཕགས་པ་ནི་བསམ་གཏན་ཁྱད་པར་དང་འདུ་ཤེས་མེད་པའི་སེམས་ཅན་དག་ཏུ་མི་སྐྱེའོ། །དེ་དག་གི་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་ཞེས་བྱ་བ་ནི། གཟུགས་མེད་པར་སྐྱེས་པ་རྣམས་ལ་ནི་ཟག་པ་མེད་པའི་སྡོམ་པ་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ཏེ་དེ་ན་གཟུགས་མེད་པའི་ཕྱིར་རོ། །གཞན་ན་ནི་རང་གི་ངོ་བོས་ཀྱང་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །རེ་ཞིག་དང་གཏན་དུ་ཞེས་བྱ་བ་ལ། འབྲས་བུ་ཡིད་དུ་འོང་བ་ཅན་རེ་ཞིག་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་བདེ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་རྗེས་སུ་འཇུག་པའི་བར་དུའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་གཏན་དུ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་གཏན་དུ་སྡུག་བསྔལ་མེད་པའི་ཕྱིར་རོ། །མི་དགེ་བ་ནི་མི་མཐུན་པའི་ཕྱོགས་ཀྱིས་ཞེས་བྱ་བ་ནི་འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་དང༌། མྱ་ངན་ལས་འདས་པའི་བགེགས་ཡིན་པ་ཉིད་ཀྱིས་སོ། །འདོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་གཉེན་པོར་གྱུར་པའི་ཕྱིར་བསོད་ནམས་ཞེས་བྱ་སྟེ། སྲུང་བ་འམ་ཚིམ་པར་བྱེད་པས་ན་བསོད་ནམས་སོ། །འདི་ལ་རྣམ་པར་རྟོག་པ་དང་དཔྱོད་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་སོགས་པ་ཞེས་བྱ་བའི་སྒྲས་ནི་བསམ་གཏན་གཉིས་པ་ལ་དགའ་བ་དང་མ་བྲལ་བ་གང་ཡིན་པ་འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་


DTG210_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བའོ་ཞེས་གསུངས་སོ། །གསུམ་པ་ལ་ཡང་འདི་ལ་དབུགས་འབྱུང་བ་དང་རྔུབ་པ་དང་མ་བྲལ་བ་དང༌། འདི་ལ་བདེའོ་སྙམ་དུ་སེམས་ཀྱི་གཏོད་པ་གང་ཡིན་པ་འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བའོ་ཞེས་གསུངས་པ་བསྡུའོ། །བསམ་གཏན་གསུམ་པོ་ཞེས་བྱ་བ་རྒྱས་པར་འབྱུང་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ཐམས་ཅད་ནི་མི་གཡོ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བསམ་གཏན་གསུམ་པའི་གོང་ཡན་ཆད་ལ་ཡིན་ནོ་སྙམ་དུ་སེམས་སོ། །ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ཉེས་པ་དང་བཅས་པ་སྟེ། བསམ་གཏན་གསུམ་པོ་དེ་དག་གི་ཏིང་ངེ་འཛིན་སྐྱོན་དང་བཅས་པའི་དབང་དུ་མ་མཛད་ནས་འདི་ནི་འདིར་འཕགས་པ་རྣམས་ཀྱིས་མི་གཡོ་པར་གསུངས་སོ་ཞེས་དེ་སྐད་གསུངས་པར་ཟད་ཀྱི། མི་གཡོ་བའི་ལས་ཀྱི་དབང་དུ་མཛད་ནས་ནི་མ་ཡིན་ནོ། །མི་གཡོ་བ་དང་མཐུན་པར་འགྲོ་བའི་ལས་ལས་བརྩམས་ཏེ་ཞེས་བྱ་བ་ནི། མི་སྒུལ་བ་དང་མཐུན་པར་འགྲོ་བའི་ལས་ལ་བརྩམས་ཏེ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཡང་ཅིའི་ཕྱིར་ཏིང་ངེ་འཛིན་གྱི་སྐྱོན་དང་བཅས་པ་ཉིད་ཀྱིས་གཡོ་བ་དང་བཅས་བཞིན་དུ་ཡང་འདི་མི་གཡོ་བར་གསུངས་ཤེ་ན། དེའི་ཕྱིར་རོ། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་བྱ་བ་སྨོས་སོ། །འདོད་པ་ན་སྤྱོད་པའི་རྫོགས་པར་བྱད་པའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་བ་མ་ཡིན་ནོ། །བདེ་བ་དང་ལོངས་སྤྱོད་ལ་སོགས་པར་འགྱུར་པའི་ལམ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་བཟང་བ་དང༌། སྐལ་བ་བཟང་བ་དང་སྐད་སྙན་པ་ལ་སོགས་པ་བསྡུའོ། །རེས་འགའ་རྐྱེན་གཞན་གྱི་དབང་གིས་ཞེས་བྱ་བ་ནི་རྐྱེན་གཞན་ཉོན་མོངས་པ་དང་ལས་དང་སྨོན་ལམ་གྱི་མཐུས་ཞེས་བྱ་བའི་ཐ་ཚིག་སྟེ། མདོ་ལས། འདི་ལྟ་སྟེ། འདི་ནི་ལ་ལ་སྦྱིན་པ་པོ་ཡིན་ཞིང་སྦྱིན་བདག་ཡིན་ལ། །དེ་ཡང་ཤིན་ཏུ་སྲོག་གཅོད་པ་ཡིན་ཞེས་བྱ་བ་རྒྱས་པར་བརྗོད་དེ། གླང་པོ་ཆེར་གྱུར་ན་གླང་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་འཐོབ་པར་འགྱུར་རོ་ཞེས་


DTG210_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པའི་བར་གསུངས་སོ། །ཡང་འདི་ལྟ་སྟེ། འདི་ན་ལ་ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཆུང་ངུ་བརྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་དང༌། །དེ་བཞིན་དུ་ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམ་པ་ལས་བྱུང་བ་ཆུང་ངུ་བརྟེན་ཅིང་བསྒོམས་པས་དང་ལན་མང་དུ་བྱས་པ་ཡིན་ལ། དེ་འདི་སྙམ་དུ་ཀྱེ་མ་མ་ལ་མ་རིག་པས་ཡོག་པས་བདག་ལྷ་བཟང་པོ་རྣམས་སམ་མི་བཟང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ན་ཞེས་བྱ་བ་ནས་དེ་ནི་དེ་ར་སྐྱེའོ་ཞེས་བྱ་བའི་ཕར་གསུངས་སོ། །དེ་ལ་རྒྱུ་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པ་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱིས་དེ་དག་མཐའ་གཅིག་ཏུ་ཉོན་མོངས་པའི་ཕྱིར། མ་རིག་པས་ཡོག་པས་རྒྱུ་འབྲས་བུའི་འབྲེལ་པ་རབ་ཏུ་རྣམ་པར་འབྱིན་པ་ལ་མངོན་པར་ཡིད་ཆེས་པའི་སྐབས་མེད་པས་འཕགས་པའི་བདེན་པ་རྣམས་ལ་ཀུན་ཏུ་རྨོངས་པའི་བསོད་ནམས་མི་གཡོ་བའོ། །རྨོངས་པ་གང་ཡིན་པ་དེས་སོ་སོ་སྐྱེ་བོ་རྣམས་དགེ་བའི་སེམས་དང་ཐོབ་པའི་སྒོ་ནས་རྗེས་སུ་འབྲེལ་བ་དེའི་དབང་གིས་ཡང་སྲིད་ཀྱི་རྒྱུར་གྱུར་བའི་བསོད་ནམས་མི་གཡོ་བའི་འདུ་བྱེད་སློབ་པར་བྱེད་དོ། ཁམས་གསུམ་པ་སྡུག་བསྔལ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མ་ཤེས་པ་ལས་དེ་དག་བདེན་པ་མཐོང་བ་དང་འདོད་ཆགས་དང་བྲལ་བ་ལ་མི་འཇུག་པར་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ཡིན་ཏེ་སྔོན་གྱི་མངོན་པར་འདུ་བྱེད་པའི་དབང་གིས་སོ། །ཚོགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི། རྒྱུ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཚོགས་ནི་དེ་དང་ལྷན་ཅིག་འབྱུང་བ་དང་དབང་པོ་རྣམས་དང་ཡུལ་རྣམས་སོ། །འདི་འཚོགས་པར་བྱེད་པས་ན་ཚོགས་ཡིན་ཏེ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནས་རྣམ་པར་སྨིན་པ་ཚོར་བ་ཁོ་ན་ཡོད་པ་ནི་མ་ཡིན་མོད་ཀྱི། གདུལ་བའི་དབང་གིས་ན་དེ་སྐད་དུ་གསུངས་ཏེ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་བསམ་གཏན་བཞི་པ་མན་ཆད་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་


DTG210_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མེད་ན་ནི་བསམ་གཏན་ཁྱད་པར་གྱི་ལས་མན་ཆད་དུ་རྣམ་པར་སྨིན་པའི་ཕྱིར་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་དེ་ནི་བསམ་གཏན་ཁྱད་པར་ཅན་ཉིད་དོ། །ལས་ཁ་ཅིག་ནི་བདེ་བ་མྱོང་བར་འགྱུར་བའི་ལས་ཏེ་བསམ་གཏན་ཁྱད་པར་ཅན་ནོ། །ཅིའི་ཕྱིར་ཞེ་ན། དེ་ན་བདེ་བ་དང་སྡུག་བསྔལ་དག་མེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་རྣམ་པར་སྨིན་པའི་ཉིད་བསམ་གཏན་ཁྱད་པར་ཅན་གྱི་ལས་ནི་བསམ་གཏན་ཉིད་དེ་བདེ་བའི་དབང་པོ་རྣམ་པར་སྨིན་པའོ་ཞེས་བྱ་བ་སྟེ། ས་དེ་དག་ནི་རྟེན་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་ཁྱད་པར་ཅན་གྱི་ལས་ནི་བདེ་བ་མྱོང་བར་འགྱུར་བ་ཁོ་ན་ཡིན་པས་འགལ་བ་མེད་དོ། །གཞན་དག་ན་རེ། དེའི་རྣམ་པར་སྨིན་པ་ཚོར་བ་མེད་པ་ཉིད་དེ་འོ་ན་ཅི་ཞེ་ན། མི་ལྡན་པའི་ཚེ་ལ་སོགས་པ་དང་གཟུགས་ཞེས་སོ། །དེ་ལྟ་ཡིན་དང་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་དེ་ནི་བསམ་གཏན་ཁྱད་པར་ཅན་ཁོ་ན་ཡིན་པར་ཐལ་བར་འགྱུར་རོ། །འདི་ནི་བསྟན་བཅོས་དང་འགལ་བ་ཡིན་ཏེ། བསྟན་བཅོས་ལས་ནི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་གྱི། ལུས་ཀྱི་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ་རྟོགས་པ་མེད་པའི་ལས་དགེ་བའི་ཡིན་ཞེས་འབྱུང་བ་ལ། བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྟོག་པ་མེད་པ་ཡིན་ནོ། །གལ་ཏེ་དེའི་རྣམ་པར་སྨིན་པའི་བསམ་གཏན་དང་པོའི་བདེ་བ་ཁོ་ན་ཡིན་ན་ནི་བསམ་གཏན་དང་པོའི་བདེ་བའི་དབང་པོ་རྣམ་པར་ཤེས་པའི་ཚོགས་གསུམ་དང་ལྡན་པ་ཡིན་པས། དེའི་ཕྱིར་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་པར་འགྱུར་གྱི་ལུས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་བསྟན་བཅོས་དང་འགལ་ལོ། །གཉིས་པ་ཡང་བསྟན་བཅོས་དང་འགལ་ཏེ། རྟོག་པ་མེད་པའི་མཚན་ཉིད་ཀྱི་ཚོར་བ་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །གཞན་དག་ན་རེ། བསམ་གཏན་ཁྱད་པར་ཅན་གྱི་ལས་བསམ་གཏན་དང་པོའི་བདེ་བའི་དབང་པོ་རྣམ་པར་སྨིན་པར་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བདེ་བའི་ཚོར་བ་དེ་


DTG210_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེམས་ཀྱི་ཡིན་ནོ་ཞེས་བྱ་བའི་བསྟན་བཅོས་དང་འགལ་བ་མེད་པས་འདི་བསམ་གཏན་ཁྱད་པར་ཅན་རྣམ་པར་སྨིན་པའི་གཏན་ཚིགས་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་བསམ་གཏན་བཞི་པ་ཕན་ཆད་ན་སྡུག་བསྔལ་ཡང་མ་ཡིན་ན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཡོད་དོ་ཞེས་ཟེར་རོ། །དེའི་ཕྱིར་འདིར་རྒྱུ་གཞན་མི་གཟུང་ངོ༌། །སྔ་ཕྱི་མེད་གསུམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདེ་བ་མྱོང་བར་འགྱུར་བའི་གཟུགས་ནི་མིག་ལ་སོགས་པའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང༌། དེ་དག་དང་མཚུངས་པར་ལྡན་པ་རྣམས་ཏེ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ནི་ལྡན་པ་མ་ཡིན་པ་སྲོག་གི་དབང་པོ་ལ་སོགས་པ་རྣམས་སོ། །འདོད་པའི་ཁམས་ལས་གཞན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་སྡུག་བསྔལ་མྱོང་བར་འགྱུར་བ་མེད་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བ་མ་གཏོགས་པ་གཞན་ལ་རྣམ་པར་སྨིན་པ་མེད་པས་འདྲི་བ་ནི་དེ་ཅི་ལས་དེ་དགེ་བ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །སྟོབས་ཆུང་ངུ་ཡིན་ནོ་ཞེས་བྱ་བ་ལ་སྟོབས་དང་ལྡན་པ་ཡིན་དེ་ནི་བདེ་བ་མྱོང་བར་འགྱུར་བ་ཡིན་ཏེ། ཚིག་ཚད་མ་ཡང་དེའི་དེས་རབ་ཏུ་རྣམ་པར་ཕྱེ་བ་འདི་ནི་བརྗོད་དོ། །པ་ཙན་ཏ་ཏ་ཀྱ་པི་ཏ་ནཾ་ཏ་ཡཱ་ཕྲ་བི་བྷཀྟི་ཨེ་ཏཱ་བཏྡུ་ཙྱ་ཏེ། དེའི་ཕྱིར་དགེ་པའི་ལས་གང་ཡིན་པ་དེ་ནི་ཁ་ཅིག་ལ་དེའི་ཚོགས་ཀྱི་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བ་ཡིན་པས་ཁ་ཅིག་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཚིག་ཚད་མ་སོགས་སྔགས་ཀྱི་ཊཱི་ཀ་ཡིན། ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡིན་ནོ། །འདི་དང་འགལ་ལོ་ཞེས་བྱ་བ་ནི། འདོད་པའི་ཁམས་ལ་སོགས་པར་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་ཡང་དགེ་བར་ཁས་བླངས་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་བར་དགེ་བ། བདེ་བ་མྱོང་བར་འགྱུར་ཞེས་བྱ་བ་དང༌། རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་ནོ་ཞེས་


DTG210_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བདག་ཉིད་དང་འགལ་ལོ། །གང་ཞིག་དེ་ལྟར་འདོད་པ་དེ་ནི་སྔ་མ་མི་འདོད་པ་ཁོ་ན་ཡིན་ན་དེ་དང་འགལ་བ་ག་ལ་ཡོད། སྔ་མ་མི་འདོད་པ་ནི་བསྟན་བཅོས་ལས་ནི་འགལ་བར་འགྱུར་ན། བསྟན་བཅོས་ལས་ནི་དེ་ཕལ་ཆེ་བ་བསྟན་པ་ཡིན་པས་འགལ་བ་མེད་དོ། །ཇི་ལྟར་ཚོར་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བྱ་བའི་དུས་ཀྱི་དབང་བྱས་ནས་སྨྲས་ཀྱི། འབྲས་བུའི་དུས་ནི་མ་ཡིན་ནོ། །བདེ་བ་མྱོང་བར་འགྱུར་བ་དང༌། མཐུན་པ་ཞེས་བྱ་བ་ནི་བདེ་བ་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་པའོ། །བདེ་བའི་བདེ་བ་མྱོང་བར་བྱ་བ་ཡིན་པས་ཞེས་བྱ་བ་ལ་བདེ་བ་ཡང་དེ་ཡིན་ལ་མྱོང་བར་བྱ་བ་ཡང་ཡིན་པས་ན་བདེ་བ་མྱོང་བར་འགྱུར་བ་སྟེ། རྣམ་པར་སྨིན་པ་གང་ཡིན་པའོ། །མྱོང་བར་འགྱུར་བ་ཞེས་བྱ་བ་ནི། ཉམས་སུ་མྱོང་བར་འགྱུར་བའོ། །འདིའི་བདེ་བ་མྱོང་བར་བྱ་བ་ཡིན་པས་བདེ་བ་མྱོང་བར་འགྱུར་བའོ། །དེ་མྱོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་དེ་ཉམས་སུ་མྱོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །འཁྲུ་བར་བྱེད་པའི་འདག་ཆལ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་འདག་ཆལ་འདིས་འཁྲུ་བར་བྱེད་པས་ན། འཁྲུ་བར་བྱེད་པའི་འདག་ཆལ་ལོ་ཞེས་བྱ་བ་འཐོབ་པ་བཞིན་དུ་འཁྲུ་བར་འགྱུར་བའི་འདག་ཆལ་ཞེས་བྱ་བ་ཡིན་པས་དེ་བཞིན་དུ་ལས་གང་གིས་བདེ་བ་མྱོང་བར་བྱེད་པ་དེ་ནི་བདེ་བ་མྱོང་བར་བྱེད་པའོ་ཞེས་བྱ་བ་ཡང་ཡིན་ནོ། །ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ཚོར་བ་རྣམས་སོ་ཞེས་བྱ་བ་ནི། ཚོར་བ་བདེ་བ་མྱོང་ན་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། ངོ་བོ་ཉིད་ཀྱིས་ཏེ་མྱོང་བའི་མཚན་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བའོ། །གཟུགས་སོ་སོ་ཡང་དག་པར་མྱོང་བར་འགྱུར་ཞེས་བྱ་བ་ལ། གཟུགས་སོ་སོར་ཉམས་སུ་མྱོང་བར་འགྱུར་གྱི། གཟུགས་ལ་འདོད་ཆགས་ནི་མ་ཡིན་ཏེ་དེ་མ་སྐྱེས་པའི་ཕྱིར་རོ། །གདོན་མི་ཟ་བ་མྱོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་འབྲས་བུའི་ཕྱིར་མ་ངེས་པའི་ཕྱིར་རོ། །གལ་ཏེ་མ་ངེས་པ་ན་ཇི་ལྟར་བདེ་བ་མྱོང་བར་འགྱུར་


DTG210_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཞེ་ན། གལ་ཏེ་དེས་བདེ་བ་ཉིད་རྣམ་པར་སྨིན་པར་བྱེད་དོ་ཞེ་ན་ནི་ཚོར་བ་རྣམ་བར་སྨིན་པར་འགྱུར་བས་བདེ་བ་མྱོང་བར་འགྱུར་བ་ཡིན་ཏེ་སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡང་དེ་དང་འདྲའོ། རྣམ་པ་གཉིས་སུ་ཕྱེ་ནས་ཞེས་བྱ་བ་ལ། མཐོང་བའི་ཆོས་ལ་སོགས་པའི་གནས་སྐབས་སུ་མ་ངེས་ལ། རྣམ་པར་སྨིན་པར་ངེས་པ་འདི་ནི་གཅིག་ཡིན་ནོ། །གནས་སྐབས་ལ་ངེས་ལ་རྣམ་པར་སྨིན་པར་མ་ངེས་པ་ནི་གཉིས་པའོ། །སྟོབས་དང་ལྡན་པ་ནི་ཆོས་སྟོབས་དང་ལྡན་པ་སྟེ། ལས་གཞན་དག་གིས་བར་དུ་གཅོད་པར་མི་ནུས་པའི་ཕྱིར་རོ། །ཆུང་ཆེས་པ་ནི་ཉུང་ཆེས་པ་སྟེ། དུས་ཐུང་བའི་ཕྱིར་རོ། །རྩོམ་པའི་དབང་གིས་ཞེས་བྱ་བ་ནི། དབང་དུ་བྱས་པའི་སྐྱེས་པ་དེ་ཉིད་ལ་རྣམ་པར་སྨིན་པའི་མགོ་གཟུགས་ཞེས་བྱ་བའི་དོན་ཏོ། མེད་པ་དེ་རྣམ་པར་གཞག་གོ་ཞེས་བྱ་བ་ནི། འབྲས་བུ་ཉེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འབྲས་བུ་ཉེ་བའི་དཔེ་ནི་ལྕམ་པའོ། །འབྲས་བུ་རིང་བའི་དཔེ་ནི་ནས་ལ་སོགས་པ་དག་གོ །ཏསྨ་ཏ་པྲ་ཏྱ་པནྣ་ཕ་ལ་དཱ་ནཱནྣ་བཻ་ཤིཥྚ་མ་ནུ་མེ་ཡ་ཀལྤནཻ་བཥཱཾ་ན་སཱ་དྷི་ཏྱ་པ་རེཿནིརྣིཏྟ་བི་པཱ་ཀ་སྱ་ཀརྨ་ཎོ་ནི་པྲི་ཏེ་ན་པུ་ནིརྦ་པཱ་ཀཱབྷི་ནི་བྲིཏྟྱ་ནུ་བཏྟེཿ་ས་བོན་དང་མྱུ་གུ་བཞིན་ཞེས་སོ། །དཔེས་སྟོན་པ་རྣམས་ཞེས་བྱ་བ་ནི། གང་དག་དཔེ་སྟེ་རྟོག་གེས་ཐ་སྙད་བྱེད་པ་དེ་དག་ནི་དཔེས་སྟོན་པ་སྟེ་མདོ་སྡེ་པ་རྣམས་སོ། །ལས་གང་དག་གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད་དོ་ཞེས་བྱ་བ་ནི་ལས་གང་ཞིག་མཐོང་བའི་ཆོས་ཁོ་ན་ལ་རྣམ་པར་སྨིན་གྱི། དེ་ལས་འདས་པར་རྣམ་པར་མི་སྨིན་པ་ཉིད་དོ། །དེ་བཞིན་དུ་སྐྱེས་པ་དང༌། ལན་གྲངས་གཞན་ལ་ཡང་བརྗོད་པར་བྱའོ། །ལས་འདི་ནི་གནས་སྐབས་ངེས་པ་ཡིན་གྱི་རྣམ་པར་སྨིན་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་ལ། རྣམ་པར་སྨིན་པའི་ལས་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །རྣམ་པར་སྨིན་པར་ངེས་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ལས་གང་ཞིག་མཐོང་བའི་ཆོས་སམ་


DTG210_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའམ། རྣམ་གྲངས་གཞན་ཡིན་ཡང་བླ་སྟེ། གདོན་མི་ཟ་བར་སྨིན་པ་དེ་རྣམ་པར་སྨིན་པར་ངེས་ཀྱི་གནས་སྐབས་སུ་ནི་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པར་ངེས་ལ། མྱོང་བར་འགྱུར་བར་ནི་མ་ཡིན་པའི་ལས་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །གཉི་ག་ངེས་པ་ཡང་ཡོད་དེ། གནས་སྐབས་དང་རྣམ་པར་སྨིན་པར་ངེས་པ་གང་ཡིན་པའོ། །གཉི་ག་མ་ངེས་པ་ཡང་ཡོད་དེ། གནས་སྐབས་ཀྱང་མ་ངེས་ལ། རྣམ་པར་སྨིན་པར་ཡང་མ་ངེས་པའི་ལས་གང་ཡིན་པའོ། །དཔེས་སྟོན་པ་དེ་དག་གི་ལྟར་ན། མུ་དང་པོ་དང་གཉིས་པ་ལ་བརྗོད་པ་ལྟར་ལས་རྣམ་པ་བརྒྱད་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་རྣམ་པར་སྨིན་པར་ངེས་པ་དང་མ་ངེས་པ་ནས་མྱོང་བར་འགྱུར་བར་མ་ངེས་པའི་བར་དུ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །ལས་རྣམ་པ་བཞིས་འཕེན་པར་འགྱུར་བ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བའི་ལས་རྣམས་སོ་ཞེས་ཟེར་རོ། །གཞན་དག་ན་རེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་རྣམས་སོ་ཞེས་ཟེར་རོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་གཞན་གྱིས་འཕངས་པའི་རིས་མཐུན་པ་ལ་དེ་འབྱུང་བའི་ཕྱིར་དང༌། དེ་ཉིད་དུ་འབྲས་བུ་དེ་འབྱིན་པའི་ཕྱིར་རོ། །ཅི་རིགས་པར་ཞེས་བྱ་བ་འབྱུང་སྟེ། དེ་ལ་མི་དགེ་བ་རྣམས་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་དོ། །གཞན་དག་ནི་ཁམས་གསུམ་ཆར་ནའོ། །ཁ་ཅིག་ན་རེ་གཟུགས་དང་གཟུགས་མེད་པའི་ཁམས་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མེད་དོ་ཞེས་ཟེར་རོ། །སངས་རྒྱས་དང་དགྲ་བཅོམ་པ་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལས་ཕན་པ་དང་གནོད་པ་ལས་བྱུང་བའི་ནི་མངོན་པར་ཞེན་པ་དྲག་པོ་དང་དེ་ལས་གཞན་པས་ཀྱང་སྟེ་གཟུགས་དང་གཟུགས་མེད་པ་དག་ཏུ་འདི་ཐམས་ཅད་སྲིད་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་མ་ངེས་ཏེ་རྣམ་པ་གཞན་དུ་ཡང་དེ་བཞིན་དུ་དེ་འབྱུང་ངོ་ཞེས་ཟེར་རོ། །གང་ལས་འདོད་


DTG210_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བ་བརྟན་པའི་བྱིས་པ་ཞེས་བྱ་བ་ལ། བརྟན་པ་ཞེས་བྱ་བ་སྨོས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་བསལ་བའི་ཕྱིར་ཏེ། དེ་ལ་ནི་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་འགལ་ཏེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་རོ། །བྱིས་པ་ཞེས་བྱ་བ་ནི་འཕགས་པ་བསལ་བའི་ཕྱིར་ཏེ། བྱིས་པ་ནི་སྐྱེས་ནས་མྱོང་བ་ཉིད་བྱེད་པ་མ་ཡིན་གྱི་གཞན་ནི་བྱེད་དོ། །དེ་ཉིད་ཀྱི་ཕྱིར། གཞན་རྣམ་པ་གསུམ་ནི་བྱེད་དོ་ཞེས་བྱ་བ་སྨོས་ཏེ། །དེ་ནི་སླར་འོང་བའི་གོ་སྐབས་ཡོད་དོ། །འཕགས་པ་གཞན་དུའང་མྱོང་མི་བྱེད། །ཅེས་བྱ་བ་ལའང་ཞེས་བྱ་བའི་སྒྲས་ནི་སྐྱེས་ནས་མྱོང་བ་ཡང་བྱིས་པ་མ་ཡིན་པར་རྟོགས་ཏེ། དེ་ལ་ནི་ཡོངས་སུ་ཉམས་པའམ་སླར་འོང་བ་ཡོད་པ་མ་ཡིན་ཏེ། བརྟན་པའི་ཕྱིར་དང་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །བརྟན་པ་ཞེས་བྱ་བ་ནི་མི་བརྟན་པ་གཅད་པའི་ཕྱིར་ཏེ། མི་བརྟན་པ་ནི་སྐྱེས་ནས་མྱོང་བར་འགྱུར་བས། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་བྱེད་པ་ཡིན་ཏེ། ཡོངས་སུ་ཉམས་པ་ལ་ཡང་སྐྱེ་བ་སྲིད་པའི་ཕྱིར་རོ། །འདི་ནི་ཡང་ས་འོག་མར་འོང་བར་རུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཕྱིར་མི་འོང་བ་རྣམས་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འོག་ན་ཡོད་ན་ཡི་འོག་མའོ། །མ་ངེས་པ་དང་ཞེས་བྱ་བ་ལ། རྣམ་པར་སྨིན་པར་མ་ངེས་པ་དང༌། གང་དུ་སྐྱེས་པ་དེར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བྱེད་དོ། །གང་ལས་འདོད་ཆགས་དང་བྲལ་བས་གོང་མ་པ་ནི་ས་འོག་མ་ལ་རྣམ་པར་སྨིན་པ་མེད་དོ། །འབྲས་བུ་ལས་དེ་ཡོངས་སུ་ཉམས་པར་ནི་ཡོད་དོ། །དེ་ལྟར་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ཤིང༌། སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་པ་ན་སྤྱོད་པའི་སྐྱེས་ནས་མྱོང་བར་འགྱུར་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྱུར་བར་ནུས་པ་མེད་དོ། །གང་ཡང་འདོད་པ་ལ་འདོད་ཆགས་དང་བྲལ་བ་དང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ལས་དེ་ཡོངས་སུ་ཉམས་པས་ཕྱིར་མི་འོང་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་


DTG210_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡོངས་སུ་ཉམས་པ་ཡིན་ནོ། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི། ཇི་སྲིད་འབྲས་བུ་དེ་མ་ཐོབ་ཀྱི་བར་དུ་འཆི་བ་མེད་པ་དེའི་ཕྱིར་དེ་དག་ལ་སྐྱེས་ནས་མྱོང་བར་འགྱུར་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པའི་སྐབས་མེད་དོ། །མ་ངེས་པ་དང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བཀག་པ་མེད་དོ། །ཐམས་ཅད་ན་ནི་འཕེན་པ་བཞི་ཞེས་བཤད་པ་དེའི་ཕྱིར་ཅི་སྲིད་པ་བར་མ་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ན་ནི་མངལ་གྱི་གནས་སྐབས་དད་བྱིས་པ་ལ་སོགས་པའི་གནས་སྐབས་དག་མེད་དོ། །སྐྱེ་བ་རིལ་པོ་ནི་གནས་སྐབས་བཅུ་གཅིག་ཡིན་ཏེ། མངལ་གྱི་གནས་སྐབས་ལྔ་དང༌། །སྐྱེས་པའི་གནས་སྐབས་ལྔ་དག་སྲིད་པ་བར་མའི་གནས་སྐབས་སོ། །ལས་ངེས་པ་སྲིད་པ་བར་མ་དང༌། ནུར་ནུར་པོ་ལ་སོགས་པའི་འབྲས་བུ་ཅན་གང་ཡིན་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་པར་ཤེས་པར་མི་བྱ་སྟེ། དེའི་ཕྱིར་དེ་ནི་མཐོང་ཆོས་འབྲས་བུ་ཅན་ཞེས་བྱ་བ་སྨོས་སོ། །དེའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་སྲིད་པ་བར་མའི་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་ལ་གང་ལས་གཞན་ཞེ་ན། སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་དག་ལས་སོ། །དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནས་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་གནས་སྐབས་བཅུ་གཅིག་པོ་དེ་ནི་ལས་གཅིག་གིས་འཕངས་ཤིང་རིས་གཅིག་པ་ཁོ་ན་ཡིན་པས་དེའི་ཕྱིར་སྲིད་པ་བར་མ་མྱོང་བར་འགྱུར་བའི་ལས་གཞན་ལ་བཤད་དོ། །ལས་ངེས་པ་དང་མ་ངེས་པ་བཤད་པ་དེའི་ཕྱིར་ཡང་ངེས་པའི་ལས་ཅི་འདྲ་བཞེས་བྱ་བ་སྨོས་སོ། །ངེས་པ་ཤེས་ན་དེ་ལས་གཞན་ནི་མ་ངེས་པ་ཡིན་ན་ཞེས་བྱ་བ་ཤེས་པ་ཁོ་ན་ཡིན་པས་དེ་ལ་དྲི་བ་མ་བྱས་སོ། །འབྲས་བུ་སྙོམས་པར་འཇུག་པ་ཁྱད་པར་ཅན་ཞེས་བྱ་བ་ལ། ཁྱད་པར་ཅན་གྱི་སྒྲ་ནི་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །དེ་ལ་འབྲས་བུ་ཁྱད་པར་ཅན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་


DTG210_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སྙོམས་པར་འཇུག་པ་ཁྱད་པར་ཅན་ནི་འགོག་པ་དང་བྱམས་པ་དང་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པའོ། །ཁྱད་པར་སྨོས་པ་ནི་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དང༌། དེ་ལས་གཞན་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་གཅད་པའི་ཕྱིར་རོ། །ཅི་འདྲ་ཡང་རུང་སྟེ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་བཞིན་པའམ་དྲག་པོས་བསླངས་ཏེ་བསྒྲུབ་པའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གསོད་པར་བྱེད་པའི་ལས་ལས་གཞན་པ་གང་ཞེས་ལ་སོགས་པ་དང་རྐང་པ་ལ་ཕྱག་བྱེད་པ་ལ་སོགས་པ་གང་ཡིན་པ་དང༌། ཉོན་མོངས་པ་དང་རབ་ཏུ་དང་བ་ཞན་པས་ཀུན་ནས་སློང་བའོ། །མ་ངེས་པ་ཡོད་དེ་བསམ་པ་དྲག་པོ་རབ་ཏུ་དགའ་བ་དང་རྗེས་སུ་འབྲེལ་བ་ཨཛྭ་བྲ་ནི་ཥེ་སྨོན་ལམ་གྱི་དངོས་པོའི་དབང་ལས་ངེས་པ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །ཞིང་དང་བསམ་པའི་ཁྱད་པར་ལས་ཞེས་བྱ་བ་ལ། ཞིང་གི་ཁྱད་པར་ལས་ནི་དགེ་སློང་ཤགས་ཀྱིས་ཕམ་པ་ཞིག་གིས་དགེ་འདུན་ལ་བུད་མེད་བཟང་ངོ་ཞེས་ཁ་བྱས་པ་དང༌། དེ་མཐོང་བའི་ཆོས་ཁོ་ན་ལ་སྐྱེས་པའི་མཚན་དང་བྲལ་ཏེ། བུད་མེད་ཀྱི་མཚན་དང་འབྱུང་ངོ་ཞེས་གྲག་གོ །བསམ་པའི་ཁྱད་པར་ལས་ཀྱང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ཏེ། དཔེར་ན་ཉུང་རུམ་ཞིག་གིས་རྔན་པ་བྱིན་ནས་གླང་ཞིག་རླིག་པ་དབྱུང་བ་ལས་ཐར་བར་བྱས་པ་དང༌། དེ་ལ་མཐོང་བའི་ཆོས་ཁོ་ན་ལ་སྐྱེས་པའི་དབང་པོ་བྱུང་ངོ་ཞེས་གྲག་པ་བཞིན་ནོ། །ཡང་ན་དེར་སྐྱེས་པའི་ལས་དེའི་ས་གང་ཡིན་ཡིན་པ་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ལས་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ཏེ། དཔེར་ན་ཕྱིར་འོང་བ་དང༌། །དགྲ་བཅོམ་པ་རྣམས་ཀྱིས་འདོད་ཆགས་དང་བྲལ་བའི་གནས་སྐབས་སུ་བྱས་པ་ལྟ་བུ་སྟེ་ས་འོག་མར་ཡང་མི་འོང་བའི་ཕྱིར་རོ། །ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །གནས་སྐབས་གཞན་དུ་ངེས་པ་གང་ཡིན་པ་ཞེས་བྱ་བ་ནི། སྐྱེས་ནས་མྱོང་བར་འགྱུར་བ་འམ་ལན་གྲངས་གཞན་ལ་ངེས་པར་འགྱུར་བ་སྟེ། དེ་ནི་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བ་ནི་ས་དེ་ཉིད་དུ་སྐྱེས་ནས་སམ་ལན་གྲངས་གཞན་ལའོ། །དེ་དང་ལྡན་བཞིན་དུ་གཏན་


DTG210_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཞེས་བྱ་བ་ལ། གང་ལ་གནས་སྐབས་གཞན་དུ་ངེས་པའི་ལས་ཡོད་པ་དེ་ལ་ནི་གཏན་དུ་འདོད་ཆགས་དང་བྲལ་བ་མི་སྲིད་དེ། ཕྱིར་མི་འོང་བ་ལ་སླར་འོང་བའམ། དགྲ་བཅོམ་པ་ལ་ཡང་སླར་སྐྱེ་བ་ནི་མེད་དོ། །དེའི་ཕྱིར་ལས་དེ་ནི་རང་གི་ལས་གཏན་དུ་འདོད་ཆགས་དང་བྲལ་བ་འགོག་པའི་རྒྱུ་ཡིན་ནོ། །མ་ངེས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་མ་ངེས་པ་རྣམ་པར་སྨིན་པ་འབྱིན་པ་ལ་གེགས་བྱེད་པའི་རྒྱུ་ནི། ས་དེ་ལས་འདོད་ཆགས་དང་བྲལ་བ་ཁོ་ན་ཡིན་པས་འདི་ནི་རྣམ་པར་མི་སྨིན་པ་ཡིན་ལ། མ་ངེས་པ་ཡིན་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་ནི་གེགས་བྱེད་པར་ནུས་པ་ཡང་མ་ཡིན་ནོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་གཏན་དུ་འདུས་བྱས་ཐམས་ཅད་འཇུག་པ་དང་འགལ་བ་ཡིན་ལ། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་པས་དུས་ཇི་སྲིད་དུ་གཅིག་ཏུ་འགལ་བ་ཡིན་པས་མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་མངོན་སུམ་དུ་བྱས་པས་ཕྱིར་དེ་ལས་ལངས་པས་སེམས་མཆོག་ཏུ་ཞི་བ་ཐོབ་པོ། །སོན་པ་ལས་སླར་ལོག་པ་དང་འདྲ་ཞེས་བྱ་བ་ལ་སྙོམས་པར་འཇུག་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པར་སོན་པ་འདྲ་ལ། ཡང་ལངས་པ་ལ་སེམས་དང་སེམས་ལས་བྱུང་བ་འབྱུང་བ་མྱ་ངན་ལས་འདས་པ་ལས་སླར་ལོག་པ་དང་འདྲ་སྟེ། །དེའི་ཕྱིར་དེ་ནི་སེམས་མཆོག་ཏུ་དང་བའི་གཞིར་གྱུར་པ་ཡིན་ནོ། །ཕན་པའི་ལྷག་པའི་བསམ་པ་ནི་ཕན་པར་འདོད་པ་ཡིན་ལ། ཕན་པ་ནི་འདིར་ཉོན་མོངས་པ་མ་འབྱུང་བའོ། །ཤིན་ཏུ་གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་རྣོ་བ་སྟེ་ཏེ་པོར་གསལ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་ཚད་མེད་པ་ལ་ཕན་པའི་ལྷག་པའི་བསམ་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རྒྱུད་ཇི་སྐད་བཤད་པའི་བསམ་པ་དང་རྗེས་འབྲེལ་ཅིང་མཐུན་པར་འབྲེལ་


DTG210_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཇི་སྐད་བཤད་པ་དང་པའི་བསོད་ནམས་ཀྱིས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པ་འཇུག་པ་སྟེ། ཡོངས་སུ་བསྒོས་པ་ཞེས་བྱ་བ་འདི་ནི་བག་ཆགས་ཀྱི་རྣམ་གྲངས་སོ། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་བ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། ལངས་ནས་དུས་ཧ་ཅང་ཡུན་མི་རིང་བ་གཟུང་བའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་པ་ཞེས་བྱ་བ་ལ། འདིར་གནས་ཡོངས་སུ་གྱུར་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྐྱེ་བ་དང་འགལ་བའི་རྟེན་ཐོབ་པའི་ཕྱིར་རོ། །སར་པ་སྨོས་པ་ནི་ལངས་ནས་ཡུན་རིང་བོ་མ་ལོན་པ་བསྡུ་བའི་ཕྱིར་རོ། །མཐོང་བའི་ལམ་དང་དགྲ་བཅོམ་བ་ཉིད་ལས་གསར་དུ་ལངས་པ་དག་ནི་ཡོན་ཏན་སྔར་མ་ཐོབ་པ་ཐོབ་པས་ཡིད་བདེ་བ་ལ་གཞོལ་བ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་དབང་པོ་ཤིན་ཏུ་ཉེ་བར་ཞི་བར་འགྱུར་རོ། །འཇིག་རྟེན་པའི་མཉམ་པར་གཞག་པ་རྣམས་ཀྱི་ཡིད་ཀྱི་རྒྱུད་ཐ་དད་པ་ཟིལ་གྱིས་མི་གནོན་པ་སྟེ། རྒྱུ་དེ་དག་གིས་གང་ཟག་ལྔ་པོ་དེ་དག་ལ་ཕན་པའམ་གནོད་པར་བྱས་པས་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་དུ་འགྱུར་རོ། །རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཅན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། བསྒོམ་པའི་ལམ་དེ་དག་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཡོད་པ་དེ་ནི་རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཅན་ནོ། །བསྒོམ་པའི་ལམ་དེ་ཡང་གང་ཡིན་ཞེ་ན། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པར་བྱེད་པའི་ལམ་སྟེ། དེ་ཡང་སློབ་པ་ཉིད་དེ་མི་སློབ་པ་མ་ཡིན་པས་རང་བཞིན་ཡོངས་སུ་མ་རྫོགས་པའོ། །འདིའི་འབྲས་བུ་ཡང་ཡོངས་སུ་མ་རྫོགས་པ་སྟེ། འབྲས་བུ་གཉིས་དང་འབྲས་བུ་གཅིག་ལྷག་མར་ལུས་པའི་ཕྱིར་རོ། །དགྲ་བཅོམ་པ་ཐོབ་པ་ནི་རང་བཞིན་དང་འབྲས་བུ་ཡོངས་སུ་རྫོགས་པ་སྟེ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་ཕྱིར་དགྲ་བཅོམ་པ་ཉིད་ཐོབ་པའི་ལམ་ནི་སློབ་པ་དང་མི་སློབ་པའི་རང་བཞིན་ཟད་པ་


DTG210_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་བསྡུས་པའམ་བསྒོམ་པའི་ལམ་ཡོངས་སུ་རྫོགས་པའི་རང་བཞིན་ཏེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་ལམ་ལྷག་མ་ལས་ལངས་པ་ནི་གནས་གྱུར་པ་སར་པས་རྒྱུད་ཡོངས་སུ་དག་པ་མ་ཡིན་ན། འཇིག་རྟེན་པ་རྣམས་ལས་ལངས་པ་ན་ལྟ་སྨོས་ཀྱང་ཅི་དགོས། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་མེད་པའི་ཕྱིར་རོ། །ནགས་ཞེས་བྱ་བ་ནི་རྩྭའི་ཚོགས་སོ། །ཇི་ལྟར་སེམས་ཀྱི་ཚོར་བ་རྣམ་པར་སྨིན་པ་མ་ཡིན་ཞེ་ན། གང་ཞིག་ཁོ་ནར་དེ་གཡེངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ལས་རྣམ་པར་སྨིན་པ་དེ་ནི་དེ་དང་མཚུངས་པར་ལྡན་པ་ཡང་ཚོར་བ་རྣམ་པར་སྨིན་པ་ཞེས་བྱའོ། །ཇི་ལྟར་སེམས་ཀྱི་ཚོར་བ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མ་ཡིན་ཞེ་ན། དེ་ལྟ་ན་འདི་ནི་ཞེས་བྱ་བ་ནས་རྒྱས་པར་མུ་བཞི་རིག་པར་བྱ་སྟེ། གང་གི་ཕྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་གཡེང་བ་ཞེས་བྱ་ལ། རྣམ་པར་གཡེངས་པ་ནི་ཉོན་མོངས་པ་ཅན་ཁོ་ནའོ། །མངོན་པར་ཉེན་པ་ཞེས་བྱ་བ་ནི་མངོན་པར་གནོད་པར་གྱུར་པའོ། །འདིར་ཀྱི་ཧུད་སེམས་ཞེས་སྨྲེ་སྔགས་འདོན་པའི་དམྱལ་བ་དཔེར་བྱའོ་ཞེས་བྱ་བ་ནི། རྐུན་པོའི་སྡེ་དཔོན་ཞིག་གིས་རང་སངས་རྒྱས་ལྔ་བརྒྱ་གསོད་དུ་བཅུག་པའོ། །སངས་རྒྱས་མ་གཏོགས་པ་ཞེས་བྱ་བ་ལ། སངས་རྒྱས་རྣམས་ལ་ནི་ཐུགས་གཡེང་བ་དང༌། རིམ་གྱིས་འགྲོངས་པ་དང༌། གསུང་འཛེར་བ་དང༌། དབུ་སྐྱ་བ་ལ་སོགས་པ་མི་འབྱུང་སྟེ་ལས་ཤིན་ཏུ་དང་བའི་རྣམ་པར་སྨིན་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །མ་ངེས་པ་ནི་རྣམ་པར་སྨིན་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་ངེས་པ་ནི་འཕགས་པའི་ལམ་གྱི་སྟོབས་ཀྱིས་རྣམ་པར་སྨིན་པའི་ཆོས་ཉིད་དུ་གནས་སོ། །འཇིགས་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ནི། འཚོ་བ་དང་ཚིགས་སུ་བཅད་པ་མེད་པ་དང༌། འཁོར་གྱི་ནང་དུ་སྐྲག་པ་དང༌། འཆི་བ་དང་ངན་འགྲོའི་འཇིགས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མི་མཛེས་པ་ཞེས་བྱ་བ་ནི་ཉོན་མོངས་པ་མི་བསྡུས་པ་ཞེས་


DTG210_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐ་ཚིག་གོ །ཆོས་ཉིད་མངོན་པར་ཤེས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཆོས་ཉིད་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་ལོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར་དེ་ལྟ་ན་ཆོས་ཀྱི་རང་བཞིན་མངོན་པར་ཤེས་པ་རྣམས་ལ་མྱ་ངན་འབྱུང་བ་མེད་དོ། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །ལས་ལས་ཞེས་བྱ་བ་ཚིག་གི་ལྷག་མའོ། །གྱ་གྱུ་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གྱ་གྱུའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །མདོ་ལས་གྱ་གྱུ་གང་ཞེ་ན་སྡིག་པ་ཅན་གྱི་ལྟ་བའོ་ཞེས་ལྟ་བ་ལ་གྱ་གྱུར་བཤད་དེ། དེའི་ཕྱིར་དེའི་རྒྱུ་ལས་བྱུང་བའི་ཕྱིར་གཡོ་ལས་གྱ་གྱུ་ཞེས་བརྗོད་དོ། །འབྲས་བུ་ལ་རྒྱུར་བཏགས་པས་ལུས་ཀྱི་ལས་ལ་ཡོན་པོ་ཞེས་བཤད་དོ། །ཡང་ཞེ་སྡང་གིས་རང་དང་གཞན་གྱི་རྒྱུད་ལ་བཞག་པའི་ཉོན་མོངས་པ་ཐམས་ཅད་ནི་སྐྱོན་ཞེས་བཤད་དོ། །དེས་ན་གང་ཞེ་སྡང་ལས་སྐྱེས་པའི་ལུས་ཀྱིས་ལས་ལ་སོགས་པ་དེ་ཡང་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་ཏེ་སྐྱོན་ཞེས་བཤད་དོ། །འདོད་ཆགས་ཀྱང་ཆོས་འཛིན་རྒྱུ་ཡིན་པ་ལྟར་དེ་དང་འདྲ་སྟེ། དེའི་ཕྱིར་དེ་དང་ཆོས་མཐུན་པས་དེ་ལས་སྐྱེས་པའི་ལུས་ཀྱི་ལས་ལ་སོགས་པ་ཡང་སྔ་མ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་མི་དགེ་བ་ནི་ནག་པོ་སྟེ། དེ་ཡང་འདོད་པར་གཏོགས་པ་ཁོ་ན་ཡིན་པས་ཁྱད་དུ་མ་བྱས་སོ། །གཟུགས་ཀྱི་དགེ་བ་ནི་དཀར་བའོ། །འདོད་པར་གཏོགས་པའི་དགེ་བ་དེ་ནི་དཀར་ནག་གཉིས་ཀའོ། །དེ་ཟད་བྱེད་པ་ཞེས་བྱ་བ་ནི། མི་དགེ་བ་ལ་སོགས་པ་ལས་རྣམ་པ་གསུམ་ཟད་པར་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི། མི་དགེ་བ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་ཡིད་དུ་མི་འོད་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་རྗེས་སུ་མི་མཐུན་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་དང་མ་འདྲེས་པའི་ཕྱིར་ཞེས་བྱ་བ་ནི། དེ་ན་མི་དགེ་བའི་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པར་གཏོགས་པ་མ་བཤད་ཅེས་བྱ་བ་ནི་དགེ་བར་ཏེ། དེ་ཡང་གཟུགས་སུ་གཏོགས་པ་ལྟར་མི་དགེ་བ་


DTG210_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་འདྲེས་པའི་ཕྱིར་རོ་སྙམ་དུ་སེམས་སོ། །གང་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་སྟེ་ཞེས་བྱ་བའི་སྒྲས་ནི་གཞན་གྱི་བསམ་པ་སྟོན་པར་བྱེད་པའོ། །སྲིད་པ་བར་མ་པ་ནི་སྲིད་པ་བར་མ་ཡོད་པའོ། །སྐྱེ་བའི་སྲིད་པ་པ་ཡང་དེ་དང་འདྲའོ། །གཟུགས་མེད་པ་རྣམས་ན་ནི་སྲིད་པ་བར་མ་པའི་རྣམ་པར་སྨིན་པ་མེད་དོ། །དེ་ན་སྲིད་པ་པར་མ་མེད་པའི་ཕྱིར་རོ། །རྣམ་པ་གསུམ་ཆར་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དེ་ན་བསམ་གཏན་གྱི་སྡོམ་པས་བསྡུས་པའི་ལུས་དང་ངག་གི་ལས་དག་མེད་པའི་ཕྱིར་རོ། །དེ་ཁོ་ནར་བཤད་དོ་ཞེས་བྱ་བ་ནི། གང་ན་ལས་རྣམ་པ་གསུམ་གྱིས་སྨིན་པ་རྣམ་པ་གཉིས་ཡོད་པ་དེ་ཁོ་ནར་དགེ་བའི་ལས་དཀར་བར་བཤད་དོ། །མདོ་ལས་ད་ཡང་བཤད་དོ་ཞེས་བྱ་བ་ནི། ལས་དཀར་ལ་རྣམ་པར་སྨིན་པ་དཀར་བ་ཡང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོ་དང་དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་ཡིན་ནོ་ཞེས་གཟུགས་མེད་པར་གཏོགས་པའི་ལས་དགེ་བ་དཀར་བར་བཤད་དོ། །ལས་སམ་ཞེས་བྱ་བ་ནི་རྫས་གཅིག་དང་སྐད་ཅིག་གཅིག་གཅིག་ལའོ། །ཕན་ཚུན་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི། དཀར་པོ་དང་ནག་པོ་གཉིས་གཅིག་ལ་ཅིག་ཅར་ལྷན་ཅིག་མི་གནས་པའི་ཕྱིར་རོ། །འདོད་པའི་ཁམས་ན་དེ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི། འདོད་པའི་ཁམས་ན་མི་དགེ་བ་འབད་མེད་པར་ཡང་ནས་ཡང་དུ་འགྱུར་བའི་ཕྱིར་སྟོབས་དང་ལྡན་པ་ཉིད་དེ་གང་གིས་ན་དེའི་རྣམ་པར་སྨིན་པ་ཡང་འདྲེས་མར་སྐྱེ་བ་དེས་དགེ་བ་ཟིལ་གྱིས་གནོན་པ་ཡིན་ནོ། །འདིར་དགེ་བ་ནི་རེས་འགའ་འབད་པས་འབྱུང་བའི་ཕྱིར་སྟོབས་ཆུང་བ་ཡིན་ཏེ། དེས་མི་དགེ་བ་ཟིལ་གྱིས་གནོན་པར་མི་ནུས་སོ། །དེའི་ཕྱིར་དེའི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཁོ་ནར་འགྱུར་རོ། །འདོད་པར་གཏོགས་པའི་དགེ་བའི་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་ནག་ཡིན་ལ། རྣམ་པར་སྨིན་པ་ཡང་འདྲེས་མར་སྨིན་པའི་ཕྱིར་ཞེས་བྱ་བ་ནི་སློབ་དཔོན་གོ་ཆ་མཐའ་ཡས་མི་རིགས་པར་འཆད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་སྐད་མི་


DTG210_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། འོ་ན་ཅི་ཞེ་ན་འདོད་པར་གཏོགས་པའི་དགེ་བའི་ནི་མི་དགེ་བ་དང་ལྷན་ཅིག་བྱས་པས་དཀར་ནག་ཅེས་བཤད་དེ་འདྲེས་པའི་ཕྱིར་རོ། །རྣམ་པར་སྨིན་པ་ཡང་དཀར་ནག་སྟེ་འདྲེས་མར་སྨིན་པའི་ཕྱིར་རོ། །འདོད་པའི་ཁམས་སུ་ནི་དགེ་བ་དང་མི་དགེ་བའི་ལས་དག་གིས་རྣམ་པར་སྨིན་པ་ཅིག་ཅར་སྨིན་པར་འགྱུར་ཏེ། ཇི་སྐད་དུ། སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་དེ་གཅིག་ཏུ་གནོད་པ་དང་བཅས་པའི་ལུས་ཀྱིས་འདུ་བྱེད་ཉེ་བར་སོག་པར་བྱེད་དོ། །གནོད་པ་དང་བཅས་པའི་ལུས་ཀྱིས་འདུ་བྱེད་བྱས་ཤིང་བསམ་གཏན་ནས་གནོད་པ་དང་བཅས་པའི་ལུས་མངོན་པར་འགྲུབ་པར་བྱེད་དོ། །གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་གསུངས་སོ། །དེའི་ཕྱིར་མདོ་ལས་འདོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་དཀར་ནག་ལ་རྣམ་པར་སྨིན་པ་ཡང་དཀར་ནག་གོ་ཞེས་ཤེས་ཀྱི་དགེ་བ་ཉིད་ནི་མ་ཡིན་ནོ། །དེས་ན་འདིར་མི་དགེ་བའི་ལས་ཀྱང་དཀར་ནག་ཏུ་ཐལ་ཞེས་བྱ་བའི་ཀླན་ཀ་མེད་དེ་འདི་ན་བརྒལ་བར་བྱ་བ་མ་ཡིན་པས་གནས་མ་ཡིན་པ་ལ་མི་འབད་དེ་འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི་ཞེས་བྱ་བ་ནས། མི་དཀར་བ་ཞེས་བྱ་བའི་སྒྲ་འདི་ནི་དགོངས་པ་ཅན་ཡིན་ཏེ་ཞེས་བྱ་བ་ལ། དཀར་བའི་ནི་རྣམ་པ་གཉིས་ཏེ་རང་བཞིན་གྱིས་དཀར་བ་དང་རྣམ་པར་སྨིན་པས་དཀར་བའོ། །དེ་ལ་གཟུགས་སུ་གཏོགས་པའི་ལས་ནི་གཉི་ག་དཀར་བས་དཀར་བའོ། །གཟུགས་མེད་པ་ནི་རང་བཞིན་གྱིས་དཀར་བ་ཁོ་ན་ཡིན་པས་མ་བཤད་དོ། །མི་དཀར་བ་ཞེས་བྱ་བའི་སྒྲ་འདི་དགོངས་པ་ཅན་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟོང་པ་ཆེན་པོའི་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྟན་བཅོས་ལས་ཀྱང་ཆོས་དཀར་པོ་རྣམས་ཞེས་བྱ་བ་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམས་གཟུང་ངོ༌། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱང་རྣམ་པར་སྨིན་པ་དཀར་བ་མེད་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དགེ་བ་ཞེས་བྱ་


DTG210_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པ་དཀར་བའི་ཕྱིར་གཟུགས་ན་སྤྱོད་པ་དཀར་བར་བཤད་ལ། དེ་མེད་པའི་ཕྱིར་ཟག་པ་མེད་པ་མི་དཀར་རོ་ཞེས་བྱ་བར་ཤེས་སོ། །ཟག་པ་མེད་པའི་ལས་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེའི་ཕྱིར་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་ནི་ཁམས་སུ་མ་གཏོགས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པའི་རྒྱུ་ཡང་ཁམས་སུ་གཏོགས་པ་ཁོ་ནར་འགྱུར་རོ། །ཟག་པ་མེད་པའི་ལས་ནི་ཁམས་སུ་མ་གཏོགས་པ་ཡང་ཡིན་པས་རྣམ་པར་སྨིན་པ་མེད་པ་ཡིན་ཏེ། འདོད་པའི་སྲེད་པ་ལ་སོགས་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་རོ། །འདོད་པའི་སྲེད་པ་ལ་སོགས་པ་དག་གིས་བདག་གིར་མི་བྱ་བ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེན། དེའི་ཕྱིར་འཇུག་པ་དང་འགལ་བས་ཞེས་བྱ་བ་སྨོས་ཏེ། འདོད་པའི་སྲེད་པ་ལ་སོགས་པས་བདག་གིར་བྱས་པས་ཆོས་ཁམས་གསུམ་པ་རྣམས་ཀྱི་འཇུག་པ་གཅོད་པར་ནུས་པ་མེད་དོ། །འདིར་དེ་ཟད་བྱེད་པ་ཟག་པ་མེད་པ་ཡིན་ཞེས་ཁྱད་པར་མེད་པར་བཤད་པ་དེའི་ཕྱིར། ཅི་ཟག་པ་མེད་པའི་ལས་ཞེས་བྱ་བ་རྒྱས་པར་དྲིས་སོ། །ཆོས་ཀྱི་བཟོད་པ་དང་འདོད་པ་ལ་འདོད་ཆགས་དང་བྲལ་བ་སྨོས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཉིད་ཀྱིས་ཏེ། ལས་ནག་པོ་སྤངས་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཆོས་ཤེས་པའི་བཟོད་པ་དག་གིས་ནི་དེ་སྤང་བར་བྱ་བའི་ཉོན་མོངས་པས་ཀུན་ནས་བསླང་བའི་ལས་སྤང་ངོ༌། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལ། ཡང་གོ་རིམས་བཞིན་དུ་བར་ཆད་མེད་པའི་ལམ་བརྒྱད་ཀྱིས་ཉོན་མོངས་པ་ལྟར་དེས་སྤང་བར་བྱ་བའི་ཉོན་མོངས་པས་ཀུན་ནས་བསླངས་པའི་ལས་སྤང་ལ་དེ་ཡང་གཅིག་ཏུ་མི་དགེ་བ་ཡིན་པས་ནག་པོ་ཞེས་བྱའོ། །དཀར་ནག་སྟེ་དགེ་བ་དང་ཞེས་བྱ་བ་ལ། དེ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ལས་སྤངས་པའོ། །རང་གི་ངོ་བོ་སྤོང་པ་ནི་མ་ཡིན་ཏེ། རང་གི་ངོ་བོ་


DTG210_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐོབ་པ་ལ་ཡོངས་སུ་བཤད་པའི་མིང་ངོ༌། །བར་ཆད་མེད་པའི་ལམ་དགུ་ལས་དེ་ལ་དམིགས་པའི་ཉོན་མོངས་པ་མ་ལུས་པར་སྤངས་པ་དེ་སྤོང་བར་རྣམ་པར་གཞག་གོ །རྣམ་པ་དགུ་པ་སྤང་བའི་ཕྱིར་ཞེས་བྱ་བ་ནི། གཞན་རྣམས་ནི་སྔར་ཉིད་དུ་སྤངས་ཟིན་པའི་ཕྱིར་རོ། འདི་ལས་གཞན་པ་རྣམ་པ་བཞི་ཞེས་བྱ་བ་ལ། ཁྱད་པར་ནི་མ་བསྒྲིབས་པའི་ལས་སྤང་བའི་ཕྱིར་མི་བགྲང་ངོ༌། །དེ་བཞིན་དུ་བར་ཆད་མེད་པའི་ལམ་བཅུ་བདུན་གྱིས་བསྡུས་པ་ནི་ལས་རྣམ་པ་གསུམ་གྱིས་ལས་རྣམས་སྤང་པའི་ཕྱིར་འཇུག་གོ །འདོད་གཞན་མྱོང་འགྱུར་གཉིས་སུ་རིག །ཅེས་བྱ་བ་ལ་འདི་ཡང་སྔར་ཉིད་དུ་བཟློག་ཟིན་ཏོ། །མི་དགེ་བ་ནི་དཀར་ནག་ཏུ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་འདུས་བཟང་ན་རེ། བིཥྐྲི་ཏ་ཏཱཏ་ཅེས་ཟེར་རོ། །འདིར་རེ་རེ་དཀར་ནག་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ས་མུ་དི་ཏ་ཡོདཿཞེས་འདི་དཔྱད་པར་བྱའོ། །འདོད་པ་ལས་སྐྱེས་གཞན་དཀར་ནག་ཅེས་བྱ་བ་འདི་ཡང་མི་རུང་ངོ་ཞེས་དེ་ཉིད་སྨྲའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་འདིར་རྣམ་པར་སྨིན་པ་མ་ཡིན་ཡང་འདིར་ལས་རྣམ་པར་ཡོད་པའི་ཕྱིར། གང་རྣམ་པར་སྨིན་པ་དང་བཅས་པ་དེ་ཉིད་གཟུང་བས་རྣམ་པར་སྨིན་པ་ནག་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་སྟོབས་དང་ལྡན་པས་ཉམ་ཆུང་བ་ཟིལ་གྱིས་མནན་པའི་ཕྱིར་མི་དགེ་བ་ནི་དཀར་ནག་ཉིད་དུ་འཐད་པ་མ་ཡིན་ནོ། །ཐུབ་པ་ནི་གསུམ་སྟེ་ཞེས་བྱ་བ་ལ། ཐུབ་བའི་དངོས་པོ་ཐུབ་པ་ཡིན་པ་དང་འདི་ཐུབ་པའི་ཡིན་པ་ནི་ཐུབ་པའི་འོ། །མི་སློབ་པའི་ལུས་དང་ངག་གི་ལས་དག་ནི་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་གྱི་རྣམ་པར་རིག་བྱེད་མ་ཡིན་ཏེ་མི་སློབ་པ་ཞེས་བྱ་བའི་ཕྱིར་རོ། །སེམས་པ་ནི་དོན་དམ་པར་ཐུབ་པ་ཡིན་ལ་ཞེས་བྱ་བ་ནི། དེ་རྣམ་པར་བྱང་བའི་རྒྱུ་ཉིད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། ཐུབ་པ་ཉིད་ཐུབ་པ་ཡིན་ཏེ། རང་གི་དོན་ལ་འཕེལ་བ་བསྒྲུབ་པའི་ཕྱིར་རོ། དེ་ནི་ལུས་དང་དག་གི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཐུབ་པ་ཞེས་བྱ་བར་ཏེ།


DTG210_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་གང་གིས་དང་གང་རྗེས་སུ་དཔག་པ་དེ་དག་ཁོ་ན་ཐུབ་པའི་ཡིན་པར་བཤད་ཀྱི་ཡིད་ཀྱི་ལས་ནི་མ་ཡིན་ནོ། །དེ་ལྟར་ན་མི་སློབ་པའི་ལུས་དང་ངག་གི་ལས་ནི་འདི་ཡིན་པས་ཐུབ་པའོ་ཞེས་བྱ་བར་གྲུབ་སྟེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །གལ་ཏེ་མི་སློབ་པའི་སེམས་པ་ཡང་ཡིད་ཀྱི་ལྟར་དེ་དག་གི་རྫས་སུ་དཔག་པར་བྱ་བ་མ་ཡིན་ནམ་ཞེ་ན་རྗེས་སུ་དཔག་མོད་ཀྱི། དེ་ནི་སེམས་ལ་བརྟེན་པས་དེ་ལས་སེམས་ཉིད་གཙོ་བོ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་སློབ་དཔོན་བདག་ཉིད་ཀྱིས་གཞུང་ལུགས་འཆད་པའོ། སྤང་བའི་རང་བཞིན་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཏེ། འདི་ལྟར་སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པའི་ཕྱིར་རོ། །ཐུབ་པ་ཡང་སྤོང་བའི་དོན་གྱིས་ཡིན་ཏེ་ཞེས་བྱ་བ་ནི་སྤོང་བ་ནི་གཅོད་པ་སྟེ། མི་དགེ་བ་ཐམས་ཅད་སྤང་བའི་དོན་གྱིས་ཞེས་བྱ་བར་དགོངས་སོ། །ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་ཞེས་བྱ་བ་ལ། ཉོན་མོངས་པ་རྣམས་ནི་ལོག་པ་ལ་དམིགས་པའི་ཕྱིར་བརྗོད་པ་ཞེས་བྱ་སྟེ། བརྗོད་པ་དང་རྟོགས་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །སློབ་དཔོན་པ་ནི་ཉོན་མོངས་པའི་བརྗོད་པ་ཡོད་པས་དོན་དམ་པར་ཐུབ་པ་མ་ཡིན་ཏེ། དེའི་ཕྱིར་སློབ་པའི་ལུས་དང་ངག་དང་ཡིད་ནི་ཐུབ་པར་རྣམ་པར་མ་བཞག་གོ ། ཐུབ་པའི་ནི་གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་གཉིས་ཀྱི་སྒོ་ནས་རྣམ་པར་གཞག་གོ །གཙང་བྱེད་གསུམ་ཞེས་བྱེད་པ་ལ། གཙང་བའི་དངོས་པོ་ནི་གཙང་བྱེད་དོ། །ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །རེ་ཞིག་ཟག་པ་མེད་པ་ནི་གཙང་བྱེད་ཅེས་བྱ་བར་རིགས་ན། ཟག་པ་དང་བཅས་པ་ཉོན་མོངས་པ་མི་གཙང་བས་སུན་ཕྱུང་བ་གཙང་བྱེད་ཅེས་བྱ་བ་ཇི་ལྟར་འཐོབ་ཅེ་ན། དེའི་ཕྱིར་དུས་རེ་ཞིག་དང་གཞན་དུ་ཉེས་པར་སྤྱོད་པ་ཉོན་མོངས་པའི་དྲི་མ་སྤོང་བའི་ཕྱིར་རོ། །ཟག་པ་དང་བཅས་པས་


DTG210_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རེ་ཞིག་ཏུའོ། །གཏན་པ་མེད་པས་ནི་གཏན་དུའོ། །དེའི་ཕྱིར་དུས་རེ་ཞིག་ཏུ་ཉེས་པར་སྤྱད་པའི་དྲི་མ་སྤངས་པའི་ཕྱིར་དང༌། ཟག་པ་མེད་པ་དོན་དམ་པའི་གཙང་བྱེད་འདྲེན་པར་བྱེད་པའི་ཕྱིར་ཟག་པ་དང་བཅས་པས་ཀྱང་གཙང་བྱེད་ཅེས་བྱ་བ་འཐོབ་པོ། །ལོག་པར་ཐུབ་པ་དང་གཙང་སྤྲ་ལ་མོས་པ་རྣམས་ཞེས་བྱ་བ་ལ། གང་དག་མི་སྨྲ་བ་དང༌། ཕྱི་རོལ་གྱི་དྲི་མ་སྤངས་པས་མཐོ་རིས་དང་བྱང་གྲོལ་འཐོབ་པོ་ཞེས་ཞེས་བྱ་བ་དེ་ལྟར་ལྟ་བ་དེ་དག་ནི་ལོག་པའི་ཐུབ་པ་དང༌། གཙང་སྤྲ་ལ་མོས་པའོ། །དགར་བ་ནི་ལྟ་བ་དང་བྲལ་བའོ། །ལུས་ཀྱི་ལས་སོགས་པ་མི་དགེ་བ། ཉེས་པར་སྤྱད་པ་གསུམ་དུ་འདོད། ལུས་དང་ངག་གིས་ལས་མི་དགེ་བ་སྦྱོར་བ་དང་དངོས་དང་མཇུག་ཅེས་བྱ་བ་དང༌། མི་དགེ་བའི་སེམས་གང་ཅུང་ཟད་ཅིག་ཡིན་པ་དེ་ནི་གོ་རིམས་བཞིན་དུ་ལུས་དང་ངག་གི་དང༌། ཡིད་གཉིས་ཀྱིས་ཉེས་པར་སྤྱད་པ་ཡིན་ནོ། ཆེད་དུ་བསམ་པ་བྱ་བའི་མདོ་ལས་ཞེས་བྱ་བ་ནི། དགེ་སློང་དག་ཇི་ལྟར་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པ་ཡིན་ཞེ་ན་དགེ་སློང་དག་འདི་ན་ལ་ལ་ཆེད་དུ་བསམས་ནས་ལུས་ཀྱིས་ལས་རྣམ་པ་གསུམ་བྱེད་ཅིང་བསགས་པ་ཡིན་ལ། ངག་གི་རྣམ་པ་བཞི་དང་ཡིད་ཀྱིས་རྣམ་པ་གསུམ་ཞེས་བྱ་བ་རྒྱས་པར་གསུངས་ནས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ཡིད་ཀྱིས་ཆེད་དུ་བསམ་པར་བྱ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ནས་དགེ་སློང་ལ་ལ་བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་སུ་གྱུར་པ་ཡིན། ལོག་པར་ལྟ་བ་ཞེས་འབྱུང་བའོ། །དཔེས་སྟོན་པ་རྣམས་ན་རེ། བརྣབ་སེམས་ལ་སོགས་པ་མ་གཏོགས་པའི་ཡིད་ཀྱི་ལས་གཞན་མ་བཤད་དེ། དེའི་ཕྱིར་བརྣབ་སེམས་ལ་སོགས་པ་དག་ཁོ་ན་ཡིད་ཀྱི་ལས་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ནི་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ནོ། །མདོ་ལས་གསུམ་གྱི་རྒྱུ་དང་ཀུན་འབྱུང་བ་ཞེས་གསུངས་པའི་ཕྱིར་སྙམ་དུ་བསམས་པའོ། །ཅི་འབྱུང་ཞེས་བྱ་བ་ནི་ཉེས་པ་ཅི་


DTG210_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས་བྱ་བའོ། །དེ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། མདོ་དང་འགལ་བའི་ཕྱིར་ཏེ། སེམས་པའི་ལས་དང་བསམས་པའི་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པ་ལས་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གལ་ཏེ་ཉོན་མོངས་པ་ལས་ཉིད་དུ་མི་འདོད་ན་དེ་ལྟ་ཆེད་དུ་བསམ་པར་བྱ་བའི་མདོ་དང་འགལ་ལོ་ཞེ་ན། མདོ་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེའི་སྒོ་ནས་ནི་ཞེས་བྱ་བའི་བརྣབ་སེམས་ལ་སོགས་པའི་སྒོ་ནས་སེམས་པ་ཞུགས་པ་དེའི་ཕྱིར་བརྣབ་སེམས་ལ་སོགས་པ་དེ་དག་གིས་སེམས་པ་དེར་སྟོན་པར་བྱེད་དེ། གཞན་དུ་ན་མདོ་དང་འགལ་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཡིད་ཀྱི་ལས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་དག་ལ་འདི་སྐད་དུ་བསྙད་དེ། དོར་བའི་སྤང་བར་བྱ་བ་ལ་ཟག་པར་བསྟན་པ་བཞིན་ནོ་ཞེས་ཟེར་རོ། །སྨད་པ་ནི་ཞེས་བྱ་བ་ནི་དམ་པ་དག་གིས་སྨད་པ་ཞེས་བྱ་བའི་དོན་ཏོ། །བཟློག་པ་ལེགས་པར་སྤྱད་པ་ཡིན་པ་ཞེས་བྱ་བ་ལ་ལུས་དང་ངག་གིས་ལས་དགེ་བ་སྦྱོར་བ་དང་དངོས་དང་མཇུག་ཅེས་བྱ་བ་དང༌། དགེ་བའི་ལས་སེམས་དང༌། །བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དག་ལ་སོགས་པ་གང་ཅུང་ཟད་ཅིག་ཡིན་པ་དེ་ནི་ཉེས་པར་སྤྱད་པ་ལས་བཟློག་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་བརྗོད་པར་བྱའོ། །དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕ་རོལ་ལ་ཕན་འདོགས་པའི་བསམ་པའི་རྩ་བ་ཡིན་པའི་ཕྱིར་ན་ཡང་དག་པའི་ལྟ་བ་དགེ་བ་ཉིད་ཡིན་ལ། གཞན་ལ་གནོད་པར་བྱ་བའི་བསམ་པའི་རྩ་བ་ཡིན་པའི་ཕྱིར་ན་ལྟ་བ་མི་དགེ་བ་ཉིད་ཡིན་ནོ། །དེ་ལས་ཆེ་ལོང་བསྡུས་པ་ནི་ཞེས་བྱ་བ་ལ་ཆེ་ལོ་ང་ནི་ཆེན་པོའོ། །ཅི་རིགས་པར་ཞེས་བྱ་བ་སྨོས་པ་ནི། གོ་རིམས་ཇི་ལྟ་བ་བཞིན་ཡིན་པ་བསམ་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་མི་དགེ་བ་སྤྱད་པ་དག་ལས་དགེ་བ་དང༌། ལེགས་པར་སྤྱད་པ་ལས་མི་དགེ་བའོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་གཞན་ཡང་ཞེས་བྱ་བ་ནི། བརྡེག་པ་དང་འཆིང་བ་དང་འདྲེན་པ་ལ་སོགས་པའོ། །མྱོས་པར་འགྱུར་བ་


DTG210_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྤོང་བ་དང༌། སྦྱིན་པ་དང་མཆོད་སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་སྔ་མས་བརྡེག་པ་དང་འཆིང་བ་ལ་སོགས་པ་སྤང་བ་བསྡུའོ། །སོགས་པ་ཞེས་བྱ་བ་གཉིས་པས་ནི་ཁྲུས་བྱེད་པ་དང༌། ལུས་བསྐུད་པ་དང༌། སྔོན་དུ་ལྡང་བ་ལ་སོགས་པ་བསྡུའོ། །སྙན་པར་སྨྲ་བ་ལ་སོགས་པ་ཞེས་བྱ་བ་ལ། འདིར་ཡང་སོགས་ཞེས་བྱ་བའི་སྒྲས་ཆོས་སྟོན་པ་ལ་སོགས་པ་དག་བསྡུའོ། །ཡང་ཅི་འདིར་ལས་ཀྱི་ལམ་རྣམ་པར་རིག་བྱེད་ཡིན་ནམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནམ། དེ་སྟེ་གཉི་ག་ཡིན་ཞེ་ན། རེ་ཤིག་རང་བྱེད་པ་མ་ཡིན་པ་ལ་ནི། མི་དགེ་དྲུག་ནི་རྣམ་རིག་མིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ། །འདིར་ལུང་བསྒོ་བའི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ནི་སྦྱོར་བ་ཁོ་ན་ཡིན་གྱི་དངོས་ནི་མ་ཡིན་ནོ། །དུས་དེའི་ཚེ་ཤིན་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་ཀྱི་དུས་མ་གཏོགས་པ་ཕྱིས་ཤིན་ནི་རྣམ་པར་རིག་བྱེད་སྦྱོར་བ་ཁོ་ན་ཡིན་པས་ལས་ཀྱི་ལམ་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །ཡང་དག་པར་རིག་བྱེད་ལས་བླངས་བའི་ཚུལ་ཁྲིམས་ནི་ཞེས་བྱ་བ་ལ། ཡང་དག་པར་བླངས་པ་ཞེས་བྱ་བ་སྨོས་པ་ནི་ཆོས་ཉིད་ཀྱིས་ཚུལ་ཁྲིམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་ནི་སེམས་ལ་རག་ལས་པ་ཁོ་ན་ཡིན་གྱི། རྣམ་པར་རིག་བྱེད་ལ་རག་ལས་པ་ནི་མ་ཡིན་ཏེ། དེ་ནི་བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པའོ། །སེམས་ཙམ་ལ་རག་ལས་པའི་ཕྱིར་ཞེས་བྱ་བའི་ཙམ་ཞེས་བྱ་བའི་སྒྲ་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་བསལ་བར་བྱ་བའི་ཕྱིར་རོ། །ལྷུར་ལེན་པ་ཆེན་པོས་ཞེས་བྱ་བ་ནི་ཤུགས་དྲག་པོས་སོ། །འདིར་རབ་སྡོགས་ཀྱི་སྒྲས་ནི་སྦྱོར་བ་ཁོ་ན་བརྗོད་དེ། བཟློག་པ་མཇུག་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི། ལས་ཀྱི་ལམ་དང་རྗེས་སུ་འཚམ་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ལམ་སྦྱོར་བ་དང་དངོས་དང་མཇུག་དང་བཅས་པ་དག་བཤད་ན། དེ་དག་གི་སྦྱོར་བ་ལ་སོགས་པའི་རྣམ་པར་གཞག་པ་ནི་མ་


DTG210_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་ཡང་ཇི་ཙམ་གྱིས་ན་ཞེས་བྱ་བ་རྒྱས་པར་དྲིས་སོ། །སྦྱོར་བ་དང་འབྲས་བུ་ཡོངས་སུ་རྫོགས་པས་སོ་ཞེས་བྱ་བ་ལ། སྦྱོར་བའི་འབྲས་བུ་ཡོངས་སུ་རྫོགས་པ་ནི་གཞན་གྱིས་སྲོག་གཅོད་པའོ། །འདི་སྐད་བཤད་པར་འགྱུར་ཏེ། སྦྱོར་བ་ཙམ་དང༌། གཞན་གྱི་སྲོག་བཅད་ཉིད་ཀྱིས་ནི། སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། གལ་ཏེ་གཞན་གྱི་སྲོག་བཅད་པའི་ཕྱིར་སྦྱོར་བ་དང་བཅས་པའོ། །དེ་ཕྱིན་ཆད་ཅེས་བྱ་བ་ནི་བཅད་ཕན་ཆད་དོ། །དེ་བཞིན་དུ་གཞན་དྲུག་ལ་ཡང་ཅི་རིགས་པར་སྦྱར་བར་བྱས་སོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་མ་བྱིན་པར་ལེན་པ་ལ་ནི་ཇི་ལྟར་རྐུན་པོ་ཁྲི་ལས་ལྡང་བར་བྱེད། མཚོན་ཆ་ལེན་པར་བྱེད། གཞན་གྱི་ཁྱིམ་དུ་འགྲོ་བར་བྱེད། གཉིད་ལོག་གམ་འོན་ཏེ་མ་ལོག་ཅེས་ཉན་པར་བྱེད། འབུགས་པར་བྱེད། འཇུག་པར་བྱེད། གཞན་གྱི་ནོར་གཞོམ་པར་བྱེད་པ་ནས་ཇི་སྲིད་དུ་གནས་ནས་མ་སྤགས་པ་དེ་སྲིད་དུ་སྦྱོར་བ་ཡིན་ནོ། །སྐད་ཅིག་གང་ལ་གནས་ནས་སྤོགས་པར་བྱེད་པ་དེའི་ཚེ་རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་ནི་མ་ཕྱིན་པར་ལེན་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་ཏེ། སྦྱོར་བ་དང་དེའི་འབྲས་བུ་ཡོངས་སུ་རྫོགས་པས་སོ། །དེ་ཕྱིན་ཆད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་རྣམས་ནི་མཇུག་ཡིན་ནོ། །ཇི་སྲིད་དུ་གཞན་གྱི་ནོར་དེ་འགེད་པའམ་འཚོང་བ་ལས་སྦེད་པ་དང་རྗེས་སུ་སྒྲོག་པ་དེ་སྲིད་དུ། དེའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཡང་མཇུག་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ་དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་གཞན་གྱི་ཆུང་མ་ལབ་གྲོད་པར་འདོད་པས་ཁྲི་ལས་ལྡང་བར་བྱེད་པ་དང༌། གོས་དང་སོ་རྩི་ལེན་པར་བྱེད་པ་དང༌། གཞན་གྱི་ཁྱིམ་དུ་འཇུག་པར་བྱེད་པ་དང༌། གཉིད་ལོག་གམ་འོན་ཏེ་མ་ལོག་ཅེས་ཉན་པར་བྱེད་པ་དང༌། གཞན་གྱི་བུད་མེད་ལ་ནོམ་པར་བྱེད་པ་ན། ཇི་སྲིད་དུ་རྨའི་ནང་དུ་ཡན་ལག་གི་རྣམ་པ་འཇུག་པར་མི་བྱེད་པ་དེ་


DTG210_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་འདི་ནི་སྦྱོར་བའོ། །སྐད་ཅིག་གང་དེ་ལ་རྨའི་ནང་དུ་ཡན་ལག་གི་རྣམ་པ་འཇུག་པར་བྱེད་པའམ་ནོམ་པར་བྱེད་པའི་རྣམ་པར་རིག་བྱེད་དང་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་འདི་ནི་ལས་ཀྱི་ལམ་དངོས་གཞིའོ། །གཞན་དག་ན་རེ་མི་གཙང་བ་འདོར་བའི་དུས་ཀྱི་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་གཞིའོ་ཞེས་ཟེར་རོ། །ལས་ཀྱི་ལམ་རྣམ་པར་གཞག་པ་རྣམ་པ་གཞན་དང་ལྟུང་བ་རྣམ་པར་གཞག་པ་རྣམ་པ་གཞན་ཡིན་པ་དེའི་ཕྱིར་དེ་ཕན་ཆད་འཁྱུད་པ་ལ་སོགས་པ་དེ་དང་རྗེས་སུ་འབྲེལ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མཇུག་ཡིན་ནོ། །དེ་བཞིན་དུ་ཡུལ་གཞན་དུ་ཕྱིན་ནས་བརྫུན་དུ་སྨྲ་བར་འདོད་པས་ཁྲི་ལས་ལྡང་བ་ལ་སོགས་པ་ཇི་ལྟར་རིགས་པར་བརྗོད་པར་བྱ་སྟེ། གང་གིས་དོན་མངོན་པར་དགེ་བར་བརྗོད་པའི་སྐད་ཅིག་མ་དེའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་དངོས་གཞིའོ། །དེ་ནས་དེའི་རྒྱུས་རྙེད་པ་དང༌། ཡོངས་སུ་ལོངས་སྤྱོད་པ་དང༌། དེ་དང་རྗེས་སུ་འབྲེལ་པ་རྣམ་པར་རིག་བྱེད་མ་ཡིན་པ་ནི་མཇུག་གོ །དེ་བཞིན་དུ་ཕྲ་མས་དབྱེ་བའི་བསམ་པས་མངགས་པ་དང་བརྟེན་པ་དང་གཞན་དངོས་སུ་བྱེད་པ་ལ་སོགས་པ་ནི་སྦྱོར་བའོ། །ཕྲ་མའི་བསམ་པས་ཚིག་བརྗོད་པའི་སྐད་ཅིག་གི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་དངོས་གཞིའོ། །ཁ་ཅིག་ན་རེ་དེའི་འོག་ཏུ་ཉེ་བར་མ་གྱུར་པ་ནི་ཕྱེ་བའོ་ཞེས་ཟེར་རོ། །འཕགས་པའི་གང་ཟག་ནི་དགོངས་པ་བརྟེན་པ་དེ་རྣམས་བྱེ་བར་འགྱུར་རོ། །སྔོན་ཉིད་དང་ཕྱིས་བྱེ་བར་བརྟེན་པར་བྱ་བའི་ཕྱིར་དེའི་རྗེས་ཐོགས་ཀྱིས་རྣམ་པར་རིག་བྱེད་མ་ཡིན་པ་ནི་མཇུག་གོ །ཚིག་རྩུབ་ལ་ཡང་ལག་པ་ཉེད་པ་དང་རྐང་པ་བསྐྱོད་པ་དང་རྡུལ་འཛག་པ་དང་མིག་བསྒྱུར་བ་ལ་སོགས་པ་ནི་སྦྱོར་བའོ། །ཕྱི་རོལ་ལ་ཚིག་རྩུབ་སྨྲ་བའི་དེའི་སྐད་ཅིག་མའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་དངོས་གཞིའོ། །དེ་ཕན་ཆད་གཞན་དང་སྔར་སྨྲ་བའི་ཐ་སྙད་


DTG210_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འདི་སྨྲའོ་ཞེས་དེ་དང་རྗེས་སུ་འབྲེལ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མཇུག་གོ །བརྣབ་སེམས་ལ་སོགས་པ་རྣམས་ནི་སེམས་ཀྱི་མི་དགེ་བ་ཡིན་པས་སྦྱོར་བ་དང་མཇུག་གི་རྣམ་པར་གཞག་པ་མེད་དོ་ཞེས་གཞན་དག་ནི་ཟེར་རོ། །གལ་ཏེ་འཆི་བའི་སྲིད་པ་ལ་གནས་པ་ཡིན་ན་ནི་ཞེས་བྱ་བ་ནི། སྲོག་ཆགས་དེ་མ་ཤི་བའི་ཚེ་ཁོ་ན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ་ཡིན་ནའོ། །དེ་ལྟར་ན་ལྷན་ཅིག་ཤི་བ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གསོད་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང༌། གསོད་དུ་འཇུག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལས་ཀྱི་ལམ་དངོས་སུ་འགྱུར་རོ། །གྲུབ་པའི་མཐའ་ལས་ནི་དེ་སྐད་མི་འབྱུང་ཞེས་བྱ་བ་འབྱུང་ངོ༌། །འོ་ན་གྲུབ་པའི་མཐའ་གང་ཡིན་ཞེ་ན། སྔ་དང་མཉམ་དུ་ཤི་བ་ལ། །ལུས་གཞན་སྐྱེས་ཕྱིར་དངོས་གཞི་མེད། །ཅེས་བྱ་བའོ། །འོན་ཏེ་ཤི་བ་ཡིན་པ་ན་ནི་སྲིད་པ་བར་མ་ལ་སོགས་པ་གནས་སྐབས་ཡིན་ནའོ། །དེ་བརྗོད་པར་མི་བྱའོ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། བསྣུན་པ་རྣམ་པར་རིག་བྱེད་ཅེས་བྱ་བ་དེས་ཤི་བ་ནི་མ་ཡིན་ནོ། །སྲོག་གཅོད་པར་བྱེད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གང་ཡང་བསྟན་བཅོས་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱོན་གཞན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་དོན་ནི་འགལ་ཏེ་ཞེས་བྱ་བ་ལ། བྱེ་བྲག་ཏུ་སྨྲ་བའི་རྣམས་ཀྱི་འདིར་མཇུག་སྦྱོར་བའི་སྒྲར་གསུངས་སོ་ཞེས་བསྟན་བཅོས་ཀྱི་དོན་བཤད་པ་གང་ཡིན་པ་དེ་འགལ་ལོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་དངོས་ཁོ་ན་མ་འགལ་བའི་ཕྱིར་རོ། །སྲོག་གལ་ཏེ་སྲོག་ཆགས་ཤི་བའི་ཚེ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པ་དེ་ལས་ཀྱི་ལམ་དངོས་ཡིན་ན་ནི། དེ་ལྟ་ན་སྦྱོར་བ་མེད་པར་མ་གྱུར་པ་ཞེས་བྱ་བ་འདིར་དངོས་ཁོ་ན་སྦྱོར་བའི་སྒྲར་གསུངས་ཀྱི་མཇུག་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མངོན་པའོ། །ཇི་ལྟར་ན་


DTG210_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་པ་ཞེས་བྱ་བ་ནི་སློབ་དཔོན་ནོ། །དངོས་ཁོ་ན་སྦྱོར་བའི་སྒྲར་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་དག་སྟེ། དེ་ལྟ་ན་སྔ་དང་མཉམ་དུ་ཤི་བ་ལ། དངོས་མེད་ལུས་གཞན་སྐྱེ་ས་ཕྱིར་རོ་ཞེས་བྱ་བ་དང་མི་འགལ་ལོ། །འོ་ན་དེའི་ཚེ་རྣམ་པར་རིག་བྱེད་ཅེས་བྱ་བ་ནི་སློབ་དཔོན་ནོ། །ཅི་ལྟར་ན་མི་འགྱུར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བས་སློབ་དཔོན་གྱི་བསམ་པ་དགྲོལ་བའི་ཕྱིར་རོ། །མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་སློབ་དཔོན་གྱི་རང་བཞིན་བསམ་པ་དགྲོལ་བའི་ཕྱིར་སྨོས་ཏེ། སྲོག་ཆགས་ཤི་ཟིན་ན་ནི་ཡང་དེ་འཆི་བར་བྱ་བ་ལ་ནུས་པ་ཡོད་པར་མི་འགྱུར་རོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནུས་པ་མེད་ཀྱང་ལས་ཀྱི་ལམ་མོ་སྙམ་དུ་བསམས་པའོ། །དེའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྦྱོར་བའི་འབྲས་བུ་ནི་སྲོག་བཅད་པ་སྟེ། སྦྱོར་བ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་རྫོགས་པའི་དུས་ནི་ཤི་བའི་དུས་སོ། །དེ་གཉི་ག་ཞེས་བྱ་བ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། མི་ནུས་ཀྱང་ལས་ཀྱི་ལམ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་ན་དང་སྦྱོར་བའི་འབྲས་བུ་ལ་བལྟོས་ནས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ལས་ཀྱི་ལམ་དུ་བརྗོད་ཀྱི། ནུས་པ་ལ་བལྟོས་ནས་ནི་མ་ཡིན་པས་ཉེས་པ་མེད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། དཔེར་ན་གཞན་གྱི་ནོར་རྐུ་བར་འདོད་པ་དོན་གྲུབ་པར་བྱས་པའི་ཕྱིར་གཞན་གྱི་ནོར་འཕྲོགས་ནས་ཕྱུགས་དེས་གཏོར་མ་བྱེད་པ་དང༌། དེ་ཉིད་ཀྱིས་དེ་འཕྲོག་ཏུ་གཞུག་པའི་ཕྱིར་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང༌། དེ་ལ་གང་དག་ཡོངས་སུ་སྐྱོབ་པར་འགྱུར་བའི་མཛའ་བོ་ལ། བརྫུན་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ཚིག་ཀྱལ་པ་དག་གིས་དབྱེན་བྱེད་པ་དང༌། དེའི་ནོར་ལ་བརྣབ་སེམས་བྱེད་པ་དང༌། ནོར་དེའི་བདག་པོ་ལ་གནོད་སེམས་བྱེད་པ་དང་ལོག་པར་ལྟ་བ་འཕེལ་བར་བྱེད་པ་ལྟ་བུ་


DTG210_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེའི་ལུས་ཀྱི་ཡན་ལག་གི་ཕྱིར་རམ་ཞེས་བྱ་བ་ནི། རྔ་མ་དང་སོ་དང་པགས་པ་ལ་སོགས་པའི་ཕྱིར་རོ། །ནོར་གྱི་ཕྱིར་རམ་ཞེས་བྱ་བ་ནི་རིན་གྱི་ཕྱིར་རམ། དེའི་ནོར་བདག་གིར་བྱ་བའི་ཕྱིར་རོ། །ཕ་དང་མ་རྒས་སམ་ནད་ཚབས་ཆེན་པོས་ཐེབས་ན་ཞེས་བྱ་བ་ནི། དེ་དག་གིས་དེ་ནས་གཞན་གྱི་ཚེ་དབང་པོ་སར་པ་དང༌། ཤིན་ཏུ་དད་པ་རྙེད་པར་འགྱུར་ཏེ། དེས་ན་མ་བསད་པ་བྱའོ་ཞེས་གྲག་གོ །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི། ཇི་ལྟར་ལེགས་པར་སྤྱད་པ་དང༌། དེའི་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ལྟ་བ་དེས་གསོད་པ་ལ་རབ་ཏུ་བཅུག་པའོ། །ཆོ་ག་ཅན་གྱི་ཆུ་བཏུང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆོ་ག་ཅན་གྱི་ཆུ་དང་རྩྭ་དག་ཡོངས་སུ་ལོངས་སྤྱད་ཅེས་བྱ་བའི་ཐ་ཚིག་གོ །བཞད་གད་ལྡན་དང་ཞེས་བྱ་བ་ནི་ཀུ་རེའི་བསམ་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ལ། ཆགས་པ་ལས་སྐྱེས་པ་ནི་ནོར་དང་བཀུར་སྟི་དང་བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་དོན་དུའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ཚར་ཕྱིན་པར་བྱ་བའི་ཕྱིར་རོ། །གཞན་དག་ན་རེ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཚིག་ཀྱང་ལོག་པར་ལྟ་བའི་འདུ་ཤེས་ཀྱིས་རབ་ཏུ་བཅུག་པའི་བརྫུན་དུ་སྨྲ་བའོ་ཞེས་ཟེར་རོ། །འདི་ལྟ་སྟེ་དགེ་ཚུལ་ཞེས་བྱ་བ་ལ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲས་ནི་སྦྱོར་བའི་ཆོ་ག་གཞན་ཡང་བསྟན་པར་བྱ་བའི་ཕྱིར་རོ། །གནས་སྣ་ཚོགས་ནི་ཚོམས་ཆེན་པོ་སྟེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འདིར་དགེ་སློང་སྣ་ཚོགས་གནས་པས་ན་གནས་སྣ་ཚོགས་སོ། དེའི་འོག་ཏུ་ཞེས་བྱ་བ་ནི་དངོས་ཀྱི་ལས་ལམ་གྱི་འོག་ཏུ་སྟེ། བསླབ་པའི་གཞི་རྣམས་བླངས་ནས་ཇི་སྲིད་དུ་ཇི་སྐད་བཤད་པའི་ཆོ་གས་གནས་སྒོ་བ་དང་སྟེ། དེ་དག་ནི་ཆོས་གོས་དང་བསོད་སྙོམས་དང་གནས་མལ་


DTG210_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་ན་བའི་རྐྱེན་སྨན་རྣམས་སོ། །དེའི་རྟེན་ཞེས་བྱ་བ་ནི་གནས་ཀྱི་རྟེན་ནོ། །ཡོངས་སུ་དོར་བའི་སེམས་ཀྱིས་གསོད་པ་མཐར་ཕྱིན་པར་བྱེད་ལ། གཞན་ནི་རྩུབ་པའི་སེམས་ཀྱིས་རྫོགས་པར་བྱེད་དེ། དེའི་ཕྱིར་གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་རྣམས་ནི་གཅིག་ཏུ་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དོ། །ཆེར་རྨོངས་པར་གྱུར་ན་ཞེས་བྱ་བ་ནི། གང་ཞིག་རྒྱུ་དང་འབྲས་བུས་འབྲེལ་པའི་ཆོས་ཉིད་ལ་རྨོངས་པས་དེ་ནི་རྫོགས་པར་བྱེད་དེ། གཏི་མུག་ཁོ་ནས་ལོག་པར་ལྟ་བ་མཐར་ཕྱིན་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད་ཅེས་བྱ་བ་ལ། ཆགས་པ་ལས་སྐྱེས་པའི་བརྫུན་དུ་སྨྲ་བ་ནི་ཆགས་པ་ཁོ་ན་མཐར་ཕྱིན་པར་བྱེད་ལ། དེ་བཞིན་དུ་ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པ་ཡང་ཞེ་སྡང་དང་གཏི་མུག་གིས་མཐར་ཕྱིན་པར་བྱེད་དོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །གཞན་དག་ན་རེ་བ་རྣབ་སེམས་ལ་སོགས་པ་ཆགས་པ་དང་ཞེ་སྡང་དག་གིས་མཐར་ཕྱིན་པར་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་མཐར་ཕྱིན་པའི་དུས་སུ་དེ་ལ་ཐ་དད་པའི་ཆགས་པ་དང་ཞེ་སྡང་མེད་པའི་ཕྱིར་དེ་ཉིད་ཀྱིས་མཐར་ཕྱིན་པ་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་གཏི་མུག་གིས་བརྣབ་སེམས་ལ་སོགས་པ་མཐར་ཕྱིན་པར་བརྗོད་པར་བྱ་སྟེ། གཏི་མུག་ལས་དེ་སྐྱེས་པའི་ཕྱིར་རོ། །འདིར་ལན་སྨྲས་པ། གང་གི་ཕྱིར་དེ་ཉིད་ཀྱིས་དེ་བསྟན་པར་མི་འགྱུར་ཏེ། རྟེན་མ་ཡིན་པས་འདི་དེ་ལྟར་བརྟགས་པས་དགེ་བའི་རྩ་བ་རྣམས་ལས་གཞན་པ་སྲིད་པ་ཡོད་དོ་ཞེས་ཅིས་མི་འདོད། དེ་ལྟ་ན་འོ་ན་ལས་ཀྱི་ལམ་ཐམས་ཅད་ཀྱང་ངེས་པར་གཏི་མུག་དང་ལྷན་ཅིག་འབྱུང་བའི་ཕྱིར་གཏི་མུག་ཁོ་ནས་རྫོགས་པར་ཐལ་བར་འགྱུར་རོ་ཞེ་ན་མི་འགྱུར་རོ། །ཆགས་པ་དང་ཞེ་སྡང་དག་གི་དེར་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལོག་པར་ལྟ་བ་ཡང་གཏི་མུག་གིས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། དེར་དེ་གཙོ་བོ་ཡིན་པའི་ཕྱིར། གཙོ་བོ་ཉིད་དེ་ལས་གཞན་པའི་དགེ་བའི་རྩ་བ་ཡོད་པའི་ཕྱིར། ལོག་པར་ལྟ་བ་དགེ་བའི་རྩ་བའི་བདག་ཉིད་མ་ཡིན་


DTG210_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འོ་ན་བརྣབ་སེམས་ལ་སོགས་པ་གཏི་མུག་གིས་མཐར་ཕྱིན་པར་མི་རུང་ངོ་ཞེ་ན། དེ་དག་མི་དགེ་བའི་རྩ་བ་ཉིད་ཀྱི་ཕྱིར་དང༌། གཏི་མུག་དེར་གཏི་མུག་གཙོ་བོ་མ་ཡིན་པའི་ཕྱིར་རོ། །མཐར་ཕྱིན་པའི་དོན་ནི་དེར་གཙོ་བོ་ཡིན་པ་སྟེ། དེ་ལྟར་ན་འདིར་སྐྱོན་མེད་དོ། །ཆ་བཞིར་བཤད་པ་ཞེས་བྱ་བ་ནི་ཚད་བཞིར་རོ། །ཐུན་མོང་དུ་སྲོག་གཅོད་པ་ལ་སོགས་པ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དོ། །ཚན་གཅིག་དང་འདྲ་བར་གཞན་ལ་ཡང་བརྗོད་པར་བྱའོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་ནོ་ཞེས་བྱ་བ་ནི་ཚོགས་པ་ལས་ལས་ཀྱི་ལམ་དེ་སྐྱེ་བའི་ཕྱིར་ཏེ། སེམས་ཅན་དུ་སྟོན་པ་མ་ཡིན་པ་དག་ལས་ནི་སྐྱེ་བ་མི་སྲིད་དོ། །གལ་ཏེ་དེ་དག་གི་རྟེན་ནི་མིང་དང་གཟུགས་ཀྱང་ཡིན་པར་རིག་པ་མ་ཡིན་ནམ་ཞེ་ན། ཕུང་པོ་ཚོགས་པ་ཁོ་ན་ལ་བལྟོས་ནས་གསོད་པ་ལ་སོགས་པ་དག་འབྱུང་གི །ཕུང་པོའི་ཕྱོགས་གཅིག་ལ་བལྟོས་ནས་ནི་མ་ཡིན་ལ། ཕུང་པོ་གཅིག་དང་སྐད་ཅིག་མ་ལ་ཡང་མིང་དང་གཟུགས་ཞེས་བྱ་བ་ནི། ཕུང་པོ་སྐད་ཅིག་དང་སྐད་ཅིག་མ་གཅིག་ལ་ནི་གསོད་པ་ལ་སོགས་པ་དག་འཇུག་པ་མེད་དོ། །དེའི་ཕྱིར་དེ་དག་གི་རྟེན་མིང་དང་གཟུགས་ཡིན་པར་མི་འདོད་དོ། །གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ། །ལོངས་སྤྱོད་ལ་བརྟེན་ནས་ལས་ཀྱི་ལམ་འབྱུང་བའི་ཕྱིར། སེམས་ཅན་གཞན་གྱི་ལོངས་སྤྱོད་རང་བཞིན་ལོངས་སྤྱོད་དུ་ཉེ་བར་སྙོན་པར་བྱེད་པའོ། །ལས་ཀྱི་ལམ་འབྱུང་བའི་རྒྱུ་ཉིད་དུ་འགྱུར་བ་དེས་ན། གཞན་གྱི་བུད་མེད་ཀྱི་གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ་ཞེས་བྱའོ། །གཞི་སེམས་ཅན་མ་ཡིན་ཡང་རུང་སྟེ་ཡོངས་སུ་ལོངས་སྤྱོད་པའི་ཐབས་ལ་ནི་སེམས་ཅན་རྣམས་ལས་ཀྱི་ལམ་འབྱུང་བས་དེ་དག་ལོངས་སྤྱོད་ཀྱི་གཞི་ཉིད་དུ་བརྟག་གོ །ལོག་པར་ལྟ་བའི་གཞི་ནི་མིང་དང་གཟུགས་ཡིན་ཏེ། མིང་གི་དབང་དུ་བྱས་ནས་དེ་ལ་སྐུར་པ་འདེབས་པ་འཇུག་པའི་ཕྱིར་རོ། །དེའི་སྦྱོར་བས་འཆི་བའི་


DTG210_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་དེའི་ཚེ་ལུས་གཞན་སྐྱེས་པའི་ཕྱིར་ཐེ་ཚོམ་ཟ་བས། གང་ཞིག་གིས་ཕ་རོལ་འཆི་བར་ངེས་པར་བྱས་ནས་ཞེས་བྱ་བ་རྒྱས་པར་དྲིས་སོ། །དངོས་མེད་ཅེས་བྱ་བ་ནི་དངོས་སྔོན་དུ་འགྲོ་བས་མཇུག་ཀྱང་མེད་དོ་ཞེས་བསྟན་པར་འགྱུར་རོ། །ལུས་གཞན་སྐྱེས་ཕྱིར་རོ་ཞེས་བྱ་བ་ནི་རིས་མཐུན་པ་གང་ལ་གནས་པས་དེའི་སྦྱོར་བ་བྱས་པ་དེ་ཁོ་ན་དེའི་འབྲས་བུ་རྫོགས་པ་ལས་ཀྱི་ལམ་དུ་འགྱུར་གྱི། རིས་མཐུན་ཐ་དད་པའི་ལུས་ལ་ནི་མ་ཡིན་ཏེ། དེ་སྦྱོར་བ་པོ་མ་ཡིན་པའི་ཕྱིར་རོ། །དོན་གྱིས་ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་སྦྱོར་བས་བྱེད་པ་པོ་མ་ཡིན་ཀྱང༌། སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བར་ནི་གཞན་གསོད་པའོ་ཞེས་བྱ་བ་ལ་སྲོག་གཅོད་པ་ནི་རྣམ་པ་གཉིས་ཏེ། བསམས་བཞིན་པ་དང་བསམ་བཞིན་པ་མ་ཡིན་པའོ། །བསམས་བཞིན་པ་ཡང་རྣམ་པ་གཉིས་ཏེ་ནོར་པ་དང་མ་ནོར་པའོ། །མ་ནོར་པ་དེ་ལ་རྣམ་པ་གཉིས་ཏེ། བདག་དང་གཞན་གསོད་པ་སྟེ། དེའི་ཕྱིར་རྣམ་པར་གཅད་པར་བྱ་བའི་ཕྱིར་ཁྱད་པར་རྣམ་པ་གསུམ་བརྩམས་སོ། །ཡང་ཅིའི་ཕྱིར་མ་བསམས་པ་ནོར་བ་དང༌། བདག་སྲོག་གཅོད་པ་མི་འདོད་ཅེ་ན། སྦྱོར་བ་མི་སྲིད་པའི་ཕྱིར་དང༌། བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་བདག་གི་རྟེན་ས་ན་མི་སྲིད་པའི་ཕྱིར་རོ། །དེ་ལྟར་བཤད་དང༌། གལ་ཏེ་སྲོག་ཆགས་གཞན་ཡིན་པ་དང༌། འདི་གསད་པར་བྱའོ་ཞེས་དེ་ལ་སྦྱོར་བ་བྱས་པ་དང་གང་ལ་སྦྱོར་བ་བྱས་པ་དེ་ཉིད་གསོད་པར་བྱེད་ཀྱི་གཞན་མ་ཡིན་ན། དེ་ལྟ་ན་དེ་ལས་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་འདོར་བའི་སེམས་སུ་བྱས་པ་ནི་གང་ལ་སྦྱོར་བ་བྱས་པ་དང༌། གང་ལ་ཐེ་ཚོམ་ན་བདེ་གཉིས་ཀ་དེས་ཡོངས་སུ་དོར་བ་ཡིན་ནོ། །ཇི་ལྟར་ཕུང་པོ་སྐད་ཅིག་བདག་ལ་སྲོག་གཅོད་པར་འགྱུར། ཇི་ལྟ་མི་འགྱུར། འདི་ལྟར་ཕུང་པོ་སྐད་ཅིག་མ་ད་ལྟར་བ་ནི་སྲོག་གཅོད་པའི་སྦྱོར་བས་མི་གསོད་དེ། །རང་ཉིད་འཇིག་པ་ལ་མངོན་དུ་


DTG210_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡང་སྐད་ཅིག་མ་འཇིག་པ་ལ་གནོད་པར་འགྱུར་རོ། །མ་འོངས་པ་ཡང་མ་ཡིན་ཏེ། གསད་པར་མི་ནུས་པའི་ཕྱིར། བདག་མེད་ན་གསད་པར་བྱ་བ་མེད་པའི་ཕྱིར་ཡང་སྲོག་གཅོད་པ་མི་སྲིད་པའི་ཕྱིར། བདག་བསད་པས་སྲོག་གཅོད་པར་འགྱུར་བ་ནི་མ་ཡིན་ཏེ། ད་ལྟར་བའི་ཕུང་པོ་འགགས་པས་སྲོག་གཅོད་པར་འགྱུར་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྲོག་ཅེས་བྱ་བ་ནི་ཞེས་བྱ་བ་རྒྱས་པར་འགྱུར་རོ། །ཇི་ལྟར་རླུང་སེམས་ལ་བརྟེན་ཅེ་ནེ། སེམས་ལ་རག་ལས་འཇུག་པའི་ཕྱིར་ཏེ། འདི་ལྟར་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་ཤི་བ་ལ་མི་འབྱུང་བའི་ཕྱིར་རོ། །དེ་གཅོད་པར་བྱེད་དོ་བྱེད་པ་ནི། དེའི་རྒྱུན་དང་འགལ་བའི་ཕྱིར་གཅོད་དོ་ཞེས་བྱ་བ་སྟེ། འདི་ལྟར་སྲོག་གི་མཚན་ཉིད་མ་འོངས་པ་སྐྱེ་བ་དང་འགལ་བའི་རྐྱེན་ཉེ་བར་སྐྱོབ་པར་སྲོག་གི་སྐད་ཅིག་ད་ལྟར་བ་འགགས་པ་ལ་མངོན་དུ་ཕྱོགས་པ་ནི། སྲོག་གི་སྐད་ཅིག་མ་འོངས་པ་སྐྱེ་བའི་ཆོས་ཅན་སྐྱེ་བ་ལ་རྒྱུར་མི་འགྱུར་བས་རྒྱུན་འཆད་པར་འགྱུར་ལ། དེ་སྐྱེ་བ་དང་འགག་པའི་རྐྱེན་སྒྲུབ་པར་བྱེད་པ་པོ་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །དཔེར་ན་མར་མེའམ་དྲིལ་བུའི་སྐད་འགག་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་ལ། མར་མེའི་སྐད་ཅིག་མ་ད་ལྟར་བ་འགགས་པས་མར་མེ་འགག་པར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མ་འོངས་པའི་སྐད་ཅིག་མ་སྐྱེ་བར་འདོད་པ་ལ་སྐྱེ་བའི་གེགས་བྱེད་པས་ཡིན་ཏེ། དྲིལ་བུའི་སྐད་དང༌། སྲོག་གི་དབང་པོ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སྲོག་དེ་གང་གིས་ཡིན་ཞེས་བྱ་བ་ནི། སྲོག་དེ་བདག་གི་ཡིན་ཡིད་དང་འབྲེལ་བས་དེ་ཉིད་གསོན་ནོ་ཞེས་བྱ་བ་ཡིན་ནོ། །དེ་མེད་ན་སྲོག་དེ་གང་གིས་ཡིན་ཞེས་བྱ་བའོ། །དེའི་ཕྱིར་དབང་པོ་དང་བཅས་པའི་ལུས་ལ་སོན་ཞེས་བྱའི་བདག་ནི་མ་ཡིན་ཏེ། དེའི་ཕྱིར་སྲོག་གི་དབང་པོ་ནི་དེའི་ཡིན་གྱི་བདག་གི་ནི་མ་


DTG210_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བློ་སྔ་ནས་བཏང་བའི་སྲོག་བཅད་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཀྱང་ཞེས་པའི་སྒྲ་ནི་བློ་སྔར་བཏང་བཏང་བ་འབའ་ཞིག་ཏུ་མ་ཟད་པའོ། །དཔེར་ན་མེ་དང་རེག་པ་ལས་ཚིག་པར་འགྱུར་བ་ཞེས་བྱ་བ་ནི། བློ་སྔར་བཏང་ངམ་མ་བཏང་ཡང་བླ་སྟེ། རེག་པ་རྣམས་འཚིག་སྟེ། དེའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །སྲོག་ཆགས་གསོད་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་དག་གི་ལྟར་ན་གཞན་གྱི་ཆུང་མ་མཐོང་བ་དང་རེག་པ་ལ་ཡང་དེ་ལྟར་ཐལ་བར་འགྱུར་ཏེ། ཇི་ལྟར་གཞན་གྱི་ཆུང་མ་མཐོང་བ་དང་རེག་ནས་འདོད་ཆགས་ཅན་རྣམས་ལ་ཆོས་མ་ཡིན་པར་འགྱུར་བ་དེ་བཞིན་དུ་གཞན་ཕ་དང་བུ་ལ་སོགས་པ་འདོད་ཆགས་དང་བྲལ་བ་བློ་སྔར་མ་བཏང་བ་རྣམས་ལ་ཡང་ཆོས་མ་ཡིན་པར་འགྱུར་རོ། །དེ་གཅེར་བུར་སྐྲ་འབལ་བ་དང་ཁྲོས་པ་ན་བསོད་ནམས་འདོད་པ་ཡང་ཆོས་མ་ཡིན་པ་དང་འབྲེལ་པར་འགྱུར་རོ། །དཀའ་ཐུབ་དྲག་པོའི་ལུང་འབོགས་པ་ན་དོན་མ་ཡིན་པ་འདོད་པ་ལྟར་དེ་ལ་ཕན་པ་འདོགས་པའི་སྟོན་པའམ། གཞན་ཡང་སྡིག་པ་དང་འབྲེལ་པར་འགྱུར་རོ། །དེ་དག་གསུང་དེ་ཤི་ན་ཞེས་བྱ་བ་ནི་གཅེར་བུ་པ་གསུང་དེ་ཤིན་དེ་ལ་གནོད་པ་བྱ་བའི་ཕྱིར་དུག་དང་བཅས་པའི་ཟས་སྦྱིན་པར་བྱེད་པ་ལྟར། དེ་ལ་ཕན་པར་བྱ་བའི་ཕྱིར་སྦྱིན་པར་བྱེད་པ་བསོད་ནམས་འདོད་པ་ཡང་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་རོ། །མ་དང་བུ་ལྟོ་ན་ཡོད་པ་དག་ཀྱང་སྡིག་པ་དང་འབྲེལ་པར་ཐལ་བར་འགྱུར་ཏེ། ཕན་ཚུན་སྡུག་བསྔུལ་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། གལ་ཏེ་མེའི་དཔེས་བློ་སྔར་མ་བཏང་བའི་སྲོག་བཅད་པས་ཀྱང་སྡིག་པ་ཡིན་པར་འདོད་ན་ནི། དེ་ལྟ་ན་གསད་པར་བྱ་བ་ཡང་དེའི་བྱ་བ་དང་འབྲེལ་པའི་ཕྱིར་ཏེ། གསོད་པའི་བྱ་བ་འབྲེལ་པའི་ཕྱིར་ཆོས་མ་ཡིན་པ་ཅན་དུ་ཐལ་བར་འགྱུར་ཏེ། མེ་རང་གིས་རྟེན་སྲེག་པ་བཞིན་ནོ། །མེ་ནི་སྔར་རང་གི་རྟེན་སྲེག་ལ་ཕྱིས་གཞན་སྲེག་པར་བྱེད་དེ། དེ་བཞིན་དུ་འཆི་བ་ཡང་སྔར་རང་གི་རྟེན་གསད་པར་བྱ་བ་ཆོས་མ་


DTG210_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་སྦྱོར་བར་བྱེད་ལ། ཕྱིས་ནི་གསོད་པ་པོ་སྦྱོར་བར་བྱེད་པར་འགྱུར་རོ། །ཅི་སྟེ་གསད་བྱ་ལ་མི་འདོད་ན། གསད་བྱ་དང་གསོད་བྱེད་དག་རྒྱུ་མཚན་མཚུངས་པའི་ཕྱིར། འདི་ལ་ངེས་པ་ཅི་ཞིག་བྱས། དེ་བཞིན་དུ་གཞན་གྱི་ཆུང་མ་མཐོང་བ་དང་རེག་པ་ལ་སོགས་པ་རྣམས་ལ་ཡང་བརྗོད་པར་བྱ་སྟེ། མེའི་དཔེས་རང་གི་རྟེན་སྲེག་པར་བསྒྲུབ་པའི་ཕྱིར་རོ། །གཞན་ཡང་མེའི་ཆོས་ཁས་བླངས་པའི་ཕྱིར་བྱེད་དུ་འཇུག་པ་ལ་ཡང་སྡིག་པར་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡིག་པ་ཁས་བླངས་པའི་རྒྱུ་མཚན་ཙམ་དུ་གྱུར་པའི་ཕྱིར་རོ། །ཤིང་ལ་སོགས་པ་སེམས་མེད་པ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཤིང་དང་སྨྱུག་མ་དང་སོ་ཕག་ལ་སོགས་པ་རྣམས་ཏེ། ཁྱིམ་རྡིབ་ན་སྲོག་ཆགས་འཆི་བའི་ཕྱིར་དེའི་ཁོངས་སུ་གཏོགས་པ་ཤིང་ལ་སོགས་པ་རྣམས་ལ་ཡང་སྡིག་པར་ཐལ་བར་འགྱུར་རོ། །ཡང་ན་གཏན་ཚིགས་མེད་པར་དཔེ་ཙམ་གྱིས་ནི་འགྲུབ་པར་མི་འགྱུར་ཏེ། ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །ཁ་ཅིག་ཡོངས་སུ་གཟུང་བ་མེད་པས་མཆོད་རྟེན་ལས་འཕྲོག་པ་ལ་མ་བྱིན་པའི་ལེན་པར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟར་སེམས་པ་དེའི་ཕྱིར་རོ། །སངས་རྒྱས་ལས་མ་བྱིན་པར་བླངས་པའི་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡོངས་སུ་འཛིན་པ་མི་སྲིད་པའི་ཕྱིར་ཇི་ལྟར་སངས་རྒྱས་ལས་མ་བྱིན་པར་བླངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་སྦྱིན་པ་པོ་རྗེས་སུ་གཟུང་བའི་ཕྱིར་རོ། །གཞན་དག་ན་རེ་དེ་བརྐུས་པ་གང་དག་ཡིན་པ་དེ་དག་ལས་མ་བྱིན་པར་བླངས་སོ་ཞེས་ཟེར་ཏེ། དེ་ལྟར་ན་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོར་མི་འགྱུར་རོ། །བདག་པོ་མེད་པའི་ཞེས་བྱ་བ་ནི། བུ་མེད་པའི་གཏེར་ཏེ་ཡུལ་གྱི་བདག་པོ་ལས་མ་བྱིན་པར་བླངས་སོ། །ཤི་བའི་


DTG210_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ནི་དགེ་སློང་ཤི་བའི་ཡོ་བྱད་ཆོས་གོས་ལ་སོགས་པའོ། །སྦྲུམ་མའི་གན་དུ་འགྲོ་ན་དེའི་ལྟོ་ན་འདུག་པ་ལ་གནོད་པར་འགྱུར་རོ། །ནུ་ཞོ་འཐུང་བའི་གན་དུ་འགྲོ་ན་ནི་ནུ་ཞོས་བྱིན་པ་རྒྱས་པར་མི་བྱེད་དོ། །ཡུལ་གྱི་བདག་པོ་ལས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ནི་དགེ་སློང་མའི་གན་དུ་འགྲོ་བ་ན་འདོད་པས་ལོག་པར་གཡེམ་པར་འགྱུར་ཏེ། དེའི་ཕྱིར་རང་གི་ཆུང་མ་ངེས་པ་དང་བཅས་པ་བཞིན་དུ་བགྲོད་པར་བྱ་བ་མ་ཡིན་པ་ཡང་ཡིན་ནོ། །ཐ་ན་རྒྱལ་པོ་ལས་སོ་ཞེས་བྱ་བ་ནི་གལ་ཏེ་གཞན་མེད་ན་སྟེ་ནངས་ཀྱི་ཐ་ན་རྒྱལ་པོ་ལས་ཏེ་དེས་ནི་མི་བཟོད་པར་བྱ་བ་ཡིན་ནོ། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྨྲ་བ་པོ་དང་ཉན་པ་པོའི་དབང་གིས་རྫུན་དུ་སྨྲ་བའི་ལས་ཀྱི་ལམ་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དོན་སྨྲ་བ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །མངོན་པར་མ་གོ་ན་ཚིག་ཀྱལ་པར་འགྱུར་ཏེ། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད་ཅེས་འབྱུང་བའི་ཕྱིར་རོ། །དཔེར་ན་བ་ལང་ཞེས་བྱ་བ་ལྟ་བུ་དག་ཡི་གེ་གཅིག་པ་ཡང་ཡོད་དེ། དེ་ལ་དཔྱད་པ་འདི་མི་རུང་ངོ་ཞེ་ན། དེའི་ཕྱིར་རིས་འགའ་ཡི་གེ་མང་པོ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་མ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པའོ་ཞེས་བྱ་བ་ལ། དེར་ནི་གདོན་མི་ཟ་བར་དོན་མངོན་གོ་བར་འགྱུར་བའི་ཕྱིར་དེ་སྐད་བཤད་དེ། ཡི་གེ་སྔ་མ་རྣམས་ནི་སྦྱོར་བ་ཡིན་ནོ། །མཇུག་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །ཡང་ན་གང་ལས་དོན་གོ་བར་གྱུར་པ་སྟེ་ཞེས་བྱ་བ་ནི། སྨྲ་བ་པོས་ཐམས་ཅད་དུ་འདུ་ཤེས་གཞན་དུ་བསྒྱུར་བར་ཁྱད་པར་མེད་ཀྱང་ཉན་པོས་དོན་དེ་རྟོགས་པ་ལ་བལྟོས་ནས་དངོས་ཀྱི་ལས་ཀྱི་ལམ་དུ་རྣམ་པར་གཞག་གོ་ཞེས་བྱ་བ་འདི་སྟོན་པའོ། །འདིར་ཡི་གེ་སྔ་མ་རྣམས་ནི་སྦྱོར་བ་ཡིན་ལ། ཕྱི་མ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པ་ནི་མཇུག་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་རང་གི་ངོ་


DTG210_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་ལ། མིང་ལ་བྱ་བ་ཡང་ཚིག་རྟོགས་པ་ལ་བལྟོས་ནས་དོན་དེ་གོ་བས་ཚིག་གི་དོན་ནི་ཡིད་རྣམ་པར་ཤེས་པའི་ཡུལ་ཁོ་ན་ཡིན་གྱི། རྣ་བའི་རྣམ་པར་ཤེས་པའི་ཡུལ་ནི་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ད་ལྟར་བས་སྒྲ་ད་ལྟར་བ་འཛིན་པས་དེའི་གཟུང་བར་བྱ་བ་དག་གིས་རྣམ་པར་རིག་བྱེད་གང་ཡིན་པ་ནི་རྣ་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལས་ཀྱི་ལམ་དུ་འགྱུར་གྱི། རྣམ་པར་རིག་བྱེད་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན། དེ་དག་ཀྱང་བྱེད་ན། རྣམ་པ་གཉིས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་དང་འགལ་ལོ། །སྐད་བྱ་བ་མིང་དང་མིང་ཅན་གྱི་འབྲེལ་པ་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །ལུང་དུ་མ་བསྟན་པའི་ཕྱིར་ཤི་བ་དང་འདྲ་སྟེ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་གཟུགས་དང་སྒྲ་དང་ཆོས་རྣམས་ནི་དགེ་བ་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཡིན་ལ། དྲི་དང་རོ་དང་རེག་བྱ་དག་ནི་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཤི་བ་དང་འདྲའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཤི་བ་ལ་ནི་འདི་ན་དགེ་བ་དང་མི་དགེ་བའི་ཆོས་རྗེས་སུ་འཇུག་པ་མེད་ལ། ལུང་དུ་མ་བསྟན་ཆོས་རྗེས་སུ་འཇུག་པ་ནི་ཡོད་དེ། དེའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཤི་བ་དང་འདྲའོ་ཞེས་ཟེར་རོ། །གཞན་དག་ན་རེ་དབང་པོ་གསུམ་ནི་ཡུལ་ཕྲད་པ་ཡིན་པའི་ཕྱིར་ལ། ཕྲད་པ་ལ་ཡང་རྟོགས་པར་མ་བཏགས་པའི་ཕྱིར་ཡུལ་གསུམ་ལ་རྟོགས་པ་ཞེས་བྱའོ་ཞེས་ཟེར་རོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་བདག་ཉིད་ཉམས་སུ་མྱོང་བ་ནི་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཁུངས་ཅི་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། མདོ་དང་རིགས་པ་ཡོད་དོ་ཞེས་ཟེར་རོ། །དེའི་ཕྱིར་ཡུལ་གསུམ་པོ་གཟུགས་དང་སྒྲ་དང་ཆོས་གང་ལ་གོ་རིམས་བཞིན་དུ་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པའི་སྒྲ་བསྙད་པས་དེའི་བར་ན་འདུག་པ་དྲི་དང་རོ་དང་རེག་བྱ་དག་ལ་རྟོགས་པ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེ་ལྟར་མི་འདོད་ན་


DTG210_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི། དྲི་ལ་སོགས་པ་དག་ལ་རྟོགས་པ་ཞེས་བྱ་བར་མི་འདོད་ནའོ། །མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་དང་སྒྲ་དང་ཆོས་དག་ལ་མཐོང་བ་དང་ཐོས་པ་དང་རྣམ་པ་ཞེས་པའི་སྒྲ་བཀོད་པའི་ཕྱིར་དང། གཟུགས་དང་སྒྲ་དང་ཆོས་དང་མཚན་ཉིད་མི་མཚུངས་པའི་ཕྱིར་དྲི་དང་རོ་དང་རེག་བྱ་རྣམས་མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པ་ཡིན་ཏེ། དེའི་ཕྱིར་དྲི་ལ་སོགས་པ་དག་ལ་ཐ་སྙད་འདོགས་པར་མི་འགྱུར་ན་དྲི་ལ་སོགས་པ་དག་ལ་ཐ་སྙད་འདོགས་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་དེ་དག་ལ་རྟོགས་པ་ཞེས་བྱའོ་ཞེས་བྱ་བར་ངེས་སོ། །རེ་ཞིག་མདོ་ནི་དོན་གཞན་ཡིན་པའི་ཕྱིར་ཁུངས་མ་ཡིན་ཏེ་ཞེས་བྱ་བ་འདིར་དོན་ནི། ཇི་ལྟར་ཁྱོད་ལ་དུས་གསུམ་དུ་ཡང་གཟུགས་ལ་སོགས་པ་རྣམས་ལ་མཐོང་བ་ནས་རྣམ་པར་མ་ཤེས་པའི་བར་གྱི་ཕྱིར་དང༌། དེ་དག་དོན་དུ་མ་པའི་ཕྱིར་དེ་དག་གི་ཡུལ་ཅན་གྱི་འདུན་པའི་འདོད་ཆགས་ལ་སོགས་པ་དག་སྐྱེས་པ་དང༌། སྐྱེ་བ་དང༌། སྐྱེ་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དེ་ཙམ་ཞིག་ངེས་པར་འཛིན་པའི་ཕྱིར་མཐོང་བ་དག་ལས་རྣམ་པར་ཤེས་པའི་བར་དག་ལ་ཡང་དེ་དག་གི་ཡུལ་ཅན་གྱི་འདུན་པའི་འདོད་ཆགས་སྐྱེས་པ་དང༌། སྐྱེ་བ་དང༌། སྐྱེ་བར་འགྱུར་བ་མ་ཡིན་ཏེ། དེ་དག་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། འོ་ན་ཇི་ལྟ་བུ་ཞེ་ན། འདིར་ནི་ཁྱོད་ཡུལ་རྣམ་པ་དྲུག་པོ་འདི་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་མདོ་འདི་མཐོང་བ་ལ་སོགས་པའི་ཐ་སྙད་སྟོན་པ་ལྷུར་བྱེད་པ་མ་ཡིན་ནོ། །དེས་ན་འོ་ན་མཐོང་བ་ཅི་ཞིག་ཡིན་པ་ནས་རྣམ་པར་ཤེས་པའི་བར་ཅི་ཡིན་པ་བརྗོད་པར་བྱ་དགོས་སོ་ཞེ་ན། མཐོང་བ་ལ་སོགས་པ་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དྲི་ལ་སོགས་པ་ཐ་སྙད་གདགས་པར་མི་འགྱུར་ཏེ་ཞེས་གང་སྨྲས་པ་དེའི་ལན་ནི་ཡུལ་ལྔ་པོ་འདི་དག་རེ་རེ་ལ་ཡང་ཞེས་


DTG210_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སྨོས་སོ། །དྲུག་པ་ལ་ནི་མཐོང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། དབང་པོ་ལྔས་མངོན་སུམ་བྱ་བ་ནི་མཐོང་བ་ཡིན་པའི་ཕྱིར་རོ། །ཕ་རོལ་ལས་འོངས་པའི་ཡུལ་ཡུལ་དྲུག་ཚན་གང་ཡིན་པ་དེ་ནི་ཐོས་པའོ། །རིག་པས་རྗེས་སུ་དཔག་པ་ནི་མི་འཁྲུལ་བའི་རྗེས་སུ་དཔག་པ་སྟེ། དྲུག་ཚན་གྱི་ཡུལ་འདི་ཡི་སྤྱོད་ཡུལ་ལོ། །སྔོན་གྱི་སློབ་དཔོན་རྣམས་ནི་རྣལ་འབྱོར་སྤྱོད་པ་རྣམས་སོ། །མིག་གིས་ཞེས་བྱ་བ་ནི་དབང་པོ་གཞན་གྱི་མ་ཡིན་པའོ། །དེ་ལྟར་ན་ལུགས་སྔ་མ་ལས་ཁྱད་པར་དུ་སྨྲས་པ་འགྱུར་རོ། །བདག་ཉིད་ཀྱི་རྣ་བས་ཐོས་པ་དང་ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་ནི་ཐོས་པའོ། །བདག་ཉིད་ཀྱིས་བསམས་པ་གང་ཡིན་པ་དེ་ནི་རྟོགས་པའོ་ཞེས་བྱ་བ་ནི་ལུང་དང་རིག་པས་སོ། །དེ་ལྟར་ན་ཐ་སྙད་འདི་ཉིད་ནི་ཡུལ་དྲུག་ཅར་དང་སྦྱར་རོ། །བདག་ཉིད་ཀྱིས་སོ་སོར་ཡང་དག་པར་རིག་པ་དང་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ། སོ་སོར་ཡང་དག་པར་རིག་པ་དེ་ནི་བདེ་བ་ལ་སོགས་པ་དང་རྟོགས་པ་ནི་འཇིག་རྟེན་པའི་ལམ་གྱི་མངོན་པར་ཤེས་པ་ལ་སོགས་པའོ། །འདིར་འཇིག་རྟེན་ལས་འདས་པའི་ལམ་གྱིས་རྟོགས་པ་ནི་མི་གཟུང་སྟེ་འཇིག་རྟེན་པའི་ཐ་སྙད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། དྲུག་པ་ཁོ་ན་ལ་རྟོགས་པ་དང་མཐོང་བ་འཐད་ཀྱི། སྒྲ་ལ་སོགས་པ་རྣམས་ལ་མ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་རིག་པ་ཡང་འདས་པ་མཐོང་བའི་བློ་ཡིས་དེ་བཞིན་དུ་མ་འོངས་པ་མཐོང་ཞེས་བྱ་སྟེ། འདས་པ་དང་མ་འོངས་པ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའི་ཡུལ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་གསུང་རབ་གང་དུ་ཡང་རྣ་བས་སྒྲ་མཐོང་བ་དང་སྣ་ལ་སོགས་པས་དྲི་ལ་སོགས་པ་རྣམས་མཐོང་ཞེས་གསུངས་པ་འགའ་ཡང་མེད་དོ། །གང་གི་ཕྱིར་མཐོང་བ་ཞེས་བྱ་བ་འདིས་ཡུལ་ལྷན་ཅིག་རྟོགས་པར་བྱེད་པ་ལ་རིག་པ་འདིར་ཅི་ཞིག་ཡོད། དབང་པོ་ལས་མངོན་སུམ་དུ་མཐོང་གི་ཡིད་ཀྱིས་མངོན་སུམ་དུ་མ་ཡིན་ནོ་ཞེ་ན། དེ་ལྟ་བུའི་རྣལ་འབྱོར་སྤྱོད་པ་པའི་འདོད་པ་སྟེ། གཟུགས་


DTG210_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་དག་ཏུ་ཐ་སྙད་གདགས་པ་སྟེ་ལྷག་མ་ནི་ཡུལ་ལྔ་རྣམས་སོ། །མཐོང་བ་ལས་མ་གཏོགས་པ་དེའི་ཕྱིར་དྲི་ལ་སོགས་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བར་འགྱུར་བ་ཡང་མེད་དོ། །གཞན་དག་ན་རེ་མཐོང་བ་ལ་སོགས་པས་སོ་སོ་རང་རིག་པའི་ཞེས་བྱ་བ་སྟེ། ཁྱད་པར་ལས་བྱུང་བའི་དོན་ཅན་ནོ་ཞེས་ཟེར་རོ། །རྟོགས་པ་དང་རྣམ་པར་ཤེས་པ་དག་ལ་ཁྱད་པར་མེད་དོ། །དེ་ཡང་ཡིད་ཀྱིས་མངོན་སུམ་དུ་རྟོགས་པ་ནི་ཡིད་ཀྱི་དབང་པོའི་བདག་ཉིད་སོ་སོ་རང་གིས་རིག་པ་སྟེ། ཡིད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རྟོག་གེའི་རིག་པ་རྣམས་ཞེས་བྱའོ། །གང་ཞིག་ལུས་ཀྱིས་དོན་གཞན་གོ་བར་བྱེད་ན་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དག་གིས་ཡིན་པའི་ཕྱིར་དྲིས་པའོ། །ངག་གིས་བྱེད་པར་གྱུར་ནའོ་ཞེས་བྱ་བ་འདིར་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དངོས་ཀྱི་ལས་ཀྱི་ལམ་ཡིན་གྱི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །ལུས་ཀྱིས་བྱེད་པར་གྱུར་ནའོ་ཞེས་བྱ་བ་འདིར་ཡང་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དངོས་ཀྱི་ལས་ཀྱི་ལམ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དྲང་སྲོང་རྣམས་ཡིད་རབ་ཏུ་ཁྲོས་པས་ཞེས་བྱ་བ་ལ། དེ་དག་ལུས་དང་ངག་གཉིས་ཀས་མི་བྱེད་ཀྱང་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་རོ། །གསོ་སྦྱོང་དཔེར་བྱའོ་ཞེས་བྱ་བ་ལ་གསོ་སྦྱོང་གི་ལས་ལ་ཁ་ན་མ་ཐོ་བ་འཆབ་པའི་ཕྱིར་གཉིས་གས་བྱས་པ་མེད་ཀྱང་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བར་རེག་པར་འགྱུར་རོ། །མི་བྱེད་ན་ཞེས་བྱ་བ་ནི་མི་རྩོལ་ཞིང་མི་སྦྱོར་ནའོ་ཞེས་བྱ་བའི་བར་དུ་བཤད་པར་འགྱུར་རོ། །དེ་ལྟར་ན་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་བཞིན་དུ་ལས་ཀྱི་ལམ་སེམས་ཙམ་ལ་རག་ལས་པ་ཉིད་དུ་ཐལ་བར་འགྱུར་ན། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ནི་ཡོད་པ་ཡང་མ་ཡིན་ནོ། །འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལས་ཁྱད་པར་དུ་བྱེད་པའོ། །དེ་དག་ཅེས་བྱ་བ་ནི་དྲང་སྲོང་དང་དགེ་སློང་དག་གོ །སློབ་དཔོན་འདུས་བཟང་ནི་དྲང་སྲོང་དག་ནི་དོན་གྱིས་


DTG210_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྣམ་པར་རིག་བྱེད་བྱེད་པ་ཡིན་ཏེ། མི་མ་ཡིན་པ་རྣམས་ཀྱིས་དེ་དག་གི་མི་དགེ་བའི་བསམ་པ་སེམས་ཅན་ཡོངས་སུ་འདོར་བ་ཞུགས་པ་རྟོགས་ནས་དེ་དག་ལ་དད་པ་རྣམས་གང་གིས་ན་དྲང་སྲོང་དེ་དག་ལ་ལས་ཀྱི་ལམ་སྐྱེ་བ་ལུས་ཀྱི་བྱེད་པའོ། །གཞན་ཡང་ཁྲོས་པ་ལ་ནི་དེའི་ཚེ་གདོན་མི་ཟ་བར་ལུས་དང་ངག་གི་གཡོ་བ་ཡོད་ཅིང་དམོད་པ་འདོར་བར་འགྱུར་བས་འགལ་བ་མེད་དོ། །གསོ་སྦྱོང་ལ་ཡང་ཇི་ལྟར་ཚིག་གིས་གོ་བར་བྱ་བའི་དོན་ལ་ལུས་ཀྱི་གཡོ་བ་ཡང་དག་གི་ལས་ཀྱི་ལམ་སྐྱེ་བ་དེ་བཞིན་དུ་བདག་ཅག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་གོ་སྙམ་དུ་རིག་པར་བྱའི་སྙམ་དུ་ཅང་མི་སྨྲ་བས། མི་གཡོ་བ་ལ་ཡང་ཡིན་པས་ཚིག་གིས་གོ་བར་བྱ་བའི་དོན་ལ་ཅང་མི་སྨྲ་བ་ལ་ཡང་དག་གི་ལས་ཀྱི་ལམ་སྐྱེ་བར་འགྱུར་ཏེ། དེ་ནི་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་དག་པར་གོ་བར་བྱེད་དོ་ཞེས་ཟེར་རོ། །གཞན་ནི་འདོད་པའི་ཁམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ཐམས་ཅད་རྣམ་པར་རིག་བྱེད་ལ་རག་ལས་པར་ངེས་པར་ཡང་མ་ཡིན་ཏེ། ལྔ་སྡེ་ལ་སོགས་པ་འབྲས་བུ་ཐོབ་པའི་མོད་ལ་སོ་སོར་ཐར་པའི་སྡོམ་པ་སྐྱེ་བ་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་མི་དགེ་བ་ཡང་དེ་ལྟ་བུ་འགའ་ཞིག་རྣམ་པར་རིག་བྱེད་མེད་པར་ཡང་འགྱུར་རོ་ཞེས་ཟེར་ཏེ། །འདི་ལ་འབགས་པར་བྱ་སྟེ་ལན་གདབ་དགོས་སོ་ཞེས་བྱའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཞེས་བྱ་བ་ལ། ཕྲ་མའི་དངོས་པོ་ནི་ཕྲ་མའོ། །དེ་དག་གང་ཞེ་ན། ཕ་རོལ་དབྱེ་བའི་ཕྱིར་ཚིག་སྟེ། དེ་དང་ལྡན་པས་དེ་ཡང་འདྲེས་མ་ཅན་ཞེས་བྱའོ། །ཉོན་མོངས་ཅན་གྱི་སེམས་ཀྱི་ཞེས་བྱ་བ་ནི་དེ་ལ་ཕན་པའི་ཕྱིར་མ་ཡིན་པའོ། །ཁ་གསག་བྱེད་པ་ཞེས་བྱ་བ་ལ། ཁ་གསག་ཅེས་བྱ་བ་ནི་རྙེད་པ་འདོད་པའི་སྙན་པར་སྨྲ་བའོ། །ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ༌། །ཡང་ཀྱལ་པ་ཡིན་ལ་ལས་ཀྱི་ལམ་མ་ཡིན་པ་ཇི་ལྟར་ཞེ་ན། དེའི་ཚེ་སེམས་ཅན་རྣམས་འདོད་ཆགས་ཤས་ཆུང་བ་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་དེས་རྣམ་པར་རིག་བྱེད་མ་


DTG210_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་འདྲེན་པར་ནུས་པར་མི་འགྱུར་ལ། རྣམ་པར་རིག་བྱེད་མ་ཡིན་པ་མེད་པ་ཅན་གྱི་ལས་ཀྱི་ལམ་ཡང་ཡོད་པ་མ་ཡིན་ནོ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད་ཅེས་བྱ་བ་ནི། ཉོན་མོངས་པ་ཅན་གཞན་འབའ་ཞིག་ཏུ་མ་ཟད་ཀྱི། བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ཡང་ཡིན་ན། དེ་ལྟར་བྱས་ན་བརྫུན་དུ་སྨྲ་བ་དེས་ནི་ཚིག་ཀྱལ་པ་ཡང་ཡིན་ལ། ཁ་གསག་ལ་སོགས་པ་ནི་ཚིག་ཀྱལ་པ་ཁོ་ན་ཡིན་གྱི་བརྫུན་དུ་སྨྲ་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཀྱལ་པ་རྣམས་ནི་ཚིག་ཀྱལ་པ་ཅན་ཡིན་ལ། དེའི་དངོས་པོ་ནི་ཚིག་ཀྱལ་པ་ཅན་ཉིད་དོ། །ལོག་པས་གཞན་གྱི་ནོར་ལ་ཆགས་ཞེས་བྱ་བ་ནི། མི་རིགས་པར་ཆགས་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་ལོག་པར་མི་རིགས་པ་ཞེས་བྱ་བ་སྨོས་སོ། །དེ་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་ཞེས་བྱ་བ་ནི། འདོད་པ་ལ་འདུན་པ་སྤངས་ཏེ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། དེ་ཉིད་ཀྱི་མཇུག་ཐོགས་སུ་གནོད་སེམས་ལ་སོགས་པ་སྤངས་པ་བསྟན་པའི་ཕྱིར་ཏེ། དེ་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ། བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་འཇིག་རྟེན་ན་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་སྤངས་ཏེ་དོགས་པ་ལས་བརྒལ་ཞིང་ཐེ་ཚོམ་ལས་བརྒལ་ནས་ཆོས་དགེ་བ་རྣམས་ལ་ནེམ་ནུར་མེད་པར་གྱུར་པ་ཡིན། དེ་སྒྲིབ་པ་ལྔ་སྤངས་ནས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པའི་དེའི་ཕྱིར་འདོད་པ་ན་སྤྱོད་པའི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ལས་དང་འབྲས་བུ་དང་འཕགས་པ་ལ་སྐུར་པ་འདེབས་པ་འདི་རིལ་གྱིས་ལོག་པར་ལྟ་བ་ཡིན་ནོ་ཞེས་བྱ་པ་འབྱུང་སྟེ། དེ་ལ་སྦྱིན་པ་མེད་དོ་མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བ་འདི་ནི་ལས་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་


DTG210_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །ཡང་རྒྱུ་དང་འབྲས་བུ་གང་ཡང་རུང་བ་ལ་སྐུར་པ་འདེབས་པའི་ཕྱིར་གཉི་ག་ལ་སྐུར་པ་འདེབས་པ་ཡིན་ནོ། །དགེ་སྦྱོང་དང་བྲམ་ཟེ་དང་དགྲ་བཅོམ་པ་མེད་དོ་ཞེས་བྱ་བ་ནི་འཕགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །དེ་དག་གི་རྒྱུ་བས་རྒྱུ་སྟེ་ཞེས་བྱ་བ་ནི། བརྣབ་སེམས་ལ་སོགས་པ་གོ་རིམས་བཞིན་དུ་ཆགས་པ་དང་མི་མཐུན་པ་དང༌། ལོག་པའི་ངེས་པར་རྟོག་པའི་རྣམ་པ་ཅན་དེ་དག་གི་དབང་གིས་དེ་དག་དང་མཐུན་པར་སེམས་པས་སེམས་པར་བྱེད་ཅིང་མངོན་པར་འདུ་བྱེད་དེ། དེའི་ཕྱིར་དེ་དག་གི་རྒྱུ་བས་རྒྱུ་བ་ཡིན་ནོ། །དེ་དག་གི་འགྲོས་ཀྱིས་འགྲོའོ་ཞེས་བྱ་བ་ནི། ཕྱི་མ་སྔ་མའི་བཤད་པ་ཡིན་པར་དགོངས་ཏེ་སྨོས་པའོ། །ལས་དང་ལམ་ཞེས་བྱ་བ་ལ། སེམས་པ་ཞེས་བྱ་བ་ནི་ལས་མིན་ནོ་ཞེས་བྱ་བ་ནི་ལས་ཡིན་ནོ་ཞེས་བྱ་བའོ། །དེ་དག་ཀུན་ནས་སློང་བའི་སེམས་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པ་དེ་དག་སེམས་པ་གང་གིས་ཀུན་ནས་སློང་བ་སྟེ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་དག་ལ་དམིགས་ནས་འཇུག་པའི་ཕྱིར་རོ། །ལས་ཀྱི་ལམ་དང་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པ་གསུམ་མོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་རང་བཞིན་ཡིན་པའི་ཕྱིར་ལས་དང་ལས་ཀྱི་ལམ་ཡང་ཡིན་ནོ། །དེ་དག་ཀུན་ནས་སློང་བའི་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །མི་འདྲ་བ་རྣམས་ལ་ཡང་གཅིག་ཡིན་པར་གྲུབ་པའི་ཕྱིར་རོ། །གང་མི་མངོན་པ་ནི་ཡོན་ཏན་ནོ་ཞེས་བྱ་བ་འདི་ལྟར་དེ་དག་ནི་དེའི་རྩ་བ་ཅན་དུ་འཇུག་པ་ཡིན་ནོ་ཞེས་བྱ་སྟེ། སྦྱོར་བ་འཇུག་པ་ནི་དངོས་ཀྱི་ལས་ཀྱི་ལམ་གྱི་དོན་དུའོ། །མཇུག་འཇུག་


DTG210_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལས་ཀྱི་ལམ་གྱི་རྩ་བ་ཅན་ཡིན་ནོ། །ལས་ཀྱི་ལམ་ཡང་ལས་ཀྱི་ལམ་གྱི་སྦྱོར་བ་དང་མཇུག་ཏུ་འགྱུར་རོ་ཞེ་ན། དེ་ནི་དངོས་གཞི་ཁོ་ན་ཡིན་གྱི་ལས་ཀྱི་ལམ་གྱི་སྦྱོར་བ་དང་མཇུག་མ་ཡིན་ནོ། །འཇིག་རྟེན་ན་གང་དག་ཅེས་རྒྱས་པར་འབྱུང་བ་སྟེ། དེ་ལྟར་ཡང་ཐམས་ཅད་བདག་པོ་རྒྱུ་མཐུན་དང༌། རྣམ་སྨིན་འབྲས་བུ་འབྱིན་པར་འདོད། ཕྱི་ནས་བཤད་པར་བྱའོ། །ཡང་ན་གཅིག་གིས་འདྲེན་པས་ན་ཞེས་བྱ་བ་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་འདྲེན་པར་བྱེད་དོ། །གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལྟར་ན་དེ་དག་ནི་ཡིད་ཀྱི་ལས་ཡིན་པས་ལས་ཀྱང་ཡིན་ལ་ལམ་ཡང་ཡིན་པས་ལས་ཀྱི་ལམ་ཡིན་ནོ། །ཀུན་ཏུ་སྤྱོད་པ་དང་འགལ་བ་ཡིན་ལ་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དག་ཅིག་ཅར་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་ཡིན་གྱི་ལོག་པར་ལྟ་བ་བཞིན་དུ་ལྡན་པ་དང་འགལ་བ་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཆེན་པོ་ཡོངས་སུ་རྫོགས་པས་ཞེས་བྱ་བ་ནི། ཆེན་པོ་ཉིད་ཀྱིས་ཡོངས་སུ་རྫོགས་པ་སྟེ། ཆེན་པོའི་ཆེན་པོས་ཞེས་བྱ་བ་དོན་གང་ཡིན་པའོ། །གཞན་དག་ན་རེ། ཆེན་པོས་ཡོངས་སུ་རྫོགས་པས་ཀྱང་ངོ་ཞེས་ཟེར་རོ། །བི་པྲ་ཏི་པ་ར་ལ་སོགས་པས་མ་བཅོམ་པའི་ཕྱིར་ཡོངས་སུ་རྫོགས་པའོ། །ལོག་པར་ལྟ་བ་མི་དགེ་བའི་རྩ་བས་དྲངས་པའི་ཕྱིར་ཞེས་བྱ་བ་ལ། དེའི་མཇུག་གིས་དེ་བསྐྱེད་པའི་ཕྱིར་དང་དེའི་སྟོབས་ཀྱིས་དགེ་བའི་རྩ་བ་གཅོད་པའི་ཕྱིར་མི་དགེ་བའི་རྩ་བས་དྲངས་པས་ཞེས་བརྗོད་དོ། །མི་དགེའི་རྩ་བ་ཆེན་པོས་དྲངས་པའི་ལོག་པར་ལྟ་བས་དགེ་བའི་རྩ་བ་གཅོད་པའི་ལས་ཀྱང་དེ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་མི་དགེ་བའི་རྩ་བ་དག་ཁོ་ན་ལ་བརྟེན་པས་བསྟན་བཅོས་དང་འགལ་པ་མེད་དོ། །དགེ་བའི་རྩ་བ་དག་ནི་རྣམ་པ་དྲུག་སྟེ། ཁམས་གསུམ་པོ་རེ་རེ་ལ་སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་ཡོད་པས་


DTG210_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གང་དག་ཡིན་པ་མི་ཤེས་པ་དེའི་ཕྱིར། དགེ་བའི་རྩ་བ་གང་དག་གཅིག་ཅེས་བྱ་བ་རྒྱས་པར་སྨོས་སོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི། ལྡན་པ་གཅོད་པ་ལས་དགེ་བའི་རྩ་བ་གཅོད་པར་འདོད་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་ནི་སྔ་ནས་མི་ལྡན་པས་དེ་གཅོད་པ་མི་སྲིད་དོ། །ཡང་ཇི་ལྟར་ན་དེའི་ཐོབ་པ་ཐག་སྲིང་བར་བྱེད་ཅེ་ན། རྒྱུད་དེའི་སྣོད་མ་ཡིན་པ་ཉིད་དུ་བྱེད་པའི་ཕྱིར་རོ། །སྔར་རྒྱུད་དེ་དག་གི་ཐོབ་པ་རྣམས་ཀྱི་སྣོད་དུ་གྱུར་པ་ལས་དགེ་བའི་རྩ་བ་བཅད་ནས་སྣོད་མ་ཡིན་པ་སྟེ་སྐལ་བ་མེད་པ་ཉིད་དུ་བྱས་པ་དེའི་ཕྱིར། དེ་དག་གིས་ཐོབ་པ་ཐག་སྲིང་བ་བྱེད་པ་ལས་དེ་དག་ཀྱང་བཅད་པ་ཡིན་ནོ་ཞེས་བརྗོད་པས་འགལ་བ་མེད་དོ། །སྦྱོར་བ་ལས་བྱུང་བ་དག་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྦྱོར་བ་ལས་བྱུང་བ་ནི་ཐོས་པ་དང་བསམ་པ་དག་སྟེ། ལོག་པར་ལྟ་བ་འབྱུང་བའི་སྔར་ཆུང་ངུའི་ཆུང་ངུའི་གནས་སྐབས་ཁོ་ནར་དགེ་བའི་རྩ་བ་དག་གིས་ཐོབ་པ་ཆོད་པས་དེའི་ཕྱིར་དེ་དག་ལོག་པར་ལྟ་བས་མི་གཅོད་དོ། །འདི་ལྟར་སྡིག་པའི་བསམ་པ་དང་ལྡན་པ་ལྟ་ཅི་སྨོས་སོ། །སྡིག་པའི་གྲོགས་པོ་དང་ལྡན་པ་གང་ཡིན་པ་དེ་ཉིད་ཀྱང་སྡིག་པའི་བསམ་པ་རྒྱས་པར་འཕེལ་པ་དེའི་རྐྱེན་ཉེ་བར་བསྒྲུབ་པ་ནས་དགེ་བའི་རྩ་བ་འགྲིབ་པར་འགྱུར་ལ། མི་དགེ་བའི་རྩ་བ་རྣམས་འཕེལ་བར་འགྱུར་རོ། །དེའི་ཕྱིར་ཉིད་ཀྱིས་རིམ་གྱིས་དགེ་བ་འགྲིབས་ཤིང་མི་དགེ་བའི་རྩ་བ་འཕེལ་བར་གྱུར་པ་ལས། དེ་ལས་དུས་ཤིག་ཏུ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་སྐྱེའོ། །དེ་ལོག་པར་ལྟ་བ་དེས་དགེ་བའི་ཆོས་ཐམས་ཅད་གཏུགས་པར་འགྱུར་ཞིང་དེའི་རྒྱུད་ལ་དགེ་བ་མི་གནས་པར་འགྱུར་ཏེ། འདི་ཙམ་གྱིས་དགེ་བ་ཆད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་ལ་སྐུར་པ་འདེབས་པ་ནི་བར་ཆད་མེད་


DTG210_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ལྟ་བུ་ཡིན་ཏེ། དེ་དང་ལྷན་ཅིག་དགེ་བའི་རྩ་བའི་ཐོབ་པ་དགག་པའི་ཕྱིར་རོ། །འབྲས་བུ་ལ་སྐུར་པ་འདེབས་པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ཏེ། དེ་དང་ལྷན་ཅིག་དེ་ལ་སྐུར་པ་འདེབས་པའི་ཐོབ་པ་སྐྱེ་བའི་ཕྱིར་རོ། །དམིགས་པའི་དབྱེ་བས་ལོག་པར་ལྟ་བ་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་ཟག་པ་དང་བཅས་པ་ལ་དམིགས་པ་ཁོ་ནས་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་བ་དང་ཀུན་འབྱུང་བ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཟག་པ་མེད་ལ་དམིགས་པས་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་འགོག་པ་དང་ལམ་ལ་དམིགས་ནས་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་མེད་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཡང་སྐལ་པ་མཉམ་པ་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ལ་དམིགས་པ་ཁོ་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་གང་ཟག་པ་མེད་པ་ལ་དམིགས་པ་དང༌། སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་དགེ་བའི་རྩ་བ་རྣམས་ཀུན་ཏུ་མི་གཅོད་ཅེ་ན། དེའི་ཕྱིར་མཚུངས་པར་ལྡན་པ་ཙམ་གྱི་སྒོ་ནས་རྒྱས་པར་ཉམ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པ་དང་གོང་མའི་ཡུལ་ཅན་གྱི་ལོག་བར་ལྟ་བ་ནི་སེམས་ལས་བྱུང་བ་གང་དག་དང་མཚུངས་པར་ལྡན་པ་དེ་དག་ཁོ་ན་ལ་རྒྱས་པར་གྱུར་གྱི་དམིགས་པ་དེ་ནི་མ་ཡིན་ནོ། །ཙམ་ཞེས་བྱ་བའི་སྒྲ་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་གྱི་བར་བསལ་བའི་ཕྱིར་རོ། །འདི་སྐད་དུ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ཀུན་གྱི་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པས་དང༌། སྐལ་བ་མཉམ་པ་དང་མི་མཉམ་པའི་ཁམས་ལ་དམིགས་པས་སོ། །རྣམ་པ་དགུ་ཆར་ཡང་


DTG210_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ལས་རེ་རེ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཕྱེ་བས་རྣམ་པ་དགུ་ཡིན་ནོ། །ཇི་ལྟར་མཐོང་བས་སྤང་བར་བྱའི་ཉོན་མོངས་པ་རྣམ་པ་དགུ་ཆར་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དག་གིས་ཅིག་ཅར་སྤོང་བ་དེ་བཞིན་དུ། དགེ་བའི་རྩ་བ་རྣམ་པ་དགུ་ཆར་ཡང་ལོག་པར་ལྟ་བ་ཆེན་པོས་ཅིག་ཅར་ཀུན་ཏུ་གཅོད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་དེ་སྐད་ཅེས་ཟེར། དེ་ལྟར་ན་གཞུང་འདི་སྐྱབས་པ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ལྟར་རིམ་གྱིས་ཀུན་ཏུ་འཆད་ཀྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་མི་དགེ་བའི་རྩ་བའི་ཆེན་པོས་ཞེས་བྱ་བ་ནི་གལ་ཏེ་རིམ་གྱིས་ཡིན་ནའོ། །གཞུང་འདི་ལས་ནི་མི་དགེ་བའི་རྩ་བ་ཆེན་པོ་དག་གིས་དགེ་བའི་རྩ་བ་ཀུན་ཏུ་གཅོད་པར་གསུངས་ལ། དེ་ཡང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་དུ་རིམ་གྱིས་ཀུན་ཏུ་གཅོད་པ་ལ་འགལ་བ་མེད་དོ། །འདི་སྐད་དུ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །གཉི་གར་ཞེས་བྱ་བ་ནི་ལངས་པ་དང་མ་ལངས་པར་རོ། །སྔར་སྡོམ་པ་སྤོང་ལ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕྱིས་དགེ་བའི་རྩ་བ་རྣམས་ཀུན་ཏུ་གཅོད་དོ་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པ་རྣམས་ཁོ་ན་ཀུན་ཏུ་འཆད་པའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །སེམས་ནི་རྣམ་པ་གཉིས་ཏེ་སྐྱེས་ནས་ཐོབ་པ་དང་སྦྱོར་པ་ལས་འབྱུང་བའོ། །དེ་རེ་རེ་ལ་ཡང་རྣམ་པ་དགུ་སྟེ། དེ་ལ་སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་དེ་སྤངས་པས། དེའི་འབྲས་བུ་སྡོམ་པ་ཡང་གཏོང་ངོ༌། །དེ་ལ་གལ་ཏེ་སྐྱེས་ནས་ཐོབ་པའི་སེམས་ཆུང་ངུའི་ཆུང་ངུས་སྡོམ་པ་མནོས་ན་ནི། དེའི་ཕྱིར་ཅིག་ཅར་དགེ་བའི་རྩ་བ་ཀུན་ཏུ་འཆད་པ་དང་སྡོམ་པ་གཏོང་བ་ཡིན་ནོ། །གལ་ཏེ་གཞན་དག་གིས་མནོས་ན་ནི་དེའི་ཕྱིར་སྔར་སྡོམ་པ་གཏོང་ལ། ཕྱིས་དགེ་བའི་རྩ་བ་


DTG210_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཆད་པས་འཐའ་གཅིག་ཏུ་སྨྲ་བར་མི་རིགས་སོ། །ཤེས་རབ་ཉོན་མོངས་པ་ཅན་མ་ཡིན་པ་དག་མི་བརྟན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་ཚོར་བ་དྲག་པོས་ཉེན་པའི་ཕྱིར་དམྱལ་བ་དང་ཡི་དགས་དག་ན་ཡང་མི་བརྟན་པ། གཏི་མུག་ཤས་ཆེ་བའི་ཕྱིར་དུད་འགྲོ་དག་ན་ཡང་མ་བསྟན་ནོ། །ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་བདག་གང་ནས་ཤི་འཕོས། གང་དུ་ནི་སྐྱེས་ལས་ནི་གང་ཞིག་གིས་སྐྱེས་སྙམ་པའི་སེམས་གསུམ་ཀུན་ཏུ་འབྱུང་ལ། དེ་ཡང་ཐམས་ཅད་ཤེས་པ་ཡིན་ནོ། །བྱང་གི་སྒྲ་མི་སྙན་རང་བཞིན་གྱིས་བསམ་པ་བཟང་བའི་ཕྱིར་སྡིག་པའི་བསམ་པ་མེད་དོ། །འཛམ་བུའི་གླིང་ཁོ་ན་ན་ཡོད་དོ་ཞེས་བྱ་བ་ནི་འཛམ་བུའི་གླིང་པ་རྣམས་ཁྱད་པར་དུ་རྟོག་གེ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལས་ཉུང་ན་དབང་པོ་བརྒྱད་དང་ཞེས་བྱ་བ་ནི། ལུས་དང་ཚོར་བ་རྣམས་དང་སྲོག་དང་ཡིད་དང་ལྡན་ནོ། །འདུན་པ་དང་བརྩོན་འགྲུས་དང་ཤེས་རབ་ཞན་པའི་ཕྱིར་ཞེས་བྱ་བ་ནི། བློ་འདོད་ཆགས་ཀྱིས་ཆེར་ཟིལ་གྱིས་མནན་པའི་ཕྱིར་རོ། །དེ་ནི་གདོན་མི་ཟ་བར་དབང་པོ་བརྒྱད་རྣམས་དང་ལྡན་ཞེས་བྱ་བ་ནི། སྔར་བཤད་པ་རྣམས་ལས་ཡིད་མི་བདེ་བའི་དབང་པོ་པོར་ཏེ། མིའི་དབང་པོ་བཅུག་པ་རྣམས་དང་ངོ༌། །སྡིག་པའི་བསམ་པ་བསྟན་པ་དང་མཁྱུད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡིག་པའི་བསམ་པ་སྟེ་བརྣག་པའོ། །དེ་ཡང་རྒྱུན་ཆགས་སུ་ངེས་པར་རྟོག་པས་རྒྱུན་གཅད་པར་དཀའ་བའི་ཕྱིར་བསྟན་པའོ། །ལྟ་བ་རིང་དུ་རྗེས་སུ་འབྲེལ་པའི་ཕྱིར་འཆབ་པས་ན་མཁྱུད་པའོ། །མཚམས་མེད་པ་བྱེད་པ་འདི་ལ་མིན། དེ་ནི་རྐྱེན་གྱི་སྟོབས་ཀྱིས་སྐྱེས་པའི་ལོག་པར་ལྟ་བ་ཡང་མི་གཏོང་སྟེ། ལས་དང་འབྲས་བུའི་འབྲེལ་པ་ལ་འཇིག་པའི་ཕྱིར་རོ། །གང་ཞིག་རྒྱུའི་སྟོབས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་བདག་ཉིད་ལོག་པར་ལྟ་བ་འདོད་པ་དེ་ནི་རྒྱུའི་སྟོབས་ཀྱིས་ཀུན་ཏུ་སྤྱོད་པའོ། །འདི་ལྟར་གང་དག་གཞན་ལས་ཐོས་


DTG210_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདོད་པ་དེ་ནི་རྐྱེན་གྱི་སྟོབས་ཀྱིས་གཅོད་པའོ། །དེ་བཞིན་དུ་གང་ཞིག་རང་གི་སྟོབས་ཀྱིས་ཞེས་བྱ་བ་ནི་རང་གི་རྟོགས་པའི་སྟོབས་ཀྱིས་སོ། །གཞན་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི། གཞན་གྱིས་ཐོས་པ་ཙམ་གྱི་སྟོབས་ཀྱིས་སོ། །བསམ་པ་ཉམས་པས་ཞེས་བྱ་བ་ནི་ལོག་པར་ལྟ་བ་མངོན་སུམ་དུ་གྱུར་པས་བསམ་པ་ཉམས་པའོ། །བསམ་པ་དང་སྦྱོར་བ་ཉམས་པ་ནི་ལོག་པར་ལྟ་ཞིང་མཚམས་མེད་པ་བྱེད་པའོ། །ལྟ་བ་ཉམས་པ་གང་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་ལྟ་བ་ཉམས་པས་དགེ་བའི་རྩ་བ་ཀུན་ཏུ་གཅོད་པར་བྱེད་པ་དེ་ནི་མཐོང་བའི་ཆོས་ཁོ་ན་ལ་ཉིད་མཚམས་སྦྱོར་བར་འགྱུར་རོ། །གང་ཞིག་ལྟ་བ་དང་ཚུལ་ཁྲིམས་ཉམས་པས་གཅོད་པར་བྱེད་པ་དེ་ནི་ལུས་ཞིག་ནས་སོ། །མུ་དང་པོ་ནི་རྫོགས་བྱེད་ལ་སོགས་པའོ་ཞེས་བྱ་བ་ནི་ལྟ་བ་ཉམས་པའི་ཕྱིར་རོ། །གཉིས་པ་ནི་མ་སྐྱེས་དགྲའོ་ཞེས་བྱ་བ་ནི་མཚམས་མེད་པ་བྱེད་པའི་ཕྱིར་རོ། །གསུམ་པ་ནི་ལྷས་སྦྱིན་ནོ་ཞེས་བྱ་བ་ནི་ལྟ་བ་ཉམས་པའི་ཕྱིར་དང་མཚམས་མེད་པ་བྱེད་པའི་ཕྱིར་རོ། །ལས་ཀྱི་ལམ་དུ་ཞིག་དང་སེམས་པ་ལྷན་ཅིག་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་ཀྱི་ལམ་དགེ་བ་དང་མི་དགེ་བ་དུ་དག་གཅིག་དང༌། སེམས་པ་དགེ་བའམ་མི་དགེ་བ་འམ། ལུང་དུ་མ་བསྟན་པ་ཡང་རུང་བ་ལྷན་ཅིག་འབྱུང་ཞེས་བྱའོ། །གཞན་མེད་པར་ཞེས་བྱ་བ་ལ། ལས་ཀྱི་ལམ་གཞན་མཐར་ཕྱིན་པ་ན་ཡང་བརྣབ་སེམས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་གཞན་མེད་པར་ཞེས་བྱ་བ་སྨོས་སོ། །སེམས་པ་ཉོན་མོངས་པ་ཅན་མ་ཡིན་པ་ཅན་ཞེས་བྱ་བ་ནི། སེམས་པ་དགེ་བ་དང་ལུང་དུ་མ་བསྟན་པའོ། །ང་རྒྱལ་དང་ཐེ་ཚོམ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་སེམས་པ་ཡང་དེར་སྦྱོར་བར་བྱེད་པ། གཟུགས་ཅན་རྣམས་ལས་གང་ཡང་རུང་བ་མཐར་ཕྱིན་པར་འགྱུར་བ་ལ། ལས་ཀྱི་ལམ་སེམས་པ་གཅིག་དང་ལྷན་ཅིག་འཇུག་གོ །གཞན་དག་ན་རེ་མྱུར་བར་བགྲོད་པའོ་ཞེས་ཟེར་རོ། །གཟུགས་ཅན་རྣམས་ལས་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པ་མ་གཏོགས་པ་རྣམས་སོ། །གནོད་སེམས་སུ་གྱུར་པ་སྲོག་


DTG210_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ཞེས་བྱ་བ་ནི་ཞེ་སྡང་གིས་སྲོག་གཅོད་པ་མཐར་ཕྱིན་པས་དེའི་ཚེ་གདོན་མི་ཟ་བར་སྲོག་གཅོད་པ་དང་གནོད་སེམས་དང་སེམས་པ་ལྷན་ཅིག་འབྱུང་ངོ༌། །བརྣབ་སེམས་དང་ལྡན་པ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པ་དང་ལོག་པར་གཡེམ་པ་གཉིས་ཆགས་པས་མཐར་ཕྱིན་པར་བྱེད་པའི་ཕྱིར་གཉིས་དང་སེམས་པ་ལྷན་ཅིག་འབྱུང་སྟེ། བརྣབ་སེམས་དང་མ་བྱིན་པར་ལེན་པའམ། འདོད་པས་ལོག་པར་གཡེམ་པ་དང་ངོ༌། །ཚིག་ཀྱལ་པ་མཐར་ཕྱིན་པ་ན་ཡང་བརྣབ་སེམས་ལ་སོགས་པ་གང་ཡང་རུང་བ་ཡོད་པ་ཡིན་ནོ། །དེ་ལྟར་རེ་ཞིག་རང་གིས་བྱེད་པ་དང་གཞན་གྱིས་བྱེད་པ་ལ་ཡང་ངོ༌། །བརྣབ་སེམས་ལ་སོགས་པ་གང་ན་ཡང་རུང་བའི་སེམས་ཀྱིས་དེ་རྫོགས་པར་བྱེད་པ་ལ་ནི་སེམས་པ་གཉིས་དང་ལྷན་ཅིག་འཇུག་གོ །གནོད་སེམས་སུ་གྱུར་པ་སྲོག་གཅོད་པ་དང་བརྣབ་སེམས་དང་ལྡན་པ་མ་བྱིན་པར་ལེན་པ་ཞེས་བྱ་བ་ནི་ཁྱད་པར་གསལ་བའི་དོན་ཅན་ནོ། །ཁ་ཅིག་ནི་ལས་ཀྱི་ལམ་གྱི་རང་བཞིན་བསྟན་པའི་དོན་དུ་དེ་ལྟར་བཤད་ཀྱི་རྣམ་པར་བཅད་པའི་དོན་མ་ཡིན་ནོ། །ཅིག་ཅར་དུ་ཞེས་བྱ་བ་ནི་གནས་ནས་བསྐྱོད་བཞིན་པ་ན་གསོད་པ་སྟེ། དེ་ལྟར་ན་གནོད་སེམས་དང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་གསུམ་ལྷན་ཅིག་འབྱུང་བ་ཡིན་ནོ། །ངེས་པ་ནི་སེམས་གཞན་དང་མི་ལྡན་པའི་ཞེས་བྱ་བ་ལ། ངེས་པ་ནི་གཞན་གྱི་ནོར་འཕྲོག་པའི་སེམས་དང་ལྡན་པ་ཁོ་ན་ལ་བཤད་པར་བྱ་སྟེ། འདིར་ནི་འདི་ལ་སྲོག་ཆགས་གསད་པར་བྱའོ་སྙམ་པའི་སེམས་གཞན་ཡང་ཡོད་པས་དེའི་ཕྱིར་འགལ་བ་མེད་དོ། །རྣམ་པ་གཞན་དུ་ཡང་གསུམ་དང་ལྷན་ཅིག་འབྱུང་བ་ནི། བདག་ཉིད་འདོད་པས་ལོག་པར་གཡེམ་པ་ལ་སྦྱོར་བ་དེའི་སྦྱོར་བས་སྲོག་གཅོད་པ་ལ་སོགས་པ་གང་ཡང་རུང་བ་མཐར་ཕྱིན་པར་བྱེད་པའོ། །དེ་བཞིན་དུ་བདག་ཉིད་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པ་ལ་ཡང་སྦྱར་བར་བྱ་སྟེ། འགྲེལ་པ་ལས་ནི་དཔེར་བརྗོད་པ་ཙམ་ཞིག་བཤད་པའོ། །དེ་ལ་ནི་ཡིད་ཀྱི་གཅིག་ཡིན་ལ་ཞེས་བྱ་བ་ནི། བརྣབ་སེམས་ལ་སོགས་པ་གང་


DTG210_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་བའོ། །ངག་གི་ནི་གསུམ་ཡིན་ནོ་ཞེས་བྱ་བ་ནི། བརྫུན་གྱི་ཚིག་སྨྲ་ན་ནི་བརྫུན་དུ་སྨྲ་བ་དང༌། དབྱེན་དང༌། ཚིག་ཀྱལ་པའོ། །ཚིག་རྩུབ་པོ་སྨྲ་ན་ནི་ཚིག་རྩུབ་པོ་དང༌། ཕྲ་མ་དང་ཚིག་ཀྱལ་པའོ། །འདི་ནི་ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད་ཅེས་བྱ་བའི་དབང་དུ་བྱས་ནས་བཤད་དེ། གང་གི་ཚེ་དེ་ལས་གཞན་ཉོན་མོངས་ཅན་ཞེས་བྱ་བ་ཁས་བླངས་ནས་འཆད་ན་ནི་དེའི་ཚེ་གསུམ་ཁོ་ན་དང༌། ལྷན་ཅིག་འབྱུང་བ་ནི་དབྱེན་བྱ་བའི་བསམ་པ་དང་ལྡན་པ་བརྫུན་གྱི་ཚིག་གམ། །ཚིག་རྩུབ་མོ་སྨྲ་ན་སྟེ་ཞེས་བརྗོད་པར་བྱའོ། །ཡང་ན་བརྣབ་སེམས་ལ་སོགས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི། གནོད་སེམས་དང་ལོག་པར་ལྟ་བ་དང་སྦྱར་རོ། །ལྔ་དང་དྲུག་དང་བདུན་དང་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི། བརྣབ་སེམས་ལ་སོགས་པར་གྱུར་པ་དེའི་སྦྱོར་བས་བཞི་དང་ལྔ་དང་དྲུག་ཅིག་ཅར་མཐར་ཕྱིན་པར་བྱེད་ན། ལྔ་དང་དྲུག་དང་བདུན་དང་སེམས་པ་ལྷན་ཅིག་འབྱུང་ངོ༌། །དྲུག་ལ་སྦྱོར་བ་བྱས་ནས་ཞེས་བྱ་བ་ནི། འདོད་པས་ལོག་པར་གཡེམ་པ་མ་གཏོགས་པ་ལའོ། །འདོད་པས་ལོག་པར་གཡེམ་པ་བདག་ཉིད་ཀྱིས་བྱེད་པ་ཞེས་བྱ་བ་ནི། དེ་གཞན་གྱིས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །འདིར་ནི་བརྣབ་སེམས་བརྒྱད་པར་འགྱུར་རོ། །ཡང་ཅིའི་ཕྱིར་དགུ་འམ་བཅུ་དང་ལྷན་ཅིག་མི་འབྱུང་ཞེ་ན། བརྣབ་སེམས་ལ་སོགས་པ་རྣམས་ལ་ཕན་ཚུན་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་མི་ཚངས་པར་སྤྱོད་པ་ནི་བདག་ཉིད་ཁོ་ནས་མཐར་ཕྱིན་པར་བྱེད་ལ། སྲོག་གཅོད་པ་ལ་སོགས་པ་མ་ཡིན་ནོ་ཞེ་ན། སེམས་ཉོན་མོངས་པ་ཅན་མ་ཡིན་པའི་གསོད་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་མེད་ལ། མི་ཚངས་པར་སྤྱོད་པ་དེ་ཉོན་མོངས་པ་ཅན་གྱི་སེམས་དང་མཚུངས་པར་ལྡན་པས་བུའམ་བུ་མོ་ཉོན་མོངས་པའི་རང་བཞིན་གང་ཡིན་པ་དེས་འཇོམས་པར་བྱེད་དོ། །དེའི་རང་བཞིན་


DTG210_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་མི་ལྡན་པས་ནི་དེའི་རིགས་ཀྱིས་རང་ཉིད་ལ་ལོག་པར་མ་སྒྲུབ་ལ། དེའི་རིགས་ཉིད་ཀྱིས་གཞན་ལ་ལོག་པར་སྒྲུབ་པར་བྱེད་དོ། །བགྲོད་བྱ་མ་ཡིན་པ་ལ་བགྲོད་པ་སྤངས་པ་ལ་བདག་པོ་བུ་མོས་བྱིན་ན། འདི་བགྲོད་བྱ་མ་ཡིན་པ་ལ་བགྲོད་པར་མི་འགྱུར་རོ། །སྲོག་གཅོད་པ་སྤངས་པ་གཞན་གྱི་སྲོག་གཅོད་པ་དང་ལྡན་ན་སྲོག་ཆགས་གསོད་པ་པོར་འགྱུར་རོ། །ཡང་ཅིའི་ཕྱིར་སྲོག་ཆགས་གསོད་པ་སྤོང་བ་གཞན་ལས་ཡང་དག་པར་བླངས་པས་སྲོག་ཆགས་གསོད་པ་སྤོང་བ་ཐོབ། སྲོག་ཆགས་གསོད་པ་ལ་ངེས་པར་སྦྱར་བས་སྲོག་ཆགས་གསོད་པར་འགྱུར་བ་དེ་ཡང་གསོད་པའི་སེམས་མེད་པར་གཞན་ལས་མ་ཡིན་ནོ། །སྤོང་བའི་སེམས་མེད་པར་ཡང་སྲོག་གཅོད་པ་སྤོང་བ་ཡང་དག་པར་ལེན་པར་བྱེད་དེ། གཞན་ལས་ཚུལ་ཁྲིམས་ཡང་དག་པར་ལེན་པ་བཞིན་ནོ། །འདི་ནི་མི་མཚུངས་ཏེ། རང་གི་རྟེན་ལས་ཚུལ་ཁྲིམས་དང་གཞན་གྱི་རྟེན་ལས་ཚུལ་ཁྲིམས་འཆལ་པ་སྟེ། དེའི་ཕྱིར་ཚུལ་ཁྲིམས་འཆལ་པ་ཡང་དག་པར་ལེན་པ་བཅུག་པས་ཚུལ་ཁྲིམས་འཆལ་བ་དང༌། ཚུལ་ཁྲིམས་ཡང་དག་པར་ལེན་དུ་བཅུག་པས་ཚུལ་ཁྲིམས་དང་ལྡན་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བགྱི་བའོ། །དེ་བཞིན་དུ་སྲོག་ཆགས་གསོད་པ་ལ་སྦྱར་བས་ཤི་བ་ནི་སྲོག་གཅོད་པ་པོར་འགྱུར་རོ། བྱེ་བ་དང་མ་བྱེ་བ་དག་ལ་ཕྲ་མ་ཡང་དེ་བཞིན་ནོ། །ཚུལ་ཁྲིམས་ཡང་དག་པར་བླངས་པས་ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་པ་ཡང་དག་པར་བླངས་པ་ལས་ཚུལ་ཁྲིམས་འཆལ་པར་འགྱུར་བ་དེ་ལ་ཡང་སྲོག་ཆགས་གསོད་དུ་བཅུག་པས་ནི་སྲོག་གཅོད་པ་པོར་འགྱུར་གྱི། མི་ཚངས་པར་སྤྱོད་པ་བྱེད་དུ་བཅུག་པས་ནི་མི་ཚངས་པར་སྤྱོད་པར་མི་འགྱུར་རོ། །གཅིག་དང་ལྔ་དང་བརྒྱད་དང་མིན་ཞེས་བྱ་བ་ལ། རེ་ཞིག་གཅིག་དང་ལྷན་ཅིག་འབྱུང་བ་ནི་མ་ཡིན་ཏེ། བརྣབ་སེམས་མེད་པ་དང་གནོད་


DTG210_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་པ་གཉིས་ཕན་ཚུན་འཁྲུལ་པ་མེད་པའི་ཕྱིར་དང༌། ཡང་དག་པའི་ལྟ་བ་ཁོ་ན་དེ་དག་ལ་དེ་འཁྲུལ་པའི་ཕྱིར་དང༌། སྤོང་བ་གཅིག་གི་བདག་ཉིད་སྡོམ་པ་མེད་པའི་ཕྱིར་རོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ཏེ། སྤོང་བ་ལྔ་ཡང་དྲུག་གམ་བརྒྱད་ཀྱི་བདག་ཉིད་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །ལྔ་དང་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ཏེ། སྤོང་བ་གཉིས་དང༌། །གསུམ་དང༌། ལྔའི་བདག་ཉིད་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །དགེ་པའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་ཞེས་བྱ་བ་ནི། དེ་ན་ཡང་དག་པའི་ལྟ་བ་མེད་པས་བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་གཉིས་དང་ལྷན་ཅིག་འབྱུང་ངོ༌། །དགེ་བའི་སེམས་ཐམས་ཅད་དགེ་བ་གསུམ་དང་མཚུངས་པར་ལྡན་པའི་ཕྱིར་གཟུགས་མེད་པའི་ཞེས་བྱ་བ་ལ། གཟུགས་མེད་པ་སྨོས་པ་ནི་བསམ་གཏན་གྱི་སྙོམས་པར་འཇུག་པ་ལ་བསམ་གཏན་གྱི་སྡོམ་པ་ཡོད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བའི་ཤེས་པ་དག་པའི་ལྟ་བའི་བདག་ཉིད་མ་ཡིན་པའི་ཕྱིར་བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་གཉིས་ཁོ་ན་དང་སེམས་པ་ལྷན་ཅིག་འབྱུང་ངོ༌། །ཡིད་ཀྱི་གསུམ་ཁོ་ན་དང་ལྷན་ཅིག་འབྱུང་བའི་ནི་སྡོམ་པ་བླངས་པར་མ་གྱུར་པ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་མི་དགེ་བའི་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ནི་བརྣབ་སེམས་མེད་པ་ལ་སོགས་པ་ཡིད་ཀྱི་ཡོད་པ་མ་ཡིན་ལ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་དག་ཀྱང་སྤོང་བ་བཞིའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་དག་པར་ལེན་པ་ནའོ་ཞེས་བྱ་བ་ནི། དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པར་ན་སྟེ། དགེ་བའི་རྣམ་པར་ཤེས་པའི་ཚོགས་ལྔ་ལ་གནས་པ་ལ་ནི་ཡང་དག་པའི་ལྟ་བ་མེད་པས་དྲུག་དང་ལྷན་ཅིག་འབྱུང་ངོ༌། བདུན་དང་ལྷན་ཅིག་འབྱུང་བ་ནི་


DTG210_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་ཞེས་བྱ་བ་ནི། དེ་ལས་ཡང་དགེ་བའི་ལྟ་བ་བླ་ལྷག་ཏུ་བསྣན་ཏེ་བདུན་དང་ལྷན་ཅིག་འབྱུང་ངོ༌། །མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ནི་ཡིད་ཀྱི་བརྣབ་སེམས་མེད་པ་ལ་སོགས་པ་མེད་ལ། དགེ་སློང་གི་སྡོམ་པ་ཡང་སྤོང་བ་བདུན་གྱི་བདག་ཉིད་ཡིན་པའི་ཕྱིར་བདུན་ཁོ་ན་དང་སེམས་པ་ལྷན་ཅིག་འབྱུང་ངོ༌། དགུ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་ན་ཞེས་བྱ་བ་ནི། དགེ་སློང་གི་སྡོམ་པས་བསྡུས་པ་སྤོང་བ་བདུན་དང༌། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་དང་ཡིན་ཏེ། དེ་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པས་བསྡུས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ན་དགུ་དང་སེམས་པ་ལྷན་ཅིག་འབྱུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དེ་ལ་ནི་དགེ་སློང་གི་སྡོམ་པས་བསྡུས་པས་གཟུགས་ཅན་བདུན་དང༌། བརྣབ་སེམས་མེད་པ་དང༌། གནོད་སེམས་མེད་པ་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་དེ་ཉིད་བསམ་གཏན་གྱིས་བསྡུས་པ་ཞེས་བྱ་བ་སྨོས་སོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་བསམ་གཏན་གྱིས་བསྡུས་པའི་ལ་གནས་པ་ནི་དགུ་དང་ལྷན་ཅིག་འབྱུང་སྟེ། དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་མེད་ཀྱང་སྙམ་དུ་དགོངས་སོ། །དེ་ལ་ནི་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་བདུན་དང་བརྣབ་སེམས་མེད་པ་ལ་སོགས་པ་ཡོད་དོ། །བསམ་གཏན་གྱིས་བསྡུས་པའི་ཞེས་བྱ་བ་ནི། གཟུགས་མེད་པས་བསྡུས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །བཅུ་དང་ལྷན་ཅིག་འབྱུང་བའི་ནི་དེ་ལས་གཞན་ཞེས་བྱ་བ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་མཚུངས་པར་ལྡན་པ་ལས་གཞན་པའི་དགེ་བ་ཡིད་ཀྱི་རྣམ་པར་ཤེས་པའོ། །ཅི་ཐམས་ཅད་ཀྱི་ཚེ་འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པ་ལ་གནས་པ་བཞི་བཅུ་དང་ལྷན་ཅིག་འབྱུང་ངམ་


DTG210_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ཁོ་ནའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་དགུ་དང་ཞེས་དེ་དག་གི་ཚུལ་ནི་བཤད་ཟིན་པའི་ཕྱིར་རོ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཞན་ལྷན་ཅིག་འབྱུང་བའི་སེམས་པ་ཐམས་ཅད་ཅེས་བྱ་བ་ནི་བཅུ་དང་ལྷན་ཅིག་གོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རེ་ཞིག་འདི་སྡོམ་པས་བསྡུས་པ་ལས་ཀྱི་ལམ་རྣམས་ཀྱིས་ངེས་པ་ཡིན་ནོ། །སེམས་གཞན་དང་ལྡན་པ་ཞེས་བྱ་བ་ནི། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པའོ། །སྤོང་བའི་ཡན་ལག་གཅིག་ཡང་དག་པར་ལེན་ནའོ་ཞེས་བྱ་བ་ནི། སྲོག་གཅོད་པ་འམ་མ་བྱིན་པར་ལེན་པའི་ཡན་ལག་གཅིག་སྤོང་བ་ཡང་དག་པར་ལེན་པ་ན་གཅིག་ཁོ་ན་དང་སེམས་པ་ལྷན་ཅིག་འབྱུང་ངོ༌། །གཉིས་དང་ལྔ་ཡང་དག་པར་ལེན་པ་ནའོ་ཞེས་བྱ་བ་ལ། ཡན་ལག་གཉིས་ཡང་དག་པར་ལེན་པ་ན་ནི་ལྔ་དང་ལྷན་ཅིག་འབྱུང་སྟེ། ཡིད་ཀྱི་གསུམ་དང་ལུས་དང་ངག་གི་གཉིས་དང་ངོ༌། །ཡན་ལག་ལྔ་ཡང་དག་པར་ལེན་ཕ་ན་ནི་བརྒྱད་དང་ལྷན་ཅིག་ཅིག་ཅར་འབྱུང་སྟེ། དེ་ལ་ནི་གཟུགས་ཅན་ལྔ་དང་ཡིད་ཀྱི་གསུམ་འབྱུང་ངོ༌། །ཕན་ཚུན་བརྒྱད་བཀག་བྱེད་པའི་ཕྱིར་ཚིག་རྩུབ་མོ་ཡིན་ནོ་ཞེས་བྱ་བ་ནི། སྡུག་བསྔལ་གྱིས་ཉམ་ཐག་པའི་དམྱལ་བ་རྣམས་དམྱལ་སྲུང་དག་ལ་སྤྱོ་བར་བྱེད་ལ། དམྱལ་སྲུང་དག་ཀྱང་དམྱལ་བ་རྣམས་ལ་སྤྱོ་བ་འམ། དམྱལ་བ་རྣམས་ཁོ་ན་ཕན་ཚུན་སྤྱོ་བའོ། །རྒྱུད་རྩུབ་པོས་ཞེས་བྱ་བ་ནི། སྡུག་བསྔལ་གྱི་ཚོར་བས་ཟིལ་གྱིས་ནོན་པའི་ཕྱིར་ཏེ། ཡིད་དུ་འོང་བའི་དངོས་པོ་མེད་པའི་ཕྱིར་རོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་མངོན་དུ་གྱུར་པའི་སྒོ་ནས་བརྣབ་སེམས་ཀུན་ཏུ་སྤྱོད་པ་མེད་དོ། །ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་ལོག་པར་ལྟ་བ་མེད་དོ། །འདུ་ཤེས་རྒུད་པའི་ཕྱིར་བརྫུན་དུ་སྨྲ་བ་མེད་དོ། །དེ་དག་རྟག་པ་ཁོ་ན་འདུ་ཤེས་པས་དེ་ན་བརྫུན་དུ་སྨྲ་བ་མེད་དོ་ཞེས་གཞན་དག་ཟེར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། དགོས་པ་མེད་པའི་ཕྱིར་ཕྲ་མ་མེད་པའོ། །རྟག་ཏུ་བྱེ་ཟིན་པའི་ཕྱིར་ཞེས་བྱ་བས་ནི་དེ་ན་ཡུལ་མེད་པའི་


DTG210_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཕྲ་མ་མེད་དོ་ཞེས་བསྟན་ཏོ། །ང་ཡིར་འཛིན་པ་མེད་པའི་ཕྱིར་བརྣབ་སེམས་མངོན་དུ་གྱུར་པའི་སྒོ་ནས་མེད་དོ། །འཇམ་པའི་ཕྱིར་དང་ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་གནོད་སེམས་མེད་དེ། གནོད་སེམས་ནི་རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཀྱིས་སྐྱེ་ན་དེ་གཉི་ག་ཡང་དེ་ན་མེད་དོ། །དེའི་ཕྱིར་གནོད་སེམས་མངོན་དུ་གྱུར་པ་མེད་དོ། །སྡིག་པ་ཅན་གྱི་བསམ་པ་མེད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་དྲུག་ཀྱང་ལྡན་པའི་སྒོ་ནས་མེད་ཅིང་མངོན་དུ་གྱུར་པའི་སྒོ་ནས་ཀྱང་མེད་དོ། །འདོད་པ་ན་གཟུགས་ཀྱི་སྔར་ནི་སྐྱེ་བ་མེད་ཅེས་ངེས་པའི་ཕྱིར་རོ། །གཞན་ཡང་ཚེ་ངེས་པའི་ཕྱིར་སྲོག་གཅོད་པ་མེད་དོ། །རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དག་མེད་དོ། །དགོས་པ་མེད་པའི་ཕྱིར་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང་ཚིག་རྩུབ་མོ་དག་མེད་དོ། །ཇི་ལྟར་འདི་དག་མི་ཚངས་པར་སྤྱོད་པ་ཡིན་ཞེས་བྱ་བ་ནི། གལ་ཏེ་བུད་མེད་ཡོངས་སུ་གཟུང་བ་མེད་ན་སྙམ་དུ་བསམས་པའོ། །མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ལྡན་པའི་སྒོ་ནས་ཀྱང་མེད་ཅེས་བྱ་བར་སྦྱོར་རོ། །དུད་འགྲོ་དང་ཡི་དགས་དང་ལྷ་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པ་མ་གཏོགས་སོ་ཞེས་བྱ་བ་ནི། འདི་ལྟར་མི་རྣམས་ཁོ་ན་ལ་སྡོམ་པ་མ་ཡིན་པ་འདོད་ཀྱི་གཞན་ནི་མ་ཡིན་ནོ། །མི་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པས་བསྡུས་པ་ཡང་ཡོད་དོ་ཞེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྡོམ་པ་མ་ཡིན་པ་མ་གཏོགས་པ་ཡང་ཡོད་དོ། །མགོ་དང་རྐེད་པ་བཅད་ན་འཆིའོ་ཞེས་བྱ་བ་འདིས་ནི་ལྷས་ཀྱང་ལྷ་གསོད་དོ་ཞེས་བསྟན་ཏོ། །ལྡན་པའི་སྒོ་ནས་ཡོད་དོ་ཞེས་བྱ་བ་ནི། གཟུགས་མེད་པའི་དག་ནི་གཟུགས་མེད་པའི་ཕྱིར་མངོན་དུ་གྱུར་པའི་སྒོ་ནས་མེད་དོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ལ་ནི་བསམ་གཏན་དུ་སྐྱེས་པ་ཡིན་ཡང་བསམ་གཏན་གྱི་སྡོམ་པ་མངོན་སུམ་དུ་གྱུར་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང༌། དེ་དག་གི་སེམས་རིམ་འགགས་


DTG210_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཕའི་ཕྱིར་རོ། །གལ་ཏེ་གཟུགས་མེད་པ་དག་ན་གཟུགས་བས་མངོན་དུ་མེད་ན། དེས་ན་འོ་ན་ནི་གཟུགས་མེད་པར་སྐྱེས་པ་གང་དག་ཅིག་ལ་ལྡན་པ་བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །འཕགས་པས་ས་གང་ལ་བརྟེན་པ་ཅན་གྱི་ཞེས་བྱ་བ་ལ། ས་གང་དུ་སྐྱེས་པས་ཟག་པ་མེད་པའི་ཚུལ་ཁྲིམས་གང་བསྐྱེད་པ་དེ་ནི། ས་དེ་ལ་བརྟེན་པ་ཅན་ཡིན་ནོ། །སྐྱེ་བའི་ས་ལྔ་རྣམས་ཏེ་འདོད་པའི་ཁམས་དང་བསམ་གཏན་བཞིའོ། །གལ་ཏེ་ས་གཅིག་ལ་བརྟེན་པ་ཅན་སྐྱེད་དེ་འགགས་པ་ནས། དེ་བཞིན་དུ་ས་ལྔ་ལ་བརྟེན་པ་ཅན་གྱི་བར་བསྐྱེད་དེ་འགགས་ན་ནི་གཟུགས་མེད་པ་དག་ན་འདས་པ་དེ་དང་ལྡན་པར་འགྱུར་རོ། །ས་ལྔ་ཆར་ལ་བརྟེན་ཅན་དང་ནི་མ་འོངས་པ་དང་ལྡན་ནོ་ཞེས་བྱ་བ་ནི། གང་དུ་སྐྱེས་པའམ་གང་དུ་མ་སྐྱེས་པ་དེ་དག་ལ་བརྟེན་པ་ཅན་དང་ལྡན་ནོ། །ཅིའི་ཕྱིར་ཞེ་ན་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟར་གང་མ་འོངས་པ་རྣམས་གྲངས་ཀྱིས་ས་ལྔ་ཆར་ལ་བརྟེན་ནས་སྐྱེ་བ་སྲིད་པ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གང་དུ་སྐྱེ་བ་དེ་འགགས་པ་དེ་ནི་སྐྱེས་པ་ཟིན་པའི་ཕྱིར་ས་ཁོ་ན་བསྐྱེད་ལ། གང་མ་སྐྱེས་པ་དེ་ནི་ངེས་པ་མེད་པའི་ཕྱིར་ས་ལྔ་ཆར་ལ་རྣམ་པར་གཞག་གོ །སོ་སོ་སྐྱེ་ཕོ་འམ་འཕགས་པ་གཟུགས་མེད་པར་སྐྱེས་པ་ནི་བསམ་གཏན་གྱི་སྡོམ་པ་དང་ག་ལ་ལྡན་ཏོ། གཟུགས་མེད་པར་སྐྱེས་པས་དེ་དོར་བའི་ཕྱིར་རོ། །ལྷག་བྱས་ན་ཞེས་བྱ་བ་ལ། ག་ལས་ལྷག་མར་བྱས་ཤེ་ན། གཟུགས་མེད་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་དང་གཉིས་ལས་སོ། །གཟུགས་མེད་པའི་ཁམས་སུ་ལྡན་པ་ངེས་པར་བཤད་པ་དང༌། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་ལྡན་པ་དང་མངོན་དུ་གྱུར་པ་ངེས་པར་བརྗོད་པར་བྱའོ། །དེའི་ཕྱིར་ཁམས་སུ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དམྱལ་བ་དང་བྱང་གི་སྒྲ་མི་སྙན་པ་མ་གཏོགས་པ་ཞེས་བྱ་བ་ནི། དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ། །གཞན་


DTG210_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་གཉི་ག་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷ་དག་དང༌། བྱང་གི་སྒྲ་མི་སྙན་པ་མ་གཏོགས་པའི་མི་དག་གི་ནང་ན་ནི། སྡོམ་པས་བསྡུས་པ་དང་སྡོམ་པ་མ་གཏོགས་པ་ཡོད་དོ། །ཚིག་ཀྱལ་པ་ནི་ཚིག་གཟུང་བར་མི་འོས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་མི་བརྩུན་པའོ། །དེ་ལ་ནི་གཏི་མུག་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ནི། འདི་ཤིན་ཏུ་རྨོངས་པ་ཡང་དག་བླངས་པར་བརྗོད་པར་བྱའོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །རང་དབང་མ་ཡིན་པའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་རྨོངས་པ་ནི་ལོག་པར་ལྟ་བ་ཉིད་དེ། དེའི་ཚོགས་སུ་གྱུར་པ་ཡང་དག་པར་བླངས་པས་རྨོངས་པའོ། །བརྣབ་སེམས་དང་གནོད་སེམས་དག་དེར་གྱུར་པས་རྨོངས་པ་ཞེས་བརྗོད་དོ། །ལོག་པར་ལྟ་བའི་སྒོ་ནས་མ་ཡིན་ནོ། །འདི་ལྟར་གཏི་མུག་གི་སྟོབས་ཀྱིས་མེད་པའི་རྣམ་པས་འཇུག་པ་ལོག་པར་ལྟ་བ་ཤས་ཆེ་བ་འདི་ནི་རྨོངས་པའོ་ཞེས་སོ། །དེའི་གཞི་མི་མཐོང་བའི་ཕྱིར་བཤད་པ། འདི་ནི་དེའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །འདི་རྒྱུ་མཐུན་པའི་སྒྲས་བ་ཤད་པ་ཅིའི་ཕྱིར་ཞེ་ན། བདག་པོའི་འབྲས་བུ་ཁོ་ན་ཉེ་བ་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་རོ། །གཉིས་ཀ་བདག་པོའི་འབྲས་བུ་ཞེས་བརྗོད་པར་བྱ་བ་ལ་དེ་དག་ཉེ་བ་དང་རིང་བ་ཉིད་དུ་ཉེ་བར་མ་བསྟན་པར་འགྱུར་རོ། །ཅིག་ཤོས་ལུང་མ་བསྟན་པའི་མི་དགེ་བ་བསྒོམས་པས་སྤང་བར་བྱ་བའི་རྒྱུ་མཐུན་པར་བརྗོད་པར་ན་ཇི་ལྟར་སྐྱོན་ཅན་དུ་མི་འགྱུར་ཞེ་ན། དེའི་ཕྱིར་སྲོག་གཅོད་པ་ནི་ཚེ་དེའི་བར་ཆད་བྱེད་པའི་རྒྱུ་ཡིན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དུག་དང་གནམ་ལྕགས་དང་མཚོན་ཆ་ལྷག་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་སྲོག་གཅོད་པ་རྣམས་ཀྱི་ཚེ་དགེ་བའི་ལས་ཀྱིས་འཕངས་པ་འབྱུང་བ་ལ་གེགས་བྱེད་པར་ནུས་པ་ཡིན་ཏེ་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་བར་ཆད་བྱེད་པའི་རྒྱུ་ནི་འགྲོ་བའི་ཚེ་ལ་གེགས་སྐྱེད་པར་ནུས་པ་ཡིན་ནོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི། དེའི་ཕྱིར་སྲོག་གཅོད་པ་ནི་ཚེ་དེའི་བར་ཆད་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱའོ། །གཞན་དག་ན་རེ། ཚེ་དེ་སྲོག་གཅོད་པའི་རྣམ་པར་སྨིན་པའི་འབྲས་བུ་ཞེས་མི་བརྗོད་ཀྱི། དེ་ནི་ཆེས་ཉེ་བར་བདག་པོའི་


DTG210_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའོ་ཞེས་ཟེར་རོ། །མི་རྣམས་ཀྱི་ཚེ་ནི་དགེ་བའི་ལས་ཀྱིས་འཕངས་པ་སྟེ། སྲོག་གཅོད་པའི་དབང་གིས་ནི་ཚེ་ཟད་པ་མངོན་པར་འགྲུབ་པ་བྱེད་དོ། །གཟི་མཐུ་ཆུང་བ་ནི་ནུས་པ་ཆུང་བའོ། །སེར་བ་ནི་རྡོ་ཆར་དང་གཞན་དག་ན་རེ་འཁྱགས་པའི་ཆར་རོ་ཞེས་ཟེར་རོ། །རྡུལ་ནི་འགྱུར་བྱེད་ཀྱི་ཆུའི་ཆར་རོ། །གཞན་དག་ན་རེ་རྡུལ་གྱི་ཆར་ཏེ་དེས་ལོ་ཏོག་བརླག་པར་བྱེད་པའོ་ཞེས་ཟེར་རོ། །རྡུལ་གྱིས་འཁྲིགས་པར་འགྱུར་ཞེས་བྱ་བ་ནི། རྡུལ་ལྷགས་སྤུ་ངན་པར་འགྱུར་བའོ། །ས་ཚྭ་སྒོ་ཅན་ཞེས་བྱ་བ་ནི། འབྲུ་དག་མི་སྐྱེ་བའི་སའོ། །དགོན་དུང་ནི་ཆུ་མེད་པ་སྟེ་མྱ་ངམ་ལྟ་བུའོ། །ཐ་ཆད་ནི་དམན་ཞིང་སྨད་པ་སྟེ། ཀླ་ཀློ་ལ་སོགས་པའི་ས་དག་གོ །སྡིག་པ་ཅན་གྱི་ས་ནི་རི་དགས་དང་ཕག་གིས་ཉེ་བར་གཅེས་པའི་ཞིང་དག་གོ །དུས་ལོག་པ་ཅན་ནི་འདི་དག་ལ་དུས་ལོག་པ་ཡོད་པ་སྟེ། དུས་བཞིན་དུ་གྲང་བ་དང་དྲོ་བ་དང་ཆར་འབབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཕྲ་མོ་ནི་འབྲས་བུ་མ་རིགས་པའོ། །འབྲས་བུ་ཁ་བ་ཞེས་བྱ་བ་ནི་སྨིན་པ་མི་སྙོམས་ཞེས་བྱ་བའི་དོན་ཏོ། །ཅི་ལས་དེ་ཁོ་ནས་ཞེས་བྱ་བ་ནི། གང་གིས་དམྱལ་བ་དག་ཏུ་སྐྱེས་པའོ། །དེར་ནི་སྦྱོར་བས་ཡིན་ལ་ཞེས་བྱ་བ་ནི། སྦྱོར་བ་རྒྱུན་ཆགས་པ་ཡིན་པའི་ཕྱིར་དང༌། སྡུག་བསྔལ་དྲག་པོ་རྒྱུ་ཡིན་པའི་ཕྱིར་རོ། །དངོས་ནི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་དང༌། ཚོར་བ་ཆུང་བའི་ཕྱིར་འདིར་དངོས་ཀྱིས་ཚེ་ཐུང་བ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གལ་ཏེ་སྦྱོར་བས་དམྱལ་བ་དག་ཏུ་སྐྱེ་ན། འོ་ན་མདོ་ལས་སྲོག་གཅོད་པ་ཀུན་ཏུ་བསྟེན་པ་དང༌། གོམས་པར་བྱས་པ་དང༌། ལན་མང་དུ་བྱས་པས་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ། དེ་ཇི་ལྟར་ཞེ་ན། དེའི་ཕྱིར་འཁོར་དང་བཅས་པ་སྨོས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྦྱོར་བ་ནི་སྲོག་གཅོད་པའི་འཁོར་ཡིན་ཏེ། དེར་སྦྱོར་བ་ལ་སྲོག་གཅོད་པ་བཏགས་ནས་དེ་སྐད་ཅེས་བཤད་དོ། །རྒྱུ་མཐུན་པའི་འབྲས་བུར་བཤད་པ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པའི་འབྲས་བུ་དང་གཉིས་ལས་མི་འདའི། འདྲ་བའི་


DTG210_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ལས་དེ་སྐད་བཤད་པར་ཟད་དོ་ཞེས་བྱ་བ་ནི། ཡིད་དུ་འོང་བའི་སྲོག་གཅོད་པ་ལ་སོགས་པ་དང་འདྲ་བ་ལས་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ་ཞེས་བཤད་པར་ཟད་དོ། །བདག་པོའི་འབྲས་བུ་ལས་འདས་པར་མི་རིགས་ཤིང་རྣམ་པར་སྨིན་པའི་འབྲས་བུ་ལ་ཇི་ལྟར་ཡིན་མི་འདའ་སྟེ། སྲིད་པ་བརྗོད་པའི་ཕྱིར་འགལ་བ་མེད་དོ། །དགེ་བའི་ལས་ཀྱི་འབྲས་བུ་ནི་འགའ་ཡང་རྣམ་པར་སྨིན་པ་ལས་མི་འདའ་སྟེ། དེ་ལྟར་ཡང་གལ་ཏེ་འདི་ཉིད་དུ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་གྱུར་ན་ཚེ་རིང་བར་འགྱུར་རོ། །གཟི་བྱིན་མེད་པར་བྱས་པ་ཡིན་ཞེས་བྱ་བ་ལ། གཟི་བྱིན་ནི་སྙིང་གའི་ཕྱོགས་ན་ཡོད་པའོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི། མ་བྱིན་པར་ལེན་པ་བྱེད་པས་ནི་རྫས་ཀྱི་བདག་པོ་ལ་སྡུག་བསྔལ་བསྐྱེད་པ་དང༌། ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པ་དང༌། གཟི་བྱིན་མེད་པར་བྱས་པ་ཡིན་ཏེ། རྫས་ཀྱི་དབང་གིས་གཟི་བྱིན་ཅན་དུ་འགྱུར་ན་དེའི་རྒྱུ་མེད་པར་བྱས་པའི་ཕྱིར་ཏེ། ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པས་དེ་ལ་གནོད་པའི་ཕྱིར་རོ། །གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་པས་ནི་གཞན་ལ་སྡུག་བསྔལ་སྐྱེད་པ་དང༌། དགྲ་དང་བཅས་པའི་ཆུང་མ་ཅན་དུ་བྱས་པ་དང༌། འཇིག་རྟེན་ན་གཟི་བྱིན་གང༌། གང་གིས་གཟི་དང་བཅས་པའོ་ཞེས་ངེས་པར་བརྗོད་པའི་གཟི་བྱིན་མེད་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྲིད་ཚད་དུ་སྦྱར་བར་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །ཐམས་ཅད་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་བྱའོ་ཞེས་བྱ་བ་ནི། སྲོག་གཅོད་པ་སྤངས་པས་གཞན་ལ་སྡུག་བསྔལ་མ་སྐྱེད་པ་དང༌། བསད་པ་དང༌། གཟི་བྱིན་མེད་པར་མ་བྱས་པས་དེའི་ཕྱིར་དེ་ལ་འབྲས་བུ་རྣམ་པ་གསུམ་འབྱུང་ངོ༌། །དེ་བཞིན་དུ་མ་བྱིན་པར་ལེན་པ་སྤངས་པས་རྫས་ཀྱི་བདག་པོ་ལ་སྡུག་བསྔལ་མ་སྐྱེད་པ་དང་ལོངས་སྤྱོད་ཀྱིས་ཕོངས་པར་མ་བྱས་པ་དང༌། གཟི་བྱིན་མེད་པར་མ་བྱས་པ་དེའི་ཕྱིར་དེ་ལ་འབྲས་བུ་རྣམ་པ་གསུམ་འབྱུང་སྟེ། འདོད་པས་ལོག་པར་གཡེམ་པ་སྤངས་པས། གཞན་ལ་སྡུག་བསྔལ་མ་སྐྱེད་པ་དང༌། དགྲ་བཅས་པའི་ཆུང་མ་ཅན་དུ་མ་བྱས་པ་དང་གཟི་བྱིན་མེད་པར་


DTG210_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པ་དེའི་ཕྱིར་དེ་ལ་འབྲས་བུ་རྣམ་པ་ནི་གསུམ་འབྱུང་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་རོ། །ལས་ཀྱི་སྐབས་སུ་འདི་ཡང་སྤྱོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་གཉིས་ལས་ལོགས་ཤིག་སྟོན་ཏོ་ཞེས་བྱ་བ་ནི་ལོག་པར་འཚོ་བ་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་གཉིས་ལས་སོ། །དེ་ལྟར་བཤད་ན་ཆགས་པ་ལས་སྐྱེས་པའི་ལུས་དང་ངག་གི་ལས་གང་དག་ཡིན་པ་དེ་དག་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་ཡང་ཡིན་ལ་ལོག་པའི་འཚོ་བ་ཡང་ཡིན་ཏེ། ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བསླང་བ་གང་དག་ཡིན་པ་དེ་དག་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་ཁོ་ན་ཡིན་ནོ། །ཆགས་པའི་ཆོས་ནི་འཕྲོག་པར་བྱེད་པ་ཡིན་པས་ཞེས་བྱ་བ་ལ། ཆགས་པའི་ཆོས་ནི་ཕྲ་མོ་ཡིན་པས་ན་དེ་འཕྲོ་བར་བྱེད་པ་ཡིན་ནོ། ཤིན་ཏུ་མཁས་པ་རྣམས་ཀྱིས་ཀྱང་བསྲུང་བར་སླ་བ་མ་ཡིན་པའི་ཕྱིར་སྤྱད་དཀའ་པའོ། །ཁྱིམ་པས་ལྟ་བ་སྦྱང་བ་དཀའ་བ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ལྟ་བ་སྣ་ཚོགས་པའི་ཕྱིར་ཏེ། ངོ་མཚར་དང༌། བཀྲ་ཤིས་དང༌། གཟའ་དང༌། རྒྱུ་སྐར་དང༌། ཡུད་ཙམ་ལ་སོགས་པའི་ལྟ་བ་ཅན་ཡིན་ཞེས་པའི་ཐ་ཚིག་གོ །གཞན་ལ་འཚོ་བ་རག་ལུས་པའི་ཞེས་བྱ་བ་ནི་དགེ་སློང་གི་ལུས་གནས་པའི་ཆོས་གོས་དང་བསོད་སྙོམས་དང༌། མལ་སྟན་ལ་སོགས་པ་རྣམས་ནི་གཞན་ལ་རག་ལུས་པས་དགེ་སློང་རྣམས་ཀྱི་འཚོ་བ་སྦྱང་བར་དཀའོ། །འཚོ་བར་བྱ་བ་མ་ཡིན་པས་ན་ལོག་པའི་འཚོ་བ་ལྔ་རྣམས་ཏེ། ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་ཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པ་འདོད་པ་རྣམས་སོ། །ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ་ཞེས་བྱ་བ་ནི། མ་གནང་བའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ལས་ཀྱི་སྐབས་སུ་ལས་སུ་གཏོགས་པ་ཐམས་ཅད་བརྗོད་པར་བྱ་དགོས་པས་དེའི་ཕྱིར། གོང་དུ་འབྲས་བུ་ལྔ་བཤད་པ་གང་དག་ཡིན་པ་ཞེས་བྱ་བ་སྨོས་ཏེ། བདག་པོའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། རྣམ་པར་སྨིན་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །དྲི་བཅས་སྤོང་བའི་ལམ་དག་གི་ཞེས་བྱ་བ་ལ། སྤོང་བའི་ལམ་


DTG210_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམ་པ་གཉིས་ཡིན་ཏེ། དེའི་ཕྱིར་དྲི་བཅས་ཞེས་བྱ་བ་སྨོས་སོ། །སྤོང་བའི་ཕྱིར་ལམ་ཡིན་པའམ་ཞེས་བྱ་བ་འབྱུང་སྟེ། །སྤང་བ་ནི་སོ་སོར་བརྟགས་པའི་འགོག་པའོ། །འདིས་ཉོན་མོངས་པ་སྤོང་བར་བྱེད་པས་ན་ཞེས་བྱ་བ་ནི་ཐོབ་པ་གཅོད་པའི་ཕྱིར་ཏེ། འདིར་ཚིག་རྣམ་པར་སྤང་བས་བྱས་པའི་ཁྱད་པར་ཡོད་ཀྱི་དོན་གྱིས་བྱས་པ་ནི་མེད་དེ་གཉི་གར་ཡང་བར་ཆད་མེད་པའི་ལམ་དང་སྦྱར་བའི་ཕྱིར་རོ། །རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཡིན་ནོ་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་བར་ཆད་མེད་པའི་ལམ་ཟག་པ་དང་བཅས་པའི་ལས་གང་ཡིན་པ་དེའི་ས་གང་ཡིན་པ་དེར་ངེས་པ་ཁོ་ནའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ་ཞེས་བྱ་བ་ལ། རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདྲ་བ་མཉམ་པ་དང་ལྡན་པ་དེའི་ཕྱིར་ནས་སྐྱེས་པ་རྣམས། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཆོས་གང་དག་དེའི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །སྤངས་པ་དེ་ཡང་ཡིན་ནོ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་སྤངས་པ་ཐོབ་པའི་ཕྱིར་སྤངས་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུར་རྣམ་པར་གཞག་གོ །གཞན་དག་ན་རེ་སྤངས་པ་ཡང་ལམ་གྱི་བདག་པོའི་འབྲས་བུར་རིགས་ཏེ་དེའི་དབང་པོས་དེ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །རྣམ་པར་སྨིན་པའི་འབྲས་བུམ་གཏོགས་སོ་ཞེས་བྱ་བ་ནི་ཟག་པ་མེད་པ་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཁོ་ནའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་འདི་ལྟ་སྟེ། རྣམ་པར་གྲོལ་བའི་ལམ་དང༌། དེ་དང་ལྷན་ཅིག་འབྱུང་བ་དང༌། གང་ཡང་མ་འོངས་པ་ཐོབ་པ་དེ་དང་སྤང་བ་དེ་ཡང་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་རྣམས་རྟོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །སྤོང་བའི་ལམ་ལས་གཞན་པ་གཞན་པའི་ལམ་ཞེས་བྱ་བ་ནི་སྦྱོར་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་གྱིས་བསྡུས་པ་དང༌། སྦྱིན་པའི་སེམས་པ་ལ་སོགས་པ་གང་ཡིན་པ་དང་མི་དགེ་བ་གང་ཡིན་པའོ། །བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི། དེས་ཉོན་


DTG210_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་སྤང་བ་ནི་མ་ཡིན་ཏེ་བར་ཆད་མེད་པའི་ལམ་ཁོ་ན་བྲལ་བའི་འབྲས་བུ་དང་འབྲེལ་བའི་ཕྱིར་རོ། །དེའི་རྣམ་པར་སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཡིན་ཏེ། དགེ་བ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང་མི་དགེ་བ་ཡིན་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདུ་བ་མཉམ་པ་དང་ལྷག་པ་ཕྱི་ནས་སྐྱེས་པ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེ་དང་ལྷན་ཅིག་འབྱུང་བ་དང་དེའི་སྟོབས་ཀྱིས་སྐྱེས་པ་གང་ལས་ཡིན་པ་དེ་དག་གོ །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །ཟག་པ་མེད་པའི་ལྷག་མ་དང་ཞེས་བྱ་བ་ནི་སྦྱོར་བ་རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་གྱིས་བསྡུས་པའོ། །དེ་ནི་བར་ཆད་མེད་པའི་ལམ་མ་ཡིན་པའི་ཕྱིར་བྲལ་བའི་འབྲས་བུ་ཡང་མེད་ལ་ཟག་པ་མེད་པ་ཡིན་པའི་ཕྱིར་དང༌། ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། འདིར་ཡང་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་ནི་གོང་མ་བཞིན་དུ་བརྗོད་པར་བྱའོ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་བཞིན་ཏེ་ཞེས་བྱ་བ་ནི། རིགས་ཡོངས་སུ་གཟུང་སྟེ་དེ་སྐད་བཤད་དེ་བྲལ་བ་ནི་དགེ་བ་ཐམས་ཅད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །བྲལ་བ་ནི་རྒྱུ་མ་ཐུན་པའི་འབྲས་བུ་འམ་བདག་པོའི་ཡང་མ་ཡིན་ལ། དགེ་བ་འདུས་བྱས་རྣམས་ཀྱང་བྲལ་བའི་འབྲས་བུ་མ་ཡིན་ཏེ། བྲལ་བ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །མི་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དང་གཉིས་སོ། །དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ལས་སྐྱེས་པའོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་མི་དགེ་བའི་ཆོས་ཐམས་ཅད་ཉིད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ་མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ་འདུས་བྱས་ཡིན་པའི་ཕྱིར་དང་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་


DTG210_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་སྟེ་རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །འདི་ལྟར་ལུང་དུ་མ་བསྟན་པ་རྣམས་ནི་དགེ་བ་དང་འདྲ་བ་མ་ཡིན་པས་རྒྱུ་མཐུན་པའི་འབྲས་བུ་མེད་ལ་བྲལ་བའི་འབྲས་བུ་ནི་དགེ་བ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་རིང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ཀྱིས་སྐྱེ་བ་འདི་ལྟ་སྟེ་མཇུག་ཐོགས་སུ་འབྱུང་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་ལུང་དུ་མ་བསྟན་པ་ཐམས་ཅད་ཁོ་ནའོ། །ལས་དགེ་བའི་འབྲས་བུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་མཇུག་ཐོགས་སུ་འབྱུང་བའི་ཆོས་དགེ་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་སྐྱེས་པ་མ་གཏོགས་པའི་དགེ་བའི་ཆོས་ཐམས་ཅད་ཁོ་ནའོ། །རྒྱུ་མཐུན་པའི་འབྲས་བུ་མེད་དེ་མི་འདྲ་བའི་ཞིང་དེར་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་པས་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དོ། །བྲལ་བའི་འབྲས་བུ་ཡང་མེད་དེ་འདུས་བྱས་ཡིན་པའི་ཕྱིར་རོ། །མི་དགེ་བའི་ནི་གསུམ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེ་དང་ལྷན་ཅིག་འབྱུང་བ་དང་དེའི་མཇུག་ཐོགས་སུ་སྐྱེས་པའོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་མི་དགེ་བ་ཐམས་ཅད་དོ། །སྔར་སྐྱེས་པའི་རྒྱུ་མཐུན་པའི་འབྲས་བུ་ནི་རིགས་མཐུན་པ་ཁྱད་པར་དང་བཅས་པ་རྣམས་སོ། །རྣམ་པར་སྨིན་པའི་འབྲས་བུ་འམ་བྲལ་བའི་འབྲས་བུ་ནི་མེད་དེ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་འདུས་མ་བྱས་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པར་ནི་བཞི་སྟེ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུ་ནི་མ་གཏོགས་པ་སྟེ་བྲལ་བ་ནི་དགེ་བ་རྟག་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་ཕྱིར་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བའོ། །གལ་ཏེ་ཆོས་འདྲ་བ་རྣམས་ཁོ་སྔར་སྐྱེས་པ་དག་གི་རྒྱུ་མཐུན་པའི་འབྲས་བུ་ཡིན་པར་བོར་ནས། ལུང་དུ་མ་བསྟན་པ་མི་འདྲ་བ་རྣམས་མི་དགེ་བ་དག་གི་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟར་བརྗོད་ཅེ་ན་དེའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཀུན་ཏུ་


DTG210_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་དང་སྐལ་བ་མཉམ་པའི་རྒྱུ་དག་གི་ཡིན་པར་རྣམ་པར་གཞག་སྟེ་དེ་ལ་འཇིག་ཚོགས་དང་མཐའ་འཛིན་པར་ལྟ་བ་དག་ནི་ལུང་དུ་མ་བསྟན་པ་ཡིན་དུ་ཟིན་ཀྱང༌། ཉོན་མོངས་པ་ཅན་ཉིད་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དང་འདྲ་བའི་ཕྱིར། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བའི་རྒྱུ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྐལ་བ་མཉམ་པའི་རྒྱུའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པར་གཞག་པས་འགལ་བ་མེད་དོ། །ལུང་དུ་མ་བསྟན་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དགེ་པའི་ཆོས་གང་དག་དེའི་མཇུག་ཐོགས་སུ་འབྱུང་བ་དེ་དག་གོ །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་དགེ་བའི་ཆོས་ཐམས་ཅད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ་མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ་དགེ་བ་ཡིན་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་གསུམ་སྟེ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་བཅུག་སྟེའོ། །མི་དགེ་བ་ཡང་ལུང་དུ་མ་བསྟན་པ་རྣམས་ཀྱིས་རྒྱུ་མཐུན་པའི་འབྲས་བུ་ཡིན་པ་ནི་ཡོད་དོ། །དཔེར་ན་ཆོས་མི་དགེ་བ་རིས་ལྔ་པ་རྣམས་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་པའི་འབྲས་བུ་བཅུག་སྟེའོ། །མི་དགེ་བ་ཡང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་ཡིན་པ་བཞིན་ནོ། །ལུང་དུ་མ་བསྟན་པའི་ཆོས་ནི་གསུམ་སྟེ། དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང༌། མཇུག་ཐོགས་སུ་འབྱུང་བ་དག་གོ །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་ཐམས་ཅད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདྲ་བ་ཕྱིས་སྐྱེས་པ་རྣམས་སོ། །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་ནི་མེད་དེ་ལུང་དུ་མ་བསྟན་པ་རྣམས་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་པའི་ཕྱིར་དང་ཉོན་མོངས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །འདས་པའི་ཐམས་ཅད་བཞིའི་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། འདིར་རིགས་ཡོངས་སུ་གཟུང་བས་དེ་སྐད་དུ་བཤད་ཀྱི་འདས་པ་ཐམས་ཅད་འདས་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་བཞི་ནི་མ་ཡིན་ནོ། །བྲལ་བའི་འབྲས་


DTG210_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མ་གཏོགས་སོ་ཞེས་བྱ་བ་ནི་དེ་འདུས་མ་བྱས་ཡིན་པ་ཉིད་ཀྱིས་དུས་སུ་མ་གཏོགས་པའི་ཕྱིར་རོ། །ལས་དགེ་བ་ཟག་པ་དང་བཅས་པ་དང༌། མི་དགེ་བ་འདས་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པ་འདས་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདས་པའི་ལས་དང་ལྷན་ཅིག་འབྱུང་བ་དེའི་སྟོབས་ཀྱིས་སྐྱེས་པའི་ཆོས་འདས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་དེའི་རང་གི་ངོ་བོ་མ་གཏོགས་པ་དེ་དག་དང་ལྷན་ཅིག་འབྱུང་བ་དང་ཕྱིས་འབྱུང་བ་འདས་པ་རྣམས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི་འདྲ་བ་ཕྱིས་འབྱུང་བ་འདས་པ་རྣམས་ཁོ་ནའོ། །དེ་བཞིན་དུ་འབྲས་བུ་ད་ལྟར་བ་ཡང་བཞི་སྟེ་འདས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་ད་ལྟར་བའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྔར་མ་བྱུང་བའི་ཆོས་འདྲ་བ་ད་ལྟར་བ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཆོས་ད་ལྟར་བ་འདས་པའི་ལས་ཀྱི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་ད་ལྟར་བ་ཐམས་ཅད་ཁོ་ནའོ། །མ་འོངས་པ་དག་ཀྱང་དེ་དང་འདྲ་བར་བརྗོད་པར་བྱ་སྟེ། །འདས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་སྨིན་པ་མ་འོངས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདྲ་བ་མ་འོངས་པ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ཀྱིས་སྐྱེ་བར་འགྱུར་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་ཐམས་ཅད་ཁོ་ནའོ། །བར་མ་ནི་མ་འོངས་པའོ་ཞེས་བྱ་བ་ནི་འབྲས་བུ་བཞི་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་མཇུག་ཐོགས་སུ་སྐྱེ་བ་མ་འོངས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་མ་འོངས་པ་ཐམས་ཅད་ཁོ་ནའོ། །རྣམ་པར་སྨིན་པའི་འབྲས་བུ་ནི་དེའི་རྣམ་པར་སྨིན་པ་མ་འོངས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་དེ་དང་འདྲ་བ་མ་འོངས་པ་རྣམས་སོ། །ད་ལྟར་བྱུང་བའི་ལས་ཀྱི་ད་ལྟར་བ་ནི་གཉིས་ཏེ་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ་ཞེས་བྱ་བ་ལ། དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་ལྷན་ཅིག་སྐྱེས་པ་ཡིན་ནོ། །བདག་པོའི་འབྲས་བུ་ནི་དེ་དག་གཞན་དུས་མཉམ་དུ་སྐྱེས་པ་ཡིན་ནོ། །ད་ལྟར་བའི་རྒྱུ་མཐུན་པའི་འབྲས་བུ་དང་རྣམ་པར་སྨིན་པའི་འབྲས་བུ་ད་ལྟར་བ་ནི་མེད་དེ། དེར་རྒྱུ་དང་འབྲས་བུ་དག་དུས་སྔ་ཕྱིར་ངེས་པའི་ཕྱིར་རོ།


DTG210_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པའི་འབྲས་བུ་མ་འོངས་པ་གསུམ་ཡིན་ནོ་ཞེས་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ལ་རག་ལས་ཏེ་འབྱུང་བ་དེ་དག་གོ །བདག་པོའི་འབྲས་བུ་ནི་རང་གི་ངོ་བོ་མ་གཏོགས་པ་ཐམས་ཅད་དོ། །རྣམ་པར་སྨིན་པའི་འབྲས་བུ་ནི་དགེ་བ་ཟག་པ་དང་བཅས་པ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་མ་འོངས་པའོ། །མ་སྐྱེས་པ་རྣམས་ནི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་ཉིད་མ་ཡིན་པས་རྒྱུ་མཐུན་པའི་འབྲས་བུ་མ་འོངས་པ་མེད་དོ། །བྲལ་བའི་འབྲས་བུ་ཡང་མེད་དེ་དུས་སུ་མ་གཏོགས་པའི་ཕྱིར་རོ། །རང་གི་ས་པ་བཞིན་ཡིན་ནོ་ཞེས་བྱ་བ་ལ། འདི་ཡང་སྲིད་ཆད་ཀྱི་དབང་དུ་བྱས་ནས་བཤད་ཀྱི། རང་གི་ས་པ་ཐམས་ཅད་ཀྱི་འབྲས་བུ་རང་གི་ས་པའི་ཆོས་བཞི་པ་ཐམས་ཅད་ནི་མ་ཡིན་ནོ། །ཟག་པ་མེད་པ་ལ་ཡང་རྣམ་པར་སྨིན་པའི་འབྲས་བུ་མེད་མོད་ཀྱི། རང་གིས་པའི་ཆོས་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོའི་བར་ཅི་རིགས་པ་ལས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འབྲས་བུ་བཞིར་འགྱུར་རོ། །བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི་བྲལ་བ་སས་མ་བསྡུས་པའི་ཕྱིར་རོ། །དེ་ལ་རང་གི་ས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ནི་ལས་ཟག་པ་དང་བཅས་པའི་འབྲས་བུ་བཞི་ཡིན་ལ། ཟག་པ་མེད་པ་རྣམས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་ཟག་པ་མེད་པའི་འབྲས་བུ་གསུམ་ཡིན་ཏེ་རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་དང་བཅས་པ་ན་གཉིས་ཡིན་ཏེ། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །དེ་ལྟར་ན་རང་གི་ས་པའི་ཆོས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ནི་མདོར་བསྡུས་ཏེ་ལས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འབྲས་བུ་བཞིར་འགྱུར་རོ། །གཞན་གྱི་ས་པ་གསུམ་དང་གཉིས་ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བས་ཕྱེ་ནས་བསྟན་ཏེ། ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཟག་པ་མེད་པའི་ཆོས་གཞན་གྱི་ས་པའི་གསུམ་སྟེ། སྐྱེས་བུ་བྱེད་པ་དང༌། བདག་པོ་དང་རྒྱུ་མཐུན་པའི་འབྲས་བུ་རྣམས་སོ། །


DTG210_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ས་དགུའི་ལམ་ནི་ཕན་ཚུན་དུ་མཉམ་དང་ཁྱད་པར་ཅན་གྱི་ཡིན་ཞེས་འབྱུང་བས། སྐལ་བ་མཉམ་པའི་རྒྱུ་ཡིན་པས་ཟག་པ་མེད་པའི་ཆོས་མཉམ་པ་དང༌། ཁྱད་པར་ཅན་རྣམས་གཞན་གྱི་ས་ལ་ཡིན་དུ་ཟིན་ཀྱང༌། གཞན་གྱི་ས་པའི་ལས་ཟག་པ་མེད་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ཁམས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལས་ནི་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་སྲིད་དོ། །བྲལ་བ་ཡང་ཁམས་སུ་མ་གཏོགས་པའི་ཕྱིར་གཞན་གྱི་ས་པ་ཉིད་མི་སྲིད་དོ། །གཞན་གྱི་ས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ནི་དེ་ཉིད་ཀྱི་གཉིས་ཡིན་ཏ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ །དེ་བཞིན་དུ་གཞན་གྱི་ས་པའི་ཆོས་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་རྣམས་ཀྱང་ཟག་པ་དང་བཅས་པའི་ལས་གཉིས་ཡིན་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་འབྱུང་སྟེ། སློབ་པའམ་མི་སློབ་པའི་ནི་རྣམ་པར་སྨིན་པའི་འབྲས་བུ་འམ་བྲལ་བའི་འབྲས་བུ་མེད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་དག་ནི་ཟག་པ་དང་བཅས་པ་དང་འདུས་མ་བྱས་ཡིན་ནོ་ཞེས་བཤད་དོ། །དེ་ལ་སློབ་པའི་ལས་རྣམ་པར་སྨིན་པའི་འབྲས་བུ་ནི་མེད་དེ་སྲིད་པས་མ་བརླན་པའི་ཕྱིར་རོ། །འཇིག་རྟེན་པའི་རྒྱུ་མཐུན་པའི་འབྲས་བུ་ཡང་མེད་དེ་མི་འདྲ་བའི་ཕྱིར་རོ། །བྲལ་བའི་འབྲས་བུ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། དེ་ཡང་སློབ་པའི་ལས་ལ་ཡོད་པ་གསུམ་ཡིན་ནོ། །སློབ་པའི་མཇུག་ནི་གཅིག་སྟེ་བདག་པོའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ་དམན་པའི་ཕྱིར་རོ། །ལྷན་ཅིག་དང་མཇུག་ཐོགས་སུ་སྐྱེ་བ་མེད་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་མེད་དོ། །མི་སློབ་པའི་མཇུག་ཐོགས་སུ་སློབ་པ་ནི་མི་འབྱུང་སྟེ། ཡོངས་སུ་ཉམས་པའི་ཚེ་ན་ཡང་ཉོན་མོངས་པ་ཀུན་ཏུ་འབྱུང་བས་བར་དུ་ཆོད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །མི་སློབ་པ་ནི་གསུམ་སྟེ།


DTG210_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུ་དག་མ་གཏོགས་སོ་ཞེས་བྱ་བ་ལ། དེ་དག་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་མ་ཡིན་པ་ཉིད་ཡིན་པས་གསལ་ཏོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་ཐམས་ཅད་དོ། །བྲལ་བའི་འབྲས་བུ་ནི་བར་ཆད་མེད་པའི་ཡིན་ན། མི་སློབ་པ་ལ་ནི་བར་ཆད་མེད་པའི་ལམ་མེད་པས་མི་སློབ་པ་རྣམས་ལ་བྲལ་བའི་འབྲས་བུ་མེད་དོ། །དེ་ལས་གཞན་པའི་འབྲས་བུ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ལ་རྒྱུ་མཐུན་པའི་འབྲས་བུ་སློབ་པ་ནི་མེད་དེ། མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ་ཁམས་སུ་མ་གཏོགས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། །འདུས་བྱས་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་དག་མ་གཏོགས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའམ། བྲལ་བ་ནི་མཐོང་བས་སྤང་བར་བྱ་བ་ཡོད་པ་མ་ཡིན་པས་སེལ་བར་བྱེད་དོ། །བྲལ་བའི་འབྲས་བུ་མ་གཏོགས་ཞེས་བྱ་བ་ནི་བྲལ་བ་བསྒོམ་པས་སྤང་བར་བྱ་བ་ཡོད་པས་མ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་ལས་ཀྱིས་རྒྱུ་མཐུན་པའི་འབྲས་བུ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་ཉོན་མོངས་པ་ཅན་རྣམས་སོ། །རྣམ་པར་སྨིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་པས། མཐོང་བས་སྤང་བར་བྱ་པའི་ཉོན་མོངས་པ་མི་དགེ་བ་དག་དང་མཚུངས་པར་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་བསྒོམ་པས་སྤང་བ་བྱ་བ་ཡིན་ནོ། །གཅིག་སྟེ་བདག་པོའི་འབྲས་བུའོ་ཞེས་བྱ་བ་ལ་དེའི་སྟོབས་ཀྱིས་མི་སྐྱེ་བའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མེད་དེ་བསྒོམ་པས་སྤང་བར་བྱ་བའི་ལས་ཀྱི་ཞེས་བྱ་བའི་རྒྱས་པར་འབྱུང་སྟེ། རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ་ཀུན་ཏུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ་རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བ་མེད་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ་བྲལ་བ་ནི་སྤང་བར་བྱ་བ་མ་ཡིན་པའི་


DTG210_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི། སྤང་བར་བྱ་བ་མ་ཡིན་པའི་ཕྱིར་དང་མི་འདྲ་བའི་ཕྱིར་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ཉིད་ཡིན་པ་སེལ་བར་བྱེད་དོ། །སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་མཇུག་ཐོགས་སམ། ལྷན་ཅིག་མཐོང་བས་སྤང་བར་བྱ་བ་སྐྱེ་བ་ནི་ཡོད་པ་མ་ཡིན་པས་སྐྱེས་བུ་བྱེད་པའི་འབྲས་བུ་མེད་དོ། །བསྒོམ་པས་སྤང་བར་བྱ་བའི་སེམས་ནི་སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་མཇུག་ཐོགས་སུ་འབྱུང་བས་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་སྤང་བར་བྱ་བ་མ་ཡིན་པ་མེད་པས་མ་གཏོགས་སོ། །དབུས་སུ་ཡང་ཐོག་མ་དང་ཐ་མ་གཞན་ཤེས་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་མ་སྨོས་ཀྱང་དབུས་སུ་ཡང་གོ་རིམས་བཞིན་ཞེས་བྱ་བའི་སྒྲ་ཅི་ནས་ཀྱང་ཤེས་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ནི་མཐུན་པར་སྦྱར་བའི་ཆོས་ཡིན་ནོ་ཞེས་སྨོས་ཏེ་དེ་ནི་མདོར་བསྡུས་པའི་ཚུལ་ཡིན་ནོ། །མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་གོ་རིམས་བཞིན། །ཞེས་ཐོག་མར་ཡང་གོ་རིམས་བཞིན་ཞེས་བྱ་བའི་སྒྲར་སྦྱར་ལ། སྤང་བྱ་མིན་པའི་དེ་དག་གཅིག་གཉིས་དང་བཞི་སྟེ་གོ་རིམས་བཞིན་ཞེས་ཐ་མར་ཡང་སྦྱར་བ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ལ། ཡིད་ལ་བྱེད་པས་ན་ཡིད་ལ་བྱེད་པ་སྟེ་ཡིད་ཡུལ་དག་རངས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཚུལ་ནི་ཐབས་སོ། །ཚུལ་བཞིན་དུ་མ་ཡིན་པ་ནི་ཚུལ་བཞིན་མ་ཡིན་པ་སྟེ། ཚུལ་བཞིན་མ་ཡིན་ཞིང་ཐབས་བཞིན་མ་ཡིན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གཞན་དག་ན་རེ་ཆོ་ག་ཉམས་པ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་འབའ་ཞིག་ཏུ་མ་ཟད་པའོ། །ཆོ་ག་ཉམས་པ་གང་ཡིན་པ་དེ་ཡང་རིག་པ་མ་ཡིན་པས་བསྐྱེད་པ་ཡིན་ཏེ་མི་རིགས་པ་བྱེད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་ངག་གི་ལས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྟགས་དང་དུས་དང༌། བྱེད་པ་མི་མཐུན་པའི་ཕྱིར་མི་


DTG210_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་བྱས་པས་རིག་པ་མ་ཡིན་པས་སྐྱེད་པ་དང་ཆོ་ག་ཉམས་པ་པའི་ལུས་དང་ངག་གི་ལས་ཀུན་ནས་སློང་པར་བྱེད་པའི་ཡིད་ཀྱི་ལས་རིག་པ་མ་ཡིན་པས་བསྐྱེད་པ་བསྡུའོ། །རིག་པ་མ་ཡིན་པས་བསྐྱེད་པ་འདི་ནི་བརྡར་བཏགས་པ་པ་ཡིན་གྱི། དོན་དམ་པར་རིག་པས་བསྐྱེད་པ་ནི་དགེ་བའི་ལས་ཡིན་ལ། རིག་པ་མ་ཡིན་པས་བསྐྱེད་པ་ནི་ཉོན་མོངས་པ་ཅན་ཡིན་ཞིང༌། དེ་གཉི་ག་དང་བྲལ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །ཅི་ལས་གཅིག་གི་སྐྱེ་བ་གཅིག་ཁོ་ནར་འཕེན་ནམ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། རྒྱུའི་དངོས་པོར་གནས་སམ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ལས་དུ་མས་སྐྱེ་བ་གཅིག་འཕེན་པ་དང་གཅིག་གིས་དུམ་འཕངས་ན་ཅིར་འགྱུར་ཞེ་ན། རེ་ཞིག་དང་པོ་ལྟར་ན་རིས་མཐུན་པ་དུ་མ་འཕེན་པས་སྐྱེ་བ་གཅིག་ཁོ་ན་ལ་ལས་ཀྱི་འབྲས་བུ་གཅིག་ཟད་ཅིང་ལས་གཞན་གྱི་འབྲས་བུ་སྐྱེ་བ་ན་འཆི་འཕོ་བ་དང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་སྔོན་གྱི་དུས་ཀྱི་སྲིད་པ་ཁོ་ན་ལ་འཆི་བ་དང་སྐྱེ་བའི་སྲིད་པ་ལན་ཅིག་མ་ཡིན་པར་ཡོད་པར་འགྱུར་རོ། །ཤིན་ཏུ་སྨྲས་པར་གྱུར། ཡོངས་སུ་མྱ་ངན་ལས་འདས་པ་མེད་པ་ཡིན། ཨ་ཏྱནྟཾ་བཱ་ཙ་སྱད་པ་རི་ནིརྦཎཾ་ན་ཧི་ཨ་ཏཱ་ཀཱ་ར་ཎ་མ་ཏི་ཡ་དེ་ཀ་ག་ཏི་བེ་ད་ནཱི་ཡ་སྱ་ཀརྨ་ཎ་ཀ་སྱ་ཙིཏྥ་ལོཏྥ་ཙྷཽ་ཙྱུ་ཏྱུ་བ་བིཏྟ་བྷྱ་པ་ཏཿཀ་སྱ་ཙི་ནེ་ཏི། ཡ་ཏི་ཙས་མ་ན་ག་ཏི་ཀ་སྱ་ཀརྨ་ཎཿཕ་ལོཏྤ་ཏྟཽ་ཙྱུཏྱུ་བ་པཏྟེ་ན་ཥྱེ་ཏེ། བྷི་ནག་ཏི་ཀ་སྱ་བི་ནཥྚེ་བྱཿབི་ཤི་ཥ་ཧེ་ཏྭཱ་བྷ་བ་ཏ། གཅིག་གིས་དུ་མ་འཕེན་པ་ཡང་མ་ཡིན་ཏེ། དེ་ལྟར་ན་ནི་ལས་གཅིག་ཁོ་ན་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་ཡང་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ་ལས་གནས་སྐབས་ངེས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལས་གཅིག་ཁོ་ནས་སྐྱེ་བ་གཅིག་འཕེན་གྱི་དུ་མ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་འགྲུབ་བོ། །དེ་བསོད་སྙོམས་ལ་བསྟན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་བསོད་སྙོམས་གཅིག་པ་འདིའི་རྣམ་པར་སྨིན་པས་ཞེས་བྱ་བ་བརྗོད་དེ། དེའི་ཕྱིར་རྣམ་པར་སྨིན་པ་གཅིག་ནི་མ་ཡིན་པས། བསོད་སྙོམས་ནི་སེམས་པ་དེ་རྣམས་ཀྱིས་སྟོན་པར་བྱེད་དོ། །རྣམ་པར་སྨིན་པ་དང་བཅས་པ་


DTG210_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་ནོ་ཞེས་བྱ་བ་ནི་ལས་དང་འབྲས་བུ་གཅིག་པའི་ཚོགས་པ་ཐམས་ཅད་དོ། །འཕེན་བྱེད་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་ལས་དང་ལྷན་ཅིག་འབྱུང་བའི་ཕྱིར་དང་ལས་རྣམས་ཀྱི་འབྲས་བུ་དུ་མ་ཡིན་པའི་ཕྱིར་རོ། །ལས་ཉིད་སྒྲིབ་པ་ཡིན་པས་ལས་ཀྱི་སྒྲིབ་པའོ། །ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་དྲག་པོ་རྒྱུན་ཏུ་འབྱུང་བ་གང་ཡིན་པ་དང༌། ཡང་ཡང་རྒྱུན་ཏུ་འབྱུང་བ་གང་ཡིན་པ་དེ་ནི་རྣམ་པ་གཉི་ག་ཡང་སྒྲིབ་པ་ཡིན་ནོ། །འཕགས་པའི་ལམ་ལ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི། མི་སྡུག་པ་དང་དབུགས་དབྱུང་བ་དང་རྔུབ་པ་དྲན་པ་དང་དྲོ་བར་གྱུར་པ་ལ་སོགས་པ་རྣམས་སོ། །ངན་སོང་ལ་སོགས་པར་ངེས་པར་འགྱུར་བ་ཞེས་བྱ་བ་ནི། དམྱལ་བ་དང་ཡི་དགས་དང་དུད་འགྲོར་ངེས་པར་འགྱུར་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་མེད་པ་དང་ཚངས་པ་ཆེན་པོར་ངེས་པར་འགྱུར་བའི་ལས་ཀྱང་བསྡུ་ལ། ཟ་མ་དང་མ་ནིང་དང་མཚན་གཉིས་པར་འགྱུར་བ་ལ་ཡང་བརྗོད་པར་བྱའོ། །ངེས་པ་གང་གིས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གནས་གཅིག་ཏུ་སྐྱེ་བ་གཞན་གཉིས་འཕེན་པ་རྒོལ་བ་མ་ཡིན་ཏེ། འདི་ཐམས་ཅད་བདེན་པ་རྣམས་སུ་བལྟ་བར་བྱའོ། །སྒོ་ང་ལས་སྐྱེ་བར་འགྱུར་བ་དང༌། དྲོད་གཤེར་ལས་སྐྱེ་བར་འགྱུར་པ་དང༌། བུད་མེད་ཉིད་དུ་འགྱུར་བ་དང༌། སྲིད་པ་བརྒྱད་པར་ངེས་པར་འགྱུར་བ་གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་འཕགས་པའི་རྒྱུད་ལ་སྒོ་ང་ལས་སྐྱེ་བ་དང་དྲོད་གཤེར་ལས་སྐྱེ་བ་དང༌། བུད་མེད་ཉིད་རྣམ་པར་མི་སྨིན་པ་ཡིན་གྱི། སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱིས་བདེན་པ་མཐོང་བ་ནི་མི་འགལ་ལོ། །བདེན་པ་མཐོང་བ་ནི་ལྷའམ་མི་དག་གི་ནང་དུ་སྲིད་པ་བརྒྱུད་པར་ཉིང་མཚམས་སྦྱོར་བ་ཡང་མ་ཡིན་ནོ། །བསྟན་པར་སླ་བ་ནི་གཞན་དག་ལའོ། །གདགས་པར་སླ་བ་ནི་བདག་ཉིད་ཀྱིས་ཏེ་གདགས་པར་ནུས་པའི་ཕྱིར་རོ། །ཡང་ན་བསྟན་པར་སླ་བའི་རྣམ་གྲངས་སུ་བརྗོད་པར་བྱའོ། །གཞི་དང་ཞེས་བྱ་བ་ནི་གཞི་སྟེ། མཚམས་མེད་པ་གསུམ་གྱི་གཞི་ནི་སྲོག་གཅོད་པའི་ལས་ཀྱི་ལམ་ཡིན་ནོ། །བཞི་པའི་གཞི་ནི་བརྫུན་དུ་སྨྲ་བའོ། །ལྔ་


DTG210_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་ནི་སྲོག་གཅོད་པའི་སྦྱོར་བ་ཡིན་ནོ། །གཞན་དག་གཞི་ནི་ཕྱི་མོའོ་ཞེས་ཟེར་རོ། །འབྲས་བུ་ནི་འབྲས་བུ་སྟེ། མཚམས་མེད་པ་ཐམས་ཅད་ཀྱི་འབྲས་བུ་ནི་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་རོ། །འགྲོ་བ་ནི་འགྲོ་བ་སྟེ། དེའི་རྣམ་པར་སྨིན་པ་ནི་དམྱལ་བའི་འགྲོ་བ་ཁོ་ནར་ཉམས་སུ་མྱོང་བར་འགྱུར་རོ། །སྐྱེ་བ་ནི་སྐྱེ་བ་སྟེ་སྐྱེས་པའི་མཇུག་ཐོགས་ཁོ་ནར་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །གང་ཟག་ནི་གང་ཟག་གིས་ཏེ་མངོན་སུམ་དུ་མཐོང་བའི་ཚུལ་དུ་འདི་ནི་ཕ་གསོད་པར་བྱེད་པ་ཡིན་ནོ། །འདི་ནི་མ་གསོད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་རོ། །ངན་སོང་ལ་སོགས་པར་ངེས་པར་འགྱུར་བ་ནི་དེ་ལྟར་མ་ཡིན་པས་མ་བཤད་དོ། །ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་གཉིས་ཀྱིས་ནི་ཚེ་ཕྱི་མར་ཡང་གསོ་མི་རུང་བར་འགྱུར་གྱི་རྣམ་པར་སྨིན་པའི་སྒྲིབ་པས་ནི་མ་ཡིན་ནོ། །གཞན་དག་ན་རེ་ཐ་ཤལ་ཉིད་དོ་ཞེས་ཟེར་རོ། །ཕྱི་མ་ཕྱི་མ་འདྲེན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཉོན་མོངས་པ་དག་གིས་ལས་འདྲེན་པ་ལས་ཀྱིས་སྐྱེ་བ་འདྲེན་པ་དེའི་ཕྱིར་ཉོན་མོངས་ལས་ཀྱི་སྒྲིབ་པ་དག་ཁོ་ན་ཐ་ཤལ་ཡིན་ནོ་ཞེས་ཟེར་རོ། །དགེ་སྦྱོང་གི་ཚུལ་བཞིན་ནོ་ཞེས་བྱ་བ་ནི། །དགེ་སྦྱོང་ཚུལ་ནི་དྲི་མེད་ལམ་ཞེས་བྱུང་བས་ན་ཟག་པ་མེད་པའི་ལམ་དང་ལྡན་པའི་ཕྱིར་ན་དེ་དགེ་སྦྱོང་དུ་འགྱུར་བ་དེ་བཞིན་དུ་དེ་ཡང་མ་གསོད་པ་ལ་སོགས་པ་དང་ལྡན་པས་དམྱལ་བར་སྐྱེ་བར་འགྱུར་བ་ལ་བར་མེད་པ་ཡིན་པས་མ་གསོད་པ་ལ་སོགས་པའི་ལས་ལ་མཚམས་མེད་པ་ཞེས་བྱའོ། །བྱང་གི་སྒྲ་མི་སྙན་དང་ཞེས་བྱ་བ་ནི་མཚམས་མེད་པ་མེད་དེ་རང་བཞིན་བཟང་བའི་ཕྱིར་དང༌། ཆ་ངེས་པའི་ཕྱིར་དང༌། དོན་བསྟན་པ་མེད་པའི་ཕྱིར་རོ། །འགྲོ་བ་གཞན་ན་ཡང་མེད་ཅེས་བྱ་བ་ནི་དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོ་དག་ནའོ། །ཁམས་གཞན་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ནའོ། །ཟ་མ་ལ་སོགས་མི་འདོད་དོ་ཞེས་བྱ་བ་ནི། ཟ་མ་དང་མ་ནིང་དང་མཚན་གཉིས་པ་རྣམས་ལའོ། །སྡོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་མེད་པ་དང༌།


DTG210_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཞིང་ཚྭ་སྒོ་ཅན་དང་འདྲའོ། །གལ་ཏེ་ལུས་མ་ཚང་བའི་རྒྱུ་ཡིན་པའི་ཕྱིར་ཕན་པ་ཆུང་བ་ཉིད་ཡིན་ན་དམུས་ལོང་ལ་སོགས་པ་དག་ལ་ཡང་མཚམས་མེད་པ་མེད་པར་འགྱུར་རོ་ཞེ་ན། ཟ་མ་ལ་སོགས་པའི་ལུས་ནི་རྟོགས་པ་དང་འགལ་བའི་ཕྱིར་མཚང་བར་འདོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡི་དགས་དང་དུད་འགྲོ་རྣམས་ལ་ཡང་ཕན་པ་དང་ངོ་ཚ་ཆུང་བའི་ཕྱིར་མི་འདོད་དོ། །ཇི་ལྟར་ཕན་པ་ཆུང་བ་ཉིད་ཡིན་ཞེ་ན་འགྲོ་བ་ངན་པས་བསྡུས་པའི་ལུས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྟ་ཅང་ཤེས་བཞིན་ནོ་ཞེས་བྱ་བ་ནི་རྟ་ཁ་ཅིག་ཅང་ཤེས་ཡིན་པའི་ཕྱིར་མ་ལ་མི་རྒོལ་ལོ་ཞེས་གྲག་གོ །མིའི་ཡང་ཕ་མ་མི་མ་ཡིན་པ་ཞེས་བྱ་བ་ནི་ཕན་པ་དང་ངོ་ཚ་ཆུང་བ་ཉིད་ཀྱི་ཕྱིར་ཏེ། མི་མ་ཡིན་པས་ནི་མི་དང་མཐུན་པའི་ཕན་པ་བྱེད་པར་མི་ནུས་ལ། ཕ་མ་མི་མ་ཡིན་པ་དག་གིས་གམ་དུ་མི་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་ཡང་ནས་ཡང་དུ་གནས་པ་ཡང་མ་ཡིན་ནོ། །སྒྲ་མི་སྙན་པ་རྣམས་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་བདེན་པ་དག་མཐོང་བར་མི་ནུས་པས་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །གླིང་གསུམ་གྱི་ཟ་མ་ལ་སོགས་པའི་རྟེན་ཡང་འཕགས་པའི་ལམ་གྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པའི་སྒྲིབ་པ་མ་ཡིན་ནམ་ཞེ་ན། ཟ་མ་དང་མ་ནིང་ལ་སོགས་པའི་རྟེན་དེ་ཉིད་ཀྱིས་འཕགས་པའི་ལམ་རྟོགས་པར་ནུས་པ་མེད་དོ། །ངན་སོང་རྣམས་དང་བྱང་གི་སྒྲ་མི་སྙན་པ་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱིས་ཀྱང་མི་ནུས་ཏེ་འཁྲུལ་པའི་ཕྱིར་རོ། །འདི་ཉིད་རྣམ་པར་སྨིན་པའི་སྒྲིབ་པའོ། །ངན་སོང་ཉིད་ལ་སོགས་པའི་སོ་སོ་སྐྱེ་བོའི་ས་རྣམས་རྣམ་པར་སྨིན་པའི་སྒྲིབ་པ་ཉིད་ཀྱིས་བརྗོད་དོ། །གཞན་ནི་འཕགས་པའི་གང་ཟག་དང་ཐུན་མོང་པའི་ས་ཡིན་པས་རྣམ་པར་སྨིན་པའི་སྒྲིབ་པ་ཉིད་དུ་མ་བཤད་དོ་ཞེས་གཞན་དག་ཟེར་རོ། །དེ་བཞིན་གཤེགས་པ་རྣམས་ནི་ཉེ་བར་མི་བརྫི་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི། རབ་འགྲོངས་པའི་ཕྱིར་དེ་དག་ལ་གཞན་དག་གིས་མི་བརྫིའོ། །རྒྱུ་ལ་འབྲས་བུ་བཏགས་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དགེ་འདུན་གྱི་དབྱེན་གྱི་རྒྱུ་ཡིན་ཏེ། རྒྱུ་དེ་ལ་འབྲས་བུ་བཏགས་པའི་ཕྱིར་དགེ་འདུན་དབྱེན་མཚམས་མེད་


DTG210_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དོ། །འདིས་འབྱེད་པར་བྱེད་པས་ན་ཞེས་བྱ་བ་འདི་ནི་དངོས་ཁོ་ནར་དགེ་འདུན་གྱི་དབྱེན་ཡིན་ནོ་ཞེས་སྟོན་ཏོ། །དེ་ཇི་ལྟར་མཚམས་མེད་པར་འགྱུར་ཞེས་བྱ་བ་ནི་མཚམས་མེད་པ་ནི་མི་དགེ་བ་ཡིན་ལ། དགེ་འདུན་གྱི་དབྱེན་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ་སྙམ་དུ་སེམས་པའོ། །འབྱེད་པ་པོ་ནི་མཚམས་མེད་པ་དང་ལྡན་གྱི། འབྱེད་པ་པོ་ཕྱེ་བ་དང་ནི་མི་ལྡན་པས་དགེ་འདུན་གྱི་དབྱེན་མཚམས་མེད་པ་མ་ཡིན་ནོ། །བར་གྱི་བསྐལ་པ་ཞེས་བྱ་བ་ནི་བསྐལ་བ་ཆེན་པོ་མ་ཡིན་ཏེ། འདོད་པའི་ཁམས་ན་ཚེའི་ཚད་དེ་ཙམ་མེད་པའི་ཕྱིར་རོ། །ཡང་གང་གིས་མཚམས་མེད་པ་མང་པོ་བྱས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དངོས་པོ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་འཕངས་པས་ཇི་ལྟར་གཞན་དག་དོན་མེད་པར་མི་འགྱུར་སྙམ་དུ་བསམས་པའོ། །དོན་མེད་པ་སྟེ་གང་གི་ཕྱིར་གཅིག་གིས་སྐྱེ་བ་འཕངས་པ་ལས། ལྷགས་པས་གནོད་པ་ལྷགས་པར་འགྱུར། །ཆེན་པོ་ཞེས་བྱ་བ་ནི་ཆེས་ཆེ་བའོ། །གང་ཡང་མཚམས་མེད་པའི་ལས་གཞན་གྱི་དམྱལ་བར་སྐྱེ་བར་སོ་སོར་ངེས་པར་གྱུར་པ་ལས། ཕྱིས་མཚམས་མེད་པས་ཇི་ལྟར་མཚམས་མེད་པར་འགྱུར། མཚམས་མེད་པ་ལས་གྲོལ་ཏེ་ལས་ཀྱིས་དམྱལ་བར་སྐྱེ་བ་འཕངས་པ་ནི་དེ་སྲིད་མཚམས་མེད་པ་བྱས་པས་ཀྱང་སྟེ་དེ་ནི་སྔ་མ་བཞིན་དུ་མེད་པར་འགྱུར་རོ། །དཔེར་ན་མཚམས་མེད་ལ་གཞན་གྱིས་འཕངས་པའི་མཚམས་མེད་པ་བཞིན་ནོ། །གཞན་དག་ན་རེ་འཕེན་པར་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་སྨིན་པར་བྱེད་པ་མ་ཡིན་ནོ། ཞེས་ཟེར་རོ། །ཁྱིམ་པ་ཡང་མ་ཡིན་ལ་དགེ་སློང་མ་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ལུས་མི་གཉན་པའི་ཕྱིར་རོ། །དེ་ཡང་ལྟ་བ་སྤྱད་པ་ཁོ་ནས་ཞེས་བྱ་བ་ནི་སྡིག་པའི་བསམ་པ་བརྟན་པ་དང་མཁྱུད་པ་ཅན་ཡིན་པའི་ཕྱིར་རོ། །སྲེད་པ་སྦྱང་པས་ནི་མ་ཡིན་ནོ་ཞེས་བྱ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་དག་ལ་བསམ་པ་མི་བརྟན་པའི་ཕྱིར་རོ། །བཟོད་པར་དཀའ་བའི་ཕྱིར་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་དཀའ་བའི་ཕྱིར་རོ། །ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་ཆོས་སུ་དག་མངོན་སུམ་དུ་བྱས་


DTG210_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་དད་པ་མི་ཕྱེད་པ་དང་ལྡན་པའི་ཕྱིར་རོ། །བཟོད་པ་ཐོབ་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་ཐོབ་པ་རྣམས་ཏེ། མཐོང་བའི་ལམ་ཉེ་ཞིང་ངེས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །ལམ་འཇུག་པའི་གེགས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་དགེ་འདུན་བྱེ་བ་ལམ་འཇུག་པའི་གེགས་ཉིད་དུ་གྱུར་ཏེ། དམ་པ་མ་ཡིན་པའི་ལམ་གཞན་ཞུགས་པས་དམ་པར་གྱུར་པའི་ལམ་འཇུག་པའི་གེགས་སུ་གྱུར་པའི་ཕྱིར་གེགས་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལྷས་བྱིན་གྱིས་ནི་ངེས་པར་འབྱུང་བར་བྱ་བའི་ཕྱིར་ལམ་གཞི་ལྔ་པ་བསྟན་ཏེ། འོ་མ་མི་སྤྱད་པ་དང༌། ཤ་སྤང་བ་དང༌། ལན་ཚྭ་ཉེ་བར་ལོངས་མི་སྤྱད་པ་དང༌། གོས་མ་དྲས་པ་བགོས་པ་དང༌། གྲོང་གི་ནང་གི་གཙུག་ལག་ཁང་དུ་འདུག་པའོ། །གླིང་གཞན་ནི་མེད་དོ་ཞེས་བྱ་བ་ནི་སངས་རྒྱས་འབྱུང་བའི་ངེས་པ་ཡིན་ནོ། །གང་ན་སྟོན་པ་བཞུགས་པ་དེ་ན་སྟོན་པའི་འགྲན་ཟླ་གནས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གདོན་མི་ཟ་བར་དགེ་འདུན་ཕྱོགས་གཉིས་སུ་གནས་པར་འགྱུར་བ་ཞེས་བྱ་བ་ལ། འདིར་བཞི་སྡེ་ལ་དགེ་འདུན་དུ་མངོན་པར་འདོད་དོ། །བརྒྱད་དག་དང་ལྷགས་པ་དག་གིས་ཀྱང་ཡིན་ཏེ་བྱེད་པ་པོ་མེད་པའི་ཕྱིར་རོ། །དང་པོ་ཞེས་བྱ་བ་ནི་དེའི་ཚེ་སྔར་མེད་པའི་ཆོས་བྱུང་བ་ལ་དགའ་བ་དང་རབ་ཏུ་དགའ་བ་སྐྱེ་བས་ཐམས་ཅད་བསམ་པ་དགེ་བའི་ཕྱིར་ཤ་གཅིག་པ་ཡིན་ནོ། །མཐར་ཡང་སྟོན་པ་དང་བྲལ་བར་འགྱུར་རོ་སྙམ་སྟེ། སྐྱོ་བའི་ཕྱིར་ཤ་གཅིག་པ་ཡིན་ནོ། །དེའི་ཚེ་བསྟན་པ་འཕེལ་ཞིང་རྒྱས་པར་གནས་པ་མེད་པའི་ཡང་ཕྱིར་རོ། །ཤ་གཅིག་ཅེས་བྱ་བ་ནི་བློ་གཅིག་ཅིང་མི་མཐུན་པ་མེད་ཅེས་བྱ་བའི་དོན་ཏེ། དགེ་སློང་གི་དགེ་འདུན་མཐུན་པ་ན་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཞན་དག་ན་རེ་ཆོས་ཉིད་ཀྱི་ངེས་པས་འཁོར་རྣམས་སྐྱོ་བ་ལ་སོགས་པའི་ཕྱིར་མཐའ་མ་ཡིན་ཞེས་ཟེར་རོ། །བར་དུ་ཡང་སྐྱོན་མ་བྱུང་བའི་སྔ་རོལ་དུ་ཞེས་བྱ་བ་ནི་ལྟ་བ་དང་ཚུལ་ཁྲིམས་རྣམ་པར་འགྱུར་བ་དམིགས་པས་འབྱེད་པ་པོའི་ཚིག་གི་གླགས་ཡོད་པར་འགྱུར་རོ། །དེ་ལ་ལྟ་བའི་སྐྱོན་ནི་ཇི་སྐད་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཀྱིས་གང་


DTG210_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བར་དུ་གཅོད་པའི་ཆོས་སུ་བཀའ་སྩལ་པ་དེ་དག་ནི་བརྟེན་ན་བར་དུ་གཅོད་པར་མི་འགྱུར་ལགས་སོ་ཞེས་བྱ་བ་དང༌། དེ་བཞིན་དུ་སེམས་དེ་ཉིད་ཀུན་ཏུ་རྒྱུག་འཁོར་བར་འགྱུར་ལགས་སོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །ལས་ལ་རག་ལས་པའི་ཕྱིར་ཞེས་བྱ་བ་ནི་གང་གིས་སློབ་མ་དབྱེ་བར་འགྱུར་བའི་ལས་བྱས་པ་དེ་ཁོ་ནའི་དབྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་བྱང་ཆུབ་སེམས་དཔར་གྱུར་པ་ན། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གིས་འཁོར་ཕྱེ་སྟེ། དེས་ན་འདིར་དགེ་འདུན་ལྷས་བྱིན་གྱིས་ཕྱེའོ་ཞིས་གྲག་གོ །འོ་ན་ཕ་དང་མ་གང་དག་ལྟོ་ན་གནས་པ་ཉིད་གསོད་པ་བཞུགས་པ་དང༌། སྐྱེས་མ་ཐག་ཏུ་ཁྱི་དང་ཅེ་སྦྱངས་སྲིགས་པའི་ལམ་བོ་ཆེར་བོར་བ་དེ་དག་ཇི་ལྟར་ཕན་འདོགས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་དེ་ལས་ལུས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲོས་སོ། །དེ་དག་ཀྱང་འཚོ་བ་མེད་པ་ལ་སོགས་པའི་འཇིགས་པས་དེ་ལྟར་ཞུགས་ཀྱི་བྱམས་པས་མེད་པའི་ནི་མ་ཡིན་ཏེ། དེ་དག་ཀྱང་བྱམས་པ་དང་རྗེས་སུ་བརྩེ་བས་ཡོངས་སུ་བོར་བ་དེ་དག་གི་ཡུལ་ལ་ལན་གཅིག་མ་ཡིན་པར་རྣམ་པར་ཤེས་པ་སྐྱེའོ། །གང་གི་ཕྱིར་དེ་བསལ་བས་མཚམས་མེད་པའི་ཁ་ན་མ་ཐོ་བ་ཆུང་ངུས་རེག་པར་འགྱུར་རོ། །ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་གསལ་བར་རྟོགས་པའི་ཕྱིར་ཞིང་ཉིད་ནི་དེ་ལྟ་བུའི་རང་བཞིན་ནོ། །དེ་ལ་གནོད་པ་བྱས་པས་ཀྱང་འཚོ་བའི་བར་ཆད་དུ་གྱུར་ནས་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །བྷཱ་ག་ཝནྣ་སྟག་ལུང་རྒྱ་དཔེར་བྷ་ག་ཝཱན་ཧི་དྷརྨེ་ཥུ་ཏཱ་ཡཱི་ཏཱི་ཝ་རྞྱ་ཡིན་ཏེ་ཞེས་ཟེར་རོ། །བཅོམ་ལྡན་འདས་ནི་ཆོས་རྣམས་ལ་འདྲེན་པ་ལགས་སོ་ཞེས་བསྔགས་པར་བྱེད་དོ། །ཧི་དྷརྨེ་ཥུ་ནཱ་ཡཱི་ཏི་ཝརྣ་ཡ་ནྟི། ལུས་གཅིག་པ་དེ་ལ་ནི་ཞེས་བྱ་བ་ནི་རྟེན་གཅིག་པའི་ཕྱིར་སྐྱེ་བ་གཞན་དག་སྨྲས་པའོ། །འདི་ཏཱི་ཀཱ་ཡིན་བྱེད་དོའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་བསམས་པའི་ཕྱིར་དང་རྣམ་པའི་ཕྱིར་ན་ཁ་ཅིག་ནི་འདིར་མཚམས་མེད་པས་བསྡུས་པ་ཡིན་ལ། ཁ་ཅིག་ནི་སྲོག་གཅོད་པའི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་ཡིན་ནོ། །རྟོགས་པ་བརྗོད་


DTG210_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཇི་ལྟར་དྲང་ཞེ་ན་ཞེས་བྱ་བ་ནི། གྲོང་ཁྱེར་སྒྲ་སྒྲོགས་སུ་རྒྱལ་པོ་གཙུག་ཕུད་ཅན་གྱིས་རང་གི་ཕ་དགྲ་བཅོམ་པ་བསད་པས་ན། སོང་ལ་གཙུག་ཕུད་ཅན་ལ་སྨྲོས་ཤིག་ཅེས་བྱ་བ་འདི་བཀའ་སྩལ་ཏོ། །སྒོ་གཉིས་ནས་ཞེས་བྱ་བ་ནི། ཕ་ཡིན་པའི་སྒོ་ནས་དང་དགྲ་བཅོམ་པ་ཡིན་པའི་སྒོ་ནས་ཀྱང་སྤྱོས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བརྡེགས་པར་སེམས་ལ་མན། །ཞེས་བྱ་བ་ནི་བརྡེག་པར་སེམས་པ་ཡང་ངན་སེམས་ཡིན་མོད་ཀྱི། ཡོངས་སུ་བོར་བའི་སེམས་པ་མེད་པའི་ཕྱིར་མཚམས་མེད་པར་མི་རུང་ངོ༌། །རྟེན་དེ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེན་པ་མཐོང་བ་ནི་ལས་ཀྱི་ལམ་གྱིས་བསྡུས་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་རོ། །ཡང་ཅི་གང་གིས་ན་དེ་ཡང་མ་བཟློག་པར་ཞེས་དེ་སྐད་དུ་བརྗོད་པ་མཚམས་མེད་པའི་སྦྱོར་བ་ཡང་བཟློག་གམ་ཞེ་ན། ཁ་ཅིག་ན་རེ། ལྡོག་སྟེ་སོར་མོའི་ཕྲེང་བ་བཞིན་ནོ་ཞེས་ཟེར་རོ། །དཔལ་སྦས་ཀྱི་དཔེ་ཡང་བསྟན་བཅོས་དང་འགལ་བ་ཡོད་པ་མ་ཡིན་ནོ། །གང་ཞིག་མཚམས་མེད་པ་དང་ལྡན་པ་མཚམས་མེད་པས་དུས་བྱས་ཏེ་དེ་དམྱལ་བ་རྣམས་སུ་སྐྱེའོ། །གང་ཞིག་སྦྱོར་བ་སྦྱངས་པ་དེ་བསྟན་བཅོས་ཀྱི་སྐབས་ཉིད་དུ་མཚམས་མེད་པའི་སྦྱོར་བ་ཇི་ལྟ་བར་མཚམས་མེད་པ་ཉིད་དུ་འགྱུར་རོ། །མི་ལྡོག་ཅེས་ཀྱང་བྱ་སྟེ། བསྟན་བཅོས་ལས་སྲོག་ཆགས་བསྣུན་པ་ཡང་སྲོག་གཅོད་པ་དང་མི་འགལ་བས་དེའི་ལས་ཀྱི་རྣམ་པར་སྨིན་པ་ངེས་པས་དམྱལ་བ་རྣམས་སུ་སྐྱེའོ། །ཇི་ལྟར་དེ་མཚམས་མེད་པའི་སྦྱོར་བ་དང་ལྡན་པ་མཚམས་མེད་པས་དུས་བྱས་པའི་ཕྱིར་ཞེས་པའོ། །སོར་མོའི་ཕྲེང་བས་ནི་མ་གསོད་པའི་སེམས་ཙམ་ཞིག་བསྐྱེད་པ་ཉིད་ལས་སྦྱོར་བ་ནི་མེད་ལ། བཅོམ་ལྡན་འདས་འགྲོངས་པའི་ཕྱིར་སྦྱོར་བ་དུ་མ་བྱས་ཏེ། འོན་ཀྱང་ཉེ་བར་གྱུར་ནས་མཚོན་གདབ་པོ་སྙམ་དུ་སེམས་པར་གྱུར་པ་ལ། བཅོམ་ལྡན་འདས་ཀྱིས་དེའི་ལས་ཀྱི་སྒྲིབ་པ་ཡོངས་སུ་སྤང་བའི་ཕྱིར་ཇི་སྲིད་སེམས་དང་བར་མ་གྱུར་གྱི་བར་དུ་དེ་སྲིད་དུ་ཉེ་བར་མ་མཛད་དོ། །དཔལ་སྦས་ཀྱིས་ཀྱང་བཅོམ་ལྡན་འདས་ཡོངས་སུ་བཏང་བ་ཉིད་མ་ཡིན་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་ཡིན་ན་རང་ཉིད་ཀྱིས་མཁྱེན་པ་འགྱུར་རོ་སྙམ་དུ་བསམ་


DTG210_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། མཚམས་མེད་པའི་སྦྱོར་བ་ནི་རྣམ་པ་གཉིས་ཏེ་ཉེ་བ་དང་རིང་བའོ། །དེ་ལ་ཉེ་བ་དེ་ཡང་བཟློག་པ་ཉིད་དོ་ཞེས་ཟེར་རོ། །དེ་ཉིད་ཀྱང་གཞུང་གི་དབང་དུ་བྱས་པས་འགལ་བ་མེད་དོ། །མཚམས་མེད་པ་རྣམས་ཁོ་ན་བཟློག་ན་ཡང་དེའི་སྦྱོར་བ་ཅི་ཞེ་ན། མདོ་སྡེ་པ་རྣམས་ན་རེ། མཚམས་མེད་པའི་ལས་སྔར་གསུངས་པ་གང་ཡིན་པ་བསགས་པས་མཚམས་མེད་པར་དམྱལ་བ་རྣམས་སུ་སྐྱེའོ་ཞེས་གཅིག་ཚིག་གིས་རྟོགས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་གཅིག་གི་ཚིག་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ། །འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་པ་ལྟར་ཞེས་གསུངས་པའི་ཕྱིར་ངེས་པར་གཟུང་བས་རྟོགས་པར་གསུངས་སོ། །ལས་ཐམས་ཅད་བཟློག་པས་མཆོད་རྟེན་བྱེད་པ་པོ་རྣམས་ཐམས་ཅད་མཐོ་རིས་སུ་སྐྱེ་བར་ལུང་བསྟན་པའི་ཕྱིར་རོ། །དགེ་བའི་རྩ་བ་ཆད་པའི་ལྷས་བྱིན་ཡང་གོང་དུ་ཐེ་ཚོམ་མེད་པར་ལུང་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་བཞིན་ལས་ཀྱི་སྒྲིབ་པ་ཡང་བཟློག་པར་མི་འགལ་ལོ། །གང་དུ་ཆེས་ཤིན་ཏུ་ཕྲ་ཞིང་མཆོག་ཏུ་ཞིབ་པའི་སྲིད་པའི་རྩེ་མོའི་སེམས་པ་ཡང་བཟློག་ལ། དེ་ལ་མཚམས་མེད་པ་རྣམས་ནི་བཟློག་པར་སོ་སོར་ངེས་པའི་གོ་སྐབས་མེད་དོ། །ཆོས་དང་ཆོས་མ་ཡིན་པ་ཤེས་བཞིན་དུ་ཞེས་བྱ་བ་ལ། གང་ཞིག་འདི་ནི་ལེགས་པར་བཤད་པ་ཡིན་གྱི་མུ་སྟེགས་པ་རྣམས་ཀྱི་ནི་མ་ཡིན་ནོ་སྙམ་དུ་དེ་བཞིན་གཤེགས་པའི་ཆོས་ཤེས་པ་ནི་ཆོས་དང་ཆོས་མ་ཡིན་པ་ཤེས་སོ། །ལོག་པར་སྟོན་པའི་ཕྱིར་ཞེས་བྱ་བ་ལ། ལེགས་པར་བཤད་པ་ལ་ཉེས་པར་བཤད་པ་སྟོན་པའི་ཕྱིར་དང་ཉེས་པར་བཤད་པ་ལ་ལེགས་པར་བཤད་པར་སྟོན་པའི་ཕྱིར་ལོག་པར་སྟོན་པའོ། །དེ་ལས་རྣམ་པ་གཞན་དུ་བསྟན་པས་ནི་བརྫུན་སྨྲ་བར་འགྱུར་གྱི་དགེ་འདུན་གྱི་དབྱེན་ནི་མ་ཡིན་ནོ། །འདི་ལྟར་དགེ་འདུན་དབྱེན་སོ་སོའི་སྐྱེ་བོ་རྣམས་ངེས་པ་ལ་མི་འཇུག་གོ །ངེས་པ་ལ་ཞུགས་པ་རྣམས་འབྲས་བུ་གཞན་མི་འཐོབ་པོ། །འབྲས་བུ་ཐོབ་པ་རྣམས་ཀྱིས་འདོད་ཆགས་དང་བྲལ་བ་མི་འཐོབ་པོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ཟག་པ་ཟད་པ་ལ་


DTG210_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སུ་འགྱུར་ཏེ། མདོར་བསྡུ་ན་ཁམས་གསུམ་དུ་ཆོས་ཀྱི་འཁོར་ལོའི་གེགས་སུ་འགྱུར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྔ་པ་ནི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། དེ་ནི་བཞི་པ་ལས་གཞན་པ་ལྷག་མ་རྣམས་ལས་ཆེས་ལྕི་བའོ། །གསུམ་པ་ནི་དགྲ་བཅོམ་པ་གསོད་པ་སྟེ། དེ་ནི་ལྷག་མ་གསུམ་ལས་ཆེས་ལྕི་བའོ། །དང་པོ་ནི་མ་གསོད་པ་སྟེ་དེ་ནི་ཕ་གསོད་པ་ལས་ཆེས་ལྕི་བའོ། །མཚམས་མེད་པ་རྣམས་དམ་པར་མཛད་ནས་ནི་ཞེས་བྱ་བ་ནི་ངེས་པར་བཟུང་ནས་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་སྨིན་པ་རྒྱ་ཆེ་བ་ཞེས་བྱ་བ་ནི་དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ལས་གཞན་པའི་ལས་ཀྱི་རྣམ་པར་སྨིན་པ་སྐལ་བ་བར་མ་མ་ཡིན་ཞིང་མནར་མེད་པ་ཁོ་ནར་ཡང་མེད་ཡིན་པས་དགེ་འདུན་གྱི་དབྱེན་གྱི་བརྫུན་སྨྲ་བ་ཁོ་ནའི་རྣམ་པར་སྨིན་པ་རྒྱ་ཆེའི་གཞན་གྱི་ནི་མ་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེ་འཆི་བ་ཞེས་བྱ་བ་ནི། དྲང་སྲོང་རྣམས་ཀྱི་ཡིད་འཁྲུག་པ་ཙམ་གྱིས་དཎྜ་ཀའི་དགོན་པ་ལ་སོགས་པ་སྟོངས་པར་གྱུར་པའི་ཕྱིར་ཏེ། ལུས་ཀྱི་ལས་སམ་ངག་གི་ལས་ཀྱིས་ནི་དེ་ལྟར་སྐྱེ་བོའི་ཚོགས་ཕལ་པོ་ཆེ་འཆི་བར་མི་འགྱུར་རོ། །དགེ་བའི་རྩ་བ་ཀུན་ཏུ་གཅོད་པའི་དབང་དུ་མཛད་ནས་ཞེས་བྱ་བ་ནི་མི་དགེ་བ་གཞན་གྱིས་ནི་དེ་ལྟར་དགེ་བའི་རྩ་བ་དག་ཀུན་ཏུ་མི་གཅོད་དེ། ཀུན་ཏུ་སྤྱོད་པ་ཙམ་དང་འགལ་བའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་པ་ཞེས་བྱ་བ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་དང་མཚུངས་པར་ལྡན་པའོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་གཏན་དུ་གཏུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཀུན་ཏུ་སྦྱོར་བ་གཏུགས་པ་ནི་སྤངས་པའོ། །བར་ཆད་མེད་པ་ཁོ་ནར་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་དེ་དང་འདྲ་བས་ཆ་འང་བའི་རྣམ་པ་ཞེས་བྱ་སྟེ། དེ་ལྟ་མ་ཡིན་ན་མཚམས་མེད་པ་དག་ཁོ་ནར་འགྱུར་རོ། །མ་དགྲ་བཅོམ་པ་སུ་ན་བྱས་དང་ཞེས་བྱ་བ་འདི་ནི། མ་བསད་པ་དང་འདྲ་བ་ཡིན་ནོ། །ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསད་པ་ནི་ཕ་བསད་པ་དང་འདྲ་བ་ཡིན་ནོ། །སློབ་པ་བསད་པ་ནི་དགྲ་བཅོམ་པ་བསད་པ་དང་འདྲ་བ་ཡིན་ན། །དགེ་འདུན་གྱི་


DTG210_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བའི་སྒོ་འཕྲོག་པ་ནི་དགེ་འདུན་གྱི་དབྱེན་དང་འདྲ་བ་ཡིན་ཏེ། དགེ་འདུན་གྱི་འདུ་བའི་སྒོ་ནི་ནར་མ་ལ་སོགས་པ་དབྲོག་པའོ། །མཆོད་རྟེན་འཇིག་པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་འདྲའོ། །རྩེ་མོ་ལས་བཟོད་པ་ཐོབ་པ་ལ་ཞེས་བྱ་བ་ནི་རྩེ་མོའི་མཇུག་ཐོགས་སུ་བཟོད་པའི་ཚེ་སླར་ཡང་བདེན་པ་དག་ལ་རྣ་བ་གཏོད་པ་ལ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་རྣམས་ཀྱང་གནས་སྐབས་འདི་དག་ཏུ་གེགས་བྱ་བའི་ཕྱིར་ཉེ་བར་གནས་མོད་ཀྱི། འདིར་ནི་ལས་ཀྱི་གནས་སྐབས་ཡིན་པས་མ་བཤད་དོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང༌། མྱོང་བར་འགྱུར་བར་མ་ངེས་པའི་རྣམ་པར་སྨིན་པ་མ་ངེས་པ་མ་གཏོགས་སོ། །གང་ནས་བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ་བ་ནི། གང་ཞིག་གསོད་པ་ལས་ཕ་བསད་པའི་མཚམས་མེད་པ་དང་འདྲ་བར་འགྱུར་སྙམ་དུ་དགོངས་སོ། །ཡནྟཎ་འཁྲུལ་འཁོར་གྱིས་ལུས་དང་ངག་གི་འཇུག་པས། གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བར་གྱུར་པ་དག་དེ་ལ་བལྟོས་ནས་ཚར་གཅད་པའི་འཁྲུལ་འཁོར་གྱིས་སོ་ཞེས་ཟེར་རོ། །ཡ་ཡཱ་ཀཱ་ཡ་ན་ཙ་པྲ་བྲི་ཏྱ་བྲ་ར་སྱ་དུཿཁ་དཽ་རྨེ་ན་སྱ་བྷ་བ་ཏཿཏ་ད་པེཀྵ་ཡཱ་སྟ་ནི་ག་ཧོ་ཡནྟྲ་ཎ་ཏྱུ་ཙྱ་ཏེ། འདི་ནས་ཟེར་རོའི་བར་གྱི་ཊཱིཀ་ཡིན། སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ནས་ཞེས་བྱ་བ་ནི་མངོན་སུམ་མམ་ལྐོག་ཏུ་གྱུར་པས་སོ། །སྐྱོན་བཞི་པོ་འདི་དག་བཟློག་པར་བྱེད་ལ་ཞེས་བྱ་བ་ནི་བདེ་འགྲོ་ལ་སོགས་པ་ལས་བཟློག་སྟེ་བརྗོད་པར་བྱའོ། །ཡོན་ཏན་གཉིས་ནི་འཐོབ་བོ་ཞེས་བྱ་བ་ནི། ཚེ་རབས་དྲན་པ་ཉིད་དང་ཕྱིར་མི་ལྡོག་པ་ཉིད་དོ། །རེ་རེ་འང་བསོད་ནམས་བརྒྱ་ལས་སྐྱེས་ཞེས་བྱ་བ་འབྱུང་སྟེ། འདིར་སེམས་པ་བརྒྱས་བསོད་ནམས་བརྒྱ་ཞེས་བྱ་བའི་མིང་འཐོབ་སྟེ། དང་པོའི་སེམས་པ་ལྔ་བཅུ་འཕེན་ཅིང་མངོན་དུ་གྱུར་ལ། དེའི་མཇུག་ཏུ་ཡང་རྫོགས་པར་བྱེད་པ་ལྔ་བཅུ་མངོན་དུ་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ཁ་ཅིག་ན་རེ་ལས་ཀྱི་ལམ་བཅུའི་རྟེན་ཅན་དག་ཡིན་ཏེ། ལས་ཀྱི་ལམ་རེ་རེ་ལྔ་ལྔ་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བའི་སེམས་པ་དང༌། དེ་ལ་འགོད་པའི་སེམས་པ་དང༌། དེའི་བསྔགས་པ་བརྗོད་པའི་སེམས་པ་དང༌། དེའི་རྗེས་སུ་ཡི་རང་བའི་


DTG210_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་དང༌། སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བའི་སེམས་པ་སྟེ། ལོག་པར་ལྟ་བ་སྤོང་བའི་སེམས་པའི་བར་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱ་ལ། ཁ་ཅིག་ན་རེ། སྲོག་གཅོད་པ་སྤོང་བའི་སེམས་པ་ཆུང་ངུ་ལ་སོགས་པ་རྣམ་པ་ལྔ་ཐ་དད་པས་རྣམ་པར་འཐོར་བའི་བསམ་གཏན་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་ལྔས་སྲོག་གཅོད་པ་སྤོང་བ་དང་ལྡན་ཏེ། རྒྱུ་ལྔ་ནི་ལས་ཀྱི་ལམ་དངོས་ཡོངས་སུ་དག་པ་དང༌། ཉེར་བསྡོགས་ཡོངས་སུ་དག་པ་དང༌། རྣམ་པར་རྟོག་པས་མ་སྨས་པ་དང༌། དྲན་པས་ཡོངས་སུ་ཟིན་པ་ཉིད་དང༌། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཉིད་དེ་ལ་དམིགས་པའི་སེམས་པ་ལྔ་ལྔ་འབྱུང་ངོ༌། །ལས་ཀྱི་ལམ་བཅུ་ཆར་ལ་དམིགས་པ་དེ་དང་འདྲ་སྟེ། སེམས་པ་ལྔ་ཕྲག་བཅུ་ཡིན་ནོ། །དེ་རྣམས་ལན་གཉིས་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་རོ་ཞེས་ཟེར་རོ། །ཡང་ཇི་ལྟར་བཅོམ་ལྡན་འདས་དེ་དགེ་བའི་ལས་ཀྱི་ལམ་མ་འདྲེས་པ་བཅུ་ལས་ངེས་པར་སྐྱེས་པ་ལྟར་བདག་ཀྱང་དེ་དང་འདྲ་བར་ཤོག་ཅིག་སྙམ་དུ་དེ་དག་ལན་གཉིས་སུ་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་རྣམས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། སྐྱེ་བའི་སྐུ་དང་ཆོས་ཀྱི་སྐུའོ། །དེ་ལ་སྐྱེ་བའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ཉིད་དོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་དུ་གྱུར་པ་ལས་སེམས་པ་ལྔ་བཅུ་འབྱུང་ལ། བདག་ཀྱང་འདེ་འདྲ་བར་གྱུར་ཅིག་སྙམ་པའི་ལས་ཀྱང་གཞན་ལྔ་བཅུ་འབྱུང་སྟེ་དེ་ལྟར་ན་བསོད་ནམས་བརྒྱ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། འདོད་པའི་ཁམས་གནས་ཉི་ཤུ་དང༌། གཟུགས་ཀྱི་ཁམས་བཅུ་དྲུག་དང༌། གཟུགས་མེད་པ་བཞི་དང༌། གྲང་པའི་དམྱལ་བ་བརྒྱད་དོ། །དེ་ལྟར་ན་ཁམས་གསུམ་པ་རིམ་ནི་གནས་ཀྱི་ཁྱད་པར་བཞི་བཅུ་རྩ་བརྒྱད་ཡིན་ལ། དེ་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེའི་སེམས་སྐྱེ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་སེམས་པ་བཞི་བཅུ་རྩ་བརྒྱད་འབྱུང་ངོ༌། །དེའི་རྗེས་ལ་ཇི་ལྟར་


DTG210_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཁམས་གསུམ་པ་འདི་ལས་སེམས་ཅན་ངག་བཀྲོལ་བ་ལྟར་སྙམ་པ་དེ་ལྟ་བུའི་སེམས་པ་དང་སངས་རྒྱས་ལ་དམིགས་པའི་སེམས་པ་འབྱུང་ངོ༌། །དེའི་རྗེས་ལ་བདག་ཀྱང་དེ་དང་འདྲ་བར་འགྲོ་བར་བྱེད་པར་གྱུར་ཅིག་སྙམ་པ་བདག་ལ་དམིགས་པའི་སེམས་པ་གཉིས་པ་འབྱུང་བས་སེམས་པ་ལྔ་བཅུ་འབྱུང་ངོ༌། །ཡང་དེ་དག་ལན་གཉིས་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་བསོད་ནམས་བརྒྱ་ལས་སྐྱེས་པ་ཡིན་ནོ། །གཞན་དག་ན་རེ་མཚན་རེ་རེས་ཀྱང་རྒྱན་དུ་བྱེད་པས་སངས་རྒྱས་ཀྱི་སྐུའི་ཡུལ་ལ་དམིགས་པའི་སེམས་པ་བརྒྱ་མངོན་དུ་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔའ་ཉེ་བ་ནི་འཕེན་པའི་མཚན་ཉིད་ཅན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་ཚེ་བསྐལ་པ་གྲངས་མེད་པ་གསུམ་པ་ཡོངས་སུ་རྫོགས་ན་ཅིའི་ཕྱིར་གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་པ་དང༌། འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུངས་རྣམས་ཀྱིས་བར་ཆད་ཀྱི་དེ་མ་ཐག་ཁོ་ནར་མངོན་པར་རྫོགས་པར་སངས་མ་རྒྱས་ཞེས་བྱ་བ་འདི་བརྗོད་པར་བྱ་སྟེ། ཚོགས་ཡོངས་སུ་རྫོགས་པ་ནི་གཞེས་པར་མི་རིགས་སོ་ཞེ་ན། ཁ་ཅིག་ན་རེ་རིན་ཆེན་གཙུག་ཏོར་ཅན་དང་མར་མེ་མཛད་དང་འོད་སྲུངས་རྣམས་བསྐལ་པ་གྲངས་མེད་པ་དང་པོ་དང་གཉིས་པ་གསུམ་པའིའོ་ཞེས་ཟེར་རོ། །རྣམ་པར་གཟིགས་ལས་བསྐལ་པ་གྲངས་མེད་པ་གསུམ་པ་ཡོངས་སུ་རྫོགས་ཀྱི། རྣམ་པ་ཐམས་ཅད་དུ་ཚོགས་ཡོངས་སུ་རྫོགས་པ་ནི་མ་ཡིན་ཏེ། དེ་ལྟར་འོད་སྲུངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཚངས་པར་སྤྱོད་པ་ཤིན་ཏུ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིགས་སུ་སླར་འཁྲུངས་སོ་ཞེས་བྱ་བའི་མདོ་འདི་ཡང་ཚད་མར་གྱུར་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྫ་མཁན་གྱི་བུ་སྣང་བྱེད་ཅེས་བྱ་བར་གྱུར་པས། ཆུ་འཇམ་པོ་དང་བསྐུ་མཉེ་དང༌། ཞ་འབྲིང་ལ་སོགས་པ་དག་གིས་རིམ་གྲོ་བྱས་ནས་དང་པོ་སྨོན་ལམ་བཏབ་པའོ། །ཀུན་ལ་ཐམས་ཅད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་ཐོག་མར་ཐམས་ཅད་སྦྱིན་པར་མི་ནུས་ལ། ཐམས་


DTG210_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡང་མ་ཡིན་ཞིང༌། སྙིང་རྗེ་ཉིད་ཀྱིས་ཀྱང་མ་ཡིན་ནོ། །དེའི་འོག་ཏུ་ནི་གོམས་པའི་ཤུགས་དང༌། སྙིང་རྗེ་ཆེ་བས་སེམས་ཅན་ལ་སྦྱིན་པར་བྱེད་ཀྱི། ཐམས་ཅད་ནི་མ་ཡིན་ནོ། །གང་གི་ཚེ་ཐམས་ཅད་སྙིང་རྗེས་སྦྱིན་པར་བྱེད་ན་དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་ཚེ་འདིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་འཁྲུག་པ་མ་སྐྱེས་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ལ། གཞན་ལ་གནོད་པར་བྱེད་པའི་ལུས་དང་ངག་གི་ལམ་མི་འཇུག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ལྷ་ཡུལ་ས་ལ་མེད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྷ་ཡུལ་པ་ཞེས་བྱ་བ་ནི་བརྟན་པའི་ཚིག་གི་ཚུལ་དུ་བཤད་པ་ཡིན་ནོ། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུའི་གནས་ན་འང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཞེས་བྱ་བ་ནི་དེ་གསལ་བར་བྱ་བའི་བརྟན་པའི་ཚིག་དག་ཡིན་ཏེ། འཇིག་རྟེན་འདི་ན་ཞེས་བྱ་བ་ནི་མིའི་འཇིག་རྟེན་ནའོ། །རྣམ་ཐོས་བུའི་གནས་ན་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའི་གནས་ནའོ། །ལྷའི་ཕོ་བྲང་ཞེས་བྱ་བའི་ལྷའི་གནས་ཏེ། སུམ་ཅུ་རྩ་གསུམ་པའི་གནས་ན་ཞེས་བྱ་བའི་དོན་ཏོ། །གནས་མཆོག་དག་ན་ཞེས་བྱ་བ་ནི་འཐབ་བྲལ་ལ་སོགས་པའི་གནས་དག་ནའོ། །འཇིག་རྟེན་གྱི་ཁམས་དག་ན་ཡང་ཁྱོད་འདྲ་བ་མེད་པ་ཤེས་པར་བྱ་བའི་ཕྱིར། ཕྱོགས་དང་ཕྱོགས་མཚམས་དག་ན་མེད་ཅེས་བྱ་བ་སྨོས་སོ། །འོན་ཏེ་ཡིད་མི་ཆེས་ན་འགའ་ཞིག་གིས་རི་རྣམས་དང་ནགས་དག་ཏུ་བཅས་པའི་ས་སྟེང་རྒྱས་པ་སེམས་ཅན་མང་པོ་གནས་པ་ཉིད་ཀུན་ཏུ་མྱུལ་ཅིག །བདག་ཉིད་ཆོལ་ཅིག་ཅེས་པ་བར་བསམས་པ་ཡིན་ནོ། །བསྐལ་པ་དགུ་ཡང་བཟླུམས་སོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་གཅིག་གིས་བསྐལ་པ་དགུ་བཅུ་རྩ་གཅིག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྐལ་པ་དགུ་བཅུ་རྩ་གཅིག་འཕངས་


DTG210_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྔོན་རོལ་གྱི་དེ་མ་ཐག་ཅེས་བྱ་བ་ལ། དེ་ལ་ཁ་ཅིག་ན་རེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིའོ་ཞེས་ཟེར་རོ། །དེ་མ་ཐག་པ་ནི་རྣམ་པ་གཉིས་ཏེ། དེའི་ཕྱིར་འོག་རོལ་གྱི་དེ་མ་ཐག་པ་ལས་ཁྱད་པར་དུ་བྱེད་པའོ། །གཞན་དག་ན་རེ་དེ་ལྟར་རུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཁོ་ནར་དེ་ཡོངས་སུ་རྫོགས་ཏེ། ཟད་པ་ཤེས་པ་ཐོབ་པ་ཉིད་ཀྱིས་དེ་ཡོངས་སུ་རྫོགས་སོ་ཞེས་ཟེར་རོ། །ལུས་དང་ངག་གི་ལས་ནི་གསུམ་ཆར་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། རེ་ཞིག་སྦྱིན་པ་ནི་ལུས་དང་ངག་གི་ལས་ཀུན་སློང་དང་བཅས་ཞེས་འཆད་པར་འགྱུར་རོ། །དེ་ལ་ལུས་དང་ངག་གི་ལས་གང་ཡིན་པ་དེ་ནི་རྣམ་པ་གསུམ་ཆར་ཡིན་ཏེ། དགེ་བ་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་བྱ་བ་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པའི་རྟེན་ཡིན་པའི་ཕྱིར་གཞི་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་གང་ཡིན་པ་དེ་ནི་དགེ་བ་ཡིན་པའི་ཕྱིར་དང་ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་གཞན་ནི་དགེ་བ་ཡིན་པའི་ཕྱིར་བསོད་ནམས་ཁོ་ན་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་དང་ངག་གི་ལས་ཁོ་ན་ཡིན་པས་རྣམ་པ་གསུམ་ཆར་ཡིན་པའི་ཕྱིར་དང༌། ལས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་སེམས་པའི་རྟེན་ཡིན་པའི་ཕྱིར་གཞི་ཡང་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་བྱམས་པ་ནི་བསོད་ནམས་ཀྱང་ཡིན་ལ་བསོད་ནམས་བྱ་བའི་གཞི་ཡང་ཡིན་ཏེ། དེ་དང་མཚུངས་པར་ལྡན་པའི་སེམས་པ་ནི་བྱམས་པའི་རྟེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །བྱམས་པ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང༌། བསམ་གཏན་གྱི་སྡོམ་པ་ནི་བསོད་ནམས་ཀྱང་ཡིན་ལ་བྱ་བ་ཡང་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་ནི་བསོད་ནམས་ཁོ་ན་ཡིན་ནོ། །གང་གི་ཕྱིར་ཇི་ལྟར་སྦྱིན་པར་བྱེད་པ་དེ་ཡིས་སློབ་པ་དེ་ལྟར་སྦྱིན་པ་ལ་ཡང་བལྟ་བར་བྱའོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་


DTG210_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྒྲས་ནི་ཁྲོ་བ་དང་ཕྲག་དོག་དང་ང་རྒྱལ་དང་འགྲན་པ་ལ་སོགས་པ་བསྡུའོ། །ཚོགས་གང་གིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱིས་སོ། །བྱུང་བ་འདིར་རང་བཞིན་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནི། རྣམ་པར་འགྱུར་བ་ལ་སོགས་པ་དག་མ་ཡིན་པ་སྟོན་པའི་བྱེད་པའོ། །མཆོད་དང་ཕན་གདགས་འདོད་པ་ཡིས། །ཞེས་བྱ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་ལ་མཆོད་པར་འདོད་པས་སྦྱིན་པར་བྱེད་ལ། དེ་ལས་གཞན་པ་རྣམས་ལ་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པར་འདོད་པས་སོ། །བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དོན་གཉིས་མཐོང་ནས་སྦྱིན་པ་སྦྱིན་པར་བྱེད་དེ། བདག་ཉིད་ཀྱི་དགེ་བའི་ལས་བསགས་པའི་ཕྱིར་དང༌། ལེན་པ་པོའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པར་བྱ་བའི་ཕྱིར་རོ། །སྦྱིན་པ་པོ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་དང་བཅས་པ་དང་ཉོན་མོངས་པ་མེད་པའོ། །ཉོན་མོངས་པ་དང་བཅས་པ་ཡང་རྣམ་པ་གཉིས་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་མ་བྲལ་བའོ། །འདོད་ཆགས་དང་བྲལ་བ་ཡང་གཉིས་ཏེ་འཕགས་པ་དང་སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་ཡང་དེ་དང་འདྲ་བར་རྣམ་པ་གཉིས་ཡིན་ནོ། །དེ་ལ་འཕགས་པ་འདོད་ཆགས་དང་མ་བྲལ་བའམ། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བདག་ཉིད་ཁོ་ནའི་དོན་གྱི་ཕྱིར་ཡིན་ནོ། །དེས་ནི་དགེ་བའི་རྩ་བ་རྣམ་པ་གཉིས་བསགས་པར་འགྱུར་ཏེ། འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་དང་དོན་གྱི་མཆོག་ཐོབ་པའི་ཚོགས་སུ་གྱུར་པའོ། །འཕགས་པ་འདོད་ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་དག་ལ་སྦྱིན་པར་བྱེད་པ་ཞེས་བྱ་བ་ལ། དེའི་རྣམ་པར་སྨིན་པའི་ས་ལས་འདས་པའི་ཕྱིར། འཕགས་པ་འདོད་ཆགས་དང་བྲལ་བ་ལ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་མེད་ཀྱི། ལེན་པ་པོ་ལ་ནི་དེའི་སྒོ་ནས་འབྱུང་བ་ཆེན་པོ་རྒྱས་པ་ཡོད་པས་གཞན་གྱི་ཕྱིར་ཡིན་གྱི་རང་གི་དོན་ནི་འགའ་ཡང་མེད་དོ། །གང་ཞིག་ཉོན་མོངས་


DTG210_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་སེམས་ཅན་གཞན་ལ་སྦྱིན་པར་བྱེད་པ་དེ་ཡང་རྣམ་པ་གཉིས་ཏེ། དགེ་བའི་རྩ་བ་ཉེ་བར་སོག་པ་མེད་པའི་ཕྱིར་རང་གི་དོན་འགའ་ཡང་མེད་དེ་དེ་ནི་གཞན་གྱི་དོན་ཉིད་དོ། །ཉོན་མོངས་པ་དང་བཅས་པའི་སྲོག་ཆགས་རྣམས་ཀྱིས་ནི་གཉི་གའི་ཕྱིར་རོ། །ཉོན་མོངས་པ་མེད་པ་རྣམས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་བ་ནི་གཉི་གའི་ཕྱིར་མ་ཡིན་ནོ། །འདི་ནི་དགེ་བའི་རྩ་བ་སོག་པ་དང་མངོན་པར་སོགས་པ་རྣམ་པ་གཉིས་སུ་བཤད་དོ། །གང་ཞིག་འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་དང་བསོད་ནམས་བྱ་བའི་དངོས་པོ་ནི་སྦྱིན་པ་བྱིན་པས་སོ་ཞེས་བསམས་ཏེ། དེའི་ལུགས་ཀྱི་འཇུག་པ་ཉིད་རྒྱས་པར་བཤད་དོ། །གང་འདོད་ཆགས་དང་བྲལ་བའམ་སོ་སོ་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེའི་རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་བྱ་བ་ལ། འདོད་པའི་ཁམས་ནི་སྦྱིན་པའི་རྣམ་པར་སྨིན་པའི་ས་སྟེ། འཕགས་པ་འདོད་ཆགས་དང་བྲལ་བ་ནི་དེའི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདས་པ་ཡིན་ལ། སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་ནི་དེའི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་འདས་པ་མེད་དེ། ཡང་འདོད་པའི་ཁམས་སུ་འོང་བ་སྲིད་པའི་ཕྱིར་རོ། །དེ་ལྟར་ན་སོ་སོ་སྐྱེ་བོ་ཞེས་སྨོས་སོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པ་ཞེས་བྱ་བ་ལ། དེ་ལ་འཕགས་པ་འདོད་ཆགས་དང་བྲལ་བའི་ཡང་རང་གི་དོན་གྱི་ཕྱིར་ཡིན་ནོ། །ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤེས་རབ་དང་འདོད་ཆེན་ཆུང་བ་ལ་སོགས་པ་བསྡུའོ། །སྦྱིན་བ་པོ་ལ་ལ་ནི་རྒྱུ་དང་འབྲས་བུའི་འབྲེལ་པ་གཏན་ལ་མ་ཕེབས་པར་སྦྱིན་པར་བྱེད། ལ་ལ་ནི་ཐེ་ཚོམ་དང་རང་འདོད་ཀྱིས་སྦྱིན་པར་བྱེད། ལ་ལ་ནི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཏེ་སྦྱིན་པར་བྱེད། ལ་ལ་ནི་ཚུལ་ཁྲིམས་འཆལ་བཞིན་དུ་སྦྱིན་པར་བྱེད། ལ་ལ་ནི་དེ་བཞིན་གཤེགས་པའི་གསུང་རབ་མང་དུ་ཐོས་ནས་སྦྱིན་པར་བྱེད། ཁ་ཅིག་ནི་ཐོས་པ་ཆུང་བཞིན་དུ་སྦྱིན་པར་བྱེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། དེ་


DTG210_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་སྦྱིན་བདག་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པས་ཁྱད་པར་གྱི་འབྲས་བུ་འབྱིན་པ་ལ་ཁྱད་པར་དུ་འཕགས་པར་འགྱུར་རོ། །སྦྱིན་བདག་དེ་ལྟ་བུ་དེ་ནི། གུས་པ་ལ་སོགས་པས་སྦྱིན་པར་བྱེད་ཅེས་བྱ་བ་འདིས་ནི་སྦྱོར་བའི་ཁྱད་པར་ལས་ཀྱང་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་རོ། །ཁྱད་པར་བཞིར་འགྱུར་ཏེ་ཞེས་བྱ་བ་ལ། གུས་པར་སྦྱིན་པས་ནི་བཀུར་སྟི་རྙེད་པར་འགྱུར་རོ། །རང་གི་ལག་གིས་སྦྱིན་པས་ནི་ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར་རོ། །དུས་སུ་སྦྱིན་པས་ནི་གང་གི་ཚེ་ལོངས་སྤྱོད་ལོངས་སྤྱད་པར་ནུས་ཤིང་དུས་ལས་མི་ཡོལ་བར་དུས་སུ་རྙེད་པར་འགྱུར་རོ། །གཞན་ལ་མི་གནོད་པར་སྦྱིན་པས་ནི་ལོངས་སྤྱོད་རྒྱལ་པོ་དང༌། རྐུན་པོ་དང་ཤ་འཁོན་ཅན་དང༌། མེ་དང་ཆུ་དག་གིས་བར་ཆད་མེད་པ་རྙེད་པར་འགྱུར་རོ། །ཇི་ལྟར་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་སྦྱིན་བདག་དང་པ་ལ་སོགས་པ་དག་གིས་དད་པ་མེད་པ་དག་ལས་ཁྱད་པར་དུ་འཕགས་པ་དེ་བཞིན་དུ་གུས་པར་བྱས་ནས་སྦྱིན་པ་ལ་སོགས་པས་ཀྱང་མགུས་པ་ལ་སོགས་པ་དག་ལས་སྦྱིན་བདག་ཁྱད་པར་དུ་འཕགས་སོ། །དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ་ཞེས་བྱ་བ་ནི་གྲང་བའི་ཚེ་ནི་དྲོ་ལ་དྲོ་བའི་ཚེ་ནི་གྲང་ཞིང༌། ཐ་མལ་པའི་ཚེ་ནི་ཐ་མལ་པར་འདུག་པའོ། །འགྲོ་བས་ཞིང་ཁྱད་པར་དུ་འཕགས་པར་འགྱུར་ཏེ་ཡོན་ཏན་གྱིས་ནི་མ་ཡིན་ཏེ་ཚུལ་ཁྲིམས་འཆལ་པར་གྱུར་པའི་མི་ལ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནི་གང་གིས་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་འགྱུར་བ་མ་གཏོགས་པར་གཞན་ཡང་ཡོད་པ་མ་ཡིན་ནོ། །གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །འདི་ལྟར་རྫས་ལས་བྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་ལེན་པ་པོ་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པས་སྦྱིན་བདག་གི་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གཞལ་དུ་མེད་དོ་ཞེས་བྱ་བ་དང༌། དེ་བཞིན་དུ་


DTG210_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཏུ་ཞུགས་པ་ལ་བྱིན་ན་ཆེས་གཞལ་དུ་མེད་དོ་ཞེས་བྱ་བ་ནས། དེ་བས་ཀྱང་དགྲ་བཅོམ་པ་ལ་བྱིན་ན་ཆེས་གཞལ་དུ་མེད་པ་ཡིན་ན་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་བསྡུ་སྟེ། གཞལ་དུ་མེད་པ་བས་ཀྱང་གཞལ་དུ་མེད་པར་འགྱུར་ཏེ་གངྒཱ་དང་རྒྱ་མཚོའི་ཆུ་བཞིན་ནོ། །ཡང་ཇི་ལྟར་འདི་རྣམ་པར་སྨིན་པ་བརྒྱ་འགྱུར་རམ་སྟོང་འགྱུར་རམ་གཞལ་དུ་མེད་པར་འགྱུར་ཞེ་ན། བསོད་སྙོམས་པ་ལ་སོགས་པས་ལེན་པ་པོའི་ཚེ་ལ་སོགས་པ་དག་ཇི་ཙམ་འཕེལ་བ་དེ་བརྒྱ་འགྱུར་རམ་སྟོང་འགྱུར་རམ་དཔག་ཏུ་མེད་པར་ལྷ་དང་མི་དག་གི་ནང་དུ་སྦྱིན་བདག་གི་ཚེ་ལ་སོགས་པ་དག་མངོན་པར་འགྲུབ་པ་མིན་ཏེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་སྦྱིན་བདག་སྦྱིན་པ་པོས་ལེན་པ་པོ་དག་ལ་ཟས་སྦྱིན་པ་ན་གནས་ལྔ་སྦྱིན་པར་བྱེད་ཅེས་བྱ་བ་རྒྱས་པ་ནས་ཚེ་སྦྱིན་པས་ལྷ་དང་མིའི་ཚེ་ཐོབ་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་སོ། །འདི་ལྟ་སྟེ། ཕ་མ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕན་འདོགས་པ་དག་ལ་གནོད་པ་བྱས་པའི་འབྲས་བུ་མཐོང་བས་ལན་དུ་ཕན་འདོགས་པའི་འབྲས་བུ་རྗེས་སུ་དཔག་པར་བྱའོ། །དོམ་དང་རི་དྭགས་ལ་སོགས་པའི་སྐྱེས་རབས་ལ་སོགས་པ་དཔེར་བྱའོ་ཞེས་བྱ་བ་འབྱུང་ངོ༌། །འཇིག་རྟེན་ན་ཟང་ཟིང་གི་སྦྱིན་པ་ཐམས་ཅད་པས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་བཤད་པ་དེ་བཞིན་དུ་ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཀྱི་ནང་ནས་ཟང་ཟིང་གི་སྦྱིན་པ་འདི་ཡང་མཆོག་སྟེ་གྲོལ་བས་གྲོལ་བ་ལ་ཞེས་བྱ་བའོ། །འདི་ནི་སྦྱིན་བདག་དང་ལེན་པ་པོ་གཉི་ག་མཆོག་ཏུ་གྱུར་པའི་ཕྱིར་དང་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔས་ཞེས་བྱ་བ་ལ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་པའི་ཕྱིར་དང་སྙིང་རྗེས་རབ་ཏུ་བཅུག་པའི་ཕྱིར་དང༌། སྲེད་པས་ཡོངས་སུ་མ་ཟིན་པའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ནོ། །གཞན་དག་ན་རེ། གང་གི་ཚེ་ཉེ་བར་འཚོ་བར་ལྟུང་བར་ཞི་བར་བྱ་བའི་ཕྱིར་འབྱིན་པར་ཡང་མི་འཇིགས་པ་སྦྱིན་པའི་མཆོག་གོ་ཞེས་ཟེར་རོ། །སེམས་ཀྱི་རྒྱན་གྱི་དོན་ཅེས་བྱ་བ་ནི་


DTG210_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་དབང་བའི་དོན་ཏོ། །སེམས་ཀྱི་ཡོ་བྱད་ཅེས་བྱ་བ་ནི། ལམ་ཡན་ལག་བརྒྱད་པོ་རྣམས་སོ། །རྣལ་འབྱོར་གྱི་ཚོགས་ནི་རྣལ་འབྱོར་གྱི་རྒྱུའོ། །དོན་གྱི་མཆོག་ནི་མྱ་ངན་ལས་འདས་པའོ། །ཡང་ཇི་ལྟར་བརྒྱད་པ་བདེ་བླག་ཏུ་རྟོགས་པར་བྱ་ཞེ་ན། གང་གི་ཕྱིར་དོན་གྱི་མཆོག་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པའོ་ཞེས་སྟོན་པར་བྱའོ། །མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་ཞེས་བྱ་བ་ནི། ཆོས་དང་ཆོས་མ་ཡིན་པ་རབ་ཏུ་སྟོན་པར་བྱེད་པའོ། །ཆོས་ཀྱི་སྐུ་ཟག་པ་མེད་པ་ཞེས་བྱ་བ་ནི། ལམ་སྐྱེ་བའི་སྔོན་རོལ་ཏུ་ལུང་འབོགས་པ་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་ཞེས་བྱ་བ་སྨོས་སོ། །ནད་པ་ལ་ཡོན་གྱི་འབྲས་བུ་གཞལ་དུ་མེད་པ་ཞེས་བྱ་བ་འདི་ལ་རིག་པ་ཅི་ཞེ་ན། ཁ་ཅིག་ན་རེ་རྟག་ཏུ་སྐྱོ་བ་ཉིད་ཀྱིས་དགེ་བའི་ཆོས་ཀྱི་སྣོད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ལ་སངས་རྒྱས་ཁོ་ན་ཚད་མའོ་ཞེས་ཟེར་རོ། །ཞིང་ཞེས་བྱ་བ་ནི་གང་དུ་ཕན་པ་དང་གནོད་པ་དག་བྱེད་པའོ་ཞེས་བྱ་བ་ནི། སེམས་ཅན་དུ་བགྲང་བའི་དངོས་པོའམ་དེ་བཞིན་གཤེགས་པའི་མཆོད་རྟེན་ནོ། །འོ་ན་དེ་བཞིན་གཤེགས་པ་ཉིད་ཞིང་མ་ཡིན་ནམ་ཞེ་ན། མཆོད་རྟེན་ལ་ཕན་པ་དང་གནོད་པ་དག་ཀྱང་དེ་ལ་དམིགས་པའི་སྦྱོར་བར་ཞུགས་པའི་ཕྱིར། དེ་ལ་ཕན་པ་དང་གནོད་པ་དག་གིས་ཞིང་དུ་འགྱུར་རོ། །གཞི་ནི་ལས་ཀྱི་ལམ་མོ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་དོ། །ཇི་ལྟར་ལྕི་བར་འགྱུར་ཞེ་ན། དེའི་ཕྱིར་རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །མ་བྱིན་པར་བླངས་པ་ལ་སོགས་པས་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ཞེ་ན། ལ་ལ་ནི་སྦྱོར་བའི་ཁྱད་པར་ཁོ་ནས་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ། །ལ་ལ་ནི་སེམས་པའི་ཁྱད་པར་གྱིས་སོ། །ལ་ལ་ནི་བསམ་པའི་ཁྱད་པར་གྱིས་སོ། །བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ་ཞེས་བྱ་བ་ལ་བློ་སྔོན་དུ་མ་བཏང་བ་ནི་


DTG210_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དུ་མ་བསྟན་པ་ཡིན་ནོ། །བབ་ཅོལ་དུ་བྱས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་སྨྲ་བ་ལ་དྲག་ཏུ་བརྩད་པས་བརྫུན་སྨྲ་བ་ལྟ་བུ་མ་ཡིན་པའོ། །གཞན་དག་ན་རེ་འདི་ནི་བློ་སྔོན་དུ་མ་བཏང་བའི་རྣམ་གྲངས་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་ཉེས་པར་སྤྱད་པ་གཅིག་གིས་ཞེས་བྱ་བ་ནི་ལུས་དང་དག་དང་ཡིད་ཀྱི་ཉེས་པར་སྤྱད་བ་རྣམས་ལ་ཡང་རུང་བས་སོ། །ཁ་ཅིག་ནི་གསུམ་གྱི་བར་གྱིས་ཞེས་བྱ་བ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་ལ་སོགས་པ་མཐའ་དག་གིས་སོ། །གཉེན་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་བཤགས་པ་ལ་སོགས་པའི་གཉེན་པོ་མེད་པའི་ཕྱིར་རོ། །མི་དགེ་བ་ལ་འཁོར་ཡང་མི་དགེ་བ་ཡིན་ཞེས་བྱ་བ་ནི་དཔེར་ན་གང་ཞིག་མ་བྱིན་པར་བླངས་ནས་གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་པ་ལྟ་བུའོ། །རྣམ་པར་སྨིན་པ་ལ་ཇི་ལྟ་བུ་ཞེ་ན། གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པར་འགྱུར་རོ། །དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི། །བསམས་བཞིན་པ་དང་རྫོགས་པ་དང༌། །མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་བྱ་བ་སྟེ། ཆེད་དུ་བསམས་ནས་བྱས་པ་ཡིན་གྱི། བློ་སྔོན་དུ་མ་བཏང་བ་ནི་མ་ཡིན་ཏེ། དཔེར་ན་རྡོ་སྦྱིན་པར་བྱའོ་སྙམ་སྟེ་གསེར་གྱི་གར་བུ་སྦྱིན་པར་བྱེད་པ་ལྟ་བུ་མ་ཡིན་པའོ། །དེ་ནི་བློ་སྔོན་དུ་མ་བཏང་བས་ལུང་དུ་མ་བསྟན་པར་འགྱུར་ཏེ། དེ་ནི་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ནོ། །བློ་སྔོན་དུ་བཏང་ཟིན་ཀྱང་བབ་ཅོལ་དུ་ཡིན་ན་ནི་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ཏེ། དཔེར་ན་སྨྲ་བ་ལ་དྲག་ཏུ་བརྩད་པས་བདེན་པ་སྨྲ་བ་བཞིན་ནོ། །རྫོགས་པ་ཇི་ལྟ་བུ་ཞེ་ན། ཁ་ཅིག་ནི་ལེགས་པར་སྤྱད་པ་གཅིག་གིས་བདེ་འགྲོར་འགྲོ་ལ། ཁ་ཅིག་ནི་གསུམ་གྱི་བར་གྱིས་འགྲོ་བ་དང༌། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་བདེ་འགྲོར་འགྲོ་ལ། ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་ལ་གང་ཞིག་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་མ་བྱས་ན་ལས་དེ་བྱས་པ་ཡིན་གྱི་བསགས་པ་ནི་མ་ཡིན་ནོ། །རྫོགས་པ་ནི་བསགས་པ་ཡིན་ནོ། །ལས་དེ་ནི་ཡིད་ལ་གཅགས་པ་མེད་པ་ཡང་ཡིན་ཏེ། འགའ་ཞིག་དགེ་བ་བྱས་ནས་


DTG210_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགྱོད་པར་འགྱུར་བ་དེ་ནི་བྱས་པ་ཡིན་གྱི་བསགས་པ་མ་ཡིན་ནོ། །གཉེན་པོ་མེད་པ་ནི་སྦྱིན་པ་བྱིན་ནས་མི་སྨོད་པ་ནའོ། །དགེ་བ་ལ་ཡང་འཁོར་དགེ་བ་ཡིན་ཏེ། ཕྱིན་ནས་དེའི་རྗེས་སུ་ཡི་རང་བའི་ཕྱིར་རོ། །གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པ་ངེས་པ་ཡང་ཡིན་ཏེ་མ་ངེས་པ་ནི་བྱས་པ་ཡིན་གྱི་བསགས་པ་མ་ཡིན་ནོ། །མི་བཟོད་ནས་སྨྲས་པ་ནི་ལོངས་སྤྱོད་པ་བྱེད་པར་མེད་ན། ཇི་ལྟར་བསོད་ནམས་འགྱུར་ཞེས་བྱ་བ་སྟེ། སུ་ལ་ཡང་ཕན་བཏགས་པ་མེད་པའི་ཕྱིར་རོ། །ལོངས་སྤྱོད་པ་བྱེད་པ་ཡོད་ན་ནི་སྦྱིན་པར་བྱ་བའི་ཆོས་དེ་ལས་དེའི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་བཏགས་པས་སྦྱིན་བདག་ལ་བསོད་ནམས་སུ་འགྱུར་བར་རིགས་སོ། །གལ་ཏེ་ཁོ་བོ་ཅག་ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བ་ཁོ་ན་སྦྱིན་བདག་གི་བསོད་ནམས་སུ་ཁས་ལེན་ན་ནི་འདི་དེ་ལྟར་འགྱུར་བ་ཞིག་གོ །འོ་ན་ཅི་ཞེ་ན། བསོད་ནམས་ནི་རྣམ་པ་གཉིས་ཏེ། གཏོང་བའི་རྒྱུ་ལས་བྱུང་བ་དང༌། ཡོངས་སུ་ལོངས་སྤྱོད་པ་ལས་བྱུང་བའོ། །བྱུང་བ་ནི་རྒྱུ་དང་བྱེད་རྒྱུ་དང༌། རྒྱུ་མཚན་ཞེས་བྱ་བ་རྣམ་གྲངས་སོ། །ཡོངས་སུ་གཏོང་བའི་རྒྱུ་མཚན་ཞེས་བྱ་ནི་ཡོངས་སུ་ལོངས་སྤྱོད་པའི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དངོས་པོ་ཡོངས་སུ་ལོངས་སྤྱོད་པ་མེད་ཀྱང། མཆོད་རྟེན་ལ་གཏོང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་སུ་འགྱུར་རོ། །དངོས་པོ་ཡོངས་སུ་གཏོང་བ་ལ་ནི་དེའི་འོག་རོལ་ཏུ་དངོས་པོ་དེ་ལ་ཡོངས་སུ་ལོངས་སྤྱོད་པ་ཡོད་དམ་མེད་ཀྱང་བླ་སྟེ། མ་ཆགས་པ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། ལྷན་ཅིག་པར་གྱུར་པའི་སེམས་པ་གདོན་མི་ཟ་བར་འགྱུར་རོ། །དེ་ལྟར་མ་ཡིན་ན་ནི་གང་གིས་དགེ་འདུན་དང་གང་ཟག་ལ་སོགས་པ་དག་ལ་ཕུལ་བའི་དངོས་པོ་ཡོངས་སུ་ལོངས་སྤྱོད་པ་ཁོ་ན་བརླག་པར་འགྱུར་བ་དེའི་གཏོང་བ་དོན་མེད་པར་འགྱུར་ཏེ། བསོད་ནམས་ཀྱི་འབྲས་བུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ལེན་པ་སུ་ཡང་མེད་ན་ཇི་ལྟར་བསོད་ནམས་ཡིན་ཞེ་ན། རེ་ཞིག་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ཡོངས་སུ་མཛད་དོ། །ཞེས་འདི་ནི་བཤད་ཟིན་ཏོ། །བྱམས་པ་ལ་སོགས་པ་ཚད་མེད་པ་དང་ཡང་དག་པའི་ལྟ་བ་བསྒོམས་པས་ཞེས་བྱ་བ་འབྱུང་སྟེ། །བྱམས་པ་ལ་


DTG210_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ནི་སེམས་ཅན་བདེ་བར་གྱུར་ཅིག་སྙམ་དུ་བསམ་པ་དགེ་བའི་ཕྱིར་དང་ཞེ་སྡང་མེད་པའི་སྦྱོར་བ་ཡིན་པའི་ཕྱིར་དེ་ཙམ་གྱིས་འགའ་ཞིག་ལ་བདེ་བས་ཕན་བཏགས་པ་ཡང་མ་ཡིན་ལ་དེ་ལ་ལེན་པར་བྱེད་པ་འགའ་ཡང་མེད་མོད་ཀྱི། མོས་པའི་དབང་གིས་བསོད་ནམས་མཆོག་ཏུ་འབྱུང་བ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་སྙིང་རྗེ་ལ་གནས་པའི་ཡང་ཡིན་ཏེ། དེ་ཕྱིར་བྱམས་པ་ལ་སོགས་པ་བཞིན་དུ་ལེན་པ་མེད་པའི་མཆོད་རྟེན་ལ་ཡང་དེའི་ཡོན་ཏན་ལ་ལྷག་པར་མོས་པའི་རང་གི་སེམས་ཁོ་ན་ལས་བསོད་ནམས་སུ་མངོན་པར་འདོད་པར་བྱའོ། །སྦྱིན་པ་དང་མཆོད་པར་བྱ་བ་དོན་མེད་པ་ཡང་མ་ཡིན་ཏེ། ལས་དེ་ཀུན་ནས་སློང་བར་བྱེད་པའི་དད་པ་ནི་ཆེས་མཆོག་ཡིན་པའི་ཕྱིར་རོ། །སྦྱིན་པ་དང་མཆོད་པར་བྱ་བའི་བྱ་བ་སེམས་པའི་དད་པ་གང་ཡིན་པ་དེ་མཆོག་ཉིད་ཡིན་པ་ནི་ལུས་དང་ངག་རབ་ཏུ་འཇུག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ལ་ཕན་བཏགས་པ་དང་གནོད་པ་ལ་བལྟོས་པའམ། ལེན་པར་བྱེད་པ་ལ་བལྟོས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་དགེ་བ་དང་མི་དགེ་བ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དགེ་བ་དང་མི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་ལ་བལྟོས་ནས་ཡིན་ནོ། །དེ་ལྟ་མ་ཡིན་ན་གཞན་ལ་གནོད་པ་བྱ་བའི་ཕྱིར་གོས་དང་ཟས་དང་དུག་ལ་སོགས་པའི་སྦྱིན་པར་བྱེད་པ་ལ་ཡང་བསོད་ནམས་སུ་འགྱུར་ཏེ། དེ་ན་ཡང་ལེན་པ་པོ་དང་གཞན་ལ་ཕན་བཏགས་པ་ཡོད་པ་ཡིན་ནོ། །གལ་ཏེ་ཞིང་བཟང་པོ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གཅེར་བུ་པ་དག་ཆོམ་རྐུན་ལ་སོགས་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་ཏེ། སྦྱིན་པའི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་ནི་ཞིང་གི་དབང་གིས་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཅེར་བུ་པ་རྣམས་ཀྱི་ཆོས་འདི་ནི་ཉེས་པར་བཤད་པ་ཞིག་སྟེ། འདི་ལྟར་ན། ངན་པའི་ཞིང་ལའང་འབྲས་ཡིད་འོང་ཞེས་བྱ་བ་འབྱུང་ངོ༌། །ཞིང་གི་དབང་གིས་འབྲས་བུ་ཡིད་དུ་འོང་བར་འགྱུར་རོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། འབྲས་བུ་མཆོག་ཡིན་པར་སྨྲ་སྟེ། ཇི་ལྟར་སྲོག་གཅོད་པ་ནི་ཞིང་བཟང་ངམ་ངན་ཡང་རུང་སྟེ། ཐམས་ཅད་དུ་འབྲས་བུ་ཡིད་དུ་


DTG210_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་བ་ཡིན་པ་དེ་བཞིན་དུ། སྦྱིན་པ་ཡང་ཞིང་བཟང་ངམ་ངན་ཡང་རུང་སྟེ་ཐམས་ཅད་དུ་འབྲས་བུ་ཡིད་དུ་འོང་བ་ཁོ་ན་ཡིན་ནོ། །ཞིང་གི་ཁྱད་པར་གྱིས་ནི་འབྲས་བུ་ཆེ་བའམ་ཆུང་བའམ་འབྲས་བུ་མེད་པར་འགྱུར་གྱི་འབྲས་བུ་ཡིད་དུ་མི་འོང་བར་ནི་མི་འགྱུར་རོ། །འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། ཞེས་བྱ་བ་ནི་འཆལ་པའི་ཚུལ་ཁྲིམས་ལུས་དང་ངག་གི་རང་བཞིན་ཡིན་པའི་ཕྱིར་ཏེ། དེ་ནི་སྲོག་གཅོད་པ་སྦྱོར་བ་དང་མཇུག་དང་བཅས་པ་ནས་ཚིག་ཀྱལ་བའི་བར་ཡིན་ནོ། །དེའི་ཕྱིར་མི་དགེ་བའི་གཟུགས་སྤོང་བ་དེ་ནི་ཚུལ་ཁྲིམས་ཡིན་ནོ། །ཡང་འཆལ་བའི་ཚུལ་ཁྲིམས་སྤོང་བ་ཁོ་ན་ཚུལ་ཁྲིམས་ཡིན་ནམ་ཞེ་ན་སྨྲས་པ་མ་ཡིན་ཏེ་སངས་རྒྱས་ཀྱིས་ནི་བཅས་པ་ཡང་ངོ༌། །དུས་མ་ཡིན་པའི་ཟས་ཟ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་རྣམ་པ་གཉིས་ཀྱང་ཚུལ་ཁྲིམས་ཡིན་ནོ། །བསླབ་པ་མནོས་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ནི་རང་བཞིན་གྱིས་འཆལ་བའི་ཚུལ་ཁྲིམས་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ནི་བསླབ་པ་མནོས་པ་གང་ཡིན་པ་དེ་ལ་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་རོ། །བཟློག་པས་མ་དག་པའོ་ཞེས་བྱ་བ་ནི། གང་ཡང་རུང་བ་མ་ཚང་བ་དང་མ་དག་པ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་འཆལ་བའི་ཚུལ་ཁྲིམས་ཀྱིས། ཞེས་རྒྱས་པར་འབྱུང་བ་ལ། འཆལ་པའི་ཚུལ་ཁྲིམས་ནི་ཆེད་དུ་བསམས་ནས་ལྟུང་བ་ཕྱུང་བའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ནི་ཆགས་པ་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །ཚུལ་ཁྲིམས་དེ་ཉིད་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཏེ། དེ་དང་རྗེས་སུ་མཐུན་པའི་ཕྱིར་དང་ཕན་འདོགས་པའི་ཕྱིར་ཚུལ་ཁྲིམས་འཆལ་བའི་གཉེན་པོ་ལ་བརྟེན་པ་ཡིན་ནོ། །ལས་ཀྱི་ལམ་གྱིས་རྣམ་པར་དག་པ་ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་ལ་སྤྱད་པ་དག་གིས་ཉམས་པར་མ་བྱས་ཞེས་བྱ་བའི་དོན་ཏོ། །ཉེར་བསྡོགས་དག་གི་རྣམ་པར་དག་པ་ཞེས་བྱ་བ་ནི། ལས་ཀྱི་ལམ་གྱི་ཉེར་བསྡོགས་ཅུང་ཟད་ཀྱང་སྤྱད་པར་མ་གྱུར་པའོ། །རྣམ་པར་རྟོག་པ་རྣམས་ཀྱིས་འང་ན་མ་བྱུང་


DTG210_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་མི་དགེ་བ་རྣམས་ཀྱིས་དྲི་མ་ཅན་དུ་མ་བྱས་ཞེས་བྱ་བའི་དོན་ཏོ། །དྲན་པས་ཡོངས་སུ་གཟུང་བ་ཞེས་བྱ་བ་ནི། ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བཞེས་བརྟན་པར་བྱས་ཞེས་བྱ་བའི་ཚིག་གོ །འཚོ་བ་མེད་པ་དང་ཚིགས་སུ་བཅད་པ་མེད་པ་དང་ཆད་པ་དང་ངན་འགྲོས་འཇིགས་ནས་ཞེས་བྱ་བ་ལ། འཇིགས་པ་ཞེས་བྱ་བའི་སྒྲ་ནི་འཚོ་བ་མེད་པའི་འཇིགས་པ་དང༌། ངན་འགྲོས་འཇིགས་པའི་བར་དུ་སྟེ་རེ་རེ་དང་སྦྱར་བར་བྱའོ། །སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་པ་ཞེས་བྱ་བ་ལ། འདིར་ཆགས་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་བར་བྱ་སྟེ། སྲིད་པ་ལ་ཆགས་པ་དང༌། དེ་བཞིན་དུ་ལོངས་སྤྱོད་ལ་ཆགས་པ་དང་བཀུར་སྟི་ལ་ཆགས་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པ་ནི་ཞི་གནས་དང་ལྷག་མཐོང་གི་རྟེན་གྱི་དོན་ཅན་ནོ། །ཡང་དག་པའི་ལྟ་བ་རྣམས་ཐར་པའི་དོན་དུ་ཞེས་བྱ་བ་ནི་མུ་སྟེགས་ཅན་དགག་པའི་ཕྱིར་ཏེ། དེ་དག་ནི་ཐར་པ་དོན་དུ་གཉེར་བ་ཡིན་པ་ཡང་ཡང་དག་པའི་ལྟ་བ་ཅན་མ་ཡིན་ནོ། །དྲི་མ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་ཞེས་པའོ། །མཉམ་པར་གཞག་པའི་དགེ་བ་དེ་ནི་ཞེས་བྱ་བ་ལ། མཉམ་པར་གཞག་པ་སྨོས་པ་ནི་མཉམ་པར་མ་བཞག་པའི་དགེ་བ་བཟློག་པའི་ཕྱིར་རོ། །དགེ་བ་སྨོས་པ་ནི་མཉམ་པར་གཞག་པ་རོ་མྱང་བ་དང་མཚུངས་པར་ལྡན་པ་བཟློག་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་རང་བཞིན་དང་དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་རང་བཞིན་དང་ཏིང་ངེ་འཛིན་དང་ལྷན་ཅིག་འབྱུང་བ་ཞེས་བྱའི། ཤིན་ཏུ་ཡང་ཞེས་བྱ་བ་ནི་མཉམ་པར་གཞག་པ་མ་ཡིན་ཡང་བསྒོམ་པར་ནི་བྱེད་མོད་ཀྱི། མཉམ་པར་གཞག་པ་བཞིན་དུ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་རྒྱུད་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །མེ་ཏོག་རྣམས་ཀྱིས་ཏིལ་ལ་བསྒོས་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་མེ་ཏོག་གི་དྲིའི་བདག་ཉིད་དུ་བྱེད་པའི་ཕྱིར་མེ་ཏོག་རྣམས་ཀྱིས་ཏིལ་ལ་བསྒོ་བར་བྱེད་པ་བཞིན་ནོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་


DTG210_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་བྱ་བ་ནི། སྔོན་མ་བཞེངས་པའི་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བཞེངས་པ་ནི་ཚངས་པའི་བསོད་ནམས་བསྐྱེད་དོ། །ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བར་བྱེད་པ་དང་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པར་བྱེད་པ་དང་དེ་ཉིད་དུ་བསོད་སྙོམས་ནར་མ་ཤོམ་པར་བྱེད་པ་ནི་ཚངས་པའི་བསོད་ནམས་སྐྱེད་པར་བྱེད་དོ། །དགེ་འདུན་བྱེ་བ་བསྡུམ་པར་བྱེད་པ་ནི་ཚངས་པའི་བསོད་ནམས་སྐྱེད་པར་བྱེད་དོ། །བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་ནས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་མོས་ཏེ་ཁྱད་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ནི་ཚངས་པའི་བསོད་ནམས་སྐྱེད་དོ་ཞེས་བྱ་བའོ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ཞེས་བྱ་བ་ལ། བསོད་ནམས་ཀྱི་འབྲས་བུ་ནི་བསོད་ནམས་ཏེ་འདི་ལྟར་སྨྲ་བར་བྱེད་པ་ཡོད་དོ། །བསོད་ནམས་ནི་དྲིའོ་བསོད་ནམས་ནི་རླུང་ངོ་ཞེས་བྱ་བ་རྟོག་པར་བྱའོ། །དེའི་ཆ་ནི་ཐོབ་པ་སྟེ་དེ་ལ་ཕན་པ་བསོད་ནམས་ཀྱི་རྣམ་པ་སྟེ། བསོད་ནམས་ཀྱི་རྣམ་པ་ནི་བསོད་ནམས་ཀྱི་ཆ་དང་མཐུན་པའོ། །ཆོས་ཀྱི་ཆ་དང་མཐུན་པ་ཇི་ལྟ་བ་དེ་བཞིན་ཞེས་བྱ་བ་ལ། ཆ་ནི་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའིའོ། །དེ་ལ་གཞན་དག་ན་རེ་བསོད་ནམས་ཀྱི་ཆ་ཁོ་ན་བསོད་ནམས་ཀྱི་ཆ་དང་མཐུན་པ་སྟེ། བསོད་ནམས་ལ་བརྟེན་པས་ན་བསོད་ནམས་ཀྱི་ཆ་དང་མཐུན་པའོ་ཞེས་ཟེར་རོ། །ཡང་ཆ་གཉིས་ཏེ། ཐར་པའི་ཆ་དང་འཁོར་བའི་ཆའོ། །དེ་ལ་ཐར་པའི་ཆ་ལ་ཕན་པ་ནི་ཐར་པའི་ཆ་དང་མཐུན་པ་སྟེ། དེའི་ཐོབ་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཐར་པའི་ཆ་ནི་ཐར་པ་ཐོབ་པའོ། །དེ་ལ་ཕན་ཚུན་ཕན་པས་སྦྱོར་བ་དང་བཅས་པའི་ལམ་འདྲེན་པའི་ཕྱིར་རོ། །ཐར་པའི་ཆ་དང་མཐུན་པས་ཐར་པ་ལ་བརྟེན་པས་ཐར་པའི་ཆ་ནི་ཐར་པའི་ཆ་དང་མཐུན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ། ཆ་ནི་གཉིས་ཏེ། ངེས་པར་འབྱེད་པའི་ཆ་དང་དེ་ལས་གཞན་པའི་ལམ་མོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། ངེས་པར་འབྱེད་པ་ལ་བརྟེན་པས་ངེས་པར་འབྱེད་པའི་ཆ་སྟེ། ངེས་པར་འབྱེད་པ་ཉིད་ངེས་པར་འབྱེད་


DTG210_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་དང་མཐུན་པའོ། །ཐར་པའི་ཆ་དང་མཐུན་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཉམ་པར་གཞག་པ་ཉིད་དང་ཉ་བ་ཉིད་ཀྱིས་ཁྱད་པར་དུ་འཕགས་སོ། །གང་འདི་འཇིག་རྟེན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ནི་ལས་བརྟེན་པ་ལས་ཏེ་འདི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཐེ་ཚོམ་འདྲི་བར་བྱེད་པ་ནི་ཀུན་སློང་ཞེས་བྱ་བ་སྟེ། ཀུན་དང་བཅས་པས་ཀུན་སློང་སྟེ། སེམས་དང་སེམས་ལས་བྱུང་བའི་ཚོགས་པའོ། །ཡི་གེ་ནི་ཡིག་འབྲུ་མ་ཡིན་གྱི་ལས་གང་གིས་དེ་དག་འདྲི་བར་བྱེད་པ་དེ་ཡིག་འབྲུ་ཡིན་ལ། གང་ལ་རྐོ་བ་ནོར་བུ་དང་ར་ལ་སོགས་པ་དེ་ཡང་རྒྱ་མ་ཡིན་གྱི། ལུས་ཀྱི་ལས་གང་གིས་རྐོ་བ་དེ་རྒྱ་ཡིན་ཏེ། ཡི་གེ་དག་དང་བརྐོས་པ་ནི་འབྲས་བུ་ལ་རྒྱུ་བཏགས་པས་ཡིག་འབྲུ་དང་རྒྱ་ཞེས་བྱ་བར་འགྱུར་རོ། །ཡིད་ཀྱི་ཆོས་རྣམས་སྡོམ་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཉིད་དུ་གཅིག་གཉིས་གསུམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་བགྲང་བའོ། །ལས་ཀྱི་སྐབས་ཡིན་པས་དེ་ནི་ཆོས་རྣམས་ཀྱི་རྣམ་གྲངས་ཞེས་བྱ་བ་སྨོས་ཏེ། མ་རྨོངས་པར་བྱ་བའི་ཕྱིར་ཆོས་མངོན་པ་ལས་ཉོན་མོངས་པ་ཅན་གྱི་ཆོས་དང༌། གྱ་ནོམ་པ་དང་བརྟེན་པར་བྱ་བའི་ཆོས་ཞེས་བྱ་བ་འབྱུང་བའི་རྣམ་གྲངས་དེ་དག་བསྟན་ཏོ། །ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ནི་སྨད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པས་བསྒྲིབ་པའི་ཕྱིར་རམ་ཐར་པའི་ལམ་གྱི་གེགས་ཡིན་པའི་ཕྱིར་བསྒྲིབས་པའོ། །འཕགས་པ་རྣམས་ཀྱིས་བོར་བའི་ཕྱིར་རམ་རྣམ་པར་སྨིན་པ་ངན་པའི་ཕྱིར་ངན་པའོ། །གྱ་ནོམ་པ་ཞེས་བྱ་བ་ནི་དག་པ་རབ་ཏུ་གྱུར་པའི་ཕྱིར་རོ། །ངན་པ་དང་གྱ་ནོམ་པ་དག་ལས་གཞན་པ་ནི་བར་མ་ཞེས་བྱ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་ཀྱང་དགེ་བ་ཟག་པ་དང་བཅས་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ལྷག་པ་རྣམས་ནི་བརྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ལ། དེ་དག་ནི་ཉོན་མོངས་པ་ཅན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་འདུས་མ་བྱས་སོ། །གོམས་པ་བྱར་མི་རུང་བའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་དུ་བྱར་མི་རུང་བའི་ཕྱིར་དང༌། རང་གི་རྒྱུད་ལ་བསྐྱེད་དུ་མེད་པའི་ཕྱིར་


DTG210_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཆོས་གང་ཞིག་རྒྱུད་ལས་ཡང་དང་ཡང་དུ་བསྐྱེད་པར་བྱ་བ་དེ་ནི་བརྟེན་པར་བྱ་བ་ཞེས་བརྗོད་དེ་དཔེར་ན་ལམ་བཞིན་ནོ། །འབྲས་བུའི་ཕྱིར་བརྟེན་པར་བྱ་བ་ཡིན་ནོ། འདུས་མ་བྱས་ནི་འབྲས་བུ་མེད་པས་བརྟེན་པར་བྱ་བ་མ་ཡིན་ནོ། །ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་གྱི་ཞེས་བྱ་བ་ནི། ཡུལ་དུ་བྱུང་བ་དང་བཅས་པ་ཡིན་ཏེ། །དེ་དག་ཀྱང་འདུས་བྱས་ཐམས་ཅད་དང༌། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །ཐར་པ་བླ་ན་མེད་པ་ཡིན་ཞེས་བྱ་བ་ནི་ཕུལ་དུ་ད་བྱུང་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ །དགེ་བ་དང་རྟག་པའི་ཕྱིར་ཞེས་བྱ་བ་ལ། དགེ་བ་ཡིན་པའི་ཕྱིར་ལུང་མ་བསྟན་ལས་དང༌། འདུས་མ་བྱས་པ་ཡིན་པའི་ཕྱིར་འདུས་བྱས་ལས་ཀྱང་སྟེ། ཉོན་མོངས་པ་ཅན་དང་ལུང་མ་བསྟན་ལས་ཁྱད་པར་དུ་འཕགས་སོ། །རྟག་པའི་ཕྱིར་འདུས་བྱས་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཏེ། དེ་ཉིད་ཀྱི་ཕྱིར་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་དེའི་ཕྱིར་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱའོ། །སློབ་དཔོན་བཙུན་པ་བློ་གྲོས་བརྟན་པས་ཉེ་བར་བཀོད་པ་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས་མཛོད་ཀྱི་གནས་བཞི་པ་ལས་བསྟན་པ་ཞེས་བྱ་བ་རྫོགས་པའོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་ཞེས་བཤད་པ་ཞེས་བྱ་བ་སྨོས་ཏེ། ཐལ་མ་ཐག་པའི་མཛོད་ཀྱི་གནས་ལས། གང་འཇིག་རྟེན་སྣ་ཚོགས་པ་འདི་ནི་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་བློ་སྔོན་དུ་བཏང་སྟེ་འདོད་རྒྱལ་དུ་བྱས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལས་རྣམས་སྲིད་པ་འཕེན་པ་དང་འགྲུབ་པ་ལ་རྒྱུར་གྱུར་པའི་ཕྱིར་ལས་ལས་སྐྱེས་ཞེས་རྒྱས་པར་བསྟན་པ་ཡིན་ནོ། །འོ་ན་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམས་ཀྱིས་དགེ་བའི་ལས་དག་བྱེད་པས་འདི་དག་གིས་སྲིད་པ་མངོན་པར་མི་འཕེན་ཞིང་མངོན་པར་མི་འགྲུབ་པ་མ་ཡིན་ནམ་ཞེ་ན། ལས་ཙམ་གྱིས་མངོན་པར་འགྲུབ་པ་དང་འཕེན་པར་མི་འདོད་ཀྱི། ལས་དེ་དག་ཕྲ་རྒྱས་ཀྱི་དབང་གིས་ཉེ་བར་བསགས་པར་གྱུར་པ་ལས་ཇི་སྐད་བཤད་པའི་མཚན་ཉིད་དང་


DTG210_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དབྱེ་བ་རྣམས་དང་ལྡན་པ་རྣམ་པར་སྨིན་པར་ངེས་པར་གནས་ཏེ། རྣམ་པར་སྨིན་པ་འཕེན་ནུས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དག་ལས་ཕྲ་རྒྱས་རྣམས་ཁོ་ན་དང་པོར་བཀོད་དོ། །གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་ལ་ཡང་ཅིའི་ཕྱིར་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་ཏེ། དེ་ལ་ཡང་ཡང་སྲིད་ཀྱི་རྣམ་པར་སྨིན་པ་འཕེན་པའི་ལས་དགེ་བ་དང་མི་དགེ་བ་དུ་མ་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ། དགྲ་བཅོམ་པ་ལ་ནི་ལས་ཡོད་དུ་ཟིན་ཀྱང་ཁམས་གསུམ་པའི་ཕྲ་རྒྱས་ཡོད་པ་མ་ཡིན་པས་ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་ཡང་སྲིད་མངོན་པར་འགྲུབ་པར་མི་ནུས་སོ། །དེའི་ཕྱིར་སློབ་དཔོན་བཙུན་པ་སྒྲ་གཅན་འཛིན་བཟང་པོས། སྐྱེ་བོ་བྱིས་པས་ཞོན་པ་སྐྱེ་བ་ཡི། །ཤིང་རྟ་ཉོན་མོངས་ལས་ཀྱི་ཕང་ལོ་ཅན། །འདི་ནི་ཉོན་མོངས་ཕང་ལོ་གཅིག་ཉམས་པས། །ལས་ཀྱི་ཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་གསུངས་སོ། །གང་གི་ཕྱིར་སྲིད་པའི་འཕེན་པ་དང་སྲིད་པ་འགྲུབ་པ་ལ་ཕྲ་རྒྱས་གཙོ་བོའི་རྒྱུ་ཡིན་པ་དེའི་ཕྱིར་སྲིད་པའི་རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱ་སྟེ། དེ་ཡོད་ན་ཡོད་པའི་ཕྱིར་དང༌། དེ་མེད་ན་མེད་པའི་ཕྱིར་དང་དང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །བྱ་བ་བཅུ་བྱེད་དེ་ཞེས་བྱ་བ་ནི། འབྲས་བུ་བཅུ་བྱེད་པའོ། །རྩ་བ་བརྟན་པར་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་པའི་ཐོབ་པ་འཇུག་ན་གཉེན་པོ་ཐག་རིང་དུ་གྱུར་པས་ཐོབ་པ་རྣམས་བཅད་དཀའ་བའི་ཕྱིར་དང་བརྟན་པའི་ཕྱིར་རོ། །རྩ་བ་ནི་ཐོབ་པའོ། །རྒྱུད་གནས་པར་བྱེད་དོ་ཞེས་བྱ་བ་ནི་ཡང་དང་ཡང་རྒྱུན་ཆགས་སུ་གཞན་སྐྱེད་པར་བྱེད་པའི་ཕྱིར་རོ། །ཞིང་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རྟེན་དེ་སྐྱེས་པ་དང་མཐུན་པར་བྱེད་པ་སྟེ། རྩྭ་སྐམ་པོ་མེ་དང་མཐུན་པ་བཞིན་ནོ། །རྒྱུ་མཐུན་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི། ཉེ་བའི་ཉོན་མོངས་པ་གང་གི་རྒྱུ་མཐུན་པ་དེ་སྐྱེད་པར་བྱེད་པ་སྟེ། དཔེར་ན་འདོད་ཆགས་ཀྱིས་ངོ་ཚ་མེད་པ་དང༌། རྒོད་པ་དང་སེར་སྣ་དག་སྐྱེད་པར་བྱེད་པ་དང༌། མ་རིག་པས་རྨུགས་པ་དང་གཉིད་དང་ཁྲེལ་མེད་པ་དག་སྐྱེད་པར་བྱེད་དོ། །དེ་བཞིན་དུ་ཁོང་ཁྲོ་ལ་སོགས་པ་


DTG210_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བརྗོད་པར་བྱའོ། །ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་ཡིན་པས་ལས་ཀྱི་སྲིད་པ་སྟེ་ཡང་སྲིད་ཀྱི་ལས་དེ་སྐྱེད་པར་བྱེད་པའོ། །རང་གི་ཚོགས་འཛིན་པར་བྱེད་དོ་ཞེས་བྱ་བ་ལ། དེའི་ཚོགས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྟེ། དེ་ཡོངས་སུ་འཛིན་པར་བྱེད་ཅིང་དེ་སྐྱེ་བ་དང་མཐུན་པར་གནས་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི་བློ་ཉམས་པར་བྱེད་པའི་ཕྱིར་རམ། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་དེ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་རྒྱུན་དམིགས་པའམ་ཡང་སྲིད་ཉིད་དུ་འཇུག་པར་བྱེད་པའོ། །དགེ་བའི་ཕྱོགས་ལས་གཡོ་བར་བྱེད་པ་ནི་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའོ། །ཇི་ལྟར་ཞེ་ན། ཁམས་ལས་མི་འདའ་བའི་ཚུལ་གྱིས་སོ། །ཚུལ་གྱི་སྒྲ་ནི་རྣམ་པ་བརྗོད་པའོ། །ཁམས་གང་གིས་ཉོན་མོངས་པ་དེ་ལས་མི་འདའ་བར་བྱེད་དེ། ཁམས་ཉོན་མོངས་པ་ཅན་གསོས་འདེབས་པར་བྱེད་པའི་ཕྱིར་རོ། །འདིར་ཡང་སྲིད་འཕེན་པར་བྱེད་པའི་ཤེས་པར་བྱེད་པ་ནི། ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་འདི་ཡིན་ཏེ། ཡང་སྲིད་མངོན་པར་སྒྲུབ་པར་བྱེད་པའི་ཤེས་བྱེད་རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་པའོ། །དེའི་ཕྱིར་སྲིད་པའི་རྩ་བ་ནི་ཕྲ་རྒྱས་ཞེས་བྱའོ། །གཞན་དག་ན་རེ་བཅུ་དྲུག་གོ་ཞེས་སོ། །འདི་ནི་བཅུ་རྣམ་གཉིས་ཏེ། གཞན་དྲུག་ཅུ་པ་ནི། དེ་དག་ཀྱང་རྟེན་དང་གནས་ངན་ལེན་སྐྱེད་པ་དང་ལས་སུ་མི་རུང་བར་བསྟན་པའི་ཕྱིར་རོ། །ཡོན་ཏན་དང་སྤྱོད་པ་འགལ་བའི་ཕྱིར། སྨོད་པ་རྣམས་ཀྱི་གཞི་བྱེད་པའོ། །མཁས་པ་རྣམས་ཀྱིས་སྨད་པའི་ལུས་དང་ངག་གི་ལས་སློང་བའི་ཕྱིར་ལམ་དམ་པ་ལས་འདའ་བར་བྱེད་དོ། །ཕྱིན་ཅི་མ་ལོག་པར་སྟོན་པ་དང་ཕྱིར་ཕྱོགས་པར་བྱེད་པ་ལས་དོན་རྣམ་པ་གཉིས་ཀྱི་ས་བོན་འདེབས་པར་བྱེད་པའོ། །འཁོར་བའི་གནོད་པ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་བདག་པོའི་འབྲས་བུས་འཇིག་རྟེན་གྱི་ཡིད་དུ་མི་འོང་བ་འགྲུབ་པར་བྱེད་དོ། །དེའི་དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམ་པར་


DTG210_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་སྐྱེད་པར་བྱེད་དོ། །འདིར་རྩ་བ་སྨོས་པ་ནི་ཕྲ་རྒྱས་རྣམས་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྲིད་པའི་གཙོ་བོའི་རྒྱུ་ཉིད་དུ་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྒྱུ་ལ་སོགས་པའི་སྒྲ་ལས་རྣམས་ལ་ཡང་མཚུངས་པའི་ཕྱིར་གཙོ་བོ་བརྗོད་པར་མི་འགྱུར་རོ། །འདོད་ཆགས་ཀྱི་དབང་གིས་གཞན་དག་ཅེས་བྱ་བ་ནི། ཞེ་སྡང་ལ་སོགས་པ་དག་གོ །ཇི་སྐད་དུ་མདོ་ལས་དགའ་བ་ལས་ཞེ་སྡང་སྐྱེའོ་ཞེས་གསུངས་ཏེ། །ང་རྒྱལ་ལ་སོགས་པ་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པ་དང་སྐལ་པ་མི་མཉམ་པའི་ཁམས་དག་ལ་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་ཏེ། དེ་ལ་འདོད་ཆགས་མེད་པའི་ཕྱིར་རོ། །དེ་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། །དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པས་བདག་གིར་བྱས་པའོ། །དེར་གཞན་ཡང་ཞེས་བྱ་བ་ལ་དེར་ཁ་ཅིག་རྣམ་པའི་དབང་དུ་མ་བྱས་པའོ། །སློབ་དཔོན་འདུས་བཟང་ན་རེ་སྐོང་བ་ཙམ་གྱི་དོན་ཉིད་དུ་དེ་བཞིན་གྱི་སྒྲ་བལྟ་བར་བྱའོ་ཞེས་ཟེར་རོ། །འོན་ཏེ་འདིའི་དོན་ཇི་ལྟ་བར་བསྡུས་ཏེ་ངེས་པར་གཞན་དུ་བརྗོད་པར་བྱ་བ་དེ་ན་འདོད་ཆགས་ནི་ཁམས་གསུམ་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཏེ། དེ་ཇི་ལྟ་བར་གཞན་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །ཡང་ན་ཇི་ལྟར་འདོད་ཆགས་དང་ཁོང་ཁྲོ་དག་མཚན་ཉིད་དང་རྣམ་པ་ཐ་དད་པ་ལས་ཕྲ་རྒྱས་ཐ་དད་པ་ཉིད་ཡིན་པ་དེ་ལྟར་རྣམ་པ་མཚུངས་པས་ང་རྒྱལ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་རྣམས་ལས་ཕྲ་རྒྱས་ཐ་དད་པ་ཉིད་དུ་ཤེས་པར་བྱའོ། །རྣམ་པ་ཐམས་ཅད་དུ་ཕྲ་རྒྱས་ཀྱི་ཁྱད་པར་བསྟན་པ་རྣམས་ནི་འདིར་འབད་པར་འགྱུར་རོ། །ཇི་ལྟར་ཁ་ཅིག་རྣམ་པ་ལས་འདིར་ཕྲ་རྒྱས་རྣམས་ཀྱི་དབང་དུ་བྱས་པ་མ་ཡིན་ཞེ་ན། འདིར་ཡང་འདོད་ཆགས་ཀྱི་དབང་གིས་ཕྲ་རྒྱས་གཞན་རྣམས་དམིགས་པས་རྒྱས་པ་ཉིད་དུ་དེ་བཞིན་གྱི་སྒྲས་བསྟན་ཏོ། །ཕྱི་མར་བསྟན་པས་འདི་ལ་འགལ་བ་ཅི་ཞིག་ཡོད། ཞེ་སྡང་ནི་ཁམས་གསུམ་པ་ཉིད་མི་སྲིད་པའི་ཕྱིར་ཅི་ལྟར་འདོད་ཆགས་བཞིན་དུ་ཕྲ་རྒྱས་གཞན་རྣམས་ཀྱང་གསུངས་པ་ཡིན་ཞི་ན་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་ན་འོ་ན་དེ་བཞིན་གྱི་སྒྲ་དོན་མེད་དོ་ཞེ་ན། མཚན་ཉིད་


DTG210_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་དང་ཐ་མི་དད་པར་དགོས་པ་ཉིད་ཡོད་པ་མ་ཡིན་པས་འདིར་དེ་བཞིན་གྱི་སྒྲས་ཅི་ཞེ་ན། ཕྲ་རྒྱས་དང་བཅས་པ་ཡང་དག་པར་སྤོང་བར་བྱེད་དོ་ཞེས་བྱ་བ་འདིས་ནི་འདིར་མདོ་དང་འགལ་བའི་དཔེར་བརྗོད་པ་ཡིན་ཏེ། དེ་ཉིད་ནི་དེ་དང་བཅས་པར་མི་རུང་བའི་ཕྱིར་རོ། །འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་དབང་པོ་གསུམ་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ། དབང་པོ་གསུམ་ནི་བདེ་བ་དང་མི་བདེ་བ་དང་བཏང་སྙོམས་ཏེ། ལྡན་པ་མ་ཡིན་པ་ནི་སྐྱེ་བ་ལ་སོགས་པ་ལྟར་བདེ་བ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་མི་རུང་ངོ༌། །དེའི་ཕྱིར་བདེ་བ་ལ་སོགས་པ་དག་དང་མཚུངས་པར་ལྡན་པ་གསུངས་པས་ཆོས་མངོན་པར་མཚུངས་པར་ལྡན་པ་ཁོ་ན་ཕྲ་རྒྱས་སུ་བཞེད་ཀྱི་ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ། །ཆོས་མངོན་པ་དང་འགལ་ལོ་ཞེ་ན། གཞན་དག་ན་རེ་འགལ་བ་མེད་དེ་མཚུངས་པར་ལྡན་པ་ལ་བཞེད་པའི་ཕྱིར་རོ་ཞེས་ཟེར་རོ། །མི་ལྡན་པ་ཕྲ་རྒྱས་སུ་གྲུབ་ན་མཚུངས་པར་ལྡན་པ་ལ་བཞེད་པ་དགོས་པ་ཅན་དུ་འདིར་བརྟག་པར་བྱ་སྟེ་གཞན་དུ་མ་ཡིན་ནོ། །ཕྲ་རྒྱས་དང་བཅས་པ་ནི་རྗེས་སུ་འབྲེལ་བ་དང་བཅས་པ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། ཉོན་མོངས་པ་རྣམ་པ་དགུ་ལས་ཕྱི་མ་ཕྱི་མ་སྔ་མ་སྔ་མའི་རྗེས་སུ་འབྲེལ་པ་ཡིན་ཏེ། འདི་ལྟར་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་བརྒྱད་སྤངས་སུ་ཟིན་ཀྱང༌། རྗེས་སུ་འབྲེལ་པ་རྣམ་པ་དགུ་ཡོད་པ་ཉིད་ཡིན་པས་དེའི་ཕྱིར་མ་ལུས་པར་སྤངས་པ་ལ་དགོངས་ནས་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་གསུངས་ཏེ་རྗེས་སུ་འབྲེལ་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིའི་སྐྱེ་བ་རྣམ་པ་དུ་མ་སྟེ། མདོ་ལས་སྡིག་པ་མི་དགེ་བའི་ཆོས་མ་ལུས་པ་འགག་གོ་ཞེས་གསུངས་ཏེ། རྗེས་སུ་འབྲེལ་པ་མེད་པར་ཕྲ་རྒྱས་དང་བཅས་པ་འགག་གོ་ཞེས་དགོངས་པའོ། །གཞན་དག་ན་རེ་རྒྱུ་མཐུན་པ་འཇུག་པའི་ནུས་པ་ནི་རྗེས་སུ་འབྲེལ་པའོ་ཞེས་ཟེར་རོ། །མདོ་ལས་ཕྲ་རྒྱས་ཀྱི་སྒྲ་འབྱུང་བ་ནི་ཐོབ་པ་ལ་བཏགས་པ་ཡིན་པས་མདོ་དང་འགལ་བ་མེད་དོ། །དཔེར་ན་མི་སྡུག་བསྔལ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལྟར་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་དང༌། སྡུག་བསྔལ་ནི་ཚོར་བའི་བྱེ་བྲག་ཡིན་ལ་དེའི་རྒྱུ་ཡིན་པའི་ཕྱིར་མེ་


DTG210_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་སྡུག་བསྔལ་ཞེས་བརྗོད་པ་དེ་བཞིན་དུ། འདིར་ཡང་ཐོབ་པ་ཕྲ་རྒྱས་ཀྱི་རྒྱུ་ཡིན་པས་ཕྲ་རྒྱས་ཀྱི་སྒྲས་བརྗོད་དེ། ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་བྱ་བ་ནི། ཐོབ་པ་དང་བཅས་པ་སྤོང་བར་བྱེད་པའོ། །མཚན་ཉིད་པ་ཡིན་ཏེ་ཞེས་བྱ་བ་ལ། ཕྲ་རྒྱས་ཀྱི་སྒྲ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཁོ་ན་ལ་འཇུག་སྟེ། དེ་དག་ཕྲ་བ་དང༌། རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང༌། ཞེས་ཕྲ་རྒྱས་ཀྱི་མཚན་ཉིད་དང༌། རྒྱུ་མཚན་ཅན་ཡིན་པའི་ཕྱིར་མཚན་ཉིད་ཡོད་པ་ནི་མཚན་ཉིད་ཡོད་པ་ནི་མཚན་ཉིད་ཡོད་པའོ། །ཐོབ་པ་ལ་ནི་དེ་ལྟར་ཕྲ་རྒྱས་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར་ཉེ་བར་བཏགས་པ་ཡིན་པས་ཐོབ་པ་དག་ལ་སྒྲས་བརྗོད་དོ། །དཔལ་འཕགས་པ་མང་པོས་བཀུར་བའི་སྡེ་པ་རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས་ཕྲ་རྒྱས་ལྡན་པ་མ་ཡིན་པ་དེའི་ཕྱིར་ཉེ་བར་མི་འདོད་པས་དྲིས་པ་ནི། འདི་ཇི་ལྟར་ཤེས་ཤེ་ན་ཞེས་བྱའོ། །དེ་ཉིད་ལ་སྨྲས་པ་ནི། གལ་ཏེ་སེམས་དང་མཚུངས་པར་ལྡན་པ་རྣམས་ཁོ་ན་ཕྲ་རྒྱས་ཡིན་པ་དེ་ལྟ་ན། ལམ་གྱིས་དེ་དག་སྤོང་ངོ་ཞེས་བྱ་བ་ལ་ཉོན་མོངས་པ་ལམ་དང་མཉམ་པར་འཇུག་པར་འགྱུར་ཏེ། དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལས་དགྲ་བཅོམ་པ་མ་ཡིན་ཡང་སློབ་པ་དང་སོ་སོ་སྐྱེ་བོ་རྣམས་ཉོན་མོངས་པ་མེད་པ་ཡིད་དུ་ཐལ་བ་དང༌། ལྡན་པ་མ་ཡིན་པའི་ཕྲ་རྒྱས་མེད་པ་ཡང་རྒྱུ་མེད་པའི་ཕྱིར་ཀུན་ནས་དཀྲིས་པ་རྣམས་མི་སྐྱེ་བ་ཉིད་དུ་འགྱུར་ལ། ཐོབ་པ་རྣམས་དེའི་རྒྱུ་མི་རུང་སྟེ། སེམས་ཅན་ཐམས་ཅད་དེ་དང་ཁྱད་པར་མེད་པར་ཉོན་མོངས་པའི་འཇུག་པ་མཚུངས་པར་ཐལ་བའི་ཕྱིར་རོ། །འདི་ཡོད་པར་བལྟ་བར་མི་བྱ་སྟེ། ཁ་ཅིག་ནི་ཞེ་སྡང་ཤས་ཆེ་བ་དང་གཞན་དག་འདོད་ཆགས་ཤས་ཆེ་བ་དེའི་ཕྱིར་ལྡན་པ་མ་ཡིན་པའི་ཕྲ་རྒྱས་ཞེས་བྱ་བ་ཡོད་པ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་ཡང་ཐམས་ཅད་དུ་སྨྲ་བ་མཚུངས་པར་འཇུག་གོ་ཞེས་ཟེར་རོ། །རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས་ཀྱི་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་རྣམས་འདས་པ་དང་མ་འོངས་པ་མི་འདོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པའི་ཉོན་མོངས་པའི་ཐོབ་པའི་སྤངས་པ་ལ་ལམ་གྱི་སྤངས་པ་ཞེས་འདོད་དོ། །མངོན་དུ་མ་གྱུར་པ་ཞེས་བྱ་བ་ནི་ཉོན་


DTG210_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དང་ལམ་དག་མཉམ་པར་མི་འཇུག་པའོ། །ཉོན་མོངས་པ་མ་སྤངས་པ་ནི་ཐོབ་པ་དང་རྗེས་སུ་འབྲེལ་པས་དགེ་བ་དང་ལུང་དུ་མ་བསྟན་པས་སེམས་ཀྱི་རྒྱུད་འཆིང་བའི་ཕྱིར། དགྲ་བཅོམ་པ་མ་ཡིན་པ་རྣམས་ཉོན་མོངས་པ་ཉིད་དུ་ཐལ་བ་མེད་དོ། །ཐོབ་པ་རྣམས་ཁོ་ན་ཉོན་མོངས་པའི་རྒྱུ་ཉིད་དུ་འདོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གཞན་ཡང་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་སྟེ། དེའི་ཁྱད་པར་ལས་ཉོན་མོངས་པའི་ཁྱད་པར་འགྱུར་རོ། །གཞན་ཡང་ཕྲ་རྒྱས་རྣམས་ཀྱིས་ཉོན་མོངས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་ངོ༌། །འོན་ཏེ་ལྡན་པ་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང༌། དགེ་བ་སྐྱེས་པ་ལས་ཡོངས་སུ་ཉམས་པར་འགྱུར་ན་ནི་དེ་དག་རྟག་ཏུ་ཉེ་བའི་ཕྱིར་དགེ་བ་ནམ་ཡང་དམིགས་པར་མི་འགྱུར་ཏེ། འདི་ལྟར་ལྡན་པ་མ་ཡིན་པའི་ཕྲ་རྒྱས་དག་གིས་ནམ་ཡང་སེམས་ཅན་རྣམས་ཀྱི་རྒྱུད་མི་སྟོངས་ལ་དེ་དག་ཀྱང་དགེ་བ་ལ་སྒྲིབ་པས་ནམ་ཡང་དགེ་བ་སྐྱེ་བར་མི་འགྱུར་བ་ཞིག་གོ །འདི་ནི་གཏན་ཚིགས་སུ་མི་རུང་སྟེ་ཞེས་བྱ་བ་ལ། སེམས་ནི་ཉོན་མོངས་བྱེད་ཕྱིར་དང༌། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་འདི་ནི་ཕྲ་རྒྱས་ལྡན་པ་མ་ཡིན་པར་བསྟན་པ་ལ་གཏན་ཚིགས་སུ་མི་རུང་སྟེ། ཕྲ་རྒྱས་ལྡན་པ་མ་ཡིན་པར་སྨྲ་བ་རྣམས་ཀྱིས་ཁས་མ་བླངས་པའི་ཕྱིར་རོ། །ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ་ཞེས་བྱ་བ་ལ། ཉོན་མོངས་པ་ནི་རེས་འགའ་བའོ། །དེ་མངོན་དུ་གྱུར་པ་ཉིད་ཀྱིས་སེམས་ཉོན་མོངས་པ་ཅན་དུ་གྱུར་ཏེ་མ་འོངས་པའི་དགེ་བ་མི་སྐྱེ་ཞིང༌། ད་ལྟར་བ་ལས་ཀྱང་ཉམས་པར་བྱེད་དོ། །དེའི་ཕྱིར་མངོན་དུ་མ་གྱུར་པ་ན་ཉོན་མོངས་པ་དང་དགེ་བ་སྐྱེ་བ་མི་འགལ་ལོ། །གནས་བརྟན་འདུས་བཟང་ན་རེ། ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ་ཞེས་བྱ་བ་འདི་དཔྱད་པར་བྱ་བ་མ་ཡིན་ཏེ། བཙུན་པ་གང་པོ་གཙོ་བོའི་དགོངས་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །དགོངས་པ་ནི་ཕྲ་རྒྱས་རྣམས་མི་ལྡན་པ་ཡིན་ན་དགེ་བའི་སེམས་དང་འགལ་བའམ། ཡང་ན་མི་འགལ་བ་ཉིད་ཡིན་པས་དགེ་བའི་སེམས་མི་བསྐྱེད་པ་དང་མི་འགལ་བ་


DTG210_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ཕྱིར་བརྟག་པར་བྱའོ། །ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའི་རྒྱུ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པར་བརྟག་པར་བྱའོ། །དགེ་བའི་སེམས་དང་འགལ་བ་ཉིད་ཀྱིས་མ་ཡིན་ཏེ། བསམ་པ་གཞན་སྦེད་པའི་དོན་ཉིད་དུ་བཤད་དོ་ཞེས་ཟེར་རོ། །ཉོན་མོངས་པས་བྱས་པ་ཁོ་ནར་འདོད་པ་ནི་ཕྲ་རྒྱས་རྣམས་ཀྱིས་མ་ཡིན་ཞེས་པའོ། །ད་ནི་འདི་དཔྱད་པར་བྱ་སྟེ། མདོ་མཛད་པས་བཙུན་པ་གང་པོ་གཙོ་བོའི་དགོངས་པ་མ་ཤེས་སམ་འོན་ཏེ་གནས་བརྟན་རྣམས་ཀྱིས་མདོ་མཛད་པའི་དགོངས་པ་མ་ཤེས་ཞེ་ན། མདོ་སྡེ་པ་རྣམས་ཀྱིས་ཇི་ལྟ་བུ་ཡིན་པ་དེ་ལྟ་ནི་ལེགས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མདོ་སྡེ་པ་རྣམས་ཀྱི་ལྟར་ན་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་བྱ་བ་ནི་མདོ་དང་འགལ་བ་མེད་མོད་ཀྱི་འོན་ཀྱང་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་པས་ཕྲ་རྒྱས་ལྡན་པ་མ་ཡིན་པར་བྲལ་བར་འགྱུར་རོ་སྙམ་པ་དེ་སྤང་བའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ་ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི་ཞེས་བྱ་བ་སྨོས་སོ། །རྫས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་ཅིའི་ཕྱིར་ཞེ་ན་རྫས་གཞན་གྱི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །ཉལ་བ་ཞེས་བྱ་བ་ལ་རང་གི་འབྲས་བུ་སེམས་ཀུན་ནས་ཉོན་མོངས་པ་ལ་སོགས་པར་མི་བྱེད་པའི་ཕྱིར་ཉལ་བ་ཞེས་བྱ་ལ་རྒྱུའི་དངོས་པོར་རྗེས་སུ་འབྲེལ་པའི་ཕྱིར་ཕྲ་རྒྱས་ཞེས་བྱའོ། །སད་པ་ཞེས་བྱ་བ་ནི་མངོན་དུ་གྱུར་པ་སྟེ་རང་གི་འབྲས་བུ་སེམས་ཀུན་ནས་ཉོན་མོངས་པ་ལ་སོགས་པ་བྱེད་པར་ནུས་པའི་ཕྱིར་སད་པ་ཞེས་བྱ་ལ་སེམས་རང་དབང་མེད་པར་བྱེད་པའི་ཕྱིར་ཀུན་ནས་དཀྲིས་པ་ཞེས་བྱའོ། །ཉལ་བ་དང་སད་པ་ཡང་མ་གྲུབ་པས་དེ་ལ་ཉལ་བ་གང་ཡིན་ཞེ་ན་ཞེས་བྱ་བ་རྒྱས་པར་དྲིས་སོ། །མངོན་སུམ་དུ་མ་གྱུར་པ་ཞེས་བྱ་བ་ལ། མངོན་སུམ་དུ་མ་གྱུར་པ་ས་བོན་གྱི་ངོ་བོ་ཡིན་པས་ཁྱད་པར་ཡོད་དེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་གྱི་དངོས་པོ་ནི་དེའི་གཉེན་པོ་སྐྱེ་བ་མེད་པར་ནམ་ཡང་རྟེན་ལྡོག་པ་མ་ཡིན་ནོ། །ས་བོན་གྱི་དངོས་པོའི་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་འདྲི་བ་ནི་ས་བོན་གྱི་དངོས་པོ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བའོ། །ལུས་ཀྱི་ཞེས་བྱ་བ་རྒྱས་


DTG210_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་སྟེ་འདིར་ལུས་ནི་རྟེན་ནོ། །ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྐྱེ་བའི་མཐུ་ཡིན་ཏེ་ཞེས་བྱ་བ་ལ། ཉོན་མོངས་པ་ནི་འཇུག་པ་རྟེན་མ་འོངས་པའི་ཉོན་མོངས་པ་སྐྱེ་བ་དང་མཐུན་པར་བྱེད་ཅིང༌། དེ་དང་མཐུན་པའི་རྟེན་དེ་ལས་ཀྱང་རྐྱེན་ལྷག་མ་ཡོང་ན་སླར་ཉོན་མོངས་པ་སྐྱེའོ། །དེའི་ཕྱིར་རྟེན་གྱི་གནས་སྐབས་ཀྱི་ཁྱད་པར་གང་ཞིག་ཉོན་མོངས་པའི་ནུས་པ་ས་བོན་གྱིས་ཉོན་མོངས་པ་སྐྱེ་བ་དང་མཐུན་པ་དེ་ནི་ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྐྱེ་བའི་མཐུ་ཞེས་བྱ་བ་ལ། དེ་ནི་མི་རྟག་པ་དང་འབྲས་བུ་ཉིད་ལ་སོགས་པ་ལྟར་བརྟག་པའི་ཆོས་ཡིན་པའི་ཕྱིར་རྟེན་དེ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ནོ། །གལ་ཏེ་བརྟག་པར་ཡོད་ན་འོ་ན་ཉོན་མོངས་པ་ལས་སྐྱེས་པའམ་ཉོན་མོངས་པ་སྐྱེད་པར་མི་རུང་ངོ་ཞེ་ན་རྒྱུ་དང་འབྲས་བུ་རྫས་སུ་ཡོད་པའི་ཕྱིར་རོ། །འདི་ནི་དེ་ལྟ་མ་ཡིན་ཏེ་རང་ཉིད་ཀྱི་རྒྱུ་དང་འབྲས་བུ་རྣམས་ལ་རྟེན་སྐྱེ་བ་ན་ཉོན་མོངས་པའི་ནུས་པ་ལས་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པར་སྐྱེ་བས་རྟེན་ཉིད་དེའི་ཕྱིར་བར་གྱི་འབྲས་བུ་དང་ནུས་པའོ། །རྟེན་གྱི་ཁྱད་པར་ཉིད་ལས་ཉོན་མོངས་པ་སྐྱེའི་ནུས་པ་ནི་མ་ཡིན་ནོ། །གཞན་དུ་ན་རྟེན་གྱི་ཁྱད་པར་ཉིད་རྒྱུ་དང་རྟེན་གྱི་ཁྱད་པར་ཉིད་འབྲས་བུ་སྟེ། ཉོན་མོངས་པ་ནི་ཤེས་པར་མི་ནུས་པས་དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ལས་སྐྱེས་བ་དང་ཉོན་མོངས་པ་སྐྱེད་པར་བྱེད་པའི་ནུས་པ་ཞེས་བཤད་དོ། །གཞན་དག་ན་རེ། གལ་ཏེ་གནས་ངན་ལེན་དེ་ཉིད་ཕྲ་རྒྱས་སོ་ཞེ་ན་དེ་ནི་འདོད་པ་ཉིད་དེ། གནས་སྐབས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །མཚུངས་པར་ལྡན་པ་མ་ཡིན་ཞེས་བྱ་བ་དེ་ལ་སློབ་དཔོན་འདུས་བཟད་ཀྱིས་མང་དུ་བཤད་པ་དེ་ཡང་ཕལ་ཆེར་སྦྱར་བར་བྱ་བ་མ་ཡིན་པས་གཞུང་མངས་པའི་འཇིགས་པས་དངོས་སུ་ཉེ་བར་མ་བཀོད་དོ། །རྣམ་པར་བཤད་པ་ཉིད་དུ་དགག་པ་རྟོགས་པར་བྱའོ། །ཇི་ལྟར་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དྲན་པ་སྐྱེད་པའི་མཐུ་ཞེས་བྱ་བ་ལ། འདིས་ནི་འདིར་དཔེ་དང་དཔེ་ཅན་མཚུངས་སོ་ཞེས་གྲགས་ཏེ། དེ་ཉིད་ལ་སྨྲས་པ། ཇི་ལྟར་ཉམས་སུ་མྱོང་བ་དང་ལྷན་ཅིག་སྐྱེས་པའི་དྲན་པ་ཉིད་དེ། འདི་ཤེས་པ་དང་ལྷན་ཅིག་པའི་དྲན་པ་སྐྱེད་པའི་ནུས་པར་ཁས་བླང་བར་བྱའོ། །ཉོན་མོངས་


DTG210_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལས་ནི་རྫས་ཀྱི་རྒྱུན་ཐ་དད་པའི་བདག་ཉིད་ཡོད་པ་མ་ཡིན་ཏེ། ཁ་ཅིག་ཏུ་དེ་དང་ལྷན་ཅིག་པའི་ཉོན་མོངས་པའི་རྫས་ལ་ཉོན་མོངས་པ་སྐྱེད་པའི་ནུས་པ་ཞེས་བྱའོ། །བསྒྲུབ་བྱ་དང་དཔེར་བརྗོད་པ་མཚུངས་པ་མེད་དོ་ཞེས་བྱ་བ་ལ། མཚུངས་པ་ཞེས་བྱ་བ་ནི་ནུས་པའི་ཁྱད་པར་ལས་ཉོན་མོངས་པ་སྐྱེད་པ་མི་ལྡན་པ་མ་ཡིན་པའི་ཕྲ་རྒྱས་ཏེ། དེ་ལ་འདི་ནི་དཔེ་མ་ཡིན་ནོ། །ནུས་པའི་ཁྱད་པར་མ་ཡིན་པ་ལས་སྐྱེས་པ་ནི་དྲན་པ་མ་ཡིན་པས་མཚན་ཉིད་མི་མཐུན་པ་མེད་དོ། །འདི་ལྟར་ཉམས་སུ་མྱོང་བའི་ཤེས་པས་དྲན་པའི་རྒྱུད་ལ་རང་གི་ཡུལ་དམིགས་པ་ནི་དྲན་པའི་ས་བོན་ཏེ། དེའི་ཕྱིར་ཉམས་སུ་མྱོང་བའི་ཡུལ་ལ་དམིགས་ཏེ་དྲན་པ་སྐྱེའོ་ཞེས་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ན་ཉམས་སུ་མྱོང་བའི་ཤེས་པས་དོན་མེད་དོ། །གཞན་ཡང་ཉམས་སུ་མྱོང་བའི་ཤེས་པ་ཞེས་བྱ་བ་ཐམས་ཅད་ལྷན་ཅིག་སྐྱེས་པའི་སེམས་དང་སེམས་ལས་སྐྱེས་པའི་ཚོགས་པ་དེ་ཉིད་དུ་གཟུང་བ་ན། ཤེས་པ་ཁོ་ན་འབའ་ཞིག་མ་ཡིན་གྱི། སེམས་དང་སེམས་ལས་བྱུང་བའི་ཚོགས་པ་དེ་མཐའ་དག་ཉིད་དོ། །རང་གི་ཡུལ་ལ་དམིགས་པའི་དྲན་པ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་པ་མཐའ་དག་སྐྱེད་པ་ལ་གཙོ་བོ་སྟེ་རང་གི་རྟེན་གྱི་ནུས་པ་ཞེས་བྱའོ། །དེའི་ཕྱིར་ཡང་དྲན་པ་སྐྱེ་བས་འདི་ལ་འགལ་བ་ཅི་ཞིག་ཡོད། དྲན་པའི་ས་བོན་ལ་སོགས་པ་ནི་རང་གི་རིགས་ཀྱི་རྒྱུ་བ་ལས་ཐ་དད་མ་ཡིན་པར་བརྗོད་པར་བྱ་ལ། ཁ་ཅིག་ནི་དེ་དག་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཇི་ལྟར་དྲན་པ་སྐྱེ་བར་བརྗོད་ཅེས་ཟེར་རོ། །འོ་ན་མདོ་ལས་ཞེས་རྒྱས་པར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བའི་སྟེ། དྲུག་ཚན་དྲུག་ཅེས་བྱ་བ་ནི། དེར་གསུངས་པ། དེ་ལ་གང་ཞིག་བདེ་བའི་ཚོར་བས་རེག་ཅིང་མངོན་པར་དགའ་མགུ་ལྷག་པར་ཞེན་ཏེ་གནས་པ་འདིའི་འདོད་ཆགས་ནི་བདེ་བའི་ཚོར་བ་ལས་རྒྱས་པར་འགྱུར་རོ་ཞེས་གསུངས་སོ། །མངོན་པར་དགའ་བ་ནི་འདིར་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་གསུངས་ལ། མངོན་པར་དགའ་བ་ཡང་བདེ་བའི་ཚོར་བ་དང་མཚུངས་པར་ལྡན་པ་དེའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་གྱི་མཐུའི་བདག་ཉིད་ནི་མ་ཡིན་ནོ། །འགྱུར་རོ་


DTG210_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཕྱིར་དེ་ཁོ་ན་ནི་མ་ཡིན་ཞེས་བྱ་བ་ནི། མངོན་དུ་གྱུར་པའི་གནས་སྐབས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་དེ་འདོད་ཆགས་ལས་རྒྱས་སོ་ཞེས་གསུངས་པར་འགྱུར་གྱི་འགྱུར་རོ་ཞེས་བྱ་བ་མ་ཡིན་ནོ། །གང་གི་ཚེ་ཉལ་བ་ཞེས་བྱ་བ་ནི་ས་བོན་གྱི་དངོས་པོས་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །སད་པ་ན་འགྱུར་རོ་ཞེས་མི་སྟོན་པར་ཉལ་བ་ཞེས་མངོན་པར་འདོད་པ་ཅི་ཞེས་བྱ་བ་རྒོལ་བའི་ཚིག་གོ །འདིར་སད་པ་ན་འགྱུར་རོ་ཞེས་སྟོན་པ་མ་ཡིན་ནོ། །འོ་ན་བདེ་བའི་ཚོར་བ་ལས་འདོད་ཆགས་རྒྱས་པར་འགྱུར་རོ་ཞེ་ན། མ་འོངས་པ་ལས་འགྱུར་རོ་ཞེས་བྱའི་ད་ལྟར་བྱུང་བ་ནི་མ་ཡིན་ནོ། །ཡང་ན་འདི་ནི་རྒྱུ་ལ་ཉེ་བར་བཏགས་པ་ཡིན་པར་ཞེས་བྱ་བ་ལ། འདོད་ཆགས་ནི་འདོད་ཆགས་ཀྱི་ཕྲ་རྒྱས་ཀྱི་རྒྱུ་སྟེ། དེ་ལ་རྒྱུ་འདོད་ཆགས་ལ་འབྲས་བུ་ཕྲ་རྒྱས་ཞེས་ཉེ་བར་བཏགས་པའོ། །གནས་བརྟན་འདུས་བཟང་ན་རེ་དེ་ཉིད་ཀྱང་ད་ལྟར་བའི་དངོས་པོ་མི་འཐད་པའི་ཕྱིར་འདི་བརྟག་པར་མི་བྱའོ་ཞེས་ཟེར་རོ། །དེ་ཉིད་ཀུན་ནས་དཀྲིས་པའི་མཚན་ཉིད་ཀྱི་ཕྲ་རྒྱས་མ་ཡིན་ནོ། །འདི་ལ་སྐྱོན་མེད་དེ། མཐོང་བ་ནི་རྒྱུ་དང་འབྲས་བུ་དག་དབྱེར་མེད་པར་འཆད་འདོད་པས་དེ་ལྟར་བསྟན་ཏོ། །བྱིས་པ་ལས་ལང་ཚོར་འགྱུར་བ་ནི། འོ་མ་ལས་ཞོར་འགྱུར་བ་ལྟ་བུར་བྱིས་པ་ལས་ལང་ཚོར་འགྱུར་གྱི། འོ་མ་འམ་ཞོར་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །ཕྲ་རྒྱས་ཀྱི་རང་བཞིན་ངེས་པར་གཟུང་བའི་ཤེས་བྱེད་འདི་ནུས་པ་མེད་པ་སྟེ། འདི་ཉིད་ཕྲ་རྒྱས་ཀྱི་རང་བཞིན་རྒྱས་པ་དང་དེ་མ་ཐག་ཏུ་ངེས་པར་གཟུང་བ་མ་ཡིན་ནོ། །སྲིད་པ་ཁམས་གསུམ་པ་ཡིན་པའི་ཕྱིར་དང༌། འདོད་པའི་འདོད་ཆགས་ལོགས་ཤིག་ཏུ་བཤད་པའི་ཕྱིར་སྲིད་པའི་འདོད་ཆགས་མི་ཤེས་པས་སྲིད་པའི་འདོད་ཆགས་ཞེས་བྱ་བ་ཅི་ཞེས་དྲིས་སོ། །གལ་ཏེ་ཁམས་གཉིས་ལས་སྐྱེས་ན་ཅིའི་ཕྱིར་གཅིག་ཏུ་བྱས་ལ་འདི་ཁོ་ན་གཅིག་ཏུ་བྱས་ཀྱི་ཕྲ་རྒྱས་གཞན་དག་མ་ཡིན་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། ཁ་ནང་དུ་བལྟས་པའི་ཕྱིར་དང་ཐར་པའི་འདུ་ཤེས་བཟློག་པའི་ཕྱིར་བྱས་སོ། །འདོད་པའི་ཁམས་ཀྱི་འདོད་ཆགས་ནི་ཕལ་ཆེར་ཡུལ་ལ་ཕྱོགས་པའི་ཕྱིར་ཁ་ཕྱིར་བལྟས་པས་ཞུགས་པ་ཡིན་ནོ། །


DTG210_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པའི་འདོད་ཆགས་དེ་དག་ནི་ཕལ་ཆེར་ཞེས་བྱ་བ་ལ། གཞལ་མེད་ཁང་ལ་སོགས་པ་དག་ལ་ཡང་འདོད་ཆགས་པར་བསྟན་པའི་ཕྱིར་ཕལ་ཆེར་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་སྙོམས་པར་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར་ཁ་ནང་དུ་བལྟས་པར་ཞུགས་པ་ཡིན་ཏེ་དེའི་ཕྱིར་སྲིད་པའི་འདོད་ཆགས་སུ་བཤད་དོ། །དེ་ལྟ་བས་ན་ཁ་ཅིག་ཁམས་དེ་གཉིས་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེར་ཁ་ཅིག་དེ་ལ་ཐར་པར་འདུ་ཤེས་པའི་འདུན་པ་བཟློག་པའི་ཕྱིར་དེར་སྐྱེས་པ་གང་ཡིན་པ་དེ་ནི་སྲིད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེར་སྐྱེས་པ་གང་ཡིན་པ་དེ་ནི་སྲིད་པའི་འདོད་ཆགས་ཡིན་ནོ་ཞེས་བཤད་དོ། ཐར་པ་འདོད་པས་སྲིད་པ་ཐམས་ཅད་ལ་འདོད་པ་མེད་པར་འགྱུར་བར་བྱ་དགོས་སོ་ཞེས་བསྟན་ཏོ། །ལུས་ཁོ་ན་སྲིད་པ་ཡིན་གྱི། སྙོམས་པར་འཇུག་པ་ཙམ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་རྟེན་དང་བཅས་པ་ཞེས་བྱ་བ་སྟེ་རྟེན་ནི་ལུས་སོ། །འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བས་ནི་འདོད་པའི་རོ་མྱོང་བར་མི་བྱེད་ཅེས་བྱ་བར་བསྟན་ཏོ། །དེའི་ཕྱིར་འདོད་ཆགས་དེ་ནི་སྲིད་པའི་འདོད་ཆགས་ཞེས་བཤད་དོ་ཞེས་བྱ་བ་ལ། ཁྱེད་ཅག་གི་འདི་ནི་སྲིད་པ་ལ་འདོད་ཆགས་པ་ཡིན་གྱི། ཐར་པ་ནི་མ་ཡིན་ནོ་ཞེས་ཐར་པའི་འདུ་ཤེས་བཟློག་པར་འགྱུར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་སྨོས་པས་གཞན་དུ་ཐར་པའི་འདུ་ཤེས་བཟློག་པ་མ་ཡིན་གྱི། སྲིད་པའི་འདོད་ཆགས་སྨོས་པའི་དམིགས་པའི་དབང་གིས་ཞེས་ཤེས་པར་བྱེད་དོ། །གནས་བརྟན་འདུས་བཟང་ན་རེ་མདོ་ལས་གསུངས་པའི་དོན་དང་དོན་སྔ་མ་ལ་ཁྱད་པར་ཅུང་ཟད་བལྟ་བར་བྱ་སྟེ། སྔར་ནི་སྙོམས་པར་འཇུག་པའི་དམིགས་པ་ཡིན་པའི་ཕྱིར་གཅིག་ཏུ་བྱས་ཏེ་ཁ་ནང་དུ་བལྟས་པར་གསུངས་པ་དེའི་ཕྱིར་ཐར་པའི་འདུ་ཤེས་བཟློག་སྟེ། རྗེས་སུ་སྲིད་པའི་འདོད་ཆགས་ཞེས་བཤད་ལ། འདིར་ནི་ལུས་ལ་དམིགས་པའི་ཕྱིར་གཅིག་ཏུ་བྱས་ཏེ་སྲིད་པ་ལ་དམིགས་པས་སྲིད་པའི་འདོད་ཆགས་ཞེས་བཤད་པས་ཇི་ལྟར་དོན་ལ་ཁྱད་པར་མེད་ཅེས་ཟེར་རོ། །བདེན་པ་རྣམས་མཐོང་བ་


DTG210_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་བསྒོམ་པས་བསལ་བར་བྱ་བའི་ཕྱིར་ཏེ། ཉོན་མོངས་པ་གང་ཞིག་བདེན་པ་གང་ལ་སྐུར་པ་འདེབས་པ་དེ་ནི་དེ་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་ཏེ། ཐག་པ་མཐོང་བས་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །ཕྱིས་ལམ་གོམས་པར་བྱས་པས་ཞེས་བྱ་བ་ནི། བདེན་པ་གང་ཡང་རུང་བ་ལ་དམིགས་པའི་ལམ་གོམས་པར་བྱས་པ་སྟེ། བདེན་པ་མཐོང་བ་མེད་པར་བསྒོམ་པའི་ལམ་ཟག་པ་མེད་པ་སྲིད་པ་མ་ཡིན་ནོ། །དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཅིག་སྟེ་ཞེས་བྱ་བ་ནི། བདག་དང་བདག་ག་བའི་རྣམ་པར་སྡུག་བསྔལ་ལ་ལོག་པར་ཞུགས་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །མཐར་འཛིན་པ་ཡང་དེ་དག་འདྲའོ་ཞེས་བྱ་བ་ལ། དེ་ཡང་བདག་ཏུ་མངོན་པར་འདོད་པའི་དངོས་པོ་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར། སྡུག་བསྔལ་ཁོ་ན་ལ་ལོག་པར་ཞུགས་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ལོག་པར་ལྟ་བ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། སྡུག་བསྔལ་ལ་སོགས་པའི་བདེན་པའི་མཚན་ཉིད་ལ་སྐུར་བ་འདེབས་པར་ཞུགས་པའི་ཕྱིར་བདེན་པ་བཞི་ཆར་ལ་ཡང་ལོག་པར་ཞུགས་པས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལྟ་བ་མཆོག་ཏུ་འཛིན་པ་ཡང་རྣམ་པ་བཞི་ཁོ་ན་སྟེ། དེ་ནི་དམན་པ་ལ་མཆོག་ཏུ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ནི་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱའོ། །དེ་བཞིན་དུ་ཐེ་ཚོམ་ཟ་བའི་རྣམ་པ་ཅན་ཡིན་པས་ཐམས་ཅད་ལ་ལོག་པར་ཞུགས་པའི་ཕྱིར་བདེན་པ་བཞིན་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ། དབང་ཕྱུག་ལ་སོགས་པ་རྒྱུ་མ་ཡིན་པ་དག་ལ་དེ་ཉིད་དུ་འཛིན་པ་ནི་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ལས་འཇུག་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ། །ལམ་མ་ཡིན་པ་ལ་དེར་འཛིན་པ་ནི་ལམ་མཐོང་བས་སྤང་བར་བྱའོ། །དེ་དག་ནི་


DTG210_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལྔ་ཉིད་དུ་བརྟེན་པ་དག་གོ །གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ལ་སོགས་པ་གང་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལ་དམིགས་པ་དེ་དག་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པ་ནས། དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་དག་ནི་ལམ་མཐོང་བས་སྤང་བར་བྱ་བའི་བར་དུ་ཡིན་ནོ། །འདི་ཕན་ཚུན་བརྟེན་པ་ཞེས་བྱ་བ་ནི་རྒོལ་བའི་ཚིག་གོ །དེ་ལ་མཐོང་བས་སྤང་བར་བྱ་བ་ནི་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཉིད་ཀྱིས་ཏེ། འདོད་ཆགས་ལ་སོགས་པ་རྣམས་དང་སྦྱར་བར་བྱའོ། །ལྟ་བ་མཆོག་ཏུ་འཛིན་པ་མཐོང་བས་སྤང་བར་བྱ་བ་ཉིད་མ་ཡིན་ཡང་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་པས་སྤང་བར་བྱ་ལ་དམིགས་པ་ཉིད་དོ། །དེའི་ཕན་ཚུན་བརྟེན་པ་མེད་པ་ཉིད་དོ་ཞེས་གནས་བརྟན་འདུས་བཟང་ཟེར་རོ། །གལ་ཏེ་གང་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དམིགས་པ་ཡོད་པས་དེ་དག་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་ཡང་བྲལ་བར་འགྱུར་རོ། །དེ་བཞིན་དུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་ཡང་བརྗོད་པར་བྱའོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་མ་ཡིན་ནོ། །ཅི་སྤང་བར་བྱ་བ་ཞེས་བརྗོད་པར་བྱ་ཞེ་ན། འདིར་རང་གི་སྒོ་ནས་ལྟ་བ་དང་ཐེ་ཚོམ་དག་ཀྱང་ལོག་པར་ཞུགས་པ་མེད་དོ། །འདིའི་མཚན་ཉིད་མཐོང་བས་སྤང་བར་བྱ་བ་ཉིད་ཀྱིས་བརྗོད་དེ། གཉི་ག་བྱེ་བྲག་མེད་པའི་ཕྱིར་གང་དག་ཁོ་ན་སོ་སོར་ཤེས་པར་འདོད་པ་སྐྱེད་དེ། ཅི་ལྟ་བུ་ཞེ་ན། འདི་དག་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་


DTG210_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའོ། །དེའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ལ་འདིར་དམིགས་པ་གཞན་དུ་ཐལ་བ་མེད་དོ། དེ་བཞིན་དུ་མ་རིག་པའི་ཕྲ་རྒྱས་ནི་འདོད་ཆགས་ལ་སོགས་པ་བཞིན་དུ་དེ་གཉི་གའི་ཁྱད་པར་གྱི་ཕྱིར་བདེན་པ་མཐོང་བ་ཉིད་ལས་བདེན་པ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཉིད་ཀྱིས་མཐོང་བས་སྤང་བར་བྱ་བར་འགྱུར་གྱི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་དུ་བརྗོད་དོ། །སྡུག་བསྔལ་གྱི་ཡུལ་མཐོང་བ་ནི་སྡུག་བསྔལ་མཐོང་བའོ། །དེ་ཡང་ཆོས་ཤེས་པའི་བཟོད་པ་དག་གིས་སྤང་བར་བྱ་བས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ། །ལམ་མཐོང་བས་སྤང་བར་བྱ་བའི་བར་ཡང་དེ་བཞིན་ནོ། །ལྟ་བའི་གཞི་ནི་སྡུག་བསྔལ་ལ་སོགས་པའི་ཤེས་ལ་གོམས་པ་ལས་གང་སྤོང་བར་བྱེད་པ་དེ་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །འདིར་གང་ཞིག་དངོས་སུ་ལོག་པར་ལྟ་བ་བཞིན་མ་ཡིན་པའི་ཕྲ་རྒྱས་བདེན་པ་རྣམས་ལ་ལོག་པར་ཞུགས་པ་དེ་ལ་མཆོག་ཏུ་འཛིན་པ་ཉིད་མེད་པས་དེའི་དབང་དུ་བྱས་ནས་འདྲི་བ་མ་ཡིན་གྱི། གང་ཁོ་ན་འདོད་ཆགས་ལ་སོགས་པ་དང་ཆོས་མཐུན་པ་ཁོ་ན་ལ་ཐེ་ཚོམ་ཟ་བས་འདོད་ཆགས་པ་བཞིན་དུ་དྲི་བ་བྱེད་དོ། །འདི་ལ་སྐྱོན་མེད་དེ་གང་བཤད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྟེ། འདིར་དེའི་གནས་སྐབས་ཁོ་ན་ཐེ་ཚོམ་སྟེ་བདེན་པ་རྣམས་ལ་ལོག་པར་ཞུགས་པའི་ཕྱིར་རོ། །འདི་ཅི་ལྟར་དེས་གཞོམ་པར་བྱ་ཞེ་ན། དེའི་ཕྱིར་འདི་སྐད་ངེས་པར་བརྗོད་པར་བྱ་སྟེ། གང་དག་གང་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་དང་དེ་ནི་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་རྣམས་ལ་རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་ཞེས་བྱ་བ་ལ། རྣམ་པའི་དབྱེ་བས་ནི་བཅུར་འགྱུར་ཏེ། ལྟ་བའི་ཕྲ་རྒྱས་ལ་རྣམ་པའི་དབྱེ་བས་ལྔར་རྣམ་པར་གཞག་པའི་ཕྱིར་རོ། །བྱེ་བྲག་གི་དབྱེ་བས་ནི་སུམ་ཅུ་རྩ་དྲུག་ཏུ་འགྱུར་


DTG210_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བྱེ་བྲག་གི་དབྱེ་བས་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རོ། །ཁམས་ཀྱི་དབྱེ་བས་ནི་དགུ་བཅུ་རྩ་བརྒྱད་དུ་འགྱུར་ཏེ། འདོད་པའི་ཁམས་ན་སུམ་ཅུ་རྩ་དྲུག་གོ །གཟུགས་ཀྱི་ཁམས་ན་སུམ་ཅུ་རྩ་གཅིག་སྟེ། ཁོང་ཁྲོ་རྣམ་པ་ལྔ་མ་གཏོགས་སོ། །གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་རིག་པར་བྱའོ། །ཡང་ཅིའི་ཕྱིར་ཁམས་ཀྱི་དབྱེ་བས་ཕྲ་རྒྱས་བརྩི་བའི་དབྱེ་བས་མ་ཡིན་ཞེ་ན། ཇི་ལྟར་འདོད་པའི་ཁམས་ན་ཕྲ་རྒྱས་རྣམས་དངོས་པོ་གཅིག་གིས་རྒྱས་པ་མེད་པ་དེ་བཞིན་དུ་བསམ་གཏན་དང་པོ་དང་གཉིས་པའི་ས་རྣམས་སུ་ཡང་གཞན་དུ་སེམས་སོ། །གཉེན་པོ་གཅིག་པ་དེས་ནི་དེ་ལྟར་འདོད་པ་དང་གཟུགས་ན་སྤྱོད་པ་རྣམས་སོ། །དེ་ལྟ་ན་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཐ་དད་པར་མི་འགྲུབ་སྟེ་གཉེན་པོ་གཅིག་པའི་ཕྱིར་རོ། །གལ་ཏེ་བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་གཉེན་པོ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཐ་དད་པ་ཉིད་དུ་གྲུབ་པོ་ཞེ་ན་དེ་ནི་ས་རྣམས་ལ་མཚུངས་སོ། །དེའི་ཕྱིར་བེ་ཤ་ཏེ་ཙ་ཏུ་བེ་ཤ་ཏེ་ཙ་ཏུ་ར་ཤཱི་ཏེ་ཥྩེ་ཏི་གྲནྠཿཀ་ར་ཎཱི་ཡ་ཨི་ཏི། དེ་ལྟ་ན་ཡང་སྐྱོན་ཡོད་པ་མ་ཡིན་ནོ། །ཁམས་ལ་སོགས་པའི་དབྱེ་བས་མཚམས་སྦྱོར་རྣམས་དགུ་བཅུ་རྩ་བརྒྱད་ཅེས་བཤད་དོ། །གལ་ཏེ་ཅིའི་ཕྱིར་དེ་ལྟ་བུ་ཞེ་ན། འདོད་ཆགས་དང་བྲལ་བ་ཡོངས་སུ་ཤེས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམ་པར་གཞག་པའི་ཕྱིར་དང་ཕྲ་རྒྱས་སྤང་བའི་ཕྱིར་རྒྱུ་གཉིས་ཀྱིས་རྣམ་པར་གཞག་གོ །གཉིས་པོ་ཡང་སེམས་ཀྱི་ས་ལ་ཆགས་པ་དང་མ་བྲལ་བའི་ཕྱིར་དེའི་དབྱེ་བས་ཕྲ་རྒྱས་རྩི་བར་བྱེད་པ་མ་ཡིན་ནོ། །སྔོན་རབས་པ་རྣམས་ན་རེ། དེ་བཞིན་གཤེགས་པའི་ཆོས་ཀྱི་རང་བཞིན་རྣམས་རྣམ་པར་གཞག་པ་དེ་ལ་ཁ་ཅིག་གིས་དེ་ལྟ་བུའི་བསམ་གཏན་པ་བཞིའི་ཉོན་མོངས་པ་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་འདོད་ཆགས་དང་དེ་བཞིན་དུ་གཟུགས་མེད་པས་གཞི་ལ་གཟུགས་མེད་པའི་འདོད་ཆགས་ཞེས་བཤད་དོ་ཟེར་རོ། །ཁ་ཅིག་ན་རེ། ཡང་དེ་ལྟ་བུས་འཇིག་རྟེན་མཐའ་དག་གིས་ཇི་ལྟར་བསྡུས་


DTG210_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །གཞན་དག་ནི་དེ་ལྟ་བུ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་ནོ་ཞེས་ཟེར་རོ། །འདི་ལ་འདི་བརྗོད་པར་ནུས་ཏེ། གང་གི་ཕྱིར་བསམ་གཏན་བཞི་པའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤངས་པས་ཡོངས་སུ་ཤེས་པ་རྣམ་པར་གཞག་ཕྱིན་ཆད་དབྱེ་བ་རྟོགས་པར་མི་བྱ་སྟེ། དེ་དག་རིགས་མཚུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བསམ་གཏན་དང་པོ་སྤངས་པ་ལ་ཡང་ཡོངས་སུ་ཤེས་པ་རྣམ་པར་བཞག་ན། དེ་རྣམ་པར་གཞག་པ་རྟོག་པ་སྤང་བ་མ་ཡིན་ནོ། །ངེས་པར་དེའི་རིགས་ཅན་གྱི་ཉོན་མོངས་པ་གཞན་སྤང་བ་མ་ཡིན་ནོ། །གང་འདི་རང་གི་ས་དང་མཚུངས་པར་ལྡན་པ་མ་ཡིན་ཡང་མཚུངས་པར་ལྡན་པ་བཞིན་དུ་ལྟ་བར་བྱའོ། །བསམ་གཏན་བཞི་པའི་འདོད་ཆགས་དང་བྲལ་བ་ལས་ནི་གཟུགས་ན་སྤྱོད་པའི་ཉོན་མོངས་པའི་རིགས་མ་ལུས་པ་དེའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཤེས་པ་རྣམ་པར་གཞག་གོ །གཞན་དག་ན་རེ་ས་དང་ཁམས་རྣམས་ལ་ཉོན་མོངས་པའི་དབྱེ་བས་མེད་དོ་ཞེས་ཟེར་རོ། །དེ་ལྟ་ན་སོ་སོ་སྐྱེ་བོ་བསམ་གཏན་བཞི་བར་སྐྱེས་པ་ཉོན་མོངས་པ་ཅན་རྣམས་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ལྡན་པར་འགྱུར་རོ་གསུངས་པ་ཡང༌། རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བའི་ཕྱིར་དགའ་བ་མེད་ཅིང་བདེ་བ་ཡང་སྤངས་ཏེ་ཞེས་སོ། །ས་གོང་མའི་ཉེར་བསྡོགས་ས་འོག་མའི་ཉོན་མོངས་པ་སྤོང་བའི་གཉེན་པོར་མི་འགྱུར་ཏེ་འཆིང་བ་གཅིག་པའི་ཕྱིར་རོ། །གང་ཡང་བསམ་གཏན་དང་པོ་ཐོབ་པའི་ཕྱིར་མི་འོང་ནས་བསམ་གཏན་བཞི་པ་ཐོབ་པའི་བར་སྤང་བ་མཚུངས་པས་དེའི་ཕྱིར་ངེས་པར་འདི་ཁས་བླང་བར་བྱའོ། །ཁམས་རྣམས་བཞིན་དུ་ཉོན་མོངས་པ་དང་ལས་རྒྱུ་དང་འབྲས་བུས་ས་རྣམས་ཡོངས་སུ་བཅད་པས་དེའི་ཕྱིར་ཀུན་ཏུ་སྦྱོར་བ་གཅིག་གིས་གྲུབ་པ་མ་ཡིན་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་དག་གིས་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་རྣམ་པར་གཞག་གོ །གཟུགས་ཀྱི་ཁམས་དེ་ཉིད་ན་ཁོང་ཁྲོ་མེད་དོ་ཞེས་བཤད་ན་འོ་ན་དེའི་ཕྱིར་གོང་ན་ཁོང་ཁྲོ་མེད་ཅེ་ན། དེའི་ཕྲ་རྒྱས་ཀྱི་


DTG210_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་དེ། ཁོང་ཁྲོ་ནི་སྡུག་བསྔལ་གྱི་ཚོར་བ་ལས་རྒྱས་པར་འགྱུར་བ་ཡིན་ན་དེ་ཡང་གོང་ན་མེད་པས་མི་སྲིད་དོ། །དེ་ལ་ཁོང་ཁྲོ་ནི་ཞེ་སྡང་དང་རླུང་གི་ནད་རྩུབ་པོ་ལྟར་ཡིན་ན། སེམས་ཅན་དེ་དག་ནི་རྒྱུད་ཞི་གནས་ཀྱིས་བརླན་པས་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་མེད་པའི་ཕྱིར་དང༌། གང་གི་ཕྱིར་ཁམས་དེ་དག་ཏུ་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་དང་བྲལ་བས་ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཡང་ཕྱིར་རོ། །དེ་ལ་ཕྱི་རོལ་གྱི་ལྕགས་དང་འགྱུར་བྱེད་དང་ཚེར་མ་ལ་སོགས་པ་མེད་ཅིང༌། ནང་གི་རླུང་དང་བརྗོད་བྱེད་ལ་སོགས་པ་ཡང་མེད་དེ། བྱམས་པ་ལ་སོགས་པའི་དགེ་བའི་རྩ་བས་བསྒོས་པའི་ཕྱིར་དང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་ཞེས་བྱ་བ་ལ། སྲིད་རྩེ་སྨོས་པ་ནི་དེ་ལས་གཞན་པའི་ས་ལས་སྐྱེས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །བཟོད་པ་མོས་པ་ནི་བསྒོམ་པས་སྤང་བར་བྱ་བ་བསལ་བར་བྱ་བའི་ཕྱིར་རོ། །ཆོས་ཀྱི་བཟོད་པ་ལ་ཐལ་བར་འགྱུར་བ་སྤང་བའི་ཕྱིར། རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་ཞེས་བྱ་བ་སྨོས་སོ། །སྲིད་པའི་རྩེ་མོའི་གཉེན་པོའི་འཇིག་རྟེན་པའི་ལམ་མེད་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་གྱི་བསྒོམ་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ས་ལྷག་མ་དག་ན་ཅི་རིགས་པར་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་སོགས་པ་དག་ན་རེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དག་ནའོ། །ཅི་རིགས་པར་ནི་ཇི་ལྟར་སྲིད་པར་ཏེ། འདོད་པའི་ཁམས་ན་ནི་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་བ་ཡིན་ལ། བསམ་གཏན་དང་པོ་ཡན་ཆད་ནི་རྗེས་སུ་ཤེས་པའི་བཟོད་པས་གཞོམ་པར་བྱ་བ་ཡིན་ནོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་ནི། ས་གོང་མ་པའི་བསྒོམ་པའི་ལམ་ནི་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་ལས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱིས་ནི་མཐོང་པས་སྤོང་ལ། སོ་སོའི་སྐྱེ་བོས་ནི་བསྒོམས་པས་སོ་ཞེས་


DTG210_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཕྱིར་རོ། །ས་ཐམས་ཅད་ན་ཞེས་བྱ་བ་ལ། ཐམས་ཅད་སྨོས་པ་ནི་སྲིད་པའི་རྩེ་མོ་བསྡུ་བར་བྱ་བའི་ཕྱིར་རོ། །གཉི་གའི་ཞེས་བྱ་བའི་ཅི་རིགས་པར་འཕགས་པ་དང་སོ་སོའི་སྐྱེ་བོའི་སྟེ་སོ་སོའི་སྐྱེ་བོ་ནི་སྲིད་པའི་རྩེ་མོ་མ་གཏོགས་པའི་འོ་ཞེས་བརྗོད་པར་བྱའོ། །གཞན་དག་ན་རེ། ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱི། །ཞེས་བྱ་བའི་མདོ་འདི་ལ་ནུས་པའི་བྱེད་པ་མེད་དེ། ཅི་ལྟར་ན་སྲིད་རྩེ་ལས་སྐྱེས་པ་བཟོད་པས་གཞོམ་པར་བྱ་བ་རྣམས་མཐའ་གཅིག་ཏུ་མཐོང་བས་སྤང་བར་བྱ་བ་གསུངས་པའི་ཕྱིར་དང་བཟོད་པས་གཞོམ་བྱ་མ་ཡིན་པས་ཐམས་ཅད་པ་རྣམས་མཐའ་གཅིག་ཏུ་བསྒོམ་པས་སྤང་བར་བྱ་བར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ལྷག་སྐྱེས་མཐོང་དང་བསྒོམ་གཉིས་ཀྱི། །བཟོད་པས་གཞོམ་བྱ་ཞེས་བྱ་བ་འདི་མ་བཟོད་དེ། གཞན་དག་ན་རེ་ཕྱི་རོལ་པ་རྣམས་ཀྱི་ནི་ཞེས་བྱ་བརྒྱས་པར་སྨོས་ཏེ། དེ་ལྟར་ན་སྲིད་པའི་རྩེ་མོར་སྐྱེས་པ་བཟོད་པས་གཞོམ་པར་བྱ་བ་འབའ་ཞིག་མཐོང་བས་སྤང་བར་བྱ་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན་ས་ཐམས་ཅད་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས་ཀུན་དགའ་བོ། །འདི་ནི་སྲོག་གཅོད་པ་སྤང་བ་ནས་ལོག་པར་ལྟ་བ་སྤང་བའི་བར་དུ་ཡིན་ལ། འདི་ལ་ཡང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྤྱོང་ངམ་བྲམ་ཟེ་ཡང་རུང་སྟེ། རྫུ་འཕྲུལ་དང་ལྡན་པའི་ལྷའི་མིག་དང་ལྡན་པ་གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ནས་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་དུ་


DTG210_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སོ། །ཞེས་འདོད་ཆགས་དང་བྲལ་བ་རྣམས་ལ། འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་ཏུ་འབྱུང་བར་གསུངས་སོ། །ལོག་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ་ལས་དེ་འདོད་པ་ན་སྤྱོད་པའི་ཕྱིར་དང། དམྱལ་བ་ཡང་དེ་ཁོ་ནར་སྲིད་པའི་ཕྱིར་རོ། །སྔོན་གྱི་མཐའ་ལ་རྟོག་པ་རྣམས་ལས་རྟག་པར་སྨྲ་བ་རྣམས་དང༌། རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་བར་སྨྲ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་འབྱུང་བར་ནི་ཚངས་པའི་དྲ་བ་ལས་གསུངས་སོ། །དེ་ལ་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་སྨྲ་བར་ནི་མཁས་པར་བརྗོད་པ་ཙམ་ཞིག་བསྟན་པར་བྱ་སྟེ། འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུང་ན་འདུག་ཀྱང་རུང༌། ཁང་སྟོང་ན་འདུག་ཀྱང་རུང༌། ཀུན་དུ་སྦྱངས་པའི་རྒྱུ་དང༌། སྤོང་བའི་རྒྱུ་དང༌། བསྒོམ་པའི་རྒྱུ་དང༌། ལན་མང་དུ་བྱས་པའི་རྒྱུ་དང་ལེགས་པར་སྤྱད་པའི་རྒྱུས་སེམས་མཉམ་པར་གཞག་པའི་ཇི་ལྟ་བུས་འཇིག་པ་དང་ཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང༌། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ་སྙམ་པར་འགྱུར་རོ་ཞེས་འབྱུང་ངོ༌། །དེའི་ཕྱིར་དེ་ལྟར་ན་རྟག་པར་ལྟ་བ་དེས་བདག་དང་འཇིག་རྟེན་ལ་དམིགས་པ་ན་འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ཏེ། དེ་བཞིན་དུ་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་སྨྲ་བ་གཞན་རྣམས་ཀྱིས་ཀྱང་འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ནོ། །དེ་ནི་ལ་ལ་རྟག་པར་སྨྲ་བ་རྣམས་ལས་བརྩམས་ཏེ། དགེ་སློང་དག་འཇིག་རྟེན་འཇིག་ཅིང་ཞེས་བྱ་བ་ནས་རྒྱས་པར་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ། ལས་ཟད་པས་གནས་དེ་ནས་ཤི་འཕོས་ཏེ། འདི་ལྟ་བུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞིང་དེ་རིམ་གྱིས་ནར་སོན་ཏེ་དབང་པོ་རྣམས་ཡོངས་སུ་སྨིན་པས་དགོན་པ་ན་འདུག་ཀྱང་རུང་ཤིང་དྲུང་ན་འདུག་ཀྱང་


DTG210_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྦྱངས་པའི་རྒྱུ་དང་ཞེས་བྱ་བའི་བར་དུ་འབྱུང་ཞིང༌། རྒྱས་པར་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔོན་གྱི་ལུས་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུ་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང༌། དེ་འདི་སྙམ་དུ་གང་གིས་བདག་ཅག་སྤྲུལ་པའི་ཚངས་པ་གང་ཡིན་པ་འདི་ནི་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ནོ། །བདག་ཅག་གང་དག་ཚངས་པ་དེས་སྤྲུལ་པ་དེ་དེ་དག་ནི་མི་རྟག་པ་མི་བརྟན་པ་ཐེར་ཟུག་མ་ཡིན་པ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནས། དེ་ལྟར་ན་ལ་ལ་རྟག་ལ་ལ་ལ་མི་རྟག་པ་འདི་གཞི་དང་པོ་སྟེ། གང་ལ་རྟེན་ཅིང་གང་ལ་གནས་ཏེ། གང་ལ་སོ་སོར་བརྟེན་ནས་སྔོན་གྱི་མཐའ་ལ་རྟོག་པ་བདག་དང་འཇིག་རྟེན་ལ་ལ་རྟག་ལ་ལ་ལ་མི་རྟག་པར་སྨྲ་ཞིང་མངོན་པར་སྨྲ་བའོ། །མཐར་འཛིན་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཡིན་ཏེ། བདག་ཉིད་འདོད་པའི་ཁམས་སུ་སྐྱེས་པ་ལ་མི་རྟག་པ་ཉིད་དུ་ཞེན་པའི་ཕྱིར་རོ། །ད་ནི་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་བའི་དབང་དུ་མཛད་ནས་གསུངས་ཏེ། ཇི་ལྟར་ཞེ་ན། རྒྱས་པར་གསུངས་ནས་གཟུགས་ཀྱི་ཁམས་ན་འདི་དུས་མེད་པ་ཞེས་བྱ་བའི་ལྷ་དག་ཡོད་དེ། སེམས་ཅན་དེ་དག་འདི་དུས་སྐྱེད་པས་གནས་དེ་ནས་ཤི་བར་འགྱུར་རོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་པ་ལ་ལས་ཟད་པས་གནས་དེ་ནས་ཤི་འཕོས་ནས་འདི་ལྟ་བུས་མི་རྣམས་དང་སྐལ་བ་མཉམ་པར་འོང་བར་འགྱུར་གྱི། དེ་རིམ་གྱིས་ནར་སོན་ཏེ་དབང་པོ་རྣམས་ཡོངས་སུ་སྨིན་ནས་དགོན་པ་ན་འདུག་ཀྱང་རུང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔར་འདུ་ཤེས་འབྱུང་བ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱིས་ཏིང་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང༌། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ལ། བདག་སྔར་མ་བྱུང་ལ་ད་ལྟར་བྱུང་ངོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་བྱ་བའི་བར་འབྱུང་ངོ༌། །དེ་ལྟར་ན་རྒྱུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་འདོད་པའི་ཁམས་ལ་དམིགས་པ་ཡིན་ཏེ།


DTG210_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྐྱེས་པའི་བདག་རྒྱུ་མེད་པ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་ཡང་འདི་ཇི་ལྟར་ན་ལོག་པར་ལྟ་བར་འགྱུར་ཞེ་ན། བདག་དང་འཇིག་རྟེན་གྱི་སྔར་གྱི་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་རྒྱུ་ལ་སྐུར་པ་བཏབ་པའི་ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར། དེ་རྣམས་ཀྱི་ལྟ་བ་དེ་དག་ནི་གཟུགས་ན་སྤྱོད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་བསལ་པའི་ཕྱིར་གཟུགས་ན་སྤྱོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདོད་ཆགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ལ། ས་གོང་མ་བའི་ཉོན་མོངས་པ་ནི་ས་འོག་མ་ལ་དམིགས་པ་མ་ཡིན་ཏེ། དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་ཡོད་པ་མ་ཡིན་ཏེ། ཕྱི་རོལ་པ་རྣམས་ནི་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་དམིགས་ན་དེ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་ན་མི་རིགས་ཏེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལྟར་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ལས་གང་ཡང་རུང་བ་ཞིག་གིས་ཀྱང་འདོད་པའི་ཁམས་སུ་ཉིད་མཚམས་སུ་སྦྱོར་བའི་ཕྱིར་རོ། །དེ་དག་བསྒོམ་པས་སྤང་བར་བྱ་བ་སྤང་བའི་འདོད་ཆགས་དང་བྲལ་བ་ཡིན་ལ། མཐོང་བས་སྤང་བར་བྱ་བ་མ་སྤང་བའི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་རིགས་པ་ཅི་ཞིག་ཅེའོ། །གལ་ཏེ་དེ་ལྟར་ན་འོ་ན་ནི་ཇི་ལྟར་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་ཏུ་འབྱུང་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་ལྟ་བ་སྐྱེ་བ་དང་དུས་མཉམ་དུ་ཉམས་པའི་ཕྱིར་ཏེ་ལྷས་བྱིན་བཞིན་ནོ། །དཔེར་ན་ལྷས་བྱིན་གྱིས་དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ནས་སྡིག་པའི་བསམ་པའི་རྣམ་པ་སྐྱེས་ནས་རྫུ་འཕྲུལ་ལས་ཡོངས་སུ་ཉམས་པ་དེ་བཞིན་དུ་དེ་དག་ཀྱང་ལྟ་བ་ཀུན་ཏུ་འབྱུང་བས་ཡོངས་སུ་ཉམས་པ་ཡིན་ནོ་ཞེའོ། །མདོ་ལས་ནི་འདི་སྐད་དུ། དེ་ནས་ལྷས་བྱིན་རྙེད་པ་བཀུར་སྟིས་ཟིལ་གྱིས་ནོན་ནས་སེམས་ཡོངས་སུ་གཏུགས་ཏེ། ཀྱེ་མ་


DTG210_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བཅོམ་ལྡན་འདས་ཀྱིས་བདག་ལ་དག་སློང་གི་དགེ་འདུན་བྱིན་ཀྱང་ཅི་མ་རུང༌། དགེ་སློང་གི་དགེ་འདུན་ནི་བདག་གི་འཁོར་དུ་བྱས་ལ་བཅོམ་ལྡན་འདས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་ལྡན་ཞིང་ཐུགས་ལས་ཆུང་ངུར་གནས་པར་གསོལ་ལོ་སྙམ་པ་དེ་ལྟ་བུའི་སྡིག་པ་ཅན་གྱི་བསམ་པའི་རྣམ་པ་དེ་སྐྱེས་སོ། །ལྷས་བྱིན་གྱིས་སེམས་དེ་བསྐྱེད་མ་ཐག་ཏུ་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་སུ་ཞེས་བྱ་བ་རྒྱ་ཆེན་འབྱུང་སྟེ། དེ་བཞིན་དུ་དེ་དག་ཀྱང་ལྟ་བའི་ཀུན་ནས་ཉོན་མོངས་པ་ཀུན་ཏུ་རྒྱུ་བས་ཡོངས་སུ་ཉམས་པར་བཤད་པ་དེ་ཉིད་ཀྱི་ཕྱིར་ལྟ་བ་སྐྱེད་པ་དང་དུས་མཉམ་དུ་ཡོངས་སུ་ཉམས་པ་ཡིན་ནོ། །གལ་ཏེ་ཡོངས་སུ་ཉམས་པ་ན་ཅི་ལྟར་དེ་བྷུ་མིཥྛ་ཉིད་དུ་མཚོན་པར་བྱེད་ཅེ་ན། མྱུར་དུ་སྐྱེ་བའི་ཕྱིར་ཞེས་བྱ་སྟེ། གལ་ཏེ་དེ་ལྟར་གོམས་པས་ལས་ཅིའི་ཕྱིར་ཡོངས་སུ་ཉམས་ཞེས་བྱ་བ་རྒོལ་བའི་ཚིག་གོ །དེ་ལ་གླན་ཀ་འདི་ཁས་མ་བླངས་པའི་ཕྱིར་འདིར་འགའ་སྐྱེད་པ་མེད་དོ། །དྲིཥྚ་ཡོ་བི་ཏད་བྱུ་མིཥྛ་ཨེ་བི་ཏི་ཨ་སྟཱུ་བཱ་དེའི་རྒྱུ་མཚན་ལེགས་པར་བཟུང་ནས་མྱུར་དུ་སྐྱེད་པའོ། །དེའི་རིགས་གཞན་གོམས་པ་མེད་པས་ཡོངས་སུ་ཉམས་པར་འགྱུར་རོ། །འདི་ལྟར་སྲིད་པའི་རྩེ་མོ་ཐོབ་པ་ཡང་དེ་ལྟར་ཐག་རིང་བའི་གཉེན་པོ་བསྒོམ་པའི་ཕྱིར་ཁྱད་པར་ལས་ཁྱད་པར་གྱི་ཆ་དང་མཐུན་པར་ཏེ། བསམ་གཏན་དང་པོ་ལས་སེམས་གཅིག་གིས་ཡོངས་སུ་ཉམས་པར་བྱེད་དོ། །གལ་ཏེ་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་ངེས་པར་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་ན། འོ་ན་ཅིའི་ཕྱིར་མཐོང་བས་སྤང་བར་བྱ་བ་བརྒྱད་ཅུ་རྩ་བརྒྱད་ཅེས་བྱ་ཞེ་ན། བརྗོད་པར་བྱ་སྟེ་འདི་ནི་དགོངས་པ་ཅན་ཏེ་རིམ་གྱིས་པ་ལ་མངོན་པར་དགོངས་ནས་བཤད་དོ། །ཟག་པ་མེད་པའི་ལམ་གྱི་བྱེད་པ་ལ་ཡང་དགོངས་ཏེ། ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བ་རྣམས་མཐོང་བའི་ལམ་གྱིས་དེའི་བྲལ་བའི་ཐོབ་པ་མངོན་དུ་བྱེད་པ་སྲིད་པའི་ཕྱིར་དེ་ལྟར་བཤད་པ་ཡིན་ནོ། །རྟག་པར་འདུ་ཤེས་པ་དང་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་དེ་སྐད་དུ་བཤད་དེ་ཞེས་བྱ་བ་ལ་འཇིག་ཅེས་


DTG210_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་རྟག་པར་འདུ་ཤེས་པ་སྤང་བའི་ཕྱིར་བསྟན་ཏོ། །ཚོགས་ཞེས་བྱ་བ་ནི་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་རོ། །དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི། རྟག་པ་དང་རིལ་པོར་འདུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་རིལ་པོར་འདུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །དེ་དང་བྲལ་བས་བདག་ཏུ་འཛིན་པ་དང་བྲལ་བར་འགྱུར་ཏེ། རྒྱུ་མེད་པས་འབྲས་བུ་མེད་པར་འགྱུར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་རྣམ་པ་ལྔ་ཆར་ཡང་ངོ༌། །ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ལ་དམིགས་པ་ལས་ཀྱང་ཁྱད་པར་དུ་བྱེད་པའོ། །འཇིག་ཚོགས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལའོ། །ཐམས་ཅད་འཇིག་ཚོགས་ཀྱི་ཡུལ་ཅན་ཡིན་བཞིན་དུ་ཅིའི་ཕྱིར་བདག་དང་བདག་གིར་ལྟ་བ་ཁོ་ན་ལ་འཇིག་ཚོགས་སུ་ལྟ་བར་བཤད་ཅེ་ན། བདག་དང་བདག་གིར་མེད་པར་བསྟན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་འདི་ནི་འཇིག་ཚོགས་ལ་ལྟ་བ་ཡིན་གྱི་བདག་དང་བདག་གི་བ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་ཉིད་ལ་ཁུངས་ནི་ཇི་སྐད་དུ་དགེ་སློང་དག་ཅེས་རྒྱས་པར་འབྱུང་བའོ། །གཞན་དག་ན་རེ་འདིར་འཇིག་པའི་སྒྲ་དོན་མེད་དེ། མི་རྟག་པ་ཉིད་དུ་ནི་ཚོགས་ཀྱི་སྒྲས་ཤེས་པའི་ཕྱིར་རོ་ཞེས་ཟེར་རོ། །འདུས་པ་རྟག་པར་འདོད་པར་འགའ་ཡང་མེད་པས་ཚོགས་སུ་ལྟ་བ་ཁོ་ནར་འགྱུར་ན། འདི་ནི་དེ་ལྟ་མ་ཡིན་ཏེ། ཕུང་པོ་རྣམས་ལ་དངོས་པོ་གཅིག་པ་ཉིད་དགག་པའི་ཕྱིར་དང་དེའི་ཉེ་བར་ལེན་པ་རྣམས་རྟག་པ་དགག་པའི་ཕྱིར་ཏེ། རྟག་པར་འདུ་ཤེས་པ་དང་རིལ་པོར་འདུ་ཤེས་པ་སྤང་བའི་ཕྱིར་ཞེས་སྔར་ཉིད་དུ་བཤད་ཟིན་ཏོ། །འདི་གཉི་ག་ཡང་འདོད་པས་གནས་བརྟན་རྣམས་ཀྱིས་སྐྱོན་བསྟན་པའི་གནས་མེད་དོ། །སློབ་དཔོན་འདུས་བཟང་ན་རེ། ཡོད་དོ་ཞེས་བྱ་བ་འདུས་པའི་ཚོགས་ཡོད་པ་སྟེ་གཅིག་མ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་ཡོད་པ་ཉིད་ཀྱི་འཇུག་པ་འདིར་ལྟ་བ་དེ་ཡང་མེད་པ་དེའི་ཕྱིར་ཡོད་


DTG210_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གྱུར་བ་ལ་དམིགས་པས། དེའི་དོན་དུ་འཇིག་པའི་སྒྲའོ། །འོ་ན་འཇིག་པའི་ཡུལ་ཉིད་ལ་བདག་ཡོད་པར་གྲུབ་པོ་ཞེ་ན། དེའི་ཕྱིར་ཚོགས་ཀྱི་སྒྲ་སྟེ། བདག་ཏུ་སྨྲ་བ་རྣམས་ཀྱིས་ལུས་ཐམས་ཅད་དམ་ལུས་སོ་སོ་ལ་བདག་གཅིག་ཉིད་དུ་བརྗོད་པའོ། །འདི་ཚོགས་མ་ཡིན་ཞེས་བྱ་བ་ལུས་སུ་མ་གྱུར་པ་རྣམ་པར་ཤེས་པ་ལ་དམིགས་པ་ཉིད་ནི་འཇིག་པ་ལ་དམིགས་པ་ཉིད་དེ་བདག་ཡོད་པ་ཉིད་དུ་ཞེས་སོ། །གཞན་རྣམས་སུ་ཡང་འཇིག་ཚོགས་ལ་དམིགས་པ་སྟེ། རང་ལ་བདག་གིར་ལྟ་བ་ཁོ་ན་འཇིག་ཚོགས་ལ་ལྟ་བ་ཞེས་བྱའི་གཞན་ནི་མ་ཡིན་ནོ་ཞེས་བྱའོ། །འདིར་ཡང་འཇིག་པ་སྨོས་པ་ལས་ཐ་དད་པའི་ཚོགས་ཡོད་པ་ཉིད་དུ་རྟོག་པར་བྱེད་པ་འགའ་ཡང་མེད་དོ། །དེའི་ཕྱིར་ཚོགས་པ་ལ་ལྟ་བ་ཞེས་བརྗོད་པར་བྱ་བ་མ་ཡིན་གྱི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །གནས་བརྟན་རྣམས་ཀྱི་སྐྱོན་འདི་ཐལ་བར་འགྱུར་རོ་ཞེ་ན། གང་གི་ཕྱིར་ཐམས་ཅད་ལོག་པར་ཞུགས་པས་ལོག་པར་བཅུག་པ་ཕྱིན་ཅི་ལོག་གི་འཇུག་པ་སྟེ་ཡང་དག་པའི་ལྟ་བ་བསལ་བའི་ཕྱིར་རོ། །ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །ཡང་ཇི་ལྟར་གཅིག་ཁོ་ན་ཡིན་ཞེ་ན། ཕྱིན་ཅི་ལོག་གི་འཇུག་པ་ཕུལ་དུ་བྱུང་བ་དང་ལྡན་པ་དེའི་ཕྱིར་བཤད་དོ། །འདི་ནི་སྐུར་པ་འདེབས་པར་བྱེད་པ་ཡིན་ལ་ཞེས་བྱ་བ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་པ་ལས་མེད་དོ་ཞེས་ལྟ་བའི་ཕྱིར་རོ། །གཞན་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བདག་ལ་སོགས་པར་སྒྲོ་འདོགས་པའི་ཕྱིར་རོ། །གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུངས་པའི་ཕྱིར་རྟག་པར་ལྟ་བ་ཡང་ཐ་དད་དུ་བརྗོད་པར་བྱ་འམ་ཞེ་ན། བརྗོད་པར་མི་བྱ་སྟེ་རྟག་པར་ལྟ་བ་དེ་བདག་གི་དབང་དུ་བྱས་ནས་འཇུག་པའི་ཕྱིར་རོ། འདི་རྟག་པར་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་རྒོལ་བའི་ཚིག་གོ །འདི་ལ་འགའ་ཞིག་གིས་ལན་སྨྲས་པ། བདག་ཁོ་ནའི་དབང་དུ་བྱས་ནས་མཐར་འཛིན་པར་ལྟ་བ་སྟེ། འདིས་མཐར་བྱས་པ་མ་ཡིན་ཡང་འཇིག་ཚོགས་ལ་ལྟ་བའི་སྟོབས་ཀྱིས་བསྐྱེད་དེ་ཞུགས་པའི་ཕྱིར་དེ་


DTG210_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བདག་གི་པར་མངོན་པར་འདོད་དོ། །དངོས་པོའི་སྒོ་ནས་རྟག་པའམ་ཆད་པར་ལྟ་བ་ནི་མཐར་འཛིན་པའི་ལྟ་བ་ཉིད་དོ། །མི་རྟག་པ་ལ་རྟག་གོ་སྙམ་པ་ཡང་མཐར་འཛིན་བར་ལྟ་བའོ། །སྡུག་བསྔལ་ལ་བདེ་བའོ་སྙམ་པ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་ཞེས་གསུངས་པའི་ཕྱིར་རྟག་པར་ལྟ་བ་ཡང་བཤད་པར་རྟོགས་པར་བྱ་སྟེ། འདིར་ཕྱིན་ཅི་ལོག་གི་འཇུག་པ་ཐམས་ཅད་ལོག་པར་ལྟ་བའོ་ཞེས་གསུངས་སོ། །འཕགས་པ་རྣམས་ཀྱིས་སྤང་བའི་ཕྱིར་རོ། །ཞེས་བྱ་བ་ནི་དོར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་བྱ་བ་ལ། གང་གི་ཕྱིར་འདི་ནི་ལྟ་པ་ཙམ་ཞིག་ལ་མཆོག་ཉིད་དུ་འཛིན་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལའོ། །དེའི་ཕྱིར་འདིར་ལྟ་བ་ལ་མཆོག་ཏུ་འཛིན་པའི་ཞེས་བྱ་བའི་སོགས་པ་སྒྲ་མི་མངོན་པར་བལྟ་བར་བྱའོ། །གཞན་དག་ན་རེ། ལྟ་བས་མཆོག་ཏུ་འཛིན་པ་ཞེས་བྱ་བར་གྲུབ་པ་ལ། མཆོག་གི་སྒྲ་ནི་ལྟ་བ་རྣམས་ལས་ཕུལ་དུ་བྱུང་བ་ཉིད་ཤེས་པར་བྱེད་པ་ཡིན་ཏེ། སོགས་ཀྱི་སྒྲ་མི་མངོན་པར་བྱས་པ་དོན་མ་ཡིན་ནོ་ཞེས་ཟེར་རོ། །མེ་དང་ཆུར་འཇུག་པ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་ཟས་གཅོད་པ་དང༌། འཇུག་ངོགས་དང༌། གཡང་ལ་མཆོད་བ་དང༌། གདུང་པ་དང༌། སྐྲ་འབལ་བ་ལ་སོགས་པ་བསྡུའོ། །གྲངས་ཅན་གྱི་རྣལ་འབྱོར་གྱི་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ། འདིར་ཡང་སོགས་ཀྱི་སྒྲས་ཚིག་གི་དོན་དྲུག་ཤེས་པ་ལ་སོགས་པ་གཟུང་ངོ༌། །འདིར་ཡང་སོགས་པའི་སྒྲ་མི་མངོན་པ་བྱས་སོ་ཞེས་གྲག་གོ་ཞེས་བྱ་བ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདིར་རྒྱུ་དང་ལམ་གྱི་སྒོ་ནས་ལྟ་བས་འདིར་ཡང་སོགས་ཀྱི་སྒྲ་མི་མངོན་པར་བྱས་སོ། །གཞན་དག་ན་རེ། མཆོག་གི་སྒྲ་རབ་ཏུ་སྦྱར་བའི་ཕྱིར་ཕུལ་དུ་བྱུང་བར་ཞུགས་པའོ་ཞེས་རིགས་པར་བྱའོ་ཞེས་ཟེར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་མདོ་ལས་ཚུལ་ཁྲིམས་དང་བརྟུལ་


DTG210_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཙམ་ཞིག་ངེས་པར་གཟུང་བས་སོགས་པའི་སྒྲས་མི་འཐད་པར་བསྟན་པའི་ཕྱིར་རོ། །གལ་ཏེ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་ཞེས་བྱ་བ་རྒྱས་བར་འབྱུང་སྟེ། ཀུན་འབྱུང་བ་ལ་སོགས་པར་ཞུགས་པའི་ཕྱིར་འདི་ནི་ཀུན་འབྱུང་མཐོང་བ་ཁོ་ན་སྤང་བར་རིགས་ཀྱི། སྡུག་བསྔལ་མཐོང་བས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ལ་ལ་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ནི་འབྲས་བུར་གྱུར་པ་ཁོ་ན་དབང་ཕྱུག་ལ་སོགས་པར་འདུ་ཤེས་པས་ཕུང་པོ་རྣམས་ལ་རྟག་པ་དང་གཅིག་པུ་དང་བདག་དང་བྱེད་པ་བོར་རྟོགས་ནས་དབང་ཕྱུག་ལ་སོགས་པ་དག་ལ་རྒྱུར་འདུ་ཤེས་པར་འགྱུར་རོ། །དེ་དག་རྟག་པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། སྡུག་བསྔལ་མངོན་པར་རྟོགས་པའི་ཚེ་ཁོ་ནར་བདག་མེད་པའི་ཤེས་པ་ཐོབ་པའི་ཕྱིས་ནི་མ་ཡིན་ནོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་སྟེ། ཇི་སྐད་དུ། །གང་ཕྱིར་འདི་ཡིས་སྡུག་བསྔལ་མི་མངོན་ཞིང༌། །དེ་མ་མཐོང་བས་བདག་ཅེས་བྱ་བར་ལྟ། །སྡུག་བསྔལ་ཡང་དག་ཇི་བཞིན་རིག་ནས་ནི། །འདི་ནི་བདག་ཅེས་བྱ་བར་ལྟ་མི་འགྱུར། །ཞེས་བཤད་དོ། །དེའི་ཕྱིར་ཆོས་ཙམ་མཐོང་བས་བདག་ཏུ་ལྟ་བ་ལྡོག་ལ། དེ་སྐྱེད་པས་བདག་ཏུ་ལྟ་བ་དང་བྲལ་བར་འགྱུར་རོ། །འདིས་མཐར་འཛིན་པར་ལྟ་བ་བཤད་དོ། །དེ་བཞིན་དུ་བདག་མེད་པར་སྨྲ་བ་ནི་ཆད་པར་ལྟ་བ་མ་ཡིན་ཏེ་ཡང་དག་པའི་ལྟ་བའོ། །བདག་ཏུ་སྨྲ་བ་ནི་མཐར་འཛིན་པར་ལྟ་བའོ། །དེ་ལྟར་ལྟ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་སྟེ། གང་གི་ཚེ་འདིས་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པས་མཆོག་ཏུ་བཅོམ་པར་གྱུར་པ་དེའི་ཚེ་ཉིད་དུ་དབང་ཕྱུག་ལ་སོགས་པ་རྒྱུར་མངོན་པར་ཞེན་པ་སྤོང་བར་བྱེད་དོ། །དེའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དུ་བརྗོད་ཀྱི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ན། །དེ་བཞིན་དུ་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་རྣམས་ཀྱང་ལྟ་བས་དྲངས་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཐལ་བར་


DTG210_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་དེ་ལྟར་རང་གི་སྒོ་ནས་བདེན་པ་རྣམས་ལོག་པར་མ་ཞུགས་པའི་ཕྱིར་རོ། །དེ་ལ་གསོད་པ་ལ་སོགས་པ་རྣམས་ནི་རེ་ཞིག་དམིགས་པ་མེད་པ་ཉིད་ཀྱིས་ལོག་པར་ཞུགས་པ་མ་ཡིན་ཏེ། ཀུན་ནས་དཀྲིས་པ་དེ་རྣམས་ཀྱང་རང་གི་མཚན་ཉིད་ཀྱིས་ཉོན་མོངས་པ་ཡིན་པའི་ཕྱིར་དང་ངེས་པར་རྟོག་པའི་བདག་ཉིད་མ་ཡིན་པས་བསྒོམ་པས་སྤང་བར་བྱ་བ་མ་འདྲེས་པ་ལ་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ལ་ཡོད་པའི་རང་གི་མཚན་ཉིད་ཀྱིས་ཉོན་མོངས་པ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་དབང་ཕྱུག་ལ་སོགས་པ་རྒྱུར་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་སྡུག་བསྔལ་ལ་རྒྱུར་བཟུང་བ་ན། དེ་སྡུག་བསྔལ་མཐོང་བས་སྤང་པར་བྱ་བ་ཁོ་ན་ཡིན་གྱི། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །འོ་ན་གང་མེ་དང་ཆུར་འཇུག་པ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་ཀུན་འབྱུང་བ་ལ་ལོག་པར་ཞུགས་པའི་ཕྱིར་དང༌། རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ལ་བལྟོས་པའི་ཕྱིར་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་བསམས་པའོ། །ཚུལ་ཁྲིམས་བརྟུལ་ཞུགས་ཀྱིས་དག་པར་ལྟ་བ་ཇི་ལྟ་བུ་ཡིན། ཞེས་བྱ་བ་ནི་འདི་ཡང་ལམ་ལ་ལོག་པར་ཞུགས་ཤིང་རྟག་པ་དང༌། བདག་ཏུ་ཕྱིན་ཅི་ལོག་པས་དྲངས་པ་མ་ཡིན་པས་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་ལ་རྒྱུར་མངོན་པར་ཞེན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བའོ། །དོན་དེ་ལས་བསྟན་བཅོས་ཁུངས་སུ་སྨོས་པ་ནི། བསྟན་བཅོས་ལས་འདི་སྐད་དུ་ཞེས་བྱས་རྒྱས་པར་འབྱུང་བའོ། །འདིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་རམ། དེས་དྲངས་པ་ཡིན་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བར་བརྟག་གྲང་ན་དེ་གཉི་ག་ཡང་མེད་དོ་སྙམ་དུ་དཔྱད་ནས་དྲི་བ་ནི། ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །རྒྱུ་གསུངས་


DTG210_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སྡུག་བསྔལ་ལ་ལོག་པར་ཞུགས་ཤེ་ན། དེས་དག་པར་མི་རྟོག་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཟག་པ་མེད་པ་ལ་དམིགས་པ་མ་གཏོགས་པའི་ཉོན་མོངས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཏེ། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་སྡུག་བསྔལ་བ་ཡིན་ཞིང་དེ་ལ་ཡང་དག་པ་མ་ཡིན་པར་ཞུགས་པས་ལོག་པར་ཞུགས་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ནར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་མེད་པར་ཐལ་བར་འགྱུར་རོ། །ཡང་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདི་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ན། གང་ཞིག་ལམ་མཐོང་བས་སྤང་བར་བྱ་བ་སྡུག་བསྔལ་ལ་ལོག་པར་མ་ཞུགས་པ་གཞན་ཇི་ལྟ་བུ་ཞིག་ཡོད་སྙམ་དུ་དགོངས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་ལ། གང་ཞིག་ལམ་མཐོང་བས་སྤང་བར་བྱ་བ་ཉོན་མོངས་བདུན་ལ་དམིགས་པ་ཟད་པ་ལས་ལམ་མཐོང་བས་སྤང་བར་འདོད་དོ། །དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པ་ལམ་མཐོང་བས་སྤང་བར་བྱ་བ་དག་ཟག་པ་དང་བཅས་པ་ཉིད་ཀྱི་སྡུག་བསྔལ་གྱི་བདེན་པས་བསྡུས་པའི་ཕྱིར་རོ། །ད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཉིད་མ་བཟོད་ནས། ཡང་གང་ལམ་ལ་དམིགས་པ་ལོག་པར་ལྟ་བའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དེ་དག་པར་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི། ལམ་མེད་དོ་སྙམ་དུ་ལོག་པར་ལྟ་བ་དང་ཐེ་ཚོམ་དེ་དག་གིས་ནི་ཐར་པའི་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པའམ། ཐེ་ཚོམ་ཟ་བ་ན་ལོག་པར་ལྟ་པ་འམ།


DTG210_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་དེ་དག་གོ་སྙམ་དུ་ཇི་ལྟར་རྟོག་པར་འགྱུར། འོན་ཏེ་ཐར་པའི་ལམ་གཞན་ཞེས་བྱ་བ་ནི་གྲངས་ཅན་པ་དང་གཅེར་བུ་པ་འདོད་པས་སོ། །ཐར་པའི་ལམ་འདི་ནི་མེད་དོ་ཞེས་བྱ་བ་ནི་བད་བར་གཤེགས་པ་པའི་འོ། །དེ་ཡང་གཞན་དེ་ཁོ་ནས་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པ་འདོད་པས་ཡིན་གྱི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ནི་མ་ཡིན་ཏེ། དེའི་ཕྱིར་གྲངས་ཅན་ལ་སོགས་པ་ལམ་ལ་དམིགས་པ་ཉིད་དུ་འགྱུར་གྱི། ལམ་ལ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པར་ནི་མི་འགྱུར་རོ། །ཡང་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། འོན་ཏེ་ཅིའི་ཕྱིར་བདེན་པ་གཉིས་སུ་ཐལ་བ་ལས་སྡུག་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བ་ཉིད་དུ་འདོད་ཅེ་ན་སློབ་དཔོན་འདུས་བཟང་ན་རེ། ཀུན་འབྱུང་བ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ཡིན་པ་མི་རིགས་ཏེ་དེའི་ལུས་སུ་མི་འཐད་པའི་ཕྱིར་རོ་ཞེས་ཟེར་རོ། །ལུས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་དང་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པའོ། །ཀུན་འབྱུང་ལ་སྐུར་པ་འདབས་པ་ནི་ལོག་པར་ལྟ་བ་སྟེ་གློ་བུར་དུ་སྐྱེ་བར་མཐོང་བ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་དག་ཀྱང་རྫས་ཀྱི་སྒོ་ནས་ཐ་དད་པའི་ཕྱིར་སྡུག་བསྔལ་ཡང་འདིས་བསྐུལ་བ་ཡིན་ནོ། །འགོག་པ་ལ་སྐུར་བ་འདེབས་པ་ནི་འགོག་པའི་ཐབས་ལ་རྟོག་པ་ཉིད་མི་སྲིད་དོ། །ཅི་ལྟར་མེད་པ་འགོག་ཅེ་ན། མཐོང་བའི་རྗེས་སུ་དེའི་ཐབས་ལ་རྟོག་པ་དོན་མེད་པར་འགྱུར་རོ། །ལམ་མེད་ཅེས་བྱ་བ་ནི་མཐོང་བའི་རྗེས་སུ་ལམ་རྟོག་པ་འཐད་པའི་ཕྱིར་རོ། །གཞན་ནི་ཐར་པའི་ལམ་སྙིང་ལ་ཞེན་པར་གྱུར་པ་ཐར་པའི་ལམ་ལ་སྐུར་པ་འདེབས་པ་ནི་ལོག་པར་ལྟ་བ་འབའ་ཞིག་པར་ཞུགས་པ་སྟེ། རིགས་པ་འདིས་གང་གཞན་དག་ལ་ཐར་པའི་ལམ་མེད་དོ་ཞེས་བྱ་བ་ལ། འདིར་ནི་མདོ་ཀཱ་ར་ཎཻ་བ་བི་ཧི་ཏ་མུཏྟ་རཾ། བྱེད་པ་ཉིད་ཀྱི་བྱས་པ་མཆོག་སྟེ་དེ་ཡང་གཞན་ཁོ་ན་དག་པར་བོ་བི་ནཻ་བཱ་ནྱཻ་ན་ཤུརྷི་པྲ་ཏྱེ་ཏི། དེས་ལོག་པར་ལྟ་བ་མ་ཡིན་ཞེས་བྱ་བ་ལ། གལ་ཏེ་ཡང་སྡུག་བསྔལ་དང་


DTG210_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་བ་དག་རྫས་ཐ་དད་པའི་ཕྱིར་ཀུན་འབྱུང་ལ་སྐུར་པ་འདེབས་པར་འདོད་པ་དེ་ལྟ་ཡིན་ན། སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཐ་དད་པར་མི་འགྱུར་རོ། །ཡོ་ཧི་ཨིཥ་ཏ་པྲགྥ་རཱ་ཁྱཱ་པྲི་ཐི་བཱི་དྭཱི། ཐར་པ་ཉིད་དུ་མངོན་པར་ཞེན་པ་དོན་དམ་པར་ཐར་པ་ལ་སྐུར་པ་འདེབས་པར་བྱེད་དེ་ཡང་མཐོང་བས་དག་པའི་ཕྱིར་རོ། །དེ་ཅི་ལྟར་འགོག་པས་མཐོང་བས་སྤང་བར་བྱ་བ་ཡང་མ་ཡིན་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་གང་ཅུང་ཟད་སྔོན་ཁུར་དུ་བཤད་པས་གཉིས་སུ།) ཏུ་འཛིན་པ་ཡིན་ནོ། །དེའི་ཕྱིར་དེའི་གནས་སྐབས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་གོ །གང་གཞན་དག་གནས་བརྟན་རྣམས་ཀྱིས་ཀཱ་ཤ་དང་ཀུ་ཤ་འཕྱང་བའི་རིགས་པས་བཤད་པ་དེ་ནི་འདིར་གཞུང་མངས་པའི་འཇིགས་པ་དང་སྙིང་པོ་མེད་པའི་ཕྱིར་མ་བཤད་དོ། །དེ་ལྟ་བས་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། གང་གི་ཕྱིར་ཟག་པ་དང་བཅས་པ་ལ་དམིགས་པའི་ཕྱིར་ཐམས་ཅད་སྡུག་བསྔལ་མཐོང་བས་སྤང་བར་བྱ་བར་འགྱུར་བའམ། དེ་དག་གི་སྤང་བར་བྱ་བའི་ལྟ་བ་ལ་དམིགས་པའི་ཕྱིར་རྣམ་པ་བཞི་ཡིན་པ་དེ་ལྟ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་རྣམ་པ་གཉིས་ཁོ་ན་ཡིན་གྱི་རྣམ་པ་གཅིག་མ་ཡིན་ཞིང་རྣམ་པ་བཞི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་གང་ཡིན་པ་སྡུག་བསྔལ་ལ་དམིགས་པའོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་སྡུག་བསྔལ་ལ་རྟག་པ་ལ་སོགས་པར་ལྟ་བ་སྟེ། དེའི་གཉེན་པོ་ཡིན་པའི་ཕྱིར་སྡུག་བསྔལ་ལ་མི་རྟག་པ་ལ་སོགས་པར་ལྟ་བ་ཡིན་ནོ། །ལམ་མ་ཡིན་པ་ལ་ལམ་གྱི་བློའི་གཉེན་པོ་ནི་ཇི་ལྟར་རྟག་པར་འདུ་ཤེས་པ་དེའི་ཕྱིར་ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་སྡུག་བསྔལ་མཐོང་བས་སྤོང་བར་མི་འཐད་དོ། །རྒྱུ་མ་ཡིན་པ་ནི་དབང་ཕྱུག་ལ་སོགས་


DTG210_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་རྒྱུར་མངོན་པར་ཞེན་པའོ། །འདིས་ཀུན་འབྱུང་བ་མཐོང་བས་སྤང་བ་ཉིད་ཀྱང་འདི་ཡིན་པ་བཟློག་ཟིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་དང་རྒྱུ་ལ་སོགས་པར་ལྟ་བ་མེད་དོ། །ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པའི་གཉེན་པོ་ནི་ལམ་ཉིད་དེ། འདིའི་གཉེན་པོ་ལམ་མཐོང་བ་ཉིད་དོ་ཞེས་འབྱུང་སྟེ། ལམ་མཐོང་བས་སྤང་བར་བྱ་བ་ཉིད་དང་སྦྱར་རོ། །གལ་ཏེ་ལམ་ཡང་ལམ་གྱི་སྒོ་ནས་མཐོང་བ་སྡུག་བསྔལ་བ་སོགས་པ་ལ་བལྟོས་ནས་ངེས་པར་གཟུང་བ་མ་ཡིན་པ་ལམ་མོ་ཞེ་ན། འདིས་ལམ་མ་ཡིན་པ་ལམ་དུ་འཛིན་པ་འདོར་བ་མ་ཡིན་ནོ། །གཞན་དུ་ངེས་པར་འཛིན་ཏེ་ཟག་པ་དང་བཅས་པའི་དངོས་པོ་ལ་དམིགས་པ་འཐོབ་པ་དེའི་ཕྱིར་འདིའི་གཉེན་པོ་ལམ་མཐོང་བ་ཉིད་མ་ཡིན་ཏེ་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །རྒྱུ་མ་ཡིན་ལ་རྒྱུའི་སྒོ་ནས་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་འབྱུང་བའོ། །འདིར་ལམ་ཉིད་རྒྱུའི་སྒྲས་བརྗོད་དེ་བདེ་བ་དང་སྡུག་བསྔལ་བཟློག་སྟེ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་བདག་གིར་ལྟ་བ་ཕྱིན་ཅི་ལོག་ཡིན་ཞེས་བྱ་བ་ནི་བདག་གི་བ་ནི་བདག་ཏུ་ལྟ་བ་མ་ཡིན་ཏེ། བདག་མེད་པ་མ་ཡིན་པ་དང༌། བདག་མེད་པ་ནི་བདག་ཏུ་ལྟ་བ་མ་ཡིན་ཅིང་བདག་གི་བ་མ་ཡིན་པ་ཡིན་ནོ་ཞེས་བྱ་བའི་དབྱེ་བ་འདི་ཡོད་དོ། །མདོ་ལས་ཀྱང་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་བ་ཞེས་འབྱུང་གི་བདག་གི་མེད་པ་ལ་བདག་གི་སྙམ་དུ་ཞེས་བྱ་བར་ནི་མི་འབྱུང་སྟེ་དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་རིལ་ཕྱིན་ཅི་ལོག་མ་ཡིན་ནོ། །བདག་ཏུ་ལྟ་བ་འདི་ཉིད་སྒོ་གཉིས་ཅན་ཡིན་ནོ་ཞེས་བྱ་བ་ནི་རྫས་ཀྱི་སྒོ་ན་གཅིག་ཡིན་ཡང་བདག་དང་བདག་གི་པའི་འཇུག་པ་ཐ་དད་པའི་ཕྱིར་སྒོ་གཉིས་ཅན་དུ་འགྱུར་རོ། །འོན་ཏེ་བདག་ཅེས་བྱ་བ་འདི་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་བདག་ཅེས་བྱ་བ་ནི་རྣམ་པར་དབྱེ་བ་དང་པོས་བསྟན་པ་ཡིན་ལ། གལ་ཏེ་བདག་གི་ཞེས་དྲུག་པས་བསྟན་པ་རྣམ་དབྱེ་ཐ་དད་པས་ལྟ་བ་གཞན་དུ་རྟོག་པ་དེ་ལྟ་ན་བདག་གིས་ཞེས་བྱ་བ་དང་བདག་གི་ཕྱིར་ཞེས་བྱ་བ་ཡང་རྣམ་དབྱེ་ཐ་


DTG210_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་ཕྱིར་དེ་ཡང་ལྟ་བ་གཞན་དུ་འགྱུར་རོ། །འདི་ལྟར་བདག་གི་ཞེས་བྱ་བ་ནི་གསུམ་པའོ། །བདག་གིར་ཕྱིར་ཞེས་བྱ་བ་ནི་བཞི་པའོ། །སློབ་དཔོན་འདུས་བཟང་ན་རེ། འདོད་པ་འདི་གཅིག་པུ་ལ་ལྟ་བ་བཅུ་གཉིས་སུ་ངེས་པར་ཡོད་པས་ཕྱིན་ཅི་ལོག་གི་ལྟ་བ་གཉིས་ཏེ། འཇིག་ཚོགས་ལ་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དག་ཕྱིན་ཅི་ལོག་གི །རྟག་པའི་མཐར་ལྟུང་བ་ནི་མཐར་འཛིན་པར་ལྟ་བའོ། །ཨུ་པ་པ་དྱ་སྟེ་ཧི། རྟག་པ་དང་ཆད་པར་ལྟ་བ་དག་ཕན་ཚུན་འགལ་བའི་ཕྱིར་རོ། །ལྟ་བའི་ཕྱི་ནས་རྟོག་པ་ནི་བདག་དང་བདག་གི་ལྟ་བ་དག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ལ་བདག་ཁོ་ན་དབང་བྱེད་པར་ལྟ་བ་ན་བདག་གིའོ་སྙམ་དུ་སེམས་སོ་ཞེས་ཟེར་རོ། །ཉོན་མོངས་པ་ཐམས་ཅད་ལོག་པར་འཇུག་པ་མཚུངས་ན་ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཀྱང་ཕྱིན་ཅི་ལོག་མ་ཡིན་ཞེན། འདི་ལྟར་རྒྱུ་གསུམ་གྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གསུམ་པོ་འདི་རིམ་གྱིས་ཉོན་མོངས་པ་གཞན་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཕྱིན་ཅི་ལོག་ཉིད་རྣམ་པར་གཞག་གོ །ལོག་པར་ལྟ་བ་དང་ཆད་པར་ལྟ་བ་གཉིས་ངེས་པར་རྟོག་པ་དང་གཅིག་ཏུ་ཕྱིན་ཅི་ལོག་ཡིན་མོད་ཀྱི། སྒྲོ་འདོགས་པར་བྱེད་པ་ནི་མ་ཡིན་ཏེ། རྫས་འཇིག་པར་ཞུགས་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྒྲོ་འདོགས་པར་བྱེད་ཅིང་ངེས་པར་རྟོག་པའི་བདག་ཉིད་ཡིན་མོད་ཀྱི་གཅིག་ཏུ་ཕྱིན་ཅི་ལོག་པ་ནི་མ་ཡིན་ནོ། །དེ་ཙམ་གྱིས་དག་པར་དམིགས་པའི་ཕྱིར་ཞེས་བྱ་བ་ལ་ཉི་ཚེ་བ་དང་དུས་གཞན་ན་དག་པ་ཡིན་པས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྲིད་པའི་ཕྱིར་ཡིན་ན། བདེ་བ་དང་གཙང་བར་ཕྱིན་ཅི་ལོག་པ་དག་ཀྱང་འདིར་ཐལ་བར་འགྱུར་རོ། །དེ་ཙམ་གྱིས་བད་པ་དང་གཙང་བར་དམིགས་པས་དེའི་ཕྱིར་ལྟ་བ་བཞི་ལས་ཞེས་བརྗོད་པར་བྱའོ། །དེ་ཙམ་གྱིས་ཀྱང་བདེ་བ་ཉིད་དང་གཙང་བ་ཉིད་མ་ཡིན་ཏེ། ཇི་ལྟར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཚོག་ཏུ་འཛིན་པས་བྱས་པའི་ལུས་དང་གཉེས་པར་སྤྱོད་པ་


DTG210_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབེན་པའི་མཚན་ཉིད་ནི་དག་པ་ཉིད་དོ་ཞེས་རྣམ་གྲངས་ཀྱི་སྡུག་བསྔལ་བདེ་བ་ཉིད་དོ་ཞེས་གཟུང་བའི་ཕྱིར་རོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་མཐའ་གཅིག་ཏུ་ཕྱིན་ཅི་ལོག་ཡིན་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་མ་ཡིན་ནོ། །དེ་ཙམ་གྱིས་དག་པར་དམིགས་པའི་ཕྱིར་ལྟ་བ་གསུམ་ཁོ་ན་ལས་ཞེས་རིགས་སོ། །ཁ་ཅིག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་བྱས་པ་ཕྱིན་ཅི་ལོག་གོ་ཞེས་ཟེར་རོ། །ཉོན་མོངས་པ་གཞན་དག་ནི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་བཞི་རྣམས་སོ། །དེ་དག་སྒྲོ་འདོགས་པར་བྱེད་པ་དང་ལོག་པར་འཇུག་པ་ཡིན་མོད་ཀྱི་ངེས་པར་རྟོག་པ་ནི་མ་ཡིན་ནོ། །ཐེ་ཚོམ་ནི་ལོག་པར་འཇུག་པ་ཡིན་མོད་ཀྱི་སྒྲོ་འདོགས་པ་དང་ངེས་པར་རྟོག་པ་མ་ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བྱ་སྟེ། གང་གི་ཕྱིར་དེ་དག་ལ་ཕྱིན་ཅི་ལོག་གི་རྒྱུ་གསུམ་པོ་མཐའ་དག་མེད་པའི་ཕྱིར་རོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་ལྟ་བའི་བདག་ཉིད་ཅན་བཞི་ཁོ་ན་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བ་འདི་འགལ་བར་སྟོན་པའོ། །འདིར་ནི་ལྟ་བ་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི། འདུ་ཤེས་དང་སེམས་གཉིས་ནི་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་བཞིན་དུ་ངེས་པར་རྟོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མདོ་དང་འགལ་བ་མ་ཡིན་ནམ་ཞེ་ན་འགལ་བ་མེད་དེ། སེམས་དང་འདུ་ཤེས་དེ་དབང་གིས། །ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གལ་ཏེ་སེམས་དང་འདུ་ཤེས་གཉིས་ཕྱིན་ཅི་ལོག་པའི་བདག་ཉིད་ཡིན་ཡང༌། ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་བཤད་ན། ཚོར་བ་ལ་སོགས་པ་དག་ཀྱང་ལྟ་བ་དང་མཚུངས་པར་ལྡན་པར་མཚུངས་བཞིན་དུ་ཅིའི་ཕྱིར་མ་བཤད་ཅེ་ན། ཐལ་བ་འདི་ནི་མེད་དེ་འཇིག་རྟེན་དང་མཐུན་པར་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གྲགས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །གཞན་དག་ན་རེ། འདུ་བྱེད་མི་རྟག་པ་ལ་སོགས་པ་ལ་གང་ཞིག་རྟག་པ་ལ་སོགས་པའི་བློ་སྐྱེས་པ་དེ་ཁ་ཅིག་ཏུ་མཚན་མ་དང་རྣམ་པར་རྟོག་པ་སྟེ་འདུ་ཤེས་ནི་མཚན་མར་


DTG210_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ཕྱིན་ཅི་ལོག་ཅེས་བཤད་ཀྱི། ཚོར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཕྱིན་ཅི་ལོག་རྣམས་ཀྱི་གཉིན་པོ་ནི་ཤེས་རབ་ཀྱི་མིང་གིས་བསྙད་ཅིང་བརྗོད་དོ། །མི་རྟག་པའི་རྣམ་པ་ལ་རྟག་པ་ལ་སོགས་པའི་འདུ་ཤེས་སམ་ཞེས་ཏེ། རྟེན་དང་ནུས་པ་ལས་ཀྱང་ངེས་པར་རྟོག་པ་དང་མཚན་མར་འཛིན་པ་སྲིད་པའི་ཕྱིར་སེམས་ཕྱིན་ཅི་ལོག་ཏུ་བཤད་དོ། །དེ་ལྟར་ཡང༌། ཉོན་མོངས་ཆུ་བོས་འདས་པ་ཡི། །འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད། །ཅེས་གསུངས་སོ། །ཕྱིན་ཅི་ལོག་དེ་དག་ཐམས་ཅད་ཀྱང་རྒྱུན་ཏུ་ཞུགས་པས་སྤངས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་འདི་ལས་ཕྱི་རོལ་པའི་སྟོན་པ་གཞན་ཚོལ་བ་དང༌། སྲོག་གཅོད་པར་བྱེད་པ་གང་ཡིན་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །ཕྱིན་ཅི་ལོག་བཞི་པོ་གང་དག་ཡིན་པ་དེ་དག་ལས་དུ་དག་གཅིག་ནི་རྒྱུན་ཏུ་ཞུགས་པ་སྤངས། དུ་དག་གཅིག་ནི་མ་སྤངས་ཤེ་ན། བཤད་པ་ཐམས་ཅད་སྤངས་སོ་ཞེས་གསུངས་སོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། ལྟ་བ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །མཚུངས་པར་ལྡན་པ་སྨོས་པས་ནི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་གཉིས་ཀྱང་མཐོང་བའི་ལམ་གྱིས་སྤོང་བ་ཡིན་ནོ་ཞེས་སྟོན་ཏོ། །གང་གི་ཚེ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་གིས་ཀྱང་འདི་དག་སྤངས་ན་ཅིའི་ཕྱིར་རྒྱུན་ཏུ་ཞུགས་པ་ཁོ་ནས་སྤངས་ཞེས་བརྗོད་པར་བྱ་ཞེ་ན། རྒྱུན་ཏུ་ཞུགས་པ་རྣམས་ལ་ཀུན་ཏུ་སྦྱོར་བ་ནི་དྲི་བཟང་པོའི་བྱུག་པ་དང་བདུག་པས་བསྒོས་པའི་གོས་དང་ཟས་དང་བཏུང་བ་ལ་སོགས་པའི་ཁྱད་པར་བཞིན་དུ་འདུག་ཅིང། འདོད་པ་སྤྱོད་པ་དང་ནོར་བུ་དང་གསེར་དང་དངུལ་བདག་གིར་བྱེད་པ་ཡང་ཡོད་དོ། །དེའི་ཕྱིར་མངོན་པར་ཤེས་པ་མེད་པའི་བློ་ཅན་རྣམས་ཀྱིས་ཀྱང་ཕྱིན་ཅི་ལོག་མ་སྤངས་པ་མ་ཡིན་ནོ། །དེའི་ཕྱིར་རབ་ཏུ་འཇུག་ཅེས་བྱ་བ་སྟེ། དེའི་དོན་དུ་རྒྱུན་ཏུ་ཞུགས་པས་


DTG210_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤང་ཞེས་བྱ་བའམ། རྣམ་གྲངས་མེད་པར་སྤངས་པའི་ཕྱིར་རོ། །འདིས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ཁྱད་པར་ཡང་རྟོགས་སོ། །ཕྱིན་ཅི་ལོག་ནི་བཅུ་གཉིས་ཡིན་ནོ་ཞེས་བྱ་ལ། ལྟ་བ་ཕྱིན་ཅི་ལོག་དག་རེ་རེ་ལ་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་པས་གསུམ་ཚན་བཞི་སྟེ་བཅུ་གཉིས་སུ་འགྱུར་རོ། །དེ་ཉིད་ཕྱིར་ནི་རྟག་པ་ལ་རྟག་གོ་སྙམ་དུ་ཞེས་བྱ་བ་སྨོས་སོ། །དེ་ལ་བརྒྱད་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ་མི་རྟག་པ་དང་བདག་མེད་པ་གཉིས་ལ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་རྣམས་དང་སྡུག་བསྔལ་བ་དང་མི་གཙང་བ་དག་ལ་ལྟ་བ་ཕྱིན་ཅི་ལོག་པ་གཉིས་ཏེ་བརྒྱད་པོ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །བཞི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་འབྱུང་ངོ༌། །དེ་དག་ཉིད་བསྟན་པར་བྱ་བའི་ཕྱིར་སྡུག་བསྔལ་དང་མི་གཙང་བ་ལ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་པ་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་བྲལ་བ་ལ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའོ། །དེ་དག་གི་ཕྱིན་ཅི་ལོག་དག་ཏུ་འདོད་ན་ནི་ཞེས་བྱ་བ་ནི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཏུ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་གྱི་འདུ་ཤེས་དང་སེམས་ཀུན་ཏུ་འབྱུང་བས་ཞེས་བྱ་བ་ནི་སེམས་ཅན་གྱི་འདུ་ཤེས་ཀུན་ཏུ་འབྱུང་བ་དང༌། སེམས་ཅན་གྱི་སེམས་ཀུན་འབྱུང་བས་སོ། །དེ་དག་གི་ཕྱིན་ཅི་ལོག་དག་ཏུ་ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ནི། སེམས་ཅན་གྱི་འདུ་ཤེས་ཕྱིན་ཅི་ལོག་དང༌། སེམས་ཅན་གྱི་སེམས་ཕྱིན་ཅི་ལོག་སྟེ། ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་ཅི་སྟེ་མི་འདོད། ཁྱད་པར་གྱི་རྒྱུ་མེད་པ་ཉིད་བསྟན་པའི་ཕྱིར། །བུད་མེད་དང་བདག་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདག་ནི་ལོངས་སྤྱོད་པའོ། །འདི་ནི་ལོངས་སྤྱོད་པར་བྱའོ་སྙམ་དུ་དེ་ལྟར་ཞུགས་པའི་ཕྱིར་རོ། །དེ་ལྟར་ན་བདག་མེད་པ་ལ་བདག་གི་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་པ་དག་ཀྱང་བསྒོམ་པས་སྤང་བར་བྱ་བར་འགྱུར་རོ། །མདོ་ལས་ཀྱང་བདེན་པ་དག་མཐོང་བ་ཙམ་ཁོ་ནས་


DTG210_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་ལོག་ཐམས་ཅད་སྤོང་གི་བསྒོམ་པས་སྤང་བར་བྱ་བ་ནི་འགའ་ཡང་མེད་དོ་ཞེས་གསུངས་ཏེ། འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བ་ཇི་ལྟར་བཞིན་དུ་རབ་ཏུ་ཤེས་སོ། །དེའི་ཚེ་དེའི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་པ་དང༌། སེམས་ཕྱིན་ཅི་ལོག་པ་དང༌། ལྟ་བ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་བྱེད་ཅེས་རྒྱས་པར་འབྱུང་ངོ༌། །རྒྱས་པར་ཞེས་བྱ་བ་སྨོས་པས་ནི་སྡུག་བསྔལ་བ་ལ་བདེ་བའོ་སྙམ་པ་དང༌། མི་གཙང་ངོ་སྙམ་པ་དང༌། བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་པ་དང༌། སེམས་དང་ལྟ་བ་ཕྱིན་ཅི་ལོག་སྤོང་བར་བྱེད་དོ་ཞེས་མདོའི་ཁྱད་པར་འཕེན་པའོ། །དེ་ལྟ་བས་ན་ཀུན་ནས་བསླང་བ་ཞེས་བྱ་བ་འབྱུང་ངོ༌། །གཞན་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་སེམས་དག་ནི་ལོག་པར་ཞུགས་པ་ཡིན་ཡང་ལྟ་བ་དང་མཚུངས་པར་མི་ལྡན་པའི་ཕྱིར་ཕྱིན་ཅི་ལོག་ཅི་ལ་ཡིན་པ་སྟེ། དེ་ལྟ་མ་ཡིན་ན་ཉོན་མོངས་པ་ཐམས་ཅད་ལོག་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་འགྱུར་ལ། དགྲ་བཅོམ་པ་ལམ་དུ་ཞུགས་པ་ནོར་ནས་ལམ་གོལ་བར་ཞུགས་པ་དང༌། ཐག་པ་ལ་སྤྲུལ་ལོ་ཞེས་མཐོང་བས་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེའི་ཕྱིར་ཚབས་ཆེ་བར་ཕྱིན་ཅི་ལོག་པ་དག་ལ་ཕྱིན་ཅི་ལོག་ཏུ་རྣམ་པར་བཞག་གི །གཞན་དག་ལ་ནི་མ་ཡིན་ཏེ། ཚབས་ཆེ་བ་དེ་ཡང༌། ཕྱིན་ཅི་ལོག་ཕྱིར་དང༌། ངེས་རྟོག་ཕྱིར་དང༌། སྒྲོ་འདོགས་ཕྱིར་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་སློབ་པའི་རྒྱུད་ལ་ཀུན་ཏུ་འབྱུང་བའི་འདུ་ཤེས་ཉོན་མོངས་པ་ཅན་གྱིས་ནི་ཕྱིན་ཅི་ལོག་གི་མིང་མི་འཐོབ་པོ། །དེའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་ལ་སོགས་པའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཏེ། འཕགས་པ་རྣམས་ལ་ནི་ཕྱི་བུད་


DTG210_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང༌། བདག་ཉིད་ལ་བདེ་བ་དང་གཙང་བའི་འདུ་ཤེས་དང་སེམས་ཀྱི་འཁྲུལ་བ་མི་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་མགལ་མེའི་འཁོར་ལོ་དང་རི་མོའི་གནོད་སྦྱིན་ལ་འཁྲུལ་པ་དཔེར་བརྗོད་དེ། དཔེར་ན་ངེས་པར་མ་བརྟགས་པར་མཐོང་བ་ཙམ་གྱིས་མགལ་མེའི་འཁོར་ལོ་དང་རི་མོའི་གནོད་སྦྱིན་ལ་འཁྲུལ་པ་འབྱུང་བ་དེ་བཞིན་དུ་འཕགས་པ་ཡང་ངེས་པར་མ་བརྟགས་པར་ཡུད་ཙམ་ཞིག་སེམས་ཅན་དུ་འཁྲུལ་བ་འབྱུང་སྟེ། ཇི་ལྟར་འདི་ཕྱིན་ཅི་ལོག་མ་ཡིན་པ་དེ་བཞིན་དུ་འཕགས་པའི་འདུ་ཤེས་དང༌། སེམས་དང་འཁྲུལ་པ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ། །གལ་ཏེ་འཕགས་པ་རྣམས་ཀྱི་འདུ་ཤེས་དང་སེམས་འཁྲུལ་པ་དུས་ཁོ་ནར་འགྱུར་གྱི། རྒྱུན་ཆགས་མ་ཡིན་ན། འོ་ན་གནས་བརྟན་ཀུན་དགའ་བོས་ཞེས་བྱ་བ་དེ་རྒྱས་པར་འབྱུང་བ་དེ་ཇི་ལྟར་དྲང་བར་བྱ། འཕགས་པ་ངག་གི་དབང་ཕྱུག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་པས་ཟིལ་ནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏཾ་ཁྱོད་ཀྱིས་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་གསོལ། །ཞེས་སྨྲས་པ་དང༌། འཕགས་པ་ཀུན་དགའ་བོས་ཕྱིར། །འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུང༌། །དེ་ཕྱིར་འདོད་ཆགས་ལྡན་པ་ཡིས། །རྒྱུ་མཚན་སྡུག་པ་སྤང་བར་གྱིས། །ཞེས་སྨྲས་ཏེ། འདི་ནི་དེའི་དུས་སུ་འཁྲུལ་པ་ཙམ་དུ་མ་གསུངས་ལ། དེ་ནི་རྒྱུན་ཏུ་ཞུགས་པ་ཡིན་ཞིང༌། དེ་ལ་ཕྱིན་ཅི་ལོག་ཡོད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྡེ་པ་གཞན་དག་དང་འགལ་ལ་སྡེ་པ་གཞན་དག་གི་ལུགས་ཀྱང་བྱེ་བྲག་ཏུ་སྨྲ་བ་དང་འགལ་བའི་ཕྱིར་རོ། །འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་ཐམས་ཅད་མ་སྤངས་པ་ཁོ་ན་ལའོ་ཞེས་བྱ་བ་ནི་བཞི་ཁོ་ན་མ་སྤངས་པར་ཟད་དོ། །ད་ནི་ཕྱིན་ཅི་ལོག་བཅུ་གཉིས་པོ་ཐམས་ཅད་བདེན་པ་མཐོང་བས་སྤང་བར་འགྱུར་རོ་ཞེས་བྱེ་བྲག་ཏུ་སྨྲ་བས་མདོ་གང་ཞིག་ཁུངས་སུ་ཁྱེར་ཏེ་འོངས་པ་དེ་དང་འགལ་བ་སྤོང་བ་ནི། དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཞེས་བྱ་བ་


DTG210_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་འབྱུང་སྟེ། འདིར་གནས་བརྟན་ངག་དབང་གིས་སློབ་པའི་གནས་སྐབས་ངེས་པས་བསྟན་པ་ནི་ཤེས་བྱེད་མ་ཡིན་ནོ། །ཚིགས་སུ་བཅད་པ་གཞན་ནི་ཁས་བླངས་པ་དག་དང་འགལ་བ་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདོད་པའི་འདོད་ཆགས་ཀྱི་ཟིལ་གྱིས་མནན་པ་ནི་འདུ་ཤེས་ཕྱིན་ཅི་ལོག་མ་ཡིན་པས། འདི་ཕྱིན་ཅི་ལོག་ཏུ་རྣམ་པར་མི་བཞག་སྟེ་ལྟ་བ་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ། །མཐོང་བས་སྤང་བར་བྱ་བ་རྣམས་ལས་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཁོ་ན་ཕྱིན་ཅི་ལོག་གོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །རྟག་པ་ལ་སོགས་པའི་བློ་རྣམས་སྡུག་བསྔལ་ཉིད་ལས་འཇུག་པའི་ཕྱིར་དེའི་རྣམས་ཉིད་དོ། །མི་རྟག་པ་ལ་སོགས་པའི་བློ་རྣམས་དེའི་གཉེན་པོ་ཉིད་དུ་རིགས་སོ། །རྒྱུ་ལ་སོགས་པ་ལྟ་བར་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ལ་སོགས་བར་ལྟ་བ་སྤོང་བར་རིགས་པ་མ་ཡིན་ནོ། །བྱེ་བྲག་མེད་པར་སེམས་ཁེངས་པ་ལ་ང་རྒྱལ་ཞེས་བཤད་དོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ལ་གནས་པ་སྔོན་དུ་འགྲོ་བའི་ཀུན་ཏུ་རྨོངས་པ་དག་དང་གཞན་གྱི་ཁྱད་པར་སེམས་ལས་སྐྱེས་པའི་སེམས་མཐོ་བ་ནི་ང་རྒྱལ་ཞེས་བྱའོ། །དེ་འཇུག་པའི་བྱེ་བྲག་ལས་ནི་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་ལས་སོ། །རིགས་དང་རིག་པ་ལ་སོགས་པ་དག་གི་སྒོ་ནས་ཆུང་བ་བས་བདག་ཁྱད་པར་དུ་འཕགས་པའམ། དེ་དག་ཉིད་ཀྱི་སྒོ་ནས་མཉམ་པ་དང་མཉམ་མོ་སྙམ་དུ་སེམས་ཁེངས་པ་ནི་ང་རྒྱལ་ལོ། །འདི་ཕྱིན་ཅི་ལོག་ཏུ་མ་ཞུགས་པའི་ཕྱིར་ང་རྒྱལ་ཡིན་པར་མི་འོས་པ་མ་ཡིན་ནམ་ཞེ་ན། འདི་ཉིད་འདོད་ཆགས་བཞིན་དུ་དངོས་པོ་བསྒྱུར་བ་ལ་འཇུག་པར་བྱེད་པས་ཆགས་པ་སྟེ། འདི་ཕྱིན་ཅི་ལོག་ཏུ་མ་ཞུགས་པས་ཉོན་མོངས་པར་མི་འདོད་པས་མ་ཡིན་ཏེ། སེམས་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཉིད་ཅེས་བྱའོ། །མཉམ་པ་དང་དམན་པ་དག་དང༌། མཉམ་པ་དང་ཁྱད་པར་དུ་འཕགས་པར་གྱུར་པ་ཉིད་ལ་དམིགས་པ་ལས་སྐྱེས་པ། དམ་པ་མ་ཡིན་པ་དང་དམ་པའི་དོན་ལ་དམིགས་པའི་རྣམ་པ་དེ་ཡང་སེམས་མཐོ་བར་བྱེད་


DTG210_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ང་རྒྱལ་ཉིད་དུ་འདོད་དེ། གནས་དང་གནས་མ་ཡིན་པ་ལ་རབ་ཏུ་འཁྲུག་པ་བཞིན་ནོ། །རིགས་ལ་སོགས་པའི་སྒོ་ནས་མཉམ་པ་པས་བདག་ཁྱད་པར་འཕགས་སོ་སྙམ་པ་ནི་ལྷག་པའི་ང་རྒྱལ་ལོ། །དེ་དག་དེ་ཁོ་ནའི་སྒོ་ནས་ཁྱད་པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་དག་ལ་བདག་ཏུ་ང་རྒྱལ་བཞག་པས་བདག་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ངའོ་སྙམ་དུ་ང་རྒྱལ་བ་ནི་མཉམ་པའི་ང་རྒྱལ་ལོ། །འདི་ཡང་ཤེས་བྱེད་མ་ཚང་བ་མེད་པའོ། །འཇིག་ཚོགས་ལ་ལྟ་བའི་བདག་དང་བདག་གི་ཕྱིན་ཅི་ལོག་མེད་པར་ས་དང་ལམ་དང་སྤངས་པ་དང་རྟོགས་པ་ལ་སོགས་པའི་ཁྱད་པར་མ་ཐོབ་པར་ཐོབ་པོ་སྙམ་དུ་སེམས་པ་ནི་མངོན་པའི་ང་རྒྱལ་ལོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་ཞེས་བྱ་བའི་དོན་ཅི། འདི་ལྟར་ཐོབ་པ་ནི་ཐོབ་པ་ཁོ་ན་ཡིན་ནོ་ཞེ་ན། དོན་ནི་ཡོན་ཏན་དེའི་ཐོབ་པ་མ་རྙེད་པར་ཞེས་བྱ་བ་འདི་ཡིན་ཏེ། ཐོབ་པ་ཡང་ཐོབ་པ་ཡོད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའི་ཡིན་པའི་ཕྱིར་རོ། །ཁྱིམ་པ་དང་རབ་ཏུ་བྱུང་བ་དང་བཟོད་དང་ཚུལ་ཁྲིམས་ལ་སོགས་པ་ངག་གི་སྒོ་ནས་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ནི་ལོག་པའི་ང་རྒྱལ་ལོ་ཞེས་བྱ་བ་ལ། ཡོན་ཏན་མ་ཡིན་པ་ནི་ཡོན་ཏན་གྱི་འགལ་ཟླ་ཉེས་པར་སྤྱད་པ་དག་སྟེ། དེའི་ཕྱིར་དེ་ལྟར་གྱུར་ཅིང་ཡོན་ཏན་མ་ཡིན་པ་དང་ལྡན་ཡང་བདག་ཡོན་ཏན་དང་ལྡན་པར་སེམས་ཤིང་ཉེས་པར་སྤྱད་པས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ། །གཞན་དག་ནི་མ་ཏུ་པ་རྐྱེན་དུ་བྱས་ནས་ན་ཉའི་དགག་པའི་དོན་བརྗོད་པར་བྱེད་དེ། བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཡོན་ཏན་ཀུན་ཏུ་སེམས་པ་ནི་ལོག་པའི་ང་རྒྱལ་ལོ། །མངོན་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་དག་གི་ཁྱད་པར་བརྗོད་


DTG210_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ས་བོན་མེད་པ་ནི་མངོན་པའི་ང་རྒྱལ་དང༌། ས་བོན་དང་བཅས་པ་ནི་ལོག་པའི་ང་རྒྱལ་ལོ། །མཐའ་དག་ལ་སྒྲོ་འདོགས་པ་མངོན་པའི་ང་རྒྱལ་དང༌། ཅུང་ཟད་ལ་སྒྲོ་འདོགས་པ་ལོག་པའི་ང་རྒྱལ་ལོ། །གཞན་དག་ན་རེ། བདག་ཏུ་ལྟ་བ་ལས་གཞན་ལོག་པར་མཐོང་བ་སྔོན་དུ་འགྲོ་བའི་སེམས་ཁེངས་པ་ནི་ལོག་པའི་ང་རྒྱལ་ལོ་ཞེས་ཟེར་རོ། །གཞན་དག་ན་རེ། ཡང་དག་པའི་དངོས་པོས་མཐོ་བ་ནི་ང་རྒྱལ་ལོ། །ཆུང་དུས་ནི་ལྷག་པའི་ང་རྒྱལ་ལོ། །དམ་པ་མ་ཡིན་པས་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པ་ལྔ་ལ་བདག་དང་སྡུག་པ་མངོན་དུ་འགྲོ་བའི་ངའོ་སྙམ་དུ་སེམས་པ་ནི་ངའོ་སྙམ་པའི་ང་རྒྱལ་དང༌། ཡོན་ཏན་ཐོབ་བ་ཆུང་ངུས་རབ་ཏུ་གྱུར་པར་སེམས་པ་མངོན་པའི་ང་རྒྱལ་དང༌། ཉུང་དུ་ཡོངས་སུ་གཟུང་བའི་ཕྱིར་ཅུང་ཟད་སྙམ་པའི་ང་རྒྱལ་དང་བདག་སྐྱེ་བོ་ངན་པའི་ཡོན་ཏན་དང་ལྡན་ནོ་སྙམ་པ་ལོག་པའི་ང་རྒྱལ་ལོ་ཞེས་ཟེར་རོ། །ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱི་བྱེ་བྲག་གོ །དེ་ལ་དང་པོ་གསུམ་ནི་ལྟ་བ་ལ་བརྟེན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྟ་བས་རབ་ཏུ་བཅུག་པའོ། །དེ་ལ་བདག་མཆོག་ཡིན་ནོ་སྙམ་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པ་ལྷག་པའི་ང་རྒྱལ་གྱི་རྣམ་པའོ། །མཉམ་པ་ལས་བདག་མཆོག་གོ་སྙམ་པ་ནི་ལྷག་པའི་ང་རྒྱལ་གྱི་མཚན་ཉིད་ལས་སོ། །བདག་དང་འདྲའོ་སྙམ་པ་ནི་ལྟ་བ་ལ་བརྟེན་པའི་ང་རྒྱལ་གྱི་རྣམ་པའོ། །མཉམ་པ་དང་མི་མཉམ་མོ་སྙམ་པ་ནི་ང་རྒྱལ་གྱི་མཚན་ཉིད་ལས་སོ། །བདག་པས་དམན་ནོ་སྙམ་པ་ནི་དེར་ལྟ་བ་ལ་བརྟེན་པ་ཉིད་དེ་མཐོང་བའི་ང་རྒྱལ་གྱི་རྣམ་པའོ། །ཁྱད་པར་དུ་འཕགས་པ་ལས་བདག་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་གྱི་མཚན་ཉིད་ལས་སོ། །བདག་པས་མཆོག་ཡོད་དོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་གྱི་རྣམ་པ་ལས་སོ། །བདག་དང་འདྲ་བ་ཡོད་དོ་སྙམ་པ་ནི་ང་རྒྱལ་གྱི་རྣམ་པ་ལས་སོ། །བདག་པས་དམན་པ་ཡོད་དོ་སྙམ་པ་ལྷག་པའི་ང་རྒྱལ་གྱི་རྣམ་པ་ལས་སོ། །བདག་བས་མཆོག་མེད་དོ་སྙམ་


DTG210_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ང་རྒྱལ་གྱི་རྣམ་པ་ལས་སོ། །བདག་དང་འདྲ་བ་མེད་དོ་སྙམ་པ་ནི་ལྷག་པའི་ང་རྒྱལ་གྱི་རྣམ་པ་ལས་སོ། །བདག་པས་དམན་པ་མེད་དོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་གྱི་རྣམ་པ་ལས་སོ། །དེ་ལྟར་ང་རྒྱལ་རྣམ་པ་དགུ་པོ་དེ་དག་ནི་ང་རྒྱལ་གསུམ་ལས་ཡིན་པར་རིག་པར་བྱའོ། །གསུམ་པོ་གང་ཞེ་ན། ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་ལས་སོ། །གཞན་ཡང་འདི་ནི་ཡེ་ཤེས་ལ་འཇུག་པ་ལས་བཤད་པའི་ལུགས་ཡིན་གྱི་ཞེས་བྱ་བ་ནི་བདག་མཆོག་ཡིན་ནོ་སྙམ་པ་དང་ང་རྒྱལ་གྱི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པར་ཐལ་མ་ཐག་ཏུ་བཤད་པ་གང་ཡིན་པའོ། །དམན་པ་དང་མཉམ་པར་ཁྱད་པར་དུ་འཕགས་པ་ལ་བལྟོས་ནས་ཞེས་བྱ་བ་ལ། དམན་པ་ལ་བལྟོས་ནས་ནི་བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་བ་ཡིན་ལ། མཉམ་པ་ལ་བལྟོས་ནས་ནི་བདག་མཆོག་ག་མཉམ་པ་ལྷག་པའི་ང་རྒྱལ་ཡིན་ཞིང་ཁྱད་པར་དུ་འཕགས་པ་ལ་བལྟོས་ན་བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ་ཡིན་ནོ། །ཁ་ཅིག་ན་རེ་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྷག་མ་རྣམས་ནི་མཐོང་བ་དང་བསྒོམ་པ་དག་གིས་སྤང་བར་བྱ་བ་ཡིན་ནོ་ཞེས་ཟེར་བ་དེ་བསལ་བའི་ཕྱིར་ཐམས་ཅད་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཐམས་ཅད་སྨོས་པ་ནི་ལྷག་མ་རྣམས་ཁོ་ནར་མ་ཟད་ཀྱི་ངའོ་སྙམ་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་གཉིས་ཀྱང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །འདི་ལྟར་གནས་བརྟན་བདེ་བྱེད་ཀྱི་བཤད་པ་འདི་དག་ཡོད་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་ལ་ངའོ་སྙམ་པའི་ང་རྒྱལ་སྤོང་ངོ་ཞེས་སོ། །འདི་ནི་གང་དག་མཐོང་བས་སྤང་བར་བྱ་བ་ལ་དམིགས་པས་དེ་དག་མཐོང་བས་སྤང་བར་བྱ་བ་དང༌། ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་ཡིན་ནོ་ཞེས་བྱ་བའོ། །ངེས་པ་མེད་དེ་ཞེས་བྱ་བ་ལ། འདིར་སྤངས་པ་ཀུན་ཏུ་མི་སྤྱོད་པ་འམ། མ་


DTG210_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་ཀུན་ཏུ་སྤྱོད་དོ་ཞེས་བྱ་བའི་གཅིག་ཏུ་ངེས་པ་ནི་མེད་དེ། འདི་ལྟར་དད་པ་ལ་སོགས་པ་དང་གཉིད་དང་སྡུག་བསྔལ་གྱི་དབང་པོ་དང་མིག་ལ་སོགས་པ་དག་སྤངས་ཀྱང་ཀུན་ཏུ་སྤྱོད་ལ་ཅུང་ཟད་ཅིག་ནི་མ་སྤངས་ཀྱང་ཀུན་ཏུ་མི་སྤྱོད་དེ་དཔེར་ན་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ལྟ་བུའོ། །བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཅན་ལ་སོགས་པ་གསད་པར་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པའི་ཚོགས་པ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱང་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཉིད་ཀྱི་མཐོང་བས་སྤང་བར་བྱ་བ་སྟེ། བསྒོམ་པས་སྤང་བར་བྱ་བ་དམིགས་པས་མ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་ཁ་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་ཏེ་འདོད་ཆགས་པའི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་དོ། །བསྒོམ་པས་སྤང་བར་བྱ་བ་ཉིད་ནི་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ། །གཞན་དག་ན་རེ། མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་འདི་རྒྱུ་མེད་པར་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་བསྒོམ་པར་བྱ་བ་ལ་དམིགས་པའི་ཕྱིར་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་མངོན་པར་འདོད་པའི་ཕྱིར་དང་ངེས་པར་གཟུང་བའི་ཕྱིར་འཁྲུལ་བར་སྤྱོད་པའི་རྒྱུ་ལས་མེད་དོ་ཞེས་ཟེར་རོ། །དེ་ལ་དོན་གཉེར་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་མི་རྟག་པ་དེ་ལ་སྟེ། ཇི་ལྟར་དོན་དུ་གཉེར་བར་འགྱུར་ཞེ་ན། འཇིག་རྟེན་པའི་ལྟ་བའི་དབང་དུ་མཛད་ནས་མདོ་ལས་ཇི་སྐད་དུ་བདག་འདི་ཇི་སྲིད་གསོན་ཞིང་འདུག་ལ། སྡོད་ཅིང་འཚོ་བ་དེ་སྲིད་དུ་ནད་དང་བཅས་པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་ནད་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་སྟེ། འདི་ལྟར་བདག་འདི་ཆད་པར་གྱུར་ཅིང་ཞིག་པར་གྱུར་ལ་


DTG210_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་མི་འགྱུར་ན། དེ་ཙམ་གྱིས་བདག་འདི་ཡང་དག་པར་ཀུན་ནས་ཆད་པ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་གསུངས་པ་ལྟ་བུའོ། །ཁམས་གསུམ་པ་སྨོས་པ་ནི་ཟག་པ་མེད་པའི་ཆོས་མི་རྟག་པ་ཉིང་བསལ་བའི་ཕྱིར་ཏེ། འདི་ནི་སྲེད་པའི་གཞིའི་གནས་སུ་གྱུར་པ་མ་ཡིན་པས་སེལ་བ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ལ་ཡོད་པའི་མི་རྟག་པ་ནི་རེ་ཞིག་ཅིའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་མ་ཡིན་ཞེ་ན། སྲེད་པའི་མི་རྟག་པ་ཉིད་ཀྱི་ཡུལ་ནི་འཇིག་པའི་སྲེད་པ་ཞེས་བརྗོད་དོ། །བརྗོད་པར་བྱ་བ་འདི་ཡོད་དེ། འོན་ཏེ་མདོ་དང་མ་ཐུན་པ་ཉིད་དུ་བརྗོད་ན། མདོ་ལས་ནི་སྲེད་པ་གསུམ་གསུངས་ཏེ། འདོད་པའི་སྲེད་པ་དང་སྐྱེ་བའི་སྲེད་པ་དང་འཇིག་པའི་སྲེད་པ་རྣམས་སོ། །དེ་ལ་འདི་ནི་རིས་མཐུན་པའི་མི་རྟག་པ་ཉིད་ལ་མངོན་པར་འདོད་དེ། རྣམ་པར་སྨིན་པའི་རྒྱུན་ཆད་པར་འདོད་དོ། །དེ་ལྟར་ཡང་འདི་ཉིད་དུ་འདི་གཅིག་པུ་སྡུག་བསྔལ་མཐར་ཕྱིན་པར་འགྱུར་རོ། །ཀྱེ་མ་བདག་ཆད་པར་གྱུར་ན་མི་རུང་གིས་མ་ཤི་ཚུན་ཆད་བདེ་བར་གྱུར་ཅིག་ནད་མེད་པར་གྱུར་ཅིག་སྙམ་པ་དེ་ལྟ་བུ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཡང་འཇིག་པའི་སྲེད་པར་འདོད་དོ། །གླང་པོ་ཆེའི་རྒྱལ་པོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷ་མ་ཡིན་གྱི་དབང་པོ་དང༌། བུད་མེད་རིན་པོ་ཆེ་དང༌། བྱང་གི་སྒྲ་མི་སྙན་པ་ལ་སོགས་པ་བསྡུའོ། །ཕྱོགས་སྨོས་པས་ན་དབང་པོའམ་འཁོར་ལོས་སྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དེ་ལྟ་བུ་ནི་ཀུན་ཏུ་འབྱུང་བ་ཡིན་ནོ། །ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། མཐོང་དང་བསྒོམ་པས་ཟད་བྱ་བ། །ཞེས་འབྱུང་བའི་ཕྱིར་རོ། །འཕགས་པ་ལ་ནི་ངའོ་སྙམ་པའི་ང་རྒྱལ་དང༌། ང་རྒྱལ་གྱི་རྣམ་པ་བསྒོམ་པས་སྤང་བར་བྱ་བ་དག་མ་སྤངས་ཀྱང་ཀུན་ཏུ་མི་འབྱུང་ངོ༌། །དེ་དག་མ་སྤངས་ཀྱང་ཞེས་བྱ་བ་ནི་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ལ་སོགས་པ་ང་རྒྱལ་གྱི་མཐར་ཐུག་བདག་གོ །འཇིག་ཚོགས་ལ་ལྟ་བས་རྒྱས་


DTG210_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་སྒོ་ནས་འཇུག་པའི་ཕྱིར་རོ། །ལོག་པར་ལྟ་བ་རྒྱས་པར་འགྱུར་རོ་ཞེས་བྱ་བ་ལ་རྒྱུ་དང་འབྲས་བུའི་འབྲེལ་པ་ལ་ལོག་པར་ཞུགས་པ་ནི་སྡིག་པ་རྣམས་བྱེད་དོ། །རྒྱས་པར་ནི་སྤེལ་བ་དང་ཕན་བཏགས་ཞེས་བྱ་བའི་ཐ་ཚིག་གོ །མི་དགེ་བའི་འགྱོད་པ་མ་ཡིན་ནོ་ཞེས་བྱ་བ་ལ། ངན་པར་བྱས་པ་ནི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ལ། འདོད་པ་ཡང་དེ་ལ་དམིགས་པ་ཡིད་ལ་གཅགས་པ་ཡིན་པས་དེ་ཡང་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ། །འཕགས་པ་ལ་ནི་དེ་འབྱུང་བ་ཡང་མ་ཡིན་ཏེ། ཐེ་ཚོམ་གྱིས་ཀུན་ནས་བསླང་བའི་ཕྱིར་ལ། དེ་ཡང་མཐོང་བའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་རོ། །རྐེད་པ་བཅག་པའི་ཕྱིར་ཞེས་བྱ་བ་ནི་རྟེན་བཅོམ་པའི་ཕྱིར་ཏེ། དེ་དག་གི་རྟེན་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དག་ཡིན་ཏེ་གསོས་འདེབས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནི་བཅག་པ་ཡིན་ཏེ། འཕགས་པས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་སྤངས་པའི་ཕྱིར་རོ། །འདི་སྐད་བཤད་པར་འགྱུར་ཏེ། དེ་ལ་གསོས་འདེབས་པར་བྱེད་པའི་ཉོན་མོངས་པ་མེད་པའི་ཕྱིར་སླར་སྐྱེ་མི་ནུས་སོ། །གཞན་དག་ན་རེ་སྟོང་པ་ཉིད་བསྒོམ་པས་ལས་དང་འབྲས་བུའི་འབྲེལ་པ་རིག་པའི་ཕྱིར་འཕགས་པས་ནི་དེ་མ་སྤངས་ཀྱང་ཀུན་ཏུ་མི་སྤྱོད་ལ་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་ནི་བསྒོམ་པས་སྤང་བར་བྱ་བའོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། དེ་ལྟར་སྲིད་པ་འདོད་པས་བརྩམ་པར་མི་བྱའོ་ཞེས་ཟེར་རོ། །ཅིའི་ཕྱིར་གཞན་གྱི་སྒོ་ནས་གྲུབ་པས་འཆད་པར་བྱེད་ཅེ་ན། སྤྱོད་པ་མི་སྲིད་པའོ། །རྣལ་སོགས་ཞེས་བྱ་བ་ནི་གང་ཞིག་འཕགས་པ་མ་ཡིན་པའི་རྒྱུད་ལ་སྐྱེ་བའི་སྐབས་ཡོད་པ་དེ་དགག་པར་བསྟན་པ་དོན་དང་བཅས་པ་ཡིན་ནོ། །འཕགས་པ་རྣམ་པར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་སྐབས་མེད་པའི་འདི་བསྒོམ་པས་སྤང་བར་བྱ་བ་ཤེས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། མཐའ་


DTG210_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ལོགས་སུ་བརྩམ་སྟེ་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་བསྒོམ་པས་སྤང་བར་བྱ་བ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་འདོད་དོ། །གཞན་དུ་ན་ང་རྒྱལ་གྱི་རྣམ་པ་ལ་སོགས་པ་བཞིན་དུ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་དག་ན། དེ་ནི་སྔར་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་བསྟན་པས་འཕགས་པ་རྣམས་ལ་མི་སྲིད་དོ། །གསོད་པ་ལ་སོགས་པ་ཞེས་བྱ་བ་འདིར་ཀུན་ཏུ་སྤྱོད་པ་དགག་པ་བྱས་པ་དེ་ཉིད་སྔར་བཤད་ཟིན་ཏོ། །གསོད་སོགས་ཀུན་ནས་དཀྲིས་པ་ཞེས་བྱ་བར་སོགས་པའི་སྒྲ་ཉེ་བར་གཟུང་སྟེ། སོགས་པ་སྨོས་པས་སྐྱེ་བའི་སྲེད་པའི་བར་གཟུང་སྟེ། ང་རྒྱལ་གྱི་རྣམ་པ་ལ་སོགས་པ་བཞིན་ཀུན་ཏུ་མི་སྤྱོད་པར་བསྟན་པའི་ཕྱིར་རོ། །སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དངོས་པོ་རྣམ་པ་ལྔའི་རྒྱུའི་དངོས་པོར་ཉེ་བར་འགྲོ་བའི་ཕྱིར་ཀུན་ཏུ་འགྲོ་བ་ཞེས་བྱའོ། །གཞན་དག་ན་རེ། སེམས་ཅན་ཐམས་ཅད་ལ་དངོས་པོ་རྣམ་པ་ལྔ་པོ་ཀུན་ཏུ་སྐྱེ་བའི་ཕྱིར་ཀུན་ཏུ་འགྲོ་བའོ་ཞེས་ཟེར་རོ། །གཞན་དག་ནི་རང་གི་ཁམས་དང་ས་མཐའ་དག་ལ་དམིགས་པའི་ཕྱིར་ཀུན་ཏུ་འགྲོ་བའོ་ཞེས་ཟེར་རོ། །ལྟ་བ་བདུན་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལྔ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་གཉིས་པོ་ལོག་པར་ལྟ་བ་དང་ལྟ་བས་མཆོག་ཏུ་འཛིན་པའོ། །ཐེ་ཚོམ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱའོ། །མ་རིག་པ་གཉིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་སྟེ། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དང༌། མ་འདྲེས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཅིག་ཏུ་བྱས་ནས་སོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡང་དེ་ལྟར་བྱས་ནས་ཡིན་ནོ། །དེ་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་བདུན་ཡིན་


DTG210_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི་ཡིན་ཏེ་དེ་ལྟར་ན་བཅུ་གཅིག་ཏུ་འགྱུར་ལ། ཡང་ཁམས་ཀྱི་དབྱེ་བས་ནི་སུམ་ཅུ་རྩ་གསུམ་དུ་འགྱུར་ཏེ། གསུམ་ལས་རེ་རེ་བཅུ་གཅིག་བཅུ་གཅིག་ཏུ་བྱས་པའི་ཕྱིར་རོ། །མ་འདྲེས་པ་ཁོ་ན་སྟེ་ཞེས་བྱ་བ་ལ། འགྲོགས་པ་ནི་འདྲེས་ཞེས་བྱའོ། །འདྲེས་པ་མེད་པས་ན་མ་འདྲེས་པ་སྟེ་ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བཅོམ་ལྡན་འདས་མ་འདྲེས་ལ། དགེ་སློང་གི་དགེ་འདུན་ལམ་འདྲེས་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱང་ལོགས་ཤིག་དགེ་སློང་གི་དགེ་འདུན་ལོགས་ཤིག་གོ་ཞེས་བྱའོ། །འདྲེས་པ་མེད་པར་སྤྱོད་པས་ན་མ་འདྲེས་པར་སྤྱོད་པ་སྟེ། ཉོན་མོངས་པ་གཞན་དང་ལྷན་ཅིག་མི་འབྱུང་བ་ཞེས་བྱ་བ་བསམས་པའོ། །ཅིའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་རིས་ཁོན་ཀུན་ཏུ་འགྲོ་བར་འདོད་ཅེ་ན། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་བློ་གཅིག་གིས་དམིགས་ཤིང་བརྟན་པའི་ཕྱིར་སྟོབས་དང་ལྡན་པ་ཡིན་ནོ། །རྒྱུ་རིགས་ལྔའི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་འབྱུང་བས་ཟག་པ་དང་བཅས་པ་དང་དམིགས་པ་གཅིག་དང་དམིགས་པ་ཐ་དད་པས་བསྟན་པར་མི་ནུས་སོ། །གནས་སྐབས་སུ་རྒྱུ་རིགས་ལྔ་པོ་དག་གིས་ཞེས་བྱ་བ་ནི། དེ་དག་ཀུན་ཏུ་འགྲོ་བ་མ་ཡིན་པའོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་རྣམས་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་པར་ཇི་ལྟར་ཤེས་ཤེ་ན། བདག་ཏུ་ལྟ་བའི་དབང་གིས་ཡུལ་ལ་འདོད་ཆགས་ལ་སོགས་པ་འཕེལ་བའི་ཕྱིར་དང༌། དེ་མེད་ན་ཡུལ་ལ་འདོད་ཆགས་པ་སྲབ་པར་སྣང་བའི་ཕྱིར་རོ། །ལུང་ལས་ཀྱང་མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན་ཆོས་ཉོན་མོངས་པ་ཅན་རྣམས་སོ་ཞེས་འབྱུང་ངོ༌། །གལ་ཏེ་ཉོན་མོངས་པ་ཅན་ཐམས་ཅད་མཐོང་བས་སྤང་བར་བྱ་བའི་རྒྱུ་ཅན་ཡིན་ན་ཀུན་ཏུ་འགྲོ་བ་སྤངས་པ་རྣམས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པར་མི་འགྱུར་ཞིང་ང་རྒྱལ་གྱི་རྣམ་པ་དང་ངའོ་སྙམ་པའི་ང་རྒྱལ་ལ་སོགས་པ་བཞིན་དེ་དག་ཀྱང་ཀུན་ཏུ་


DTG210_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་ཐལ་བར་འགྱུར་རོ་ཞེ་ན། སྤངས་པའི་ཕྱིར་ཡང་རྒྱུ་ལས་འབྲས་བུ་སྐྱེ་བ་འབའ་ཞིག་མ་ཡིན་ལ། མ་སྤངས་པ་ཉིད་ཀྱི་ཕྱིར་དང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤངས་བའི་ཕྱིར་ང་རྒྱལ་གྱི་རྣམ་པ་ལ་སོགས་པ་རྣམས་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པར་བྱེད་དོ། །ཅིག་ཤོས་ལ་འདི་དག་མ་ཡིན་ཞེས་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་ལ་སོགས་པ་འདི་དག་ཅིག་ཤོས་ལ་མཚུངས་པ་མ་ཡིན་པས་སྐྱོན་མེད་དེ། ཡང་ཀུན་ཏུ་འགྲོ་བའི་དོན་ཅི་ཞེ་ན། ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལ་དམིགས་པའི་དོན་ཏོ། །རྣམ་པ་ལྔ་ཐམས་ཅད་ཟག་པ་དང་བཅས་པའི་དངོས་པོ་སྟེ། འདི་གང་ཡིན་པ་དེ་ལྟར་སྐྱེ་བ་དག་མེད་ཅེས་བྱ་བ་ལ། འདིར་རང་གི་རྒྱུད་ཀྱི་ཚོར་བ་བདག་ཏུ་ཉེ་བར་འགྲོ་བ་མ་ཡིན་ནོ། །འོ་ན་དེ་ཉིད་ཆོས་ཅི་ལས་སྐྱེས་ཤེ་ན། དེ་ལྟར་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པར་ཡོད་པར་མཐོང་བ་ལས་སྐྱེའོ། །དེ་ནི་འདི་ལྟར་འགྱུར་ཏེ་བདག་གི་ལས་དང་འབྲས་བུ་ལས་བྱུང་བའི་ནུས་པ་ཐམས་ཅད་བྱེ་བྲག་མེད་པར་འབྱིན་ནོ། །འདོད་ཆགས་ལ་སོགས་པ་རྣམས་ནི་མཐོང་བ་དང་ཐོས་པ་དང་བརྟགས་པ་ལ་རབ་ཏུ་འཇུག་སྟེ། གང་གིས་གྲོང་གི་ཆོས་སྤྱོད་པ་ལས་འདོད་ཆགས་སྐྱེའོ། །འདི་ནི་དེའི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དང་བགྲོད་པ་དང་ཉལ་བ་རྣམས་ལ་ཞུགས་པ་ལས་མ་ཡིན་ཏེ། དེ་དག་ནི་ཀུན་ཏུ་འགྲོ་བའི་ཕྲ་རྒྱས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཀུན་ཏུ་འགྲོ་བའི་དོན་བཤད་དོ། །ཚོགས་པ་མཐའ་དག་གི་དབང་དུ་བྱས་པའི་ཕྲ་རྒྱས་ནི་རྒྱུ་ལ་དམིགས་པའི་ཕྲ་རྒྱས་ཀྱི་ངོ་བོས་ཀུན་ཏུ་འགྲོ་བ་དེ་དང་མཚུངས་པར་ལྡན་པ་རྣམས་སོ། །རྒྱུ་ལ་དམིགས་པའི་ངོ་བོ་དག་ཁོ་ན་དེའི་རིགས་ཅན་ཏེ་རྒྱུའི་ངོ་བོ་ཉིད་ཀྱིས་སོ། །ལྟ་བ་གཞན་དག་ལ་རང་གི་ཁམས་མཐའ་དག་ལ་དམིགས་པ་སྲིད་པར་འགྱུར་གྱི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་ནི་མ་ཡིན་ནོ་སྙམ་སྟེ་འདྲི་བ་ནི་སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མཐའ་དག་གིས་ཞེས་བྱ་བ་ནི་གནས་ཉི་ཤུ་དབྱེ་བས་ཐ་དད་པས་སོ། །


DTG210_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རྒྱུ་མ་ཡིན་པ་ལ་རྒྱུར་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི་འདོད་པའི་ཁམས་ཞེས་བྱ་བར་སྦྱར་རོ། །གང་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཀུན་ཏུ་འགྲོ་བ་རྣམ་པར་གཞག་པར་འགྱུར་བ་ཞེས་བྱ་བར་བསམ་པའོ། །གནས་ཀྱི་དབྱེ་བ་ཐ་དད་པས་མཐའ་དེ་དག་ཅིག་ཅར་དུ་དམིགས་སོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་རྣམ་པ་ལྔ་ཆར་པོ་ཡང་མཐའ་དག་ཅིག་ཅར་དམིགས་པས་ཀུན་ཏུ་འགྲོ་བ་ཡིན་པར་སྨྲའོ། །གལ་ཏེ་རྣམ་པ་ལྔ་པོ་ཉིད་འདོད་པའི་ཁམས་ཡིན་པས་འདིར་ལན་ཅི་ཞིག་བཏབ་པར་འགྱུར་ཞེ་ན། ལན་ནི་རྣམ་པ་ལྔའི་ཆ་ལ་ཅིག་ཅར་དུ་དམིགས་སོ་ཞེས་བྱ་བ་འདི་ཡིན་ནོ་ཞེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཟེར་རོ། །དེ་ཡང་མི་ཤེས་པས་སེམས་ཀྱི་རྒྱུད་རྣམས་ལ་ཞེས་སྨོས་ཏེ། གལ་ཏེ་དབང་ཕྱུག་ཆེན་པོ་རྒྱུའི་སྒོ་ནས་འཇིག་རྟེན་རྣམས་ཀྱི་རྒྱུར་ལྟ་བ་དང་ཚངས་པས་དག་པར་ལྟ་བ་དེའི་ཚེ་རྣམ་པ་ལྔ་པོ་ཡང་ཅིག་ཅར་དུ་དམིགས་སོ། །དེ་ལྟ་ན་ཡང་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ལ་སྲེད་པ་ཡོད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བ་ཡོད་པ་དེ་དག་ཁོ་ན་ལ་བདག་ལ་སྲེད་པ་ཡོད་དེ། དེ་དག་ནི་བདག་ཏུ་མངོན་པར་ཞེན་པའི་གཞི་ཡིན་པའི་ཕྱིར་རོ། །གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་དེ་ལ་དེ་དོན་དུ་གཉེར་བ་ཡོད་ཅིང་དེས་ཀྱང་ང་རྒྱལ་དུ་འགྱུར་བས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་དངོས་པོ་གང་ལའོ། །མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་ཞེས་བྱ་བ་ནི་མཆོག་དང་དག་པར་ལྟ་བའི་གཞིའོ། །མཆོག་དང་དག་པར་ལྟ་བའི་གཞི་དེ་དོན་དུ་གཉེར་བ་ནི་སྲིད་པ་སྟེ། གཞི་དེ་མཆོག་ཉིད་དག་པའི་རྒྱུ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དེས་ཀྱང་ང་རྒྱལ་དུ་འགྱུར་ཞེས་བྱ་བ་ནི་གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་དེས་ཁེངས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྲེད་པ་དང་ང་རྒྱལ་དག་ནི་མི་འདོད་ཀྱང་ཀུན་ཏུ་འགྲོ་བ་ཉིད་དུ་འགྱུར་རོ། །ད་ནི་སྲིད་པ་དང་ང་རྒྱལ་གཉིས་ཀུན་ཏུ་འགྲོ་བ་ཉིད་ཡིན་ན་སྤང་པ་མི་སྲིད་པར་


DTG210_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི་དེ་ལྟར་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ལ་སོགས་པ་གང་དང་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་དེ་དང་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བདག་ཡིན་ཞིང་འདི་གཉིས་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དམིགས་པའི་ཕྱིར་ན། མཚན་ཉིད་འདིའི་སྒོ་ནས་མཐོང་བས་སྤང་བར་བྱ་བ་ཉིད་དུ་མི་འགྱུར་ཞིང་བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་གཉིས་ཀ་གང་གིས་སྤང་བར་བྱ་བ་ཡིན་པ་དེ་བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ལ་རྒྱུ་ནི་འདྲེས་པ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་སྟེ། གང་དང་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་དེར་ནི་མཐོང་བས་སྤང་བར་བྱ་བ་འབའ་ཞིག་གིས་དམིགས་པ་ཅན་མཐོང་བས་སྤང་བར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །ལྷག་མ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ཞིང་ཞེས་བྱ་བ་ནི་གང་དག་བསྒོམ་པ་འབའ་ཞིག་གིས་སྤང་བར་བྱ་བ་དང་གཉིས་ཀ་ལ་དམིགས་པ་རྣམས་སོ། །དེའི་ཕྱིར་འདྲེས་པ་ལ་དམིགས་པའི་ཕྱིར་འདིར་གཉིས་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་མི་འགལ་ལོ། །ཡང་ན་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ལྟ་བའི་སྟོབས་བསྐྱེད་པ་ནི་ནུས་པའོ། །གཉིས་པོ་དེ་ལ་དེས་བཅུག་པའི་ངང་ཚུལ་ཡོད་ཅིང༌། དེའི་དངོས་པོ་ཡིན་པ་ནི་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་གཉིས་དེ་དེའི་ཕྱིར་རོ། །དེ་བཞིན་དུ་དག་པ་དང་མཆོག་གི་སྟོབས་ཀྱིས་དེ་དག་འཇུག་གི་དེ་དག་ལ་མ་བལྟོས་པ་དག་ནི་མ་ཡིན་ཏེ། འདིའི་ཕྱིར་ཡང་དག་པ་དང་མཆོག་ཏུ་ལྟ་བ་ལྟར་དེ་ཉིད་ཀྱང་མཐོང་བས་སྤང་བར་བྱ་བ་ཉིད་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཉོན་མོངས་པ་འདི་ཉིད་རང་གི་མཚན་ཉིད་པ་ཡིན་ཅིང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ལ་སྲེད་པ་ཡོད་མོད་ཀྱི། རང་གི་མཚན་ཉིད་ཀྱིས་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་


DTG210_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་སྟོབས་བསྐྱེད་པས་འཇུག་ཅིང་འདི་དག་གིས་ཡུལ་ཡོངས་སུ་གཅོད་པ་ཉིད་ཀྱང་འཇུག་པར་འདོད་དོ། །དེ་བཞིན་དུ་མིག་ལ་སོགས་པའི་ཡན་ལག་གཅིག་གིས་ཀྱང་སྒྱུར་བར་བྱེད་རློམ་པར་བྱེད་རབ་ཏུ་འཇུག་པར་བྱེད་པའི་དབང་ཉིད་ཀྱིས་སྡུག་བསྔལ་ཐོབ་པ་ལ་སོགས་པ་དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཉིད་དེ། འདི་ནི་ཁོ་བོ་ཅག་གིའོ་ཞེས་བྱ་བ་ཉིད་དེ། གལ་ཏེ་རབ་ཏུ་འཇུག་པར་བྱེད་པའི་དབང་གིས་སྡུག་བསྔལ་ཐོབ་པ་ལ་སོགས་པ་ཉིད་ཁོ་ན་ཡིན་ན་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་པའི་དགེ་བ་ཡང་སྡུག་བསྔལ་ཐོབ་པར་འགྱུར་རོ། །ཀུན་ཏུ་འགྲོ་བས་རབ་ཏུ་བཅུག་པ་དང་ཁམས་དང་ཆེས་ཉེ་བའི་འདོད་ཆགས་ལ་སོགས་པ་དེ་ཡང་མཐོང་བས་སྤང་བར་བྱ་བར་འགྱུར་རོ་ཞེ་ན་འདི་ལ་བརྗོད་པར་བྱའོ། །ཅིའི་རྒྱུས་བསྒོམ་པས་སྤང་བར་བྱ་བའི་མ་རིག་པར་རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་མ་ཡིན། འདི་ནི་མཐོང་བས་སྤང་བར་བྱ་བའི་ཆོས་ལ་དམིགས་པ་མ་ཡིན་ཏེ་ཡུལ་ཆུང་བའི་ཕྱིར་རོ། །འདི་བརྗོད་པར་བྱ་སྟེ་གལ་ཏེ་འཇིག་ཚོགས་ལ་ལྟ་བ་ཆོས་རྣམ་པ་ལྔ་ལ་དམིགས་པ་ཡང་སྡུག་བསྔལ་མངོན་པར་རྟོགས་པ་ལ་སོགས་པས་མི་སྤོང་བ་དེ་ལྟ་ན། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་རྣམས་ཆོས་རྣམ་པ་ལྔ་ལ་དམིགས་པ་ཡང་སྡུག་བསྔལ་མཐོང་བས་སྤང་བར་མི་འགྲོའོ། །འཇིག་ཚོགས་ལ་ལྟ་བ་སྤང་འདོད་ཆགས་ལ་སོགས་པ་བཞིན་རྣམ་པ་ལྔ་ཉིད་དུ་མི་ནུས་པར་འགྱུར་རོ་ཞེ་ན། འཇིག་ཚོགས་ལ་ལྟ་བ་སྐད་ཅིག་གིས་ཀྱང་ཚོར་བ་རྣམ་པ་ལྔ་བདག་གི་བར་འཛིན་ཏེ་རྣམ་པར་ཤེས་པའི་བར་ཡང་དེ་བཞིན་ནོ། །སྐད་ཅིག་མ་གཅིག་ལ་རྣམ་པ་ལྔ་ཞེས་བྱ་བ་འདི་ནི་རིགས་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྐད་ཅིག་མ་གཅིག་ལ་དམིགས་པ་གཉིས་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་དག་རང་གི་མཚན་ཉིད་ཀྱིས་ཉོན་མོངས་པའོ་ཞེས་བྱ་བ་འདི་ནི་མཚུངས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ལྟ་བ་མཆོག་ཏུ་འཛིན་པ་ལ་འགོག་པ་དང་ལམ་ལ་ལོག་པར་ཞུགས་པས་ལོག་པར་ཞུགས་པའི་ཕྱིར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡིན་པ་དེ་ལྟ་ན། དེ་ལྟ་བ་ཡང་འགོག་པ་དང་ལམ་


DTG210_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོག་པར་ཞུགས་པས་ལོག་པར་ཞུགས་པའི་ཕྱིར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱའོ་ཞེས་ཅིའི་ཕྱིར་བརྟག་པར་མི་བྱ། ཇི་ལྟར་དམིགས་པ་ཡོངས་སུ་ཤེས་པས་འཇིག་ཚོགས་ལ་ལྟ་བ་སྤོང་བར་དམིགས་པ་སྤངས་པ་དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་ལྟ་བ་མཆོག་ཏུ་འཛིན་པ་དག་ཏུ་ཅི་སྟེ་མི་འདོད། ཇི་ལྟར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ལྟ་བ་མཆོག་ཏུ་འཛིན་པ་ལ་དམིགས་པ་སྤངས་པ་ལས་སྤངས་པ་དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་དམིགས་པ་དག་འཇིག་ཚོགས་ལ་ལྟ་བར་ཅི་སྟེ་མི་འདོད་ཅེ་ན། འདི་དག་ཀྱང་མཚུངས་པ་མ་ཡིན་པ་གང་གི་ཕྱིར་འཇིག་ཚོགས་ལ་ལྟ་བ་དང་འགོག་པ་དང་ལམ་གྱི་ཕན་ཡོན་དང་ཉེས་དམིགས་མཐོང་ནས་དེའི་བདག་ཉིད་དུ་འཛིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་རྣམ་པ་དང་དམིགས་པ་ཡོངས་སུ་མི་གཅོད་ཀྱང་དེའི་ཉེས་པ་དང་ཕན་ཡོན་མཐོང་བས་ཡོངས་སུ་གཅོད་དོ། །གང་ཡང་དམིགས་པ་ཡོངས་སུ་ཤེས་པ་ཁོ་ནས་འཇིག་ཚོགས་ལ་ལྟ་བ་མཐའ་དག་སྤོང་གི་ལྟ་བ་མཆོག་ཏུ་འཛིན་པ་ནི་མ་ཡིན་ནོ། །དེ་ལ་རྒྱུ་ཡོད་པ་གང་ཡིན་པ་དེ་འགོག་པ་མཐོང་བས་སྤང་བར་བྱ་བལ་དམིགས་ཏེ། ལྟ་བ་མཆོག་ཏུ་འཛིན་བ་ནི་རྣམ་པ་དང་བཅས་པ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་གང་འབྲས་བུའི་ངོ་བོས་འདུ་བྱེད་མཆོག་གོ་ཞེས་མངོན་པར་ཞེན་པ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱའོ། །རྒྱུའི་ངོ་བོས་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱའོ། །གང་ཞིག་དེ་ཁོ་ན་ཉིད་རྟོགས་པའི་རྣམ་པ་དེ་ནི་འགོག་པ་མཐོང་བས་སྤང་བར་བྱའོ། །འཇིག་ཚོགས་ལ་ལྟ་བ་བཞིན་སྤངས་པ་ནི་མེད་པར་སྒྲུབ་པོ། །དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བའི་ལོག་པར་ཞུགས་པ་ཡང་བརྗོད་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཁྱད་མེད་དོ། །ཁ་ཅིག་ནི་གཉི་ག་ཡང་ཟག་པ་བཅས་པ་ཐམས་ཅད་ལ་དམིགས་པའི་ཕྱིར་དང་མཆོག་གི་རྣམ་པས་ཞུགས་པའི་ཕྱིར་རོ་ཞེས་ཟེར་རོ། །


DTG210_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཁྱད་པར་ཡོད་དེ། གང་ཞིག་འཇིག་ཚོགས་ལ་རྟག་པ་དང་བདེ་བ་དང་བདག་ཏུ་ལྟ་བས་མཆོག་ཏུ་མཐོང་བ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། འདི་ཡང་སྲིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་ལྟ་ཞིང་མཆོག་ཏུ་མཐོང་བ་དེ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའོ་ཞེས་ཟེར་རོ། །རྣམ་པར་སྨིན་པའི་སྒོ་ནས་འདུ་བྱེད་འཐོར་བ་རྣམས་ལ་མཆོག་ཏུ་ལྟ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའོ། །ལས་དང་ཉོན་མོངས་པའི་སྒོ་ནས་འཐོར་བ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའོ་ཞེས་བྱ་བའོ་ཞེས་བྱ་སྟེ་སྤྲོས་པས་ཆོག་གོ །བསྟན་བཅོས་ལ་འཇུག་པར་བྱ་སྟེ། སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདིར་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཞེས་ཁྱད་པར་དུ་བྱས་པས་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དག་ཀྱང་ཡོད་དོ་ཞེས་ཁས་བླངས་པ་ཡིན་ལ། དེ་དག་ཀྱང་ཅི་འདི་དག་ལས་གང་ཞིག་ཡིན་ནམ་འོན་ཏེ་གཞན་ཡིན་ཞེས་མི་ཤེས་པ་དེའི་ཕྱིར་དེ་དག་ལས་དགུ་གོང་དུ་དམིགས་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་ཡང་དགུ་པོ་གང་ཡིན་པ་མི་ཤེས་པས་དེའི་ཕྱིར་ལྟ་བ་གཉིས་པོ་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །རེས་འགའ་ནི་གཟུགས་ཀྱི་ཁམས་སམ་གཟུགས་མེད་པའི་ཁམས་ཀྱང་རུང་སྟེ། སྐལ་བ་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་ཞེས་བྱ་བ་ནི། གཉིས་ཀ་ལ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འདོད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ནི་དོན་གྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སྐུར་པ་འདེབས་ལ། ལྟ་བ་མཆོག་ཏུ་འཛིན་པས་ཀྱང་མཆོག་ཏུ་འཛིན་ཏོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ཀྱང་རྒྱུ་མ་ཡིན་པ་དེ་རྒྱུར་འཛིན་ཏོ། །ཐེ་ཚོམ་གྱིས་ནི་སོམ་ཉི་ཟ་ལ། མ་རིག་པ་རྨོངས་ཏེ། དེ་བཞིན་དུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཅི་རིགས་པར་རིག་པར་བྱའོ། །གཟུགས་ན་སྤྱོད་པ་དང་གཟུགས་མེད་པའི་ཁམས་དག་ནི་ཡུལ་དང་སའི་སྒོ་ནས་གཞག་པར་བྱ་བ་ལ། འདི་ནི་ངེས་པ་ཡིན་ཏེ་འདོད་པའི་ཁམས་ནས་བསམ་


DTG210_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་པའི་བར་ན་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡོད་དོ། །སྲིད་པའི་རྩེ་མོ་མ་གཏོགས་པ་ལྷག་མ་རྣམས་ན་ནི་སྐལ་བ་མི་མཉམ་པའི་ས་ཀུན་ཏུ་འགྲོ་བ་རྣམས་ཡོད་དོ། །སྲིད་པའི་རྩེ་མོ་ན་ནི་གཉི་ག་ཡང་མེད་དེ་ཁམས་དང་ས་གཞན་མེད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་རེ་རེ་དང༌། སྡོམ་པ་དེ་དག་གི་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་བསྟན་བཅོས་ཁུངས་སུ་སྨྲས་པ་ནི། འདོད་པ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཉིད་ཡིན་པ་མ་བཟོད་ནས་གང་གི་ཚེ་འདོད་པའི་ཁམས་ན་གནས་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདག་དང་བདག་གིར་མི་འཛིན་པའི་ཕྱིར་དང་ཞེས་བྱ་བ་ལ། ས་དང་ཁམས་གཞན་དུ་སྐྱེས་པ་ལ་ནི་ས་དང་ཁམས་གཞན་གྱི་ཕུང་པོ་དག་གོ་སྙམ་པའི་ལྟ་བ་མི་འཐད་དེ། ལུས་གཉིས་ཁས་བླངས་པ་མི་སྲིད་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ཡོད་ན་བདག་གིར་འཛིན་པར་འགྱུར་བའི་ཕྱིར་བདག་གིར་ལྟ་བ་ཡང་མི་འཐད་དོ། །འཇིག་ཚོགས་ལ་ལྟ་བའི་རྗེས་སུ་འབྲང་བའི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་དེའི་ཡུལ་ཅན་དུ་མི་རུང་ངོ༌། །གཞན་དག་ན་རེ། སྲེད་པས་སྟོབས་བསྐྱེད་པའི་ཕྱིར་དང་མཐའ་དང་ཉེ་བའི་སྲིད་པ་བདག་གིར་བྱས་པའི་ཕྱིར་དང་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །འོ་ན་འདི་ལྟ་བ་གང་ཞིག་ཡིན་ཞེས་བྱ་བ་ལ། གལ་ཏེ་ཕུང་པོ་དག་ལ་བདག་གི་རྣམ་པ་དང་རྟག་པའི་རྣམ་པར་ཞུགས་ཀྱང༌། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་མ་ཡིན་ན། འོ་ན་འདི་ལྟ་བ་གང་ཞེ་ན། གཞན་ཉིད་དུ་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐ་དད་པར་འཇུག་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདི་ནི་ལྟ་བ་མ་ཡིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་པའི་ལོག་པའི་ཤེས་པ་ཡིན་གྱི་ལྟ་བ་ནི་མ་ཡིན་ནོ། །པྲ་ཏྱཀྵ་ནཻ་བ་ཧི་ས་སྐནྡྷནཏྨ་ཏོ་ནི་ཏྱ་ཏ་ཤྩ་གྲྀ་ཧཱི་ཏྭ་ཏ་ཐཻ་བཾ་པྲཏྱཀྵ་ན་པྱ་ནུ་མི་ནོ་


DTG210_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཏི། འདི་ལྟར་ཟིན་པའི་ཕུང་པོ་ལ་རྟོག་པ་སྔོན་དུ་འགྲོ་བས་མ་ཟིན་པ་རྣམས་ལ་ཡང་བདག་མེད་པར་ཤེས་པ་སྐྱེད་པར་བྱེད་དོ། །ལུས་སོ་སོ་བ་ལ་ཡང་བདག་མེད་དོ་ཞེས་བྱ་བར་རོ། །ཡང་དེ་ལ་དམིགས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་ཆོས་མངོན་པ་པ་རྣམས་ཀྱིས་སྨྲས་པའོ། །འདི་ལྟར་འདོད་པའི་ཁམས་ན་གནས་པ་ནི་འདི་སྙམ་དུ་བདག་ཚངས་པའོ། །བདག་གི་ཚངས་པའོ་སྙམ་དུ་མི་སེམས་ཏེ། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་ནི་གོང་མ་ལ་དམིགས་པ་མ་ཡིན་ནོ། །མཐར་འཛིན་པའི་ལྟ་བར་ཡང་མི་རིགས་ཏེ། །དེ་ནི་འཇིག་ཚོགས་ལ་ལྟ་བས་ཀུན་ནས་བསླང་བའི་ཕྱིར་རོ། །དེའི་རྣམ་པ་ཅན་གྱི་ལྟ་བ་གཞན་ཡང་ཡོད་པ་མ་ཡིན་ཏེ། ལོག་པའི་ཤེས་པ་དེ་ཉིད་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་པ་ཡིན་ནོ་ཞེས་རིགས་སོ། །དེ་ལྟ་ན་འོ་ན་སྔོན་གྱི་མཐའ་ལ་རྟོགས་པ་རྣམས་སེམས་ཅན་གཞན་ལ་དམིགས་པའི་ལྟ་བ་དག་ཐོབ་པ་མ་ཡིན་པས་དེའི་ཕྱིར་དེ་ལས་གཞན་པའི་ལྟ་བ་བཞིན་འདི་ཡང་ཁམས་གོང་མ་གཉིས་ལ་དམིགས་པར་ཁས་བླང་བར་བྱའོ་ཞེས་པ་མདོའི་དགོངས་པའོ་ཞེ་ན། དེ་དག་དང་ནི་ལྷན་ཅིག་གང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཕྲ་རྒྱས་ཀུན་ཏུ་འགྲོ་བ་དག་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་དང༌། སྐྱེ་བ་ལ་སོགས་པ་གང་དག་ཡིན་པའི་ཆོས་དེ་དག་ཀྱང་ཀུན་ཏུ་འགྲོ་བ་ཡིན་ཏེ། དེ་དག་དང་འབྲས་བུ་གཅིག་པའི་ཕྱིར་རོ། །ཐོབ་པ་རྣམས་ནི་ཕྲ་རྒྱས་དང་ལྷན་ཅིག་མི་འབྱུང་སྟེ་འབྲས་བུ་དུ་མ་ཡིན་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་དག་ནི་སྦྱར་བར་བྱའོ་ཞེས་བྱ་བ་ལ། མུ་གསུམ་པ་ནི་འདས་པ་དང་ད་ལྟར་འབྱུང་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ཏེ། དེ་དག་ནི་ཀུན་ཏུ་འགྲོ་བའི་ཕྲ་རྒྱས་ཀྱང་ཡིན་ལ། ཀུན་ཏུ་འགྲོ་བའི་རྒྱུས་རྒྱུ་ཡང་ཡིན་ནོ། །མུ་བཞི་པ་ནི་དེ་དག་དང་ལྷན་ཅིག་འབྱུང་བ་མ་འོངས་པ་རྣམས་དང༌། ཆོས་གཞན་རྣམས་ཏེ་ཀུན་ཏུ་འགྲོ་བའི་ཕྲ་རྒྱས་ཀྱང་མ་ཡིན་ལ། ཀུན་ཏུ་འགྲོ་བའི་རྒྱུས་རྒྱུ་ཡང་མ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཁམས་དང་ཁམས་ན་ཟག་པ་མེད་པ་ལ་དམིགས་པ་དྲུག་ཡིན་པས་བཅོ་བརྒྱད་དུ་འགྱུར་རོ། །ཁ་ཅིག་མ་རིག་པ་


DTG210_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་དམིགས་པ་མེད་པ་ཉིད་ཡིན་ཏེ། ལོང་བ་བཞིན་དུ་མཐོང་བ་བཅོམ་པས་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །མི་ཤེས་པ་ནི་དམིགས་པ་དང་བཅས་པར་འགྱུར་བ་འོས་པ་མ་ཡིན་ཏེ། དམིགས་པ་དང་བཅས་པ་ཉིད་ཀྱིས་མ་རིག་པ་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་བཞིན་སེམས་དང་མཚུངས་པར་ལྡན་པའི་ཡོད་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཐད་པར་ཐལ་བར་འགྱུར་ཏེ། རྟག་ཏུ་རྒྱུད་ལ་གནས་པའི་ཕྱིར་དང་དེ་དང་འཇུག་པ་འགལ་བའི་ཕྱིར་རོ། །སེམས་མེད་པའི་སྙོམས་པར་འཇུག་པའམ་འདུ་ཤེས་མེད་པར་གྱུར་པ་ཡང་ཀུན་ཏུ་རྨོངས་པས་དམིགས་པ་མེད་དོ། །སེམས་དང་སེམས་ལས་བྱུང་བའི་སྒྲིབ་པའི་འཇུག་པ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་ཕྱི་རོལ་གྱི་མུན་པ་མ་ཡིན་པའི་ཕྱིར། དེ་སྨོས་པས་མཐོང་བ་ཉེ་བར་བཅོམ་པར་གྱུར་པའོ། །མ་རིག་པ་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་རྒྱུ་བྱེད་དོ། །བདག་མེད་པ་མཐོང་བར་གྱུར་པ་དེའི་ཕྱིར་འདི་ནི་མཐོང་བ་ཉེ་བར་འཇོམས་པར་བྱེད་པ་ཤེས་པ་དང་ལྷན་ཅིག་འཇུག་པ་མ་ཡིན་པ་སྟེ། གཉིད་ཀྱིས་ལོག་པ་ལས་ཡུལ་འཛིན་པ་ཡོད་པ་མ་ཡིན་ནོ། །དམིགས་པའི་རྒྱུ་འཇུག་པར་བྱེད་པ་ལ་སེམས་བླུན་པ་ཉིད་དུ་གྱུར་པ་དེ་བཞིན་དུ་མ་རིག་པ་སྟེ། འདི་དམིགས་པ་དང་བཅས་པ་ལའོ། །འོན་ཏེ་ཅིའི་ཕྱིར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་མ་འདྲིས་པའི་མ་རིག་པ་མེད་ཅེ་ན། དེ་ནི་མཐོང་བས་སྤང་བར་བྱ་བའི་ཆོས་ལ་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བ་ཉིད་ཀྱིས་སྤངས་ཟིན་པའི་ཕྱིར་རོ། །རྣམ་པ་བརྒྱད་པོ་དེ་ནི་གཉེན་པོར་གྱུར་པའི་རྟོགས་པ་ཉིད་ཡིན་པས་མཐོང་བས་སྤང་བར་བྱ་བའི་དམིགས་པ་གཞན་ཡོད་པ་མ་ཡིན་ནོ། །ཕྲ་རྒྱས་མ་འདྲེས་པ་གཞན་གྱི་ནི། སྡུག་བསྔལ་དང་ཀུན་འབྱུང་བ་མངོན་པར་རྟོགས་པ་ཉིད་གཉེན་པོ་ལ་སོགས་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བ་ཉིད་ཀྱིས་སྤོང་བར་བྱེད་ཀྱི་འགོག་པ་དང་ལམ་གྱིས་ནི་མ་ཡིན་ནོ། །དཔེར་ན་ལྟ་


DTG210_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་ཏུ་འཛིན་པ་སྡུག་བསྔལ་གྱི་འབྲས་བུའི་སྒོ་ནས་བདེ་བ་དང་གཙང་བའི་རྣམ་པས་ཞུགས་ཏེ་ཐམས་ཅད་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་ཀྱང་སྡུག་བསྔལ་མཐོང་བ་ཁོ་ནས་སྤོང་བ་བཞིན་ནོ། །འབྲས་བུ་ལ་ལོག་པར་སྒྲུབ་བའི་གཉེན་པོ་མངོན་དུ་གྱུར་པའོ། །འདི་ལྟ་བ་མཆོག་ཏུ་འཛིན་པ་བཞིན་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འདི་མ་རིག་པའི་ཕྲ་རྒྱས་ལ་སྒྲུབ་པའི་རྣམ་པ་ཙམ་ཡིན་པའི་ཕྱིར་འཇུག་པ་ཐ་དད་པ་མེད་དོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཟག་པ་དང་བཅས་པའི་འདུ་ཤེས་རྣམས་ལ་རྣམ་པ་མང་དུ་ལོག་པར་ཞུགས་པས་དེ་ལ་སྡུག་བསྔལ་མངོན་པར་རྟོགས་པའི་རྣལ་འབྱོར་པ་རྣམས་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ལ་སྡུག་བསྔལ་དང་མི་གཙང་བར་ལྟ་བར་འགྱུར་རོ། །འདིར་རྣམ་པ་གཞན་གྱིས་ཀྱང་ཆོས་དེ་དག་ལ་ཡོན་ཏན་དུ་ལྟ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་མངོན་པར་རྟོགས་པའི་བདེན་པ་གཉིས་པོ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལྟ་བས་མཆོག་ཏུ་འཛིན་པ་མ་འདྲེས་པའི་མ་རིག་པའི་ཕྲ་རྒྱས་མཐོང་བས་སྤང་བར་བྱ་བའི་དམིགས་པ་ལ་ཡོད་པ་དེ་ནི་སྒྲུབ་པ་ཙམ་ཉིད་ཀྱི་སྒོ་ནས་ཕན་ཚུན་ཁྱད་པར་དུ་གྱུར་པ་ཡིན་ནོ། །མཐོང་པས་སྤང་བར་བྱ་བའི་དམིགས་པ་བཞིན་བསྒོམ་པས་སྤང་བར་བྱ་བ་ཡང་ཡིན་ནོ། །ཅིའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བར་མི་འདོད་ཅེ་ན་ཡེ་ཤེས་ཀྱི་གཞོམ་བྱར་གྱུར་པ་དང་དེའི་གཉེན་པོ་ཉིད་ཀྱི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་མི་འཐད་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པ་ཡིན་ནོ། །དེའི་ཕྱིར་ཡང་ཡེ་ཤེས་ཀྱིས་གཞོམ་བྱ་ཉིད་དེ། དེ་ལ་ཡང་དག་པ་མཐོང་བ་དང་ལྡན་པའི་རྣལ་འབྱོར་པ་རྣམས་དགག་པའི་རྣམ་པས་འཇུག་པའི་ཕྱིར་རོ། །སྒྲུབ་པ་མ་ཡིན་པའི་མཚན་ཉིད་ཀྱིས་རྨོངས་པ་ནི་གཉིད་ཀྱི་དམིགས་པ་བཞིན་སེམས་སྒྲིབ་པ་ཙམ་བྱེད་དོ། །དེ་རྟོགས་པ་ལས་བྱུང་བ་ཀུན་འབྱུང་བ་ཤེས་པ་ཡང་བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པས་མ་འདྲེས་པའི་མ་རིག་པའི་


DTG210_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་རྒྱས་ཞེས་བྱའོ། །ཁ་ཅིག་ན་རེ། མ་ཡིན་ཏེ་ལོག་པར་ལྟ་བས་ལྟ་བ་ནི་འགོག་པ་ལ་སྐུར་པ་འདེབས་པ་དང་ལྡན་པས་ལྟ་བ་མེད་པས་ངེས་པར་རྟོག་པ་མི་སྲིད་པས་ཟག་པ་མེད་པ་ལ་དམིགས་པའི་ལྟ་བ་མེད་པར་ཐལ་བའི་ཕྱིར་མཚུངས་པར་བཤད་པ་མངོན་སུམ་ཉིད་ཀྱིས་ལྟ་བས། གང་འདི་དག་གིས་རྣམ་པ་དེ་ལྟ་བུའི་ཆོས་སུ་བརྗོད་པ་དེ་མེད་དོ་ཞེས་ཟེར་རོ། །ཇི་ལྟར་སྐྱེས་བུ་མཐོང་བ་ན་སྐྱེས་བུ་ལ་སྐུར་བ་འདེབས་པ་འདི་སྐྱེས་བུ་མ་ཡིན་ཞེས་པ་བཞིན་ནོ། །སྐྱེས་བུའི་ཡུལ་གྱི་བློ་ནི་སྐྱེས་བུ་ལ་སྐུར་པ་འདེབས་པ་མ་ཡིན་པ་དེ་བཞིན་དུ་འགོག་པ་ལ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་དུ་འགོག་པ་དང་ལམ་ལ་སྐུར་པ་འདེབས་པ་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་འདི་རྟོག་པས་རྣམ་པར་དཔྱོད་པ་ཅི་ཞིག་སྐྱེ་ཞེ་ན། དེ་མཐོང་བས་སྤང་བར་བྱ་བའོ། །གང་ཡང་རྣམ་པར་དཔྱོད་པ་མེད་པར་སྐྱེ་བ་མེད་པས་འགོག་པ་དང་ལམ་དག་གོ་ཞེས་མིང་ཙམ་དམིགས་པའི་ཕྱིར་རོ། །རང་གི་ས་པའི་ཆོས་རྣམས་ཀྱི་འགོག་པ་ནི་རང་གི་ས་ལ་གནས་པའོ། །དེའི་སྤྱོད་ཡུལ་ཅན་གྱི་ཞེས་བྱ་བ་ལ་ལོག་པར་ལྟ་བ་ལ་སོགས་པ་དེ་དག་ལ་འགོག་པ་དང་ལམ་དེ་གཉིས་ཡུལ་ཏེ། དམིགས་པར་ཡོད་པས་ན་དེ་དག་ནི་དེའི་སྤྱོད་ཡུལ་ཅན་ནོ། །ས་དྲུག་ནི་བསམ་གཏན་བཞི་དང༌། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ནོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ལ། འདོད་པའི་སྡུག་བསྔལ་ལ་སོགས་པའི་ལམ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བའོ། །ཐམས་ཅད་ཀྱི་སྒྲ་ཡིས་ས་དྲུག་དབྱེ་བས་ཐ་དད་པ་ཉིད་ཀྱང༌། པ་ར་མྲི་ཥྱ་ཏེ། ཞེས་བྱ་བ་དགོངས་པ་དེའི་ཕྱིར་གང་ཡང་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡང་ཡིན་ནོ་ཞེས་སྨོས་པས་འདི་སྐད་བསྟན་པར་འགྱུར་ཏེ། མི་ལྕོགས་པ་མེད་པའི་ས་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་ལ་གཟུགས་དང་གཟུགས་མེད་པའི་ཡང་གཉེན་པོ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་ཐམས་ཅད་ཀྱི་དམིགས་པ་ཡིན་ནོ། །ས་བརྒྱད་


DTG210_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་ཞེས་བྱ་བ་ལ། ས་བརྒྱད་ནི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་རྣམས་སོ། །ས་དགུ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་ས་ནས་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་སའི་བར་རོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་མི། གཟུགས་དང་གཟུགས་མེད་པ་ཐམས་ཅད་ཀྱང་སྡུག་བསྔལ་ལ་སོགས་པ་ལ་དམིགས་པས་ལམ་ལ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཞེས་བྱའོ། །ཡང་ཅིའི་ཕྱིར་འགོག་པ་ལ་དམིགས་པས་འགོག་པའི་ཡོངས་སུ་གཅོད་པ་ལ་དམིགས། ལམ་ལ་དམིགས་པ་ཡང་ལམ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་ལམ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། ས་ཐ་དད་ཀྱང་ལམ་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོས་འབྲེལ་པ་མེད་ན་གང་ལས་འདི་ཡོངས་སུ་བཅད་ཀྱང་ཡོངས་སུ་མ་ཆད་པས་དེ་ལྟར་འགལ་བ་མེད་དེ་ཡོངས་སུ་བཅད་པ་དང་བཅས་པར་དམིགས་སོ། །དེ་ལྟ་ན་ཆོས་དང་རྗེས་སུ་ཤེས་པ་དག་ཀྱང་ཕན་ཚུན་རྒྱུ་ཡིན་པའི་ཕྱིར། འདོད་པ་ན་སྤྱོད་པའི་ལམ་ལ་དམིགས་པ་རྣམས་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ཡང་ལམ་ལ་དམིགས་པར་འགྱུར་བ་ཡིན་ནམ་ཞེ་ན། དེའི་ཕྱིར་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ཀྱང་ཞེས་རྒྱས་པར་འབྱུང་སྟེ། གལ་ཏེ་གཉེན་པོ་མ་ཡིན་པ་ཉིད་ལ་དམིགས་པ་མེད་པ་ཉིད་རྒྱུ་ཡིན་ན། དེ་ལྟ་ན་འོ་ན་ཆོས་ཤེས་པའི་ཕྱོགས་ཀྱང་འདི་དག་ལ་དམིགས་པར་མི་འགྱུར་ཏེ་གཉེན་པོ་མ་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོའི་དངོས་གཞིའི་ས་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་ནོ། །མི་ལྕོགས་པ་མེད་པའི་ས་པ་ཡང་མཐའ་དག་གི་མ་ཡིན་ཏེ། ས་གོང་མའི་གཉེན་པོ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །འདོད་པའི་ཁམས་དང་འབྲེལ་པ་ཡང་མཐའ་དག་གི་ས་མ་ཡིན་ཏེ། ལམ་ལ་དམིགས་པ་རྣམས་ཆོས་བཟོད་ཀྱི་གཞོམ་བྱ་ཡིན་པའི་ཕྱིར་མི་འགྱུར་རོ། །དེ་ལྟར་སྐྱོན་གྱི་རིགས་ཅན་གྱི་གཉེན་པོ་ཉིད་ཀྱི་ཕྱིར་དང་དེའི་རིགས་ཅན་ཕན་ཚུན་དམིགས་པའི་ཕྱིར་ཆོས་ཤེས་པའི་ཕྱོགས་དང་


DTG210_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རིགས་ནི་འདོད་པ་ན་སྤྱོད་པའི་ལམ་དམིགས་པ་རྣམས་ཀྱི་གཉེན་པོའོ། །དེ་ཡང་ཕན་ཚུན་ཅན་དང་ཕན་ཚུན་དམིགས་པ་དེ་ལྟར་རིགས་སོ། །གང་ཞིག་བསྟན་པའི་གཉེན་པོ་མ་ཡིན་ཡང་དམིགས་པར་འགྱུར་བས། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ནི་དེའི་གཉེན་པོ་སྟེ། རིགས་ཐ་དད་པས་ཕན་ཚུན་དམིགས་པ་མ་ཡིན་པ་དེའི་ཕྱིར་ཕན་ཚུན་རྒྱུ་ཅན་ཡང་དེ་དག་གི་དམིགས་པ་མ་ཡིན་ནོ། །འོ་ན་ནི་ཆོས་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རང་གི་ཁམས་ཀྱི་གཉེན་པོས་ངེས་པར་བྱས་པ་ཡིན་ན་ནི་སྙམ་དུ་བསམས་པའོ། །གཉེན་པོ་ཉིད་དུ་ཡོད་ཀྱང་མཐའ་དག་དང་མཐའ་དག་མ་ཡིན་པ་ཉིད་དུ་བྱས་པ་འདི་ནི་དབྱེ་བ་དེས་པར་སྟོན་པར་བྱེད་པའོ། །ཆོས་ཤེས་པ་མཐའ་དག་གཟུགས་དང་གཟུགས་མེད་པ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཇི་ལྟ་བར་རྗེས་སུ་ཤེས་པའོ། །དང་པོ་མེད་པའི་ཕྱིར་ཞེས་བྱ་བ་ནི། སྡུག་བསྔལ་བ་དང་ཀུན་འབྱུང་ལ་དམིགས་པ་ཆོས་ཤེས་པ་གཟུགས་དང་གཟུགས་མེད་པའི་གཉེན་པོར་གྱུར་པ་དང་པོ་དག་མེད་པའི་ཕྱིར་རོ། །དང་པོ་རྣམས་ཀྱི་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང༌། བསྒོམ་པའི་ལམ་གྱི་འགོག་པ་ལ་དམིགས་པའི་གཉེན་པོར་གྱུར་པ་ཆོས་ཤེས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་འོ་ན་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་འདི་དག་གི་དམིགས་པར་མི་འགྱུར་རོ་ཞེ་ན། རྗེས་སུ་ཤེས་པའི་ལམ་རྣམས་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་མ་ཡིན་ནོ། །བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་རྗེས་སུ་ཤེས་པའི་ཕྱོགས་ཀྱང་ལམ་མ་ཡིན་ནོ། །བསམ་གཏན་བཞི་པའི་ས་པའི་ལོག་པར་ལྟ་བའི་གཉེན་པོ་བསམ་གཏན་དང་པོའི་ས་པའི་མཐའ་དག་མ་ཡིན་ནོ། །སྔར་ཉིད་དུ་ལམ་ལ་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པའི་བཟོད་པ་རྣམས་གཉེན་པོ་སྟེ། དེ་ལྟར་མཐའ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཡང་འདི་དག་གི་དམིགས་པའོ་ཞེས་བྱ་བར་


DTG210_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་རོ་ཞེ་ན། འདིར་ཡང་དེའི་རིགས་ཅན་གཉེན་པོ་ཡིན་པའི་ཕྱིར་དང་དེའི་རིགས་ཅན་ཕན་ཚུན་དམིགས་པའི་ཕྱིར་དང་རྒྱུ་ཡིན་པའི་ཕྱིར་ཞེས་རྒྱས་པར་བསྒྲུབ་པར་བྱའོ། །དེའི་ཕྱིར་ཕན་ཚུན་རྒྱུ་ཅན་དང་ཕན་ཚུན་དམིགས་པ་གཉེན་པོའི་རིགས་ཅན་ཏེ་ལམ་དམིགས་པ་དང་བཅས་པ་རྣམས་ཀྱིས་ཕྲ་རྒྱས་དམིགས་པས་ན་འཆོལ་བའི་སྐྱོན་མེད་དོ། །ཡང་ཅིའི་ཕྱིར་འདོད་པར་གཏོགས་པའི་ལོག་པར་ལྟ་བ་ས་དགུའི་སྡུག་བསྔལ་ལ་དམིགས་ཤེ་ན། བསམ་གཏན་དང་པོའི་ས་ནས་སྲིད་པའི་རྩེ་མོའི་བར་ས་བརྒྱད་དང་རང་གི་ས་ཁོ་ནའི་འགོག་པ་མཐོང་བས་སྤང་བར་བྱ་བ་ཡང་ས་དགུའི་ལོག་པར་ལྟ་བ་རང་གི་ས་པའི་འདུ་བྱེད་རྣམས་འགོག་པ་ལ་དམིགས་སོ། །འདིར་རྒྱུ་ཡོད་པས་རྒྱུ་དང་འབྲས་བུ་ཡོངས་སུ་བཅད་དེ་རང་གི་ས་དང་ཁམས་རྣམས་སུ་ས་དགུའི་སྡུག་བསྔལ་ཕན་ཚུན་འདྲེན་པའི་ཕྱིར། སྐྱེད་པ་དང་གནས་པ་དད་བརྟེན་པའི་རྒྱུ་རྣམས་ཀྱིས་ཕན་ཚུན་རྒྱུ་ཅན་ནི་མ་ཡིན་ཏེ། འདི་ལྟར་ཕན་ཚུན་འདྲེན་པས་འགོག་པ་དང་ཕན་ཚུན་རྒྱུ་ཅན་ནོ་ཞེས་རྣམ་པར་རྟོ་ག་འདི་འཐད་དོ། །ཡང་འདུ་བྱེད་གང་དག་ལ་བདག་ཏུ་ལྟ་བས་བདག་ཏུ་བལྟས་ཏེ་འཇུག་པ་དེ་རྣམས་ལ་མངོན་པར་དགའ་བ་དང་ཉེ་བར་གནས་པ་ནི་དེའི་ས་པའི་ལོག་པར་ལྟ་བས་འདི་དག་ལ་འགོག་པ་མེད་དོ་ཞེས་སྐུར་པ་འདེབས་སོ། །འདོད་ཆགས་ནི་སྤང་བར་བྱ་བ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ནི་ཐར་པ་འདོད་པ་རྣམས་ཀྱི་གཅིག་ཏུ་སྤང་བར་བྱ་བ་ཡིན་ན། དེ་གལ་ཏེ་ཟག་པ་མེད་པ་ལ་དམིགས་པ་ཡིན་ན་ནི་ཐར་པ་འདོད་པར་ཞུགས་པའི་ཕྱིར་དགེ་བའི་ཆོས་ལ་འདུན་པ་ལྟར་རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །འདུན་པའི་འདོད་ཆགས་ཀྱི་གཞི་ནི་སྤང་བར་བྱ་བ་ཡིན་པའི་ཕྱིར་ཟད་པ་མེད་པ་ཡང་སྤང་བར་བྱ་བར་འགྱུར་ཏེ། འདོད་ཆགས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདུན་པའི་འདོད་ཆགས་སྤངས་ན་དེ་ལྟ་ན་ཁྱེད་ཀྱི་གཟུགས་དེ་སྤང་བར་འགྱུར་རོ་


DTG210_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །འགོག་པ་དང་ལམ་དག་ལ་ཡང་སྐྱོན་གྱི་སྒོ་ནས་བལྟ་བར་བྱ་བ་དག་གོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཡུལ་གྱི་སྐྱོན་མཐོང་བ་ལས་ནི་སྲེད་པ་དང་བྲལ་བར་འགྱུར་ལ་གཞན་དུ་མ་ཡིན་ཞེ་ན། ཞི་བའི་རྣམ་པ་ལ་སོགས་པ་རྣམས་ཀྱི་ས་ཟག་པ་མེད་པའི་ཆོས་ལ་ལྟ་བའི་སྒོ་ནས་དེ་ལ་དམིགས་པའི་སྲེད་པ་འཕེལ་བ་ཉིད་དུ་འགྱུར་གྱི་སྤོང་བ་ནི་མ་ཡིན་ནོ། །སྲེད་པས་ཡུལ་ལ་ཡོན་ཏན་དུ་མཐོང་བས་སྲེད་པ་འཕེལ་བར་མཐོང་བ་དེའི་ཕྱིར་ཟག་པ་མེད་པ་ལ་དམིགས་པའི་འདོད་ཆགས་མེད་དོ། །འགོག་པ་དང་ལམ་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་རྒྱུ་མཚན་དང་བྲལ་བའི་ཕྱིར་རོ། །འདི་དག་གི་ཉོན་མོངས་པ་མ་རིག་ལ་ཟག་པ་མེད་པའི་ནི་མཆོག་ཏུ་ཕྲ་བ་ཞེས་བྱ་བ་ནི་དེ་ལ་དེའི་འཇུག་པ་ཡོད་པ་མ་ཡིན་ནོ། །ང་རྒྱལ་ཡང་ཁེངས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་མ་ཞི་བ་ཡིན་ན། ཟག་པ་མེད་པའི་ཆོས་རྣམས་ནི་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དེས་ཁེངས་པར་འགྱུར་བར་མི་འོས་སོ། །བདག་གིས་ནི་ཆོས་དེ་དག་འཐོབ་པོ་སྙམ་དུ་དེ་ལྟར་ང་རྒྱལ་སྐྱེ་བར་འགྱུར་ན། ཟག་པ་མེད་པའི་ཆོས་ཀྱི་རྐྱེན་གྱི་དེ་སྐྱེ་བར་རིག་པ་མ་ཡིན་ཏེ། དེ་དག་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་དང་ཡང་དག་པའི་དོན་དུ་དག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཕྱིན་ཅི་མ་ལོག་པའི་དོན་གྱིས་ཞུགས་པའི་ཕྱིར་དེ་དང་མཐུན་པ་སྟེ། འདི་དམ་བཅས་པ་དང་འགལ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་མཆོག་ཀྱང་ཡིན་ཏེ། ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་དང་དགེ་བ་དང་རྟག་པ་ཡིན་པའི་ཕྱིར་དང་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །དངོས་པོ་དམན་པ་ཟག་པ་དང་བཅས་པ་ལ་མཆོག་ཏུ་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཉིད་དོ། །གཞན་ཡང་གལ་ཏེ་མཆོག་ཏུ་འཛིན་པ་གཉིས་པ་ཟག་པ་མེད་པ་ལ་དམིགས་པ་ཡིན་པ་ནི་ཡང་དག་པའི་ལྟ་བའི་མཚན་ཉིད་དུ་འགྱུར་ཏེ། ཟག་པ་མེད་པ་རྣམས་ནི་དག་པ་ཡིན་པའི་ཕྱིར་དང་མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བས་སྤང་བར་བྱ་བ་དག་ཏུ་ཡང་མི་འགྱུར་རོ། །དེ་ལྟ་བུ་ནི་འོ་ན་གང་དག་འགོག་པ་ལ་


DTG210_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་ཞེ་སྡང་བ་དེ་འགོག་པ་དང་མཐུན་པའི་ཕྱིར་མཐོང་བས་སྤང་བར་བྱ་བར་མི་འགྱུར་རོ་ཞེ་ན། འདི་ལ་འགོག་པའི་མཚན་ཉིད་མེད་དེ། ཀུན་ཏུ་རྨོངས་པས་དེ་ལ་སྐུར་པ་འདེབས་པ་ལ་སྡང་བའི་ཕྱིར་དེ་ནི་ཐར་པ་ལ་ཅི་ལ་ཡང་གནས་པ་མ་ཡིན་ནོ་སྙམ་དུ་བཟུང་ནས་ཡོད་པའི་ཐར་པ་ལ་སྐུར་པ་འདེབས་ཤིང་འཛིན་པར་མི་བྱེད་དོ། །གང་ཞིག་འགོག་པའི་ཡུལ་མི་ཤེས་པ་དང་བྲལ་བ་དེ་སྐུར་བ་འདེབས་པར་ལྟ་བ་ལས་ཕྱིར་ཕྱོགས་ཏེ། དེ་མ་ཐོབ་པའི་དགེ་བའི་རྩ་བ་ཇི་ལྟར་རྣམ་པར་དག་པ། ཀོཥྛ་སྱ་བི་ཙི་ཏྲ་མ་བྱ་ཧཱ་ར་མུ་པ་ཡུཉྫ་ན་སྱ་ནོ་པ་གྷ་ཏོ་བྷ་བ་ཏི། ཨུ་པ་ཙི་ཧ་དོ་འ་སྱ་ཏུ་པ་ཐེ་མ་བྱུ་པ་ཡུཀྟི་དོ་ཥ་ཡ། དེ་བཞིན་དུ་འདི་ལ་ཡང་སྦྱར་བར་བྱའོ། །འོན་ཏེ་གང་འདི་མྱ་ངན་ལས་འདས་པ་ཡོད་དོ་སྙམ་དུ་ཡང་དག་པར་ལྟ་བ་འཇོམས་པ་དེ་ནི་མི་མཐོང་བས་སྤང་བར་བྱ་བའོ། །འདི་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། མཐོང་བས་སྤང་བར་བྱ་བའི་དགེ་བའི་ཆོས་ཀྱི་ཡུལ་ཡིན་པ་ཉིད་མི་འཐད་པའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་ཉིད་དོ། །བདེན་པ་མཐོང་བ་རྣམས་ལ་ནི་འགོག་པ་ལ་དམིགས་པའི་ལོག་པར་ལྟ་བ་ཀུན་ཏུ་སྤྱོད་པ་མེད་དོ། །འདོད་ཆགས་དང་བཅས་པ་མེད་པའི་ཕྱིར་རོ། །ཁ་ཅིག་མྱ་ངན་ལས་འདས་པ་ལ་དམིགས་ཀྱང་ཁོང་ཁྲོ་ཉེ་བར་དམིགས་པ་མ་ཡིན་ནམ་ཞེ་ན། དབང་པོ་ཐམས་ཅད་པ་ར་མ་ཏ་དུ་ཁཾ་ནིརྦཱ་ཎ་མ་ནི་ཤཱ་མ་བྷཱུ་ཏཾ་ནཱཔྟི་ནོརྠ་སྟེ་ནེ་སྟི། འདི་ནི་ངེས་པར་ཁོང་ཁྲོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བསྟན་བཅོས་ལས་ལོག་པར་ལྟ་བ་གསུངས་ཏེ་གང་བདེ་བ་ལ་སྡུག་བསྔལ་ལོ་སྙམ་དུ་ལྟ་བ་ནི་ལོག་པར་ལྟ་བ་སྟེ། འགོག་པ་མཐོང་བས་སྤང་བར་བྱའོ་ཞེས་དེ་ལྟར་རིགས་སོ། །སངས་རྒྱས་པ་ཁ་ཅིག་ནི་ཐམས་ཅད་ཀྱི་སྡུག་བསྔལ་དང་བདེ་བ་འགོག་པས་དོན་དམ་པར་བདེན་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་མཚན་ཉིད་རྟོགས་པ་ལས་འཁོར་བའི་སྐྱོན་ཤེས་པའི་ཕྱིར་སྲིད་པ་ལ་མངོན་པར་དགའ་བ་དེ་ལས་དེས་པར་འབྱུང་བའི་རྣམ་པར་རྟོག་པ་ལས་མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འབྱུང་


DTG210_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །གང་གིས་གང་མི་བཟོད་པ་དེ་ནི་དེ་འཇོམས་པ་ལས་སྐྱེ་བ་མ་ཡིན་ཏེ། རང་བཞིན་དང་སྐྱེས་བུ་དང་དུས་དང་ཕྱོགས་ལ་སོགས་པ་རྣམས་བཞིན་ནོ་ཞེས་ཟེར་རོ། །དུ་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །དེ་ནི་མཚུངས་པར་ལྡན་པའི་སྒོ་ནས་ཞེས་བྱ་བ་ནི། གང་ཞིག་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དེ་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་ཞེས་བསྟན་པར་བྱ་བའི་ཕྱིར་ངེས་པར་གཟུང་བའོ། །ཀུན་ཏུ་འགྲོ་བ་ནི་རྣམ་པ་གཉིས་ཏེ། རང་གི་ཁམས་དང་ས་ཀུན་ཏུ་འགྲོ་བ་དང་སྐལ་བ་མི་མཉམ་པའི་ཁམས་དེ་དང་ས་ཀུན་ཏུ་འགྲོ་བའོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་མ་དམིགས་པ་དང༌། ཟག་པ་མེད་པ་ལ་དམིགས་པའོ། །དེའི་ཕྱིར་ཕྲ་རྒྱས་གང་དག་ཀུན་ཏུ་འགྲོ་བ་ཞེས་རྒྱས་པར་སྨོས་ཏེ། རྣམ་པ་ལྔ་ཆར་ཡང་ཞེས་བྱ་བ་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་ལའོ། །ཕྱིར་བཏང་བ་བྱས་ནས་ཞེས་བྱ་བ་ལ། འདིར་སྤྱིར་བཏང་བ་གང་ཞེ་ན། དམིགས་པའི་སྒོ་ནས་རང་གི་ས་ཐམས་ཅད་དུ་ནི་རྒྱས་པར་འགྱུར་ཞེས་བྱའོ། །ཇི་ལྟར་འདི་སྤྱིར་བཏང་བ་ཡིན་ཞེ་ན། འདིར་ས་ནི་ཡུལ་ལ་མངོན་པར་འདོད་དེ། རང་གི་ས་ནི་རང་གི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །རྒྱས་པར་འགྱུར་བར་ནུས་ཏེ་ཞེས་བྱ་བ་ནི་འཕེལ་བའམ་གནས་པར་ནུས་ཞེས་བྱ་བའི་དོན་ཏེ། སྲེད་དང་བཅས་པའི་ཞིང་ལ་ས་བོན་དག་དང༌། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ནོ། །འདིར་བདག་ཏུ་ལྟ་བ་ནི་ཟག་པ་མེད་པའི་དངོས་པོ་དང༌། ས་གོང་མ་ལ་འཇུག་པ་ཉིད་ཡོད་པ་མ་ཡིན་ནོ། །སྲེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དག་གི་ཡུལ་གྱི་ཕྲ་རྒྱས་རྣམས་ནི་དེ་ལ་གནས་མ་ཡིན་པས་རྒྱས་པར་མི་འགྱུར་རོ་ཞེས་བརྗོད་དོ། །རྟེན་གྱི་སྟོབས་བསྐྱེད་པས་དེའི་ཡུལ་རྣམས་སུ་ལྟུང་སྟེ་མེ་ལ་ཕྱེ་མ་ལེབ་བཞིན་ནོ། །དགེ་བའི་ཆོས་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི། དེ་སྐྱེ་བ་འདོད་ཆགས་དང་བྲལ་བ་དང་འབྲེལ་པའི་ཕྱིར་རོ། །འདིར་


DTG210_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་མཐུན་པའི་དོན་ནི་ཕྲ་རྒྱས་ཀྱི་དོན་ཏོ། །གཞན་དག་ན་རེ་རང་གི་ས་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ཞེས་ཟེར་རོ། །དེ་ལ་ཕྲ་རྒྱས་ཀྱི་སྒྲ་ནི་རྗེས་སུ་མཐུན་པའི་དོན་དུ་རྟོགས་པར་བྱ་སྟེ། རང་གི་ས་ལ་དམིགས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཡིན་ནོ། །ཟག་པ་མེད་པ་ས་གཞན་མ་ཡིན་ཞེས་བྱ་བ་ནི། དེ་དང་རྗེས་སུ་མཐུན་པ་མ་ཡིན་ཞེས་བྱ་སྟེ། དེའི་སྒྲ་འགོག་པ་ལ་སོགས་པ་དང་མངོན་པར་འབྲེལ་ལོ། །རླུང་ནད་ཅན་ལ་ཁ་ཟས་རྩུབ་མོས་རྒྱས་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་རླུང་ནད་ཅན་ལ་ཁ་ཟས་རྩུབ་བག་རྒྱས་པར་མི་འགྱུར་རོ་ཞེས་སྨྲས་ན་ལུས་དང་མཐུན་པར་མི་འགྱུར་རོ་ཞེས་བྱ་བར་གོ་བར་དེ་བཞིན་དུ་དམིགས་པས་རྒྱས་པས་ཕྲ་རྒྱས་ཞེས་བྱ་བ་མཐོང་བར་འགྱུར་རོ། །དེའི་ཕྱིར་དམིགས་པ་དང་མཐུན་པའི་དོན་ནི་ཕྲ་རྒྱས་ཀྱི་དོན་དུ་འགྱུར་རོ། །གཞན་དག་ན་རེ། ཕྲ་རྒྱས་སྤངས་པས་དེ་སྤངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཆོས་གང་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་དང་ཡང་ངོ༌། །ཟག་པ་མེད་པ་ལ་དམིགས་པ་སྐལ་བ་མི་མཉམ་པའི་ས་དང་ཁམས་ལ་དམིགས་པ་ཡང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་ནི་རང་གི་ས་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཡིན་ནོ། །སྐལ་བ་མི་མཉམ་པའི་ས་ཀུན་ཏུ་འགྲོ་བ་རྣམས་ནི་བསམ་གཏན་གསུམ་དང་ཟག་པ་མེད་པ་གསུམ་ན་ཡོད་ཀྱི། འདོད་པའི་ཁམས་ན་ནི་མེད་དེ་སའི་དབྱེ་བ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་པ་ན་ཡང་མེད་ལ། སྲིད་པའི་རྩེ་མོ་ན་ཡང་མེད་དེ་ས་གཞན་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་ཕྲ་རྒྱས་དག་མཚུངས་པར་ལྡན་པའམ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ཞེ་ན། ཇི་ལྟར་དུག་དང་འདྲེས་པའི་ཆང་སྐྱོན་ཅན་ཡིན་པ་དང༌། ཡོན་ཏན་མཚུངས་པས་དུག་གི་ནུས་པ་འཕེལ་བར་བྱེད་པ་བཞིན་དུ་འདུ་བྱེད་ཟག་པ་དང་བཅས་པ་རྣམས་ཀྱང་


DTG210_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མཚུངས་པར་ཉོན་མོངས་པའི་མཐུ་འཕེལ་བར་བྱེད་པ། ཇི་ལྟར་སྨན་དང་འདྲེས་པའི་དུག་ནུས་པ་ཉམས་པར་འགྱུར་བ་ལྟར་ཟག་པ་མེད་པ་ལ་དམིགས་པའི་ཉོན་མོངས་པ་རྣམས་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པ་ལ་དམིགས་པའི་ལོག་པར་ལྟ་བས་དགེ་བའི་རྩ་བ་ཀུན་ཏུ་གཅོད་པར་མི་འགྱུར་རོ། །ཇི་སྲིད་མ་སྤངས་ཞེས་བྱ་བ་ནི། གལ་ཏེ་སྤངས་ན་དེ་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བའོ། །དེ་མཚུངས་པར་ལྡན་པའི་སྒོ་ནས་ཇི་ལྟར་རྒྱས་པར་འགྱུར་ཞེ་ན་དེའི་མཚན་ཉིད་ཀྱི་ཕྱིར་དང་ཟིལ་གྱིས་གནོན་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། རྒྱས་པར་མི་འགྱུར་བ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་སྲིད་དུ་དེ་རྒྱས་པར་ཐོབ་པས་དེའི་སེམས་ཀྱི་རྒྱུ་སྟེན་པར་འགྱུར་ཞིང༌། དེའི་སེམས་ཀྱི་རྒྱུན་མཐུན་པ་ཁོ་ན་ཡིན་པས་མ་འོངས་པ་ན་དེར་གཏོགས་པའི་སྐལ་བ་མཉམ་པའི་རྒྱུ་མཉམ་དུ་འཇུག་པར་འགྱུར་རོ། །འདི་ནི་རེ་ཞིག་ཕྲ་རྒྱས་ཏེ་སེམས་ཀྱི་རྗེས་སུ་རྒྱས་པར་འགྱུར་བས་དེ་ལྟར་བརྗོད་དོ། །སྤངས་པ་ནི་རྒྱས་པར་མི་འགྱུར་ཏེ། ཕྲ་རྒྱས་པར་མི་འགྱུར་ཞིང་ཕྲ་རྒྱས་ཀྱི་དོན་ལམ་གྱིས་བཟློག་པའི་ཕྱིར་རོ། །བྷཱུ་ཏ་པཱུརྦ་ཏྭདཱ་ཨ་ནུ་ཤ་ཡི་ཏ་ཨི་ཏྱ་ནུ་ཤ་ཡཱཿབྷཥྚ་དྷི་ཀཱ་ར་སྱ་རཱ་ཛ་བྱ་བ་དེ་ཤ་བནྣི་གི་ཏཱ་རི་བྷ་སྱེ་བ་ཤིལྤི་ནཿཀུམྦྷ་ཀཱ་ར་བྱ་བ་དེ་ཤ་བཏ། གོང་མ་ཐམས་ཅད་ལུང་མ་བསྟན་ཞེས་བྱ་བ་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ཕྲ་རྒྱས་ཡིན་ཡང་ཏིང་ངེ་སྔོན་བྱུང་བའི་ཕྱིར་རོ། །རྒྱས་པར་བྱས་པའི་ཕྱིར། ཕྲ་རྒྱས་སོ། །ཞིག་པའི་དབང་དུ་བྱས་པ་ནི། རྒྱལ་པོས་ཡུལ་ཕྱུང་བ་གནས་རྙེད་པ་དང༌། བཟོ་བོས་རྫ་མཁན་ཕུལ་བྱུང་བ་བཞིན་ནོ།།འཛིན་གྱིས་བཏུལ་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་གྲུབ་པར་མི་ནུས་པས་ལུང་དུ་མ་བསྟན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཟུགས་མེད་པའི་ཁམས་དག་ཏུ་ཡང་ཚོར་བ་ཡིད་དུ་འོད་པ་སྐྱེ་བར་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་ལས་ནི་ཡིད་དུ་འོང་བའི་ཚོར་བའི་འབྲས་བུ་ཉིད་མི་འཐད་པའི་ཕྱིར་དེ་ཡང་དེ་གཉིས་ན་མེད་དོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། དེའི་ཕྱིར་གཞན་ལ་གནོད་པའི་


DTG210_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཞན་ལ་གནོད་པའི་རྒྱུ་ནི་ཁྲོ་བ་དང་གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པ་དག་ཡིན་ན། འདོད་པའི་ཁམས་ཀྱི་གོང་ན་ནི་དེ་དག་སྲིད་པ་ཡང་མ་ཡིན་ནོ། །འཕགས་པའི་ལམ་ལ་ཡུལ་ལུང་མ་བསྟན་ཉིད་དུ་ནི་ཐལ་བར་མི་འགྱུར་ཏེ། ཟག་པ་དང་བཅས་པ་ཁོ་ན་རྣམ་པར་སྨིན་པ་བསྙད་པ་འཐད་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་མི་དགེ་བ་དང་རྗེས་སུ་མཐུན་པ་ཡང་རྣམ་པར་དཔྱད་པ་བསོད་ནམས་ཀྱི་འདུ་བྱེད་དང་རྗེས་སུ་མཐུན་པའི་ཕྱིར་དང༌། དགེ་བའི་རྩ་བ་ཆད་པ་དང་འགལ་བའི་ཕྱིར་མི་དགེ་བ་དང་རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ། །བདག་ཉིད་ཉོན་མོངས་པ་ལས་བཟློག་པ་ཐར་པ་དང་མཐུན་པ་སྟེ། འདུན་པ་ཆད་པས་འཇུག་པའི་ཕྱིར་རོ། །ཐར་པའི་རྗེས་སུ་མཐུན་པ་ནི་འཇིགས་པ་ཆེན་པོའི་གནས་ལ་མི་སྐྲག་པ་སྟེ་ཇི་སྐད་དུ། སྐྲག་པ་ཉིད་ཀྱིས་བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་འདི་ལྟ་སྟེ། བདག་མེད་པར་གྱུར་ཅིག །བདག་གི་མེད་པར་གྱུར་ཅིག །བདག་འབྱུང་བར་མ་གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་ཟེར་ཏེ། སྐྱེ་བ་དང་རྗེས་སུ་མཐུན་པའོ། །དེ་ཉིད་ཀྱི་ཕྱིར་མི་དགེ་བ་མ་ཡིན་ཞེས་གསུངས་སོ། །གང་གི་ཕྱིར་ཐར་པ་དང་མཐུན་པ་རང་གི་རྫས་ལ་རྨོངས་པའི་ཕྱིར་ཞེས་བྱ་བ་ནི། ཕུང་པོ་ལྔའི་རྫས་འདི་ལ་བདག་གི་རྣམ་པར་རྟག་པ་དང་ཆད་པའི་རྣམ་པར་ལོག་པར་ངེས་པར་སེམས་པའི་ཕྱིར་ཀུན་ཏུ་རྨོངས་སོ། །ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དང་གི་སྒྲ་ནི་རང་གི་རྫས་ལ་ཀུན་ཏུ་རྨོངས་པ་ཡང་སྟེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ལུང་དུ་མ་བསྟན་པའོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མཐོ་རིས་ལ་སྲེད་པ་དང༌། ངའོ་སྙམ་པའི་ང་རྒྱལ་དག་ཀྱང་ཞེས་བྱ་བ་ནི། མཐོ་རིས་ལ་སྲེད་པ་ཡང་སྦྱིན་པ་ལ་སོགས་པ་དང་མི་འགལ་ལ། ངའོ་སྙམ་པའི་ང་རྒྱལ་ཡང་རང་གི་རྫས་ལ་ཀུན་ཏུ་རྨོངས་ཤིང་ཕ་རོལ་ལ་གནོད་པའི་རྣམ་པས་ཞུགས་པས་མཐོ་


DTG210_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ལ་སྲེད་པ་དང་ངའོ་སྙམ་པའི་ང་རྒྱལ་དག་ཀྱང་ལུང་དུ་མ་བསྟན་པར་ཐལ་བར་འགྱུར་བ་ལ། སློབ་དཔོན་འདུས་བཟང་ན་རེ་ཐལ་བར་འགྱུར་བ་མེད་དོ་ཞེས་ཟེར་རོ། །བདག་ཏུ་ལྟ་བའི་དབང་གིས་མཐོ་རིས་སུ་སྐྱེ་བ་དོན་དུ་གཉེར་བ་འཐད་པའི་ཕྱིར་དེར་བདག་བདེ་བ་ལ་ལོངས་སྤྱད་པར་བྱའོ་སྙམ་དུ་དེའི་སྒོ་ནས་བསོད་ནམས་མངོན་པར་འདུ་བྱེད་དོ། །འདོད་ཆགས་ཀྱང་དགེ་བའི་རྩ་བ་གཅོད་པ་ལ་སྟོབས་དང་ལྡན་པའི་རྒྱུར་གསུངས་པས་འདི་མི་དགེ་བའོ། །ངའོ་སྙམ་པའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བའི་རྗེས་སུ་ཀུན་ཏུ་སྤྱོད་པའི་སེམས་མཐོ་བས་འཇུག་པ་ཡིན་པའི་ཕྱིར་དགེ་བའི་བྱ་བ་དང་མཐུན་པ་མ་ཡིན་ཏེ་དགེ་བའི་བཤེས་གཉེན་བསྟེན་པ་ལ་མི་བརྩོན་པའི་ཕྱིར་བདག་ཏུ་ང་རྒྱལ་ཅན་རྣམས་ཀྱིས་སྐྱེས་བུ་དམ་པ་བསྟེན་པ་ལ་སོགས་པ་རྙེད་དཀའ་བ་ཡིན་ནོ། །འདིར་སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་བཞིན་མཐོ་རིས་ལ་སྲེད་པ་ལུང་མ་བསྟན་ཉིད་དུ་བཤད་པ་འདིའི་ལན་དུ་སྦྱར་རོ། །འཇིག་ཚོགས་ལ་ལྟ་བའི་དབང་གིས་དེ་སྐྱེད་པའི་ཕྱིར་ལུང་དུ་མ་བསྟན་པ་ཉིད་མ་ཡིན་ནོ། །གལ་ཏེ་འཇིག་ཚོགས་ལ་ལྟ་བའི་དབང་གིས་གང་བསྐྱེད་པ་དེ་ལུང་དུ་མ་བསྟན་པ་མ་ཡིན་པ་དེ་ལྟ་ན། མཐར་འཛིན་པར་ལྟ་བ་ཡང་ལུང་དུ་མ་བསྟན་པ་མ་ཡིན་པར་འགྱུར་རོ། །མཐོ་རིས་ལ་སྲེད་པ་དགེ་བའི་རྩ་བ་གཅོད་པའི་རྒྱུར་རིག་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་དེ་བཞིན་དུ་ངའོ་སྙམ་པའི་ང་རྒྱལ་ཡང་རང་གི་རྫས་ལ་རྨོངས་པའི་ཕྱིར་དང་གཞན་ལ་གནོད་པས་འཇུག་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་བཞིན་ལུང་དུ་མ་བསྟན་པ་ཡིན་པར་བཤད་པ་ཕྱོགས་སྔ་མའི་ལན་དུ་སྦྱར་རོ། །འཇིག་ཚོགས་ལ་ལྟ་བའི་རྗེས་སུ་ཀུན་ཏུ་སྤྱོད་པའི་ཕྱིར་ལུང་དུ་མ་བསྟན་པ་མ་ཡིན་ཞིང་སེམས་མཐོ་བར་འཇུག་པ་ཡང་དག་པའི་བཤེས་གཉེན་བསྟེན་པ་ལ་མི་བརྩོན་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ན། དེ་ལྟ་ན་འོ་ན་རང་གི་རྫས་ལ་ཀུན་ཏུ་རྨོངས་པ་དང་གཞན་ལ་གནོད་པར་ཞུགས་པའི་ཕྱིར་ལུང་དུ་མ་བསྟན་པ་ཉིད་རྒྱུ་གཅིག་མ་ཡིན་པས་འཇིག་ཚོགས་


DTG210_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ཡང་ཉོན་མོངས་པ་གཞན་དང་ཆོས་མཚུངས་པས་མི་དགེ་བ་ཉིད་དུ་འགྱུར་རོ། །རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ཞེས་བྱ་བ་ནི་བབ་ཆོལ་དུ་སྒྲ་ཐོས་པས་སྐྲག་པའི་རྒྱུར་འགྱུར་བ་ལྟ་བུའོ། །རྣམ་པར་བརྟགས་པ་ནི་མི་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་རིག་པའི་རྣམ་པར་རྟོག་པ་སྔོན་དུ་འགྲོ་བ་སྟེ་དཔེར་ན་མུ་སྟེགས་ཅན་རྣམས་ཀྱི་ལྟ་བུའོ། །གཞན་དག་ན་རེ་འདི་ཡང་མི་འཐད་དེ་རྣམ་པར་མ་བརྟགས་པའི་དོན་ནི་མཐོང་བས་སྤང་བར་བྱ་བ་ཉིད་དུ་མི་འཐད་པའི་ཕྱིར་ཞེས་ཟེར་རོ། །དེ་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་མ་བསྟན་དུ་འགྱུར་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །རི་དགས་དང་བྱ་ལ་སོགས་པ་རྣམས་ལ་སྔོན་གྱི་མཐའ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པ་མ་ཡིན་ནོ། །ཐེ་ཚོམ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་རྣམ་པར་བརྟགས་པའི་དོན་ལས་མི་དགེ་བ་ཉིད་དུ་ཐལ་བར་འགྱུར་བ་འདི་བཟློག་ཟིན་ཏོ། །ལྷག་མ་རྣམས་འདིར་མི་དགེ་བའོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་སྨོས་པ་ནི་འདོད་པ་ན་སྤྱོད་པའི་ལྷག་མ་བསྡུ་བར་བྱ་བའི་ཕྱིར་རོ། །འདོད་ཆགས་ཐམས་ཅད་དང་ཞེ་སྡང་ཐམས་ཅད་སྨོས་པ་ནི་རྣམ་པ་ལྔ་སྟེ་ཉེ་བར་བསྡུ་བར་བྱ་བའི་ཕྱིར་རོ། །འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་འགྲོ་བ་ཡིན་པའི་ཕྱིར་མི་དགེ་བའི་རྩ་བར་འགྱུར་བ་དེའི་ཕྱིར་གང་ཞིག་མི་དགེ་བ་ཡང་ཡིན་ལ། མི་དགེ་བའི་རྩ་བ་ཡང་ཡིན་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་མི་དགེ་བ་སྔར་སྐྱེས་པ་ཐམས་ཅད་ཕྱི་མའི་རྒྱུ་མ་ཡིན་ནམ། མ་ཡིན་ཏེ་འདི་གསུམ་ཁོ་ནར་རུང་བ་མེད་དོ། །དགེ་བའི་རྩ་བ་ནི་གཉེན་པོར་རྣམ་པར་གཞག་པའི་ཕྱིར་རོ། །གཞན་དག་ན་རེ། ང་རྒྱལ་མེད་པ་ལ་སོགས་པའི་དགེ་བའི་རྩ་བ་གནས་སྐབས་ཐ་དད་དེ། སྐྱོབ་པ་བཅོམ་ལྡན་འདས་ཀྱི་ཆོས་རྣམས་སུ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དགེ་བ་དེར་རག་ལས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །དུ་ནི་ལུང་དུ་བསྟན་པའི་རྩ་བ་དག་ཡིན་ཞེས་བྱ་བ་ནི། དུ་ནི་ཕྲ་རྒྱས་ལུང་


DTG210_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་བསྟན་པ་རྣམས་ཀྱི་རྩ་བ་དག་ཡིན་དུ་ནི་མ་ཡིན་ཞེས་བྱའོ། །སྲེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །མ་རིག་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཡོད་པ་ཐམས་ཅད་དང༌། འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའོ། །ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་རུང་སྟེ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ན་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་དང༌། རྣམ་པར་སྨིན་པ་དང༌། སྤྱོད་ལམ་པ་དང༌། སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པའོ། །གཟུགས་མེད་པའི་ཁམས་ན་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་དང༌། རྣམ་པར་སྨིན་པའི་སེམས་དང་མཚུངས་པར་ལྡན་པའོ། །འདོད་པའི་ཁམས་ན་ནི་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བའི་བདག་ཉིད་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་དང༌། སྤྲུལ་པའི་སེམས་དང་མཚུངས་པར་ལྡན་པའོ། །རྩ་བའི་དོན་ནི་རྒྱུའི་དོན་ཏེ། མ་བསྒྲིབས་པ་ལ་ལུང་དུ་མ་བསྟན་པའི་ཤེས་རབ་ཀྱང་རྒྱུ་ཉིད་དུ་རུང་བས་དེ་ཡང་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ། །རྩ་བ་ནི་སའི་གཞི་ལྟར་གྱུར་པ་དང་རབ་ཏུ་སྐྱེ་བ་དང་ཡངས་པར་གྱུར་པའོ་ཞེས་བྱ་བ་དགོངས་སོ། །གཞན་དག་ནི་རྩ་བ་དང་འདྲ་བར་རྩ་བ་སྟེ། འདི་དགེ་བ་མ་ཡིན་པའི་ཕྱིར་ལུང་མ་བསྟན་གྱི་རྩ་བ་མ་ཡིན་ནོ་ཞེས་ཟེར་རོ། །ཉི་འོག་པ་རྣམས་ནི་ལུང་དུ་མ་བསྟན་པའི་རྩ་བ་བཞིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ལ་སྲེད་པ་ཤས་ཆེ་བའི་བསམ་གཏན་ཞེས་བྱ་བ་ལ། གང་ཞིག་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་སྒོམ་པ་དེ་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ནི་གང་ཞིག་བསམ་གཏན་ལ་བརྟེན་ནས་རྟོག་པ་ལ་སོགས་པའི་ལྟ་བ་སྐྱེད་པའོ། །ང་རྒྱལ་ཤས་ཆེ་བའི་བསམ་གཏན་དེས་བདག་ནི་བསམ་གཏན་བཞི་ཐོབ་པ་ཡིན་གྱི། དགེ་སློང་གཞན་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་རློམ་པའོ། །


DTG210_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཀྱང་བསམ་གཏན་ལ་སྙོམས་པར་ཞུགས་པ་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་གནས་སྐབས་སོ། །སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནས། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། འདི་ལ་སྲེད་པ་ལྷག་པའི་བསམ་གཏན་བསྒོམ་པའི་ངང་ཚུལ་ཡོད་པས་ན་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ཡང་ན་སྲེད་པ་ཤས་ཆེ་བ་ཡང་ཡིན་ལ། བསམ་གཏན་པ་ཡང་ཡིན་པས་སྲེད་བ་ཤས་ཆེ་བའི་བསམ་གཏན་པ་སྟེ། སྲེད་པ་ལྷག་པ་ཞེས་བྱ་བའི་ཐ་ཚིག་གོ །ལྟ་བ་དང་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཡང་དེ་དང་འདྲའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཤེས་རབ་ནི་ཉམ་ཆུང་བའོ། །བསྟན་པའི་དོན་ནི་རྩ་བའི་དོན་ཏོ། །ང་རྒྱལ་གྱི་དབང་གིས་རྣལ་འབྱོར་སྤྱོད་པ་སྟོང་ཕྲག་རྣམས་ཀྱང་ཉམས་པར་འགྱུར་ལ་སྟོབས་དང་ལྡན་པའི་ཕྱིར་ལུང་དུ་མ་བསྟན་པའི་རྩ་བར་ང་རྒྱལ་ལུང་དུ་མ་བསྟན་པ་དང་འབྲེལ་པ་བཤད་དོ། །མདོ་ལས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་ཞེས་རྒྱས་པར་འབྱུང་བ་ལ་ཅི་དེ་དག་ལུང་དུ་མ་བསྟན་པའི་ཕྱིར་ཡིན་ཞེས་བྱ་བ་ནི། དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མ་ཡིན་པའི་ཕྱིར་ཡིན་ནམ་ཞེས་བྱ་བའོ། །གཞག་པར་བྱ་བའི་ཞེས་བྱ་བ་ནི། སྨྲ་བར་བྱ་བ་མ་ཡིན་པའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་བཙུན་པ་དགའ་བྱེད་དོ། །སེམས་ཅན་ཐམས་ཅད་འཆི་བར་འགྱུར་རོ་ཞེས་བྱ་བ་འདི་འབའ་ཞིག་མཆོག་ཏུ་ལུང་བསྟན་བར་བྱ་བ་ཡིན་པར་མ་ཟད་ཀྱི་ཐམས་ཅད་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཡང་མགོ་གཅིག་ཏུ་ལུང་དུ་བསྟན་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་གང་ཞིག་ཅི་ཞེས་བྱ་བས་རྒྱས་པར་ལན་འདེབས་སོ། །གང་ཞིག་ཅི་གང་དག་འཆི་བར་འགྱུར་བ་དེ་དག་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་དེ་ལ་ནི་ཐམས་ཅད་ནི་སྐྱེ་བར་མི་འགྱུར་གྱི་འོ་ན་ཅི་ཞེ་ན། ཉོན་མོངས་པ་དང་བཅས་པ་སྐྱེ་བར་འགྱུར་གྱི། ཉོན་མོངས་པ་མེད་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་བ་ཡིན་ནོ། །མི་ལ་ཡང་གཉི་ག་ཡོད་པས་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ལ། དཔེར་ན་རྣམ་པར་ཤེས་


DTG210_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ་ཞེས་བྱ་བ་ནི་དེ་ཉིད་ལ་དཔེ་སྨྲས་པའོ། །སློབ་དཔོན་གྱིས་གཅིག་ཏུ་འདྲི་བ་ལ་ཞེས་སྨོས་ཏེ། དམན་པ་ཉིད་དམ་ཁྱད་པར་དུ་འཕགས་པ་ཉིད་ཅེས་བྱ་བའོ། །སློབ་དཔོན་གྱིས་གཞག་པར་བྱ་བ་གང་ཡིན་པ་ཞེས་སྨོས་ཏེ། གཞག་པར་འོས་པས་ན་གཞག་པར་བྱ་བ་སྟེ། དེ་ཇི་ལྟར་ན་ལུང་དུ་མ་བསྟན་པར་འགྱུར། དོན་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་ཡང་དག་པར་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་དབྱེ་བར་ནི་མི་བྱ་སྟེ་ཞེས་བྱ་བ་ནི། འདས་པ་དག་དང་མ་འོངས་པ་དག་དང་དེ་ལྟར་བྱུང་བ་དག་དང་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའོ། །གང་གི་ཚེ་དེ་གཉིས་ཅུང་ཟད་ཀྱང་མ་འདྲིའི་ཞེས་བྱ་བ་ནི་བཙུན་པ་དགའ་བྱེད་ཀྱིའོ། །གང་གི་ཚེ་དེ་དག་ཅེས་རྒྱས་པར་འབྱུང་བ་ལ། གང་གི་ཚེ་དེ་དག་ནི་ཡོན་ཅན་དང༌། གང་ཞིག་ཅུང་ཟད་ཀྱང་མི་འདྲི་བར་ཆོས་དག་སྨྲོས་ཤིག་ཅེས་གསོལ་བ་འདེབས་པ་འབའ་ཞིག་ཏུ་ཟད་པའོ། །ཆོས་ནི་གཟུགས་ལ་སོགས་པ་རབ་ཏུ་དབྱེ་བ་དང་བཅས་པ་རྒྱས་པ་འདི་དག་ཡིན་ནོ་ཞེས་བྱ་བར་དེ་དག་ལ་ཅུང་ཟད་ཀྱང་ལུང་མི་སྟོན་གྱི་འདས་པ་དང༌། མ་འོངས་པ་དག་དང༌། ད་ལྟར་བྱུང་བ་དང༌། ཆོས་མང་པོ་ཞིག་ཡོད་ན་ཞེས་བྱ་བར་འདྲི་བ་འབའ་ཞིག་ཏུ་མ་ཟད་ན་དེ་ཇི་ལྟར་དེ་གཉིས་ཀྱི་དྲི་བ་ཡིན། ཇི་ལྟར་ན་ལུང་དུ་བསྟན་པ་ཡིན། སློབ་དཔོན་གྱིས་གང་ཞིག་ཅེས་བྱ་བས་ཆོས་མངོན་པ་པའི་ཕྱོགས་གཞུང་འཛུགས་པར་བྱེད་དོ། །དེ་མི་ཤེས་བ་གང་ཞིག་ལ་མ་སྨྲོས་ཤིག་ཅེས་ཟེར་ན་ཅི་དེས་ལམ་མ་དྲིས་པ་ཡིན་ནམ། དྲི་བ་ཉིད་ཀྱིས་དེ་ལུང་བསྟན་པའི་ཕྱིར་ཞེས་བྱ་བ་ལ། འདིར་ཆོས་ཀྱི་རྣམ་པར་དབྱེ་བས་མཐར་ཕྱིན་ན་འདྲི་བ་པོའི་མངོན་པར་འདོད་པའི་དོན་ཁོང་དུ་ཆུད་པས་དེ་ལུང་བསྟན་པར་འགྱུར་རོ། །གང་ཞིག་མ་བཤད་པར་འདི་མི་རྟོགས་ལ། བཤད་པས་རྟོགས་བ་དེ་ལ་དེ་ལུང་བསྟན་པས་ལུང་བསྟན་པར་བྱ་སྟེ། དེས་ཞེས་བྱ་བ་ནི་བཙུན་པ་དགའ་བྱེད་དོ། །འདི་ལྟར་གང་ཞིག་ལམ་སྨྲོས་ཤིག་ཅེས་སྨྲ་བ་ལ་དེ་མི་ཤེས་པས་དྲིས་ནས་ལུང་སྟོན་པ་སྟེ་འདི་ནི་ཁྱད་པར་རོ། །དེ་ཉིད་ལ་དྲིས་ནས་རང་གིས་ལུང་སྟོན་


DTG210_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ཇི་ལྟར་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་ནུས་པ་དེ་བཞིན་དུ་ལན་ཐོབ་ཅིག །དེ་ཇི་སྙམ་དུ་སེམས། གཟུགས་མི་རྟག་པའམ་རྟག་པ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པ་ལ་དྲིས་པ་ཁོང་དུ་མི་ཆུད་པ་ལ་ནི་བཅོམ་ལྡན་འདས་ཀྱིས་འདི་ལུང་དུ་མི་སྟོན་ཏེ་ཅང་མི་གསུང་བར་གྱུར་པ། འདི་ལུང་དུ་སྟོན་པ་གཞན་ཡིན་ནོ། །དེའི་ཕྱིར་འདི་ཁྱད་པར་དང་བཅས་པའི་ལུང་སྟོན་པ་སྟེ་ལུང་སྟོན་པའི་ཐབས་སུ་གྱུར་པ་དྲིས་ནས་ལུང་སྟོན་པ་ཞེས་བྱའོ། །དེ་བཞིན་དུ་གཉིས་ལ་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་རིག་པར་བྱ་བ་ལ་དྲི་བས་ལུང་བསྟན་པར་བྱ་སྟེ། དྲི་བས་ལུང་སྟོན་པས་ན་འདི་ནི་དྲི་བས་ཞེས་བྱའོ། །ཆེད་དུ་བསམ་པར་བྱ་བའི་ལས་བྱས་ནས་ཅི་ཞིག་སོ་སོར་ཡང་དག་པར་མྱོང་བར་འགྱུར་ཞེས་བྱ་བ་ནི། ཅི་བདེ་བ་འམ། སྡུག་བསྔལ་ལམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞིག་ཅེས་བྱ་བའོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱ་སྟེ། ཆེད་དུ་བསམ་པར་བྱ་བའི་ལས་ནི་རྣམ་པ་གསུམ་ཡིན་པའི་ཕྱིར་རོ། །བསམ་གཏན་གསུམ་པའི་བར་གྱི་ཆེད་དུ་བསམ་པར་བྱ་བའི་ལས་དགེ་བ་ཟག་པ་བཅས་པ་བྱས་ནས་ནི་བདེ་བ་ཁོ་ན་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །གཞན་དག་ན་རེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཡང་ངོ་ཞེའོ། །བསམ་གཏན་བཞི་པ་ལ་སོགས་པའི་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ནས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །ཆེད་དུ་བསམ་པར་བྱ་བའི་ལས་མི་དགེ་བ་བྱས་ནས་ནི་སྡུག་བསྔལ་སོ་སོ་ཡང་དག་པར་མྱོང་བར་འགྱུར་རོ། །རགས་པ་ཞེས་བྱ་བ་ནི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ། །དེའི་དངོས་པོ་མ་ཡིན་པ་ལ་རྒྱུད་ཀྱི་སྒོ་ནས་ཞེས་བྱ་བ་ལ་དངོས་པོ་རྣམ་པ་དུ་མ་ཡོད་མོད་ཀྱི། འདིར་ནི་ལྡན་པའི་དངོས་པོ་ཁོ་ན་མངོན་པར་འདོད་དོ། །དེ་ཡང་རྣམ་པ་གཉིས་ཏེ། རྟེན་དང་དམིགས་པ་དེས་པ་དང་རྣམ་པར་དེས་པས་སོ། །དེ་ལ་རེ་ཞིག་རྟེན་དང་དམིགས་པ་ངེས་པས་ནི་མིག་གི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་གཟུགས་དག་དང་ལྡན་པར་བྱེད་ལ། དེ་


DTG210_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་རེག་བྱ་དང་ལྡན་པར་བྱེད་ལ། དེ་དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་པའི་བར་དུ་ཡང་དེ་དང་འདྲའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཕྲ་རྒྱས་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་སྐྱེ་མཆེད་བཅུ་གཉིས་དང་ལྡན་པར་བྱེད་ལ། དེ་དང་མཚུངས་པར་ལྡན་པ་དག་དང་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །ཀུན་འགྲོ་བ་མ་ཡིན་པ་རྣམས་ཀྱིས་ནི་དམིགས་པའི་སྒོ་ནས་ནི་རང་གི་ས་པ་དག་དང་ལྡན་པར་བྱེད་དོ། །དེ་དག་མཚུངས་པར་ལྡན་པ་དག་ནི་མཚུངས་པར་ལྡན་པའི་སྒོ་ནས་ལྡན་པར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་ལ་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ངེས་པས་འདས་པ་ནི་གང་དང་ལྡན་ཞེས་བྱ་བ་ནས་ད་ལྟར་བྱུང་བས་ནི་གང་དང་ལྡན་ཞེས་བྱ་བའི་བར་དེ་བརྗོད་པར་བྱ་སྟེ། རང་གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བྱ་བ་ལ། འདོད་ཆགས་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཞེས་བྱ་སྟེ། རང་གི་མཚན་ཉིད་པའི་ཉོན་མོངས་པ་རྣམས་ནི་དེ་ལ་དམིགས་པའི་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་དངོས་པོ་རང་གི་ངོ་བོ་ལས་བདེ་བ་མྱོང་བར་འགྱུར་བ་ཉིད་ཀྱིས་དངོས་པོ་ལ་དམིགས་ཏེ་སྐྱེའོ། །དེ་བཞིན་དུ་ང་རྒྱལ་ཡང་བདེ་བ་མྱོང་བར་འགྱུར་བའི་དངོས་པོ་ལ་དམིགས་པའི་སེམས་མཐོ་བ་ཡིན་ལ། ཁོང་ཁྲོ་ཡང་སྡུག་བསྔལ་མྱོང་བར་འགྱུར་བའི་དངོས་པོ་ལ་དམིགས་ཏེ་སྐྱེ་བས་དེ་དག་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་ནོ། །ཉོན་མོངས་པ་སྤྱི་པ་ཞེས་བྱ་བ་ལ། དེ་ལ་དམིགས་པའི་ཕྱིར་དེ་དག་ཁྱད་པར་མེད་པར་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ལས་སྐྱེ་བས་ཉོན་མོངས་པ་སྤྱི་བ་ཞེས་བྱའོ། །འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་ཞེས་ཁྱད་པར་མེད་པར་བརྗོད་པས་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་དྲུག་པ་དག་ཡིན་


DTG210_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱའོ། །དངོས་པོ་གང་ལ་ཞེས་བྱ་བས་སྡུག་བསྔལ་དང་ཀུན་འབྱུང་དང༌། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དུས་གསུམ་པ་དང་བསྒོམ་པ་དང་སྤང་བར་བྱ་བའི་དངོས་པོ་ལ་ཞེས་སྟོན་ཏོ། །དངོས་པོ་དེ་དང་ཞེས་བྱ་བ་ནི་བཤད་མ་ཐག་པའི་དངོས་པོ་ཁོ་ན་དང་སྤྱར་ཏེ། དེ་དག་ནི་རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་ལ་གདོན་མི་ཟ་བར་མི་སྐྱེ་བས་གང་ལ་སྐྱེས་པ་ཞེས་ཁྱད་པར་དུ་བྱས་སོ། །ཡིད་ཀྱི་དེ་དག་མ་འོངས་པས་ཀུན་དང་ཞེས་བྱ་བ་ལ། ཉོན་མོངས་པ་གང་ཞིག་འདས་པའི་རྣམ་པ་སྤང་པ་དང་མ་འོངས་པ་དེ་དང་དེ་སྤང་བ་ཉིད་ཡིན་པས་དེའི་ཕྱིར་ཁྱད་པར་དུ་བྱས་སོ། །གང་དུ་སྤངས་པ་དེ་ཞེས་བྱ་བ་ལ་དངོས་པོ་ཐམས་ཅད་ལ་ཞེས་བྱ་བ་ནི། དེ་ལ་དམིགས་པ་རྣམས་ལ་སྐྱེ་བ་སྲིད་པའི་ཕྱིར་ཏེ། །ཡིད་ཀྱི་ཡུལ་ནི་དུས་གསུམ་ཡིན་པའི་ཕྱིར་རོ། །གཞན་གྱིས་རང་དུས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་པའི་འདོད་ཆགས་ལ་སོགས་པ་དག་ནི་རང་གི་དུས་པ་ཁོ་ན་ལ་དམིགས་ནས་སྐྱེ་སྟེ། དེའི་ཕྱིར་མ་འོངས་པ་དེ་དག་གི་དམིགས་པ་ནི་མ་འོངས་པ་ཁོ་ནའོ། །ད་ལྟར་བ་རྣམས་ཀྱི་ནི་ད་ལྟར་བ་ཡིན་ལ། །འདས་པ་རྣམས་ཀྱི་ནི་འདས་པ་མ་ཡིན་པས། དེ་དག་གིས་རང་གི་ས་པའི་དམིགས་པ་ཁོ་ན་དང་ལྡན་ནོ། །མི་སྐྱེ་བ་རྣམས་ཀྱི་ཐམས་ཅད་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་པའི་འདོད་ཆགས་ལ་སོགས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ལས་ནི། ཁ་ཅིག་གི་དམིགས་པ་ནི་འདས་པ་ཡིན་ལ། ཁ་ཅིག་གི་ནི་ད་ལྟར་བ་ཡིན་ཞིང་ཁ་ཅིག་གི་ནི་མ་འོངས་པ་ཡིན་ནོ། །དེའི་ཕྱིར་དེ་དག་གིས་ཐམས་ཅད་དང་ལྡན་པར་བརྗོད་དོ། །ལྷག་མ་ཀུན་གྱིས་ཀུན་དང་ལྡན་ཞེས་བྱ་བ་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་ཀྱིས་སོ། །ཀུན་དང་ལྡན་ཞེས་བྱ་བ་ནི་དངོས་པོ་དུས་གསུམ་པ་རྣམ་པ་ལྔ་ཆར་ཡང་ངོ༌། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། ཉོན་མོངས་པ་སྤྱི་བ་ཡིན་པའི་ཕྱིར་ཞེས་བྱ་བའོ། །དེ་དག་ནི་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ལས་སྐྱེ་སྟེ། དེས་ན་འདས་པ་རྣམས་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བའི་དངོས་པོ་དང་ལྡན་


DTG210_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་བཞིན་དུ་མ་འོངས་པ་རྣམས་དང་ད་ལྟར་བ་རྣམས་ཀྱིས་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་དངོས་པོ་དང་ལྡན་ནོ། །ཅི་འདས་པ་དང་མ་འོངས་པ་འདི་རྫས་སུ་ཡོད་དམ་ཞེས་བྱ་བ་ནི་ད་ལྟར་བ་དང་འདྲ་བར་རང་གི་ངོ་བོ་དང་རང་གི་མཚན་ཉིད་ཀྱིས་ཡོད་དམ་འོན་ཏེ་མེད་ཅེས་བྱ་བ་ནི་ད་ལྟར་བ་ལྟར་རང་གི་ངོ་བོས་མེད་ཅེས་བྱ་བའོ། །འོ་ན་མ་འོངས་པ་ནི་རང་གི་ངོ་བོས་མ་ཐོབ་པའི་ཕྱིར་དང༌། འདས་པ་ནི་རང་གི་ངོ་བོ་འགག་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་པ་ཞེས་བྱ་བ་ཅི། ད་ལྟར་བ་ཉིད་འདས་པ་དང་མ་འོངས་པའི་གནས་སྐབས་དག་ན་ཡང་ཡོད་ན་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཇི་ལྟར་དེ་དང་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་དངོས་པོ་དང་ངོ༌། །དེས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་ཉོན་མོངས་པས་སོ། །ལྡན་པ་འམ་བྲལ་བ་མ་ཡིན་ཞེས་བྱ་བ་ལ། མེད་པ་ནི་མེད་པ་དང་ལྡན་པའམ་བྲལ་བར་མི་རུང་སྟེ། གཉི་ག་ཡང་ཅི་ཡང་མེད་པའི་ཕྱིར་རོ། །འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་མི་འཆའི་ཞེས་བྱ་བ་ལ་འདུས་བྱས་ཀྱི་ཆོས་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་སྒོ་ནས་དུས་སུ་འཕོ་བར་འཇུག་པ་ཡིན་ལ། དུས་དག་ལ་འཇུག་པ་རྣམས་ནི་རྟག་པ་ཉིད་དུ་ཡང་མི་རུང་ངོ༌། །གསལ་བ་དམ་འཆའོ་ཞེས་བྱ་བ་ནི་ད་ལྟར་བ་ལྟར་རང་གི་ངོ་བོས་ཡོད་པ་ཉིད་དུའོ། །ཅིའི་ཕྱིར་དེ་རྣམས་ཀྱིས་དེ་དེ་ལྟར་དམ་འཆའ་སྟེ་ཅི་ལུང་ངམ་རིགས་པའམ། གཉི་ག་ལ་བརྟེན་ནས་ཡིན་ཞེས་བྱ་བ་ནི་འདྲི་བའི་བསམ་པའོ། །གསུངས་ཕྱིར་ཞེས་བྱ་བས་རེ་ཞིག་ལུང་སྟོན་པ་སྟེ། གང་གི་ཕྱིར་འདས་པའི་གཟུགས་ཡོད་ཅིང་མ་འོངས་པའི་གཟུགས་ཡོད་པ་ཞེས་མགུར་ནས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་གསུངས་སོ། །ཅིའི་ཕྱིར་ད་ལྟར་བྱུང་བ་ཉེ་བར་མ་བཀོད་ཅེ་ན། དགེ་སློང་དག་ད་ལྟར་བྱུང་བའི་གཟུགས་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བ་དང་འགག་པའི་ཕྱིར་འཇུག་པར་མི་འགྱུར་རོ་ཞེས་གཉི་ག་ལ་མི་མཐུན་པ་སྨྲ་བ་མེད་པའི་ཕྱིར་རོ། །གཉིས་ལ་བརྟེན་ནས་ཞེས་བྱ་


DTG210_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱས་པར་འབྱུང་བ་ལ། འདིར་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་དོན་གྱིས་གསུངས་སོ་ཞེས་བྱ་བ་ནི་སྔར་དངོས་སུ་གསུངས་པ་ལས་ཁྱད་པར་ཡིན་ནོ། །འདིར་ནི་མིག་དང་གཟུགས་ལ་བརྟེན་ནས་ཡིད་དང་ཆོས་ཀྱི་བར་ལ་བརྟེན་ནས་ཞེས་རྣམ་པར་ཤེས་པ་དྲུག་གིས་རྟེན་དང་དམིགས་པ་ངེས་པར་བརྗོད་ན། གལ་ཏེ་ཁྱད་པར་མེད་པར་བརྗོད་ཀྱང༌། ཡུལ་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་རྟོག་ན་ནི། དེ་ལྟར་ན་ལོང་བ་ལ་སོགས་པ་རྣམས་ལ་རྟེན་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་ཅི་སྟེ་མི་རྟོག །ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཡུལ་དྲུག་གི་ཁོངས་སུ་མ་འདུས་པས་དངོས་པོ་མེད་པའི་ཡུལ་ཅན་གྱི་བློ་ཡོད་པ་མ་ཡིན་ནོ། །དེ་བས་ན་དམིགས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ནི་དངོས་པོ་སོ་སོར་རྣམ་པར་རིག་པ་ཡིན་ན་རྣམ་པར་ཤེས་པར་བྱ་བ་མེད་ན་ནི་འདིས་ཅུང་ཟད་ཀྱང་རྣམ་པར་མི་ཤེས་པས་དེས་ན་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ། །རང་དང་སྤྱིའི་མཚན་ཉིད་མེད་ན་དེས་ཅི་ཞིག་ཁོང་དུ་ཆུད་པར་བྱ་ཞིང་རྣམ་པར་ཤེས་པར་བྱ་བ་ཡིན། འབྲས་བུ་སྐྱེ་བའི་ཚེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་བ་དང་མི་དགེ་བའི་ལས་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་འགགས་ན་ནི་ཡོད་པ་མ་ཡིན་ལ། དེ་ལྟ་ཡིན་ན་རྒྱུ་མེད་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་སྐྱེ་བ་ཞིག་གོ །རྒྱུ་མེད་པ་ནི་སྐྱེ་བར་མི་འགྱུར་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གདོན་མི་ཟ་བར་འདི་ཁས་བླང་བར་བྱ་བ་དགོས་སོ་ཞེས་གྲག་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བའི་སྒྲ་ནི་བྱ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་སྨོས་སོ། །དུས་གསུམ་ལ་ཐམས་ཅད་ཀྱི་སྒྲ་ངེས་པར་བཀོད་པའི་ཕྱིར་ཐམས་ཅད་ཀྱི་སྒྲས་དུས་གསུམ་བརྗོད་དོ། །སྡེ་པ་གཞན་འབྲས་བུ་མ་སྐྱེས་པ་ཡོད་པ་ཉིད་སྨྲ་བ་རྣམས་ནི་རྣམ་པར་ཕྱེ་སྟེ་སྨྲ་བའོ། །མདོ་སྡེ་བ་རྣམས་ནི་ད་ལྟར་བྱུང་བ་ཙམ་སྨྲ་བའོ། །ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་གྱི་ཞེས་


DTG210_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་མ་འོངས་པ་ལ་སོགས་པའི་དངོས་པོ་གཞན་དུ་འགྱུར་བ་སྟེ། འདིར་མ་འོངས་པའི་དངོས་པོ་འདོར་ཞིང་ད་ལྟར་བའི་དངོས་པོར་འགྱུར་ལ། ད་ལྟར་བྱུང་བའི་དངོས་པོ་འདོར་ཞིང་འདས་པའི་དངོས་པོར་འགྱུར་རོ། །རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྫས་ཀྱི་རང་གི་མཚན་ཉིད་གཞན་དུ་འགྱུར་བ་མ་ཡིན་པ་སྟེ། དངོས་པོ་དུས་རྣམས་སུ་འཇུག་པ་ནི་རང་བཞིན་འཁྲུལ་པ་མེད་པའི་ཕྱིར་རོ། །གཞན་དུ་གཞན་ཉིད་དུ་སྟེ། མ་འོངས་པ་ལས་གཞན་ད་ལྟར་བྱུང་བ་ལ་སོགས་པ་དང་འདས་པ་ཞེས་བྱ་བར་དེ་ཐལ་བར་འགྱུར་རོ། །ཡང་མ་འོངས་པ་ལ་སོགས་པའི་དངོས་པོ་འདི་ཅི་ཞིག་ཅེ་ན། གང་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཤེས་པ་དང་བརྗོད་པ་འཇུག་པའི་ཡོན་ཏན་གྱི་ཁྱད་པར་རོ། །དཔེར་ན་གསེར་གྱི་སྣོད་ཅེས་བྱ་བ་ནི་དེ་ཉིད་ལ་དཔེ་གཉིས་པོ་གསེར་དང་འོ་མ་སྟེ། འདི་ལྟར་གཉི་གཡང་ཁ་དོག་ལ་སོགས་པ་ཚོགས་པའི་བདག་ཉིད་ཡིན་ལ། དེ་ལ་ཡང་དཔུང་རྒྱན་དང་གདུ་བུ་ལ་སོགས་པ་བརྗོད་པའི་རྒྱུ་མཚན་ཡོན་ཏན་དང་དབྱིབས་ཀྱི་བདག་ཉིད་ཙམ་ཁོ་ན་ཞིག་གཞན་དུ་འགྱུར་བ་ཡིན་གྱི་ཁ་དོག་ནི་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང་ཞོ་དང་དར་བ་ལ་སོགས་པ་བརྗོད་པའི་རྒྱུ་མཚན་རོ་དང་ནུས་པ་དང་སྨིན་པར་བྱེད་པ་དང༌། མཐུ་རྣམས་གཞན་དུ་འགྱུར་བ་ཉིད་ཡིན་གྱི་ཁ་དོག་ནི་མ་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་ནི་མཚན་ཉིད་འཇུག་པ་ལ་ཐོབ་པ་ལ་བལྟོས་ནས་ཐ་སྙད་འདོགས་ཏེ། དཔེར་ན་སྐྱེས་བུ་ཞེས་བྱ་བ་ལ། དེའི་རང་བཞིན་གྱི་ཁྱད་པར་གྱིས་འདོད་ཆགས་དང་བྲལ་བའི་འཇུག་པ་ཐོབ་པ་དང་མ་ཐོབ་པ་ནི་ཁྱད་པར་རོ། །གལ་ཏེ་མ་འོངས་པ་དང་འདས་པ་དང་ད་ལྟར་བྱུང་བ་དག་མི་ལྡན་པར་གྱུར་པ་དེ་ལྟ་ན་མ་འོངས་པ་ཉིད་འབྱུང་བ་མ་ཡིན་ཞིང་འདས་པར་ཡང་མི་འགྱུར་རོ། །འདས་པ་དང་མ་འོངས་པ་ད་ལྟར་བྱུང་བ་མི་ལྡན་པར་གྱུར་པས་མ་འོངས་པ་དང་ད་ལྟར་བྱུང་བ་དང་འདས་པར་ཡང་མི་འགྱུར་ཞིང༌། གལ་ཏེ་ད་ལྟར་བྱུང་བ་དང་འདས་པ་དང་མ་འོངས་པ་དག་མི་ལྡན་པར་གྱུར་པས་མ་འོངས་པ་ཉིད་ད་ལྟར་བྱུང་བ་དང་ད་ལྟར་བྱུང་བ་ཉིད་འདས་པ་


DTG210_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་མི་འགྱུར་རོ། །གནས་སྐབས་ལས་གནས་སྐབས་ཐོབ་པ་སྟེ། མ་འོངས་པའི་གནས་སྐབས་ལ་མ་འོངས་པ་ཞེས་བྱའི་དེ་ད་ལྟར་བྱུང་བ་མ་ཡིན་ཞིང་འདས་པ་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་བྱུང་བ་དང་འདས་པ་ལ་ཡང་བརྗོད་པར་བྱའོ། །རྫས་གཞན་ཞེས་བྱ་བ་རྫས་གཞན་གྱི་སྒོ་ནས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྫས་ནི་དུས་གསུམ་ཆར་དུ་ཡང་ཐ་དད་པའི་ཕྱིར་རོ། །འདི་གནས་སྐབས་ལ་བལྟོས་ནས་ཐ་སྙད་བརྗོད་དེ། དེ་ཉིད་ཀྱི་ཕྱིར་དཔེར་ན་རི་ལུ་གཅིག་ཅེས་བྱ་བ་ལ་སྨོས་ཏེ་སའི་རི་ལུའོ། །གཅིག་གི་ཤོང་མིག་ཏུ་ཞེས་བྱ་བ་ནི་གཅིག་གི་གནས་སུའོ། །བརྒྱའི་ཤོང་མིག་ཏུ་ཞེས་བྱ་བ་ནི་བརྒྱའི་གནས་སུའོ། །སྟོང་གི་ཤོང་མིག་ཏུ་ཞེས་བྱ་བ་ནི་སྟོང་གི་གནས་སུའོ། །དེ་རང་བཞིན་གཞན་དུ་འགྱུར་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། གནས་ཀྱི་ཁྱད་པར་དང་འབྲེལ་པ་ལས་གྲངས་སྟོན་པར་བྱེད་པའི་མིང་གཞན་དུ་འབྱུང་ངོ༌། །གཞན་དང་གཞན་དུ་འགྱུར་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་དང་ཕྱི་མ་ལ་བལྟོས་ནས་གཞན་དང་གཞན་ཞེས་བརྗོད་ཀྱི། རང་བཞིན་གཞན་དུ་འགྱུར་བ་མ་ཡིན་ཞིང༌། རྫས་གཞན་དུ་འགྱུར་བ་ནི་མ་ཡིན་ཏེ། འདས་པ་དང་ད་ལྟར་བ་ལ་བལྟོས་ནས་ཕྱི་མ་མ་འོངས་པ་ཞེས་བྱ་བ་ལ། ད་ལྟར་བ་དང་མ་འོངས་པ་ལ་བལྟོས་ནས་སྔ་མ་འདས་པ་ཞེས་བྱ་ཞིང༌། སྔ་མ་དང་ཕྱི་མ་སྟེ་འདས་པ་དང་མ་འོངས་པ་ལ་བལྟོས་ནས་ད་ལྟར་བ་ཞེས་བྱའོ། །འདི་ནི་སྔ་མ་དང་ཕྱི་མ་ལ་བལྟོས་ནས་ཐ་སྙད་བརྗོད་དོ། །གང་ལ་སྔ་མ་ཁོ་ན་ཡོད་ཀྱི། ཕྱི་མ་མེད་པ་དེ་ནི་མ་འོངས་པ་ཡིན་ལ། གང་ལ་ཕྱི་མ་ཁོ་ན་ཡོད་ཀྱི་སྔ་མ་མེད་པ་དེ་ནི་འདས་པ་ཡིན་ཞིང༌། གང་ལ་སྔ་མ་དང་ཕྱི་མ་ཡོད་པ་དེ་ནི་ད་ལྟར་བ་ཡིན་ནོ། །གཞན་དག་ན་རེ་དུ་ཙམ་གྱི་སྔ་མ་དང་ཕྱི་མ་ནི་འདིས་འཆད་པར་འདོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་བུད་མེད་གཅིག་ལ་མ་ཞེས་ཀྱང་བྱ་བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ་ཞེས་བྱ་བ་བརྗོད་དེ། སྔ་མ་དང་ཕྱི་མ་ལ་བལྟོས་ནས་ཡིན་གྱི་རྫས་ནི་མ་ཡིན་ནོ། །ཡོངས་སུ་འགྱུར་བར་སྨྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གྲངས་ཅན་གྱི་བཞིན་དུ་འོ་མའི་ཆོས་བཏང་ནས་ཞོའི་ཆོས་ཀྱི་


DTG210_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དུ་རྣམ་པར་གནས་པར་འགྱུར་ལ། ཞོའི་ཆོས་ཡོངས་སུ་བཏང་ནས། དར་བ་ལ་སོགས་པའི་བདག་ཉིད་དུ་ཡོངས་སུ་འགྱུར་རོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདིའི་ཡང་རྫས་ནི་མ་འོངས་པའི་དངོས་པོ་ཡོངས་སུ་དོར་ནས་ད་ལྟར་བའི་དངོས་པོར་འགྱུར་ལ། ད་ལྟར་བའི་དངོས་པོ་ཡོངས་སུ་དོར་ནས་ཀྱང་འདས་པའི་དངོས་པོར་འགྱུར་ཞིང༌། མ་འོངས་པ་ལ་སོགས་པའི་དངོས་པོ་རྣམས་རྫས་ལ་དོན་གཞན་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གྲངས་ཅན་གྱི་ཕྱོགས་ལ་བསླན་པར་བྱའོ་ཞེས་བྱ་བ་ནི་དེའི་དགག་པ་གང་ཡན་པ་དེ་ནི་འདིའི་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ལ། སློབ་དཔོན་འདུས་བཟང་ན་རེ། མ་མ་ཏུ་ནི་ཏཏྤྲ་ཏི་བྷཱ་ཏི་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། འདྲ་བ་རྗེས་སུ་འཇུག་པ་ལ་དགོངས་ནས་དེ་ལྟར་བཤད་དོ། །གནས་པའི་ཆོས་གཞན་ལྡོག་པ་དང་ཆོས་གཞན་སྐྱེ་བ་ནི་མ་ཡིན་ནོ། །བཙུན་པ་དབྱིག་བཤེས་ཀྱི་འདོད་པའི་རྣམ་གྲངས་འདི་ཉིད་གསེར་དང་འོ་མའི་དཔེས་བསྟན་བདག་ནི་གསལ་བ་མིན་ནོ། པའི་ཕྱིར། འདི་ཡོངས་སུ་འགྱུར་བ་སྨྲ་བ་མ་ཡིན་ཞེས་བྱ་བ་ཚིག་ཙམ་མོ། བཙུན་པ་དབྱིག་བཤེས་ཀྱི་ཕྱོགས་ལས་ཡང་གལ་ཏེ་སྔ་མའི་ཆོས་ཀྱི་གནས་སྐབས་བཏང་ནས་ཕྱི་མའི་གནས་སྐབས་སྒྲུབ་པ་འདི་ཡང་ཡོངས་སུ་འགྱུར་བར་སྨྲ་བ་ལས་ཐ་དད་པ་མ་ཡིན་ནོ། །འོན་ཏེ་སྔ་མའི་གནས་སྐབས་ཡོངས་སུ་བཏང་བདེ་ལྟན་ཡང་གནས་སྐབས་འཆོལ་འཆོལ་བས་དུས་འཆོལ་བར་ཐལ་བར་འགྱུར་རོ། །ཅི་སྟེ་ད་ལྟར་བྱུང་བ་ཅུང་ཟད་ཀྱང་འབྱུང་བ་དང་ལྡོག་པ་མེད་པ་དེ་ལྟ་ན་ཡང་ཇི་ལྟར་སྔ་མ་དང་ཕྱི་མར་ཁྱད་པར་རྣམ་པར་གཞག་ཅེས་བརྗོད་པར་བྱ། ཐམས་ཅད་ལ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། ལྡན་པ་དང་མི་ལྡན་པའི་སྒྲ་དག་དོན་གཅིག་པའི་ཕྱིར་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ལྡན་ནོ། །ཅ་སྟེ་ཐོབ་པའི་འཇུག་པ་ལྡན་པར་བརྗོད་ན། ཅིག་ཤོས་དང་ཅིག་ཤོས་མི་ལྡན་པ་ཞེས་བྱ་བའི་དོན་མཚུངས་པ་ཉིད་མེད་དོ། །དེ་ལ་ཁ་ཅིག་ལ་མཚན་ཉིད་ཅུང་ཟད་ཀུན་ཏུ་སྤྱོད་པ་དོན་གཞན་དུ་གྱུར་པ་མེད་པས་དེ་ག་ལ་ལྡན་ཏེ་ཅིག་ཤོས་ལ་མི་ལྡན་ནོ། །སྐྱེས་བུ་ཞེས་བྱ་བ་


DTG210_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་འབྱུང་སྟེ། སྐྱེས་བུ་བུད་མེད་ཀྱི་གོང་དུ་གཞན་ལ་འདོད་ཆགས་ཀུན་ཏུ་འབྱུང་ཞིང་ཤས་ཆེ་བ་ནི་བུད་མེད་ལ་ཆགས་པ་ཞེས་བྱ་ལ། ལྡན་པའི་སྒོ་ནས་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་ན། ཆོས་ལ་ནི་མཚན་ཉིད་ཀུན་ཏུ་འབྱུང་བ་འམ་མཚན་ཉིད་དང་མི་ལྡན་པ་མེད་དེ། ཆོས་རྣམས་ཀྱི་མཚན་ཉིད་དག་ནི་དུས་རྣམས་སུ་འཁྲུལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་དཔེ་ལ་དངོས་དང་མཚུངས་པ་ཅི་ཞིག་ཡོད། གང་གི་ཚེ་ཆོས་དེ་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་འོངས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བྱ་བ་ཡང་མི་ལ་སོགས་པ་རྣམས་ཀྱི་ནི་ལྟ་བ་ལ་སོགས་པའོ། །རྣམ་པར་ཤེས་པའི་ནི་རྣམ་པར་ཤེས་པའོ། །གཟུགས་ལ་སོགས་པ་རྣམས་ཀྱིས་ནི་རང་གི་དབང་པོའི་སྤྱོད་ཡུལ་ཉིད་དོ། །གལ་ཏེ་འདས་པ་ཡང་རྫས་སུ་ཡོད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདས་པ་དང་མ་འོངས་པ་ད་ལྟར་བ་བཞིན་དུ་རང་གི་ངོ་བོ་ནས་ཡོད་ན་ནི། ད་ལྟར་བ་དང་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པས་དེའི་འདས་པ་དང་མ་འོངས་པ་ཉིད་འདས་པར་འགྱུར་རོ་སྙམ་དུ་དགོངས་སོ། །ཡོད་ཀྱང་ད་ལྟར་ལས་ཁྱད་པར་ཡོད་པར་བསྟན་པའི་ཕྱིར་བྱའི་དུས་རྣམས་རྣམ་གཞག་ཅེས་བཤད་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་སྨྲས་སོ། །གལ་ཏེ་དེ་ལྟ་ན་ད་ལྟར་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ལ་མིག་གི་བྱ་བ་ནི་ལྟ་བ་ཡིན་ན་དེ་ཡང་དེ་དང་མཚུངས་པར་བྱེད་པ་མ་ཡིན་པས་དེའི་ཚེ་ད་ལྟར་བ་ཡང་མ་འོངས་པར་འགྱུར་བའི་ཕྱིར་བྱ་བའི་དུས་རྣམ་པར་གཞག་པ་མི་རིགས་སོ་ཞེས་བྱ་བ་ནི་འདྲི་བའི་བསམས་པའོ། །འབྲས་བུ་འབྱིན་པ་དང་འཛིན་པ་ཡིན་ནོ་ཞེས་བྱ་བས་ནི། འདི་སྐད་དུ་ལྟ་བ་ལ་སོགས་པའི་བྱ་བས་ནི་དུས་རྣམ་པར་གཞག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་འབྲས་བུ་འབྱིན་པ་དང་འཛིན་པའི་བདག་ཉིད་ཀྱིས་ཡིན་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ་ཞེ་ན་བསྟན་པར་འགྱུར་ཏེ་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། དེ་མ་ཐག་ཏུ་འབྱུང་བའི་མིག་གི་དབང་པོ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །འབྲས་བུ་དེ་ཡང་འབྱིན་པ་དང་འཛིན་པ་ན་ད་ལྟར་བ་ཞེས་


DTG210_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འོ་ན་ནི་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་ཞེས་བྱ་བ་ནི། སྐལ་བ་མཉམ་པ་དང༌། ཀུན་ཏུ་འགྲོ་བ་དང༌། རྣམ་པར་སྨིན་པའི་རྒྱུ་རྣམས་སོ། །འབྲས་བུ་འབྱིན་པའི་ཕྱིར་དང་ཞེས་བྱ་བ་ལ་རྒྱུ་མཐུན་པ་དང༌། གལ་ཏེ་བྱ་བ་སོ་སོར་བར་འདོད་ན་བྱ་བ་ཡོད་པར་ཐལ་བར་འགྱུར་ལ། དེའི་ཕྱིར་འདས་པ་ཡང་ད་ལྟར་བ་ཉིད་དུ་ཐལ་བར་འགྱུར་རོ། །བྱ་བ་བྱེད་དུ་ཞེས་བྱ་བ་ལ་གལ་ཏེ་འབྲས་བུ་འབྱིན་པ་དང་འཛིན་པ་མཐའ་དག་བྱ་བར་འདོད་ན། དེ་ལྟ་ན་བྱ་བ་ཡང་སྔ་མ་བཞིན་དུ་སྔ་མ་ཉིད་དུ་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། དངོས་པོ་རྣམས་ཀྱིས་བྱ་བའི་འབྲས་བུ་འཕེན་པའི་ནུས་པ་ནི་འབྲས་བུ་འབྱིན་པ་མ་ཡིན་པས་མཚན་ཉིད་འཆོལ་བ་མེད་དོ་ཞེས་ཟེར་རོ། །ནུས་པ་འབའ་ཞིག་བྱ་བ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ལས་ཐ་དད་པའི་ནུས་པ་ཡང་ཡོད་དོ། །དེ་བཞིན་དུ་མིན་པ་ལ་མིག་ལས་ཐ་དད་པའི་ནུས་པ་འཇོམས་པའི་བྱ་བ་མེད་པས། །གང་ཡང་འགགས་པ་སྐྱེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཐུའི་ཁྱད་པར་དངོས་པོ་གཞན་སྐྱེས་པ་ལ་རྒྱུར་གྱུར་པ་འདི་དག་གི་ནུས་པ་ཉིད་བྱ་བ་མ་ཡིན་པ་ད་ལྟར་བའི་གནས་སྐབས་ཁོ་ན་འཕངས་པའི་ཕྱིར། འདུས་མ་བྱས་རྣམས་ཀྱིས་འབྲས་བུ་འཕེན་པ་མི་འཐད་པའི་ཕྱིར་རོ། །འབྲས་བུ་འཕེན་པའི་བྱ་བ་ཉིད་ཡིན་གྱི། འབྲས་བུ་འབྱིན་པའི་བྱ་བ་མ་ཡིན་ནོ། །ཡང་ཅི་བྱ་བ་ཞེས་བྱ་བའི་ནུས་པ་དེ་ལས་གཞན་པའི་དངོས་པོ་རྣམས་མ་བྱུང་བ་ལས་བྱུང་ཞིང༌། བྱུང་ནས་ཀྱང་འཇིག་པའི་ཕྱིར་རྫས་དེ་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །གལ་ཏེ་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་འཇིག་པའི་རྫས་ལས་གཞན་མ་ཡིན་པའི་རྫས་སུ་ཡོད་པ་དེ་སྐྱེ་བ་དང་འཇིག་པ་ཉིད། སྐྱེ་བ་དང་འཇིག་པར་ཁས་བླང་བར་བྱ་ན་འདི་ཉིད་ལ་སྐྱེ་བ་དང་མི་སྐྱེ་བ་དང་འཇིག་པ་དང་མི་འཇིག་པ་ཞེས་བྱ་བ་དག་མི་རིགས་སོ། །ནུས་པ་སྔ་མ་དང་ནུས་པ་ཕྱི་མ་ཡོངས་སུ་འགྱུར་བར་རྟོག་པ་ལ་ནུས་པ་ཐམས་ཅད་ངེས་པའི་རྒྱུ་མེད་པའི་ཕྱིར་དང༌། ནུས་པ་དང་ནུས་པ་མ་ཡིན་པ་མེད་པ་དེའི་ཕྱིར་གཞན་ཉིད་དུ་ཁས་བླང་བར་བྱ་སྟེ། འདས་


DTG210_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མ་འོངས་པའི་གནས་སྐབས་ཀྱི་ངོ་བོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ནུས་པ་ཉིད་འདས་པ་དང་མ་འོངས་པ་དག་ཏུ་འགྱུར་གྱི་རྫས་ནི་མ་ཡིན་པས་འགོག་པ་བཞིན་རྣམ་པར་འགྱུར་བ་མེད་པ་གཞན་ནུས་པའི་རྒྱུའོ། །དེ་ལ་ཡང་ནུས་པ་གཞན་ཁས་བླང་བར་བྱ་བ་ནི་གནས་སྐབས་མ་ཡིན་ནོ། །ཅི་སྟེ་རྫས་བཞིན་རྟག་པ་དེ་ལྟ་ན་ཡང་རྫས་བཞིན་དུ་བྱ་བ་རྟག་ཏུ་ཡོད་པས་དེའི་ཕྱིར་དུས་སུ་རྣམ་པར་གཞག་པ་མི་རིགས་སོ། །མཚན་ཉིད་ཐ་མི་དད་པའི་རྣམ་པ་གཅིག་ཉིད་དུས་ཐམས་ཅད་དུ་བྱ་བ་བྱེད་པ་ལ་གེགས་མི་སྲིད་དོ་སྙམ་སྟེ། འདྲི་བ་ནི་འདི་ཡང་བརྗོད་པར་བྱ་དགོས་ཏེ་ཞེས་བྱ་བའོ། །དེའི་བདག་ཉིད་ཁོ་ནར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ས་ལ་སོགས་པ་མཚན་ཉིད་ཐ་དད་པ་རྣམས་ཀྱང་མིག་ལ་སོགས་པས་རྣམ་པ་ཐ་དད་པ་མཐོང་བའི་ཕྱིར་འདི་མཐའ་གཅིག་ཏུ་མ་ཡིན་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེར་ནི་རྫས་ཐ་དད་པ་རྣམ་པ་ཐ་དད་པ་བཤད་དོ། །ས་ལ་སོགས་པ་རྫས་ཀྱི་སྒོ་ནས་ཐ་དད་པ་རྣམས་ཀྱི་འབྲེལ་པ་གང་ལས་བརྗོད་པར་བྱ་ཞེ་ན། ས་ལ་སོགས་པ་མཚན་ཉིད་ཐ་མི་དད་པ་རྣམས་ཀྱང་རྣམ་པ་ཐ་དད་པ་མཐོང་བས་སོ། །གལ་ཏེ་རྐྱེན་རྣམས་མ་ཚོགས་པ་ཡིན་ནོ་ཞེས་བྱ་བ་ལ། འདས་པ་དང་མ་འོངས་པའི་གནས་སྐབས་དག་ཏུ་རྐྱེན་རྣམས་མ་ཚོགས་པར་བྱ་བ་བྱེད་ན། དེ་ལ་གེགས་མེད་པར་རེས་འགའ་བྱ་བ་བྱེད་ལ་རེས་འགའ་མི་བྱེད་དོ་ཞེས་བྱ་བ་མེད་དོ། །རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །རྐྱེན་རྣམས་ཀྱང་རྐྱེན་ཅན་བཞིན་དུ་ཁས་བླངས་པ་དེ་དག་གི་ཡོད་པ་རྣམས་ལ་མ་ཚོགས་པ་མི་རིགས་པར་བཤད་དོ། །ཡང་པྱུཀྟ་མ་པི་ཙི་ན་བ་གཙྪ་མ་སྟསྱ་ཡུཥྨ་ཏོ་བྷཱ་བཾ་ཀཏ་མ་སྱ་པྲཏྱུཏྤནྣ་སྱ་ཨེ་ཏ་ཏྟེ་ན་ཀ་རི་ཏྲཱཾ་གྲྀ་ཧཱི་ཏ་ཡ་ཏཱོ་ནཱ་ག་ཏ་ཏ་སྱ་ཏ་སྱ་ཀསྨཱཏྟནྣ་བྷ་བ་ཏཱི་ཀལྦ་ཡ་ཏི། དེ་ནི་མ་འོངས་པའི་ཆོས་ཡོད་པ་ཉིད་ཁྱད་པར་གྱིས་གནས་པའི་ཁྱད་པར་དེ་ལ་ད་ལྟར་བྱུང་བ་ཞེས་བྱའོ་ཞེ་ན་མ་ཡིན་ཏེ། རང་བཞིན་གང་ཡང་བཤད། མ་རྙོག་པ། དེའི་ཚེ་དང་ལྡན་པ། དངོས་པོ། གང༌། ད་ལྟར་བྱུང་བ་འདི་དེ་ཡིས་བྱེད་པ་བཟུང་བ་གང་ལས་མ་འོངས་པ་འདས་པ་ཅི་ལས་ད་མེད་པར་རྟོག་པར་བྱེད། དེའི་ཁྱད་པར་བྲལ་བའི་


DTG210_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འདས་པ་ཞེས་བྱའོ་ཞེ་ན་མ་ཡིན་ཏེ་རང་བཞིན་དང་བྲལ་བའི་ཕྱིར་རོ། །དོན་གྱི་སྒོ་ནས་དེ་ཉིད་ནི་མ་འོངས་པའི་ཆོས་ཀྱི་བྱ་བ་འཇུག་སྟེ། འཇུག་པའི་བྱ་བ་ནི་དེའི་བྱ་བའོ། །མ་འོངས་པ་ནི་མ་ཡིན་ཏེ་ཞིག་པའི་ཕྱིར་འདས་པའོ། །དེའི་ཕྱིར་འདི་སྐད་བརྗོད་དེ། བྱ་བ་ནི་དུས་ཀྱིས་རྣམ་པར་གཞག་པས་དེའི་ཕྱིར་ཤེས་པར་བྱ་བའི་ཕྱིར་འདི་ལན་མ་ཡིན་ནོ། །རྟག་ཏུ་བྱ་བ་བྱེད་པ་གེགས་མེད་པ་ཞེས་བྱ་བ་ནི། འདིར་མདོ་ལས་རྣམ་པར་ཤེས་པ་བྱའོ་སྙམ་དུ་དགོངས་པའོ། །འབྲས་བུ་འཕངས་པ་དེའི་དངོས་པོ་ནི་ད་ལྟར་བ་དང༌། དེའི་འབྲས་བུ་འཕེན་པ་ནི་བྱ་བའོ། །ད་ནི་སྔ་མ་དང་ཕྱི་མ་ཁྱད་པར་མེད་པའི་ཕྱིར་མ་འོངས་པ་ཡང་འདས་པ་དེར་འགྱུར་རོ་ཞེས་བྱའོ། །གནས་བརྟན་རྣམས་ཀྱིས་ནི་དངོས་པོ་ཤེས་པ་མ་ཡིན་ནོ། །ད་ལྟར་བྱུང་བ་ཞེས་བྱ་བའི་ཁྱད་པར་འདི་ཅི། ཁྱད་པར་བཅས་པ་དེ་རྣམ་པར་དབྱེ་བའི་རང་བཞིན། པ་རི་ཏྱཱ་གེན་བྷཱ་བ་ཏྱ་ཐཱ་པ་རི་ཏྱཱ་ག་ན་པ་རི་ཏྱཱ་གེ་ན། དེ་ལྟར་ཡོད་ན་གཞན་ཉིད་མ་འོངས་པ་ལས་སྐྱེས་པ་ཞེས་བྱ་བར་འགྱུར་རོ། །མ་འོངས་པ་ཡང་མ་སྐྱེས་པ་ཁོ་ནར་འཇིག་པ་ཞེས་བྱ་བ་རང་བཞིན་མེད་པའི་དངོས་པོས་མེད་པ་མ་ཡིན་ནོ། །ཇི་ལྟར་ཡོངས་སུ་བཏང་བ་དེ་བཞིན་དངོས་པོའི་རང་བཞིན་དངོས་པོ་ཡོངས་སུ་གཏོང་བས་ཅི་སྟེ་ཡོངས་སུ་མི་གཏོང་མིན་གལ་ཏེ་ཡོངས་སུ་གཏོང༌། ལས་ཁྱད་པར་གཞན་དུ་འགྱུར་རོ། །དུས་གསུམ་དུ་ཡང་གང་ཞིག་འཁྲུལ་པ་དེའི་ངོ་བོའི་རང་བཞིན་ནི་མ་སྐྱེས་པའི་ངོ་བོ་ཡིན་པའི་ཕྱིར་དང་དངོས་པོ་གཞན་ཡིན་པའི་དངོས་པོ་གཞན་བཞིན་ནོ། །རེས་འགའ་འདི་དམན་པ་དེའི་ཕྱིར་དུས་གསུམ་གྱི་དངོས་པོ། །དེ་བཞིན་དུ་འདས་པ་ལ་ཡང་བརྗོད་པར་བྱའོ། །རེས་འགའ་བ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཡོད་པ་སྨྲ་བའོ། །གལ་ཏེ་ཁྱད་པར་ཡོད་པ་ལས་སྐྱེས་པ་དེ་ཉིད་ཁྱད་པར་ཞེས་བྱ་བ་དེ་ལྟ་ན་དངོས་པོ་ཐམས་ཅད་གཅིག་པ་ཉིད་དུ་འགྱུར་ཏེ། ཁྱད་པར་ཡོད་པ་ལས་ཡང་ཁྱད་པར་ཡོད་པའི་ཕྱིར་རོ། །བྱ་བ་འདས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། གལ་ཏེ་བྱ་བ་ལ་བྱ་བ་གཞན་མེད་པར་མ་འོངས་པ་ལ་


DTG210_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཉིད་དུ་འདོད་ན། དེ་ལྟ་ན་བྱ་བས་དུས་རྣམ་པར་གཞག་པ་ཞེས་བརྗོད་པར་མི་བྱ་སྟེ་འཁྲུལ་པའི་ཕྱིར་རོ། །ཇི་ལྟར་བྱ་བ་ནི་མ་འོངས་པ་ལ་སོགས་པ་ཉིད་ཀྱི་རང་གི་ངོ་བོའི་རྒྱུད་ལ་བལྟོས་ནས་རྣམ་པར་འཇོག་པས་དངོས་པོ་རྣམས་ཀྱང་དེ་ལྟར་མ་འོངས་པ་ལ་སོགས་པར་འགྱུར་ཏེ། བྱ་བ་བཏགས་པས་ཅི་ཞེས་བྱ་བ་ཇི་སྟེ་འཁྲུལ་པའི་སྐྱོན་དུ་འགྱུར་དུ་འོང་བས་བྱ་བ་ལ་ཡང་བྱ་བ་གཞན་འདོད་ན་ནི། དེ་ལྟ་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་ལ། སློབ་དཔོན་འདུས་བཟང་ན་རེ་དེ་ཡང་བྱ་བ་གཞན་གྱིས་འགྱུར་བ་ཡིན་ན་དེ་ཡང་གཞན་གྱིས་སོ་ཞེས་ཟེར་རོ། །འདས་པ་དང་མ་འོངས་པའི་བྱ་བ་ཁྱེད་ཅག་གིས་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བྱུང་བའི་ཁྱད་པར་མ་འོངས་པའི་ཆོས་ནི་ད་ལྟར་བྱུང་བ་ཞེས་བྱའོ། །ཁྱད་པར་གྲུབ་ཟིན་པ་ནི་འདས་པ་ཡིན་ནོ། །མ་སྐྱེས་པ་སྐྱེས་པ་གྲུབ་ཟིན་པའི་གནས་སྐབས་ཀྱི་དབྱེ་བ་ཁས་བླངས་པའི་ཕྱིར་ཁྱད་པར་ནི་ཅི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བའི་བྱ་བ་མ་བཤད་དོ། །དེའི་ཕྱིར་ཕྱོགས་སུ་ལྷུང་བའི་མུན་པ་ཞེས་ལེགས་པར་བརྗོད་དོ། །འོན་ཏེ་དེ་ནི་འདས་པ་ཡང་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གང་གི་ཚེ་བྱ་བ་མི་བྱེད་དེ་ཞེས་བྱ་བ་ལ། ཐམས་ཅད་ཀྱི་ཚེ་འདི་བྱ་བ་མི་བྱེད་པས་དེ་འདུས་མ་བྱས་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཚེ་ཡོད་པར་ཐལ་བར་འགྱུར་རོ། །སྐྱོན་དེར་ཡང་འགྱུར་བ་ཞིག་ན་ཞེས་བྱ་བ་ནི་བྱ་བ་ལ་ཡང་བྱ་བ་ཡོད་པར་ཐལ་བ་དང་འདུས་མ་བྱས་ཉིད་དོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་ཞེས་བྱ་བ་ལ། ཆོས་ལས་གཞན་མ་ཡིན་པའི་ཕྱིར་ན་ནི་བྱ་བ་ཆོས་བཞིན་དུ་འདུས་མ་བྱས་མ་ཡིན་ལ། ཆོས་ལྟར་དེ་ལ་བྱ་བ་གཞན་ཡོད་པ་མ་ཡིན་པས་ཐུག་པ་མེད་པ་ཡང་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དུས་སུ་མི་རུང་བ་ཉིད་དུ་འགྱུར་ཏེ་དེ་ཉིད་ནི་དེ་ཉིད་ཀྱིས་དུས་རྣམ་པར་གཞག་པའི་རྒྱུར་མི་རུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་ཆོས་ཁོ་ན་བྱ་བ་ཡིན་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །མི་འགྲུབ་པ་ཅི་ཞིག་ཡོད་ཅེས་བྱ་བ་འབྱུང་སྟེ། དངོས་པོའི་


DTG210_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་ཉིད་ནི་དུས་རྣམ་པར་གཞག་པའི་རྒྱུ་ཉིད་དུ་མི་འདོད་དོ། །འོ་ན་ཅི་ཞེ་ན། སྐྱེས་པ་དང་མ་སྐྱེས་པ་ཞིག་པའི་གནས་སྐབས་དག་དུས་རྣམ་པར་གཞག་པའི་རྒྱུ་ཉིད་དུ་ཁས་ལེན་ནོ། །སློབ་དཔོན་འདུས་བཟང་ན་རེ། ཇི་ལྟར་ཁྱད་པར་གྱི་རྒྱུས་འཕངས་པ་ཁྱད་པར་གྱི་འབྲས་བུ་བསྐྱེད་པའི་རྒྱུ་མཚན་དུ་གྱུར་པ་ཆོས་གཞན་ཉིད་ཀྱི་ཁྱད་པར་དུ་འདོད་པ་དེ་བཞིན་དུ། འདིར་ཡང་ཆོས་གཞན་ཉིད་བྱ་བའི་ཁྱད་པར་དུ་འགྱུར་རོ་ཞེས་ཟེར་རོ། །འདི་ཡང་རང་གི་ཕྱོགས་ལ་དགའ་བ་ཉིད་ཀྱིས་ལྷག་པར་སྒྲོ་བཏགས་ཏེ་བཤད་ཀྱི། ནུས་པའི་ཁྱད་པར་གྱི་ཆོས་འགའ་ཞིག་གཞན་དུ་བསྒྲུབ་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་བསྐྱེད་པ་བཏགས་པར་ཡོད་པ་འདི་ཡང་ཁོ་བོ་ཅག་གི་ས་མཛོད་ཀྱི་གནས་གཉིས་པ་ཉིད་དུ་བསྟན་ཟིན་ཏོ། །ཡང་དེ་ཉིད་ལ་སྨྲས་པ། བྱ་བ་ཆོས་ལས་གཞན་དེ་ལས་ཐ་དད་པ་མ་ཡིན་པ། རང་བཞིན་མེད་པའི་ཕྱིར་ཆོས་ཙམ་མ་ཡིན་ནོ། །རང་བཞིན་ཡོད་པ་ཉིད་ལ་ཡང་རེས་འགའ་མེད་པའི་ཕྱིར་བྱ་བའི་ཁྱད་པར་སྔ་ན་མེད་པའི་རྒྱུད་བཞིན་མ་ཡིན་ནོ། །དཔེར་ན་བར་མེད་པར་སྐྱེ་བའི་ཆོས་ལ་རྒྱུད་ཅེས་བརྗོད་པ་བཞིན་ནོ། །འདི་ནི་དེའི་ལས་དེ་ལས་ཐ་དད་པ་མ་ཡིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཆོས་ཙམ་གྱི་སྐད་ཅིག་མ་གཅིག་ཀྱང་རྒྱུད་དུ་ཐལ་བ་མ་ཡིན་པའི་ཕྱིར་དང་དེའི་བྱ་བ་ཡོད་པའི་ཕྱིར་མེད་པ་མ་ཡིན་ནོ། །ཡང་སྨྲས་པ། རྒྱུད་ཀྱི་ལས་དང་ཐ་སྙད་འགའ་ཞིག་དེ་ལྟར་རྫས་ཀྱི་སྒོ་ནས་ཡོད་པ་རྟོགས་པ་མ་ཡིན་པས་རིགས་པའི་བྱེད་པས་དུས་རྣམས་གྲུབ་པོ་ཞེ་ན། དེའི་ཕྱིར་ཁོ་བོ་ཅག་གིས་འདས་པ་གཞན་ཉིད་ཀྱི་བདག་ཉིད་དང་མ་འོངས་པ་གཞན་དང་ད་ལྟར་བྱུང་བ་གཞན་ཉིད་དུས་རྣམ་པར་གཞག་པས་གང་འདི་ཅུང་ཟད་རྒྱུད་ལས་ནི་ཡོད་པ་ཉིད་ལ་སོགས་པ་རྣམས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རང་བཞིན་མེད་དེ་གང་ཟག་བཞིན་ནོ། །རང་བཞིན་ཡོད་པ་དེ་ཉིད་དང་གཞན་ཉིད་དུ་མཐོང་བ་སྟེ་འབྱུང་བར་འགྱུར་བ་རང་བཞིན་མེད་པའི་ལུས་སུ་འདོད་དོ། །བྱ་བ་ཡང་བཏགས་པར་ཡོད་པའི་ཕྱིར་སྔོན་བཞིན་དུ་ཕྱིས་ཀྱང་དེ་བཞིན་ཏེ།


DTG210_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གང་མེད་པ་དེ་ཅི་ལྟར་ཁྱད་པར་དུ་འགྱུར། དེའི་ཕྱིར་དེ་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་བདག་ཉིད་ཐ་དད་པར་ཡོད་དོ། །བདག་ཉིད་ཐ་དད་པར་མེད་ན་དུས་རྣམས་སུ་རྣམ་པར་གཞག་པ་མི་གྲུབ་པོ། །གང་གསུངས་པ་ཡང་སྣ་ཚོགས་སྡུག་བསྔལ་རྣམས་ཀྱིས་ནི། སྡུག་བསྔལ་གཟུགས་སོགས་ཇི་ལྟ་བར། །གང་གི་ཐ་དད་ཡོད་དེ་བཞིན། །སྐྱེས་སོགས་ཡོད་པ་མ་ཡིན་བརྗོད། །འདིར་ཡང་དཔེ་དང་དཔེ་ཅན་མཚུངས་པ་མ་ཡིན་པས་སྐྱེས་པའི་རང་བཞིན་འཇིགས་པ་ལ་བལྟོས་ནས་སྡུག་བསྔལ་ཉིད་དུ་རྣམ་པར་གཞག་གོ །སྐྱེ་བ་ལ་སོགས་པ་རྣམས་ལ་དེའི་ཁྱད་པར་ཡོད་པ་མ་ཡིན་ཡང་དེ་མིང་གཏགས་པ་ལ་འགལ་བ་མེད་དེ། འདས་པ་དང་མ་འོངས་པ་རྫས་ཀྱི་སྒོ་ནས་ཡོད་པ་ཉིད་དུ་ཁས་བླངས་པ་ལ་ད་ལྟར་བྱུང་བ་བཞིན་འདས་པ་དང་མ་འོངས་པ་ཉིད་མི་གྲུབ་པོ། །ཁྱད་པར་ཁས་བླངས་པ་ཉིད་ཀྱིས་མ་འོངས་པ་ཉིད་ད་ལྟར་བྱུང་བ་དང་ད་ལྟར་བྱུང་བ་ཡང་འདས་པ་ཡིན་ནོ་ཞེས་མི་རུང་སྟེ། དེ་ལྟར་འདི་ནི་རྒྱས་པར་བསྟན་ཟིན་ཏོ། །ཚིག་གི་ཚུལ་འདི་ནི་སྔོན་མ་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ། སྔ་མ་དང་འགལ་བའི་ཕྱིར་རམ། སྔོན་མ་ཐོས་པ་སྔོན་མེད་པའི་རང་བཞིན་ནོ། །གཟུགས་ལ་སོགས་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་དུས་ཐམས་ཅད་ན་ཡོད་པར་འདོད་དོ། །དེ་ལྟ་ན་འོ་ན་གཟུགས་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་རྟག་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ། དངོས་པོ་ཡང་མི་རྟག་མི་འདོད། དེ་ལྟ་ན་ཡང་རང་བཞིན་ལས་དངོས་པོ་གཞན་དུ་ཐལ་ལོ་ཞེ་ན། དེའི་ཕྱིར། རང་བཞིན་ལས་ཀྱང་དངོས་མི་གཞན། །ཞེས་བྱ་བ་སྨྲས་སོ། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་བྱ་བ་ནི། འཇིག་རྟེན་ན་རིགས་པ་ལ་མི་བལྟོས་པར་འདོད་རྒྱལ་ཙམ་དུ་ཟད་པའི་ཕྱིར་རོ། །སྔོན་བྱུང་བ་གང་ཡིན་པ་ནི་འདས་པ་མ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་གནས་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །རྐྱེན་ཡོད་ན་འབྱུང་བར་འགྱུར་བ་ནི་མ་འོངས་པ་སྟེ། ཡོད་པ་མ་ཡིན་ཡང་སྙམ་དུ་བསམས་པའོ། །དེ་ལྟར་བྱས་ནས་ཡོད་དོ་ཞེས་བྱའི་


DTG210_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་སྔོན་བྱུང་བ་དང་འབྱུང་བར་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། མདོ་སྡེ་པས་ད་ལྟར་བྱུང་བའི་རྣམ་གྲངས་གཞན་ཡོད་པ་ཉིད་དུ་སྨྲ་བར་བལྟ་སྟེ། འདས་པ་དང་མ་འོངས་པ་མ་ཡིན་ཞེས་བྱ་བས་སོ། །འདིར་ད་ལྟར་བྱུང་བའི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལས་འདས་པ་དང་མ་འོངས་པ་རྣམ་པར་གཞག་སྟེ། དེ་དག་ཀྱང་ད་ལྟར་བྱུང་བ་ལ་མ་བལྟོས་པར་བསྟན་པ་མེད་པའི་ཕྱིར་རོ། །ད་ལྟར་བྱུང་བ་ལ་བཏགས་པར་ཡོད་པ་ཉིད་སྔ་ན་མེད་པ་དང་ཞིག་ནས་མེད་པར་ཤེས་པར་བྱ་བའི་ཕྱིར་འདས་པ་ཡོད་དོ་མ་འོངས་པ་ཡོད་དོ་ཞེས་བཤད་དོ། །གལ་ཏེ་དེ་མ་འོངས་པའམ་འདས་པར་མ་གྱུར་ན་རྟག་ཏུ་ད་ལྟར་བ་ཉིད་དུ་འགྱུར་བས་དེ་བྱེ་བྲག་ཏུ་རྟོགས་པའི་ཕྱིར་ཡང་བརྗོད་དོ། །སྔོན་བྱུང་བ་གང་ཡིན་པ་ནི་འདས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཡོད་པ་དེ་དང་དེ་སྔོན་བྱུང་བར་གྱུར་པ་དང་ཕྱིས་འབྱུང་བར་འགྱུར་བ་དེ་ཡིས་ཏེ། དེ་ལྟ་ན་མ་ཡིན་ན་རྟག་པར་འགྱུར་བས་སོ། །འདས་པ་དང་མ་འོངས་པའི་བདག་ཉིད་དུ་ཡོད་མོད་ཅེས་བྱ་བ་ནི། འདས་པ་དང་མ་འོངས་པའི་རང་བཞིན་གྱིས་སོ། །ཡང་དེ་ཉིད་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་དགག་པའི་ཕྱིར་དེ་ལྟར་ཡོད་པར་གསུངས་ཏེ། འདས་པ་ནི་རྒྱུ་དང་མ་འོངས་པ་ནི་འབྲས་བུ་སྟེ། དེ་མེད་པར་ལྟ་བ་ནི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པར་འགྱུར་རོ། །མེད་པ་ཉིད་དེ་དག་གི་རྒྱུ་དང་འབྲས་བུ་དག་ལའོ། །གལ་ཏེ་ཡང་མེད་པ་ཉིད་མེད་པའི་སྒོ་ནས་ལྟ་བར་བྱེད་པ་དེ་ལ་སྐུར་པ་འདེབས་པ་དགག་པར་བྱ་བའི་ཕྱིར་འདས་པ་ཡོད་དོ་མ་འོངས་པ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཅི་ཞེ་ན། གང་འདས་པ་དང་མ་འོངས་པ་དག་གི་རྒྱུ་དང་འབྲས་བུ་དག་མ་ངེས་པའི་ཕྱིར་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པས་དེ་དག་པའི་ཕྱིར་འདས་པ་ཡོད་པ་ནི་རྒྱུའི་ངོ་བོ་ས་དེས་འཕངས་པའི་ནུས་པའི་ཁྱད་པར་ལས་འབྲས་བུ་སྐྱེད་པའོ། །མ་འོངས་པ་ཡོད་པ་ནི་འབྲས་བུའི་ངོ་བོ་དེས་འཕངས་པའི་ནུས་པའི་ཁྱད་པར་ལས་བྱུང་བར་འགྱུར་རོ་ཞེ་ན། དེ་དག་བཤད་དོ། །གལ་ཏེ་ཡང་འདས་པ་དང་མ་འོངས་པ་རྫས་ཀྱི་སྒོ་ནས་


DTG210_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེ་ལྟ་ན་དེ་ལྟར་བྱུང་བ་བཞིན་འདས་པ་དང་མ་འོངས་པ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདས་པ་ཡོད་དོ་མ་འོངས་པ་ཡོད་ཞེས་བྱ་བའི་གསུང་སྐབས་འབྱེད་པར་མི་འགྱུར་རོ། །གང་གསུངས་པ། རྒྱུས་འཕངས་པའི་འབྲས་བུ་འབྱིན་པ་ནུས་པ་ལ་གུས་པས་རྣམ་པར་དཔྱད་པར་མི་དམིགས་སོ། །དེ་ལ་འདི་ནི་ཡང་དག་པར་རྣམ་པར་དཔྱད་པ་ལ་གུས་པས་དེའི་ཕྱིར་གནས་བརྟན་རྣམས་ཀྱིས་རྟོགས་པ་མ་ཡིན་ནོ། །ནུས་པ་མེད་པར་དངོས་པོ་སོ་སོར་ངེས་པ་རྒྱུ་དང་འབྲས་བུའི་འབྲེལ་པ་མི་རུང་ངོ༌། །དེ་ཡང་ནུས་པ་མེད་ན་དངོས་པོ་རྣམས་ཀྱི་རང་བཞིན་ཐམས་ཅད་ལ་ཐམས་ཅད་ནུས་པར་ཐལ་བར་དེའི་ཕྱིར་རྒྱུ་ཉིད་ལས་འབྲས་བུ་བཞིན་དུ་དེའི་ཁྱད་པར་ཁས་བླང་བར་བྱའོ། །དེའི་ཕྱིར་ཡིད་ཅེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། ཚིག་ཕྲད་སྨོས་པ་ནི་བརྗོད་པའི་ངོ་བོ་དགག་པའི་ཕྱིར་ཏེ། དུས་གསུམ་གྱི་ཡུལ་ཅན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་འདི་བརྗོད་པ་ཡིན་ན་ནི་འདིར་འདིའི་འདས་པ་ཡོད་དོ། །མ་འོངས་པ་ཡོད་དོ་ཞེས་བྱ་བའི་སྦྱོར་བ་ཉིད་དུ་མི་འགྱུར་ཏེ་ད་ལྟར་གྱི་དུས་ཡིན་པའི་ཕྱིར་རོ། །མར་མེ་སྔ་ན་མེད་པ་ཡོད་དོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མར་མེ་སྔ་ན་མེད་པ་དང་ཞིག་ནས་མེད་པ་དང་རྫས་སུ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཡོད་པར་སྨྲའོ། །འདི་ནི་དེ་ལྟ་མ་ཡིན་ཏེ། མ་སྐྱེས་པ་དང་ཞིག་པའི་མར་མེ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པར་སྨྲའོ། །དེ་ལྟ་ཡིན་ན་མར་མེ་ཉིད་མར་མེའི་སྔ་ན་མེད་པ་དང་ཞིག་ནས་མེད་པ་སྟེ། ད་ལྟར་བ་ལས་ཡང་ཐལ་བར་འགྱུར་རོ། །ད་ལྟར་བའི་གནས་སྐབས་ན་མ་སྐྱེས་པ་དང་འདས་པའི་གནས་སྐབས་སྔ་ན་མེད་པ་དང་ཞིག་ནས་མེད་པའོ། །འདི་ལ་སྐྱོན་མེད་དེ། གཅིག་གི་སྔ་མའི་གནས་སྐབས་ཉམས་ནས་གནས་སྐབས་གཞན་སྒྲུབ་པ་མི་རིགས་པས་སྔ་མ་ཁོ་ན། ནི་རློ་ཐི་ཏཾ། དེའི་ཕྱིར་སྔ་ན་མེད་པ་དང་ཞིག་ནས་མེད་པའི་དངོས་པོའི་རང་བཞིན་ཡང་ཡིན་ནོ་ཞེས་སྨྲ་བ་འདིས་མི་གཡོའོ། །ཇི་ལྟར་འགགས་པ་ཡོད་ཅེས་བྱ་བ་ལ་སོགས་པ་ལ་འགགས་པའི་མར་མེ་ཡོད་དོ་ཞེས་བྱ་བ་བྱེ་བྲག་ཏུ་


DTG210_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའི་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ལ་འདིར་འདིའི་དོན་ནི་མར་མེ་འགགས་པ་ཡོད་དོ་ཞེས་བྱ་བར་རྟོགས་སོ། །འོ་ན་ཅི་བདེན་པར་འགོག་ཅེ་ན་དེའི་ཕྱིར་ཡོད་དོ་ཞེས་བྱ་བའི་སྒྲ་ནི་དོན་མེད་པ་ཅན་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བར་རྟོགས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་གལ་ཏེ་བྱུང་བ་ནི་འདས་པ་ཡིན་ལ། རྐྱེན་ཡོད་ན་འབྱུང་བར་འགྱུར་བ་མ་འོངས་པ་ཡིན་ཞེས་བྱ་བ་དེ་ལྟར་ཡོད་པའི་སྒྲ་བརྗོད་པར་མི་འདོད་པར་གྱུར་ནའོ། །བྱུང་བར་གྱུར་པ་འདས་པ་དེ་ཡོད་ལ་གང་རྒྱུ་ཡོད་ན་འབྱུང་བར་འགྱུར་བ་མ་འོངས་པ་དེ་ཡང་ཡོད་དོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་འདས་པ་དང་མ་འོངས་པ་མི་འགྲུབ་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །ད་ལྟར་བ་བཞིན་དུ་ཐམས་ཅད་ཀྱི་ཚེ་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་མདོ་ལས་ཤཱ་རིའི་བུ་གང་དག་གིས་ལས་སྤངས་པ་དང་ཟད་པ་དང༌། འགགས་པ་དང༌། བྲལ་བ་དང་རྣམ་པར་གྱུར་པ་གང་ཡིན་པ་དེ་ནི་མེད་དོ་ཞེས་དེ་སྐད་དུ་སྨྲས་པའི་ཚིག་དེའི་རང་བཞིན་མ་ཡིན་པ་དེ་ནི་བྱིས་པ་བླུན་པ་མི་གསལ་བ་མི་དགེ་བ་རྣམས་ཇི་ལྟ་བ་བཞིན་དུ་ཀུན་ཏུ་རྒྱུ་དབྱུག་ཐོགས་ཐོར་ཚུགས་ཅན་རྣམས་ཀྱིས་བབ་ཆོལ་དུ་སོ་སོར་མ་བརྟགས་པར་སྨྲས་པ་ཡིན་ཞེས་བྱ་བ་རྒྱས་པར་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ལས་འདས་པ་དང་ཟད་པ་དང་འགགས་པ་དང་བྲལ་བ་དང༌། རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཡོད་དོ་ཞེས་གསུངས་ན། ཅི་དེ་དག་ལས་དེ་སྔོན་བྱུང་བ་ཉིད་དུ་མི་འདོད་པར་གྱུར་ཏམ། དེ་དག་གིས་ནི་ལས་སྔོན་བྱུང་བ་ཉིད་དུ་རྟོགས་པ་ཁོ་ན་ཡིན་གྱི། དེའི་རྣམ་པར་སྨིན་པས་འཇིགས་པས་འགགས་པ་ནི་རྫས་སུ་ཡོད་པ་ཉིད་དུ་མ་རྟོགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་དེ་ནི་ཡོད་དོ་ཞེས་གསུངས་ཏེ། དེ་ལྟ་མ་ཡིན་ན་བསྟན་པ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བའི་མདོའི་དོན་བསྟན་པའོ། །སློབ་དཔོན་གྱིས་རྣམ་པ་གཞན་དུ་བསྟན་པའི་ཕྱིར་དེ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལས་ནི་ཞེས་


DTG210_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ལས་དེ་རྒྱུད་གང་དུ་གཏོགས་པའོ། །དེས་ཀུན་ཏུ་དྲངས་པ་ནི་ལས་ངེས་ཀུན་ཏུ་དྲངས་ཤིང་བསྐྱེད་པའོ། །དེ་ཡང་གང་ཞེ་ན། འབྲས་བུ་སྐྱེད་པའི་མཐུ་ཡོད་པའོ། །འདི་ལྟར་ལས་དེས་རྒྱུད་འབྲས་བུ་ཁྱད་པར་ཅན་བསྐྱེད་པར་ནུས་པར་བྱེད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལས་དེ་འགགས་ཀྱང་དེས་ཀུན་ཏུ་དྲངས་པ་འབྲས་བུ་སྐྱེད་པའི་མཐུ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་དེ་ནི་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་འདས་པ་ཡོད་པ་ཉིད་དུ་སྟོན་ནའོ། །རང་གི་ངོ་བོ་ཁོ་ནར་ཡོད་ན་ཞེས་བྱ་བ་ལ་སོགས་པ་ལ། ལས་དེ་རང་གི་མཚན་ཉིད་ཀྱིས་ཡོད་ན་ནི་དེ་ལྟར་བྱུང་བ་ཇི་ལྟ་བ་བཞིན་ཡིན་པས་འདས་པ་འགྲུབ་པར་མི་འགྱུར་རོ། །དེའི་ཕྱིར་འདི་ལས་དོན་དུ་བཞེད་ཀྱི་སྔ་མ་ནི་མ་ཡིན་ནོ། །དེ་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཞེས་བྱ་བ་ལ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་མགུར་ཉིད་ནས་འདས་པ་དང་མ་འོངས་པ་མེད་དོ་ཞེས་གསུངས་པ་དེའི་ཕྱིར་མདོ་འདིའི་དོན་ནི་འདི་ཁོ་ན་ཡིན་གྱི་བྱེ་བྲག་ཏུ་སྨྲ་བས་ཡོངས་སུ་བཏགས་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ད་ལྟར་གྱི་དུས་སུ་ཞེས་བྱ་བ་ནི། ད་ལྟར་གྱི་དུས་སུ་ད་ལྟར་གྱི་དངོས་པོར་མ་བྱུང་བ་ལས་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །མི་རུང་སྟེ་དུས་ནི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །གང་དེ་ལྟར་བྱུང་བའི་དུས་འདི་མིག་ལ་སོགས་པ་རྣམས་ལས་དོན་གཞན་དུ་གྱུར་པ་མ་ཡིན་པར་ཡོད་ཅེས་བྱའོ། །ཇི་ལྟར་དེའི་བདག་ཉིད་དུ་མ་བྱུང་བ་ལས་འབྱུང་བར་འགྱུར་ཞེ་ན། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། དེ་དག་ཉིད་དུས་གཏམ་གཞི་དང༌། །ཞེས་བཤད་དོ། །མ་འོངས་པའི་མིག་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་རང་གི་བདག་ཉིད་ལ་མ་བྱུང་བ་ལས་བྱུང་ན་ནི་དེ་ལྟར་ན་མིག་མ་བྱུང་བ་ལས་བྱུང་ངོ་ཞེས་བྱ་བར་འགྱུར་ལ། དེའི་ཕྱིར་མ་འོངས་པའི་མིག་མེད་དོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། གང་ཟག་ལ་སོགས་པ་བཞིན་འགའ་ཞིག་ཏུ་མ་བཀག་པས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་ཀྱི་ལུང་འདི་ནི་ངེས་པའི་དོན་ཏོ་ཞེ་ན། ངེས་པའི་དོན་ནི་རྣམ་པ་གཞན་དུ་བརྟག་


DTG210_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རིགས་ལ། གང་ཟག་ཡོད་པ་ཞེས་བྱ་བ་དེ་དང་དེར་གསུངས་པ་ནི་མ་ནུ་ཥྱ་ཀ་མི་ཅན་གྱིས་མདོ་ལ་སོགས་པ་རྣམས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་དེ་ཡོད་པ་ཉིད་རྗོད་པར་བྱེད་པའི་ལུང་རྣམས་ནི་དྲང་བའི་དོན་ཉིད་དུ་རིགས་སོ། །དེ་བཞིན་དུ་ཕ་དང་མ་ནི་གསད་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་ཡང་དྲང་བའི་དོན་ཉིད་རིགས་ཏེ། གཞན་དུ་མཚམས་མེད་པའི་བྱེད་པ་རྣམས་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བར་གསུངས་པའི་ཕྱིར་དེ་ལྟར་ཡང་མ་ཡིན་ནོ། །རང་གིས་གསལ་བར་འདས་པ་དང་མ་འོངས་པ་ཡོད་པ་ཉིད་སྨྲས་པ་དང༌། ཁ་ཅིག་གིས་དེ་བཞིན་ཁོ་ནར་གསལ་བར་བཀག་པ་དམིགས་པས། གང་ཞིག་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་སྒྲུབ་པའི་ལུང་འདི་ནི་དྲང་བའི་དོན་ཏོ། །འདིར་སྨྲས་པ་ཅི་རྣམ་པ་གཞན་དུ་ན་འདས་པ་དང་མ་འོངས་པའི་དངོས་པོ་ཉིད་མི་གྲུབ་སྟེ། འདས་པ་དང་མ་འོངས་པའི་འདུ་བྱེད་ཀྱི་དངོས་པོ་སྐྱེ་བ་མེད་དོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པའི་དངོས་པོ་དེ་མེད་པའི་ཕྱིར་དང༌། འགོག་པ་དང་ལམ་དག་ཀྱང་དེ་བཞིན་ཏེ་བདེན་པ་བཞི་མེད་པའི་ཕྱིར་ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་དུ་བྱ་བ་དང་བསྒོམ་པ་དག་ཀྱང་མི་རུང་ལ། དེ་མེད་པའི་ཕྱིར་འབྲས་བུ་ལ་གནས་པ་དང་ཞུགས་པའི་གང་ཟག་རྣམས་ཀྱང་མེད་དོ། །དེ་ལྟར་སྒྲ་ཇི་བཞིན་པའི་དོན་ཡོངས་སུ་བརྟགས་པས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་སྒྲུབ་པའི་ལུང་རྣམས་མཐའ་དག་གསུང་རབ་དང་འགལ་ལོ། །དེའི་ཕྱིར་ལུང་འདི་ནི་དྲང་བའི་དོན་ཏེ་ངེས་པའི་དོན་མ་ཡིན་ཞེས་བྱ་བར་ངེས་སོ། །གཞན་ཡང་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས་འདས་པ་དང་མ་འོངས་པ་དེ་ཉིད་རྫས་ཀྱི་སྒོ་ནས་བཀག་གོ །མིག་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་འཇིག་པ་ཞེས་བྱ་བ་ལ། དེའི་ཕྱིར་གང་གནས་བརྟན་རྣམས་ཀྱིས་སྒྲུབ་བྱེད་སྨྲས་པ་དེ་འབྲེལ་པ་མེད་པས་གཞུང་མངས་པའི་འཇིགས་པས་དགག་པ་རྒྱས་པར་མ་བྱས་སོ། །འགའ་ཞིག་འདི་སྐད་དུ། མིག་མེའི་རང་བཞིན་ཡིན་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལས་འབྱུང་ཞིང་ཡང་དེ་ཉིད་དུ་ཐིམ་པར་འགྱུར་རོ། །དེ་བཞིན་དུ་གཞན་ཡང་རིག་པར་བྱ་སྟེ།


DTG210_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པའི་དུས་ཀྱི་མིག་ནི་ད་ལྟར་བྱུང་བའི་དུས་སུ་འགྱུར་ཞིང༌། ད་ལྟར་བྱུང་བ་ལས་འདས་པར་འགྱུར་ཏེ། དེའི་ཕྱིར་གཞན་གྱི་དངོས་པོ་གཞན་རྟོགས་པའི་ཕྱིར་གཞན་ལ་ཡང་ཞུགས་པའི་རང་བཞིན་ལས་མིག་འབྱུང་ཞིང་ཡང་དེ་ཉིད་དུ་ཐིམ་མོ་ཞེས་ཟེར་རོ། །དེ་དགག་པའི་ཕྱིར་མིག་ནི་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག་པ་ན་གང་དུ་ཡང་སོགས་པར་མི་འགྱུར་རོ་ཞེས་སྨོས་སོ། །རང་གི་ལུགས་བསྟན་པའི་ཕྱིར། དེ་ལྟ་བས་ན་དགེ་སློང་དག་མིག་ནི་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་སླར་འཇིག་པར་འགྱུར་རོ་ཞེས་གསུངས་ཏེ། ཟིན་པའི་རང་བཞིན་ཡོངས་སུ་བཏང་ནས་ཞེས་བྱ་བ་དེ་ལྟར་མདོའི་དོན་རྣམ་པར་གཞག་གོ །སློབ་དཔོན་འདུས་བཟང་ན་རེ། གཞན་དུ་བརྗོད་པ་མ་བྱུང་བ་ལས་བྱུང་ཞེས་བྱ་བ་ནི། མ་བྱུང་བ་དང་འགའ་ཞིག་ཏུ་སོགས་པ་ནི་རང་གི་རྒྱུ་དང་རྐྱེན་རྣམས་ལས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ནི་ལུས་ཀྱི་དཀྱིལ་རྒྱུར་འདོད་པས་དེའི་ཕྱིར་མ་བྱུང་བ་ནི་རྒྱུ་ལ་བརྗོད་དེ། དེའི་རྒྱུ་ཅན་གཞན་ཉིད་ལས་དེ་སྐྱེའོ་ཞེས་བྱའོ། །མ་བྱུང་བ་ལས་བྱུང་བ་ནི། གནས་སྐབས་སྔ་མ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །བྱུང་ནས་ཀྱང་འཇིག་ཅེས་བྱ་བ་ནི་སྔ་མ་བཞིན་དུ་འབྲས་བུ་འཕངས་པ་བྱ་བ་མེད་པའི་གནས་སྐབས་ཐོབ་པོ་ཞེས་བྱ་བར་བསམས་པའོ་ཞེས་ཟེར་རོ། །འདི་དག་ཀྱང་མདོའི་དོན་བསྟན་པ་མཐའ་དག་གི་དོན་དང་འགལ་བའི་ཕྱིར་དང་རིག་པ་དང་འགལ་བའི་ཕྱིར་མི་འཐད་དོ། །གང་བཤད་པ། བྱུང་བ་ལས་མ་བྱུང་ཞེས་མ་བཤད་པའི་ཕྱིར་འདིའི་དོན་རྟོགས་སོ་ཞེ་ན། འདི་ཡང་མི་རིགས་ཏེ། འདིར་དངོས་པོ་རྣམས་ཀྱི་མ་བྱུང་བ་ནི་རང་བཞིན་སྒྲུབ་པ་དང་ཟིན་པའི་རང་བཞིན་ཡོངས་སུ་བཏང་བར་འཆད་པར་འདོད་པས་དེ་ཉིད་ཀྱི་ཕྱིར་དེ་ལྟར་བཤད་དོ། །རེ་ཞིག་འདིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ནི་ཡུལ་ད་ལྟར་བ་ཡིན་པའི་ཕྱིར་རྟེན་ལྟར་དམིགས་པ་ཡང་སྐྱེད་པར་བྱེད་པ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་ཉེ་བར་བཀོད་དོ། །ཡིད་ད་ལྟར་བ་ཁོ་ན་དེའི་རྐྱེན་ཉིད་དུ་གནས་པས་སྐྱེད་པར་བྱེད་པའི་རྐྱེན་ཡིན་པ་ལྟར་ཆོས་རྣམས་ཀྱང་དེ་དང་འདྲའམ་ཞེ་ན། དེ་ལྟ་ན་འདས་པ་དང་


DTG210_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ་རྫས་སུ་ཡོད་པར་འགྲུབ་པོ། །དེ་ལྟར་འདས་པ་དང་མ་འོངས་པ་རྫས་སུ་ཡོད་ན་དེ་ལ་དམིགས་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར། རྫས་ཉིད་བསྐྱེད་པ་པོར་འདོད་དོ། །འོན་ཏེ་རྫས་མ་ཡིན་གྱི་དམིགས་པ་ཙམ་ཡིན་ན། སྐྱེད་པར་བྱེད་པའི་རྐྱེན་མ་ཡིན་ནོ། །དེ་ལྟར་འདས་པ་དང་མ་འོངས་པ་རྫས་ཀྱི་སྒོ་ནས་ཡོད་པ་མ་ཡིན་པ་ཉིད་ཀྱང་དམིགས་པའི་དངོས་པོར་མི་འགལ་ལོ། །བསྐལ་པ་སྟོང་ན་འབྱུང་བ་ཞེས་བྱ་བ་ནི་མ་འོངས་པ་ཉེ་བ་ཡང་སྐྱེད་པར་བྱེད་པའི་རྐྱེན་དུ་མི་འདོད་ན། ཤིན་ཏུ་བསྐལ་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དགོངས་ཏེ། འབྲས་བུ་སྔ་ལ་རྒྱུ་ཕྱིའོ་སྙམ་དུ་རྟོག་པ་ནི་རིག་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་མེད་པ་ཇི་ལྟར་དམིགས་པ་ཡིན་ཞེ་ན། སྐྱེད་པར་བྱེད་པ་མ་འོངས་པའི་རྫས་ཀྱི་སྒོ་ནས་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དམིགས་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་པ་ནི་ཉེ་བར་མ་བཤད་པས་དམིགས་པའི་དངོས་པོར་མི་རུང་ངོ༌། །གཟུགས་འདས་པ་དང་མ་འོངས་པ་ཞེས་བྱ་བ་ནི་གཟུགས་འདས་པ་དང་མ་འོངས་པ་མ་ཡིན་པ་མེད་པའོ། །ད་ནི་འདིར་ཇི་ལྟར་དམིགས་པ་ཞེས་རྒྱས་པར་འབྱུང་བ་ལ། ཁོ་བོ་ཅག་གིས་དེའི་དམིགས་པ་སྨྲས་པ་ཇི་ལྟ་བ་དེ་ལྟར་མེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཁྱེད་ཅག་རྣམས་ཀྱིས་རྫས་ཀྱི་སྒོ་ནས་བཏགས་པ་ཇི་ལྟ་བ་དེ་ལྟར་མེད་ཅེས་བྱའོ། །བྱུང་ཞེས་བྱ་བ་ནི་འདས་པ་ལ་དམིགས་པ་ཡིན་ནོ། །དེ་བཞིན་དུ་དེ་ཡོད་པ་ཉིད་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མ་འོངས་པ་ལ་དམིགས་པ་ཡིན་ནོ། །དེ་ཡང་དེ་བཞིན་དུ་ཡོད་པ་ཉིད་ཡིན་ན། ཅི་ལྟར་ཡང་འདི་ཤེས་པར་བྱ་ཞེ་ན། བྱུང་བ་དང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་དམིགས་པར་བྱེད་དོ། །ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདས་པའི་གཟུགས་སམ་ཚོར་བ་ཞེས་བྱ་བ་རྒྱས་པར་གསུངས་ཏེ། ཡང་ཇི་ལྟར་ད་ལྟར་གྱི་གཟུགས་ཉམས་སུ་མྱོང་བ་ནི་མིག་གིས་སོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་རྣམ་པར་ཤེས་པ་རྣམས་ཀྱིས་དེ་ལྟར་འདས་པ་དྲན་ནོ། །དེ་ཉིད་དུ་ཉེ་བར་བསགས་པ་ལས་གཞན་དེ་ནི་ཇི་ལྟར་ཉམས་སུ་མྱོང་བ་དེ་ཉིད་ཀྱིས་བདག་ཉིད་འདས་སོ་ཞེས་བྱ་བ་དང་བྱུང་བར་གྱུར་ཏོ་ཞེས་འཛིན་ནོ། །ཉམས་སུ་མྱོང་བ་དང་མཐུན་པར་དྲན་པར་བྱེད་


DTG210_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལྟ་བུ་ནི་སངས་རྒྱས་རྣམས་ཀྱིས་མཁྱེན་ཏོ་ཞེས་བྱ་བ་ནི། ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གཞན་དང་གཞན་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་མཁྱེན་ཏོ། །གལ་ཏེ་ཡང་འདས་པ་དང་མ་འོངས་པ་དེ་དེ་བཞིན་དུ་ཡོད་དོ་ཞེ་ན། ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་འབྱུང་བར་འགྱུར་བས་ད་ལྟར་བྱུང་བར་འགྱུར་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་མེད་དོ་ཞེ་ན། ཇི་ལྟར་ཉམས་སུ་མྱོང་བ་ཇི་ལྟར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཡོད་པས་ཟིན་པའི་གཟུགས་ཀྱི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་འདས་པ་དང་མ་འོངས་པའི་གཟུགས་ཡོད་པ་མ་ཡིན་པས། དེ་ལྟར་ན་མེད་པ་ཡང་དམིགས་པ་ཡིན་ནོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། རྫས་དང་བཏགས་པ་ཉེ་བར་ལེན་པའི་ཡུལ་ཉིད་ཤེས་པ་ནི་ཡུལ་མེད་པ་མ་ཡིན་ཏེ། མེད་པ་གཉིས་སྨོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་སྦྲེལ་བར་སྨྲས་སོ། །འདས་པ་དང་མ་འོངས་པ་ཡང་དམིགས་ཞེས་བྱ་བ་ནི། གཉི་ག་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རྐྱེན་ཏེ། ཡིད་ནི་རྟེན་གྱི་ངོ་བོ་དང་ཆོས་ནི་དམིགས་པའི་ངོ་བོ་ཡིན་ཏེ། ཇི་ལྟར་རྟེན་མེད་པར་ཡང་སྐྱེ་བ་མི་འཐད་པར་དེ་བཞིན་དུ་དམིགས་པ་མེད་པར་ཡང་སྟེ་བྱ་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཐམས་ཅད་ཉིད་ལ་དམིགས་པ་ཙམ་གྱིས་འགའ་ཞིག་ཏུ་ཅུང་ཟད་སྐྱེད་པར་བྱེད་པ་ཙམ་གྱི་སྒྲ་སྨོས་པ་དོན་མེད་དོ། །ཤེས་བྱའི་ཐིབས་པོ་རྣམས་ལ་འཇིག་རྟེན་པའི་ཚད་མ་ནི་ཤིན་ཏུ་རྣམ་པར་དག་པའི་བློ་མ་ཡིན་པའི་ཕྱིར་དེ་དག་ཉམས་སུ་མྱོང་བ་ཉིད་དང་དྲན་པས་ཇི་ལྟར་དུས་རྣམ་པར་འབྱེད་པར་བྱེད། འདི་ནི་འདི་ལྟར་གང་ཉམས་སུ་མྱོང་བ་མ་འོངས་པ་ནི་ཡུལ་ཅན་དུ་མི་འགྱུར་ལ། བློ་རྣམ་པར་དག་པའི་ཡུལ་ནི་འགྱུར་རོ། །དེའི་རྣམ་པ་གཞན་ཉིད་ཀྱིས་འདས་པ་དང་མ་འོངས་པ་ལ་དམིགས་སོ། །རྣམ་པ་གཞན་དུ་དེ་ཡོད་པ་ཉིད་ཀྱིས་སྔ་ནས་མེད་པ་དང་ཞིག་ནས་མེད་པ་དག་བརྟགས་པར་ཡོད་པ་སྟེ། དེའི་ངོ་བོ་དངོས་པོ་ལ་མ་བལྟོས་པར་བརྟགས་པ་སྟེ།


DTG210_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་གཉིས་ཀྱི་ཁོངས་སུ་འདུས་པར་གྲུབ་པོ། །དེ་བས་ན་འདས་པ་དང་མ་འོངས་པ་ལ་དམིགས་སོ་ཞེས་བྱ་བ་འདི་ནི་མ་འབྲེལ་པའོ། །གལ་ཏེ་མ་འོངས་པའི་ཆོས་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ཡིན་བཞིན་དུ་སྐྱེད་པར་བྱེད་པར་འདོད་པ་དེ་ལྟ་ན། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་མ་གཟུང་བ་ཁོ་ནར་འབྲས་བུ་འབྱིན་པར་འགྱུར་རོ། །རྣམ་པར་ཤེས་པ་མ་སྐྱེས་པ་ཡང་མ་འོངས་པའི་ཆོས་ཀྱི་བདག་པོའི་འབྲས་བུ་རུང་གི་སྐྱེས་བུ་བྱེད་པ་ནི་མ་ཡིན་ནོ། །བདག་པོའི་འབྲས་བུ་ནི། སྔར་བྱུང་ལས་གཞན་འདུས་བྱས་ཆོས། །འདུས་བྱས་ཀྱི་ནི་བདག་པོའི་འབྲས་བུ་ཞེས་བཤད་པའི་ཕྱིར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ཡང་རྒྱུ་ལས་སྔར་སྐྱེས་པ་ཉིད་དུ་མི་འདོད་དོ། །དེའི་ཕྱིར་མ་འོངས་པའི་ཆོས་ཀྱིས་ད་ལྟར་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ནི་རང་གི་གྲུབ་པའི་མཐའ་ལ་གནོད་པས། སྐྱེད་པར་བྱེད་པ་མ་ཡིན་ལ་བསྐྱེད་པར་བྱ་བ་ཡང་མི་འགྱུར་རོ་ཞེས་རིགས་སོ། །དམིགས་པ་ཙམ་ཁས་བླངས་པ་ལ་ནི་གྲུབ་པའི་མཐའ་དང་འགལ་བ་ཡོད་པ་མ་ཡིན་ནོ། །ཆོས་ཐམས་ཅད་བྱེད་པ་མེད་པ་ཡིན་པས་འདིས་བྱ་བ་གང་ཅི་ཡང་རུང་བ་དགག་པ་ནི་རྒྱུའི་ངོ་བོ་དགག་པ་མ་ཡིན་ནོ། །གལ་ཏེ་འདས་པ་དང་མ་འོངས་པ་རྣམས་གཞན་དུ་དམིགས་ཤིང་གཞན་དུ་ཡོད་པ་ཉིད་ན། ད་ལྟར་བྱུང་བ་ཁོ་ནར་འགྱུར་ཏེ། བྱུང་བ་དང་འབྱུང་བར་འགྱུར་བ་འགའ་ཡང་མེད་དོ། །དེའི་ཕྱིར་རྣམ་པ་གཞན་དུ་ཤེས་པ་འབྱུང་བར་འགྱུར་རོ་ཞེས་ཁས་བླངས་སོ། །དེ་ཉིད་སིལ་བུ་ཡིན་ནོ་ཞེ་ན། གང་ད་ལྟར་བྱུང་བ་དེ་ཉིད་སིལ་བུ་སྟེ། འདས་པ་དང་མ་འོངས་པ་དག་ནི་མ་ཡིན་ཏེ་སིལ་བུ་མི་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་སིལ་བུར་གྱུར་པས་སིལ་བུ་ཉིད་འཛིན་ཅིང་ད་ལྟར་བྱུང་བ་ཉམས་སུ་མྱོང་བས་དྲན་པ་མ་ཡིན་ནམ་ཞེ་ན། བྱུང་བ་ཞེས་བྱ་བ་ལ། དཔེར་ན་ད་ལྟར་བྱུང་བའི་གནས་སྐབས་ཀྱི་ཚོགས་པ་ནི་སིལ་བུ་ཡིན་ལ། ཚོགས་པའི་གནས་སྐབས་ལ་མ་བལྟོས་པར་སིལ་བུ་འཛིན་པ་ཉིད་བཞིན་ནོ། །གལ་ཏེ་དེ་ཡང་དེ་འདས་པ་དང་མ་འོངས་པ་


DTG210_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་ད་ལྟར་བྱུང་བའི་ངོ་བོ་དེ་ནི་རྡུལ་ཕྲ་རབ་གྱིས་པ་ལས་འདས་པ་དང་མ་འོངས་པར་བརྗོད་པར་ཟད་ཀྱི་ཆོས་གང་ཡང་སྐྱེ་བའམ་འགགས་པ་མེད་དོ་ཞེ་ན། དེ་ལྟ་ཡིན་ན་རྡུལ་ཕྲ་རབ་རྣམས་རྟག་པར་འགྱུར་ཏེ། དུས་གསུམ་དུ་ཡང་རྣམ་པར་འགྱུར་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བསགས་པ་དང་གྱེས་པ་ཙམ་ལས་འགྱུར་བ་རྗེས་སུ་འཇུག་པས་གང་ད་ལྟར་བྱུང་བའི་གནས་སྐབས་ན་རྡུལ་ཕྲ་རབ་བསགས་པ་དང་གྱེས་པ་ཙམ་འདས་པ་དང་མ་འོངས་པར་འགྱུར་རོ། །དེ་ལྟ་ན་རྟག་ཏུ་རྡུལ་ཕྲ་རབ་བསགས་པ་དང་གྱེས་པ་ཙམ་འདི་འདས་པ་དང་མ་འོངས་པར་འགྱུར་རོ། །རྡུལ་ཕྲ་རབ་བསགས་པ་ཙམ་ཁོ་ན་ལ་ད་ལྟར་བྱུང་བ་ཞེས་བྱའི་འགའ་ཡང་སྐྱེ་བ་མེད་དོ། །དེ་གྱེས་པ་ཙམ་ལ་འདས་པ་ཞེས་བྱའི་འགའ་ཡང་སྐྱེ་བ་མེད་དོ། །དེ་ལྟར་ན་འཚོ་བྱེད་ཀྱི་རྩོད་པ་བླངས་པ་ཡིན་ཏེ་དེ་དག་ནི་འདི་ལྟར་སྨྲ་སྟེའོ། །མདོ་ཡང་བོར་བར་འགྱུར་རོ་ཞེས་བྱ་བ་ནི་འགལ་བར་བྱས་པ་ཡིན་ནོ། །ཇི་ལྟར་འགལ་བར་བྱས་ཤེ་ན། མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་མ་འོངས་པའི་དུས་ན་སིལ་བུ་དང་ད་ལྟར་བྱུང་བའི་དུས་ན་བསགས་པ་ཡིན་ནོ་ཞེས་བྱ་བ་འདིས་ནི། མིག་ནི་སྐྱེ་བ་ན་གང་ནས་ཀྱང་མི་འོངས་ཞེས་བྱ་བ་འདི་དང་འགལ་བར་བྱས་པ་ཡིན་ནོ། །དེ་བཞིན་དུ་མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་བསགས་པ་དང་གྱེས་པ་ཙམ་དུ་ཁས་བླངས་པས་འགགས་པ་ན་གང་དུ་ཡང་སོགས་པར་མི་འགྱུར་རོ་ཞེས་བྱ་བ་དེ་དང་འགལ་བར་བྱས་པ་ཡིན་ནོ། །འགགས་པ་མེད་པའི་ཕྱིར་ཞེས་བྱ་བས་མིག་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་ཅེས་བྱ་བ་འདི་དང་འགལ་བར་བྱས་པ་ཡིན་ཏེ། མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་རྟག་པའི་ཕྱིར་དང་བསགས་པ་དེ་རྣམས་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་རྣམས་ཀྱང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་ཀྱིས་བསགས་པ་མ་ཡིན་པ་རྣམས་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་སིལ་བུ་ཉིད་ཡིན་ཞེ་ན། ཡུལ་ན་མི་གནས་པའི་ཕྱིར་སིལ་བུ་ཉིད་དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བར་དགོངས་པའོ། །དེ་དག་ཀྱང་ཞེས་བྱ་བ་


DTG210_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚོར་བ་ལ་སོགས་པ་རྣམས་སོ། །སྐྱེ་མཆེད་བཅུ་གསུམ་པ་ཡང་དམིགས་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཡོད་པ་དེ་བཞིན་དུ་སྐྱེ་མཆེད་བཅུ་གསུམ་པ་ཡོད་པ་མ་ཡིན་པས་འདས་པ་དང་མ་འོངས་པ་བཞིན་དུ་དེ་ཡང་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་དམིགས་པ་ཡོད་པ་མ་ཡིན་པའི་རྣམ་པར་ཤེས་པ་མེད་དེ་ཞེས་བྱ་བར་ངེས་སོ། །འོན་ཏེ་སྐྱེ་མཆེད་བཅུ་གསུམ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་མཆེད་བཅུ་གསུམ་པ་མེད་དོ་སྙམ་པའི་ཤེས་པ་འདིའི་དམིགས་པ་དངོས་པོར་མི་རུང་སྟེ། སྐྱེ་མཆེད་བཅུ་གསུམ་པ་མིག་ལ་སོགས་པས་བལྟར་མེད་པའི་ཕྱིར་རོ། །དེའི་ཕྱིར་མེད་པ་ལས་ཐ་དད་པ་འདིའི་དམིགས་པ་ཅི་ཞིག་ཡིན་ཞེས་བརྗོད་པར་བྱའོ། །མིང་དེ་ཉིད་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དོན་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། འདིར་ཡོད་པ་མ་ཡིན་ཞེས་བྱ་བ་འདི་མངོན་པར་བརྗོད་པའི་རྣམ་གྲངས་ཡོད་པས་འདི་མངོན་པར་བརྗོད་པ་དེའི་ཕྱིར་ཡོད་པ་མ་ཡིན་པ་ཞེས་བྱ་བ་འདི་བཤད་པ་དེའི་རྣམ་གྲངས་ཀྱང་བརྗོད་པའི་བློ་སྐྱེའོ་ཞེས་ཟེར་རོ། །མེད་པ་ཉིད་ཡིན་ན་དེ་ལྟ་ན་ནི་འོ་ན་མིང་ཉིད་མེད་དོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །དེ་དོན་མེད་དེ་མིང་ཡང་རྣ་བའི་རྣམ་པར་ཤེས་པའི་ཉམས་སུ་མྱོང་བ་ཉིད་མེད་པས་ཅི་ལྟར་རྟོག་པར་འགྱུར། སློབ་དཔོན་འདུས་བཟང་ན་རེ། དེ་ལ་ངེས་པ་མེད་དོ་སྙམ་པའི་བློ་སྐྱེ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཡོད་དོ་སྙམ་པའི་བློ་སྐྱེས་པས་དེའི་དངོས་པོ་དགག་པའི་ཡུལ་རྣམས་དངོས་པོའི་ཡུལ་ཅན་ཏེ་དངོས་པོ་དགག་པའོ། །མེད་ཅེས་བརྗོད་པ་དེའི་ཕྱིར་བརྗོད་པའི་ཡུལ་གྱི་བློའོ། །གང་ལ་ཡུལ་མེད་པར་འབྱུང་བར་འོས་པ་མ་ཡིན་པས་དགག་པའི་དོན་ཏོ། །དེ་ལ་དོན་རྗོད་པར་བྱེད་པ་དང་བློ་ནི་དཔེར་ན་བྲམ་ཟེ་རྟག་གོ་ཞེས་གང་བརྗོད་པ་བརྗོད་བྱ་མ་ཡིན་པ་ཇི་ལྟ་བར་ཡོད་པ་མ་ཡིན་ནོ། །དེ་ལ་དོན་མེད་པའི་ཕྱིར་ཡོད་པ་མ་ཡིན་ཞེས་རྗོད་པར་བྱེད་པ་ཉིད་ཀྱི་བློ་ལས། གལ་ཏེ་མེད་པ་བརྗོད་བྱར་གྱུར་ན་སྒྲ་གང་ཡང་རུང་བ་དོན་མེད་པ་ཅན་དུ་འགྱུར་རོ། །གལ་


DTG210_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དངོས་པོ་དགག་པའི་ཡུལ་ཡོད་པ་མ་ཡིན་པའི་བློ་ལས་མིང་གི་ཡུལ་དུ་མི་འགྱུར་རོ། །ཡང་ན་མིང་མེད་པའི་རང་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དངོས་པོ་དགག་པའི་ཡུལ་ཡང་དངོས་པོ་ཉིད་དུ་དམིགས་ན། བྲམ་ཟེ་ལ་སོགས་པ་དགག་པའི་ཡུལ་ཡང་བྲམ་ཟེ་ཉིད་དུ་དམིགས་པར་ཐལ་བར་འགྱུར་རོ། །གང་བཤད་པ་དངོས་པོ་དགག་པ་མེད་པར་བཤད་པས་འདིར་དངོས་པོ་མེད་པའི་རང་བཞིན་གྱི་ཕྱིར་རམ་བརྗོད་བྱ་མ་ཡིན་པའི་ཕྱིར་དངོས་པོ་དགག་པ་བརྗོད་པར་བརྟག་ཅེ་ན། གཉི་ག་ལྟར་ཡང་སྐྱེ་བ་མེད་དེ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་དངོས་པོའི་སྒྲ་ནི་ཡོད་པའི་སྒྲར་བརྗོད་དོ་ཞེ་ན་དེ་ལྟ་ན་ཡང་མི་རིགས་ཏེ། འདིར་ཡོད་པ་མ་ཡིན་ཞེས་བྱ་བའི་སྒྲའི་ངོ་བོས་འཆད་པར་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེ་མཆེད་བཅུ་གསུམ་པའི་སྒྲའི་དོན་ནོ། །བྲམ་ཟེ་མ་ཡིན་ཞེས་བྱ་བས་ཀྱང་བྲམ་ཟེ་དང་འདྲ་བར་གཞན་རྟོགས་ཏེ། གཞན་ཐམས་ཅད་མ་ཡིན་པ་ཉིད་ཅེས་བྱ་བ་འདིར་བྲམ་ཟེ་མ་ཡིན་པ་ཞེས་བྱ་བ་སྟེ། སྒྲ་ལ་ཤེས་པ་ཡོད་པ་མ་ཡིན་ནོ། །སྐྱེ་མཆེད་བཅུ་གསུམ་པ་ཡོད་པ་མ་ཡིན་ཞེས་བྱ་བ་འདིར་ཡང་སྐྱེ་མཆེད་བཅུ་གསུམ་པའི་སྒྲའི་དོན་ཉིད་ཡོད་པ་མ་ཡིན་པར་སྒྲུབ་པར་བྱེད་དོ། །མེད་པའི་སྒྲའི་རང་བཞིན་གང་ཡིན་པ་འདི་གཉིས་བརྗོད་བྱར་འདོད་པས་དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་བརྗོད་པར་བྱེད་པའི་སྒྲ་དོན་མེད་པ་ཅན་དུ་འདོད་དོ། །གང་བཤད་པ་དངོས་པོ་ཅི་ཡང་མེད་པ་ནི་ཤེས་བྱ་མ་ཡིན་ཞིང་བརྗོད་བྱ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་བུམ་པ་དང་སྣམ་བུ་ལ་སོགས་པ་ཡང་ཤེས་བྱ་མ་ཡིན་པ་དང་བརྗོད་བྱ་མ་ཡིན་པར་ཐལ་བར་འགྱུར་རོ། །དངོས་པོ་ཅི་ཡང་མེད་པ་དག་ཀྱང་སྔ་ན་མེད་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་ནི་མི་འགལ་ཏེ། བལྟོས་པས་ཐ་དད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ། །སྒྲའི་སྔ་ན་མེད་པ་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་མ་སྐྱེས་པ་ལ་དམིགས་པའོ། །དེ་ལ་དམིགས་པ་ཅི་ཞེ་ན། སྐྱེ་བ་དགག་པ་མ་གཏོགས་པ་གཞན་མ་ཡིན་པས་སྒྲའི་མ་སྐྱེས་པ་ཡོད་དོ་ཞེས་དགོངས་པའོ། །བྱེ་བྲག་ཏུ་སྨྲ་བ་


DTG210_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སྒྲ་ཁོ་ནའོ་ཞེས་ཟེར་རོ། །དུས་གསུམ་དུ་ཡང་སྒྲའི་རང་བཞིན་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཞེས་རྒྱས་པར་འབྱུང་བ་ལ། གལ་ཏེ་གང་ཞིག་སྒྲའི་སྔ་ན་མེད་པ་ལ་དམིགས་ན་དེས་སྒྲ་ཁོ་ན་དམིགས་པས་དགག་པ་ཙམ་ཐོབ་ཀྱི་གཞན་མ་ཡིན་ནོ། །དེ་ལྟ་ཡིན་ན་གང་ཞིག་སྒྲ་མེད་པ་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་འགྱུར་རོ། །དེས་སྒྲ་དོན་དུ་གཉེར་བར་འགྱུར་གྱི་སྒྲ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་མ་འོངས་པའི་གནས་སྐབས་ཡིན་ནོ་ཞེ་ན་ནི། མ་སྐྱེས་པའི་གནས་སྐབས་ཞེས་བྱ་བ་སྒྲ་ཁོ་ནའི་སྒྲ་སྔ་ན་མེད་པའོ། །གང་ཞིག་སྒྲ་མེད་པ་དོན་དུ་གཉེར་བ་ནི་མ་སྐྱེས་པའི་གནས་སྐབས་ཀྱི་སྒྲ་དེ་ཉིད་དོན་དུ་གཉེར་བ་ཡིན་ལ་དེའི་བྱ་བ་འབྱུང་བ་མ་ཡིན་ནོ། །ཡོད་ན་ཇི་ལྟར་མེད་པའི་བློར་འགྱུར་ཞེས་བྱ་བ་ནི། སྔར་སྐྱེས་པའི་སྒྲ་མེད་པ་སྟེ་ད་ལྟར་བའི་སྒྲ་བཟུང་ནས་མེད་དོ་སྙམ་པའི་བློ་འབྱུང་བ་མ་ཡིན་ནོ། །ད་ལྟར་བྱུང་བ་མེད་དོ་ཞེས་བྱ་བ་ལ་འདི་ད་ལྟར་བྱུང་བ་མེད་དོ་སྙམ་པའི་དེ་ལྟ་བུར་དེ་ལ་མེད་དོ་སྙམ་པའི་བློ་འཇུག་གི །ཡང་མེད་པ་ལ་དམིགས་པ་མ་ཡིན་ནོ། །གཅིག་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་ཁོ་ན་མ་འོངས་པ་དེ་ཉིད་ད་ལྟར་བྱུང་བ་ཡིན་ན། ཅི་ལྟར་ད་ལྟར་བྱུང་བ་མེད་ཅེས་བྱ་བ་དང་ད་ལྟར་བྱུང་ཡང་མ་འོངས་པ་མེད་པས་དེ་ལ་ཡང་མེད་པའི་བློ་ཡོད་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཡང་ན་བྱེ་བྲག་གང་ཡིན་ཞེས་བྱ་བ་ནི། ད་ལྟར་བྱུང་བའི་གནས་སྐབས་ན་གང་མེད་པ་དེ་ནི་ད་ལྟར་བྱུང་བ་ལ་མེད་པ་ཞེས་བྱའོ། །དེ་མ་བྱུང་བ་ལས་བྱུང་བར་གྲུབ་སྟེ་ཞེས་བྱ་བ་ནི། མ་འོངས་པའི་གནས་སྐབས་སུ་མ་བྱུང་བ་ལས་ད་ལྟར་བྱུང་བའི་གནས་སྐབས་སུ་བྱུང་བའི་ཕྱིར་རོ། །ཡོད་པ་དང་མེད་པ་གཉི་ག་ཞེས་བྱ་བ་ལ་ད་ལྟར་བྱུང་བའི་གནས་སྐབས་ན་ནི་ཡོད་པ་དམིགས་པ་ཡིན་ལ་མ་འོངས་པའི་གནས་སྐབས་ན་ནི་མེད་པ་དམིགས་པ་ཡིན་ནོ། །གལ་ཏེ་མེད་པ་དམིགས་པ་ཡིན་ན་འོ་ན་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ་ཇི་ལྟར་དྲང༌། གང་འཇིག་རྟེན་ན་མེད་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལས་ནི་དེའི་དམིགས་པ་མེད་པ་ཉིད་ཡིན་པ་


DTG210_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་གཞན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་མདོའི་དགོངས་པ་ནི་ཏིང་ངེ་འཛིན་ཡོངས་སུ་མ་དག་པ་རྣམས་སྣང་བ་མེད་བཞིན་དུ་སྟེ། སྦྱོར་བའི་གནས་སྐབས་ན་ལྷའི་མིག་གི་སྣང་བ་མེད་བཞིན་དུ་ཡོད་པར་ལྟའི་བདག་ནི་ལྷའི་མིག་གི་སྣང་བ་གསལ་བའི་ངོ་བོར་ཡོད་པ་ཁོ་ན་ཡོད་པར་ལྟའི་ཞེས་བྱ་བ་འདི་ཡིན་ནོ། །རྟོག་པར་ཡང་ག་ལ་འགྱུར་ཞེས་བྱ་བ་ནི་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་སྟེ། བློ་རྣམས་ཡོད་པ་དང་མེད་པའི་ཡུལ་ཅན་ཉིད་ཡིན་ན་ནི། གཉིས་ཀ་ལ་ལྟ་བའི་དགོས་པ་གྲུབ་ཀྱི། ཡོད་པའི་ཡུལ་ཅན་ཉིད་ཡིན་ན་མི་གྲུབ་བོ། །ཡང་ན་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ལ། གལ་ཏེ་དེ་དག་ཀྱང་ཡོད་པའི་སྣང་བ་ཁོ་ན་ལྟའི་མེད་པ་མ་ཡིན་ན་ནི་གཞན་དག་ལས་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་ཅི་ཞིག་ཡོད་འདི་ཡོད་པ་དང་མེད་པ་གཉིས་བློའི་ཡུལ་ཡིན་པ་ཉིད་ལ་དཔེར་བརྗོད་པ་ནི་ཡོད་པ་ལ་ཡང་ཡོད་པར་ཤེས་ལ། མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ནི་ཡོད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་གཏན་ཚིགས་སུ་མི་རུང་ངོ༌། །སློབ་དཔོན་འདུས་བཟང་ན་རེ། བློ་སྐྱེ་བའི་རྒྱུ་ཡོད་པ་དེ་ཡང་རྣམ་པ་གཉིས་ཏེ། རྫས་སུ་ཡོད་པ་དང་བཏགས་པར་ཡོད་པའོ། །གང་ལ་བལྟོས་པ་མེད་པར་བློ་སྐྱེ་བ་དེ་ནི་རྫས་སུ་ཡོད་པའོ། །གང་ལ་བལྟོས་པས་བློ་སྐྱེ་བ་དེ་ནི་བཏགས་པར་ཡོད་པའོ། །རྫས་སུ་ཡོད་པ་ཡང་རྣམ་པ་གཉིས་ཏེ། བྱ་བའི་ཁྱད་པར་དང༌། དངོས་པོ་ཙམ་མོ། །བཏགས་པར་ཡོད་པ་དེ་ཡང་རྣམ་པ་གཉིས་ཏེ་རྫས་ཉེ་བར་ལེན་པ་དང༌། བཏགས་པ་ཉེ་བར་ལེན་པའོ། །གལ་ཏེ་བཏགས་པར་ཡོད་པའི་ཡུལ་ལ་ཡང་རྣམ་པར་ཤེས་པ་དངོས་པོ་མ་ཡིན་པ་དམིགས་ན། བཏགས་པར་ཡོད་པའི་དངོས་པོ་གཟུགས་ལ་སོགས་པ་དང་འདྲ་བར་རང་བཞིན་མེད་པའི་ཕྱིར་དེ་ཉེ་བར་ལེན་པ་ལ་དམིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་རྣམ་པར་ཤེས་པ་ལ་བཏགས་པར་ཡོད་པའི་དམིགས་པ་མེད་པ་ཉིད་ཡིན་ན། དེ་ཉེ་བར་ལེན་པ་རྫས་སུ་ཡོད་པའི་ཕྱིར། རྣམ་པར་ཤེས་པ་ལ་བུམ་པ་དང་སྣམ་བུ་ལ་སོགས་པའི་


DTG210_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཟུགས་ལ་སོགས་པ་ཡུལ་དུ་མི་རུང་ངོ༌། །གཟུགས་ལ་སོགས་པ་དེའི་རྣམ་པ་མ་ཡིན་པའི་ཕྱིར་དེའི་རྣམ་པ་སོ་སོ་བ་ཉིད་ཀྱང་དེའི་རྣམ་པར་གཟུགས་ལ་སོགས་པར་ཐལ་བ་མ་ཡིན་ནོ། །རྒྱུ་ཙམ་ཉིད་ཀྱིས་ཡུལ་དམིགས་པར་ཐལ་བ་མ་ཡིན་ཏེ། རྐྱེན་ཐམས་ཅད་དམིགས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་རང་དང་མཐུན་པའི་ཤེས་པ་སྐྱེད་པ་ནི་རྒྱུ་ཡིན་ལ། དེ་ཉིད་དམིགས་པ་ནི་རྒྱུ་རྐྱེན་ཡིན་ནོ། །དེ་ལྟར་མ་ཡིན་པར་གལ་ཏེ་སྣང་བ་མེད་པའི་ཤེས་པའི་དམིགས་པ་རྣམ་པ་གཞན་ཡིན་པར་འདོད་པ་དེ་ལྟ་ན། ཧ་ཅང་ཐལ་བའི་ཕྱིར་བསྟན་པ་ཆེན་པོ་ལས་ཉེ་བར་འཁྱམ་པར་འགྱུར་རོ། །དེའི་ཕྱིར་གང་ཞིག་ཀ་བ་ལ་སྐྱེས་བུའི་རྣམ་པར་ཤེས་པ་དེ་ནི་ཀ་བ་ལ་དམིགས་པ་ལས་གཞན་མ་ཡིན་པའི་ཕྱིར་དང་དེར་ཡང་སྐྱེས་བུ་མེད་པའི་ཕྱིར་ཡུལ་མེད་པ་ཁོ་ན་ཡིན་ནོ། །དེ་སྔོན་དུ་འགྲོ་བའི་རྒྱུད་ཀྱི་ཁྱད་པར་ལས་ཞེས་བྱ་བའི་དོན་ནི། དེ་སྔོན་དུ་འགྲོ་བ་ནི་རྒྱུ་མཐུན་པའི་འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུད་ཡིན་ནོ། །ཁྱད་པར་སྨོས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུད་བསྟན་པའི་ཕྱིར་རོ། །བདག་ཏུ་སྨྲ་བ་དགག་པ་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ། ས་བོན་དང་འབྲས་བུ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་སོ། །གང་ཞིག་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པ་ནི་བཏགས་པར་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་འབྲས་བུ་ལའོ། །དེ་མེད་པར་དེ་ཡོད་པ་མེད་པའི་ཕྱིར་འབྲས་བུའི་ཡོད་པ་སྐྱེ་བར་བྱ་བ་ལ་རྒྱུའི་ནུས་པ་ཡིན་པས་སོ། །གལ་ཏེ་འབྲས་བུ་རྟག་ཏུ་ཡོད་ན་ནི་དེ་ལ་ལས་ཀྱི་ནུས་པ་མེད་དེ། དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་དོན་མེད་པར་ཐལ་བར་འགྱུར་བས་ཆེན་པོས་བསྟན་པ་ལས་ཉམས་སོ། །ཨཱ་ར་ཙི་ཏོ་བྷ་བ་ཏི། སྐྱེད་པར་ནུས་སོ་ཞེས་བྱ་བ་ལ། ཡང་འདི་སྐྱེད་པ་ཅི་གལ་ཏེ། འབྲས་བུ་ཡོད་པ་སྐྱེད་ཅེ་ན་མ་ཡིན་ཏེ། འོ་ན་མ་འོངས་པས་རྫས་སུ་ཡོད་པར་འགྱུར་རོ། །གལ་ཏེ་སྐྱེད་པ་དེ་ཡོད་པ་ཉིད་ལས་ཐ་དད་པའི་འགའ་ཞིག་ཁྱད་པར་འཛིན་ནོ་ཞེ་ན། འོ་ན་ནི་སྐྱེ་བ་མ་བྱུང་བ་ལས་བྱུང་བ་ཞེས་བྱ་བ་གྲུབ་


DTG210_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཁྱད་པར་དེ་སྔར་མེད་པའི་ཕྱིར་རོ། །འབྲས་བུ་ལས་གཞན་དུ་བརྗོད་པར་མི་བྱ་སྟེ། གལ་ཏེ་འདི་ལས་གཞན་པ་ལས་དང་འབྲས་བུའི་ནུས་པ་མེད་པས་དེའི་གནས་སྐབས་ཁོ་ན་སྐྱེད་ན། སྔ་ན་མེད་པའི་ཕྱིར་དང་ཕྱིས་ཀྱང་ཐམས་ཅད་ཡོད་པར་སྨྲ་བས་ཡོངས་སུ་བཏང་བས་དངོས་པོ་རེ་རེ་བ་གཞན་མ་ཡིན་པས་དེ་དག་ཀྱང་རྟག་པ་འམ་མི་རྟག་པར་ཐལ་བར་འགྱུར་རོ། །ཡང་ཆ་ཤས་ཀྱི་རྟག་པ་ཉིད་དུ་ཁས་ལེན་ན་གཞན་ཉིད་རྟག་ལ་གཞན་མི་རྟག་གོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །བཏགས་པར་ཡོད་པའི་ཕྱིར་དངོས་པོ་མེད་པ་ཉིད་སྐྱེ་བར་བརྗོད་པར་མི་བྱ་སྟེ། དེ་ལ་ལས་རྣམས་ཀྱི་ནུས་པ་མི་རིགས་སོ། །ཡང་ཐམས་ཅད་ཡོད་པ་ཁོ་ན་ཞེས་བྱ་བ་ནི་ལས་དེ་དང་འབྲས་བུ་སྐྱེ་བའོ། །ད་ནི་གང་ལ་ཞེས་བྱ་བ་སྟེ། སྐྱེ་བའམ་འབྲས་བུ་ལ་ལས་སམ་གཞན་ཡང་རུང་སྟེ་རྒྱུ་གང་ཞིག་ནུས་ཏེ། ཐམས་ཅད་ཀྱི་ཚེ་རྫས་སུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ལོ་རྩིས་པ་རྣམས་ཀྱི་རྩོད་པ་སྐད་དུ་ཞེས་བྱ་བ་ལ། འདི་ཉེ་བར་མི་དམིགས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །རྣམ་གྲངས་ཀྱིས་འགགས་པའི་རིགས་རྣམས་ཡོད་པ་དང་མེད་པར་ཁས་བླངས་པའི་ཕྱིར་ཡོད་པའོ། །འདས་པ་དང་མ་འོངས་པ་དང་འཇིག་པའི་ཆོས་ཅན་ཤེས་བྱའི་བདག་ཉིད་སྔར་སྐྱེས་པ་རྣམས་དང་ལྷན་ཅིག་སྤྱོད་པ་འབྲས་བུའི་བདག་ཉིད་ནི་མེད་པའོ། །ད་ལྟར་བྱུང་བའི་བདག་ཉིད་རབ་ཏུ་སྦྱོར་བ་ལ་མངོན་པར་འཇུག་པ་ནི་ད་ལྟར་བྱུང་བ་སྟེ། འདས་པ་དང་མ་འོངས་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ལྟར་ལོ་རྩིས་པ་རྣམས་ཀྱི་རྩོད་པ་སྐད་དུ་བྱུང་བ་དང་འབྱུང་བར་འགྱུར་བ་ཡོད་པའོ། །གལ་ཏེ་ཤེས་པའི་བདག་ཉིད་དུ་འདོད་ན། ལོ་རྩིས་པ་རྣམས་ཀྱི་རྩོད་པ་མེད་པ་བདེན་ནོ། །འོན་ཏེ་ཡང་ད་ལྟར་བྱུང་བ་བཞིན་རང་གི་ངོ་བོས་ཤེས་བྱའི་བདག་ཉིད་དུ་འདོད་ན། དེ་ལྟ་ན་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ཇི་ལྟར་ལོ་རྩིས་པ་རྣམས་ཀྱི་རྩོད་པར་ཐལ་བར་མི་འགྱུར། འོ་ན་ད་ལྟར་དུ་བྱེད་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་ལས་དང་འབྲས་བུ་ཡོད་བཞིན་དུའོ། །ཡུལ་གཞན་དུ་འདྲེན་པ་ཡིན་ནོ་ཞེས་བྱ་བ་ནི་མ་འོངས་པ་ཡུལ་ན་མི་གནས་པས་ཞེས་


DTG210_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་བསམ་པ་འདིས་སྨྲས་པའོ། །རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་འདྲེན་པའི་རྐྱེན་རྣམས་རྟག་ཏུ་ཉེ་བའི་ཕྱིར་རོ། །གཟུགས་ཅན་མ་ཡིན་པ་དེ་ཚོར་བ་ལ་སོགས་པ་རྣམས་ལ་དེ་ཇི་ལྟར་ཏེ། འདྲེན་ཞེས་བྱ་བ་དང་སྦྱར་ཏེ། དེ་རྣམས་ནི་རྟག་ཏུ་ཡུལ་ན་མི་གནས་པས་དྲིས་པ་ཡིན་ནོ། །འབྲས་བུའི་འདྲེན་པ་བྱ་བའི་མིང་ཅན་གང་ཡིན་པ་དེ་ཡང་མ་བྱུང་བ་ལས་བྱུང་བ་ཡིན་ཏེ། དེ་ནི་སྔར་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདིར་ཡང་སྔ་མ་བཞིན་དཔྱད་པར་བྱ་སྟེ། གལ་ཏེ་རང་གི་ངོ་བོའི་ཁྱད་པར་ཞིག་ཅེས་བྱ་བ་ལ། ད་ལྟར་བ་བྱེད་པའི་རང་བཞིན་སྔར་ད་ལྟར་བྱུང་བ་མ་ཡིན་པ་ད་ལྟར་བྱུང་བར་བྱེད་པ་ཡིན་པ་དེ་ལྟ་ན་ལས་ཀྱིས་ནུས་པ་གྲུབ་པས། མ་བྱུང་བ་ལས་བྱུང་བ་ཞེས་བྱ་བ་གྲུབ་པོ། །དེ་ལྟར་དེ་ཡང་ད་ལྟར་བྱུང་བར་བྱས་པ་ཡིན་ནོ། །གལ་ཏེ་སྔར་མ་བྱུང་བ་ལས་ཕྱིས་བྱུང་བ་ཉིད་དམ། འོན་ཏེ་སྔར་ཡོད་པ་ཁོ་ནའོ་ཞེ་ན། ད་ལྟར་བར་བྱས་པས་འདི་ལ་ཁྱད་པར་ཡོད་པ་མ་ཡིན་པས་ལས་ཀྱིས་ནུས་པ་མེད་པ་སོ་ན་འདུག་པ་ཉིད་དོ། །ཇི་ལྟར་མིང་མེད་པའི་ངོ་བོ་འབྱུང་བར་འགྱུར་ཞེ་ན། བཏགས་པ་དང་བཅས་པ་དང་བཏགས་པ་མེད་པ་ཉིད་ཀྱིས་ཤིན་ཏུ་ཐ་དད་པའི་ཕྱིར་མེད་པའི་ངོ་བོར་འགྱུར་བ་ཡིན་ནོ། །འོ་ན་རྒྱུའི་རྐྱེན་ཡོད་པ་རྣམས་ལ་དངོས་པོར་འགྱུར་བ་ཅི་ཞེ་ན། དེ་ནི་སྔ་ན་ཡོད་པ་མ་ཡིན་པ་ལས་བྱ་སྟེ། གང་བཤད་པ་ཅི་ལྟར་མེད་པའི་ཁྱད་པར་ཡོངས་སུ་བརྟག་ཅེ་ན། འདི་དངོས་པོ་མེད་པ་རྒྱུ་དང་བཅས་པ་དང་འདི་རྒྱུ་མེད་པ་ཅན་ཞེས་དེ་ལྟར་བཤད་དོ། །ཁ་ཅིག་མེད་པའི་རྒྱུ་ཡོངས་སུ་རྟོགས་པར་བྱེད་པ་མ་ཡིན་ནོ། །འོ་ན་དངོས་པོ་རྣམས་ཁོ་ནའི་རྒྱུ་ཁས་ལེན་པ་ཅི་ཞེ་ན། དེ་ནི་སྔར་བྱུང་བ་མ་ཡིན་པ་རྣམས་ཀྱི་སྟེ། དེ་ཡང་ཐམས་ཅད་ལ་ཐམས་ཅད་མ་ཡིན་ནོ། །འོ་ན་ཅི་ཞེ་ན་འདིར་ཡོད་པ་གང་ཡིན་པ་དེ་ཉིད་གཞན་མ་ཡིན་ཏེ། དཔེར་ན་བྱ་བ་སྔ་ན་མེད་པའི་རྐྱེན་མི་འདོད་པ་བཞིན་ནོ། །འོ་ན་བྱ་བ་ཉིད་ཀྱིས་ཅི་ཞེ་ན། བྱ་བ་སྔ་ན་མེད་པ་ལ་རྐྱེན་རྣམས་ཀྱིས་བྱ་བ་མི་བྱེད་པས་དུས་དང་བྱ་བ་སྔ་ན་མེད་པ་མི་འདོད་དོ། །དེའི་ཚེ་དུས་དང་བྱ་བའི་རྣམ་པར་གཞག་པ་


DTG210_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བརྗོད་པར་མི་བྱ་སྟེ། རྫས་བཞིན་དུ་བྱ་བ་ཡང་རྟག་པའི་ཕྱིར་རོ། །གལ་ཏེ་སྐྱེ་མཆེད་བཅུ་གཉིས་ཡོད་ཀྱི། འདས་པ་དང་མ་འོངས་པ་མེད་ན། ཡིད་ཀྱི་སྐྱེ་མཆེད་འདས་པར་ཇི་ལྟར་གཞག་ཅེ་ན་སྨྲས་པ། རྣམ་པར་ཤེས་པ་ད་ལྟར་བ་ཁོ་ན་རྣམ་པར་ཤེས་པ་གཞན་གྱི་རྟེན་གྱི་དངོས་པོར་རྣམ་པར་གནས་ཀྱི། འདས་པ་ནི་མ་ཡིན་པས་སྐྱོན་འདི་མེད་དོ། །ཡང་ན་དུས་གསུམ་སྟེ། གལ་ཏེ་དུས་གསུམ་ཡོད་དོ་ཞེས་བརྗོད་ན། འོ་ན་ནི་འདས་པ་དང་མ་འོངས་པ་གྲུབ་བོ་ཞེ་ན། དེའི་ཕྱིར་ཇི་ལྟར་ཡོད་པ་དེ་བཞིན་དུ་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ་སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་ནོ། །རྒྱུ་ཡོད་ན་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་མ་འོངས་པ་ཡིན་ནོ། །བྱུང་ནས་མ་ཞིག་པ་གང་ཡིན་པ་དེ་ནི་ད་ལྟར་བ་ཡིན་ནོ་ཞེས་བྱ་བར་རོ། །ཇི་ལྟར་ན་དེས་དེར་ལྡན་པ་ཡིན་ཞེས་བྱ་བ་ནི་ཇི་ལྟར་འདས་པ་དང་མ་འོངས་པའི་ཉོན་མོངས་པའི་ཉོན་མོངས་པ་དེས་སམ་འདས་པ་དང་མ་འོངས་པའི་དངོས་པོར་དེར་ལྡན་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལས་སྐྱེས་པ་དེའི་རྒྱུའི་ཕྲ་རྒྱས་ཡོད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བས། འདི་སྐད་བཤད་པར་འགྱུར་ཏེ། འདས་པའི་ཉོན་མོངས་པ་ལས་སྐྱེས་པའི་ཕྲ་རྒྱས་ཡོད་པའི་ཕྱིར་འདས་པའི་ཉོན་མོངས་པ་དང་ལྡན་ནོ། །མ་འོངས་པའི་ཉོན་མོངས་པའི་རྒྱུའི་ཕྲ་རྒྱས་ཡོད་པའི་ཕྱིར་མ་འོངས་པ་དང་ལྡན་ནོ། །འདས་པ་དང་མ་འོངས་པའི་དངོས་པོ་ལ་དམིགས་པའི་ཉོན་མོངས་པའི་ཕྲ་རྒྱས་ཡོད་པའི་ཕྱིར་དེའི་དངོས་པོ་དང་ལྡན་ནོ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ། དོན་འདི་ནི་གསོག་སྟེ་འདས་པའི་ཉོན་མོངས་པ་དང་ཕྲ་རྒྱས་ཞེས་བྱ་བའི་ཆོས་འགའ་ཡང་རྒྱུད་ལས་སྐྱེ་བ་མེད་དོ། །ཆོས་གཞན་གྱིས་ཕྲ་རྒྱས་སྐྱེ་བ་ནི་ཡོད་དོ། །འདོད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགག་བཞིན་པའི་ཉོན་མོངས་པ་དང་མ་འོངས་པ་ན། དེ་སྐྱེ་བ་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་རྒྱུད་ཀྱི་ངོ་བོ་ལས་རྒྱུད་དེ་ལ་སྐྱེ་བ་དང་རྗེས་སུ་མཐུན་པ་ནི་ཕྲ་རྒྱས་ཞེས་བྱའོ། །དེ་ཡང་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དག་གི་འབྲས་བུ་དང་རྒྱུ་ཡིན་ནོ། །དེ་ལ་སྤངས་པས་ཕྲ་རྒྱས་བཅོམ་


DTG210_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པ་ནི་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དག་དང་ལྡན་ཞེས་བྱ་སྟེ། འབྲས་བུ་ཡོད་པའི་ཕྱིར་དང་རྒྱུ་ཡོད་པའི་ཕྱིར་རོ། །དེ་སྤངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཆོས་ཉིད་དག་ནི་ཟབ་པ་ཡིན་ཞེས་སྨོས་ཏེ། ཤྲཱནྟོཏྟ་ར་མ་ཏ་ཕྲཱ་ཤ་ནི་ཀཱ་བཱ། ཆོས་རྣམས་ཀྱི་རང་བཞིན་ནི་ཆོས་ཉིད་དོ། །སྐབས་འདིར་སློབ་དཔོན་འདུས་བཟང་གིས། འདས་པ་དང་མ་འོངས་པ་གཏན་ལ་དབབ་པ་མང་དུ་བཤད་མོད་ཀྱི། འདིར་ནི་གཞུང་མངས་པའི་འཇིགས་པས་ཚིག་སོ་སོ་ལ་བཤད་པ་ནི་མ་བྱས་སོ། །དོན་གྱི་ལྟག་ལུང་རྒྱ་དཔེར་མུ་ཏ། སྒོ་ནས་ནི་དགག་པ་ཐམས་ཅད་རྟོགས་པར་བྱའོ། །གཟུགས་སྐྱེའོ་གཟུགས་འགག་གོ་ཞེས་བྱ་བའི་དོན་ནི་དེ་ཉིད་ད་ལྟར་བ་གྱུར་ནས་འདས་པ་ཉིད་དུ་འགྱུར་རོ་ཞེས་བྱའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མ་འོངས་པ་སྐྱེ་ལ། འགག་པ་ལ་མངོན་དུ་ཕྱོགས་པའི་ད་ལྟར་གྱི་འགག་གོ །དུས་ཀྱང་སྐྱེ་སྟེ་ཞེས་བྱ་བ་ནི་དེ་དག་ཉིད་དུས་གཏམ་གཞི་དང་ཞེས་འབྱུང་བའི་ཕྱིར་རོ། །དུས་ལས་ཀྱང་སྟེ་ཞེས་བྱ་བ་ནི་སྐྱེ་ཞེས་བྱའོ། །སྐད་ཅིག་མ་དུ་མ་ཡིན་པའི་ཕྱིར་སྐད་ཅིག་གོ །ཡོད་པའི་ཚིག་གི་རིམ་པ་གང་སྐྱེ་བ་དེ་འགག་གོ་ཞེས་བཤད་དེ་དཔེ་སྨོས་ཏེ། གཟུགས་སྐྱེ་བོ་གཟུགས་འགག་གོ །རྫས་གཞན་མ་ཡིན་པའི་ཕྱིར་གཞན་སྐྱེའོ་གཞན་འགག་གོ་ཞེས་པ་ལྟ་བུའོ། །གཞན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མ་འོངས་པ་སྐྱེའོ། །གཞན་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་ད་ལྟར་བྱུང་བ་འགག་གོ ། དུས་ཀྱང་སྐྱེ་སྟེ་ཞེས་བྱ་བ་དུས་ནི་སྐྱེ་བའི་ཆོས་ཀྱིས་བསྡུས་པའི་ཕྱིར་ཏེ། དུས་ཀྱི་རང་བཞིན་ལས་སོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་དུས་གཏམ་གཞི་དང་ཞེས་པའི་མཚན་ཉིད་ལས་དུས་ཀྱང་སྟེ། འབྱུང་ཁུངས་ཀྱི་ངོ་བོ་ལས་ཆོས་སྐྱེ་བའོ། །ཅིའི་ཕྱིར་ཞེ་ན་མ་འོངས་པའི་དུས་སྐད་ཅིག་མ་དུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་མ་འོངས་པའི་སྐད་ཅིག་མ་དུ་མ་སྤུངས་པའི་རང་བཞིན་རྣམས་ལས་སྐད་ཅིག་མ་འགའ་ཞིག་སྐྱེ་བ་དེའི་ཕྱིར་དུས་ལས་ཀྱང་སྐྱེའོ་ཞེས་བརྗོད་དོ། །ཞར་ལས་འོངས་པ་ཞེས་བྱ་བ་ནི་ལྷག་མ་


DTG210_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཀུན་དང་ལྡན་ཞེས་བྱ་བ་འདིའི་ཞར་ལས་འོངས་པ་ཡིན་ནོ། །དངོས་པོ་དེ་སྤངས་པ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདིར་སྤངས་པ་ནི་ཐོབ་པ་དང་བྲལ་བ་ལས་མངོན་པར་འདོད་ལ་བྲལ་བ་ནི་དེ་ལ་དམིགས་བའི་ཉོན་མོངས་པ་སྤངས་པ་ལས་མངོན་པར་འདོད་དེ་དེ་ལ་དམིགས་པའི་ཉོན་མོང་པ་སྤངས་ན་དེ་མ་སྤངས་པར་མི་འགྱུར་བས་དེའི་ཕྱིར་རེ་ཞིག་གང་དང་བྲལ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྤངས་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་མ་སྤངས་པ་ཡོད་པས་དེའི་ཕྱིར་སྤངས་ལ་དེ་དང་མ་བྲལ་བ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །མཐོང་བའི་ལམ་གྱི་དབང་དུ་བྱས་ནས་སྡུག་བསྔལ་མཐོང་བས་སྤངས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་དང་པོའི་རྣམ་པ་སྤངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ་ཞེས་བྱ་བས་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་གཟུང་ངོ༌། །ཀུན་འབྱུང་ཤེས་པ་ཡང་དེ་ལྟར་གཉི་ག་གཟུང་ངོ༌། །ཀྱང་ཞེས་བྱ་བའི་སྒྲ་ནི་བསྣན་པའི་དོན་ཏོ། །རྣམ་དགུ་པོའི་རྣམ་པ་གང་དང་གང་སྔར་སྤངས་པའི་ལྷག་མ་དེ་ལ་དམིགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་ནོ། །འདིར་དེའི་ཡུལ་སྨོས་པས་ཐ་དད་དོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཕན་ཚུན་དམིགས་པ་ཡིན་པའི་ཕྱིར་གང་ལ་འདིས་ཁྱད་པར་དུ་བྱ་བ་དེར་མ་བྱས་སོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཡོད་ཅེ་ན། མདོ་ལས་ལན་གསུངས་པ་འཇིག་རྟེན་པའི་ལས་ཀྱིས་ཇི་ལྟར་ཇི་སྲིད་པ་བཞིན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཅིག་ཅར་སྤོང་བར་བྱེད་དོ། །དེ་ལ་སྔར་སྤངས་པའི་རྣམ་པ་ཀུན་ཏུ་འགྲོ་བ་རྣམས་དང་ལྡན་པས་དེའི་དོན་དུ་དེའི་ཡུལ་སྨོས་པས་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་དེའི་དམིགས་པ་མ་ཡིན་པའི་ཕྱིར་དེ་ཉིད་གྲུབ་པོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་ནི་དེའི་ཡུལ་སྨོས་པས་མི་འགྲུབ་


DTG210_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །ནུས་པ་དེ་ཡང་ཀྱང་གི་སྒྲ་དང་མངོན་པར་འབྲེལ་པས་བརྟག་པར་བྱ་སྟེ། སྔོན་དུ་སྤངས་པའི་རྣམ་པ་ལ་ཡང་ངོ༌། །དེའི་ཡུལ་རྣམས་ནི་སྔར་བཤད་དོ། །འདིར་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ཉོན་མོངས་པའི་ཡུལ་ཉིད་དེ། ཡུལ་གཞན་དགུ་དང་ཉོན་མོངས་པ་རྣམས་གཞན་དུ་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་འདི་ཡུལ་གྱི་ཁྱད་པར་དུ་བྱས་ཏེ། སྤངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་ལྡན་ལ། ལྷག་མ་ཀུན་ཏུ་འགྲོ་བ་རྣམས་སྔར་སྤངས་པའི་རྣམ་པ་ལྷག་མ་རྣམས་དང་ལྡན་ནོ་ཞེས་རྗེས་སུ་འཇུག་གོ །ཅི་ཐམས་ཅད་དང་ཞེས་བྱ་བ་ལ། འོ་ན་ཅི་དེའི་ཡུལ་རྣམས་དང་ཞེས་སྨོས་ཏེ། གཉི་ག་དང་མངོན་པར་འབྲེལ་པ་དེའི་ཕྱིར་འདི་གླན་ཀ་མ་ཡིན་ནོ། །ཆོས་བཅུ་དྲུག་པོ་ཞེས་བྱ་བ་དམིགས་པ་སྟེ། ཁམས་གསུམ་པོ་རེ་རེ་ཞིང་རྣམ་པ་ལྔ་པོ། །སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེད་པ་སྟེ་བཅུ་དྲུག་ཏུ་འགྱུར་རོ། །སེམས་རྣམས་ཀྱང་བཅུ་དྲུག་སྟེ་དེ་དག་ཉིད་དོ། །ཀུན་ཏུ་འགྲོ་བ་དང་ཀུན་ཏུ་འགྲོ་བ་མ་ཡིན་པ་གཅིག་ཏུ་བྱས་ནས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཤད་དོ། །དེ་བཞིན་དུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པ་ལ་གཅིག་ཏུ་བྱས་ནས་བཤད་དོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་གཅིག་ཏུ་བྱས་ནས་བཤད་དོ། །ཟག་པ་མེད་པ་ཡང་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་གཅིག་ཏུ་བྱས་ནས་བཤད་དོ། །རེ་ཞིག་སྡུག་བསྔལ་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་གོ་རིམས་བཞིན་དུ་ཕྲ་རྒྱ་ས་བཅུ་དང་བདུན་དང༌། དེ་དག་དང་ལྷན་ཅིག་འབྱུང་བ་དང༌། དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང༌། བསྒོམ་པས་སྤང་བར་བྱ་བ་བཞི་དང་དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་


DTG210_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དག་དང༌། གཟུགས་གཞན་ཐམས་ཅད་ལ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་སོ། །དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བདུན་དང་དེ་དག་དང་ལྷན་ཅིག་འབྱུང་བ་དང༌། དེའི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་དང༌། ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དང་དེ་དག་དང་ལྷན་ཅིག་འབྱུང་བ་དང་དེ་རྣམས་ཀྱི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་སྟེ། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཡང་ཅི་རིགས་པར་རིག་པར་བྱའོ། །རང་གི་ཁམས་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རྣམ་པར་ཤེས་པ་འདོད་པ་ན་སྤྱོད་པ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང༌། བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་མ་ཡིན་པ་མ་འོངས་པས་བསྡུས་པ་དང༌། བསམ་གཏན་གྱི་དངོས་གཞིས་བསྡུས་པ་མི་སྡུག་པ་ལ་སོགས་པའི་རྣམ་པ་ཅན་ནམ། གཟུགས་ཀྱི་ཁམས་སུ་སྐྱེས་པ་ཞིག་གང་གིས་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱིས་སེམས་ལ་ལྟ་བ་འམ། འདོད་པའི་ཁམས་སུ་སྐྱེས་པ་དེ་ལ་འདོད་ཆགས་དང་བྲལ་བ་ཞིག །གང་གི་ཚེ་མཐོང་བའི་ཆོས་ལ་བདེ་བ་གནས་པར་བྱ་བའི་ཕྱིར་འཇིག་རྟེན་པའི་ལམ་གྱི་ཁམས་དེ་ཉིད་ལ་དམིགས་པ་ཡང་རུང་སྟེ། གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དགེ་བ་གཅིག་དང༌། ཟག་པ་མེད་པ་སྟེ་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་པ་ཡིན་ནོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་དག་ཀྱང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་སྡུག་བསྔལ་དུ་གཏོགས་པའི་སེམས་ཅན་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་ལ་དམིགས་སོ། །ཀུན་འབྱུང་དུ་གཏོགས་པ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་


DTG210_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤང་བར་བྱ་བ་ལ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཐམས་ཅད་ནི་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་སོ། །གཟུགས་སུ་གཏོགས་པ་དང་ཟག་པ་མེད་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་ན་སྡུག་བསྔལ་མཐོང་བ་ལ་སོགས་པས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་ནི་སེམས་ལྔ་པོ་རེ་རེའི་དམིགས་པ་ཡིན་ནོ། །རང་གི་ཁམས་པ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྣམ་པའི་སྒོ་ནས་སྡུག་བསྔལ་དང་ཀུན་འབྱུང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་གོ །དེ་ནས་བསྒོམ་པས་སྤང་བར་བྱ་བ་ནི་ཐོས་པ་ལས་བྱུང་བ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་དང༌། བསྒོམ་པ་ལས་བྱུང་ཞི་བ་ལ་སོགས་པའི་སེམས་ཡོད་པ་ཡིན་ནོ། །ས་འོག་མ་པ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་དེ་ལ་དམིགས་པ་བསྒོམ་པས་སྤང་བར་བྱ་བའི་སེམས་ཐོས་པ་དང་བསམ་པ་ལས་བྱུང་བ་དགེ་བའི་ཆོས་ལ་འདུན་པ་དང་མཚུངས་པར་ལྡན་པ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་དེ་ལ་དམིགས་པ་ཡོད་དོ། །ཁམས་གོང་མ་ཅི་སྟེ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་རགས་པའི་ལ་སོགས་པའི་རྣམ་པ་ཅན་ནོ། །ཟག་པ་མེད་པའི་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའོ། །ཁམས་གསུམ་པ་རྣམ་པ་གསུམ་གསུམ་སྟེ། དེ་དག་ཉིད་དང་ཞེས་བྱ་བ་ནི་སྐབས་སུ་བབ་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་དང་སྦྱར་རོ། །འདོད་པ་དང་གཟུགས་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ། སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་


DTG210_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འདོད་པར་གཏོགས་པའི་བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་མི་དགེ་བ་གཉིས་ཉིད་དང༌། རང་གི་ཁམས་པ་དག་གི་དམིགས་པ་ཡིན་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ནི་སྡུག་བསྔལ་དུ་གཏོགས་པ་ཀུན་ཏུ་འགྲོ་བ་དང་ཀུན་ཏུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་དང༌། ཀུན་འབྱུང་དུ་གཏོགས་པ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང༌། བསྒོམ་པས་སྤང་བར་བྱ་བ་དགེ་བ་ཞི་བ་དང་རགས་པའི་རྣམ་པ་ཅན་དུ་ཞུགས་པ་ཉིད་ཀྱི་དམིགས་པ་ཡིན་ནོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་འདྲ་བར་རིག་པར་བྱའོ། །བསྒོམ་པས་སྤང་བར་བྱ་བ་དག་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་གྱི་དམིགས་པ་དག་གོ །ཉོན་མོངས་པ་ཅན་མ་ཡིན་པ་ནི་ཟག་པ་མེད་པའི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའོ། །ཀུན་རང་གིས་གླགས་པའི་སྤྱོད་ཡུལ་ལོ་ཞེས་བྱ་བ་ལ། ཀུན་སྨོས་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་བསྡུ་བར་བྱ་བའི་ཕྱིར་རོ། །དེ་གླགས་པའི་ཞེས་ཁྱད་པར་མེད་པར་བརྗོད་ཀྱང་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་མི་གཟུང་སྟེ། དེ་ནི་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར་རོ། །སྔར་བཤད་པ་ལྔ་དང་ཞེས་བྱ་བ་ལ། སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང༌། བསྒོམ་པས་སྤང་བར་བྱ་བ་དགེ་བ་དང་གཟུགས་སུ་གཏོགས་པ་དགེ་བ་ཁོ་ན་དང༌། ཟག་པ་མེད་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་དང༌། འགོག་པ་མཐོང་བས་སྤང་བར་བྱ་བ་དེ་ཉིད་ཀྱི་དམིགས་པ་ཡིན་ཏེ། དེ་ལྟར་ན་དྲུག་གི་དམིགས་པ་ཡིན་ནོ། །སེམས་དགུ་དང་བཅུ་གཅིག་གི་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པ་དག་ནི་དགུ་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་གཉིས་དང་


DTG210_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པས་སྤང་བར་བྱ་བ་སྟེ་འདོད་པར་གཏོགས་པ་གསུམ་དང༌། རང་གི་ཁམས་པ་གསུམ་དང་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་གཉིས་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། གཟུགས་མེད་པར་གཏོགས་པ་བསྒོམ་པས་སྤང་བར་བྱ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པ་དང༌། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དང༌། འགོག་པ་མཐོང་བས་སྤང་བར་བྱ་བ་དེ་ཉིད་ཀྱིས་གླགས་པའི་དམིགས་པའི་གཟུགས་མེད་པ་ན་སྤྱོད་པ་དག་བཅུ་གཅིག་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་རྣམས་དང༌། བསྒོམ་པས་སྤང་བར་བྱ་བ་གཉིས་ཏེ། དྲུག་དང་རང་གི་ཁམས་པ་གསུམ་པོ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་གཉིས་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། འགོག་པ་མཐོང་བས་སྤང་བར་བྱ་བ་རང་གིས་པས་གླགས་པ་དང༌། ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ་དེ་ཉིད་ཀྱིས་གླགས་པ་སྟེ། འགོག་པ་མཐོང་བས་སྤང་བར་བྱ་བ་གཟུགས་མེད་པ་ན་སྤྱོད་པའོ། །བཅུ་གཅིག་པོ་རྣམས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །དྲུག་ནི་རང་གི་ཁམས་པ་རྣམས་སོ། །གསུམ་ནི་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །གསུམ་ནི་འགོག་པ་མཐོང་བས་སྤང་བར་བྱ་བ་རང་གི་ཁམས་ཀྱིས་གླགས་པ་ཟག་པ་མེད་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། དེ་ལྟར་ན་སེམས་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་དག་ཀྱང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དང་ཞེས་བྱ་བ་ལ། རེ་ཞིག་འགོག་པ་ནི་འགོག་པ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དག་དང༌། བསྒོམ་པས་སྤང་བར་བྱ་བ་དགེ་བ་ཅི་རིགས་པར་ཐོས་པ་དང་བསམ་པ་དང་བསྒོམ་པས་བསྡུས་པ་དག་གི་དམིགས་པ་ཡིན་ལ་དེ་


DTG210_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ལམ་ཡང་ལམ་མཐོང་བས་སྤང་བར་བྱ་བ་ལ་ལོག་པར་ལྟ་བ་ལ་སོགས་པ་དག་དང༌། བསྒོམ་པས་སྤང་བར་བྱ་བ་ཇི་སྐད་བཤད་པ་དག་གི་དམིགས་པ་ཡིན་ནོ། །ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་གཉིས་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའི་དམིགས་པ་ཡིན་ནོ། །ལམ་དང་སོ་སོར་བརྟགས་པས་འགོག་པ་དག་གི་ཟག་པ་མེད་པའི་ཡང་ཡིན་ཏེ། དེ་ལྟར་ན་དེ་དག་ནི་མདོར་བསྡུས་ན་སེམས་བཅུར་འགྱུར་རོ། །ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང༌། ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་འདོད་པར་གཏོགས་པ་དག་ནི་རེ་རེ་ཞིང་སེམས་ལྔའི་དམིགས་པ་ཡིན་ནོ། །གཟུགས་ན་སྤྱོད་པའི་ཆོས་དེ་དག་ཉིད་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་དག་ནི་སེམས་བཅུའི་དམིགས་པ་ཡིན་ནོ། །ཟག་པ་མེད་པ་དག་ཀྱང་བཅུ་ཁོ་ན་ཡིན་པར་གོང་དུ་བཤད་པའི་རྗེས་སུ་འབྲང་སྟེ་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་བྱ་བ་འདི་ཡང་གོང་མ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ། །སེམས་བཅུ་དྲུག་པོ་འདི་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡང་སུམ་ཅུ་རྩ་དྲུག་ཏུ་བྱ་སྟེ། འདོད་པའི་ཁམས་སུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པ་དང་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང༌། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སོ་སོར་རྣམ་པ་གསུམ་དང༌། གཟུགས་མེད་པའི་ཁམས་སུ་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་མ་གཏོགས་པ་མཚུངས་པར་ལྡན་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ནི་ཁམས་གསུམ་ཅར་དུ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པའི་ཕྱིར་རྣམ་པ་གཉིས་སོ། །བསྒོམ་པས་སྤང་བར་བྱ་བ་ཡང་ཉོན་མོངས་པ་


DTG210_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་དབྱེ་བས་རྣམ་པ་གཉིས་སུ་དབྱེའོ། །ཟག་པ་མེད་པ་ཡང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་རྣམ་པ་གཉིས་སུ་དབྱེའོ། །དེ་ལྟར་ན་འདི་དག་སེམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་དང་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ན་ནི་བདེ་བའི་དབང་པོ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པས་ལུས་ཀྱི་ཁོ་ན་ཡིན་པར་གཞག་ལ། དེ་ཡང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་ངེས་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ། ཞེས་བྱ་བ་ལ་བསམ་གཏན་དང་པོའི་ས་པའི་རྣམ་པར་ཤེས་པའི་ཚོགས་གསུམ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ལ། བསམ་གཏན་གསུམ་པའི་ས་པའི་ཡིད་ཀྱིས་ནི་ཉོན་མོངས་པ་རྣམ་པ་ལྔ་དང་མཚུངས་པར་ལྡན་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡིན་ཏེ། བསམ་གཏན་དང་པོའི་དང་གསུམ་པའི་ས་པའི་བདེ་བའི་དབང་པོ་འདི་ནི་བསྡོམས་ནས་གཟུགས་ན་སྤྱོད་པ་རྣམ་པ་ལྔ་ཞེས་བཤད་དོ། །བསམ་གཏན་གཉིས་པ་དང་བཞི་པ་གཟུགས་མེད་པ་དག་ན་ནི་བདེ་བའི་དབང་པོ་མེད་པ་ཁོ་ནའོ། །ཟག་པ་མེད་པའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་བརྟེན་པའི་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའོ། །འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང་ཞེས་བྱ་བ་ལ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ཡིན་ལ། དེ་ཉིད་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་དམིགས་པ་ནི་གཟུགས་ན་སྤྱོད་པ་རྣམ་པ་ལྔ་ཆར་ཡང་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང༌།


DTG210_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་པའི་དམིགས་པ་ནི་བསམ་གཏན་གསུམ་པའི་ས་པའི་བདེ་བའི་དབང་པོ་ཟག་པ་མེད་པའི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །འདོད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ཡིན་ལ། ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ཁམས་གོང་མའི་རྣམ་པ་ལྔ་ཆར་ཡང་ཡིན་ནོ། །འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཟག་པ་མེད་པ་ལ་དམིགས་པ་གང་ཡིན་པ་དེའི་དམིགས་པ་ནི་འགོག་པ་ཁོ་ན་ཡིན་ཞིང༌། གང་ཞིག་ཟག་པ་དང་བཅས་པ་ལ་དམིགས་པ་དེའི་དམིགས་པ་ཡང་ལོག་པར་ལྟ་བ་དང་མཚུངས་པར་ལྡན་པ་དང་ཡིད་བདེ་བའི་དབང་པོའི་དམིགས་པའོ། །བདེ་བའི་དབང་པོ་དང་ནི་མ་ཡིན་ནོ། །གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང་ཞེས་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་ལ་འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་ནི་འདོད་པའི་ཁམས་རྣམ་པར་སུན་འབྱིན་པའི་ཚེ་གཟུགས་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བ་ཁོ་ནའི་དམིགས་པ་ཡིན་ནོ། །བསམ་གཏན་དང་པོའི་ས་པ་དང་བསམ་གཏན་གསུམ་པའི་ས་པ་ནི་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་དམིགས་པ་ཡིན་ནོ། །བསམ་གཏན་གསུམ་པའི་ས་པ་རྣམ་པ་ལྔའི་དམིགས་པ་ནི་ཅི་རིགས་པར་དེའི་ས་པ་རྣམ་པ་ལྔ་ཅར་ཡང་ཡིན་པར་རིག་པར་བྱའོ། །རང་གི་ས་པ་དང་ས་འོག་མའི་བསྒོམ་པས་སྤང་བར་བྱ་བའི་འགོག་པ་ནི་རང་གི་ས་པའི་བདེ་བའི་དབང་པོའི་འདོད་ཆགས་ལ་སོགས་པ་སྤྱོད་པ་འགོག་པའི་ཕྱིར་འགོག་པ་མཐོང་བས་སྤང་བར་བྱ་བ་བདེ་བའི་དབང་པོ་ལ་དམིགས་པ་ཡིན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་ཡང་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་བསམ་གཏན་གསུམ་པའི་ས་པའི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་


DTG210_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བས་ཀྱང་བདེ་བའི་དབང་པོ་ལ་དམིགས་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་གཉིས་ཏེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལམ་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་པ་ནི་གང་གི་ཚེ་ལོག་པར་ལྟ་བ་ལ་སོགས་པ་དག་གིས་བསམ་གཏན་གསུམ་པའི་ས་པའི་རྗེས་སུ་མཐུན་པའི་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་པ་ནའོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་མ་ཡིན་པའི་དམིགས་པ་ཡང་ལམ་དེ་ཉིད་ཡིན་ཏེ། གཟུགས་མེད་དངོས་གཞི་དགེ་རྣམས་ནི། །ཟག་བཅས་འོག་མའི་ཡུལ་ཅན་མིན། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འཕགས་པ་རྣམས་ནི་གོམས་པའི་དབང་གིས་དགེ་བ་ཟག་པ་དང་བཅས་པའི་རྣམ་པར་ཤེས་པས་བསམ་གཏན་གསུམ་པའི་ལམ་ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །ཟག་པ་མེད་པའི་ཞེས་བྱ་བ་ནི། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་པ་ནི་གཟུགས་ན་སྤྱོད་པའི་བདེ་བའི་དབང་པོ་ཡིན་ལ། ཆོས་ཤེས་པའི་ཕྱོགས་ཀྱི་དམིགས་པ་ནི་འདོད་པ་ན་སྤྱོད་པའི་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཕྱོགས་དང་ཟག་པ་མེད་པའི་བདེ་བའི་དབང་པོ་དང་དེ་ཉིད་ཀྱི་ཟག་པ་མེད་པའི་ཤེས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་གཉིས་སོ། །ཅི་རིགས་པར་ཞེས་བྱ་བ་འབྱུང་སྟེ། དེ་ལ་རེ་ཞིག་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་བདེ་བའི་དབང་པོ་ལ་དམིགས་པ་རྣམ་པ་བཞི་ལ་ནི་འདོད་པ་ན་སྤྱོད་པའི་རིགས་བཞི་རྒྱས་པར་འགྱུར་རོ། །ཇི་ལྟར་བྱས་པས་ཤེ་ན། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་དག་པ་ནི་ཀུན་ཏུ་འགྲོ་བ་མ་ཡིན་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཀུན་ཏུ་འགྲོ་བ་དག་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཅི་རིགས་པར་རོ། །དེ་ལ་ཡང་གཟུགས་མེད་པའི་ཁམས་འབའ་


DTG210_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་དམིགས་པ་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་དང་དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་རྣམས་གཉི་ག་ལྟར་མ་ཡིན་ཞིང་འགལ་བའི་རྣམ་པ་ཡོད་པ་མ་ཡིན་པ་ཉེ་བར་བཟུང་ནས་རིགས་བཞི་རྒྱས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར། །ལམ་མཐོང་བས་སྤང་བར་བྱ་བ་བདེ་བའི་དབང་པོ་ལ་དམིགས་པ་ལ་ནི་ལོག་པར་ལྟ་བ་མཚུངས་པར་ལྡན་པའི་སྒོ་ནས་འདོད་ཆགས་ལ་སོགས་པ་རྣམས་དམིགས་པའི་སྒོ་ནས་དང༌། རང་གི་རིགས་པའི་འདོད་ཆགས་ལ་སོགས་པ་རྣམས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་སོ། །ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་དམིགས་པའི་སྒོ་ནས་སོ། །འགོག་པ་མཐོང་བས་སྤང་བར་བྱ་བ་ནི། རྣམ་པར་ཤེས་པ་ཁ་ཅིག་འགོག་པ་ལ་དམིགས་ལ། ཁ་ཅིག་ལོག་པར་ལྟ་བ་ལ་སོགས་པ་ལ་དམིགས་པ་ཡིན་ནོ། །བདེ་བའི་དབང་པོ་ལ་དམིགས་པ་ནི་ཡོད་པ་མ་ཡིན་ནོ། །འདོད་པའི་ཁམས་ན་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པས་དེའི་ཕྱིར་འདོད་པ་ན་སྤྱོད་པ་རིས་བཞིར་བཤད་དོ། །གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་ན། འགོག་པ་ལ་དམིགས་པས་ལོག་པར་ལྟ་བ་ལ་སོགས་པ་མ་གཏོགས་པ་ལྷག་མ་རིགས་ལྔ་པོ་རྣམས་སོ། །དེར་ཡང་ཀུན་ཏུ་འགྲོ་བ་རྣམས་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་དང༌། ཀུན་ཏུ་འགྲོ་བ་མ་ཡིན་པ་རྣམས་དམིགས་པའི་སྒོ་ཉིད་ནས་ཇི་ལྟར་རིགས་པར་རོ། །དེ་ལ་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ནི་གཉི་ག་ལྟར་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་རིགས་གཉིས་ནི་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ཏེ་གཟུགས་མེད་པ་ན་སྤྱོད་པ་ཉིད་དོ། །དེ་ནི་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི་མཚུངས་པར་ལྡན་པའི་སྒོ་ནས་མ་ཡིན་ནོ། །རྒྱས་པར་འགྱུར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྲ་རྒྱས་ཐམས་ཅད་དང་མངོན་པར་སྦྱར་རོ། །ཅི་རིགས་པར་ཞེས་བཤད་པ་དེ་ལ་རིགས་པ་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཕྲ་རྒྱས་བཅུ་དང་མཚུངས་པར་ལྡན་པའི་སེམས་


DTG210_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནི་རྣམ་པ་བཅུ་ཁོ་ནར་འགྱུར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ལ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་སྔར་སྐྱེས་པ་ནི་འཇིག་ཚོགས་ལ་ལྟ་བ་ཕྱི་མས་དམིགས་པས་དེར་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །མཐར་འཛིན་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ལྷག་མ་དགུ་ལ་ནི་འཇིག་ཚོགས་ལ་ལྟ་བ་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་ནི་མ་ཡིན་ཏེ། ཉོན་མོངས་པ་རང་དབང་བ་གཉིས་མཚུངས་པར་ལྡན་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་སེམས་དག་ལ་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་མ་ཡིན་པ་ཡང་དེ་དང་འདྲའོ། །འཇིག་ཚོགས་ལ་ལྟ་བ་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཀུན་ཏུ་འགྲོ་བ་ལྷག་མ་དག་ཀྱང་བཤད་པར་བྱའོ། །འདོད་ཆགས་ལ་སོགས་པ་ཀུན་ཏུ་འགྲོ་བ་མ་ཡིན་པ་གསུམ་ནི་གཞན་གྱི་རིས་ལ་རྒྱས་པར་མི་འགྱུར་གྱི། རང་གི་རིས་ལ་ནི་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་ལ་བཤད་པ་དེ་ལྟར་བཤད་པར་བྱའོ། །མ་རིག་པ་ནི་རྣམ་པ་བཅུ་ཆར་ལ་ཡང་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དག་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། དམིགས་པའི་སྒོ་ནས་ནི་མ་ཡིན་ནོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ལ་ཡང་བཤད་པར་བྱའོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་རིས་ཟག་པ་དང་བཅས་པ་ལ་དམིགས་པ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་ཟག་པ་དང་བཅས་པ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཀྱང་རྒྱས་པར་འགྱུར་རོ། །ཟག་པ་མེད་པ་ལ་


DTG210_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ནི་མཚུངས་པར་ལྡན་པ་ཁོ་ནའི་སྒོ་ནས་ཡིན་གྱི། དམིགས་པའི་སྒོ་ནས་མ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བའི་རིས་ནི་འདོད་ཆགས་ལ་སོགས་པས་ཉེ་བར་ཉོན་མོངས་པ་ཅན་གྱི་སེམས་བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་དམིགས་པ་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་ནི་མ་ཡིན་ནོ། །འདོད་པ་ན་སྤྱོད་པ་རྣམ་པ་ལྔ་རྒྱས་པའི་ཚུལ་ཇི་ལྟར་བཤད་པ་དེ་ལྟར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་ཀྱང་ཅི་རིགས་པར་རིག་པར་བྱའོ། །རྣམ་པ་བཅུ་གཉིས་པོ་དེ་ཉིད་དང་ཞེས་བྱ་བ་ལ། འདོད་པའི་ཁམས་ན་སྐལ་བ་མཉམ་པའི་དང་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་སེམས་བདེ་བའི་དབང་པོ་ལ་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་སྔར་སྐྱེས་པ་ལ་ནི། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་དང་མཚུངས་པར་ལྡན་པས། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དམིགས་སོ། །བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་བདེ་བའི་དབང་པོ་ལ་དམིགས་པ་ལ་ནི་བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པས་དམིགས་སོ། །སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པས་སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ་ལམ་མཐོང་བས་སྤང་བར་བྱ་བ་བདེ་བའི་དབང་པོ་དང་ལྡན་པ་སྔར་སྐྱེས་པ་ལ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་དམིགས་སོ། །འདོད་པའི་ཁམས་དེ་ཀུན་ཏུ་འགྲོ་བ་དང་མཚུངས་བར་ལྡན་པས་སྡུག་བསྔལ་དང་ཀུན་འབྱུང་བར་གཏོགས་པས་སོ། །དེ་ལྟར་འདོད་པར་གཏོགས་པའི་སེམས་བཞི་དམིགས་པ་ཡིན་ནོ། །བདེ་བའི་དབང་པོ་ལ་དམིགས་པ་གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པའི་སེམས་ལྔ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ན་


DTG210_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་བའི་དབང་པོ་རྣམ་པ་ལྔ་ཡོད་པས་དེ་ལ་དམིགས་པའི་སེམས་ཀྱང་རྣམ་པ་ལྔར་འགྱུར་རོ། །དེ་ཡང་སྔར་སྐྱེས་པ་ལ་ནི་ཕྱིས་སྐྱེས་པའི་རྣམ་པ་ལྔ་པོ་དེ་ཁོ་ནས་དམིགས་སོ། །འདི་ནི་ཁྱད་པར་ཏེ་སྡུག་བསྔལ་དང་ཀུན་འབྱུང་བར་གཏོགས་པ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་གིས་ནི་བསྒོམ་པས་སྤང་བར་བྱ་བ་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་རྣམ་པ་ལྔ་ཅར་ལ་ཡང་དམིགས་སོ། །གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་བདེ་པའི་དབང་པོ་ལ་དམིགས་པ་དང༌། བསྒོམ་པས་སྤང་བར་བྱ་བ་དགེ་བ་ནི་བཤད་ཟིན་ཏོ། །དེ་ལ་གལ་ཏེ་ལོག་པར་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ལ་འདོད་ཆགས་སྐྱེད་ན་ནི་དེའི་ཚེ་དང་མཚུངས་པར་ལྡན་པའི་བདེ་བའི་དབང་པོ་ལ་དམིགས་པ་ཡིན་ནོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བ་བདེ་བའི་དབང་པོ་ལ་དམིགས་པ་ལ་ཡང་གལ་ཏེ་བསྒོམ་པས་སྤང་བར་བྱ་བ་འམ་ཉོན་མོངས་པ་ཅན་གྱིས་དམིགས་ན་ནི་དེ་ཡང་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པས་ཀྱང་དེ་གཉིས་ཀ་ལ་དམིགས་པས་དེ་ཡང་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་པས་དེའི་ཕྱིར་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་སེམས་བསམ་གཏན་གསུམ་པའི་ཟག་པ་མེད་པའི་བདེ་བའི་དབང་པོ་ལ་དམིགས་པ་སྔར་སྐྱེས་པ་ལས་ཕྱིས་སྐྱེས་པས་དམིགས་པ་དེའི་ཕྱིར་དེ་ཡང་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་ཏུ་འགྲོ་བ་དང་ཀུན་ཏུ་འགྲོ་བ་མ་ཡིན་པས་བསྡུས་པ་དག་སྟེ། དེ་ལ་ཀུན་ཏུ་འགྲོ་བ་མ་ཡིན་པར་ལྷག་པར་འགྱུར་རོ། །ཀུན་ཏུ་འགྲོ་བ་དག་ནི་སྔར་བཤད་པ་ཁོ་ནའོ། །འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རིས་བཞིས་སྔ་མ་བཞིན་དུ་དམིགས་པ་དང་མཚུངས་བར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་དག་ཀྱང་ཅི་རིགས་པར་དམིགས་


DTG210_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བར་རིག་པར་བྱ་ལ། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རིས་ལྔ་ཅི་རིགས་པར་དམིགས་པ་དད་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བར་རིག་པར་བྱའོ། །ལམ་འདིས་ཞེས་བྱ་བ་ནི་སྲོལ་འདིས་ཏེ་ཕྱོགས་འདིས་ཞེས་བྱ་བའི་དོན་ཏོ། །གཞན་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་འབྱུང་སྟེ། མིག་གི་དབང་པོ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་དྲི་བའོ། །འོངས་བ་ལ་རྣམ་པར་དཔྱད་པ་མིག་གི་དབང་པོ་བསྒོམ་པས་སྤང་བར་བྱ་བ་ཉིད་ལ་ནི་འདོད་པ་དང་གཟུགས་དང་ལྡན་པ་གཉིས་ཏེ། དེའི་ཡང་དམིགས་པ་སེམས་བརྒྱད་དོ། །འདོད་པ་དང་གཟུགས་ན་སྤྱོད་པ་སོ་སོར་གསུམ་སྟེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དག་དང༌། བསྒོམ་པས་སྤང་བར་བྱ་བ་སྟེ་དེ་ལྟར་དྲུག་ཏུ་འགྱུར་རོ། །གཟུགས་མེད་པ་ན་སྤྱོད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པའི་དགེ་བ་ཟག་པ་མེད་པ་ཡང་ངོ༌། །དེ་ལ་འདོད་པ་ན་སྤྱོད་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ལ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིགས་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་རྣམས་རྒྱས་པར་འགྱུར་རོ། །བཟློག་པ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་ལ་ནི་བསྒོམ་པས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་ཐམས་ཅད་དེ་དེ་ལྟར་ན་འདོད་པ་ན་སྤྱོད་པ་རིགས་གསུམ་དུ་འགྱུར་རོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་བསམ་གཏན་བཞི་བའི་མིག་གི་དབང་པོ་ལ་དམིགས་ཏེ། དེར་གཟུགས་མེད་པ་ན་སྤྱོད་པ་བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་རྒྱས་པར་འགྱུར་རོ། །ཟག་པ་མེད་པ་ནི་ཁ་གཅིག་ཏུ་རྒྱས་པར་འགྱུར་རོ། །མིག་གི་དབང་པོའི་དམིགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་


DTG210_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། འདོད་པ་ན་སྤྱོད་པ་རྣམས་དང་སྔར་བཤད་པ་བཞི་དང༌། ལམ་མཐོང་བས་སྤང་བར་བྱ་བ་གསུམ་དང༌། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སོ། །ཟག་པ་མེད་པ་ཡང་ཞེས་བྱ་བ་ལ། དེ་ལ་ཅི་ལྟར་རིགས་པར་བཅུ་གཉིས་རྒྱས་པར་འགྱུར་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྤྱོད་པ་རྣམས་ལ་འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་སོ་སོར་བཞིའོ། །ཟག་པ་མེད་པ་ནི་འདོད་པ་ན་སྤྱོད་པའི་མིག་གི་དབང་པོའི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ལ། གཟུགས་ན་སྤྱོད་པའི་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །འདི་དཔྱད་པར་བྱའོ། །ཕྲ་རྒྱས་གང་དག་གིས་སེམས་གང་ཞིག་ཕྲ་རྒྱས་དང་བཅས་པ་ཞེས་བརྗོད་ལ། ཅི་ཕྲ་རྒྱས་དེ་དག་སེམས་དེ་ལ་རྒྱས་པར་འགྱུར་ཞེ་ན། འདི་ལ་ངེས་པ་མེད་དེ་མ་སྤངས་པ་རྒྱས་པར་འགྱུར་གྱི། སྤངས་པ་ནི་རྒྱས་པར་མི་འགྱུར་རོ། །འདི་སྐད་དུ་བསྟན་བཅོས་ལས། རྒྱས་པར་འགྱུར་བ་ཡང་ཡོད། རྒྱས་པར་མི་འགྱུར་བ་ཡང་ཡོད་དོ། །གང་རྒྱས་པར་འགྱུར་ཞེ་ན། སེམས་དེ་དང་མཚུངས་པར་ལྡན་པ་དང་དེ་ལ་དམིགས་པ་སྤང་མ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་གང་ཞེ་ན། སེམས་དེ་དང་མཚུངས་པར་ལྡན་པ་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པའོ། །ཡང་ཕྲ་རྒྱས་དང་བཅས་པའི་སེམས་གང་ཞིག་ཡིན་ལ། དེ་དག་ཇི་ལྟར་ཕྲ་རྒྱས་བཅས་པ་ཡིན་ཞེ་ན། རེ་ཞིག་ཕྲ་རྒྱས་དང་བཅས་པ་ནི་ཇི་སྐད་དུ་བཤད་པའི་ཁམས་གསུམ་པ་རྣམ་པ་བཅོ་ལྔའོ། །རྣམ་པ་གཉིས་ཀྱིས་ན་ཕྲ་རྒྱས་དང་བཅས་པ་ཞེས་བྱ་སྟེ། རྒྱས་པར་འགྱུར་བའི་ངོ་བོ་དང༌། ལྷན་ཅིག་པའི་ངོ་བོས་སོ། །དེ་དང་མཚུངས་པར་ལྡན་པའི་ཕྲ་རྒྱས་སྤངས་པའི་སྤངས་པ་རྣམས་ཀྱིས་དེ་ལ་དམིགས་པ་ཡང་སྤངས་པ་ནི་མ་ཡིན་ནོ། །ཇི་སྲིད་དུ་ཕྲ་རྒྱས་དེའི་ཐོབ་པ་དག་གིས་སེམས་དེའི་རྒྱུད་གཟུང་བར་འགྱུར་ཞིང༌། རྒྱུད་


DTG210_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་མ་འོངས་པའི་རྒྱུ་མཐུན་པའི་རྒྱུ་གཞག་པ་དེ་སྲིད་དུ་ཕྲ་རྒྱས་དེ་སེམས་དེ་ལ་རྒྱས་པར་བརྗོད་དོ། །སྤངས་པ་ནི་གཉེན་པོ་སྐྱེས་ན་ཐོབ་པའི་འཆིང་བ་དང་བྲལ་བའི་ཕྱིར་རྒྱས་པར་མི་འགྱུར་ཏེ། གང་ཞིག་དེ་དང་ལྷན་ཅིག་རྒྱུ་བ་ཉིད་ཀྱིས་ལྷན་ཅིག་དངོས་པོའི་དངོས་པོ་ཡིན་པ་དེ་ནི་གཉེན་པོས་བསལ་བར་མི་ནུས་པས་སྤངས་ཀྱང་དེས་སེམས་དེ་ཕྲ་རྒྱས་དང་བཅས་པ་ཁོ་ན་ཡིན་ནོ། །ཕྲ་རྒྱས་གང་ཞིག་སེམས་དེ་ལ་མ་སྤངས་པའམ་སྤངས་ཀྱང་རུང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དེ་སྤངས་པའི་སེམས་དེ་ནི་ཕྲ་རྒྱས་དང་བཅས་པ་མ་ཡིན་ཏེ། ཕྲ་རྒྱས་ཀྱི་ལམ་བཟློག་པའི་ཕྱིར་རོ། །དེ་དག་གི་དམིགས་པར་ནི་ནམ་ཡང་མི་འགྱུར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ནི་འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་མ་རིག་པས་ལྷན་ཅིག་པའི་དངོས་པོ་དང༌། རྒྱས་པར་འགྱུར་བའི་དངོས་པོས་ཕྲ་རྒྱས་དང་བཅས་པ་ཡིན་ལ། རང་གི་རིས་པ་ལྷག་མ་དག་དང༌། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་དག་གིས་ནི་རྒྱས་པར་འགྱུར་བའི་དངོས་པོའི་སྒོ་ནས་སོ། །ལྷག་མ་དག་གིས་ནི་གཉི་གས་ཀྱང་མ་ཡིན་ནོ། །ཉོན་མོངས་པ་གཞན་ཡང་དེ་བཞིན་དུ་ཅི་རིགས་པར་དཔྱད་པར་བྱའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་རང་གི་རིས་པ་དག་དང༌། ཀུན་ཏུ་འགྲོ་བ་དག་གིས་རྒྱས་པར་འགྱུར་བའི་ངོ་བོས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །མདོར་བསྡུ་ན་ཐམས་ཅད་མ་སྤངས་པ་ཉིད་ཀྱི་ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས་ཡིན་ཏེ། ལྷན་ཅིག་པའི་དངོས་པོ་དང་རྒྱས་པར་འགྱུར་བའི་དངོས་པོས་སོ། །འགའ་ཞིག་ནི་སྤངས་ཀྱང་ནམ་ཞིག་དེ་ལས་དམིགས་པ་མ་སྤངས་པ་དང་སྤངས་པ་ན་སྟེ། མ་སྤངས་བ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྲ་རྒྱས་རྣམས་ཀྱིས་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །སྤངས་པ་ནི་རྒྱས་པར་མི་འགྱུར་བ་དེ་ལ་དམིགས་པའི་ཕྲ་རྒྱས་རྣམས་སྔར་ཅིག་ཅར་སྤངས་པའི་ཕྱིར་ཉོན་མོངས་པ་ཅན་གྱིས་སེམས་ལ་རྒྱས་པར་འགྱུར་བའི་ཕྲ་


DTG210_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱིས་ཕྲ་རྒྱས་དང་བཅས་པ་ཞེས་བྱའོ། །དེ་ལ་གང་རྣམས་ཀྱི་ཡིན་ཞེས་བྱ་བ་མི་ཤེས་པས་དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་དང་དེ་ལ་དམིགས་པའམ་ཞེས་བྱ་བ་སྨོས་སོ། །ཅི་ཐམས་ཅད་ཀྱི་ཚེ་མ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མ་སྤངས་པ་ཞེས་བྱ་བ་སྨོས་སོ། །རྒྱས་པར་མི་འགྱུར་བ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལ་ཕྲ་རྒྱས་དང་བཅས་པ་ཡིན་ཏེ། ཞེས་བྱ་བར་སྦྱར་རོ། །ཅི་ཐམས་ཅད་ཀྱིས་དེ་དང་མཚུངས་པར་ལྡན་པ་དང་དེ་ལ་དམིགས་པས་ཡིན་ནམ་ཞེ་ན་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་དང་མཚུངས་པར་ལྡན་པའི་སྒོ་ནས་སོ། །ཅི་ཐམས་ཅད་ཀྱི་ཚེའམ་ཞེ་ན་མ་ཡིན་ཏེ། སྤངས་པ་རྣམས་ཀྱིས་ཞེས་སྨོས་སོ། །མ་སྤངས་པ་རྣམས་ཀྱིས་ནི་རྒྱས་པར་འགྱུར་བའི་སྒོ་ནས་ཀྱང་དེ་ཕྲ་རྒྱས་དང་བཅས་པ་ཡིན་ནོ། །དེ་ཉིད་ལ་རྒྱུ་བཤད་པ་ནི་དེ་དང་ལྷན་ཅིག་པའི་ཕྱིར་རོ། །ཞེས་བྱ་བ་སྟེ། གཉེན་པོས་ནི་ནམ་ཡང་སེམས་ཉོན་མོངས་པ་ལས་ལོགས་ཤིག་ཏུ་བྱ་བར་མི་ནུས་སོ། །ཡང་ཕྲ་རྒྱས་བཅུ་པོ་འདི་དག་ཇི་ལྟར་འཇུག་པར་འགྱུར་ཞེ་ན་ཞེས་བྱ་བ་འབྱུང་ངོ། །ཐམས་ཅད་ཐམས་ཅད་ཀྱི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་འདི་དག་སྐྱེ་བ་ལ་སྐྱེ་བ་ཐམས་ཅད་ཀྱི་ལ་ནི་རིམ་པ་ངེས་པ་མེད་མོད་ཀྱི། ཕལ་ཆེར་སྐྱེ་བ་དང་མཐུན་པའི་སྒོ་ནས་སྲིད་ཚད་ལ་རིམ་པ་བསྟན་པའི་དབང་དུ་བྱས་ནས་རེ་ཞིག་དང་པོ་ཁོ་ནར་མ་རིག་པ་དང་ལྡན་པ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡུག་བསྔལ་ལས་ཕུང་པོ་བསལ་ནས་ཞེས་བྱ་བ་ནི། འདི་ནི་སྡུག་བསྔལ་མ་ཡིན་ནོ་ཞེས་བྱ་བར་རོ། །བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བ་ལ། འདིར་བསམ་པ་ནི་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་ལས་བསལ་བ་སྟེ། དེའི་ཕྱིར་དགྲ་བོའི་རྣམ་པར་འཛིན་པ་ལས་མངོན་པར་ཞེན་པས་དེའི་སྤྱིའི་རྣམ་པ་ལ་ལོག་པར་ལྟ་བ་ཤེས་ཀྱི། ཐམས་ཅད་ལ་སྐུར་བ་བཏབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ཏེ། གཞི་མེད་ན་དེའི་


DTG210_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཟླའི་རྣམ་པ་མི་སྲིད་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བའི་སྒྲ་སྨོས་པ་ནི་ལོག་པར་ལྟ་བ་ལས་འཇིག་ཚོགས་ལ་ལྟ་བ་ཁོ་ན་འབྱུང་ངོ༌། །བྱ་བའི་ངེས་པ་མེད་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་རེས་འགའ་མཆོག་གམ་གཙོ་བོར་འཛིན་པ་ལས་ལྟ་བ་མཆོག་ཏུ་འཛིན་པ་ཡང་དེའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་རོ། །དགྲ་བོར་གྱུར་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ཡང་དགྲ་བོ་ཡིན་མོད་ཀྱི་དེ་ལས་དམིགས་པའི་ཞེས་སྡང་ནི་མཐོང་བས་སྤང་བར་བྱ་བར་མི་རུང་སྟེ། དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་བདག་གཟུགས་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ལྟ་བའི་དགྲ་བོ་ནི་སེམས་པ་ལ་སོགས་བདག་ཏུ་འཛིན་པའི་ལྟ་བ་ཡིན་ཏེ། ལྟ་བ་གཞན་དང་ལྡན་པའི་ལྟ་བ་གཞན་ལ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །དེ་ལྟར་དགྲ་བོར་གྱུར་པའི་ལྟ་བའི་རྣམ་པ་དག་ལ་སྡང་བ་ནི་ཉོན་མོངས་པ་ཅན་གྱི་ལྟ་བའི་དབང་དུ་བྱས་པའི་ཕྱིར་ཡང་དག་པའི་ལྟ་བ་དང་མཚུངས་པར་རང་གི་ལྟ་བ་ལ་སྟེ། གཞན་ཉིད་ལ་ཞེས་བྱ་བའི་དོན་ཏོ། །རང་གི་རྒྱུད་ལ་ཡོད་པའི་ལྟ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་རྣམས་ནི་ཁ་ནང་དུ་བལྟས་ཏེ་འཇུག་པའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་དེ་ནི་སྡང་བས་དེ་ནི་དམིགས་ཤེ་ན། ཐོབ་པ་དེ་ཡང་ཁ་ནང་དུ་ཕྱོགས་པས་འཇུག་པའི་ཕྱིར་ལྟ་བ་ལ་དམིགས་པར་མི་ནུས་སོ། །གཞན་དག་ན་རེ། རང་གི་ལྟ་བ་ལ་ལྷག་པར་ཞེན་པ་དེ་ནི་ངེས་པར་གཞན་གྱི་ལྟ་བ་ལ་སྡང་བར་འགྱུར་ཏེ། དཔེར་ན་བདག་ཏུ་ལྟ་བ་བདག་མེད་པར་ལྟ་བ་ལ་སྡང་བ་བཞིན་ནོ། །ཡང་ཇི་ལྟར་ཉོན་མོངས་པ་སྐྱེ་ཞེ་ན་དེ་སྐྱེ་བའི་རྒྱུ་མང་པོ་ཞིག་མཐོང་སྟེ། སྐལ་བ་མཉམ་པའི་རིས་མཐོང་བ་ནི་སྐལ་བ་མཉམ་པའི་རིས་ངེས་པས་ཉོན་མོངས་པ་ཀུན་ཏུ་འབྱུང་བའོ། །དཔེར་ན་འདོད་ཆགས་དྲག་པོ་ཉིད་ཀྱིས་བྱ་དུར་པ་ལ་སོགས་པ་དང་ཁོ་ན་དྲག་པོ་ཉིད་ཀྱིས་སྦྲུལ་སོགས་པ་རྣམས་ཕྲད་པ་ལས་ཉོན་མོངས་པ་སྣང་བ་བཞིན་ནོ། །


DTG210_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཧ་བོ་ཧི་ས་ཏྭ་ཀ་ལྱ་ཎཱ་ཤ་ཡཱ་བྷ་བྱཿ་ཤྲེ་ཡ་ས་མ་དྷི་གནྟུཾ་བིཥ་ཡ་སམྤཏ་ས་མ་ག་མྱ་བྷ་བྱ་ཏཱཾ་གཙྪནྟི། ཡུལ་མཐུན་པ་ལས་ཀྱང་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ཡིན་ཏེ། འདི་ལྟར་འདོད་ཆགས་དྲག་པོ། །དཱ་ཀྵི་ཎཱ་ཏྱ། རྣམས་དང་ཞེ་སེམས་ཅན་དགེ་བའི་བསམ་པ་མང་པ་ནི་སྐལ་པ་ཅན་དེ་ལེགས་པར་རྟོགས་པའི་ཡུལ་ཕུན་སུམ་ཚོགས་པ་དང་ཕྲད་པ་ལས་སྐལ་པ་ཅན་ཉིད་དུ་འགྱུར་རོ། སྡང་དྲག་པོ། །ཨུ་དཱི་ཙཪྻ། རྣམས་ལ་མཐོང་ངོ༌། །དམ་པ་མ་ཡིན་པའི་གཏམ་ཉན་པ་ཡང་ཉོན་མོངས་པ་སྐྱེས་པའི་རྒྱུ་ལྷོད་པ་སྟེ་ཡིན་ལ། བདེ་བ་ལ་སོགས་པ་ཡང་ཉོན་མོངས་པ་སྐྱེ་བའི་རྒྱུ། འདི་ལྟར་བདེ་བ་མང་བ་ལས་འདོད་ཆགས་དང་ལྡན་པར་འགྱུར་ལ། སྡུག་བསྔལ་མང་པོ་བྱེད་པ་ལས་ཞེ་སྡང་ཤས་ཆེ་བ་ཡིན་ནོ། །ཆང་འཐུང་བ་ལ་སོགས་པས་ཀྱང་ཉོན་མོངས་པ་ཡོངས་སུ་སྣང་བ་ཡིན་ཏེ། ཁྱད་པར་དེ་དག་ལ་རག་ལུས་པ་ཉོན་མོངས་ཀུན་ཏུ་སྤྱོད་དོ། །གང་དང་གང་གིས་ཉོན་མོངས་པ་ཤིན་ཏུ་བསྟེན་པ་དེ་དང་དེ་ཡིས་སྐྱེ་བར་འགྱུར་རོ། །རང་གི་རྟེན་དང་མཐུན་པའི་ཡུལ་རྙེད་པ་ལས་ཀྱང་ཉོན་མོངས་པ་སྐྱེ་བའི་རྒྱུར་འགྱུར་ཏེ། དུས་གང་ཡང་རུང་བ་ཁ་ཅིག་ཏུ་ཉོན་མོངས་དང་མཐུན་པར་འགྱུར་བ་དེ་ལྟ་བུ་ལ་སོགས་པའོ། །སྐྱེ་བ་ན་གཙོ་བོའི་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །མ་སྤངས་ཤིང་ཞེས་བྱ་བ་ནི་དེའི་ཐོབ་པ་མ་བཅད་པའི་ཕྱིར་རོ། །ཡོངས་སུ་མ་ཤེས་པ་ཡིན་ཞེས་བྱ་བ་ནི་དེའི་གཉེན་པོ་མ་སྐྱེས་པའི་ཕྱིར་རོ། །ཡང་ན་རྒྱུ་རྣམ་པ་གསུམ་གྱིས་མ་སྤངས་པ་ཞེས་བྱ་སྟེ། ཐོབ་པ་མ་བཅད་པའི་ཕྱིར་དང་གཉེན་པོ་མ་སྐྱེས་པའི་ཕྱིར་དང༌། དམིགས་པ་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །སྤངས་པ་ཡང་རྣམ་པ་གཉིས་ཏེ། ལྷག་མ་དང་བཅས་པར་སྤངས་པ་དང་ལྷག་མ་མེད་པར་སྤངས་པའོ། །དེའི་ཕྱིར་མ་སྤངས་པ་ཡོངས་སུ་ཤེས་པ་ཞེས་སྨོས་སོ། །འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ཀྱང་སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི། འདི་དག་གིས་ཀུན་ནས་དཀྲིས་


DTG210_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ཀུན་ནས་དཀྲིས་པ་དང་མཐུན་པ་སྟེ། དཔེར་ན་འདིས་མྱོས་པར་བྱེད་པས་ན་མྱོས་པར་འགྱུར་བ་བཞིན་ནོ། །འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་མཐུན་པ་ནི་འདོད་པ་ཉིད་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་མཐུན་པ་སྟེ། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་རྗེས་སུ་མཐུན་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཀྱང་གཟུགས་དང་སྒྲ་ལ་སོགས་པ་ཡུལ་རྣམས་སོ། །སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི་ཡུལ་གྱི་དངོས་པོར་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ཞེས་བྱ་བ་ནི་སྣང་བར་གྱུར་བའི་ཡུལ་དེ་ལའོ། །ཡིད་ལ་བྱེད་པ་ཕྱིན་ཅི་ལོག་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །མཚུངས་པ་དེ་མ་ཐག་པའི་སྐྱོན་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དེ་ནི་རྒྱུའི་སྟོབས་སོ། །འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་རྣམས་ནི་ཡུལ་གྱི་སྟོབས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སྦྱོར་བའི་སྟོབས་སོ། །གལ་ཏེ་ཉོན་མོངས་པ་རྒྱུ་གསུམ་གྱིས་སྐྱེ་བར་འདོད་ན་ཇི་ལྟར་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་ལ་ཕྲ་རྒྱས་མ་སྤངས་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ་རྒྱུ་ཚང་བ་ཁོ་ན་རྒྱུ་གསུམ་གྱིས་སྐྱེ་བར་འདོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །རེས་འགའ་ཡུལ་གྱི་སྟོབས་ཀྱིས་སྐྱེའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་གོ་ཞེས་བྱ་བའི་སྒྲ་ནི་རྒྱུ་མ་ཚང་བའི་འབྲས་བུ་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །སྦྱོར་བ་བཞི་སྟེ་དེ་དག་ཉིད་དོ་ཞེས་བྱ་བ་ནི་འདོད་པའི་སྦྱོར་བ་དང༌། སྲེད་པའི་སྦྱོར་བ་དང༌། ལྟ་བའི་སྦྱོར་བ་དང༌། མ་རིག་པའི་སྦྱོར་བའོ། །ཕྲ་རྒྱས་ཁོ་ན་ཞེས་ངེས་པར་གཟུང་བ་ནི་ཀུན་ནས་དཀྲིས་པ་བསལ་བར་བྱ་བའི་ཕྱིར་རོ། །མ་རིག་པ་ལོགས་ཤིག་ཁོ་ན་མ་རིག་པའི་ཟག་པར་བཤད་པ་དེའི་ཕྱིར་མ་རིག་པ་མ་གཏོགས་པར་ཞེས་བྱ་བར་སྦྱར་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་འདིར་དེ་སྨོས་ཤེ་ན་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་རྨུགས་པ་དང་རྒོད་པའོ། །རང་དབང་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཇི་


DTG210_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་དབང་ཅན་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཇི་ལྟར་ཕྲག་དོག་དང༌། སེར་སྣ་དང༌། འགྱོད་པ་དང༌། ཁྲོ་བ་དང༌། འཆག་པ་རྣམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །ཁ་ཅིག་སྨོས་པ་ནི་དེ་ལྟ་ན་འདོད་པའི་ཁམས་ཀྱི་ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་རྣམས་ཀྱང་རང་དབང་ཅན་མ་ཡིན་པའི་ཕྱིར་འདོད་པའི་ཟག་པར་བསྡུས་པར་མི་རིགས་སོ་ཞེ་ན་འདིར་རང་གི་འཇུག་པ་ཤས་ཆེ་བ་མི་སྲིད་པའི་ཕྱིར་རང་དབང་ཅན་མ་ཡིན་པ་ཡིན་གྱི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །འདོད་པའི་ཁམས་སུ་འདི་དག་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ཀྱང་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པ་ཉིད་ཀྱིས་རང་དབང་ཅན་གྱིས་ཀུན་ནས་དཀྲིས་པ་སྟེ། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ནི་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། ཀུན་ནས་དཀྲིས་པ་རྣམས་ཀྱང་ཁམས་ཀྱི་སྒོ་ནས་ཐ་དད་པ་མ་ཡིན་པས་རྒོད་པ་དང་འགྱོད་པ་དག་སྲིད་པའི་ཟག་པར་མ་བཤད་དོ། །ཅི་སྟེ་འདི་དག་ཁམས་ཀྱིས་ཐ་དད་པར་འདོད་ན་སྲིད་པའི་ཟག་པ་རྣམས་རྫས་ལྔ་བཅུ་རྩ་དྲུག་ཏུ་འགྱུར་ལ། དེ་ལྟ་ན་རབ་ཏུ་བྱེད་པའི་གཞུང་དང་མཐུན་པར་འགྱུར་རོ་ཟེར་རོ། །གཉིས་ཀ་ཡང་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་པར་གཏོགས་པའི་ལུང་དུ་མ་བསྟན་པ་དག་སྟེ། གོང་མ་ཐམས་ཅད་ལུང་མ་བསྟན་ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། གཟུགས་དང་སྒྲ་དང་རེག་བྱའི་ཡུལ་ལ་འཇུག་པའི་ཕྱིར་ཏེ་ཁ་ཅིག་ནི་ཁ་ཕྱིར་བལྟས་པས་འཇུག་པ་ཡིན་ལ། དེའི་ཕྱིར་ཆེས་གསལ་བ་བཞིན་ནོ། །གང་དག་རྒྱུ་གསུམ་གྱིས་བརྗོད་པར་བྱ་བ་གཉེན་པོ་གཅིག་སྟེ། དེ་ཡང་མི་གསལ་བ་ཉིད་དོ། །བསྒོམ་པས་སྤང་བར་བྱ་བ་རྣམས་གཉེན་པོ་ཐ་དད་པས་དེའི་ཕྱིར་ཕལ་ཆེར་ཁ་ནང་དུ་བལྟས་ཏེ་འཇུག་པ་ཉིད་ཀྱི་རྒྱུ་གསུམ་པ་ལོགས་ཏེ་དེ་ཉིད་ཀྱིས་སྲིད་པའི་ཟག་པ་ཞེས་སོ། །ཁ་ནི་ནང་དུ་བལྟས་ཕྱིར་དེ། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་


DTG210_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་གཟུགས་མེད་པར་གཏོགས་པའི་ཕྲ་རྒྱས་རྣམས་སྲིད་པའི་འདོད་ཆགས་བཞིན་དུ་གཅིག་ཏུ་བྱས་ནས་སྲིད་པའི་ཟག་པ་ཞེས་བཤད་དོ་ཞེས་ཟེར་རོ། །རྫས་བཅོ་ལྔ་ཞེས་བྱ་བ་ནི་ཁམས་གསུམ་པོ་རེ་རེ་ཡང་མ་རིག་པ་ལྔ་ལྔ་ཡིན་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱི་ཞེས་བྱ་བ་ནི་འདོད་པའི་ཟག་པ་ལ་སོགས་པ་དག་དང་འཁོར་བའི་སྟེ། མདོ་ལས་ཀུན་དུ་ཆགས་པར་བྱེད་པའི་རྒྱུ་ནི་མ་རིག་པའོ་ཞེས་རྒྱས་པར་གསུངས་ལ། སླར་ཡང་འཇིག་རྟེན་འདི་དང་ཕ་རོལ་ན། །འདོད་དང་ཆགས་པས་བསླད་པ་ཡི། །ངན་འགྲོ་གང་དག་ཅི་ཡོད་པ། །ཐམས་ཅད་མ་རིག་རྩ་བ་ཅན། །ཞེས་གསུངས་སོ། །ཡོངས་སུ་བགྲང་བའི་སྒོ་ནས་ནི་ཉོན་མོངས་པ་བརྒྱ་རྩ་བརྒྱད་ཅེས་བཤད་དོ། །འཇོག་པའི་རྗེས་སུ་ནི་མཐུན་ལོ་ཞེས་བྱ་བ་ནི་གནས་བའི་རྗེས་སུ་མི་མཐུན་ཞེས་བྱ་བའི་དོན་ཏོ། །ལྟ་བ་རྣམས་འབའ་ཞིག་གཡོ་བའི་ཕྱིར་དང་གསལ་བའི་ཕྱིར་འཇོག་པའི་རྗེས་སུ་མི་མཐུན་གྱི། ཉོན་མོངས་པ་གཞན་དག་དང་ལྷན་ཅིག་པ་རྣམས་ནི་ཟག་པའི་དོན་འཛིན་པར་བྱེད་པས་འདོད་པས་དང་སྲིད་པའི་ཟག་པའི་ནང་དུ་བཀོད་དོ། །གཞན་དག་ན་རེ། སྡུད་པ་ནི་ཉོན་མོངས་པ་གཟུང་བའི་དོན་དུ་སྟེ། ཆུ་བོ་དང་སྦྱོར་བ་དང་ཉེ་བར་ལེན་པ་རྣམ་པར་གཞག་པ་ནི་མ་ཡིན་ནོ། །ཇི་ལྟར་ཡང་འདིར་དོན་གཞན་ཉོན་མོངས་པ་རྣམས་ཀྱི་ནུས་པ་ཁོ་ན་གཅིག་པུ་སྟེ། ལྟ་བ་གཞན་ནི་གསལ་བ་ཉིད་དང་སྡུད་པ་དང་སྦྱོར་བ་དང་འཛིན་པར་ནུས་པའོ་ཞེས་ཟེར་རོ། །ཆུ་པོ་དང་སྦྱོར་བ་དང་ཉེ་བར་ལེན་པ་རྣམས་ནི་ཐ་དད་དུ་རྣམ་པར་གཞག་གོ །སཾ་སཱ་རེ་པུ་ནསྟུ་ལྱཿསྲི་ཐགྫ་ནརྻ་ཡོ་རཱ་སྱཱ་སྟུ་ལྱཱ་ཡཱི་ཙཱ་སྱཱ་ཡཾ་པྲི་ཐགྫ་ན་མེ་བཱ་ཤ་ཡནྟི་དྲིཥྚ་ཡོ་ནཱ་ར་མི་ཏི། དེ་རྣམས་མཐའ་དག་གི་དོན་དང་མི་ལྡན་པའི་ཕྱིར་དེ་རྣམས་ཟག་པ་རྣམས་ལས་ལོགས་སུ་མ་བཤད་དོ། །གལ་ཏེ་ལྟ་བ་རྣམས་གཡོ་བའི་ཕྱིར་དང༌། གསལ་བའི་ཕྱིར་ཟག་པ་དག་ཏུ་འཁོར་བར་ཡང་མཚུངས་སོ་སོ་སྐྱེ་བོ་འཕགས་པ་དག་མཚུངས་པ་ལ་འདི་སོ་སོ་སྐྱི་བོ་ཁོ་ན་སེམས་རྣམ་པར་མཐོང་འཕགས་པ་མ་ཡིན།ལོགས་ཤིག་ཏུ་མ་བཤད་ན། དེས་ན་མ་རིག་པ་ཡང་བསྟན་པའི་ཕྱིར་དང༌། མི་གསལ་བའི་ཕྱིར་ཆུ་བོ་དང་སྦྱོར་བ་དག་ཏུ་ལོགས་ཤིག་ཏུ་བསྟན་པར་མི་བྱའོ་ཞེས་བསྟན་ཕྱིར་རོ། །ལམ་


DTG210_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དགྲར་གྱུར་པའི་ཕྱིར་དང་ཞེས་བྱ་བ་ནི། གྲངས་ཅན་གྱི་རྣལ་འབྱོར་ཤེས་པ་ལ་སོགས་པ་དག་གིས་ཐར་པ་ཐོབ་པའི་ཕྱིར་རོ། །ཟས་མི་ཟབ་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་སྨོས་པས་ཆུ་དང་མར་འཇུག་པ་དག་བསྡུའོ། །ཡུལ་ཡིད་དུ་འོང་བ་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི། དགའ་བ་སྤངས་པ་སྟེ། ས་ལ་ཉལ་བ་དང༌། དྲི་མ་དང༌། འདམ་རྫབ་སྲེལ་བ་དང༌། སྒྲེན་མོ་རྒྱུ་བ་དང༌། སྐྲ་འབལ་བ་ལ་སོགས་པ་དེ་ལྟ་བུ་ལ་སོགས་པས་དག་པར་ཡིད་ཆེས་པའི་ཕྱིར་རོ། །དེའི་ཕྱིར་བསྲེས་སོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་གོ་ཞེས་བྱ་བའི་སྒྲ་ནི་འདུན་པའི་འདོད་ཆགས་ཁོ་ན་ཉེ་བར་ལེན་པ་ཡིན་པའི་ཕྱིར་ཉེ་བར་ལེན་པ་ཉིད་དུ་མ་བཤད་ཀྱི། འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་མཐོང་ནས་སྨོས་སོ། །ལྟ་བའི་སྦྱོར་བ་ཡང་དེ་དང་འདྲ་བའི་བར་དུ་ཞེས་བྱ་བ་ལ། ལྟ་བའི་སྦྱོར་བ་གང་ཞེ་ན། བྱིས་པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ལྟ་བ་རྣམས་ཀྱི་ཀུན་འབྱུང་བ་དང༌། ནུབ་པ་དང༌། རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་འདིའི་ལྟ་བ་རྣམས་ལ་ལྟ་བ་ལ་འདོད་པ་དང༌། ལྟ་བ་ལ་འདུན་པ་དང༌། ལྟ་བ་ལ་སྲེད་པ་དང་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་སྟེ། སློབ་དཔོན་གྱིས་འདོད་པ་ལ་སོགས་པ་དག་འདུན་པའི་འདོད་ཆགས་ཀྱང་འདོད་པའི་སྦྱོར་བ་ལ་སོགས་པ་ལྟར་འདོད་པ་ལ་སོགས་པའི་ཉེ་བར་ལེན་པ་ཡིན་གྱི་ཉོན་མོངས་པ་ཐམས་ཅད་ནི་མ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ན་རེ། འདི་ནི་འདུན་པའི་འདོད་ཆགས་ཉིད་དེ། སྦྱོར་བ་ཉེ་བར་ལེན་པ་རྣམས་ལ་དེ་གཙོ་བོ་ཡིན་པའི་ཕྱིར་དེ་ལ་སྤྱོད་པའི་གདུལ་བྱ་ལ་དགོངས་ཏེ་གསུངས་སོ་ཞེས་ཟེར་རོ། །ཆུ་བོ་དང་འདྲ་བས་དེ་ལྟར་ཆུ་པོ་སྟེ་བཞི་ཞེས་བཤད་དོ། །གཞན་དུ་ཆུ་བོ་ལྔ་སྟེ། འདིར་རྒལ་ཞིང་སྒྲོལ་བས་ན་ཞེས་གྲག་གོ །ཇི་ལྟར་ཀུན་དུ་སྦྱོར་བ་མ་ཡིན་པ་རྣམས་ཞེས་བཤད་ཅེ་ན། སྦྱོར་བཞི་ཞེས་བཤད་དེ། སྦྱོར་བ་དང་ཀུན་ཏུ་སྦྱོར་བ་དག་དོན་གཅིག་པ་ཉིད་མ་ཡིན་ནོ། །ཡང་ཅི་ལྟར་འདི་རྟོགས་པར་བྱ་ཞེ་ན། འདི་


DTG210_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཏེ་གསུངས་པས་ཡང་སྲེད་པའི་བདག་ཉིད་ཁོ་ན་སྦྱོར་བ་གསུམ་ཞེས་བྱ་མ་ཡིན་ནོ། །གང་གི་ཕྱིར་ཀུན་ཏུ་སྦྱོར་བ་རྣམས་མ་ཡིན་ཞེས་བཤད་པ་ལ། ཀུན་ཏུ་སྦྱོར་བ་དང་སྦྱོར་པ་ཞེས་བྱ་བ་འདི་དག་བཅུ་གཅིག་ཏུ་རྟོགས་པར་བྱ་སྟེ། ཉོན་མོངས་པ་ཐམས་ཅད་ལ་སྦྱོར་བའི་མཚན་ཉིད་ཡོད་པས་སོ། །རྒྱུ་བ་ཕྲ་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་ཕྲ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྒྱུ་བ་ཕྲ་ཞེ་ན། དེའི་ཕྱིར་རྟོགས་དཀའ་བས་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཀུན་དགའ་པོས། ནཱ་བྷི་ཛྲཱ་ན་མི་ས་བྲཧྨཱཙཱ་རི་ཎོནྟི་ཀེ་པ་རི་བྷ་བི་ཏུ་མུཏྤཱ་ད་ཡི་ཏུཾ་ན་ཏུཀྟ་ན་བོཏྤ་དི་ཏ་མི་ཏི། ཕྲ་བ་ནི་ང་རྒྱལ་གྱི་ཕྲ་རྒྱས་ཀུན་ཏུ་སྤྱོད་པའི་རང་བཞིན་ཏེ། ངོ་བོ་ཉེ་བར་མི་མཚོན་ཞེས་བྱ་བའི་དོན་ཏོ། །ཕྲ་བ་ཞེས་བྱ་བ་ནི་ཐ་ན་སྐད་ཅིག་གཅིག་སྟེ། རྡུལ་ཕྲ་རབ་གཅིག་ལ་ཡང་རྒྱས་པར་འགྱུར་ཞེས་གཞན་དག་ཟེར་རོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་དེ་དག་གི་རྒྱུན་ཏེ། ཐོག་མ་མེད་པའི་དུས་ནས་ཐོབ་པ་དང་འབྲེལ་ཅིང་ཐོབ་པ་རྒྱུན་མི་འཆད་པའོ། །དམིགས་པ་དང་མཚུངས་པའི་སྒོ་ནས་ཞེས་བྱ་བ་ལ། དམིགས་པའི་སྒོ་ནས་ནི་གླགས་ཚོལ་བའི་དགྲ་བོ་བཞིན་དང་མཐོང་བའི་དུག་བཞིན་ནོ། །མཚུངས་པར་ལྡན་པའི་སྒོ་ནས་ལྕགས་ཀྱི་གོང་བུ་ཆུར་བྱིང་བ་བཞིན་དང༌། རེག་པའི་དུག་བཞིན་ནོ། །གཉི་གའི་སྒོ་ནས་ནི་མ་མས་གཞོན་ནུ་བཞིན་དུ་རྒྱས་པར་བྱེད་དེ། དེ་ནི་གཞོན་ནུ་འཕེལ་བར་བྱེད་ཉེ་བར་རྟས་པར་བྱེད་པ་དེ་བཞིན་དུ་དེ་དག་ཀྱང་དམིགས་པ་དང་མཚུངས་པར་ལྡན་པ་དག་གིས་རང་གི་རྒྱུད་འཕེལ་བར་བྱེད་དོ། །ཐོབ་པ་རྣམས་ཀྱིས་ཉེ་པར་རྟས་པར་བྱེད་དོ། །རྗེས་སུ་འབྲང་བས་ནི་ཉེ་བར་གནོན་ཏེ་རིམས་ཉེན་བཞི་བ་བཞིན་ནོ། །གཞན་དག་ན་རེ་བྱི་བའི་དུག་བཞིན་ནོ་ཞེས་ཟེར་རོ། །ངེས་པའི་ཚིག་གིས་རྒྱུན་གྱི་རྗེས་སུ་འགྲོ་བས་རྒྱུད་རྒྱས་པར་བྱེད་པའི་ཕྱིར་ཕྲ་རྒྱས་ཏེ་གནས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྗེས་སུ་འགྲོ་བར་བྱེད་པའམ་ལེགས་པར་ཉལ་དུ་འཇུག་པས་ན་ཕྲ་རྒྱས་ཏེ། ཇི་ལྟ་བ་བཞིན་དུ་


DTG210_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ལ་ཀུན་ཏུ་རྨོངས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དུས་རིང་བ་དང་རྗེས་སུ་འབྲེལ་པར་སེམས་ཅན་རྣམས་སྲིད་པའི་བཙོན་རང་ཉལ་དུ་འཇུག་པས་ཕྲ་རྒྱས་ཏེ་འདོད་ཆགས་པ་ཁོ་ན་ཕྲ་རྒྱས་ཏེ་ཁྲོ་བ་ལ་སོགས་པ་རྣམས་མ་ཡིན་ནོ་ཞེས་སོ། ཅི་ལས་འདི་གནས་པ་འཕགས་ཞེན། འདི་བརྟན་པར་གནས་པ་སེང་ལྡེང་གི་མེ་མདག་བཞིན་ནོ། །ཁྲོ་བ་ལ་སོགས་པ་རྣམས་མ་ཡིན་ནོ་ཞེས་སོ། །དེའི་ཕྱིར་འདི་ཕྲ་རྒྱས་ཏེ་ཁོན་གྱི་བག་ལ་ཉལ་བ་བཞིན་ནོ། །གལ་ཏེ་ཁོ་ན་དུ་འཛིན་པ་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཕྲ་རྒྱས་རྣམས་ཀྱི་བྱ་བ་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་དང༌། བྱ་བ་སྔོན་དུ་འགྲོ་བས་ནི་ཁོ་ན་དུ་འཛིན་པ་དགྲ་དང་རྗེས་སུ་འབྲེལ་པས་རང་བཞིན་གྱིས་ལྕི་བའི་ཕྱིར་དང༌། ཕྲ་རྒྱས་རྣམས་ཀྱི་བྱ་བ་སྔོན་དུ་འགྲོ་བ་མ་ཡིན་པ་ནི་རྗེས་སུ་འབྲེལ་པ་དམ་པས་ཁོན་དུ་འཛིན་པ་ཁོང་ཁྲོའི་རྗེས་སུ་སྤྱོད་པའི་ཕྱིར་རོ། །ཁོང་ཁྲོའི་རྒྱུ་མཐུན་པ་ནི་ཁོན་དུ་འཛིན་པ་སྟེ། དེ་སྤྱོད་པ་དང་དེའི་རྗེས་སུ་སྤྱོད་པས་ཁོང་ཁྲོའི་རྣམ་པའི་རྒྱུ་མཚན་ཡང་ཡང་དྲན་པས་ཁོང་ཁྲོ་བ་ཉིད་སྤྱོད་པས་དེའི་ཕྲ་རྒྱས་ཉིད་དུལ་བ་མེད་དོ། །འཇོག་པར་བྱེད་པས་ཞེས་བྱ་བ་ལ། དེ་དང་ལྡན་པ་མི་གཡོ་བའི་ཚུལ་གྱིས་འཁོར་བར་སྦྱོར་བར་བྱེད་ཅེས་བྱ་བའི་དོན་ཏོ། །འཛག་པས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་མ་བྲལ་བ་ཡང་སྐྱེ་མཆེད་དྲུག་གི་རྟེན་ནས་མནར་མེད་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཡང་ན་དེར་སྐྱེས་པ་ཡང་དེར་སྐྱེ་བར་རུང་བའི་དབང་དུ་མཛད་ནས་མནར་མེད་པའི་བར་དུ་འཛག་པས་ན་ཞེས་བྱ་བ་སྨོས་སོ། །ཁྱེར་བར་བྱེད་པས་ན་ཆུ་བོ་དག་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་ཚུལ་ཁྲིམས་ལས་ཉམས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ཁམས་དང་སྐྱེ་གནས་འགྲོ་བ་གཞན་དུ་ཁྱེར་བར་བྱེད་པའི་ཕྱིར་རམ། ཡུལ་དག་ལ་རྣམ་པར་ཤེས་བ་འཇུག་པར་བྱེད་པའི་ཕྱིར་ཁྱེར་བར་བྱེད་པས་ན་ཞེས་བརྗོད་དོ། །འབྱར་བར་བྱེད་པས་ན་སྦྱོར་བ་དག་ཡིན་ནོ་ཞེས་བྱ་བ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པ་དག་ཏུ་སྦྱོར་


DTG210_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་ཕྱིར་རོ། །ཉེ་བར་འཛིན་པས་ན་ཉེ་བར་ལེན་པ་སྟེ། དེ་དང་དེར་ལུས་འཛིན་པས་ན་ཉེ་བར་ལེན་པ་དག་གོ །འདི་སྐད་དུ་ཆེས་ཤིན་ཏུ་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བའི་ཟག་པའི་འདོད་པ་འདི་ཆེས་ལེགས་པ་ཡིན་ནོ་ཞེས་བྱ་བའོ། །ལུང་སྟོན་པའི་ཚུལ་ལ་ཁྲིད་པས་ཟག་པ་ཞེས་འཐོབ་པོ། །དེས་ན་ཞར་ལས་འབྱུང་བ་འདིས་ཐམས་ཅད་ལ་སྐྱོན་མེད་པ་ཉིད་དུ་ཚིག་རྣམ་པར་སྦྱར་བ་གསུངས་སོ། །དེ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འདུ་བྱེད་པ་ཆེན་པོས་སེམས་ཀྱི་རྒྱུད་ཀྱི་གྲུ་ཟློག་ཕྱོགས་སུ་དཀྲིས་ཤིང་ཡུལ་དག་ལས་བཟློག་པ་དང༌། དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་ཆུས་རྒྱུན་ཕྱོགས་སུ་རང་གི་ངང་གིས་འཁྱེར་བར་བྱེད་དོ། །དེ་དག་གིས་དེ་དག་དང་ལྡན་པ་ཁྱེར་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དེའི་ཕྱིར་དེའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་དག་དང་སྦྱོར་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡང་དང་ཡང་དུ་རྗེས་སུ་འབྲེལ་པའི་སྒོ་ནས་སོ་ཞེས་བྱ་བ་ནི་སྦྱོར་བ་དག་གོ་ཞེས་བྱ་བར་སྐབས་དང་སྦྱོར་རོ། །དེའི་ཕྱིར་དེ་ལྟར་ན་ཆུ་བོ་ནི་རེས་འགའ་ཡིན་ལ། སྦྱོར་བ་ནི་ཐམས་ཅད་ཀྱི་ཚེ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་ཡིན་ནོ་ཞེས་བྱ་བ་གང་གིས་འདོད་པ་དག་ཉེ་བར་ལེན་པ་དེ་ནི་འདོད་པ་ཉེ་བར་ལེན་པ་སྟེ་འདོད་པ་དག་ལ་འདུན་པ་གང་ཡིན་པའོ། །དེ་བཞིན་དུ་ལྟ་པ་དང་ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པར་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལ་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡུལ་རྣམས་དང་སྐྱེ་བོ་དག་ལ་ཀུན་ཏུ་སྦྱོར་བར་བྱེད་པས་ན་ཀུན་ཏུ་སྦྱོར་བ་རྣམས་ཏེ། ཇི་སྐད་དུ། མིག་གིས་ནི་གཟུགས་དག་ལ་ཀུན་ཏུ་སྦྱོར་བ་མ་ཡིན་གྱི། འོན་ཀྱང་འདུན་པའི་འདོད་ཆགས་གང་ཡིན་པ་འདི་འདིར་ཀུན་ཏུ་སྦྱོར་བ་ཡིན་ནོ་ཞེས་གསུངས་ལ། སླར་ཡང་བྱིས་


DTG210_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་སོ་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་བཅིངས་བཞིན་དུ་སྐྱེ། བཅིངས་བཞིན་དུ་འཆི། བཅིངས་བཞིན་དུ་འཇིག་རྟེན་འདི་ནས་ཕ་རོལ་དུ་འཕོའོ་ཞེས་གསུངས་སོ། །ཡང་ན་འདི་རྣམས་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་དུ་མ་དང་ཀུན་ཏུ་སྦྱོར་བས་ན་ཀུན་ཏུ་སྦྱོར་བ་རྣམས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེ་ལ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། རྟེན་དང་དམིགས་པའི་སྒོ་ནས་ཀྱང་འདོད་ཆགས་པ་ཡིན་ཏེ། ཡང་ཡུལ་ཡིད་དུ་འོང་བར་གྱུར་པ་ལ་མངོན་པར་དགའ་བའི་འདུ་བྱེད་དང༌། སེམས་པས་དངོས་པོ་འཚོག་ཆས་དང་བཅས་པ་དག་ལ་མངོན་པར་ཞེན་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་རྗེས་སུ་ཆགས་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་ཅན་གྱི་སེམས་དང་རྗེས་སུ་མཐུན་པས་སོ། །མི་མཐུན་པའི་འདུ་ཤེས་ཅན་དེ་དང་བྲལ་བར་འདོད་པ་ཡོངས་སུ་གྱུར་པའི་སེམས་ཕྱིར་ཕྱོགས་པ་ནི་ཁོང་ཁྲོའོ། །ང་རྒྱལ་བཤད་པ་ལས་ང་རྒྱལ་རྣམ་པ་བདུན་ཞེས་བྱ་བ་དེར་མ་རིག་པའི་ཀུན་ཏུ་སྦྱོར་བ་ཁམས་གསུམ་པའི་མི་ཤེས་པ་སྟེ། རྟེན་གྱི་སྒོ་ནས་ཡིན་གྱི་དམིགས་པའི་སྒོ་ནས་མ་ཡིན་ནོ། །ཟག་པ་མེད་པ་ཁམས་སུ་མ་གཏོགས་པའི་ཕྱིར་དང༌། མ་རིག་པ་ཡང་དེ་ལ་དམིགས་པའི་ཕྱིར་ཞེས་སོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་རྒྱས་པར་བཤད་དོ། །ལྟ་བ་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ལོག་པར་ངེས་པར་རྟོག་པའི་མཚན་ཉིད་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ཀྱིས་ནི་ཁྱད་པར་གྱི་མཚན་ཉིད་གང་ཞེ་ན་དེ་རྒྱས་པར་བཤད་ཟིན་ཏོ། །ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ཞེས་བྱ་བ་དེ་ལ་འདུ་བྱེད་རྣམས་བདག་ཏུ་ཁས་བླངས་ནས་རྟག་པ་དང་ཆད་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བའོ་ཞེས་མཐར་འཛིན་པའི་མཚན་ཉིད་གང་ཡིན་པ་ནི་བཤད་ཟིན་ཏོ། །འདིར་ཆད་པར་ལྟ་བ་ཞེས་བྱ་བ་དེ་ཅི་ཞེ་ན། འདུ་བྱེད་རྣམས་ཕན་ཚུན་མི་འཇུག་གོ་ཞེས་མངོན་པར་ཞེན་པའོ། །འོ་ན་འདི་ལོག་པར་ལྟ་བ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། ཡང་སྲིད་མེད་ན་འདི་ཡོད་


DTG210_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པར་བྱ་དགོས་སོ། །འདིའི་རང་བཞིན་དང་ཁྱད་པར་དང་རྣམ་པ་མཚུངས་པ་ཅི་ཞེ་ན། སྲེད་པ་དང་བྱམས་པ་དག་སྦྱོར་བ་འདྲ་སྟེ། དཔེར་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གཞན་ལ་ཕན་འདོགས་པའི་སྦྱོར་བ་ནི་སྲེད་པས་ཀུན་ནས་བསླང་བ་ཞེས་བྱའོ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ནི་བྱམས་པས་ཀུན་ནས་བསླང་བ་ཞེས་བྱའོ། །རང་བཞིན་དང་ཁྱད་པར་དང་རྣམ་པ་མཚུངས་པ་ཉིད་ཀྱིས་ལོག་པའི་ཐབས་ཀྱིས་འདུ་བྱེད་རྣམས་མི་འཇུག་པར་ལྟ་བ་དང་མེད་པར་ལྟ་བ་འདི་ནི་ཁྱད་པར་རོ་ཞེས་སོ། །དངོས་པོ་འཚོག་ཆས་དང་བཅས་པ་དག་ལ་མངོན་པར་ཞེན་པ་གང་ཡིན་པའོ། །ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཁོང་ཁྲོ་བ་དང༌། ཕྲག་དོག་དང༌། སེར་སྣའི་ཀུན་ཏུ་སྦྱོར་བ་དག་ནི་འདོད་པ་ན་སྤྱོད་པའོ། །རྗེས་སུ་ཆགས་པ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་གྱིས་ཀུན་ཏུ་སྦྱོར་བ་དག་ནི་ཁམས་གསུམ་པའོ། །རྒྱུ་ཅི་ཞེ་ན། གང་གི་ཕྱིར་ལྟ་བའི་ཕྲ་རྒྱས་དང་ལྟ་བའི་ཀུན་ཏུ་སྦྱོར་བ་དང་མཆོག་ཏུ་འཛིན་པའི་ལྟ་བ་ཡང་ཞེས་སོ་སྨྲས་པ་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲི་བའི་ལན་འདེབས་པའོ། །ཀུན་འབྱུང་ཤེས་པ་སྐྱེས་ལ་ཞེས་བྱ་བ་འདིས་ནི་ལྟ་བའི་ཀུན་ཏུ་སྦྱོར་བ་ཀུན་ཏུ་འགྲོ་བ་སྤངས་པར་སྟོན་ཏོ། །འགོག་པ་ཤེས་པ་མ་སྐྱེས་པའི་ཚེ་ཞེས་བྱ་བ་འདིས་ནི་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་མ་སྤངས་པར་བསྟན་ཏོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་དང་ནི་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་རང་གི་རིས་པ་དེ་ལས་དམིགས་པས་ལྡན་གྱི། དེ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཏེ། མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་ནི་སྤངས་པའི་ཕྱིར་ལ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་པར་བྱ་བའི་ལྟ་བའི་ཀུན་ཏུ་སྦྱོར་བ་ཁོ་ན་ཀུན་ཏུ་འགྲོ་བ་ཡིན་ལ་དེ་ནི་སྤངས་པ་ཡིན་ནོ། །འོ་ན་དེའི་ལྟ་བའི་ཀུན་ཏུ་སྦྱོར་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་མ་སྤངས་ཏེ་ངེས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་


DTG210_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་འགྲོ་བ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེར་ལྟ་བའི་ཀུན་ཏུ་སྦྱོར་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་ནི་ལོག་པར་ལྟ་བ་ཡིན་ནོ། །དེ་ནི་འགོག་པ་དང་ལམ་ལ་དམིགས་པ་ཡིན་གྱི། མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་ནི་མ་ཡིན་ལ་ལྟ་བ་གཉིས་ལ་མཚུངས་པར་ལྡན་པའི་མཚུངས་པར་ལྡན་པ་དག་ལ་དམིགས་པ་ཐ་དད་པ་ཡོད་པ་ཡང་མ་ཡིན་ནོ། །རྫས་དང་མཆོག་འཛིན་འདྲ་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡང་རྫས་འདྲ་བས་དོན་ཅི་ཞིག་རྙེད་ཅེ་ན། ཀུན་ཏུ་སྦྱོར་བའི་དོན་ཉིད་དོ་ཞེས་སྨྲའོ། །འདི་སྐད་བསྟན་པར་འགྱུར་ཏེ། ཇི་ལྟར་འདོད་ཆགས་ལ་སོགས་པ་དག་རེ་རེ་ཀུན་ཏུ་སྦྱོར་བའི་དོན་འཛིན་པ་དེ་བཞིན་དུ་ལྟ་བ་དག་གསུམ་དུ་གྱུར་ནས་དོན་དེ་འཛིན་ནོ། །དེ་ལྟ་མ་ཡིན་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཀུན་ཏུ་སྦྱོར་བ་ཡང་སྟོན་པར་འགྱུར་རོ། །ལྟ་བ་གསུམ་གྱི་ནུས་པ་ཇི་ལྟ་བ་བཞིན་དུ་ལྟ་བ་གཉིས་ཀྱི་ནུས་པ་ཡང་འདྲ་བ་ལས་ཡིན་པར་ལྟའོ། །དེའི་ཕྱིར་དེ་དག་ལོགས་སུ་ཀུན་ཏུ་སྦྱོར་བ་ཉིད་དུ་ནི་མ་བསྟན་ཏོ། །དེ་ལྟ་ན་འོ་ན་འཇིག་ཚོགས་ལ་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་ལྷན་ཅིག་བྱ་བ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལོག་པར་ལྟ་བ་དེ་བཞིན་ཁོ་ནར་རྫས་མཚུངས་པ་ཡིན་ནོ། །རྒྱུ་ཅི་ཞེ་ན། ཇི་ལྟར་བཀོད་པ་ཉིད་ཀྱི་རིགས་པ་དང་ངེས་པས་མཆོག་ཏུ་འཛིན་པར་མཚུངས་པའི་ཕྱིར་རོ། །གཞན་དག་ན་རེ་རྟགས་དང་རྫས་འདྲ་བ་ལ་བལྟོས་ནས་ཡིན་ནོ་ཞེའོ། །གཟུང་བ་དང་འཛིན་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ལ་གཟུང་བ་ནི་ལྟ་བ་གསུམ་མོ། །འཛིན་པ་ནི་མཆོག་ཏུ་འཛིན་པ་གཉིས་སོ། །ཇི་ལྟར་ཞེ་ན། གཅིག་གིས་ནི་ལྟ་བ་གང་གིས་བདག་གོ་སྙམ་པ་དང༌། གང་གིས་མེད་དོ་སྙམ་དུ་སེམས་པ་དེ་མཆོག་ཏུ་འཛིན་ལ། གཞན་གྱིས་ནི་དག་པར་འཛིན་ཏེ། དེའི་ཕྱིར་མ་འཆོལ་བར་བསྟན་པར་བྱ་བའི་ཕྱིར་ཡིན་ནོ། །གཞན་དག་ན་རེ་སྲིད་པའི་ལོངས་སྤྱོད་ལ་ལྷག་པར་ཞེན་པ་རྣམས་ལྟ་བའི་ཀུན་ཏུ་སྦྱོར་བར་ལྷག་པར་འཆིང་ལ། མྱ་ངན་ལས་འདས་པས་དག་པར་འདོད་པ་རྣམས་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་


DTG210_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ་ཞེས་ཟེར་རོ། །ཐེ་ཚོམ་གྱིས་ཀུན་ཏུ་སྦྱོར་བ་ནི་བདེན་པ་རྣམས་ལ་ཐེ་ཚོམ་དང་ཡིད་གཉིས་ཟ་བའི་ཤེས་རབ་བོ། །ཐེ་ཚོམ་ལ་བི་མ་ཏི་ཞེས་བྱ་བའི་སྒྲ་ནི་དེ་ལས་རྫས་གཞན་དུ་བསྟན་པའི་དོན་ཏེ་རྣམ་པར་ཤེས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་བསྒྱུར་བའི་ཁྱད་པར་ལས་རྐྱེན་གཞན་དུ་བལྟ་སྟེ། ཀུན་ཏུ་དང་བ་དང་རབ་ཏུ་དང་བ་བཞིན་ནོ། །སྡུག་བསྔལ་ནྭི་དམན་ནྭི་དམ་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་ངེས་པ་བཞིན་འབྱུང་བ་དང་ལོག་པར་ངེས་པ་བཞིས་སྡུག་བསྔལ་ལ་སོགས་པའི་བདེན་པ་ཐ་དད་པ་རྣམས་ལས་གཞན་དུ་ཐེ་ཚོམ་དང་སོམ་ཉིར་བརྗོད་དོ། །ཐེ་ཚོམ་མ་ཡིན་ཞེས་བྱ་བ་ནི་དེ་ཡང་ལྟ་བ་དང་བདེན་པ་རྣམས་ལ་ཡང་ངོ༌། །དེའི་ཕྱིར་གང་ཞིག་དེ་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །ཕྲག་དོག་ནི་སེམས་རྩུབ་པའོ་ཞེས་བྱ་བ་ལ། ཕྲག་དོག་ནི་གཞན་ལས་མངོན་པར་མཐོ་བར་འཛིན་པས་དེའི་ཕྱིར་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟད་པ་སྔོན་དུ་འགྲོ་བས་སེམས་ཀུན་ཏུ་གདུད་བ་དང་རྩུབ་པ་ཞེས་བྱའོ། །དེ་ཉིད་ནི་ཁོང་ཁྲོའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དང་གཞན་ལ་གནོད་པར་ཞུགས་པའི་ཕྱིར་དང་ཡིད་མི་བདེ་བ་དང་རྗེས་སུ་འབྲེལ་པའི་ཕྱིར་བྱང་གི་སྒྲ་མི་སྙན་མ་གཏོགས་པའི་འདོད་པའི་ཁམས་ཉིད་ན་དམིགས་ཤིང་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ལྡན་ནོ། །སེར་སྣ་ནི་སེམས་ཀྱི་ཀུན་ཏུ་འཛིན་པ་སྟེ་དངོས་པོ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་དེ་དང་མི་འབྲལ་བར་འདོད་པ་ཉིད་དོ། །འདི་ཡང་ཆགས་པའི་དྲི་མ་ཡིན་པའི་ཕྱིར་དང༌། ཡོ་བྱད་ལྷག་པར་གནས་པས་ཞུགས་པའི་ཕྱིར་འདོད་པའི་ཁམས་ཉིད་ན་ཡོད་དོ། །ཀུན་ནས་དཀྲིས་པ་གཞན་ནི་དེ་ལྟ་བུའི་རིགས་ཅན་ཡོད་མ་ཡིན་ནོ་ཞེས་རྒྱས་པར་འབྱུང་ངོ༌། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ནི་གཅིག་ཏུ་མི་དགེ་བ་ཡིན་མོད་ཀྱི་རང་དབང་ཅན་ནི་མ་ཡིན་པས་འགྱོད་པ་ནི་རང་དབང་ཅན་ཡིན་མོད་ཀྱི། གཅིག་ཏུ་མི་དགེ་བ་ནི་མ་ཡིན་ཏེ། དེ་ནི་དགེ་བ་ཡང་ཡིན་པའི་ཕྱིར་རོ། །གཞན་དག་ནི་གཉི་ག་ཡང་མ་ཡིན་ནོ། །ཀུན་ནས་དཀྲིས་པ་བཅུ་པོ་དེ་ལས་གཞན་པ་ནི་རྒྱུ་ཉིད་དུ་སྨྲ་སྟེ། ཤིན་ཏུ་རྣོ་བ་དང༌། ཡང་ཡང་ཀུན་ཏུ་འབྱུང་བའི་ཕྱིར་


DTG210_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང། དབང་ཆུང་བར་གྲགས་པ་དང༌། ལོངས་སྤྱོད་ཆུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་མཚོན་པའི་ཕྱིར་ཉོན་མོངས་པ་རྣམ་པ་གཉིས་པོས་ཀུན་ཏུ་གདུང་བ་དང་ལྷན་ཅིག་པས་ཐམས་ཅད་བཞིར་བསྟན་པ་ཡིན་ནོ། །ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་དག་ལ་སོ་སོར་ལོངས་སྤྱོད་དང་ཆོས་ཀྱི་གནས་དག་ལ་ཉོན་མོངས་པར་བྱེད་དོ། །ལྷ་དང་ལྷ་མ་ཡིན་གྱི་ཕྱོགས་དག་ལ། ཤི་ཤྣོ་ད་རའི་རྒྱུའི་ཕྱིར་ཏེ་དེ་ཉིད་ཀྱི་ཕྱིར། ལྷ་དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བ་ཅན་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་ཕྲག་དོག་དང་སེར་སྣ་དག་ནི་ཀུན་ཏུ་སྦྱོར་བ་ལོགས་ཤིག་པ་ཡིན་ནོ། །ཐ་མའི་ཆ་ནི་འདོད་པའི་ཁམས་ཡིན་ལ་ཞེས་བྱ་བ་ནི། ཁམས་གསུམ་གྱི་དབང་དུ་བྱས་ནས་ཆ་ཡིན་ལ་ཐ་མ་ནི་ཐ་ཆད་ཡིན་ཏེ། གཅིག་ཏུ་མཉམ་པར་མ་བཞག་པའི་ཕྱིར་དང༌། མི་དགེ་བའི་ཆོས་ཡོད་པའི་ཕྱིར་དང༌། ངན་འགྲོར་འགྲོ་བ་ཡོད་པའི་ཕྱིར་དང༌། ཉོན་མོངས་པ་སྡུག་པའི་ཕྱིར་རོ། །གཉིས་ཀྱི་འདོད་པ་ལས་མི་འདའ་ལ་ཞེས་བྱ་བ་ནི། དེ་དག་མ་སྤངས་ན་འདོད་པའི་ཁམས་ལས་མི་འདའ་བའི་ཕྱིར་རོ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །ཅེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་གཏུགས་ཏེ། མ་སྤངས་ན་སླར་འདོད་པའི་ཁམས་སུ་བཟློག་པའི་ཕྱིར། འདི་དག་ནི་ཐ་མའི་ཆ་དང་མཐུན་པ་ཡིན་ནོ། །སྒོ་བ་དང་རྗེས་སུ་འབྲང་བ་དང་ཆོས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྒོ་བས་ནི་ཉེ་བ་ཅན་འབྱུང་བ་ལས་ཟློག་པར་བྱེད་ལ། དབྱུག་པ་དང༌། ཞགས་པ་ཅན་ནམ་སྒོ་བའི་རྗེས་སུ་འབྲང་བ་གཞན་གྱིས་ནི་དེ་དག་མེད་པར་འགྱུར་བས་ཉེས་ཅན་བྱུང་ཞིང་ཐག་རིང་པོར་ཕྱིར་ཟློག་པར་བྱེད་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །གསུམ་གྱིས་ནི་སེམས་ཅན་གྱི་ཐ་མ་ཞེས་བྱ་བ་རྒྱས་པར་འབྱང་ངོ༌། །ཐ་མའི་ཆ་ནི་གཉིས་ཏེ། ཁམས་ལས་ནི་འདོད་པའི་ཁམས་སོ། །སེམས་ཅན་རྣམས་ལས་ནི་སོ་སོའི་སྐྱེ་བོའོ། །དེ་ལ་འཕགས་པའི་ཆོས་ཐོབ་ཀྱང་ཁམས་ཐ་མ་ལས་མི་འདའ་བ་གང་ཡིན་པ་དེ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས་ཀྱིས་


DTG210_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །འདོད་པ་དང་གཟུགས་ལས་འདོད་ཆགས་དང་བྲལ་ཡང་སོ་སོ་སྐྱེ་བོ་ཉིད་ལས་མི་འདའ་ཞིང་ཕྱིར་ལ་འདོད་པའི་ཁམས་དང་སེམས་ཅན་གྱི་ཐ་མ་ལ་བརྟེན་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །ཐ་མའི་ཆ་དང་མཐུན་པ་ལྔ་ཉིད་དེ། འཇིག་ཚོགས་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་རྣམས་ཀྱང་ངོ༌། །ཅིའི་ཕྱིར་འདོད་ཆགས་ལ་སོགས་པ་དག་བོར་ནས་ཞེས་འདི་ཅི་སྟེ་མ་བརྩད་ཅེ་ན། ཡོངས་སུ་གཏུགས་ཏེ་ཞེས་གསུངས་ལ། ཡོངས་སུ་གཏུགས་པ་ཡང་མ་ལུས་པར་ཟད་པ་ཡིན་ན། དེའི་འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བར་བྱ་བ་ནི་ཟད་པ་ཡང་མ་ཡིན་པས་མ་བརྩད་དོ། །དེ་དག་ཐམས་ཅད་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་ཞེས་བྱ་བ་ནི་ལྟ་བ་གསུམ་མོ། །ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བར་སྦྱར་རོ། །རྣམ་པ་གཅིག་དང་ཞེས་བྱ་བ་ནི། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང༌། དེ་དག་ལ་དམིགས་པ་ཐེ་ཚོམ་དང༌། དེ་དག་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་དག་གོ །དེ་དག་གི་སྒོ་ནི་འདི་གསུམ་གྱིས་བསྡུས་སོ་ཞེས་བྱ་བ་ནི། རྣམ་པ་གཅིག་གི་སྒོ་ནི་འཇིག་ཚོགས་ལ་ལྟ་བས་བསྡུས་སོ། །རྣམ་པ་གཉིས་ཀྱི་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་སོ། །རྣམ་པ་བཞིའི་ནི་ཐེ་ཚོམ་གྱིས་སོ། །དེའི་དེ་དག་སྤང་བར་གསུངས་པས་དེའི་རྣམ་པ་ཅན་ལྷག་མ་རྣམས་ཀྱང་སྤངས་པར་གསུངས་པར་རིགས་པར་བྱ་བ་སྟེ། ཕྱོགས་ཙམ་ཞིག་བསྟན་པའི་ཕྱིར་རོ། །གཞན་ཡང་མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་ལ་ཞེས་བྱ་བ་ནི། བདག་ཏུ་མངོན་པར་འདོད་པའི་དངོས་པོ་ལ་རྟག་པ་དང་ཆད་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ཡང་སྤངས་པར་གསུངས་པར་འགྱུར་ཏེ། རྟག་པ་དང་ཆད་པར་རྟག་པའི་གཞི་མེད་པའི་ཕྱིར་རོ། །གཞན་ལ་ཡང་དེ་


DTG210_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེར་དེའི་བདག་པོར་འགྱུར་རོ་ཞེས་ཐར་པ་ལ་སྐྲག་པར་འགྱུར་རོ། །གཞན་དག་ན་རེ། འདུ་བྱེད་རྟག་པར་ལྟ་བས་ཐར་པ་ལ་འདོད་པ་མི་སྐྱེ་ཞིང༌། འཇིག་རྟེན་པའི་ལམ་མཐོང་བས་ཀྱང་ལམ་འཁྲུལ་པར་འགྱུར་ལ། ལམ་མེད་དོ་ཞེས་བྱ་བ་དེ་ལྟར་མཐོང་བས་ཀྱང་དེ་ཉིད་ཀྱི་ལམ་ནི་སྒྲུབ་པོ། །དེའི་ཕྱིར་རྩ་བ་བསྡུས་པས་གསུམ་ཁོ་ན་གསུངས་སོ་ཞེས་རིག་པར་བྱའོ་ཞེས་ཟེར་རོ། །གོང་མའི་ཆ་དང་མཐུན་ལྔ་ཉིད་ཅེས་བྱ་བ་ལ་གོང་མའི་ཆ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། དེའི་རྒྱུར་གྱུར་པའི་ཕྱིར་གོང་མའི་ཆ་དང་མཐུན་པའི་ཞེས་བྱའོ། །ཇི་ལྟར་འདི་དག་དེ་དང་མཐུན་པ་ཡིན་ཞེ་ན། དེའི་ཕྱིར་དེ་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བའི་ཕྱིར་རོ་ཞེས་བ་སྨོས་སོ། །འདི་དག་རྫས་ཀྱི་སྒོ་ནས་བརྒྱད་ཡིན་ཏེ། རྒོད་པ་དང་ང་རྒྱལ་དང་གཏི་མུག་རྣམས་གཟུགས་དང་གཟུགས་མེད་པ་སོ་སོའི་དབྱེ་བས་གཉིས་ཡིན་པའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཉིད་གོང་མའི་ཆ་དང་མཐུན་པ་སྟེ། དེ་ཉིད་ཀྱི་ཕྱིར་འདི་དག་གོང་མའི་ཆ་དང་མཐུན་པ་རྣམས་སོ། །མ་སྤངས་པ་ནི་མཐོང་བས་སྤང་བར་བྱ་བ་དེ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཉེ་བར་བསགས་པ་རྣམས་ནི་ཐ་མ་རིམ་དང་མཐུན་པ་རྣམས་སུ་འགྱུར་རོ། །གོང་མའི་ཆ་དང་མཐུན་པར་གསུངས་པ་ནི་གཟུགས་དང་གཟུགས་མེད་པའི་དབང་དུ་བྱས་པར་རྟོགས་པར་བྱའོ། །འདོད་པ་ན་སྤྱོད་པའི་རྒོད་པ་ལ་སོགས་པ་རྣམས་འདིར་སྐབས་ཡོད་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་རྒོད་པ་བཞིན་དུ་རྨུག་ས་པ་གོང་མའི་ཆ་དང་མཐུན་པར་བཤད་ཅེ་ན་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་རོ། །རྨུགས་པ་ནི་ཏིང་ངེ་འཛིན་འཁྲུག་པར་བྱེད་པ་ཉིད་ཀྱིས་ཀུན་ཏུ་སྦྱོར་བའི་ངོ་བོ་ཡིན་ལ། རྨུགས་པ་ནི་ཏིང་ངེ་འཛིན་དང་མཐུན་པར་ཀུན་ཏུ་སྤྱོད་བར་མ་བཤད་དོ། །འདི་རྣམས་ཀྱིས་འཆིང་བར་བྱེད་པས་ན་འཆིང་བ་སྟེ། འདོད་


DTG210_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བར་འགྲོ་བ་ལ་གེགས་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཀུན་ཏུ་སྦྱོར་བ་དང་འཆིང་བ་རྣམས་ལ་མཚན་ཉིད་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཚོར་བའི་དབང་གིས་འཆིང་བ་གསུམ་དུ་བཤད་དོ། །འཆིང་བ་འདོད་ཆགས་ཐམས་ཅད་དང་ཞེས་བྱ་བ་ནི་ཁམས་གསུམ་པ་རྣམ་པ་ལྔ་ཆར་ཡང་ངོ་ཞེས་བྱ་བར་སྟོན་ཏོ། །ཞེ་སྡང་དང་གཏི་མུག་ཀྱང་ཅི་རིགས་པར་དེ་དང་འདྲ་བར་རིག་པར་བྱའོ། །སྡུག་བསྔལ་ལ་ནི་ཞེ་སྡང་ངོ༌། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཏི་མུག་སྟེ། དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཞེས་བྱ་བ་ཐམས་ཅད་དུ་ཡང་དབང་དུ་བྱ་བར་སྦྱར་རོ། །འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི། བདེ་བ་ལ་ཇི་ལྟར་འདོད་ཆགས་རྒྱས་པར་འགྱུར་བ་དེ་ལྟར་ཞེ་སྡང་བ་མ་ཡིན་ལ། སྡུག་བསྔལ་ལ་ཇི་ལྟར་ཞེ་སྡང་རྒྱས་པར་འགྱུར་བ་དེ་ལྟར་འདོད་ཆགས་ལ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་གི་བདེ་བ་དང་སྡུག་བསྔལ་དག་ལ་ཞེ་སྡང་དང་འདོད་ཆགས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་གྱི། མཚུངས་པར་ལྡན་པའི་སྒོ་ནས་མ་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་གཏི་མུག་ཇི་ལྟར་རྒྱས་པ་དེ་ལྟར་འདོད་ཆགས་དང་ཞེ་སྡང་དག་མ་ཡིན་ནོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི། རང་གི་རྒྱུད་ལ་ཡོད་པའི་བདེ་བ་དང་ནི་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་ལ། གཞན་གྱི་རྒྱུད་ལ་ཡོད་པ་ལས་ནི་དམིགས་པ་ཙམ་གྱི་སྒོ་ནས་སོ། །ཞེ་སྡང་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གཞན་དག་ན་རེ། རང་གི་རྒྱུད་ལ་དམིགས་པའི་སྒོ་ནས་ནི་བདེ་བ་ལས་འདོད་ཆགས་ཉིད་དུ་ངེས་སོ། །གཞན་གྱི་རྒྱུད་ལ་ནི་ཞེ་སྡང་དུ་འགྱུར་བར་མ་ངེས་སོ་ཞེས་ཟེར་རོ། །དེ་བཞིན་དུ་ཞེ་སྡང་ལ་ཡང་བརྗོད་པར་བྱའོ། །གཞན་དག་ན་རེ། ཕྱི་མོའི་གནས་ལྟ་བུ་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཆིང་བ་རྣམས་གསུམ་དུ་གསུངས་ཏེ། འདི་དག་ཀྱང་དེ་ལས་གཞན་པའི་ཀུན་ཏུ་སྦྱོར་བ་རྣམས་ཀྱི་ནང་དུ་འདུ་སྟེ། ལྟ་བ་


DTG210_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐེ་ཚོམ་དག་ནི་རྨོངས་པའི་ཕྱོགས་ལ་བརྟེན་ཏོ། །ང་རྒྱལ་དང་སེར་སྣ་དག་ནི་འདོད་ཆགས་ཀྱི་ཕྱོགས་སོ། །ཕྲག་དོག་དག་ནི་ཞེ་སྡང་གི་ཕྱོགས་སོ། །ཡང་ན་བདེན་པ་མཐོང་བ་རྣམས་ལ་ཁྱད་པར་དུ་བྱ་བ་བསྟན་པའི་ཕྱིར་དེ་སྐད་བཤད་ལ། བློ་ངན་པ་རྣམས་ལ་ཇི་ལྟར་རགས་པའི་ཉོན་མོངས་པ་བསྟན་པའི་ཕྱིར་དེ་སྐད་གསུངས་སོ་ཞེས་ཟེར་རོ། །སེམས་ཉེ་བར་ཉོན་མོངས་པའི་ཕྱིར་རོ་ཞེས་བྱ་བ་ནི། སེམས་ཉོན་མོངས་པ་ཅན་ཉིད་དུ་བྱེད་པའི་ཕྱིར་རོ། །དེའི་འཇུག་པ་རྣམས་ནི་ཉེ་བའི་ཉོན་མོངས་པ་སྟེ། ཉོན་མོངས་པའི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་པའི་ཆོས་རྣམས་ནི་ཉེ་བའི་ཉོན་མོངས་པའོ། །རེ་ཞིག་གང་དག་ཉོན་མོངས་པ་ཕྲ་རྒྱས་ཞེས་བྱ་བ་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་ཡང་ཡིན་ཏེ། དེ་དག་ནི་ཉོན་མོངས་པའི་མཚན་ཉིད་ཚང་བ་ཡིན་པའི་ཕྱིར་རོ། །དེ་དག་ནི་ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། ཕྲ་རྒྱས་དང་ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་ཞེས་བྱ་བ་ཡིན་པས་དེའི་ཕྱིར་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ནོ། །གཞན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ལས་དོན་གཞན་གྱི་དངོས་པོར་ཤེས་པར་བྱ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ཞེས་བྱ་བ་ནི། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བསལ་བར་བྱ་བའི་ཕྱིར་རོ། །སེམས་བྱུང་ཞེས་བྱ་བ་ནི། གཟུགས་དང་མི་ལྡན་པ་བསལ་བར་བྱ་བའི་ཕྱིར་རོ། །འདུ་བྱེད་ཕུང་ཞེས་བྱ་བ་ནི། འདུ་ཤེས་དང་ཚོར་བ་ལ་སོགས་ང་དག་བསལ་བར་བྱ་བའི་ཕྱིར་རོ། །དེ་དག་ཀྱང་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ལ། དེ་དག་ནི་རྒྱུ་གསུམ་གྱི་ཉོན་མོངས་པ་རྣམས་དང་འདྲ་བར་འཇུག་པས་ཉེ་བའི་ཉོན་མོངས་པ་སྟེ། མཚུངས་པར་ལྡན་པ་དང་ཕུང་པོ་གཅིག་གིས་བསྡུས་པ་དང་དེའི་དྲི་མ་ཉིད་ཀྱིས་སོ། །དེ་དག་ཉོན་མོངས་པའི་མིང་ཅན་དུ་མི་འགྱུར་ཏེ། ཉོན་མོངས་ཉིད་མ་ཚང་པའི་ཕྱིར་རོ། །གཞི་ཕྲན་ཚེགས་ལས་བྱུང་བ་གང་ཡིན་པའོ་ཞེས་བྱ་བ་ནི། མི་དགའ་བ་དང༌། གླལ་བྱེད་པ་དང༌། སེམས་ཞུམ་པ་ཉིད་དང༌། རྨྱ་བ་དང༌། ཟས་ཀྱི་དྲོད་


DTG210_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟིན་པ་དང་རྣམ་པར་རྟོག་པ་ལོགས་པ་དག་གོ །འདིར་ནི་ཀུན་ནས་དཀྲིས་པ་དང་ཉོན་མོངས་པའི་དྲི་མས་བསྡུས་པ་ཁོ་ན་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པས་བསྡུས་པ་དང་ཉོན་མོངས་པའི་དྲི་མས་བསྡུས་པའོ། །དེ་ལ་འདི་དག་གིས་སྲིད་པའི་བཙོན་རར་ཀུན་ནས་དཀྲིས་པས་ན་ཀུན་ནས་དཀྲིས་པ་དག་ཡིན་པ་འམ། ཡང་ཅིའི་ཕྱིར་ཕྱི་མ་ངེས་པར་ཡང་གཟུགས་ན་སྤྱོད་པའི་ཐེ་ཚོམ་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་ཞེ་ན། འདོད་པ་ན་སྤྱོད་པའི་ཡིད་བདེ་བ་དང་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་སའི་ཉོན་མོངས་པ་ནི་མ་ངེས་པར་ཡང་སྐྱོ་བའི་རྣམ་པར་མི་འཐད་པའི་ཕྱིར་རོ། །ཐེ་ཚོམ་ཡང་དེ་དག་དང་དེར་བདེ་བ་འདོད་པར་བྱེད་པའོ། །ཇི་ལྟར་འདིར་འདོད་པའི་གནས་ཐོབ་པ་རྣམས་ངལ་ཡང་བདེ་བའི་འདུ་ཤེས་སྐྱེའོ། །གཞན་དག་ནི་གཟུགས་ན་སྤྱོད་པ་དག་བདེ་བ་དང་ཡིད་བདེ་བ་དང་ཐེ་ཚོམ་རབ་ཏུ་ཞི། འདི་དག་ཡོད་ན་སྤྱོད་པ་ངན་པ་ལ་གནས་པས་ན་ཀུན་ནས་དཀྲིས་པ་དག་གོ །སེམས་ཁོང་ནས་འཁྲུག་པའོ་ཞེས་བྱ་བ་ལ། ཁོང་ནས་འཁྲུག་པ་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཀྱི་གདུང་བའོ། །སེར་སྣ་ནི་ཞེས་བྱ་བ་ལ་གང་ལས་བདག་ལས་གཞན་དུ་མ་འགྲོ་ཞིག་སྙམ་པར་གྱུར་པ་ནི་སེར་སྣ་སྟེ། དེའི་དངོས་པོ་ནི་སེར་སྣ་ཉིད་དོ། །ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་སྦྱིན་པ་དན་འགལ་བ་ཅན་ཞེས་བྱ་བ་ནི། ཆོས་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་དང༌། ཟང་ཟིང་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་དང༌། མཁས་པ་རབ་ཏུ་སྦྱིན་པ་དང་འགལ་བ་ཅན་ནོ། །སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ལ། སེམས་ཀྱི་ཀུན་ཏུ་འཛིན་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་ཞིང་དེ་དང་མི་བྲལ་བ་འདོད་པ་ཉིད་དོ། །གཞན་དག་ན་རེ་འདིས་རྣམ་པར་འཕྲོ་བར་བྱེད་པས་སེར་སྣ་སྟེ། ཇི་སྐད་བཤད་པ་དག་ལས་མ་འགྲོ་ཞིག་ཅེས་རྟག་ཏུ་འཛིན་པ་དེ་རྣམ་པར་འཕྲོ་བ་ནི་སེར་སྣའོ་ཞེས་ཟེར་རོ། །གཉིད་ནི་སེམས་མངོན་པར་སྡུད་པའོ་ཞེས་བརྗོད་ན་ནི། སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བས།


DTG210_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ལུས་ཡང་དག་པར་འཛིན་པར་མི་ནུས་པའོ་ཞེས་བྱ་བ་སྨོས་སོ། །དེ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བའམ་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ། །འགྱོད་པ་ཡང་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བ་ནི་མ་ཡིན་ནོ། །གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་ཞེས་བྱ་བ་ལ། སེམས་ཅན་འདི་རྣམས་གསད་དམ་བཅིངས་སམ་བརླག་གམ་འདིས་ཕོངས་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་རྣམ་པས་ཞུགས་པ་སེམས་ཅན་ལ་ཞེ་སྡང་བ་ནི་གནོད་སེམས་སོ། །སེམས་རྣམས་དགུག་པ་དང་སྐྲག་པ་དང་བརྡེག་པ་དང་འཆིང་བ་ལ་སོགས་པའི་ལམ་ལ་ཞུགས་པ་ནི་རྣམ་པར་འཚེ་བའོ། །ཁྲོ་བ་ནི་དེ་གཉིས་ལས་གཞན་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པ་ཡིན་ཏེ། དཔེར་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣལ་འབྱོར་དང་ལྡན་པ་ཡོངས་སུ་གཏོང་བ་ལྟ་བུའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་འཁྱུད་པའོ་ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་ནི་སྨད་པར་བྱ་བ་སྟེ། ཚུལ་ཁྲིམས་དང་སྤྱོད་པ་དང་འཚོ་བ་རྒུད་པ་དག་ཡིན་ལ། འཁྱུད་པ་ནི་དེ་སྤེད་པར་འདོད་པའི་རྒྱུ་སྟེ། སྡིག་པ་ནང་དུ་གཞག་པ་ཕྱིར་མི་མངོན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །གོ་རིམས་བཞིན་དུ་ཤེས་པ་དང་མི་ཤེས་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པས་ཤེས་པ་རྣམས་ཀྱི་ནི་བདག་ལ་རྙེད་པ་དང་བཀུར་སྟི་མེད་པར་འགྱུར་རོ་སྙམ་དུ་སྲེད་པའི་རྒྱུ་མཐུན་པ་ཡིན་ནོ། །མི་ཤེས་པ་རྣམས་ཀྱི་ནི་མ་རིག་པའི་རྒྱུ་མཐུན་པ་ཡིན་ཏེ། ལས་བདག་གིར་བྱ་བ་ཉིད་དུ་མ་དང་པོ་ནི་ཁ་ན་མ་ཐོ་བ་འཆབ་ཀྱི་གཙང་མར་བྱ་བའི་ཕྱིར་གཞན་གྱི་ཐད་དུ་འཆག་པར་མི་བྱེད་དོ། །འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། རྙེད་པ་དང་བཀུར་སྟི་དང་གྲགས་པས་ཡིད་ངེས་པར་བཅིངས་པས་རང་གི་ཉེས་པར་སྤྱོད་པ་མི་མངོན་པར་བྱེད། འདོད་པས་སྲེད་པ་དང་རྨོངས་པའི་རྒྱུ་མཐུན་པའི་སེམས་ཉེ་བར་ཉོན་མོངས་པ་ནི་འཆབ་པ་ཞེས་བྱ་བ་ཡིན་ནོ། །ཁྲེལ་མེད་པ་མ་རིག་པའི་རྒྱུ་མཐུན་པ་ཇི་ལྟར་ཡིན་ཞེ་ན། གང་གི་ཕྱིར་ཁྲེལ་མེད་


DTG210_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇིག་པར་མི་ལྟ་བ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ལས་འགྱོད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་བརྗོད་པའི་ཕྱིར་རོ། །དེ་ལ་རྒྱུ་ནི་གཞན་འདྲིད་པའོ་ཞེས་བྱ་བ་ནི། གཞན་འདྲིད་པའི་བསམ་བས་ལོག་པ་ཉེ་བར་སྟོན་བའི་རྒྱུར་གྱུར་བ་ཡང་དག་པའི་ཏིང་ངེ་འཛིན་གྱིས་གཞོམ་བྱར་གྱུར་པ་སེམས་མ་ཞི་བ་ནི་སྒྱུ་སྟེ། འཇིག་རྟེན་ནི་རང་གི་དོན་བསྒྲུབ་པའི་ཕྱིར་གཞན་བསླུ་བའི་ཐབས་ལ་འཇུག་ཅིང༌། སྒྱུའི་གཞི་ལུས་དང་ངག་གི་ལས་ཉེ་བར་བསྒྲུབ་པ་དེ་ལ་སྒྱུ་ཞེས་བྱ་སྟེ། རྫུ་འཕྲུལ་བཞིན་ནོ། །གཡོ་ནི་སེམས་གྱ་གྱུ་པ་སྟེ་ཞེས་བྱ་བ་ལ། གཡོ་ནི་རང་དང་གཞན་གྱི་ནང་གི་བསམ་པ་འཁྱུད་པ་དང་མི་གསལ་བར་བྱེད་པའི་ཐབས་སུ་བྱེད་པའི་སེམས་གྱ་གྱུ་བའོ། །སྒྱུ་དང་གཡོ་དག་གི་ཁྱད་པར་ཅི་ཞེ་ན། གཞན་འདྲིད་པར་བྱེད་པས་སྒྱུ་ཡིན་ལ། རང་གི་རྒྱུད་ཀྱི་བསམ་པ་སྦེད་པས་གཡོའོ། །འདི་དག་གིས་རྒྱུ་མཐུན་པའི་བྱ་བའི་ཁྱད་པར་ཡང་འཆད་པར་འགྱུར་རོ། །རྒྱགས་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་ལ། གཞན་དག་ན་རེ་ལང་ཚོ་དང་ནད་མེད་པ་དང་འཚོ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ཀུན་ཏུ་ཆགས་པ་ལས་སྐྱེས་པའི་སེམས་ལས་བྱུང་བ་ནི་རྒྱགས་པའོ་ཞེས་ཟེར་རོ། །གཞན་དག་ནི་འདུ་བྱེད་ཀྱི་རྒྱུན་ལ་མངོན་པར་དགའ་བའི་སེམས་ལ་གཞན་ལ་བལྟོས་པ་མེད་པར་བདག་ཉིད་ལ་འབྱུང་བ་སྔོན་དུ་འགྲོ་བ་ནི་རྒྱགས་པའོ་ཞེས་ཟེར་རོ། །ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་ལ་དམ་དུ་འཛིན་པ་ཞེས་བྱ་བ་ནི། གང་ཡོད་པས་འདི་དག་གིས་གཟུང་དཀའ་བ་འཛིན་པའོ་ཞེས་བསྟན་ཏོ། །གཞན་དག་ཁོ་ན་ལས་ངེས་པར་འབྱུང་བར་འདོད་པ་དང་མི་གཏོང་བ་ནི་ཁོང་ཁྲོ་བ་དང་ཁོན་དུ་འཛིན་པའོ་ཞེས་ཟེར་རོ། །ཁྲོ་བ་དང་ཁོན་དུ་འཛིན་པ་དག་གི་ཁྱད་པར་བརྗོད་པར་བྱ་སྟེ། རྣོ་ཞིང་ཆུང་བར་གནས་པ་ནི་ཁྲོ་བའོ། །དམ་ཞིང་ཆུང་བར་གནས་པ་ནི་ཁོན་དུ་འཛིན་པའོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་དེའི་མཚན་ཉིད་བརྗོད་པ་བྱ་སྟེ། ཁྲོ་བ་ལ་གནས་པས་དེའི་དངོས་པོ་དང་རྗེས་སུ་འབྲེལ་པར་བྱས་པའི་སེམས་ཀྱིས་རྟོག་པ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །རྣམ་པར་འཚེ་བ་ནི་མཐོ་འཚམ་པའོ་ཞེས་བྱ་བ་ནི། གཞན་ལ་གནོད་


DTG210_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉེ་བར་སྒྲུབ་པའི་རྒྱུར་གྱུར་བ་སྙིང་རྗེས་གཞོམ་པར་བྱ་བ་སེམས་ཉེ་བར་ཉོན་མོངས་པ་ནི་རྣམ་པར་འཚོ་བའོ། །ཉོན་མོངས་པ་རྣམ་པ་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། འདི་ལྟར་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་མཚུངས་པར་ལྡན་པའི་ཕྱིར་རོ། །རྨུགས་པ་དང་རྒོད་པ་ནི་ཉོན་མོངས་པ་ཐམས་ཅད་མཚུངས་པར་ལྡན་པའི་ཕྱིར་རོ། །གཉིས་ནི་ཡིད་ཀྱི་ས་པ་འདོད་པ་ན་སྤྱོད་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་དག་ཉོན་མོངས་པ་གཉི་ག་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི། མཐོང་བས་སྤང་བར་བྱ་བ་རྣམས་མ་འཆོལ་བར་བསྟན་པའི་དོན་དུ་གསུངས་སོ། །གང་ཞིག་གང་མཐོང་བས་སྤང་བར་བྱ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དག་ལ་ཡང་བརྗོད་པར་བྱའོ། །མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི། མ་རིག་པ་བསྒོམ་པས་སྤང་བར་བྱ་བ་ཙམ་དང་མཚུངས་པར་ལྡན་པ་དེ་ཡང་དེའི་ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དེ་ཉིད་དུ་འགྱུར་རོ། །འདོད་ན་མི་དགེ་བ་ཞེས་བྱ་བ་ལ། རྨུགས་པ་དང་རྒོད་པ་དང་གཉིད་མ་གཏོགས་པ་ཀུན་ནས་དཀྲིས་པ་བདུན་དང་སྒྱུ་ལ་སོགས་པ་དྲུག་ནི་འདོད་པའི་ཁམས་ན་གཅིག་ཏུ་མི་དགེ་བ་ཡིན་ནོ། །རྨུགས་པ་ལ་སོགས་པ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ། །གཉིད་ནི་དགེ་བ་ཡང་ཡོད་པ་མ་ཡིན་ནམ་ཅི་ལྟར་གཉིས་སུ་བརྗོད་ཅེ་ན། ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་དེ་མི་བཟུང་ངོ༌། །ཐམས་ཅད་ལ་ཐམས་ཅད་མི་སྲིད་པས་ཅི་རིགས་པར་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་མཐའ་དག་ཡིད་ཀྱི་ས་པ་དག་ཡིན་ནོ་ཞེས་བྱ་བ་ལ། ང་རྒྱལ་དང་གཉིད་དག་རྣམ་པ་ལྔ་ཅར་ཡང་ཡིད་ཀྱིས་པ་སྟེ།


DTG210_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་སོགས་པ་ཇི་ལྟ་བ་ནི་མ་ཡིན་ནོ། །ཉེ་བའི་ཉོན་མོངས་རང་དབང་བ་ཡང་ཞེས་བྱ་བ་ནི་འདི་ལྟ་སྟེ། ཕྲག་དོག་དང༌། སེར་སྣ་དང༌། འགྱོད་པ་དང༌། ཁྲོ་བ་དང༌། འཆལ་བ་རྣམས་དང༌། ཉོན་མོངས་པའི་དྲི་མ་རྣམས་སོ། །ཉོན་མོངས་པའི་ས་མང་པོ་པ་དག་གི་ནང་དུ་བཤད་པ་གང་དག་ཡིན་པའོ་ཞེས་བྱ་བ་ནི། འདི་ལྟ་སྟེ། བག་མེད་པ་དང༌། ལེ་ལོ་དང༌། མ་དད་པ་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་དྲུག་ལ་བརྟེན་པར་རིག་པར་བྱའོ། །མ་རིག་པ་དང༌། རྨུགས་པ་དང༌། རྒོད་པ་ནི་ཐལ་མ་ཐག་ཏུ་བཤད་ཟིན་པས་ཡང་མི་བརྗོད་དོ། །དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་ཞེས་བྱ་བ་ལ། དགའ་བའི་རྣམ་པ་དང་སྐྱོ་བའི་རྣམ་པ་ནི་དགའ་བ་དང་སྐྱོ་བའི་རྣམ་པ་དག་གོ །འདོད་ཆགས་དང་ཞེ་སྡང་དེ་དག་ལ་དེ་དག་ཏུ་འཇུག་པའི་ངང་ཚུལ་ཡོད་པ་དེ་དག་ནི་དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའོ། །དེའི་དངོས་པོ་ནི་དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པ་ཉིད་དེ། དེའི་ཕྱིར་འདོད་ཆགས་དང་ཞེ་སྡང་དེ་དག་བདེ་བ་དང་སྡུག་བསྔལ་དང་མཚུངས་པར་ལྡན་ནོ། །རྣམ་པ་མཚུངས་པའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་པ་ཡིན་པའི་ཕྱིར་འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་ལ་ཞེ་སྡང་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་མཚུངས་པར་ལྡན་ནོ། །བསོད་ནམས་ཀྱི་ལས་ཅན་དང༌། སྡིག་པའི་ལས་ཅན་རྣམས་ཀྱི་དང་ཞེས་བྱ་བ་ལ། བསོད་ནམས་ཀྱི་ལས་ཅན་རྣམས་ཀྱིས་ནི་ཡིད་མི་བདེ་བ་དང་ངོ༌། །སྡིག་པའི་ལས་ཅན་རྣམས་ཀྱིས་ནི་ཡིད་བདེ་བ་དང་ངོ༌། །ལྟ་བ་བཞིན་ནོ་ཞེས་བྱ་བ་ནི། ལོག་པར་ལྟ་བ་མ་གཏོགས་པའོ། །གཞན་དག་ནི་འདིར་ཁ་ཅིག་ཡིད་བདེ་བ་དང༌། མཚུངས་པར་ལྡན་ནོ་ཞེས་ཟེར་རོ། །བདག་ཏུ་ལྟ་བས་བདག་སྡུག་བསྔལ་བར་འགྱུར་རོ་སྙམ་དུ་ཡིད་མི་བདེ་བ་དང་དེ་བཞིན་དུ་ཆད་པར་འགྱུར་རོ་སྙམ་དུ་ཡིད་མི་བདེ་བར་འགྱུར་ཞིང༌། དེ་བཞིན་དུ་སྐྲག་པར་འགྱུར་རོ་སྙམ་ནས་བྱིས་པ་རྣམས་འདི་ལྟ་སྟེ། དཀའ་ཐུབ་ཀྱིས་གཙང་བ་དང་དག་པར་ལྟ་བ་དང་ངེས་པར་དེའི་བྱ་བས་ཡིད་གདུང་བ་ཡིན་ནོ། །ཐོས་པ་དང་


DTG210_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ལ་སོགས་པ་ཆེས་བསྐལ་ཞིང་ཡོངས་སུ་གྱུར་པས་ཡིད་ལས་སྐྱེས་པའི་སྡུག་བསྔལ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་ཡིད་མི་བདེ་བ་ནི་དེ་དག་དང་མཚུངས་པར་ལྡན་པ་མཐོང་ངོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། སེམས་གཞན་དང་ལྷན་ཅིག་པའི་ཚོར་བ་སྐྱེ་བའི་ཕྱིར་བདག་སྡུག་བསྔལ་བར་གྱུར་ཏོ་སྙམ་པའོ། །སྡུག་བསྔལ་དེ་ཉིད་ནི་གཞན་སྡུག་བསྔལ་བའི་ཡུལ་ལས་ཏེ་བདག་ལས་མ་ཡིན་ནོ། །དེའི་བདག་ཉིད་མཐོང་བས་ནི་དེ་ལྟར་དགའ་བར་འགྱུར་རོ། །དེ་ཆད་པར་མཐོང་བའི་རྒྱུ་ལས་སྐྲག་པ་སྐྱེ་སྟེ། དེའི་ཡོན་ཏན་མཐོང་བའི་ཕྱིར་རོ། །རྟག་པར་ལྟ་བས་ནི་ཆད་པ་ལ་འཇིག་པ་སྐྱེའོ། །དཀའ་ཐུབ་ཀྱིས་གདུང་བའི་ཕྱོགས་རྣམས་ཀྱིས་ཀྱང་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་སྙམ་ནས་སེམས་གཞན་འདིས་གཟིར་བས་མཆོག་དང་དག་པར་ལྟ་བ་ཡིད་བདེ་བ་དང་ལྷན་ཅིག་སྐྱེའོ། །ཡོན་ཏན་གྱི་སྒོ་ནས་དེ་གཟུང་བའི་ཕྱིར། པ་རི་བྷ་བ་བུདྡྷི་ཙིཏྟཱ་མེ་པ་ཀ་ཧི་པ་རི་བྷ་བོ་ནྱཱཏྐ་དཱ་མཱ་སྱ་ཏེ། དེའི་ཕྱིར་ལས་གཞན་པ་ཡིད་བདེ་བ་དང་ཞེས་བྱ་བ་འདི་ལེགས་པར་བཤད་པའོ། །འདོད་ལས་སྐྱེས་ཞེས་བྱ་བ་འདི་གང་ལས་ཤེ་ན། སྡུག་བསྔལ་གྱི་ཚོར་བ་དང་དེ་དང་མཚུངས་པར་ལྡན་པ་དག་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་མ་བསྒོས་པའི་བློ་སེམས་ཉིད་གང་ཡོངས་སུ་བསྒོས་གཞན། རེ་ཞིག་དེ་ལྟར་ཕྲ་རྒྱས་འདི་དག་དགའ་བ་དང་སྐྱོ་བའི་རྣམ་པའི་དབྱེ་བས་བདེ་བའམ་སྡུག་བསྔལ་དག་དང་མཚུངས་པར་ལྡན་པ་སོ་སོར་ངེས་པར་བཤད་ནས་སྤྱིར་སྨྲས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཏང་སྙོམས་ཀྱི་དབང་པོ་ནི་མ་རིག་པས་རྒྱས་པར་འགྱུར་བའི་ཕྱིར་དང༌། མ་རིག་པ་ཡང་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དངོས་པོ་སོ་སོ་པའི་རྒྱུན་ཆད་པའི་དུས་སུ་ཡང་ཉོན་མོངས་པ་ཐམས་ཅད་ཡུལ་ལ་ལྷོད་པར་འཛིན་པར། ཨུཏྶ་ཀྱཱཿཨཽ་དཱ་ཤཱི་ནྱཱ་མཱརྒཱ་སྱ་ནི་རུ་དྷྱི་ཏེ། ནུས་པ་བརྩོན་འགྲུས་དང་ལྡན་པའི་ལམ་གྱིས་འགོག་གོ།།དེ་དུས་དང་རྗེས་སུ་མཐུན་པའི་ཕྱིར་བཏང་སྙོམས་དང་ཉོན་མོངས་པ་ཐམས་ཅད་རྗེས་སུ་མཐུན་པར་རུང་ངོ༌། །བཏང་སྙོམས་ལ་དགའ་བ་དང་སྐྱོ་བའི་རྣམ་པ་ཡོད་པ་མ་ཡིན་


DTG210_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། དེ་ཇི་ལྟར་དཀའ་བ་དང་སྐྱོ་བའི་རྣམ་པས་དེ་དང་མཚུངས་པར་ལྡན་ཞེ་ན། འགལ་བ་མེད་པའི་ཕྱིར་སྐྱེས་བུ་གཟུ་བོ་བཞིན་ནོ། །གང་གིས་དགའ་བ་དང་སྐྱོ་བ་དག་ཅིག་ཅར་འགག་པ་ན་ཉེ་བར་སྦྱོར་བ་འཇུག་པས་འདི་ལ་སྐྱོན་མེད་དོ། །འདོད་ཆགས་དང་ཞེ་སྡང་དག་ཀྱང་དགའ་བ་དང་སྐྱོ་བའི་རང་བཞིན་མ་ཡིན་ཡང་དེའི་རང་བཞིན་ཆོས་དང་ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པའི་ཕྱིར་དེ་ངག་དང་མཚུངས་པར་ལྡན་པ་ཡིན་པས་དེའི་རྣམ་པ་དག་ཏུ་བསྟན་ཏོ། །དེ་བཞིན་དུ་བཏང་སྙོམས་ཀྱི་དབང་པོ་ཡང་དགའ་བ་དང་སྐྱོ་བ་ལས་ངེས་པར་གྲོལ་བ་ཡིན་ཡང་ཕྱོགས་གཉི་ག་དང་མཚུངས་པར་ལྡན་པར་རུང་ངོ༌། །དེ་དང་མཚུངས་པར་ལྡན་པ་བཞིན་དེའི་རྣམ་པ་རྣམས་སུ་བསྟན་ཅིང་བརྗོད་དོ། །ཡུལ་གྱི་སྟོབས་ལས་རྣམ་པར་ཤེས་པ་གཞན་སྐྱེད་པ་ལ་རྒྱུ་བ་གསལ་བ་ཉིད་དང༌། གནས་པ་ལ་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ལ་ངེས་པ་མི་འཐད་པར་མཐོང་བས་ངེས་པར་རྒྱུན་འཆད་པའི་དུས་སུའོ། །གྲག་གོ་ཞེས་བྱ་བ་ལ་གྲག་གོའི་སྒྲ་ནི་མ་རངས་པའི་དོན་ཏོ། །ས་གང་ན་དབང་པོ་ཇི་སྙེད་ཅིག་ཡོད་པ་ཞེས་བྱ་བ་ལ། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང། །བཏང་སྙོམས་ཡིད་བདེ་བདེ་བ་དང༌། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་ཕྱིས་འཆད་པར་འགྱུར་རོ། །དེ་ནས་ཡང་ཅི་རིགས་པར་རྣམ་པར་ཤེས་པའི་ཚོགས་བཞི་པ་རྣམས་ནི་ཞེས་བྱ་བ་ལ། བསམ་གཏན་དང་པོ་ན་ནི་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་བ་ཡོད་ལ། བཏང་སྙོམས་ཀྱི་དབང་པོ་རྣམ་པར་ཤེས་པའི་ཚོགས་བཞི་པ་དང༌། ཡིད་བདེ་བའི་དབང་པོ་ཡིད་ཀྱི་རྣམ་པར་ཤེས་པ་པོ་ཡོད་དོ། །དེ་ཡན་ན་ནི་ཅི་རིགས་པར་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་ཐམས་ཅད་ཡོད་དོ། །དེ་ལ་བསམ་གཏན་གཉིས་པ་ན་ནི་ཡིད་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོའོ། །གསུམ་པ་ན་ནི་བདེ་བའི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོའོ། །དེ་ཡན་ཆད་ན་ནི་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡོད་དོ། །ཡང་


DTG210_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར། སྤྱི་མ་ངེས་པར་ཡང་གཟུགས་ན་སྤྱོད་པའི་ཐེ་ཚོམ་བདེ་བ་དང་ཡིད་བདེ་བ་དག་མཚུངས་པར་ལྡན་ཞེ་ན། འདོད་པ་ན་སྤྱོད་པའི་བདེ་བ་དང་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་སའི་ཉོན་མོངས་པ་ནི་མ་ངེས་པར་ཡང་སྐྱོ་བའི་རྣམ་པར་མི་འཐད་པའི་ཕྱིར་རོ། །ཐེ་ཚོམ་ཡང་དེ་དག་དང་དེར་བདེ་བ་འདོད་པར་བྱེད་དེ། ཇི་ལྟར། འདིར་འདོད་པའི་གནས་ཐོབ་པ་རྣམས་ངལ་ཡང་བདེ་བའི་འདུ་ཤེས་སྐྱེའོ། །གཞན་དག་ནི་གཟུགས་ན་སྤྱོད་པ་དག་བདེ་བ་དང་ཡིད་བདེ་བ་དང་ཐེ་ཚོམ་རྣམས་རབ་ཏུ་ཞི་བའི་ཕྱིར་རོ་ཞེས་ཟེར་རོ། །ནུས་པ་ནི་མཚུངས་པར་ལྡན་པའི་དོན་ཏོ། །འདོད་པ་ན་སྤྱོད་པའི་ཡིད་བདེ་བ་ནི་རབ་ཏུ་མ་ཞི་བ་ཡིན་པས་གནས་མ་ཡིན་པ་ལ་ཡང་སྐྱེ་བར་མཐོང་སྟེ། འདི་ལྟར་ལག་པ་དང་རྐང་པ་གས་ཤིང་ཟས་དང་གོས་མེད་པ་དྲི་ངན་པའི་དྲི་མའི་འདམ་རྫབ་འཛིན་པ་མཆོག་ཏུ་སྡུག་བསྔལ་བ་ཁུར་ལྕི་བས་ལུས་ནོན་པ་དག་ཀྱང་རབ་ཏུ་དགའ་བས་གླུ་དང་གར་ལྷུར་བྱེད་པ་དང་གཞན་སྡུག་བསྔལ་བས་ཀྱང་མ་གུ་བ་མཐོང་བ་བཞིན་ནོ། །དེ་ལྟར་གནས་མ་ཡིན་པ་ལ་ཐེ་ཚོམ་སྐྱེ་བས་དེ་དང་འདི་དག་མཚུངས་པ་མེད་དོ། །ཐེ་ཚོམ་ཡང་གཟུགས་ཀྱི་ཁམས་སུ་དགེ་བའི་ཕྱོགས་ཀྱི་འདུ་ཤེས་སུ་འགྱུར་རོ། །གཞན་དག་ནི་གང་ལས་དེ་དག་དགའ་བར་འགྱུར་རོ་ཞེས་ཟེར་རོ། །འདོད་ཆགས་དང་བྲལ་བའི་མངོན་སུམ་རྣམས་ཀྱི་ཐེ་ཚོམ་ཕལ་ཆེར་ཡང་དག་པར་ངེས་པ་ལ་འཇུག་པས་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་སུ་ཐེ་ཚོམ་དང་ལྷན་ཅིག་སྐྱེས་པའི་རྟོགས་པ་དག་ཡིད་འབྱུང་བར་འགྱུར་རོ་ཞེས་གཞན་དག་ཟེར་རོ། །དེ་རྣམས་ནི་དེ་དག་ལ་རང་བཞིན་གྱིས་ཡིད་འབྱུང་བ་ཞེས་སོ། །སྐྱེ་བའི་རྣམ་པས་འཇུག་པའི་ཕྱིར་དང་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཁྱད་པར་གཉིས་ནི། ཡིད་བདེ་བ་དང་སྡུག་བསྔལ་གྱི་དབང་པོ་དང་མཚུངས་པར་ལྡན་པ་བསལ་བར་བྱ་བའི་ཕྱིར་རོ། །འཚིག་པ་ཡང་ལྟ་བ་མཆོག་ཏུ་འཛིན་པའི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །དགའ་བའི་རྣམ་པ་ཡིད་ཀྱིས་


DTG210_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དོ་ཞེས་བྱ་བ་ནི་ཡིད་བདེ་བའི་དབང་པོ་ཁོ་ནར་རིགས་སོ་ཞེས་བརྗོད་པར་བྱའོ། །གཞན་དག་ནི་སེར་སྣ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་རྒྱུ་དང་ཡིད་མི་བདེ་བ་དག་ཀྱང་མཚུངས་པར་ལྡན་ན་ཇི་ལྟར་འདོད་ཆགས་ལས་སྐྱེས་པར་བརྗོད་ཅེ་ན། དགའ་བའི་རྣམ་པའི་རྒྱུ་མཐུན་པ་ཉིད་ཀྱིས་སྐྱེ་བའི་རྣམ་པར་མི་རིགས་སོ། །རྒྱུ་དང་མཚུངས་པར་ལྡན་པའི་སེམས་ཀྱང་སྐྱོ་བར་མི་རིགས་ལ། ཡང་ན་རྣམ་པར་ཤེས་པའི་རྒྱུ་མཐུན་པས་ཀྱང་རྒྱུ་ཞེས་བརྗོད་པར་བྱའོ། །འདི་མཐའ་གཅིག་ཏུ་སྲེད་པའི་རྒྱུ་མཐུན་པ་ཡང་མ་ཡིན་ལ། ངོ་ཚ་མེད་པ་དང་རྒོད་པ་དག་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་པས་མི་འདོད་དོ། །དེ་བཞིན་དུ་འདོད་ཆགས་ལས་སྐྱེས་པ་ཡང་སྒྱུ་དང་སྐྱོ་བའི་རྣམ་པར་འགྱུར་ཏེ་ངོ་ཚ་མེད་པ་དང་རྒོད་པ་བཞིན་ནོ། །ཡང་འདོད་ཆགས་ལས་སྐྱེས་པ་ཉིད་སྤྱིར་འདོད་ཆགས་བཞིན་དུ་སྒྱུ་ཡིན་པར་ཡང་འགྱུར་རོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་དང་དབང་བ་ནི་མ་ཡིན་ཏེ། ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་དང་མི་དགེ་བ་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སྲེད་པ་བཞིན་དུ་སྒྱུ་ཉིད་སྐྱོ་བའི་རྣམ་པར་མི་འགྱུར་ལ། ངོ་ཚ་མེད་པ་དང་རྒོད་པ་དག་ནི་རང་དབང་མ་ཡིན་པའི་ཕྱིར་སྐྱོ་བའི་རྣམ་པར་ཡང་མི་འགལ་ལོ། །འདི་ཡང་དེར་དགའ་བའི་རྣམ་པ་དང་སྐྱོ་བའི་རྣམ་པའི་རྒྱུ་མཐུན་པར་གྲུབ་པོ། །འདི་ནི་རེ་ཞིག་དགའ་བའི་རྣམ་པ་དང་སྐྱོ་བའི་རྣམ་པའི་རྒྱུ་མཐུན་པ་ཞེས་བརྗོད་པར་བྱའོ། །དེ་ནི་དུ་མའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱེ་བས་རང་དབང་དང་གཞན་དབང་ཞེས་བྱ་བ་ཁྱད་པར་རོ། །རང་གི་རྒྱུད་ཉིད་ལས་སྲེད་པའི་རྒྱུ་མཐུན་པའི་འབྲས་བུ་སྟེ་སྐྱོ་བའི་རྣམ་པར་མི་འཐད་དོ། །རྒྱུད་ཐ་དད་པ་ལས་ནི་ཁོང་ཁྲོ་བཞིན་དུ་སྐྱོ་བའི་རྣམ་པར་ཡང་མི་འགལ་ལོ། །སྒྱུ་དང་མཚུངས་པར་ལྡན་པའི་སེམས་ཀྱང་འགའ་ཞིག་ཏུ་སྐྱེ་བར་འགྱུར་རོ། །ནུས་པའི་བདག་ཉིད་བརྗོད་པར་འདོད་


DTG210_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ལ་དོགས་པ་སྟེ་དེ་དང་མཚུངས་པར་ལྡན་པ་ལ་ཡང་སྐྱོ་བའི་སེམས་སྲིད་པའི་ཕྱིར་རོ། །མ་རིག་པ་བཞིན་དུ་ཞེས་བྱ་བ་ལ། ཉོན་མོངས་པའམ་ཉེ་བའི་ཉོན་མོངས་པ་གང་དང་ཡང་མཚུངས་པར་ལྡན་པ་བཀག་པ་མེད་བ་དེ་བཞིན་དུ་བཏང་སྙོམས་ཀྱང་ཡིན་ནོ་ཞེས་བྱ་བའོ། །མི་དགེ་བའི་མང་པོ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པའོ། །ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྨུགས་པ་དང་རྒོད་པའོ། །རྣམ་པར་ཤེས་པའི་ཚོགས་དྲུག་ལ་ནི་མི་དགེ་བ་དང་ཉོན་མོངས་པ་ཅན་སྲིད་པས་དེའི་ཕྱིར་དབང་པོ་ལྔ་ཆར་དང་མཚུངས་པར་ལྡན་ཏེ་ཞེས་བྱ་བ་སྨོས་སོ། །མདོ་ལས་འདོད་པ་ལ་འདུན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྒྲིབ་པ་ལྔ་ནི་མི་དགེ་བའི་ཕུང་པོ་ཡིན་ནོ་ཞེས་བྱ་བ་དེ་དག་ནི་ཡང་དག་པར་སྨྲ་བས་སྨྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ། །ལྔ་གང་ཞེ་ན། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་མོ་ཞེས་གསུངས་སོ། །དེ་ལ་ཅི་རྨུགས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྨུགས་པ་དང༌། རྒོད་པ་དང༌། ཐེ་ཚོམ་ནི་ཁམས་གསུམ་པ་ཡིན་ལ། འདོད་པ་ལ་འདུན་པ་དང་གནོད་སེམས་དག་ནི་འདོད་པ་ན་སྤྱོད་པ་ཡིན་ན། དེ་ལས་ནི་ཁྱད་པར་མེད་པར་གསུངས་པས། ཅི་རྨུགས་པ་དང་རྒོད་པ་དང༌། ཐེ་ཚོམ་ཁམས་གསུམ་པ་གཟུང་ངམ། འོན་ཏེ་འདོད་པ་ལ་འདུན་པ་དང༌། གནོད་སེམས་ལྟར་འདོད་པ་དང་ལྡན་པར་གཟུང་ཞེས་མི་ཤེས་པའོ། །འདི་ནི་མི་དགེ་བའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་རྨུགས་པ་དང་རྒོད་པ་དང༌། ཐེ་ཚོམ་རྣམས་ཁམས་གསུམ་པ་ཉིད་ཡིན་ཡང་འདོད་པར་གཏོགས་པ་དག་ཁོ་ན་སྒྲིབ་པར་བཞེད་དོ། །དེ་ཉིད་ཀྱི་ཕྱིར་རྨུགས་པ་དང་རྒོད་པ་དང་གཉིད་དང་འགྱོད་པ་དག་དང་བསྲེ་བར་མཛད་དེ། རྨུགས་པ་དང་རྒོད་པ་འདོད་པ་ན་སྤྱོད་པ་དག་ཁོ་ན་སྒྲིབ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ། །གཉིད་དང་འགྱོད་པ་ཉོན་མོངས་པ་ཅན་མ་


DTG210_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དག་སྒྲིབ་པའི་ངོ་བོ་ཡིན་པ་དགག་པ་མཛད་པ་ཡིན་ཏེ། རྨུགས་པ་དང་རྒོད་པ་དང༌། བསྲེས་པའི་ཕྱིར་དང༌། དེ་དག་ཀྱང་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །སྒྲིབ་པ་ཞེས་བྱ་བ་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །མི་མཐུན་དང་ཟས་དང་བྱ་བ་གཅིག་པའི་ཕྱིར། གཉིས་གཅིག་ཅེས་བྱ་བ་ནི་ཇི་ལྟར་འདོད་པ་ལ་འདུན་པའི་ཟས་སྡུག་པའི་མཚན་མ་ཡིན་ལ། ཟས་མ་ཡིན་པ་མི་སྡུག་པ་ཡིན་པ་དང༌། གནོད་སེམས་ཀྱི་ཟས་ཁོང་ཁྲོ་བའི་མཚན་མ་ཡིན་ལ། ཟས་མ་ཡིན་པ་བྱམས་པ་ཡིན་པ་དང༌། ཐེ་ཚོམ་ཟས་དུས་གསུམ་ཡིན་ཏེ། འདས་པའི་དུས་ལ་ཐེ་ཚོམ་ཟ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བས་སོ། །ཟས་མ་ཡིན་པ་ནི་རྐྱེན་ཉིད་འདི་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པ་ཡིན་པ་ལྟ་བུ་སྟེ། དེ་ལྟར་ན་འདི་དག་ནི་རེ་རེ་ཞིང་སྒྲིབ་པ་ཉིད་ཡིན་ཏེ། རྨུགས་པ་དང་གཉིད་དང༌། རྒོད་པ་དང། འགྱོད་པའི་ཡང་དེ་བཞིན་ཡིན་ནོ། །ཁ་ཟས་ཀྱི་དྲོད་མི་ཟིན་པ་ཞེས་བྱ་བ་ནི་ཏེ་པོར་ཉུང་བའམ་མང་བ་ཟ་བ་ཞེས་བྱ་བའི་དོན་ཏོ། །ཞི་གནས་ནི་ཏིང་ངེ་འཛིན་དང་རྩེ་གཅིག་པ་ཞེས་བྱ་བའི་དོན་ཏོ། །འདོད་པ་ལ་འདུན་པ་དང་གནོད་སེམས་དག་གིས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་བར་བྱེད་དེ། དེ་གཉིས་ཀྱི་གོ་རིམས་བཞིན་དུ་འདོད་པ་དང་སྡིག་པ་ལས་དབེན་པ་རིང་དུ་བྱེད་པའི་ཕྱིར་རོ། །རྨུགས་པ་དང་གཉིད་ཀྱིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེས་ལྷག་མཐོང་རིང་དུ་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེས་ཞི་གནས་རིང་དུ་བྱེད་པའི་ཕྱིར་རོ། །རྟོག་པ་འདི་ལྟ་ན་ནི་ཞེས་བྱ་བ་ནི་གལ་ཏེ་རྨུགས་པ་དང་གཉིད་ཤེས་རབ་ཀྱི་ཕུང་པོ་དང་འགལ་བ་ཉིད་དུ་རྟོག་ཅིང༌། རྒོད་པ་དང་འགྱོད་པ་ཏིང་ངེ་འཛིན་གྱི་ཕུང་པོ་དང་འགལ་བར་རྟོག་ན་ནི། དེ་ལྟ་ཡིན་དང་རྒོད་པ་དང་འགྱོད་པའི་སྒྲིབ་པ་རྨུགས་པ་དང་གཉིད་ཀྱིས་བསྒྲིབས་པའི་སྔར་སྨོས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་རིམ་པ་གང་གིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕུང་པོ་དག་བསྟན་པའི་རིམ་པ་དེས་དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྒྲིབ་པ་རྣམས་ཀྱིས་བསྟན་པར་རིགས་ཏེ། རིམ་པ་ལས་རྒྱལ་བ་ལ་དགོས་


DTG210_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར་རོ། །གྲངས་པ་ནི་གང་ཞེས་བྱ་བ་ནི། རྨུགས་པ་དང༌། གཉིད་ནི་ཏིང་ངེ་འཛིན་གྱི་ཕུང་པོའི་ཉེ་བའི་ཉོན་མོངས་པའོ། །རྒོད་པ་དང་འགྱོད་པ་ནི་ཤེས་རབ་ཀྱི་ཕུང་པོའི་ཉེ་བའི་ཉོན་མོངས་པ་སྟེ། འདི་ལྟར་ཏིང་ངེ་འཛིན་ལ་བརྩོན་པ་ནི་རྨུགས་པ་དང། གཉིད་ཀྱིས་འཇིགས་ལ། ཆོས་རབ་ཏུ་འབྱེད་པ་ལ་བརྩོན་པ་ནི་རྒོད་པ་དང་འགྱོད་པས་འཇིགས་སོ། །རིམ་པ་ཐ་དད་པ་ལ་དགོས་པ་ཡོད་དེ། ཁ་ཅིག་ལྷག་མཐོང་ནི་རྨུགས་པའི་གཉེན་པོར་བཤད་ཀྱི་ཞི་གནས་མ་ཡིན་ནོ། །ཞི་གནས་ཀྱང་རྒོད་པ་དང་འགྱོད་པའི་གཉེན་པོར་བཤད་ཀྱི་ལྷག་མཐོང་མ་ཡིན་པས། དེའི་ཕྱིར་མི་འཆབ་པར་སྤང་བའི་དུས་སུ་ཞི་གནས་བསྟན་པ་དག་འདི་གཉེན་པོ་ཉིད་དུ་ངེས་པ་སྐྱེ་བ་དེས་ན་སྤང་བའི་དུས་སུ་ནི་ཐམས་ཅད་དུ་འདི་དག་གི་བྱ་བའི་ཁྱད་པར་ཡིན་ནོ། །རིམ་པ་ཐ་དད་པ་ཤེས་པར་ཡང་བྱས་པ་ཡིན་ནོ། །རྒྱུ་བར་འགྱུར་བས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཆེད་དུ་འབྱམས་པས་སོ། །གནས་པར་གྱུར་པའི་ཞེས་བྱ་བ་ནི་ནང་དུ་ཡང་དག་འཇོག་པར་འདུག་པའམ་འཆག་པའིའོ། །དེའི་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་སྔོན་དུ་འགྲོ་བའོ། །དེའི་འོག་ཏུ་ཏིང་ངེ་འཛིན་དུ་ཞུགས་པས་ཞེས་བྱ་བ་ལ། འདིར་མ་རིག་པ་ནི་ཞི་གནས་ཀྱི་རྒྱུ་མཚན་དང་ལྷག་མཐོང་གི་རྒྱུ་མཚན་དང་ལྷག་མཐོང་གི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་འདི་ཡིན་ནོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི། རྨུགས་པ་དང་གཉིད་ནི་ཞི་གནས་ཀྱི་བར་ཆད་བྱེད་ལ། རྒོད་པ་དང་འགྱོད་པ་ནི་ལྷག་མཐོང་གི་བར་ཆད་བྱེད་དེ། རླུང་དམར་གྱིས་དཀྲུགས་པའི་ཆུས་གཟུགས་ཀྱི་གཟུགས་བརྙན་མི་སྣང་བ་ལྟར་རྒོད་པ་དང་འགྱོད་པས་དཀྲུགས་པའི་སེམས་ལ་དེ་ཉིད་མཐོང་བ་མེད་དེ་ཐེ་ཚོམ་གྱིས་ཀྱང་དེ་ཉིད་མཐོང་བར་མི་འགྱུར་རོ། །ཡང་ཅིའི་ཕྱིར་མ་རིག་པ་སྒྲིབ་པར་རྣམ་པར་མ་གཞག་ཅེ་ན། མ་བརྗོད་ཀྱང་གྲུབ་པའི་ཕྱིར་རོ། །མདོ་ལས་མ་རིག་པ་ནི་བསྒྲིབས་པའོ་ཞེས་གསུངས་ཏེ། སྒྲིབ་པ་རྣམས་དང་ཁུར་འདྲེན་པ་མཚུངས་པའི་ཕྱིར་རོ། །གཞན་དག་ན་རེ་ཆོས་ལྷག་པར་འདྲེན་པ་ཡང་ཡིན་ནོ་ཞེས་ཟེར་རོ། །ན་ཧི། །མེད། སརྦ་ཐམས་ཅད་ཀླེ་ཤཱཿ་ཉོན་མོངས། མ་ཉམས་དེ། ས་མ་སྡཱ་སྟ་ཐཱ་བ་ར། སྒྲིབ་པ། ནཾ་ཀྲྀ་ཏྱཾ། བྱ་བ། ཀུརྦནྟི། བྱེད། ཇི་ལྟར། ཡ་ཐཻ་ཀཱ་ཀི་ནྱོ་བི་དྱ་སྟེ། གཅིག


DTG210_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཞན་ཡོད། ང་རྒྱལ་གྱི་དབང་གིས་ཀྱང་ཁ་ཅིག་དགེ་བ་རྩོམ་པའི་ཕྱིར་ང་རྒྱལ་སྒྲིབ་པ་རྣམས་སུ་མ་བཤད་དོ། །སེམས་རྩུབ་པར་འཇུག་པས་སྒྲིབ་པ་རྣམས་ཏེ། སེམས་རབ་ཏུ་བཟུང་སྟེ་འཇུག་པའི་ཕྱིར་ང་རྒྱལ་ལོ་ཞེས་གཞན་དག་ཟེར་རོ། །འདིས་སེམས་ཁེངས་པར་མི་བྱེད་པའི་ཕྱིར་མ་ཡིན་ཏེ། སྒྲིབ་པ་མེད་པས་བདག་མེད་པར་ལྟ་བ་མ་ཚང་བ་དང་བདག་མེད་པར་ལྟ་བས་ཁམས་ལ་འདོད་ཆགས་དང་བྲལ་བ་མཐོང་བའི་ཕྱིར་ལྟ་བ་རྣམས་མ་ཡིན་ཏེ། ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་གསལ་བའི་ཕྱིར་གཞན་དག་གོ །དེ་དང་འགལ་བའི་ཕྱིར་སྒྲིབ་པ་རྣམས་ཏེ། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་ལ་སྒྲིབ་པའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྒྲིབ་པའོ། །ཡང་ན་དེ་ལ་སྒྲིབ་པའི་ཕྱིར་སྒྲིབ་པ་རྣམ་པར་བཞག་སྟེ། ལུང་མ་བསྟན་ཡིན་པའི་ཕྱིར་རོ། །འདིར་མི་དགེ་བ་རྣམས་ནི་སྒྲིབ་པའོ་ཞེས་བཤད་དོ། །སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་དང་ཞེས་བྱ་བརྒྱས་པར་འབྱུང་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ཀྱི་དམིགས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཡིན་ཞིང༌། སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དག་གིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ལ། དེ་རྣམས་དེའི་ཚེ་སྤོང་བ་ནི་མ་ཡིན་ཏེ་སྔར་སྤངས་ཟིན་པའི་ཕྱིར་རོ། །དེ་རྣམས་ནི་སྔར་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པའི་དུས་སུ་སྤངས་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཀྱི་དམིགས་པ་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་ཡིན་ལ་དེ་དག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དག་གིས་ཡོངས་སུ་ཤེས་ལ། དེ་རྣམས་དེའི་ཚེ་སྤངས་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕྱིས་འགོག་པ་དང་ལམ་ལ་ཆོས་དང་རྗེས་སུ་ཤེས་པ་དག་གིས་སྤོང་ངོ༌། །དེའི་ཚེ་དེ་རྣམས་ཀྱི་དམིགས་པ་ཡོངས་སུ་ཤེས་པ་ཡང་མ་ཡིན་ཏེ་སྔར་ཡོངས་སུ་ཤེས་པར་བྱས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ཇི་ལྟར་སྤོང་པ་བརྗོད་དགོས་སོ་ཞེ་ན་དམིགས་པ་ཡོངས་སུ་ཤེས་པ་དང༌། དེ་ལ་དམིགས་པ་ཡང་དག་པར་ཟད་པ་དང་


DTG210_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རང་གི་ས་ལ་དམིགས་པ་སྨོས་པ་ནི་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་བསལ་བའི་ཕྱིར་རོ། །ཟག་པ་མེད་པ་ལ་དམིགས་པ་རྣམས་ཞེས་བྱ་བ་ལ། ཟག་པ་མེད་པ་ལ་དམིགས་པ་སྨོས་པ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་བསལ་བར་བྱ་བའི་ཕྱིར་རོ། །དེ་ལ་དམིགས་པ་ཡོངས་སུ་ཤེས་པས་ནི་འདོད་པ་ན་སྤྱོད་པ་རང་གི་ཁམས་ལ་དམིགས་པ་རྣམས་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་ངོ༌། །དེ་ལ་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་ཡོངས་སུ་ཤེས་པ་དང་མཐོང་བའི་སྒོ་ནས་སྤོང་བ་ཡིན་ཏེ་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང་བྲལ་བའི་ཕྱིར་དང་ཁམས་གཉིས་ལ་དམིགས་པའི་ཕྱིར་རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་ཞེས་བྱ་བ་ལ། སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་གང་དག་ལ་དམིགས་པ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལ་དམིགས་པ་དེ་དག་ནི་དེ་དག་ཟད་པས་སྤོང་ངོ༌། །འདི་སྐད་བསྟན་པར་འགྱུར་ཏེ། ཡུལ་བསྟན་པར་བྱེད་པ་སྤངས་པའི་ཕྱིར་སྐལ་པ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་སྤོང་གི །དམིགས་པ་ཡོངས་སུ་ཤེས་པས་ནི་མ་ཡིན་ནོ། །ཡང་ཇི་ལྟར་དེ་རྣམས་ཡུལ་བསྟེན་པར་བྱེད་པ་ཉིད་དུ་བརྟག་ཅེ་ན་དེའི་རྒྱུའི་ངོ་བོ་ལས་ཏེ་དེ་ལྟར་ཡོད་པ་ནི་མ་ཡིན་ནོ། །རྒྱུ་ཀུན་ཏུ་བཅོམ་པར་བརྗོད་དེ། རྣམ་གྲངས་ཀྱིས་དེ་ཉིད་བཤད་པས་འདི་མ་འཆོལ་བར་བྱ་བའི་ཕྱིར་བརྗོད་པར་བྱའོ། །དེ་དག་ཐམས་ཅད་ཕན་ཚུན་རྒྱུ་ཅན་ཡིན་པས་དེའི་ཕྱིར་དེ་ལ་དམིགས་པ་སྤངས་པར་བཤད་པས་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཉིད་བདེ་བླག་ཏུ་ཤེས་སོ། །དེ་དག་གིས་གཞན་ལ་ཡང་མ་ཡིན་གྱི་ཟག་པ་མེད་པ་ལ་དམིགས་པས་དེ་དག་ལ་དམིགས་པ་ཡིན་ནོ། །ཟག་པ་མེད་པ་ལ་དམིགས་པ་ནི་འགོག་པ་དང་ལམ་ལ་དམིགས་པའོ། །ལོག་པར་ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་སྟེ། དེ་དག་ནི་ལོག་པར་ལྟ་བ་ལ་སོགས་པའོ། །དེ་དག་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་དེ་དག་གི་དམིགས་པ་ཡིན་ནོ། །ཡང་ཅིའི་ཕྱིར་འགའ་ཞིག་ཏུ་ཡུལ་སྤངས་པས་ཡུལ་ཅན་སྤངས་པར་བཤད་ཅེ་ན། ཇི་ལར་སྡུག་བསྔལ་དང་ཀུན་འབྱུང་མངོན་པར་རྟོགས་པ་ནི་འགའ་ཞིག་ཏུ་


DTG210_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་ཡུལ་ཅན་སྤང་ཞིང༌། ཇི་ལྟར་འགོག་པ་དང་ལམ་མངོན་པར་རྟོགས་པའི་ཆས་ཅིག་ཅིག་སྤངས་ཀྱང༌། གལ་ཏེ་དེར་སྤངས་པ་དེ་ལ་སྤངས་པ་ལས་འདི་སྤངས་པར་བསྟན་ཏོ། །གང་དུ་གང་ཞིག་ཉོན་མོངས་པའི་ཡུལ་དེའི་གཉེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེར་ཉོན་མོངས་པའི་སྟོབས་དང་ལྡན་པ་དེའི་དམིགས་པ་ལ་ཟག་པ་མེད་པའི་ཤེས་རབ་ཀྱི་བྱ་བ་འཇུག་པ་དེའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་དག་རྟོགས་པ་ན་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་སྟོབས་དང་ལྡན་པ་ཡིན་ནོ། །འགོག་པ་དང་ལམ་མངོན་པར་རྟོགས་པ་ན་ཟག་པ་མེད་པ་མེད་པས་དེ་སྤངས་པའི་ཕྱིར་ཅིག་ཤོས་བསྟན་པར་རིགས་སོ། །གལ་ཏེ་དེའི་ཚེ་ཕྲ་རྒྱས་ཀྱི་དམིགས་པ་འགའ་ཞིག་ཤེས་རབ་ཀྱིས་མཐོང་བས་ནི་ཕྲ་རྒྱས་ཐམས་ཅད་སྤོང་བར་བྱེད་དོ་ཞེ་ན་མ་ཡིན་ཏེ། དེ་ལྟ་ན་དམིགས་པ་ཡོངས་སུ་ཤེས་པ་ཁོ་ནས་ཕྲ་རྒྱས་སྤངས་པར་ཁས་བླངས་དགོས་སོ། །ཕྲ་རྒྱས་རྣམ་པ་གཉིས་ཤེས་རབ་གཅིག་གིས་སྤོང་བར་བྱེད་པ་ནི་དེའི་ཡུལ་ནི་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་འདི་ངེས་པར་བཤད་དོ། །རྣམ་པ་གང་གིས་ཕྲ་རྒྱས་ཀྱི་ཕྲ་རྒྱས་ལ་དམིགས་པ་ཤེས་རབ་ཀྱིས་མཐོང་ཞིང་དམིགས་པ་གཞན་ཡང་དེའི་ཚེ་སྤང་ངོ་ཞེས་བྱ་བ་འཐད་པ་ཉིད་དོ། །སྤོང་བའི་ཐབས་སུ་མ་གསུངས་པ་ལ་གཉེན་པོ་སྐྱེས་པས་ཟད་པ་ཞེས་བྱ་བ་ནི། དམིགས་པ་ཡོངས་སུ་ཤེས་པ་མ་ཡིན་ལ། དེ་ལ་དམིགས་པ་ཟད་པས་མ་ཡིན་ཞིང་དམིགས་པ་སྤངས་པས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཉེན་པོ་སྐྱེས་པ་ཁོ་ནའོ། །འོ་ན་མཐོང་བས་སྤང་བར་བྱ་བ་ཡང་གཉེན་པོ་སྐྱེས་པ་ཁོ་ནས་སྤོང་བ་མ་ཡིན་ནམ་ཞེ་ན། དེ་དག་ཀྱང་ཉོན་མོངས་པ་གང་དང་གང་གི་གཉེན་པོ་དེ་དང་དེ་སྐྱེས་པས་སྤོང་བ་ཡིན་ནོ། །བརྗོད་པར་བྱ་བ་འདི་ཡོད་དེ་འོན་ཀྱང་བསྒོམ་པས་སྤང་བ་ཁམས་གསུམ་པ་རྣམས་ཀྱི་གཉེན་པོ་ཉིད་ཤེས་པར་བྱ་བའི་ཕྱིར་གཉེན་པོ་སྐྱེས་པས་སྤང་ངོ་ཞེས་བརྗོད་པ་ཡིན་ནོ། །སྲིད་པའི་རྩེ་མོ་བ་ཉིད་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོར་ངེས་པས་ནི་སྤང་བའི་ཕྱིར་གཉེན་པོའོ། །ཡང་ན་འདིས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པས་ན་སྤང་བ་སྟེ། སྤོང་བ་ཁོ་ན་གཉེན་པོ་ཡིན་པས་སྤང་བ་གཉེན་པོ་ཞེས་བྱའོ། །གང་གིས་ཉོན་མོངས་པའི་ཐོབ་པ་རྣམས་གཅོད་པར་བྱེད་པ་སྟེ། དེ་ཡང་བར་


DTG210_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པའི་ལམ་ཐམས་ཅད་ཡིན་ནོ། །གཞིའི་གཉེན་པོ་ནི་གང་དང་ལྷན་ཅིག་བྲལ་བའི་ཐོབ་པ་སྐྱེད་པར་བྱེད་པ་སྟེ། དེ་ཡང་རྣམ་པར་གྲོལ་བའི་ལམ་ཐམས་ཅད་དོ་ཞེས་ཁ་ཅིག་གོ །དེ་ཉིད་ཀྱི་ཕྱིར་དེ་ཡན་ཆད་ཀྱི་བར་ཆད་མེད་པའི་ལམ་གང་ཡིན་པའོ་ཞེས་སྨྲས་ཏེ། གང་གིས་དེ་སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་པ་དང༌། བར་ཆད་མེད་པའི་ལམ་གྱིས་སྤངས་པའི་ཐོབ་པ་དང་བྲལ་བ་འཛིན་པར་བྱེད་དོ། །ཐོབ་པ་དེའི་གནས་མེད་པའི་ཕྱིར་སླར་ཡང་ཉོན་མོངས་པའི་ཐོབ་བ་མི་སྐྱེའོ། །གཞན་དག་ན་རེ། དེ་ཡན་ཆད་ཅེས་བྱ་བ་ནི་ཇི་ལྟར་སྡུག་བསྔལ་གྱི་བདེན་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ལྷག་མ་མཐོང་བའི་ལམ་གྱི་སྐད་ཅིག་རྣམས་ཏེ། ཐམས་ཅད་ཀྱིས་འདིར་དེ་དག་གི་བྲལ་བའི་ཐོབ་པ་འཛིན་ཅིང་དེའི་ཐོབ་པ་གཅོད་པའི་ཕྱིར་ཞེས་ཟེར་རོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་ཞེས་བྱ་བ་ལ། འདིས་ཐག་བསྲིང་བའི་ངོ་བོ་བྱེད་པས་ན་ཐག་བསྲིང་བའི་ངོ་བོ་སྟེ་དེ་ཉིད་གཉེན་པོའོ། །བར་ཆད་མེད་པའི་ལམ་གྱིས་ཉོན་མོངས་པའི་ཐོབ་པ་བཅད་པ་གང་ཡིན་པ་དེ་ཐག་བསྲིང་བར་བྱེད་པ་སྟེ། དེ་ཡང་ཁྱད་པར་གྱི་ལམ་མོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་གྲོལ་བའི་ལམ་ཡན་ཆད་ཅེས་གསུངས་སོ། །གཞན་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ལ། དེ་ཡན་ཆད་ཀྱི་རྣམ་པར་གྲོལ་བའི་ལམ་དེ་ཐག་བསྲིང་བའི་ངོ་བོའི་གཉེན་པོའོ་ཞེས་ཟེར་རོ། །འདིར་རྣམ་པར་གྲོལ་བའི་ལམ་ཡང་གཟུང་ངོ༌། །གཞན་དག་ན་རེ་རྣམ་པར་གྲོལ་བའི་ལམ་ཡང་ཡིན་ཏེ་ཞེས་བྱ་བ་ནི། འདི་དག་གིས་ནི་རྣམ་པར་གྲོལ་བའི་ལམ་དང་པོ་ཡང་ཐག་བསྲིང་བའི་ངོ་བོའི་གཉེན་པོའོ་ཞེས་སྨྲ་བ་སྟེ། ཀུན་ཏུ་སྤྱོད་པའི་ཐོབ་པ་དེ་འགགས་པའི་ཐོབ་པ་རྒྱུད་ལ་རྒྱས་པར་ཐག་བསྲིང་བར་བྱེད་པའོ་ཞེས་ཟེར་རོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ལམ་གང་གིས་ཁམས་དང་ས་ལ་སྐྱོན་རྣམ་པ་དུ་མ་མཐོང་བའི་ཕྱིར་རྣམ་པར་སུན་འབྱིན་པར་བྱེད་པ་སྟེ། མི་སྡུག་པར་ལྟ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཡང་ངེས་པར་འབྱུང་བར་ཡིད་ལ་བྱེད་པ་ཐམས་ཅད་དེ། དེའི་དབང་གིས་རྣམ་པར་འགྱུར་བ་མཐོང་ནས་དེ་ལ་མངོན་པར་མ་ཞེན་པའོ། །འདི་ནི་ཕལ་ཆེར་སྦྱོར་བའི་ལམ་གྱི་རྫས་བར་ཆད་མེད་པ་དང་རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་གྱི་ཡང་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་དག་གོ།


DTG210_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་རྣམ་པར་སུན་འབྱིན་པ་གཉེན་པོ་ཕལ་ཆེ་བ་བཤད་དོ། །འོ་ན་ཅིའི་ཕྱིར་འདི་ཐམས་ཅད་ཕྱིས་ནས་སྨོས་པ་ཆོས་མངོན་པ་རིམ་པར་རབ་ཏུ་ཕྱེ་བ་མ་ཡིན། འོ་ན་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཅི་ཞེ་ན། ཁ་ཅིག་འདི་ཀླན་ཀ་མ་ཡིན་ཞེས་ཟེར་རོ། །ཡང་ན་མ་ངེས་པའི་ཕྱིར་ཇི་ལྟར་བར་ཆད་མེད་པའི་ལམ་གྱི་མཇུག་ཐོགས་སུ་རྣམ་པར་གྲོལ་བའི་ལམ་དང་ངེས་པ་དེས་མཇུག་ཐོགས་སུ་ཁྱད་པར་གྱི་ལམ་སྟེ། དེ་ལྟར་སྦྱོར་བའི་ལམ་ལ་ངེས་པ་དེ་ཡོད་པ་མ་ཡིན་པས་དེའི་ཕྱི་ནས་ངེས་པའོ། །ཁ་ཅིག་ཏུ་ཇི་ལྟར་འོས་པར་བདག་ཉིད་ཐོབ་ཅིང་གཅིག་ཏུ་མང་པོ་སྟེ། ཅིག་ཤོས་ལ་ནི་དེ་ལྟ་མ་ཡིན་ནོ། །མ་ངེས་པ་ཤེས་པར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཕྱིས་བཤད་དོ་ཞེས་བྱ་བ་འདི་ཉིད་ནི་འདིར་རིམ་པ་ལེགས་པ་ཡིན་ཏེ། སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི། མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཟག་པ་དང་བཅས་པའི་དངོས་སུ་སུན་འབྱིན་པའི་ཕྱིར་རོ། །སྦྱོར་བའི་ལམ་ཞེས་བྱ་བ་ནི། བར་ཆད་མེད་པ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་དག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་ཡོད་པས་ཁྱད་པར་དུ་ཕྱོགས་ཏེ། སྦྱོར་བའི་ལམ་ཞེས་བྱ་བ་ཐམས་ཅད་བར་ཆད་མེད་པའི་ལམ་མོ། །སྔ་མ་ནི་བར་ཆད་མེད་པའི་ལམ་མོ། །རྟེན་གཉེན་པོ་ཐག་བསྲིང་པའི་ངོ་བོའི་གཉེན་པོར་ཡང་བཤད་དོ། །དེའི་ཕྱིར་ཐམས་ཅད་ཅེས་སྨོས་ཏེ། དེ་ལྟར་ན་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་ཡང་ཐམས་ཅད་ཅིས་བྱ་བ་སྐབས་དང་སྦྱར་ཏེ་རིག་པར་བྱའོ། །ཉོན་མོངས་པ་སྤོང་བ་ན་གང་ལས་སྤང་བར་བྱ་ཞེ་ན་ཞེས་བྱ་བ་ནི། ཅི་རིགས་པ་ལས་སམ། མཚུངས་པར་ལྡན་པ་ལས་སམ། རང་བཞིན་ལས་ཡིན་ཞེས་ཐམས་ཅད་ལ་སྐྱོན་མཐོང་ནས་འདྲི་བའོ། །གང་ཞིག་གང་ལ་དམིགས་པ་ལས་ནི་ནམ་ཡང་མ་ཡིན་ཏེ་འདི་དེ་ལ་དམིགས་པར་མི་འགྱུར་བས་དམིགས་པ་ལས་སྤང་བ་རིག་པ་མ་ཡིན་ནོ། །མཚུངས་པར་ལྡན་པ་རྣམས་ཀྱང་ཕན་ཚུན་རྒྱུར་གྱུར་པའི་ཕྱིར་དེའི་རྒྱུའི་ངོ་བོ་ལྡོག་པ་མ་ཡིན་པར་ཉོན་མོངས་པ་ཅན་གྱི་སེམས་གང་ཡིན་པ་དེ་ཉིད་ཡང་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བ་མ་ཡིན་པས་མཚུངས་པར་ལྡན་པ་ལས་ཀྱང་ཉོན་མོངས་པ་སྤོང་


DTG210_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནུས་པ་མ་ཡིན་ནོ། །རང་བཞིན་ལས་ཀྱང་འདི་དག་སྤོང་བར་མི་རིགས་ཏེ་རང་བཞིན་ཡོངས་སུ་བཏང་བ་མི་སྲིད་པའི་ཕྱིར་རོ། །སྤོང་བར་བྱེད་པ་ནི་ཆོས་ཀྱི་རང་བཞིན་འདོར་བ་མེད་དོ། །དེའི་ཕྱིར་ཇི་ལྟར་ཉོན་མོངས་པ་སྤང་བར་བྱ་ཞེས་བྱ་བ་འདི་དཔྱད་པར་བྱ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་ལས་ཉོན་མོངས་པ་ནི་སྤང་བྱར་འདོད་ཅེས་བྱ་བ་གསུངས་སོ། །མཚུངས་པར་ལྡན་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མེད་ན་མི་འབྱུང་བ་ཉིད་ཀྱིས་ཉོན་མོངས་པ་ཅན་གྱི་སེམས་ལ་སླར་ཡང་ཉོན་མོངས་པ་ཅན་མ་ཡིན་པར་བྱ་བར་ནུས་པ་མེད་དོ། །རེ་ཞིག་མ་འོངས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་འོངས་པ་ནི་གང་གིས་དམིགས་པ་དེ་མི་སྐྱེ་སྟེ། དེ་ནི་དེ་ལ་དམིགས་ཏེ་མི་སྐྱེ་བས་རྣམ་པར་དབྱེ་བར་བྱ་ནུས་ཤིང༌། དེ་ལ་དམིགས་ཏེ་མི་སྐྱེ་བའི་ཕྱིར་རོ། །འདས་པ་ནི་ཅི་ལྟར་དམིགས་པ་ལས་རྣམ་པར་དབྱེ་བར་ནུས་དེ་ལ་དམིགས་ཏེ་མི་སྐྱེ་བའི་ཕྱིར་དང་དམིགས་པའི་ཕྱིར་ཉོན་མོངས་པ་སྤང་བར་བྱ་ཞིང་དེ་དག་མི་དམིགས་པར་བྱའོ་ཞེ་ན་འདི་ནི་འདིའི་དོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དམིགས་པ་ཡོངས་སུ་ཤེས་པས་སྤང་བར་བྱའོ་ཞེས་བྱ་བ་འདི་འདིའི་དོན་ཏོ། །འདོད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རང་གི་ཁམས་ལ་དམིགས་པའི་ཕྲ་རྒྱས་རྣམས་ཀྱི་དམིགས་པ་ཤེས་རབ་ཀྱིས་མཐོང་བའི་སྒོ་ནས་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་དེ་ཐམས་ཅད་སྤོང་བར་བྱེད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་དེ་ཐམས་ཅད་ཀྱི་དམིགས་པ་ཤེས་རབ་ཀྱིས་མཐོང་བའི་སྒོ་ནས་མཐོང་བས་སྤང་བར་བྱ་བ་དེ་ཐམས་ཅད་སྤོང་བར་བྱེད་དོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་རྣམས་ཀྱི་དམིགས་པ་ཡང་ཤེས་རབ་ཀྱིས་མཐོང་བའི་སྒོ་ནས་མཐོང་བས་སྤང་བར་བྱ་བ་དེ་དག་ཐམས་ཅད་སྤོང་བར་བྱེད་དོ། །ཡང་ཇི་སྙེད་སྤོང་བར་བྱེད་པ་དེ་ཐམས་ཅད་ཀྱི་དམིགས་པ་ཤེས་རབ་ཀྱིས་མཐོང་བ་མ་ཡིན་ནོ། །ཕྲ་རྒྱས་རྣམས་ཀྱི་དམིགས་པ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པའི་དངོས་པོ་དང་མཚུངས་པར་ལྡན་པ་མ་ཡིན་པའི་དངོས་པོའོ། །དེ་ལ་མཚུངས་པར་ལྡན་པའི་དངོས་པོ་ནི་ཡུལ་རྣམས་ཀྱི་ཕྲ་རྒྱས་རྣམས་


DTG210_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ནི་ཕྲ་རྒྱས་ཀྱི་སྟོབས་ཀྱིས་བསྐྱེད་པ་དེའི་ཡུལ་རྣམས་ཀྱང་གང་ཟག་གི་རྒྱུད་ལ་ཐོབ་པ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་མ་ཆད་པར་འཇུག་གོ །དེ་བཞིན་དུ་མཚུངས་པར་ལྡན་པ་མ་ཡིན་པའི་དངོས་པོ་ནི་མ་འོངས་པ་དང་འདས་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུ་དང་འབྲས་བུར་གྱུར་པའི་ཡུལ་རྣམས་ཏེ། ཡུལ་འདི་ཉོན་མོངས་པའི་རྗེས་སུ་ཀུན་ཏུ་སྤྱོད་པའི་ཕྱིར་ཉོན་མོངས་པ་རྣམས་ཀྱི་ཐོབ་པར་རིག་པར་བྱའོ། །དེ་ནི་མ་འོངས་པ་རྣམས་བསྐྱེད་པ་ལ་རྐྱེན་དུ་གྱུར་བའི་ཕྱིར་རྒྱུར་གྱུར་པ་ཡིན་ལ། འདས་པ་རྣམས་ཀྱི་རྒྱུ་མཐུན་པའི་དངོས་པོ་ཡིན་པའི་ཕྱིར་འབྲས་བུར་གྱུར་པ་ཉིད་དོ། །དེ་ཡང་སྤོང་བ་གཉེན་པོའི་རྒྱུ་མཐུན་པའི་ཐོབ་པ་མཉམ་པར་འཇོག་པར་མི་འགལ་ལོ། །དེ་ཉོན་མོངས་པ་རྣམས་ཀྱི་ཀུན་ཏུ་འཛིན་པ་དེའི་ཕྱིར་གང་གི་དམིགས་པས་ཉོན་མོངས་པ་བསྐྱེད་པ་ཕན་ཚུན་དམིགས་པ་རྣམས་ཀྱིས་ཀྱང་ཉོན་མོངས་པ་རྣམས་འཇུག་གོ །དེ་ལ་དམིགས་པ་སྤང་བ་གཉེན་པོའི་རྒྱུ་མཐུན་པ་བསྐྱེད་པའི་ཉོན་མོངས་པ་རྣམས་ལ་དེའི་ཐོབ་པ་མི་ལྡན་ནོ། །དེ་ལ་དམིགས་པ་རྣམས་ཀྱང་རྒྱུ་དང་འབྲས་བུར་འཕོ་བ་ཡོད་པ་མ་ཡིན་པས་སྤང་བ་ཞེས་བྱའོ། །གང་གི་ཕྱིར་དེ་ཡོངས་སུ་མི་ཤེས་པས་དེ་ལ་ཉོན་མོངས་པའི་ཡུལ་དང༌། ཉོན་མོངས་པ་རྣམས་ཀྱི་ཡུལ་དེ་རྣམས་ཀྱི་ཉོན་མོངས་པའི་སྟོབས་ཀྱིས་ཐོབ་པ་སྟེ། མ་འོངས་པ་དང་འདས་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུ་དང་འབྲས་བུར་གྱུར་པ་རྒྱུད་ལ་རབ་ཏུ་འཇུག་གོ །ཇི་ལྟར་དངོས་པོ་ཡོངས་སུ་ཤེས་པས་མི་འཇུག་པ་དེའི་ཕྱིར་དམིགས་པ་ལས་ཉོན་མོངས་པ་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་མངོན་པར་འདོད་དོ། །དེ་ཡང་མ་ངེས་ཏེ་ཞེས་བྱ་བ་ནི། གང་གི་ཕྱིར་ཉོན་མོངས་པ་རྣམས་ནི་རྣམ་པ་བཞི་ས་ཟད་པར་འགྱུར་བ་ཡིན་ཏེ། དམིགས་པ་ཡོངས་སུ་ཤེས་པ་དང༌། དེ་ལ་དམིགས་པ་ཡང་དག་པར་ཟད་བ་དང་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ཐམས་ཅད་དང་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་སེམས་ཅན་དང་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་དགེ་བ་དང་བཅས་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཟུགས་ཅན་མ་ཡིན་པ་རང་དང་གཞན་གྱི་རྒྱུད་ལ་ཡོད་པ་རྣམས་དེ་དག་ལ་དམིགས་པའི་


DTG210_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་གཟུགས་དང་ཉོན་མོངས་པ་ཅན་གྱི་ཆོས་ལ་དམིགས་པའོ། །ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པས་སོ་ཞེས་བྱ་བ་ནི། གང་ཁོ་ན་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་དེ་ཁོ་ན་སྤངས་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། བར་མ་ཆད་དུ་འགགས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ནི་དེ་ལྟར་བས་མཆོད་པའི་ཕྱིར་རིང་བ་ཉིད་དུ་མི་འགྱུར་ཏེ་དེ་ཡང་རྣམ་པར་ཤེས་པ་ལྔའི་ཡུལ་ཡིན་པའི་ཕྱིར་རོ། །ཁ་ཅིག་ཏུ་དྲུག་ཡང་ཡིན་ནོ། །གཞན་དག་རིང་བ་ཉིད་ཅེས་བྱ་བའོ། །དེ་བཞིན་དུ་འདུས་མ་བྱས་ལ་ཡང་ཐལ་བར་འགྱུར་རོ། །ད་ལྟར་བ་ཡང་དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ད་ལྟར་བ་ལས་འདས་པ་དང་མ་འོངས་པ་དག་དེ་བཞིན་དུ་རིང་བ་དེ་རྣམས་སུ་གྱུར་ན། ད་ལྟར་བ་ཡང་འདས་པ་དང་མ་འོངས་པ་ལྷར་རིང་བར་འགྱུར་རོ། །འདུས་མ་བྱས་ཇི་ལྟར་ན་ཉེ་བ་ཉིད་དུ་གྲུབ་ཅེ་ན། འདི་ནི་ཆོས་མངོན་པ་ལས་ཏེ། འདི་སྐད་དུ། ཆོས་རིང་པོ་གང་དག་ཅེ་ན། འདས་པ་དང་མ་འོངས་པ་དག་གོ །ཉེ་བ་གང་དག་ཅེ་ན། ད་ལྟར་བྱུང་བ་དང་འདུས་མ་བྱས་སོ་ཞེས་འབྱུང་ངོ༌། །དུས་གསུམ་གྱི་བྱ་བ་རྣམ་པར་གཞག་པ་ལས་འདུས་མ་བྱས་ནི་དུས་ཐམས་ཅད་དུ་འཇུག་པའི་ཕྱིར་རོ། །ཁ་ཅིག་ན་རེ་བྱ་བ་མེད་པ་ལ་ཡང་རིང་པ་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །བྱ་བ་ཤིན་ཏུ་མེད་པའི་ཕྱིར་སྐྱེ་བ་མེད་པའི་ཆོས་བཞིན་འདུས་མ་བྱས་རིང་བ་ཉིད་དུ་རྣམ་པར་དཔྱད་པར་མི་ནུས་སོ། །དེ་ཐམས་ཅད་དུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་འདུས་མ་བྱས་ནི་ཡུལ་དང་དུས་ཀྱི་ངེས་པ་མེད་པར་ཐོབ་པ་དེའི་ཕྱིར་དེ་ཉེ་བར་ཞེས་བརྗོད་དོ། །འདས་པ་དང་མ་འོངས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་བསམ་གཏན་ལ་སོགས་པ་རྣམས་ཀྱང་དེ་དང་འདྲ་བར་ཐོབ་པའི་ཕྱིར་འདས་པ་དང་མ་འོངས་པ་ཡང་ཉ་བ་ཉིད་དུ་ཐལ་བར་འགྱུར་རོ། །ནམ་མཁའ་ཡང་ཇི་ལྟར་ན་ཉེ་བ་ཡིན། དེ་ཐོབ་པ་མེད་པའོ། །གཞན་དག་ན་རེ། ནམ་མཁའ་ནི་ཐམས་ཅད་དུ་དེའི་མཚན་ཉིད་མ་ཐོགས་པའི་ཕྱིར་ཉེ་བ་ཡིན་ཞིང་སོ་སོར་མ་བརྟགས་པའི་འགོག་པ་ཡང་འབད་པ་མེད་པར་ཐམས་ཅད་ཀྱི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་དམིགས་པའི་ཕྱིར་ཉེ་བ་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པ་ཡང་མངོན་པར་སྦྱོར་བས་ཡང་དག་པར་ཞུགས་པ་ལ་གང་དུ་ཀླ་ཙ་ནཱ་ཤུ། ཐམས་ཅད་


DTG210_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐམས་ཅད་དུ་ཁྱད་པར་མེད་པར་དམིགས་པའི་ཕྱིར་ཉེ་བ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་གང་བཤད་པ་འདས་པ་དང་མ་འོངས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་དེ་ཨ་པ་བྷདྡྷཾ། ཁ་ཅིག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཁྱད་པར་མེད་པར་མ་དམིགས་པས། ཐམས་ཅད་དུ་དེ་ཐོབ་པའི་ཕྱིར་འདས་པ་དང་མ་འོངས་པ་ལ་ཐལ་བར་བཤད་པ་དེ་འདིའི་ལན་དུ་མི་སྦྱར་རོ་ཞེས་ཟེར་རོ། །དེ་ལྟ་མ་ཡིན་ན་སོ་སོར་བརྟགས་པའི་འགོག་པ་ཡང་ཐམས་ཅད་ཀྱི་མ་ཡིན་པ་དང་ཐམས་ཅད་དུ་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །གཉི་གར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་ད་ལྟར་བྱུང་བ་འདས་པ་དང་མ་འོངས་པ་དག་དང་ཉེ་བའི་ཕྱིར་དང་གཞན་གྱིས་མཆོད་པའི་ཕྱིར་འདས་པ་དང་མ་འོངས་བ་དག་ཀྱང་ཉེ་བར་བཤད་པ་དེ་ལྟར་ན་འདས་པ་དང་མ་འོངས་པ་དག་ཀྱང་གཞན་གྱིས་མཆོད་པའི་ཕྱིར་ད་ལྟར་བྱུང་བ་དང་ཉེ་བར་འགྱུར་ལ། ད་ལྟར་བྱུང་བས་ཆོད་པའི་ཕྱིར་ཕན་ཚུན་གྱི་སྒོ་ནས་རིང་བ་ཉིད་དེ་འདས་པ་དང་མ་འོངས་པ་གཉི་གར་འགྱུར་བའོ། །རིང་བའམ་ཉེ་བ་ཞེས་བྱ་བ་ལ་འདི་སྐད་དུ་རིག་པར་འགྱུར་རོ་ཞེས་བྱ་བ་ནི། སློབ་དཔོན་གྱི་སྟེ། མ་འོངས་པས་ནི་རང་གི་མཚན་ཉིད་མ་ཐོབ་ལ། འདས་པས་ནི་རང་གི་མཚན་ཉིད་བཏང་བའི་ཕྱིར་དེ་དག་རིང་བའོ། །གཞན་དག་ན་རེ་རང་བཞིན་མེད་པ་ལ་རིང་བ་ཉིད་མི་འཐད་པའི་ཕྱིར་འདི་ཡང་མི་འཐད་དོ་ཞེས་ཟེར་རོ། །དེ་ལས་གཞན་པའི་རིང་བ་ནི་རེ་ཞིག་འདི་ལྟར་གལ་ཏེ་འདས་པ་དང་མ་འོངས་པ་དག་ད་ལྟར་བྱུང་བ་བཞིན་རང་བཞིན་གྱིས་ཡོད་པར་འདོད་ན། དེ་ནི་འདས་པ་དང་མ་འོངས་པ་ཉིད་དུ་ཡང་མི་འགྱུར་བ་ཉིད་དེ། ད་ལྟར་བྱུང་བ་བཞིན་ནོ། །ཤར་དང་ནུབ་ཀྱི་རྒྱ་མཚོ་ལ་སོགས་པ་རྣམས་ཀྱིས་ཀྱང་མ་ངེས་པའོ། །གཉེན་པོ་སྐྱེས་པས་ཟད་པ་ཞེས་བྱ་བ་བཤད་ལ། ཅི་ལམ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ལན་ཅིག་དུ་ཅེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་དང་རང་གི་བར་ཆད་མེད་པའི་ལམ་གྱིས་ལན་ཅིག་ཐོབ་པ་བཅད་པ་ཉོན་མོངས་པ་སྤངས་པ་ཉིད་ཡིན་གྱི་སླར་ཡང་སྤོང་བའི་ལམ་གྱིས་སྤོང་བ་མེད་དོ། །དེ་དག་གི་བྲལ་བའི་ཐོབ་པ་ནི་ཡང་དང་ཡང་དུ་སྐྱེ་སྟེ། སྤངས་པ་རྣམས་ཀྱི་བྲལ་བའི་ཐོབ་བ་རྣམས་ལམ་དུ་བཤད་པའི་ཕྱིར་རོ། །རྣལ་འབྱོར་པ་


DTG210_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ལམ་གཞན་གཏོང་བ་དང་ཐོབ་པ་སྲིད་པའི་ཕྱིར་ལན་ཅིག་མ་ཡིན་པར་བྲལ་བའི་ཐོབ་པ་རྙེད་པ་ཡིན་ནོ། །དེ་དག་ཀྱང་དུས་དུ་ཞིག་ཏུ་ཐོབ་ཅེ་ན། སྲིད་པའི་དབང་དུ་བྱས་ནས་དུས་དྲུག་ཏུ་ཞེས་སྨོས་སོ། །གཉེན་པོ་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ནི། དེ་དང་ལྷན་ཅིག་བྲལ་བའི་ཐོབ་པ་སྐྱེ་བའི་ཕྱིར་འདི་ལ་དགོངས་ཏེ་བར་ཆད་མེད་པའི་ལམ་ཞེས་སྟོན་པར་བྱེད་དོ། །གཞན་དག་ན་རེ། གལ་ཏེ་གང་དུ་གནས་པས་བྲལ་བའི་ཐོབ་པ་རྙེད་ཅེས་བརྗོད་པར་བྱའོ། །དེ་ལྟར་བར་ཆད་མེད་པ་ནི་གཉེན་པོ་སྟེ་དུས་གསུམ་དུ་བྲལ་བའི་ཐོབ་པ་རྙེད་ཅེས་བྱ་བའོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་སྐྱེས་བུ་བྱེད་པའི་འབྲས་བུ་ལ་སོགས་པ་རྣམས་ཀྱང་བཤད་དོ། །དེའི་ཕྱིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམས་ཞེས་སྨོས་ཏེ། འདིར་ཡང་འབྲས་བུ་ཐོབ་པ་རྣམས་ལ་བཤད་པ་ཉིད་ཀྱིས་འབྲས་བུ་བཞི་སྨོས་པ་བཞིན་དབང་པོ་འཕོ་བ་ཡང་འབྲས་བུ་ཡིན་པའི་ཕྱིར་གཟུང་བར་འགྱུར་རོ། །ཁ་ཅིག་ན་རེ་དབང་པོ་རྣམ་པར་འཕེལ་བ་སྨོས་པས་ཐ་དད་དུ་བྱེད་དོ་ཞེས་ཟེར་རོ། །སྔར་སྤངས་པ་རྣམས་ཀྱི་ནི་འབྲས་བུ་ཕྱི་མ་བྲལ་བའི་ཐོབ་པ་དག་གི་ཤེས་བྱེད་དུ་སྨྲའོ། །གང་གི་ཕྱིར་དགྲ་བཅོམ་པ་ལ་ཐོབ་པར་བཤད་པ་དེ་ཉིད་སྐྱེ་བས་དེ་ལྟར་མཐོང་བའི་སྒོ་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་རྒྱས་པར་འབྱུང་སྟེ། གནས་སྐབས་དེར་འདོད་པའི་ཁམས་རྣམ་པར་སུན་འབྱིན་པའི་གཉེན་པོ་ཆོས་ཤེས་པ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ལ་རྗེས་སུ་ཐོབ་པ་ཐམས་ཅད་ལྡན་པས་ངེས་པར་རྣམ་པར་སུན་འབྱིན་པའི་གཉེན་པོ་མི་སློབ་པའི་ཆོས་ཤེས་པ་ཐོབ་པར་བྱེད་དོ། །དེ་ནི་དེས་འདོད་པའི་ཁམས་ཡང་ཡང་སུན་ཕྱུང་བས་དེའི་ས་པའི་ཀུན་ཏུ་སྦྱོར་བའི་སྐལ་བ་ཅན་མ་ཡིན་ནོ། །ཡང་ཅི་ལྟར་འདི་ལྟར་སྤངས་པ་རྣམས་ཀྱི་བྲལ་བའི་ཐོབ་པ་རྙེད་པའི་ཤེས་བྱེད་ཡིན་ཞེ་ན། ཁ་ཅིག་ཏུ་ནི་རྒྱུ་གཉིས་ཀྱིས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་དོ། ཁ་ཅིག་ཅེ་ན་གཅིག་གིས་སོ། །དེ་ལ་གང་དག་འདོད་པ་དང་ལྡན་པ་རྣམས་ཀྱི་ནི་ཟག་པ་མེད་པའི་བྲལ་བའི་ཐོབ་པའི་ཐོབ་པ་དེ་རྣམས་ནི་རྒྱུ་གཉིས་ཀྱིས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་པར་བྱེད་དེ། བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་དང༌། རྣམ་པར་སུན་འབྱིན་པའི་གཉེན་པོ་མི་སློབ་པའི་ཆོས་པ་ཐོབ་བའི་ཕྱིར་རོ། །གང་དག་མ་ཐོབ་པ་དེ་དག་ནི་རྒྱུ་


DTG210_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་སོ། །དེའི་ཕྱིར་འདི་ཐམས་ཅད་ཉེ་བར་སྒྲུབ་པ་དེ་ལ་རྒྱུ་གསལ་བར་བྱས་པ་སྟེ། དེ་ལྟ་བུ་དེ་ནི་རྟོགས་བྱ་རྟོགས་བྱེད་ཀྱི་ཤེས་བྱེད་དེ་དངོས་པོ་གསལ་བ་མ་ཡིན་ནོ། །འདི་དཔྱད་པར་བྱ་སྟེ། ཁ་ཅིག་གི་ནི་དུས་དྲུག་ཏུ་འཐོབ་པ་ནས་ཁ་ཅིག་གི་ནི་གཉིས་སུ་འཐོབ་པའི་བར་ཞེས་བྱ་བ་འབྱུང་སྟེ། དེ་ལ་དབང་པོ་རྟུལ་པོས་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བདེན་པ་གསུམ་མཐོང་བས་སྤང་བར་བྱ་བ་རྣམས་ཇི་ལྟ་བའི་དབང་དུ་བྱས་ཏེ་དུས་དྲུག་ཏུ་བྲལ་བ་ཐོབ་སྟེ། གནས་སྐབས་དེ་དག་ཏུ་སྔར་གྱི་ལམ་གཏོང་བའི་ཕྱིར་དང༌། སྔར་མེད་པའི་ལམ་མ་ཐོབ་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་དུས་ལྔར་རོ། །དེ་དག་གི་ལམ་ལ་རྗེས་སུ་ཤེས་པ་ནི་གཉེན་པོའམ་འབྲས་བུར་ཡང་བགྲང་ངོ༌། །དབང་པོ་རྣོན་པོ་རྣམས་ཀྱི་ཡང་མཐོང་བས་སྤང་བར་བྱ་བ་ནི་དུས་ལྔར་ཡིན་ཏེ། ལམ་ལ་རྗེས་སུ་ཤེས་པའི་སྤང་བྱ་རྣམས་མ་གཏོགས་སོ། །དེ་དག་ནི་དུས་བཞིར་ཏེ་དབང་པོ་རྣོན་པོ་རྣམས་ལ་དབང་པོ་འཕོ་བ་ཡོད་པ་མ་ཡིན་ནོ། །འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་ལྔ་རྣམས་ཀྱི་ནི་ལྔ་རྣམས་སུ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་གཏོགས་པའོ། །དྲུག་པ་ནི་བཞི་སྟེ། དེའི་འབྲས་བུ་ཁོ་ན་གཉེན་པོ་ཞེས་གཅིག་ཏུ་བགྲང་ངོ༌། བདུན་པ་དང་བརྒྱས་བ་དག་གི་ཡང་བཞི་རྣམས་སུ་སྟེ། འབྲས་བུ་དང་པོ་གཉིས་མ་གཏོགས་སོ། །དགུ་པ་ནི་གསུམ་རྣམས་སུ་སྟེ། དེའི་གཉེན་པོ་ཉིད་འབྲས་བུའོ། །སྲིད་པའི་རྩེ་མོ་མ་གཏོགས་ལ་གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་ཀྱི་ཡང་གསུམ་རྣམས་སུའོ། །རྣམ་པ་དགུ་པ་ལས་རང་གི་གཉེན་པོ་སྐྱེ་བས་དགྲ་བཅོམ་པ་དབང་པོ་འཕོ་བ་རྣམས་སུ་དགུ་པ་སྲིད་པའི་རྩེ་མོ་པའི་ནི་གཉིས་སུ་སྟེ། དེའི་གཉེན་པོ་དང་འབྲས་བུ་དུས་གཅིག་པའི་ཕྱིར་རོ། །དབང་པོ་རྣོན་པོ་ལས་དབང་པོ་འཕོ་བ་མ་གཏོགས་པ་བཞི་དང་གསུམ་དང་གཉིས་དང་གཅིག་གི་བར་གྱི་དུས་རྣམས་སུ་ཅི་རིགས་པར་སྔར་བཤད་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །ཡང་བརྒྱད་པའི་ས་པའི་ཉོན་མོངས་པ་རྣམས་ལས་འཇིག་རྟེན་བ་ལས་ཀྱང་བྲལ་བ་ཐོབ་པ་མ་ཡིན་ནམ་ཞེ་ན། གཉིས་


DTG210_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དེའི་གཉེན་པོ་སྐྱེ་བས་དེ་ལྟར་འདི་ནི་རིམ་གྱིས་ས་ལ་དགོངས་ནས་དེ་སྐད་བཤད་དོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པ་དབང་དུ་བྱས་པ་ལ་སོགས་པ་ནི་འདིར་རབ་ཏུ་འཕེན་པ་མེད་དོ། །འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་ནི་ཁ་ཅིག་ཏུ་དུས་དྲུག་ཏུ་ཉོན་མོངས་པ་དང་བྲལ་བ་ཐོབ་སྟེ་དབང་པོ་རྣོ་བའི་ཕྱིར་འདི་ལ་དབང་པོ་འཕོ་བ་མེད་དོ། །དེ་ལ་གང་འདོད་པའི་ཁམས་ལས་ནི་ཇི་སྲིད་རྣམ་པ་ལྔ་སྤངས་པས་ངེས་པ་ལ་འཇུག་པའི་བར་རོ། །དེ་ལ་མཐོང་བས་སྤང་བར་བྱ་བ་རྣམ་པ་ལྔ་རྣམས་ལས་ནི་དུས་དྲུག་ཏུ་བྲལ་བ་ཐོབ་པོ། །གཉིས་ལས་དེ་གཉེན་པོ་སྐྱེས་པ་སྟེ་བཞི་རྣམས་ལས་ཀྱང་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམས་ལས་སོ། །བསྒོམས་པས་སྤང་བར་བྱ་བ་རྣམ་པ་ལྔ་རྣམས་ལས་ལྔ་སྟེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང་པོ་མ་གཏོགས་པའོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་རྣམ་པ་དྲུག་སྟེ། མཐོང་བས་སྤང་བར་བྱ་བ་རྣམ་པ་དྲུག་ལ་དེ་བཞིན་དུ་འབྲས་བུ་དང་པོ་མ་གཏོགས་པའོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་འཇིག་རྟེན་པ་ཉིད་ཀྱིས་ཏེ་རང་གི་གཉེན་པོ་སྐྱེས་པས་སོ་།དེ་དག་ལ་ཟག་པ་མེད་པའི་གཉེན་པོ་མངོན་དུ་བྱེད་པ་མེད་དེ། དེའི་གཉེན་པོ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པའི་ལམ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་རྣམ་པ་བདུན་དང་བརྒྱད་དེ། མཐོང་བས་སྤང་བར་བྱ་བ་རྣམ་པ་བདུན་དང་བརྒྱད་རྣམས་ལའོ། །ལྔ་རྣམས་ལ་ནི་འབྲས་བུ་དང་པོ་ཉིད་མ་གཏོགས་པའོ། །བསྒོམ་པས་སྤང་བར་བྱ་བ་དྲུག་རྣམས་ཀྱི་ནི་དུས་གཅིག་ཉིད་ལ་སྟེ་སྔ་མ་བཞིན་ནོ། །བདུན་པ་དང་བརྒྱད་པ་དག་གི་ནི་བཞི་རྣམས་ལས་སོ། །གཉེན་པོ་གཉིས་སྐྱེས་པ་ནི་གཉིས་ལས་སོ། །འདོད་པ་ལ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་གལ་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པར་བྱེད་པ་དེའི་ནི་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་ལས་ནི་ཇི་སྐད་བཤད་པ་བཞི་རྣམས་ལས་སོ། །ཡང་བསམ་གཏན་གྱི་དངོས་གཞིའི་ས་ལ་བརྟེན་པ་དེའི་ནི་གཅིག་ཉིད་ལས་ཏེ་སྔ་མ་བཞིན་ནོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ནི་མི་ལྕོགས་པ་མེད་པ་ཉིད་ལ་བརྟེན་པ་ནི་གཅིག་ལས་སོ། །དེ་དག་ལ་ནམ་ཡང་གཉེན་པོ་


DTG210_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པ་མངོན་དུ་བྱེད་པ་མེད་དེ། དེའི་གཉེན་པོ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའི་ལམ་ཡིན་པའི་ཕྱིར་རོ། །འབྲས་བུ་ལ་གནས་པ་ནི་དེ་ལ་ཞུགས་པའི་ལམ་མངོན་དུ་བྱེད་པ་མེད་དེ་དམན་པའི་ཕྱིར་རོ། །གང་ཞིག་བསམ་གཏན་དང་བོ་ལས་རྣམ་པ་གཅིག་གིས་འདོད་ཆགས་དང་བྲལ་བ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་འདོད་ཆགས་དང་བྲལ་བའི་བར་ངེས་པ་ལ་འཇུག་པར་བྱེད་པ་དེའི་ནི་ས་བདུན་དུ་མཐོང་བས་སྤང་བར་བྱ་བ་རྣམས་ལས་དུས་བཞི་རྣམས་སུ་བྲལ་བ་ཐོབ་སྟེ་གཉེན་པོ་སྐྱེས་པ་གཉིས་དང༌། ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་དོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ནི་ཕྱིར་མི་འོང་བའི་འབྲས་བུ་མ་གཏོགས་པ་གསུམ་དུའོ། །སྲིད་པའི་རྩེ་མོའི་ས་པ་རྣམས་ཀྱི་ཡང་མཐོང་བས་སྤང་བར་བྱ་བ་རྣམས་ལས་རང་གི་གཉེན་པོ་སྐྱེས་པ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་དོ། །བསྒོམ་པས་སྤང་བར་བྱ་བ་རྣམ་པ་བརྒྱད་རྣམས་ལས་ནི་གཉིས་ན་སྟེ། དེའི་གཉེན་པོ་སྐྱེས་པ་དང་དགྲ་བཅོམ་པ་ཉིད་ནའོ། །དགུ་པ་ནི་གཅིག་ཉིད་ན་སྟེ་དགྲ་བཅོམ་པ་དང་གཉེན་པོ་སྐྱེས་པ་དག་འབྲས་བུ་གཅིག་ཉིད་ཀྱི་ཕྱིར་རོ། །ཡང་ཇི་ལྟར་བཤད་པའི་སྤངས་པ་རྣམ་པ་དྲུག་ངེས་པ་ལ་འཇུག་པ་དང་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ངེས་པ་ལ་འཇུག་པས་སྔར་སྤངས་པ་མ་ཡིན་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་ལས་བྲལ་པའི་ཐོབ་པ་ཟ་གང་མེད་པ་ཐོབ་པར་བྱེད་ཅེས་བྱ་བ་དེ་ཅི་ནམ་ཡང་ཐོབ་པར་མི་བྱེད་པ་ཉིད་ཡིན། འོན་ཏེ་དེ་མེད་པས་ཐོབ་པར་མི་བྱེད་དོ་ཞེ་ན། ནམ་ཡང་ཞེས་བྱ་བ་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །ཡང་དགྲ་བཅོམ་པ་ཉིད་ཀྱི་ཐོབ་པ་དེ་དག་ཐམས་ཅད་ཉིད་སྔར་སྤངས་པའི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྣམས་ཐོབ་པར་བྱེད་པ་དང་གང་དག་སྔར་སྤངས་པ་དེ་བྲལ་བའི་ཐོབ་བ་རྣམས་འདོར་བ་མ་ཡིན་ནམ། དེ་དག་ཐམས་ཅད་ཐོབ་པར་བྱེད་པ་དང་གཞན་མ་ཡིན་པ་དེ་དག་དེའི་ཚེ་བྲལ་པའི་ཐོབ་པ་རྣམས་འདོར་བར་བྱེད་དོ་ཞེན་མ་ཡིན་ཏེ་དེ་དག་དེའི་ཚེ་ཡང་ཐོབ་པར་བྱེད་དོ། །ཡང་འདི་ཅི་ལྟར་རྟོག་པར་བྱེད་ཅེ་ན། དགྲ་བཅོམ་པ་ཉིད་ཐོབ་པ་ལ་ནི་ངེས་པར་གཟུགས་དང་གཟུགས་མེད་པ་དང་ལྡན་པ་ནི་ཟག་པ་མེད་


DTG210_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྲལ་བའི་ཐོབ་པ་འདོར་བར་བྱེད་དོ། །འདོད་པ་ན་སྤྱོད་པ་རྣམས་མ་ཡིན་ཏེ། །དེ་དག་ཁོ་ན་སྔར་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པ་ལས་འདིར་གང་ཞིག་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་བར་གྱི་ས་ལ་བརྟེན་ནས་གང་དང་གང་ཡིན་པའི་ངེས་པ་ལ་འཇུག་གོ །འདི་ཐམས་ཅད་ལ་ངེས་པར་གཟུགས་དང་གཟུགས་མེད་པ་དང་ལྡན་པ་ཐམས་ཅད་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པའི་གཉེན་པོ་ཐོབ་བོ། །དེ་དག་ཅིག་ཅར་སྤོང་བའི་གཉེན་པོ་གཅིག་གི་སྤང་པར་བྱ་བ་ཡིན་པའི་ཕྱིར་ས་གོང་མའི་མཐོང་བའི་ལམ་མངོན་དུ་གྱུར་པ་ན་ཡང་བསམ་གཏན་གྱི་ས་འོག་མ་པ་ཐམས་ཅད་ཀྱི་མ་འོངས་པ་བསྒོམ་པ་ཡོད་པའི་ཕྱིར་བསམ་གཏན་གྱི་ས་འོག་མ་པ་ཡང་རང་ལ་ས་གོང་མའི་ས་པའི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཡང་གང་ཞིག་ཅི་ཡང་མེད་ཀྱི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་བསམ་གཏན་གསུམ་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པར་བྱེད་པ་དེ། ས་གོང་མ་སྲིད་པའི་རྩེ་མོའི་སྤོང་བ་གཉེན་པོ་སྟེ། གཉེན་པོའི་སྒོ་ནས་ས་གོང་མ་དང་བསམ་གཏན་འོག་མའི་ས་པ་མཐོང་བའི་ལམ་མངོན་དུ་གྱུར་པ་བསྒོམ་པར་བྱ་བ་ཡིན་པས། འདི་གང་དང་གང་གི་ས་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་མེད་དེ་དེ་ལ་བརྟེན་ནས་ངེས་པ་ལ་འཇུག་གོ །དེའི་རང་གི་ས་པ་རྣམས་ཀྱང་མཐོང་བས་སྤང་པར་བྱ་བ་རྣམས་བདེན་པ་སོ་སོ་མཐོང་བ་སྔོན་དུ་འགྲོ་བས་ལྷན་ཅིག་ཅིག་ཅར་སྤོང་བར་བྱེད་དོ། །འདི་ལྟར་བསམ་གཏན་བཞི་པའི་འདོད་ཆགས་དང་བྲལ་བ་ནི་དེ་ལ་བརྟེན་ནས་ངེས་པ་ལ་འཇུག་པས་ས་ལྔ་པའི་མཐོང་བས་སྤང་བར་བྱ་བ་ཅིག་ཅར་སྤོང་བར་བྱེད་པ་བཞིན་ནོ། །དེ་བཞིན་དུ་དང་པོ་ལ་འདོད་ཆགས་དང་བྲལ་བ་ཡང་དེ་ལ་བརྟེན་ནས་འཇུག་པ་ནས་བརྒྱད་པའི་བར་རོ། །ཡང་བསམ་གཏན་བཞི་པའི་ས་པ་ལ་སོགས་བསམ་གཏན་གསུམ་པའི་ས་པ་ལ་སོགས་པ་རྣམས་ཀྱི་རེས་འགའ་སྤོང་བ་མ་ཡིན་ནམ་ཞེ་ན། འདི་མ་ཡིན་ཏེ་བསམ་གཏན་གསུམ་པའི་ས་པ་ལ་སོགས་པ་དང་ལྷན་ཅིག་གཉེན་པོ་གཅིག་པས་དེའི་ཕྱིར་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བས་ཀྱང་དེ་ལ་བརྟེན་ནས་ངེས་པ་ལ་


DTG210_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡིན་མོད་ཀྱི་བསམ་གཏན་བཞི་པའི་ས་པས་ནི་རང་གི་ས་ལས་གོང་མའི་ས་པའི་གཉེན་པོ་ཉིད་ཀྱིས་འདི་བསམ་གཏན་འོག་མའི་ས་བ་དང་ལྷན་ཅིག་གཉེན་པོ་གཅིག་པས་དེའི་ཚེ་ཡང་བསྒོམ་པ་མ་ཡིན་ནོ། །ས་འོག་མས་ཐམས་ཅད་མཐོང་བའི་ལམ་གྱི་ནུས་པས་སྔོན་འཇིག་རྟེན་པའི་ལམ་གྱིས་སྤངས་པ་རྣམས་ཀྱིས་ཀྱང་རང་གི་གོང་མའི་ས་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་སྐྱེས་པར་བྱེད་དོ། །གང་གི་ཚེ་ས་གོང་མ་པའི་མཐོང་བའི་ལམ་མངོན་དུ་གྱུར་པ་ན་ས་གོང་མ་པའི་མ་འོངས་པ་གོམས་པར་བྱེད་དོ། །དེའི་ནུས་པས་ས་འོག་མ་པའི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་དེ་ས་གོང་མའི་ནུས་པས་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་བོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་ཀྱི་མཐོང་བས་སྤང་པར་བྱ་བ་རྣམས་ཀྱི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པ་དེ་དག་འདོད་པ་དང་ལྡན་པ་རྣམས་ཀྱི་ནི་མ་ཡིན་ཏེ། མི་ལྕོགས་པ་མེད་པའི་ས་ཉིད་ཀྱི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་རེ་ཞིག་བསམ་གཏན་བཞི་པའི་ས་པ་ལ་སོགས་པ་གསུམ་པ་ལས་ས་ཇི་ལྟ་བར་གཉེན་པོ་མ་ཡིན་ནམ། ཅི་སྟེ་བསམ་གཏན་བཞི་པ་ལ་སོགས་པའི་ས་པས་མཐོང་བའི་ལམ་མངོན་དུ་བྱས་པ་ནས་འོག་མ་པ་ཐམས་ཅད་སྒོམ་པར་བྱེད་ཅེ་ན། གང་གིས་ས་འོག་མ་པ་རྣམས་ཀྱིས་ཀྱང་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་བྱེད་པས་དེ་ལྟར་ཡིན་གྱི་སའི་དངོས་གཞི་ནི་མ་ཡིན་ཏེ་འདོད་པའི་ཁམས་ཀྱི་གཉེན་པོར་འགྱུར་རོ། །ཡང་བསམ་གཏན་གྱི་དངོས་གཞིའི་ལམ་མཐོང་བའི་ལམ་མངོན་དུ་བྱས་པ་ན་ཐམས་ཅད་ཉིད་མི་ལྕོགས་པ་མེད་པའི་ས་པའི་མཐོང་བའི་ལམ་གོམས་པར་བྱེད་ཅེ་ན། གང་གིས་འདོད་པ་ན་སྤྱོད་པ་རྣམས་ཀྱིས་ཀྱང་མཐོང་བས་སྤང་པར་བྱ་བ་རྣམས་ཀྱི་ཟག་བ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་འགྱུར་བས་ན། ཡུལ་འདི་རྣམ་པ་གཉིས་ཏེ། མཐོང་བའི་ལམ་འདོད་པའི་ཁམས་ཀྱི་གཉེན་པོ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོའོ། །འདོད་པའི་ཁམས་ཀྱི་གཉེན་པོ་ཡང་རྣམ་པ་གཉིས་ཏེ། སྤོང་བ་གཉེན་པོ་དང་སྤང་བ་གཉེན་པོ་སྟེ།


DTG210_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བའི་ངོ་བོའི་གཉེན་པོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་ཡང་ངོ༌། །དེ་ལ་འདོད་པའི་ཁམས་ཀྱི་སྤོང་པ་གཉེན་པོ་ནི་མི་ལྕོགས་པ་མེད་པས་བསྡུས་སོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་དྲུག་གིས་བསྡུས་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་གང་ཡིན་པ་དེ་ནི་རྣམ་པ་གསུམ་གྱིས་བསྡུས་ཏེ། དེ་ཡང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་མཐོང་བའི་ལམ་སྟེ། རང་གི་ས་དང་ས་གོང་མའི་སྤོང་བ་གཉེན་པོ་དང་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བའི་ངོ་བོའི་གཉེན་པོ་རྣམས་སོ། །ས་གོང་མ་དང་ས་འོག་མ་པ་རྣམས་ཀྱི་ཡང་གང་ཞིག་དེར་ས་འོག་མའི་སྤོང་བའི་གཉེན་པོ་ཡང་ས་གོང་མ་པའི་མཐོང་བའི་ལམ་མངོན་དུ་བྱས་པ་ནས་འོག་མ་པ་ཐམས་ཅད་བསྒོམ་པར་བྱ་སྟེ། དེ་ས་གོང་མ་དང་ལྷན་ཅིག་གཉེན་པོ་གཅིག་པའི་ཕྱིར་རོ། །འདོད་པའི་ཁམས་ན་ནི་མེད་དེ་སྤོང་བ་གཉེན་པོ་མཐོང་བའི་ལམ་བསམ་གཏན་གྱི་དངོས་གཞིའི་ས་པ་དང་ལྷན་ཅིག་པའི་གཉེན་པོ་སྟེ། གང་གི་ཕྱིར་བསམ་གཏན་གྱི་དངོས་པོ་གཞིའི་ས་པ་མངོན་དུ་བྱས་པ་ན་འདོད་པའི་ཁམས་ཀྱི་སྤོང་བ་གཉེན་པོ་སྟེ། གང་གི་ནུས་པ་ལས་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་འགྱུར་བ་མཐོང་བའི་ལམ་མ་འོངས་པ་གོམས་པར་བྱེད་དོ། །འདི་ནི་མི་མཉམ་པའི་ཏིང་ངེ་འཛིན་བསམ་གཏན་གྱི་དངོས་གཞིའི་ས་པ་འདོད་པའི་ཁམས་ཀྱི་ནི་རྣམ་པར་སུན་འབྱིན་པ་ཐག་པ་སྲིང་བའི་ངོ་བོའི་གཉེན་པོ་དག་གོ །གཟུགས་དང་གཟུགས་མེད་པའི་ནི་སྤོང་བའི་གཉེན་པོ་སྟེ། མཐོང་བའི་ལམ་མངོན་དུ་བྱས་པས་ན་མི་ལྕོགས་པ་མེད་པའི་ས་པ་ཡང་སྟེ། དེ་ལྟ་བུའི་རྣམ་པ་ཉིད་ཀྱིས་མ་འོངས་པར་གོམས་པར་བྱེད་དོ། །མ་འོངས་པ་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བའི་ངོ་བོའི་གཉེན་པོའི་ནུས་པས་འདོད་པ་ན་སྤྱོད་པའི་བྲལ་བའི་ཐོབ་པ་རྙེད་པར་མི་ནུས་སོ། །བྷ་བི་ཏུཾ་གཉེན་པོ་ཁོ་ནས་ཀུན་ཏུ་སྦྱོར་བའི་ཐོབ་པ་གཅད་ནུས་པའི་ཕྱིར་རོ། །འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་མི་ལྕོགས་པ་མེད་པ་ལ་


DTG210_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ངེས་པ་ལ་འཇུག་པ་ན་འདོད་པའི་ཁམས་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བའི་ངོ་བོའི་གཉེན་པོ་དང་མཐོང་བའི་ལམ་མངོན་དུ་བྱས་པ་ན་དེ་སྤོང་བ་གཉེན་པོ་ཡང་མ་འོངས་པ་སྒོམ་པར་བྱེད་དོ། །འདོད་པའི་ཁམས་ཀྱི་སྤོང་བ་གཉེན་པོ་ནི་ས་ལས་མངོན་དུ་གྱུར་པས་ནི་འདི་ཐམས་ཅད་སྔར་འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་པ་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་ལས་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་མི་རིགས་སོ། །བསྒོམ་པས་སྤང་བར་བ་པ་རྣམས་ཀྱི་ནི་ཐམས་ཅད་དུ་མི་རིགས་སོ། །དེ་དག་མི་ལྕོགས་པ་མེད་པས་བསྡུས་པས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་གཉེན་པོ་ནི་ཟག་པ་མེད་པའི་བསྒོམ་པའི་ལམ་ཕྱིར་མི་འོང་བའི་རྒྱུད་ལ་མངོན་དུ་གྱུར་པས་མ་འོངས་པ་གོམས་པར་མི་འཐད་པའི་ཕྱིར་ལན་ཅིག་ཕྱིར་འོང་པ་དང་ཕྱིར་མི་འོང་པའི་འབྲས་བུ་ལ་ཞུགས་བའི་ལམ་གྱིས་ནི་ཕྱིར་མི་འོང་བའི་རྒྱུད་ལ་འདི་ཉེ་བར་བསྒྲུབ་པ་མེད་དོ། །ཇི་སྲིད་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་བར་རོ། །ངེས་པ་ལ་ཞུགས་པའི་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ངེས་པར་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་རིགས་ཏེ། བྱང་ཆུབ་སེམས་དཔའ་མ་གཏོགས་སོ། །ཐམས་ཅད་ཀྱི་ཐམས་ཅད་དུ་རང་གི་འབྲས་བུ་ཁྱད་པར་དུ་གྱུར་པའི་ལམ་མངོན་དུ་གྱུར་པའི་ཕྱིར་འདི་ག་ལས་ཤེ་ན། བསམ་གཏན་བཞི་པ་བསྒྲུབ་པའི་འཕགས་པ་ནི་བདེ་བའི་དབང་པོ་དང་ལྡན་པས་མཐའ་གཅིག་ཏུ་དེ་ཉིད་དུ་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཐོབ་པར་ངེས་པར་དགོངས་ཏེ་གསུངས་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་འདི་ལྟར་མི་འགྱུར་ཞེ་ན། དེ་ནི་སྦྱོར་བའི་སྒོ་ནས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པས་ནུས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་བཞིན་མི་ནུས་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་རྣམ་པར་ཆད་པའི་གཉེན་པོ་མངོན་དུ་བྱ་བའི་ཕྱིར། ལམ་སྔ་མ་དང་ལམ་ཕྱི་མ་ལྷག་པར་རྟོགས་པ་ལ་རབ་ཏུ་སྦྱོར་བར་གྱུར་པའི་ཕྱིར་རྣམ་པར་ཆད་པས་


DTG210_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ངོ༌། །བྱང་ཆུབ་སེམས་དཔའི་ནུས་པ་དེ་ཉིད་ནི་ཆོས་ཀྱི་དགོངས་པ་རྣམས་ལ་ཕུལ་དུ་བྱུང་བའི་ཡེ་ཤེས་ཐོབ་པ་དང་སྦྱོར་བ་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །འོ་ན་མཐོང་བའི་ལམ་ལ་ཡང་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མངོན་དུ་མ་བྱས་པར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཉིད་མངོན་དུ་གྱུར་པར་ཐལ་བར་འགྱུར་རོ་ཞེ་ན། འདི་མེད་དེ་རྒྱུ་མཚུངས་པའི་ཕྱིར་དང༌། ཟིན་པའི་ཕུང་པོ་བདག་མེད་པར་ཤེས་པ་ཐོབ་པ་སྔོན་དུ་འགྲོ་བའི་ཕྱིར་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕུང་པོ་བདག་མེད་པར་ཤེས་པ་བསྐྱེད་པའི་ཕྱིར་དང། པ་རི་ཀརྨྱ་བྷཱུ་མོ་བཱ་ཏ་དཱ་ཏཏ། པཱུརྦ་སྱཱ་ཏཱི་བཱ་བྷྱ་སྟ་ཏྭཱཏ། སྡུག་བསྔལ་མངོན་པར་རྟོགས་པ་ན་ཀུན་ནས་ཉོན་མོངས་པའི་རིམ་གྱིས་ཀྱང་མཐོང་བའི་ལམ་བསྐྱེད་པའི་ཕྱིར་རོ། །འདི་དག་ཐམས་ཅད་འབད་པ་མེད་པར་དེ་ལྟར་སྐྱེད་པར་གྱུར་པས་འཇིག་རྟེན་པས་མི་བསླུ་བའི་བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པའི་ས་ལ། རྒྱ་དཔེ་གཅིག་ན་ཏཱ་ད་ནུ་ཟེར། དེའི་ཚེ་དེ་སྔར་ཡོད་པ་བཞིན་དུ་གོམས་པའི་ཕྱིར་རོ། །ཤེས་པས་འདོད་པ་དང་གཟུགས་དང་སྤྱོད་པའི་སྡུག་བསྔལ་དང་དེའི་རྒྱུ་དང་དེ་ལ་གནས་པ་དང་རྒྱུ་བ་ལ་སོགས་པ་ལན་ཅིག་མ་ཡིན་པར་མཐོང་བ་སྔོན་དུ་འགྲོ་བའི་ཕྱིར། མི་བསླུ་བའི་བདག་ཉིད་ཤེས་པ་ཟག་པ་མེད་པས་དེར་ཐལ་བའི་ཕྱིར། མཐོང་བས་སྤང་བར་བྱ་བ་རྣམས་སྔོན་དུ་སྤངས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་གཉེན་པོ་སྒོམ་པར་བྱེད་དོ། །གལ་ཏེ་ཡང་འདོད་ཆགས་དང་བྲལ་བ་སྔོན་དུ་ངེས་པ་ལ་འཇུག་པའི་འབྲས་བུ་ཁྱད་པར་གྱི་ལམ་དུ་འགྱུར་ཏེ་གེགས་སྔ་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འདི་ལ་སྐྱོན་ཅིར་འགྱུར། དེ་ལྟར་མཐོང་བའི་སྒོ་ནས་གཞུང་ཡང་ལེགས་པར་དྲངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ངེས་པ་ལ་འཇུག་པ་ཡང་ལེགས་པར་རྣམ་པར་གཞག་པར་འགྱུར་རོ་ཞེ་ན་འདི་ནི་མི་རིགས་ཏེ། འབྲས་བུ་ལ་གནས་པའི་དོན་འབྲས་བུའི་ལམ་ཐོབ་པ་མ་ཡིན་པས་རེ་ཞིག་རྣམ་པར་བཤད་པའི་འགལ་པར་འགྱུར་རོ། །ཨཱ་ནུཙྩ་ལི་གཡོས་པའི་ཏི་སྱ་ཕ་ལ་ད་སྟྱ་ཕ་ལ། འབྲས་བུ་ཡོད་པ་འབྲས་བུ་མིན་ལྡན་པ་ཞེས་བྱ་བ་འདིའི་དོན་ཏེ་དེ་ལྟ་བུ་ནི་རིགས་སོ། །སྤོང་བ་གཉེན་པོ་མ་ཡིན་པ་མངོན་དུ་


DTG210_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི་ཇི་ལྟར་ན་སྤོང་བ་གཉེན་པོ་ཐོབ་པར་རིགས། འབྲས་བུའི་ཁྱད་པར་གྱི་ལམ་དང་ལྡན་པའི་རིམ་གྱིས་འབྲས་བུ་བསྡུས་པའི་ལམ་ཀུན་ཏུ་སྤྱོད་པར་མཐོང་བའི་ཕྱིར་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་ཡང་འབྲས་བུ་ཉིད་ལྷན་ཅིག་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པས་འབྲས་བུའི་ལམ་ཤིན་ཏུ་སྤྱོད་པར་ཐལ་བར་འགྱུར་རོ། །སྲིད་པའི་རྩེ་མོ་པ་མེད་དེ་མཐོང་པས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་གནས་པ་ནི་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་གཉེན་པོ་ཐོབ་པ་ལ་ཁ་ཅིག་ཏུ་སྐྱེས་པ་ཡོད་དོ། །འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པའི་གཉེན་པོ་ཡང་ཇི་ལྟར་རིགས་པར་འཇིག་རྟེན་པའི་ལམ་ཐོབ་པས་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ལ་ཀུན་རྫོབ་ཤེས་པ་ཡང་མ་འོངས་པ་གོམས་པར་བྱེད་དོ། །ཉོན་མོངས་པའི་གཉེན་པོ་འདྲ་བ་ཉིད་ཀྱིས་དེའི་གེགས་དང་བྲལ་བ་ཡང་འདྲ་བས། དེའི་ཕྱིར་བྲལ་བའི་ཐོབ་པ་ལ་སོགས་པའི་རྣམ་པ་འདི་ནི་ལེགས་པར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་པ་ནི་ཟག་པ་མེད་པའི་ཤེས་པའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཤེས་རབ་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་ཇི་སྲིད་དགྲ་བཅོམ་པའི་བར་དུ་ཐོབ་པ་མེད་པའོ། །དབང་པོ་དགུ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ་ཞེས་འབྱུང་བའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ཀྱིས་ཟག་པ་དང་བཅས་པ་ཡོངས་སུ་ཤེས་པའོ། །གཞན་དག་ན་རེ་ལྷག་པར་མོས་པ་ཡིད་ལ་བྱེད་པ་དང་ཐ་དད་མེད་པའི་འཇིག་རྟེན་པའི་ཡོངས་སུ་ཤེས་པ་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རང་བཞིན་ཡོངས་སུ་གཅོད་ཅིང་འཛིན་པ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་ལ་སོགས་པ་རྣམས་སུ་ཡོངས་སུ་ཤེས་པའོ་ཞེས་ཟེར་རོ། །གང་གི་ཕྱིར་ཆོས་གཅིག་ཀྱང་མངོན་པར་མ་ཤེས་པར་སྡུག་བསྔལ་མཐར་ཕྱིན་པར་ང་མི་སྨྲའོ་ཞེས་གསུངས་པས་ཟག་པ་མེད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་མ་ཡིན་ནོ་ཞེ་ན། ཆོས་གང་དག་མ་ཤེས་པ་སྡུག་བསྔལ་ཟད་པའི་


DTG210_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སུ་འགྱུར་བས་དེ་ལ་དགོངས་ནས་གསུངས་པའི་ཕྱིར་སྐྱོན་མེད་དོ། །སྤངས་པའི་ཡོངས་སུ་ཤེས་པ་ནི་སྤངས་པ་ཁོ་ན་སྟེ་ཉོན་མོངས་པ་དང་བྲལ་བའོ། །ཡོངས་སུ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མ་ཡིན་ནམ་ཞེ་ན་དེ་ལ་འདི་ནི་ཤེས་པའི་རྣམ་གྲངས་ཉིད་དོ། །ཅི་ལྟར་དམིགས་པ་མེད་པ་སྤངས་པ་ཡོངས་སུ་ཤེས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་འབྲས་བུ་ལ་རྒྱུར་བཏགས་པའི་ཕྱིར་རོ་ཞེས་སྨོས་ཏེ། ཡོངས་སུ་ཤེས་པའི་འབྲས་བུ་ལ་འདིར་ཡོངས་སུ་ཤེས་པའི་སྒྲས་བཤད་དེ། དཔེར་ན་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བ་ལྟ་བུའོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མི་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་གཟུགས་ན་སྤྱོད་པའི་ཕུང་པོ་བདག་མེད་པ་དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་སྟེ། ཡོད་པའི་དངོས་པོ་ཅན་ཐུན་མོང་མ་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་རྣམས་གཉེན་པོ་འདྲ་བ་མ་ཡིན་ནོ། །ཇི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མཆོག་ཡིན་པ་དེ་ལྟར་གཟུགས་ཀྱི་སྙོམས་པར་འཇུག་པ་རྣམས་མ་ཡིན་པས་ཡོད་པའི་དངོས་པོ་ཅན་ནོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཏེ་ཆོས་ཐ་དད་པའི་ཕྱིར་དངོས་པོ་ཅན་རྣམས་སོ། །གཉེན་པོ་མི་འདྲ་བའི་ཕྱིར་ཐ་དད་པ་དེ་སྤངས་པའི་ཡོངས་སུ་ཤེས་པ་རྣམ་པར་གཞག་གོ །ཡང་ཇི་ལྟར་མཐོང་བའི་ལམ་ལ་མཐོང་བས་སྤང་བར་བྱ་བ་རྣམས་ཁོ་ན་སྤངས་པ་ཡོངས་སུ་ཤེས་པའི་མིང་ཐོབ་པ་དེ་བཞིན་དུ་བསྒོམ་པའི་ལམ་ལ་བསྒོམ་པས་སྤང་བར་བྱ་བ་རྣམས་ཡིན་ནམ་ཞེ་ན། གཅིག་ན་རེ་བསྒོམ་པས་སྤང་བར་བྱ་བ་རྣམས་ཉིད་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །འདིར་དེ་ལས་གཞན་པའི་ཉོན་མོངས་པའི་ཉོན་མོངས་པ་སྤངས་ཀྱང་གཙོ་བོ་ཡིན་པའི་ཕྱིར་འདོད་ཆགས་སྨྲས་སོ། །གཉིས་ནི་མཐོང་བ་དང་བསྒོམ་པས་སྤང་པར་བྱ་བ་དག་གོ །ཅིག་ཤོས་ནི་མ་ཡིན་ཏེ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྤང་པ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པར་རྣམ་པར་གཞག་གོ །ཟག་པ་ཐམས་ཅད་སྤངས་པ་ཡང་སྟེ།


DTG210_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྤྱོད་པ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཞེས་བྱའོ། །འདི་ལྟར་རྣམ་པར་གྲོལ་པའི་ལམ་ལ་དགོང་ས་ནས་འབྲི་བ་ནི། ཇི་ལྟར་ཡོངས་སུ་ཤེས་པ་བཟོད་པའི་འབྲས་བུ་ཡིན་ཞེ་ན་ཞེས་བྱ་བའོ། །ཤེས་པའི་འབྲས་བུ་ནི་ཡོངས་སུ་ཤེས་པ་ཞེས་བཤད་དེ། དེའི་ཕྱིར་བཟོད་པའི་འབྲས་བུ་ནི་ཡོངས་སུ་ཤེས་པ་མ་ཡིན་ནོ། །རིགས་པར་བརྗོད་པར་འདོད་པས་བཟོད་པ་རྣམས་ནི་ཤེས་པའི་འཁོར་ཅན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བཟོད་པས་བྱས་པ་ནི་སྤངས་པ་སྟེ་ཤེས་པས་ཞེས་སེམས་སོ། །རྒྱལ་པོའི་གནས་ལྟ་བུ་ནི་འདིར་ཤེས་པ་དང་བཟོད་པ་རྣམས་སོ། །འཁོར་དུ་གྱུར་པས་ན་རྒྱལ་པོའི་ཕོ་བྲང་བ་སྟེ། གླ་རྔན་གྱིས་བྱས་པ་བཞིན་ནོ་ཞེས་བྱེ་བྲག་སྨྲ་བ་རྣམས་ཟེར་རོ། །ཤེས་པ་དང་འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ལ་རྣམ་པར་གྲོལ་བའི་ལམ་ལ་ཡང་སྤང་བའི་བྱ་བ་ཡོད་དེ་སྤངས་པ་དེ་འཛིན་པའི་ཕྱིར་རོ། །ཡང་ཀུན་ཏུ་སྤྱོད་པ་ཐོབ་པར་མི་འཐད་དོ་ཞེ་ན། མི་ཤེས་པའི་འབྲས་བུ་ཉིད་མེད་པས་དེ་སྤངས་པའོ་ཞེས་སྟོན་པར་བྱེད་དོ། །འདི་ཡང་དེ་ལྟ་བུ་མ་ཡིན་པར་བརྗོད་པར་བྱེད་དེ། བར་ཆད་མེད་པའི་ལམ་རྣམས་ཁོ་ནའི་བྲལ་བ་ནི་ཐོབ་པའོ། །སྐྱེས་བུ་བྱེད་པ་ཞེས་བསྟན་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཡེ་ཤེས་ཀྱིས་སྔར་སྤངས་པ་རྣམས་ཀྱི་ཟག་པ་མེད་པའི་བྲལ་བ་ནི་ཐོབ་པའོ། །བསྡམ་པའི་ཕྱིར་བཟོད་པའི་འབྲས་བུ་ཡང་ཡིན་ལ་ཤེས་པའི་འབྲས་བུ་ནི་མ་ཡིན་ནོ་ཞེས་སྦྱར་རོ། །མཐར་གྱིས་པའི་ཡང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཐ་མའི་ཆ་དང་མཐུན་པ་སྤངས་པ་ཡང་ཤེས་པའི་འབྲས་བུ་ཉིད་དུ་འདོད་དོ། །གང་འཆད་པར་འགྱུར་བ། ལྷག་མ་རྣམས་ནི་ཤེས་པ་ཡི། །ཞེས་བྱ་བ་དང༌། མི་ལྕོགས་མེད་འབྲས་ཐམས་ཅད་དོ། །ཞེས་བྱ་བ་སྟེ། དེ་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤང་བ་འཐད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤང་བའི་རང་བཞིན་གང་དག་ཡིན་པའོ། །ཞེས་བྱ་བ་ནི་རྗེས་སུ་ཤེས་པ་དང་བཟོད་


DTG210_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་གསུམ་མོ། །གཟུགས་ཀྱི་འདོད་ཆགས་སྤངས་པ་ནི་ཀུན་ཏུ་སྤྱོད་པ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །བསམ་གཏན་གྱི་དངོས་གཞི་རྣམས་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་པའི་ཉོན་མོངས་པ་བཞི་སྤོང་བའི་བདག་ཉིད་ཡོད་པ་མ་ཡིན་ཏེ། དེ་སྤངས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་ནི་བརྒྱད་ཅེས་བྱ་བ་ནི། ཐ་མའི་ཆ་དང་མཐུན་པ་སྤངས་པ་ཞེས་བྱ་བ་ཤེས་པ་མ་གཏོགས་པའོ། །དེ་ཉིད་ཀྱི་ཕྱིར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཁོ་ན་ཡིན་ནོ་ཞེས་སྨོས་སོ། །དེ་ནི་འདོད་ཆགས་དང་བྲལ་བ་ཡང་མིན་ནོ། །འདོད་པ་ན་སྤྱོད་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དངོས་གཞིའི་ས་ལ་བརྟེན་ནས་ངེས་པ་ལ་འཇུག་པ་དེ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཀྱང་དེའི་གཉེན་པོ་མ་འོངས་པ་གོམས་པར་བྱེད་དེ། དེའི་གཉེན་པོ་རྙེད་པའི་ཡང་ཕྱིར་རོ། །དེ་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ཡང་ཟག་པ་མེད་པའི་བྲལ་བའི་ཐོབ་པ་མངོན་དུ་བྱེད་དོ། །ཅི་ལྟར་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་སྔར་ཉིད་དུ་བརྗོད་ཅེ་ན་འདི་ཡོད་པ་མ་ཡིན་ཏེ། གཟུགས་ཀྱི་ཁམས་ཀྱི་གཉེན་པོ་ཉིད་མ་འོངས་པ་དེ་ཐོབ་པའི་ཕྱིར་བསམ་གཏན་གྱི་དངོས་གཞིའི་འདོད་པའི་ཁམས་ཀྱི་གཉེན་པོ་མེད་དོ། །ཅི་ལྟར་དེ་མངོན་དུ་གྱར་བས་འདོད་པའི་ཁམས་སྤོང་བའི་གཉེན་པོའི་ལམ་ཐོབ་པར་རིགས་ཤེ་ན། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་གཉེན་པོ་དེ་ཉིད་ནི་མི་ལྕོགས་པ་མེད་པའི་ས་པ་སྒོམ་པར་བྱེད་པས་ལྔ་ཉིད་དུ་རིགས་སོ། །ཡང་འདི་ལྟར་རྟོགས་པར་བྱ་ཞེ་ན། གཉེན་པོ་གཞན་མངོན་དུ་བྱས་པ་མ་ཡིན་གྱི། གཉེན་པོ་གཞན་གྱི་ལམ་བསྒོམ་པར་བྱའོ་ཞེས་དེ་ལྟར་འབྱུང་བའི་ཕྱིར་རོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བས་ངེས་པ་ལ་འཇུག་ས་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཐོབ་པ་དང་མི་ཐོབ་པ་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། ཁ་ཅིག་ན་རེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་


DTG210_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདོད་ཆགས་དང་བྲལ་བར་འགྱུར་བ་བསམ་གཏན་རྣམས་སྒོམ་པར་བྱེད་པ་དེའི་ཚེ་ཐོབ་བོ་ཞེས་ཟེར་རོ། །དེ་ལྟར་བཤད་པ་ད་འདིར་བརྗོད་པར་མི་བྱ་སྟེ། གཟུགས་མེད་པའི་ཁམས་ཀྱི་གཉེན་པོར་དེའི་ཚེ་བསམ་གཏན་རྣམས་སྒོམ་པར་བྱེད་པ་དེ་གཟུགས་ཀྱི་ཁམས་ཀྱི་གཉེན་པོ་མ་ཡིན་པས་འདི་ཤེས་བྱེད་མ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་དག་མ་འོངས་པ་བསྒོམ་པ་མཚན་ཉིད་མི་མཐུན་པའི་ཕྱིར་བསམ་གཏན་བཞི་པའི་ས་པའི་མཐོང་བའི་ལམ་མངོན་དུ་བྱས་པ་ན་བསམ་གཏན་འོག་མའི་ས་པའི་མཐོང་བའི་ལམ་ཐམས་ཅད་གོམས་པར་བྱེད་དོ། །བསྒོམ་པའི་ལམ་ལ་ནི་མ་ཡིན་པ་ཉིད་དེ་མཐོང་བའི་ལམ་གྱིས་ཀྱང་ཅིག་ཅར་བརྒྱད་པའི་སའི་ཉོན་མོངས་པ་རྣམས་སྤོང་གི་བསྒོམ་པའི་ལམ་གྱི་ནི་མ་ཡིན་པ་ཉིད་དེ་སྐལ་བ་མི་མཉམ་པའི་ཤེས་པའི་རྣམ་པ་བསྒོམ་པ་མཚན་ཉིད་མི་མཐུན་པས་གཞན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་ཆོས་ཀྱང་བསྒོམ་པའི་ལམ་ལས་གཞན་ནོ། །ཡང་བསྒོམ་པའི་ལམ་གྱི་ཡང་གཞན་གཉེན་པོའི་ལམ་མངོན་སུམ་དུ་བྱས་པ་ན་གཉེན་པོ་གཞན་སྒོམ་པར་བྱེད་དོ། །དཔེར་ན་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་རྗེས་སུ་ཤེས་པས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དང་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་བཞིན་ནོ། །མཐོང་བའི་ལམ་ལ་ཡང་དེ་བཞིན་དུ་འགྱུར་ཏེ། གཉེན་པོ་ལམ་དངོས་གཞིའི་བསམ་གཏན་ནི་འདོད་པའི་ཁམས་ཀྱི་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་པོ་འདི་ནི་ཡིད་བདེ་བའི་ཉེ་བར་རྒྱུ་བ་སྟེ་དེ་དག་མི་ལྕོགས་པ་ལ་བརྟེན་ཅིང་གནས་སོ། །ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་པོ་འདི་དག་ནི་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་སྟེ་དེ་དག་འདོར་བར་བྱེད་དོ་ཞེས་རྒྱ་ཆེར་གསུངས་སོ། །འདིས་ཀྱང་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ་དེ་ནི་ཉེར་བསྡོགས་ལ་ཡིད་བདེ་བ་ཡོད་དོ་ཞེས་གྲུབ་པས་བསམ་གཏན་གྱི་དངོས་གཞིའི་ས་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཉིད་དུ་དེའི་ཕྱིར་ཡོངས་སུ་ཤེས་པ་བརྒྱད་རྣམས་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཉིད་ཡིན་ནོ། །ཁ་ཅིག་ན་རེ།


DTG210_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མངོན་དུ་མ་གྱུར་པར་ཟག་པ་མེད་པའི་བྲལ་བའི་ཐོབ་པ་མངོན་དུ་བྱེད་པར་མི་རིགས་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིན་ནོ། །འཇིག་རྟེན་པའི་ལམ་ལ་ནི་དེར་ཟག་པ་མེད་པའི་ལམ་བསྒོམ་པ་མེད་པས་ཐོབ་པས་འབྲས་བུ་གཉིས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདྲ་བ་མེད་དོ་ཞེས་ཟེར་རོ། །དེ་བཞིན་དུ་ཡང་དངོས་པོ་ལས་བསམ་གཏན་གྱི་དངོས་གཞི་མངོན་དུ་གྱུར་པ་ན་འདོད་པའི་ཁམས་ཀྱི་གཉེན་པོ་མི་ལྕོགས་པ་མེད་པ་བསྒོམ་པ་ལམ་འོངས་པ་དེས་ནི་དེའི་ཐོབ་པ་མངོན་དུ་བྱེད་པ་མ་རིགས་སོ། །འདི་ཡང་གང་ཅུང་ཟད་འཕགས་པ་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་ཡང་འཇིག་རྟེན་པའི་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པ་མེད་དོ། །འཇིག་རྟེན་པ་ལ་ནི་ཟག་པ་མེད་པའི་ཡེ་ཤེས་སྦྱོར་བ་ལས་བྱུང་བ་ཡོད་པ་མ་ཡིན་ནོ། །མ་འོངས་པ་ན་འཕགས་པའི་ལམ་གྱི་ནུས་པས་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པར་གྲུབ་པོ། དགེ་སྦྱོང་ཚུལ་གྱི་འབྲས་བུ་གཉིས་ཀྱང་ཤེས་བྱེད་མ་ཡིན་ནོ། །གཞན་དུ་ན་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་དང་རྣམ་པ་གཞན་བྲལ་བའི་ཐོབ་པ་རྙེད་པའོ། །མ་འོངས་པ་ནི་ད་ལྟར་བྱུང་བའི་འབྲས་བུ་མ་ཡིན་པས། དེའི་ཕྱིར་འཇིག་རྟེན་པའི་ལམ་གྱི་ཐོབ་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ལ་བྲལ་བའི་ཐོབ་པ་ནི་སྤངས་པ་མངོན་དུ་བྱས་པ་རག་ལས་ཤིང༌། དེ་ཡང་མ་འོངས་པ་ན་ལམ་གྱི་ཐོབ་པ་ན་འདི་ལ་ཤེས་པར་བྱེད་པ་ཅི་ཞིག་ཡིན། འཇིག་རྟེན་པའི་ལམ་གྱི་ཐོབ་པ་ཡང་འབྲས་བུ་གཉིས་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཁས་བླང་བར་བྱ་སྟེ། མ་འོངས་པའི་རྣམ་པར་གྲོལ་བ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་སེ་དེ་ཐོབ་པའི་གེགས་ཀྱི་ཐོབ་པ་གཅོད་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་དོན་དུ་ཞེ་ན་མ་འོངས་པ་དང་ད་ལྟར་བྱུང་བ་ལ་ཡོད་པ་དེ་ནི་འཇིག་རྟེན་པའི་ལམ་མངོན་དུ་གྱུར་པ་ན་ད་ལྟར་བྱུང་བ་ཟག་པ་མེད་པའི་ལམ་མོ། །འདི་རྒྱུ་མཐུན་པའི་འབྲས་བུ་མ་འོངས་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་དང་མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་ནི་དུས་གསུམ་པ་ཡིན་པའི་


DTG210_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། སྐྱེས་བུ་བྱེད་པའི་འབྲས་བུ་དང་ཡང་ལྷན་ཅིག་འབྲས་བུ་ཡིན་ནོ། །འདུས་མ་བྱས་ཀྱང་འབྲས་བུ་སྟེ། དུས་གསུམ་གྱི་ཕྱིར་དེ་ལ་ཞེས་སོ། །དེ་ཅིས་ཀྱང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཉིད་ལ་སྤྱོད་པར་བྱེད། དེའི་ཕྱིར་བསམ་གཏན་རྣམས་ཀྱི་འབྲས་བུ་ཡོངས་སུ་ཤེས་པ་བརྒྱད་དོ་ཞེས་བྱ་བ་གྲུབ་བོ། །མ་གྲུབ་པོ་ཞེས་སྨྲ་བ་ན། གང་རེ་ཞིག་བསམ་གཏན་བཞི་པའི་ས་པའི་མཐོང་བའི་ལམ་མངོན་དུ་གྱུར་པ་ན་ས་དྲུག་གིས་ནི་མ་འོངས་པ་བསྒོམ་པའི་ལམ་ཞེས་བཤད་པ་ནི་རེ་ཤིག་ལན་མ་ཡིན་ནོ། །སྐལ་པ་མི་མཉམ་པའི་ས་པའི་ཡང་གཟུགས་དང་གཟུགས་མེད་པ་ཁོ་ནའི་གཉེན་པོ་ཐོབ་པའི་ཕྱིར་རོ། །གང་གི་ཕྱིར་སྔལ་བ་མི་མཉམ་པ་སྒོམ་པར་བྱེད་པ་དེའི་ཕྱིར་གཉེན་པོ་གཞན་ཡང་ཞེས་བྱ་སྟེ། འདི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ག་ལས་ཡིན། ས་དགུའི་ལམ་མ་འོངས་པ་སྒོམ་པར་བྱེད་དོ་ཞེ་ན་མ་ཕྱིན་ནོ། །དེ་ནི་འདི་ལས་གཞན་པའི་གཉེན་པོ་ཡང་སྟེ། དེར་འཇིག་རྟེན་པ་བསྒོམ་པ་པོ་ཞེས་པ་གོ་བར་ནུས་སོ། །གང་ཁོ་ན་འདི་གཅིག་འདི་ཅིག་ཅར་བརྒྱད་པའི་སའི་གཉེན་པོ་ཁོ་ན་བརྒྱད་པའི་སའི་གཉེན་པོ་ཉིད་དུ་སྒོམ་པར་བྱེད་དོ་ཞེས་གྲུབ་པ་ལ། སྐལ་བ་མི་མཉམ་པའི་ཤེས་པའི་རྣམ་པ་སྒོམ་པ་མཚན་ཉིད་མི་མཐུན་པ་ཉིད་དང་ཤེས་པར་བྱེད་པ་མཐོང་བའི་ལམ་ཡང་གཉེན་པོ་གཞན་མ་ཡིན་པས་མ་འོངས་པ་སྒོམ་པའོ། །སྡུག་བསྔལ་ལ་སོགས་པའི་བཟོད་པ་དང་ཤེས་པ་རྣམས་ནི་མ་ཡིན་ནོ། །ཀུན་འབྱུང་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་གཉེན་པོ་ཞེས་བྱ་བ་ནི། ཀུན་འབྱུང་ལ་སོགས་པའི་བཟོད་པ་མངོན་དུ་གྱུར་པ་ན། ཐོབ་པའི་རིགས་རྣམས་དང་སྡུག་བསྔལ་ལ་སོགས་པ་དང་བཟོད་པ་དང་ཤེས་པ་རྣམས་སྒོམ་པར་བྱེད་དོ། །ཡང་ས་གཞན་པ་རྣམས་སྒོམ་པར་བྱེད་དོ། །མཐོང་བའི་ལམ་ཉིད་དམ་དཔག་ཏུ་མེད་པའི་མ་འོངས་པ་ན་བསྒོམ་པའི་བཟོད་པ་རྣམས་ཉིད་དུ་ཤེས་པ་རྣམས་ལ་ཤེས་པ་ཉིད་དུ་སྒོམ་པར་བྱེད་དོ། །དེ་ལས་གཞན་པའི་གཉེན་པོ་མ་འོངས་པ་བསྒོམ་པའི་སྐབས་ཡོད་པས་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་རྗེས་སུ་ཤེས་པ་དང་གཟུགས་དང་གཟུགས་


DTG210_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་དང་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་གཉེན་པོ་ཉིད་དུ་སྒོམ་པར་མི་བྱེད་དོ། །འོ་ན་ཅི་ཞེ་ན། རྒྱུ་ལ་ཉེ་བར་བཏགས་པ་སྟེ། འདི་ཡེ་ཤེས་བསྟན་པའི་མཛོད་ནས་རྒྱས་པར་སྟོན་པར་འགྱུར་རོ། །ཡིད་ཀྱི་ཉེ་བར་སྤྱོད་པའི་མདོ་ལས་བསྟན་པ་ནི། ད་ལྟར་བྱུང་བའི་སྦྱོར་བར་མཐོང་བའི་ཕྱིར་སྐྱོན་མེད་དོ། །ཞེན་པ་བརྟེན་པ་ནི་ཡིད་མི་བདེ་བའི་ཉེ་བར་གཙེས་པ་སྟེ། ཀུན་ཏུ་སྦྱོར་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཡང་ཉེ་བར་འཚེ་བ་དང་འཇིགས་པ་དང་བཅས་པའི་ཕྱིར་བསམ་གཏན་དང་པོ་མངོན་དུ་གྱུར་པ་ན། དེ་ཚོལ་བར་བྱེད་ཅིང་སྤོང་བ་ལ་རབ་ཏུ་སྦྱོར་རོ། །ཡིད་བདེ་བའི་ལམ་གྱིས་ཡིད་མི་བདེ་བ་སྤོང་བར་བྱེད་དོ་ཞེས་གསུངས་པས། ངེས་པར་འབྱུང་བ་ལ་བཏེན་པས་ཡིད་མི་བདེ་བ་སྤོང་བའི་དེ་མ་ཐག་ཉིད་དུ་འགྱུར་བའི་སྐབས་ཡོད་པས་ད་ལྟར་བྱུང་བའི་དང་པོ་པ་ལ་དགོངས་ནས་ཉེ་བར་འཚེ་བ་དེ་རྣམས་ལས་དབུགས་འབྱིན་པ་བསྐྱེད་པའི་དོན་དུ་དེ་ལྟར་གསུངས་ཀྱི་རྣམ་པ་ཐམས་ཅད་དུ་བསམ་གཏན་གྱི་དངོས་གཞི་འདོད་པའི་ཁམས་སྤོང་བའི་གཉེན་པོ་ནི་མ་ཡིན་ནོ། །གོ་ཧི་སུ་ཁཱ་མ་ས་པྲ་ཏི་པ་དཾ་བྱུ་ཏ་སྱ་དུཿཁ་ཡཻ་བ། དགེ་སྦྱོང་ཚུལ་གྱི་འབྲས་བུ་གསུམ་ཐོབ་པ་ལ་ལྷག་པར་ཞེན་པ་དེའི་ཕྱིར་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་ཉིད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །བསམ་གཏན་ཁྱད་པར་ཅན་ནི་བསམ་གཏན་བཞིན་དུ་བལྟ་བར་བྱའོ་ཞེས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ཀྱི་ལྔའོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་བརྒྱད་དེ། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པའོ། །འབྲས་བུའོ་ཞེས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལ་མཐོང་བའི་ལམ་ཡོད་པ་མ་ཡིན་ནོ། །རང་གི་ས་དང་ས་གོང་མའི་གཉེན་པོ་ཟག་པ་དང་བཅས་པ་མ་ཡིན་པའི་ཕྱིར་རོ། །འཕགས་པ་འདོད་ཆགས་དང་བྲལ་ནི་འཇིག་རྟེན་པའི་ལམ་གྱི་འབྲས་བུ་སྤོང་བའི་ཡོངས་སུ་ཤེས་པ་རྣམས་ཐོབ་པར་མི་བྱེད་དེ། ཟག་པ་མེད་པའི་བྲལ་བའི་ཐོབ་པ་མངོན་དུ་བྱས་པའི་ཕྱིར་རོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་འབྲས་བུ་ཡོངས་སུ་ཤེས་


DTG210_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཅིག་ཁོ་ནའོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་ཞེས་བྱ་བ་ནི། སྲིད་པའི་རྩེ་མོ་མ་གཏོགས་པའོ། །ས་འོག་མ་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པའི་དངོས་གཞི་ལ་འཇུག་པ་མེད་པས་སོ། །ཐམས་ཅད་འཕགས་པའི་ལམ་གྱི་ཡིན། །ཞེས་བྱ་བ་ལ་འཕགས་པའི་ལམ་སྨོས་པས་མཐོང་བའི་ལམ་དང་བསྒོམ་པའི་ལམ་ཡང་གཟུང་ངོ༌། །དེའི་ནུས་པས་རྣམ་པ་གཉིས་ཀྱིས་སྲིད་པའི་རྩེ་མོ་ལས་འདས་པའི་ཕྱིར་རོ། །བདུན་ནི་ཡོངས་སུ་ཤེས་པ་དེ་དང་ཐུན་མོང་བའི་འབྲས་བུའོ། །ཐ་མའི་ཆ་དང་མཐུན་པ་གཟུགས་ཀྱི་འདོད་ཆགས་ཟད་པའི་ཤེས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུའོ། །ཐ་མ་དག་གོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་ཟད་པ་དང༌། ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་དག་སྟེ་རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པ་ཡི་གསུམ་ཡིན་ནོ། །ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་འགོག་པ་དང་ལམ་ལ་དམིགས་པ་སྟེ་དེ་ཉིད་ཀྱི་ཕྱིར་ཁམས་གསུམ་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་སོ། །ཀུན་འབྱུང་ལ་དམིགས་པ་གཅིག་ཉིད་དེ། ཐ་མའི་ཆ་དང་མཐུན་པ་སྤང་པའི་ཡོངས་སུ་ཤེས་པའོ། །དེ་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཞེས་བྱ་བ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཞེས་དེ་མ་ཐག་ཏུ་སྐབས་དང་སྦྱར་རོ། །ཕྱོགས་སྨོས་པས་ནི་བཟོད་པ་དང་ཤེས་པ་རྣམས་ཀྱང་གཟུང་བ་ཉིད་དོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་ཡོངས་སུ་ཤེས་པའི་འབྲས་བུ་བཞིའོ། །ཆོས་བཟོད་རྣམས་ཀྱི་གསུམ་མོ། །ཆོས་ཤེས་པ་གཅིག་གོ །ཐ་མའི་གཉིས་སོ། །ཐུན་མོང་དུ་ནི་ཆོས་དང་རྗེས་སུ་ཤེས་པ་དག་གིས་དེ་ལྟར་དེའི་ཕྱོགས་དང་མཐུན་པའི་དྲུག་ཏུ་འགྱུར་རོ། །རྗེས་སུ་ཤེས་པའི་ཕྱོགས་མཐུན་པའི་ཐུན་མོང་མ་ཡིན་པ་ནི་གསུམ་མོ། །རྗེས་བཟོད་ཀྱི་འབྲས་བུ་ཐུན་མོང་པ་ནི་གཉིས་ཏེ། གཟུགས་ཀྱི་འདོད་ཆགས་ཟད་པ་དང་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པའི་ཡོངས་སུ་ཤེས་པ་སྟེ་དེ་ལྟར་ལྔར་འགྱུར་རོ། །ཅིའི་ཕྱིར་


DTG210_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པ་རེ་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཅིའི་ཕྱིར་སྤངས་པ་སོ་སོའི་ལམ་ཉིད་སྤངས་པ་སྟེ། ཡོངས་སུ་ཤེས་པར་རྣམ་པར་མི་གཞག་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་གདུང་བ་སྤངས་པ་ནི་ཡོངས་སུ་ཤེས་པ་ཉིད་དུ་བསྟན་པའི་མོད་ལས་དགེ་སློང་དག་ཡོངས་སུ་ཤེས་པ་བསྟན་པར་བྱ་སྟེ་ཞེས་རྒྱས་པར་འབྱུང་སྟེ། ཡོངས་སུ་ཤེས་པ་གང་ཞེ་ན་གང་འདོད་ཆགས་ཀྱིས་ཡོངས་སུ་གདུང་བ་སྤངས་པ་དང་ཞེ་སྡང་གིས་ཡོངས་སུ་གདུང་བ་སྤངས་པ་ཞེས་རྒྱས་པར་འབྱུང་བ་ལ། ཡོངས་སུ་གདུང་བ་ཞེས་བྱ་བ་ནི་ངེས་པར་རྗེས་སུ་འབྲེལ་བ་སྟེ། དེ་སྤངས་པ་གང་ཡིན་པ་ཡོངས་སུ་ཤེས་པ་ཞེས་བྱ་བར་བཤད་པ་ཡིན་ནོ། །ཅི་ལྟར་ངེས་པར་རྗེས་སུ་འབྲེལ་བ་སྤང་བ་ཡིན་ཞེ་ན། གང་གི་ཕྱིར་བཟོད་པའི་འབྲས་བུ་རེ་ཞིག་སྤངས་པ་སྟེ། བྲལ་བའི་ཐོབ་པ་ཟག་མེད་དང༌། །སྲིད་རྩེ་ཉམས་པར་བྱས་པ་དང༌། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ངེས་པར་རྗེས་སུ་འབྲེལ་པ་སྤང་བ་ཡིན་ནོ། །དེའི་ཕྱིར་རྒྱུ་གསུམ་གྱིས་ཡོངས་སུ་ཤེས་པ་རྣམ་པར་བཞག་སྟེ། རེ་ཞིག་སོ་སོའི་སྐྱེ་བོ་ནི་ཞེས་རྒྱས་པར་འབྱུང་ངོ༌། །སོ་སོའི་སྐྱེ་བོ་ལ་ནི་བརྒྱད་པའི་སའི་ཉོན་མོངས་པ་རྣམས་ཡོད་པས་རྒྱུ་གཉིས་ཀུན་ཏུ་བཅོམ་པ་དང་བྲལ་བའི་ཐོབ་ཟག་པ་མེད་པ་མེད་དོ། །སྲིད་པའི་རྩེ་མོ་ཉམས་པར་བྱས་པས་ཡང་མེད་དེ། འཇིག་རྟེན་པའི་ལམ་སྲིད་པའི་རྩེ་མོའི་གཉེན་པོར་གྱུར་པ་མེད་པའི་ཕྱིར་རོ། །འཕགས་པ་ལ་ཡང་བཟོད་པའི་འབྲས་བུ་སྤངས་པ་གང་ཡིན་པ་ཞེས་རྒྱས་པར་འབྱུང་སྟེ། དེའི་མཐོང་བའི་ལམ་གྱི་སྐད་ཅིག་མ་གཉིས་པ་དང་གསུམ་པ་དག་ལ་ནི། སྐད་ཅིག་མ་དང་པོའི་སྤང་བྱ་རྣམས་ལས་ཟག་པ་མེད་པའི་བྲལ་བའི་ཐོབ་པ་ཡོད་མོད་ཀྱི། སྲིད་པའི་རྩེ་མོ་ཉམས་པར་བྱས་པ་ནི་མ་ཡིན་ཏེ། སྲིད་པའི་རྩེ་མོའི་མཐོང་བས་སྤང་བར་བྱ་བ་རྣམས་མ་སྤངས་པའི་ཕྱིར་རོ། །སྐད་ཅིག་མ་བཞི་པ་དང་ལྔ་པ་དག་ལ་ནི་གཉིས་ཀ་ཡོད་ཀྱི་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མ་ཡིན་ཏེ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་སྤངས་པའི་ཕྱིར་རོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པ་དང་སྲིད་རྩེ་ཉམས་པར་བྱེད་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ།


DTG210_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྩེ་མོའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤངས་པས་སྲིད་རྩེ་ཉམས་པར་བྱས་པ་ཡིན་ནོ། །ཆོས་དང་རྗེས་སུ་ཤེས་པ་གཞན་དག་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གཞན་དག་ནི་ཀུན་འབྱུང་དང་ལམ་ལ་འགོག་པ་ལ་དམིགས་པ་རྣམས་སོ། །དེ་ལ་ཀུན་འབྱུང་ལ་ཆོས་ཤེས་པ་ནི་ཐམས་ཅད་ལ་གསུམ་ཡོད་པས་དེའི་ཚེ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དེ་རྣམས་སྤངས་པ་ན་ཡོངས་སུ་ཤེས་པའི་མིང་འཐོབ་བོ། །དེ་བཞིན་དུ་གུན་འབྱུང་ལ་རྗེས་སུ་ཤེས་པ་ལ་ཡང་སྟེ། ཐམས་ཅད་ལ་གསུམ་ཡོད་པས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ན་ཡོངས་སུ་ཤེས་པའི་མིང་འཐོབ་པ། དེ་བཞིན་དུ་འགོག་པ་དང་ལམ་ལ་ཡང་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ལ་ཡང་སྟེ། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་འདོད་པར་གཏོགས་པ་རྣམས་དང༌། གཟུགས་དང་གཟུགས་མེད་པར་སྤྱོད་པ་རྣམས་སྤངས་པ་ན་འཐོབ་བོ་ཞེས་རིག་པར་བྱའོ། །ཤེས་པའི་འབྲས་བུ་སྤངས་པ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཁམས་ལས་འདས་པ་ལས་ཞེས་བྱ་བ་ནི་དེ་དག་ལས་ཏེ། ཇི་སྲིད་རྣམ་པ་བརྒྱད་སྤངས་པ་གཅིག་གིས་ཀྱང་མ་སྤངས་པ་དང་མི་ལྡན་པ་སྟེ། དེ་རྗེས་སུ་འབྲང་བ་དང་བཅས་པ་སྤང་བས་དེ་ཡོངས་སུ་ཤེས་པ་ཞེས་བྱ་བའི་མིང་འཐོབ་བོ། །ནུ་ཙ་མེ་ཏུ་སྤངས་པ་ན་རྗེས་སུ་འབྲང་བ་མེད་པ་ཡིན་ནོ། །རྒྱུ་བཞི་ཚང་བས་ཁམས་ལས་འདས་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཁམས་མཐའ་དག་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་སྨོས་སོ། །གཉིས་ཀུན་ཏུ་སྦྱོར་བ་དང་བྲལ་ཞེས་བྱ་བ་ལ་དམིགས་བྱ་དམིགས་བྱེད་ཀྱི་ཉོན་མོངས་པ་ཉིད་ནི་ཀུན་ཏུ་སྦྱོར་བའོ། །གང་ཀུན་ཏུ་སྦྱོར་བ་དེ་དག་དང་བྲལ་བ་ནི་གཉིས་ཀུན་ཏུ་སྦྱོར་བ་དང་བྲལ་བའོ། །གཞན་དག་ན་རེ། ཁམས་ལས་འདས་པ་ཡང་འོ་ན་སྨོས་པར་མི་བྱ་སྟེ། རྒྱུ་ཀུན་ཏུ་བཅོམ་པ་གཞན་ཡིན་པའི་ཕྱིར་དང་ཁོ་བོ་ཅག་གི་འདོད་པ་འདི་རྫས་གཅིག་པའི་རྒྱུའི་ཕྱིར་དང༌། ཀུན་ཏུ་སྦྱོར་བའི་ཕྱིར་གཞན་ཉིད་ཀྱི་རྒྱུའི་དོན་ནི་གཞན་


DTG210_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སྦྱོར་བའི་དོན་ཏོ་ཞེས་ཟེར་རོ། །རིས་ལྔ་འཇུག་པའི་དོན་གྱིས་ན་ཀུན་ཏུ་འགྲོ་བའི་རྒྱུར་དགོངས་ལ། འཆིང་བའི་དོན་གྱིས་ན་ཀུན་ཏུ་སྦྱོར་བར་དགོངས་སོ། །དེ་སྐྱེ་བ་སྡུག་བསྔལ་ཤེས་པར་སྐྱེ་བ་དང་ཀུན་འབྱུང་ཤེས་པ་གཉིས་ཀ་ཡོད་མོད་ཀྱི་རྒྱུའི་ངོ་བོ་ཡིན་ཡང་ཕན་ཚུན་རབ་ཏུ་འཇུག་པའི་ནུས་པ་མེད་པས་ཀུན་འབྱུང་མཐོང་པས་སྤང་བར་བྱ་བ་རྣམས་ལ་དམིགས་པའི་སྒོ་ནས་འཆིང་བ་ཡིན་ནོ། །རྒྱུ་ཀུན་བཅོམ་པས་ཀུན་ཏུ་སྦྱོར་བ་དང་བྲལ་བ་མ་ཡིན་ནོ། །དེ་དག་ལ་ནི་དེའི་རྒྱུའི་ངོ་བོ་དང་མཚུངས་པར་ལྡན་པ་མེད་དོ། །ཟག་པ་མེད་པ་ལ་དམིགས་པས་དུས་གཞན་ལས་ལྟོས་ཏེ་འགའ་ཞིག་དང་མཚུངས་པར་མི་ལྡན་པས་དེའི་ཕྱིར་གཉིས་ཀ་སྨོས་པ་དེ་ནི་འདིར་དེ་དག་གི་ཅིག་ཅར་དངོས་པོ་ལས་ཆོས་གཞན་པ་གཉི་ག་གྲུབ་པས་དེ་སྨོས་པ་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །གཞན་མ་ཡིན་པས་མི་བརྗོད་དོ། །རེ་ཞིག་སོ་སོ་སྐྱེ་བོ་ནི་བརྒྱད་པའི་ས་ལ་འདོད་ཆགས་དང་བྲལ་བ་ཡིན་ཡང་ཡོངས་སུ་ཤེས་པ་རྣམས་དང་མི་ལྡན་པ་ཉིད་དོ། །འཕགས་པ་མཐོང་བའི་ལམ་ལ་གནས་པ་ཡང་ཞེས་རྒྱས་པར་འབྱུང་བ་ལ། ཇི་སྲིད་ཀུན་འབྱུང་བ་ཆོས་ཤེས་པའི་བཟོད་པ་ལ་གནས་པ་དེ་སྲིད་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མེད་པའི་ཕྱིར་དེ་དང་མི་ལྡན་པ་ཉིད་དོ། །ཟག་པ་མེད་པའི་བྲལ་བའི་ཐོབ་པའི་ཐོབ་པ་དེ་དང་སྲིད་རྩེ་ཉམས་པར་བྱས་པ་མེད་པ་ནི་ཅི་རིགས་པར་ཤེས་པར་བྱའོ། །ཀུན་འབྱུང་ལ་ཆོས་ཤེས་པ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དག་ལ་ནི་གཅིག་ཉིད་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་དང་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དག་ལ་གཉིས་དག་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་དང་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་ལ་ནི་གསུམ་དང་ལྡན་ནོ། །འགོག་པ་རྗེས་སུ་ཤེས་པ་དང་ལམ་ལ་ཆོས་ཤེས་པའི་བཟོད་པ་དག་ལ་ནི་གསུམ་དང་ལྡན་ནོ། །ལམ་ལ་ཆོས་ཤེས་པ་དང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་ལ་ནི་ལྡན་ནོ། །ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཞེས་བྱ་བ་མ་བརྗོད་པས་ལམ་ལ་རྗེས་སུ་ཤེས་པ་ལ་གནས་དྲུག་རྣམས་དང་ལྡན་ནོ། །མཐོང་ལམ་ལ་གནས་པ་ཉིད་ཀྱི་


DTG210_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་པས་དེ་ཉིད་ཀྱི་ཕྱིར་བསྒོམ་པའི་ལམ་ལ་གནས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལམ་ལ་རྗེས་སུ་ཤེས་པ་ལ་ནི་དེ་ལས་གོང་དུ་ཇི་སྲིད་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཐོབ་པ་འམ་དེ་ལས་ཉམས་པ་ནི་ཡོངས་སུ་ཤེས་པ་དྲུག་དང་ལྡན་ནོ། །སྔོན་དུའམ་ཕྱིས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་འམ། མཐར་གྱིས་པ་ལ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པའམ་རྣམ་པར་གྲོལ་བའི་ལམ་ལ་གནས་པ་དག་གི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་པུ་ལྡན་ནོ། །ཇི་སྲིད་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་མ་ཐོབ་པའོ། །དགྲ་བཅོམ་པ་ཐོབ་པ་ནི་དེའི་ཚེ་ཡོངས་སུ་ཤེས་པ་རྣམས་བསྡམ་པའི་ཕྱིར་གཅིག་ཁོ་ན་དང་ལྡན་ནོ། །ཡོངས་སུ་ཉམས་ན་ཡང་ཞེས་བྱ་བ་ནི་དགྲ་བཅོམ་པ་དེ་ཉིད་གཟུགས་མེད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པས་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་ན་གཉིས་དང་ལྡན་ནོ། །འདོད་པ་ན་སྤྱོད་པ་ཡོངས་སུ་ཉམས་ན་དྲུག་དང་ལྡན་ནོ་ཞེས་ཁྱད་པར་དུ་བྱད་པའོ། །གཟུགས་ན་སྤྱོད་པས་ཞེས་བྱ་བ་ནི། འོ་ན་གལ་ཏེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་ཡང་འཇུག་པ་ཡང་ལམ་ལ་རྗེས་སུ་ཤེས་པས་སྤངས་པ་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ལམ་མིང་འཐོབ་པས་ཅི་ལྟར་བསམ་གཏན་རྣམས་ཀྱི་འབྲས་བུ་ཡོངས་སུ་ཤེས་པ་ལྔ་ཉིད་དུ་འདོད་ཅེས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཁོ་ནའི་མཐོང་བས་སྡང་པར་བྱ་བ་རྣམས་སྤངས་པ་དེ་ཡོངས་སུ་ཤེས་པའི་མིང་ཐོབ་པས་སྐྱོན་མེད་དོ། །ཅིའི་ཕྱིར་མཐར་གྱིས་པའི་དེ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུ་རྣམ་པར་གཞག་ཅེ་ན། འཇིག་རྟེན་པའི་ལམ་གྱིས་སྤངས་པ་རྣམས་ཀྱང་ཐ་མའི་ཆ་དང་མཐུན་པ་རྣམས་ཏེ། གང་ཡང་མི་སྐྱེ་པ་དེ་འཕགས་པའི་ལམ་གྱི་ནུས་པས་ཡིན། དེའི་ཕྱིར་དེའི་འབྲས་བུ་ལ་ཉེ་བར་བཏགས་པའོ། །འདི་འདོད་པ་ན་སྤྱོད་པའི་ཡོངས་སུ་ཤེས་པར་མི་ཐོབ་པས་དེ་ཉིད་ཀྱི་ཕྱིར་མུ་བཞིར་བྱ་སྟེ། གང་སྤངས་པ་ཡང་ཡིན་ལ་ཡོངས་སུ་ཤེས་པ་ཐོབ་པ་ཡང་ཡོད། སྤངས་པ་ཡིན་ལ་ཡོངས་སུ་ཤེས་པ་མ་ཡིན་པ་དང༌། རང་གི་གནས་སུ་སྤངས་པ་མ་ཡིན་ལ་


DTG210_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཤེས་པ་རྣམ་པར་གཞག་པ་ཡང་ཡོད་དོ། །ཡོངས་སུ་ཤེས་པ་ཡིན་ལ་སྤངས་པ་མ་ཡིན་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པར་བཟོད་པ་འགག་པ་ན་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་དང༌། དེ་སྤངས་པ་སྔར་ཐོབ་པའི་ཕྱིར་གན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་པ་དང་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་དུས་ནི་སར་ཀུན་ཏུ་སྦྱོར་བ་སྤངས་པ་རྣམས་ཀྱི་ཡིན་ནོ། །འདིར་གལ་ཏེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏེ་ངེས་པ་ལ་འཇུག་པ་ན་དེ་སྔར་སྤངས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་ཐོབ་པ་རྙེད་དོ། །མ་སྤངས་པ་སྔར་ཐོབ་པའི་ཕྱིར་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་མ་སྤངས་པ་སྔར་ཐོབ་པའི་ཕྱིར་རོ། །འདིའི་དངོས་གཞི་མ་ཐོབ་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་མི་ལྕོགས་པ་མེད་པ་ལ་བརྟེན་ནས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ཐོབ་པ་རྙེད་དེ་མ་སྤངས་པ་སྔ་མ་བཞིན་ནོ། །དེ་བཞིན་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་བར་ཆད་མེད་པའི་ལམ་དགུ་པ་ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བ་རྣམས་དང༌། འདོད་པ་ན་སྤྱོད་པ་རྣམ་པ་བརྒྱད་པོ་རྣམས་དང༌། བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བ་བར་ཆད་མེད་པའི་ལམ་དགུ་པ་དང༌། བསམ་གཏན་ས་གསུམ་པ་རྣམས་ཀྱི་རྣམ་པ་དགུ་དང༌། བསམ་གཏན་བཞི་པའི་སའི་རྣམ་པ་བརྒྱད་རྣམས་དང༌། རྡོ་རྗེ་ལྟ་བུའི་ཡང་སྔར་སྤངས་པ་རྣམས་ཏེ། འདི་དག་ཐམས་ཅད་སྤངས་པ་ཡང་ཡོངས་སུ་ཤེས་པའོ། །གང་དང་གང་གི་གནས་སྐབས་སུ་སྤངས་པ་དང་ཡོངས་སུ་ཤེས་པར་རྣམ་པར་གཞག་པ་དེ་དང་དེ་དག་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བ་ཉིད་དོ། །འདི་ལྟ་སྟེ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་


DTG210_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་བྱ་བ་རྣམས་ནས་དེ་བཞིན་དུ་ཇི་སྲིད་ལམ་ལ་རྗེས་སུ་ཤེས་པའི་བར་དང༌། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ཡང་ཅི་རིགས་པར་བརྟག་པར་བྱའོ། །བསྒོམ་པའི་ལམ་ལ་ཡང་འདོད་པའི་ཁམས་དང་བསམ་གཏན་བཞི་དང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་བར་ཆད་མེད་པའི་ལམ་དགུ་ལ་ཆུང་ངུའི་ཆུང་ངུའི་རྣམ་པ་དགུ་མ་སྤངས་པར་ཐོབ་བོ། །ཡོངས་སུ་ཤེས་པ་འདི་དག་རྣམ་པ་མ་གཏོགས་པ་འདི་དག་བསྡོམས་པ་ཁམས་ལས་འདོད་ཆགས་དང་བྲལ་བའི་འབྲས་བུར་འགྱུར་ཏེ། རིམ་གྱིས་པ་ཕྱིར་ཞིང་འདོད་ཆགས་དང་བྲལ་བ་ལ་རྗེས་སུ་ཤེས་པ་ཡིན་ཡང་འབྲས་བུ་ཐོབ་པ་མ་ཡིན་ཞིང༌། ཁམས་མཐའ་དག་ལས་འདོད་ཆགས་དང་བྲལ་བ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ཡང་ཁམས་ལས་འདོད་ཆགས་དང་བྲལ་བ་སྟེ། དེར་འབྲས་བུ་ཐོབ་པ་ཡོད་པ་མ་ཡིན་ཞིང་ཁམས་འདི་དག་གི་གནས་སྐབས་སུ་ཡོངས་སུ་ཤེས་པ་བསྡོམས་པ་མ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་ལ་ནི་འབྲས་བུ་ཐོབ་པ་དང་ཁམས་ལ་འདོད་ཆགས་དང་བྲལ་བ་གཉིས་ཀ་ཡོད་དོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཞེས་བྱ་བ་ནི་དེ་དག་གི་གནས་སྐབས་སུ་ཡོངས་སུ་ཤེས་པ་བསྡོམས་པའི་ཕྱིར་ཡོངས་སུ་ཤེས་པ་གཅིག་ཏུ་རྣམ་པར་བཞག་པས་གཅིག་འདོར་རོ། །དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་ནི་གཅིག་ཁོ་ན་འདོར་ཏེ། ཐ་མའི་ཆ་དང་མཐུན་པའི་ཡོངས་སུ་ཤེས་པའོ། །འདོད་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་གཅིག་ཁོ་ན་འདོར་བ་མ་ཡིན་ནམ་ཞེ་ན། བདེན་ཏེ་ཡོངས་སུ་འདོར་རོ། །འདིར་ནི་གང་ཡོངས་སུ་འདོར་བ་ནེ་གཞན་དག་ཐོབ་པ་དེ་ཡོངས་སུ་འདོར་བ་ཉིད་དོ་ཞེས་དགོངས་ཏེ་དེ་ཡོངས་སུ་འདོར་བ་ཡིན་པའི་དབང་དུ་བྱས་པ་ཡིན་ནོ། །གཉིས་གཏོང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང༌། ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པའོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་ནི་ལྔ་གཏོང་སྟེ་ཞེས་བྱ་བ་འདི་ལ་


DTG210_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ན་རེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ལའོ་ཞེས་བརྗོད་པར་བྱ་སྟེ། ལམ་ལ་རྗེས་སུ་ཤེས་པ་གཏོང་བའི་ཕྱིར་ཁྱད་པར་ཡང་བརྗོད་པར་བྱ་སྟེ། མི་ལྕོགས་པ་མེད་པ་བརྟེན་ནས་ངེས་པ་ལ་འཇུག་པ་བྱེད་པས་སོ་ཞེས་ཟེར་རོ། །བསམ་གཏན་ལ་བརྟེན་ནས་ནི་གཉིས་ཉིད་འདོར་རོ། །བསམ་གཏན་དངོས་གཞི་ལ་བརྟེན་ནས་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ལས་ཟག་པ་མེད་པའི་བྲལ་བའི་ཐོབ་པ་རྙེད་པ་མེད་དོ། །དེ་ལ་ཅི་ལྟར་ཐོབ་པ་རྣམས་ལ་ཡོངས་སུ་ཤེས་པ་གསུམ་གཏོང་བར་མི་སྦྱར་ཞེ་ན་ཡོངས་སུ་ཤེས་པ་དྲུག་འདོར་པོ་ཞེས་བྱ་སྟེ། དེ་ནི་དེར་ཁམས་ལས་འདོད་ཆགས་དང་བྲལ་བ་དང༌། འབྲས་བུ་ཐོབ་པ་ཡོངས་སུ་བསྡོམས་པ་སྔོན་དུ་འགྲོ་བས་དྲུག་ཡོངས་སུ་གཏོང་ངོ༌། །གང་ལ་ལ་ཞིག་གིས་ནི་སྔོན་མེད་པས་ཐོབ་པ་ཞེས་བྱ་བ་སྟེ་ཀུན་འབྱུང་ལ་ཆོས་ཤེས་པ་ལ་སོགས་པའི་གནས་སྐབས་དགུ་པོ་རྣམས་སུའོ། །གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་འབའ་ཞིག་པས་ཞེས་བྱ་བ་ལ། དེ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང༌། ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་འཐོབ་པོ། །འབའ་ཞིག་སྨོས་པ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་གཅིག་ཉིད་འཐོབ་བོ། །འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་ན་ཁ་ཅིག་ཏུ་དྲུག་དང་དྲུག་འཐོབ་སྟེ། གང་དེས་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ན་དེ་ཡོངས་སུ་གཏོང་བ་ཉིད་དེ་དེའི་ཕྱིར་ཡོངས་སུ་ཉམས་པ་འཐོབ་པོ། །ལྔ་ཐོབ་པ་ནི་འགའ་ཡང་མེད་པ་ཉིད་དོ་ཞེས་བྱ་བ་ནི། གང་ཞིག་སྔར་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འཇུག་པའི་འབས་བུ་ཐོབ་པ་ཡོངས་སུ་ཤེས་པ་བཏང་བ་དེ་དག་དེའི་འབྲས་བུ་ལས་ཉམས་པའི་ཕྱིར་ཐོབ་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེའི་འབྲས་བུ་ལས་ཉམས་པ་ནི་ནམ་ཡང་ལྔ་འཐོབ་པ་མེད་དོ། །འོ་ན་ཁྱད་པར་མེད་པའི་ཕྱིར་གཏོང་པར་མི་རིགས་སོ་ཞེ་ན། དེ་སྤངས་པ་ཁོ་ན་ལས་འབྲས་བུ་ཡོངས་སུ་བཟུང་ནས་ཐོབ་པ་གཞན་ཐོབ་པ་ཡོད་པས་དེ་ལྟར་ཡོངས་སུ་ཤེས་པ་གཞན་ཐོབ་པ་ནི་སྔགས་ཡོངས་སུ་ཤེས་པ་


DTG210_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འདིར་ཡོངས་སུ་གཏོང་བ་ཞེས་དགོངས་ནས་དེ་ལྟར་གསུངས་པས་ན་འདི་ལ་སྐྱོན་མེད་དོ། །སློབ་དཔོན་བཙུན་པ་བློ་གྲོས་བརྟན་པས་ཉ་བར་བཀོད་པ་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ། ཆོས་མངོན་པ་མཛོད་ཀྱི་གནས་ལྔ་པ་རྫོགས་སོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཇི་སྐད་དུ་སྲངས་པ་ནི་ཡོངས་སུ་ཤེས་པའི་མི་འཐོབ་པོ་ཞེས་བཤད་པ་ཞེས་བྱ་བ་ལ། ཡོངས་སུ་ཤེས་པའི་ཞེས་བ་བྲས་བུ་ལ་ཡོངས་སུ་ཤེས་པ་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །རྒྱུའི་རྣམ་པ་གང་གིས་གཞན་ཡིན་ཞེ་ན། ཇི་སྐད་དུ། ཟག་མེད་བྲལ་བའི་ཐོབ་པ་དང༌། །སྲིད་རྩེ་ཉམས་པར་བྱ་བ་དང༌། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཁམས་ལས་འདས་པ་ལས། །ཞེས་གསུངས་སོ། །བདེན་པ་མཐོང་དང་བསྒོམ་པ་ལས། །ཞེས་བྱ་བ་ནི་བསྒོམ་པ་གཉིས་བསྒོམས་ཤིང་བརྟེན་པ་ཞེས་བྱ་བའི་དོན་ཏོ། །བདེན་པ་རྣམས་མཐོང་བ་དང་བསྒོམ་པ་ནི་བདེན་པ་མཐོང་བ་དང་བསྒོམས་པའོ། །མཐོང་བ་དང་བསྒོམ་པས་སྤང་བར་བ་བ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་བཅུ་དང་བདུན་དང་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བྱ་བ་དང༌། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཞེས་བྱ་བས་རྒྱས་པར་བཤད་དོ། །འདི་བརྗོད་དེ་ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་དག་ཟག་པ་མེད་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དེ་དག་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཉིད་ཤེས་པར་བྱ་བའི་ཕྱིར་རོ། །བསྒོམ་པའི་ལམ་ནི་རྣམ་པ་གཉིས། །མཐོང་ཞེས་བྱ་བ་ཟག་པ་མེད། །ཅེས་བྱ་བ་ལ་གཞན་དག་ན་རེ། འདི་ཡང་བརྗོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན་སྔར་ཉིད་དུ་བཤད་ཟིན་པའི་ཕྱིར་རོ། །ཇི་ལྟར་བཤད་ཅེ་ན། སྲིད་རྩེ་ལས་སྐྱེས་ཟག་པ་ཡི། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྟག་སྐྱེད་མཐོང་དང་བསྒོམ་གཉིས་ཀྱིས། །ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །སྲིད་པའི་རྩེ་མོའི་ས་པ་རྣམས་ཀྱི་མཐོང་བ་དང་བསྒོམ་པས་སྤང་བར་


DTG210_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་རྣམས་ནི་མཐའ་གཅིག་ཏུ་ཟག་པ་མེད་པའི་ལམ་གྱིས་གཞོམ་པར་བྱ་བ་ཡིན་པའི་ཕྱིར་བརྒྱད་པའི་ས་པ་རྣམས་དང༌། གཉི་ག་ཡང་སོ་སོ་སྐྱེ་བོའི་བསྒོམ་པས་སྤང་བར་བྱ་བ་ཉིད་དུ་གསུངས་པའི་ཕྱིར་འདི་སྐད་བཤད་པ་ཡིན་ནོ། །བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ་འཇིག་རྟེན་ལས་འདས་པའོ། །ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ཁམས་གསུམ་པའི་གཉེན་པོ་འཇིག་རྟེན་པ་མེད་དེ་སྲིད་པའི་རྩེ་མོའི་གཉེན་པོ་མེད་པའི་ཕྱིར་རོ། །དེའི་གཉེན་པོ་མེད་པ་ཉིད་ཀྱིས་ས་གོང་མ་ལ་བརྟེན་ནས་ས་འོག་མ་རྣམ་པར་སུན་འབྱིན་པའི་ཕྱིར་ཏེ་སྲིད་པའི་རྩེ་མོའི་ལས་ས་མེད་པའི་ཕྱིར་རོ། །བསྒོམ་པའི་ལམ་ཡང་ཟག་པ་མེད་པའི་རྒྱུ་སྟེ། མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་པོ་རྣམས་ཞེས་རྒྱས་པར་འབྱུང་བ་སྟེ། གལ་ཏེ་ཟག་པ་མེད་པའི་རྣམ་པ་དགུས་དེ་ཅིག་ཅར་སྤོང་བ་དེ་ལྟ་ན་བསྒོམ་པའི་ལམ་གྱིས་ཀྱང་ཅིག་ཅར་སྤོང་པར་ཐལ་བར་འགྱུར་རོ་ཞེ་ན་ཟག་པ་མེད་པའི་འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ཅིག་ཅར་སྤང་ངོ་ཞེས་ངེས་པར་གཟུང་བའི་ཕྱིར་ཐལ་བར་འགྱུར་བ་མེད་དོ། །གཞན་དག་ན་རེ་མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་པོ་ཅིག་ཅར་སྤོང་བའི་ཕྱིར་ཞེས་བྱ་བ་འདི་གཏན་ཚིགས་མ་ཡིན་ཏེ། འཇིག་རྟེན་པའི་བསྒོམ་ལམ་རྣམ་པ་དགུ་ཡིས་ཀྱང་ཅིག་ཅར་སྤང་བའི་ཕྱིར་ཟག་པ་མེད་པའི་སྤང་བ་ནི་རྣམ་པ་རེ་རེ་བ་མ་ཡིན་ནོ་ཞེས་ཟེར་རོ། །རང་གི་ངོ་བོ་ནི་སྔར་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ནོ་ཞེས་བྱ་བ་ལ་སྔར་ཇི་སྐད་བཤད་ཅེ་ན། སྡུག་བསྔལ་གྱི་བདེན་པ་ནི་ལམ་མ་གཏོགས་པའི་འདུས་བྱས་འབྲས་བུར་གྱུར་པའི་འདུ་བྱེད་རྣམས་སོ། །ཀུན་འབྱུང་གི་བདེན་པ་ནི་རྒྱུར་གྱུར་པ་རྣམས་སོ། །འགོག་པའི་བདེན་པ་ནི་སོ་སོར་བརྟགས་པས་འགོག་པའོ། །ལམ་གྱི་བདེན་པ་ནི་སློབ་པ་དང་མི་སློབ་པའི་ཆོས་རྣམས་སོ་ཞེས་བྱ་བར་རོ། །གཞན་དག་ན་རེ་མིང་དང་གཟུགས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཀྱིས་ལས་དང་ཉོན་མོངས་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ནོ། །ཉོན་མོངས་པ་རྣམས་ཀྱིས་འགྲོ་བ་བཞིན་དུ་སེམས་ཉེ་བར་མཚེ་བ་ལས་ཀྱི་རྒྱུ་མཚན་གྱི་རང་


DTG210_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པས་དཀྲི་བའི་ཉོན་མོངས་པ་རྣམས་འགོག་པས་འགོག་པའོ། །དེ་བཀག་པ་ལས་གཟུགས་ལ་སོགས་པ་དང་བྲལ་བའི་ཞི་གནས་དང་ལྷག་མཐོང་ནི་ལམ་གྱི་བདེན་པ་དང་སྟེ། འཕགས་པའི་ལམ་ནི་དེས་ཉེ་བར་བསྡུས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ན་ཆོས་མངོན་པ་བ་རྣམས་མི་འདོད་དེ་དུས་དང་གང་ཟག་དང་མོས་པ་དང་ནུས་པའི་གནས་སྐབས་ཐ་དད་པའི་དབང་གིས་སོ། །མདོ་རྣམས་སུ་ཆོས་བསྟན་པ་ནི་དགོངས་པ་ཅན་ཡིན་ལ། ཆོས་མངོན་པ་ནི་མཚན་ཉིད་པ་ཁོ་ནའི་དབང་དུ་བྱས་ཏེ། དེ་ལྟར་འདི་ཆོས་མངོན་པ་དང་མི་འགལ་ལོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་བདེན་པ་རྣམས་ཇི་ལྟར་མངོན་པར་རྟོགས་པ་བཞིན་བསྟན་པར་བཞེད་པ་མ་ཡིན་པ་ཞིག་ཏུ་གྱུར་ན་ནི་དེ་ལྟ་ཡིན་དང་སྔར་རྒྱུ་སྟོན་པར་འགྱུར་ཞིང་ཕྱིས་འབྲས་བུ་སྟོན་པར་འགྱུར་ཏེ་འབྲས་བུའི་སྔོན་དུ་རྒྱུ་འགྲོ་བའི་ཕྱིར་སྡུག་བསྔལ་གྱི་བདེན་པའི་སྔ་རོལ་དུ་ཀུན་འབྱུང་གི་བདེན་པ་བསྟན་པ་དང༌། འགོག་པའི་བདེན་པའི་སྔ་རོལ་དུ་ལམ་གྱི་བདེན་པ་བསྟན་པར་རིགས་པར་འགྱུར་རོ། །ཁ་ཅིག་ནི་རབ་ཏུ་བརྟགས་པ་དང་མཐུན་པར་བསྟན་པ་སྟེ་ཞེས་བྱ་བ་ནི་རྟོགས་པ་དང་མཐུན་པར་བསྟན་ཅེས་བྱ་བའི་དོན་ཏེ། རྟོགས་པ་དང་རབ་ཏུ་བརྟགས་པ་དང་ངེས་པར་རྟོགས་པ་ནི་རྣམ་གྲངས་སོ། །དཔེར་ན་ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བ་ནི། ཇི་ལྟར་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འབད་པ་སྐྱེད་པར་བྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ་ཞེས་བྱ་བ་དང༌། མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྦྱར་རོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་བྱ་བ་ཐམས་ཅད་སྦྱར་རོ། །སྐྱེས་པ་རྣམས་པ་རྟན་པ་དང་མི་བརྗོད་པར་བྱ་བ་དང༌། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། ཕྱིར་ཞིང་འཕེལ་བ་དང་རྒྱས་པ་དང་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །གང་སྔར་ནི་སྐྱེས་པ་རྣམས་ཞེས་རྒྱས་པར་འབྱུང་སྟེ། དུཏྟ་རཱ་ཧི་ཆོས་སྐྱེས་པ་རྣམས་ལ་གདགས་ཀྱི་མ་སྐྱེས་


DTG210_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་མ་ཡིན་ནོ་ཞེས་བྱའོ། །དེ་དག་དེ་དང་མཐུན་པར་བསྟན་པའི་རིགས་པའོ། །གང་དང་པོ་ནི་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འབད་པར་བྱའི་མ་སྐྱེས་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ནི་མེད་དོ། །དེའི་ཕྱིར་དེ་ལྟར་ན་དགོངས་པ་དེ་དང་དེས་བསྟན་པ་དེ་དང་དེ་དག་འབྱུང་བས་སྔར་རྒྱུ་བསྟན་ལ་ཕྱིས་ནས་འབྲས་བུ་བསྟན་ནོ་ཞེས་བྱ་བའི་ངེས་པ་འདི་མེད་དོ། །གང་ལ་ཆགས་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་སྡུག་བསྔལ་ལའོ། །གང་གིས་གནོད་པ་བྱེད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་གནོད་པར་བྱེད་པའོ། །གང་ལས་ཐར་པ་དོན་དུ་གཉེར་བ་ཞེས་བྱ་བ་ནི་དེ་ཁོ་ན་ལས་ཐར་པ་དོན་དུ་གཉེར་བའོ། །དེ་ཉིད་ལ་དང་པོ་རྣམ་པར་དཔྱོད་པའི་གནས་སྐབས་ན་ཞེས་བྱ་བ་ལ། ཡོངས་སུ་བརྟགས་པའི་གནས་སྐབས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ཞེས་གསུངས་པ་དེ་ལས་ཞེས་བྱ་བ་ནི། ཇི་སྐད་དུ་ཞེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ནི་རྒྱལ་པོ་ལ་འོས་པ་ཡིན་ཞིང་རྒྱལ་པོའི་སྤུ་ལ་བབ་པ་ཡིན་ལ། རྒྱལ་པོའི་ཡན་ལག་ཉིད་ཀྱི་གྲངས་སུ་ཡང་འགྲོའོ། །བཞི་པ་གང་དག་ཅེ་ན། ནད་ལ་མཁས་པ་ཡིན། ནད་ཀྱི་གཞི་ལ་མཁས་པ་ཡིན། ནད་སྤོང་བ་ལ་མཁས་པ་ཡིན། ནད་སྤངས་ནས་ཕྱིས་མི་སྐྱེ་བ་ལ་མཁས་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །བ་ཞི་པོ་གང་དག་ཅེ་ན། དགེ་སློང་དག་འདི་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ནོ་ཞེས་འབྱུང་བ་ཡིན་ནོ། །


DTG210_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་འཕངས་པའི་ཕྱིར་ཞེས་བྱ་བ་ནི་སྔར་གྱི་འཕེན་པས་ཞེས་བྱ་བའི་དོན་ཏེ། དཀྱུས་ས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དཀྱུས་ས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་དེ་བཞིན་རྣམ་པར་དཔྱོད་པའི་གནས་སྐབས་ན་བདེན་པ་རྣམས་ཇི་ལྟར་མཐོང་བ་དེ་ཁོ་ན་ལྟར་རྣམ་པར་རྟོག་པ་གཞན་པ་དེ་དག་གེགས་མེད་པར་མངོན་པར་རྟོགས་སོ། །ཨི་ཎ་རྟོགས་པའི་དོན་ཅན་ཉིད་ཀྱི་ཕྱིར་ཅེས་བྱ་བ་ནི། ཨི་ཎ་འགྲོ་བ་ལའོ་ཞེས་བྱ་བ་འདིར་ཨི་ཎའི་བྱིངས་འགྲོ་བའོ་དོན་ཅན་འགའ་ཞིག་མ་ཡིན་པའོ། །འོ་ན་ཅི་ཞེ་ན། རྟོགས་པའི་དོན་ཅན་ཡང་ཡིན་ཞིང་འགྲོ་བའི་དོན་ཅན་གྱི་བྱིངས་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་དེ་ནི་ཚུལ་འདིས་མངོན་པར་ཡོངས་སུ་རྫོགས་པ་ཡིན་པས་མངོན་པར་རྟོགས་པའོ། །ཡང་ཅིའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་ལ། ཇི་ལྟར་འདི་ཟག་པ་མེད་པ་ཉིད་དུ་དམ་བཅས་ཤེ་ན། མཐོང་ཞེས་བྱ་བ་ཟག་པ་མེད་ཅེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་ཡང་དག་པར་རྟོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །མངོན་པར་ཞེན་པ་འདིས་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་སྟོན་ལ། ཡང་དག་པར་ཞེས་བྱ་བ་འདིས་ནི་དེ་ཁོ་ན་ཉིད་ཀྱི་དོན་སྟོན་ཅིང་རྟོགས་པ་ཞེས་བྱ་བ་འདིས་ནི་ཁོང་དུ་ཆུད་པ་སྟོན་ཏེ། འདི་ཉིད་ཀྱི་ཕྱིར་དེ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ཡང་དག་པར་རྟོགས་པ་སྟེ་ཞེས་བྱ་བ་སྨོས་སོ། །འདི་སྐད་དུ་མངོན་པར་རྟོགས་པ་ནི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་ཤིང་དེ་ཁོ་ན་ཉིད་རྟོགས་པས་མངོན་པར་རྟོགས་པའོ་ཞེས་བསྟན་པར་འགྱུར་ཏེ། མཐོང་བའི་ལམ་ནི་མྱ་ངན་ལས་འདས་པ་ཐོབ་པ་ལ་མི་འཁྲུལ་བའི་ཕྱིར་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའོ། །དེ་སྐད་དུ་ཡང༌། རྫོགས་པའི་བྱང་ཆུབ་ལ་ངེས་པར་འབབ་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་རྣམས་ནི་ཞེས་བྱ་བ་ནི། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ཞེས་རྣམ་པར་མ་ཕྱེད་པ་རྣམ་པར་དབྱེ་བར་བྱ་བའི་དོན་དུ་རྩོམ་པའོ། །འདི་ལས་ཀུན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་


DTG210_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཞེས་བྱ་བའི་དོན་ཏོ། །མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི་རྫས་སུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་གནས་སྐབས་ཐ་དད་པའི་སྒོ་ནས་བདེན་པ་གཉིས་རྣམ་པར་གཞག་པས་དངོས་པོ་ཐ་དད་པ་མེད་ཀྱང་གཉིས་ཉིད་དུ་བསྟན་པ་འགལ་བ་མེད་དེ། ཤེས་པ་དང་མཐོང་བའི་མངོན་པར་རྟོགས་པར་རྣམ་པར་གཞག་པས་སོ་སོ་ཉིད་དུ་བསྟན་པ་བཞིན་ནོ། །འགོག་པ་དང་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ་ཞེས་བྱ་བ་དང༌། ཡང་གི་སྒྲས་ནི་འགོག་པ་དང་ལམ་ཞེས་མིང་གི་སྒོ་ནས་ཀྱང་བྱེ་བྲག་ཡོད་དོ་ཞེས་བྱ་བའོ། །ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བ་ལ། གང་འཕགས་པ་རྣམས་ལ་སྡུག་བསྔལ་པ་དེ་ནི་དེ་ལས་གཞན་པ་རྣམས་ལ་ཡང་སྡུག་བསྔལ་བ་ཉིད་དེ། རང་བཞིན་གྱི་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ལ་ཡང་བརྗོད་པར་བྱའོ། །འཕགས་པ་རྣམས་ཀྱིས་ནི་འདི་དག་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གཟིགས་ཀྱི་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སོ། །དེའི་ཕྱིར་དེ་དག་མི་བསླུ་བའི་ཕྱིར་ན་འཕགས་པ་རྣམས་ལ་འདི་དག་བདེན་པ་རྣམས་ཞེས་བྱའི། ཡང་གཞན་དག་ལ་ནི་ཇི་ལྟར་མི་རྟག་པ་ལ་སོགས་པའི་རྣམ་པ་དེ་ལྟར་མཐོང་བ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྱིན་ཅི་ལོག་གི་རྣམ་པ་དག་གིས་དེ་ལྟར་དེ་དག་ལ་བསླུ་བའི་ཕྱིར་གཞན་དག་གིས་བདེན་པ་ཞེས་མི་བྱའོ། །གཉིས་ཀྱིས་ནི་འཕགས་པ་རྣམས་ཀྱི་ཞེས་བྱ་བ་ནི་དགེ་བ་འཕགས་པ་ཉིད་དང་ཟག་པ་མེད་པ་འཕགས་པ་ཉིད་ཀྱིས་སོ། །གང་གི་ཚེ་ཚོར་བའི་ཕྱོགས་གཅིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཚོར་བའི་ཕུང་པོའི་ཕྱོགས་གཅིག་སྡུག་བསྔལ་དང་ཡིད་མི་བདེ་བའི་མཚན་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་ལ་སོགས་པ་རྣམས་དེའི་རང་བཞིན་མ་ཡིན་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བརྗོད་སྙམ་དུ་བསམས་པའོ། །སྡུག་བསྔལ་ཉིད་ནི་གསུམ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་བསྔལ་ཁོ་ན་སྡུག་བསྔལ་ཉིད་ཡིན་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དེ། རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ །འགྱུར་བས་སྡུག་བསྔལ་བ་ཉིད་ནི་འགྱུར་བའི་སྡུག་བསྔལ་ཉིད་


DTG210_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ངོ། །རང་གི་ངོ་བོས་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདུ་བྱེད་ཀྱིས་སྡུག་བསྔལ་བ་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ་སྐྱེ་བས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཡིད་དུ་འོང་བ་རྣམས་ནི། འགྱུར་བའི་སྡུག་བསྔལ་གྱིས་ཞེས་བྱ་བ་ནི་དེ་དང་བྲལ་བས་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་ངེས་པར་མྱ་ངན་ལ་སོགས་པ་སྐྱེ་བས་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་དོ། །ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་ཞེས་བྱ་བ་ནི་དེ་རྣམས་ནི་སྡུག་བསྔལ་གྱི་རང་བཞིན་དང་སྡུག་བསྔལ་དང་མཐུན་པ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་དོ། །མངོན་སུམ་དུ་གྱུར་པས་ལུས་དང་སེམས་དག་ལ་གནོད་པར་འབྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་པ་རྣམས་ནི་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དག་ལས་གཞན་པ་སྟེ། དེ་དག་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པ་ཉིད་ཀྱི་སྡུག་བསྔལ་ལོ། །ཚོར་བ་རྣམས་ཁོ་ན་ཕན་པ་དང་གནོད་པ་དང་དེ་གཉིས་ཀ་དང་བྲལ་བའི་བདག་ཉིད་ཡིན་པའི་ཕྱིར་ཡིད་དུ་འོང་བ་ལ་སོགས་པ་ཉིད་དུ་གྲུབ་ན་གཟུགས་ལ་སོགས་པ་རྣམས་ཇི་ལྟར་ཡིན་ཞེས་འདྲི་བ་ནི། ཡིད་དུ་འོང་བ་ནི་གང་དག་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེའི་དབང་གིས་ཞེས་བྱ་བ་ནི་བདེན་པ་ལ་སོགས་པའི་ཚོར་བའི་དབང་གིས་སོ། །ཅི་ལྟར་བདེ་བའི་ཚོགས་སུ་གྱུར་པ་ཡིད་དུ་འོང་བ་འདིས་ཡིད་དུ་མི་འོང་བ་དང་དེ་ལས་གཞན་པ་ཡང་བཤད་ཅེ་ན། འདི་སྐད་བསྟན་པར་འགྱུར་ཏེ། དེ་དག་ཀྱང་བདེ་བ་ལ་སོགས་པའི་ཚོགས་སུ་གྱུར་པའི་ཕྱིར་དེ་དང་འདྲ་བ་ཁོ་ནར་ཡིད་དུ་འོང་བ་ལ་སོགས་པའི་ངོ་བོ་ལ་ཉེ་བར་བཏགས་སོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་བདེ་བའི་ཚོར་བ་ལ་སོགས་པ་ཡང་ཞེས་སྨོས་སོ། །གང་གི་ཕྱིར་བདེ་བའི་ཚོར་བའི་དེ་ཉིད་ལས་བདེ་བའི་ཚོར་བ་དང༌། བདེ་བའི་ཚོར་བ་རྣམ་པར་འགྱུར་བས་སྡུག་བསྔལ་བ་ཉིད་དེ་རང་གི་ངོ་བོ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ཚོར་བ་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ཉིད་དུ་རྣམ་པར་གཞག་གོ །དེ་ཉིད་ལ་ཁུངས་སུ་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེ་ཞེས་བྱ་བ་འདི་ནི་དེའི་རང་བཞིན་ནོ། །འགྱུར་བ་ལ་སྡུག་བསྔལ་ལོ་ཞེས་བྱ་བ་ནི་


DTG210_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་ནི་མྱོང་བར་འགྱུར་བའི་བདེ་བ་ལ་མངོན་པར་འདོད་པའི་ཕྱིར་དེ་འགྱུར་ན་མྱ་ངན་ལ་སོགས་པ་སྐྱེ་བས་དེ་འགྱུར་ན་སྡུག་བསྔལ་ལོ་ཞེས་བརྗོད་དོ། །སྡུག་བསྔལ་ནི་སྡུག་བསྔལ་གྱི་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་ཉིད་ཡིན་གྱི་འགྱུར་བས་ནི་མ་ཡིན་ནོ། །དེ་ཉིད་ལ་ཁུངས་སུ་མདོ་ལས་སྡུག་བསྔལ་གྱི་ཚོར་བ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེ་བ་ན་ཡང་སྡུག་བསྔལ་གནས་ན་ཡང་སྡུག་བསྔལ་ཞེས་བྱ་བ་ནི་གང་གི་ཕྱིར་འདི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འགྱུར་བ་ན་ནི་བདེ་སྟེ་གང་གི་ཕྱིར་དེ་འགྱུར་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཡང་བདེ་བ་སྐྱེས་པ་ལྟར་སྣང་ངོ༌། །འདིར་འགྱུར་བའི་སྡུག་བསྔལ་ནི་བདེ་བ་རྒྱུན་ཆད་པ་ཡིན་ལ། རྒྱུན་ཆད་པ་ཡང་འདོད་པའི་ཁམས་ན་དུས་ཉུང་ཟད་པ་ཡིན་ལ། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་ཕུལ་དུ་བྱུང་པར་ཡོད་ཅིང་ཉེས་པ་ཟད་པ་རྣམས་ལ་ནི་གཏན་དུ་བའོ། །འདུ་བྱེད་ལོ་ནས་སྡུག་བསྔལ་བ་ཉིད་དེ་ཞེས་བྱ་བ་ནི་སྐྱེ་བ་ཁོ་ནས་སྡུག་བསྔལ་བ་ཉིད་དོ། །ཡང་ཅིའི་ཕྱིར་འདུ་བྱེད་ཁོ་ནས་འདི་སྡུག་བསྔལ་ཞེས་བརྗོད་ཅེ་ན། འདི་སྐྱེ་བ་དང་གནས་པ་ན་ཡང་བདེ་བ་མ་ཡིན་ཞིང་སྡུག་བསྔལ་མ་ཡིན་ལ། དེའི་རང་བཞིན་ཡིན་པའི་ཕྱིར་འགྱུར་བ་ཉིད་ཀྱིས་བདེ་བ་དང་སྡུག་བསྔལ་དག་ལས་གང་ཡང་རུང་བ་མངོན་དུ་གྱུར་པ་ན་གཉི་ག་སྲིད་ཀྱི། བདེ་བ་དང་སྡུག་བསྔལ་དག་ནི་མ་ཡིན་ནོ། །འགྱུར་བ་ལ་གཉི་ག་ཇི་ལྟ་བར་ཡོད་པས་བདེ་བའི་མཇུག་ཐོགས་སུ་ཡང་སྡུག་བསྔལ་སྐྱེའོ་ཞེས་བཤད་དོ། །རྣམ་པ་གཞན་དུ་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པའི་ཤེས་བྱེད་ནི། གང་གི་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུངས་སོ། །འདུས་བྱས་མི་རྟག་པ་ཉིད་ནི་སྔོན་མེད་པ་ངེས་པར་འཇིག་པའི་ཕྱིར་རོ། །དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་བརྗོད་པར་བྱའོ་ཞེས་བྱ་བ་ལ་བདེ་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི། སྡུག་བསྔལ་གྱི་ཚོར་བ་ལྟར་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དེ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །སྡུག་བསྔལ་ཉིད་ཅེས་རྒྱས་པར་འབྱུང་བ་ལ། འདིར་ཁ་ཅིག་ན་རེ་ཚིག་རྣམ་པར་སྦྱར་བ་ཙམ་ཁྱད་པར་


DTG210_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་དོན་གྱི་ཁྱད་པར་ནི་མེད་དོ་ཞེས་ཟེར་རོ། །གཞན་དག་ནི་ཚོར་བ་བདེ་དང་སྡུག་བསྔལ་གྱི་མངོན་པར་བརྗོད་པ་འཇུག་པའི་རྒྱུ་མཚན་ལས་སྡུག་བསྔལ་ལ་སོགས་པ་རྣམས་ལ་ངོ་བོའི་རྐྱེན་ནོ་སྙམ་དུ་སེམས་སོ། །ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ནི་རང་གི་ངོ་བོ་ཁོ་ནས་མི་མཐུན་པ་ཡིན་གྱི་འགྱུར་བས་མ་ཡིན་ལ། བདེ་བ་ཡང་འགྱུར་བས་མི་མཐུན་པ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ཏེ། དེའི་ཕྱིར་འགྱུར་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་དག་ནི་བདེ་བ་དང་སྡུག་བསྔལ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཞེས་བྱ་བ་ནི་ཡིད་དུ་འོང་བ་ལ་སོགས་པ་འདུ་བྱེད་ཐམས་ཅད་ནི་འདུས་བྱས་ཡིན་པ་ཉིད་ཀྱི་མི་མཐུན་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་བྱའོ། །དེ་ལྟ་ན་འོ་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་འདུ་བྱེད་ལ་ཁྱབ་པའི་ཕྱིར་ཐམས་ཅད་སྲིད་པ་ཐམས་ཅད་མི་མཐུན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དག་ཀྱང་འཕགས་པ་རྣམས་ཁོ་ནས་གཟིགས་སོ་ཞེས་བྱ་བ་སྨོས་སོ། །གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་སྲིད་པ་ཐམས་ཅད་དང་མི་མཐུན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །སྡུག་བསྔལ་ཐམས་ཅད་ཟད་པར་འདྲེན་པའི་ཕྱིར་ཞེས་བྱ་བ་ལ། འཇིག་རྟེན་གྱིས་ཀྱང་སྡུག་བསྔལ་ཟད་པ་འདྲེན་མོད་ཀྱི། སྡུག་བསྔལ་ཐམས་ཅད་ཟད་པར་འདྲེན་པ་མ་ཡིན་ཏེ། དེས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ལམ་སྡུག་བསྔལ་མ་ཡིན་ན། འོ་ན་ཇི་ལྟར་དེ་དག་གིས་འདུས་བྱས་ཐམས་ཅད་འགག་པ་ལ་ཞི་བར་མཐོང་ཞེ་ན། དེའི་ཕྱིར་གང་གི་ཚེ་དེ་དག་མྱ་ངན་ལས་འདས་པ་ལ་ཞི་བར་ལྟ་བ་ཞེས་རྒྱས་པར་འབྱུང་བ་ལ། ཡང་འདི་དག་གི་རང་བཞིན་དང་ཆོས་མངོན་པ་རྣམས་ཀྱི་ཚོར་བ་གསུམ་ཞེས་བྱ་བའི་རང་བཞིན་ཅི་ཞེ་ན། དེའི་དབང་གིས་ཀྱང་བདེ་བ་མྱོང་བར་འགྱུར་བའི་ཆོས་རྣམས་སྡུག་བསྔལ་གསུམ་ཉིད་ཅེས་བྱ་བའི་མིང་འཐོབ་པ། དེ་ལྟ་ན་འོ་ན་འགྱུར་བའི་སྡུག་བསྔལ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་འགྱུར་ཏེ། འགྱུར་བ་ཞེས་བྱ་བ་འདི་མི་རྟག་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ་ཞེ་ན། སྐད་ཅིག་སོ་སོ་བ་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་


DTG210_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་དུ་འོང་བ་རྒྱུན་ཆད་པ་ལས་ནི་འགྱུར་བའི་སྡུག་བསྔལ་ཉིད་དོ་ཞེས་བྱ་པའི་ཁྱད་པར་ཡོད་དོ། །འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་ཀྱང་འདུ་བྱེད་སྡུག་བསྔལ་བ་བཞིན་འདུ་བྱེད་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འགྱུར་བའི་སྡུག་བསྔལ་ནི་མི་མཐུན་པ་ཡིན་པ་དེས་འདུ་བྱེད་ཐམས་ཅད་ལ་ཁྱབ་པ་ཉིད་མ་ཡིན་ནོ། །ཆུང་བའི་དུས་ཞེས་བྱ་བ་ནི་ཉུང་ཟད་ཀྱིས་སོ། །ཡང་སྨྲས་པ་ཞེས་བྱ་བ་ནི་སློབ་དཔོན་གཞན་དུ་མ་ཡིན་པ་ཉིད་དོ། །སྡུག་བསྔལ་གྱིས་ནི་རྒྱུ་ཕྱིར་དང༌། །ཞེས་བྱ་བ་ནི་སྡུག་བསྔལ་རྣམ་པར་སྨིན་པའི་ལས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །སྡུག་བསྔལ་མང་པོ་བསྐྱེད་ཕྱིར་དང༌། །ཞེས་བྱ་བ་ནི། གཞན་བརྟེན་པ་ལ་སོགས་པ་རྣམས་ཀྱིས་སོ། །སྡུག་བསྔལ་ཡོད་ན་དེ་འདོད་ཕྱིར། །ཞེས་བྱ་བ་ནི་བཀྲེས་པ་དང༌། །སྐོམ་པ་ལ་སོགས་པའི་སྡུག་བསྔལ་ཡོད་ན། ཟས་དང་སྐོམ་ལ་སོགས་པའི་བདེ་བ་འདོད་པར་བྱེད་དོ། །ཡོངས་སུ་མ་རྒྱས་པ་འདི་སྡུག་བསྔལ་གྱི་མཚན་ཉིད་དུ་གཟིགས་ནས་གསུངས་པ། བདེ་བ་དང་བཅས་ཏེ་ཞེས་རྒྱས་པར་འབྱུང་བ་ལ་འདུ་བྱེད་ཀྱི་སྡུག་བསྔལ་དུ་རོ་གཅིག་པས་ཞེས་འབྱུང་སྟེ། འདུ་བྱེད་སྡུག་བསྔལ་དུ་རོ་གཅིག་པ་ཉིད་ཀྱིས་མི་རྟག་པའི་རྣམ་པར་གྱུར་པས་མི་མཐུན་པའི་ཕྱིར་བདེ་བའི་རང་བཞིན་གྱི་ཚོར་བ་སྡུག་བསྔལ་དུ་གཟིགས་སོ། །དེ་ཉིད་ལ་དཔེ་ནི་དཔེར་ན་གཟུགས་དང་འདུ་ཤེས་ལ་སོགས་པ་ཡང་ཞེས་བྱ་བ་ནི་དཔེར་ན་གཟུགས་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་མི་རྟག་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་སྡུག་བསྔལ་དུ་ལྟ་བ་དེ་བཞིན་དུ་བདེ་བའི་ཚོར་བ་ཡང་ཡིན་ནོ། །དེ་དག་དེ་ལྟར་སྡུག་བསྔལ་བ་མ་ཡིན་ཞིང་ཉམས་སུ་མྱོང་བའི་བདག་ཉིད་མ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་མ་ཡིན་ནོ། །ཇི་ལྟར་སྡུག་བསྔལ་གྱི་ཚོར་བ་ཞེས་བྱ་བ་ནི་གང་ཞིག་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་སྙམ་དུ་སེམས་པ་ཞེས་བྱ་བ་འདི་ཡིན་ནོ། །དེའི་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་གྱི་ཞེས་བྱ་བ་ནི་རྒྱུའི་རྣམ་པས་རྣམ་པར་སུན་འབྱིན་པའི་སྒོ་ནས་ཏེ་སྡུག་བསྔལ་གྱི་རྣམ་པ་ནི་མ་ཡིན་ནོ། །དེ་ནི་ཀུན་འབྱུང་གི་བདེན་པ་ཁོ་ན་ཡིན་གྱི་སྡུག་བསྔལ་གྱི་བདེན་པ་ནི་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པར་སྐྱེས་པ་འཕགས་


DTG210_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་གྱི་བདག་ཉིད་མ་ཡིན་པའི་འདུ་བྱེད་རྣམས་ལ་སྡུག་བསྔལ་གྱི་འདུ་ཤེས་འཇུག་ན། གཟུགས་དང་གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ཀྱི་ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་ཕུང་པོ་དེ་དག་ལ་སྡུག་བསྔལ་གྱི་བློ་མི་འཇུག་པ་ཞིག་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ་འཕགས་པ་རྣམས་ཀྱིས་ཁམས་གསུམ་པའི་ཕུང་པོ་རྣམས་ཀྱང་སྡུག་བསྔལ་དུ་གཟིགས་སོ། །མདོ་ལས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། བདེ་བ་ཡང་སྡུག་བསྔལ་དུ་ལྟའི་མི་རྟག་པ་ཉིད་ཀྱི་ཕྱིར་མ་ཡིན་ན། དེ་ལྟ་ན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་བསྟན་པ་དོན་མེད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་དོན་མེད་པ་མ་ཡིན་ནོ་ཞེ་ན། སེམས་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དེ་ཉིད་མངོན་པར་མ་བརྗོད་པར་ཐལ་བར་འགྱུར་རོ། །གལ་ཏེ་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་ལྟའི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་མ་ཡིན་ན། འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་ཅི་ཡོད་དེ་ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་བསམས་པའོ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པར་ལྟ་བ་ཞེས་བྱ་བ་སྨོས་ཏེ། རྟག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་དུ་ཞེས་བྱ་བ་ནི་མི་འདོད་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་རོ། །མི་རྟག་པར་མཐོང་ན་མི་མཐུན་པར་གྱུར་པས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། མི་རྟག་པ་ཉིད་ཀྱིས་མི་མཐུན་པ་ཡིན་པའི་ཕྱིར་དེ་སྐད་དུ་བཤད་ཀྱི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་མེད་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལམ་ལ་ཡང་ཇི་ལྟར་ཐལ་བར་མི་འགྱུར་ཞེ་ན། དེ་ལམ་ཡང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱི་ཕྱིར་མི་རྟག་པའི་རྣམ་པ་ཡོད་དོ། །ཟག་པ་དང་བཅས་པ་ཁོ་ན་འདུན་པའི་འདོད་ཆགས་ཀྱི་དངོས་པོ་ཡིན་པའི་ཕྱིར་མི་རྟག་པས་སུན་འབྱིན་པར་བྱེད་ཀྱི། ལམ་གྱི་བདེན་པ་ནི་


DTG210_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ་དེ་ལ་ཡོན་ཏན་དུ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་འདི་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གང་ཅི་ཚོར་ཡང་རུང་ཞེས་བྱ་བ་ནི་ཚོར་བ་མ་ལུས་པ་བཟུང་བས་ཚོར་བ་ཐམས་ཅད་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གལ་ཏེ་ཡང་བདེ་བའི་ཚོར་བ་དོན་དམ་པ་ཉིད་ཡིན་ན་ནི་བཅོམ་ལྡན་འདས་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་ཇི་ལྟར་ལོག་པའི་ཤེས་པ་ལ་སྦྱོར་བར་མཛད། དེ་ནི་སྡུག་བསྔལ་ཁོ་ན་ཡིན་བཞིན་དུ་བྱིས་པ་རྣམས་ཀྱིས་བདེ་བར་བཟུང་བས་ཡང་དག་པའི་ཤེས་པ་ལ་སྦྱར་པར་བྱ་བའི་ཕྱིར་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་གསུངས་སོ། །གལ་ཏེ་ཡང་བདེ་བའི་ཚོར་བ་རང་བཞིན་ཁོ་ན་ནས་ཡོད་ན་ནི་དེ་ལྟ་ན་བདེ་བ་ཁོ་ན་ལ་བདེ་བའོ་སྙམ་པ་ཡང་དག་པའི་ཤེས་པ་ཡིན་གྱི་སྡུག་བསྔལ་བ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ནི་མ་ཡིན་ནོ། །རེ་ཞིག་མདོ་ལས་བདེ་བའི་ཚོར་བ་མེད་པ་ནི་དེ་ལྟའོ། །དེ་དག་ཧ་ཅང་སྤྱད་པས་ཞེས་བྱ་བ་ནི། གང་ཞིག་དུས་སུ་སྤྱད་པས་བདེ་བའི་རྒྱུར་འགྱུར་བ་དེ་དག་དུས་མ་ཡིན་པ་དང་ཧ་ཅང་སྤྱད་པས་སྡུག་བསྔལ་གྱི་རྒྱུར་འགྱུར་རོ། །དུས་མ་ཡིན་པར་སྤྱད་པ་རྣམས་ཞེས་བྱ་བ་ནི། མ་ཞུ་བ་ན་བཟའ་བ་དང་བཏུང་བ་ལ་སོགས་པ་དང༌། གྲང་བ་ན་ཚ་བ་བསིལ་བ་ལ་སོགས་པ་དང༌། ཚ་བའི་དུས་མེས་གདུང་བ་ལ་སོགས་པའོ། །དུས་དང་རན་པར་སྤྱད་པས་བདེ་བའི་རྒྱུ་ཡིན་པ་རྣམས་ཧ་ཅང་སྤྱད་པ་དང༌། དུས་མ་ཡིན་པར་སྤྱད་པས་ཀྱང་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ། །བདེ་བའི་རྒྱུ་འཕེལ་བས་དུས་དེ་ཉིད་ཀྱི་ཚེ་སྡུག་བསྔལ་བསྐྱེད་པ་ནི་རིགས་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་འཕེལ་བས་བདེ་བ་བསྐྱེད་པར་ནི་མ་མཐོང་ངོ༌། །བདེ་བའི་རྒྱུ་མཉམ་པས་ཀྱང་དུས་དེའི་ཚེ་སྡུག་བསྔལ་བསྐྱེད་པར་རིགས་པ་མ་ཡིན་ཏེ་བརྡེག་པ་དང་བཅས་པ་ནི་ནམ་ཡང་བདེ་བའི་རྒྱུར་མི་འགྱུར་རོ། །དང་པོ་ནི་ཁོ་ནས་ཞེས་བྱ་བ་ལ། བཟའ་བ་ལ་སོགས་པ་དེ་དག་ནི་དང་པོ་སྤྱད་པ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་ཡིན་གྱི་བདེ་བའི་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་དེ་དག་དང་པོ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཐ་མ་བཞིན་དུ་དང་པོར་ཡང་སྡུག་བསྔལ་མི་འཛིན་ཅེ་ན་དེའི་


DTG210_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མཇུག་ཏུ་ནི་སྡུག་བསྔལ་དེ་འཕེལ་བར་འགྱུར་བས་བསལ་བར་འགྱུར་བར་ཟད་དེ་ཞེས་བྱ་བ་སྨོས་སོ། །སྤྱོད་ལམ་གྱི་བྱེ་བྲག་ལ་ཡང་ཞེས་བྱ་བ་ནི། ཧ་ཅང་བརྟེན་པ་དང་དུས་མ་ཡིན་པར་བརྟེན་པ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་དག་ཏུ་འགྱུར་རོ་ཞེས་ལམ་བསྟན་པ་ལ་སོགས་པ་ལ་ཡང་འདི་ཉིད་བརྗོད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོ་དང་ཞེས་བྱ་བ་ནི་གང་གི་ཚེ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གཙེས་པར་འགྱུར་བ་དེའི་ཚེ་བཟའ་བ་དང་བཏུང་བ་ལ་སོགས་པ་སྡུག་བསྔལ་གྱི་གཉེན་པོ་དག་ལ་འདིའི་བདེ་པའི་བློ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་ལོག་པ་འདི་ཁོ་ན་ལ་བདེ་པའི་བློར་འགྱུར་གྱི་བདེ་བ་ནི་མེད་དོ་ཞེས་བྱ་བར་ངེས་སོ། །བྱིས་པ་རྣམས་ནི་སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བའི་བློ་སྐྱེད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དཔེར་ན་ཕྲག་པ་ནས་ཞེས་བྱ་བ་སྨོས་ཏེ། དཔེར་ན་དུབ་པ་ཞིག་ཕྲག་པ་ནས་ཕྲག་པར་ཁུར་སྤོས་པས་ངལ་སོས་པར་འགྱུར་བ་དེ་བཞིན་དུ། འདི་དག་ཐམས་ཅད་སྡུག་བསྔལ་ཡིན་ཏེ། འཇིག་རྟེན་ལ་སྡུག་བསྔལ་གྱིས་གནོད་པར་འགྱུར། དེའི་ཕྱིར་བྱིས་པ་རྣམས་སྡུག་བསྔལ་དག་ལོག་པ་ལ་བདེ་བའི་བློར་འགྱུར་གྱི་བདེ་བ་ཞེས་བྱ་བ་དོན་དམ་པར་ཡོད་པ་མ་ཡིན་ནོ། །ཆོས་མངོན་པ་པ་རྣམས་ན་རེ་ཡོད་པ་ཉིད་དོ་ཞེས་ཟེར་རོ། །འདི་ཉིད་རིགས་པས་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་ཆོས་མངོན་པའི་ལུགས་ལ་རྗེས་སུ་ཡི་རང་བའོ། །ཚིག་ཙམ་གྱིས་གུས་པར་མི་འགྱུར་བས་འདྲི་བ་ནི་ཇི་ལྟར་བྱས་པས་ཞེས་བྱ་བའོ། །སྡུག་བསྔལ་དང་བདེ་བ་སྐྱེ་བའི་རྒྱུ་ཐ་དད་པའི་ཕྱིར་ཏེ། འབྱུང་བ་མ་སྙོམས་པ་ལས་ནི་སྡུག་བསྔལ་སྐྱེ་ལ། དེ་སྙོམས་པ་ལས་ནི་བདེ་བ་སྐྱེ་བས་སྡུག་བསྔལ་ལས་བདེ་བ་གཞན་ཡིན་ཏེ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་བཞིན་ནོ། །འདོད་ཆགས་དང་ཞེ་སྡང་གཉིས་བཞིན་དུ་རང་གི་ངོ་བོ་ཐ་དད་པ་དང༌། ནུས་པ་ཐ་དད་པ་ལས་ཀྱང་དངོས་པོ་རྣམས་ཐ་དད་པར་མཐོང་ལ། སྡུག་བསྔལ་དང་བདེ་བའི་རང་གི་ངོ་བོ་དང་ནུས་པ་ཐ་དད་པ་ཡིན་ཏེ། དེ་ལྟར་ན་བདེ་བླག་ཏུ་རྟོགས་པར་འགྱུར་བས་དེའི་ཕྱིར་རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་དེ་ལ་འདི་དྲི་བར་བྱ་སྟེ་ཞེས་བྱ་བ་རྒྱས་པར་


DTG210_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་སོ། །གལ་ཏེ་གནོད་པའི་བདག་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གཟིར་བའི་བདག་ཉིད་དོ། །གལ་ཏེ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལུས་དང་སེམས་ལ་གནོད་པར་བྱེད་པ་གང་ཡིན་པ་དེ་གནོད་པའི་བདག་ཉིད་ཡིན་ནའོ། །ཕན་པར་བྱེད་པ་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ། གང་ཞིག་ལུས་དང་སེམས་དག་ལ་ཕན་པ་འདོགས་པར་འཇུག་པ་དེ་སྡུག་བསྔལ་ལས་ནུས་པ་ཐ་དད་པའི་ཕྱིར་བདེ་བ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་མི་འདོད་པ་ཡིན་ནོ་ཞེས་བྱ་བ་ནི། དེའི་རང་གི་ངོ་བོ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་རོ། །འདོད་པ་བདེ་བ་ཡིན་ནོ་ཞེས་བྱ་བ་གྲུབ་སྟེ་དེ་ནི་ཡིད་དུ་འོང་བའི་རང་གི་ངོ་བོ་ཅན་ཡིན་པའི་ཕྱིར་འདོད་པ་ཡིན་པས་སྡུག་བསྔལ་དང་བདག་ཉིད་ཐ་དད་པ་ཡིན་པ་དང༌། ཇི་ལྟར་སྡུག་བསྔལ་ཁོ་ན་ཡིན་པར་འགྱུར་རོ། །མི་གནས་པའི་ཕྱིར་འདི་མཚན་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་འདོད་པ་དེ་ཉིད་ཞེས་རྒྱས་པར་སྨྲས་སོ། །འཕགས་པ་རྣམས་ཀྱི་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཕྱིན་ཅི་ལོག་དེ་ཉིད་ལས་གཞན་ནོ། །ཇི་ལྟར་འཕགས་པ་རྣམས་ཀྱིས་དེ་གཟིགས་པ་དེ་བཞིན་ཁོ་ན་དེའི་རང་བཞིན་དུ་རིགས་ཀྱི་གཞན་ནི་ཇི་ལྟ་བ་མ་ཡིན་ནོ། །ཕན་པར་བྱེད་པ་ལ་ནི་འཁྲུལ་པ་མེད་དེ་འཕགས་པ་རྣམས་ལ་ཡང་དེ་ཕན་པར་བྱེད་པའི་ཕྱིར་རོ། །རྣམ་པ་གཞན་གྱིས་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ཡིན་པའོ། །ཇི་ལྟར་བྱས་ནས་ཤེ་ན་འདི་ལ་བག་མེད་པའི་གནས་དང་ཞེས་བྱ་བ་ནི་འདོད་ཆགས་རྒྱས་པའི་ཕྱིར་རོ། །མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ནི་འབད་པ་ཆེན་པོས་བསྒྲུབ་པར་བྱ་པའོ། །རྣམ་པར་འགྱུར་བ་ཅན་ཞེས་བྱ་བ་ནི་རྒྱུན་གཞན་དུ་འགྱུར་བའི་ཕྱིར་རོ། །ཞན་པ་ཉིད་ཀྱིས་དེ་མ་ཐག་ཏུ་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་སྡུག་བསྔལ་ལས་བདེ་བ་སྐྱེ་བར་རིག་པར་བྱའོ་ཞེས་ཟེར་རོ། །མི་རྟག་པར་ཞེས་བྱ་བ་ནི་སྐད་ཅིག་མར་འཇིག་པ་དང་ལྡན་པ་དང་རྒྱུན་ཆད་པའི་ཕྱིར་རོ། །རང་གི་བདག་ཉིད་ཀྱིས་མི་འདོད་པ་ཡིན་པའི་ཕྱིར་ན་སྡུག་བསྔལ་ལྟར་དེ་ལ་སུ་ཡང་འདོད་ཆགས་སྐྱེད་པར་མི་འགྱུར་ཏེ། དེའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བའི་ཆེད་དུ་རྣམ་པ་གཞན་གྱིས་ཀྱང་སྐྱོན་ཅན་དུ་ལྟ་བར་མི་འགྱུར་ཏེ་སྡུག་བསྔལ་བཞིན་ནོ། །དེ་ནི་


DTG210_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་གཉིས་ཉིད་བསྟན་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ལ་དགོངས་ནས་འདི་གསུངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་གསུངས་པ་ཡིན་ནོ། །འདུ་བྱེད་མི་རྟག་པ་ཉིད་ནི་སྔ་ན་ཡོད་ན་ཡོད་པ་མ་ཡིན་པ་རྣམས་རྒྱུ་དང་རྐྱེན་ལ་རག་ལུས་ཏེ་སྐྱེ་བ་ཉིད་དང་སྐད་ཅིག་རེ་རེ་ལ་འཇིག་པ་ཉིད་དོ། །འདུ་བྱེད་རྣམ་པར་འགྱུར་བ་ཉིད་ཅེས་བྱ་བ་ནི་མི་འདྲ་བར་ཡོངས་སུ་འགྱུར་པ་ནི་རྣམ་པར་འགྱུར་བ་ཡིན་ཞིང་གཞན་དུ་འགྱུར་བ་ཞེས་པའི་ཐ་ཚིག་གོ །དེ་ནི་དེ་མ་ཐག་ཏུ་ཚོར་བ་གཞན་སྐྱེ་པ་འམ་གཞན་པའོ། །གལ་ཏེ་ཐམས་ཅད་རང་བཞིན་གྱིས་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ངེས་པར་ཚོར་བ་གསུམ་རྣམ་པར་གཞག་པ་ཡིན་ན། གང་གི་ཕྱིར་གནས་བརྟན་གྱིས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཚོར་བ་གསུམ་གསུངས་ཞེས་དྲིས་པ་དེ་ཡིད་ཚོར་བ་གསུམ་ཞེས་བྱ་བའི་མདོ་འདི་ངེས་པར་དགོངས་པ་ཅན་ནོ་ཞེས་ཤེས་པར་བྱེད་པས། ཚོར་བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་འདི་དགོངས་པ་ཅན་ཏེ་འདི་ཉིད་གནས་བརྟན་གྱིས་དགོངས་པ་ཅན་དུ་ཡོངས་སུ་བསམ་པའི་ཕྱིར་རོ། །རྣམ་པར་འགྱུར་བ་དང་མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང༌། མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཡ་ཏོ་ཏོ་ཧི་སུ་ཁཱ་དྷཱན་དཱ་ཧི་ཏ་སྱ་བཱ་ན་བསྠ་ནཱ་དྱོ་གི་ནཿ་སུ་ཁཱ་དུརྦེ་ག་མཱ་པཱ་དྱེནྟན་ཏུ་དུཿ་ཁ་དུཿ། བཏྨ་ཀ་ཏྭཱ་དེ་བ་ཧི། ཏེ་ཥཱཾ་བྷ་བ་ཏི་དུཿ་ཁཾ་ཧི་ཏཱ་མེ་བ་ཅ་ཡཏྣ་སྙ་དྷྱཾ་ཡ་དྲིཙྪ་ཏཿ། སཻཙྪ་ས་ནི་གྲ་ཧི་ད་བྱ་ཏཱི་བྲ་ཟེར་བ་མུཏྤ་དྱ་ཏི། ཏ་ད་བྷཱ་བཱ་ཡ་བྲ་ཏི་བནྣི་ཙི་ཏཱ་མ་པི་པྲི་ཀྲཥ་ཀཱ་ལ་མ་བ་ཏིཥྛ་ཏེ། སུ་ཥནྟུ་ཤྲ་མ་ཎ་ཏེ་ར་སྱ་ཧི་ཏ་མ་བ་སྠཱ་ནཱ་ཡ་ཙ་ཏ་མ་སི་ན་ཙི་ར་མ་བ་ཏིཥྛ་ཏེ། ཨི་ཏི་སུ་ཏ་ར་བ་རི་ཀྵ་ཀཱཿ་བདེ་བའི་ཚོར་བ་ཉིད་སྡུག་བསྔལ་དུ་མཐོང༌། སྟག་ལུང་རྒྱ་དཔེ་ནནྣཱ་ཟེར། ཨ་ཟེར་བདེ་བའི་ཚོར་སྟག་ལུང་སྭ་ཙྪོ་ཟེར་བ་སྡུག་བསྔལ་དུ་བཟུང་ན་ཅི་ལྟར་ཡིད་ལ་བྱེད་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་ཞེ་ན། འདུ་བྱེད་རྣམ་པར་འགྱུར་བ་སྡུག་བསྔལ་ཉིད་པྲ་པནྣ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ཅི་ལྟར་རྟོགས་པར་བྱ་ཞེ་ན། རང་གི་ངོ་བོའི་སྒོ་ནས་དེ་བདེ་བ་ཞེས་བྱའོ། །གང་གི་ཚེ་ཞེས་བྱ་བ་


DTG210_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་འབྱུང་སྟེ། གལ་ཏེ་བདེ་བའི་ཚོར་བ་རང་གི་ངོ་བོའི་སྒོ་ནས་མི་འགྱུར་ན། དེ་ཡི་སྡུག་བསྔལ་གྱིས་སྡུག་བསྔལ་ཉིད་དོ། །སྡུག་བསྔལ་དུ་བསྟན་པས་ཀྱང་འདུ་བྱེད་རྣམ་པར་འགྱུར་བ་སྡུག་བསྔལ་དག་གོ །དེ་ལ་བདེ་བའི་ཚོར་བ་ནི་རྣམ་གྲངས་ཀྱི་སྡུག་བསྔལ་ཏེ། བདེ་བ་ལ་སོགས་པའི་ཚོར་བ་མདོ་ལས་རྣམ་གྲངས་ཀྱི་སྡུག་བསྔལ་དུ་བཤད་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ། །བདེ་བའི་ཚོར་བ་སྐྱེ་བ་ན་བདེ་བ་དང་གནས་པ་ན་བདེ་བར་འགྱུར་བའི་སྡུག་བསྔལ་ཡིན་ནོ། །དེ་མཐའ་གཅིག་ཏུ་བདེ་བར་མཐོང་ན་ཇི་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་ཞེ་ན་བྱིས་པ་རྣམས་ལྟ་བ་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཉོན་མོངས་པའི་མེ་ཐམས་ཅད་ཀྱིས་ཡོངས་སུ་གདུངས་པའི་ཟག་པ་དང་བཅས་བའི་འདུ་བྱེད་རྣམས་ཞི་བ་ལས་ཡོན་ཏན་དུ་མཐོང་སྟེ། དེ་ལྟར་ན་སྡུག་བསྔལ་ལ་བདེ་བའི་འདུ་ཤེས་ནི་ཕྱིན་ཅི་ལོག་ཏུ་རིགས་སོ། །གལ་ཏེ་བདག་རྟག་པར་འདུ་ཤེས་པ་བཞིན་གཅིག་ཏུ་སྡུག་བསྔལ་བའི་འདུ་བྱེད་རྣམས་ལ་བདེ་བར་འདུ་ཤེས་སོ་ཞེ་ན་མ་ཡིན་ཏེ་གཟུགས་ལ་སོགས་པ་གཅིག་ཏུ་སྡུག་བསྔལ་བ་བཀག་པའི་ཕྱིར་རོ། །ཡོན་ཏན་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བ་ནི། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་གསུངས་པས་ནི་ཉོན་མོངས་པ་ཉིད་དུ་འགྱུར་གྱི་འདོད་ཆགས་དང་བྲལ་བ་མ་ཡིན་པས་ཡོན་ཏན་ཅི་ཞིག་ཐོབ་པར་འགྱུར་ཞེས་བྱ་བའོ། །གལ་ཏེ་འཇིག་རྟེན་དང་མཐུན་པར་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི། འཇིག་རྟེན་གྱིས་ཚོར་བ་གསུམ་རྟོགས་པ་མ་ཡིན་པས། དེས་ན་འཇིག་རྟེན་དང་མཐུན་པར་ཚོར་བ་གསུམ་མོ་ཞེས་གསུངས་པར་རུང་ངོ་ཞེ་ན་མ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཉིད་ནི་དགོངས་ནས་གསུངས་སོ་ཞེས་བཀའ་སྩལ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་བ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་དེས་འདུ་བྱེད་མི་རྟག་པ་ཉིད་དང་རྣམ་པར་འགྱུར་བ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་བྱ་བའོ། །དེའི་ཕྱིར་རང་བཞིན་ཁོ་ནས་ཚོར་བ་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་ཚོར་བ་གསུམ་དོན་དམ་པ་ཁོ་ནར་ཡོད་ཀྱི་འཇིག་རྟེན་དང་མཐུན་པར་མ་ཡིན་ནོ། །བདེ་བའི་ཚོར་བ་མྱོང་བ་ན་བདེ་བའི་ཚོར་བར་རིག་པར་


DTG210_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་གསུངས་སོ། །དེ་བཞིན་དུ་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཡང་ངོ༌། །དེ་བཞིན་དུ་བདེ་བའི་དབང་པོ་གང་ཡིན་པ་ཞེས་རྒྱས་པར་འབྱུང་སྟེ། འདི་ཇི་སྲིད་རྒྱུན་ཏུ་ཞུགས་པ་ཞེས་བྱ་བའི་བར་དུ་བརྗོད་དོ། །གལ་ཏེ་བདེ་བའི་ཚོར་བ་ཙམ་ཁོ་ན་ཞིག་ཡིན་ནི་སྡུག་བསྔལ་ལོ་བདེ་བར་མཐོང་བ་ཡང་དག་པ་ཇི་ལྟ་བ་ཡིན་པར་ཇི་ལྟར་རིགས། འཇིག་རྟེན་ཡང་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་ལ་གསུམ་དུ་རྟོག་པར་འགྱུར་ཞེས་བྱ་བ་ནི། གལ་ཏེ་ཚོར་བ་རྣམ་པ་གསུམ་མ་ཡིན་ནོ་སྙམ་དུ་བསམས་པའོ། །གལ་ཏེ་ཆུང་དུ་དང་ཆེན་པོ་དང་འབྲིང་པོ་དག་ལ་ཞེས་བྱ་བརྒྱས་པར་འབྱུང་སྟེ་སྡུག་བསྔལ་ཆུང་ངུ་ལ་ནི་བདེ་བའི་བློའོ། །ཆེན་པོ་ལ་ནི་སྡུག་བསྔལ་གྱི་བློའོ། །འབྲིང་པོ་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བློའོ། །འདི་མི་རིགས་ཏེ་སྡུག་བསྔལ་ཆུང་ངུ་ལ་བདེ་བ་ཆེན་པོའི་བློ་འབྱུང་ཞིང༌། ཆེན་པོ་ལ་བདེ་བ་ཆུང་དུའི་བློར་འགྱུར་བ་དེ་ལྟར་ན། དེའི་ཆེན་པོ་ཉིད་དང་ཆུང་དུ་ཉིད་ཀྱང་ཉམས་པར་འགྱུར་རོ། །དེའི་ཕྱིར་ཆུང་དུ་ལ་སོགས་པའི་རིགས་གཞན་དམིགས་པར་རིགས་ཏེ། རིགས་སོ་སོར་རྣམ་པ་གསུམ་ཡིན་པའི་ཕྱིར་རོ། །བསོད་ནམས་མ་ཡིན་པའི་ཡང་འབྲས་བུ་ཡིད་དུ་འོང་བ་ཉིད་དུ་ཐལ་བར་འགྱུར་ཏེ། བསོད་ནམས་མ་ཡིན་པ་ཡང་ཆུང་དུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འདོད་དོ། །བསོད་ནམས་མ་ཡིན་པ་ཆུང་ངུ་ནི་སྡུག་བསྔལ་གྱི་ཚོར་བའི་འབྲས་བུ་ཆུང་བ་ཉིད་དུ་རིགས་སོ། །དེ་ཡང་བདེ་བས་མངོན་པར་འདོད་པ་སྟེ། ཇི་ལྟ་ཇི་ལྟར་སྡུག་བསྔལ་ཆུང་བ་ཉིད་དེ་ལྟ་དེ་ལྟར་བདེ་བ་ཆེ་བ་ཉིད་དོ། །དེ་བཞིན་དུ་བསོད་ནམས་མ་ཡིན་པ་ཆུང་དུའི་ཆུང་དུ་ལས་ནི་བདེ་བའི་འབྲས་བུ་ཉིད་ཆེ་བ་ཉིད་དེ། དགེ་བའི་ཕྱིར་འབད་པ་རྩོམ་པ་མེད་དོ། །བསོད་ནམས་ཆེན་པོའི་ཆེན་པོ་ནི་བསོད་ནམས་མ་ཡིན་པ་ཆུང་དུའི་ཆུང་ངུ་སྟེ་སྡུག་བསྔལ་གྱི་ཚོར་བའི་འབྲས་བུ་ཡང་ཆུང་དུའི་ཆུང་དུ་ཡིན་ནོ། །འདི་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་ལ་ཁྱད་པར་མེད་པར་དགོངས་ཏེ་གསུངས་པའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་མཇུག་ཐོགས་སུ་བདེ་བ་སོ་སོར་མྱོང་བའི་ཕྱིར་སྡུག་


DTG210_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མཐོང་བས་གང་གི་ཚེ་དྲི་དང་རོ་དང་རེག་བྱའི་ཁྱད་པར་ལས་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བ་འབྲིང་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ལ། གང་གི་ཚེ་དེའི་མཇུག་ཐོགས་སུ་དྲི་ལ་སོགས་པའི་ཁྱད་པར་ལས་སྐྱེས་པའི་བདེ་བ་སྐྱེ་བ་དེའི་ཚེ་ནི་ཆུང་བ་ཡིན་པའི་ཕྱིར་གང་ལ་བདེ་བའི་བློར་འགྱུར་གྱི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །མ་སྐྱེས་པ་དང་འགགས་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་སྡུག་བསྔལ་ཆུང་དུ་ལ་བདེ་བའི་བློར་འགྱུར་ན་ནི། མ་སྐྱེས་པ་དང་འགག་པའི་ཚེ་སྡུག་བསྔལ་ཆུང་ངུ་ལ་བདེ་བ་ཡང་མ་ཡིན་པའི་གནས་སྐབས་སུ་སྐྱེས་ལ་བདེ་བའི་བློར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་མ་ལུས་པ་དང་བྲལ་བའི་ཕྱིར་ཏེ་ཞེས་སྨོས་སོ། །གང་ལ་བདེ་བའི་བློ་ཆུང་བ་དེ་ལ་སྡུག་བསྔལ་མ་ལུས་པ་དང་ཆེས་ཤིན་ཏུ་བྲལ་བའི་ཕྱིར་བདེ་བར་ཐལ་བར་འགྱུར་རོ། །འདོད་པའི་བདེ་བ་མངོན་སུམ་དུ་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ལ། གལ་ཏེ་འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་ལ་འདོད་པའི་བདེ་བའི་བློར་འགྱུར་བས་འདོད་ཆགས་ཀྱི་སྡུག་བསྔལ་དེ་མ་སྐྱེས་པ་དང་འགག་པའི་ཚེ་ཡང་ཆེས་ཤིན་ཏུ་འདོད་པའི་བདེ་བ་མངོན་དུ་འགྱུར་བ་ཞེས་གང་ཁོ་ན་ཚོར་བ་ཆུང་བ་དེ་ཉིད་ཆེས་གསལ་བར་སྐྱེས་པ་མེད་དོ། །གསལ་བ་ཉིད་དང་ཆུང་བ་ཉིད་དག་ལྷན་ཅིག་གནས་པ་མ་ཡིན་ནོ། །བསམ་གཏན་གསུམ་པ་ན་བདེ་བ་ཡོད་དོ་ཞེས་རྒྱས་པར་འབྱུང་བ་ནི་བསམ་གཏན་གསུམ་ན་སྡུག་བསྔལ་གྱི་ཚོར་བ་ཆུང་དུ་དང་བསམ་གཏན་བཞི་པ་ལ་སོགས་པ་ན་སྡུག་བསྔལ་འབྲིང་པོ་ཡོད་དོ་ཞེས་ཤེས་པར་བྱས་ནས་སུ་ཞིག་དེ་ཐོབ་པར་བྱ་བའི་ཕྱིར་འོག་མའི་བསམ་གཏན་ལས་འདོད་ཆགས་དང་བྲལ་བ་ལ་འབད་པ་བྱེད་པར་འགྱུར། གལ་ཏེ་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་བདེ་བ་མེད་ན། དེ་ལྟ་ན་ནི་འོ་ན་སྡུག་བསྔལ་གྱི་རྒྱུ་རྣམས་ཀྱང་རྣམ་པར་མི་གནས་པས་སྡུག་བསྔལ་ཡང་མེད་པར་འགྱུར་རོ། །ཡུལ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཙམ་ལས་བདེ་བ་དང་སྡུག་བསྔལ་སྐྱེ་བར་ནི་ཁས་མི་ལེན་ནོ། །སྐད་ཅིག་མ་དང་པོ་ཁོ་ནར་བདེ་བ་དང་སྡུག་


DTG210_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཆེན་པོ་སྐྱེ་བར་ཐལ་བའི་ཕྱིར་རོ། །གང་ཁོ་ན་ཡུལ་གྱི་རྐྱེན་གྱིས་མཐར་སྡུག་བསྔལ་ཆེན་པ་སྐྱེ་བ་དེ་ཉིད་ཀྱི་ཐོག་མར་ཡང་སྟེ། ཡུལ་ཉེ་བའི་ཕྱིར་བར་མ་ཆད་དུ་སྡུག་བསྔལ་ཆེན་པོ་སྐྱེ་ལ་ཡང་མཐར་མི་སྐྱེའོ། །ཡུལ་གྱི་ཁྱད་པར་ལས་ཡིན་པ་དེའི་ཕྱིར་ལུས་ཡོངས་སུ་འགྱུར་བའི་ཁྱད་པར་ལ་བལྟོས་པའི་ཡུལ་ཉིད་བདེ་བ་འམ་སྡུག་བསྔལ་གྱི་རྒྱུར་འགྱུར་གྱི་ཡུལ་འབའ་ཞིག་ནི་མ་ཡིན་ནོ། །འདི་ལྟར་དྲོ་བའི་གནས་སྐབས་རེག་པ་རྟེན་གྱི་འབྱུང་བའི་གནས་སྐབས་གང་དང་ཕྲད་ན་བདེ་བའི་རྒྱུ་ཡིན་པ་ནི་དེ་ཉིད་དང་ཕྲད་ན་ཡང་རྒྱུ་མ་ཡིན་པ་མ་ཡིན་ཏེ། གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་རྒྱུ་གཞན་ལ་བལྟོས་བའི་ཡུལ་བདེ་བ་དང་སྡུག་བསྔལ་གྱི་རྒྱུར་རྣམ་པར་གནས་པ་ལ་ཡང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དག་གི་མཐར་སྡུག་བསྔལ་ཆེན་པོ་བསྐྱེད་པས། དེ་ན་བདེ་བའི་ཚོར་བ་མེད་པ་མ་ཡིན་ནོ། །གལ་ཏེ་མཐར་སྡུག་བསྔལ་ཆེན་པོ་བསྐྱེད་དོ་ཞེས་ཅིའི་ཕྱིར་རྟོགས་ནུས་ཤེ་ན། སྤྱོད་ལམ་ལ་སོགས་པ་གོམས་པ་དང་དལ་བའི་རྣམ་པ་དག་ལ་ཡང་འབྱུང་བ་གཞན་བསྐྱེད་པའི་རྒྱུ་གཞན་ཉིད་ཀྱི་ཕྱིར་མཐར་བདེ་བ་ཆེན་པོ་བསྐྱེད་དོ། །བསམ་གཏན་དག་ན་ཡོད་པའི་རྒྱུ་ཅི་ལྟར་རྣམ་པར་མི་གནས་པ་ཡིན་ཞེས་བྱ་བ་ལ། གཞན་དག་ན་རེ། ཤིན་ཏུ་སྦྱངས་པ་དང་བཅས་པའི་སེམས་ནི་བདེ་བའི་རྒྱུར་རྣམ་པར་གནས་པ་ཡིན་པས། དེར་དུས་རིང་པོར་སྙོམས་པར་ཞུགས་པ་རྣམས་ལ་ཕྱིས་སྡུག་བསྔལ་གྱི་བློར་འགྱུར་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གང་ཡང་མཐར་སྡུག་བསྔལ་མངོན་པར་འཕེལ་ལོ་སྙམ་ན། ཐོག་མར་ཡང་སྡུག་བསྔལ་བ་རྩོམ་བླ། མཱནྡྱཏྟུ། ཉེ་བར་མི་དམིགས་སོ་ཞེས་སོ། །བསམ་གཏན་རྣམས་ལ་བརྟེན་པ་ན་ཐོག་མ་དང་མཐར་ཡང་སྡུག་བསྔལ་བར་འབྲེལ་པ་མེད། དེ་ཉིད་དུ་སྡུག་བསྔལ་རྩོམ་པ་མེད་པས་བསམ་གཏན་རྣམས་སུ་བདེ་བ་ཡོད་དོ་ཞེས་གྲུབ་པོ། ཇི་སྲིད་འདི་དེ་འདྲ་བའི་ལུས་ཀྱི་སྟག་ལུང་དཔེར་ལྡན་ནཱུ་ཟེར་རོ། །གནས་སྐབས་མི་སྣང་ན་འགའ་ཞིག་བདེ་བ་སྐྱེད་པ་དང་རྗེས་སུ་མཐུན། དེ་ལྟ་མ་ཡིན་ན་ཕྱིས་བདེ་པའི་བློ་ཇེ་མང་དུ་ཞེས་བྱ་བ་ནི། གལ་ཏེ་ཚོར་བ་འདི་ཁུར་སྤོས་པ་ཙམ་ལ་


DTG210_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཡིན་ན་ནི། སྤོས་ནས་ཡུན་རིང་དུ་ལོན་པའི་ཕྱིར་བདེ་བའི་བློ་མང་དུ་སྐྱེ་བར་འགྱུར་རོ། །ངལ་བའི་སྤྱོད་ལམ་གྱི་རྣམ་པ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་དེར་གནས་སྐབས་གཞན་ལས་སྐྱེས་པའི་བདེ་བ་ཁོ་ན་སྐྱེའོ་ཞེས་རྒྱས་པར་བྱའོ། །མངར་བཞི་མཇུག་ཏུ་སྐྱུར་པོར་འགྱུར་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཆང་དང་འོ་མ་དང་བུར་ཤིང་གི་ཁུ་བ་རྣམས་མངར་བའི་གནས་སྐབས་ལས་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྔར་ཡོད་པ་མ་ཡིན་པའི་རོར་འགྱུར་བ་དེ་བཞིན་དུ་བདེ་བའི་ཚོར་བའི་གནས་སྐབས་སམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བའི་གནས་སྐབས་ལས་ལུས་ཀྱི་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྔར་ཡོད་པ་མ་ཡིན་པའི་སྡུག་བསྔལ་སྐྱེའོ། །ཀུན་འབྱུང་གི་བདེན་པ་གང་ཡིན་པ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་བདེ་བ་ཁོ་ན་ཡིན་པའོ། །ཡང་གཉི་ག་ཉེ་བར་ལེན་པའི་ཕུང་པོའི་རང་བཞིན་ཡིན་པའི་ཕྱིར་དང༌། སྡུག་བསྔལ་དང་ཀུན་འབྱུང་དག་རྒྱུ་དང་འབྲས་བུར་གྱུར་བའི་ཕྱིར་མིང་གི་སྒོ་ནས་ཐ་དད་ཀྱི་རྫས་སུ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡང་མ་ཡིན་ནོ། །འདི་ནི་མདོ་ལས་ཐལ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་ལས་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ་ཞེས་གཞན་དུ་བཤད་པའི་ཕྱིར་རོ། །གཞན་ལས་གཞན་ཡང་ཡིན་པར་གསུངས་པའི་ཕྱིར་ཏེ། མདོ་གཞན་ལས་ལས་ལ་སོགས་པ་གཞན་ཡང་གསུངས་པའི་ཕྱིར་ཏེ། ལས་དང་སྲེད་པ་དང་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཕྱི་མའི་ཚེ་ན་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏུ་འོ། །ཡང་ས་བོན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟར་དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་མ་གྲུགས་མ་སྨས་མ་རུལ་རླུང་དང་ཉི་མས་མ་ཉམས་ཤིང་གྲུང་པོ་ལེགས་པར་གནས་ལ། སའི་ཁམས་དང་ཆུའི་ཁམས་ཀྱང་ཡོད་ན། དེ་ལྟ་ན་ས་བོན་དེ་དག་འབྲེལ་ཞིང་རྒྱས་པ་དང་མཆེད་པར་འགྱུར་རོ། །དགེ་སློང་དག་དེ་ལྟ་ན་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་


DTG210_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་འདི་བསྟན་པ་ཡིན་ཏེ། འདིར་དོན་འདི་ཡིན་པར་བལྟ་བར་བྱའོ། །དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ལ་ས་བོན་ནི་རྒྱུ་ཡིན་ནོ། །རྒྱུ་གང་ཡིན་པ་དེ་ཀུན་འབྱུང་ཡིན་ནོ། །དེ་ལྟ་ན་དེའི་ཚེ་རྣམ་པར་ཤེས་པ་ཀུན་འབྱུང་བ་ཉིད་དུ་བསྟན་པ། རྣམ་པར་ཤེས་པ་གནས་པ་དག་ཀྱང་རྟེན་གྱི་རྒྱུར་བསྟན་པས་གཟུག་ས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དག་ཀྱང་ཀུན་འབྱུང་བ་ཉིད་དུ་གསུངས་སོ། །ཚིགས་སུ་བཅད་པ་ལ། ལས་ལ་སོགས་པ་རྣམས་ཀྱང་རྒྱུར་གསུངས་པས་ཀུན་འབྱུང་བ་ཉིད་དུ་གྲུབ་བོ། །དེའི་ཕྱིར་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ཏེ། སྲེད་པ་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འདུལ་བའི་ཁྱད་པར་ལ་བལྟོས་པའི་ཕྱིར་སྲེད་པ་ལྷག་པའི་གང་ཟག་གི་དབང་དུ་མཛད་ནས་བསྟན་པ་ཡིན་ནོ། །ཆོས་མངོན་པ་ལས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཀུན་འབྱུང་བ་ཡིན་ནོ་ཞེས་བསྟན་པ་ནི་མཚན་ཉིད་པ་ཡིན་ནོ། །ད་ནི་བྱེ་བྲག་ཏུ་སྨྲ་བས་མདོ་ལས་བསྟན་པ་དགོངས་པ་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར་གཞན་ཡང་མངོན་པར་འགྲུབ་པའི་རྒྱུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མངོན་པར་འགྲུབ་པའི་རྒྱུ་ནི་བདག་ཉིད་རྙེད་པ་ཙམ་གྱི་རྒྱུ་སྟེ། འདི་ལྟར་སྲེད་པ་ནི་བདག་ཉིད་རྙེད་པ་ཐམས་ཅད་ལ་ཁྱད་པར་མེད་པར་རྐྱེན་ཡིན་ནོ། །སྐྱེ་བ་དང་མངོན་པར་འགྲུབ་པའི་རྒྱུ་དང་བཅས་པར་ཞེས་བྱ་བ་ལ་འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་བདག་ཉིད་རྙེད་པ་ནི་སྐྱེ་བ་ཡིན་ལ་དེར་སྐྱེ་བའི་རྒྱུ་ནི་ལས་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པའོ། །ཡང་ཚིགས་སུ་བཅད་པ་ལས། སྐྱེ་བའི་རྒྱུ་ལས་ཡིན་པ་དང༌། །མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་པར་བཤད་དོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་མདོ་ལས་ལས་ནི་སྐྱེ་བོའི་རྒྱུ་ཡིན་ལ་སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ན་མདོ་ལས་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་ཞེས་འབྱུང་བའི་རིམ་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། ཡང་ན་ཚིགས་སུ་བཅད་པ་ལས་རྒྱུའི་བརྒྱུད་པའི་རིམ་པ་འདིས་ལས་དང་སྲེད་པ་དང་མ་རིག་པ་ཕྱི་མའི་ཚ་ལ་འདུ་བྱེད་མིག་ལ་སོགས་པ་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་


DTG210_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལས་རིམ་པ་ཇི་ལྟར་འབྱུང་ཞེ་ན། དགེ་སློང་དག་མིག་གི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། གཞི་ནི་གང་ཡིན། དགེ་སློང་དག་མིག་གི་རྒྱུ་ནི་ལས་ཡིན་ནོ། །རྐྱེན་ནི་ལས་ཡིན་ནོ། །གཞི་ནི་ལས་ཡིན་ནོ་ཞེས་འབྱུང་སྟེ། ལས་ཀྱི་རྒྱུ་སྲེད་པ་ཡིན་པ་དང༌། སྲེད་པའི་རྒྱུ་མ་རིག་པ་དང༌། མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པ་ཡང་དེ་དང་འདྲའོ། །རྣམ་པར་ཤེས་པ་ལ་སོགས་པ་དག་ཀྱང་གསུངས་སོ་ཞེས་བྱ་བ་ནི་ཀུན་འབྱུང་བ་དག་ཏུ་སྟེ། ལས་ལ་སོགས་པ་འབའ་ཞིག་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་སྲིད་པ་ལ་སོགས་རྣམས་ཀྱང་ཀུན་འབྱུང་བ་ཉིད་དུ་བསྒྲུབས་པ་དགོངས་པ་ཅན་ཏེ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ཀུན་འབྱུང་བ་མཚན་ཉིད་པའི་ངོ་བོའོ། །སྐྱེ་གནས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་བུད་མེད་དང་སྐྱེས་པ་ལ་སོགས་པའི་བྱེ་བྲག་བཟུང་ངོ༌། །འདིར་ནི་ལས་དང་སྲེད་པ་སྲིད་པར་ཉིང་མཚམས་སྦྱོར་བ་ལ་བྱེ་བྲག་དང་ཐུན་མོང་གི་རྐྱེན་ཉིད་ཡིན་པར་བསྟན་ཏོ། །སྲེད་པ་དང་བྲལ་བ་དང་སྐྱེ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྲིད་པ་དང་བྲལ་བ་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ཡོད་ན་ཡོད་ལ། དེ་མེད་ན་མེད་པ་སྲིད་པ་ནི་སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །དེ་ཉིད་རབ་ཏུ་དབྱེ་བར་བྱ་བའི་ཕྱིར་གཉི་ག་འཆི་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གཟུགས་ལ་སོགས་པའི་ཡུལ་གང་ལ་སྲེད་པ་དང་ལྷན་ཅིག་ཡིན་པས་སྲིད་པ་དང་བཅས་པ་དེར་སེམས་ཀྱི་རྒྱུན་ཡང་དང་ཡང་དུ་གཞོལ་ཞིང་འཇུག་པར་མཐོང་ངོ༌། །ཡང་སྲིད་པ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་ཤེས་སོ་ཞེས་བྱ་བ་ནི་འཆི་བ་ན་ཡང་སྲེད་པའི་ཕུང་པོ་དག་ལ་སྲེད་པའི་སྟོབས་ཀྱི་ཡང་སྲིད་པར་ཡང་དེའི་སེམས་ཀྱི་རྒྱུན་འཇུག་གོ་ཞེས་བྱ་བར་ངེས་སོ། །དེ་ལྟར་ན་གང་གིས་ཀྱང་ལུས་ཀུན་ཏུ་མ་བཟུང་སྟེ། ཞེས་བྱ་བ་འདི་ནི་ལུས་སྲེད་པའི་དབང་དུ་གྱུར་པ་ཉིད་དུ་སྟོན་ཏོ། །རྒྱུ་གཞན་ནི་ཞེས་བྱ་བ་འདིས་ནི་ལུས་ལ་སྲེད་པ་རྟག་ཏུ་རྗེས་སུ་འབྲེལ་པར་སྟོན་པའོ། །གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་རྒྱས་པར་འབྱུང་སྟེ། འདིར་བཅོམ་པ་ནི་ཅི་རིགས་


DTG210_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པ་གཉིས་སུ་དབྱེ་སྟེ། ཆ་ཤས་དང་རྣམ་པར་དབྱེ་བའོ། །བློ་ཆོས་གཞན་བསལ་ན་དེར་གང་ལ་གཟུགས་བཅོམ་པས་ཆ་ཤས་བཅོམ་པ་སྟེ་སྔར་གྱི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ་དཔེར་ན་བུམ་པ་བཞིན་ནོ། །ཁ་ཅིག་ཏུ་ཚོགས་པ་ལ་ཚོགས་པ་ལས་གཞན་དུ་བཅོམ་ན་སྔ་མའི་བློ་ཉིད་དུ་འཇུག་པ་ནི་དཔེར་ན་ཆུ་ལྟ་བུའོ། །དེ་ལ་བློས་ཆོས་གཞན་དང་མཐུན་པ་གཟུགས་དང་དྲི་དང་རེག་བྱ་དག་བསལ་ཏེ་འདི་ཆུའོ་སྙམ་དུ་ཆུའི་བློ་མི་འཇུག་པ་དེའི་ཕྱིར་རྣམ་པར་མ་བྱེ་བ་ན་གྱོ་མོའི་གཟུགས་ལ་སོགས་པ་རྣམས་ཉིད་ལ་བུམ་པ་དང་ཆུའི་འདུ་ཤེས་སུ་བྱེད་དེ། ཀུན་རྫོབ་ཏུ་ཡོད་པ་དེ་ནི་བུམ་པ་དང་ཆུ་ལྟ་བུའོ། །ཀུན་རྫོབ་རྣམ་པ་གཉིས་ཏེ་དབྱིབས་ཀྱི་ཀུན་རྫོབ་ནི་བུམ་པ་ལ་སོགས་པ་རྣམས་སོ། །ཚོགས་པའི་ཀུན་རྫོབ་ནི་ཆུ་ལ་སོགས་པ་རྣམས་སོ། །དེའི་ཕྱིར་གཞན་དག་ན་རེ་གཉིས་ཀ་གཟུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ། ཀུན་རྫོབ་རྣམ་པ་གཉིས་ཏེ། ཀུན་རྫོབ་གཞན་ལ་བརྟེན་པ་ནི་བུམ་པ་ལྟ་བུའོ། །རྫས་གཞན་ལ་བརྟེན་པ་རྟག་པའི་སྒོ་ནས་ཏེ་རྣམ་པ་གཉིས་ཉེ་བར་བཀོད་དོ་ཞེས་ཟེར་རོ། །ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཆ་ཤས་མེད་པའི་ཕྱིར་དེ་དག་ལ་ཆ་ཤས་ཐ་དད་པ་མེད་པའོ། །བློས་སྐད་ཅིག་མར་ཕྱེ་བ་ན་འདུ་ཤེས་ལ་སོགས་པའི་ཆོས་གཞན་བསལ་ཡང་ཚོར་བ་ལ་སོགས་པའི་རང་བཞིན་གྱི་བློ་འཇུག་པས་ན། འདི་དོན་དམ་པའི་བདེན་བ་རྟག་པ་སྟེ་དེ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་གང་དུ་མ་ཉེ་བར་བླངས་ཏེ་བཏགས་པ་དེ་ནི་ཀུན་རྫོབ་པའོ། །གང་གཅིག་ཉིད་ཡིན་པ་དེ་ནི་དོན་དམ་པའོ། །གང་དུ་མིང་ལ་སོགས་པ་རྣམ་པར་དཔྱད་ན་མི་དམིགས་པ་དེ་ཀུན་རྫོབ་པོ། །གང་དུ་དམིགས་པ་དེ་དོན་དམ་པའོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ་གང་ཅི་ཀུན་རྫོབ་ཀྱི་བདག་ཉིད་ཀྱི་དོན་དམ་པ་ཀུན་རྫོབ་ཏུ་ཡོད་དམ་མེད། གལ་ཏེ་ཡོད་ན་བདེན་པ་གཅིག་ཉིད་དུ་འགྱུར་རོ། །ཅི་སྟེ་མེད་ན་ཡང་བདེན་པ་གཅིག་ཉིད་དུ་འགྱུར་རོ། །ཡོད་པ་ཞེས་བྱ་བར་ཉེ་བར་འགྲོའོ་ཞེས་ཟེར་རོ། །དེ་སྐད་སྨྲ་བ་ལ་གནས་བརྟན་དབྱིག་བཤེས་ན་རེ། ཕྱིན་ཅི་མ་


DTG210_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་དོན་རྟོགས་པར་བྱེད་པའི་མིག་ནི་ཀུན་རྫོབ་ཀྱི་ནུས་པའོ། །དོན་དམ་པའི་བདེན་པ་ཞེས་བྱ་བ་ནི་རབ་ཏུ་བསྒྲུབས་པའི་མིང་རྫས་ཀྱི་སྒོ་ནས་ཡོད་པ་ཉིད་དོ། །བདེན་པ་གཅིག་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན་དེ་ལྟ་བུ་ཉིད་དོ། །དོན་དམ་པ་སྟོང་པ་བདེན་པར་འགྱུར་བར་འོས་པ་མ་ཡིན་ནོ། །འོ་ན་ཅི་ལྟར་བདེན་པ་ཉིད་རྣམ་པར་གཞག་པར་འགྱུར། དོན་དམ་པའི་ཁྱད་པར་གང་ཡང་རུང་བ་ཀུན་རྫོབ་ཉིད་དུ་ཉེ་བར་བཀོད་པ་དེའི་ལས་ལ་སོགས་པ་དག་གི་དངོས་པོའི་ཐ་སྙད་ཀྱི་བདག་ཉིད་ལས་ཀུན་རྫོབ་དང་དོན་དམ་པ་ཡོད་ཀྱི། དོན་དམ་པ་ཀུན་རྫོབ་ནི་མ་ཡིན་ནོ། །མིང་མ་གཏོགས་པ་གལ་ཏེ་རྫས་གཞན་ཁོ་ན་ཡིན་པ་དེ་ལྟ་ན་འོ་ན་བུམ་པ་དང་སྣམ་བུ་ལ་སོགས་པ་བདེན་པ་གཉིས་ཀྱི་ནང་དུ་འདུས་པ་མི་སྲིད་པའི་ཕྱིར་དེ་དག་ལ་འཇིག་རྟེན་གྱི་ཐ་སྙད་རིག་པ་མ་ཡིན་ནོ། །རྣམ་པར་གཞག་པ་ཐ་དད་པའི་འབྲས་བུ་དེ་དག་ཉེ་བར་ལེན་པའི་བདག་ཉིད་མ་ཡིན་ལ། རང་ཉེ་བར་ལེན་པ་རྣམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རྣམ་པ་ཐ་དད་པ་ཡོད་པ་མ་ཡིན་ཞིང་དེའི་དབྱེ་བ་ལས་ཀྱང་མ་ཡིན་ནོ། །རྫས་ཀྱི་སྒོ་ནས་དེའི་དབྱེ་བ་ཡོད་པ་མ་ཡིན་པས་བུམ་པ་ལ་སོགས་པའི་བློ་མེད་པའི་ཕྱིར་དཔེར་ན་ཀུན་རྫོབ་དང་ཀུན་རྫོབ་ཀྱི་བདག་ཉིད་འཁྲུལ་པ་མེད་པས་བདེན་པ་སྐྱེའོ། །ཡང་རྫས་ཀྱི་སྒོ་ནས་ཡོད་པ་མ་ཡིན་པའི་ཕྱིར་དོན་དམ་པའི་རྫས་དེ་ཡང་རྫས་ཀྱི་བདག་ཉིད་དུ་འཁྲུལ་པ་མེད་པས་དེའི་ཕྱིར་བདེན་པ་གཅིག་ཉིད་དུ་ཐལ་བ་མེད་དོ། །གང་བཤད་པའི་དོན་དམ་པ་དེ་ཉིད་ཡོད་པའི་དོན་ཏེ། བྱེ་བྲག་ཁ་ཅིག་ཀུན་རྫོབ་ཀྱི་བདེན་པ་དང་ཁ་ཅིག་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །དོན་བསྡུས་ཏེ་ངེས་པར་མ་བཟུང་བ་འཛིན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞིང༌། དོན་ངེས་པར་གཟུང་བའི་རྣམ་པའི་སྒོ་ནས་སམ་རྫས་ཀྱི་སྒོ་ནས་འཛིན་པ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། དཔེར་ན་ཟག་པ་དང་བཅས་པའི་དངོས་པོའི་འབྲས་བུའི་སྒོ་ནས་འཛིན་པ་ནི་སྡུག་བསྔལ་གྱི་བདེན་པ་དང༌། རྒྱུའི་སྒོ་ནས་འཛིན་པ་ནི་ཀུན་འབྱུང་གི་བདེན་པ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་སྦྱར་བར་བྱ་བ་མ་ཡིན་ཏེ་ཡོད་པ་ནི་ཟག་པ་དང་བཅས་པའི་དངོས་པོ་


DTG210_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུའི་ངོ་བོའོ། །འབྲས་བུའི་ངོ་བོ་ཡང་གཟུགས་ལ་སོགས་པ་རྣམས་ཏེ་བུམ་པ་དང་སྣམ་བུ་ལ་སོགས་པའི་རྣམ་པ་ཡོད་པའོ། །གང་གི་ཕྱིར་གཟུགས་ལ་སོགས་གནས་པ་རྣམས་བསྡུས་ཏེ་གཟུང་བར་གྱུར་བ་དེ་ཡོད་པ་ཉིད་ཀྱི་གྲངས་སུ་བགྲང་བའི་ཕྱིར་ཡན་ལག་དང་ཡན་ལག་ཅན་གཅིག་པ་ཉིད་དུ་སྨྲ་བར་འགྱུར་རོ་ཞེས་པའོ། །བདེན་པ་རྣམས་མཐོང་བར་འདོད་པས་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་རྣམས་མང་པོའི་ཚིག་གིས་བསྟན་པའི་ཕྱིར་དང༌། ཉོན་མོངས་པ་སྤང་བའི་དབང་དུ་མཛད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདེན་པ་གཞན་ལས་ཁྱད་པར་དུ་བྱ་བའི་ཕྱིར་འདིར་འཕགས་པའི་སྒྲ་སྨོས་པའོ། །ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱི་བདེན་པ་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། དེ་རྟོག་པ་ལས་འཕགས་པ་ཉིད་ནི་མ་ཡིན་ཏེ་རང་གི་ཡུལ་ཤེས་པས་ངེས་པ་ལ་འཇུག་པ་མི་སྲིད་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱི་དགེ་བ་ཡང་ཡིན་པ་རྟོགས་པ་ལས་ནི་འཕགས་པ་ཉིད་དོ། །དེ་འཕགས་པ་རྣམས་ཡང་དག་པར་བཞེད་ཅིང་བདེན་པས་སོ། །དེ་ཡང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བཞི་པོ་རྣམ་པ་ཉིད་དོ། །དང་པོ་ཁོ་ན་ར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་ནས་ཆོས་ཉིད་བསྒོམ་པར་བྱ་སྟེ་ཞེས་གསུངས་པའོ། །དེས་ན་དང་པོ་ཁོ་ནར་ཚུལ་ཁྲིམས་ལ་ཤིན་ཏུ་གུས་པར་བྱ་སྟེ་བསྒོམ་པར་བྱ་འོ། །ཚུལ་ཁྲིམས་ཀྱང་འདིར་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་མངོན་པར་འདོད་ཀྱི་བསམ་གཏན་དང་ཟག་པ་མེད་པའི་བདག་ཉིད་ནི་མ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ནི་མི་གཡོ་བའི་རྒྱུ་དང་རྣམ་པར་མི་གཡེང་བའི་རྒྱུའོ། །ཐོས་པ་ནི་མི་རྨོངས་པའི་རྒྱུའོ། །བསམ་པ་ནི་གཏན་ལ་ཕེབས་པའི་རྒྱུའོ། །མི་གཡོ་ཡང་བསྒོམ་པས་རྣམ་པར་འཇོམས་པའི་རྒྱུ་སྟེ་ཚུལ་ཁྲིམས་ལ་སོགས་པ་རྣམས་ཀྱིས་དེ་དག་བསལ་ཏེ་བསྒོམ་པ་ལ་རབ་ཏུ་སྦྱོར་རོ། །དེ་ལྟ་ན་འདིའི་བསྒོམ་པ་ནི་ཤིན་ཏུ་སླ་བར་འགྱུར་རོ། །བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་འཛིན་པ་ཞེས་རྒྱས་པར་འབྱུང་བ་ལ། ཐོས་པ་དང་ལྡན་པ་ནི་བསྒོམ་པ་རྫོགས་པར་འགྱུར་ཏེ། ཐོས་པས་ཆོས་རྣམས་


DTG210_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར་རོ། །དོན་ཉན་པར་བྱེད་དོ་ཞེས་བྱ་བ་ནི། གལ་ཏེ་གཞུང་འཛིན་པར་མི་ནུས་ན་སྙམ་དུ་དགོངས་པའོ། །རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་ཅེས་བྱ་བ། མིང་གང་གིས་དོན་གསལ་བར་བྱེད་པ་དེ་འདིར་ཡི་གེར་མངོན་པར་འདོད་དེ། དོན་བཟང་པོ་ཚིག་འབྲུ་བཟང་པོ་ཞེས་མདོ་ལས་འབྱུང་བས་སོ། །མིང་ལ་དམིགས་པ་ཞེས་གྲག་གོ་ཞེས་བྱ་བ་ལ་གྲག་གོའི་སྒྲ་ནི་དེ་ལྟར་བསམ་པ་ལས་བྱུང་བ་གསུམ་པར་མི་འགྲུབ་པོ་ཞེས་མ་རངས་པ་མཚོན་པའི་དོན་ཏོ། །གཞན་དག་ན་རེ། སྦྱོར་བ་པའི་དུས་ཀྱི་དབང་དུ་བྱས་ནས་བརྗོད་དེ། མིང་དང་གཉི་གའི་ཡུལ་ཉིད་དེ་ཐོས་པ་དང་བསམ་པའི་རྒྱུ་དང་ཐོབ་པ་དག་ཡོངས་སུ་གྲུབ་པས་འདི་དག་ཐམས་ཅད་དོན་ཁོ་ནའི་ཡུལ་དུ་མི་འགྱུར་རོ། །མིང་ཙམ་ལས་ནི་ངེས་པ་སྐྱེ་བ་མ་ཡིན་པས་དེའི་ཕྱིར་མིང་ལ་དམིགས་པ་ཉིད་ཐོབ་པ་ལས་འབྱུང་བའོ། །གང་ཞིག་ཤེས་རབ་ཀྱི་སྦྱོར་བའི་དུས་སུ་མིང་གི་དབང་གིས་དོན་འདྲེན་པར་བྱེད་པ་དེ་ཐོས་པ་ལས་བྱུང་བའོ། །གང་ཞིག་དོན་གྱི་དབང་གིས་མིང་འདྲེན་པ་དེ་བསམ་པ་ལས་བྱུང་བའོ། །གང་ཞིག་མིང་ལ་མ་ལྟོས་པར་དེ་ལྟར་དོན་གྱི་བློ་སྐྱེད་པ་དེ་བསྒོམ་པ་ལས་བྱུང་བའོ། །དེ་ལྟར་འདི་ནི་ཁྱད་པར་གྱི་མཚན་ཉིད་དེ་འདི་བྱེ་བྲག་ཏུ་སྨྲ་བའི་བསམ་པའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་གཏན་ལ་ཕབ་པའི་ཁྱད་པར་ཤེས་རབ་གསུམ་པོ་རྣམས་ནི་ཡིད་ཆེས་པའི་ཚིག་གིས་བསྟན་པ་བསམ་གཏན་དང་ཏིང་ངེ་འཛིན་ལས་སྐྱེས་པའི་ཁྱད་པར་གསུམ་ཉིད་དུ་འགྱུར་རོ། །འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིང་བའི་ཕྱིར་ཞེས་བྱ་བ་ལ་བསྲིང་པ་དག་ནི་འདུ་འཛི་ལས་རིང་དུ་གྱུར་པས་སེམས་བསྲིང་བ་སྟེ་སྡིག་པའི་རྣམ་པར་རྟོག་པ་དང་འདུ་འཛིའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཀྱིས་སེམས་ནི་ཏིང་ངེ་འཛིན་དུ་བྱེད་དོ། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོ་བྱད་ལ་དོན་དུ་གཉེར་བ་མང་པོས་ནི་ཉིན་པར་འདུ་འཛི་ལ་སེམས་ཤིན་ཏུ་གཞོལ་བར་འགྱུར་རོ། །མཚན་


DTG210_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི་རྣམ་པར་རྟོག་པས་འདིའི་སེམས་ལ་ཏིང་ངེ་འཛིན་གྱི་སྐབས་རྙེད་པར་མི་འགྱུར་རོ། །ཡོངས་སུ་དལ་བ་ནི་ཡིད་མི་བདེ་བའོ། །གཞན་དག་ན་རེ། གལ་ཏེ་སྡུག་བསྔལ་འཆོས་པར་ནུས་པའི་དངོས་པོ་ཐོབ་པ་ན་འདི་མགུ་བར་མི་འགྱུར་ལ། དེ་ནུས་པའི་དངོས་པོ་ཐོབ་པ་ནི་རྣམ་པར་འཇོམས་པ་ཐོབ་པ་མ་ཡིན་པས་ཏིང་ངེ་འཛིན་གྱི་བར་དུ་གཅོད་པ་མ་ཡིན་ཞེ་ན། འདི་ལ་སྐྱོན་མེད་དེ་འདི་ལྟར་སྡུག་བསྔལ་འཆོས་པར་ནུས་པའི་དངོས་པོ་ལས་གོང་དུ་འདོད་པས་དགེ་བའི་རྩ་བ་ལས་རིང་དུ་བྱེད་པས་དེའི་ཕྱིར་གང་ལས་གསུངས་པ་དེ་བཞིན་དུ་སྦྱར་རོ་ཞེས་འདི་རྒྱ་ཆེར་སྨྲས་སོ། །ཨ་ཏྲ་ཧི་པྲ་རི་ཏཱ་པོ་ནི་ཝ་རྻ་ཏེ། པ་རི་ཏཱ་སཤྩ་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་འགྱུར་བ་ཉིད་དོ་ཞེ་ན། གཞན་དག་ན་རེ་འདི་མི་རིགས་སོ་ཞེས་ཟེར་རོ། །ཆོས་མངོན་པ་པ་རྣམས་ནི་སྨྲ་པ་མ་ཡིན་ནོ། །ཆོས་གོས་ལ་སོགས་པ་གྱ་ནོམ་པ་དང་མང་པོ་རྙེད་པ་ན་ཆོས་གོས་ལ་སོགས་པ་གཞན་ཐོབ་པར་འདོད་པ་ནི་ཆོག་མི་ཤེས་པའོ། །འོ་ན་ཅི་ཇི་ལྟར་སྡུག་བསྔལ་འཆོས་པའི་ཆོས་གོས་གོས་ལ་སོགས་པ་རྙེད་པ་དག་ལ་ཕྱིར་ཞིང་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་འདོད་པ་ཉིད་ཉེ་བར་བཟུང་ནས་འདི་དང་འདི་ལྟ་བུ་བདག་གིས་ཅིའི་ཕྱིར་མ་ཐོབ་སྙམ་པ་འདི་ནི་ཆོག་མི་ཤེས་པ་སྟེ། དེའི་ཕྱིར་ཆོག་མི་ཤེས་པ་དང་འདོད་ཆེན་དག་ལ་ཁྱད་པར་ཆེའོ། །གཞན་དག་ན་རེ། སྡུག་བསྔལ་འཆོས་པར་ནུས་པའི་དངོས་པོ་རྙེད་པ་དག་ལ་ཕྱིར་ཞིང་མི་འདོད་པ་ནི་ཆོག་ཤེས་པ་ཡིན་ལ། མ་རྙེད་པ་དག་ལྷག་པར་དོན་དུ་མི་གཉེར་བ་ནི་འདོད་པ་ཆུང་བ་ཡིན་ནོ་ཟེར་རོ། །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །ཅེས་བྱ་བ་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་དང་མཚུངས་པར་ལྡན་པ་ནི་ཆོག་ཤེས་པ་དང་འདོད་པ་ཆུང་བ་སྟེ། འདོད་པ་དང་མཚུངས་པར་ལྡན་པ་དག་གོ །དེ་བཞིན་དུ་གཞན་པ་ཡང་བརྗོད་པར་བྱའོ། །འདོད་པ་སྤྱོད་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ནི་མི་དགེ་བའི་རྩ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་རྟོགས་པར་བྱ་སྟེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ཞེས་བྱ་བ་ནི། ཆོག་ཤེས་པ་འདོད་པ་ཆུང་བ་དག་ཡོད་དེ། འདོད་པའི་ཁམས་སུ་སྐྱེས་པ་ཡང་དེའི་སེམས་ཀུན་ནས་སློང་བ་ཆོག་མི་ཤེས་


DTG210_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འདོད་པ་ཆེ་བ་ཆ་ཀུན་ཏུ་སྤྱོད་པ་བསྲིང་པའི་ཕྱིར་དང༌། ཆོག་ཤེས་པ་དང་འདོད་པ་ཆུང་བ་དག་ཆེས་རྒྱས་པར་ཀུན་ཏུ་སྤྱོད་པ་མཐོང་བའི་ཕྱིར་འདི་དག་གི་མཚན་ཉིད་ཁྱད་པར་དུ་བཤད་དོ། །སྤྱིའི་མཚན་ཉིད་མི་ཤེས་པས་དེའི་ཕྱིར་འདོད་ཆེན་ཆུང་བ་དང་ཆོག་ཤེས་པ་འདི་གཉིས་ཀྱི་ཞེས་རྒྱས་པར་སྨོས་ཏེ། ཆགས་པ་རྣམ་པ་མང་པོའི་གཉེན་པོ་ཡིན་པའི་ཕྱིར་མ་ཆགས་པའི་རང་བཞིན་ཏེ་འདི་དག་འཕགས་པའི་རིགས་ཡིན་པའི་ཕྱིར། གཞན་དག་ན་རེ། ཁམས་གསུམ་གཏོགས་དྲི་མེད། མ་ཆགས་པའི་བདག་ཉིད་ཀྱང་ངོ་ཞེས་སྦྱར་རོ་ཞེས་ཟེར་རོ། །ཆོས་གོས་ལ་སོགས་པ་མ་རྙེད་པ་ཡང་ཞེ་སྡང་མེད་པའི་དགེ་བའི་རྩ་བ་བཞིན་ནོ། །གཟུགས་མེད་པར་སྐྱེས་པ་རྣམས་ཇི་ལྟར་ལུས་ལ་དོན་དུ་གཉེར་བ་མེད་པ་དེ་བཞིན་དུ་འདོད་པའི་མངོན་སྤྱོད་ཉེ་བར་མཁོ་བ་རྣམས་ལ་ཡང་ཡིན་ནོ། །སློབ་པ་རྣམས་ཀྱང་དེ་དག་ལ་བསམ་པའི་སྒོ་ནས་ཡིན་གྱི་སྦྱོར་བའི་སྒོ་ནས་མ་ཡིན་ནོ། །འཕགས་པ་རྣམས་ཁོ་ན་དེ་དག་ལས་རབ་ཏུ་སྐྱེ་བའི་ཕྱིར་ཞེས་བྱ་སྟེ། བརྒྱུད་པས་འབྲེལ་པ་ནི་སྐྱེས་བུའི་རྒྱུད་ཀྱི་རིམ་པའི་དབང་ངོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་སོ། །འཕགས་པ་ཡང་ལུས་ཀྱི་ཆོས་གང་ཡང་རུང་བ་ཆོས་གོས་ཀྱིས་ཆོག་ཤེས་པ་ལ་སོགས་པ་རིགས་ཀྱི་རང་བཞིན་ནོ། །དེ་ལས་སྐྱེས་པ་འཕགས་པའི་རིགས་དང་པོ་གསུམ་ཆོག་ཤེས་པ་ལ་སོགས་པའི་རང་བཞིན་ནོ་ཞེས་རྒྱས་པར་འབྱུང་སྟེ། རྣམ་པ་མང་པོ་ལས་མ་ཆགས་པ་ནི་ཆོག་ཤེས་པའི་མཚན་ཉིད་དེ་ཆགས་པའི་གཉེན་པོ་ཡིན་ནོ། །དེ་ནི་འཕགས་པའི་རིགས་དང་པོ་གསུམ་གྱི་མཚན་ཉིད་དོ། །སྤོང་བ་དང་བསྒོམ་པ་ལ་དགའ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སྤོང་བ་དང་བསྒོམ་པ་ནི་སྤོང་པ་དང་བསྒོམ་པའོ། །དེ་ལ་ན་དགའ་བ་ནི་སྤོང་བ་དང་བསྒོམ་པ་ལ་དགའ་བའོ། །འདི་ལ་དགའ་བས་ན་དགའ་སྟེ་དེའི་དངོས་པོ་ནི་སྤོང་བ་དང་བསྒོམ་པ་ལ་དགའ་བ་ཉིད་དོ། །སྤོང་བ་དང་བསྒོམ་པ་ཞེས་བྱ་བྲལ་བ་དང་ལམ་མོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྤོང་བའི་ཆེད་དུ་བསྒོམ་པ་ནི་སྤོང་བའི་བསྒོམ་པ་ཡིན་ལ། སྤོང་བའི་བསྒོམ་པ་ལ་དགའ་བ་ནི་སྤོང་བའི་བསྒོམ་པ་ལ་དགའ་བ་སྟེ། ཉོན་མོངས་པའི་འགོག་པ་མངོན་སུམ་དུ་བྱ་བའི་ཐབས་ལ་གོམས་པ་ལྷུར་ལེན་


DTG210_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་ཐ་ཚིག་གོ །སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བའི་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཏེ། སྲིད་པའི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཞེས་བྱ་བའི་ཕྱིར་རོ། །ཡང་ན་སྲིད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རྒྱབ་ཀྱིས་ཕྱོགས་པ་དང་མ་ཆགས་པ་ཡང་ཡིན་ནོ། །ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར་ཞེ་སྡང་མེད་པའི་བདག་ཉིད་ཀྱང་བཞི་པར་འགྱུར་བ་མ་ཡིན་ནམ་ཞེ་ན་མི་འགྱུར་ཏེ། གསུམ་པ་དེའི་ཚོགས་སུ་འགྱུར་བའི་ཕྱིར་དང༌། དེ་དག་མ་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། སཏྶྭྰ་ཡཉྩ། སྭ་ཡཉྩ། ཆགས་པའི་གཉེན་པོ་ཡིན་པས་ཆེས་ཤིན་ཏུ་མ་ཆགས་པའི་བདག་ཉིད་ཅེས་བྱ་བའོ། །མགུ་བ་མ་ཡིན་པའི་སྔོན་དུ་འགྲོ་བའི་ཕྱིར་མགུ་བ་ཡོད་པ་ལ་ཡང་འདོད་ཆེན་ཆེ་བ་མེད་པའི་ཕྱིར་ཆོག་ཤེས་པ་ཁོ་ན་འཕགས་པའི་རིགས་སུ་རྣམ་པར་གཞག་གི་འདོད་ཆེན་སྟག་ལུང་བ་ཟེར། ཆུང་བ་ཉིད་མ་ཡིན་ནོ། །ཡང་ཇི་ལྟར་ཆོག་ཤེས་པ་འདི་ཟག་པ་མེད་པ་དང་ལྡན་ཞེ་ན། ཁ་ཅིག་ནི་དེ་ལྟར་ཟག་པ་མེད་པའོ་ཞེས་སྨྲའོ། །འོ་ན་ཇི་ལྟར་ཟག་པ་མེད་པ་འཕགས་པའི་རིགས་སུ་འགྱུར། དེའི་དབང་དུ་བྱས་ཏེ་སྐྱེས་པའི་ལས་ལ་དེར་བཤད་པའི་ཕྱིར་རོ། །ཟག་པ་མེད་པར་ཡོད་པས་འཕགས་པའི་རིགས་ཞེས་བྱའོ། །གང་ཁ་ཅིག་ཏུ་ཆོག་ཤེས་པ་ཐམས་ཅད་ཟག་པ་མེད་པ་ཞེས་བྱ་བ་ལ། འདིས་ནི་འདོད་པ་ཆུང་བ་ཉིད་བཤད་པ་ཡིན་ནོ། །འབྱུང་བ་དང་འཇིག་བདེ་ལྟ་བུའི་ཕྱིར་ཞེས་བྱ་བ་ལ། དེ་ལྟར་གྱི་སྒྲ་ནི་འབྱུང་བ་དང་འཇིག་པའི་བྱེ་བྲག་གསལ་བར་བྱེད་པ་སྟེ། ཀྱི་མ་བདག་ལྷར་གྱུར་ཀྱང་ཅི་མ་རུང༌། །ལྷ་གང་ཡང་རུང་བར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དང༌། འཇིག་པ་ནི་རྣམ་པར་འཇིག་པ་སྟེ། ཀྱེ་མ་བདག་ཤི་ཕན་ཆད་རྒྱུན་ཆད་ཀྱང་ཅི་མ་རུང་ངོ༌། །བརླག་ཀྱང་ཅི་མ་རུང་མ་བྱུང་ཡང་ཅི་མ་རུང་སྙམ་པ་ལ་སོགས་པའོ། །གཞན་དག་ན་རེ་དེ་དག་གིས་འཕགས་པའི་བདེན་པ་སྐྱེ་བའི་རྒྱུ་ཡོངས་སུ་རྫོགས་པའི་རྒྱུ་བཞི་པོ་ཉིད་དོ་ཞེས་ཟེར་རོ། །མདོར་བསྡུས་ན་འཕགས་པ་ཉིད་ཀྱི་རྒྱུ་རྣམ་པ་གཉིས་ཏེ། སྐྱོན་བཟློག་པར་


DTG210_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་ཡོན་ཏན་འཛིན་པར་བྱེད་པའོ། །སྐྱོན་ཟློག་པར་བྱེད་པ་གསུམ་མོ། །ཡོན་ཏན་འཛིན་པར་བྱེད་པ་བཞིའོ། །ཅིའི་ཕྱིར་ནད་དང་སྨན་གྱི་གཞི་ལས་འཕགས་པའི་རིགས་རྣམ་པར་མ་བཞག་ཅེ་ན། དེ་དག་ནི་ཆོས་གོས་ལ་སོགས་པའི་ནང་དུ་འདུས་པའི་ཕྱིར་དེ་དག་ལས་ཐ་དད་པའི་ནད་དང་སྨན་ཡོད་པ་མ་ཡིན་ནོ། །ཆོས་གོས་ལ་སོགས་པ་ཁོ་ན་ལས་རྒྱགས་པ་ལྷག་པར་འབྱུང་བའི་ཕྱིར་རོ། །འདི་ཐམས་ཅད་རྟག་ཏུ་ཡང་སྲིད་པའི་ཕྱིར་གཞི་ཉིད་དོ། །སྨན་ནི་རེས་འགའ་བ་ཡིན་པས་དེ་ལ་མ་བཤད་དོ། །གཞན་དག་ན་རེ་དེའི་གནས་ཀྱང་རྣམ་པར་མ་བཞག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལ་བསླབ་པ་འདོད་པ་རྣམས་ལ་ཆོག་ཤེས་པ་དང་ཚངས་པར་སྤྱོད་པའི་བར་ཆད་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །ང་ཡིར་འཛིན་པ་བཟློག་པའི་ཕྱིར་ཆོས་གོས་ལ་སོགས་པས་ཆོག་ཤེས་པ་བདག་པོར་གྱུར་པའི་ལམ་ནི་འཕགས་པའི་རིགས་གསུམ་མོ། །ངར་འཛིན་པ་བཟློག་པའི་ཕྱིར་སྤོང་བ་དང་བསྒོམ་པ་ལ་དགའ་བ་བདག་པོར་གྱུར་པ་གང་ཡིན་པ་ནི་བཞི་པའོ། །འཇིག་ཚོགས་ལ་ལྟ་བ་རྣམ་པར་སེལ་བ་དང་ཤིན་ཏུ་བཟློག་པའི་ཕྱིར་འཕགས་པའི་རིགས་བཞི་བསྟན་པས་རྣམ་གྲངས་གཞན་གསུངས་པ་ཡིན་ནོ། །རྣམ་གྲངས་སྔ་མ་ཁོ་ན་མ་ཡིན་ཞེས་བྱ་བ་ནི་འཇུག་པ་དང་རྗེས་སུ་འཇུག་པའོ། །སྣ་ཚོགས་ལ་ནི་མི་དམིགས་པའི་ཕྱིར་ཞེས་བྱ་བ་རླུང་ལ་ཁ་དོག་དང་དབྱི་བས་མེད་པའི་ཕྱིར་རོ། །ཡང་ན་རེག་བྱ་ཙམ་ལ་དམིགས་པའི་ཕྱིར་རོ། །མི་སྡུག་པར་སྒོམ་པ་ལ་རུས་པ་ནི་རྐང་རུས་ལ་སོགས་པ་ལ་དམིགས་པའི་ཕྱིར་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་ལ་དམིགས་པའོ། །ཁ་ཕྱིར་མ་བལྟས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཕྲ་བ་ངང་གིས་གྱུར་པ་ལ་རག་ལས་པའི་ཡུལ་ཅན་ཡིན་པའི་ཕྱིར་མི་སྡུག་པའི་ངོ་བོ་ཧ་ཅང་མང་ཞིང་སྣ་ཚོགས་པའི་རྒྱུ་ལས་སྐྱེས་པ་ཡང་མ་ཡིན་ནོ། །རྣམ་པར་རྟོག་པ་གཅོད་པའི་ཕྱིར་རྗེས་སུ་འཇུག་གོ །མི་སྡུག་པ་ནི་ཡིད་ཀྱིས་པ་ཡིན་ཡང་མིག་གི་རྣམ་པར་ཤེས་པ་བཞིན་དུ་ཁ་ཕྱིར་བལྟས་པ་ཡིན་ཏེ། གང་ལས་ཤེ་ན། དེའི་ཡུལ་ལ་ཉེ་བར་རྟོག་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། མིག་གི་རྣམ་པར་ཤེས་པའི་ཡུལ་


DTG210_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཡིན་གྱི། རྣམ་པར་རྟོག་པ་གཅོད་པའི་ཕྱིར་རྗེས་སུ་འཇུག་པ་མ་ཡིན་ནོ། །ཆོས་ཉེ་བའི་ཚུལ་གྱིས་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པ་སྟེ། གཞན་མ་ཡིན་པས་འདི་ནི་ནད་ཉེ་བར་ཞི་བར་བྱ་བ་ལ་སྨན་ལྟ་བུ་ཉིད་ཡིན་ནོ། །དེ་བཞིན་དུ་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ཡང་ཡིན་ནོ། །རྣམ་པར་འབུས་གཞིག་པ་ཞེས་བྱ་བ་ལ། འབུས་ཞེས་བྱ་བ་ནི་མངོན་པར་སྐྱེས་པའི་འབུ་སྲིན་གྱིས་སོ་ཞེས་བྱ་བའི་དོན་ཏོ། །དེས་ལུས་བཅོམ་པ་དང་འདྲ་བར་མོས་པའི་ཕྱིར་དང་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ལ་དམིགས་པའི་ཕྱིར་རོ། །ལྷག་པར་མོས་པ་དང་ཉི་ཚེ་བ་ཡིད་ལ་བྱེད་པ་མི་སྡུག་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ན་ཁྱབ་པ་མ་ཡིན་པས་ཉོན་མོངས་པ་སྤོང་བར་མི་འགྱུར་རོ། །དེའི་ཕྱིར་མི་སྡུག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་སྤོང་བ་ནི་མ་ཡིན་ནོ། །ཡང་ཅི་དེས་ཇི་ལྟར་མགོ་མནན་པར་གསུངས་ཤེ་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་སློབ་པ་གཞོན་པའི་རིགས། །སེམས་མ་བྱང་བ་གང་ཞིག་ལ། །གལ་ཏེ་འདོད་ཆགས་འཇོམས་འདོད་ན། །དེ་ནི་དུར་ཁྲོད་འགྲོ་བར་འགྱུར། །དེ་ནས་རྣམ་པར་བསྔོས་པ་ལྟ། །དེ་ནས་རྣམ་པར་གནག་པར་ལྟ། །དེ་ནས་པགས་པ་རུས་པ་ཡི། །རུས་གོང་ལ་སོགས་ལྟ་བར་བྱེད། །ཅེས་གསུངས་སོ། །ཡིད་ལ་བྱེད་པ་སྦྱང་བ་བྱས་པ་དང༌། སྦྱང་བ་མ་བྱས་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་མི་སྡུག་པ་རང་གི་ལུས་ལ་དམིགས་པ་ཆུང་བས་ཆུང་བ་ཡིན་གྱི་དབང་ཆུང་བས་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རྒྱ་མཚོའི་མཐའ་ཀླས་པའི་བར་ལ་དམིགས་པ་ནི་དབང་ཆུང་བས་ཆུང་བ་ཡིན་གྱི་དམིགས་པ་ཆུང་བས་ཆུང་བ་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་རང་གི་ལུས་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཀྱང་ཆུང་བ་ཡིན་ལ་དབང་ཆུང་བས་ཀྱང་ཆུང་པ་ཡིན་ནོ། །ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་རྒྱ་མཚོའི་མཐས་ཀླས་པའི་བར་ལ་དམིགས་པ་ནི་དམིགས་པ་ཆུང་བས་ཆུང་བ་མ་ཡིན་ལ་དབང་ཆུང་བས་ཆུང་བ་ཡང་མ་ཡིན་ནོ། །རང་བཞིན་ནི་མ་ཆགས་པའོ་ཞེས་བྱ་བ་ནི། མི་སྡུག་པ་ནི་མི་མཐུན་པར་ཡིད་ལ་བྱེད་པ་སྟེ། འདི་སྨད་པ་དང་


DTG210_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཙོག་པའི་ཀུན་ཏུ་ཆགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱའོ། །ཐམས་ཅད་དུ་མི་སྡུག་པ་ནི་མ་ཆགས་པ་ཡིན་ན་འོན་མ་ཆགས་པ་དང་ཐམས་ཅད་མི་སྡུག་པ་ཡིན་ནམ་ཞེ་ན། ཁ་དོག་གི་འདོད་ཆགས་སེལ་བའི་གཉེན་པོ་ཁོ་ན་མི་སྡུག་པ་ཡིན་པའི་ཕྱིར། འདི་འཁོར་དང་བཅས་པ་ནི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཉེར་བསྡོགས་དང་ལྷན་ཅིག་པའི་བསམ་གཏན་ཁྱད་པར་ཅན་ཏེ་ཉེར་བསྡོགས་དང་བཅས་པའི་བསམ་གཏན་ཁྱད་པར་ཅན་རྣམས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། ཉེར་བསྡོགས་དང་བཅས་པའི་བསམ་གཏན་བཞི་དང་ཁྱད་པར་ཅན་དུ་སྟེ། བསམ་གཏན་བཞི་རྣམས་སུ་སྟེ་གཞན་དུ་མ་ཡིན་པའོ། །ལྷ་རྣམས་སུ་ཡང་མ་ཡིན་ཏེ་སྔོན་པོ་ལ་སོགས་པ་ལ་དམིགས་པ་མེད་པའི་ཕྱིར་རོ། །དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་མ་ཡིན་ཏེ། དེ་དག་ཏུ་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་ཁོ་ནར་བསྐྱེད་ཀྱི་ཞེས་སྤྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བའོ། །དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་དང༌། དེ་འདོད་ཆགས་དང་བྲལ་བར་བྱ་བའི་ཐབས་ཡིན་པའི་ཕྱིར་རོ། །ཐོག་མར་ནི་མི་རྣམས་ཀྱི་ནང་ཁོ་ནར་བསྐྱེད་ལ། སྔར་བསྐྱེད་ཟིན་པ་ནི་ལྷ་རྣམས་ཀྱི་ནང་དུ་ཡང་མངོན་དུ་བྱེད་པ་ཡིན་ནོ། །མི་སྐྱེ་བའི་ཆོས་ཅན་གྱི་ནི་དུས་གསུམ་ལ་དམིགས་ཏེ། གཟུགས་ཀྱི་སྐྱེ་མཆེད་ངེས་པས་དེའི་རྫས་ངེས་པར་བྱས་ནས་དོན་ལ་དམིགས་པར་བྱེད་ཀྱི་མིང་ལ་དམིགས་པ་ནི་མ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །མོས་པ་ལས་བྱུང་བས་ནི་ཕྱིན་ཅི་མ་ལོག་པར་ཉོན་མོངས་པ་འགོག་པའི་ཕྱིར་དང་དེར་འདུ་ཤེས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་འདི་ལྟར་ལུས་ལ་ཡོད་པའི་སྐྲ་དང་བ་སྤུ་དང་ཞེས་བྱ་བ་ལ་སོགས་པ་དེ་ཡིས་ཉོན་མོངས་པ་སྤོང་པ་མ་ཡིན་ཏེ། ཐུན་མོང་དུ་ཡིད་ལ་བྱེད་པས་སྤང་བའི་ཕྱིར་རོ། །འདི་ནི་ལུས་དྲན་པ་ཉེ་བར་གཞག་པའི་སྦྱོར་བ་ཡིན་གྱི་དངོས་གཞི་ལུས་དྲན་པ་ཉེ་


DTG210_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞག་པ་མ་ཡིན་ནོ། །བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་དང་མཚུངས་པར་ལྡན་པའི་སྡུག་བསྔལ་དང་ཀུན་འབྱུང་གི་བཟོད་པ་དང་ཤེས་པ་བཞིན་ངེས་པར་འབྱུང་བ་ཡིད་ལ་བྱེད་པའོ། །འདྲིས་པ་དང་མ་འདྲིས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། འདྲིས་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །མ་འདྲིས་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འདོད་ཆགས་དང་བྲལ་བས་ཐོབ་པ་ཡང་སྦྱོར་བའི་སྒོ་ནས་མངོན་དུ་བྱེད་དོ། །མི་སྡུག་པའི་མཚན་ཉིད་རབ་ཏུ་དབྱེ་བ་དང་བཅས་པ་བཤད་ཟིན་ཏེ། དབུགས་རྔུབ་དབུགས་འབྱུང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབུགས་རྔུབ་པ་ཞེས་བྱ་བ་ནི་ནང་དུ་འདྲེན་པ་སྟེ་གང་གི་ཡན་ལག་འཇུག་པའོ། །དབུགས་འབྱུང་བ་ཞེས་བྱ་བ་ནི་ཕྱིར་གཏོང་བ་སྟེ། གང་གི་ཡན་ལག་འབྱིན་པར་བྱེད་པའོ་ཞེས་གཞན་དག་ཟེར་རོ། །འདི་ལྟར་གསུངས་ཏེ། དགེ་སློང་དག་དབུགས་རྔུབ་པ་ཞེས་བྱ་བ་ནི་ནང་དུ་རླུང་རྣམས་འཇིབ་པ་ལྟ་བུ་དང་འཐུང་བ་ལྟ་བུར་རབ་ཏུ་འཇུག་པར་བྱེད་པའོ། །དགེ་སློང་དག་དབུགས་འབྱུང་བ་ཞེས་བྱ་བ་ནི་རླུང་རྣམས་ཕྱི་རོལ་ཏུ་མངོན་པར་འཕྲོ་བར་བྱེད། མངོན་པར་འབྱིན་པར་བྱེད། མངོན་པར་འབབ་པར་བྱེད་པའོ་ཞེས་སོ། །གཞན་དག་ན་རེ། མི་རྟག་པ་དང་མི་རྟག་པ་མ་ཡིན་པ་ནི་དབུགས་རྔུབ་པ་དང་དབུགས་འབྱུང་པའི་དོན་ཏོ་ཞེས་ཟེར་རོ། །དེའི་སྟོབས་བ་སྐྱེད་པས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི། དྲན་པའི་སྟོབས་བསྐྱེད་པས་དེ་ལ་འཇུག་པར་ཤེས་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཀྱི་རང་བཞིན་ཡིན་པས་དྲན་པ་ཞེས་བཤད་དེ། འདི་ལས་རླུང་རྣམས་འཇུག་པ་དང་འདི་ལས་རླུང་རྣམས་འབྱུང་བས་དེར་དྲན་པ་བདག་པོར་བྱས་ཏེ་དྲན་པའི་སྟོབས་བསྐྱེད་པས་ན་དྲན་པའི་སྟོབས་བསྐྱེད་པའོ། །གཞན་དག་ན་རེ་དེ་ལ་དམིགས་པའི་ཤེས་རབ་པོ་ཞེས་ཟེར་རོ། །ཇི་ལྟར་ཆོས་རྣམས་ཤེས་རབ་ཀྱིས་སྡོམ་པར་བྱེད་པ་དེ་བཞིན་དུ་དེ་འཁོར་དང་བཅས་པ་མི་སྡུག་པ་བཞིན་ཕུང་པོ་ལྔ་དང་བཞིའི་བདག་ཉིད་དོ། །ཉེར་བསྡོགས་གསུམ་ན་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ཉེར་བསྡོགས་དག་ནའོ། །བསམ་གཏན་


DTG210_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་ཉེར་བསྡོགས་ན་མེད་དེ། དབུགས་འབྱུང་བ་དང་རྔུབ་པ་དག་མེད་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་གྱི་དངོས་གཞི་དག་ཏུ་མི་འདོད་ཅེ་ན་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་སེམས་ལ་འཇུག་སྟེ། འདིས་དེ་ལྟར་དེ་དག་ཉེ་བར་མཚོན་ཏེ་འདོད་པའི་ཁམས་སུ་སྐྱེས་པ་དང་བསམ་གཏན་དང་པོའི་ས་པའི་སེམས་མངོན་དུ་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལུས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་དབུགས་རྔུབ་པ་དང་འབྱུང་བ་དག་གོ །བསམ་གཏན་གྱི་དངོས་གཞིའི་སྙོམས་པར་འཇུག་པན་བཏང་སྙོམས་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཚོར་བ་གཞན་དང་མཚུངས་པར་མི་ལྡན་ཞེ་ན། རྣམ་པར་རྟོག་པ་དང་མཐུན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་གཉེན་པོ་ནི་རྣམ་པར་རྟོག་པའི་གཉེན་པོའོ། །དེ་དག་དང་མཚུངས་པར་མི་ལྡན་ནོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དག་དང་ངོ༌། །དེ་ལྟ་ན་འོ་ན་བསམ་གཏན་གཉིས་པའི་ཡིད་བདེ་བ་དང་བསམ་གཏན་གསུམ་པའི་བདེ་བ་དང་མཚུངས་པར་ལྡན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བདེ་བ་དང་ཡིད་བདེ་བ་དག་ཀྱང་གཏོང་བ་ལ་བར་ཆད་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟོད་པའི་དགྲ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཏོད་བ་དང་གཟོ་བ་དང་ལྷུར་ལེན་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་གཏད་དེ་འཐོབ་པའི་ཕྱིར་རོ། །བདེ་བ་དང་ཡིད་བདེ་བ་དག་དང་ཡང་མཚུངས་པར་ལྡན་པར་མི་རུང་ངོ༌། །ཆོས་འདི་པ་རྣམས་ཀྱི་ཞེས་བྱ་བ་ལ་ཆོས་འདི་པ་རྣམས་ནི་བདེ་བར་གཤེགས་པ་བ་རྣམས་སོ། །ཆོས་འདི་པ་རྣམས་ཀྱི་ཡིན་གྱི་ཕྱི་རོལ་པ་རྣམས་ཀྱི་ནི་མ་ཡིན་ཏེ། བདག་ཏུ་འཛིན་པ་དང་འགལ་བའི་ཕྱིར་དང་ཟབ་པའི་ཕྱིར་རོ། །བདག་ཉིད་ཀྱི་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་ཞེས་བྱ་བ་ལ་ཟབ་པ་ཉིད་ནི་རྒྱུ་དྲུག་དང་ལྡན་པའི་ཕྱིར་རོ། །ལུང་མེད་པ་ནི་བགྲངས་པ་ཙམ་ཡང་མི་ཤེས་ན། རྗེས་སུ་འགྲོ་བ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་དག་གི་ལྟར་ནས་བརྒྱད་པ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་གསུམ་བསྣན་པའོ། །རླུང་ལ་དམིགས་པ་ཞེས་བྱ་བ་ནི། དབུགས་རྔུབ་


DTG210_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འབྱུང་བ་ལ་དམིགས་པའི་ཕྱིར་རོ། །འདོད་པའི་རྟེན་ཅན་ཞེས་བྱ་བ་ནི་དེ་ལྟ་ན་རྟོགས་པ་མེད་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་ནི་སྦྱོར་བ་ཐོབ་པ་ཡིན་ལ་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །སྦྱོར་བས་ཐོབ་པ་ཉིད་ལས་གཞན་དུ་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་སྦྱོར་བའི་སྒོ་ནས་མངོན་དུ་འགྱུར་བ་སྲིད་པའི་ཕྱིར་འདོད་ཆགས་དང་མ་བྲལ་བའི་ས་ལ་འདི་ཉེར་བསྡོགས་རྣམས་ལ་གཞན་དུ་མ་ཡིན་པར་རིགས་སོ། །མཛའ་བཤེས་དང་ཡུལ་འཁོར་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ལ་བརྩོན་པ་ཤས་ཆེ་བར་འཇུག་པའི་ཕྱིར་རྩོལ་བ་མེད་པར་གྱུར་པ་ཁོ་ནའི་སེམས་ནི་རྣམ་པར་རྟོག་པའི་གཉེན་པོར་རིགས་སོ། །ལུས་དང་སེམས་རྣལ་དུ་བཞག་སྟེ་ཞེས་བྱ་བ་ནི་ལུས་དང་སེམས་མངོན་པར་འདུ་མི་བྱེད་པ་སྟེ། འདི་ལྟར་ལུས་གློད་པ་དང་སེམས་གློད་པ་ཡིན་ནོ། །གཞན་དག་ན་རེ། སྦྱོར་བ་གློད་པ་དང་བསྡམས་པ་ལས་རྣམ་པར་གཡེང་བ་དང་དེ་ལྟར་སྐྱོན་གསུམ་མོ་ཞེས་ཟེར་རོ། །སྦྱོར་བ་གློད་པ་ལས་ནི་ལེ་ལོ་དང་རྨུགས་པ་དང་གཉིད་ལ་འཇུག་གོ །ཕྱི་རོལ་དུ་སེམས་རྣམ་པར་གཡེང་བར་བྱེད་དོ། །གཞན་དུ་སྦྱོར་བ་བསྡམས་པ་ལས་ནི་ལུས་ཉམ་ང་བ་དང་སེམས་ཉམ་ང་བ་སྐྱེ་བར་འགྱུར་ཞིང་སེམས་རྣམ་པར་གཡེང་བ་ལས་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་ནོན་པར་འགྱུར་རོ། །སྔར་འཇུག་པ་བགྲང་བར་བྱ་བ་ལ། ཕྱིས་འབྱུང་བ་བགྲང་བར་བྱ་སྟེ། སྐྱེ་བ་ལ་སྔར་འཇུག་ལ། འཆི་བ་ལ་ཕྱིས་འབྱུང་ངོ་ཞེས་དེ་ལྟར་སྐྱེ་བ་དང༌། འཆི་བ་རྟོགས་པ་ལས་མི་རྟག་པ་ལ་འདྲིས་པ་བྱས་པར་འགྱུར་རོ། །རླུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི་འོག་ཏུ་རྗེས་སུ་འགྲོ་བའོ། །འཐོར་བྱེད་ཀྱི་རླུང་གི་བར་ཞེས་བྱ་བ་ནི་གྱེན་དུ་འགྲོ་བའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཕྱིར་དེ་ལྟར་མོས་པ་ཡིད་ལ་བྱེད་པ་ཉིད་ཡིན་གྱི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མ་ཡིན་ཏེ། དབུགས་འབྱུང་བ་དང་རྔུབ་པ་ཡུལ་གྱིས་བསྐལ་པར་རྒྱུ་བ་མི་སྲིད་པའི་ཕྱིར་རོ། །གཞན་དག་ན་རེ། གཞན་ཉིད་དུ་མོས་པ་ཡིད་ལ་བྱེད་པས་དེ་དེ་བཞིན་དུ་རྗེས་སུ་འགྲོ་བའོ་ཞེས་ཟེར་རོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མངོན་པར་བསྒྲུབ་


DTG210_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལྡང་བར་ཐལ་བར་འབྱུང་བ་ཡོད་པ་མ་ཡིན་ནོ། །དེའི་སྦྱོར་བའི་བསམ་པའི་རྒྱུ་ལས་ཞེས་བྱ་བ་ལ་དབུགས་འབྱུང་བ་དང་རྔུབ་པ་དག་ནི་ལུས་དང་སེམས་གང་ཡིན་པ་སྟེ། དེ་ཉིད་ལ་རྒྱུ་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའོ། །ལུས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་གསུམ་པའི་ས་པའི་བར་རོ། །གོང་དུ་དབུགས་འབྱུང་བ་དང་རྔུབ་པ་མེད་པའི་ཕྱིར་གཟུགས་མེད་པ་དང་ནུར་ནུར་པོ་ལ་སོགས་པར་གྱུར་པ་རྣམས་ལ་མེད་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་མེད་པ་རྣམས་ལ་ནི་རེ་ཞིག་གཟུགས་ཉིད་ཡོད་པ་མ་ཡིན་པས་ལུས་ལ་བརྟེན་པ་སྨོས་སོ། །ནུར་ནུར་པོ་ལ་སོགས་པར་གྱུར་པ་རྣམས་ལ་ལུས་ཡོད་མོད་ཀྱི། སྦུབས་ཅན་མ་ཡིན་པས་ལུས་ཁྱད་པར་ཅན་ལ་བརྟེན་པ་སྨོས་སོ། །སེམས་མེད་པའི་སྙོམས་པར་འཇུག་པའི་ས་ལ་སྙོམས་པར་ཞུགས་པ་རྣམས་ལ་སེམས་ཉིད་ཡོད་པ་མ་ཡིན་པས་སེམས་ལ་བརྟེན་པ་སྨོས་སོ། །བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་སེམས་ཡོང་མོད་ཀྱི། དབུགས་འབྱུང་བ་དང་རྔུབ་པའི་རྟེན་མ་ཡིན་པས་སེམས་ཁྱད་པར་ཅན་ལ་བརྟེན་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་གལ་ཏེ་ལུས་ཀྱང་སྦུབས་ཡོད་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེ་བ་ཞེས་བྱ་བ་ནི་མངལ་ནས་འབྱུང་བའོ། །མ་གང་བ་ནི་སྦུབས་ཅན་དུ་གྱུར་པའོ། །གཞན་དག་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་དེ་དག་དེའི་ནང་གི་བདག་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །རིམ་ཟིན་པ་དག་ནི་ཟིན་པའི་མཆན་ཉིད་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དབང་པོ་དང་ཐ་དད་པའི་ཕྱིར་རོ་ཞེས་སྨོས་ཏེ། རྒྱུ་མཐུན་པ་དང་སྐལ་བ་མཉམ་པའི་རྒྱུ་ཐོབ་པའི་ཕྱིར་རོ། །ལུས་རྒྱས་པས་འགྲིབ་པར་འགྱུར་བའི་ཕྱིར་དང་ལུས་འགྲིབ་ལས་རྒྱས་པར་འགྱུར་བའི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་ནོ། །ཆགས་ནས་ཡང་ཉིད་མཚམས་སྦྱོར་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་གཟུགས་ལ་ནི་ཆགས་ནས་ཡང་མཚམས་སྦྱོར་བ་མེད་དོ། །འོག་མ་པའི་ཡིད་ཀྱིས་དེ་གཉིས་མི་རྟོགས་སོ་ཞེས་བྱ་བ་ལ་འདོད་པའི་ཁམས་སུ་སྐྱེས་པ་ནི་འདོད་པ་ན་སྤྱོད་པའི་


DTG210_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མངོན་དུ་གྱུར་ན་འདོད་པ་ན་སྤྱོད་པའོ། །འདོད་པ་ན་སྤྱོད་པའི་དབུགས་འབྱུང་བ་དང་རྔུབ་བ་དག་བསམ་གཏན་དང་པོའི་ས་པའི་སེམས་རྗེས་སུ་འཇུག་ན་དེ་ཉིད་ཀྱིས་དེ་དག་ཉེ་བར་རྟོགས་སོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་སེམས་མངོན་དུ་གྱུར་པ་ལ་ཡང་བརྗོད་པར་བྱའོ། །བསམ་གཏན་དང་པོར་སྐྱེས་པ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་མངོན་དུ་གྱུར་པ་ལ་བརྗོད་པར་བྱའོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་བར་དུ་སྐྱེས་པ་ནི་རང་གི་ས་པའི་སེམས་མངོན་དུ་གྱུར་བ་ནའོ། །གོང་མར་སྐྱེས་པ་ལས་འོག་མ་པའི་སེམས་མངོན་དུ་གྱུར་པའི་རང་གིས་པའི་དབུགས་འབྱུང་བ་དང་རྔུབ་པ་དག་ལས་འོག་མ་པའི་སེམས་རྗེས་སུ་འཇུག་གོ །དེ་ཡིས་དེ་དག་ཉེ་བར་མི་རྟོགས་པ་ཉིད་ཡིན་པས་འདོད་པ་ན་སྤྱོད་པའི་དབུགས་འབྱུང་བ་དང་རྔུབ་པ་ནི་སེམས་པ་ཞེས་རྟོགས་ལ། བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པ་རྣམས་ནི་གོ་རིམས་བཞིན་དུ་སེམས་གསུམ་དང་གཉིས་དང་གཅིག་གིས་རྟོགས་སོ། །རང་གི་ས་པ་ཉིད་ཀྱིས་རྟོགས་སོ་ཞེས་བྱ་བ་ལ་དབུགས་རྔུབ་པའི་ས་རྣམ་པ་བཞི་དང༌། དབུགས་རྔུབ་པ་མ་ཡིན་པའི་ས་རྣམ་པ་ལྔའོ། །དབུགས་རྔུབ་པའི་ས་ལ་གནས་པ་ནི་དབུགས་རྔུབ་པ་དང་འབྱུང་བ་མ་ཡིན་པའི་སེམས་མངོན་དུ་གྱུར་པ་ན་དབུགས་རྔུབ་པ་དང་འབྱུང་བ་མི་འཇུག་གོ །དབུགས་རྔུབ་པ་མ་ཡིན་པའི་ས་ལ་གནས་པ་ནི་དབུགས་རྔུབ་པ་དང་འབྱུང་བའི་ས་པའི་སེམས་མངོན་དུ་གྱུར་པ་ན་དབུགས་རྔུབ་བ་དང་འབྱུང་བ་དག་མི་འཇུག་གོ །དབུགས་རྔུབ་པའི་ས་ལ་གནས་པ་ནི་དབུགས་རྔུབ་པ་དང་འབྱུང་བའི་ས་པའི་སེམས་མངོན་དུ་གྱུར་པ་ན་དབུགས་རྔུབ་པ་དང་འབྱུང་བ་དག་འཇུག་གོ །འོག་མ་པ་སྤྱོད་ལམ་པ་དང་སྤྲུལ་པའི་སེམས་ཀྱིས་ཞེས་བྱ་བ་ནི། བསམ་གཏན་གྱི་ས་འོག་མ་བར་སྐྱེས་པ་ལ་སེམས་རྣམ་པ་གཉིས་པོ་འདི་མངོན་དུ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་འོག་མ་པ་སྤྱོད་ལམ་པ་དང་སྤྲུལ་པའི་སེམས་ཀྱིས་མ་རྟོགས་སོ་ཞེས་སྨོས་སོ། །ཡང་ཅི་ཙམ་གྱིས་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཡོངས་སུ་གྲུབ་པར་བརྗོད་པར་བྱ་ཞེ་ན་འདི་ལྟར་བཤད་པར་བྱ་སྟེ། གང་གི་ཚེ་རྣལ་འབྱོར་སྤྱོད་པ་དབུགས་རྔུབ་པ་དང་འབྱུང་བའི་རྒྱུ་ནི་གཅིག་ཏུ་འདུ་ཤེས་ཤིང༌། ལུས་ཐམས་ཅད་འོད་མ་


DTG210_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྦུབས་གཅིག་པར་མོས་པར་བྱེད་ཅིང༌། རླུང་གི་རྒྱུད་ཀྱི་རྒྱུན་ནོར་བུའི་སྐུད་པའི་རྒྱུད་བཞིན་མོས་ཏེ། དབུགས་རྔུབ་པ་དང་འབྱུང་བ་ལུས་ལས་མི་གཡོ་བའི་ལུས་ཀྱི་རྣམ་པར་ཤེས་པ་དང་ཡིད་སྐྱེ་ན། འདི་ཙམ་གྱིས་དབུགས་རྔུབ་པ་དང་འབྱུང་བ་ཡོངས་སུ་གྲུབ་པར་བརྗོད་པར་བྱ། གཞན་དག་ན་རེ་རྣམ་པར་འཕེལ་བ་དང་དབང་དུ་གྱུར་པ་དང་ཡོངས་སུ་གྲུབ་པར་རིག་པར་བྱའོ་ཞེས་ཟེར་རོ། །རྣམ་པར་འཕེལ་བ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་གནས་སྐབས་སོ། །དབང་དུ་གྱུར་པ་ནི་ཇི་སྲིད་གང་གི་ཚེ་ཇི་ལྟར་འདོད་པ་དེ་སྲིད་དེ་ལྟར་སྙོམས་པར་འཇུག་ཅིང་ལྡང་བའི་བྱ་བའི་མིང་དང་རྒྱུད་ལ་ཕན་འདོགས་པ་དང་ཞེན་པ་བརྟེན་པའི་རྣམ་པར་རྟོག་པ་ལས་རིང་དུ་བྱེད་པའོ། །ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མཉམ་པར་མ་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ནུས་པ་ཡོད་པ་མ་ཡིན་ལ། །ཡང་དག་པ་ཇི་ལྟ་བ་བཞིན་མ་མཐོང་པས་ཉོན་མོངས་པ་སྤོང་བ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཏིང་ངེ་འཛིན་བསྒྲུབ་པར་བྱ་བའི་ཕྱིར་སྒོ་གཉིས་བསྟན་པའོ། །ད་ནི་ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བརྗོད་པར་བྱ་སྟེ། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་གཞན་ལས་ལྡོག་པའི་རང་བཞིན་དུ་རྟོག་པ་ནི་རང་གི་མཚན་ཉིད་ཡོངས་སུ་བརྟག་གོ །རྣམ་པར་ཕྱེ་པ་དེ་དག་ཁོ་ནའི་ཐུན་མོང་བའི་རང་བཞིན་དུ་རྟོག་པ་སྤྱིའི་མཚན་ཉིད་དུ་བརྟག་གོ །ལུས་ཀྱི་སྒྲ་ནི་དབང་པོ་རྣམས་ལ་ཡང་འཇུག་པས་དེའི་ཕྱིར་ལུས་ཀྱི་རང་གི་ངོ་བོ་ཅི་ཞེ་ན་ཞེས་བྱ་བ་སྨྲས་སོ། །ཡང་ན་ལུས་ནི་རྫས་དུ་མའི་བདག་ཉིད་ཡིན་པའི་ཕྱིར་རྫས་གཅིག་གི་རང་བཞིན་མི་སྲིད་པས་འདྲི་བ་ནི་རང་བཞིན་སྤྱི་ཞེ་ན་ཞེས་བྱ་བའོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཞེས་བྱ་བ་ལ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཚོགས་པ་ན་ལུས་ཞེས་བྱ་སྟེ། ཚོགས་པ་ཅན་ལས་ཐ་དད་པའི་ཚོགས་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ཁོ་ན་འདིའི་རང་བཞིན་དུ་བཤད་དོ། །དེར་ཡང་ལུས་ཀྱི་འབྱུང་བ་ལས་ཅི་འབྱུང་བ་ལས་གྱུར་པའོ། །


DTG210_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལས་གྱུར་པ་ལས་ཀྱང་འབྱུང་བ་རྣམས་ཏེ་རང་བཞིན་ཐ་དད་པ་རྣམས་ཉེ་བར་བརྟག་སྟེ་དེ་ལྟར་རྣམ་པར་ཕྱེ་སྟེ་ལུས་ཡོངས་སུ་ཤེས་པའི་ངེས་པ་དེ་ནི་རང་གི་མཚན་ཉིད་ཡོངས་སུ་བརྟགས་པའོ། །མངོན་པར་གྲུབ་པའི་ལམ་གང་ཡིན་པའི་རང་བཞིན་དུ་སྐྱེ་བ་དེ་ནི་རང་གི་མཚན་ཉིད་ཀྱི་རིགས་ཅན་ལུས་ཉེ་བར་གཞག་པ་ཞེས་བྱའོ། །དེས་ཀྱང་ཆོས་དེའི་རང་གི་མཚན་ཉིད་ཡོངས་སུ་ཤེས་པར་གྱུར་པ་དེའི་ཕྱིར་དེ་སོ་སོར་སྐྱེའི། འདི་ཐམས་ཅད་གཅིག་མ་ཡིན་ནོ། །ཡོངས་སུ་བརྟག་པ་འདི་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཡོངས་སུ་རྟོག་པར་གསུངས་པ་མ་ཡིན་ཏེ། གཟུགས་མེད་པའི་ཆོས་ཀྱི་ཕྱོགས་བརྟེན་པའི་ཕྱིར་རོ། །མཚན་ཉིད་སོ་སོ་ཐ་དད་པའི་སྐྱེ་མཆེད་རྣམས་ལ་ལུས་ཞེས་ཁྱད་པར་མེད་པར་སྤྱིར་ཡོངས་སུ་བརྟགས་སོ་ཞེས་གཞན་དག་ཟེར་རོ། །དེའི་ཚེ་ཡང་གཟུགས་སུ་ཁྱད་པར་མེད་པའི་ཕྱིར་སྐྱེ་མཆེད་བཅུ་གཅིག་ཏུ་ཡོངས་སུ་བརྟག་པར་གྱུར་པ་དེ་དག་གཟུགས་གཉིས་ཏེ། འདི་ལྟ་སྟེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ཡོངས་སུ་བརྟགས་པས་གྲུབ་པའི་ལམ་ལ་གཟུགས་སྤྱིའི་རིགས་ནི་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ཉིད་ཀྱིས་དེ་ཉིད་གང་དང་གང་ཐུན་མོང་གི་སྒོ་ནས་ཡོངས་སུ་ཤེས་པར་གྱུར་པ་ནི་ཐམས་ཅད་འབྱུང་བས་ལུས་དང་ཚོར་བ་ལ་སོགས་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་སྦྱར་བར་བྱའོ། །གསུམ་ལས་གཞན་པ་དག་ནི་ཆོས་སོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་ལས་གཞན་པ་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཉིད་དོ། །མཉམ་པར་གཞག་ཅེས་བྱ་བ་ནས་གྲག་གོ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་ཀྱི་སྐད་ཅིག་མ་ཐམས་ཅད་ལ་དེར་མཐོང་བ་ཡོད་པ་མ་ཡིན་པས་མ་རངས་པ་མཚོན་པའི་ཕྱིར་དུ་གྲག་གོ་ཞེས་བྱ་བའི་སྒྲའོ། །རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་ཅེས་བྱ་བ་ནི་འབྲེལ་པ་དང་དམིགས་པའི་དངོས་པོ་ལ་བལྟོས་པ་པ་མེད་པའི་ཕྱིར་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་པོ། །གང་གི་ཕྱིར་བསྟན་བཅོས་ལས་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། ལུས་ལ་དམིགས་པའི་ཤེས་རབ་ཅེས་རྒྱས་པར་གསུངས་སོ། །ཐོས་སོགས་ལས་བྱུང་བའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་


DTG210_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྦྱོར་བ་ལས་བྱུང་བ་ཡིན་པའི་ཕྱིར་སྐྱེ་བས་ཐོབ་པ་མ་ཡིན་ནོ། །གཞན་དུ་འབྲེལ་པ་དང་དམིགས་པ་ལས་ཞེས་བྱ་བ་ལ། གང་དག་གི་རང་བཞིན་དྲན་པ་ཉེ་བར་གཞག་པ་དང་ལྷན་ཅིག་འབྱུང་བ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་དག་གི་དམིགས་པ་ཞེས་བྱ་བ་ནི་རང་བཞིན་གྱི་དྲན་པ་ཉེ་བར་གཞག་པའི་དམིགས་པའོ། །དེས་དེ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་ཅེས་བྱ་བ་ནི་ཤེས་རབ་དང་ལྡན་ཞེས་བྱ་བའི་དོན་ཏོ། །དྲན་པའི་སྟོབས་བསྐྱེད་པས་འཇུག་པའི་ཕྱིར་ཞེས་བྱ་བ་ལ། སྟོབས་བསྐྱེད་པ་ནི་སྟོབས་བསྐྱེད་པའོ། །འདི་དྲན་པའི་སྟོབས་བསྐྱེད་དེ་འཇུག་པས་ན་དེ་ལ་འདི་ནི་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཤིང་གཤགས་པའི་ཁྱེ་འུས་འཛིན་པ་ལྟར་རོ། །གལ་ཏེ་དྲན་པས་དམིགས་པ་བཟུང་ན་དེ་ལྟན་ཤེས་རབ་ཀྱིས་རབ་ཏུ་ཤེས་ཏེ། དེའི་དེ་ལྟན་དྲན་པ་ཉེ་བར་གཞག་པས་ཤེས་རབ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་དག་ན་རེ། དྲན་པ་ལ་ཉེ་བར་གནས་པའི་ཤེས་རབ་སྟེ། འདི་ལྟར་དྲན་པ་དང་ལྡན་པའི་ཤེས་རབ་འབྱུང་བས་དེའི་ཕྱིར་འདི་ལ་དྲན་པ་ཉེ་བར་གནས་སོ། །འདི་ལྟ་སྟེ་ཤེས་རབ་ཉེ་བར་གནས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་མཐོང་བ་མངོན་པར་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དྲན་པའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་དྲན་པ་ཉེ་བར་གཞག་པ་ལ་བྱེད་པ་དང་བྱེད་པ་པོ་བྱས་པ་དེ་བཞིན་དུ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་ལ་ཡང་ངོ༌། །དམིགས་པའི་དྲན་པ་ཉེ་བར་གཞག་པའི་དབང་དུ་བྱས་ནས་མཐོང་བར་འདོད་པ་གསུངས་སོ། །གང་ལས་ཞེས་རྒྱས་པར་འབྱུང་བ་ལ། རེག་པ་ཀུན་ཏུ་འབྱུང་བས་ནི། ཚོར་བ་དྲན་པ་ཉེ་བར་གཞག་པ་ཀུན་ཏུ་འབྱུང་བ་ཡིན་ལ། རེག་པ་འགགས་པས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་ནུབ་པ་ཡིན་ནོ། །མིང་དང་གཟུགས་ཀུན་ཏུ་འབྱུང་བས་ནི་སེམས་དྲན་པ་ཉེ་བར་གཞག་ལ་ཀུན་ཏུ་འབྱུང་བ་ཡིན་ལ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཡིད་ལ་བྱེད་པ་ཀུན་ཏུ་འབྱུང་བས་ཆོས་དྲན་པ་ཉེ་བར་གཞག་པ་ཀུན་ཏུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཇི་ལྟར་ན་འདི་དག་གི་མིང་འཐོབ་ཅེས། ལུས་དྲན་པ་


DTG210_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གཞག་པས་ན་ལུས་དྲན་པ་ཉེ་བར་གཞག་པ་ཅེས་བྱ་སྟེ་དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །གཞན་དག་ནི་ཡང་འབྲེལ་པ་ཞེས་བྱ་བ་རྣམས་རྣམ་པ་གཞན་དུ་རྟོགས་སོ་ཞེས་ཟེར་རོ། །འདི་དག་དང་དྲན་པ་ལྷན་ཅིག་གནས་པས་ཞེས་བྱ་བ་ནི་དྲན་པ་སྟེ་ཉེ་བར་གཞག་པར་ཤེས་རབ་ཉིད་དོ། །ཡང་ཏིང་ངེ་འཛིན་ལ་སོགས་པ་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པས་ཏིང་ངེ་འཛིན་ལ་སོགས་པ་དྲན་པ་ཉེ་བར་གཞག་པར་གྱུར་བ་མ་ཡིན་ནོ་ཞེ་ན་མི་འགྱུར་ཏེ་དྲན་པ་གཙོ་བོར་ཤེས་པར་བྱ་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་རང་དང་སྤྱིའི་སྒོ་ནས་ཐ་དད་པའི་ལུས་ལ་སོགས་པ་རྣམས་ལ་དྲན་པའི་དབང་གིས་དེ་མི་བརྗེད་པས་དེའི་ཕྱིར་ས་རབ་ཏུ་རྣམ་པར་འབྱེད་པས་ས་གཞན་བགྲོད་ཅིང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དྲན་པ་དང་ལྷན་ཅིག་པར་གྱུར་པས་དེའི་ཕྱིར་དེ་དང་ལྷན་ཅིག་པ་ཁོ་ནའི་ཤེས་རབ་བསྟན་གྱི་གཞན་དང་ལྷན་ཅིག་པ་མ་ཡིན་ནོ། །དམིགས་པར་བཤད་པ་རྣམས་ངེས་པའི་ཚིག་ནི་དྲན་པ་རྣམས་ཤེས་རབ་མཐུན་པར་གནས་པས་དྲན་པ་ཉེ་བར་གཞག་པ་རྣམས་སོ། །དེ་བཞིན་དུ་ཤེས་རབ་ཁོ་ན་འདིར་གཙོ་བོ་ཞེས་བྱ་སྟེ། ཤེས་རབ་ཀྱི་བདག་ཉིད་རྣམ་པ་གསུམ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་སྟེ། འབྲེལ་པ་ཁོ་ནས་ཉོན་མོངས་པ་སྤོང་གི་གཞན་གྱིས་ནི་མ་ཡིན་ནོ། །ཡང་ཤེས་རབ་ཀྱང་གཞན་དང་འབྲེལ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་དང་འབྲེལ་བ་ཉིད་དུ་མི་རུང་བ་མ་ཡིན་ནམ་ཞེ་ན། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དང་དེ་ཡིན་པར་ཉོན་མོངས་པ་སྤོང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་དང་འབྲེལ་པ་ཞེས་བརྗོད་པར་བྱའི་ཞེ་ན། འདི་ལ་སྐྱོན་མེད་དེ། ཉོན་མོངས་པ་ཟད་པའི་དུས་སུ་ཤེས་རབ་ལ་དེར་བཤད་པ་འཐད་པའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་མཉམ་པ་མ་ཐོབ་པའི་ལམ་གྱིས་ཉོན་མོངས་པ་ཟག་པ་མ་ཡིན་ནོ། །ངེས་པ་དེ་ལ་མ་བལྟོས་པས་དྲན་པ་ཉེ་བར་གཞག་པས་འགའ་ཞིག་རང་བཞིན་གྱི་སྒོ་ནས་ཡོད་པས་ཉོན་མོངས་པ་ཟད་པའི་དུས་སུ་དེ་ལས་གཞན་དང་འབྲེལ་པ་ཡང་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེའི་ཕྱིར་འཐད་པ་འདིས་འབྲེལ་བ་ཉིད་ཀྱིས་ཉོན་མོངས་པ་སྤོང་ངོ༌། །


DTG210_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བསྒོམ་པ་ལས་བྱུང་པ་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་ཕུང་པོ་བཞི་དང་ལྔའི་མྱ་ངན་ལས་འདས་པ་ལ་དམིགས་ཏེ་ཉོན་མོངས་པ་སྤོང་བར་ནུས་པའི་ཕྱིར་སྤྱི་ཡིད་ལ་བྱེད་པ་ཉིད་ཀྱིས་ཉོན་མོངས་པ་སྤོང་ངོ༌། །རང་གི་མཚན་ཉིད་ཡིད་ལ་བྱེད་པ་ནི་ཆ་ཤས་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ལ། རང་དང་གཞན་དང་གཉིས་ཀ་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ཇི་ལྟར་བྱས་ནས་ཤེ་ན། རྟུན་པ་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ནས་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམས་སྤང་སྟེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་དང། དེ་བཞིན་དུ་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་སྔ་མ་བཞིན་ཏེ། དེ་ལྟ་ན་ཚུལ་འདིས་རྣམ་པ་གསུམ་ཡིན་ནོ། །དེ་ལ་ནང་ཞེས་བྱ་བ་ནི་རང་གི་རྒྱུད་དུ་གཏོགས་པའོ། །ཕྱི་ཞེས་བྱ་བ་ནི་གཞན་གྱི་རྒྱུད་དུ་གཏོགས་པའོ། །ཕྱི་ནང་ཞེས་བྱ་བ་ནི་བདག་ཏུ་སྲེད་པ་ལྷོད་པའི་ཕྱིར་ཕྱི་བཞིན་དང་ནང་ཉིད་དུ་མཐོང་བའི་ཕྱིར་ནང་བཞིན་ཏེ་སྔ་མ་བཞིན་ནོ། །ནང་ཞེས་བྱ་བ་ནི་མ་ཟིན་པའི་ནང་ངོ༌། །ཕྱི་ཞེས་བྱ་བ་ནི་གཞན་གྱི་རྒྱུད་དུ་གཏོགས་པ་དང་ལྷན་ཅིག་པའོ། །ནང་ལས་གཞན་པ་ནི་ཕྱི་ཞེས་བྱ་སྟེ། དབང་པོ་དང་ཡུལ་དང་གཉི་ག་ལ་དམིགས་པའི་སྒོ་ནས་སོ། །སྔར་རགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ་ལུས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་བ་ཡིན་པའི་ཕྱིར་རགས་པས་དེ་སྔར་མཐོང་ངོ༌། །དེ་ནས་ཚོར་བ་སྟེ་རྒྱུ་བ་རགས་པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་ནི་སེམས་ཡིན་ཏེ། ཆོས་རྣམ་པས་སོ་སོ་རྣམ་པར་རིག་པའི་རྣམ་པར་མཚོན་སླ་པའི་ཕྱིར་རོ། །ཆོས་ནི་འདུས་བྱས་དང་འདུས་མ་བྱས་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཕྲ་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །སེམས་མ་ཞི་བའི་ཕྱིར་ཞེས་བྱ་བ་ནི་ཚོར་བ་མངོན་པར་འདོད་པའོ། །དེ་ཉོན་མོངས་པས་སྤངས་པའི་ཕྱིར་ཞེས་བྱ་བ་ནི་སེམས་མ་ཞི་བ་ཉིད་དོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ནི་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏེ།


DTG210_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ནི་ཕྱིས་དང་འདྲ་བར་མི་གཙང་བའི་བདག་ཉིད་ཡིན་ན། ཆོས་ལྷག་མ་རྣམས་ནི་དེ་དང་འབྲེལ་བས་མི་གཙང་བ་ཡིན་ཏེ། ཕྱིས་དང་འབྱར་པའི་ཕྱག་དར་བཞིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། གང་ཅི་ཚོར་ཡང་རུང་དེ་ཐམས་ཅད་ནི་འདིར་སྡུག་བསྔལ་ཞེས་འབྱུང་བས་སོ། །འདུས་བྱས་ལྷག་མ་ནི་དེ་དང་འབྲེལ་བས་སྡུག་བསྔལ་ལོ། །རྟོག་པར་ཕྱིན་ཅི་ལོག་པའི་གཉེན་པོར་སེམས་དྲན་པ་ཉེ་བར་གཞག་པ་སྟེ། ཚོར་བ་ལ་རབ་ཏུ་སྡང་བས་དེའི་རྟེན་སེམས་རྣམ་པ་དུ་མར་དབྱེ་བ་ཐ་དད་པ་མཐོང་བས་འདི་རྟག་གོ་སྙམ་དུ་རྟག་པར་འདུ་ཤེས་ཕྱིན་ཅི་ལོག་པའི་གཉེན་པོར་འདི་མི་རྟག་གོ་སྙམ་པ་མངོན་དུ་བྱེད་དོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏེ། སེམས་ཀྱིས་གང་བྱས་པའི་ཁྱད་པར་མཚུངས་པ་ལ་བདག་ཏུ་འགྱུར་རོ་སྙམ་དུ་ཁྱད་པར་དུ་ཉེ་བར་རྟོགས་པར་བྱེད་དོ། །དེ་ལ་ཆོས་རྣམས་རིལ་པོར་རྣམ་པར་དབྱེ་བའི་སྒོ་ནས་འདི་ནི་ཆོས་ཙམ་དུ་ཟད་ཀྱི། འདི་ནི་བདག་མ་ཡིན་ནོ་ཞེས་བདག་ཏུ་འདུ་ཤེས་པ་ཕྱིན་ཅི་ལོག་གི་གཉེན་པོ་ཡིན་ནོ། །གཞན་དག་ན་རེ་ཁམ་གྱི་ཟས་དང་རེག་པ་དང་རྣམ་པར་ཤེས་པ་དང་ཡིད་ལ་སེམས་པའི་གཉེན་པོའི་སྒོ་ནས་རིམ་པ་བཞིན་དུ་བཞིའོ་ཞེས་ཟེར་རོ། །འདིར་མ་འདྲེས་པ་ལ་དམིགས་པ་གསུམ་རྣམས་ཏེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མ་འདྲེས་པ་ལ་དམིགས་པས་ཉོན་མོངས་པ་རབ་ཏུ་སྤོང་ངོ༌། །མ་འདྲེས་པ་ལ་དམིགས་པའི་ཤེས་པ་གསུམ་གྱིས་ནི་འགོག་པ་ཤེས་པ་ཉིད་ཀྱིས་སོ། །འདྲེས་པ་ལ་དམིགས་པས་ཀྱང་མ་ཡིན་ཏེ། ཕུང་པོ་གསུམ་ལ་དམིགས་པ་ཐམས་ཅད་ཀྱིས་དེ་མི་ནུས་པའི་ཕྱིར་རོ། །མ་འདྲེས་པ་ལ་དམིགས་པ་དོན་མེད་པ་ཡང་མ་ཡིན་ཏེ། སོ་སོར་འཇུག་པའི་ཕྱིར་དང་རྒྱུན་འགྲོ་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་སྦྱོར་བ་དང་ཁྱད་པར་གྱི་ལམ་གྱི་རང་བཞིན་རྣམས་ཆོས་སུ་བཤད་ཅིང་སྤོང་བ་དང་རྣམ་པར་གྲོལ་བའི་ལམ་དུ་བཤད་དོ། །དེ་བཞིན་དུ་ལུས་ལ་ལྷག་པར་དམིགས་པ་ཞེས་རྒྱས་པར་འབྱུང་སྟེ། དེ་བཞིན་དུ་འདི་མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དྲན་པའི་སྦྱོར་བ་གོམས་པའི་ཕྱིར་


DTG210_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་ཀྱི་རིགས་ཅན་ལུས་དྲན་པ་ཉེ་བར་གཞག་པ་ཉིད་ལ་འཇུག་གོ །དེའི་མཇུག་ཐོགས་སུ་ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། དེ་ནས་སེམས་དང་རྗེས་སུ་དེའི་རིགས་ཅན་ཉིད་ཀྱི་ཆོས་དྲན་པ་ཉེ་བར་གཞག་པའོ། །དེའི་ཕྱིར་རང་གི་མཚན་ཉིད་ཀྱི་རིགས་ཅན་ཆོས་དྲན་པ་ཉེ་བར་གཞག་པ་ལས་མཇུག་ཐོགས་སུ་འདྲེས་པ་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་སྐྱེད་པར་བྱེད་དོ། །དེའི་མཇུག་ཐོགས་སུ་སྤྱི་ལ་དམིགས་པའོ། །དེ་ནི་ཆོས་དྲན་ཉེར་གཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །ཞེས་བྱ་བ་ལ་འདྲེས་པ་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་སྟེ་ཕུང་པོ་བཞི་དང་ལྔ་ལ་དམིགས་པའི་དབྱེ་བ་ལས། ཕུང་པོ་ལྔ་ལ་དམིགས་པ་ཉིད་ནི་སྤྱི་ལ་དམིགས་པར་བརྗོད་ལ། དེ་ལ་གནས་པ་ཐམས་ཅད་ཉིད་ལུས་ལ་སོགས་པའི་སྤྱི་མི་རྟག་པ་ལ་སོགས་པའི་རྣམ་པ་བཞིར་ལྟ་བར་བྱེད་དོ། །དེ་ལས་དྲོ་བར་གྱུར་པ་འབྱུང༌། །ཞེས་བྱ་བ་ལ་དྲོ་བར་གྱུར་པ་ནི་དྲོ་བའི་རྣམ་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་འདྲེས་པ་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་འདྲེས་པར་བྱས་ཏེ། སྔར་རེ་ཞིག་དམིགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣམ་པ་ལ་གོམས་པར་བྱེད་དོ། །དེ་ནས་སྐྱེ་བ་དང་འཇིག་པ་ལ་ཡོངས་སུ་རྟོག་གོ །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་ལྟ་བར་བྱེད་དོ། །སྒོམ་པ་ནི་རྒྱུའི་སྒོ་ནས་སྐྱེ་བ་དང་འཇིག་པ་དག་ལ་བལྟ་སྟེ། བདེ་བ་ལ་རྒྱུ་དང་འབྲས་བུ་འབྲེལ་པར་ཡོངས་སུ་རྟོག་པ་ལ་འཇུག་གོ །འགའ་ཞིག་སྔར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པར་འདོད་པ་དེ་དག་སྐྱེ་བ་དང་འཇིག་པ་མཐོང་བའི་མཇུག་ཐོགས་སུ་དོན་རྣམ་པ་གསུམ་ལ་ཡོངས་སུ་རྟོག་གོ །དེ་ནས་གནས་བདུན་ལ་མཁས་སོ། །དེ་ལ་མཁས་པར་བྱས་ནས་ཡང་སྔར་མཐོང་བའི་ཤེས་བྱའི་བདེན་པ་རྣམ་པར་གཞག་པ་ལ་བསྡུས་ཏེ་རྟོག་གོ ། རྒྱུ་དང་འབྲས་བུ་བཀོད་པའི་བདེན་པ་རྣམ་པར་གཞག་པ་དེ་ནི་དེའི་ཚེ་ཡེ་ཤེས་གོམས་པས་ཞི་གནས་བརྟེན་པར་བྱེད་ཅིང་བདེན་པ་རྣམས་མངོན་པར་རྟོགས་པ་དང་མཐུན་པར་རྣམ་པར་འཇོག་པར་བྱེད་དོ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་སོ་སོ་དང་གཟུགས་ན་སྤྱོད་པ་ཉིད་ཀྱང་སོ་སོ་སྟེ་


DTG210_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་ཀྱང་ངོ༌། །དེ་ནས་དེའི་རྗེས་སུ་མ་འདྲེས་པ་རྣམ་པ་བཅུ་དྲུག་སོ་སོར་སྣང་ངོ༌། །ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བདེན་པ་རྣམས་ལ་དེའི་རྣམ་པ་རྣམས་སུ་བྱེད་དོ། །བདེ་བ་རྣམས་ཀྱང་གནས་ཀྱི་བར་ཆོད་པ་བཞིན་དུ་བལྟ་སྟེ། འདི་ཙམ་གྱིས་ཐོས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་བསམ་པ་ལས་བྱུང་བ་ལ་ཡང་བརྗོད་པར་བྱའོ། །དེ་ནས་འདུ་བྱེད་ཐམས་ཅད་ལ་ཕྱིར་ཕྱོགས་ཏེ་ངེས་པར་འབྱུང་བ་དང་ཞི་བར་མཐོང་སྟེ། ངེས་པར་འབྱུང་བའི་རྣམ་པ་ཆེས་མང་ཆེས་ཆེར་མང་བའི་ཚུལ་གྱིས་ཐམས་ཅད་ལས་ཁྱད་པར་འཕགས་པའི་བསམ་པ་ལས་བྱུང་བ་ངེས་པར་འབྱེད་པ་དང་མཐུན་པའི་དྲོ་བར་གྱུར་པ་འབྱུང་ཞིང་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །དེ་ནས་དྲོ་བར་གྱུར་པ་བསྐྱེད་དེ། དེའི་ཕྱིར་ངེས་པར་འབྱུང་བ་དང་མཐུན་པའི་བསམ་པ་ལས་བྱུང་བ་ལས་ཆོས་དྲན་པ་ཉེ་བར་གཞག་པ་སྟེ། ཁྱད་པར་དུ་བར་མ་ཆད་པས་དེ་ཐོག་མར་སྒོམ་པར་བྱེད་དོ། །དེའི་ཕྱིར་དྲོ་བར་གྱུར་པ་ཅི་ལ་དམིགས་པ་ཆོས་དྲན་པ་ཉེ་བར་གཞག་པའི་དགེ་བསྐྱེད་པར་བྱེད་དོ། །འཕགས་པའི་ལམ་བསྒོམ་པའི་ཚེའི་སྔོན་གྱི་ཚུལ་འདྲེན་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི། རྒྱུན་ཆགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འོ་ན་ཅིའི་ཕྱིར་ལོགས་ཤིག་ཏུ་བསྟན་ཅེ་ན། དེའི་ཕྱིར་ཆེས་མཆོག་ཏུ་གྱུར་པའི་ཕྱིར་མིང་གཞན་དུ་བཏགས་སོ་ཞེས་བྱ་བ་སྨོས་སོ། །དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་ནི་གཡོ་བ་གཉིས་དང་མི་གཡོ་པ་གཉིས་སོ། །གཡོ་བ་དག་ནི་གང་ཆུང་ངུ་སྟེ་དྲོ་བར་གྱུར་པ་ཆེན་པོ་གང་ཡིན་པ་དེ་ནི་ཕུལ་དུ་བྱུང་བས་ན་རྩེ་མོའོ། །འདིར་རྩེ་མོའི་སྒྲ་ནི་ཕུལ་དུ་བྱུང་བ་གསལ་བར་བྱེད་པའོ། །མི་གཡོ་བ་དག་ཀྱང་གང་ཆུང་ངུ་མངོན་དུ་བྱེད་པ་དང་ཆེན་པོ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ །སྙིང་པོ་དང་ཆོས་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་དང་པོ་ནས་བཀོད་པ་ཞེས་བྱ་བའོ། །བདེན་པ་རྣམས་ལ་རྣམ་པ་དག་འཇོག་པར་བྱེད་པ་སྟེ། དེ་དག་ལ་དམིགས་པ་རྣམས་འཇུག་པར་བྱེད་པའོ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཅི་ཚིག་འདི་ལ་མིང་ལ་གོམས་པའི་སྒོ་ནས་ཆུང་ངུ་དང་འབྲིང་དང་ཆེན་པོ་རིམ་


DTG210_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐྱེ་ཞེ་ན། དགའ་བ་ཆེན་པོ་མེད་པའི་ཕྱིར་ཞེས་བྱ་སྟེ། སྦྱོར་བ་ལས་བྱུང་བ་རྣམས་ལ་མཆོག་རྣམས་ཉིད་དེ། དེ་དམན་པ་རྣམས་ལ་དགའ་བ་ཆེན་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྔར་ཐོབ་པ་རྣམས་ནི་མངོན་དུ་མི་བྱེད་དེ་དམན་པའི་ཕྱིར་རོ། །དྲོ་བ་རྣམས་ཁོ་ན་ཅིག་ཏུ་འཕེལ་བ་ཀཱཥྠ་མཱ་ག་ཏཱཿ། རིན་པོ་ཆེའི་ཁང་བཟངས་ཀྱི་ཀུན་ཏུ་སྤྱོད་པ་མང་པོ་བཞིན་དུ་གྱུར་པ་ནི་རྩེ་མོར་གྱུར་པ་ཞེས་བྱའོ། །དེ་དག་ཆུང་དང་འབྲིང་དང་ཆེན་པོའི་རིམ་པས་མངོན་པར་འཕེལ་བ་ཞེས་རྒྱས་པར་འབྱུང་སྟེ། ཆེན་པོ་ནི་བདེན་པ་ལ་བཟོད་པའི་ཕྱིར་ཞེས་བྱ་བ་ནི། ཕྲ་བའི་བདེན་པ་ལ་ཀུན་ཏུ་རྨོངས་པ་བཟློག་པའི་ཕྱིར་བརྗོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡིད་ཀྱི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཞེས་བྱ་བ་ནི་བཟོད་པ་དང་རྩེ་མོ་དག་དགེ་བའི་རྩ་བ་ཆུང་ངུ་དང་འབྲིང་དག་ལ་བཟོད་པའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་དག་བདེན་པ་དང་མཐུན་པའོ། །འདི་དག་འཇིག་རྟེན་པའི་ངེས་པ་ལ་འཇུག་པས་དེའི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་སོ། །དེ་ལྟ་བུ་ཉིད་ཀྱི་རྒྱུ་ལས་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་བདེན་པའི་རྣམ་པ་དག་འགོད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བྱ་བ་ནི། མཐོང་བའི་ལམ་དང་འདྲ་བའི་ཕྱིར་བཟོད་པ་རྣམས་སྤྱི་ལ་དམིགས་པའི་ལམ་ཉིད་དུ་བརྗོད་དོ། །གང་སྐད་ཅིག་མ་གཅིག་ཉིད་དེ་ལ་ཆེན་པོ་ཞེས་བྱ་བ་དང་ཡང་བཟོད་པ་འདི་དག་ལ་ཆུང་དུ་དང་འབྲིང་དང་ཆེན་པོ་ཉིད་དུ་ཡོངས་སུ་གཅོད་པར་བྱེད་ཅེ་ན། ཆུང་དུ་ནི་རེ་ཞིག་བཟོད་པ་བརྒྱད་ཀྱིས་སེམས་རྣམས་སོ། །འདི་ཅི་ལྟར་རྣལ་འབྱོར་སྤྱོད་པ་རྣམས་ཡིད་ལ་བྱེད་ཅེ་ན། འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་གཟུགས་ན་སྤྱོད་པའི་སྡུག་བསྔལ་ཞེས་རིམ་པ་འདི་ཉིད་ཀྱིས་ཀུན་འབྱུང་དང་འགོག་པ་དང་ལུམ་རྣམས་ཀྱང་ཡིད་ལ་བྱེད་དེ། འདི་དག་བཟོད་པ་ཆུང་ངུ་དང་འབྲིང་དང་ཐ་མའོ། །གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་


DTG210_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་འགོག་པ་དང༌། ཀུན་འབྱུང་བ་དང༌། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུ་ཞིང༌། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོ་དང༌། འགོག་པ་དང༌། ཀུན་འབྱུང་བ་དང༌། སྡུག་བསྔལ་གྱི་བདེན་པ་རྣམས་བསྡུའོ། །དེ་དག་གི་བདེན་པའི་རྣམ་པ་རེ་རེ་ཕྲི་བ་དང། དམིགས་པ་རེ་རེ་ཕྲི་ནས་སོ། །ཇི་ལྟར་ཞེ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་དེ་ལ་རྣམ་པ་བཞིར་རྣམ་པ་གཏོད་པར་བྱེད་དོ། །དེ་ནས་གསུམ་དུའོ། །དེ་ནས་གཉིས་སུའོ། །དེ་ནས་གཅིག་ཏུ་སྟེ། རེ་ཞིག་བདེན་པའི་རྣམ་པ་རེ་རེ་ཕྲི་པ་ནི་དེ་ལྟའོ། །དེ་ནས་གཅིག་ཏུ་ཡང་རྣམ་པ་གཏོད་པར་མི་བྱེད་དེ། དམིགས་པ་ཕྲི་བ་ནི་དེ་ལྟ་བུའོ། །རིམ་པ་འདིས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་ཅན་སྐད་ཅིག་མ་གཉིས་ཁོ་ནར་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། །བདེན་པའི་རྣམ་པ་དང་དམིགས་པ་ཕྲི་བ་ལས་བརྩམས་ཏེ་ཞེས་བྱ་བ་ནི། སྔར་ཕྲི་བ་བཏང་བ་ལས་བཟོད་པ་ཆུང་ངུ་ཞེས་བཤད་པ་ཡིན་ནོ། །འཇིག་རྟེན་པའི་ཟག་པ་དང་བཅས་པའི་ལམ་གྱི་མཆོག་ཡིན་པའི་ཕྱིར་དང་སྐལ་པ་མེད་པའི་རྒྱུ་མེད་པར་དེ་སྐྱེས་བུ་བྱེད་པས་དྲངས་པའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །བཟོད་པ་ཆེན་པོའི་མཇུག་ཐོགས་སུ་སྤྱིའི་ཆོས་ཐམས་ཅད་ལ་དྲན་པ་ཉེ་བར་གཞག་པའོ། །དེའི་ཁྱད་པར་ཉིད་ལས་དང་པོ་ནས་འཕགས་པའི་ལམ་གྱི་སྒོ་དབྱེ་བའི་ཕྱིར་དང་འཇིག་རྟེན་ཐམས་ཅད་ལས་ཡོན་ཏན་གྱི་གཙོ་བོར་གྱུར་པའི་དགེ་བའི་རྩ་བ་སྐྱེད་དོ། །ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱ་བ་ཐམས་ཅད་ནི་ཕུང་པོ་ལྔ་སྟེ། མཉམ་པར་གཞག་པ་ལ་རྔེས་སུ་འབྲང་བའི་གཟུགས་ཡོད་པའི་ཕྱིར་རོ། །ཐོབ་པ་མ་གཏོགས་པ་ཞེས་བྱ་བ་ལ་བདེན་པ་མཐོང་བ་བདེན་པ་དང་འདྲེས་པར་ལྟ་བ་ནི་བདེན་པ་མཐོང་བའི་སྦྱོར་བ་མངོན་དུ་མི་བྱེད་དེ། དགོས་པ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་འཕགས་པས་གོང་དུ་སོ་སོ་སྐྱེ་བོའི་རྒྱུད་ཅན་གྱི་ལམ་མངོན་དུ་བྱེད་པ་མི་རིགས་པའོ་ཞེས་ཟེར་རོ། །གཞན་དག་ནི་ལྷན་ཅིག་སྐྱེས་པའི་རྒྱུད་ཅན་ལས་དེའི་རང་བཞིན་དང་དེའི་རང་བཞིན་ཅན་ཉིད་ཀྱི་ཕྱིར་རོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་བཞིན་དུ་


DTG210_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ཆོས་མ་ཐོབ་པ་ནི་སོ་སོ་སྐྱེ་བོ་ཉིད་དེ། འཕགས་པའི་ཆོས་ཐོབ་པ་ལ་ཡང་མ་ཐོབ་པ་ཡོད་དེ། དེ་ནས་སོ་སོ་སྐྱེ་བོ་མ་ཡིན་ནོ། །འཕགས་པའི་ཆོས་མ་ཐོབ་པ་ནི་སོ་སོ་སྐྱེ་བོར་བཤད་པའི་ཕྱིར་རོ། །དེ་ལྟར་དྲོ་བར་གྱུར་པ་ལ་སོགས་པ་ཐོབ་པ་དེ་ལྷན་ཅིག་སྐྱེས་པ་དེའི་རང་བཞིན་ཞེས་བྱ་བ་སྟེ། འཕགས་པའི་གང་ཟག་གི་རྒྱུད་ལ་ཡང་དེའི་རང་བཞིན་མི་འགྱུར་བ་མ་ཡིན་ནོ། །གཞན་དག་ན་རེ་ཆོས་ཀྱི་མཆོག་རྣམས་ཕུལ་དུ་ཕྱིན་པ་ཉིད་དུ་འགྱུར་བའི་ཕྱིར་དེའི་ཐོབ་པ་རྣམས་ཆོས་མཆོག་གི་བདག་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་རྣམས་ཀྱང་ཕུལ་དུ་བྱུང་བའི་ཕྱིར་ཐོབ་པ་རྣམས་དེའི་རང་བཞིན་མ་ཡིན་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་རྣམ་གྲངས་སྔ་མ་ཁོ་ན་གཟུང་བར་བྱའོ། །སོ་སོ་སྐྱེ་བོ་ཉིད་བཞིན་ཞེས་བྱ་བ་ནི་འདིའི་ཡུལ་ལོ། །སོ་སོ་སྐྱེ་བོའི་ཐོབ་པ་ཁ་ཅིག་སོ་སོ་སྐྱེ་བོའི་རྒྱུད་ཅན་དང་ཁ་ཅིག་འཕགས་པའི་རྒྱུད་ཅན་མ་ཡིན་ནོ། །དྲོ་བར་གྱུར་པ་ལ་སོགས་པའི་ཐོབ་པ་བཞིན་ཞེས་བྱ་བ་ལ། དེའི་ཕྱིར་འདི་ཉིད་འདིར་ཕྱོགས་སུ་རིགས་ཏེ་འཁོར་དང་བཅས་པ་ཕུང་པོ་ལྔའོ། །ཐོབ་པ་མ་གཏོགས་ཞེས་བྱ་བ་ལ་རྣམ་པ་གཞན་བརྗོད་པར་འདོད་པས་དེ་ལ་བདེན་པ་གསུམ་ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ཞེས་བྱ་བ་སྨོས་སོ། །བདེན་པ་གསུམ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་ལ་དམིགས་པའི་ཟུང་སྟེ། འགོག་པའི་བདེན་པ་ལ་དམིགས་པའི་བདེན་པ་ལོགས་སུ་བསྟན་པའི་ཕྱིར་རོ། །སྡུག་བསྔལ་ལ་སོགས་པ་རྣམས་ཕུང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་ལ་དམིགས་པའི་ཆོས་དྲན་པ་ཉེ་བར་གཞག་པ་དེ་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་བཞི་ཆར་ཐོབ་བོ་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པའོ། །ལུས་དང་ཚོར་བ་ལ་སོགས་པ་རྣམས་སྡུག་བསྔལ་ལ་སོགས་པའི་ཁོངས་སུ་འདུ་བའི་ཕྱིར་དེ་དག་ལ་དམིགས་པ་མ་འོངས་པ་བཞི་ཆར་འཐོབ་སྟེ། ཚོར་བ་སྦྱངས་པ་རྣམས་ཀྱིས་ཐོབ་པ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་བྱུང་བ་ནི་ཐོབ་པ་དང་བཅས་ཏེ་བརྟེན་པས་ཐོབ་པའི་སྒོ་ནས་མངོན་དུ་གྱུར་པ་ཉིད་དུ་འཐོབ་པོ། །དེ་ཁོ་ན་གཉི་ག་ཡིན་ནོ་ཞེས་


DTG210_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བ་དང་མ་འོངས་པ་དེ་ཁོ་ན་འཐོབ་པོ། །འགོག་པའི་བདེན་པ་ལ་ནི་ལུས་མེད་པའི་ཕྱིར་དེ་ལ་དམིགས་པ་མ་འོངས་པ་གསུམ་མི་འཐོབ་པོ། །དེ་ནི་ཕུང་པོ་འཇིག་པར་མཐོང་བའི་སྒོ་ནས་ཕུང་པོ་ལ་དམིགས་པའི་ལམ་ཐོབ་པར་གྱུར་ཏོ། །རྣམ་དག་ནི་ཐམས་ཅད་དུ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་གསུམ་ལ་དམིགས་པ་དང་འགོག་པ་ལ་དམིགས་པའོ། །གང་ལ་དམིགས་པའི་བདེན་པའི་རྣམ་པ་མ་འོངས་པ་བཞི་འཐོབ་པོ། །ད་ལྟར་བྱུང་བ་ནི་གཅིག་ཉིད་དེ། མི་འདྲ་བ་དམིགས་པ་མ་ཡིན་པའི་ཕྱིར་རོ། །རིགས་རྣམས་ཞེས་བྱ་བ་ལ། རྣམ་པར་འཕེལ་བ་ལ་བཞིས་བྱ་བ་ནི་བྱང་བར་བྱ་བ་ལའོ། །བཞི་ལས་གང་ཡང་རུང་བ་ཞིག་ཅེས་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་པ་ཡིན་ཏེ། གཟུགས་ཀྱི་སྐྱེ་མཆེད་ནི་ལུས་དྲན་པ་ཉེ་བར་གཞག་པའོ། །གཟུགས་དང་ཚོར་པ་ལ་སོགས་པ་ཡང་བདེན་པ་གསུམ་གྱི་ནང་དུ་འདུས་པ་ཉིད་དོ། །དེའི་ཕྱིར་བདེན་པ་ཉིད་ལ་དམིགས་པ་ཞེས་སྦྱར་རོ། །བཞི་ལས་གང་ཡང་རུང་བ་ནི་མ་ཡིན་ནོ། །འགོག་པ་ལ་དམིགས་པ་འཕེལ་བ་དེ་ཁོ་ན་ལ་ནི་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཏེ། དེ་ལ་ལུས་ལ་སོགས་པ་མེད་པའི་ཕྱིར་རོ། །རྣམ་པ་གཅིག་ཉིད་ཁོ་ནའོ། །མ་འོངས་པ་ནི་བཞི་ཆར་ཐོབ་པོ། །རྣམ་པ་ནི་ཐམས་ཅད་ཅེས་བྱ་བ་ནི་བཅུ་དྲུག་གོ །རིགས་རྣམས་ཐོབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དང་པོའི་རྣམ་པ་ལ་ནི་སྐལ་བ་མཉམ་པའི་རྣམ་པ་ཉིད་འཐོབ་པོ། །རིགས་རྣམས་མ་ཐོབ་པའི་ཕྱིར་བདེན་པ་རྣམས་ལ་ཡང་རྣམ་པ་རྣམས་བཀྲམ་པའི་ཕྱིར་རོ། །རྣམ་པར་འཕེལ་བ་ལ་ནི་གཉིས་ཀའི་དབང་དུ་བྱས་པའོ། །སྐལ་བ་མཉམ་པ་དང་སྐལ་བ་མི་མཉམ་པའི་རྒྱུ་རྣམས་ཀྱང་འདིར་རིགས་སུ་མངོན་པར་འདོད་དོ། །རྩེ་མོ་བདེན་པ་བཞི་ལ་དམིགས་པ་རྣམ་པ་གཏོད་པ་ལ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་པ་ཡིན་ལ། མ་འོངས་པ་ནི་བཞི་ཆར་འཐོབ་པོ། །ཇི་ལྟར་དྲོ་བར་གྱུར་པའི་རྣམ་པ་འགོག་པ་ལ་དམིགས་པ་ཆོས་དྲན་པ་ཉེ་བར་གཞག་པ་ནི་གཉི་ག་ཇི་ལྟ་བ་མ་ཡིན་ནོ། །རྣམ་པ་གཅིག་གིས་


DTG210_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ད་ལྟར་བྱུང་བ་དང་མ་འོངས་པའི་བཟོད་པ་ཐམས་ཅད་དུའོ། །བཟོད་པ་རྣམས་ལ་ནི་ཐམས་ཅད་དུ་ཐ་མ་ཡིན་ལ་ཞེས་བྱ་བ་ནི་བཟོད་པ་རྣམས་ལ་ནི་རྣམ་པར་གཏོད་པ་དང་རྣམ་པར་འཕེལ་བ་ལ་ཡང་ཐ་མ་ཉིད་དེ་ད་ལྟར་བྱུང་བའི་བཟོད་པའོ། །ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ཀྱིས་འཕེལ་བའི་ཕྱིར་མ་འོངས་པ་ནི་རྣམ་པ་བཞི་དང་གཅིག་ཉིད་དོ། །ད་ལྟར་བྱུང་བ་དང་མ་འོངས་པ་ཐམས་ཅད་རིགས་ཀྱི་སྒོ་ནས་བཟོད་པ་རྣམས་ཉིད་དུ་བཤད་དོ། །ཇི་ལྟར་དམིགས་པ་ལ་གཏོད་པ་དེ་བཞིན་དུ་རྣམ་པ་ལ་ཡང་སྟེ་བདེན་པ་བཞི་ལ་དམིགས་པར་བྱ་བའི་ཆེད་དུའོ། །ཐམས་ཅད་དུ་བདེན་བ་གསུམ་དང་གཉིས་དང་གཅིག་ལ་དམིགས་པས་བཅུ་གཉིས་དང་བརྒྱད་དང་བཞི་རྣམས་འཐོབ་པོ། །ཆོས་མཆོག་ལ་ནི་ཐ་མ་ད་ལྟར་བྱུང་བའོ། །མ་འོངས་པ་ནི་བཞིའོ། །རྣམ་པ་གཅིག་གོ །ད་ལྟར་བྱུང་བ་ཐོབ་པ་བཞི་འོ། །སྐལ་བ་མཉམ་པ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཆོས་ཀྱི་མཆོག་བདེན་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཀུན་འབྱུང་ལ་སོགས་པའི་རྣམ་པ་མེད་པའོ། །མཐོང་བའི་ལམ་དང་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་ཉེ་བ་ཉིད་དང༌། དེ་དང་ས་གཅིག་པ་ཉིད་དོ། །མཐོང་བའི་ལམ་ལ་ནི་བདེན་པ་གང་ཞིག་མཐོང་བར་འགྱུར་བ་དེའི་རྣམ་པ་དག་ཁོ་ན་འཐོབ་པོ། །གཞན་དག་ན་རེ་འདོད་པའི་སྡུག་བསྔལ་ལ་དམིགས་པའི་ཕྱིར་སྡུག་བསྔལ་ལ་ཆོས་བཟོད་དང་འདྲའོ་ཞེས་ཟེར་རོ། །ཇི་ལྟར་དེར་བཞི་ཁོ་ན་འཐོབ་བ་དེ་བཞིན་དུ་ཆོས་མཆོག་ཡང་ཡིན་ནོ། །ངེས་པར་འབྱེད་པས་ན་ངེས་པར་འབྱེད་པའམ། ཡང་ན་འདིས་ངེས་པར་འབྱེད་པས་ན་ངེས་པར་འབྱེད་པའོ། །དེ་ཡང་འཕགས་པའི་ལམ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ངེས་ཐེ་ཚོམ་སྤང་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འཕགས་པའི་ལམ་གྱིས་ཐེ་ཚོམ་སྤང་བའི་ཕྱིར་བདེན་པ་རྣམས་ངེས་པར་རྣམ་པར་འབྱེད་པས་འབྱེད་པ་ཞེས་བྱ་སྟེ། དེ་ཉིད་ངེས་པར་འབྱེད་པ་སྟེ་གཞན་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཇི་ལྟར་འབྱེད་པར་བྱེད་ཅེ་ན། འདི་ནི་སྡུག་བསྔལ་ཞེས་རྒྱས་པར་འབྱུང་སྟེ། དེའི་ཆ་ནི་མཐོང་བའི་ལམ་གྱི་ཕྱོགས་གཅིག་ཡིན་ཏེ་ཞེས་བྱ་བ་ནི། སྡུག་


DTG210_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ལ་ཆོས་ཤེས་པའི་བཟོད་པ་དེ་འདྲེན་པའི་ཕྱིར་རོ། །ཐོས་པ་དང་བསམ་པ་ལས་བྱུང་བ་དག་གིས་ནི་ཞེས་བྱ་བ་ལ་ཐོས་པ་དང་བསམ་པ་ལས་བྱུང་བ་དག་གིས་ནི་བརྒྱུད་པས་ངེས་པར་འབྱེད་པ་ཡིན་གྱི་དངོས་སུ་མ་ཡིན་ཏེ་བསྐལ་པའི་ཕྱིར་རོ། །དེ་དག་གིས་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་དང་ལྡན་པའི་ཕྱིར་རོ། །མཐོང་བའི་ལམ་ནི་ས་དྲུག་པ་ཡིན་པས་མཐོང་བའི་ལམ་གྱི་འཁོར་རྣམས་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། དེའི་ཕྱིར་གོང་མ་གཟུགས་དང་གཟུགས་མེད་པའི་ཁམས་ན་སྲིད་པ་མ་ཡིན་ཏེ་མཐོང་བའི་ལམ་མེད་དོ། །དེ་ཉིད་ལ་རྒྱུ་གསུངས་པ། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ལམ་ནི་འདོད་པའི་ཁམས་ལ་དམིགས་པ་ཡིན་ནོ། །གཟུགས་མེད་པ་དག་ནི་འདོད་པའི་ཁམས་ལ་དམིགས་པ་མ་ཡིན་ཏེ། རིང་བ་བཞིས་རིང་བའི་ཕྱིར་རོ། །དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ནི་རིགས་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་ཡིན་ནོ། །རྣམ་པར་སྨིན་པ་དང་བཅས་པའི་ཕྱིར་དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ། །སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པའི་ཕྱིར། འདི་དག་ལ་རིས་མཐུན་པ་འཕེན་པའི་ནུས་པ་ཡོད་པ་མ་ཡིན་པའོ། །གཉིས་ནི་འོག་ན་ཡོད་པའམ་ཞེས་བྱ་བ་ལ་ཆོས་མངོན་པ་བ་རྣམས་ནི་འདི་མི་འདོད་དེ། ཐོས་པ་དང་བསམ་པ་ལས་བྱུང་བ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་མི་འཐད་པའི་ཕྱིར་རོ། །རྟེན་གྱི་སྒོ་ནས་ནི་བཞི་ཆར་ཡང་འདོད་པའི་རྟེན་ཅན་ཡིན་ཏེ། དེ་ཁོ་ན་ངེས་པར་འཇུག་བ་ཡོད་པའི་ཕྱིར་རོ། །གསུམ་ནི་མི་དག་གི་ནང་ན་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་དང་ཆོས་མཆོག་མ་གཏོགས་པའོ། །འདི་དག་གི་དང་པོ་མི་དག་གི་ནང་ཁོ་ནར་སྐྱེ་བར་བྱེད་དོ། །གླིང་གསུམ་དུ་ཞེས་བྱ་བ་ནི་སྒྲ་མི་སྙན་མ་གཏོགས་པར་རོ། །བཞི་པ་ནི་ལྷ་དག་གི་ནང་དུ་ཡང་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་རྣམས་སུ་སྐྱེད་པར་བྱེད་དོ་ཞེས་བྱ་བའོ། །གཞན་དག་ན་རེ་


DTG210_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་ཆེན་པོ་དང་ཆོས་མཆོག་སྐྱེ་བ་ནི་ལྷ་དག་གི་ནང་དུ་ཡང་ངོ་ཞེས་ཟེར་རོ། །གཞན་དག་ནི་སྦྱངས་པ་བྱས་པ་ནི་འདི་དག་ལྷ་དག་གི་ནང་དུ་ཡང་སྐྱེད་དོ་ཞེས་ཟེར་རོ། །གསུམ་ནི་སྐྱེས་པ་དང་བུད་མེད་ཀྱིས་གཉི་གའི་རྟེན་ཅན་དག་འཐོབ་པོ་ཞེས་བྱ་བ་ནི་རེ་རེས་ཀྱང་སྐྱེས་པ་དང་བུད་མེད་ཀྱི་ཞེས་པའི་དོན་ཏེ། འདི་ཡང་ཚེ་རབ་ས་གཞན་དུ་འཆི་འཕོ་བའི་དབང་དུ་བྱས་ནས་བཤད་པའོ། །གཉི་གའི་རྟེན་ཅན་ཐོབ་པར་འགྱུར་ཞེས་བྱ་བ་ལ། གལ་ཏེ་མཐོང་བའི་ཆོས་ཁོ་ན་ལ་མཚན་ཡོངས་སུ་གྱུར་ནས་ཆོས་ཀྱི་མཆོག་སྐྱེད་པ་ཉིད་དང་ཚེ་རབས་གཞན་གྱི་སྲིད་པ་ལ་བུད་མེད་ཀྱི་དངོས་པོ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་པ་ཉིད་དོ། །གལ་ཏེ་སྐྱེས་པའི་རྟེན་ལས་མི་འཐོབ་པ་དེ་ལྟ་ན་སྐྱེས་པའི་རྟེན་ལ་ཐོབ་པ་དེ་དང་མི་ལྡན་པའི་སྐྱོན་ནོ། །སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་ཁོ་ན་སྟེ། འཕགས་པའི་གང་ཟག་ཚེ་གཞན་དུ་བུད་མེད་ཉིད་ཐོབ་པ་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་རྣམས་སུ་མཚན་ཡོངས་སུ་གྱུར་པ་དེ་དག་གཉི་གའི་རྟེན་ཅན་ཡང་ཕན་ཚུན་རྒྱུ་ཉིད་དུ་སྒྲུབ་པར་བྱེད་དོ། །ཆོས་ཀྱི་མཆོག་བུད་མེད་ཀྱི་རྟེན་ཉིད་གཉི་ག་འཕགས་པའི་རྒྱུ་སྟེ། སྐྱེས་པ་ཉིད་ཐོབ་པ་སྲིད་པའི་ཕྱིར་རོ། །སྐྱེས་པའི་རྟེན་ཉིད་ཀྱིས་ནི་རྟེན་དེས་བུད་མེད་ཉིད་སོ་སོར་བརྟགས་པའི་འགོག་པ་ཐོབ་པ་མེད་པའི་ཕྱིར་རོ། །ས་བོར་ནས་ཡང་ས་འཕོ་བ་ཞེས་བྱ་བ་ནི་ས་གཞན་སྐྱེ་བ་ནས་གཞན་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རིས་མཐུན་པ་གཏོང་བས་འདོར་གྱི་ས་འཕོ་བས་མ་ཡིན་ནོ། །སོ་སོ་སྐྱེ་བོ་ས་གང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་པར་འགྱུར་བ་ཡང་དེའི་གོང་དུ་སྐྱེ་བ་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གཏོང་བ་མ་ཡིན་ནམ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། རིས་མཐུན་པ་གཏོང་བ་ཁོ་ནས་གཏང་བའི་ཕྱིར་རོ། །འཆི་བའི་སྲིད་པ་ལ་གནས་པའི་དེ་དག་འདོར་བ་ནི་པར་མ་དོའི་སྲིད་པས་འདོར་རོ། །དེའི་ཕྱིར་གོང་དུ་སྐྱེ་བ་ལ་དེ་མེད་པ་ལ་ནི་གང་ཞིག་འདོར་བ་ནི་འཆི་བ་ཁོ་ནས་སོ་ཞེས་བྱའོ། །སོ་སོ་སྐྱེ་བོ་ཁོ་ན་དེ་ལྟར་གཏོང་ངོ་ཞེས་བྱ་བ་ཏི་ལྟར་ཤེས་ཤེ་ན། བསྟན་བཅོས་ལས་སྒོང་དང་ནུར་ནུར་པོ་ལ་སོགས་པར་གྱུར་པའི་སོ་སོ་


DTG210_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ནི་ལུས་དང་ལྡན་གྱི་ལུས་ཀྱི་ལས་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །འཕགས་པའི་གང་ཟག་ནི་དེ་ལྟ་མ་ཡིན་ཏེ། དེའི་དགེ་བའི་རྩ་བའི་རྒྱུད་ནི་མཐོང་བའི་ལམ་གྱིས་ཉེ་བར་སྤེལ་བའི་ཕྱིར་རོ། །ཚེ་དེ་ཉིད་ལ་གདོན་མི་ཟ་བར་ཞེས་བྱ་བ་ནི། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་གྱིས་པ་དག་བསྐྱེད་པས་ནི་ཚེ་དེ་ཉིད་ལ་གདོན་མི་ཟ་བར་བདེན་པ་རྣམས་མཐོང་བ་མ་ཡིན་ནོ། །གཞན་དག་ན་རེ་དངོས་གཞིས་དེ་ཉིད་ལ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཡིད་འབྱུང་བ་ཤས་ཆེ་བའི་ཕྱིར་རོ་ཞེས་ཟེར་རོ། །སོ་སོ་ཐར་པའི་སྡོམ་པ་བཞིན་དུ་ཞེས་པ་ནི་དཔེར་ན་སོ་སོ་ཐར་པའི་སྡོམ་པ་བཏང་བ་ཕྱིས་ལེན་པ་ན་སྔོན་གྱི་མ་ཡིན་པ་ཐོབ་པ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་རྣམ་པར་ཉམས་པ་ལས་སྔོན་གྱི་མ་ཡིན་པ་ཐོབ་པ་ཡང་དེ་དང་འདྲའོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི་མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་འཕགས་པའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཐོག་མ་མེད་པའི་འཁོར་བ་ན་རེས་འགའ་སྐྱེས་པ་སྔོན་མ་འདྲིས་པ་རྣམས་འབད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །མཚམས་སྟོན་པར་བྱེད་པ་ཞིག་ཡོད་ན་ནི་ཞེས་བྱ་བ་ལ་མཚམས་ནི་བར་མཚམས་སོ། །དེ་སྟོན་པར་བྱེད་པ་ནི་སྨོན་ནས་ཤེས་པ་ཐོབ་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་སྨོན་ནས་མཁྱེན་པ་སྟོན་པར་བྱེད་པ་པོར་གྱུར་པས། དེའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་བསྐྱེད་དེ། དེ་ནས་གོང་མ་སྐྱེད་པར་བྱེད་དོ། །གལ་ཏེ་མེད་ན་བཞི་ཁོ་ན་ནས་དྲོ་བར་གྱུར་པ་ལ་སོགས་པའོ། །གང་རིས་མཐུན་པ་བཏང་བ་དང་ས་འཕོས་པ་དག་ནི་རྣམ་པར་ཉམས་པར་བརྗོད་ལ། ཡོངས་སུ་ཉམས་པ་གང་ཡིན་པ་ཡང་དེ་དག་གོ །ཡོངས་སུ་ཉམས་པ་དང་རྣམ་པར་ཉམས་པ་དག་གི་རང་བཞིན་ཅི་ཞེ་ན། ཡོངས་སུ་ཉམས་པ་ནི་སྐྱོན་གྱིས་བྱས་པ་ཡིན་ལ། རྣམ་པར་ཉམས་པ་ནི་གདོན་མི་ཟ་བར་མ་ཡིན་ཞིང༌། ཡོངས་སུ་ཉམས་པ་ནི་སྐྱོན་ཁོ་ནའི་སྒོ་ནས་ཡིན་གྱི་ཡོན་ཏན་གྱི་སྒོ་ནས་མ་ཡིན་ལ། རྣམ་པར་ཉམས་པ་ནི་ཡོན་ཏན་གྱི་སྒོ་ནས་ཀྱང་ངོ༌། །དཔེར་ན་འཕགས་པའི་ལམ་


DTG210_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་སོ་སོ་སྐྱེ་བོ་ཉིད་རྣམ་པར་ཉམས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་ན་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་རྣམ་པར་ཉམས་པ་ཡང་ཡིན་ལ། རྣམ་པར་ཉམས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཡོངས་སུ་ཉམས་པ་མ་ཡིན་ཏེ། ཡོན་ཏན་གྱིས་བྱས་པ་གང་ཡིན་པའོ། །ཐར་པའི་ཆ་དང་མཐུན་པ་དང་ཁྱད་པར་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི་དེ་ཐོབ་པ་ཡང་ངེས་པར་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ནོ་སྙམ་སྟེ་དྲིས་པའོ། །འདིའི་ཕན་ཡོན་ནི་སྐྱོན་མེད་ན་བདེན་པ་མཐོང་བ་ལ་ཆེས་ཉེ་བ་ཉིད་འདི་ཡིན་ནོ། །དགེ་བའི་རྩ་བ་རྣམས་ཀུན་ཏུ་མི་འཆད་ཅེས་བྱ་བ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམ་པར་དཔྱད་པའི་སྒོ་ནས་དེ་དག་ལ་དང་བ་ཐོབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་ལྷས་སྦྱིན་ལས་བརྩམས་ནས་ཡོངས་སུ་ཉམས་པ་བཅད་ཅེ་ན། དེ་དག་ལ་དགེ་བའི་རྩ་བ་དེ་སྐྱེ་བ་ཉེ་བར་གྱུར་པས་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །བཟོད་པ་ལས་ནི་རྣམ་པར་ཉམས་ཀྱང་ཞེས་བྱ་བ་འདིས་ནི་བཟོད་པ་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་སྟོན་པར་བྱེད་དོ། །དེར་འགྲོ་བའི་ལས་དང་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ་ཞེས་བྱ་བ་ནི། ངན་སོང་དུ་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་འབྱུང་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་སྐྱེ་བའི་ཆོས་ཉིད་ཐོབ་སྟེ་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའོ། །ཅི་རིགས་པར་ཞེས་བྱ་བ་ནི་བཟོད་པ་ཆུང་ངུ་དང་ཆེན་པོ་ལ་མི་སྐྱེ་བའི་ཆོས་ཉིད་ཐོབ་པ་ཞེས་སྦྱར་རོ། །ཇི་ལྟར་ཞེ་ན། བཟོད་པ་ཆུང་ངུས་ནི་ངན་སོང་གི་འགྲོ་བ་རྣམས་ཀྱི་མི་སྐྱེ་བ་ཐོབ་ལ། ཆེན་པོས་ནི་གཞན་དག་གི་སྟེ་སྒོ་ང་ལས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པ་ལ་སོགས་པ་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་དང་ཚངས་པ་དང་བྱང་གི་སྒྲ་མི་སྙན་པའི་སྐྱེ་བ་རྣམས་ཏེ། སྔ་མ་གཉིས་ནི་ལྟ་པའི་གནས་ཡིན་པའི་ཕྱིར་དང༌། སྒྲ་མི་སྙན་ན་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །ཟ་མ་དང་མ་ནིང་དང་མཚན་གཉིས་པའི་ལུས་ཞེས་བྱ་བ་ལ། ཟ་མ་ནི་རང་བཞིན་གྱིས་མཚན་མེད་པའོ། །དེ་ཡང་མ་ནིང་གི་ཕྱོགས་གཅིག་གོ །


DTG210_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་རྣམ་པ་ལྔ་ལས་རང་བཞིན་གྱི་མ་ནིང་གི་དབང་དུ་བྱས་ཏེ་དེ་ཉིད་བཤད་དོ། །རེ་ཞིག་ཟ་མ་དང་མ་ནིང་ཞེས་འདི་ལྟ་བུར་གྱུར་པ་ན་ཟ་མ་ནི་མ་ནིང་མ་ཡིན་ནོ། །མ་ནིང་བཞི་སྟེ། མ་ནིང་ཟླ་བ་ཕྱེད་པ་དང༌། མ་ནིང་ཕྲག་དོག་ཅན་དང༌། འཁྱུད་པའི་མ་ནིང་དང༌། བཅད་པའི་མ་ནིང་རྣམས་སོ། །མཚན་གཉིས་པ་གང་ཡིན་པ་ནི་སྐྱེས་པའི་དབང་པོས་ནི་བུད་མེད་ལ་ལོག་པར་སྒྲུབ་ལ། བུད་མེད་ཀྱི་དབང་པོ་ལ་ནི་སྐྱེས་པའི་དབང་པོས་ལོག་པར་སྒྲུབ་ཏུ་འཇུག་གོ །གཞན་དག་ན་རེ། ཆུང་ངུ་ལ་ངན་སོང་གི་འགྲོ་བ་རྣམས་དང་སྒོ་ང་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དག་གོ །ཆེན་པོ་ལ་འདུ་ཤེས་མེད་པ་པ་དང་བྱང་གི་སྒྲ་མི་སྙན་པ་དང་ཚངས་པ་ཆེན་པོར་སྐྱེ་བ་རྣམས་ཀྱིའོ། །ཆུང་ངུ་ལ་ཟ་མ་དང་མ་ནིང་དང་མཚན་གཉིས་པའི་ལུས་རྣམས་སོ། །ཆེན་པོ་ལ་བརྒྱད་པ་ལ་སོགས་པའི་སྲིད་པ་རྣམས་དང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱང་ཆེན་པོ་ཉིད་ལའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཆུང་ངུ་དང་ཆེན་པོ་སྨོས་པས་འབྲིང་ཡང་གཟུང་སྟེ། དེ་ལ་འབྲིང་གི་སྐྱེ་གནས་གཉིས་ལ་མི་སྐྱེ་བའི་ཆོས་ཉིད་འཐོབ་པོ། །ཆུང་ངུས་ངན་སོང་གི་འགྲོ་བ་རྣམས་དང་ཆེན་པོ་ནི་ཁྱད་པར་རྣམས་ལའོ་ཞེས་ཟེར་རོ། །ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཐ་དད་པའི་ཕྱིར་རོ། །སྲིད་ཀྱི་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་སངས་རྒྱས་ཉིད་དུ་བསྐྲུན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔར་སྐྱེད་པ་གཉིས་ཉན་ཐོས་ཀྱི་རིགས་ལས་བཟློག་ན་སངས་རྒྱས་སུ་འགྱུར་བ་སྟེ། ཡང་སངས་རྒྱས་ཀྱི་རིགས་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ངན་སོང་བཟློག་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དེའི་རིགས་ནི་ངན་སོང་རྣམས་སུ་མ་ངེས་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བ་ནི་ངན་སོང་བཟློག་པའི་ཕྱིར་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པ་སྲིད་པའི་ཕྱིར་འདི་རྒྱུ་རྒྱས་པ་མ་ཡིན་ཞེས་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་ཕན་ཚུན་ཡོངས་སུ་འདུ་བྱ་བས་ངན་སོང་ལས་བཟློག་པ་


DTG210_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ། སྐལ་པ་དང་ལྡན་པས་ཉན་ཐོས་ཀྱི་རིགས་ལས་བཟོད་པ་སྐྱེད་དོ། །དེའི་ཕྱིར་བཟོད་པ་མེད་པར་ཡང་བསྐྱེད་པ་སྲིད་དོ། །རིགས་དེ་ཉིད་ལས་བཟློག་པའི་ཕྱིར་ཞེས་བྱ་བ་ནི། དེའི་ཚེ་སྐྱེ་བ་ཤུགས་དྲག་པོའི་ཕྱིར་དེའི་རིགས་བཟློག་པར་མི་ནུས་སོ། །གཞན་གསུམ་ཡང་ཞེས་བྱ་བ་ནི། རང་སངས་རྒྱས་ནི་བཟློག་ནས་འགྱུར་ཏེ། དེ་དག་ནི་རང་དོན་གཙོ་བོ་ཅན་ཡིན་པའི་ཕྱིར་སེམས་ཅན་གྱི་དོན་དུ་ངན་འགྲོར་མི་འགྲོ་བས་དེའི་ཕྱིར་བཟོད་པ་ལས་ཀྱང་བཟློག་གོ །ཏིང་ངེ་འཛིན་མི་གཡོ་བ་དང་གསལ་བའི་ཕྱིར་ཞེས་བྱ་བ་འདི་སྐྱོན་བརྒྱད་ལས་འགྲོལ་བའི་ཕྱིར་མི་གཡོ་བའོ། །གསལ་བ་ནི་དབང་པོ་སྦྱངས་པ་དང་རྣོ་བའི་ཕྱིར་རོ། །གང་དག་གི་ལྟར་ན་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཡོད་པར་འདོད་པ་ཞེས་བྱ་བ་ནི་ཉན་ཐོས་སྔོན་དུ་འགྲོ་བ་སྔར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྐྱེད་པའོ། །དེའི་རིགས་རྣམས་བཟློག་པ་བཀག་པ་མེད་དོ་ཞེས་བྱ་བ་ནི་དེ་དག་གི་ལུགས་ལྟར་ན་དྲོ་བར་གྱུར་པ་དང་རྩེ་མོ་བཟློག་པ་བཀག་པ་མེད་དོ། །ས་བོན་འདེབས་པ་ལྟ་བུ་ཞེས་པ་རྒྱས་པར་འབྱུང་བ་ལ། ས་བོན་འདེབས་པ་ལྟ་བུ་ནི་ཐར་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲུ་སྐྱེ་བ་ལྟ་བུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲུ་ཆགས་པ་ལྟ་བུ་ནི་འཕགས་པའི་ལམ་ཡིན་ནོ། །འཇུག་པ་ནི་ཐར་པའི་ཆ་དང་མཐུན་པས་སོ། །ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱིས་སོ། །རྣམ་པར་གྲོལ་བ་ནི་འཕགས་པའི་ལམ་གྱིས་སོ། །གཞན་དག་ན་རེ་སྐྱེ་བ་གཅིག་ལ་ཐར་པའི་ཆ་དང་མཐུན་པའི་ས་བོན་འདེབས་སོ། །གཉིས་པ་ལ་ཡོངས་སུ་སྨིན་ནོ། །གསུམ་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེད་པར་བྱེད་དོ། །དེ་ཉིད་དུ་འཕགས་པའི་ལམ་མོ་ཞེས་ཟེར་རོ། །འདི་ནི་འགལ་ཏེ་དེ་ཉིད་ཀྱི་དངོས་གཞི་ལ་བདེན་པ་མཐོང་བས་སོ། །བསྒོམ་པ་ལས་བྱུང་བ་མེད་པ་དང་མ་སྐྱེས་པའི་ཐར་པའི་ཆ་དང་མཐུན་པ་མི་འཐད་པའི་ཕྱིར་རོ། །ལས་གསུམ་ཞེས་བྱ་བ་ནི་ལུས་དང་ངག་ཡིད་ཀྱི་ལས་ཀྱི་ཁྱད་པར་རྣམས་སོ། །ཡིད་ཀྱི་ལས་ནི་ཡིད་ཀྱི་ས་པ་ཉིད་དོ། །དེའི་སྨོན་ལམ་གྱིས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི།


DTG210_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་སྨོན་ལམ་ཡོངས་སུ་གཟུང་བའི་ཕྱིར་ཏེ། སྨོན་ལམ་ནི་སེམས་པའི་ཁྱད་པར་ཡིན་ནོ། །ལ་ལ་ཞིག་གིས་ཟས་འགའ་ཙམ་བྱིན་ནས་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་ཀུན་ནས་སློང་བ་དང་བཅས་པའོ་ཞེས་གསུངས་པའི་ཕྱིར་འདིར་ལས་རྣམ་པ་གསུམ་ཆར་ཡང་བསྡུས་སོ། །བསླབ་པ་འགའ་ཙམ་ཡང་ཞེས་བྱ་བ་ནི་ལུས་ངག་གི་ལས་ཡིན་ནོ། །ཐར་པའི་འདོད་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ལ། སྟོབས་བསྐྱེད་པ་ནི་སྟོབས་དང་ལྡན་པའོ། །ཐར་པ་འདོད་པའི་སྟོབས་བསྐྱེད་པ་ནི་ཐར་པ་འདོད་པའི་སྟོབས་བསྐྱེད་པ་སྟེ། གང་ཞིག་ལ་བསམ་པ་ཐག་པ་ནས་འཁོར་བ་འདོར་བའི་བློ་གནས་པར་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་མོས་པར་འཇུག་པ་དེ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་ལས་བྱུང་བ་ཉུང་དུས་ཀྱང་ཐར་པའི་ཆ་དང་མཐུན་པ་འཕེན་གྱི། དེ་ནས་བཟློག་པས་མང་པོ་དག་གིས་ཀྱང་འཕེན་པར་མི་ནུས་སོ། །ཐར་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ཐར་པའི་ཆ་ནི་ཐར་པའི་ཆ་སྟེ། ཐར་པའི་ཆ་ནི་ཐོབ་པ་ཡིན་ལ། དེའམ་དེའི་ཕྱིར་འཕེན་པ་ནི་ཐར་པའི་ཆ་དང་མཐུན་པའོ། །མིའི་ནང་ནས་འཕེན་པར་བྱེད་དོ། སངས་རྒྱས་འབྱུང་བ་ཡོད་དམ་མེད་ཀྱང་ངོ༌། །ཅི་རིགས་པར་ཤེས་རབ་དང་སྐྱོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། རེ་ཞིག་སྒྲ་མི་སྙན་ན་ནི་གཉི་ག་མེད་དོ། །ངན་སོང་ན་ནི་སྐྱོ་བ་ཡོད་ཀྱི། ཤེས་རབ་མེད་དོ། །ལྷའི་ནང་དག་ན་ནི་ཤེས་རབ་ཡོད་ཀྱི་སྐྱོ་བ་མེད་དོ། །མངོན་པར་རྟོགས་པའི་རིམ་པ་བཤད་པར་བརྩམ་པ་ཞེས་བྱ་བ་ནི། ཚུལ་གནས་ཐོས་དང་བསམ་གཏན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གིས་ཀྱང་ཆོས་ལ་བཟོད་པ་ཡིན་པས་དེའི་ཕྱིར་ཟག་པ་མེད་པ་སྨོས་སོ། །སྔོན་མེད་པའི་རྣམ་པས་འདིར་སྡུག་བསྔལ་ལ་སོགས་པ་ལ་བཟོད་པའི་ཕྱིར་རམ་སྔར་མ་མཐོང་བའི་དངོས་པོ་བཟོད་པའི་ཕྱིར་ཟག་པ་མེད་པའི་སྐད་ཅིག་མ་དང་པོ་ལ་བཟོད་པ་ཞེས་བྱའོ། །རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་ཏེ་ཞེས་བྱ་བ་ནི་ཆོས་ཤེས་པ་དེའི་རྒྱུ་མཐུན་པ་ཡིན་ཏེ། དེས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་


DTG210_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཟོད་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ་ཞེས་བྱ་བ་ནི། མེ་ཏོག་གི་ཆེད་ཀྱི་ཤིང་ནི་མེ་ཏོག་གི་ཤིང་ངོ༌། །འབྲས་བུའི་ཆེད་ཀྱི་ཤིང་ནི་འབྲས་བུའི་ཤིང་ཞེས་བྱ་བ་བཞིན་ནོ། །སློབ་དཔོན་འདུས་བཟང་ན་རེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ལ་ཡང་འདིར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །ཆོས་ཀྱི་མཆོག་གི་དེ་མ་ཐག་ཏུ་ངེས་པ་ལ་འཇུག་པར་གསུངས་པའི་ཕྱིར་དང་ངེས་པ་ལ་འཇུག་པ་ཡང་སོ་སོ་སྐྱེ་བོའི་ས་ལས་འདའ་བར་བསྟན་པའི་ཕྱིར་ཟག་པ་དང་བཅས་པའི་བཟོད་པ་བསྐྱེད་པས་འདི་དམིགས་པ་མ་ཡིན་ནོ་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། ཐ་སྙད་ཀྱི་དུས་སུ་ཆོས་ཤེས་པའི་བཟོད་པའི་རྒྱུ་མཐུན་པའི་ཁྱད་པར་གྱིས་ཟག་པ་མེད་པ་ཉིད་ཤེས་བར་བྱ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། ཐ་སྙད་ཀྱི་དུས་སུ་བཟོད་པ་ཞེས་བརྗོད་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ལ་ཡང་ཐར་བར་འགྱུར་རོ། །ཇི་སྐད་བཤད་པའི་ཆོས་ཤེས་པའི་རྒྱུ་མཐུན་པ་ཞེས་བྱ་བ་གང་ལས་རྟོགས་པར་བྱ་ཞེ་ན། བཟོད་པ་ཟག་པ་མེད་པ་ཉིད་ཀྱི་ཕྱིར་དང་སྔར་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཟག་པ་མེད་པ་ཉིད་དུ་མི་རིགས་པ་ཕན་ཚུན་བརྟེན་པར་བསྟན་ཏོ་ཞེ་ན། འདི་ཡང་མ་ཡིན་ཏེ་དེ་སྐྱེས་པ་ན་སོ་སོ་སྐྱེ་བོ་ཉིད་ཀྱིས་ལས་འདས་པར་བསྟན་པའི་ཕྱིར་རོ། །གང་བཤད་པའི་ཆོས་ཤེས་པའི་ཟག་པ་མེད་པ་ཉིད་མ་གྲུབ་བོ་ཞེ་ན། འདི་ཡང་མི་རིགས་ཏེ་ཆོས་ཤེས་པའི་བཟོད་བའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་ཟག་པ་མེད་བའི་རྒྱུ་མཐུན་པ་ཟག་པ་དང་བཅས་པར་འགྱུར་བ་འོས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་གཞན་དག་ནི་ཐོག་མ་མེད་པའི་དུས་ཀྱིས་བདག་ཉིད་མཐོང་བ་འཁྲུལ་པ་དེ་དང་སྡུག་བསྔལ་དུ་གྱུར་པའི་ཤེས་བྱ་སྔར་མ་མཐོང་བའི་རྣམ་པ་ཆོས་ཅན་གྱི་སྒོ་ནས་བཟོད་པའོ་ཞེས་ཟེར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་འདིར་ཤེས་པའི་སྒྲ་དོན་མེད་པ་ཅན་ནོ་ཞེ་ན། ཚིག་རྣམ་པར་སྦྱར་བ་སྔ་མ་ཅན་ཉིད་ལེགས་སོ། །དེ་ཉིད་ཅེས་བྱ་བ་ནི་བཟོད་པའོ། །ཡང་དག་པ་ཉིད་ནི་མྱ་ངན་ལས་འདས་པའི་མདོ་ལས་གསུངས་ཏེ། ཡང་དག་པ་ཉིད་གང་ཞེ་ན། འདོད་


DTG210_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཡོངས་སུ་གཏུགས་ཏེ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་རྒྱས་པར་འབྱུང་ངོ༌། །དེར་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུའོ། །གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་སྲིད་བ་བདུན་གྱིས་གོར་མ་ཆགས་པར་མྱ་ངན་ལས་འདའ་བར་འགྱུར་བའོ། །དེར་མངོན་པར་འགྲོ་བ་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པའོ། །ཡང་དེར་མངོན་པར་འགྲོ་བ་ཅི་ཞིག་ཅེ་ན་དེ་ཐོབ་པ་སྟེ། དེ་སྐྱེས་ན་ཡང་དག་པ་ཉིད་དུ་ངེས་པར་འཐོབ་པས་ངེས་པ་ལ་འཇུག་པ་ཞེས་བྱའོ། །གཞན་དག་ན་རེ་བདེན་པའི་མཚན་ཉིད་དེ་དང་དབྱེར་མི་ཕྱེད་པར་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ་ཞེས་ཟེར་རོ། །མར་མེ་དང་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ལ་མ་འོངས་པ་བྱེད་པ་དང་ལྡན་པ་གསུམ་སྟེ། སྐྱེ་བ་དང༌། མར་མེ་དང༌། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །སྐྱེ་བཞིན་པའི་མར་མེས་མུན་པ་སེལ་ཅིང་འགག་བཞིན་པས་སྡོང་བུ་དང་མར་བསྲེགས་པ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེ་བཞིན་པས་སོ་སོ་སྐྱེ་བོ་ཉིད་སྤོང་ལ། འགག་བཞིན་པས་ཕྲ་རྒྱས་བཅུ་སྤོང་ངོ༌། །གཞན་དག་ན་རེ་འོད་དང་རེག་བྱ་དག་དེའི་ནུས་པ་གཅིག་གིས་གཉི་གའི་བྱེད་པ་ནུས་པ་མེད་པའི་ཕྱིར་དཔེ་མ་ཡིན་ནོ་ཞེས་ཟེར་རོ། །སྐྱེ་བཞིན་པ་དང་འགག་བཞིན་པ་དག་གཅིག་མ་ཡིན་ཡང་དེ་ལ་ཡོད་པའི་ནུས་པ་བཞིན་ཐ་དད་པ་དང་གཅིག་མ་ཡིན་པར་ཡོད་པ་ཉིད་ཐ་དད་པར་རིགས་སོ། །དེས་ན་འགག་བཞིན་པ་དང་སྐྱེ་བཞིན་པ་ལ་ཡོད་པའི་ནུས་པ་ཁས་བླངས་པས་ཡོད་པ་སྐྱེ་བ་སྲིད་པའི་ཕྱིར་རོ། །གང་བཤད་པ་ཇི་ལྟར་གཅིག་ཉིད་ཀྱང་ཚོགས་པ་མར་མེ་ལ་སོགས་པའི་རྫས་ཐ་དད་པའི་ཕྱིར་ནུས་པ་ཐ་དད་པ་དེ་བཞིན་དུ་གཅིག་ཉིད་ལ་རྫས་ཀྱི་དུས་སུ་ཐ་དད་པས་ནུས་པ་ཐ་དད་དོ། །དེ་ལྟར་སྐྱེ་བཞིན་པ་ལ་བཟོད་པ་ལས་སོ་སོ་སྐྱེ་བོ་འགྲིབས་པ་ལ་ནུས་པར་འགྱུར་རོ། །འགག་བཞིན་པ་ལས་ཉོན་མོངས་པ་བཅུ་འགྲིབ་པོ་ཞེ་ན། འདི་ཡང་མི་རིགས་ཏེ་བཏགས་པར་ཡོད་པའི་ཕྱིར་དང་ཚོགས་པའི་འབྲས་བུ་མེད་པའི་ཕྱིར་ནུས་པ་མེད་དོ། །སྐྱེ་བཞིན་པ་ད་ལྟར་བྱུང་བ་བཞིན་རྫས་ཀྱི་སྒོ་ནས་ཡོད་པ་མ་ཡིན་པས་གཅིག་མ་ཡིན་པ་དུས་ཐ་དད་པར་ཡོད་པ་དང་མ་འོངས་པའི་བྱེད་པ་འཇུག་པར་


DTG210_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་མ་ཡིན་ནོ། །གལ་ཏེ་འདིའི་ནུས་པ་བྱེད་པ་མ་ཡིན་ནོ་ཞེ་ན། ཁ་ཅིག་ཏུ་ནུས་པ་དང་ཁ་ཅིག་ཏུ་བྱེད་པར་གྱུར་ན་བྱེད་པ་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བ་རིགས་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཤེས་པར་དཀའོ། །མ་ཡིན་ཏེ་དེའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་ཆོས་ཡིན་པའི་ཕྱིར་སོ་སོ་སྐྱེ་བོའི་ཆོས་རྣམས་ཀྱིས་སོ་སོ་སྐྱེ་བོའི་ཆོས་རྣམས་ཤིན་ཏུ་བཟློག་པ་མ་ཡིན་ནོ། །དེ་དང་འགལ་བའི་ཕྱིར་ཉེས་པ་མེད་དེ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོ་ཉིད་དང་འགལ་བའི་ཕྱིར་རོ། །དཔེར་ན་དགེ་བ་ཟག་པ་དང་བཅས་པའི་སོ་སོ་སྐྱེ་བོའི་ཆོས་རྣམས་ཉོན་མོངས་པ་ཅན་གྱི་ཆོས་དང་འགལ་བའི་ཕྱིར་བཟློག་པ་ལ་ནུས་པ་ཡོད་པ་བཞིན་ནོ། །དགྲ་བོའི་ཕྲག་པ་ལ་ཞོན་ནས་དེ་ལ་འཚོགས་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་འགའ་ཞིག་དགྲ་བོའི་ཕྲག་པ་ལ་ཞོན་ནས་དེ་ལ་ཚོགས་པར་བྱེད་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཀྱང་སོ་སོ་སྐྱེ་བོ་ལ་ཞོན་ཏེ་དེ་ཉིད་ལ་མོས་པར་བྱེད་པ་ཡིན་ནོ། །གཞན་དག་ན་རེ་ཇི་ལྟར་རིགས་མཚུངས་པའི་དགྲའི་ཕྲག་པ་ལ་ཞོན་པ་དང་དེ་ལ་འཚོགས་པ་འགལ་བ་དེ་བཞིན་དུ་ཆོས་ཀྱི་མཆོག་ཀྱང་ཡིན་ནོ་ཞེས་ཟེར་རོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དང་ཆོས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ནི་བར་ཆད་མེད་པའི་ལམ་དང་འདྲ་བ་ཡིན་ཏེ། དེ་ཐོབ་པ་དང་འགལ་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་རྣམ་པར་གྲོལ་བའི་ལམ་དང་འདྲ་བ་ཡིན་ཏེ། དེ་མི་ལྡན་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རོ། །དེ་ནས་ནི་དེ་ཉིད་ལ་ཆོས་ཤེས་ཞེས་བྱ་བ་ལ་ཆོས་ཤེས་པ་ཙམ་ངེས་པར་འཛིན་པར་བྱེད་པའོ། །དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཞེས་བྱ་བ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ཡིན་ལ། དེ་རྟོགས་པའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ་སྟེ་དེ་ཁོ་ན་ཉིད་ཀྱི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །རྗེས་སུ་ཤེས་པ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ཡིན་མོད་ཀྱི།


DTG210_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཉིད་དུ་ནི་མ་ཡིན་པས་ཆོས་ཤེས་པ་ཞེས་མི་བྱའོ། །དེའི་རྒྱུ་ལས་ཞེས་བྱ་བ་ནི་དེའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་ཆོས་ཤེས་པས་འདོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་ཏུ་རྟོགས་ཤིང་དེ་ཁོ་ན་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་རྟོགས་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་ཤེས་པས་རྗེས་སུ་ཤེས་པ་མ་ཡིན་ནོ། །ཡང་ཇི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་ཕན་ཚུན་དེ་མ་ཐག་ཡིད་ལ་བྱེད་པ་བདེན་པ་ལ་དམིགས་པ་མངོན་པར་རྟོགས་པ་དང་ཆེས་ཉེ་བའི་གེགས་སུ་འགྱུར་ཞེ་ན། ཡོངས་སུ་སྦྱངས་པའི་ས་ལ་ཤེས་བྱ་དུ་མ་ལ་སྔོན་གོམས་པའི་ཕྱིར་མཐོང་བའི་ལམ་མྱུར་བར་འགྲོ་བ་ཉིད་དང་མི་ལྡན་པའི་བསམ་པ་ཉིད་ཀྱིས་སྟོབས་དང་ལྡན་པའི་ཕྱིར་མངོན་པར་རྟོགས་པའི་གེགས་སུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ནི་མཚན་མ་མེད་པ་དང་བརྡ་མེད་པ་ཞེས་བྱའོ། །དེ་ལ་གནས་པའི་རྒྱུ་མཚན་ཉེ་བར་མཚོན་པའི་ཕྱིར་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དག་བདེན་པའི་རྣམ་པ་རྣམས་སུ་ཡང་རྣམ་པར་མ་བཞག་པའི་ཕྱིར་རོ། །སྡེ་པ་གཞན་དག་ཅེས་བྱ་བ་ནི་འཕགས་པ་ཆོས་སྲུང་བ་ལ་སོགས་པ་རྣམས་སོ། །མངོན་པར་རྟོགས་པ་གཅིག་ཅེས་བྱ་བ་ནི་བདེན་པ་གཅིག་མངོན་པར་རྟོགས་པས་ཐམས་ཅད་མངོན་པར་རྟོགས་པའོ། །མཐོང་བ་ཁོ་ན་མངོན་པར་རྟོགས་པ་ནི་མཐོང་བ་མངོན་པར་རྟོགས་པའོ། །གཞན་དག་ན་རེ་མཐོང་བས་མངོན་པར་རྟོགས་པའོ་ཞེས་ཟེར་རོ། །ཟག་པ་མེད་པའི་ཤེས་རབ་ཀྱིས་བདེན་པ་རྣམས་ཇི་ལྟ་བ་བཞིན་ཁོངས་སུ་ཆུད་པ་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་ཁོ་ན་མངོན་པར་རྟོགས་པ་ནི་དམིགས་པ་མངོན་པར་རྟོགས་པ་སྟེ། དམིགས་པ་ཡང་འདིར་སྡུག་བསྔལ་ལ་སོགས་པ་བཟུང་སྟེ་འདིས་དམིགས་པས་ནི་ཞེས་བྱའོ། །གལ་ཏེ་དམིགས་པ་འཛིན་པ་ཡིན་ན་མཐོང་བ་དང་དམིགས་པ་ཉིད་ལ་ཁྱད་པར་ཅི་ཡོད་ཅེ་ན། ཤེས་རབ་ཁོ་ནས་མཐོང་བ་ཡིན་ལ། ཤེས་རབ་དང་མཚུངས་པར་ལྡན་པ་དག་གིས་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ན་མཐོང་བ་གང་


DTG210_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དམིགས་པ་ཡང་ཡིན་ལ། དེ་ལ་གནས་པའི་དམིགས་པ་ནི་མཐོང་བ་མ་ཡིན་ནོ་ཞེས་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་མངོན་པར་རྟོགས་པ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱིས་ཀྱང་ཞེས་གསུངས་ཏེ། ཀྱང་གི་སྒྲས་ནི་ཤེས་རབ་ཀྱང་ཞེས་པའོ། །བྱ་བ་ཁོ་ན་མངོན་པར་རྟོགས་པ་ནི་བྱ་བའི་མངོན་པར་རྟོགས་པའོ། །གཞན་དག་ན་རེ། བྱ་བ་མངོན་པར་རྟོགས་པ་ཞེས་ཟེར་རོ། །ལྡན་པ་མ་ཡིན་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲས་ནི་མཚུངས་པར་ལྡན་པ་དང་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་པ་རྣམས་སོ། །སོགས་པའི་སྒྲས་ནི་ཐོས་པ་དང་གནས་པ་ལ་སོགས་པ་དག་བསྡུའོ། །ལྷན་ཅིག་འབྱུང་བ་ཐམས་ཅད་ཕན་ཚུན་བྱ་བ་ཡིན་པའི་ཕྱིར་རྒྱུ་དང་ཚུལ་ཁྲིམས་དང་སྐྱེ་བ་ལ་སོགས་པ་མངོན་པར་རྟོགས་པས་དེ་དག་མངོན་པར་རྟོགས་པའི་རྣམ་པ་ཉིད་དེ་ལ་ཡོད་པར་བྱ་བ་ཡིན་པས། དེ་ལྟར་ན་མི་ལྡན་པ་དག་གིས་ནི་རྣམ་པ་གཅིག་གིས་མངོན་པར་རྟོགས་སོ། །ཤེས་རབ་མ་གཏོགས་པ་མཚུངས་པར་ལྡན་པས་ནི་རྣམ་པ་གཉིས་སོ། །ཤེས་རབ་ཀྱིས་རྣམ་པ་གསུམ་མོ་ཞེས་བྱའོ། །སྡུག་བསྔལ་མཐོང་བ་དེའི་ཞེས་བྱ་བ་ནི་མངོན་པར་རྟོགས་པ་པོའམ་སྡུག་བསྔལ་གྱིའོ། །མངོན་པར་རྟོགས་པ་གསུམ་ནི་མཐོང་བ་དང་དམིགས་པ་དང་བྱ་བ་ཞེས་བྱ་བ་བཤད་པའི་རྗེས་སུ་འབྲངས་ཏེ་བརྗོད་པར་བྱའོ། །ཀུན་འབྱུང་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འགོག་པ་དང་ལམ་དག་གཟུང་ངོ༌། །སྤོང་བ་དང་མངོན་སུམ་དུ་བྱེད་པ་དང་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་མཐོང་བའི་སྒོ་ནས་གང་ཉོན་མོངས་པ་ཟད་པ་དེ་ནི་ཀུན་འབྱུང་སྤོང་ལ། འགོག་པ་ཐོབ་པ་གང་ཡིན་པ་དེ་ནི་འགོག་པ་མངོན་དུ་བྱེད་ཅིང༌། དེའི་གཉེན་པོ་མངོན་དུ་གྱུར་པ་གང་ཡིན་པ་དེ་ནི་ལམ་བསྒོམ་པ་ཡིན་ནོ། །རྣམ་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་འདི་དག་རེ་རེ་ཞིང་རྣམ་པ་བཞི་པ་ཡིན་པའི་ཕྱིར་དང༌། རྣམ་པ་དག་ཀྱང་ཕན་ཚུན་དོན་ཐ་དད་པའི་ཕྱིར་དང༌། ཤེས་པ་གཅིག་ལ་རྣམ་པ་མང་པོ་མི་འཐད་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་བདག་མེད་པའི་རྣམ་པར་ཞེས་བྱ་བ་ནི་བདག་མེད་པའི་རྣམ་པ་ནི་བདེན་པ་བཞི་ཆར་ལ་མཚུངས་པ་


DTG210_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕྱིར་དེ་མཐོང་བའི་སྒོ་ནས་མངོན་པར་རྟོགས་པ་གཅིག་པར་མི་འགལ་ཏེ་གཟུགས་ལ་སོགས་པའི་ཕུང་པོ་བཞིན་ནོ་ཞེས་སོ། །འོ་ན་ནི་བདེན་པ་རྣམས་སྡུག་བསྔལ་ལ་སོགས་པར་མཐོང་བར་མི་འགྱུར་ཞེས་བྱ་བ་ནི། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཞེས་བྱ་བ་འམ། ཡང་ན་སྡུག་བསྔལ་ལ་སོགས་པ་དག་ཏུ་སྟེ། བདེན་པ་རྣམས་ལ་སྡུག་བསྔལ་ལ་སྡུག་བསྔལ་ལ་སོགས་པ་རྣམ་པ་བཅོ་ལྔར་མཐོང་བར་མི་འགྱུར་རོ། །དེ་ལྟ་ན་ཞེས་བྱ་བ་འབྱུང་ངོ༌། །གལ་ཏེ་སྡུག་བསྔལ་ལ་སོགས་པའི་བདེན་པ་རེ་རེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱིས་སྡུག་བསྔལ་ལ་སོགས་པའི་རྣམ་པ་དག་ཏུ་མཐོང་བར་མི་འདོད་ན་ནི་དེའི་ཕྱིར། ཡང་དག་པའི་ལྟ་བ་གང་ཞིག་ཅེ་ན་འཕགས་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་ཞེས་བྱ་བ་ནས་རྒྱས་པར་ཇི་སྲིད་འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་རེ་ཞིག་སྡུག་བསྔལ་དུ་ཡིད་ལ་བྱེད་ཅེས་བྱ་བ་རྒྱས་པར་འབྱུང་བའི་མདོ་དང་འགལ་ལོ། །འདིར་ནི་མདོ་ལས་བདེན་པ་ཡོངས་སུ་བཅད་པ་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཟག་པ་མེད་པའི་ཤེས་རབ་ཀྱིས་བདེན་པ་མཐོང་བར་གསུངས་སོ། །བདག་མེད་པའི་རྣམ་པས་གཞན་དུ་ཡང་དེ་བཞིན་དུ་བཤད་དེ། སྡུག་བསྔལ་མཐོང་བའི་སྒོ་ནས་ཇི་སྲིད་ལམ་གྱི་བར་རོ། །སྡུག་བསྔལ་གྱི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ་དགོས་པ་མེད་པའི་ཕྱིར་རོ། །ཤེས་པ་གཅིག་ལ་རྣམ་པ་དུ་མ་སྐྱེ་བ་མ་ཡིན་ཏེ། གང་གི་ཕྱིར་མཚན་ཉིད་ཐ་དད་པ་རྣམས་ཀྱང་རང་གི་མཚན་ཉིད་ཇི་ལྟ་བར་ཅིག་ཅར་མཐོང་བར་འགྱུར་བས་སོ། །དེ་ལྟར་ན་གདོན་མི་ཟ་བར་བདེན་པ་རྣམས་མཐར་གྱིས་རྟོགས་པར་ཁས་བླང་བར་བྱའོ། །མ་ཡིན་ཏེ་ཇི་ལྟར་མཐོང་བ་བཞིན་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི། འདི་ལྟར་བདེན་པ་རྣམ་པར་མཐོང་བའི་ལམ་དུ་ཇི་ལྟར་མཐོང་བ་དེ་ལྟར་ཕྱིས་བསྒོམ་པའི་ལམ་དུ་ཡང་བསྒོམ་པ་ཡིན་ནོ། །ཁ་ཅིག་ཏུ་བདེན་པ་གསུམ་ལ་ལོག་པར་བསྒྲུབ་པ་མངོན་པར་རྟོགས་པའི་ཤེས་པ་འདིས་བཟློག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་དམིགས་ཀྱིས་བསལ་བས་


DTG210_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་པའི་རྣམ་པ་གཉེན་པོར་མི་རུང་ངོ༌། །ལོག་པར་བསྒྲུབ་པའི་སྒོ་ནས་བཞི་ཡིན་པའི་ཕྱིར་དེ་བཞིན་ཁོ་ནར་མངོན་པར་རྟོགས་པར་རིགས་སོ། །བདག་ཏུ་བཟུང་བ་སྡུག་བསྔལ་གྱི་ཡུལ་ཉིད། དེའི་ཕྱིར་དེའི་ཡུལ་ཉིད་བདག་མེད་པའི་རྣམ་པས་བྱ་བ་བྱེད་དོ། །མ་ཡིན་ཏེ་བདེན་པ་ཐམས་ཅད་ཀྱི་ཡུལ་ཐམས་ཅད་བདག་མེད་པ་ཡིན་པས་མ་མཐོང་བའི་སྒོ་ནས་སྲེད་པ་འཇུག་པའི་རྒྱུ་ཞི་བ་འགོག་པའོ། །ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་དང་ངེས་པར་འབྱིན་པའོ་ཞེས་བྱའོ། །འདི་ཅི་ལྟར་ཤེས་པར་འགྱུར། དེ་ལྟར་མ་ཤེས་པས་བདེན་པ་མཐོང་བར་ཅི་ལྟར་འགྱུར་ཞེ་ན། འོན་ཏེ་གཅིག་མཐོང་བས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དབང་ཐོབ་པ་ནི་སྦྱོར་བ་མེད་པར་ཀུན་འབྱུང་ལ་སོགས་པ་མཐོང་བ་མངོན་དུ་བྱེད་པའི་ནུས་པ་ཐོབ་པ་ཡིན་ནོ། །བར་སྐབས་སུ་ལྡང་བ་ཡོད་དམ་མེད་ཅེས་དཔྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ལ། འདི་ཁ་ཅིག་ན་རེ་རྐྱེན་མ་ཚང་བའི་ཕྱིར་བར་སྐབས་སུ་ལྡང་བ་ཡོད་དོ། །ལངས་ནས་ཀྱང་བྱ་བ་གཞན་བྱེད་དོ་ཞེས་ཟེར་རོ། །དཔེ་དང་བཅས་པའི་མདོ་གསུམ་ཞེས་བྱ་བ་ནི་ཇི་སྐད་དུ་ཞེ་ན། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་ལགས་འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་རྟོགས་པའམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ལ་ཁྱིམ་བདག་འཕགས་པའི་བདེན་པ་བཞི་ནི་མཐར་གྱིས་མངོན་པར་རྟོགས་ཀྱིས། མངོན་པར་རྟོགས་པ་གཅིག་པ་ནི་མེད་དོ། །ཁྱིམ་བདག་གང་ཞིག་འདི་སྐད་དུ། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་རྟོགས་པར་བྱའོ། །ཀུན་འབྱུང་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་འགོག་པ་འཕགས་པའི་བདེན་པ་རྟོགས་པར་བྱའོ། །འགོག་པ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ལམ་འཕགས་པའི་བདེན་པ་རྟོགས་པར་བྱའོ་ཞེས་སྨྲ་ན་དེ་སྐད་དུ་ནི་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་འཕགས་པའི་བདེན་པ་


DTG210_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་བྱ་བ་ནས་འདི་ནི་གནས་མེད་ཅིང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་ནི་གནས་ཡོད་དོ་ཞེས་བྱ་བའི་བར་ཡང་སྔ་མ་བཞིན་ནོ། །ཁྱིམ་བདག་དཔེར་ན་གང་ཞིག་འདི་སྐད་དུ། བདག་གིས་ཁང་པ་བརྩེགས་མ་ཆེན་པོའི་རྨང་ལ་རྐང་པ་མ་བཞག་པར་རྩིག་པ་ལ་གཞག་པར་བྱའོ། །རྩིག་པ་ལ་མ་གཞག་པར་ཕྱམ་པོ་ལ་གཞག་པར་བྱའོ། །ཕྱམ་པོ་ལ་མ་བཞག་པར་གཡོགས་མ་ལ་གཞག་པར་བྱའོ་ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁང་པ་བརྩེགས་མའི་རྨང་ལ་རྐང་པ་མ་བཞག་པར་ཞེས་བྱ་བ་ནས་གནས་མེད་ཅིང་སྐབས་མེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་བཞིན་དུ་ཁྱིམ་བདག་གང་ཁོ་ན་སྡུག་བསྔལ་འཕགས་པའི་བདེན་པ་རྟོགས་ནས་ཞེས་བྱ་བ་ནས་རྒྱས་པར་འདི་ནི་གནས་ཡོད་དོ་ཞེས་བྱ་བའི་བར་ཏེ། ཁྱིམ་བདག་གང་ཞིག་སྡུག་བསྔལ་འཕགས་པའི་བདེན་པ་རྟོགས་ནས་ཀུན་འབྱུང་དང་འགོག་པ་དང་ལམ་འཕགས་པའི་བདེན་པ་རྟོགས་སོ། །དེ་སྐད་སྨྲ་ན་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གནས་ཡོད་དེ་གང་སྡུག་བསྔལ་འཕགས་པའི་བདེན་པ་རྟོགས་ནས་ཇི་སྲིད་ལམ་འཕགས་པའི་བདེན་པ་རྟོགས་པའི་བར་འདི་ནི་གནས་ཡོད་དོ། །དཔེར་ན་ཁང་པ་བརྩེགས་མའི་རྨང་ལ་རྐང་པ་བཞག་པ་ནས་ཇི་སྲིད་ཕྱམ་པོ་དང་གཡོགས་མ་ལ་བཞག་སྟེ་ཕྱིན་ན་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ཁྱིམ་བདག་སྡུག་བསྔལ་འཕགས་པའི་བདེན་པ་དེས་བྱ་བ་སྔ་མ་བཞིན་ཏེ། དེའི་ཕྱིར་ཁྱིམ་བདག་འཕགས་པའི་བདེན་པ་བཞི་པོ་མ་རྟོག་པ་རྟོག་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སོང་ངོ་ཞེས་བྱ་བའི་བར་དུའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཇི་སྐད་ཞུས་པ་དེ་བཞིན་དུ་དགེ་སློང་ཞིག་གིས་ཀྱང་ཞུས་ཏེ། དཔེའི་ཁྱད་པར་ནི་དགེ་སློང་གང་ཞིག་འདི་སྐད་དུ་བདག་གིས་བང་རིམ་བཞི་ཡོད་པའི་ཐེམ་སྐས་ལ་ཐེམ་སྐས་ཐ་མ་ལ་མ་གཟེགས་པར་གཉིས་པ་ལ་གཟེགས་པར་བྱའོ། །གཉིས་པ་ལམ་གཟེགས་པར་གསུམ་པ་ནས་བཞི་པ་ལ་གཟེགས་པར་བྱའོ། །


DTG210_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནས་ཁང་བཟང་ཀྱི་ཐོག་ཏུ་གཟེག་གོ་ཞེས་སྨྲ་ན། དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ་ཞེས་འབྱུང་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་དེ་སྐད་དུ་ཞུས་ཏེ། དཔེའི་ཁྱད་པར་ནི་ཀུན་དགའ་བོ་དཔེར་ན་གང་ཞིག་འདི་སྐད་དུ་བདག་གིས་གདང་བུ་བཞི་པའི་སྐས་ལ། གདང་བུ་ཐ་མ་ལ་རྐང་པས་མ་གཟེགས་པར་གདང་པུ་གཉིས་པ་ལ་གཟེག་གོ །ཞེས་བྱ་བ་ནས་ཁང་བཟང་གྱི་ཐོག་ཏུ་གཟེག་གོ་ཞེས་སྨྲ་ན་དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བའི་བར་རྒྱས་པར་འབྱུང་བའོ། །གང་ཞིག་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཞེས་བྱ་བ་འབྱུང་ངོ། །སངས་རྒྱས་ཞེས་བྱ་བ་ནི་མི་སློབ་པའི་ཆོས་རྣམས་སོ། །དེ་ཡང་ལམ་ཡིན་ཏེ་ཐེ་ཚོམ་མེད་པ་ཞེས་བཤད་པ་ཡིན་ནོ། །ལམ་གྱི་བདེན་པ་མངོན་པར་མ་རྟོགས་པར་ནི་དེ་ལ་ཐེ་ཚོམ་མེད་པར་རིག་པ་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་ཁོ་ནས་བདེན་པ་མངོན་པར་རྟོགས་པ་གཞན་ཡང་ངེས་པ་ཡིན་ནོ། །གཞན་དག་ན་རེ་སངས་རྒྱས་ནི་ཡེ་ཤེས་དང་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་འགོག་པ་དང་ལམ་དག་ཀྱང་ཐེ་ཚོམ་མེད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ངེས་པ་དང་མོས་པ་དག་དང༌། ནེམ་ནུར་དང་ཐེ་ཚོམ་དག་སྟེ་ཐེ་ཚོམ་གྱི་རྣམ་གྲངས་གཞན་ནོ། །ཀུན་ཏུ་མི་འབྱུང་བར་སྤོང་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པས་སངས་རྒྱས་ལ་ཐེ་ཚོམ་ཀུན་ཏུ་འབྱུང་བ་ཡོད་པ་མ་ཡིན་ནོ། །བཟོད་པ་ཆེན་པོ་ལ་གནས་པ་ཉིད་ནི་དེའི་མི་སྐྱེ་བའི་ཆོས་ཉིད་ཐོབ་པས་གདོན་མི་ཟ་བར་སྤོང་བ་ལ་དགོངས་ནས་བཤད་དོ། །དེ་དག་ནི་ས་དྲུག་པའོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་མི་ལྕོགས་མེད་པ་དང༌། ཁྱད་པར་བསམ་གཏན་ས་པའོ་ཞེས་བཤད་པའི་ཕྱིར་རོ། །གཉིས་ཀྱིས་རྐུན་པོ་འབྱིན་པ་དང༌། སྒོ་གཅོད་པ་བཞིན་ནོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་ནི་ཉོན་མོངས་པའི་ཆོམ་རྐུན་དེའི་ཐོབ་པ་གཅོད་པའི་སྒོ་ནས་འབྱིན་པར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་དེ་ལྟར་དུ་བྱེད་པའི་སྒོ་ནས་བྲལ་བའི་ཐོབ་པའི་སྒོ་གཅོད་པར་བྱེད་དོ། །གཞན་དག་ན་རེ་དེ་ལྟ་ན་རྣམ་པར་གྲོལ་བའི་ལམ་ཡང་བར་ཆད་མེད་པའི་ལམ་ཉིད་དུ་ཐལ་བར་འགྱུར་ཏེ།


DTG210_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་ལ་བར་ཆད་མི་ནུས་པའི་ཕྱིར་རོ་ཞེས་ཟེར་རོ། །དེའི་ཕྱིར་གཞན་དུ་རྣམ་པར་འབྱེད་དེ། བར་ཆད་མེད་པ་ནི་མཚམས་མེད་པ་སྟེ། བར་ཆད་མེད་པའི་ངོ་བོར་གྱུར་པའི་ལམ་ནི་བར་ཆད་མེད་པའི་ལམ་སྟེ། རིགས་མཐུན་པའི་ལམ་གྱིས་མཆོད་པར་རྣམ་པར་འབྱེད་པའི་ལམ་གྱི་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ །སྐད་ཅིག་པ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་དང་རྣམ་པར་གྲོལ་བའི་ལམ་ནི་ཕུལ་དུ་བྱུང་བ་ཅན་ཡང་སྟེ། རང་གི་གཉེན་པོ་ཅན་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བ་འདུས་བྱས་ཀྱི་རྣམ་པར་གྲོལ་བ་དང་ལྷན་ཅིག་སྐྱེས་པའི་ལམ་ནི་རྣམ་པར་གྲོལ་བའི་ལམ་མོ། །སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་སྤོང་བའི་ལམ་རྣམས་ཀྱང་འདུས་མ་བྱས་རྣམ་པར་གྲོལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་མིང་འཆོལ་བར་འགྱུར་རོ་ཞེ་ན། རང་གི་གཉེན་པོ་ཅན་ཞེས་བཤད་པས་མདོ་མཛད་པའི་རྣམ་པར་བཤད་པར་ཁྱད་པར་བསྟན་པའི་ཕྱིར་འཆོལ་བར་ཐལ་བ་མེད་དོ། །སློབ་དཔོན་འདུས་བཟང་གི་རྣམ་པར་བཤད་པར་གང་ལ་ཕུལ་དུ་བྱུང་བ་རྣམ་པར་གྲོལ་བའི་ལམ་ཡིན་པ་དེ་ལ་ནི་བར་ཆད་མེད་པའི་ལམ་ཉིད་དུ་ཐལ་བ་བཟློག་པར་དཀའོ། །གལ་ཏེ་བར་ཆད་མེད་པའི་ལམ་གཉིས་པ་ཞེས་བྱ་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བར་ཆད་མེད་པའི་ལམ་གཉིས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ལ། དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་ཆད་མེད་པའི་ལམ་གཉིས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཡིན་ཏེ། ལྷག་མ་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དམིགས་པ་དེ་ཁོ་ན་ལ་ཐེ་ཚོམ་སྤངས་པའི་ཤེས་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གང་ཞིག་བར་ཆད་མེད་པའི་ལམ་གྱི་ཡུལ་འདོད་པའི་སྡུག་བསྔལ་ལ་སོགས་པ་ལའོ། །དེ་ལས་ཅིར་འགྱུར་ཞེ་ན་ཕྱིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བར་ངེས་པར་མི་འགྱུར་ཏེ། དེའི་ཡུལ་ཅན་གྱིས་ཤེས་པ་སྔར་མ་སྐྱེས་པའི་ཕྱིར་རོ། །དེ་ཉེ་བར་བསྟན་པ་དོན་མེད་པར་ཡང་ཐལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པ་དང་སྡུག་བསྔལ་


DTG210_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་ཤེས་པ་ཞེས་གསུངས་སོ། །བཟོད་པ་ཉིད་ཐེ་ཚོམ་སྤངས་པའི་ཤེས་པ་མ་ཡིན་ཏེ། འགོག་བཞིན་པའི་ལམ་གྱིས་སྤོང་བར་བྱེད་དེ། དེ་ལ་སྒྲིབ་པའི་དྲི་མ་རྣམས་ཀྱིས་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་བཟོད་པ་རྣམས་ཀྱིས་ཉོན་མོངས་སྤང་བའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་བཟོད་པ་རྣམས་ཀྱིས་ཉོན་མོངས་པ་སྤོང་ལ། ཤེས་པ་རྣམས་ཀྱིས་མ་ཡིན་ཞིང་ཤེས་པ་རྣམས་ཀྱིས་དེའི་བྲལ་བའི་ཐོབ་པ་འཛིན་པ་འབའ་ཞིག་ཡིན་ན། དེ་ལྟ་ན་བསྟན་བཅོས་ལས་ཀུན་ཏུ་སྦྱོར་བའི་རིས་དགུ་ཞེས་འབྱུང་བ་དང་འགལ་ཏེ། འདི་སྐད་དུ་བསྟན་བཅོས་ལས་ཀུན་ཏུ་སྦྱོར་བའི་རིས་དགུ་སྟེ། ཆོས་ཤེས་པས་སྤང་བར་བྱ་བ་བཞི་དང༌། རྗེས་སུ་ཤེས་པས་སྤང་བར་བྱ་བ་བཞི་དང༌། བསྒོམ་པས་སྤང་བར་བྱ་བའོ་ཞེས་འདོན་ཏོ། །མ་ཡིན་ཏེ་བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འགལ་བ་ཡོད་པ་མ་ཡིན་པའོ། །བཟོད་པ་རྣམས་ནི་ཤེས་པའི་འཁོར་དུ་གྱུར་པས་དེའི་ཕྱིར་བཟོད་པས་སྤང་བར་བྱ་བའི་ཀུན་ཏུ་སྦྱོར་བའི་རིས་ཤེས་པས་སྤང་བར་བྱ་བ་ཞེས་བྱ་བའོ། །བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་མ་མཐོང་བ་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱ་སྟེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་སྔར་མ་མཐོང་བའི་བདེན་པ་མཐོང་བ་ཡོངས་སུ་རྫོགས་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་མ་གཏོགས་པ་སྐད་ཅིག་མ་ལྷག་མ་བཅོ་ལྔ་ནི་མཐོང་བའི་ལམ་མོ། །ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ལམ་རྗེས་སུ་ཤེས་པའི་བཟོད་པས་མཐོང་བའི་ལམ་ལ་རྗེས་སུ་ཤེས་པར་མཐོང་བས་ན་ལམ་ལ་རྗེས་སུ་ཤེས་པས་ཇི་ལྟར་མཐོང་བ་གོམས་པར་བྱེད་པའོ། །མ་མཐོང་བ་མཐོང་བ་མ་ཡིན་ནམ་ཞེས་བྱ་བ་ནི། རང་གིས་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་བདག་ཉིད་མཐོང་བ་མ་ཡིན་པས་དེའི་ཕྱིར་དེས་མ་མཐོང་བ་ལམ་ལ་རྗེས་སུ་ཤེས་པས་མཐོང་བ་མ་ཡིན་ནོ། །དེ་ལ་ཡང་མ་མཐོང་བ་མཐོང་བ་ཡོད་པས་བདེན་པའི་ཕྱིར་བསམས་ཀྱི་ཞེས་བྱ་སྟེ། ལམ་ལ་རྗེས་སུ་ཤེས་པས་མ་མཐོང་བའི་བདེན་པ་ལ་ལྟ་བ་མ་ཡིན་ནོ། །གང་མཐོང་བ་དེ་ཉིད་ལ་དེར་འདུ་


DTG210_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཇུག་པའི་ཕྱིར་མཐོང་བ་སྟེ། མ་མཐོང་བ་མཐོང་བ་དེར་ཐལ་བ་ཡོད་པ་མ་ཡིན་ནོ་ཞེས་གཞན་དག་གོ །འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་བསྡུས་པ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡིན་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་བཞིན་དུ་བསྒོམ་པའི་ལམ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་ཆོ་ཤེས་པ་བརྒྱད་དེ་ཆོས་ཤེས་པ་བཞི་དང་རྗེས་སུ་ཤེས་པ་བཞིའོ། །རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་བདེན་པ་རེ་རེ་ལ་བཞི་བཞི་སྟེ། དེ་ལས་གཞན་པའི་བསྒོམ་པའི་ལམ་བཞིན་ནོ། །མཐོང་བའི་ལམ་ལ་ནི་ཤེས་པ་དང་རྣམ་པ་སྐལ་བ་མཉམ་པ་ཁོ་ན་འཐོབ་པོ། །དེའི་ཕྱིར་ཡང་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཁོ་ན་ཡིན་ནོ། །ལམ་སྔ་མ་རྣམ་པར་ཉམས་པའི་ཕྱིར་ཞེས་བྱ་བ་ནི་ཞུགས་པའི་ལམ་རྣམ་པར་ཉམས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུའི་ལམ་ལྟར་བསྒོམ་པའི་ལམ་ཁོ་ནར་ཞུགས་པའི་ལམ་ཡོངས་སུ་གཏོང་གི་མཐོང་བའི་ལམ་དུ་ནི་མ་ཡིན་ལ། ལམ་ལ་རྗེས་སུ་ཤེས་པ་ལ་ནི་ཞུགས་པའི་ལམ་ཡོངས་སུ་གཏོང་བ་ཡིན་ཏེ། དེའི་ཕྱིར་ཡང་བསྒོམ་པའི་ལམ་ཁོ་ན་ཡིན་ཏེ་རྒྱུན་ཆགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་འདི་ནི་དེ་ལས་གཞན་པའི་བསྒོམ་པའི་ལམ་བཞིན་དུ་རྒྱུན་ཆགས་པ་ཡིན་ན་མཐོང་བའི་ལམ་ལ་ནི་བཟོད་པའམ་ཤེས་པ་འང་རུང་རྒྱུན་ཆགས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཡང་ལམ་ལ་རྗེས་སུ་ཤེས་པ་བསྒོམ་པའི་ལམ་ཡིན་ནོ། །གལ་ཏེ་ལམ་ལ་རྗེས་སུ་ཤེས་པ་མཐོང་བའི་ལམ་མ་ཡིན་ན་འོ་ན་ལྷག་མ་བསྒོམ་པའི་ལམ་བཞིན་དུ་དེ་ལས་ཀྱང་ཡོངས་སུ་ཉམས་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་ཡོངས་སུ་མི་ཉམས་པ་ནི་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་མོ་ཞེས་ལྔ་བཤད་ཟིན་ཏོ། །ལམ་


DTG210_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་ཞེན་པ་ཁོ་ནས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱིས་སྤངས་པ་ཡང་དག་པར་འཛིན་པ་དེའི་ཕྱིར་དེ་ལས་ཡོངས་སུ་ཉམས་པ་མེད་དོ། །གལ་ཏེ་ལམ་ལ་རྗེས་སུ་ཤེས་པ་ལས་ཡོངས་སུ་ཉམས་ན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ཞིག་ན། དེ་ལས་ནི་ཡོངས་སུ་ཉམས་པ་མེད་དོ། །གལ་ཏེ་དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། གང་གི་ཕྱིར་དེས་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་ལྷག་མ་ཆོས་ལ་རྗེས་སུ་ཤེས་པ་བཞིན་ནོ་ཞེས་བྱ་བའོ། །མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ཕན་ཆད་ཀྱི་བསྒོམ་པའི་ལམ་ཡང་མཐོང་བའི་ལམ་དུ་འགྱུར་ཏེ། དེས་ཀྱང་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་ཡང་མཐོང་བའི་ལམ་དུ་འགྱུར་རོ། །དེ་བས་ན་དེའི་ཕྱིར་ཡང་ཡོངས་སུ་ཉམས་པར་ཐལ་བ་མེད་དོ། །གཞན་དག་ན་རེ་ཟད་པ་ཤེས་པ་ཡང་བསྒོམ་པས་སྤང་བར་བྱ་བའི་སྤངས་པ་འཛིན་པའི་ཕྱིར་སློབ་པའི་ལམ་དུ་འགྱུར་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་ཟེར་རོ། །ཅིའི་ཕྱིར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན་ཞེས་བྱ་བ་ནི། མ་མཐོང་བ་མཐོང་བའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ། །བཟོད་པ་རྣམས་ཁོ་ནས་མ་མཐོང་བའི་བདེན་པ་མཐོང་གི་ཤེས་པ་རྣམས་ཀྱིས་མ་ཡིན་ནོ། །བཟོད་པ་རྣམས་ཀྱིས་བདེན་པ་མཐོང་བ་དེ་འཐད་པས་དེའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་བཞིན་ལྷག་མ་རྣམས་ཀྱང་མཐོང་བའི་ལམ་མ་ཡིན་ནོ། །ཡང་ན་ལམ་ལ་རྗེས་སུ་ཤེས་པ་ཡང་བཟོད་པའི་དེ་མ་ཐག་སྐྱེ་བའི་ཕྱིར་ཤེས་པ་ལྷག་མ་བཞིན་མཐོང་བའི་ལམ་དུ་ཅིའི་ཕྱིར་མི་འདོད་ཅེ་ན། མཐོང་བ་ཡོངས་སུ་མ་རྫོགས་པའི་ཕྱིར་ཞེས་བྱ་སྟེ། བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་མཐོང་བའི་ཤེས་པ་རྣམས་མཐོང་བའི་ལམ་ཉིད་དུ་མི་བརྗོད་དོ། །འོ་ན་ཅི་ཞེ་ན། མཐོང་བའི་ལམ་གྱི་བར་མར་གྱུར་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ཤེས་པ་རྣམས་ལ་ཆོས་ཤེས་པ་བཞིན་བལྟ་བར་བྱ་སྟེ་དེ་ཡང་ལྷག་མ་ཉིད་ཀྱི་ཕྱིར་རོ། །དྲ་ཥྚུ་ཀཱ་མ་ཏཱ་ཤ་ཡཱ་བསྠཱ་ནཱ་ཙྩ་དཪྴ་


DTG210_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ན་མརྒ་མ་ཤ་ཀྱི་དེ་ཙ་དྲཥྚུཾ། དེའི་ཕྱིར་མཐོང་བའི་ལམ་ཞེས་བྱའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ལས་ནི་ཕྱི་མ་མཐོང་བའོ་ཞེ་ན། དེར་མཐོང་བ་ཡོངས་སུ་རྫོགས་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་མཐོང་བའི་ལམ་མ་ཡིན་ནོ། །ད་ནི་ཅི་ལྟར་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ལམ་ནི་རྣམ་པ་གསུམ་སྟེ། མཐོང་བའི་ལམ་དང་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་མོ། །ད་ནི་ལམ་གསུམ་པོ་དེ་དག་ཏུ་ཇི་ལྟར་གང་ཟག་རྣམ་པར་གཞག་པ་དེ་ལྟར་རྒྱས་པར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་མཐོང་བའི་ལམ་གྱི་རང་བཞིན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དབང་པོ་རྟུལ་པོ་ནི་དད་པས་གུས་པ་ཀུན་ཏུ་འབྱུང་བའི་ཕྱིར་སྐད་ཅིག་བཅོ་ལྔ་པོ་དེ་དག་ལ་གནས་པ་ན་དད་པའི་རྗེས་སུ་འབྲེང་བ་ཞེས་བྱའོ། །དབང་པོ་རྣོན་པོ་ནི་དཔྱོད་པ་དག་གིས་མངོན་པར་དགའ་བ་ཀུན་ཏུ་འབྱུང་བའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །རྗེས་སུ་འབྲང་བས་ན་རྗེས་སུ་འབྲང་བའོ། །གཞན་གྱིས་དྲིང་གིས་ཆོས་ཀྱི་མཚན་ཉིད་ཡོངས་སུ་བརྟགས་པ་ལ་འཇུག་གོ །ལྷག་མ་ལ་ཆོག་པར་གྱུར་པས་ཤེས་རབ་ཀྱི་རྗེས་སུ་འཇུག་པར་གྱུར་པས་སྔར་འཕགས་པའི་ལམ་བསྐྱེད་དེ། འཕགས་པའི་ལམ་བསྐྱེད་པ་བདེན་པའི་དོན་ཏོ། །མངོན་སུམ་ཁོ་ནས་ཞེ་བྱ་བ་ནི་དེ་འདིར་གཞན་གྱི་དྲིང་གིས་རྣལ་འབྱོར་དུ་བྱེད་པའོ། །ཆོས་ཀྱི་སྒོ་ནས་རྗེས་སུ་འབྲང་བས་ཆོས་ཀྱི་རྗེས་སུ་འབྲང་བ་སྟེ། འདི་ལ་ཡོད་པས་ཆོས་ཀྱི་རྗེས་སུ་འབྲང་བའོ། །འདི་ནི་དོན་ཐམས་ཅད་ལ་ཤེས་རབ་ཕྱོགས་པར་གྱུར་པའོ། །དད་པས་རྗེས་སུ་འབྲང་བའི་རིགས་ཅན་ནི་དེ་ལྟར་དོན་གྱི་རྣམ་པ་གང་ཡིན་པ་ཐམས་ཅད་ལ་སྦྱོར་བས་ན་ནུས་པ་དང་མི་ནུས་པའི་རྣམ་པར་དཔྱད་པ་མེད་པར་གཞན་གྱི་དྲིང་གིས་འཇུག་པའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་དོན་ཐམས་ཅད་ལ་སྦྱོར་བ་ན་ནུས་པ་དང་མི་ནུས་པ་སོ་སོར་དཔྱད་དེ་འཇུག་གི་གཞན་ལ་བརྟེན་པས་མ་ཡིན་པའོ། །ཡང་ན་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་སྟེ། ངེས་པ་ལ་ཞུགས་པ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་སོགས་པའོ། །དེའི་ཕྱིར་འབྲས་བུ་ཐོབ་པར་བྱ་བ་ཐམས་ཅད་


DTG210_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་སྨོས་སོ། །མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་ཞེས་བྱ་བ་ནི། དགྲ་བཅོམ་པ་ཉིད་ནི་སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤང་བར་བྱ་བ་སྤངས་པ་ལས་འཐོབ་ན། མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་སྤོང་བ་མ་ཡིན་ནོ། །སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་སོ་སོ་སྐྱེ་བོའི་གནས་སྐབས་ན་འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའོ། །དེ་ཡན་ཆད་ན་ས་གཞན་མེད་པས་དེའི་ཕྱིར་དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་སོ། །དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་དང་པོ་ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་པས་མོས་པ་ཡིན་གྱི། དེ་ལ་ཤེས་རབ་མེད་པ་ཉིད་ནི་མ་ཡིན་ལ་ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བས་ཐོབ་པ་ཡིན་གྱི་དེ་ལ་དད་པ་མེད་པ་ནི་མ་ཡིན་ནོ། །རྣམ་པ་ལྔ་སྤངས་ཀྱང་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་སྔར་འཇིག་རྟེན་པའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་རྣམ་པ་གཅིག་སྤངས་པ་ནས་ཇི་སྲིད་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་བར་སེམས་བཅུ་དྲུག་ལ་གནས་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་ཕྱིར་མི་འོང་བའི་བར་དུ་བརྗོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན་ཞེས་བྱ་བ་ལ། འབྲས་བུ་ཐོབ་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལམ་གྱི་སྒོ་ནས་གང་ཟག་བརྒྱད་རྣམ་པར་གཞག་ལ། འབྲས་བུའི་སེམས་ཀྱང་འབྲས་བུའི་ཁྱད་པར་གྱི་ལམ་གཉེན་པོ་ཅན་ཉོན་མོངས་པའི་གཉེན་པོ་ཉིད་དོ། །དེའི་གཉེན་པོ་མ་ཡིན་ཡང་ལམ་ཐོབ་པས་ཡང་འབྲས་བུ་དང་ལྷན་ཅིག་དེའི་གཉེན་པོ་ཅན་གྱི་ཉོན་མོངས་པའི་བྲལ་བའི་ཐོབ་པ་སྐྱེའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་གཅོད་པའི་ཕྱིར། གང་མཚུངས་པར་ལྡན་པའི་ཐོབ་པ་བཅད་པ་དེ་ཉིད་ཀྱིས་བྲལ་བའི་ཐོབ་པ་མངོན་དུ་བྱེད་དོ། །དེའི་ཕྱིར་འབྲས་བུ་ལ་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པ་མེད་ཅེས་བྱའོ། །ས་འོག་མ་ལ་བརྟེན་ཏེ་


DTG210_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་གང་ཡང་རུང་བ་ཞིག་གིས་འབྲས་བུའི་ཁྱད་པར་གྱི་ལམ་མངོན་དུ་བྱེད་པས་ན་འདི་ནི་ངེས་པར་ཆོས་ཉིད་ཀྱི་འབྲས་བུ་ཁྱད་པར་ཅན་ཟག་པ་མེད་པ་བསམ་གཏན་གསུམ་པས་མངོན་དུ་བྱེད་དོ། །གཞན་དུ་ན་ཟག་པ་དང་བཅས་པའི་ས་འཕོ་བས་འདོར་ཞིང་ཟག་པ་མེད་པ་ཡང་མི་བསྐྱེད་པའོ། །གོང་དུ་སྐྱེས་པ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ་ཞེས་བྱ་བ་ནི། འབྲས་བུ་ཐམས་ཅད་ཉིད་ལས་ལངས་པ་འབྲས་བུའི་ཁྱད་པར་གྱི་ལམ་མངོན་དུ་བྱེད་པ་འབའ་ཞིག་མ་ཡིན་པའོ། །སློབ་འདུས་བཟང་ན་རེ་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་རྒྱུ་མེད་པའི་ཕྱིར་ཞེས་ཟེར་རོ། །ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ནི་གང་དག་གིས་ཉོན་མོངས་པ་རྣམ་པ་དྲུག་གམ་བདུན་ནམ་བརྒྱད་སྔར་སྤངས་པ་ནས་སྲིད་པའི་རྩེ་མོའི་བར་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་སྟེ། འཁོར་བ་ནི་ས་དགུ་པ་ཡིན་པའི་ཕྱིར་རོ། །དང་པོ་ཁོ་ནར་ཞེས་རྒྱས་པར་འབྱུང་བ་ལ་དེར་ཤེས་པ་རབ་ཏུ་མི་འཇུག་པའི་ཕྱིར་ལམ་ཆུང་ངུ་ཉིད་རྣམ་པར་ཤེས་པའི་རྒྱུད་ལ་ཕྲ་བར་རྗེས་སུ་འབྲེལ་བའི་ཕྱིར་ཉོན་མོངས་པ་ཆུང་ངུ་ཉིད་དོ། །འདི་ལ་དཔེ་ཉེ་བར་སྒྲུབ་པར་བྱེད་དེ། གོས་ལ་དྲི་མ་ཆེ་ལོང་ནི་སྔར་འཁྲུལ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ༌། །འདི་དཔེའི་སྦྱོར་བ་ཡིན་པས་དཔེའི་རྣམ་པ་སྟེ། རྣམ་པ་འདིས་གཞན་ལ་ཡང་བརྗོད་པར་བྱའོ་ཞེས་སྟོན་པར་བྱེད་དོ། །ཆོས་དཀར་པོ་ནི་སྟོབས་དང་ལྡན་པ་ཡིན་ལ་ཞེས་བྱ་བ་ནི། ཇི་སྐད་དུ། ལམ་ཆུང་ངུའི་ཆུང་དུས་ནི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་སྟེ། དེ་ལྟར་འདིས་སྤོང་བའོ་ཞེས་སོ། །དེ་ཉིད་ལ་ཁུངས་ནི་སྐད་ཅིག་མ་ཆུང་ངུས་ཞེས་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཆུང་ངུའི་ཆུང་ངུས་སོ། །འཁོར་བ་ཐོག་མ་མེད་པ་བརྒྱུད་པས་སྤེལ་བའི་ཞེས་བྱ་བ་ནི། འཁོར་བ་ཐོག་མ་མེད་པ་ནས་རང་གི་རྒྱུ་བརྒྱུད་པས་སྤེལ་བ་སྟེ་ཕན་བཏགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དེ་དག་རྩ་ནས་མེད་པར་བྱེད་པ་ནི་ཐོབ་པ་གཅོད་པ་སྟེ། དེ་ནི་ཆེན་པོས་ཡིན་གྱི་ཆུང་ངུས་མ་ཡིན་ཞིང་འབྲིང་གིས་ཀྱང་མ་ཡིན་ནོ། ཐམས་ཅད་དུ་ཞེས་བྱ་བ་ནི་ས་དང་ཁམས་རྣམས་སུའོ། ཚེ་བདུན་གྱི་བར་དུ་


DTG210_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བས་ན་ལན་བདུན་པའོ། །དེ་ཉིད་ཀྱི་ཕྱིར་རྒྱུན་ཏུ་ཞུགས་པ་ཡིན་ལ་ཚེ་བདུན་གྱི་བར་དུ་སྐྱེ་བས་ན་ཞེས་སྨོས་སོ། །དེ་ལྟར་ཐོགས་ན་ཞེས་འབྱུང་བས་ཐམས་ཅད་ནི་གདོན་མི་ཟ་བར་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཐ་ཤལ་པའོ་ཞེས་འབྱུང་ངོ། །མཆོག་ཅེས་བྱ་བའི་སྒྲ་ནི་རབ་ཏུའོ་ཞེས་བྱ་བ་ནི། མདོ་ལས་མཆོག་གི་སྒྲ་ནི་རབ་ཏུ་བརྗོད་དོ་ཞེས་པ་སྟེ། དོན་ནི་ཁྱད་པར་མེད་དོ། །དེ་ནས་དེར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དེ་ནས་མྱ་ངན་འདས་པར་འགྲོ་བའི་ཕྱིར་རོ། །ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ། ལམ་དང་པོ་ནི་མཐོང་བའི་ལམ་མོ། །བརྒྱད་པ་ཡང་ཡིན་ཞེས་བྱ་བ་ནི་ལུགས་ལས་བཟློག་པས་འབྲས་བུ་བཞིའི་གནས་ཀྱི་བཞི་པ་དེ་ལ་ཞུགས་པ་ནི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་སྟེ་བརྒྱད་པ་ཡིན་ནོ། །ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་འཇིག་རྟེན་པའི་ལམ་གྱིས་རྣམ་པ་དྲུག་པ་ཟད་པར་བྱས་པ་ཡང་ལམ་ལ་རྗེས་སུ་ཤེས་པས་ངེས་པ་ལ་འཇུག་པ་བྱེད་ན། དེ་ལན་ཅིག་ཕྱིར་འོང་བ་ཡིན་ལ། དེ་ཡང་རྒྱུན་ཏུ་ཞུགས་པར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཡང་སེམས་བཅུ་དྲུག་པ་ལ་ཕྱིར་མི་འོང་བ་ཡིན་གྱི་རྒྱུན་ཏུ་ཞུགས་པ་མ་ཡིན་ནའོ། །འབྲས་བུ་ཐམས་ཅད་ཐོབ་པའི་ཕྱིར་བྱ་བ་ལ། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐམས་ཅད་ཐོབ་པའི་ངང་ཚུལ་ཡོད་པས་ན་འབྲས་བུ་ཐམས་ཅད་ཐོབ་པ་སྟེ། དེ་ནས་བཟུང་སྟེ་འབྲས་བུ་ཐོབ་པས་རྒྱུན་ཏུ་ཞུགས་པ་ཞེས་བྱའོ། །ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་ཞེས་བྱ་བ་ལ་ཞུགས་པའི་ལམ་ནི་སྐད་ཅིག་མ་བཅོ་ལྔའོ། །འབྲས་བུའི་ལམ་ནི་ལམ་ལ་རྗེས་སུ་ཤེས་པའོ། །བརྒྱད་པས་ནི་རྒྱུན་ཏུ་ཞུགས་པའི་ལམ་ཁོ་ན་ཐོབ་ཀྱི་འབྲས་བུའི་ལམ་ནི་མ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་ཐོབ་པའི་ཕྱིར་ཞེས་བྱ་བ་ལ། མཐོང་བའི་ལམ་ནི་སྐད་ཅིག་མ་བཅོ་ལྔའོ། །བསྒོམ་པའི་ལམ་ནི་སེམས་བཅུ་དྲུག་གོ །རྒྱུན་ཐམས་ཅད་མངོན་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་རྗེས་སུ་ཤེས་པས་ཏེ། གང་གི་ཕྱིར་ལམ་ལ་ཤེས་པའི་བཟོད་པས་ཀྱང་མངོན་པར་རྟོགས་པའི་ཕྱིར་རྒྱུན་ཐམས་ཅད་


DTG210_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གནས་བདུན་ལ་མཁས་པ་དང་འདབ་མ་བདུན་པ་བཞིན་ནོ་ཞེས་ཟེར་རོ། །ཇི་ལྟར་ཞེ་ན་བདུན་ཚན་དུ་འདྲ་བའི་དགེ་སློང་གནས་བདུན་ལ་མཁས་པ་ཞེས་བཤད་དེ། ཇི་ལྟར་ཞེ་ན། དགེ་སློང་དག་ཇི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པ་ཡིན་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང༌། གཟུགས་འགོག་པ་དང༌། གཟུགས་འགོག་པར་འགྲོ་བའི་ལམ་དང༌། གཟུགས་ཀྱི་རོ་མྱོང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འབྱུང་སྟེ། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དག་ལ་ཡང་བརྗོད་པར་བྱའོ། །ཚུལ་འདིས་ནི་གནས་སུམ་ཅུ་རྩ་ལྔ་ལ་མཁས་པར་འགྱུར་རོ། །བདུན་ཚན་དུ་འདྲ་བའི་ཕྱིར་གནས་བདུན་ལ་མཁས་པ་ཞེས་བཤད་ཅིང༌། ཤིང་གི་ལོ་མ་སོ་སོ་ལ་ཡང་འདབ་མ་བདུན་བདུན་ཡོད་པའི་ཕྱིར་བདུན་ཚན་དུ་འདྲ་བའི་ཕྱིར་ཤིང་ལ་ཡང་ལོ་མ་བདུན་པ་ཞེས་བཤད་དོ། །དཔེ་དང་པོ་ནི་གསུང་རབ་ལས་གྲུབ་པ་ཡིན་ལ། གཉིས་པ་ནི་འཇིག་རྟེན་ལ་གྲགས་པའོ་ཞེས་བྱ་བ་ནི་ཁྱད་པར་རོ། །གལ་ཏེ་ལྷ་དང་མི་དག་གིས་ནང་རེ་རེར་སྲེད་པ་བདུན་ཉིད་མཚམས་སྦྱོར་ན། འོ་ན་གོང་མ་དེ་ལས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དང་ཇི་ལྟར་མི་འགལ། འགྲོ་བ་གཅིག་ཏུ་ཞེས་བྱ་བ་ནི་ལྷའི་འགྲོ་བའམ་མིའི་འགྲོ་བར་རོ། །འོན་ཏེ་སྒྲ་ཇི་བཞིན་དུ་བརྟག་ན་ནི་སྲིད་པ་བར་མར་ཡང་མི་འགྱུར་ན་སྲིད་པ་བར་མ་ནི་འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་འགྲོ་བ་གཅིག་ཏུ་ཞེས་བྱ་བ་འདི་དགོངས་པ་ཡིན་པར་ངེས་སོ། །དེ་ལྟར་ན་ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གོང་དུ་འཕོ་བ་གནས་ཐམས་ཅད་དུ་འཆི་འཕོ་བ་ནི་འགྲོ་བ་གཅིག་ཏུ་བརྒྱུད་པས་ལྷག་པའི་སྐྱེ་བ་གཞན་མངོན་པར་འགྲུབ་སྟེ། ཞེས་བྱ་བ་འདི་ནི་དགོངས་པ་མ་ཡིན་ནོ། །འདོད་པའི་ཁམས་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་སྟེ། གོང་དུ་འཕགས་པ་ལ་དེ་ལྟར་ཐོགས་ན་ལན་བདུན་པ་ཞེས་གསུངས་པ་དེ་ཁོ་ནར་སྲིད་པ་


DTG210_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་བཀག་པར་འཐད་ན། གཟུགས་དང་གཟུགས་མེད་པ་དག་ཏུ་ནི་དེ་ལྟར་ཐོགས་ན་ལན་བདུན་པ་གསུངས་པ་ཡང་མ་ཡིན་པས་དེར་སྲིད་པ་བརྒྱད་པ་བཀག་པར་མི་འཐད་དོ། །འདོད་པའི་ཁམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པ་འདི་ལ་ཤེས་པར་བྱེད་པ་ལུང་དང་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ། མདོ་ལས་གསུངས་པ་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་འདོད་པའི་ཁམས་ཀྱི་དབང་དུ་བྱས་ནས་ཞེས་བྱ་བས་ཤེས་སོ། །འདི་ལ་དགོངས་པས་བཤད་པའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ལུང་དང་འགལ་བའི་སྐབས་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་འདི་སྐབས་དང་བཅས་པའི་ཕྱིར་དགོངས་པ་ཅན་ཉིད་དུ་ཤེས་སོ། །ན་ཙ་སརྦ་ཙྱུ་ཏཿ། སཱུ་ཏྲེ་པཐྱ་ཏེ། ཡ་དྱ་པི་ན་པ་ཐྱ་ཏེ། སརྦ་ཙུ་ཏཿ། ཨཱུརྡྷཾ་སྲོཏ་ནུ་པ་ཐྱ་ཏེ། དེ་ནི་འཕར་བ་དང་ཕྱེད་དུ་འཕགས་པའི་གོང་དུ་འཕོ་བར་འགྱུར་རོ་ཞེས་སོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཡོད་པ་མ་ཡིན་པས་འདི་ལྟར་བརྟག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་བྱེ་བྲག་སྨྲ་བ་ཟེར་རོ་ཞེས་བྱ་བ་མ་རངས་པའི་ཚིག་གོ །སློབ་དཔོན་འདུས་བཟང་ན་རེ། འདི་ཉིད་ཅུང་ཟད་ཀྱང་གསུངས་པ་ཡོད་པ་མ་ཡིན་པས་གོང་དུ་འཕོ་བ་རྣམ་པ་གཉིས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཟེར་རོ། །ཅུང་ཟད་ཀྱང་མེད་པར་ངེས་པའི་རྒྱུ་བསྟན་ཏེ། གཟུགས་ཀྱི་ཁམས་སུ་ཕྱིར་མི་འོང་བ་གནས་འདི་དང་གཞན་དུ་སྐྱེ་བར་བྱའོ་འདིར་ཡང་སྐྱེ་བར་བྱའོ་ཞེས་བྱ་སྟེ། སྐྱེས་བུ་དམ་པའི་འགྲོ་བ་རྣམས་སུ་ཡང་སླར་ཕྱིར་མི་འོང་བ་རྣམས་དཔེ་རེས་བསྟན་ཏེ། གོང་དུ་འཕོ་བ་རྣམས་དཔེ་བཅུ་གཅིག་གིས་སོ། །ནེ་རནྟ་ཡེ་སྱ་ཏ་ཏྲ་ཛནྨ་ནི་ཕྲིཏྟ་ཡེདཪྴི་ཏཱ། ཡསྨཱ་དཱ་ཧ་མཱ་རྒཱནྟི་བཱ་ག་མྱོ་ད་ཀཥྚམྦཱལྦ་ར་ཧི་ཏ་བཱ་སྲི་ཐི་ཤཾ་མཱ་ག་མྱ་བརྻ་རྦ་ནུ་ད་དཱ་ནོ་ནིརྦཱ་ཡཱ་དཱི་ཏཱེ། ཡན་ཆད་དུ་སྐྱེ་བ་དང་གནས་པ་མེད་པའི་ཕྱིར་དེར་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་ཏོ། །དེའི་ཕྱིར་གོང་དུ་འཕོ་བ་གསུངས་པ་ལ་མདོ་དང་འགལ་བའི་སྐབས་ཡོད་པ་མ་ཡིན་ནོ། །འདིར་དགོངས་ཏེ་གསུངས་ཀཱ་མཱི་བཱ་ཧ་རེ་ཏེ་བཱ་བཱི་པྲདྱ་བཱརྡུ་མཱ་ནུ་ཟེར། པའི་མཚན་ཉིད་ཀྱི་སྐབས་སོ་ཞེས་སོ། །དེའི་ཕྱིར་འདི་འདོད་པའི་ཁམས་ལ་དགོངས་ཏེ་ཞེས་གསུངས་སོ་ཞེས་བྱ་བར་


DTG210_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སོ། །འདི་ལ་ཤེས་པར་བྱེད་པ་ཅི་ཞིག་ཡོད་ཅེས་བྱ་བ་དེ་ཉིད་ཀྱི་ཕྱིར་གོང་ཁོ་ན་བཤད་མ་ཐག་པ་ལ་ཤེས་པར་བྱེད་པ་མདོ་འམ་རིགས་པ་ཅི་ཞིག་ཡོད་ཅེས་པའོ། །སློབ་དཔོན་གྱིས་འདི་སྐད་དུ་ལྷ་རྣམས་དང་ཞེས་རྒྱ་ཆེར་གསུངས་ཏེ། གཞན་དུ་ན་ལྷ་དང་མི་རྣམས་སུ་ཞེས་པ་ཉིད་འཆད་ཀྱི། ལྷ་རྣམས་དང་མི་རྣམས་སུ་ཞེས་བྱ་བར་ནི་མ་ཡིན་ནོ། །དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱ་བ་ནི། དེ་ནི་ལྷའི་ལུས་བདུན་ལས་གཞན་མིའི་སྲིད་པ་བདུན་དུ་འགྱུར་རོ། །དེ་བཞིན་དུ་ཕན་ཚུན་དུ་སྟེ་མིའི་བདུན་ལས་གཞན་ལྷའི་སྲིད་པ་བདུན་དུ་འགྱུར་རོ་ཞེས་པའོ། །རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་སྨིན་པ་སྟེ་ལམ་གྱི་ཉོན་མོངས་པ་མ་ལུས་པ་སྤངས་པ་རྒྱུན་བཅད་པ་དང་རྗེས་སུ་མཐུན་པའི་ལམ་སྟེ། དེའི་རང་བཞིན་ནི་དེའི་རྣམ་པའོ། །གང་གིས་ན་དུས་དེ་སྲིད་ཀྱིས་རྒྱུད་ཡོངས་སུ་སྨིན་པར་འགྱུར་ཏེ། རྒྱུད་ཡོངས་སུ་སྨིན་པས་སྲིད་པ་བརྒྱད་པ་ཉིད་མཚམས་སྦྱོར་བ་མེད་པའོ། །སྦྲུལ་གོམ་པ་བདུན་པས་ཟིན་པ་ལྟ་བུ་ཞེས་བྱ་བ་ལ། དཔེར་ན་སྦྲུལ་གོམ་པ་བདུན་པས་ཟིན་པ་ནི་གོམ་པ་བདུན་པོར་ན་གདོན་མི་ཟ་བར་འཆིའི་ཕན་ཆད་དུ་ཡང་མ་ཡིན་ཚུན་ཆད་དུ་ཡང་མ་ཡིན་ཏེ་དུག་གི་རིགས་དེ་ནི་དེ་ལྟ་བུ་ཡིན་ནོ། །རིམས་ཉིན་བཞི་པ་བཞིན་ཞེས་བྱ་བ་ནི་གང་ཞིག་ཉི་མ་བཞི་ཞིག་རིམས་ཀྱིས་འདེབས་ཀྱི། སྔར་ཡང་མ་ཡིན་ལ་ཕྱིས་ཀྱང་མ་ཡིན་ནོ། །ཐ་མའི་ཆ་དང་མཐུན་པ་གཉིས་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ། འདོད་པའི་ཁམས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གོང་མའི་ཆ་དང་མཐུན་པ་ལྔ་ཞེས་བྱ་བ་ནི། འདོད་ཆགས་གཉིས་པོ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང༌། རྒོད་པ་དང༌། ང་རྒྱལ་དང༌། གཏི་མུག་རྣམས་སོ། །གཞན་དག་ན་རེ་སྐྱེ་བ་བདུན་པ་ཁོ་ན་ལ་ཟག་པ་ཟད་པའི་ཕྱིར་དབང་པོ་ཡོངས་སུ་སྨིན་ཏེ། བརྒྱད་པ་ལ་མ་ཡིན་ཞེས་ཟེར་རོ། །ངེས་པ་འདི་ཅིས་བྱས་ཤེ་ན། ལམ་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ། གལ་ཏེ་སྤྲུལ་གོམ་པ་བདུན་པས་ཟིན་པ་བཞིན་ནོ། །ངེས་པ་དེ་ཕན་ཆད་དུ་ཚེ་མི་གནས་པས་དཔེ་མ་ཡིན་ནོ། །གལ་ཏེ་ཡང་ལམ་འདིའི་རང་


DTG210_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡང་དེ་དང་འདྲ་བར་གང་གིས་འཕགས་པའི་ལམ་བསྐྱེད་པའི་སྲིད་པ་བརྒྱད་པོ་མི་འགྲུབ་པོ་ཞེ་ན་མ་ཡིན་ནོ། །འོ་ན་བདེན་པ་མཐོང་བའི་གེགས་སུ་ཅིའི་ཕྱིར་མི་འགྱུར་ཞེ་ན། ལམ་ཁོ་ནས་དེ་བསྐྱེད་པས་སྲིད་པ་བརྒྱད་པོར་འགྲུབ་པར་མི་འགྱུར་རོ། །ཅི་སྟེ་སྲིད་པ་བརྒྱད་པོ་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་ལ་ལམ་གྱི་ནུས་པ་མི་འཇུག་པ་ཉིད་དུ་ཡང་མི་འགྱུར་ཞིང༌། བདེན་པ་མཐོང་བའི་གེགས་བརྒྱད་པོ་ལ་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་འདི་ལ་འགལ་བ་ཅི་ཞིག་ཡོད། གང་གསུངས་པ་ཀུན་ཏུ་སྦྱོར་བ་བདུན་ལུས་པའི་ཕྱིར་ཞེས་བྱ་བ་དེ་ལ་ཡང་ནུས་པ་མེད་དེ། འདོད་པ་ལ་འདུན་པ་དང་གནོད་སེམས་དག་ཁོ་ནས་སྲིད་པ་བདུན་དུ་འཁོར་བའི་ཕྱིར་དང༌། གོང་མའི་ཆ་དང་མཐུན་པ་རྣམས་ཀྱིས་འདོད་པའི་ཁམས་ཀྱི་སྐྱེ་བ་འགྲུབ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཆོས་ཉིད་ཀྱིས་གང་ཅི་ཡང་རུང་བའི་ངེས་པས་འདི་སྐྱེད་པའི་ནུས་པ་བརྗོད་པར་མི་ནུས་སོ། །ཡང་ལམ་གྱི་ནུས་པ་ཅི་ཞེ་ན། འདི་ཆོས་ཉིད་གཞན་གྱིས་ཞེས་བརྗོད་པར་བྱའོ། །བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་མི་བྱེད་ཅིང་ཞེས་བྱ་བ་ནི་སྐྱེ་བ་བདུན་ཚུན་ཆང་དུ་ཞེས་བྱ་བའི་དོན་ཏོ། །དེ་སྲིད་སྲིད་པའི་ལས་དུ་མ་མྱོང་བར་འགྱུར་བས་ན། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་སྟོབས་བསྐྱེད་པའི་ཕྱིར་ཞེས་བྱ་སྟེ་ནུས་པ་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འབྱུང་བ་མེད་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སོ་སོ་ཐར་པའི་སྡོམ་པ་ནི་སངས་རྒྱས་འབྱུང་བ་ལ་རག་ལས་པའི་ཕྱིར་རོ། །སངས་རྒྱས་འབྱུང་བ་མེད་པ་ན་ཁྱིམ་ན་གནས་པ་ཁོ་ན་ལས་དགྲ་བཅོམ་པར་འགྱུར་ཏེ། དགྲ་བཅོམ་པ་ཉིད་ཀྱི་སྐལ་བ་དང་ལྡན་པ་ནི་ཁྱིམ་གྱི་ནང་ན་གནས་བཞིན་དུ་སྔོན་གྱི་སངས་རྒྱས་ཀྱིས་རྗེས་སུ་བསྟན་པས་དེ་འཚོ་ཞིང་ཁྱད་པར་ལ་ཤིན་ཏུ་གཞོལ་བར་འགྱུར་རོ། །གཞན་དག་ན་རེ་གནས་གཞན་གྱི་མཚན་མས་སོ་ཞེས་ཟེར་རོ་ཞེས་བྱ་བ་ལ་དེ་ནི་མི་འདོད་དེ། དེ་དག་ནི་ལོག་པར་ལྟ་བའི་དབང་གིས་དམ་པ་མ་ཡིན་པའི་ལས་དག་ལ་འཇུག་པའི་ཕྱིར་རོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཀྱི་ལམ་གྱི་ནུས་པའི་ཆོས་ཉིད་དོ། །དེར་འགྲོ་བའི་


DTG210_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་སོག་པའི་ཕྱིར་ཞེས་བྱ་བ་ནི་ངན་སོང་དུ་འགྲོ་བའི་ལས་མི་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བསགས་པ་རྣམ་པར་སྨིན་པ་འབྱིན་པ་དང་མི་མཐུན་པར་བྱས་པའི་ཕྱིར་རོ། །གང་ལ་ཞེ་ན་རྒྱུད་དོ། །བསགས་པ་ནི་སྔོན་བྱས་པ་སྟེ་ཕུང་པོའི་རྒྱུད་དེའི་རྣམ་པར་སྨིན་པ་འགྲུབ་པ་དང་མི་མཐུན་པར་བྱས་པས་དེ་ཡང་མ་སྨིན་ཏེ། དེའི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ནོ། །ཡང་ཅིའི་ཕྱིར་རྒྱུད་ངན་སོང་དུ་འགྲོ་བའི་ལས་བསགས་པའི་རྣམ་པར་སྨིན་པ་འབྱིན་པ་དང་མི་མཐུན་པར་འགྱུར་ཞེ་ན། དེའི་ཕྱིར་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོས་པའི་ཕྱིར་ཞེས་སྨོས་ཏེ། དགེ་བའི་རྩ་བ་སྟོབས་དང་ལྡན་པ་ནི་ཟག་པ་མེད་པ་དག་སྟེ། དེ་དག་གིས་ཕུང་པོའི་རྒྱུད་བསྒོས་པའི་ཕྱིར་མི་མཐུན་པ་ཡིན་ནོ། །ཡང་ཅི་ལྟར་དེས་བསྒོས་པ་ཡིན་ཞེ་ན། དེའི་ཕྱིར་སྦྱོར་བ་དང་བསམ་པ་དག་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །དེ་ལ་སྦྱོར་བ་དག་པ་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་གོ །བསམ་པ་དག་པ་ནི་སངས་རྒྱས་པ་ལ་སོགས་པ་ལ་ཤེས་ནས་དད་པའོ། །ངན་འགྲོར་ངེས་ན་ནི་ལས་དེས་བཟོད་པ་ཡང་མི་བསྐྱེད་དེ། བཟོད་ཐོབ་ངན་སོང་ཡོང་མི་འགྲོ། །ཞེས་པས་སོ། །ཇི་ལྟར་ན་དགེ་བའི་རྩ་བ་སྟོབས་དང་མི་ལྡན་པས་བསྒོས་པ་མི་དགེ་བ་བསགས་པ་རྣམ་པར་སྨིན་པ་དང་མི་མཐུན་པར་འགྱུར་བ་དེ་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་སྨོས་ཏེ། ཕྱེད་འོག་མས་ནི་གོ་རིམས་བཞིན་དུ་ཕྱེད་གོང་མས་དམ་བཅས་པའི་དོན་གཉིས་ཀྱིས་དཔེ་གཉིས་བསྟན་ཏོ། །སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་བྱ་བ་མདོ་ལས་རྒྱུན་ཏུ་ཞུགས་པ་ཡིན་ཏེ། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་དང༌། རྫོགས་པའི་བྱང་ཆུབ་ཏུ་གཞོལ་ཞིང་ངེས་པ་དང༌། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་ཐར་བྱེད་དོ་ཞེས་གསུངས་པའོ། །གང་ཕན་ཆད་སྡུག་བསྔལ་མེད་པ་སྟེ་ཞེས་བྱ་བ་ནི་གང་སྐྱེས་ཕན་ཆད་སྐྱེ་བ་གཞན་མེད་པའོ། །དེ་བྱེད་པ་ནི་ཁམས་གསུམ་པའི་ཉོན་མོངས་ཅན་གྱི་ཆོས་མ་ལུས་པ་དང་བྲལ་བ་སྐྱེ་བར་བྱེད་པ་སྟེ། དེ་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་


DTG210_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཉིང་མཚམས་མི་སྦྱོར་བར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྐྱེ་བ་གཞན་ཉིང་མཚམས་མི་སྦྱོར་བས་དེ་ཉིང་མཚམས་མི་སྦྱོར་བ་ཞེས་བྱའོ། །མྱ་ངན་ལས་འདས་པ་རྟག་པ་ཇི་ལྟར་བྱེད་ཅེས་དྲིས་ནས་དེའི་ཕྱིར་དེ་ཐོབ་པའི་གེགས་བསལ་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །མྱ་ངན་ལས་འདས་པ་ཐོབ་པའི་གེགས་ནི་ཉོན་མོངས་པའི་ཐོབ་པ་ཡིན་ཏེ། དེ་ཡོད་ན་མྱ་ངན་ལས་འདས་པའི་ཐོབ་པ་མི་སྐྱེ་བའི་ཕྱིར་རོ། །དེ་བསལ་བ་ནི་གཉེན་པོའི་སྒོ་ནས་དེའི་གེགས་རྣམ་པར་བཅད་པ་སྟེ། དཔེར་ན་ནམ་མཁའ་གྱིས་ཞེས་བྱ་བའི་དཔེ་འདི་ཉིད་ལ་གེགས་བསལ་བ་ལ་ཡོན་ཏན་དུ་བརྟགས་ནས་བཤད་པ་འཇུག་པ་ལྟ་བུའོ། །མ་ངེས་པས་ཞེས་བྱ་བ་ནི་འདིས་ཀྱང་རྒྱུད་ཡོངས་སུ་སྨིན་པ་དང་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཉིད་དུ་མཐའ་གཅིག་མ་ཡིན་པས་མི་བརྗོད་དོ། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུན་ཏུ་ཞུགས་པ་དེ་ཉིད་སོ་སོ་སྐྱེ་བོའི་གནས་སྐབས་སམ་འཕགས་པའི་གནས་སྐབས་སུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆ་གསུམ་སྤངས་པ་ནི་ཚེ་གསུམ་དུ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་བཞག་ལ། ཉོན་མོངས་པ་ཆ་བཞི་སྤངས་པ་ནི་ཚེ་གཉིས་སུ་རྣམ་པར་བཞག་སྟེ་འདིར་ནི་ཅི་རིགས་པར་སྦྱར་རོ། །སྐྱེ་བ་ལས་ནི་ཚེ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ནར་སྲིད་པ་གཉིས་སམ་གསུམ་མྱོང་པར་འགྱུར་པའི་ལས་བྱས་ཤིང་བསགས་པའི་ཕྱིར་རོ། །འཕགས་པ་ནི་འཁོར་བ་ལ་ཕྱིར་ཕྱོགས་ཤིང་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པས་ཡང་སྲིད་འཕེན་པར་རིགས་པ་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་ཅེ་ན། ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །གསུམ་མམ་བཞི་སྤངས་པ་ལ་ནི་དེའི་གཉེན་པོ་དབང་པོ་ཐོབ་པ་མེད་པར་ནི་དེ་སྤངས་པ་མེད་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པ་སྨོས་པ་ཁོ་ནས་དེའི་གཉེན་པོ་དབང་པོ་ཐོབ་པར་བཤད་པ་ཡིན་ཏེ། དེའི་ཕྱིར་ཡང་ཚིགས་སུ་བཅད་པའི་ནང་དུ་མ་སྨོས་སོ། །དེ་ལྟ་ན་ནི་འོ་ན། ཚེ་གཉིས་དང་གཉིས་གསུམ་སྨོས་པ་


DTG210_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་བྱ་སྟེ། ཉོན་མོངས་པ་སྤངས་པ་ཁོ་ནས་དེ་ཡང་བཤད་པའི་ཕྱིར་རོ། །གང་ཞིག་ཉོན་མོངས་པའི་ཆ་གསུམ་མམ་བཞི་སྤངས་པ་དེ་ནི་གདོན་མི་ཟ་བར་སྐྱེ་བ་གཉིས་སམ་གསུམ་ལྷག་མ་དང་བཅས་པར་རྟོགས་པ་ཉིད་དོ་ཞེ་ན། དེའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་ཞེས་བྱ་བ་སྨོས་ཏེ་འདི་འམ་བར་མ་དོ་འམ་སྐྱེས་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེ་བ་ཉུང་བ་ཉིད་ལ་རྒྱུ་སྨོས་པ་ནི་གོང་མའི་སྐལ་བ་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་སྟེ། རྒྱུན་ཏུ་ཞུགས་པའི་གོང་མ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི་སྐལ་པ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ཚེ་གཉིས་གསུམ་དུ་རིགས་ནས་རིགས། ཞེས་ངེས་པར་བྱ་བའི་ཕྱིར་དེའི་སྐྱེ་བ་སྨོས་ཏེ། དེ་ནི་རྒྱུ་གང་ཡང་རུང་བ་ཞིག་མ་ཚང་པས་རིགས་ནས་རིགས་སུ་སྐྱེ་བ་ཡིན་པར་མི་འདོད་དོ། །གལ་ཏེ་རྒྱུ་གསུམ་དང་ལྡན་པས་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཡིན་ན་ཉོན་མོངས་པ་ཆ་གསུམ་དང་བཞི་སྔོན་ཉིད་དུ་བཤད་པས་མཐོང་བའི་ལམ་ལ་གནས་པ་རིགས་ནས་རིགས་སུ་སྐྱེ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་མཐོང་བའི་ལམ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆ་གསུམ་དང་བཞིའི་གཉེན་པོ་མ་ཡིན་ཏེ། དེར་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ལམ་ལ་གནས་པ་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ནོ། །རིགས་ནས་རིགས་སུ་སྐྱེ་བར་རབ་ཏུ་ཕྱེ་བའི་ཕྱིར། རྒྱུན་ཏུ་ཞུགས་པའི་ཁྱད་པར་གྱི་ཕྱིར་དེ་ལྟར་མཐོང་བའི་ལམ་ལ་གནས་པ་མ་ཡིན་ནོ། །གཞན་དག་ན་རེ་འདི་ནི་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན་ཞེས་བྱ་བ་སྐབས་སུ་བབ་པའི་ཕྱིར་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་ཞེས་བྱ་བར་སྦྱར་རོ། །བར་ཆད་གཅིག་པ་བཞིན་དུ་ཁམས་ལས་མི་འདའ་བའི་ཕྱིར་རོ། །བར་ཆད་གཅིག་པ་ནི་འདོད་པའི་ཁམས་ལས་འདའ་སྟེ། དེའི་ཕྱིར་དེའི་ཉོན་མོངས་པ་རྣམ་པ་དགུ་ལས་གཅིག་གིས་ཀྱང་འབྲས་བུ་ལ་གེགས་བྱ་བར་ནུས་ལ། འདོད་ཆགས་དང་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་ཉིད་དོ། །ལས་བཞིན་དུ་ཉོན་


DTG210_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་རྣམས་ཀྱང་ཤིན་ཏུ་གེགས་བྱ་བའི་ཕྱིར་ཉེ་བར་གནས་སོ། །ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་ལས་མི་འདའ་བས་དེའི་ཉོན་མོངས་པ་རྣམ་པ་དྲུག་པ་གཅིག་པུས་འབྲས་བུ་ལ་གེགས་བྱ་བར་མི་ནུས་ཏེ། དེའི་ཕྱིར་རྣམ་པ་ལྔ་སྤངས་པས་ལན་ཅིག་ཕྱིར་འོང་བར་འགྱུར་བས་དེ་ལ་རིགས་ནས་རིགས་སུ་སྐྱེས་པ་ཞེས་བྱའོ། །ཡང་གང་ཞིག་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡང་མ་ཡིན་ལ། རིགས་ནས་རིགས་སུ་སྐྱེ་བ་ཡང་མ་ཡིན་ན་འདིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དེ་གང་གི་ཕྱོགས་སུ་བལྟ་བར་བྱ་ཞེ་ན། སྲིད་པ་ལན་བདུན་པའི་ཕྱོགས་སུའོ། །འདིར་མཆོག་གི་སྒྲ་ནི་ཕུལ་དུ་བྱུང་བ་བརྗོད་པའོ་ཞེས་བཤད་པ་འདིས་དེ་ཚུན་ཆད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་སྐབས་སུ་བྱས་པ་ཡིན་ནོ། །འདི་ནི་ཐམས་ཅད་ལས་དབང་པོ་རྟུལ་བ་གང་ཡིན་པ་སྲིད་པ་བདུན་དུ་འཁོར་བར་འགྱུར་བའོ། །ལྷའི་འགྲོ་བར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེས་འདི་ཉིད་གྲུབ་པ་ཡིན་ནོ། །ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་སྐྱེ་བ་གཉིས་ཏེ་ལྷའི་སྐྱེ་བ་གཉིས་སོ། །མིའི་སྐྱེ་བ་གཅིག་དང་སྐྱེ་བ་གསུམ་མོ། །ལྷ་རྣམས་སུ་གསུམ་དང་མི་རྣམས་སུ་གཉིས་ཉིད་དོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ལ་ཡང་ཇི་ལྟར་རིགས་པར་ཨ་བ་སེ་ཡམ། གཞན་དུ་ན་སྐྱེ་བ་གཉིས་སུ་རིགས་ནས་རིགས་སུ་སྐྱེ་བ་དང་ལན་ཅིག་ཕྱིར་འོང་བ་དག་ལ་ཁྱད་པར་ཅིར་འགྱུར་ཞེ་ན། འདོད་ཆགས་དང་ཞེ་སྡང་གཏི་མུག་རྣམས་བསྲབ་པའི་ཕྱིར་ཞེས་འབྱུང་བ་ཞེས་བྱ་བ་ལ་གང་ལས་ཤེ་ན་མདོ་ལས་སོ། །ཇི་སྐད་དུ་ཞེ་ན་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབ་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་འབྱུང་ངོ༌། །ཆུང་ངུའི་རྣམ་པ་ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཆེན་པོ་དང་འབྲིང་གི་རྣམ་པ་སྤངས་ཟིན་པའི་ཕྱིར་ཆུང་ངུའི་རྣམ་པ་ལུས་པ་ཡིན་ཏེ་མ་སྤངས་པའི་ཕྱིར་རོ། །ཚེ་གཅིག་ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྷ་དང་མི་རྣམས་སུ་སྐྱེ་བ་གཅིག་ལྷག་མ་ལུས་པའོ། །གོང་དུ་ལས་རྣམས་ནི་གནས་སྐབས་གསུམ་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་ཏུ་བྱེད།


DTG210_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་ཡིན་ནོ། །འདོད་པའི་ཁམས་སུ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པའི་ལས་དང་ཉོན་མོངས་པ་རྣམས་ནི་འདོད་པའི་ཁམས་ཁོ་ནའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་སྟེ། ས་གཞན་ནི་ས་གཞན་གྱི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པར་འདོད་པ་མ་ཡིན་ནོ། །དེ་ཡང་རྣམ་པ་དགུ་པ་སྤངས་པས་ཕྱིར་མི་འོང་བའི་ཕྱིར་འདོད་པའི་ཁམས་ལས་འདའ་བ་ཡིན་ནོ། །དེའི་ཕྱིར་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་ས་ལས་འདའ་བ་ལ་ལས་བཞིན་དུ་ཉོན་མོངས་པ་ཆུང་ངུའི་ཆུང་ངུའི་རྣམ་པ་གཅིག་གིས་ཀྱང་འབྲས་བུ་ལ་གེགས་བྱ་བར་ནུས་སོ། །དེ་བཞིན་དུ་རིགས་ནས་རིགས་སུ་སྐྱེ་བའི་ས་ལས་འདའ་བ་ལ་ཡོད་པ་མ་ཡིན་ཏེ། དེ་ནི་གཅིག་དང་རྣམ་པ་ལྔས་ཀྱང་འབྲས་བུ་ལ་གེགས་བྱ་བར་ནུས་པ་མ་ཡིན་ནོ། །རྣམ་པ་ལྔ་མ་སྤངས་པ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ། །འདིའི་བར་ཆད་གཅིག་ཡིན་པས་བར་ཆད་གཅིག་པ་སྟེ་འབྲས་བུའི་ཁྱད་པར་གྱི་ལམ་མངོན་དུ་བྱ་བའི་ཕྱིར་ཉོན་མོངས་པ་རྣམ་པ་ལྔར་སྤངས་པ་སྟེ་བར་ཆད་གཅིག་པའམ་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ། །འབྲས་བུ་ཐོབ་པ་དང་དུས་མཉམ་པ་ཁོ་ནར་མ་ཡིན་ནོ། །དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་མ་ཐོབ་པའི་ཕྱིར་རོ། །གདོན་མི་ཟ་བར་སྔོན་གཉིས་སམ་གསུམ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་དང་མཐར་གྱིས་གནས་པ་དག་དང་གོ་རིམས་བཞིན་ཏེ། འདོད་ཆགས་དང་བྲལ་བས་ནི་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་སྤངས་པ་ཡིན་ལ། མཐར་གྱིས་པས་ནི་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང་གསུམ་སྤངས་ཏེ་རྣམ་པ་ལྔར་འགྱུར་རོ། །དེ་ལ་གང་ཟག་གང་ཞིག་སྐྱེ་བའི་ཀུན་སྦྱོར་བ་བརྟགས་པ་མ་ཡིན་པའི་འགོག་པས་དགག་པ་དེ་འདོད་པ་ན་སྤྱོད་པའི་ཉེ་བར་འཚེ་བ་གང་ཡང་རུང་བ་ཟིལ་གྱིས་མནན་ཏེ་ཀུན་ཏུ་སྦྱོར་བ་ལྷག་མ་སྤངས་པའི་ཕྱིར་རྣལ་འབྱོར་རྩོམ་པར་བྱེད་དོ། །དེ་ཀུན་ཏུ་སྦྱོར་བ་སྤོངས་པ་མངོན་པར་གྲུབ་ནས་དེ་གཟུགས་ན་སྤྱོད་པ་སྲིད་པ་བར་མ་མངོན་པར་འགྲུབ་


DTG210_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །དེ་ལ་གནས་ནས་དགྲ་བཅོམ་པ་ཉིད་ཐོབ་སྟེ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཡང་གང་ཟག་གང་ཞིག་སྐྱེ་བ་མངོན་པར་འགྲུབ་ཅིང་མྱོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ཉིད་ལས་མི་རིང་བར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་མངོན་པར་བརྩོན་པ་ཉིད་ཀྱི་ཕྱིར་དང་ལམ་དང་གིས་འབྱུང་བ་གཉིས་ཀྱི་ཕྱིར་རོ། །མངོན་པར་བརྩོན་པ་གང་ཞིག་ཡིན་ཞེ་ན། གང་བརྩོན་འགྲུས་བརྩམ་པའོ། །ཇི་ལྟར་ལམ་ངང་གིས་འབྱུང་བ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་མེད་པར་མངོན་པར་གྱུར་པའི་ཕྱིར་རོ། །མངོན་པར་བརྩོན་པ་ཡང་དེ་ཡིན་ལ་ལམ་ངང་གིས་འབྱུང་བ་ཡང་ཡིན་པས་མངོན་པར་བརྩོན་པ་དང་ལམ་དང་གིས་འབྱུང་བ་སྟེ། མྱ་ངན་ལས་འདས་པ་རྣམ་པ་གཉིས་ཡོད་པ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་ཞེས་སྨོས་སོ། །གཞན་དག་ན་རེ་དེ་ཡང་ཞེས་བྱ་བ་ནི་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་བཞིན་ནོ་ཞེས་པའོ། །མ་ཡིན་ཏེ་ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འདི་ལྟར་རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་ཐོབ་པ་ནི་ཚེ་འདོར་བ་ལ་དབང་ལ། དེ་ཡང་མི་རྣམས་ཀྱི་ནང་དུ་སྐྱེད་པར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཚེ་འདོར་བ་ལ་དབང་བ་མེད་པས། དེ་ཕུང་པོ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་འབད་པ་དང་བཅས་པར་ཡོངས་སུ་མྱ་ངན་འདས་པ་སྟེ། དེའི་ཕྱིར་དེ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །ཇི་ལྟར་མངོན་པར་འདུ་བྱེད་པ་དང་བཅས་ཤེ་ན། དེའི་ཕྱིར་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བའི་ཕྱིར་རོ་ཞེས་སྨོས་སོ། །དེ་ནི་མངོན་པར་སྦྱོར་བའི་བརྩོན་འགྲུས་ཀྱིས་ལམ་ངང་གིས་འབྱུང་ཞེས་པའོ། །མངོན་པར་བརྩོན་པ་དང་ལམ་དང་གིས་འབྱུང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་མངོན་པར་བརྩོན་པ་མེད་དང་ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར་རོ་ཞེས་བྱའོ། །


DTG210_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ་ཞེས་བྱ་བ་ལ། བདེན་པ་གསུམ་ལ་དམིགས་པའི་ལམ་ནི་འདུས་མ་བྱས་ལ་དམིགས་པའོ། །འགོག་པའི་བདེན་པ་ལ་དམིགས་པ་ནི་འདུས་མ་བྱས་ལ་དམིགས་པའོ། །དེ་ནི་མི་རུང་སྟེ་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཟག་ཐམས་ཅད་འདུས་བྱས་ལ་དམིགས་པ་དང་འདུས་མ་བྱས་ལ་དམིགས་པ་ཡོངས་སུ་མྱ་ངན་ལས་འདའ་བས་གང་ཟག་གཉིས་ཁོ་ནར་འགྱུར་རོ། །གཞན་དག་ན་རེ་དེ་སྐྱེས་ནས་དུས་གཞན་གྱི་དགྲ་བཅོམ་པ་ཉིད་ཐོབ་སྟེ། དེ་ལ་ཁ་ཅིག་གིས་ནི་བརྩོན་འགྲུས་བརྩམས་པ་ཡིན་ལ་ཁ་ཅིག་ནི་ལྷོད་པར་བྱེད་པའོ། །སྔར་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དེ་སྦྱོར་བ་ཤིན་ཏུ་སྦྱངས་པ་མ་ཡིན་པ་ཏིང་ངེ་འཛིན་དང་ཕྲད་དེ་ཐ་མའི་ཆ་དང་མཐུན་པ་རྣམས་སྤོང་བ་ཡིན་ལ། དེ་ནས་དེར་སྐྱེས་པ་ཁོ་ནས་ལམ་བསྒོམ་པར་མི་འགྱུར་རོ། །མངོན་པར་འདུ་བྱེད་དང་བཅས་པས་དགྲ་བཅོམ་པ་ཉིད་ཐོབ་པའི་སྒོ་ནས་ཏཙྪ་དྷཾ། ཐོབ་པར་བྱེད་དེ་གང་ཞིག་ལྷོད་པར་བྱེད་པ་དེ་ནི་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གང་ཞིག་དེར་སྐྱེས་པ་ཡང་སྡུག་བསྔལ་བས་གནས་སོ་སོར་ཀུན་ཏུ་སྦྱོར་བ་ལྷག་མ་ལས་རྣམ་པར་གྲོལ་བ་རྟོག་པ་ནི་མངོན་པར་འདུ་བྱེད་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། འབད་པ་ལ་རག་ལུས་པས་ལམ་བསྒོམ་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ལྷག་མ་རྣམས་ཀྱང་དཀའ་བ་དང་སླ་བས་གནས་སོ་སོར་ཀུན་ཏུ་སྦྱོར་བ་ལྷག་མ་སྤོང་བས་སོ། །འདི་ནི་དེ་ལྟ་མ་ཡིན་ཏེ། །གནས་སྐབས་ཀྱི་དབྱེ་བ་ལས་དེ་དག་གི་ཁྱད་པར་མཐུན་པ་ཡིན་པའོ། །འདིར་གནས་སྐབས་ཀྱི་ཁྱད་པར་མེད་དོ་ཞེ་ན་དེར་ལམ་གྱིས་བྱས་པའི་ཁྱད་པར་བརྗོད་པར་བྱའོ། །ཇི་ལྟར་གནས་སྐབས་ཀྱི་ཁྱད་པར་རྣམས་སུ་བཤད་པ་དེའི་ཕྱིར་མ་འོངས་པ་རྣམས་ལ་ཐལ་བར་འགྱུར་ཞེ་ན། ཐམས་ཅད་ལ་གནས་སྐབས་ཀྱི་ཁྱད་པར་གཅིག་ཉིད་ལ་ལམ་གྱི་སྒོ་ནས་ཁྱད་པར་བརྗོད་པར་བྱའོ། །གཞན་དུ་མ་ཡིན་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞེ་ན། མདོ་ལས་


DTG210_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་ཞེས་བྱ་བ་ལ་གང་ལས་ཤེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བས་སོ། །དེ་ཁོ་ན་བཞིན་དུ་རུང་སྟེ་ཞེས་བྱ་བས་ནི་ཇི་སྐད་མདོ་ལས་འབྱུང་བ་བཞིན་དུའོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་གཙོ་བོ་བཞིན་སྔར་བསྟན་པའི་ཕྱིར་ཏེ། བར་མ་དོར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་བཞིན་ནོ། །ཡང་མངོན་པར་འདུ་བྱེད་པ་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདའ་བ་བས་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གཙོ་བོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ལམ་དང་གིས་འབྱུང་བ་དང་ལམ་ངང་གིས་འབྱུང་བ་མ་ཡིན་པ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ངང་གིས་འབྱུང་བས་ན་དང་གིས་འབྱུང་བ་སྟེ། ལམ་གང་ཞིག་སྔོན་གོམས་པའི་ཁྱད་པར་ལས་འབད་པ་མེད་པ་འབྱུང་བའོ། །བཟློག་པ་ནི་དང་གིས་འབྱུང་བ་མ་ཡིན་པའོ། །མངོན་པར་འདུ་བྱེད་པ་མེད་པ་དང་མངོན་པར་འདུ་བྱེད་པ་དང་བཅས་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ལམ་ངང་གིས་འབྱུང་བ་ནི་འབད་པ་མེད་པས་བསྒྲུབ་པར་བྱའོ། །ངང་གིས་འབྱུང་བ་མ་ཡིན་པ་ནི་འབད་པས་བསྒྲུབ་པར་བྱ་བ་ཞེས་བྱ་བ་སྟེ་ངེས་པར་བསྒྲུབ་པར་བྱའོ། །འདི་ག་ལས་ཤེ་ན། དེའི་ཕྱིར་འབད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབད་པ་མེད་པ་དང་འབད་པ་མངོན་དུ་གྱུར་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འབད་པ་མེད་པར་ཐོབ་པའི་སྒོ་ནས་ལམ་ངང་གིས་འབྱུང་བ་ནི་མངོན་པར་འདུ་བྱེད་པ་མེད་པར་བསྒྲུབ་པར་བྱ་བ་ཉིད་དོ། །ལམ་ངང་གིས་འབྱུང་བ་མ་ཡིན་པར་འབད་པའི་སྒོ་ནས་ཐོབ་པ་ནི་མངོན་པར་འདུ་བྱེད་པས་བསྒྲུབ་པར་བྱ་བ་ཉིད་དོ། །དེ་ལྟར་ཡིན་ན་མངོན་པར་འདུ་བྱེད་པ་མེད་པ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གཉིས་ལ་གོ་ཁྱད་པར་ཅི་ཞིག་ཡོད་དེ། དེ་གཉིས་ཀ་ཡང་ལམ་དང་གིས་འབྱུང་བ་ཡིན་པས་སོ་ཞེ་ན། དེའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །རྣམ་པ་གཉིས་ནི་རྒྱུ་དང་འབྲས་བུའི་སྒོ་ནས་སོ། །གནས་གཙང་མར་སྐྱེས་པ་ནི་བསམ་གཏན་ཡལ་བའི་འབྲས་བུ་ཡིན་པའི་ཕྱིར་


DTG210_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མིར་གྱུར་པ་གང་གི་བསམ་གཏན་སྤེལ་བ་དེ་ནི་འོག་མིན་དུ་སོང་ནས་མྱ་ངན་ལས་འདའ་སྟེ། དེའི་གོང་དུ་སྐྱེ་བ་གཞན་མེད་པའི་ཕྱིར་རོ། །གཞན་ནི་གནས་གཙང་མར་མ་ཞུགས་པར་སྲིད་པའི་རྩ་མོར་མཐར་ཐུག་པ་ཡིན་ཏེ་དེའི་གོང་དུ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་འཕར་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་གནས་དང་པོ་དང་ཐ་མར་སྐྱེ་བ་བར་དུ་མི་འགྲོ་བའི་ཕྱིར་འཕར་བ་ཞེས་བྱའོ། །གནས་འགའ་ཙམ་ཡང་འགལ་ཏེ་འོག་མིན་དུ་འཇུག་པ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་མང་པོ་ཡང་ངོ༌། །གང་ཞིག་ཆུང་ངུ་སྤེལ་ཏེ་བསྒོམ་པ་དེ་ནི་གནས་གཙང་མ་དང་པོའི་སྐྱེ་གནས་སུ་སྐྱེའོ། །དེ་བཞིན་དུ་གང་ཞིག་ཆེན་པོ་བསྒོམ་པ་དེ་གསུམ་པར་སྐྱེའོ། །དེར་སྐྱེས་པ་དག་ཆེས་ཆེན་པོ་དང་ཆེས་ཆེར་ཆེན་པོ་དག་བསྐྱེད་དེ་གནས་གཞན་གཅིག་གམ་གཉིས་སམ་གསུམ་བརྒལ་ཏེ་གནས་གཙང་མར་འཇུག་སྟེ། དེ་ནི་གཟུགས་ཀྱི་ཁམས་ཀྱི་གནས་དང་པོ་དང་མཐར་མཇུག་གི་བར་དུ་མི་འགྲོ་བའི་ཕྱིར་ཕྱེད་དུ་འཕར་བ་ཞེས་བྱའོ། །ལྟ་བའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་འདི་སྙམ་དུ་བདག་ནི་སེམས་ཅན་འདི་རྣམས་ཀྱི་སྤྲུལ་པ་པོ་ཡིན་ལ། བདག་གིས་སེམས་ཅན་འདི་དག་སྤྲུལ་ལོ་སྙམ་དུ་སེམས་ཤིང༌། དང་པོ་བསྐྱེད་པ་དེ་དག་ཀྱང་འདི་སྙམ་དུ་འདི་ནི་བདག་གི་སྤྲུལ་བ་པའོ་སྙམ་དུ་སེམས་སོ། །འཕགས་པ་དག་ནི་རང་དབང་བ་ཡིན་པ་སུ་ལ་ཡང་རག་མི་ལས་པ། དེ་དག་ནི་གཙོ་བོ་གཅིག་པའི་གནས་སུ་མི་སྐྱེའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་འབྱུང་སྟེ། དེ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་སོགས་པའི་རོ་མྱངས་པས་ཚངས་རིས་ནས་བཟུང་སྟེ། བར་མེད་པར་གནས་གཞན་ཐམས་ཅད་དུ་ལན་རེ་རེ་སྐྱེས་ཤིང་འོག་མན་གྱི་བར་དུ་ཞུགས་ནས་མྱ་ངན་ལས་འདའ་བའོ། །ཁ་ཅིག་ན་རེ་བསམ་གཏན་དང་པོའི་གནས་གཞན་གཉིས་སུ་ཞེས་པས་འདིས་ཀྱང་གྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚངས་པ་ཆེན་པོ་གནས་གཞན་ཐ་དད་དུ་བརྟགས་པས་འཕགས་པ་རྣམས་དེར་འཇུག་པའི་ཕྱིར་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བ་དག་ཁྱད་པར་མེད་པར་འགྱུར་རོ་ཞེས་ཟེར་རོ། །གང་དག་གནས་གཙང་མ་རྣམས་སུ་སྐྱེས་ནས་གནས་གཞན་བར་མ་གཅིག་བརྒལ་ནས་འོག་


DTG210_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུ་འཇུག་པ་དེ་ཉིད་ཕྱེད་དུ་འཕར་བའོ་ཞེས་སེམས་པར་བྱེད་ན། དེ་འདི་ནི་ཤེས་བྱེད་མ་ཡིན་ཏེ་གནས་གཙང་མ་ཁོ་ནའི་གནས་གཞན་བརྒལ་བ་གང་ཡིན་པ་ཕྱེད་དུ་འཕར་བ་ཡིན་ནོ། །ཡང་འདིར་ཞེས་བྱ་བ་འདི་ལ་རྒྱུ་བརྗོད་པར་མི་བྱའོ། །གང་དུ་སྐྱེས་པ་ཞེས་བྱ་བ་ལ་གང་དུ་སྐྱེ་བའི་སྐྱེ་མཆེད་དུ་སྐྱེས་པ་དེར་རོ། །དེ་ལ་འོག་མའི་སྐྱེ་བའི་སྐྱེ་མཆེད་རྣམས་སུ་སྐྱེ་བའི་སྒོ་ནས་སླར་ཕྱིར་མི་འོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདིར་ནི་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་མ་ཡིན་གྱི་རྣམ་པ་གཞན་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་དུ་ཤི་བ་དེ་ཉིད་དུ་སླར་མི་འོང་བའི་ཕྱིར་རོ། གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་ཞེས་བྱ་བ་ནི། བསམ་གཏན་བཞི་པ་སྤེལ་པ་མ་བསྒོམས་པའི་ཕྱིར་གནས་གཙང་མ་རྣམས་སུ་མི་འཇུག་པའོ། །བར་སྐབས་སུ་ཡང་ཞེས་བྱ་བ་ནི། འོག་མིན་ནས་སྲིད་པའི་རྩེ་མོར་མི་འཇུག་པར་ཞེས་བྱ་བའི་དོན་ཏོ། །གོང་དུ་འཕོ་བ་ཞེས་བྱ་བ་ནི་མཆོག་ཏུ་ཐོགས་ནས་འོག་མིན་ནས་སྲིད་པའི་རྩེ་མོའི་བར་ཐམས་ཅད་དུ་རུང་བར་བལྟ་བར་བྱའོ། །འདིས་ནི་རིག་པ་དང་མི་འགལ་བར་སྟོན་པར་བྱེད་དོ། །ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་འདིས་ལུང་དང་འགལ་བ་སྤོང་བར་བྱེད་དོ། །དཔེར་ན་ཞེས་བྱ་བ་ནི་འདི་ཉིད་ཀྱི་དཔེའོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཞེས་བྱ་བ་ནི། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་རོ། །གཟུགས་མེད་པར་འགྲོ་བ་རྣམས་ནི་བཞི་སྟེ། བར་མ་དོར་མྱ་ངན་ལས་འདའ་བ་མ་གཏོགས་པའོ། །གཟུགས་མེད་པ་རྣམས་རྣ་བར་མ་དོ་མེད་པའི་ཕྱིར་བར་མ་དོར་མྱ་ངན་ལས་འདའ་བ་མེད་དོ། །དེའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གིས་ཞེས་བྱ་བ་སྨོས་ཏེ། འདི་ནས་ཤི་འཕོས་ནས་ཞེས་བྱ་བ་ནི་འདོད་པའི་ཁམས་ནས་སོ། །དེ་དག་ནི་ཕྱིར་མི་འོང་བ་དྲུག་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་སྔར་བཤད་པ་ལྔ་ཉིད་དང་དྲུག་པ་ནི་གཟུགས་མེད་པར་ཉེ་བར་འགྲོ་བའོ། །དཔེ་གསུམ་གྱིས་ཞེས་བྱ་བ་ནི་ཞོགས་མ་ཆུང་ངུའི་མ་ལ་སོགས་པ་དཔེར་ན་ཞོགས་མ་ཆུང་ངུའི་མེ་མངོན་པར་འགྲུབ་བཞིན་དུ་འཆི་བར་འགྱུར་བ་དང༌། དཔེར་ན་ལྕགས་ཀྱི་ཐུ་ལུམ་


DTG210_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མམ། ཐོང་ལྕགས་མེ་ཀུན་ཏུ་འབར་བ་རབ་ཏུ་བསྲེགས་པ་ལྕགས་ཀྱི་ཐོ་བས་བརྒྱབ་པ་རྣམས་ཀྱི་ཚ་ཚ་གྱེན་དུ་ཡར་བཞིན་དུ་འཆི་བར་འགྱུར་བ་དང༌། དཔེར་ན་ལྕགས་ཀྱི་ཚ་ཚ་དེ་ཉིད་གྱེན་དུ་ཡར་ནས་ས་ལ་མ་ལྟུང་བ་ཁོ་ནར་འཆི་བར་འགྱུར་བ་ལྟ་བུའོ། །ཡང་ན་གསུམ་པོ་ཐམས་ཅད་ཞེས་བྱ་བ་ནི། བར་མ་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་འདའ་བ་རྣམས་དང་གོང་དུ་འཕོ་བ་རྣམས་ཏེ། རེ་རེ་ཞིང་མྱུར་བ་དང་མྱུར་བ་མ་ཡིན་པ་དང༌། ཡུན་རིང་པོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཕྱིར་མི་འོང་བ་དགུར་འགྱུར་རོ། །ཕྱིར་མི་འོང་བ་གསུམ་དང་ཞེས་བྱ་བ་ནི་གང་དག་གི་བྱེ་བྲག་གིས་ཕྱིར་མི་འོང་བ་དགུར་བཤད་པའོ། །དགུ་པོ་དེ་དག་གི་ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་དེ་དག་གི་བྱེ་བྲག་གིས་བསྡུས་པ་དེ་དག་གིའོ། །མངོན་པར་འགྲུབ་པ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གཞན་མ་ཡིན་པར་བར་མ་དོ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་ཉིད་ཁོ་ནར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ལན་གྲངས་གཞན་ལ་མྱོང་བར་གྱུར་པའི་ལས་བསགས་པའི་ཕྱིར་གོང་དུ་འཕོ་བ་སྟེ། དེ་ཕན་ཆད་སྐྱེ་བ་གཞན་དང་འབྲེལ་བའི་ཕྱིར་རོ། །གོ་རིམས་བཞིན་ཞེས་བྱ་བ་ནི་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་དང་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་དེ་དག་སོ་སོའི་ཞེས་བྱ་བ་ནི། ཕྱིར་མི་འོང་བ་གསུམ་པོ་དེ་དག་སོ་སོའི་ཁྱད་པར་རྣམ་པ་གསུམ་གསུམ་མོ། །དེ་ཉིད་ཀྱི་ཕྱིར་ལས་དང་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལ་ཁྱད་པར་རྣམས་ཅི་རིགས་པར་རོ། །གང་གི་ཕྱིར་ཕྱིར་མི་འོང་བ་དགུར་གྱུར་པ་ལས་ཡང་འདིར་ཅི་རིགས་པར་ཞེས་བྱ་སྟེ། དེའི་ཕྱིར་གསུམ་ཚན་དང་པོ་གཉིས་ནེ་ཞེས་སྨོས་སོ། །གསུམ་ཚན་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་སུམ་ཚན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཉོན་མོངས་པ་དང་དབང་པོ་ཕན་ཚུན་གྱི་སྒོ་ནས་ཁྱད་པར་དུ་འགྱུར་གྱི་ལས་ཀྱི་ཁྱད་པར་ལས་མ་ཡིན་ནོ། །འདི་དག་ལས་བར་དོར་མྱ་ངན་ལས་འདའ་བ་རྣམས་མངོན་པར་འགྲུབ་པ་མྱོང་བར་འགྱུར་བའི་ལས་ཐ་དད་པ་


DTG210_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ལ་ཡང་ལས་དང་ཉོན་མོངས་པ་ལ་བརྗོད་པར་བྱའོ། །དེ་ལ་ཉོན་མོངས་པའི་ཁྱད་པར་དང་རང་བཞིན་ལ་བལྟོས་ནས་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་པོ་རྣམས་ཉོན་མོངས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་པའི་ཕྱིར་དབང་པོའི་ཁྱད་པར་ཡང་རྣོན་པོ་དང་འབྲིང་དང་རྟུལ་པོ་ཡིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་དེ་དང་འདྲ་བ་སྟེ། ཉོན་མོངས་པ་དང་དབང་པོ་ཐ་དད་པ་རང་གི་རིགས་ལ་བལྟོས་པར་བརྗོད་པར་བྱའོ། །གསུམ་ཚན་ཐ་མ་ནི་ཞས་རྒྱས་པར་འབྱུང་བ་ལ། གོང་དུ་འཕོ་བ་གསུམ་ལས་འཕོ་བ་ནི་རང་གི་རིགས་ལ་བལྟོས་ནས་ཉོན་མོངས་པ་ཆུང་ངུ་དང་དབང་པོ་རྣོན་པོའོ། །ཕྱེད་དུ་འཕར་བ་ནི་ཉོན་མོངས་པ་འབྲིང་པོ་དང་དབང་པོ་འབྲིང་པོའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་ཉོན་མོངས་པ་ཆེན་པོ་དང་དབང་པོ་རྟུལ་པོའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཀྱང་ཁྱད་པར་དུ་བྱེད་དེ། ལས་ཀྱིས་སྐྱེ་བ་གཅིག་དང་དུ་མ་དང་ཆོས་མང་པོ་མྱོང་བར་འགྱུར་བའི་ཕྱིར་རོ། །ལས་ཀྱི་ཁྱད་པར་ལས་ཀྱང་དེ་ནི་ཁྱད་པར་ཏེ། ཉོན་མོངས་པ་དང་དབང་པོའི་ཁྱད་པར་ལས་ཀྱང་ཞེས་བྱ་སྟེ་ཀྱང་གི་སྒྲ་ལས་སོ། །འདིར་ཉོན་མོངས་པ་དང་དབང་པོ་ཐ་དད་པས་རྣམ་པ་དགུ་ཡིན་པ་བཞིན་ལས་ཐ་དད་པ་དགུ་མི་སྲིད་དེ། གསུམ་ཚན་དང་པོ་གཉིས་ལ་ལས་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཞེས་རྒྱས་པར་འབྱུང་སྟེ། གལ་ཏེ་ཉོན་མོངས་པ་དང་དབང་པོ་ཐ་དད་པའི་ཕྱིར་ཕྱིར་མི་འོང་བ་རྣམ་པ་དགུ་ཡིན་ན་ཞེས་བྱ་བའོ། །འོ་ན་མདོ་ལས་སྐྱེས་བུ་དམ་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་སློང་དག་ངས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་བསྟན་པར་བྱའོ་ཞེས་འབྱུང་བའི་མདོ་དེ་ལས་སོ། །བདུན་གང་ཞེ་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་དང་གོང་དུ་འཕོ་བའོ། །དེའི་ཕྱིར་གོང་དུ་འཕོ་བ་མ་ཕྱེ་བར་ཞེས་རྒྱས་པར་སྨོས་སོ། །ཡང་ཅིའི་ཕྱིར་ཕྱིར་མི་འོང་བ་གཉིས་ཕྱེ་སྟེ་བསྟན་ལ་གསུམ་པ་ནི་མ་ཕྱེ་བར་བསྟན་ཅེ་ན། སྔ་མ་གཉིས་


DTG210_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དེ་ཙམ་གྱི་དབྱེ་བ་ཤེས་པའི་ཕྱིར་རོ། །ཉོན་མོངས་པ་དང་དབང་པོ་ཐ་དད་ཀྱང་དང་པོ་དག་ནི་སྐྱེ་བཞིན་པ་དང་གཉིས་པ་དག་ནི་སྐྱེས་པ་ཉིད་དོ། །གོང་དུ་འཕོ་བ་ནི་སྐྱེ་བཞིན་པ་སྟེ་རྣམ་པ་དུ་མ་སྐྱེས་པ་ཡང་བསམ་གཏན་སྤེལ་བ་དང་སྤེལ་བ་མ་ཡིན་པ་བསྒོམ་པའི་ཕྱིར་དང་བསམ་གཏན་སྤེལ་བ་བསྒོམ་པ་དེར་ཡང་ཁམས་གཅིག་ལ་རེག་པར་བྱེད་པ་དང་གཞན་ནི་ཁམས་གཉིས་ལ་རེག་པར་བྱེད་དོ། །དེར་ཡང་ཁམས་གཅིག་དང་རྣམ་པ་གསུམ་དུ་འཕར་བ་ལ་སོགས་པའི་དབྱེ་བས་སོ། །དེ་ལ་ཕྱེད་དུ་འཕར་བ་ཞེས་བྱ་བ་ནི་རྣམ་པ་མང་ངོ༌། །གོང་དུ་འཕོ་བའི་དབྱེ་བ་ཤིན་ཏུ་མང་ཞིང་རྒྱས་པའི་ཕྱིར་རོ། །བར་དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་མ་གཏོགས་པའི་ཕྱིར་མི་འོང་བ་རྣམ་པ་དྲུག་ནི་སྐྱེས་བུ་དམ་པའི་འགྲོ་བ་རྣམས་སུ་བཤད་དོ། །གང་ཡང་དེ་དག་གི་དབྱེ་བ་ཁ་ཅིག་གཞན་དུ་ཡོད་པས་དེ་ཡང་གསུམ་པ་ཐུན་མོང་བ་སྟེ། གོང་དུ་འཕོ་བ་ཁོ་ནའི་དབྱེ་བ་རྣམ་པར་གཞག་ལ། གཞན་དག་ཀྱང༌། དམ་པ་དམ་མིན་འཇུག་མི་འཇུག །ཅེས་བྱ་བ་དག་ཏུ་སྟེ། འདིས་སླར་མི་འོང་བས་ན་འདི་དག་སྐྱེས་བུ་ལེགས་པ་རྣམས་སོ་ཞེས་བསྔགས་པར་བྱེད་པས་སྐྱེས་བུ་དམ་པའི་འགྲོ་བ་རྣམས་སོ་ཞེས་བྱ་བར་སྟོན་པར་བྱེད་དེ། འདོད་ཆགས་དང་བྲལ་བའི་སྟོབས་ཐུན་མོང་མ་ཡིན་པའི་སྐྱེས་བུའི་རྩལ་དང་ལྡན་པས་ཕྱིར་མི་འོང་བ་རྣམས་སྐྱེས་བུ་དམ་པ་ཞེས་བྱའོ། །སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན་ཞེས་བྱ་བའི་རྒྱུན་ཏུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་དང་འགྲོ་བ་དང་ཚེ་ཕྱི་མ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཇི་སྐད་དུ་བཤད་པ་འདི་གཞན་ལ་ནི་མེད་པར་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་མེད་པའོ། །གང་གི་ཕྱིར་དེ་གཉིས་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་དང༌། མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་པའི་ཕྱིར་ལས་དགེ་བ་དང༌། མི་དགེ་བ་ལ་འཇུག་པ་དང༌། ལྷའི་འགྲོ་བ་ནས་མིའི་འགྲོ་བར་འོང་བ་དེའི་ཕྱིར་འདི་དག་ལ་རྣམ་གྲངས་མེད་པར་སྐྱེས་བུ་དམ་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་དག་ལ་ཡང་ཞེས་བྱ་བ་སྨོས་ཏེ། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དག་


DTG210_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །སྡིག་པ་རྣམ་པ་ལྔ་ཞེས་བྱ་བ་ལ། སྡིག་པ་རྣམ་པ་ལྔ་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང་ཆང་འཐུང་པ་ཞེས་བྱའོ། །ཕལ་ཆེར་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་སྤངས་པའི་ཕྱིར་དང། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་ལས་ཁ་ཅིག་སྤངས་པའི་ཕྱིར་རོ། །གང་དག་ལ་རྣམ་གྲངས་མེད་པར་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་ལན་ཅིག་ཕྱིར་འོང་བ་བཞིན་དུ་རྣམ་པ་གཞན་དུ་མ་ཡིན་པས་ཏེ། འོ་ན་ཅི་ཞེ་ན། སྡིག་པ་ཐམས་ཅད་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང༌། ཁམས་གསུམ་གྱི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་དང༌། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུ་ཅར་ཡང་སྤངས་པའི་ཕྱིར་ཏེ། དེ་དག་ནི་རྣམ་གྲངས་མེད་པར་སྐྱེས་བུ་དམ་པ་ཡིན་ནོ། །མདོ་འདི་ཕྱིར་མི་འོང་བ་དེ་དག་གི་སྐབས་ཡིན་གྱི་སློབ་པ་གཞན་དག་གི་སྐབས་མ་ཡིན་ནོ། །ཅིའི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཕྱིར་མི་འོང་པ་ཚེ་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་གང་གི་ཚེ་དང་པོ་ལ་རྒྱུན་ཏུ་ཞུགས་པའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས། ཚེ་གཉིས་པ་ལ་ཕྱིར་མི་འོང་བ་ཐོབ་སྟེ། དེ་ནི་འདོད་པའི་ཁམས་སྐྱོན་མེད་པ་ལ། དེ་ཡང་སྲིད་པའི་སྡུག་བསྔལ་གྱིས་གཟིར་བས་སྐྱོ་བ་མེད་པའི་ཕྱིར། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །བདག་ནི་ཐ་མར་ཉམས་ན་ཞེས་བྱ་བ་ནི། ཐ་མ་ཞེས་བྱ་བ་ནི་མིར་གྱུར་པའི་ཐ་མ་སྟེ་ཚེའི་མཐར་རོ། །ཉམས་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་མ་ཐོབ་པ་སྟེ། དེའི་ཕྱིར། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད་ཞེས་བྱ་བའི་མདོ་འདི་དང་མདོ་དེ་འགལ་ལོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འགལ་བ་མེད་དེ་ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་རོ་ཞེ་ན། ཡང་དག་པར་དགའ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་འཆི་ལྟས་བྱུང་བས་སྡུག་བསྔལ་གྱི་སྐྱོ་བས་ཡང་དག་པར་དགའ་བར་བྱ་བ་ཁོ་ན་ཡིན་གྱི་སྨད་པར་བྱ་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་


DTG210_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་དགོས་པ་མེད་པའི་ཕྱིར་མ་བཟློག་གོ །ཁ་ཅིག་ན་རེ་འདི་ལ་ལན་མེད་དོ་ཞེས་ཟེར་རོ། །མ་ཡིན་ཏེ་དེའི་ལན་ཡོད་པས་ཆེས་ཤིན་ཏུ་དགའ་བ་གྲུབ་སྟེ། ངོ་ཚ་བ་སྤང་བའི་ཕྱིར་འདི་དགའ་བར་བྱ་བའི་གནས་ཞེས་བྱའོ། །གཞན་དག་ན་རེ་འདི་ལ་ལན་མེད་དེ། དེ་ཁོ་ན་ཉིད་མཐོང་བ་རྣམས་ལ་མཚན་ཉིད་དང་འགལ་བའི་ཐ་སྙད་མི་རིགས་པས་མ་བཟློག་སྟེ། བརྒྱ་བྱིན་གྱིས་ཀྱང་དེའི་ཚེ་དེ་ཁོ་ན་ཉིད་མཐོང་བས་སེམས་ཡང་དག་པར་དགའ་བ་ཉིད་དོ་ཞེས་ཟེར་རོ། །འདི་མཚན་ཉིད་དང་ལྡན་པས་མ་བཟློག་པ་མ་ཡིན་གྱི་ཡང་དག་པར་དགའ་བར་བྱ་བའི་ཕྱིར་རོ། །གང་གཟུགས་དང་གཟུགས་མེད་པའི་སྤྱོད་པའི་ལས་ཡོད་པ་དེ་འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ཡིན་ཡང་ཁམས་གཞན་དུ་འཕོ་བ་མི་འགལ་ལོ། །མཐོང་བའི་སྒོ་ནི་བྱེ་བྲག་ཏུ་སྨྲ་བ་གཟུང་བ་ནི་མ་རངས་པར་གྱུར་པའོ། །དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང༌། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་ཏེ། དེ་ལ་རབ་ཏུ་ཡོངས་སུ་སྨིན་པ་ནི་རྒྱུ་མཐུན་པའི་འབྲས་བུ་རྒྱས་པའི་ཁྱད་པར་རོ། །རྟེན་ཁྱད་པར་ཅན་ནི་ལམ་མངོན་དུ་གྱུར་པ་དང་མཐུན་པའི་གནས་སྐབས་སོ། །ཁ་ཅིག་དབང་པོ་རྣོན་པོ་དག་ཡིན་ཡང་རྟེན་མི་མཐུན་པས་ཡོན་ཏན་དག་ལས་ཉམས་པར་སྣང་ངོ༌། །དེ་ལ་ཁ་ཅིག་ན་རེ་རྟེན་ཁྱད་པར་ཅན་ཐོབ་པ་ནི་ཡོངས་སུ་ཉམས་པ་མེད་པའི་གཏན་ཚིགས་སོ། །དབང་པོ་རྣམས་ཆེས་ཤིན་ཏུ་སྨིན་པ་ནི་དབང་པོ་འཕོ་བ་མེད་པའི་རྒྱུའོ་ཞེའོ། །གཞན་དག་ན་རེ། གཅིག་དང་གཉིས་དང་གསུམ་པའི་ཡང་ཡིན་ནོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའོ། །ལམ་མ་འདྲིས་པས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམ་པ་དགུའི་གཉེན་པོ་ལམ་གོམས་པའི་ཕྱིར་སྲིད་པ་བར་མའི་གནས་སྐབས་སུ་ལམ་མངོན་དུ་མི་འགྱུར་བའོ། །ཕྲ་རྒྱས་ཤིན་ཏུ་ཆུང་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དེ་ལ་མི་དགེ་བ་རྣམས་ཀྱང་ཕྲ་རྒྱས་ཡིན་པའི་ཕྱིར་ཤིན་ཏུ་ཆུང་བ་མ་ཡིན་ཞེས་སློབ་དཔོན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ། འདི་ལས་འདའ་བར་དཀའ་བས་ཞེས་ཚིག་རྣམ་པར་སྦྱར་


DTG210_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཅིའི་ཕྱིར་དཀའ་ཞེ་ན། འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་འབད་པ་ཆེན་པོས་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་མང་པོ་ཞིག་བྱ་དགོས་ལ་ཞེས་རྒྱས་པར་འབྱུང་སྟེ། རེ་ཞིག་སྔོན་དུས་ཀྱི་སྲིད་པ་ཉིད་ཀྱང་འདོད་པའི་ཁམས་ལས་འདའ་བར་དཀའ་ན། སྲིད་པ་བར་མས་ལྟ་སྨོས་ཀྱང་ཅི་དགོས། དགྲ་བཅོམ་པ་ཉིད་བར་དུ་ཐོབ་པར་བྱེད་ཅེས་བྱ་བ་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་སྤངས་པ་དང་ཞེས་བྱ་བ་ནི་མི་དགེ་བ་འདོད་པ་ན་སྤྱོད་པ་རྣམས་དང༌། ལུང་དུ་མ་བསྟན་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སྤངས་པ་འོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་ཐོབ་པ་ནི་ལན་ཅིག་ཕྱིར་འོང་བས་ནི་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་སྟེ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་ཐོབ་པར་བྱ་དགོས་ལ། རྒྱུན་ཏུ་ཞུགས་པ་ནི་དགེ་སྦྱོང་གི་འབྲས་བུ་གསུམ་ཐོབ་པར་བྱ་དགོས་ཏེ། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ། །ཁམས་གསུམ་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་ནི། ཁམས་གསུམ་ལས་འདོད་ཆགས་བྲལ་བའོ། །དེ་ཡང་སྲིད་པ་བར་མ་ལ་གནས་པས་མི་ནུས་སོ་ཞེས་བྱ་བ་ནི་སྲིད་པ་བར་མའི་གནས་སྐབས་ན་ཞན་པའི་ཕྱིར་དང་ཡུན་རིང་དུ་མི་གནས་པའི་ཕྱིར་རོ། །དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་བྱ་བ་ནི་ཟག་པ་མེད་པ་སྤེལ་བར་བྱེད་ཅེས་པའི་ཐ་ཚིག་གོ །ཏིང་ངེ་འཛིན་དེ་ནི་ཐམས་ཅད་པས་ལས་སུ་རུང་བ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འདི་ལྟར་མངོན་དུ་གྱུར་པ་ལས་རྟེན་གྱིས་སངས་རྒྱས་པའི་ཁྱད་པར་ཐོབ་པའི་ཕྱིར་སྤྲོ་བ་འཕེལ་བའོ། །དེ་སྤེལ་བ་ལ་གོམས་པར་བྱེད་པ་ནི། ཇི་ལྟར་སྔར་ཡོངས་སུ་འགྲིབ་པ་ཡང་གོམས་པའི་ཤུགས་ལ་སྤེལ་བར་ནུས་པའོ། །ལམ་སླ་བ་རྣམས་ཀྱི་ནང་ན་མཆོག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ལམ་སླ་བ་ནི་བསམ་གཏན་བཞི་སྟེ། ལམ་སླ་བ་དེ་དག་གི་ནང་ན་བསམ་གཏན་བཞི་པ་མཆོག་ཡིན་ནོ། །དེའི་ས་པའི་ཤིན་ཏུ་སྦྱངས་པའི་བདེ་བ་མཆོག་ཡིན་པའི་ཕྱིར་རོ། །རྒྱུན་དང་ལྡན་པ་ཞེས་བྱ་བ་ནི་སྐད་ཅིག་མ་


DTG210_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའོ། །བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བ་བསམ་གཏན་སྤེལ་བར་བྱེད་པ་མ་ཡིན་ནམ། དེ་ཇི་ལྟར་བསམ་གཏན་སྤེལ་བ་བསྒོམ་པས་མཐོང་བས་ཐོབ་པ་གོང་དུ་འཕོ་བར་འགྱུར་ཞེ་ན། དེ་ནི་ཡོངས་སུ་ཉམས་པ་སྲིད་པ་མ་ཡིན་པས་འདི་ལ་སྐྱོན་མེད་དོ། །གང་ཞིག་དད་པས་མོས་པ་སྤེལ་བ་བསྒོམ་པ་ལས་ཡོངས་སུ་ཉམས་པ་དེས་འཇིགས་པ་ཉིད་ཀྱིས་མཐོང་བས་ཐོབ་པ་སོ་སོར་རྟོག་སྟེ་གཟུགས་ཀྱི་ཁམས་སུ་སྐྱེས་ཏེ་བསམ་གཏན་སྤེལ་བར་ནུས་སོ། །དེ་ལྟར་བྱས་ཏེ་ཥ་ཌཔྟེ། གོང་དུ་འཕོ་བ་པམྦ་དྱམ་ཏེ། སྤེལ་བ་འདི་ཡང་ཕུང་པོ་ལྔའི་རང་བཞིན་ཀུན་རྫོབ་ཤེས་པ་སྟེ་སྤེལ་བར་བྱེད་པ་བརྒྱད་དང་མངོན་པར་ཤེས་པ་བཞི་དང་རྗེས་སུ་ཤེས་པ་རྣམས་སོ། །གཞན་དག་ན་རེ་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ཁོ་ན་ཀུན་རྫོབ་ཤེས་པ་སྟེ། དེ་དག་དེའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་ཆེས་མང་བའི་ཟག་པ་མེད་པའི་ཤེས་པ་མངོན་དུ་གྱུར་པའི་ཕྱིར་དེ་དག་སྤེལ་བ་ལ་དབང་བ་ཉིད་དུ་མི་འགྱུར་རོ། །གཞན་དག་ན་རེ་བསམ་གཏན་སྤེལ་ཏེ་བསྒོམ་པར་མི་འགྱུར་རོ་ཞེས་ཟེར་རོ། །གནས་གཙང་མར་སྐྱེ་བའི་ཕྱིར་དུ་ཞེས་བྱ་བ་ནི། ཐུན་མོང་པ་དེར་སྐྱེ་བའོ། །མི་སྐྱེ་བ་ནི་ཐུན་མོང་པ་མ་ཡིན་པ་མངོན་པར་འདོད་པའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པ་ནི་ཆེས་ཤིན་ཏུ་ལུས་ལ་བརྟེན་པ་ཡིན་པས་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་རོ། །དེ་ནི་ཟག་པ་མེད་པ་དག་གི་འཁོར་དུ་འགྱུར་ཏེ་རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིང་བའི་ཕྱིར་རོ། །དེ་ལྟར་ན་ཉོན་མོངས་པ་ཅན་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྦྱིན་པ་བསལ་བར་འགྱུར་རོ། །དགྲ་བཅོམ་པ་དབང་པོ་རྣོན་པོ་ནི་སྐྱེ་བ་དང་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་ཁོ་ནའི་ཕྱིར་རོ། །དབང་པོ་རྟུལ་པོ་ནི་སྐྱེ་བ་ཁོ་ན་མི་སྲིད་པས་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བ་དང༌། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དེ་ལ་ཟག་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་ལ། ཟག་པ་མེད་པ་ནི་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུ་


DTG210_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྔ་ཡིན་པའི་ཕྱིར་འབྲས་བུ་ཡང་རྣམ་པ་ལྔ་ཡིན་པས་གནས་གཙང་མའི་སྐྱེ་བ་ལྔ་ཁོ་ན་ཡིན་ནོ། །སེམས་ཅན་ནི་སེམས་བཅོ་ལྔ་པོ་རྣམས་ཏེ་མ་ཐོབ་པ་རྣམས་ཉིད་ཐོབ་པའོ། །གཞན་དག་ན་རེ་མ་ཐོབ་པ་ཟག་པ་མེད་པ་དང་དབང་པོ་ལྔ་དང་ལྷག་མ་བཅུ་ཐོབ་པོ་ཞེས་ཟེར་རོ། །ལྔ་རྣམས་ནི་མངོན་སུམ་དུ་གྱུར་པའི་ཕྱིར་མ་འོངས་པ་བཅུ་བསྒོམ་པས་ཐོབ་པ་ཡིན་ནོ། །ཁ་ཅིག་ནི་ལྡང་བས་སྤེལ་བ་དང་ཁ་ཅིག་ལྡང་བའི་ཕྱིར་རྣམ་པ་གཞན་རྣམས་སོ། །དད་པ་ལ་སོགས་པའི་དབང་པོ་ལྷག་པས་ལྔ་སྟེ། ཁ་ཅིག་ཏུ་དད་པའི་དབང་པོ་ལྷག་པས་སྤེལ་བ་ནས་ཁ་ཅིག་ཏུ་ཤེས་རབ་ཀྱི་དབང་པོ་ལྷག་པའི་བར་རོ། །དེའི་དབང་གིས་གཙང་མའི་སྐྱེ་བ་རྣམས་ལྔའོ་ཞེས་སློབ་དཔོན་དཔལ་ལེན་སེམས་པར་བྱེད་དེ། གནས་གཙང་མ་དང་པོ་དང་པོའི་དབང་པོ་ལྷག་པ་ཡིན་པ་ནས་ལྔ་པ་ཤེས་རབ་ཀྱི་བར་རོ། །དེའི་ཕྱིར་དད་པ་ལ་སོགས་པ་ལྔ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོ་དང་ཤིན་ཏུ་ཆེས་ཆེན་པོའི་རིམ་པས་རྣམ་པ་ལྔར་དབྱེའོ། །དེའི་ཕྱིར་ལྔ་ཁོ་ན་དེ་འབྲས་བུ་ཡིན་པའི་ཕྱིར་གནས་གཙང་མ་རྣམས་སུ་འགྱུར་རོ། །གཙང་མ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་རྣམས་ཀྱི་གནས་ཡིན་པའི་ཕྱིར་རོ། །ཡང་ཅི་ལས་གང་གིས་གནས་གཙང་མ་རྣམས་སུ་སྐྱེ་བར་འགྱུར་བ་ཡང་གཉི་ག་སྤེལ་བ་དག་གིས་སོ་ཞེས་བྱ་བ་ངེས་པ་སྟེ། གཞན་གྱི་ངོ་བོས་དེར་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དེར་སྐྱེ་བ་གང་ཡིན་པ་ཡང་ཟག་པ་དང་བཅས་པའི་དབང་གིས་ཏེ། ཟག་པ་མེད་པ་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །ཕྱིར་མི་འོང་བ་གང་ལ་ལ་ཞེས་བྱ་བ་ནི་དད་པས་མོས་པའམ་མཐོང་བས་ཐོབ་པའོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཞེས་བྱ་བ་ནི་ཇི་ལྟར་མྱ་ངན་ལས་འདས་པ་ཆོས་ཐམས་ཅད་འཇུག་པ་ཉེ་བར་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་ཞི་བ་ཡིན་པ་དེ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་ཡང་སེམས་དང་སེམས་ལས་བྱུང་བའི་འཇུག་པ་དང་འགལ་བའི་ཕྱིར་ཞི་བ་ཡིན་པས་མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ནོ། །ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ལ་ཆོས་དེ་ནི་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར། ལྷན་ཅིག་སྐྱེས་པ་ཐོབ་པའི་དབང་གིས་འགགས་སུ་ཟིན་ཀྱང་


DTG210_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐོབ་པའི་དབང་གིས་འགོག་པ་ཐོབ་པ་ཞེས་བྱའོ། །ཐོབ་པ་དང་ཤེས་པས་མངོན་སུམ་དུ་བྱས་པ་དག་གིས་མངོན་སུམ་བྱས་པ་ཡིན་ཏེ། རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ་དེ་ནི་ཐོབ་པས་མངོན་སུམ་དུ་བྱས་པ་ཡིན་ནོ། །ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཤེས་པས་མངོན་དུ་བྱས་པ་ཡིན་ནོ། །མདོ་ལས་སློབ་པ་བཅོ་བརྒྱད་གསུངས་པ་དེར་ཞེས་བྱ་བ་ནི་གླེང་གཞི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞུས་པ། བཙུན་པ་འཇིག་རྟེན་ན་ཡོན་གནས་དུ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཡོན་གནས་ནི་གཉིས་ཏེ། སློབ་པ་དང་མི་སློབ་པའོ། །ཁྱིམ་བདག་དེ་ལ་སློབ་པ་ནི་བཅོ་བརྒྱད་དོ། །མི་སློབ་པ་ནི་དགུའོ། །སློབ་པ་བཅོ་བརྒྱད་གང་ཞེ་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ནས། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའི་བར་དང༌། དད་པའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དད་པས་མོས་པ་དང་མཐོང་བས་ཐོབ་པ་དང༌། རིགས་ནས་རིགས་སུ་སྐྱེ་བ་དང༌། བར་ཆད་ཅིག་པ་དང༌། བར་བ་དོར་ཡོངས་སུ་མྱ་ངན་འདའ་བ་ནས་གོང་དུ་འཕོ་བའི་བར་ཏེ། དེ་དག་ནི་སློབ་པ་བཅོ་བརྒྱད་ཡིན་ནོ། །མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང༌། །འཆི་བར་སེམས་པའི་ཆོས་ཅན་དང༌། །རྗེས་སུ་བསྲུང་བའི་ཆོས་ཅན་དང༌། །གནས་པ་ལས་མི་གཡོ་བ་དང༌། །རྟོག་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་དང༌། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་སྟེ། དེ་དག་ནི་མི་སློབ་པ་དགུ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ཟག་པ་མེད་པའི་བསླབ་པ་གསུམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་དང༌། འཕགས་པའི་ལམ་གྱིས་བསྡུས་པ་དེ་དག་གི་བྲལ་བའི་འབྲས་བུའོ། །དེའི་འབྲས་བུའི་ཁྱད་པར་


DTG210_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སློབ་པ་བཅོ་བརྒྱད་པོ་རྣམས་ཕན་ཚུན་མི་འདྲ་བ་ཡིན་ནོ། །དེའི་འབྲས་བུ་དང་ཞེས་བྱ་བ་ནི་དེའི་དབྱེ་བས་སློབ་པ་བཅོ་བརྒྱད་རྣམ་པར་གཞག་གོ །བསླབ་པ་ཡང་མ་ཡིན་ལ་བསླབ་པའི་འབྲས་བུ་ཡང་མ་ཡིན་ཞེས་བྱ་བ་ནི་སྤོང་བའི་ལམ་མ་ཡིན་པའི་ཕྱིར་བསླབ་པ་མ་ཡིན་ལ། བྲལ་བའི་བདག་ཉིད་མ་ཡིན་པའི་ཕྱིར་བསླབ་པའི་འབྲས་བུ་ཡང་མ་ཡིན་ནོ། །གཞན་དག་ན་རེ། བཅོམ་ལྡན་འདས་ཀྱིས་སྤངས་པ་དང་དབང་པོའི་ཁྱད་པར་གྱིས་བསླབ་པའི་ཞིང་རྣམས་ལ་འབྲས་བུའི་ཁྱད་པར་རབ་ཏུ་སྐྱེ་བ་ཉིད་གཟིགས་ཏེ་ཟག་པ་དང་བཅས་པ་ཉིད་ལས་འགོག་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་དང་བཅས་པའི་ཕྱིར་རོ། །སློབ་པའི་རྒྱུད་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ནི་རང་བཞིན་མེད་པར་རྣམ་པར་གྲོལ་བ་དང་རྒྱུད་རྣམ་པར་དག་པས་རྣམ་པར་གྲོལ་བ་སྟེ་དེ་དང་ལྡན་པའི་ཕྱིར་ཡོན་གྱི་གནས་ཉིད་དོ། །མི་སློབ་པ་རྣམས་ནི་ཟག་པ་དང་བཅས་པའི་ཡོན་ཏན་གྱིས་རྒྱུད་རྣམ་པར་གྲོལ་བ་དང་རྣམ་པར་དག་པའི་ཕྱིར་འབྲས་བུའི་ཁྱད་པར་སྐྱེ་བ་དང་འབྱིན་པ་ཉིད་དེ་སྙོམས་པར་འཇུག་པ་དང་དབང་པོའི་ཁྱད་པར་གྱི་དགྲ་བཅོམ་པ་དགུར་ཉེ་བར་བསྟན་ཏོ། །དབྱེ་བ་ཕྱེ་ལོང་ཡིན་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། གཟུགས་སུ་ཉེ་བར་འགྲོ་བ་ལྔ་དང༌། གཞན་གཟུགས་མེད་པར་ཉེ་བར་འགྲོ་བ་རྣམ་པ་བཞི་དང༌། གཞན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞིབ་ཏུ་དབྱེ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བརྩི་བའི་ཐབས་རབ་ཏུ་བསྟན་པའི་ཕྱིར་དབང་པོ་དང༌། ས་དང་རིགས་ལ་སོགས་པའི་ཁྱད་པར་བྱེ་བྲག་ཏུ་སྟོན་པར་མཛད་དོ། །དང་པོར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་བགྲང་སྟེ་དེའི་བྱེ་བྲག་བགྲང་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དབང་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ལྟར། གོང་དུ་འཕོ་བའི་བར་དུ་ཡང་དེ་དང་འདྲ་བའི་ཕྱིར་ཞེས་བསྒྲེ་བར་བྱ་བའི་ཕྱིར་རོ། །སའི་བྱེ་བྲག་གིས་བཞིའོ་ཞེས་བྱ་བ་ནི་བསམ་གཏན་བཞིའི་བྱེ་བྲག་གིས་སོ། །ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་དྲུག་གོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དང༌། འཆི་བར་སེམས་


DTG210_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་དང༌། གནས་པ་ལས་མི་གཡོ་བ་དང༌། རྟོག་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་ཞེས་བྱ་བ་ཡིན་ནོ། །གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་གོ་ཞེས་བྱ་བ་ནི་ཚངས་རིས་ལ་སོགས་པ་གནས་གཞན་བཅུ་དྲུག་གོ ། ས་དང་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་གོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རེ་ཞིག་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་གཟུགས་ཀྱི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པ་ཞིག་དང༌། བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་རྣམ་པ་བརྒྱད་ལས་འདོད་ཆགས་དང་བྲལ་བའི་བར་གཞན་བརྒྱད་དེ་དེ་དག་སྔར་གྱི་བསམ་གཏན་དང་པོ་དང་བཅས་པས་དགུར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་གཉིས་པའི་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་བརྒྱད་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་བར་ཏེ་གཉིས་པ་དང་ཡང་དགུར་འགྱུར་རོ། །དེ་བཞིན་དུ་གསུམ་པ་དང་བཞི་པ་དག་ལ་ཡང་དགུར་འགྱུར་རོ་ཞེས་རིག་པར་བྱའོ། །དེ་ལྟར་འདི་དག་ས་ལས་ནི་དགུ་ཚན་བཞི་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །བསམ་གཏན་བཞི་པའི་རྣམ་པ་ལས་འདོད་ཆགས་དང་བྲལ་བ་ནི་མ་སྨོས་ཏེ། དེ་ནི་གཟུགས་མེད་པའི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་པས་གཟུགས་མེད་པར་ཉེ་བར་འགྲོ་བ་ཡིན་ན། འདིར་ནི་གཟུགས་སུ་ཉེ་བར་འགྲོ་བའི་སྐབས་སུ་བབ་པ་ཡིན་ཏེ་སྲིད་པ་བར་མ་དང་སྦྱར་བའི་ཕྱིར་མ་སྨོས་སོ། །གནས་གཅིག་ན་རིགས་དྲུག་གོ་ཞེས་བྱ་བ་ནི་ཚངས་རིས་ཀྱི་གནས་ནའོ། །རིགས་དྲུག་ནི་ཡོངས་སུ་ཉམས་པའི་རིགས་ལ་སོགས་པའི་རིགས་པ་གང་ཟག་དགུའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་འཆིང་བ་མཐའ་དག་དང་ལྡན་པ་ནས་རྣམ་པ་བརྒྱད་ལ་འདོད་ཆགས་དང་བྲལ་བའི་བར་རོ། །རང་གི་བསམ་གཏན་ལས་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལས་སོ། །འདིའི་རང་གི་བསམ་གཏན་དང་པོ་ཚངས་རིས་སོ། །ཅིའི་ཕྱིར་རང་གི་བསམ་གཏན་ལས་ཞེས་སྨོས་ཤེ་ན་ཡང་གནས་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བསམ་གཏན་སོ་སོར་ཀུན་ཏུ་སྦྱོར་བ་རེ་གནས་ཤིང༌། ཀུན་ཏུ་


DTG210_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་གཅིག་ཉིད་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སྙོམས་པར་འཇུག་པའི་གནས་ཐ་དད་དོ། །དགུ་ཚན་དྲུག་ཅེས་བྱ་བ་ལ། རིགས་དེ་རྣམས་གཅིག་ཏུ་བསྡོམས་ན་ལྔ་བཅུ་རྩ་བཞིར་འགྱུར་ལ། ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་ན་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་གནས་བཅུ་དྲུག་བསྡོམས་པའོ། །ཚངས་པ་ཆེན་པོ་ནི་ཚངས་པ་མདུན་ན་འདོན་གྱི་ཕྱོགས་གཅིག་ཡིན་པས་ལྔ་བཅུ་རྩ་བཞི་པ་བཅུ་དྲུག་པོ་དེ་དག་བསྡོམས་ན་བརྒྱད་བརྒྱ་དང་དྲུག་ཅུ་རྩ་བཞིར་འགྱུར་རོ། །མཉམ་པར་བརྩི་བའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ཅི་ནས་ཀྱང་བསམ་གཏན་བཞིན་དགུ་དགུར་འགྱུར་བར་བྱ་བའི་ཕྱིར་རོ། །དེ་མ་ཡིན་ན་མི་འདྲ་བར་བརྩིས་པར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་རྣམ་པ་དགུ་སྤངས་པའི་བྱེ་བྲག་གིས་དགུར་བརྩིས་ན་ནི་དེ་ལྟ་ན་མི་འདྲ་བར་བརྩིས་པར་འགྱུར་ཏེ། བསམ་གཏན་བཞི་པ་ན་རྣམ་པ་དགུ་མེད་པའི་ཕྱིར་རོ། །དེའི་རྣམ་པ་དགུ་པོ་ལ་འདོད་ཆགས་དང་བྲལ་བ་དེ་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་ཡིན་ནོ། །གོང་དུ་འཕོ་བའི་བར་དུ་ཡང་དེ་དང་འདྲ་བས་ཞེས་བྱ་བ་ལ། གནས་གཞན་དང༌། རིགས་དང༌། འདོད་ཆགས་དང་བྲལ་བ་དང༌། དབང་པོའི་བྱེ་བྲག་གིས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འདིར་གོང་དུ་འཕོ་བ་གཟུགས་སུ་ཉེ་བར་འགྲོ་བ་གཟུང་གི་གཟུགས་མེད་པར་ཉེ་བར་འགྲོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་བཞི་པ་ན་རྣམ་པ་དགུ་པ་ལས་འདོད་ཆགས་དང་བྲལ་བ་བགྲངས་ཏེ། དེའི་ཕྱིར་འདིར་ཕྱིར་མི་འོང་པ་གཟུགས་སུ་ཉེ་བར་འགྲོ་བ་ལྔའི་དབྱེ་བ་བྱས་པར་འགྱུར་ཏེ། འདི་ལྟ་སྟེ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་གོང་དུ་འཕོ་བའོ། །དེ་ལྟར་ན་ཕྱིར་མི་འོང་བ་ཁྲི་ཉིས་སྟོང་དགུ་བརྒྱ་དང་དྲུག་ཅུར་འགྱུར་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ལྔ་འགྱུར་དུ་བྱས་ནས་ཞེས་བྱ་བར་དགོངས་སོ། །རྣམ་པ་ལྔར་བྱེད་པ་ཡང་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་རྣམ་པ་ལྔ་


DTG210_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་པའི་ཚུལ་འདིས་ཕྱིར་མི་འོང་བ་གཟུགས་མེད་པར་ཉེ་བར་འགྲོ་བ་པར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གཏོགས་པ་རྣམས་ཀྱི་དབྱེ་པ་ཁོང་དུ་ཆུད་པར་བྱ་སྟེ། གཟུགས་མེད་པའི་ཁམས་ནི་སྐྱེ་བ་ལས་རྣམ་པ་བཞི་ཞིག་ཏུ་ཟད་དོ། །གོང་དུ་འཕོ་བ་ལ་ཡང་འཕར་བ་དང་ཕྱེད་དུ་འཕར་བ་དག་ལ་ནི་ས་དང་གནས་ཀྱི་དབྱེ་བས་དབྱེ་བ་ཉུང་ལ། དེ་ལྟ་ན་ཡང་གནས་ཐམས་ཅད་དུ་འཆི་འཕོ་བ་ནི་དབྱེ་བ་མང་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པ་བཞིན་དུ་དབྱེ་བ་བསྒྲུབ་པར་བྱའོ། །འདི་རྡོ་རྗེ་དང་འདྲ་བས་རྡོ་རྗེ་ལྟ་བུ་སྟེ་ཕྲ་རྒྱས་ཐམས་ཅད་འཇོམས་པའི་ཕྱིར་ཞེས་བྱའོ། །འདིའི་རྡོ་རྗེ་དང་ཆོས་མཐུན་པ་ནི་འདི་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་ཕྲ་རྒྱས་ཐམས་ཅད་འཇོམས་ན་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་པ་བཞིན་ཐམས་ཅད་ཅིའི་ཕྱིར་མི་འཇོམས་ཤེ་ན། དེའི་ཕྱིར་སྔར་བཅོམ་ཟིན་པའི་ཕྱིར་འདིས་ཐམས་ཅད་འཇོམས་པ་ནི་མ་ཡིན་གྱི་ཞེས་སྨོས་ཏེ། སྔར་སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་བརྒྱད་ཀྱི་བར་སྤངས་ཟིན་པའི་ཕྱིར་རོ། །གལ་ཏེ་དེ་སྤངས་ཟིན་པའི་ཕྱིར་མི་འཇོམས་ན་ཇི་ལྟར་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་ཐམས་ཅད་འཇོམས་པར་ནུས་པ་ཡིན་ནོ་ཞེས་སྨོས་ཏེ། གལ་ཏེ་དེས་སྤངས་ཟིན་པ་དེ་དག་ཀྱང་བཅོམ་པའི་ཕྱིར་དེ་གཞོམ་པར་བྱ་བ་མ་ཡིན་པའི་ཕྲ་རྒྱས་ཀྱི་རྣམ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །མཉམ་པར་འཇོག་པ་མེད་པ་ལ་ནི་འཇོམས་པར་བྱེད་པ་མེད་དོ། །དེ་ཉིད་ལ་རྒྱུ་སྨོས་པ། བར་ཆད་མེད་པའི་ལམ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ཉོན་མོངས་པའི་རྣམ་པ་ཕྲ་མོ་ཐམས་ཅད་འཇོམས་པའི་ཕྱིར་བར་ཆད་མེད་པའི་ལམ་ཐམས་ཅད་ཀྱི་ནང་ནས་ཆེན་པོ་ཉིད་དུ་རྗེས་སུ་དཔག་སྟེ། དེས་ཕྲ་རྒྱས་ཐམས་ཅད་འཇོམས་ནུས་པར་རྟོགས་པར་བྱའོ། །དེ་ལྟ་མོད་ཀྱི་མཐོང་བའི་ལམ་ཡང་སྲིད་པའི་རྩེ་མོའི་ས་ཡང་ཉོན་མོངས་པའི་གཉེན་པོ་སྟེ། དེ་ནི་རྣམ་པ་དགུ་ལས་རྣམ་པ་དུ་མ་ཞིག་འཇོམས་པར་བྱེད་དེ། གང་གི་ཕྱིར་དེ་ནི་ཉོན་མོངས་པ་ཉམ་ཆུང་ངུའི་གཉེན་པོ་ཡིན་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀྱི་


DTG210_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ཉིད་དུ་རྟོགས་པར་མི་བྱའོ། །འདིས་དེ་སྤོང་པའི་གེགས་ནུས་པས་དེ་རྡོ་རྗེ་ལྟ་བུ་མ་ཡིན་ནོ། །དངོས་པོ་དེ་ནི་ཕྲ་རྒྱས་ཀྱི་རྣམ་པ་ཆུང་ངུས་སྤོང་བའི་གཉེན་པོ་སྟེ་དེ་ཕྲ་རྒྱས་སྤོང་ནུས་པར་རིགས་སོ། །དེ་ཉིད་ཀྱང་རྡོ་རྗེ་ལྟ་བུ་སྟེ་ཤེས་པ་དྲུག་ལས་གང་ཡང་རུང་བ་ཡིན་ཏེ། རྗེས་སུ་ཤེས་པ་བཞི་རྣམས་དང་འགོག་པ་དང་ལམ་ལ་ཆོས་ཤེས་པ་དག་གོ །དེ་ལྟར་བྱས་ན་འདི་རྣམ་པ་བཅུ་དྲུག་སྟེ་བདེན་པ་བཞི་ལ་དམིགས་པའོ། །རྡོ་རྗེ་ལྟ་བུ་རྣམས་ཀྱི་བྱེ་བྲག་ནི་རྣམ་པ་མང་པོ་ཞིག་ཏུ་བརྗོད་དེ་ཞེས་བྱ་བ་ནི་ས་དགུ་པ་ཡང་གྲུབ་པ་ཡིན་ནོ། །མི་ལྕོགས་པ་མེད་པས་བསྡུས་པ་ཞེས་བྱ་བ་ནི་གང་གི་ཚེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ཚེ་ན་རྡོ་རྗེ་ལྟ་བུ་མི་ལྕོགས་པ་མེད་པས་བསྡུས་པ་ཡིན་ནོ། །སྲིད་པའི་རྩེ་མོའི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་སྲིད་པའི་རྩེ་མོའི་སྡུག་བསྔལ་དང་ཀུན་འབྱུང་ལ་མི་རྟག་པ་ལ་སོགས་པའམ་རྒྱུ་ལ་སོགས་པའི་རྣམ་པ་དག་ཏུ་རྟོགས་པ་ན་སྡུག་བསྔལ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད་དོ། སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་ཆོས་ཤེས་པ་ཡང་ཞེས་བྱ་བ་དེའི་ཕྱིར་རྗེས་སུ་ཤེས་པ་སྨོས་སོ། །འགོག་པ་དང་ལམ་ཤེས་པ་ཡང་ངོ་ཞེས་བྱ་བ་དེའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་སྨོས་སོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པ་ནི་ཤེས་རབ་སྟེ་རྣམ་པ་དང་མཚུངས་པར་ལྡན་པའི་བྱེ་བྲག་ལས་བརྒྱད་དུ་འགྱུར་ཏེ། །སྡུག་བསྔལ་གྱི་རྣམ་པ་བཞི་དང་ཀུན་འབྱུང་གི་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འགོག་པ་དང་ལམ་ལ་ཆོས་ཤེས་པའི་ཞེས་བྱ་བ་ལ། འདིར་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་སྔ་མ་བཞིན་དུ་འདོད་པ་ན་སྤྱོད་པའི་འདུ་བྱེད་པ་རྣམས་འགོག་པའི་གཉེན་པོ་ཡིད་ལ་བྱེད་པའི་སྒོ་ནས་རྣམ་པ་བརྒྱད་དང་མཚུངས་པར་ལྡན་པའི་བྱེ་བྲག་ལས་ཀྱང་བརྒྱད་དུ་འགྱུར་རོ། །འགོག་པ་དང་ལམ་ལ་ཆོས་ཤེས་པ་དག་བསྒོམ་པའི་ལམ་ལ་ཁམས་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་


DTG210_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་དང་པོ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་པར་ས་བརྒྱད་པོ་རེ་རེ་ལ་འགོག་པ་ཡིད་ལ་བྱེད་པའི་སྒོ་ནས་རྡོ་རྗེ་ལྟ་བུ་རྣམ་པ་བརྒྱད་དང་བཞིར་འགྱུར་རོ། །ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་ངང་མཚུངས་པར་ལྡན་པ་ཞེས་བྱ་བ་ལ། གལ་ཏེ་ལམ་ལ་རྗེས་སུ་ཤེས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱི་གཉེན་པོ་ཡིད་ལ་བྱེད་ན་བཞི་ཉིད་དོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་མཐའ་དག་ལ་དམིགས་པ་ན། འགོག་པ་དང་ལམ་ལ་ཡོངས་སུ་གཅོད་པའི་སྒོ་ནས་དམིགས་སོ། །དེ་དག་ནི་ཤེས་པའི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ། ཤེས་པའི་རྣམ་པས་ཐ་དད་པ་ནི་རེ་ཞིག་སྡུག་བསྔལ་དང་ཀུན་འབྱུང་ཤེས་པའི་རྣམ་པ་དག་གིས་སོ་ཞེས་གསུངས་པའི་ཕྱིར་རོ། །དམིགས་པའི་བྱེ་བྲག་གིས་ཐ་དད་པ་ཡང་སྲིད་པའི་རྩེ་མོ་པའི་སྡུག་བསྔལ་དང་ཀུན་འབྱུང་གི་བསམ་གཏན་ལ་དམིགས་པས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་བསམ་གཏན་བཞི་པས་བསྡུས་པའི་བར་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང་ཁྱད་པར་ཅན་དང་གཉིས་པ་དང་གསུམ་པས་བསྡུས་ཏ། སོ་སོར་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་སུ་རིག་པར་བྱའོ། །བསམ་གཏན་དག་ནི་ཀུན་ཏུ་ལྟ་བ་ཡིན་ཏེ་གོང་མ་ངང་འོག་མ་དམིགས་བ་ཡིན་ནོ། །ཆོས་ཤེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པའི་རྡོ་རྗེ་ལྟ་བུ་རྣམས་ལ་ཆོས་ཤེས་པ་མེད་པའི་ཕྱིར། གཟུགས་མེད་པ་རྣམས་ཀྱི་འདོད་པའི་ཁམས་ཀྱི་འགོག་པའམ་གཉེན་པོ་ལ་དམིགས་པ་མེད་དོ། །རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གཟུགས་མེད་པ་རྣམས་ཀྱི་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པའོ། །ཡང་ཅིའི་ཕྱིར་རང་གི་ས་དང་ས་གོང་མ་པ་ཁོ་ནའི་འགོག་པ་ལ་དམིགས་ཀྱིས་འོག་མ་པའི་འགོག་པ་ལ་མ་ཡིན་ཞེ་ན། ས་འོག་མ་པའི་སྡུག་བསྔལ་མི་དམིགས་པས་དེ་འགོག་པ་ལ་དམིགས་པར་མི་ནུས་སོ། །སྡུག་


DTG210_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཡང་ཐམས་ཅད་ཟག་པ་དང་བཅས་པ་ཡིན་ལ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱ་བ་འདི་ཡང་ངེས་པས་སོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོག་པ་དང་ལམ་ལ་ཆོས་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་བརྒྱད་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་པར་ལྡན་པ་བཞི་དང་བསམ་གཏན་གྱི་འགོག་པ་ལ་དམིགས་པ་བཅུ་དྲུག་དོར་ནས་ལྷག་མ་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་བླ་ལྷག་ཏུ་དོར་ནས་ཉི་ཤུ་རྩ་བཞི་ཡིན་ནོ། །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འགོག་པ་ལ་དམིགས་པ་དོར་ནས་ཉི་ཤུ་ཡིན་ནོ། །ཡང་ཅིའི་ཕྱིར་ས་གཞན་གྱི་འགོག་པ་ཁོ་ན་ལ་དམིགས་ཀྱི། སྲིད་པའི་རྩེ་མོའི་སྡུག་བསྔལ་དང་ཀུན་འབྱུང་བ་ལྟར་ས་གཞན་པའི་སྡུག་བསྔལ་དང་ཀུན་འབྱུང་ལ་མ་ཡིན་ཞེ་ན། ས་འོག་མ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཏེ། དེ་སྲིད་པའི་རྩེ་མོའི་རྣམ་པ་དགུ་ནི་ལུས་སོ། །དེ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། འདིས་ནི་བསམ་གཏན་གྱིས་བསྡུས་པའི་རྗེས་སུ་ཤེས་པ་ཐམས་ཅད་ས་འོག་མའི་གཉེན་པོ་ལ་དམིགས་པར་བསྟན་ཏེ། གང་ཞིག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པ་དེ་ནི་རང་གི་ས་དང་གོང་མའི་གཉེན་པོ་ལ་དམིགས་པ་ཉིད་དོ། །གང་དག་ལམ་ལ་རྗེས་སུ་ཤེས་པ་ཡང་འགོག་པ་ལ་རྗེས་སུ་ཤེས་པ་ལྟར་ས་རེ་རེའི་གཉེན་པོ་ལ་དམིགས་པར་འདོད་པ་དེ་དག་བསམ་གཏན་དང་གཟུགས་མེད་པའི་གཉེན་པོ་བརྒྱད་ལ་དམིགས་པ་རྣམས་ལས་སྲིད་པའི་རྩེ་མོའི་གཉེན་པོ་ལ་དམིགས་པ་བཞི་ཚན་གཅིག་བོར་ནས་ཉི་ཤུ་རྩ་བརྒྱད་དུ་འགྱུར་རོ། །གཞན་དག་ན་རེ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་མཐའ་དག་ལ་དམིགས་པ་བཞི་ཚན་གཅིག་བོར་ནས་ཞེས་ཟེར་རོ། །ཇི་ལྟར་ཞེ་ན། མི་ལྕོགས་པ་མེད་པས་བསྡུས་པ་བསམ་གཏན་དང་པོའི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་


DTG210_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་པ་བཞི་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་ངག་དང་མཚུངས་པར་ལྡན་པའི་བར་དུ་བཞི་སྟེ། ལྔ་བཅུ་རྩ་གཉིས་ལ་ཉི་ཤུ་རྩ་བརྒྱད་པོ་དེ་དག་བསྣན་པས་དེ་ལྟར་ན་བརྒྱད་ཅུར་འགྱུར་རོ། །བསམ་གཏན་བཞི་པས་བསྡུས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བསམ་གཏན་བཞི་པས་བསྡུས་པ་དག་ཀྱང་རེ་རེ་ཞིང་བརྒྱད་ཅུ་ཡིན་ནོ། །གོ་རིམས་བཞིན་དུ་བཞི་བཅུ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་མེད་པ་བཞིའི་གཉེན་པོ་ལ་དམིགས་པ་དག་ལས་སྔ་མ་བཞིན་དུ་འདོད་པའི་དབྱེ་བས་བཞི་ཚན་གཅིག་བོར་ཏེ། ཉི་ཤུ་རྩ་བརྒྱད་ལ་བཅུ་གཉིས་ཀྱིས་བསྣན་ན་བཞི་བཅུར་འགྱུར་རོ། །དེ་བཞིན་དུ་སྔར་བཤད་པ་དག་ལ་བརྒྱད་དང་བཞིས་བསྣན་ན་སུམ་ཅུ་རྩ་གཉིས་ཉི་ཤུ་རྩ་བཞིར་འགྱུར་རོ། །ཡང་ཅིའི་ཕྱིར་གཟུགས་མེད་པ་དག་རང་དང་གོང་མའི་ས་པའི་གཉེན་པོ་ཁོ་ན་ལ་དམིགས་པར་བཤད་ཀྱི། ས་འོག་མའི་གཉེན་པོ་ལ་དམིགས་པ་མ་ཡིན་ཞེ་ན། ས་འོག་མའི་གཉེན་པོའི་སྒོ་ནས་དེའི་མི་མཐུན་པའི་ཕྱོགས་ལ་དམིགས་པའི་ཕྱིར་དང་དེ་ཡང་ཟག་པ་དང་བཅས་པ་ཡིན་པའི་ཕྱིར། གཟུགས་མེད་པས་འོག་མའི་གཉེན་པོ་ལ་དམིགས་པ་ཡོད་པ་མ་ཡིན་ནོ། །འོ་ན་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡོད་དོ་ཞེས་བཤད་པ་ཇི་ལྟར་ཞེ་ན། དེར་ནི་ཁྱད་པར་དུ་མ་བྱས་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ས་དགུ་པ་ནི་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡིན་ནོ་ཞེས་བཤད་ཀྱི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པས་བསྡུས་པས་འོག་མའི་གཉེན་པོ་ལ་དམིགས་སོ་ཞེས་ཁྱད་པར་དུ་བྱས་ནས་ནི་མ་བསྟན་ནོ། །ཡང་རིགས་དང་དབང་པོའི་བྱེ་བྲག་གིས་ནི་ཆོས་འོང་བ་ཡིན་ནོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རེ་ཞིག་མེ་རྟག་པའི་རྣམ་པ་དང་མཚུངས་པར་ལྡན་པའི་རྡོ་རྗེ་ལྟ་བུ་གང་ཡིན་པ་དེ་ནི་རིགས་ཀྱི་བྱེ་བྲག་གིས་ཁྱད་པར་རྣམ་པ་དྲུག་ཡིན་ལ་དབང་པོ་རྟུལ་པོ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་


DTG210_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་ཡིན་ཏེ། གཞན་དག་ལ་ཡང་དེ་དང་འདྲ་བར་རིགས་དང་དབང་པོའི་བྱེ་ཕྲག་གི་ཁྱད་པར་སྦྱར་བར་བྱའོ། །འོན་ཀྱང་སྔར་སྤངས་པ་རྣམས་ཀྱི་ཐོབ་པ་དག་ཀྱང་སྐྱེའོ། །ད་ནི་བྲལ་བ་རྣམས་ཀྱི་ཐོབ་པ་ཞེས་བྱ་བ་ལ། འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཞེས་འབྱུང་བའི་ཕྱིར་རོ། །འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པའི་ཕྱིར་ཞེས་བྱ་བ་ལ། གལ་ཏེ་མི་སློབ་པ་ལ་ཡང་དབང་པོ་འཕོ་བའི་སྒོ་ནས་འབྲས་བུ་ཐོབ་པར་བྱ་བ་ཡོད་དེ་སྤེལ་བས་ཁྱད་པར་ཅན་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན་དེ་ནི་ཡོད་པ་མ་ཡིན་ནོ། །དེ་ནི་ལན་ཅིག་ཕྱིར་འོང་བ་དང་མི་འོང་བ་དེ་བཞིན་དེའི་འབྲས་བུ་གཞན་མ་ཡིན་ནོ། །གང་དུ་སྔར་གྱི་འབྲས་བུའི་རྒྱུ་མཚན་ཅན་གྱི་མིང་དོར་ནས་འབྲས་བུ་ཕྱི་མའི་རྒྱུ་མཚན་ཅན་གྱི་མིང་བཏགས་པ་དེ་ནི་དེའི་འབྲས་བུ་གཞན་ཡིན་ནོ་ཞེས་བྱ་བར་ཤེས་ན་དགྲ་བཅོམ་པ་དེ་ལྟར་དེ་ལ་དབང་པོ་འཕོས་ཀྱང་སྔར་མིང་མི་འདོར་ལ། དེའི་དབང་པོ་འཕོས་ཀྱང་སྔ་མ་ལྟར་དགྲ་བཅོམ་པ་ཉིད་ཡིན་པས་འབྲས་བུ་གཞན་མེད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ནི་རང་གི་དོན་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཏེ། རང་གི་དོན་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་ཆོས་གཞན་གྱི་དོན་བྱེད་པར་འོས་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དེ་རེ་ཞིག་བདག་ཉིད་དུལ་བ་དང་རྣམ་པར་དུལ་བར་མ་གྱུར་པས་གཞན་དུལ་བར་འགྱུར་པ་ནི་གནས་མ་ཡིན་ནོ་ཞེས་གསུངས་སོ། །ཞུགས་པ་དང་འབྲས་བུ་ལ་གནས་པ་མེད། གཞན་ཐ་དད་ཀྱི་དོན་ཐ་དད་པར་འགྱུར་རོ། །གང་གི་ཟད་པ་ཤེས་པ་སྐྱེ་བ་ནི་འདི་སློབ་པ་དང་དགྲ་བཅོམ་པ་ཞེས་བྱ་བ། གང་ཟད་པ་ཤེས་པ་མ་སྐྱེས་པར་གྱུར་པའི་གང་ཟག་དེ་ནི་སློབ་པ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གང་ཟག་སྔར་བཤད་པ་བདུན་ནི་སློབ་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་པའོ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་གསུམ་མོ། །ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་བསླབ་པ་ནི་ལྷག་པའི་ཚུལ་ཁྲིམས་སོ། །ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བར་ཡང་དེ་དང་འདྲའོ། །སོ་སོའི་སྐྱེ་པོ་ཡང་སློབ་པ་ཡིན་པར་འགྱུར་ཏེ། དེ་དག་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སློབ་པ་ཡིན་ནོ་ཞེན་མ་ཡིན་


DTG210_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པའི་ཕྱིར་ཏེ་སོ་སོ་སྐྱེ་བོ་ཞེས་སྐབས་དང་སྦྱར་རོ། །འདི་ལྟར་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱིས་བསླབ་པ་བཤད་ནས། ལྷག་པའི་ཤེས་རབ་ཀྱིས་བསླབ་པ་གང་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཞེས་བྱ་བ་ནས། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སོ་སོའི་སྐྱེ་བོ་ལ་ནི་ཡོངས་སུ་ཤེས་པ་ཟག་པ་མེད་པ་ཇི་ལྟ་བ་བཞིན་ཤེས་པ་ཡོད་པ་མ་ཡིན་ལ། དེར་མེད་པས་དེ་ལ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡང་མེད་དོ། །དེའི་ཕྱིར་བསླབ་པ་རྣམས་ཟག་པ་མེད་པ་ཡིན་པའི་ཕྱིར་ཏེ། དེ་སློབ་པ་དག་ལ་སློབ་པ་མ་ཡིན་ནོ། །ཡང་བསླབ་པ་གཏོང་བའི་ཕྱིར་རོ་ཞེས་བྱ་བ་ལ། རེ་ཞིག་ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་གཏོང་སྟེ། སོ་སོར་ཐར་པའི་སྡོམ་པ་གཏོང་བའི་ཕྱིར་རོ། །ལྷག་པའི་སེམས་ཀྱི་བསླབ་པ་ལ་ཡང་སློབ་པ་གཏོང་སྟེ། དྲོ་བར་གྱུར་པའི་ཏིང་ངེ་འཛིན་ལ་སོགས་པ་ལས་ཡོངས་སུ་ཉམས་པ་ལས་སོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་ཡང་སློབ་པ་གཏོང་སྟེ། དྲོ་བར་གྱུར་པས་བསྡུས་པའི་ཤེས་རབ་ཀྱི་བར་ལས་ཡོངས་སུ་ཉམས་པ་ལས་སོ། །དགྲ་བཅོམ་པ་དང་སློབ་པ་ཡང་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ཞེ་ན་ཡོངས་སུ་ཉམས་མོད་ཀྱི། ཡོངས་སུ་ཉམས་པས་འཆི་བ་འམ། དེས་བྱ་བ་མ་ཡིན་པ་བྱེད་པ་ནི་མ་ཡིན་ནོ། །སློབ་པ་ཡོངས་སུ་ཉམས་པ་ལ་ཡང་བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཡོད་དོ། །དེ་ལ་འབྲས་བུ་དང་པོ་ལས་ཉམས་པ་མེད་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་ནི་དགེ་བའི་རྩ་བ་ཡོངས་སུ་ཆད་པ་ལ་བསླབ་པ་གསུམ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །འཕགས་པ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པའི་སྤྱོད་པ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ཀྱི་རང་བཞིན་ནི་མཉམ་པར་མ་བཞག་པའི་གནས་སྐབས་ལ་བརྗོད་དོ། །སེམས་པ་ནི་


DTG210_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའོ། །ལམ་དུ་འགྲོ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བའི་བསམ་པ་མ་གཏང་བའི་ཕྱིར་ལམ་དུ་ཞུགས་པ་ལ་ཟས་ལ་སོགས་པ་ཟ་ཞིང༌། མི་འགྲོ་ཡང་ལམ་དུ་འགྲོ་བ་ཞེས་བརྗོད་པ་དེ་འདྲའོ། །ཐོབ་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ་ཞེས་བྱ་བ་ལ། རང་བཞིན་དུ་གནས་ཀྱང་བསླབ་པ་གསུམ་གྱི་ཐོབ་པ་དང་རྗེས་སུ་འབྲེལ་པས་བསླབ་པ་ཉིད་དུ་བརྗོད་དོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་སློབ་པ་མ་ཡིན་ཞེ་ན། བསླབ་པའི་ལམ་གྱི་ཐོབ་པ་གང་ཡིན་པ་སྟེ། མི་སློབ་པ་དང་སོ་སོ་སྐྱེ་བོ་དག་ཀྱང་དེ་དང་ལྡན་པའི་ཕྱིར་རོ་ཞེས་རྒྱས་པར་འབྱུང་སྟེ། འཇིག་རྟེན་པའི་ལམ་གྱི་སོ་སོ་སྐྱེ་བོ་རྣམས་ལ་མྱ་ངན་ལས་འདས་པའི་ཐེབ་པ་སྐྱེའོ། །འཇིག་རྟེན་ལས་འདས་པ་འཕགས་པ་རྣམས་ལའོ། །མི་སློབ་པ་དང་སོ་སོ་སྐྱེ་བོ་དག་ཀྱང་དེ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་སོ་སོར་མ་བརྟགས་པའི་འགོག་པ་སློབ་པ་ཉིད་ཡིན་པར་བསལ་བ་ཡིན་ནོ། །དེ་བཞིན་དུ་སློབ་པ་དང་སོ་སོ་སྐྱེ་བོ་དག་ཀྱང་དེ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་མི་སློབ་པ་ཉིད་དོ། །ཞུགས་པ་དང་པོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ། །འདི་ནི་ཞུགས་པ་ཁོ་ན་ཡིན་གྱི་འབྲས་བུ་ལ་གནས་པ་མ་ཡིན་ནོ། །འབྲས་བུ་ལ་གནས་པ་བཞི་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་ནས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པའི་བར་རོ། །ཞུགས་པ་ལྷག་མ་རྣམས་ནི་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བ་ངང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་རྣམས་སོ། །འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། རེ་ཞིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པ་ལས་ཐ་དད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྒྱུན་ཏུ་ཞུགས་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ལ་ཞུགས་པ་གསུམ་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དག་ལས་ཐ་མི་དད་པ་ཡིན་ནོ། །དེ་ལྟར་ན་འབྲས་བུ་ལ་ཞུགས་པ་རྣམས་ནི་འབྲས་བུ་ལ་གནས་པ་གསུམ་ལས་ཐ་མི་དད་


DTG210_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེ། འདིར་ནི་མཐར་གྱིས་ཐོབ་པའི་ཕྱིར་ཡིན་ཏེ་གང་གི་ཚེ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཇུག་ཐོགས་སུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ལ། དེའི་མཇུག་ཐོགས་སུ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ན་འོ། །ཕལ་ཆེར་ལས་འདོད་ཆགས་དང་བྲལ་པ་འཇིག་རྟེན་པའི་ལམ་གྱིས་གང་གི་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་དྲུག་སྤངས་པ་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམ་པ་དགུ་ཟད་པ་ནི་མཐོང་བའི་ལམ་ལ་ཞུགས་པ་དག་ཁོ་ན་ཡིན་གྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དག་ནི་མ་ཡིན་ནོ། །དེ་ལྟ་ན་གང་ཟག་བཞི་འམ་གསུམ་ཡིན་གྱི་ལྔ་ནི་མ་ཡིན་ནོ། །འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་ཞེས་བྱ་བ་ལ། དེ་ནི་རང་གིས་གོང་མའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། འཇིག་རྟེན་པའི་ལམ་ས་གོང་མས་བསྡུས་པ་ནི་ས་གོང་མའི་གཉེན་པོ་ཡིན་ན། སྲིད་པའི་རྩེ་མོའི་གོང་ན་ས་ཡོད་པའང་མ་ཡིན་ནོ། །དེའི་ཉོན་མོངས་པ་རྒྱས་པར་འབྱུང་བའི་ཕྱིར་ཞེས་བྱ་བ་ནི། དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རང་གི་ས་པའི་ཉོན་མོངས་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། ཉོན་མོངས་པ་གང་ཞིག་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེས་སྤོང་བར་བྱེད་པ་མ་ཡིན་ཏེ། དཔེར་ན་འདོད་པའི་ཁམས་རང་གི་ས་པའི་ཉོན་མོངས་པ་རྣམས་ལྟར་དེ་སྐྱེ་བ་དང་མཐུན་པའི་ཕྱིར་རོ། །གང་གི་གཉེན་པོ་གང་ཡིན་པ་དེ་ལ་ཉོན་མོངས་བ་རྒྱས་པར་མི་འགྱུར་ཏེ། དེའི་འགྲིབ་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་ས་འོག་མའི་ཉོན་མོངས་པ་ས་གོང་མར་རྒྱས་པར་མི་འགྱུར་བ་བཞིན་ནོ། །འོ་ན་ས་འོག་མའི་འཇིག་རྟེན་པ་ནི་ཅིའི་ཕྱིར་ས་གོང་མའི་གཉེན་པོ་མ་ཡིན་ཞེ་ན། ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པས་ཉོན་མོངས་པ་དེ་རྣམ་པ་དེ་ལ་རྒྱས་པར་འགྱུར་བའི་ཕྱིར་དང༌། འདིས་གོང་མ་རྣམ་པར་སུན་འབྱིན་པའི་ཡུལ་མ་ཡིན་པའི་ཕྱིར་མ་ཡིན་ནོ། །ས་འོག་མ་སུ་ན་འབྱིན་པས་ས་གོང་མ་ལ་ཆགས་པ་དང་བྲལ་བར་ནུས་པ་མ་ཡིན་ཏེ། ས་གོང་མ་ནི་ཆེས་གྱ་ནོམ་པ་ཡིན་པའི་ཕྱིར་རོ། །དེའི་


DTG210_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འཇིག་རྟེན་ལས་འདས་པ་ཁོ་ནས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བར་འཐད་པ་ཡིན་ནོ། །སྲིད་པའི་རྩེ་མོ་ལས་གཞན་པ་ཞེས་བྱ་བ་ནི་ས་བརྒྱད་དོ། །འཇིག་རྟེན་པའི་ལམ་གྱིས་ཀྱང་ཞེས་བྱ་བ་ནི་ཐམས་ཅད་ནས་གོང་མའི་ཉེ་བར་བསྡོགས་པའི་ལམ་ཡོད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་རང་དང་འོག་དང་གོང་མའི་སའི་གཉེན་པོ་ཡིན་པའི་ཕྱིར་རོ། །བྲལ་བའི་ཐོབ་པ་རྣམ་པ་གཉིས་སྐྱེ་བ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྐྱེ་བ་རྣམས་ན་རེ་བྱ་བ་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། འདིར་བྱ་བ་ནི་ཉོན་མོངས་པ་སྤོང་བ་ཡིན་ནོ་ཞེས་ཟེར་རོ། །འཇིག་རྟེན་འདས་ཀྱིས་ཀྱང་ཞེས་བྱ་བ་ནི་འདིར་བྱེད་པ་སྟེ། སློབ་དཔོན་འདུས་བཟང་ནི་བྱེད་པ་མཚུངས་པར་རབ་ཏུ་བརྟན་པའི་ཕྱིར་རོ་ཞེས་ཟེར་རོ། །དཔེར་ན་བྱ་བ་མཚུངས་པའི་འཇིག་རྟེན་པས་འཕགས་པ་འདོད་ཆགས་དང་བྲལ་བ་ན་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡིན་པ་དེ་བཞིན་དུ། འཇིག་རྟེན་ལས་འདས་པས་འདོད་ཆགས་དང་བྲལ་བ་ན་ཡང་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡིན་ནོ། །བྱ་བ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་འཕགས་པ་ནི་ས་བརྒྱད་ལས་གང་ཡང་རུང་བ་ལ་འདོད་ཆགས་དང་བྲལ་བ་མངོན་དུ་གྱུར་པའི་ཕྱིར་མི་འོང་བ་དག་ཐོབ་པོ། །དེ་ལྟར་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ནོ། །དེ་ལ་འཇིག་རྟེན་པའི་མ་འོངས་པ་འཐོབ་པ་ཐུན་མོང་པ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་གྱི་བྱ་བའོ། །དེའི་ཕྱིར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ལ་འཇིག་རྟེན་ལས་འདས་པ་ཁོ་ནའི་བྲལ་བའི་ཐོབ་པ་འཐད་པ་ཡིན་ནོ། །འདིར་གཅིག་ཀྱང་རྒྱུ་གཞན་དུ་འཆད་པར་བྱེད་དོ། །གལ་ཏེ་འཕགས་པའི་ལམ་གྱིས་ཞེས་བྱ་བ་ནི། དེ་ལ་ནི་འཇིག་རྟེན་པའི་ལམ་མེད་པའི་ཕྱིར། འཇིག་རྟེན་པའི་བྲལ་བའི་ཐོབ་པ་མེད་ན་ཞེས་སྟོན་པར་བྱེད་དོ། །བསམ་གཏན་ལ་བརྟེན་ཞེས་བྱ་བ་ནི། འཇིག་རྟེན་པའི་བསམ་གཏན་ཐོབ་སྟེ། བསམ་གཏན་གྱི་དངོས་གཞི་ཁོ་ན་ལ་བརྟེན་ཏེ་དབང་པོ་འཕོ་བར་བྱེད་དོ། །འདིར་ནི་བསམ་གཏན་ལ་བརྟེན་ཏོ་ཞེས་དཔེར་བརྗོད་པ་ཙམ་ཞིག་ཏུ་ཟད་དེ། སློབ་པ་ནི་ས་དྲུག་ལ་བརྟེན་


DTG210_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དབང་པོ་རྣམས་འཕོ་བར་བྱེད་དོ་ཞེས་བཤད་དོ། །དེ་ལམ་སྔ་མ་ཟད་པར་བཟད་པའི་ཕྱིར་ཞེས་བྱ་བ་ལ། ལམ་སྔ་མ་ནི་ཕྱིར་མི་འོང་བའི་འབྲས་བུ་ལམ་དང༌། དེ་ལས་ཁྱད་པར་དུ་འཕགས་པ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་གཉེན་པོའོ། །འབྲས་བུའི་ལམ་འབའ་ཞིག་ཐོབ་པའི་ཕྱིར་ཞེས་བྱ་བ་ལ། དེས་ནི་དབང་པོ་རྟུལ་པོས་བསྡུས་པའི་འབྲས་བུ་ལས་ཁྱད་པར་ཅན་གྱི་ལམ་བཏང་ནས་འབྲས་བུའི་ལམ་དབང་པོ་རྣོན་པོས་བསྡུས་པ་འབའ་ཞིག་ཐོབ་སྟེ། འཕེལ་བ་འབྲས་བུའི་ཁྱད་པར་བཅས། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ས་གོང་མ་པའི་ཉོན་མོངས་པའི་བྲལ་བས་མི་ལྡན་པར་ཡང་འགྱུར་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་གོང་མ་ནི་བསམ་གཏན་དང་པོ་ནས་བཟུང་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཏེ། དེའི་སའི་ཉོན་མོངས་པའི་བྲལ་བ་དང་མི་ལྡན་པར་འགྱུར་རོ། །འབྲས་བུ་ཁྱད་པར་གྱི་ལམ་དུ་འདུས་པའི་ཕྱིར་ལམ་ལྷག་མ་བཞིན་དབང་པོ་འཕོ་བ་གཏོང་ངོ༌། །དེ་བཏང་ན་ཞེས་བྱ་བ་ནི་ས་གོང་མའི་ཉོན་མོངས་པའི་བྲལ་བ་དང་ལྡན་པ་བཏང་ནའོ། །ཉོན་མོངས་པ་དེ་དག་དང་ལྡན་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་ས་གོང་མ་པ་དག་དང་ངོ༌། །སྲིད་རྩེའི་ཕྱིར་ལས་རྣམ་གྲོལ་དང༌། །གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་བྱ་བ་འབྱུང་ངོ༌། །དེའི་ཞེས་བྱ་བ་ཡོད་པ་མ་ཡིན་ཡང་འཕགས་པའི་ལམ་གང་ཡིན་པས་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་བསམ་གཏན་ལ་བརྟེན་ནས་དབང་པོ་རྣམས་འཕོ་བར་བྱེད་ཀྱི་དེ་དག་དང་ལྡན་པར་མི་འགྱུར་རོ། །ས་གོང་མའི་ཉོན་མོངས་པ་རྣམས་དང་ནི་དཔེར་ན་སྲིད་པའི་རྩེ་མོ་ལ་སོགས་པ་བཞིན་རྣམ་པ་བརྒྱད་ལ་འདོད་ཆགས་དང་བྲལ་བའི་དབང་པོ་རྣམས་འཕོ་བར་བྱེད་པ་རྣམ་པ་བརྒྱད་པོ་དེ་དག་ལ་འཇིག་རྟེན་པའི་བྲལ་བའི་ཐོབ་པ་མེད་དེ། འཇིག་རྟེན་པའི་ལམ་སྲིད་པའི་རྩེ་མོའི་གཉེན་པོ་མེད་པའི་ཕྱིར་རོ། །དབང་པོ་འཕོ་བས་ཟག་པ་མེད་པའི་བྲལ་བའི་ཐོབ་པ་བཏང་ཡང་ཉོན་མོངས་པ་དེ་དག་ལྡན་པར་མི་འགྱུར་ཏེ། དཔེར་ན་སོ་སོ་སྐྱེ་བོ་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་བཞིན་ནོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་བྲལ་བའི་ཐོབ་པ་བསམ་གཏན་དང་པོས་བསྡུས་པ་


DTG210_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་དེའི་ས་པ་ནི་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་མ་ཡིན་ཏེ་དེར་སྐྱེས་པར་འདོད་པར་གཏོགས་པ་ནི་ཉོན་མོངས་པའི་བྲལ་བའི་ཐོབ་པ་རྣམ་པར་ཉམས་པའོ། །དེའི་ཕྱིར་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པ་ཞེས་སྨོས་པ། །འཕགས་པས་གོང་མར་སྐྱེས་པ་ལ་ཡང་ཟག་པ་མེད་པའི་བྲལ་བའི་ཐོབ་པ་ཡོད་པས་དེ་འདོད་པར་གཏོགས་པའི་ཉོན་མོངས་པ་དང་ལྡན་པར་ཐལ་བ་མེད་དོ། །དེ་རྣམ་པར་གཅད་པའི་ཕྱིར་སོ་སོ་སྐྱེ་བོ་ཞེས་སྨོས་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་བྲལ་བའི་ཐོབ་པ་གཏོང་བའི་ཕྱིར་ཞེས་པའོ། །ཐོབ་པ་དེ་ནི་བསམ་གཏན་དང་པོས་བསྡུས་པ་དེས་ན་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་སུ་སྐྱེ་བ་ལ་ཉོན་མོངས་པ་ཐམས་ཅད་བཞིན་བསམ་གཏན་དང་པོའི་དགེ་བ་ཡོངས་སུ་གཏོང་བ་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ནི་དེ་དག་གིས་ཀྱང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་འཇིག་རྟེན་ལས་འདས་ཀྱང་ངོ་ཞེས་བྱ་བ་འདིའི་ཕྱོགས་ཁོ་ནའོ་ཞེས་ཟེར་རོ། །སྲིད་རྩེའི་བྱེད་ལས་རྣམ་གྲོལ་དང༌། །གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་གང་བཤད་པའོ། །གང་གཞན་དུ་བཤད་པའི་རྒྱུའི་ནུས་པ་ཤེས་པར་བྱ་བའི་ཕྱིར་སྲིད་པའི་རྩེ་མོའི་བར་ལས་སོ་ཞེས་བྱ་བ་ནི་རང་གི་ས་དང་འོག་མ་དང་གོང་མ་ལས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཟག་པ་མེད་པ་ནི་ལྡན་པ་མ་ཡིན་པའི་ཕྱིར་རོ། །ས་གསུམ་ལས་རྒྱལ་བ་ཡན་ཆད་ནི་ཞེས་བྱ་བ་ལ། བསམ་གཏན་གསུམ་པ་ལ་སོགས་པ་ལ་འདོད་ཆགས་དང་བྲལ་བ་ནི་བསམ་གཏན་བཞི་པ་ལ་སོགས་པའི་ཉེར་བསྡོགས་དག་གིས་ཐོབ་ལ། དེ་ན་ཉེར་བསྡོགས་དང་དངོས་གཞི་ལ་ཚོར་བ་ཐ་དད་པ་མེད་དེ་བཏང་སྙོམས་ཀྱི་དབང་པོ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་དབང་པོ་རྣོན་པོའམ་དབང་པོ་རྟུལ་པོ་ཞིག་འདོད་ཆགས་དང་བྲལ་བའི་ས་ལ་ཐ་གིར་སེམས་པས་དངོས་གཞི་ཁོ་ན་ལས་རྣམ་པར་གྲོལ་བའི་ལམ་ཐ་མ་མངོན་དུ་བྱེད་དོ། །བསམ་གཏན་གསུམ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཉེར་བསྡོགས་དག་ན་བཏང་སྙོམས་ཀྱི་ཚོར་བ་ཡོད་ལ། བསམ་གཏན་གྱི་དངོས་གཞི་དག་ལས་ནི་གཉིས་པ་ན་ཡིད་བདེ་བ་ཡོད་ལ་གསུམ་པ་ན་འང་ཡོད་དོ། །དེ་ལ་ཁ་


DTG210_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོ་སྤོད་པར་མི་ནུས་པས་ཉེར་བསྡོགས་ཁོ་ན་ལས་རྣམ་པར་གྲོལ་བའི་ལམ་ཐ་མ་མངོན་དུ་བྱེད་ལ། དེ་ནུས་པ་ནི་དངོས་གཞི་ལས་མངོན་སུམ་དུ་བྱེད་པ་འདི་ལ་ངེས་པ་མེད་དོ། །འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ས་འོག་མ་ལ་འདོད་ཆགས་དང་བྲལ་བས་ནི་དེ་མངོན་དུ་བྱེད་མི་ནུས་སོ། །བདེན་པ་ལ་དམིགས་པའི་ཕྱིར་བདེན་པའི་རྣམ་པར་ཞུགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཏུ་ཞེས་བྱ་བའི་དོན་ཏོ། །ཅི་རིགས་པར་ཞེས་བྱ་བ་ནི་སྲིད་ཚད་དེ་ལ་དེ་སྐད་དུ་བཤད་ཀྱི། ཐམས་ཅད་ཀྱིས་ཐམས་ཅད་དུ་ནི་མ་ཡིན་ནོ། །གལ་ཏེ་ས་འོག་མལ་རགས་པར་བལྟ་བ་དེའི་ཆོས་གོང་མ་ལས་བཟློག་པ་ཞི་བར་ལྟ་སྟེ་གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལས་བཟློག་པ་ནི་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པ་ཅན་ནོ་ཞེས་འཆད་དོ། །མ་ཞི་བའི་ཕྱིར་རགས་པར་བལྟའོ་ཞེས་བྱ་བ་ལ། ཇི་ལྟར་མ་ཞི་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེ་བ་ཉིད་ཀྱིས་ཞེས་བྱ་བ་སྨོས་སོ། །ས་གོང་མ་ཡང་ལམ་དང་བཅས་ཏེ། མངོན་པར་འདུ་བྱེད་པ་ཡིན་མོད་ཀྱི་འདི་ནི་ལམ་དང་བཅས་པ་མངོན་པར་འདུ་བྱེད་པ་ཤིན་ཏུ་ཆེ་བའོ། །ཁ་ཅིག་ན་རེ་ས་འོག་མ་ནི་རྒོད་པ་མང་ཞིང་ཉེ་བར་ཞི་བ་ཆུང་པའི་ཕྱིར་རགས་པའོ་ཞེས་ཟེར་རོ། །ཅིའི་ཕྱིར་གནས་དན་ལན་རབ་ཏུ་མང་བ་ཉིད་ཡིན་ཞེན་གང་གནས་ངན་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དེ་ཉོན་མོངས་པ་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །འདི་དང་མི་མཐུན་པར་གྱུར་པས་གྱ་ནོམ་པ་མ་ཡིན་པ་ལ་རྒྱུ་སྨོས་པ་ནི་མངོན་པར་འདུ་བྱེད་པ་ཆེན་པོས་ཞེས་བྱ་བ་སྟེ། རྒོད་པ་ཆུང་ངུས་ཀྱང་གྱ་ནོམ་པའི་བདེ་བ་མི་བསྐྱེད་པའི་ཕྱིར་རོ། །གཞན་དག་ན་རེ་ཐ་མ་ནི་སྡུག་བསྔལ་བའོ་ཞེས་ཟེར་རོ། །རྩིག་པ་སྟུག་པོ་ལྟ་བུར་ཞེས་པ་ནི་རྩིག་པ་སྟུག་པོའི་ངོ་བོར་རོ། །རྩིག་པ་ལ་ངེས་པར་མི་འབྱུང་བ་བཞིན་དུ་ཞེས་བྱ་བ་ལ། དཔེར་ན་རྩིག་པ་ཡོད་ན་ནམ་མཁའ་འམ་ཕྱོགས་དེས་ནོན་པའི་ཕྱིར་ངེས་པར་འབྱུང་བ་མེད། དཔེ་དེ་བཞིན་དུས་དེ་ཉིད་ཀྱིས་


DTG210_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངེས་པར་མི་འབྱུང་བའོ། །གཞན་དག་ན་རེ་དེར་ཉེ་བར་འཚེ་བ་མང་པོས་འཇོམས་པས་དེ་ལས་ངེས་པར་འབྱུང་བ་མཐོང་བའི་ཕྱིར་རྩིག་པ་སྟུག་པོ་ལྟ་བུའོ་ཞེས་ཟེར་རོ། །གཞན་དག་ན་རེ་དགོས་པ་ཆུང་ངུ་ཡང་འབད་པ་མེད་པར་ཞི་བའི་སྒོ་ནས་བདེ་བ་ཆེས་ཁྱད་པར་དུ་འཕགས་པ་སྐྱེས་པ་ནི་གྱ་ནོམ་པའོ་ཞེས་ཟེར་རོ། །ས་འོག་མའི་ཉེ་བར་འཚེ་བ་མཐོང་ནས་ངེས་པར་དེ་ལས་ཐར་པར་འདོད་པ་ནི་ངེས་པར་འབྱུང་བ་ཞེས་བྱ་སྟེ། དེའི་ཕྱིར་ཡང་དེ་དག་ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པ་སྟེ། ཡང་འཕགས་པའི་ལམ་བཞིན་རྣམ་པ་ཁྱད་པར་མེད་པ་མ་ཡིན་ནོ། །གལ་ཏེ་འཇིག་རྟེན་པའི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རྣམས་ཀྱང་འཕགས་པའི་ལམ་བཞིན་རྣམ་པ་གཅིག་ཏུ་གྱུར་ཏེ། ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པ་ཉིད་མ་ཡིན་པ་དེ་ལྟ་ན་འཇིག་རྟེན་པའི་ལམ་ཉེ་བར་བཟུང་ནས་མྱ་ངན་ལས་འདས་པར་འགྲོ་བ་ལ་ལམ་ཞེས་བརྗོད་དེ། འགའ་ལ་ཡང་མི་བརྟེན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ནི་མ་ཡིན་ཏེ་ཛ་ལཽ་ཀ་བཞིན་གནས་གཞན་གཏོང་བས་སོ། །དེའི་ཕྱིར་རྣམ་པར་སུན་འབྱིན་པའི་དངོས་པོ་ལ་དམིགས་པ་ནི་རགས་པ་ལ་སོགས་པའི་རྣམ་པ་ཡིན་ལ། བར་ཆད་མེད་པའི་ལམ་ནི་བཟློག་པས་བསམ་པའི་དངོས་པོ་ལ་དམིགས་པའོ། །ཞི་བ་ལ་སོགས་པའི་རྣམ་པ་རྣམ་པར་གྲོལ་བའི་ལམ་དུ་རྣམ་པར་བཞག་སྟེ། གཉེན་པོ་རྣམས་ལ་དམིགས་པ་དང་རྣམ་པའི་དབྱེ་བ་མེད་དོ། །མཐོང་བའི་ལམ་བཞིན་དུ་ཨ་པྱ་ག་ཏཱ་བ་ཤེ་སུ་རུ་བྷི་པྲ་ཡ་བ་ཤ་ད་པི་ཀལ་པ་ཡ་ཏཏྟ་ཐོ་ཏྭ་ཏྟེ་རི་ཏི། ཅིའི་ཕྱིར་ཟད་པ་ཤེས་པའི་མཇུག་ཐོགས་མི་སྐྱེ་ཞེ་ན་དེས་ལྷག་པར་གྲོལ་པའི་ཕྱིར་རོ། །ཟད་པ་ཤེས་པ་ཁོ་ནས་དེ་དང་ལྷན་ཅིག་དེ་ཐོབ་པ་དང་འདྲ་བ་ཉིད་དུ་འདུས་བྱས་ཀྱི་འབྲས་བུ་བསྡུས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དེ་སྐྱེ་བ་ཤེས་པ་སྔར་མི་སྐྱེ་ཞེན་ཟད་པ་ཤེས་པ་ལ་རག་ལུས་པའི་ཕྱིར་རོ། །དེ་སྐྱེ་བ་ཉིད་ཀྱིས་ཤེས་ཏེ་མི་སྐྱེ་བའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པ་ལ་གེགས་སུ་འགྱུར་རོ། །གང་ཤེས་པས་ཤེས་པ་བརྡ་སྤྲོད་པར་བྱེད་པ་དང་རྗེས་སུ་མཐུན་པ་དགྲ་བཅོམ་པ་ཐམས་


DTG210_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཐུན་མོང་བ་དེ་ཉིད་མི་སྐྱེ་བ་ཤེས་པ་སྟེ་ལྷག་པར་གྲོལ་བ་སྔོན་དུ་སྐྱེའོ། །རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་མི་སྐྱེ་བ་ཤེས་པ་མི་སློབ་པའི་ཡང་དག་པའི་ལྟ་བ་འམ་ཟད་པ་ཤེས་པ་སྟེ་མི་སྐྱེ་བ་ཤེས་པའི་དང་པོ་ཉིད་དུ་ཐོབ་པའི་ཕྱིར་རོ། །ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་ཞེས་བྱ་བ་ལ། འདི་ནི་ཉོན་མོངས་པ་སྐྱེ་བ་སྲིད་པ་ཡིན་ནོ་ཞེས་སྟོན་ཏོ། །མི་སྐྱེ་བ་ཤེས་པ་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ཐོབ་པོ། མི་གཡོ་བའི་ཆོས་ཅན་གྱི་སྐད་ཅིག་མ་ལ་ཟད་པ་ཤེས་པ་དང་སྐད་ཅིག་མ་གཞན་ལ་ནི་སྔ་མ་ལས་རབ་ཏུ་གྱུར་པའི་མི་སྐྱེ་བ་ཤེས་པ་རྣམ་པ་གཉིས་འདིས་བཤད་པ་ཡིན་ནོ། །དེ་ལ་ནི་མི་སྐྱེ་བ་ཤེས་པའི་མཇུག་ཐོགས་སུ་མི་སྐྱེ་བ་ཤེས་པ་ཉིད་སྐྱེ་སྟེ། མི་སློབ་པའི་ཡང་དག་པའི་ལྟ་བའོ། །གང་གི་ཕྱིར་ཟད་པ་ཤེས་པ་ནི་དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཞེས་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་དགྲ་བཅོམ་པ་ཐམས་ཅད་ཀྱིས་མི་སློབ་བའི་ཡང་དག་པའི་ལྟ་བ་འཐོབ་པོ། །ཁ་ཅིག་གིས་རེས་འགའ་མངོན་དུ་བྱེད་དེ། སྔར་ཇི་སྐད་བཤད་པ་བཞིན་དེས་ཉོན་མོངས་པ་ཡང་དག་པར་ཞི་བའི་སྒོ་ནས་ཞེས་བྱ་བ་ལ། ཁ་ཅིག་ན་རེ། ཁམས་དང་འགྲོ་བ་དང་སྐྱེ་གནས་རྣམས་སུ་འཁོར་བའི་ངལ་བ་བསལ་བས་ན་དགེ་སྦྱོང་ངོ་ཞེས་ཟེར་རོ། །སློབ་དཔོན་ནི་ཉོན་མོངས་པ་ཞི་བར་བྱེད་པའི་ཕྱིར་ཞེས་སོ། །དེའི་ངོ་བོ་ནི་དགེ་སྦྱོང་གི་ཚུལ་ཏེ། དེའི་ངོ་བོར་བྱེད་པས་དེའི་ངོ་བོ་སྟེ། འདིས་ཉོན་མོངས་པ་དང་བྲལ་བར་བྱེད་ཅིང་སེལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །སོ་སོ་སྐྱེ་བོ་ནི་གཏན་དུ་ཞི་བར་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། སོ་སོའི་སྐྱེ་བོ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཡང་དོན་དམ་པའི་དགེ་སྦྱོང་མ་ཡིན་ཏེ། ཉེས་པའི་འཕྲོ་དང་བཅས་པའི་ཕྱིར་དང༌། ཉེས་པ་བསམ་གཏན་མ་ཞི་བའི་ཕྱིར་རོ། །དེ་དག་ཀྱང་མདོ་ལས་རྣམ་པ་བཞིར་གསུངས་སོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་རོ། །དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལམ་ལ་རྗེས་སུ་ཤེས་པ་ནི་འདུས་བྱས་སོ། །ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་སྤངས་པ་ནི་འདུས་མ་བྱས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལམ་ལ་རྗེས་སུ་ཤེས་པ་རྣམ་པར་གྲོལ་


DTG210_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་དྲུག་པ་ནི་འདུས་བྱས་སོ། །འདུས་མ་བྱས་ནི་སྔར་བཤད་པ་སྟེ། འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་སྤངས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ལམ་ལ་རྗེས་སུ་ཤེས་པ་རྣམ་པར་གྲོལ་བའི་ལམ་དགུ་པ་ནི་འདུས་བྱས་སོ། །འདུས་མ་བྱས་ནི་སྔར་བཤད་པ་སྟེ་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤངས་པའོ། །དགྲ་བཅོམ་པ་ཉིད་ཀྱིས་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའམ་མི་སློབ་པའི་ཡང་དག་པའི་ལྟ་པ་འདུས་བྱས་སོ། །ཁམས་གསུམ་པའི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་སྤངས་པ་ནི་འདུས་མ་བྱས་སོ། །མདོ་སྡེ་པ་རྣམས་ན་རེ། མདོ་ལས་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམས་འདུས་མ་བྱས་ཉིད་དུ་གསུངས་ཏེ་འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་གང་ཡིན་པའོ་ཞེས་པ་ནས་དྲག་བཅོམ་པ་ཉིད་གང་ཞེ་ན། འདོད་ཆགས་ཟད་པར་སྤངས་པ་གང་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྤངས་པ་ནི་འདུས་བྱས་ཀྱི་སྐྱོན་ལས་གྲོལ་བའི་ཕྱིར་དང་དེ་ལ་མངོན་པར་འདོད་པ་བསྐྱེད་པའི་ཕྱིར་དགེ་ཚུལ་གྱི་འབྲས་བུ་ནི་འདུས་མ་བྱས་རྣམས་ཁོ་ནའོ་ཞེས་ཟེར་རོ། །དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་རྣམ་པར་གྲོལ་བའི་ལམ་ནི་བར་ཆད་མེད་ལམ་གྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ཏེ་དེ་དང་འདྲ་བའི་ཕྱིར་རོ། །སྐྱས་བུ་བྱེད་པའི་འབྲས་བུ་ཡིན་ཏེ་དེའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །དེའི་སྤང་བྱ་ཉོན་མོངས་པ་རྣམས་སྤངས་པ་ཡང་བརྒྱད་ཅུ་རྩ་དགུ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་འདུས་མ་བྱས་རྣམས་ཀྱང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ནོ། །སྤང་བའི་ཐོབ་པ་འགོག་པ་དང་ཐོབ་པ་གཅོད་པའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་ཡང་དགེ་སྦྱོང་གི་ཚུལ་ཏེ། དེ་དག་ཀྱང་བར་ཆད་མེད་པའི་ལམ་གྱི་རྒྱུ་མཐུན་པ་དང་སྐྱེས་བུའི་བྱེད་པའི་འབྲས་བུའོ། །དེ་ལྟར་ན་བར་ཆད་མེད་པའི་ལམ་འདུས་བྱས་རྣམས་དགེ་སྦྱོང་ཚུལ་གྱི་འབྲས་བུར་ཐལ་བར་འགྱུར་རོ་ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱི་དབང་གིས་རྣམ་པར་གྲོལ་བའི་ལམ་སྐྱེ་ཞིང་དེས་དེ་


DTG210_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་གེགས་བསལ་བའི་ཕྱིར་དེའི་མཇུག་ཐོགས་སུ་ངེས་པར་སྐྱེའོ། །རྣམ་པར་གྲོལ་བའི་ལམ་གྱི་དབང་གིས་བར་ཆད་མེད་པའི་ལམ་སྐྱེ་བ་ནི་མ་ཡིན་ནོ། །ཡོད་པ་རྣམས་ཀྱང་དུས་གཞན་དུ་སྦྱོར་བས་གཞན་གྱི་སྐྱེ་བ་སྲིད་པ་དང༌། དེ་ལྟར་ཤིན་ཏུ་མི་འཐད་པའི་ཕྱིར་དང༌། བར་ཆད་མེད་ལམ་ཐམས་ཅད་རྣམ་པར་གྲོལ་བའི་ལམ་གྱི་འབྲས་བུར་འགྱུར་བ་མ་ཡིན་པའི་ཕྱིར་འདིར་ཐལ་བར་འགྱུར་བ་མེད་དོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་གལ་ཏེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམས་བརྒྱད་ཅུ་རྩ་དགུ་ཡིན་ནའོ། །སངས་རྒྱས་ཀྱིས་གསུངས་པ་ཁ་བསྐང་བར་བྱ་དགོས་པར་འགྱུར་རོ་ཞེས་བྱ་བ་ནི། དེས་གསུངས་པ་ལས་ཐ་དད་པའི་འབྲས་བུ་ཡོད་པའི་ཕྱིར་རོ། །ཆེད་དུ་གཏད་ནས་སྐོང་བ་ནི་ཁ་སྐོང་བ་སྟེ། ཁ་ཉེ་བར་བསྐང་ཞེས་བྱ་བའི་དོན་ཏོ། །བྱ་མི་དགོས་ཏེ་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། །འབྲས་བུ་མང་པོ་ཞིག་ཡོད་མོད་ཀྱི། །འབྲས་བུ་བཞིར་གཞག་པ་ནི་རྒྱུ་ལྔ་སྲིད་པའི་ཕྱིར་རོ། །ཞུགས་པ་དང་འབྲས་བུའི་ལམ་བཏང་བ་དང་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ལ། སྔར་གྱི་ལམ་བཏང་བས་ཞུགས་པའི་ལམ་བཏང་བའི་ཕྱིར་རོ། །སྔར་མེད་པའི་ལམ་ཐོབ་པས་འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ། །འབྲས་བུ་དང་པོ་ལ་ཞུགས་པར་འདོད་པ་ལ་ཕལ་ཆེར་འདོད་ཆགས་དང་བྲལ་བ་དང༌། གཉིས་པ་དང་གསུམ་པ་ལ་ཞུགས་པ་དག་ལ་ཡང་རྒྱུ་ལྔ་པོ་འདི་དག་མེད་དེ། མཐོང་བའི་ལམ་ལ་གནས་པའི་ཕྱིར་རོ། །གཉིས་པ་དང༌། གསུམ་པ་དང་བཞི་པ་ལ་ཞུགས་པ་རྣམས་ལ་ནི་དང་པོ་གསུམ་མེད་ཀྱི། ཤེས་པ་བརྒྱད་ཐོབ་པ་དང་རྣམ་པ་བཅུ་དྲུག་ཐོབ་པ་གཉིས་ནི་ཡོད་དེ་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་རོ། །དེ་ལྟར་འབྲས་བུ་གཞན་ལས་ཡོངས་སུ་ཉམས་པས་འབྲས་བུ་དང་པོ་ལས་ཀྱང་ཡོངས་སུ་ཉམས་པར་ཐལ་བར་འགྱུར་བ་མ་ཡིན་ནོ། །འབྲས་བུ་སྔ་མ་ཐོབ་པ་ཉེ་བར་འཇོམས་པ་དང༌། འབྲས་བུ་ཕྱི་མ་ཐོབ་པ་ན་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་གཅིག་འཐད་པའི་ཕྱིར་རོ་ཞེ་ན། འདི་ནི་དེ་ལྟ་བུ་མ་ཡིན་ཏེ། ཡོངས་སུ་ཉམས་པའི་དུས་ཁོ་ནར་དེ་ཐོབ་པའི་ཕྱིར་རོ། །འབྲས་བུ་གཞན་ཐོབ་པ་མ་ཉམས་


DTG210_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པ་འཕགས་པས་འབྲས་བུ་སྔ་མ་ཐོབ་པ་དེ་དང་བྲལ་བ་ན་བདེན་པ་སྣང་བའི་ཐབས་སུ་མུན་པ་ལ་ཕྱོགས་པ་ལྟ་བུའི་ཚུལ་གྱིས་རྒྱུད་རྗེས་སུ་འཆིང་བར་བྱེད་དེ། འབྲས་བུ་གཞན་བཞི་ཉིད་རྣམ་པར་གཞག་པའི་རྣམ་པ་སེམས་ལ་བཞག་ནས་གྲག་གོ་ཞེས་བྱ་བ་ནི་མ་རངས་པའོ། །དེ་ཡང་ཉོན་མོངས་པའི་དངོས་པོ་ཡོངས་སུ་གཏུགས་པར་སྤངས་པའི་གནས་སྐབས་ལ་དགོངས་ནས་འབྲས་བུ་དང་པོ་གསུངས་སོ། །མི་དགེ་བའི་རྣམ་པར་རིག་བྱེད་ཀུན་ནས་སློང་བའི་ཉོན་མོངས་པ་སྤངས་པ་ལ་དགོངས་པ་ནས་གཉིས་པ་གསུངས་སོ། །མི་དགེ་བ་ཡོངས་སུ་གཏུགས་པར་སྤངས་པ་ལས་གསུམ་པའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་ལ་དགོངས་ནས་བཞི་པ་གསུངས་སོ། །ཁ་ཅིག་ན་རེ་ཤེས་པ་རྣམ་པ་དག་ཁྱད་པར་མེད་པའི་ཕྱིར་གང་ཡང་རུང་པ་གཉིས་དག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ཡང་དེ་ལྟ་མ་ཡིན་ཏེ། ཆོས་དང་རྗེས་སུ་ཤེས་པ་དག་སོ་སོར་རྣམ་པ་བཅུ་དྲུག་ཡིན་པའི་ཕྱིར་བདེན་པ་རེ་རེའི་རྣམ་པ་དག་ཀྱང་ཆོས་དང་རྗེས་སུ་ཤེས་པ་ཡིན་པའི་ཕྱིར། གཉི་ག་མ་བཟུང་པར་མ་ལུས་པ་གཟུང་བ་མ་ཡིན་པར་ཤེས་ཏེ་དེའི་ཕྱིར་གཉི་ག་མ་སྨོས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་གནས་སྐབས་འདི་དག་ཏུ་རྣལ་འབྱོར་པ་རྣམས་མཆོག་ཏུ་ཡིད་བརྟན་པ་དེ་ལས་ཉམས་ཏེ་དུས་བྱ་བ་སྲིད་པའི་ཕྱིར་དེ་ཉིད་འབྲས་བུ་ཉིད་དུ་མ་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ཉིད་ནི་རིམ་པ་བཞིན་ངན་སོང་དང་དེའི་རྒྱུ་མི་དང་ལྷའི་འགྲོ་བ་སྟེ། རིམ་པས་རབ་ཏུ་ཕྱེ་བའི་ཕྱིར་འདིར་འདོད་ཆགས་ལ་སོགས་པ་ཆེན་པོས་ནི་ངན་སོང་དུ་འགྲོ་བ་ཡིན་ནོ་ཞེས་ཟེར་རོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུའོ། །དེ་ལ་ནི་ཞེས་རྒྱས་པར་འབྱུང་བ་ནི་འདི་སྐད་དུ་དེ་དག་ནི་ཟག་པ་མེད་པའི་ལམ་གྱི་འབྲས་བུ་སྤང་པ་ཆེས་མང་པ་ཡིན་གྱིས་འཇིག་རྟེན་པའི་ལམ་གྱི་འབྲས་བུ་ཉིད་ནི་མ་ཡིན་ཏེ། དེ་དག་གིས་མཐོང་བའི་ལམ་གྱི་འབྲས་བུ་སྤངས་པ་བསྡུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་


DTG210_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འབྲས་བུ་དང༌། བསྒོམ་པའི་ལམ་གྱི་འབྲས་བུའི་འོ། །ཐོབ་པ་དེའི་འབྲས་བུར་བསྡུས་པ་གཅིག་སྙེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐོབ་པ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུས་བསྡུས་པ་གཅིག་སྙེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་མཐོང་བའི་ལམ་དང༌། བསྒོམ་པའི་ལམ་གྱི་འབྲས་བུ་ཐམས་ཅད་ཀྱི་ཐོབ་པ་དེའི་འབྲས་བུ་བསྡུས་པ་གཅིག་སྙེད་པའི་ཕྱིར་ཏེ། དེའི་ཕྱིར་མདོ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ལྟ་མ་ཡིན་ན་མཐར་གྱིས་པ་དང་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་ཀུན་ཏུ་སྦྱོར་བ་གསུམ་སྔར་སྤངས་ཟིན་པའི་ཕྱིར་རོ། །འདོད་པ་ལ་འདོད་ཆགས་དང་བྲལ་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པར་གསུངས་པ་དང༌། ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པར་གསུངས་པ་ཡང་དོན་མེད་པར་འགྱུར་རོ། །བྲལ་བའི་ཐོབ་པ་ཟག་པ་མེད་པས་ཞེས་བྱ་བ་ནི། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་བཤད་དེ། དེའི་ཕྱིར་འཇིག་རྟེན་པའི་ལམ་གྱི་འབྲས་བུ་སྤངས་པ་དེ་ལ་བྲལ་པའི་ཐོབ་པ་ཟག་པ་མེད་པ་བརྒྱ་དང་འདྲ་བ་དག་སྐྱེ་ལ་དེ་དག་གིས་དེའི་སྤངས་པ་འཛིན་པར་བྱེད་དོ། །དེའི་སྟོབས་ཀྱིས་ཞེས་བྱ་བའི་ཐོབ་པ་ཟག་པ་མེད་པའི་སྟོབས་ཀྱིས་སོ། །དེ་མ་ཡིན་ན་འཇིག་རྟེན་པའི་ཡོངས་སུ་ཉམས་པ་ལྟར་འཆི་བར་འགྱུར་བ་ཞིག་ན་ཡོངས་སུ་མཉམ་པ་དེ་ནི་འཆི་བ་མེད་ཅེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཞེས་བྱ་བ་ལ་ཀུན་རྫོབ་ཡོངས་སུ་བཟུང་ན་དགེ་སྦྱོང་གཞན་དང་བྲམ་ཟེ་གཞན་ཏེ། ཇི་སྐད་དུ། དགེ་སྦྱོང་རྣམས་དང་བྲམ་ཟེ་རྣམས། །ལམ་འགྲོ་རྣམས་དང་སྨོད་པ་རྣམས། །ཞེས་སོ། །དོན་དམ་པ་ཡོངས་སུ་བཟུང་ན་དགེ་སྦྱོང་ཉིད་བྲམ་ཟེ་སྟེ། དེ་སྐད་དུ་ཡང་འདིར་དང་པོ་འདི་ནི་ཇི་སྲིད་བཞི་པའི་བར་དགེ་སྦྱོང་སྟེ། འདི་ལས་ཕྱི་རོལ་པ་ལ་དགེ་སྦྱོང་བྲམ་ཟེ་ཡོད་པ་མ་ཡིན་ནོ། །


DTG210_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །འདིས་སྡིག་པ་མི་དགེ་བའི་ཆོས་རྣམས་ཞི་བར་བྱེད་པའི་ཕྱིར་དགེ་སྦྱོང་ངོ༌། །འདིས་སྡིག་པ་མི་དགེ་བའི་ཆོས་རྣམས་སྤངས་པས་ན་ཚངས་པའོ། །དགེ་སྦྱོང་དང་ཚངས་པའི་མཚན་ཉིད་ཐུན་མོང་དུ་ནི་དགེ་སྦྱོང་ཉིད་ཚངས་པ་སྟེ། ཚངས་པའི་དངོས་པོ་ནི་མཚུངས་པའི་ཚུལ་ལོ། །ཟག་པ་མེད་པའི་ལམ་དང་ལྡན་པའི་ཕྱིར་ཚངས་པར་གྱུར་པ་ཡིན་ཏེ། དགེ་སྦྱོང་གི་ཚུལ་ཁོ་ན་མཚུངས་པའི་ཚུལ་ལོ། །ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། བླ་ན་མེད་པའི་ཟག་པ་མེད་པའི་ལམ་དང་ལྡན་པའི་ཕྱིར་རོ། །དེ་འདིའི་ཡིན་པས་འཁོར་ལོ་སྟེ་མངོན་པར་འབྲེལ་པ་གང་གིས་ཞེ་ན། དེའི་ཕྱིར་དེས་བསྐོར་བའི་ཕྱིར་ཞེས་སྨོས་སོ། །མྱུར་བར་འགྲོ་ཕྱིར་རྩིབས་སོགས་ཀྱིས། །ཞེས་བྱ་བ་ནི་མྱུར་བར་འགྲོ་བ་ལ་སོགས་པའི་ཕྱིར་དང༌། རྩིབས་ལ་སོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ ། འདི་ནི་མཐོང་བའི་ལམ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལ་འདིས་རིམ་པས་བགྲོད་པར་བྱེད་པས་སམ་ཡང་ངེས་པར་བསོད་ནམས་ཀྱི་རིམ་པ་བཞིན་མྱུར་བར་འགྲོ་ཞིང་འགྲོ་བས་འཁོར་ལོ་སྟེ། དེ་བཞིན་དུ་མཐོང་བའི་ལམ་སེམས་ཀྱི་སྐད་ཅིག་བཅོ་ལྔས་བདེན་པ་རྣམས་མངོན་པར་རྟོགས་པའི་ཕྱིར་མྱུར་བར་འགྲོ་བ་དང་འདྲ་བ་ཡིན་ནོ། །ཡང་ན་སྐད་ཅིག་མ་གཉིས་པ་མི་སྐྱེ་བའི་སྒོ་ནས་ཏེ། འཁོར་ལོ་རིན་པོ་ཆེས་རྒྱབ་མ་འདོར་ཞིང་མདུན་མ་ལ་འཇུག་པ་དང་ཆོས་མཐུན་པར་ཆོས་ཀྱི་འཁོར་ལོས་ཀྱང་སྟེ། མཐོང་བའི་ལམ་ཡང་བར་ཆད་མེད་པའི་ལམ་འདོར་ཞིང་རྣམ་པར་གྲོལ་བའི་མངོན་དུ་གྱུར་པའི་སྒོ་ནས་འཇུག་པ་ཡིན་ནོ། །ཡང་ན་སྡུག་བསྔལ་ལ་སོགས་པའི་ཡུལ་འདོར་ཞིང༌། ཀུན་འབྱུང་ལ་སོགས་པའི་ཡུལ་ལ་འཇུག་པའི་ཕྱིར་འདོར་བ་དང་འཇུག་པ་ཡིན་ནོ། །འཁོར་ལོ་དང་ཆོས་མཐུན་པ་ནི་གཅིག་པར་མ་ཡིན་པར་བདེན་པ་མཐོང་བའི་ཕྱིར། མ་རྒྱལ་བརྒྱལ་བར་བྱེད་པ་དང༌། །རྒྱལ་བ་རྣལ་དུ་འགོད་པའི་ཕྱིར་འཁོར་ལོས་སྒྱུར་པའི་འཁོར་ལོ་དང་ཆོས་མཐུན་ཏེ། འདི་ལྟར་མཐོང་བའི་ལམ་གྱིས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་མ་རྒྱལ་བ་རྣམས་ལས་ནི་དེ་དག་གི་


DTG210_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་རྒྱལ་བ་རྣམས་ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བའི་སྒོ་ནས་རྣལ་དུ་འགོད་དེ། འཕར་བ་དང་འབབ་པའི་ཕྱིར་འཁོར་ལོ་དང་ཆོས་མཐུན་ཏེ། བར་ཆད་མེད་པ་དང་རྣམ་པར་གྲོལ། །བའི་ལམ་དག་གིས་ཡང་ཡང་མངོན་དུ་བྱེད་པའམ་མངོན་དུ་གྱུར་པའི་སྒོ་ནས་མཐོང་བའི་ལམ་གྱིས་འཕར་བ་དང་འདྲ་བར་ས་གོང་མའི་སྡུག་བསྔལ་ལ་སོགས་པ་ལ་ལྟ་བར་བྱེད་དོ། །འབབ་པ་དང་འདྲ་བར་ཡང་འདོད་པ་ན་སྤྱོད་པ་ལ་ལྟ་སྟེ། མྱུར་བར་འགྲོ་བ་ལ་སོགས་པ་དང་ཆོས་མཐུན་པ་ནི་དེ་ལྟ་བུ་ཡིན་ནོ། །ཡང་དག་པའི་ལྟ་བ་དང་རྟོགས་པ་དང་རྩོལ་བ་དང་དྲན་པ་རྣམས་ནི་རྩིབས་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི། ཚུལ་ཁྲིམས་ལ་རག་ལས་ཏེ་འཇུག་པའི་ཕྱིར་རྩིབས་ལ་སོགས་པ་དང་འདྲའོ། །ཡང་དག་པའི་དག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ལྟེ་བ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་རྣམས་གནས་སུ་གྱུར་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི། དེས་ཡང་དག་པའི་ལྟ་བ་ལ་སོགས་པ་ཉེ་བར་འཛིན་པའི་ཕྱིར་རོ། །འཕགས་པའི་ལམ་གཞན་ཐམས་ཅད་ཀྱང་དེ་དང་འདྲ་བ་ཡིན་ན་ཅིའི་ཕྱིར་མཐོང་བའི་ལམ་ཁོ་ན་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་དག་ལས་ཤེན་ཞེས་བྱ་བ་ནི། ཅི་རང་གི་འདོད་པའམ་ལུང་ངམ་རིགས་པ་ལས་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ཞེས་བྱ་བའོ། །འདི་རང་གི་འདོད་པ་ནི་མ་ཡི་ནོ། །འོ་ན་ཅི་ཞེ་ན། འཕགས་པ་ཀཽཎྜི་ནྱ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །མདོ་ལས་འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་ཀཽཎྜི་ནྱས་ཆོས་ཀུན་ཤེས་སོ་ཞེས་ས་བླ་བའི་གནོད་སྦྱིན་རྣམས་ཀྱིས་སྒྲ་འབྱིན་ཞིང་དབྱངས་རྗེས་སུ་སྒྲོག་པར་བྱེད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནས་ཇི་སྲིད་ཡུལ་བཱ་ར་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་རོ་ཞེས་འབྱུང་ངོ༌། །གང་གི་ཕྱིར་མདོ་ལས་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་གསུང་བ་དེ་ཡང་མཐོང་བའི་ལམ་མ་ཞེས་བྱ་བ་དེའི་ཕྱིར་འདྲི་བ་ནི།


DTG210_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་དེ་ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཡིན་ཞེ་ན་ཞེས་བྱ་བའོ། །དེ་ལ་ལན་གསུམ་བཟླས་ཏེ་ཞེས་བྱ་བ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་འདི་ནི་བསྐོར་བ་གཅིག་ཡིན་ནོ། །དེ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པའོ། །དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་འདི་ནི་གསུམ་པ་སྟེ། ཇི་ལྟར་སྡུག་བསྔལ་ལ་བརྗོད་པ་དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ལ་ཡང་རིག་པར་བྱའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པའོ། །དེ་སྤང་བར་བྱ་བའོ། །དེ་སྤངས་སོ་ཞེས་སྦྱར་རོ། །དེ་བཞིན་དུ་འགོག་པ་དང་ལམ་དག་ལ་ཡང་བརྗོད་པར་བྱའོ། །བཟླས་པ་རེ་རེ་ལ་ཞེས་བྱ་བ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་སྟེ་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས་བྱ་བའོ། །དེ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་ཡང་སོ་སོ་རྣམ་པ་བཞི་སྟེ། ཀུན་འབྱུང་ལ་སོགས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་ན་བདེན་པ་སོ་སོ་ལ་གསུམ་དུ་བཟླས་པས་རྣམ་པ་བཅུ་གཉིས་ཡོད་པའི་ཕྱིར་ལན་བཅུ་གཉིས་སུ་བཟླས་པ་དང་རྣམ་པ་བཞི་བཅུ་རྩ་བརྒྱད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་པ་བདེན་མོད་ཀྱི་གསུམ་ཚན་དུ་ཆོས་མཚུངས་པའི་ཕྱིར་དང་བཅུ་གཉིས་ཚན་དུ་ཆོས་མཚུངས་པའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་གསུངས་སོ། །གཉིས་དང་གནས་བདུན་ལ་མཁས་པ་བསྟན་པ་བཞིན་ནོ་ཞེས་བྱ་བ་ལ་གནས་གཉིས་ལ་མཁས་པ་བསྟན་པ་ནི་རྒྱ་ཆེར་གསུངས་ཏེ། ཇི་སྐད་དུ། དགེ་སློང་དག་ཁྱེད་ལ་གཉིས་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་བཤད་དོ། །གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས། ཡིད་དང་ཆོས་རྣམས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །དེ་བཞིན་དུ་གནས་བདུན་ལ་མཁས་པ་བསྟན་པ་ནི་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤས་སོ། །གཟུགས་ཀུན་འབྱུང་བ་དང༌། གཟུགས་འགོག་པ་དང༌། གཟུགས་འགོག་པར་འགྱུར་བའི་ལམ་དང༌། གཟུགས་


DTG210_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རོ་མྱང་བ་དང༌། ངེས་པར་འབྱུང་བ་དང༌། ཉེས་དམིགས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཡང་དེ་དང་འདྲའོ། །བཟླས་པ་མདོ་ལས་བསྟན་པ་འདི་དག་གིས་ནི་གྲངས་བཞིན་དུ་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་དག་བསྟན་ཏོ་ཞེས་བྱ་བ་ལ། ཇི་ལྟར་བྱས་པས་ཤེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ནས་བརྩམས་ཏེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་གྱིས་མཐོང་བའི་ལམ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་ཤེས་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ་སྡུག་བསྔལ་འགོག་པར་འགྱུར་བའི་འཕགས་པའི་བདེན་པ་བསྒོམ་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྒོམ་པའི་ལམ་བསྟན་ཏོ། །སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་བསྒོམ་མོ་ཞེས་བྱ་བའི་བར་གྱིས་མི་སློབ་པའི་ལམ་བསྟན་ཏོ་ཞེས་སོ། །གལ་ཏེ་དེ་ལྟར་བཟླས་པ་གསུམ་པོ་འདི་དག་གིས་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་བསྟན་ན། འོ་ན་ནི་མཐོང་བའི་ལམ་ཁོ་ན་ལ་ཞེས་རྒྱས་པར་འབྱུང་སྟེ། འོ་ན་ནི་མཐོང་བའི་ལམ་ཁོ་ན་ལ་ལན་གསུམ་དུ་བཟླས་པ་ཡང་མ་ཡིན་ལ། རྣམ་པ་བཅུ་གཉིས་ཀྱང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལམ་མཐའ་དག་ལ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཟླས་པ་དང་པོས་མཐོང་བའི་ལམ་བཤད་པའི་ཕྱིར་ལན་ཅིག་བཟླས་པ་དང་རྣམ་པ་བཞི་ཡིན་གྱི། ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བ་ནི་མ་ཡིན་པས་འདི་ཇི་ལྟར་ན་ཆོས་ཀྱི་འཁོར་ལོར་རྣམ་པར་གཞག་ཅེས་བྱ་སྟེ། ཆོས་ཀྱི་འཁོར་ལོ་ནི་ལན་གསུམ་དུ་བཟླས་པའི་ཕྱིར་དང་རྣམ་པ་བཅུ་གཉིས་ཡིན་པའི་ཕྱིར་རྣམ་པར་གཞག་པར་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཆོས་ཀྱི་འཁོར་ལོ་ཡང་ཡིན། ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཀྱང་ཡིན་པར་རུང་གིས་མཐོང་བའི་ལམ་ནི་མ་ཡིན་ནོ། །དེ་ལ་ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན་


DTG210_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ལྔ་པོ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ། སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྒོ་ནས་མིག་སྐྱེད་པ་རིག་པ་དང་བློ་དང་ཤེས་པ་སྐྱེད་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འདི་ནི་སྡུག་བསྔལ་འགོག་པ་འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་སྟེ་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་མིག་སྐྱེད་པ་ཤེས་པ་དང་རིག་པ་དང་བློ་བསྐྱེད་པའོ། །དེ་ལ་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱ་སྟེ། དེ་ལྟར་སྔོན་མ་ཐོས་པའི་ཆོས་རྣམས་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་མིག་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་ཤེས་པས་སྤང་བར་བྱ་སྟེ། སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་ཤེས་པས་མངོན་དུ་བྱའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཡིན་པ་མངོན་པར་ཤེས་པས་ཡོངས་སུ་ཤེས་ཏེ་སྔོན་མ་ཐོས་པའི་ཆོས་རྣམས་ལ་ཞེས་བྱ་བ་སྔ་མ་བཞིན་ནོ། སྡུག་བསྔལ་ཀུན་འབྱུང་བ་འཕགས་འཕགས་པའི་བདེན་པ་མངོན་པར་ཤེས་པ་ཡོངས་སུ་སྤངས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་ཤེས་པས་མངོན་དུ་བྱས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་མངོན་པར་ཤེས་པས་བསྒོམ་སྟེ། སྔོན་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས་རྒྱ་ཆེར་འབྱུང་ངོ༌། །བདེན་པ་རྣམས་ལན་གསུམ་དུ་བཟླས་པའི་ཕྱིར་ཞེས་བྱ་བ་ནི། སྡུག་བསྔལ་ནས་ལམ་གྱི་བར་ནི་བཟླས་པ་གཅིག་གོ །ཡོངས་


DTG210_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་པར་བྱའོ་ཞེས་བསྒོམ་པར་བྱའོ་ཞེས་བྱ་བའི་བར་ནི་བཟླས་པ་གཉིས་སོ། །ཡོངས་སུ་ཤེས་ནས་བསྒོམས་སོ་ཞེས་བྱ་བའི་བར་ནི་བཟླས་པ་གསུམ་པའོ། །བདེན་པ་བཞི་རྣམས་ལ་རྣམ་པ་གསུམ་དུ་བྱས་པའི་ཕྱིར་ཞེས་བྱ་བ་ལ། སྡུག་བསྔལ་ནས་ལམ་གྱི་བར་ནི་གཅིག་གོ ། རྣམ་པ་སྨོས་ཏེ་རྣམ་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་པའོ། །དེ་ལྟར་བདེན་པ་སོ་སོ་ལ་རྣམ་པ་གསུམ་གྱིས་བཅུ་གཉིས་སུ་འགྱུར་རོ། །དོན་ཤེས་པར་བྱེད་པའི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་ཞེས་བྱ་བ་ནི། མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱི་བདག་ཉིད་ཅན་ནོ། །དེའི་ཕྱིར་དེ་ལྟར་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་གྲུབ་པར་གྱུར་ཏེ། ལན་གསུམ་དུ་བཟླས་པས་ལམ་གསུམ་བསྡུས་པའི་ཕྱིར་དང༌། བཟླས་པ་རེ་རེ་ལ་མིག་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ལམ་ཆོས་ཀྱི་འཁོར་ལོ་ཡིན་ཞེ་ན། དེའི་ཕྱིར་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་ཞེས་སྨོས་སོ། །ཇི་ལྟར་དེ་བསྐོར་བ་ཡིན་ཞེ་ན། དེ་ནི་གཞན་གྱི་རྒྱུད་ལ་ཞེས་བྱ་བ་སྨོས་ཏེ། གཞན་གྱི་རྒྱུད་ལ་ནི་འཕགས་པ་ཀཽཎྜི་ནྱའི་རྒྱུད་ལའོ། །མཐོང་བའི་ལམ་བསྐྱེད་པའི་ཕྱིར་བསོར་བར་བརྩམ་པས་བསྐོར་བ་ཞེས་བྱ་སྟེ་དང་པོར་བསྐོར་ཞེས་བྱ་བའི་ཐ་ཚིག་གོ །དགེ་སྦྱོང་གི་ཚུལ་གྱི་འབྲས་བུའི་སྐབས་ཡིན་པས་ཡང་ཁམས་གང་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་འདི་ཡང་དཔྱད་པར་བྱའོ། །འདོད་པར་གསུམ་ཐོབ་ཅེས་བྱ་བ་ནི། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་རྣམས་སོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྟེ། འདོད་པའི་ཁམས་ན་གནས་པ་ཁོ་ན་ལ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བ་སྲིད་པའི་ཕྱིར་དང་སྐྱེ་བ་དང་བཅས་པའི་ཕྱིར་རོ། །འབྲས་བུ་གཉིས་ནི་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་


DTG210_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །འདོད་པའི་ཁམས་ལ་འདོད་ཆགས་དང་མ་བྲལ་བར་ཐོབ་པར་བྱ་བ་ཞེས་བྱ་བ་ནི། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པས་ནི་དེ་ཐོབ་པར་མི་ནུས་ཏེ། འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཕྱིར་མི་འོང་བའི་འབྲས་བུ་ནི་དགྲ་བཅོམ་པ་བཞིན་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཁོ་ནས་ཐོབ་པར་བྱ་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་དེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་མི་འཐོབ་ཅེ་ན། དེའི་ཕྱིར་གོང་ན་མཐོང་ལམ་མེད་ཅེས་བྱ་བ་སྨོས་ཏེ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་ནི་མཐོང་བའི་ལམ་གྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ཡིན་ལ། མཐོང་བའི་ལམ་ཁམས་གོང་མ་ལ་བརྟེན་པ་ཡོད་པ་མ་ཡིན་པས་དེར་སྐྱེས་པ་དག་གིས་ཕྱིར་མི་འོང་བའི་འབྲས་བུ་མི་ཐོབ་བོ། །རེ་ཞིག་གཟུགས་མེད་པ་དག་ན་ནི་ཞེས་བྱ་བ་ལ་གཟུགས་མེད་པ་དག་ན་ནི་གཟུགས་མེད་པས་བདག་མེད་པ་སྟོན་པའི་སྒྲ་མེད་ལ། གཞན་གྱི་སྒྲ་མེད་པར་ཡང་དག་པའི་ལྟ་བ་སྐྱེ་བ་ནི་ཡོད་པ་ཡང་མ་ཡིན་ནོ། །ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་གཟུགས་མེད་པའི་ཁམས་སུ་སྐྱེས་པ་དག་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་ལ། །འདོད་པ་ན་སྤྱོད་པའི་སྡུག་བསྔལ་ནི་དང་པོར་ལྟ་བར་བྱ་བ་ཡིན་པའི་ཕྱིར་མཐོང་བའི་ལམ་དེ་ལ་བརྟེན་པར་མི་རིགས་སོ། །མི་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་ཆུང་བའི་ཕྱིར་རོ། །གང་གསུངས་པ་གྲོགས་པོ་དག་མ་འཇིགས་ཤིག་མེ་ལྕེ་འདི་ནི་འདི་ཚུན་ཆད་དུ་འོང་བ་མ་ཡིན་ནོ་ཞེས་གསུངས་པས་སྐྱོ་བ་ནི་འདིར་འཇིགས་པའི་སྒྲས་བརྗོད་དེ། སྐྱོ་བ་དང་འཇིགས་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཞེ་ན། འཇིགས་པ་དང་ནི་རྒྱུ་མཚན་དམིགས་ཏེ་དོན་མེད་པ་ལ་དོགས་པ་སྐྱེ་བའི་སེམས་ཏེ་འཇིགས་པ་གང་ལ་རྣམ་པར་དཔྱད་པ་སྔོན་དུ་འགྲོ་བའི་སེམས་སྐྲག་པ་ཞེས་བྱ་བའི་ཐ་ཚིག་གོ ། རྣམ་པར་དཔྱད་པ་སྔོན་དུ་འགྲོ་བའི་སྐྱོ་བ་འདུ་བྱེད་ལ་མངོན་པར་མི་དགའ་བ་ནི་ཀུན་ཏུ་སྐྱོ་བ་སྟེ། ཀུན་ཏུ་རྨོངས་པ་དང་འཇིགས་པའི་སེམས་དང་ངེས་པར་འབྱུང་བ་སྐྱེ་བས་སྐྱོ་བ་ཞེས་བྱའོ། །སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང་ཞེས་བྱ་བ་ལ། འདོད་པའི་ཁམས་


DTG210_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་སྡུག་བསྔལ་གྱི་ཚོར་བ་མང་བའི་ཕྱིར་དང་འབད་པས་བདེ་བ་རྣམས་ཀྱང་ཚེ་ཐུབ་པའི་ཕྱིར་དང་ནད་མེད་པ་དང་ལོངས་སྤྱོད་དང་གཉེན་བཤེས་དང་བྲལ་བ་ལ་སོགས་པ་སྲིད་པའི་ཕྱིར་སྐྱོ་བ་མེད་པ་ཡིན་ལ། གཟུགས་མེད་པའི་ཁམས་ན་ནི་དེ་ལས་བཟློག་པའི་སྒོ་ནས་སྐྱོ་བཞིན་པ་ཡིན་ཏེ། དེ་ན་གནས་པའི་སོ་སོ་སྐྱེ་བོ་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང༌། ཚེ་ཤིན་ཏུ་རིང་བའི་ཕྱིར་དེ་ལྟར་སྐྱོ་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ན་ནི་འཕགས་པའི་ལམ་འདྲེན་པར་བྱེད་པ་སྐྱོ་བ་མེད་པས་མཐོང་བའི་ལམ་ཡོད་པ་མ་ཡིན་ནོ། །འདིར་བརྩམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ལ། འཕགས་པ་མ་ཡིན་པ་ནི་འགས་ཀྱང་དེར་རྩོམ་པར་མི་གསུངས་སོ། །རྩོམ་པ་ནི་རྩོམ་པ་སྟེ་མྱ་ངན་ལས་འདས་པར་འགྲོ་བའི་ཐབས་རྩོམ་ཞེས་བྱ་བའི་ཐ་ཚིག་གོ །དགྲ་བཅོམ་དྲུག་འདོད་ཅེས་བྱ་བ་ལ། མདོ་ལས་མི་སློབ་པ་དགུ་བཤད་པ་གང་ཡིན་པ་དེ་དག་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དང༌། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དག་ཀྱང་མི་གཡོ་བའི་ཆོས་ཅན་གྱི་ནང་དུ་འདུ་བས་ཆོས་མངོན་པའི་ལུགས་ལས་དྲུག་ཉིད་དུ་ཐ་སྙད་བཏགས་སོ། །འདི་ལ་ཡོངས་སུ་ཉམས་པའི་ཆོས་ཀྱི་རང་བཞིན་ཡོད་པས་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །དེ་བཞིན་དུ་འདི་ལ་བདག་ཉིད་འཆི་བར་སེམས་པའི་ཆོས་ཡོད་པས་ན་འཆི་བར་སེམས་པའི་ཆོས་ཅན་ནོ། །འདི་ལ་རྣམ་པར་གྲོལ་བ་གང་ལ་གནས་པ་དེ་གསུངས་པའི་ཆོས་ཡོད་པས་ན་རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །དེ་བཞིན་དུ་གནས་པ་ལ་མི་སྤྱོད་པ་ནི་ག་ལ་གནས་པ་བསྐྱོད་པར་མི་ནུས་པ་སྟེ། ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་རྣམ་པར་གྲོལ་བ་རྟོགས་ཤིང་ཁོང་དུ་ཆུད་དེ་སྐལ་བ་དང་ལྡན་ཞིང་ནུས་པ་ནི་རྟོགས་པའི་སྐལ་བ་ཅན་ནོ། །དབང་པོ་རྣོ་བའི་ཕྱིར་ན་མི་གཡོ་བ་སྟེ། འདི་གཡོ་བར་མི་ནུས་པའི་ཕྱིར་མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས་ཞེས་བྱ་བ་ནི་དགྲ་བཅོམ་པ་དྲུག་པོ་ལས་སོ། །སེམས་ཀྱིས་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བས་ཕོངས་པ་ཞེས་བྱ་བ་ལ། དུས་དང་སྦྱོར་བ་ནི་དུས་ཀྱིས་


DTG210_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་སྟེ། དེ་སྐྱེ་བ་ཡུལ་དང་གང་ཟག་དང་ཡོ་བྱད་ཀྱི་དུས་ལ་བལྟོས་པའི་ཕྱིར་རོ། །ཕོངས་པ་ནི་མིག་གཅིག་པའི་མིག་བཞིན་དུ་ལྷུར་བླངས་ནས་རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར་ཏེ། ཕོངས་པ་ནི་རྟག་ཏུ་རྗེས་སུ་བསྲུངས་པ་ཡིན་ནོ། །དུས་ལ་བལྟོས་པ་ཡང་ཡིན་ལ་ཞེས་བྱ་བ་ལ། དུས་ཞེས་བྱ་བ་ནི་ཡོ་བྱད་ལ་སོགས་པ་ལ་བྱའོ། །ཡང་ཇི་ལྟར་དེ་དག་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ཡིན་ཞེ་ན། དེའི་ཕྱིར་འདི་དག་གི་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་བ་ནི་ཞེས་བྱ་བ་སྨོས་ཏེ། དེའི་རྟེན་མཐུ་ཆུང་བའི་ཕྱིར་རོ། །གཡོ་བར་མི་ནུས་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་ཏེ། དེ་ཉིད་ཀྱི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་སོ། །འདོད་དགུར་ཞེས་བྱ་བ་ནི་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པའི་ཕྱིར་ཏེ། དེ་ནི་གང་རུང་རུང་གི་ཚེ་གང་རུང་རུང་དུ་གང་རུང་རུང་གིས་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པ་ཡིན་ནོ། །དུས་གཞན་གྱི་བར་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའི་ཕྱིར་ན་དུས་ཀྱི་རྣམ་པར་གྲོལ་བའོ། །གཏན་དུ་རྣམ་པར་གྲོ་ལ་བའི་ཕྱིར་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ནོ། །ཡང་ན་ཡོངས་སུ་ཉམས་པ་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དུ་རྣམ་པར་གྲོལ་བའོ། །ཡོངས་སུ་ཉམས་པ་མི་སྲིད་པའི་སྒོ་ནས་གཏན་དུ་རྣམ་པར་གྲོལ་བའོ། །ཁ་ཅིག་དང་པོ་ནས་དེའི་རིགས་ཞེས་བྱ་བ་འབྱུང་ངོ༌། །རིགས་ཞེས་བྱ་བ་ནི་ཅི་ཞིག་ཅེ་ན། ཁ་ཅིག་ན་རེ་དགེ་བའི་རྩ་བ་ཡིན་ཏེ། དེའི་བྱེ་བྲག་གིས་འདི་བྱེ་བྲག་ཏུ་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་དད་པ་ལ་སོགས་པའི་དབང་པོ་རྣམས་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ན་རེ་ནི་སེམས་ཀྱི་ས་བོན་གྱིས་དངོས་པོའི་ནུས་པ་ཡིན་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་ནི་སོ་སོའི་སྐྱེ་བོའི་གནས་སྐབས་དང་སློབ་པའི་གནས་སྐབས་ན་ཡང་ས་བོན་ཡོད་པས་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཅན་ཞེས་བྱ་ལ། མི་སློབ་པའི་གནས་སྐབས་སུ་ས་བོན་དེའི་འཇུག་པ་རྙེད་པས་ཡོངས་སུ་ཉམས་པའི་ཆོས་ཅན་ཞེས་བྱའོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་


DTG210_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ཡང་དེ་བཞིན་དུ་རིགས་པར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ནི་དང་པོ་ཉིད་ནས་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ནར་ཏེ་སྦྱངས་པ་ལས་གྱུར་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་འདིར་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་བདག་ཉིད་བརྒལ་ཏེ་འཆི་བར་སེམས་པའི་ཆོས་ཅན་ལ་སྤྱོད་པར་བྱེད་ཅེ་ན། གང་གི་ཕྱིར་ཡོངས་སུ་ཉམས་པའི་ཆོས་ཅན་སྦྱངས་པ་ལས་གྱུར་པ་ཡོད་པ་མ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་དུ་ཡང་དེ་དང་འདྲ་བར་རིགས་པར་བྱའོ་ཞེས་བྱ་བ་ལ། འཆི་བར་སེམས་པའི་ཆོས་ཅན་དང་པོ་ཉིད་ནས་དེའི་རིགས་ཅན་དང་དབང་པོ་སྦྱངས་པ་ལས་གྱུར་པ་ན་རྗེས་སུ་བསྲུང་བའི་ཆོས་ཅན་ཐོབ་ནས་རིམ་གྱིས་མི་གཡོ་བའི་ཆོས་ཅན་གྱི་བར་འཐོབ་སྟེ། རྗེས་སུ་བསྲུངས་བའི་ཆོས་ཅན་ལ་སོགས་པ་དག་ལ་ཡང་ཅི་རིགས་པར་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་གྱི་ཡོངས་སུ་ཉམས་པ་ཉིད་ནི་མ་ཡིན་ནོ། །འཆི་བར་སེམས་པའི་ཆོས་ཅན་དང་ཡོངས་སུ་ཉམས་པའི་ཆོས་ཅན་གང་ཡིན་པ་ཡོངས་སུ་ཉམས་པའི་སྐལ་བ་དང་ལྡན་གྱིས་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་མི་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ཡོངས་སུ་ཉམས་པར་བྱེད་ནུས་པས་དེའི་ཕྱིར་འཆི་བར་སེམས་པ་ལ་སོགས་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་འགྱུར་བའི་སྐལ་པ་ཅན་ཞེས་བྱ་བ་ཡང་འཆི་བར་སེམས་པ་ཁོ་ན་མ་ཡིན་ནོ། །སེམས་པར་གྱུར་པ་ནི་འཆི་བར་གྱུར་པའོ། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་རྣམས་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ཡོད་ཀྱང་རེ་རེ་ལ་མཚན་ཉིད་ཀྱི་ཁྱད་པར་བསྟན་པའི་འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པའི་སྐལ་པ་དང་ལྡན་གྱི་རྗེས་སུ་བསྲུང་པའི་ཆོས་ཅན་ནི་མ་ཡིན་པ་གང་ཡིན་པའོ་ཞེས་བྱ་བ་འདི་བརྗོད་མི་དགོས་སོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མ་བསྲུངས་ཀྱང་འབྲས་བུ་དེ་ལ་གནས་པའི་སྐལ་བ་ཅན་ཡིན་ཏེ། རྗེས་སུ་བསྲུང་བའི་ཆོས་ཅན་ནི་མ་བསྲུངས་ན་མཉམ་པའི་


DTG210_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་ཅན་ཡིན་གྱི་གནས་པར་མི་འགྱུར་བས་དེ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཉམས་པར་མི་འགྱུར་བ་དང་ཞེས་བྱ་བ་སྨོས་སོ། །འཕེལ་བར་ཡང་མི་འགྱུར་བའི་ཞེས་བྱ་བ་ནི་རྟོགས་པའི་སྐལ་བ་ཅན་ཐོབ་པར་མི་འགྱུར་བའོ། །མངོན་པར་བརྩོན་པ་མེད་ན་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་མེད་ན་སྟེ། གལ་ཏེ་མངོན་པར་བརྩོན་པར་བྱེད་ན་ནི་ཐོབ་པའི་སྐལ་བ་ཅན་དུ་འགྱུར་རོ། །ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་ཞེས་བྱ་བ་ལ། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་རྣམས་ནི་ཡོངས་སུ་ཉམས་པའི་རྐྱེན་ཆུང་ངུས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་རྣམས་ནི་མདོ་ལས་ཇི་སྐད་དུ་འབྱུང་བ་སྟེ། ཇི་ལྟར་ཞེ་ན་རྐྱེན་ལྔ་དང་རྒྱུ་ལྔས་དུས་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་མཐའ་ལ་ཞུགས་པ་ཡིན། སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་པ་ཡིན་ཞེས་པ་ཡིན། དང་པོ་གཉིས་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དང། འཆི་བར་སེམས་པའི་ཆོས་ཅན་ནོ། །སྔོན་ཞེས་བྱ་བ་ནི་སོ་སོ་སྐྱེ་པོ་དང་སློབ་པའི་གནས་སྐབས་ནའོ། །རྒྱུན་ཏུ་སྦྱོར་བ་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གཉི་ག་ལ་ཡང་གཉི་ག་མེད་མོད་ཀྱི། འཆི་བར་སེམས་པའི་ཆོས་ཅན་ནི་ལུས་ལ་སྨོད་པ་ཀུན་ཏུ་སྤྱོད་པ་ཆེས་མང་བ་གང་གིས་ན་བདག་ཉིད་བརླག་པར་སེམས་བསྐྱེད་པའམ་ཡོངས་སུ་ཉམས་པ་དགོས་པའམ། ལུས་མི་གཙང་བའི་རྫས་དུ་མ་ཚོགས་པའི་བདག་ཉིད་ཅན་གནས་པ་ལ་དགོས་པ་མེད་པར་བརྟགས་ནས་བདག་ཉིད་འཆི་བར་སེམས་པའོ། །གཞན་དག་ན་རེ་དེའི་རིགས་ནི་གང་ཟག་འདིའི་རང་བཞིན་གང་ཡིན་པ་དེ་ལ་མཚོན་ཆ་གདབ་པར་བྱའོ་སྙམ་དུ་དེ་ལྟར་སྲོག་ལ་བལྟོས་པ་མེད་པ་ལ་བརྟེན་ནས་རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་སྟེ། ཇི་སྐད་དུ། མགྲིན་པར་མཚོན་ཆ་ཁ་བསྟན་ཏེ། །དེ་ནས་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་སོ་ཞེས་ཟེར་རོ། །གསུམ་


DTG210_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཞེས་བྱ་བ་ནི་རྗེས་སུ་བསྲུངས་པའི་ཆོས་ཅན་ཏེ། རྒྱུན་ཏུ་སྦྱོར་བ་ཡིན་གྱི་གུས་པར་སྦྱོར་བ་ནི་མ་ཡིན་ཏེ། དེ་ནི་སེམས་ཀྱིས་རྣམ་པར་གྲོལ་བ་ཤིན་ཏུ་རྗེས་སུ་བསྲུང་བར་བྱ་བར་སེམས་སོ། །དེ་འདི་སྙམ་དུ་བདག་གིས་མི་གཡོ་བའི་ཆོས་ཅན་རྟོགས་པར་མ་ནུས་པས་ནུས་པར་བྱའོ་སྙམ་དུ་བག་ཡོད་པས་རྣམ་པར་གྲོལ་བ་རྗེས་སུ་བསྲུང་བར་གྱུར་པའོ། །བཞི་པ་ཞེས་བྱ་བ་ནི་གནས་པ་ལས་མི་བསྐྱོད་པའོ། །དེ་ནི་གུས་པར་སྦྱོར་བ་ཡིན་གྱི་རྒྱུན་ཏུ་སྦྱོར་བ་མ་ཡིན་ཏེ། དེ་ནི་རྗེས་སུ་མ་བསྲུངས་ཀྱང་གནས་པའི་སྐལ་བ་ཅན་ཡིན་གྱི། ཡོངས་སུ་ཉམས་པའི་རྐྱེན་སྟོབས་ཆུང་བ་གང་རུང་རུང་གིས་ཉམས་པར་མི་འགྱུར་ལ། མངོན་པར་བརྩོན་པ་མེད་ན་འཕེལ་བར་ཡང་མི་འགྱུར་ཞིང་བཏང་སྙོམས་ཀུན་ཏུ་སྤྱོད་པ་མང་བ་ཡིན་ནོ། །རྟོགས་པའི་སྐལ་བ་ཅན་དང༌། མི་གཡོ་བའི་ཆོས་ཅན་གཉིས་ཀྱི་ཁྱད་པར་ནི་དབང་པོས་བྱས་པ་ཡིན་གྱི་སྦྱོར་བས་བྱས་པ་ནི་མ་ཡིན་ཏེ། གཉིས་ཀ་ཡང་རྒྱུན་ཏུ་སྦྱོར་བ་པ་དང་གུས་པར་སྦྱོར་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་ཉམས་པ་ཉིད་ནི་མ་ཡིན་ནོ། །གཞན་དག་ན་རེ། གང་ཞིག་ཡོན་ཏན་ཐོབ་པ་མ་ཚང་བ་མེད་པ་ལྷག་པར་བསྒྲུབས་པ་ནི་གནས་པ་ལས་མི་གཡོ་བ་དང༌། ཡོན་ཏན་ཐམས་ཅད་ཐོབ་པའི་སྐལ་བ་ཅན་གང་ཡིན་པ་དེ་ནི་རྟོགས་པའི་སྐལ་བ་ཅན་ནོ་ཞེས་ཟེར་རོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་གལ་ཏེ་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་བ་ཅན་གྱི་བར་དུ་རྟོགས་པར་འགྱུར་བ་མ་ཡིན་ན། ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་པར་རུང་ངོ༌། །རིགས་ཀྱི་སྒོ་ནས་དགྲ་བཅོམ་པ་རྣམ་པར་བཞག་ན་ཐམས་ཅད་དུ་དྲུག་ཉིད་དུ་འགྱུར་རོ། །གང་དག་གི་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་མ་ཡིན་ན་འདི་དག་གི་མིང་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། །དེ་དག་གི་ལྟར་ན་འདོད་པའི་ཁམས་ཉིད་ན་དྲུག་སྟེ། འདོད་པའི་ཁམས་ཁོ་ནར་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་དབང་པོ་འཕོ་བ་སྲིད་པའི་ཕྱིར་རོ། །དེ་གཉིས་ནི་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་


DTG210_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སོ། །དེ་དག་ཏུ་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་དབང་པོ་འཕོ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ན་ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས་དབང་པོ་རྣམས་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང༌། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་ཡོངས་སུ་ཉམས་པ་མེད་ལ། ཡོངས་སུ་ཉམས་པ་མེད་པས་ན་ཡོངས་སུ་ཉམས་པའི་ཆོས་ཅན་ཡང་མེད་དོ། །ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱི་ཕྱིར་རྗེས་སུ་བསྲུང་བར་བྱ་བ་མེད་པས་རྗེས་སུ་བསྲུངས་པའི་ཆོས་ཅན་ཡང་མེད་དོ། །འཆི་བར་སེམས་པ་མེད་པས་འཆི་བར་སེམས་པའི་ཆོས་ཅན་ཡང་མེད་དེ། ཡོངས་སུ་ཉམས་པའི་རྒྱུ་མཚན་སྐྱོ་བ་མེད་པའི་ཕྱིར་དང༌། འཆི་བར་སེམས་པ་དང་མཐུན་པའི་སྐྱོ་བ་མེད་པའི་ཕྱིར་དང༌། བདག་དང་གཞན་ལ་གནོད་པ་མེད་པའི་ཕྱིར་རོ། །དབང་པོ་འཕོ་བ་མེད་པས་རྟོགས་པའི་སྐལ་བ་ཅན་མེད་དོ། །གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་དག་ནི་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང༌། དབང་པོ་འཕོ་བ་ལ་མི་བལྟོས་པས་དེ་ན་དེ་གཉིས་ཁོ་ན་ཡོད་པར་ཐལ་བར་འགྱུར་རོ། །རང་གི་རིགས་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ནི་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ལྟར་སྦྱངས་པ་ལས་གྱུར་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཡོངས་སུ་ཉམས་པ་མེད་དོ། །ལྷག་མ་ལས་ནི་ཡོངས་སུ་ཉམས་ཏེ་སྦྱངས་པ་ལས་གྱུར་པ་གང་ཡིན་པ་ལས་སོ། །རིགས་དང་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ་ནི་སློབ་པ་དང་མི་སློབ་པའི་ལམ་དག་གིས་བསྟན་པར་བྱས་པའི་ཕྱིར་ཞེས་བྱ་བ་སྟེ། སློབ་པ་ནི་ཞེས་བྱ་བ་སྟེ། སློབ་པ་ནི་ཞེས་བྱ་བ་ལ་རིགས་དང་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ལ་རྒྱུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་ཞེས་བྱ་བ་སྨོས་ཏེ། བསྟན་པར་བྱས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་འོ་ན་གང་སྦྱངས་པ་ལས་གྱུར་པ་ནི་སློབ་པ་དང་མི་སློབ་པའི་ལམ་གྱིས་བསྟན་པར་བྱས་པ་དེའི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་རིགས་ཁོ་ན་དེ་དང་འདྲ་བའོ། །གཞན་དག་ན་རེ་གང་གི་


DTG210_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་པོ་ནས་ཡོངས་སུ་མི་ཉམས་པ་སྟེ། སྦྱངས་བ་ལས་གྱུར་པ་ནི་ཡོངས་སུ་ཉམས་པའོ་ཞེས་ཟེར་རོ། །གང་ཞིག་སློབ་པ་སྦྱངས་པ་ལས་གྱུར་པའི་རང་བཞིན་ཅན་དེ་ནི་མི་སློབ་པའི་དང་པོ་ཉིད་དོ། །དེ་བཞིན་དུ་སོ་སོ་སྐྱེ་བོའི་གནས་སྐབས་ལ་བལྟོས་ཏེ་སློབ་པ་ལ་ཡང་བརྗོད་པར་བྱའོ། །གང་གི་འབྲས་བུ་དང་པོ་དག་ཡིན་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའོ། །ལྷག་མ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་བ་ལ། གང་ཞིག་གང་གི་དང་པོ་མ་ཡིན་པ་དེ་ལས་ནི་ཉམས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ནི་ཐམས་ཅད་ཀྱི་ཚེ་དང་པོ་ཁོ་ན་ཡིན་གྱི། གཉིས་པའམ་གསུམ་པ་མ་ཡིན་པས་སོ། །གོ་རིམས་བཞིན་དུ་རྣམ་པ་ལྔ་དང་དྲུག་དང་བདུན་ཡིན་པར་རིགས་པར་བྱའོ་ཞེས་བྱ་བ་ལ་རྗེས་སུ་བསྲུངས་པའི་ཆོས་ཅན་ནི་རྣམ་པ་ལྔ་ཡིན་ཏེ། དེ་ན་གནས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། དབང་པོ་འཕོ་བ་དང༌། ཡོངས་སུ་ཉམས་ནས་སློབ་པ་ཉིད་དུ་འགྱུར་བ་དང༌། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བ་དང༌། འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །གནས་པ་ལས་མི་བསྐྱོད་པ་ནི་རྣམ་པ་དྲུག་ཡིན་ཏེ། ལྔ་པོ་དེ་དག་ཉིད་དང་རྗེས་སུ་བསྲུངས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །རྟོགས་པའི་སྐལ་བ་ཅན་ནི་རྣམ་པ་བདུན་ཡིན་ཏེ། དྲུག་པོ་དེ་དག་ཉིད་དང་གནས་པ་ལས་མི་བསྐྱོད་པའི་རིགས་སུ་སླར་འོང་བའོ། །གང་གི་རིགས་དང་པོ་གང་ཡིན་པ་ཞེས་བྱ་བ་ནི་སློབ་པའི་གནས་སྐབས་ནས་བརྩམས་པ་དག་གོ །དེ་སློབ་པར་གྱུར་ན་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་སྟེ། དེ་ཁོ་ན་ལ་གནས་ཀྱིས་གཞན་ལ་མ་ཡིན་ནོ་ཞེས་བྱའོ། །མི་སློབ་པ་སྦྱངས་པས་ཐོབ་པ་གང་ཡིན་པ་དེ་སློབ་པའི་གནས་སྐབས་གང་ཡིན་པ་ཡང་སྦྱངས་པས་ཐོབ་པས། དེའི་ཕྱིར་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ནི་དང་པོ་ཁོ་ནར་མི་སློབ་པའི་གནས་སྐབས་ཡིན་ན། གང་སོ་སོ་སྐྱེ་བོའི་


DTG210_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་དབང་པོ་སྦྱངས་པས་ཐོབ་པ་ལྟ་ཅི་སྨོས། སློབ་པས་ཀྱང་སོ་སོ་སྐྱེ་བོའི་གནས་སྐབས་སུ་དབང་པོ་སྦྱངས་པས་གང་ཐོབ་པ་དེའི་ཕྱིར་ཡོངས་སུ་ཉམས་པ་མ་ཡིན་ནོ། །རིགས་ཁྱད་པར་ཅན་རྙེད་པའི་ཕྱིར་ཞེས་བྱ་བ་ནི། དེས་ཀུན་ནས་དྲངས་པའི་རིགས་གང་ཡིན་པ་དེ་སྙེད་པའི་ཕྱིར་ཡོངས་སུ་མི་ཉམས་ཏེ། འཕེལ་པ་ཁོ་ནར་འགྱུར་གྱི་ཡོངས་སུ་ཉམས་པར་མི་འགྱུར་རོ། །འདི་སྐད་བཤད་པར་འགྱུར་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དབང་པོ་སྦྱངས་པས་རྟོགས་པའི་སྐལ་བ་ཅན་ཐོབ་པ་དེ་སློབ་པར་གྱུར་ཅིང་རིགས་དེ་ལས་ཀྱང་ཡོངས་སུ་ཉམས་ན་ལུགས་ལས་བཟློག་པ་གནས་པ་ལས་མི་བསྐྱོད་པའི་རིགས་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཀྱི་བར་ལ་མི་གནས་སོ། །འོ་ན་ཅི་ཞེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་ཁོ་ན་ལ་གནས་སོ། །འདིར་རིགས་ལ་གནས་པའི་སྒོ་ནས་རིགས་ཀྱི་ཁྱད་པར་ཐོབ་པས་དབང་པོ་སྦྱངས་པ་ཐོབ་པ་ལས་ཀྱང་རིགས་ལས་ངེས་པར་ཉམས་པར་འགྱུར་རོ། །དེ་ཁྱད་པར་གྱི་འབྲས་བུ་དོར་ནས་འབྲས་བུ་ཐོབ་པ་འཕེལ་བར་བྱེད་དོ། །དེའི་ཕྱིར་བསྟན་བཅོས་ལས་རིགས་ལས་ཡོངས་སུ་ཉམས་ཀྱང་འབྲས་བུ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། རིགས་གོང་མ་ཡོངས་སུ་ཉམས་ཀྱང་རིགས་འོག་མས་བསྡུས་པའི་འབྲས་བུ་དེ་ཉིད་ལ་གནས་པའི་ཕྱིར་རོ། །མཐར་གྱིས་པ་དབང་པོ་རྣོན་པོ་རྣམས་ནི་ཡོངས་སུ་སྦྱངས་པ་བཞིན་མཐར་གྱིས་པ་ལས་ཡོངས་སུ་ཉམས་པ་མེད་དེ། ཅིའི་ཕྱིར་ཞེ་ན་འབད་པས་ཐོབ་པའི་རིགས་ནི་དབང་པོ་འཕོ་བས་འདོད་པ་སྟེ། འབད་པ་མེད་པར་ཐོབ་པ་མེད་པའི་ཕྱིར་ཉེ་བར་བསགས་པར་འབད་པས་ཐོབ་པ་ཁོ་ན་རིགས་ཀྱི་ངོ་བོས་གནས་སོ། །ཡང་ཅིའི་ཕྱིར་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པ་མེད་ཅེས་བྱ་བ་ནི། མཐར་གྱིས་པ་དང་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དག་ལས་མཐོང་བས་སྤང་པར་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི། དངོས་པོ་ཇི་ལྟར་ཀུན་བཏགས་པ་


DTG210_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་དངོས་པོ་ཇི་ལྟ་བར་གཉི་ག་འགལ་བ་མེད་དེ། རིགས་ཀྱི་ཁྱད་པར་ཐོབ་པའི་ཕྱིར་འདི་འཕེལ་ལ་ཉོན་མོངས་པ་དང་ལྡན་པ་ལས་ནི་ཡོངས་སུ་ཉམས་པས་ན་འདི་ལ་འགལ་བ་ཅི་ཞིག་ཡོད། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་གེགས་བསྐྱེད་པའི་ཕྱིར་ཡང་འདི་ཡོད་མོད་ཀྱི། འདི་ཉིད་མི་རིགས་ཀྱི་ཁྱད་པར་ཐོབ་པ་ཡོངས་སུ་ཉམས་པར་འགྱུར་གྱི་འཕེལ་བ་མ་ཡིན་ཞེས་བྱ་བ་འདི་ལ་རྒྱུ་མེད་དོ། །བདག་གི་གཞི་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི། བདག་གི་དབང་དུ་བྱས་ནས་འཇུག་པ་སྟེ། འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར་བདག་གི་གཞི་ཞེས་བྱ་བར་ཤེས་སོ། །ཇི་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པ་དེ་ནི་ཕྲ་རྒྱས་བསྟན་པའི་མཛོད་ཉིད་དུ་རྒྱ་ཆེར་བཤད་ལ། དེ་ཡང་བདག་མེད་དོ་ཞེས་བྱ་བ་གྲུབ་པས་འདི་གཞི་མེད་པ་ཉིད་དོ། །འོ་ན་མེད་པ་ལ་དམིགས་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གི་རྫས་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི་ལུས་སྡུག་བསྔལ་བ་ལ་བདག་ཏུ་དམིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པའི་ཉོན་མོངས་པ་གང་ཞིག་ཡིན་ཏེ་ཞེས་བྱ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་ཡང་མི་གཙང་བ་ལ་སོགས་པའི་དངོས་པོ་ལ་གཙང་བ་དང་བདེ་བ་དང་རྟག་པའི་རྣམ་པར་དམིགས་པའི་ཕྱིར་ཅི་ལོག་ཏུ་དམིགས་པ་ཡིན་ནོ། །བྱེད་པ་པོ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེད་པ་པོའོ། །ཚོར་བ་པོ་ནི་འབྲས་བུའི་ཟག་པོའོ། །དབང་བསྒྱུར་བ་ནི་དེ་ལ་འདོད་དགུར་འཇུག་པའི་ཕྱིར་རོ། །དེའི་གཞི་ལ་ཞུགས་པ་ཡིན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། བདག་ཏུ་མངོན་པར་འདོད་པའི་དངོས་པོ་ལ་རྟག་པ་དང་ཆད་པར་རྟོག་པའི་ཕྱིར་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་ནི་རང་གི་ངོ་བོ་གཟུགས་ལ་སོགས་པ་ཁོ་ན་ལ་སྒྲོ་མི་འདོགས་པར་ཆགས་པའི་རྣམ་པར་འཇུག་པས་གཞི་དང་བཅས་པ་ཞེས་བྱ་སྟེ། ཞེ་སྡང་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སློབ་དཔོན་གྱིས་གཞན་ཡང་


DTG210_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཞེས་བྱ་བ་སྨོས་སོ། །དྲན་པ་ཉམས་པ་ཞེས་བྱ་བ་ལ་དྲན་པ་ཉམས་པ་ནི་དྲན་པ་ཉོན་མོངས་པ་ཅན་ནོ། །ཐག་པ་ལ་སྦྲུལ་གྱི་འདུ་ཤེས་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་དྲན་པ་ཉམས་པས་ཐག་པ་ལ་སྦྲུལ་དུ་འདུ་ཤེས་པ་འབྱུང་གི་ངེས་པར་རྟོགས་པ་ལས་མ་ཡིན་པ་བཞིན་ནོ། །ངེས་པར་མི་རྟོག་པ་ལ་ནི་ཞེས་བྱ་བ་ནི་ལྟ་བ་རྣམས་ངེས་པར་རྟོག་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་སྤངས་པ་ལས་ཡོངས་སུ་ཉམས་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྙམ་དུ་བསམས་པའོ། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤང་བ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ༌། །འཕགས་པ་མ་ཡིན་པའི་ནི་སྤངས་ཀྱང་སྤངས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། སླར་སྐྱེ་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །དགྲ་བཅོམ་པ་ཉིད་ནི་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་པ་ལ་སྲིད་པའི་རྩེ་མོའི་གཉེན་པོ་མེད་པའི་ཕྱིར་རོ། །སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ་ཞེས་སྨྲའོ་ཞེས་བྱ་བའི་མདོའི་ཚིག་འདི་ནི་དགྲ་བཅོམ་པ་ཉིད་ལ་ཡོངས་སུ་ཉམས་པ་མེད་དོ་ཞེས་བྱ་བའི་ཁུངས་གཉིས་པ་ཡིན་ནོ། །སློབ་པ་ནི་འབྲས་བུ་གཉིས་ལས་ཡོངས་སུ་ཉམས་པ་སྲིད་ཅིང་དེའི་ཉོན་མོངས་པ་ཡང་ལྷག་མ་དང་བཅས་པས་བག་ཡོད་པར་གསུངས་ཀྱི། མི་སློབ་པ་ནི་ཉོན་མོངས་པ་མ་ལུས་པ་སྤང་བའི་ཕྱིར་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་ཡོད་པ་མ་ཡིན་པས་དེ་ལ་བག་ཡོད་པར་བྱ་བ་མ་གསུངས་སོ། །དེ་ལྟ་མ་ཡིན་ན་འདི་ལ་ཡང་སློབ་པ་བཞིན་དུ་བག་ཡོད་པར་བྱའོ་ཞེས་ཅི་སྟེ་མི་གསུང༌། གཞན་དག་ན་རེ། འཇིག་རྟེན་པའི་ལམ་གྱིས་སྤངས་པ་རྣམས་ལས་བརྒྱད་པའི་སའི་སྤངས་པ་ནི་སླར་ངན་སོང་དང་འབྲེལ་བ་ཡིན་ནོ། །འདི་ལ་དཔེ་ནི་རངས་བྱེད་ཀྱི་བུ་ལྷག་སྤྱོད་བཞིན་ནོ་ཞེས་ཟེར་རོ། །ཡང་ཟག་པ་མེད་པས་སྤངས་པ་རྣམས་ནི་མ་ཡིན་ཏེ་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་ཀྱང་སླར་སྐྱེ་བ་དང་འབྲེལ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དགེ་སློང་


DTG210_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་ནི་སྤངས་པའོ་ཞེས་གསུངས་སོ། །སློབ་པ་ལ་བག་ཡོད་པར་བྱའོ་ཞེས་གསུངས་ལ་དགྲ་བཅོམ་པ་ལམ་ཡིན་པ་དེ་ལ་དགོས་པ་ཡོད་དེ། སློབ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་ཡང་ཡོངས་སུ་ཉམས་པ་ན་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལ་བག་ཡོད་པར་བྱ་བ་བཀའ་སྩལ་པར་གྱུར་ཏོ། །མི་སློབ་པ་ལ་ནི་ཡོངས་སུ་ཉམས་ཀྱང་ཡང་སྲིད་པ་མངོན་པར་འགྲུབ་པའི་སྐབས་མེད་པས་དེ་ལ་བག་ཡོད་པར་བྱ་བ་མ་གསུངས་སོ་ཞེས། ཟེར་རོ། །འདི་ནི་འཆད་པར་འགྱུར་བའི་རིགས་པ་དང་འགལ་བའི་ཕྱིར་དང་ཐེ་ཚོམ་ཟ་བའི་ཕྱིར་ཁས་མི་ལེན་ཏོ། །སློབ་པ་ལ་ནི་ཡོངས་སུ་ཉམས་པ་ཡོད་དེ་འཇིག་རྟེན་པའི་ལམ་གྱིས་སྤངས་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་པ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ལ་ཡང་བག་ཡོད་པར་བྱ་བ་མདོ་གཞན་ལས་གསུངས་ཏེ། རྙེད་པ་དང་བཀུར་སྟི་བར་ཆད་བྱེད་པ་ཡིན་པར་བཤད་པའི་ཕྱིར་རོ་སྙམ་དུ་སེམས་པ་བསལ་བར་བྱ་བའི་ཕྱིར། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྙེད་པ་དང་བཀུར་སྟི་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ན་ལ་བར་ཆད་བྱེད་ཀྱི། དགྲ་བཅོམ་པ་ཉིད་ལ་ནི་མ་ཡིན་པས་དེ་ལ་བག་ཡོད་པར་བྱ་བ་མེད་དོ། །འདིས་སེམས་རྣམ་པར་གྲོལ་བ་མི་གཡོ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་དེ་ལས་ནི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མེད་དོ་ཞེས་རང་གི་སྒྲ་ཁོ་ནས་གསུངས་སོ་ཞེས་བསྟན་ཏོ། །གལ་ཏེ་དུས་དང་སྦྱོར་བ་ལ་ཡོད་དོ་ཞེས་བྱ་བ་ལ། སེམས་རྣམ་པར་གྲོལ་བ་ནི་རྣམ་པ་གཉིས་ཏེ། དུས་དང་སྦྱོར་བ་དང་མི་གཡོ་བའོ། །དེ་ལ་མི་གཡོ་བ་ཞེས་བྱ་བ་ཁྱད་པར་དུ་བྱས་པས་སེམས་རྣམ་པར་གྲོ་ལ་བ་དུས་དང་སྦྱོར་བ་ལས་ཡོངས་སུ་ཉམས་སོ་ཞེས་བསྟན་པར་འགྱུར་རོ། །དུས་སུ་མངོན་སུམ་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་དུས་འགའ་ཞིག་གི་ཚེ་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །རོ་མྱང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕོངས་པས་ཞེས་རྗེས་སུ་འཇུག་གོ །དགྲ་བཅོམ་པ་ཉིད་ཀྱི་རྣམ་པར་


DTG210_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ནི་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་རྣམ་པར་གྲོལ་བ་ཡིན་པའོ། །རྟག་ཏུ་རྗེས་སུ་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་ཐོབ་པའི་ཚུལ་གྱིས་རྟག་ཏུ་རྗེས་སུ་འབྲེལ་པ་དུས་དང་སྦྱོར་བ་ཡིན་པར་མི་རུང་སྟེ། འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ནམ་ཡང་མངོན་དུ་གྱུར་པ་མ་ཡིན་ནོ། །ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་པའི་ཕྱིར་ཕོངས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་ཏུ་རྗེས་སུ་འབྲེལ་བ་ཉིད་ཀྱི་ཕྱིར་ཡང་དོན་དུ་གཉེར་བར་བྱ་བ་མ་ཡིན་ནོ། །གལ་ཏེ་འདི་དུས་གཞན་དུ་འབྲེལ་བའི་ཕྱིར་དུས་དང་སྦྱོར་བ་ཡིན་ལ། ཡོངས་སུ་ཉམས་པ་དག་གིས་ཀྱང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ཕོངས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གལ་ཏེ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལྷག་པའི་སེམས་ལ་ཡོད་པས་ན་ལྷག་པའི་སེམས་ལས་བྱུང་པའོ། །དབང་ཉམས་པའི་ཕྱིར་ཞེས་བྱ་བ་ནི་མངོན་དུ་བྱ་བ་མཐུ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་ཏིང་ངེ་འཛིན་ཉམས་པའི་འཇིགས་པས་བདག་ཉིད་འཆི་བར་སེམས་པ་དེ་ནི་འཆི་བར་སེམས་པའི་ཆོས་ཅན་ནོ། །གང་ཞིག་ཡོན་ཏན་གྱི་ཁྱད་པར་ཅུང་ཞིག་རྗེས་སུ་བསྲུང་བ་དེ་ནི་རྗེས་སུ་བསྲུངས་པའི་ཆོས་ཅན་ནོ། །གང་ཞིག་ཡོན་ཏན་དེ་ཙམ་ལ་གནས་པ་དེ་ལས་མ་བསྲུངས་ཀྱང་མི་གཡོ་བ་དེ་ནི་གནས་པ་ལས་མི་བསྐྱོད་པའོ། །གང་ཞིག་ཡོན་ཏན་གྱི་ཁྱད་པར་གོང་དུ་རྟོགས་པར་བྱེད་པ་དེ་ནི་རྟོགས་པའི་སྐལ་བ་ཅན་ཏེ། རྟོགས་པར་བྱེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་གང་ཡིན་པའོ། །མི་གཡོ་བར་བསྐྱེད་པའི་ཡོན་ཏན་རྣམས་ལས་ཡོངས་སུ་མི་ཉམས་པ་གང་ཡིན་པ་དེ་ནི་མི་གཡོ་བའི་ཆོས་ཅན་ནོ། །ཇི་ལྟར་ཡོངས་སུ་ཉམས་པའི་ཆོས་ཅན་ལས་བཟློག་སྟེ་བཤད་པ། གང་ཞིག་ཡོངས་སུ་ཉམས་པའི་ཆོས་ཅན་མ་ཡིན་པ་དེ་ཡོངས་སུ་ཉམས་པའི་ཆོས་ཅན་མ་ཡིན་ཏེ། དེ་ལྟར་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་རྣམས་ལ་ཡང་བཟློག་པས་བསྐྱེད་དེ། གང་ཞིག་འཆི་བར་སེམས་པའི་ཆོས་ཅན་མ་ཡིན་པ་དེ་འཆི་བར་སེམས་


DTG210_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན་མ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་མདོ་ལས་མི་འབྱུང་བའི་ཕྱིར་རོ། །ཡོངས་སུ་ཉམས་པའི་ཆོས་ཅན་དང་ཡོངས་སུ་མི་ཉམས་པའི་ཆོས་ཅན་དག་གཟུང་བ་ནི་དེ་དག་མདོ་ལས་འབྱུང་བའི་ཕྱིར་རོ། །ཡོངས་སུ་མི་ཉམས་པ་དང་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་དག་ལ་ཁྱད་པར་ཅི་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་ལ་ཡོངས་སུ་ཉམས་པ་མེད་པས་འདྲི་བའོ། །སྦྱངས་པ་ལས་གྱུར་བ་ཞེས་བྱ་བ་ནི་དབང་པོ་སྦྱངས་པ་རྗེས་སུ་ཐོབ་ཅེས་བྱ་བའི་དོན་ཏོ། །འདི་ནི་ཁྱད་པར་ཡིན་པར་མངོན་ནོ་ཞེས་བྱ་པ་ནི་སློབ་དཔོན་རང་གི་འདོད་པ་སྟོན་པར་བྱེད་པའོ། །གསུངས་པའི་སྐབས་དགག་པའི་ཕྱིར་ཚེ་དང་ལྡན་པ་གནག་ཚོགས་ཅན་སློབ་པར་གྱུར་པས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལ་འདི་ནི་གསུངས་པའི་སྐབས་སོ། །ཚེ་དང་ལྡན་པ་གནག་ཚོགས་ཅན་རྒྱལ་པོའི་ཁབ་ཏུ་གནས་ཏེ་ཞེས་བྱ་བ་ནས་རྒྱས་པར་དུས་དང་སྦྱོར་བ་ཡིད་དུ་འོང་བའི་སེམས་རྣམ་པར་གྲོལ་བ་ལུས་ཀྱིས་མངོན་སུམ་དུ་བྱས་པ་དེ་ད་ལས་ཡོངས་སུ་ཉམས་སོ། །དེ་ནས་ཚེ་དང་ལྡན་པ་གནག་ཚོགས་ཅན་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས་རྒྱས་པར་དགྲ་བཅོམ་པ་ཉིད་ལ་མཚོན་ཆས་གདབ་སྟེ་ལན་བདུན་གྱི་བར་དུ་ཡོངས་སུ་ཞེས་བྱ་བ་ནས་རྒྱས་པར་ཚེ་དང་ལྡན་པ་གནག་ཚོགས་ཅན་གྱིས་མཚོན་བཏབ་པའི་བར་དུ་སྟེ། དེ་ནི་འཆི་བའི་དུས་སུ་དབང་པོ་རྣམས་རྣམ་པར་དངས་ཤིང་བཞིན་གྱི་མདོག་ཡོངས་སུ་དག་ལ་པགས་པའི་མདོག་ནི་དཀར་བར་གྱུར་ཏོ། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་རྒྱ་ཆེར་གསུངས་ཏེ། དགེ་སློང་དག་རི་དགས་ཀྱི་བུ་གནག་ཚོགས་ཅན་གྱིས་རབ་ཏུ་མི་གནས་པའི་རྣམ་པར་ཤེས་པ་ལ་མཚོན་གྱིས་བཏབ་པ་སྟེ་ཞེས་བྱ་བ་ནས་རྒྱ་ཆེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གནག་ཚོགས་ཅན་མཆོག་ཉིད་དུ་ལུང་བསྟན་པའི་བར་དུ་འབྱུང་ངོ༌། །ལུང་འདིའི་དགོངས་པ་ནི་ཚེ་དང་ལྡན་པ་གནག་ཚོགས་ཅན་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་ཏེ་ཞེས་གཞན་གྱིས་སྨྲས་པའི་ལན་གྱི་ཕྱིར་རོ། །མཚོན་གྱིས་འདེབས་པར་བྱེད་ལ་ཞེས་བྱ་བ་ནི་མགྲིན་པ་ལ་མཚོན་གྱིས་འདེབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །


DTG210_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་སྲོག་ལ་མི་ལྟ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུ་འདིས་ན་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་བཅུ་ཚན་དེ་ཁོན་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་དང་ལྡན་པ་དག་ཆོས་གཅིག་མང་དུ་བྱ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ལ་བག་ཡོད་པའོ། །ཆོས་གཅིག་བསྒོམ་པར་བྱ་སྟེ་ལུས་སུ་གཏོགས་པའི་དྲན་པའོ། །ཆོས་གཅིག་ཡོངས་སུ་ཤེས་པར་བྱ་སྟེ་ཟག་པ་དང་བཅས་པའི་རིགས་པའོ། །ཆོས་གཅིག་སྤང་བར་བྱ་སྟེ་ངའོ་སྙམ་པའི་ང་རྒྱལ་ལོ། །ཆོས་གཅིག་ཉམས་པའི་ཆ་དང་མཐུན་པ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བའོ། །ཆོས་གཅིག་རྟོགས་པར་དཀའ་བ་སྟེ། བར་ཆད་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ནོ། །ཆོས་གཅིག་བསྐྱེད་པར་བྱ་སྟེ། དུས་དང་སྦྱོར་བ་ཕོངས་པའི་སེམས་རྣམ་པར་གྲོལ་བའོ། །ཆོས་གཅིག་མངོན་པར་ཤེས་པར་བྱ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཟས་དང་གནས་རྣམས་སོ། །ཆོས་གཅིག་མངོན་དུ་བྱ་སྟེ་མི་གཡོ་བའི་སེམས་རྣམ་པར་གྲོལ་བའོ། །ཚེ་དང་ལྡན་པ་དག་དེ་ལྟར་འདི་དག་ནི་ཆོས་བཅུའོ་ཞེས་རྒྱ་ཆེར་འབྱུང་ངོ༌། །བཅུ་ཚན་གཅིག་ལས་དགྲ་བཅོམ་པ་དེ་ཉིད་ལན་གཉིས་བརྗོད་པར་རིགས་པ་མ་ཡིན་ཏེ། དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་པ་ནི་གང་དུ་ཡང་མ་གསུངས་སོ། །འོ་ན་ཅི་ཞེ་ན། མངོན་སུམ་དུ་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཡང་སེམས་རྣམ་པར་གྲོལ་བའི་དུས་དང་སྦྱོར་བ་པ་དགྲ་བཅོམ་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སེམས་སོ། །གལ་ཏེ་དུས་དང་སྦྱོར་བ་འཕངས་པའི་སེམས་རྣམ་པར་གྲོལ་བ་དབང་པོ་རྟུལ་པོས་བསྡུས་པའི་དགྲ་བཅོམ་པ་ཉིད་ཁོ་ན་བསམ་གཏན་གྱི་དངོས་གཞིའི་ཏིང་ངེ་འཛིན་མ་ཡིན་པ་དེ་ལྟ་ན་དབང་པོ་རྟུལ་པོས་བསྡུས་པའི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདིས་ཅི་ཞིག་ཤེས་པར་བྱས་པ་ཡིན་ཞེས་བྱ་བ་ནི་ཅི་ཡང་ཤེས་པར་བྱས་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །ཇི་ལྟར་ཅི་ཡང་ཤེས་པར་བྱས་པ་ཡིན་པ་དེ་བསྟན་པའི་ཕྱིར། གལ་ཏེ་རེ་ཞིག་ཅེས་བྱ་བ་རྒྱས་པར་སྨོས་སོ། །གཞན་ཡང་ནུས་སོ་ཞེས་བྱ་བ་ནས་དེ་བསྐྱེད་པ་དབང་པོ་རྣོན་པོས་བསྡུས་པ་ཉིད་ཀྱིས་ཀྱང་སྟེ། སྦྱོར་བ་གཞན་ཡང་དབང་པོ་རྟུལ་པོས་བསྡུས་པ་མ་ཡིན་ནོ། །འོན་ཏེ་བསྐྱེད་


DTG210_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་དབང་པོ་རྟུལ་པོས་བསྡུས་པས་བསྐྱེད་པར་འོས་པར་བཤད་པ་དེ་ལྟ་ན། གཞན་ཆེས་ཤིན་ཏུ་འོས་པ་ཡིན་ཏེ་ཞེས་བྱ་བ་དབང་པོ་རྣོན་པོས་བསྡུས་པ་སྟེ། ཁྱད་པར་དུ་འཕགས་པ་འདོད་པ་ནི་དམན་པ་ལ་སྦྱོར་བར་འོས་པ་མ་ཡིན་ནོ། །གལ་ཏེ་དུས་དང་སྦྱོར་བ་ཕོངས་པའི་སེམས་རྣམ་པར་གྲོལ་བ་དགྲ་བཅོམ་པ་ཉིད་མ་ཡིན་ནོ། །འོ་ན་དུས་ཀྱི་རྣམ་པར་གྲོལ་བ་ཞེས་རྒྱས་པར་འབྱུང་སྟེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་དུས་ཀྱིས་རྣམ་པར་གྲོལ་བ་ཤིན་ཏུ་མ་ཡིན་ཞེས་བྱ་སྟེ། དུས་ཀྱི་རྣམ་པར་གྲོལ་བར་མི་རུང་བ་སྟེ། གཞན་དུ་ནི་མ་ཡིན་ཞེས་བསམས་པའོ། །དབང་པོ་རྟུལ་པོའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་བཟློག་པའི་ཕྱིར་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བ་སྟེ། དབང་པོ་རྣོན་པོ་གང་ཞིག་ཡུལ་དང་དུས་དང་ནད་མེད་པ་ལ་སོགས་པ་ལ་མ་ལྟོས་པར་ཏིང་ངེ་འཛིན་མངོན་དུ་འགྱུར་པ་སྟེ། དུས་ལ་མ་བལྟོས་པར་རྣམ་པར་གྲོལ་བས་ན་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བའོ། །ཅིག་ཤོས་ནི་འཚོ་བ་དང་ཡོ་བྱད་དང་ནད་མེད་པ་ལ་སོགས་པའི་དུས་ལ་བལྟོས་ཏེ་རྣམ་པར་གྲོལ་བས་ན་དུས་དང་སྦྱོར་བས་རྣམ་པར་གྲོལ་བ་ཞེས་བྱ་བའོ། །ཡོངས་སུ་ཉམས་པ་དང་ཡོངས། སུ་མི་ཉམས་པའི་སྒོ་ནས་དགྲ་བཅོམ་པ་ནི་མ་ཡིན་པའི་ཕྱིར་རོ། །རེ་ཞིག་མདོ་ལས་དགྲ་བཅོམ་བ་ལས་ཡོངས་སུ་ཉམས་པ་མེད་པ་ནི་དེ་ལྟ་བུའོ། །ཆོས་མངོན་པ་ལས་ཀྱང་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆོས་མངོན་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །གནས་གསུམ་གྱིས་ཞེས་བྱ་བ་ནི་རྒྱུ་གསུམ་གྱིས་སོ། །མ་སྤངས་ཤིང་ཡོངས་སུ་མ་ཤེས་ཞེས་བྱ་བ་ནི་དེའི་ཐོབ་པ་རྗེས་སུ་འབྲེལ་པའི་སྒོ་ནས་སོ། །དེ་སྤངས་པ་དང་རྗེས་སུ་འབྲེལ་པ་ནི་དེའི་འཐོབ་པ་མི་སྐྱེ་བའི་སྒོ་ནས་སོ། །སྣང་བར་གྱུར་པ་ཡིན་ཞེས་བྱ་བ་ནི་ཡུལ་གྱི་དངོས་པོར་གནས་པ་ཉིད་དོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཞེས་བྱ་བ་ནི་ཚུལ་བཞིན་མ་པའི་ཉོན་མོངས་པ་ཅན་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུ་ནི་ཡོངས་སུ་ཚང་བ་ལས་


DTG210_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ཁ་ཅིག་ནི་རྒྱུའི་སྟོབས་ཁོ་ན་ལས་རབ་ཏུ་འཇུག་གོ །ཁ་ཅིག་ནི་དམིགས་པའི་སྟོབས་ལས་སོ། །ཁ་ཅིག་ནི་གཉིས་ཀ་ལས་ཏེ་འདིར་ནི་རྒྱུ་ཡོངས་སུ་ཚང་པ་ལས་སྐྱེ་བ་ཡིན་ཞེས་པའོ། །འདི་ཤེས་བྱེད་མ་ཡིན་པར་བསྟན་པའི་ཕྱིར་རྒྱུ་ཡོངས་སུ་མ་ཚང་བ་ལས་གང་ཞིག་སྐྱེ་ཞེས་སྨོས་སོ། །རྐྱེན་ཇི་སྙེད་གཅིག་གིས་འབྲས་བུ་སྐྱེད་པར་གྲགས་པ་དེ་དག་མ་ཚང་ན་དེ་བསྐྱེད་པར་མི་འགྱུར་ཏེ། དཔེར་ན་མིག་དང་གཟུགས་དང་སྣང་བ་དང༌། ཡིད་ལ་བྱེད་པ་མ་ཚང་བ་དག་གིས་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མེད་དེ། ཉོན་མོངས་པའི་ཕྲ་རྒྱས་ཐམས་ཅད་སྤང་བའི་ཕྱིར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བཞིན་ཉོན་མོངས་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བུ་ཞེས་བྱ་བ་ནི་དེའི་རང་བཞིན་ཏེ། ཉོན་མོངས་པའི་ས་བོན་དང་འགལ་བ་གང་ཡིན་པའོ། །གང་གིས་ན་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་འགྱུར་བ་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་གྱི་གནས་གྱུར་པའི་ཕྱིར། རང་གི་རྟེན་ལས་ཉོན་མོངས་པའི་ས་བོན་རྩ་ནས་འདོན་པ་ཡིན་ལ། ས་བོན་མེད་པས་རྒྱུད་ལ་དེས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཉིད་འཐོབ་བོ། །ཇི་ལྟར་ན་ཡང་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ལ། ས་བོན་མེད་པ་ནི་འགའ་ཡང་སྐྱེ་བར་མི་རུང་ལ། ཉོན་མོངས་པ་སྐྱེ་བ་མེད་པར་ཡང་དེ་ཡོངས་སུ་ཉམས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་མ་སྐྱེས་ཏེ་ཞེས་བྱ་བ་ནི་གང་གིས་ཉོན་མོངས་པའི་ས་བོན་རྩ་ནས་འདོན་པའོ། །དེའི་ས་བོན་གྱི་ཆོས་ཉིད་ཅེས་བྱ་བ་ནི་ཉོན་མོངས་པའི་ས་བོན་གྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་འདུས་བཟང་ན་རེ། འཇིག་རྟེན་པའི་ལམ་གྱིས་འབྲས་བུ་གཉིས་ཐོབ་པ་བཞིན་དུ་གལ་ཏེ་དེའི་གེགས་སུ་གྱུར་པའི་ཉོན་མོངས་པ་རྣམས་ཀྱིས་ས་བོན་གྱི་ཆོས་རྩ་བ་ནས་ཕྱུང་བ་ཐོབ་པར་བྱེད་པ་དེ་ལྟ་ཡིན་ནོ། །འབྲས་བུ་གཉིས་བཞིན་དུ་གྲུབ་པའི་ཕྱིར་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་ཏེ། གཉེན་པོས་ས་བོན་རྩ་བ་


DTG210_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱུང་ཡང་སླར་ཉོན་མོངས་པ་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ས་བོན་མ་ཕྱུང་བ་ཁོ་ནར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ་ཞེ་ན། ཅིའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་ས་བོན་གྱི་ཆོས་ཉིད་མ་ཕྱུང་བ་ཁོ་ནར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་པར་བྱ་པའི་ཉོན་མོངས་པ་རྣམས་ཀྱི་ས་བོན་མ་ཕྱུང་བ་ཁོ་ནར་ལན་ཅིག་ཕྱིར་འོང་བ་དང་འབྲས་བུ་ཡང་འདོད་དེ། དེ་བས་ན་དེ་ཉིད་ཀྱི་ཕྱིར་ཡོངས་སུ་ཉམས་པར་འདོད་དོ་ཞེས་ཟེར་རོ། །གང་གི་ཕྱིར་སྤང་བ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གིས་རིམ་པ་བཞིན་དུ་མངོན་དུ་རྒྱུ་སྤངས་པ་དང་ས་བོན་སྤངས་པའོ། །དེ་ལ་ཡོད་པའི་ས་བོན་ཡང་ས་འོག་མའི་ཉོན་མོངས་པ་ནི་རྣམ་པར་གནོན་པའི་ཕྱིར་དང་ས་གོང་མའི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཕྱིར་དང་དེར་སྐྱེ་བ་འཕགས་པ་རྣམས་ཀྱིས་མཐོང་བས་སྡང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་སླར་ཡང་ས་འོག་མར་འགྲོ་བ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་ཁམས་གསུམ་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་རྩ་གནས་ནས་གཏོན་པའི་ཕྱིར་དགྲ་བཅོམ་པ་ཐོབ་པ་ལས་ཡོངས་སུ་ཉམས་ཀྱང་སྐྱོ་བ་ཤས་ཆེ་བའི་ཕྱིར་སླར་ཡང་རྟོགས་པས་འདི་ལ་འགལ་བ་ཅི་ཞིག་ཡོད། སོལ་བའི་ཕུང་པོ་ལྟ་བུའི་མདོའི་ལན་གདབ་དགོས་ཞེས་བྱ་བ་ལ། དེ་ལས་ནི་དགྲ་བཅོམ་པ་ཁོ་ན་ལ་སྡིག་པ་མི་དགེ་པའི་རྣམ་པར་རྟོག་པ་དག་སྐྱེ་བར་བཤད་ལ། དེ་ཡང་དག་བཅོམ་བ་ཉིད་ལས་ཡོངས་སུ་མ་ཉམས་པ་ལ་མི་སྲིད། དེའི་ཕྱིར་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་མེད་པས་སྨྲ་བ་རྣམས་ཀྱིས་དེའི་ལན་གདབ་དགོས་སོ། །དེ་ཉིད་བསྟན་པའི་ཕྱིར་གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །དེ་ལྟར་སྤྱོད་པ་དང་དེ་ལྟར་གནས་པ་ཞེས་བྱ་པ་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་གྲོང་ངམ་གྲོང་རྡལ་ལ་བརྟེན་ཅིང་གནས་ཏེ། དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་བསོང་སྙོམས་ལ་འཇུག་སྟེ་ལུས་ལེགས་པར་བསྡམས་པ་དང་དབང་པོ་


DTG210_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྡམས་པ་དང་དྲན་པ་ཤིན་ཏུ་གནས་པ་དེ་ཉིད་དུ་དྲན་བཞིན་དུ་འཇུག །དྲན་བཞིན་དུ་ལྡོག །དྲན་བཞིན་དུ་ལྟ་བར་བྱེད། དྲན་བཞིན་དུ་རྣམ་པར་ལྟ་བར་བྱེད། དྲན་བཞིན་དུ་སྐུམ་པར་བྱེད། དྲན་བཞིན་དུ་རྐྱོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅུང་ཟད་ཚེར་མ་ཅན་དུ་འགྱུར་རོ་སྙམ་མོ། །དགེ་སློང་དག་འཕགས་པའི་ཆོས་འདུལ་བ་ལ་ཚེར་མ་ཅན་དུ་བརྗོད་པ་གང་ཡིན་པ་འཇིག་རྟེན་ན་གཟུགས་སྡུག་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཏེ། མིག་གིས་ཤེས་པར་བྱ་བའི་གཟུགས་འདོད་པ་དང་མཛེས་པ་དང་སྡུག་པ་དང་ཡིད་དུ་འོང་བ་འདོད་པ་དང་ལྡན་པ་རྣམས་ལ་ཆགས་པར་བྱེད་དོ། །དེ་བཞིན་དུ་ལུས་ཀྱིས་ཤེས་པར་བྱ་བ་རེག་བྱ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ནི་འཇིག་རྟེན་ན་གཟུགས་སྡུག་པ་ཞེས་བྱའོ། །དེ་ལ་དགེ་སློང་དག་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པ་དེ་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པས་སྡིག་པ་མི་དགེ་པའི་རྣམ་པར་རྟོག་པ་འདོད་ཆགས་དང་ལྡན་པའམ་ཞེ་སྡང་དང་ལྡན་པ་འམ་གཏི་མུག་དང་ལྡན་པའི་འཆིང་བ་དག་སྐྱེའོ། །དགེ་སློང་དག་ལ་འཕགས་པ་ཉན་ཐོས་དྲན་པ་ཉམས་པ་དེ་ཅི་ནས་ཀྱང་སླར་མྱུར་བ་ཁོ་ནར་ཟད་པ་དང་ཡོངས་སུ་གཏུགས་པ་ཡང་བྱེད་དོ་ཞེས་འབྱུང་ངོ༌། །ནམ་ཡང་ཡོངས་སུ་མི་ཉམས་པར་སྨྲ་བས་དེ་ལྟར་སྨྲ་བ་ལས་སྤྱོད་པ་དང་གནས་པ་འདིས་བསླབ་པ་ཁོ་ན་གསུངས་སོ་སྙམ་པ་བསལ་བའི་ཕྱིར། དེ་ནི་དེ་ལས་ཏེ་སོལ་བའི་ཕུང་པོ་ལྟ་བུའི་མདོ་དེ་ལས་དགྲ་བཅོམ་པ་ཁོ་ན་ཡིན་པར་ཤེས་པར་བྱས་སོ། །ཡང་ཅི་ལྟར་ཤེས་པ་བྱ་ཞེ་ན། དེའི་ཕྱིར་ཡུན་རིང་པོ་ནས་སེམས་དཔེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ལ་བབ་པ་ཡིན་ཞེས་པའི་བར་དུ་གསུངས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཡང་དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་གནས་པ་ན་རྒྱལ་པོའམ་བློན་པོ་དག་ཉེ་བར་འོངས་ནས་ལོངས་སྤྱོད་ལ་མགྲོན་དུ་གཉེར་བ་ན་ཞེས་བྱ་བ་རྒྱས་པར་དགེ་སློང་དག་དེ་སྙམ་དུ་སེམས། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དེ་ལྟར་རྒྱལ་པོའི་བློན་པོ་དག་གིས་


DTG210_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ལ་མགྲོན་དུ་གཉེར་བ་ན་བསླབ་པ་སྤོང་བ་ལ་འཇུག་པ་ཞེས་བྱ་བ་ནས་རྒྱས་པར་དེ་ནི་གནས་མེད་ཅིང་སྐབས་སུ་མེད་དོ། །གང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དེ་ལྟར་རྒྱལ་པོ་འམ་བློན་པོ་དག་གིས་ལོངས་སྤྱོད་ལ་མགྲོན་དུ་གཉེར་བ་ན་ཞེས་བྱ་བ་རྒྱས་པར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན། དབེན་པ་ལ་འབབ་པ་ཡིན། དབེན་པ་ལ་བབ་པ་ཡིན། ཞི་བ་ལ་རྣམ་པར་དགའ་བ། ངེས་པར་འབྱུང་བ་ལ་མངོན་པར་དགའ་བ། ཟག་པའི་གནས་ལྟ་བུའི་ཆོས་ཐམས་ཅད་བསིལ་བར་གྱུར་བ་བསིལ་བར་གྱུར་པའོ་ཞེས་ང་སྨྲའོ་ཞེས་འབྱུང་སྟེ། འདི་ག་ལས་ཤེས་པར་བྱ་ཞེ་ན། འདི་དགྲ་བཅོམ་པའི་སྟོབས་ཏེ་སློབ་པའི་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་འདིའི་སྟོབས་ནི་དགྲ་བཅོམ་པ་ཡིན་ཏེ་མདོ་གཞན་ལས་ཀྱང་གསུངས་སོ། །གང་ཞེ་ན་ཟག་པའི་གནས་ལྟ་བུའི་ཆོས་ཐམས་ཅད་ཅེས་བྱ་བ་རྒྱས་པར་སྨོས་སོ། །དེའི་ཕྱིར་འདིར་ཡང་དགྲ་བཅོམ་པ་ཁོ་ན་ལ་དགོངས་སོ་ཞེས་བྱ་བར་ཤེས་སོ། །མཉན་ཡོད་དུ་གསུངས་པ། དགེ་སློང་དག་དགེ་སློང་དགྲ་བཅོམ་པའི་ཟག་པ་ཟད་པའི་སྟོབས་ནི་བརྒྱད་དེ། བརྒྱད་གང་ཞེ་ན། དགེ་སློང་དགྲ་བཅོམ་པའི་ཟག་པ་ཟད་པའི་སྟོབས་ནི་པ་ཟད་པ་ནི་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ལ་བབ་པ་ཡིན་ཞེས་པའི་བར་དང༌། འདིས་ནི་འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བ་ཡིན་ཏེ། ཇི་ལྟར་འདོད་པ་རྣམས་ཤེས་ཤིང་འདོད་པ་རྣམས་མཐོང་བ་འདི་ཞེས་འདོད་པ་ལ་འདོད་པའི་འདུན་པ་དང༌། འདོད་པའི་ཆགས་པ་དང༌། འདོད་པ་ལ་འཆུམས་པ་དང༌། འདོད་པ་ལ་བབ་པ་དང༌། འདོད་པ་ལ་ལྷག་པར་ཞེན་པ་གང་ཡིན་པ་དེ་ལ་དེའི་སེམས་ཡོངས་སུ་གཏུགས་ཏེ་མི་གནས་པ་དེ་ལྟར་འདིས་འདོད་པ་རྣམས་མཐོང་བ་ཡིན་ནོ། །འདིས་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་ཤིང་ཤིན་ཏུ་བསྒོམ་པ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་


DTG210_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་བསྒོམས་ཤིང་ཤིན་ཏུ་བསྒོམས་པ་ཡིན་ཞེས་འབྱུང་ངོ༌། །འདིར་ཟག་པ་མེད་པའི་གནས་ལྟ་བུའི་ཆོས་ཐམས་ཅད་སོལ་བའི་ཕུང་པོ་ལྟ་བུར་གསུངས་ཤིང༌། བསིལ་བར་གྱུར་པ་བསལ་བར་གྱུར་པ་ཞེས་གསུངས་པ་དེའི་ཕྱིར་ཡང་དགྲ་བཅོམ་པ་ཁོ་ན་ལ་དགོངས་སོ། །ཞེས་བྱ་བར་ཤེས་སོ། །དེ་སྐད་འབྱུང་བ་ཡང་ཡོད་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་པ་ཞེས་བྱ་བ་ནས་བཟུང་སྟེ། མི་དགེ་བའི་རྣམ་པར་རྟོག་པ་ཞེས་བྱ་བའི་མཐར་ཐུག་པས་དང་པོ་ནས་འདིར་སློབ་པའི་གནས་སྐབས་གསུངས་སོ། །དགྲ་བཅོམ་པའི་གནས་སྐབས་ནི་ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན་ཞེས་བྱ་བ་ནས་བཟུང་སྟེ། བསིལ་བར་གྱུར་པ་བསལ་བར་གྱུར་པ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ཡོངས་སུ་བརྟགས་པ་ཅི་ཞེ་ན། གང་གི་ཕྱིར་དེ་ལྟ་མ་ཡིན་ན་མདོ་དང་འགལ་ཞིང་རིགས་པ་དང་འགལ་བར་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཇི་སྲིད་དུ་སྤྱོད་པ་ལེགས་པར་མ་བརྟགས་པ་ཞེས་སྨོས་ཏེ། སྤྱོད་པ་ནི་བསོད་སྙོམས་ཀྱི་ཕྱིར་གྲོང་ལ་སོགས་པར་རྒྱུ་བའོ། །ལེགས་པར་མ་བརྟགས་པ་ནི་ལེགས་པར་ཡོངས་སུ་མ་ཤེས་པའོ། །དེ་སྲིད་སློབ་པ་དེ་ལྟར་སྤྱོད་པ་ལ་ཡང་ཞེས་བྱ་བ་ཡིན། དེ་སྲིད་དུ་དེ་ལྟར་མི་སློབ་པ་ཡང་དྲན་པ་དང་ལྡན་པའི་སྒོ་ནས་སྤྱོད་ཅེས་བྱ་བའི་དོན་ཏོ། །གཞན་དག་ཀྱང་ཞེས་བྱ་བ་ནི་སློབ་པ་དང་སོ་སོ་སྐྱེ་བོའོ། །དེ་དག་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ནི། སློབ་པ་སྔོན་དུ་འགྲོ་བ་ནི་དགྲ་བཅོམ་པ་རྣམས་ཡིན་ལ། སོ་སོ་སྐྱེ་བོ་སྔོན་དུ་འགྲོ་བ་ནི་སློབ་པ་རྣམས་ཏེ། དེའི་ཕྱིར་དགྲ་བཅོམ་པ་རྣམས་བཞིན་དུ་སློབ་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱང་རིགས་དྲུག་གོ །སློབ་པ་དང་མི་སློབ་པའི་གང་ཟག་རྣམས་དབང་པོ་སྦྱངས་པས་རིགས་འཕོ་བར་བཤད་ལ། དེ་དག་ཀྱང་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་ལ་གནས་པའི་ཕྱིར་ཐམས་ཅད་དུ་དབང་པོ་འཕོ་བར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་གཞན་ཡང་མཐོང་བ་ལ་ནི་འཕོ་བ་མེད་དོ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལམ་གྱི་ནུས་པས་དབང་པོ་རྟུལ་


DTG210_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུད་བཏང་ནས་དབང་པོ་འབྲིང་པོ་དང་རྣོན་པོའི་རྒྱུད་ཐོབ་པ་ལས་དབང་པོའི་འཕོ་བ་ཞེས་བཤད་ལ། དེ་དག་གཏོང་བ་དང་ཐོབ་པ་ཡང་རྒྱུན་ཏུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པས་མི་ནུས་སོ། །མཐོང་བའི་ལམ་ནི་མྱུར་དུ་འགྲོ་བའི་ཕྱིར་དང་བྱ་བ་གཞན་ལ་ཞུགས་པའི་ཕྱིར་རྒྱུན་ཏུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པའི་ཕྱིར་དེར་དབང་པོ་འཕོ་བ་མེད་དོ། །མྱུར་བར་འགྲོ་བ་ནི་སྐད་ཅིག་མ་བཅོ་ལྔ་ལས་ལྡང་བ་མེད་པའི་ཕྱིར་རོ། །བྱ་བ་གཞན་ལ་ཞུགས་པ་ནི་བདེན་པ་མངོན་པར་རྟོགས་པར་ཞུགས་པའི་ཕྱིར་རོ། །ལ་ལ་ནི་དད་པས་མོས་པའི་གནས་སྐབས་ནའོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ན་ཞེས་བྱ་བའི་ཐ་ཚིག་གོ །འདིར་མི་སློབ་པ་དབང་པོ་འཕོ་བ་ནི་མ་བཤད་དེ་གོང་དུ་བཤད་ཟིན་པའི་ཕྱིར། མདོ་ལས་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིར་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ་ཞེས་བྱ་བའི་མདོ་དེ་ལས་སོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་ལས་བྱུང་བ་ནི་བསམ་གཏན་བཞིའོ། །དབང་པོ་རྣོན་པོ་ཡིན་པའི་ཕྱིར་ཡོངས་སུ་ཉམས་པ་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི་ཇི་ལྟར་མི་གཡོ་བའི་ཆོས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །སངས་རྒྱས་ལ་ནི་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ཁོ་ན་མངའི་གཞན་ཐོབ་པ་དང་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་པ་ནི་མི་མངའ་སྟེ། གདུལ་བྱའི་དོན་ལ་ཞུགས་པ་ནི་སངས་རྒྱས་ཀྱི་ཆོས་གྱ་ནོམ་པ་རྣམས་བརྙེས་ཀྱང་མངོན་དུ་མི་མཛད་པའི་ཕྱིར་རོ། །དེ་དང་ཞེས་བྱ་བ་ནི་ཉེ་བར་སྤྱད་པ་ལས་ཉམས་པ་སྟེ་བྱ་བ་གཞན་ལ་གཡེངས་པས་ཇི་ལྟར་རྟོགས་པའི་ཡོན་ཏན་མངོན་དུ་མི་བྱེད་པའི་ཕྱིར་རོ། །གང་ཟག་ཁྱད་པར་ཅན་གྱི་ཆོས་མ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་མ་ཐོབ་པའི་ཕྱིར་རོ། །ཐམས་ཅད་ཀྱི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བ་ཡིན་ལ། འདི་ཅི་ཞིག་འབྲེལ་ཞེ་ན། སྔར་བྱེ་བྲག་ཏུ་སྨྲ་བས་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བའི་རྣམ་པར་གྲོལ་བ་ཟག་པ་མེད་པ་ནི་མི་གཡོ་བའོ་ཞེས་སྨོས་པས་སོ། །དེ་ཉིད་ཀྱི་དབང་དུ་བྱས་ཏེ་མདོ་ལ་བརྟེན་ཏེ་


DTG210_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་ནི། ཀྲྀ་ཏོ་བི་ས་རྫི་ཏཤྩ། ཏེ་ནེ་ཙ་ཏྱ་ཏོ་ཏྲ་མདོ་སྡེ་པ་རྣམས་སོ། །ཡོངས་སུ་ཉམས་པར་སྨྲ་བ་ན་རེ། དགྲ་བཅོམ་པ་དྲུག་པོ་ཐམས་ཅད་ཀྱི་ཟག་པ་མེད་པའི་རྣམ་པར་གྲོལ་བ་མིག་གཡོ་བ་ཡིན་གྱི། མི་གཡོ་བའི་ཆོས་ཅན་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་ཟེར་རོ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གལ་ཏེ་ཐམས་ཅད་ཅི་ཟག་པ་མེད་པའི་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་ནོ། །ཅིའི་ཕྱིར་དུས་དང་མི་སྦྱོར་བ་ཁོ་ན་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་ལ་གཞན་དག་མ་ཡིན་ཞེ་ན། དེའི་ཕྱིར་མི་གཡོ་བའི་ཆོས་ཅན་དུ་ཇི་ལྟར་རྣམ་པར་གཞག་པ་ནི་དེ་བཞིན་དུ་བཤད་ཟིན་ཞེས་བྱ་བ་སྨོས་ཏེ། གང་ཞིག་དབང་པོ་རྣོན་པོའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་དག་ལས་ཡོངས་སུ་མི་ཉམས་པ་དེ་ནི་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་གོ །ཀླན་ཀར་མི་རུང་ངོ་ཞེས་བྱ་བ་ནི་མདོ་ལ་བརྟེན་ནས་ཇི་ལྟར་ན་མི་གཡོ་བའི་ཆོས་ཅན་མཐོང་བའི་ཆོས་ལ་བདེ་པར་གནས་པ་དག་ལས་ཡོངས་སུ་ཉམས་པར་འགྱུར་ཞེས་གང་སྨྲས་པའོ། །ཇི་ལྟར་ཀླན་ཀར་མི་རུང་ཞེ་ན། གང་གི་ཕྱིར་དགྲ་བཅོམ་པ་ཐམས་ཅད་སེམས་ཀྱིས་རྣམ་པར་གྲོལ་བ་མི་གཡོ་བ་ཡིན་པ་དེའི་ཕྱིར། དེ་ལས་ཡོངས་སུ་ཉམས་པར་མི་འདོད་ཀྱི། བསམ་གཏན་དག་ལས་ནི་འགའ་ཞིག་ཡོངས་སུ་ཉམས་པར་འགྱུར་ལ། འགའ་ཞིག་ནི་མ་ཡིན་པ་དེའི་ཕྱིར་འདི་ནི་ཀླན་ཀར་མི་རུང་ངོ༌། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དང༌། ཉོན་མོངས་པ་དང་བཅས་པའི་ཕྱིར་གདོན་མི་ཟ་བར་སྐྱེ་ལ། ཚངས་པར་སྤྱོད་པ་ཡང་ཡིད་བརྟན་པའི་གནས་སུ་བཤད་པས། ཡང་གང་ཞིག་དགྲ་བཅོམ་པའི་འབྲས་བུ་ལས་ཡོངས་སུ་ཉམས་ན་ཞེས་བྱ་བ་དྲིས་སོ། །དེ་ནི་མེད་དེ་ཞེས་བྱ་བ་ནི་ཡང་སྐྱེ་བ་མེད་པའོ། །ཉོན་མོངས་པ་དང་བཅས་ན་ཇི་ལྟར་མི་སྐྱེ་ཞེ་ན། འདི་ལྟར། འབྲས་ལས་ཉམས་པ་འཆི་བ་མེར། །ཅེས་བྱ་བ་འབྱུང་སྟེ། གང་ཞིག་དེ་ལྟར་ཚེ་ཡོངས་སུ་ཟད་པར་གྱུར་པ་གང་ཡོངས་སུ་ཟད་པའི་ལྷག་མ་ལ་དེ་ཉིད་ཉམས་པར་གྱུར་ན། ཡོངས་སུ་ཉམས་པ་དེ་ཡང་རིང་དུ་མི་གནས་ཏེ། མདོ་ལས་དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་


DTG210_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་གལ་ཏེ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ཏེ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་སླར་འདོད་པའི་ཁམས་སུ་སྐྱེ་བ་ལྟ་བུ་ཡིན་ན་ཚངས་པར་སྤྱོད་པ་ལ་ཡིད་བརྟན་མེད་པར་འགྱུར་རོ། །རྩལ་པོ་ཆེ་གྲོང་བརྡེག་མི་འཚལ་བ་བཞིན་ནོ་ཞེས་བྱ་བ་ལ། རྩལ་པོ་ཆེ་ནི་འདིར་སྟོབས་དང་ལྡན་པ་ལ་དགོངས་སོ། །འདི་བརྗོད་པར་བྱེད་དེ། དེ་ལ་མི་དགེ་བ་སྔར་ཞུགས་པ་ཉམས་པ་དང་ཐེག་པ་སྣ་ཚོགས་ལ་དྲན་པ་འཇུག་པ་དང༌། ཤ་མ་ཐ་ཀུ་རུ་ཀོན་བི་དཪྴྱཱ་ན་གུ་རུ་ཀཿ་ཨ་ལོ་བྷོཏྶ་དོ་མོ་ཧོཏྶ་དོ་མི་རྣམས་ཁོ་ནར་ཡོངས་སུ་ཉམས་པར་བྱེད་ཅི་འདོད་པ་ན་སྤྱོད་པའི་ལྷ་རྣམས་སུ་མ་ཡིན་ཏེ། དབང་པོ་རྣོན་པོས་དེར་འབྲས་བུ་ཐོབ་པ་དང་ཡུལ་ཤིན་ཏུ་ཡངས་པ་ལས་ཡང་བྱུང་བས་དེ་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་མ་ཡིན་ནོ། །གཞན་དག་ན་རེ། ཡོ་བྱད་མ་ཚང་བའི་ཕྱིར་རམ་རྟེན་མི་མཐུན་པས་ཡོངས་སུ་ཉམས་པར་འགྱུར་བ་ལས་དེར་གཉི་ག་ཡང་མེད་པས་དད་པས་རྗེས་སུ་འབྲང་བའི་རིགས་ཅན་ཡང་མི་ཉམས་སོ་ཞེས་ཟེར་རོ། །ཡང་གང་ཞིག་ཉོན་མོངས་པ་མངོན་དུ་གྱུར་པས་ཡོངས་སུ་ཉམས་པར་འདོད་པ་དེ་དག་སེམས་གཅིག་འདྲ་བ་ཞིག་གི་མཇུག་ཐོགས་སུ་ཉོན་མོངས་པ་མངོན་དུ་བྱེད་ཅེ་ན། གལ་ཏེ་གཟུགས་དང་གཟུགས་མེད་པ་ན་སྦྱོང་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ནས་གང་གིས་ཀུན་ནས་དཀྲིས་པས་ཉམས་པའི་ས་གང་ཡིན་པ་དེ་ཉིད་ཀྱི་དགེ་བ་ཉམས་པའི་ཆ་དང་མཐུན་པའི་མཇུག་ཐོགས་ས་ཡོངས་སུ་ཉམས་པར་བྱེད་དོ། །འདོད་པའི་ཁམས་སུ་གནས་པས་ས་གོང་མ་པའི་ལུང་མ་བསྟན་གྱི་སེམས་མངོན་དུ་བྱེད་པ་མ་ཡིན་པས་འདིར་སྤྲུལ་པའི་སེམས་རྣམས་ལ་སྟེ་དེ་ལ་གནས་པ་ཡོངས་སུ་ཉམས་པར་མི་བྱེད་དོ། །ཡང་ཉམས་པའི་ཆ་དང་མཐུན་པ་འདོད་ཆགས་དང་བྲལ་བའི་ཕྱིར་སྤངས་པ་མ་ཡིན་ནམ། དེ་ཇི་ལྟར་མ་སྤངས་པར་མངོན་དུ་བྱེད་ཅེ་ན། གནས་པའི་ཆ་དང་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཅུང་ཟད་སྤང་བ་དང་རྗེས་སུ་མཐུན་ལ་ཅུང་ཟད་ནི་ཁྱད་པར་དང་རྗེས་སུ་མཐུན་ནོ། །དེ་ལ་གང་སྤངས་པ་དང་རྗེས་སུ་མཐུན་པ་གང་ཡིན་


DTG210_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་ནི་ཉམས་པའི་ཆ་དང་མཐུན་པའི་མིང་འཐོབ་ལ། གནས་པའི་ཕྱོགས་དེ་ནི་ཕལ་ཆེར་བརྟེན་པས་གནས་པའི་ཆ་དང་མཐུན་པ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་པར་བྱེད་བ་ན་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་བའི་སེམས་དག་གིས་མཇུག་ཐོགས་སུ་ཉོན་མོངས་པ་མངོན་དུ་བྱེད་དོ། །གལ་ཏེ་སློབ་པས་ས་གོང་མ་དག་ལས་ནི་ས་གང་ལས་འདོད་ཆགས་དང་བྲལ་པའི་ས་དེའི་ཀུན་ནས་དཀྲིས་པས་ཉམས་པར་བྱེད་དེ། དགེ་བ་ཁོ་ནའི་མཇུག་ཐོགས་སུ་འདོད་པ་ལ་འདོད་ཆགས་དང་བྲལ་བ་དང་དགེ་བ་དང་ལུང་མ་བསྟན་གྱི་མཇུག་ཐོགས་སུའོ། །གཞན་དག་ན་རེ། ཡོངས་སུ་ཉམས་པ་ཉོན་མོངས་པ་མངོན་དུ་བྱེད་པ་དེ་མངོན་དུ་གྱུར་པ་ལས་མ་ཡིན་ཏེ། ཡོངས་སུ་ཉམས་པ་ན་ངའོ་སྙམ་པ་ལ་རག་ལས་པས་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་ཡང་དྲན་པ་ཉམས་པ་གཞུང་ཁ་དོན་བྱེད་པའི་དུས་དང་འདྲའོ་ཞེས་ཟེར་རོ། །རྟོགས་པའི་སྐལ་བ་ཅན་གྱི་བར་ཆད་མེད་པའི་ལམ་དགུ་ནི་རྟོགས་པའི་སྐལ་བ་ཅན་གྱི་རིགས་ཅན་ཁོ་ནར་རྒྱུན་ཏུ་སྦྱོར་བ་དང་གུས་པར་སྦྱོར་བའི་ནུས་པས་ཁྱད་པར་སོ་སོར་ཤེས་རབ་ཀྱི་སྐད་ཅིག་སྐྱེ་བས་གང་དག་གིས་རིགས་ཅན་ཁོ་ནའི་དབང་པོ་རྟུལ་པོ་རྣམས་ཀྱི་ཐོབ་པ་དེ་དགག་པར་བྱེད་དེ་དེས་ན་དེ་དག་བར་ཆད་མེད་པའི་ལམ་ཞེས་བྱའོ། །དབང་བོ་རྟུལ་པོའི་ཐོབ་པ་དང་བྲལ་བས་དེའི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་ཞེས་བྱའོ། །དེ་ལ་བར་ཆད་མེད་པའི་ལམ་ཐམས་ཅད་རྟོགས་པའི་སྐལ་བ་ཅན་གྱི་རིགས་ཅན་ནོ། །རྣམ་པར་གྲོལ་བའི་ལམ་བརྒྱད་པ་དང་དགུ་པ་ལ་ནི་མི་གཡོ་བའི་ཆོས་ཅན་གྱི་རིགས་ཅན་ཉིད་སྐྱེའོ། །དེར་མི་སློབ་པའི་ཀུན་རྫོབ་ཤེས་པ་ཡང་ཐོབ་པར་བྱེད་དོ། །དང་པོའི་ཟད་པ་ཤེས་པ་དང་སློབ་པའི་འབྲས་བུ་དང་བོ་ཐོབ་པ་བཞིན་ཐམས་ཅད་ཟག་པ་མེད་པ་ཉིད་དོ། །དེ་ལྟར་འདི་དག་མི་སློབ་པའི་འབྲས་བུའི་ལམ་གྱིས་བསྡུས་པ་ཉིད་དུ་ཤེས་པར་བྱའོ། །སློབ་པ་དང་མི་སློབ་པའི་ལམ་གྱིས་བརྟན་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་སྐབས་གཉིས་སུ་གོམས་པའི་ཕྱིར་ཤིན་ཏུ་གོམས་པའོ་ཞེས་སྟོན་པར་བྱེད་དོ། །མཐོང་བས་ཐོབ་ལ་རེ་རེའོ་ཞེས་


DTG210_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། གཞན་དུ་མ་ཡིན་པར་གོམས་པའི་ཕྱིར་དེའི་རིགས་ནི་དད་པས་མོས་པ་སྟེ། གང་གི་ཚེ་རྟོགས་པའི་སྐལ་བ་ཅན་གྱི་རིགས་མཐོང་བས་ཐོབ་པ་རྟོགས་པར་བྱེད་པ་ན་སྟེ། གལ་ཏེ་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པར་གྱུར་པ་ན། དེ་ནི་འབྲས་བུའི་ལམ་གྱིས་བསྡུས་པ་རྣམ་པར་གྲོལ་བའི་ལམ་གཅིག་ཉིད་ཡིན་ནོ། །བར་ཆད་མེད་པའི་ལམ་ཡང་གཅིག་ཉིད་དོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གང་གི་ཚེ་མི་གཡོ་བའི་ཆོས་ཅན་ཉིད་རྟོགས་པར་བྱེད་པ་དེའི་ཚེ་མཐར་གྱིས་པའི་རིམ་གྱིས་རིགས་ལྔའི་དབང་པོ་རྣམས་འཕོས་ཏེ་མི་གཡོ་བའི་ཆོས་ཅན་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་རྣམས་ཀྱང་རྟོགས་པའི་སྐལ་བ་ཅན་དུ་འགྱུར་རོ། །དེ་བཞིན་དུ་མཐོང་བས་ཐོབ་པ་རྟོགས་པར་བྱེད་བ་ལ་ཡང་སྦྱར་རོ། །གང་ཡང་རྣམ་པར་གྲོལ་བའི་ལམ་ལས་ཡོངས་སུ་ཉམས་པ་དེ་གཞན་དུ་རྣམ་པར་གྲོལ་བའི་ལམ་ཉིད་ལ་གནས་ན་ཇི་ལྟར་ཡང་དེའི་རིགས་ཅན་གྱིས་བར་ཆད་མེད་པའི་ལམ་གྱིས་རང་གི་རིགས་དང་ཉེ་བའི་ཐོབ་པ་འདྲེན་པར་རིགས་ཤེ་ན། ཇི་ལྟར་འཇིག་རྟེན་ཆོས་མཆོག་སོ་སོ་སྐྱེ་བོའི་རྒྱུད་ཅན་གྱིས་ཀྱང་དེ་དང་ཉེ་བའི་ཆོས་འདྲེན་ལ། ཇི་ལྟར་འདོད་པ་ལ་འདོད་ཆགས་དང་བྲལ་བ་དབང་པོ་སྦྱངས་པ་བར་ཆད་མེད་པའི་ལམ་གྱིས་དབང་པོ་མ་སྦྱངས་པར་བསྡུས་པ་རྣམས་ཀྱིས་ཀྱང་དབང་པོ་སྦྱོང་བ་ཡིན་པས་ན་ཐམས་ཅད་དུ་གཅིག་ཉིད་དོ། །མི་གཡོ་བ་རྟོགས་པ་ལ་མཐོང་བས་ཐོབ་པ་ལ་ཡང་ངོ༌། །གཞན་དག་ན་རེ་དབང་པོ་འཕོ་བས་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཤེས་པས་མངོན་དུ་རྒྱུ་བ་ཟློག་པར་བྱེད་ལ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་ནི་སློབ་པས་ཟློག་པར་བྱེད་ཅིང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་ནི་མི་སློབ་པས་བཟློག་པས་སོ། །དེའི་ཕྱིར་ཇི་ལྟར་ཀུན་ནས་སློང་བ་པོ་སྤངས་པ་དེ་ལྟར་དེའི་ཀུན་ནས་ལྡང་བ་ཡང་སྤངས་པས་མི་སློབ་པའི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དགུ་ཡིན་ནོ། །སློབ་པའི་ནི་གཅིག་ཁོ་ན་ཡིན་ནོ་ཞེས་


DTG210_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་རོ། །དེ་བཞིན་དུ་ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་རྣམས་ཀྱང་འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པའི་དབང་པོ་འཕོ་བས་སོ་ཞེས་བཤད་པ་ཡིན་ནོ། །ཁ་ཅིག་ནི་འདི་དག་ཐམས་ཅད་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཀུན་ནས་ལྡང་བ་ཤེས་པས་བྲལ་བའི་ཕྱིར་རེ་རེ་བ་ཉིད་དོ་ཞེས་འཆད་པར་བྱེད་དོ། །འཕགས་པ་རྣམས་ཀྱི་དབང་པོ་ནི་ཟག་པ་དང་བཅས་པའི་ལམ་གྱིས་འཕོ་བ་མེད་དོ་ཞེས་བྱ་བ་ནི། འཕགས་པའི་ལམ་ཐམས་ཅད་ཀྱི་ནང་ན་ཆུང་བ་ཡང་འཇིག་རྟེན་པའི་ལམ་ཐམས་ཅད་ལས་ཆེས་གསལ་བའི་ཕྱིར་རོ། །དེའི་ནུས་པ་ཁོ་ནས་འཕགས་པ་རྣམས་དེས་དབང་པོ་འཕོ་བ་མ་ཡིན་ནོ། །གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་རྣམས་སུའོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཡང་མ་ཡིན་ཏེ། དེར་ཉམས་པ་མི་སྲིད་པའི་ཕྱིར་རོ། །སྦྱངས་པ་ཞེས་བྱ་བ་འདི་ཅི་ཞེ་ན། དབང་པོ་རྣམས་འཕོ་བ་སྟེ། ལམ་གྱི་ནུས་པས་དབང་པོ་རྟུལ་པོའི་རྒྱུད་དོར་ཏེ་འབྲིང་པོའམ་ཆེན་པོ་ཐོབ་པ་འདི་ནི་དབང་པོ་འཕེལ་བ་དང་སྦྱངས་པ་དང་འཕོ་བ་ཞེས་བྱའོ། །མི་སློབ་ས་དགུ་ལ་བརྟེན་ཏེ། །ཞེས་བྱ་བ་ནི་དེའི་འབྲས་བུ་ས་དགུས་བསྡུས་པའི་ཕྱིར་རོ། །སློབ་པ་དྲུག་ལ་ཞེས་བྱ་བ་ནི་སྲིད་པའི་དབང་དུ་བྱས་ནས་བཤད་དེ། ཕྱིར་མི་འོང་བའི་འབྲས་བུ་ས་དྲུག་གིས་བསྡུས་པས་སོ། །འབྲས་བུ་ཁྱད་པར་ཅན་བཏང་སྟེ་ཞེས་བྱ་བ་ལ། དེ་ལྟ་ན་འོ་ན་ཁྱད་པར་དང་བཅས་པའི་འབྲས་བུ་བཏང་བའི་ཕྱིར་སོ་སོ་སྐྱེ་བོ་ཡང་འབྲས་བུ་ཐོབ་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་བཏང་བ་དང་ཐོབ་པ་དག་དུས་རྣམ་པར་ཆད་པ་མ་ཡིན་པའི་ཕྱིར་རོ། །ཏུ་ལཱ་ནཱ་མོ་ནཱ་མ་པ་དེ་ཏི། འབྲས་བུའི་ལམ་ཁོན་ཐོབ་པར་འགྱུར་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་ཙམ་གྱིས་བསྡུས་པ་ཞེས་བྱ་བའི་ཐ་ཚིག་གོ །སློབ་པ་གང་ཞིག་གཟུགས་ལ་མེད་པའི་ས་ལ་བརྟེན་ནས་དབང་པོ་འཕོ་བ་དེ་ངེས་པར་ཕྱིར་མི་འོང་བའི་འབྲས་བུའི་ཁྱད་པར་གྱི་ལམ་ལ་གནས་པར་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་གཟུགས་མེད་པའི་སས་བསྡུས་པ་ཡོད་པ་མ་ཡིན་ཏེ། མཐར་གྱིས་པས་ནི་མི་ལྕོགས་པ་མེད་པས་


DTG210_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ལམ་གྱིས་ཕྱིར་མི་འོང་བའི་འདྲས་བུ་ཐོབ་ལ། འདོད་པ་དང་འདོད་ཆགས་དང་བྲལ་བ་ཡང་ས་དྲུག་ལས་གང་ཡང་རུང་བས་བསྡུས་པས་དེ་གཟུགས་མེད་པས་བསྡུས་པ་མེད་དེ། དེ་ལ་མཐོང་བའི་ལམ་མེད་པའི་ཕྱིར་རོ། །ཉན་ཐོས་བདུན་གང་ཞེ་ན་ཞེས་བྱ་བ་ནི་མདོ་ལས་དྲུག་ཏུ་གསུངས་པ་ཞེས་བྱས་ཏེ་དྲི་བའོ། །མདོ་ལས་སློབ་པ་དྲུག་ཉིད་དུ་བསྟན་པ་དེར་ཡང་འདི་དག་མ་བསྡུས་པའི་ཕྱིར་ཡོན་གནས་མ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་སངས་རྒྱས་གཉིས་ནི་མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དབང་པོའི་བྱེ་བྲག་གི་དབང་དུ་བྱས་ནས་རྣམ་པ་གསུམ་མོ། །དབང་པོ་ཆེན་པོ་ནི་མི་གཡོ་བའི་ཆོས་ཅན་དུ་རྣམ་པར་གཞག་ལ། ཆེན་པོའི་བྱེ་བྲག་གི་ནང་དུ་འདུས་པའི་དབྱེ་བའི་དབང་དུ་བྱས་ཏེ་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམ་པར་གཞག་སྟེ། དེ་ལྟར་མི་གཡོ་བའི་བྱེ་བྲག་ཁོ་ན་ལས་སངས་རྒྱས་གཉིས་ཡིན་ནོ། །ཆུང་ངུའི་ཆུང་ངུ་ལ་སོགས་པ་དབང་པོ་རྣམ་པ་དགུའི་བྱེ་བྲག་ལས་གང་ཟག་དགུར་འགྱུར་རོ། །དབང་པོ་ཆུང་ངུའི་ཆུང་ངུ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ནོ། །ཆུང་ངུའི་འབྲིང་ནི་འཆི་བར་སེམས་པའི་ཆོས་ཅན་ནོ། །ཆུང་ངུའི་ཆེན་པོ་ནི་རྗེས་སུ་བསྲུང་བའི་ཆོས་ཅན་ནོ། །དེ་བཞིན་དུ་གནས་པ་ལས་མི་བསྐྱོད་པ་དང་རྟོགས་པའི་སྐལ་བ་ཅན་དང༌། སྦྱངས་པ་ལས་གྱུར་པའི་མི་གཡོ་བའི་ཆོས་ཅན་རྣམས་དབང་པོ་འབྲིང་པོའི་རྣམ་པ་དག་ཏུ་སྦྱར་བར་བྱའོ། །དང་པོ་ཉིད་ནས་མི་གཡོ་བའི་ཆོས་ཅན་གྱི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ནི་དབང་པོ་ཆེན་པོའི་རྣམ་པ་དག་ཏུ་སྦྱར་བར་བྱའོ། །དེ་ལྟར་ན་འདི་དག་ནི་མི་སློབ་པའི་གང་ཟག་དབང་པོ་རྣམ་པ་དགུའི་དབྱེ་བས་དགུ་ཡིན་ནོ། །སློབ་པ་དང་མི་སློབ་པའི་དབྱེ་བའི་དབང་དུ་མ་བྱས་ན་འཕགས་པའི་གང་ཟག་ཐམས་ཅད་བདུན་ཡིན་ནོ། །དང་པོ་ཉིད་ནས་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་གཞན་གྱི་དྲིང་མི་འཇོག་པས་ཆོས་ཀྱི་རྗེས་སུ་འབྲང་བས་དོན་ལ་སྦྱར་ཏེ། གཞན་ལས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་ཐོས་ནས་དེའི་རྐྱེན་གྱིས་བསམ་པ་དང་བསྒོམ་པ་ལ་སྦྱོར་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ནི་རང་ཉིད་ཁོ་ནས་ཏེ། གཞན་གྱི་དྲིང་


DTG210_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཇོག་པར་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་རྗེས་སུ་འབྲངས་ཏེ་བསམ་པ་དང་བསྒོམ་པས་བརྟེན་ཏེ་དོན་ལ་སྦྱོར་བའི་ཕྱིར་ཏེ། དེ་ལྟར་སྦྱོར་བའི་སྒོ་ནས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་ག །དད་པས་མོས་པ་དང་ཤེས་རབ་ལྷག་པའི་སྒོ་ནས་ཞེས་བྱ་བ་ལ། དད་པས་མོས་པ་ལྷག་པས་ན་དད་པས་མོས་པ་སྟེ། དད་པ་ལྷག་པ་ནི་དབང་པོ་རྟུལ་པོ་ཉིད་དེ། དེ་ནི་དད་པ་ལྷག་པ་ཡིན་གྱི་ཤེས་རབ་ནི་མ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ལྷག་པ་ནི་དབང་པོ་རྣོན་པོ་ཉིད་དེ། དེ་ནི་ཤེས་རབ་ལྷག་པ་ཡིན་གྱི་དད་པ་ནི་མ་ཡིན་ནོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དག་ལ་ཡང་དབང་པོའི་དབྱེ་བ་ཡོད་པ་མ་ཡིན་ནམ་ཞེ་ན་ཡོད་མོད་ཀྱི། དེ་ལྟ་ན་ཡང་དད་པས་མོས་པ་དང་མཐོང་བས་ཐོབ་པ་དག་དབང་པོའི་སྒོ་ནས་དབྱེ་བ་མ་ཡིན་ཏེ་མཐོང་པའི་ལམ་ནི་ཅིག་ཤོས་དག་དང་གཉི་གས་ཀྱང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དུས་མཚུངས་པའི་ཕྱིར་དང༌། བསྒོམ་པའི་ལམ་ལ་ནི་མཚུངས་པར་མངོན་པར་འདུ་བྱེད་པ་ཆེན་པོས་ཉོན་མོངས་པ་སྤོང་བའི་ཕྱིར་རོ་མྱོང་བ་དང་རོ་མྱོང་བ་མ་ཡིན་པ་དག་དབང་པོའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་ལུས་ཀྱིས་མངོན་དུ་བྱེད་པ་སྟེ་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་དང་རྣོན་པོ་འགོག་པའི་སྙོམས་པར་འཇུག་པ་ཐོབ་པ་དག་ཁྱད་པར་མེད་པར་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱས་པའི་ཕྱིར། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་པས་སྙོམས་པར་འཇུག་པ་ལས་རྣམ་པར་གཞག་གི་དབང་པོ་དང་སྦྱོར་བ་ལས་ནི་མ་ཡིན་ནོ། །རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའོ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་པ་དུས་དང་མི་སྦྱོར་བ་སྟེ། རྣམ་པར་གྲོལ་བ་ཙམ་ལ་བལྟོས་ནས་ཤེས་རབ་ཀྱིས་རྣམ་པར་གྲོལ་བར་གཞག་པའི་ཕྱིར་རོ། །སྙོམས་པར་འཇུག་པ་དང་རྣམ་པར་གྲོལ་བ་ལས་ནི་ཞེས་བྱ་བ་ལ། དེ་ནི་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་རྣམ་པར་ཐར་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ལོ། །རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་ལ་བལྟ་བ་


DTG210_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རྒྱས་པར་འབྱུང་བའོ། །རྣམ་པར་ཐར་པ་ལ་བསྒྲིབས་པས་ན་རྣམ་པར་ཐར་པའི་སྒྲིབ་པ་སྟེ། དེ་ཡང་གང་གིས་བསམ་གཏན་དག་སྐྱེད་པར་མི་ནུས་པ་ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་དོ། །དགྲ་བཅོམ་པའི་རྣམ་པར་གྲོལ་བ་ཐོབ་པས་ཉོན་མོངས་པའི་སྒྲིབ་པའི་ཆ་ལས་རྣམ་པར་གྲོལ་ཏེ། དེའི་ཕྱིར་སྙོམས་པར་འཇུག་པའི་རྣམ་པར་གྲོལ་བ་ལས་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྣམ་པར་གཞག་གོ །རྫས་སུ་ནི་དེ་དག་རྣམ་པ་དྲུག་ཡིན་ཏེ་ཞེས་བྱ་བ་ནི་ལུས་ཀྱིས་མངོན་དུ་བྱེད་པ་ནི་དད་པས་མོས་པ་དང༌། མཐོང་བས་ཐོབ་པ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང༌། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ནི་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བ་གཉིས་ཀྱི་ཁོངས་སུ་འདུས་པའི་ཕྱིར་རྫས་སུ་ནི་དྲུག་ཡིན་ནོ། །དབང་པོའི་སྒོ་ནས་ནི་གསུམ་མོ་ཞེས་བྱ་བ་ནི་དད་པའི་རྗེས་སུ་འབྲང་བ་དབང་པོ་རྟུལ་པོ་ཡིན་མོད་ཀྱི། སླར་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་དབྱེ་སྟེ། དེ་དག་དབང་པོ་རྟུལ་པོར་མཚུངས་ཀྱང་ཤིན་ཏུ་རྟུལ་བ་དང་ཆེས་ཤིན་ཏུ་རྣལ་བའི་བྱེ་བྲག་ཡོད་པས་སོ། །རིགས་ཀྱི་སྒོ་ནས་ནི་ལྔའོ་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་གྱི་རིགས་མ་གཏོགས་པ་ལྷག་མ་ལྔའོ། །སྔར་བཤད་པ་གསུམ་པོ་རེ་རེ་ལ་རིགས་ཀྱི་བྱེ་བྲག་ཡོད་དེ། དེ་ལྟར་ན་རིགས་དང་དབང་པོའི་སྒོ་ནས་བཅོ་ལྔ་ཡིན་ནོ། །དེ་བཞིན་དུ་བཅོ་ལྔ་པོ་དེ་དག་རེ་རེ་ཞིང་ལམ་གྱི་སྒོ་ནས་ནི་བཅོ་ལྔ་བཅོ་ལྔ་ཡིན་ནོ། །ཤེས་པ་བདུན་ལ་གནས་པའོ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་པའི་ཕྱིར་རོ། །དེ་དག་ཉིད་ལམ་གྱི་སྒོ་ནས་ནི་ཡང་རེ་རེ་ཞིང་བཅོ་ལྔ་བཅོ་ལྔ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་རེ་རེ་ཡང་བདུན་ཅུ་རྩ་གསུམ་གསུམ་ཡིན་ནོ། །ཇི་ལྟར་ཞེ་ན། འདོད་པའི་ཁམས་ན་འཆིང་བ་མཐའ་དག་དང་ལྡན་པ་གཅིག་དང༌། འདོད་པའི་ཁམས་ལ་རྣམ་པ་གཅིག་སྤངས་པ་ནས་རྣམ་པ་དགུ་སྤངས་པའི་བར་དང༌། དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པ་གཅིག་སྤངས་པ་ནས་རྣམ་པ་དགུ་སྤངས་པའི་བར་ཏེ། དེ་དག་ནི་འདོད་པའི་ཁམས་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པ་གསུམ་ན་དགུ་ཚན་བརྒྱད་ལ་བདུན་ཅུ་རྩ་གཉིས་ཡིན་


DTG210_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འདོད་པའི་ཁམས་ཀྱི་འཆིང་བ་མཐའ་དག་དང་ལྡན་པས་བསྣན་ན་བདུན་ཅུ་རྩ་གསུམ་ཡིན་ནོ། །སྲིད་པའི་རྩེ་མོ་འདོད་ཆགས་དང་བྲལ་བ་ནི་འདིར་མི་བརྩི་སྟེ། མཐོང་བའི་ལམ་སྔ་རོལ་དུ་དེ་ལས་འདོད་ཆགས་དང་བྲལ་པ་མེད་པའི་ཕྱིར་རོ། །རྟེན་གྱི་སྒོ་ནས་ནི་དགུ་སྟེ་ཞེས་བྱ་བ་ནི་རེ་རེ་ཞིང་སྟེ། རྟེན་ནི་བསྐྱེད་པའི་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ །གླིང་གསུམ་དང་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པ་སྟེ་དེ་ན་ལམ་མེད་པའི་ཕྱིར་རོ། །ལྷའི་རིས་དྲུག་ཏུ་སྐྱེས་པའོ་ཞེས་བྱ་བ་ནི་འདོད་པ་ན་སྤོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པ་སྟེ། དེའི་གོང་ན་མཐོང་བའི་ལམ་མེད་པའི་ཕྱིར་དད་པའི་རྗེས་སུ་འབྲང་བ་མེད་དོ། །དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་དེ་ཉིད་ཀྱིས་སྡུད་པའོ། །གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་དུ་བརྩི་པར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པ་སྟེ། ཇི་ལྟར་དད་པས་རྗེས་སུ་འབྲང་བ་དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་བརྩིས་པ་བཞིན་དུ་བརྩི་པར་བྱའོ། །ཅི་རིགས་པར་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དང༌། མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་རྣམས་ལ་ནི་རིགས་ཀྱི་ཁྱད་པར་མེད་དོ། །དེ་ལ་རིགས་ཀྱི་སྒོ་ནས་གཅིག་གོ །ཆོས་ཀྱི་རྗེས་སུ་འབྲང་བ་དབང་པོའི་སྒོ་ནས་གསུམ་མོ། །ལམ་གྱི་སྒོ་ནས་རེ་རེ་ཞིང་བཅོ་ལྔ་སྟེ་བཟོད་པ་བརྒྱད་དང་ཤེས་པ་བདུན་ལ་གནས་པའོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་བདུན་ཅུ་རྩ་གསུམ་སྟེ་སྔར་བཤད་དོ། །བཅོ་ལྔ་པོ་རེ་རེ་ཞིང་རྟེན་གྱི་སྒོ་ནས་དགུར་འགྱུར་རོ། །དེ་བཞིན་དུ་དབང་པོ་དང་འདོད་ཆགས་དང་བྲལ་བ་དང་གནས་ཀྱི་སྒོ་ནས་བསྡོམས་ན་དགུ་སྟོང་དང་བརྒྱད་བརྒྱ་ལྔ་བཅུའོ། །དེ་བཞིན་དུ་གཞན་ལ་ཡང་བརྩི་བར་བྱའོ། །རྣམ་པར་ཐར་པ་ནི་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཡང་རྣམ་པར་ཐར་པའི་སྒྲིབ་པ་འདི་གང་ཞིག་ཅེ་ན། གང་གིས་རྣམ་པར་ཐར་པ་དག་སྐྱེད་པར་མི་ནུས་ཏེ། ལུས་དང་སེམས་


DTG210_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་མི་རུང་པ་ཉིད་དོ། །ཡང་དེས་རྣམ་པར་ཐར་པ་ལ་ཅིའི་ཕྱིར་སྒྲིབ་ཅེ་ན། གང་གི་ཕྱིར་དགྲ་བཅོམ་པ་སེམས་རྣམ་པར་གྲོལ་ཡང་རྣམ་པར་ཐར་པ་མ་སྐྱེད་པའི་ཕྱིར་ཡང་རྣམ་པར་གྲོལ་བར་བྱ་བས་ན་རྣམ་པར་ཐར་པ་ལ་སྒྲིབ་ཅེས་བྱ་སྟེ། རྫུ་འཕྲུལ་ཤེས་པ་ལ་མ་བསྒྲིབས་ལུང་མ་བསྟན་ནོ། །གཞན་དག་ན་རེ་སྔར་ཉིད་དུ་ངེས་སྤངས་པ་ཁམས་ལས་འདོད་ཆགས་དང་བྲལ་བ་ཉིད་ལས་རྣམ་པར་ཐར་པ་མ་ལུས་པ་བསྐྱེད་དེ་ཀུན་ཏུ་མི་སྤྱོད་པ་ལས་རྣམ་པར་གཞག་གོ་ཞེས་ཟེར་རོ། །གཞན་དག་ནི་སྙོམས་པར་འཇུག་པ་ལ་མི་དབང་བ་རྣམ་པར་ཐར་པའི་སྒྲིབ་པའོ་ཞེས་ཟེར་རོ། །གཞན་དག་ནི་སྙོམས་པར་འཇུག་པ་མ་ཐོབ་པ་ཉིད་དོ་ཞེས་ཟེར་རོ། །གཞན་དག་ན་རེ། ཨུ་དཱ་སཱི་ན་ཏྭཏ། སྦྱོར་བ་མཉན་པ་ལ་མ་གོམས་པའི་ཕྱིར་རྣམ་པར་ཐར་པ་སྐྱེད་པར་མི་བྱེད་པ་དེ་ཉིད་འདིའི་སྒྲིབ་པ་ཡིན་ཏེ་སྔ་མ་ཉིད་རིགས་སོ་ཞེས་ཟེར་རོ། །འདི་ལ་གང་ཞིག་ཉོན་མོངས་པ་ལྔ་སྤངས་ཏེ་ཞི་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བའི་ཐ་མའི་ཆ་དང་མཐུན་པ་ལྔའོ། །མི་འཕྲོགས་ཆོས་ཅན་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནོ། །ཕྱིར་མི་འོང་བ་དད་པས་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི་འབྲས་བུ་ཁོ་ན་ལས་སོ། །དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་མེད་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ཀྱང་མ་ཡིན་ནོ། །སློབ་པའི་འབྲས་བུའི་མཐར་གནས་པའི་ཕྱིར་འབྲས་བུ་ཁོ་ནའི་སྒོ་ནས་ཡོངས་སུ་རྫོགས་པ་ཡིན་ནོ། །མཐོང་བས་ཐོབ་པ་འདོད་ཆགས་དང་མ་བྲལ་བ་ནི་དབང་པོ་ཀོ་ན་ལས་སོ་ཞེས་བྱ་བ་ནི་དེ་ནི་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དབང་པོ་ཁོ་ནའི་སྒོ་ནས་ཡོངས་སུ་རྫོགས་ཀྱི། འདོད་ཆགས་དང་མ་བྲལ་བའི་ཕྱིར་སྙོམས་པར་འཇུག་པ་དང་འབྲས་བུའི་སྒོ་ནས་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་མཐོང་བས་ཐོབ་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་མ་ཡིན་པ་ནི་འབྲས་བུ་དང་དབང་པོ་ལས་སོ་ཞེས་བྱ་བ་ནི་དེ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དང༌། སློབ་པའི་འབྲས་བུའི་མཐར་གནས་པའི་ཕྱིར་དབང་པོ་དང་འབྲས་བུའི་སྒོ་ནས་ཡོངས་སུ་རྫོགས་པ་ཡིན་གྱི། ལུས་ཀྱིས་མངོན་སུམ་དུ་མ་བྱས་པའི་


DTG210_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ནི་མ་ཡིན་ནོ། །དད་པས་མོས་པ་ལུས་ཀྱིས་མངོན་དུ་བྱེད་པ་ནི་འབྲས་བུ་དང་སྙོམས་པར་འཇུག་པ་ལས་སོ་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པ་ནི་མེད་དོ། །ཕྱིར་མི་འོང་བ་ལུས་ཀྱིས་མངོན་དུ་བྱེད་པ་ནི་འབྲས་བུ་དང་དབང་པོ་དང་སྙོམས་པར་འཇུག་པ་ལས་སོ་ཞེས་བྱ་བ་ནི་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དང༌། འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་དང༌། སློབ་པའི་འབྲས་བུ་ཐམས་ཅད་ཐོབ་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ཁོ་ན་དང་སྙོམས་པར་འཇུག་པ་དང་དབང་པོ་ལས་ཡོངས་སུ་རྫོགས་པ་ཉིད་ནི་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ཕྱིར་མི་འོང་བའི་འབྲས་བུ་མེད་པར་སློབ་པ་འགོག་པ་ལ་སྙོམས་པར་འཇུག་པ་མེད་དེ། གང་གི་ཕྱིར་འབྲས་བུ་མེད་པར་མི་སློབ་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ནི་དབང་པོ་ཁོ་ན་ལས་སོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་མེད་པའི་ཕྱིར་སྙོམས་པར་འཇུག་པའི་སྒོ་ནས་ནི་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་དབང་པོའི་སྒོ་ནས་ནི་མ་ཡིན་ནོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་དང༌། འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་གཉིས་ཀྱིས་ཡོངས་སུ་རྫོགས་པ་ཉིད་དོ། །སྦྱོར་བའི་ལམ་ནི་གང་གིས་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྐྱེ་བའོ་ཞེས་བྱ་བ་ནི་དཔེར་ན་ཆོས་ཀྱི་མཆོག་རྣམས་ལྟ་བུའོ། །མདོར་བྱས་པ་ལས་གོ་བཟློག་ནས་བསྟན་པ་ནི་ཚིག་ལེ་འུར་བྱས་པ་བསྡེབ་པ་དང་མཐུན་པར་བྱ་བའི་ཕྱིར་ཡིན་ནོ། །བར་ཆད་མེད་པའི་ལམ་ནི་གང་གིས་སྒྲིབ་པ་རབ་ཏུ་སྤོང་བ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །དེ་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ་ཞེས་བྱ་བ་ནི། བར་ཆད་མེད་པའི་ལམ་དེས་སྤང་བར་བྱ་བའི་སྒྲིབ་པ་གང་ཡིན་པ་དེ་ལས་ངེས་པར་གྲོལ་བའོ། །དབང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ་ཞེས་


DTG210_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། དང་པོ་ནི་ཐོག་མ་སྟེ་དཔེར་ན་སྡུག་བསྔལ་ལ་སོགས་པ་དག་ལ་ཆོས་ཤེས་པ་བཞིན་ནོ། །དེ་ནི་སྡུག་བསྔལ་ལ་སོགས་པ་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བར་སྐྱེའོ། །དང་པོ་ཞེས་བྱ་བ་ཅིའི་ཕྱིར་གཞན་དུ་ནི་གལ་ཏེ་དེ་ལྟར་བརྗོད་གང་གི་ཕྱིར་དེ་སྤང་བྱའི་སྒྲིབ་པ་ལས་གྲོལ་བར་སྐྱེའོ་ཞེས་དེ་སྐད་བཤད་ན། འདི་ཡང་བར་ཆད་མེད་པའི་ལམ་རྣམས་ཀྱི་སྔ་རོལ་དུ་སྤང་བྱའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དུ་ཐལ་བར་འགྱུར་རོ། །ཁྱད་པར་གྱི་ལམ་ནི་དེ་དག་ལས་གཞན་པའི་ལམ་གང་ཡིན་པའོ་ཞེས་བྱ་བ་ནི་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་ལས་གཞན་པའོ། །ལམ་ལ་རྗེས་སུ་ཤེས་པ་ནི་རྒྱུན་ཆགས་པ་ཡིན་ཏེ། དེའི་སྐད་ཅིག་མ་དང་པོ་མ་གཏོགས་པ་ལྷག་མ་ནི་ཁྱད་པར་གྱི་ལམ་མོ། །རྣམ་པར་གྲོལ་བའི་ཤེས་པ་རྒྱུན་ཆགས་པ་གཞན་ཡང་དེ་དང་འདྲ་བ་བརྗོད་པར་བྱ་སྟེ། དཔེར་ན་ཟད་པ་ཤེས་པ་ལ་སོགས་པ་དང༌། དེ་བཞིན་དུ་དགྲ་བཅོམ་པའི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པར་བྱེད་པའི་ལམ་གསུམ་མ་གཏོགས་པ་གང་ཡིན་པ་ལྟ་བུའོ། །གལ་ཏེ་གང་གི་མཇུག་ཐོགས་སུ་བར་ཆད་མེད་པའི་ལམ་སྦྱོར་བའི་ལམ་ཡིན་ན། དེ་ལྟ་ན་ཆོས་ཀྱི་མཆོག་གི་སྔ་རོལ་གྱི་ལམ་གང་ཡིན་པ་དེ་ལ་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། སྦྱོར་བའི་ལམ་ཁོ་ན་ཡིན་མོད་ཀྱི་དེ་ནི་ཐག་རིང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་མཆོག་དག་ལས་འདིའི་ཁྱད་པར་ཡིན་ནོ། །སྒྲ་བྱེ་བྲག་ཏུ་བཤད་པ་དྲི་བའི་ཕྱིར་ཅིའི་ཕྱིར་ལམ་ཞེས་བྱ་བ་སྨོས་སོ། །མྱ་ངན་ལས་འདས་པའི་ལམ་ཡིན་ནོ་ཞེས་བྱ་བ་ལ། ལམ་དང་བཤུལ་ཞེས་བྱ་བ་ནི་རྣམ་གྲངས་བསྟན་པའོ། །ཇི་ལྟར་འདི་མྱ་ངན་ལས་འདས་པའི་ལམ་ཡིན་ཞེ་ན། དེའི་ཕྱིར་དེ་ནས་དེར་འགྲོ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ལམ་དེ་ནས་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །འདིས་ནི་མྱ་ངན་ལས་འདས་པ་འཚོལ་བའི་ཕྱིར་འདི་ནི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྗེས་སུ་ཚོལ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲོལ་བ་དང་ཁྱད་པར་ཅན་དང་ལམ་དག་ཇི་ལྟར་ན་ལམ་


DTG210_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ཞེས་བྱ་བ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་དག་ཁོ་ནས་ཉོན་མོངས་པ་སྤོང་བར་ནུས་ཀྱི། རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་དག་གིས་ནི་མ་ཡིན་ཏེ། ཉོན་མོངས་པ་རྣམས་སྤངས་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་དང་འདྲ་བ་དང་ཆེས་ཆེ་བ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དེ་དག་ནི་སྤངས་པའི་ལམ་དང་འདྲ་བ་ཡིན་ཏེ་རབ་ཏུ་དབྱེ་བ་དང་དམིགས་པ་དང་རྣམ་པ་འདྲ་བའི་ཕྱིར་རོ། །ཆེས་ཆེ་བ་ནི་རྒྱུ་རྒྱས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཀྱང་ལམ་ཉིད་ཡིན་ནོ། །དེ་དག་ནི་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་ཡང་ལམ་ཉིད་ཡིན་ནོ། །དེ་ལྟ་ན་ཁྱད་པར་གྱི་ལམ་ཉིད་ཡིན་པ་ཉམས་པར་འགྱུར་ཏེ་དེའི་གོང་ན་ལམ་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ཕུང་པོ་ལྷག་མ་མ་ལུས་པར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ལམ་དུ་གྱུར་པ་དེ་དག་ནས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་འཇུག་པས་དེའི་ཕྱིར་དེ་གཉིས་ཀྱང་ལམ་ཡིན་ནོ། །མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེས་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སླ་བ་ཡང་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་ཞེས་བྱ་བའོ། །ཡང་ཇི་ལྟར་དེ་དག་རྣམ་པར་གཞག་ཅེ་ན། ས་དང་དབང་པོའི་སྒོ་ནས་སོ། །དེ་ཉིད་བསྟན་པའི་ཕྱིར། བསམ་གཏན་དག་གི་ལམ་རྣམས་སླ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་གིས་ཡོངས་སུ་ཟིན་པ་དང༌། ཞི་གནས་དང་ལྷག་མཐོང་མཉམ་པ་དག་གིས་ཞེས་བྱ་བ་ཡན་ལག་དག་གིས་ཡོངས་སུ་ཟིན་པ་ནི་ཡན་ལག་གིས་ཡོངས་སུ་ཟིན་པའོ། །ཡན་ལག་གིས་ཡོངས་སུ་ཟིན་པ་ཞི་གནས་ལྷག་མཐོང་མཉམ་པ་ཉིད་ཅེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་གིས་འབད་མི་དགོས་པར་དང་གིས་འབྱུང་བའི་ཕྱིར་བསམ་གཏན་དག་གི་ལམ་ནི་ལམ་སླ་བ་ཡིན་ནོ། །བསམ་གཏན་དག་གི་ཡན་ལག་གིས་ཡོངས་སུ་ཟིན་པ་དང༌། ཞི་གནས་དང་ལྷག་མཐོང་མཉམ་པ་ཉིད་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་དེའི་ལམ་ནི་འབད་མི་དགོས་པར་ངང་གིས་


DTG210_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཡིན་ཏེ་ཆུ་ལ་གཟིངས་བཞིན་ནོ། །དེའི་ཕྱིར་དེ་ནི་ལམ་སླ་བ་ཡིན་ནོ། །བསམ་གཏན་གྱི་དངོས་གཞི་དག་ལས་གཞན་པའི་ས་ཟག་པ་མེད་པ་རྣམས་ཀྱི་ལམ་གང་ཡིན་པ་དེ་ནི་འབད་ནས་འབྱུང་བའི་ཕྱིར་ལམ་དཀའ་བ་ཡིན་ཏེ་ཐང་ལ་གཟིངས་བཞིན་ནོ། །འབད་ནས་འབྱུང་བ་ནི་དེ་ན་ཡན་ལག་གིས་ཟིན་པ་མེད་པའི་ཕྱིར་དང་ཞི་གནས་དང་ལྷག་མཐོང་ཆུང་བའི་ཕྱིར་རོ། །འཕགས་པའི་ལམ་ནི་དཀའ་བའི་བདག་ཉིད་མ་ཡིན་པའི་ཕྱིར་དང་སྡུག་བསྔལ་བ་ཚོར་བ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དཀའ་བར་མི་བརྗོད་དོ། །དེ་བཞིན་དུ་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་གྱི་ལམ་ནི་ཞི་གནས་ཆུང་ངུ༌། གཟུགས་མེད་པ་དག་ན་ནི་ལྷག་མཐོང་ཆུང་ངུ་ཐམས་ཅད་ན་ཏིང་ངེ་འཛིན་ཡན་ལག་གིས་ཡོངས་སུ་མ་ཟིན་པ་ཡིན་ནོ། །སའི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཕྱེ་བ་གང་ཡིན་པ་དེ་ཁོ་ན་རེ་རེ་ཞིང་དབང་པོའི་བྱེ་བྲག་གིས་རྣམ་གཉིས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ལམ་དེ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལམ་འདི་ལ་མངོན་པར་ཤེས་པ་བུལ་བ་ཡོད་པས་ན་མངོན་པར་ཤེས་པ་བུལ་བའོ། །བུལ་བ་ཞེས་བྱ་བ་ནི་ཆུང་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །མངོན་པར་ཤེས་པ་ནི་ཤེས་རབ་སྟེ། འདིས་མངོན་དུ་ཆོག་ནས་རབ་ཏུ་ཤེས་པས་ན་མངོན་པར་ཤེས་པའོ། །གཞན་དག་ན་རེ། འདིས་མྱུར་དུ་ཤེས་པས་མ་ཡིན་གྱི་བུལ་བར་ཤེས་པས་མངོན་པར་ཤེས་པ་བུལ་བའོ་ཞེས་ཟེར་རོ། །ཡང་ན་འདི་གང་ཟག་མོང་རྟུལ་པོ་ཡིན་པས་ཞེས་བྱ་བ་ནི་བླུན་པོ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ །མོང་རྟུལ་བ་ཡང་གང་ཞིག་ཅེ་ན་དབང་པོ་རྟུལ་པོ་གང་ཡིན་པ་སྟེ། མངོན་པར་ཤེས་པ་མྱུར་བ་ནི་འདི་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །དཀའ་བ་དང་སླ་བ་འམ་བུལ་བ་དང་མྱུར་བའི་ལམ་ནི་ཕུང་པོ་ལྔའི་རང་བཞིན་དུ་རིག་པར་བྱས་ལ། ཤེས་རབ་གཙོ་བོར་བསྟན་པའི་ཕྱིར་ནི་མངོན་པར་ཤེས་པ་ཞེས་བཤད་དོ། །ཡང་ཅི་དབང་པོ་འབྲིང་པོ་ཡང་ཡོད་པ་མ་ཡིན་ནམ། གང་གི་ཕྱིར་ལམ་རྣམས་སུ་དབང་པོ་རྟུལ་པོ་དང་རྣོན་པོ་དག་ཁོ་ན་བཤད་ཅེ་ན། ཁ་ཅིག་ན་རེ་ཡོད་པ་མ་ཡིན་ཏེ་དད་པ་དང་ཆོས་


DTG210_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འབྲང་བ་ལ་སོགས་པའི་དབྱེ་བས་ལམ་རྣམ་པ་གཉིས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ནི་དབང་པོ་འབྲིང་པོ་ངེས་པར་ཁས་བླང་བར་བྱ་སྟེ། འདི་ལྟར་ཉན་ཐོས་ཆེན་པོ་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ཆོས་ཀྱི་རྗེས་སུ་འབྲང་བའི་རིགས་ཅན་ཡིན་ཡང་དབང་པོ་མི་མཚུངས་པ་བཞིན་ནོ། །འོ་ན་ལམ་རྣམས་སུ་འབྲིང་པོ་ཅིའི་ཕྱིར་མ་སྨོས་ཤེ་ན། མངོན་པར་མི་གསལ་བ་ཡིན་ཏེ། འཇིག་རྟེན་ན་ཡང་མཆོག་དང་ཐ་མ་དག་གི་ཆོས་ཁོ་ནའི་དོན་རབ་ཏུ་གསལ་བ་ཡིན་གྱི་འབྲིང་པོ་ནི་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །འདིས་ལམ་རྣམ་པ་གཉིས་སོ་སོར་བཤད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་གོ །ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་བྱ་བ་དང༌། མ་སྐྱེས་པ་རྣམས་མི་སྐྱེ་བའི་ཕྱིར་ཞེས་བྱ་བ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་ཞེས་བྱ་བ་དང༌། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་ཞེས་བྱ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང༌། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་སེམས་ཀྱི་ཏིང་ངེ་འཛིན་དང༌། སྤྱོད་པའི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདུན་པའི་བདག་པོའི་རྐྱེན་ལས་སྐྱེས་པའི་ཏིང་ངེ་འཛིན་ནི་འདུན་པའི་ཏིང་ངེ་འཛིན་ཏེ། དེ་བཞིན་དུ་བརྩོན་འགྲུས་དང་སེམས་དད་སྤྱོད་པའི་ཏིང་ངེ་འཛིན་རྣམས་ལ་ཡང་བརྗོད་པར་བྱའོ། །འདུན་པ་དང་རྩོལ་བ་དང་དད་པ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་སྟེ། འདུན་པ་འདི་དག་ནི་སྤོང་བའི་འདུ་བྱེད་དོ། །སྤོང་བའི་འདུ་བྱེད་འདི་ཉིད་ལ་སྔོན་དུ་འགྲོ་བ་འདུན་པའི་ཏིང་ངེ་འཛིན་ཏེ། གཉི་ག་ཡང་འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བརྗོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་ནི་རྫུ་འཕྲུལ་གྱི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །དབང་པོ་ལྔ་ནི་དད་པ་དང༌།


DTG210_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་དག་གོ །སྟོབས་ལྔ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་དག་གོ །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏོ། །གང་ཟག་གི་བྱེ་བྲག་གིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་ཏེ་དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །མ་རིག་པ་མ་ལུས་པར་སྤང་བའི་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་པའི་མ་རིག་པ་སྤངས་པའི་ཕྱིར་དེ་གཉི་གའི་བྱང་ཆུབ་ཡིན་ནོ། །གཞན་ཡང་དེ་གཉིས་ཀྱིས་རང་གི་དོན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟད་པ་ཤེས་པས་རང་གི་དོན་བྱས་པ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མི་སྐྱེ་བ་ཤེས་པས་རང་གི་དོན་ཡང་བྱར་མེད་པ་ཉིད་རྟོགས་པའི་ཕྱིར་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཕྱིར་བྱང་ཆུབ་ཅེས་སྦྱར་རོ། །ཇི་ལྟར་ཞེ་ན། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །དེ་དང་མཐུན་ཉིད་ཕྱིར་ཞེས་བྱ་བ་ལ། །དེ་དང་མཐུན་པའི་དངོས་པོ་ནི་དེ་དང་མཐུན་པ་ཉིད་དེའི་ཚོགས་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ཞེས་བྱ་བ་ནི་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྟེ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དུ་ཁྱད་པར་མེད་པས་རྫས་གཅིག་གི་བདག་ཉིད་དུ་རྣམ་པར་གཞག་གོ །བྱེ་བྲག་ཏུ་སྨྲ་བ་རྣམས་ཇི་ལྟར་ན་ལུས་དང་དག་གི་ལས་དག་ཐ་དད་ཅིང་ཞེས་བྱ་བ་ནི། མ་འཆོལ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྣམ་པར་རིག་བྱེད་མ་ཡིན་པ་མཚུངས་ཀྱང་དེ་དག་མཚན་ཉིད་འཆོལ་པ་མེད་དེ། འདི་ལྟར་སྲོག་གཅོད་པ་ལ་སོགས་པ་སྤོང་བས་བསྡུས་པ་རྣམ་པ་གསུམ་ལུས་ཀྱི་ལས་ཁོ་ན་ཡིན་པས་


DTG210_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཅིག་གོ །བརྫུན་སྨྲ་བ་ལ་སོགས་པ་སྤོང་བས་བསྡུས་པ་རྣམ་པ་བཞི་ཡང་དག་གི་ལས་ཁོ་ན་ཡིན་པས་རྫས་གཅིག་སྟེ་དེ་ལྟར་རྫས་བཅུ་གཅིག་གོ་ཞེས་ཟེར་རོ། །གཙོ་བོ་སྨོས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་རབ་གཙོ་བོར་གྱུར་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ་དེའི་ཕྱིར་དྲན་པ་གཞག་ཤེས་རབ་སྟེ་ཞེས་བཤད་དོ། །ཡང་ཤེས་རབ་ཁོ་ན་ནི་མ་ཡིན་ཏེ་ཐམས་ཅད་དུ་ཤེས་རབ་དང་མཚུངས་པར་ལྡན་པའི་ཡོན་ཏན་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་དགའ་བ་དང་བཏང་སྙོམས་ལ་སོགས་པ་རྣམས་སོ། །སྦྱོར་བ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་ཅི་རིགས་པར་དྲན་པ་ཉེ་བར་གཞག་པ་རྣམས་སོ། །སྦྱོར་བ་ལས་བྱུང་བ་སྨོས་པ་ནི་སྐྱེ་བས་ཐོབ་པའི་དད་པ་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་བརྗོད་པར་བྱའོ། །གཙོ་བོ་ནི་དེའི་སྟོབས་ཀྱིས་གཞན་དག་ཀྱང་གནས་པའོ། །རབ་ཏུ་འཇོག་པ་ཞེས་བྱ་བ་ནི་རབ་ཏུ་འབྱིན་པར་བྱེད་པ་དང་འཛིན་པ་དང༌། རེས་འགའ་འཇུག་པ་དང་རེས་འགའ་ངེས་པར་འབྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་རབ་ཏུ་གནས་པའི་ཕྱིར་རོ། །དེ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་རྟེན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞི་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རྫུ་འཕྲུལ་ནི་འབྱོར་པར་བྱེད་པ་ཡིན་པ། དེའི་རྒྱུ་ཡིན་པའི་ཕྱིར་རྐང་པ་ནི་ཏིང་ངེ་འཛིན་རྣམས་ཏེ། ཏིང་ངེ་འཛིན་ལ་རག་ལས་པས་ཡོན་ཏན་རྣམས་འབྱོར་པར་བྱེད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་གང་དག་འདིས་འབྱོར་པར་བྱེད་པ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན། འདུན་པ་དང་སེམས་ལྷག་པའི་ཕྱིར་བརྩོན་འགྲུས་ནི་ཡང་དག་པར་སྤོང་པའི་ནང་དུ་འདུས་ལ། དཔྱོད་པ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་དག་གི་ནང་དུ་འདུས་སོ། །འདུན་པ་དང་སེམས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དག་གི་ནང་དུ་བསྡུ་བར་མི་ནུས་སོ། །རྫུ་འཕྲུལ་གྱི་རྐང་པ་བྱང་ཆུབ་ཀྱི་ཕྱོགས་ཉིད་


DTG210_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་པས་འདུན་པ་དང་སེམས་དག་སྔར་བཤད་པ་བཅུ་གཅིག་གི་སྟེང་དུ་བསྣན་པས་བཅུ་གསུམ་དུ་འགྱུར་རོ། །རྫུ་འཕྲུལ་ཏིང་ངེ་འཛིན་ཁོ་ན་ཡིན་པ་ནི་མདོ་དང་འགལ་ཏེ། མཉན་ཡོད་དུ་གསུངས་པ་དགེ་སློང་དག་ངས་ཁྱེད་རྣམས་ལ་རྫུ་འཕྲུལ་དང་རྫུ་འཕྲུལ་གྱི་རྐང་པ་དང་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་པའི་ལམ་དག་ཀྱང་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གྱིས་ཤིག །རྫུ་འཕྲུལ་གང་ཞེ་ན་འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་ཡིན་ཏེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར། སྣང་བར་འགྱུར་བ་དང་མི་སྣང་བར་འགྱུར་བ་ཤེས་པ་དང་མཐོང་བས་ཉམས་སུ་མྱོང་བར་བྱེད། རྩིག་པ་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་མཁའ་ལ་བྱ་བ་བཞིན་ནོ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་འོག་ཏུ་འཛུལ་བར་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ་དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་ལྟར་མཐུ་ཆེ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ་ཡང་ལག་པས་ཀུན་ཏུ་ཉུག་པར་བྱེད་ཅིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་བསྒྱུར་བ་འདི་ནི་རྫུ་འཕྲུལ་ཞེས་བྱའོ། །རྐང་པ་རྣམས་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་ནས་དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་རྒྱ་ཆེར་གསུངས་ཏེ། འདིར་ཏིང་ངེ་འཛིན་གྱི་འབྲས་བུ་ལ་རྫུ་འཕྲུལ་གྱི་སྒྲས་གསུངས་ཀྱི། ཏིང་ངེ་འཛིན་ཉིད་ལ་ནི་མ་ཡིན་པས། དེའི་ཕྱིར་ཇི་སྐད་བཤད་པའི་ཏིང་ངེ་འཛིན་རྣམས་རྫུ་འཕྲུལ་གྱི་རྐང་པ་ཉིད་དོ། །འདུན་པ་ལ་སོགས་པའི་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཏིང་ངེ་འཛིན་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། འདུན་པ་ལ་སོགས་པ་བརྗོད་པ་ནི་ཏིང་ངེ་འཛིན་བཞི་ཚན་དུ་ཤེས་པར་བྱ་བའི་ཕྱིར་རོ། །བརྫི་བ་དང་བརྫི་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། དབང་པོ་རྣམས་ནི་དེའི་མི་མཐུན་ཕྱོགས་ཀུན་ཏུ་འབྱུང་བས་བརྫི་བའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཀྱང་མ་དད་པ་དང་ལེ་ལོ་དང་


DTG210_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་པ་དང་རྣམ་པར་གཡེང་བ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམས་སོ། །དེ་དག་མི་མཐུན་པའི་ཕྱོགས་ཆེན་པོས་ཀྱང་མི་བརྫི་པའི་ཕྱིར་སྟོབས་ཞེས་བྱའོ། །རབ་ཏུ་འབྱེད་ཅེས་བྱ་བ་ནི་རྣམ་པར་འཇོག་པའོ། །ལས་དང་པོ་པའི་སྐབས་སུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་རང་བཞིན་ཉེ་བར་བརྟག་པར་བྱ་བའི་ཕྱིར་རོ། །དྲོ་བར་གྱུར་པ་ལ་སོགས་པའི་སྔ་རོལ་གྱི་གནས་སྐབས་སུ་དྲན་པ་ཉེ་བར་གཞག་པ་རྣམས་རབ་ཏུ་འབྱེད་དོ་ཞེས་སྦྱར་རོ། །ཁྱད་པར་ཐོབ་པའི་རྒྱུས་དེའི་ཁྱད་པར་ཐོབ་པར་འགྱུར་རོ་ཞེས་སྦྱར་ཏེ། གཏེར་བརྐོ་བ་བཞིན་ནོ། །དེའི་ཕྱིར་བརྩོན་འགྲུས་ཡང་དག་པར་འཕེལ་བས་དྲོ་བར་གྱུར་པ་རྣམས་སུ་ཡང་དག་པར་སྤོང་བ་རྣམས་འཐོབ་བོ། །ཅི་ལྟར་ཞེ་ན་དྲོ་བར་གྱུར་པ་ཁྱད་པར་ཐོབ་པ་ལམ་གྱི་སྔ་རོལ་དུ་མ་ཡིན་གྱི་བསྒོམ་པ་དང་ལྡན་པའི་ཐོག་མ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་འཐོབ་པོ། །གཞན་དག་ན་རེ་དེའི་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ཉེས་དམིགས་དང་ཕན་ཡོན་མཐོང་བ་ལས་བརྩོན་འགྲུས་སྟོབས་དང་ལྡན་པ་བརྩམ་པའི་ཕྱིར་འཁོར་བ་ལས་འདའོ་ཞེས་ཟེར་རོ། །ཡོངས་སུ་མི་ཉམས་པའི་དགེ་བའི་རྩ་བ་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་ཡོངས་སུ་མི་ཉམས་པ་བཟོད་པས་བསྡུས་པའི་དགེ་བའི་རྩ་བ་རྣམས་ཀྱིས་རྩེ་མོ་ལ་འཇུག་སྟེ། རབ་ཏུ་འཇུག་པ་འདི་དག་གིས་ཞུགས་པས་དེའི་གནས་སྐབས་སུ་ཏིང་ངེ་འཛིན་ཡང་དག་པར་འབྱོར་པའི་རྟེན་དུ་གྱུར་པས་ན། རྩེ་མོ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་གཞག་གོ །གཞན་དག་ན་རེ་རྩེ་མོ་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་ཚར་གཅད་པ་དང་ཡོངས་སུ་གཟུང་བ་མེད་པས་ནམ་ཡང་པས་ནམ་ཡང་དགེ་བའི་རྩ་བ་ཅུང་ཟད་ཀྱིས་དབུལ་བ་མ་ཡིན་པས། དེའི་ཕྱིར་རྩེ་མོ་ལ་རྫུ་འཕྲུལ་གྱི་རྐང་པ་རབ་ཏུ་ཕྱེའོ་ཞེས་ཟེར་རོ། །དབང་ཐོབ་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཕྱིར་གནས་སྐབས་དེའི་དད་པ་ལ་སོས་པ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེའི་ཕྱིར་བཟོད་པ་དག་ལ་དབང་ཐོབ་པས་འཇིག་རྟེན་ལས་


DTG210_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་ལམ་འདྲེན་པ་ལ་དབང་ཐོབ་པར་བྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་འདིས་ངན་སོང་ཤིན་ཏུ་བཟློག་པ་ལ་དབང་ཐོབ་པས་སོ་ཞེས་ཟེར་རོ། ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བའི་ཕྱིར་ཞེས་བྱ་བ་ནི། གནས་སྐབས་དེའི་དད་པ་ལ་སོགས་པ་རྣམས་ནི་ཉོན་མོངས་པ་རྣམས་ཀྱིས་མི་བརྫི་བ་ཡིན་ནོ། །དེ་ལ་གནས་སྐབས་སུ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བ་བཟོད་པ་རྣམས་ལ་ཡང་ཡོད་སྲིད་པས་དེའི་ཕྱིར་འཇིག་རྟེན་པའི་ཆོས་གཞན་གྱིས་མི་བརྫི་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཇི་ལྟར་མི་བརྫི་ཞེ་ན་དེའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་དང་ཉེ་བའི་ཕྱིར་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་ཉེ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་བསྒོམ་པའི་ལམ་ལ་ཉོན་མོངས་པའི་རྣམ་པ་དགུ་སྤོང་བ་ཡོད་པ་ཡང་དང་ཡང་དུ་མངོན་པར་རྫོགས་པར་རྟོགས་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་ཞེས་ཟེར་རོ། །འགྲོ་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བའི་ལམ་ལ་ལམ་གྱི་ཡན་ལག་རྣམས་སོ། །དེ་ནི་མྱུར་བར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔས་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་མངོན་པར་རྟོགས་པས་དེ་མྱུར་དུ་འགྲོ་བ་ཉིད་དོ། །ཚོལ་བར་བྱེད་པས་ན་ལམ་ཞེས་བྱ་ལ། འགྲོ་བའི་དོན་གྱིས་ན་མཐོང་བའི་ལམ་སྟེ་འདི་གཉི་ག་ཡང་ཕུལ་དུ་བྱུང་བའོ། །གཞན་དག་ན་རེ་ཐོག་མ་ནས་ཟག་པ་མེད་པ་ཇི་ལྟར་མཐོང་བ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཚོལ་བས་མི་ལྡང་བའི་བསམ་པས་མྱུར་དུ་འགྲོ་བའི་ཕྱིར་རོ་ཞེས་ཟེར་རོ། །གྲངས་དང་རྗེས་སུ་མཐུན་པ་ཞེས་བྱ་བ་ནི། སྔར་བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་ལ་ཕྱིས་ལམ་གྱི་ཡན་ལག་བརྒྱད་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་ལས་ཐ་དད་པའི་གཞན་གྱི་ཡན་ལག་མེད་པའི་ཕྱིར་འདི་ཡན་ལག་ཏུ་མི་རིགས་སྙམ་པ་དེ་བསལ་བའི་ཕྱིར། དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་ཉིད་ཡན་ལག་གི་ཕྱིར་བརྟག་པ་མ་ཡིན་ནོ་ཟེར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་མ་


DTG210_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རངས་པའི་ཕྱིར་སྨོས་སོ། །གཞན་དག་ནི་ཞེས་བྱ་བ་ནི་སློབ་དཔོན་ནོ། །གོ་རིམས་མ་ཉམས་པ་ཁོ་ནར་ཞེས་བྱ་བ་ནི་སྔར་ལམ་གྱི་ཡན་ལག་རྣམས་དང་ཕྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ་དེ་ལྟར་རིམ་པ་ལས་ཐ་དད་པ་མ་བྱས་སོ། །དང་པོ་ཁོ་ནར་ཞེས་རྒྱས་པར་འབྱུང་བ་ལ། ཡུལ་རྣམ་པ་མང་པོ་ནི་གཟུགས་ལ་སོགས་པའི་དབྱེ་བ་སྟེ། སྔོན་པོ་ལ་སོགས་པ་ཐ་དད་པའོ། །དེ་རྣམ་པ་མང་པོ་ལ་འཕྲོ་བ་ནི་རྣམ་པར་གཡེང་བ་སྟེ། འདོར་ན་འཕྲོ་ཞིང་རྣམ་པར་གཡེང་བའི་ངང་ཚུལ་ཅན་གྱི་བློའོ། །ཚར་གཅད་པའི་ཕྱིར་ཞེས་བྱ་བ་ནི། ཚོགས་པ་རེ་རེ་ལ་དམིགས་པའོ། །ཉེ་བར་འདོད་པའི་ཕྱིར་ཞེ་ན་བརྟེན་པ་ཞེས་བྱ་སྟེ་སྲེད་པ་ལ་བརྟེན་པའོ། །དྲན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི། ཉམས་སུ་མྱོང་བའི་ཡུལ་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ །བསལ་བའི་ཕྱིར་ཞེས་བྱ་བ་ནི་དེའི་གེགས་ཀྱི་སྒྲིབ་པ་བསལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེའི་སྟོབས་ཀྱིས་བརྩོན་འགྲུས་ཡང་དག་པར་འཕེལ་བས་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞིའི་སྟོབས་ཀྱིས་དགོས་པ་རྣམ་པ་པ་ཞི་ཡང་དག་པར་བསྒྲུབ་པའི་ཕྱིར་ཞེས་པའོ། །དགོས་པ་རྣམ་པ་བཞི་ནི། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང༌། མ་སྐྱེས་པ་རྣམས་མི་སྐྱེད་པ་དང༌། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་མ་སྐྱེས་པ་རྣམས་སྐྱེད་པ་རྣམས་སོ། །དེའི་འོག་ཏུ་ཏིང་ངེ་འཛིན་རྣམ་པར་སྤྱོད་པའི་ཕྱིར་ཞེས་བྱ་བ་ལ། ཡང་དག་པར་སྤོང་བ་དེ་དག་གི་མཇུག་ཐོགས་སུ་ཏིང་ངེ་འཛིན་རྣམ་པར་སྤྱོད་པ་དེའི་ཕྱིར་དེའི་མཇུག་ཐོགས་སུ་ཏིང་ངེ་འཛིན་རྣམ་པར་སྤྱོད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ་རབ་ཏུ་ཕྱེའོ་ཞེས་སྐབས་དང་སྦྱར་བ་ཐམས་ཅད་དུ་རྗེས་སུ་འཇུག་གོ །ཏིང་ངེ་འཛིན་ལ་བརྟེན་ནས་ཞེས་རྒྱས་པར་འབྱུང་བ་ལ། ཏིང་ངེ་འཛིན་ལ་བརྟེན་ནས་དད་པ་ལ་སོགས་པ་ཟག་པ་མེད་པའི་ལམ་འདྲེན་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་བདག་པོར་གྱུར་པས་ན། རྫུ་འཕྲུལ་གྱི་རྐང་པའི་རྗེས་སུ་དབང་པོ་རྣམས་བརྗོད་དོ། །དེ་བདག་ཉིད་ཅེས་བྱ་བ་ལ། དབང་པོ་དེ་དག་ཉིད་གང་གི་ཚེ་མི་མཐུན་པའི་


DTG210_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་ངེས་པར་རྒྱལ་བར་ཀུན་ཏུ་སྤྱོད་ཅིང་མངོན་དུ་གྱུར་པ་དེའི་ཚེ་སྟོབས་ཞེས་བྱ་སྟེ། དེ་དག་གི་མི་མཐུན་པའི་ཕྱོགས་ནི་མ་དད་པ་ལ་སོགས་པའོ། །གཉི་ག་ལ་ནི་ལམ་གྱི་ཡན་ལག་རྣམས་ཏེ་ཞེས་བྱ་བ་ནི་མཐོང་བའི་ལམ་མོ། །འདི་ལྟར་ཞེས་བྱ་བ་ནི་དེ་ཉིད་ཁུངས་རྒྱས་པར་འབྱུང་བའོ། །མཐོང་བའི་ལམ་ལ་བསྒོམ་པའི་ལམ་ཡོངས་སུ་རྫོགས་པར་མི་འགྱུར་བས། ཇི་ལྟར་དེར་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པའི་ལམ་གྱིས་བསྡུས་པས་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཇི་སྐད་བཤད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དག་ཀྱང་བསྒོམ་པའི་ལམ་དུ་ཡོངས་སུ་རྫོགས་པར་འགྱུར་གྱི་མཐོང་བའི་ལམ་དུ་ནི་མ་ཡིན་ནོ། །མཐོང་བའི་ལམ་དུ་ནི་ལམ་བསྒོམ་པ་ཡོངས་སུ་རྫོགས་པར་མི་རུང་སྟེ། དེའི་ཕྱིར་མཐོང་བའི་ལམ་ནས་བཟུང་ནས་ལམ་གྱི་ཡན་ལག་དག་ཡོད་དོ་ཞེས་བྱ་བར་ཤེས་སོ། །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པ་དེའི་ཕྱིར་མཐོང་ལམ་ནས་བརྩམས་ཏེ་བསྒོམ་པའི་ལམ་ལ་ལམ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བར་ཤེས་སོ། །དེ་ལྟར་ཡིན་ན་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀ་ལ་ཡང་ལམ་གྱི་ཡན་ལག་ཡོད་པར་འགྱུར་རོ། །ཡང་དགེ་སློང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཕགས་པའི་བདེན་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བ་འདིས་ནི་མཐོང་བའི་ལམ་བསྟན་ཏོ། །ཇི་ལྟར་རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་ཇི་ལྟར་རྟོགས་པ་སྟེ། ཇི་ལྟར་ཐོབ་པའི་ལམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ །འཇུག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་བར་དུ་ངེས་པར་འབྱུང་བའོ། །དེ་ལྟ་བས་ན་གཉི་ག་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པར་འདོད་པར་བྱ་དགོས་སོ། །བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད་ཅེས་བྱ་བ་ལ། །ཟག་པ་མེད་པ་ཁོ་ན་ཡིན་གྱི། དེ་དག་ཁོ་ན་ཟག་པ་མེད་པ་ནི་མ་ཡིན་ཏེ། དེ་གཉིས་བསྒོམ་པ་དང་མཐོང་བའི་ལམ་ལ་རྣམ་པར་གཞག་པའི་ཕྱིར་ལ། སྲིད་པའི་རྩེ་མོའི་གཉེན་པོ་ཡིན་པས་བསྒོམ་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་གཞག་


DTG210_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཟག་པ་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡིན་བཞིན་དུ་དེ་དག་ཁོ་ན་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ལམ་གྱི་ཡན་ལག་རྣམས་ནི་མཐོང་བའི་ལམ་རྣམ་པར་གཞག་སྟེ། མཐོང་ལམ་གཅིག་ཏུ་ཟག་པ་མེད་པ་ཡིན་པའི་ཕྱིར་དེ་རྣམས་ཀྱང་ཟག་པ་མེད་པ་ཉིད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནམ། ཇི་ལྟར་ཟག་པ་མེད་པ་རྣམས་ཁོ་ན་ལམ་གྱི་ཡན་ལག་ཅེས་བྱ་ཞེ་ན། ཡོད་པ་བདེན་མོད་ཀྱི་དེ་དག་ནི་འཕགས་པའི་ལམ་ཞེས་བྱ་བའི་སྒྲ་མི་འཐོབ་སྟེ། ཉོན་མོངས་པ་རྒྱས་པར་འབྱུང་བའི་ཕྱིར་དེ་ལ་ལམ་གྱི་ཡན་ལག་ཉིད་དུ་ཐལ་བ་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པར་གཞན་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟོབས་ལ་ཐུག་པ་རྣམས་ཏེ། མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱིས་བསྡུས་པ་དག་ནི་ཟག་པ་མེད་པའོ། །དེར་བདེན་པ་སོ་སོ་ལ་དམིགས་པའི་ཤེས་རབ་ཆོས་དྲན་པ་ཉེ་བར་གཞག་པ་མ་འོངས་པ་བཞིས་འཐོབ་བོ། །དགོས་པ་རྣམ་པ་བཞི་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཡང་དག་པར་སྤོང་བ་རྣམས་སོ། །ཡང་དག་པར་འབྱོར་པ་ལ་བརྟེན་པའི་དོན་གྱིས་བདེན་པ་སོ་སོ་ལ་དམིགས་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །དབང་ཐོབ་པའི་ཕྱིར་དད་པ་ལ་སོགས་པའི་དབང་པོ་རྣམས་སོ། །དེ་ཉིད་ཉོན་མོངས་པས་མི་བརྫི་བའི་དོན་གྱིས་སྟོབས་རྣམས་སོ། །ཆོས་དྲན་པ་ཉེ་བར་གཞག་པའི་ཤེས་རབ་དེ་ནི་འདིའི་ཡང་ཆོས་དག་པའི་ལྟ་བའོ། །ཆོས་དྲན་པ་ཉེ་བར་གཞག་པ་དེ་ཉིད་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །དེ་བཞིན་དུ་ཡང་དག་པར་སྤོང་བ་ལ་སོགས་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱ་སྟེ། རྫས་གཅིག་ཉིད་ཁྱད་པར་དེ་དང་དེས་དེ་ལྟ་དེ་ལྟར་བརྗོད་པ་ཡིན་ན་ཟག་པ་དང་བཅས་པ་ནི་དེ་ལས་གཞན་པ་རྣམས་སོ། །བསམ་གཏན་དང་པོ་ནས་ཐམས་ཅད་ཅེས་བྱ་བ་ལ། དེ་ནི་དགའ་བ་ཡང་ཡོད་པ་


DTG210_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དང་བཅས་པའི་ཕྱིར་ཡང་དག་པའི་རྟོགས་པ་ཡང་ཡོད་དོ། །ཉེར་བསྡོགས་རྣམས་ནི་སྟོབས་ཀྱིས་དྲང་དགོས་པའི་ཕྱིར་ཞེས་བྱ་བ་ལ། དེ་ལ་བརྟེན་ནས་ས་འོག་མ་དང་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་ན། བརྩོན་འགྲུས་ཆེན་པོས་མངོན་དུ་བྱེད་པ་བདེ་བླག་ཏུ་ཐོབ་པའི་སེམས་དགའ་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ནི་དགའ་བ་མེད་དོ། །གཞན་ཡང་ས་འོག་མའི་དོགས་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པར་དོགས་པ་དང་བཅས་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་འདོད་ཆགས་དང་མ་བྲལ་བ་ཐུན་མོང་པའི་ས་དེ་ནི་དབུགས་མ་ཕྱིན་པའི་ས་ཡིན་པའི་ཕྱིར་དེ་མངོན་དུ་གྱུར་པ་ན་དགའ་བ་མེད་དོ་ཞེས་ཟེར་རོ། །བསམ་གཏན་གཉིས་པ་ན་ནི་རྟོགས་པ་མེད་པའི་ཕྱིར་ཡང་དག་པའི་རྟོག་པ་མེད་དོ། །རྣམ་པར་རྟོག་པ་ནི་ཀུན་ཏུ་རྟོག་པ་སྟེ་དཔྱོད་པ་མ་ཡིན་ནོ། །དེའི་ཕྱིར་དཔྱོད་པ་ཡོད་པར་ཡང༌། བསམ་གཏན་བར་ན་ཡང༌། དེ་གཉིས་ཉིད་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །དེ་གཉིས་ན་ཟག་པ་མེད་པའི་ལམ་མེད་པའི་ཕྱིར་ཞེས་བྱ་བ་ལ་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་དག་ན་ནི་གོ་རིམས་བཞིན་དུ་མཉམ་པར་མ་བཞག་པའི་ཕྱིར་དང་མི་གསལ་བའི་ཕྱིར་ཟག་པ་མེད་པའི་ལམ་མེད་དོ། །གཞན་དག་ན་རེ་སྲིད་པའི་རྩ་བ་དེ་ཡིན་པའི་ཕྱིར་དེ་དག་ན་ཟག་པ་མེད་པའི་ལམ་མེད་དོ་ཞེས་ཟེར་རོ། །ས་གང་ལ་བྱང་ཆུབ་ཀྱི་ཕྱོགས་ཇི་སྙེད་ཅེ་ན། སྐད་ཅིག་གཅིག་ལ་ཐམས་ཅད་མངོན་དུ་བྱེད་དོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་དེ་དག་ལ་དམིགས་པ་ཡོངས་སུ་ཆད་པའི་ཕྱིར་མངོན་དུ་གྱུར་པས་ན་བཞི་པོ་གང་ཡང་རུང་བ་མངོན་དུ་འགྱུར་རོ། །ཤེས་རབ་གཉིས་ཀྱི་རྫས་དུས་གཅིག་ཏུ་མངོན་དུ་གྱུར་པས་སེམས་ཅིའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་མ་ཡིན་ཞེ་ན། དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་རབ་ཏུ་ཕྱེ་བའི་ཕྱིར། རྣམ་པར་བྱང་བའི་ཕྱོགས་ཁོ་ན་བྱང་ཆུབ་ཀྱི་ཕྱོགས་ཡིན་གྱི། སེམས་བྱང་ཆུབ་ཀྱི་ཕྱོགས་མ་ཡིན་ནོ། །ཚུལ་ཁྲིམས་ཉིད་རབ་ཏུ་དང་བ་ཡིན་པ་ནི་ཚུལ་ཁྲིམས་དང་བ་སྟེ། དེ་ཡང་ཟག་པ་མེད་པའི་ཚུལ་ཁྲིམས། ཡང་ན་


DTG210_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་རབ་ཏུ་དད་བ་ནི་ཚུལ་ཁྲིམས་རབ་ཏུ་དང་བ་སྟེ་ཟག་པ་མེད་པ་ཉིད་དོ། །ཆོས་ལ་ཤེས་ནས་དང་བ་ཞེས་བྱ་བ་ནི་ཁོང་དུ་ཆུད་ནས་དད་པའོ། །སངས་རྒྱས་དང་ཆོས་ལའང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་མངོན་པར་རྟོགས་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཆོས་གང་ལས་ཤེ་ན། སྡུག་བསྔལ་ལ་སོགས་པ་དེ་དག་ཁོ་ན་ལའོ། །ཇི་ལྟར་ཞེ་ན། སྡུག་བསྔལ་དང་མངོན་པར་ཕྲད་པ་ན་སྡུག་བསྔལ་དེ་ཉིད་ལ་འདི་དག་ནི་སྡུག་བསྔལ་ལ་སོགས་པ་ཙམ་དུ་ཟད་ཀྱི། འདི་ན་སེམས་ཅན་མེད་དོ་སྙམ་དུ་ཡིད་ཆེས་པ་གང་ཡིན་པ་དེ་ནི་ཆོས་ལ་ཤེས་ནས་དད་པའོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་ཡང་དག་པའི་དག་དང་ལས་ཀྱི་མཐའ་དང་འཚོ་བའི་བདག་ཉིད་ཅན་ཏེ། ཤེས་ནས་དད་པ་ཐོབ་པའོ། །དེ་བཞིན་དུ་ཀུན་འབྱུང་མངོན་པར་རྟོགས་པའི་སྒོ་ནས་གཉིས་ཉིད་ཐོབ་པོ། །ཆོས་དེ་ཉིད་ལ་ཀུན་འབྱུང་དང་རྒྱུར་ཡང་དག་པར་བཤད་པས་ཆོས་ནི་སྐྱེས་བུས་བདེན་པའོ་ཞེས་མངོན་པར་ཡིད་ཆེས་པ་གང་ཡིན་པ་དེ་ནི་ཆོས་ལ་ཤེས་ནས་དད་པའོ། །དེ་བཞིན་དུ་འགོག་པ་མངོན་པར་རྟོགས་པའི་སྒོ་ནས་དེ་ཉིད་དུ་གཉིས་ཐོབ་སྟེ། ཆོས་ལ་དད་པ་དེ་ཉིད་འགོག་པའི་དོན་གང་ཡིན་པ་ལ་མངོན་པར་ཡིད་ཆེས་ཏེ། སྔ་མ་བཞིན་དུ་ཟག་པ་མེད་པའི་ཚུལ་ཁྲིམས་འཐོབ་པོ། །ལམ་གྱི་བདེན་པ་མངོན་པར་རྟོགས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་བཞིན་གཤེགས་པའི་རྒྱུ་ཅན་མི་སློབ་པའི་ཆོས་ཀྱི་ཡུལ་ལ་དད་པ་སྟེ་དད་པ་ནི་ཤེས་ནས་དད་པའོ། །སློབ་པའི་རྒྱུད་ཅན་ནི་སློབ་པ་དང་མི་སློབ་པའི་ཆོས་ཀྱི་ཡུལ་ཏེ། དགེ་འདུན་ལ་ཤེས་ནས་དད་པའི་དོན་གྱིས་མངོན་པར་ཡིད་ཆེས་པའོ། །དེས་ནི་སངས་རྒྱས་སུ་བྱེད་པའི་ཕྱིར་དང་དགེ་འདུན་དུ་བྱེད་པའི་ཕྱིར་སངས་རྒྱས་དང་དགེ་འདུན་ཞེས་བྱའོ། །དེ་དག་ལ་དད་པ་གང་ཡིན་པ་ནི་སངས་རྒྱས་དང་དགེ་འདུན་ལ་དད་པའོ། །དགེ་བ་ལ་སོགས་པ་ཆོས་མང་དུ་བཤད་ལ། སྐྱབས་སུ་འགྲོ་བ་དག་ཏུ་ནི་མྱ་ངན་ལས་འདས་པ་ཁོ་ན་ཆོས་སུ་བཤད་པས་ཐེ་ཚོམ་ཟོས་པས། འདིར་གང་ལ་ཆོས་སུ་དགོངས་པ་ཡིན་ཞེས་དྲིས་སོ། །


DTG210_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདེན་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཤེས་ནས་དད་པ་རྣམས་ནི་དད་པའི་རང་བཞིན་ཡིན་པ་ཉིད་ཀྱིས་ཡིད་ཆེས་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་ཆོས་གང་དག་ཡིད་ཆེས་པས་སྡུག་བསྔལ་དང་ཀུན་འབྱུང་དག་འགོག་པ་དག་ཁོ་ན་ཆོས་ཡིན་པར་ཤེས་པའོ། །རང་སངས་རྒྱས་བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་བྱང་ཆུབ་སེམས་དཔའི་ལམ་ནི་སློབ་པའོ། །རང་སངས་རྒྱས་ཀྱི་ལམ་ནི་སློབ་པ་དང་མི་སློབ་པ་སྟེ། དེའི་ཡུལ་ལ་དད་པས་ལམ་མངོན་པར་རྟོགས་པ་ན་ཆོས་ལ་ཤེས་ནས་དད་པ་ཞེས་བྱའོ། །དེའི་ཕྱིར་བདེན་པ་བཞི་ཆར་ཡང་མངོན་པར་རྟོགས་པའི་སྒོ་ནས་ཆོས་ལ་ཤེས་ནས་དད་པ་འཐོབ་པའོ། །དཀོན་མཆོག་གསུམ་འཚོལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་ཀྱི་ལམ་དག་ཁོ་ན་ཆོས་སུ་བཤད་ཀྱི། ཅིག་ཤོས་སངས་རྒྱས་དང་དགེ་འདུན་ནི་མ་ཡིན་ནོ། །ཡང་ཅི་ལམ་མངོན་པར་རྟོགས་པ་ན་གསུམ་ལ་ཤེས་ནས་དད་པ་འཛིན་པར་འགྱུར་ཞེ་ན། དེའི་ཚེ་ལམ་གྱི་ཡུལ་ཐམས་ཅད་གཅིག་པ་ཉིད་ཀྱི་ཕྱིར་འདྲེན་པ་ལ་དམིགས་པས་ཆོས་ལ་ཤེས་ནས་དད་པར་བལྟ་བར་བྱའོ། །དེ་མངོན་དུ་གྱུར་པ་ཉིད་ཀྱིས་མ་འོངས་པའི་དད་པའི་སྐད་ཅིག་མང་པོ་འཐོབ་པོ། །དེ་དག་ལ་ཁ་ཅིག་སངས་རྒྱས་ལ་སོགས་པ་ལ་ངེས་པར་དམིགས་པ་ཡང་ཡོད། མཐའ་དག་ལ་དམིགས་པ་ཡང་ཡོད་པས། གང་ངེས་པར་དམིགས་པ་དེ་ནི་གསུམ་ལ་ཤེས་ནས་དད་པ་ཡིན་ལ། གང་མཐའ་དག་ལ་དམིགས་པ་དེ་ནི་ཆོས་ལ་ཤེས་ནས་དད་པ་ཡིན་ནོ། །དད་པ་བཞི་ནི་དད་པའི་དམིགས་པའོ། །དད་པའི་དམིགས་པའི་བྱེ་བྲག་གིས་དད་པ་རྣམ་པ་གསུམ་དུ་རྣམ་པར་གཞག་ཅིང༌། ཚུལ་ཁྲིམས་ལ་ཤེས་ནས་དད་པ་དང་ལྷན་ཅིག་བཞི་ཡིན་ནོ། །དེ་ལ་དད་པ་ནི་དད་པའི་ངང་ཚུལ་ཏེ། ཇི་ལྟར་དང་བ་ཡིན་ཞེན་དྲི་མ་མེད་པའི་ཕྱིར་ཏེ་དྲི་མ་མེད་པས་དང་པ་ཞེས་བྱའོ། །དེའི་ཕྱིར་འགལ་བ་མེད་དོ། །བདེན་པ་རྣམས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་རབ་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ཡིན་ལ། དད་པས་ནི་ཡིད་ཆེས་པ་ཡིན་ནོ། །དང་པོ་ནས་ཆོས་ལ་ཤེས་ནས་དད་པ་ཐོབ་པས་ཚུལ་


DTG210_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམས་ཀྱང་ཞེས་བྱའོ། །འདིའི་རིམ་པ་འདི་ཅི་ལྟ་བུ་ཞེ་ན། དེའི་ཕྱིར་ལངས་ནས་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཡང་ཅིའི་ཕྱིར་ལངས་པ་འདི་ཇི་ལྟར་མངོན་སུམ་དུ་བྱེད་ཅེ་ན། དེའི་ཕྱིར་སྨན་པ་དང་སྨན་དང་ནད་གཡོག་ལྟ་བུར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ནད་པ་ནད་དང་བྲལ་བ་ནི་སྨན་པ་ལས་མཐོང་བ་ཉིད་དང་བསྟན་བཅོས་ཤེས་པ་ཉིད་དང་ངེས་པར་སྦྱོར་བ་ཤེས་ནས་དང་པོར་སྨན་པ་ལ་དད་དོ། །དེའི་འོག་ཏུ་ནི་སྨན་ལ་དད་ལ། དེ་ནས་ནད་གཡོག་ལ་དད་པ་དེ་བཞིན་དུ། འདིར་ཡང་བཅོམ་ལྡན་འདས་ནི་སྨན་པ་ལྟ་བུར་གྱུར་པ་ཡིན་ཏེ། མདོ་ལས། སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ནི་སྨན་ཡིན་ཏེ། ཉོན་མོངས་པའི་ནད་སེལ་བའི་ཕྱིར་དང༌། མྱ་ངན་ལས་འདས་པ་ནད་མེད་པ་ལྟ་བུ་ཐོབ་པར་བྱེད་པའི་ཕྱིར་དང༌། དགེ་འདུན་ནི་ནད་གཡོག་ལྟ་བུར་གྱུར་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ནད་མེད་པ་ཐོབ་པར་བྱེད་པའི་ཕྱིར་ཕན་ཚུན་རིམ་གྲོ་བྱེད་པའི་ཕྱིར་རོ། །སེམས་རབ་ཏུ་དང་བས་བྱས་པའི་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཡིན་པས་ཞེས་བྱ་བ་ལ། སེམས་རབ་ཏུ་དང་བ་ནི་སངས་རྒྱས་ལ་སོགས་པ་རྣམས་ལའོ། །ཚུལ་ཁྲིམས་རབ་ཏུ་དང་བ་ཡང་དེས་བྱས་པ་ཡིན་ནོ་ཞེས་མཐར་བསྟན་ཏེ། དེ་ལྟར་རབ་ཏུ་དང་བ་ཁོ་ནར་བསྒྲུབ་པ་བསྟན་པའི་ཕྱིར་མཐར་བཞི་པར་གསུངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་ཞུགས་པའི་ཉན་ཐོས་ཀྱི་དགེ་འདུན་ཞེས་འདི་ལྟར་ཞུགས་པ་འདིའི་བསྒྲུབ་པའི་ཕྱིར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་སོ། །ཡང་ན་ནད་མེད་པ་ལྟ་བུར་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་ཞེ་ན། སྨན་པ་དང་སྨན་དང་ནད་གཡོག་དང༌། ནད་མེད་པའི་གོ་རིམས་དང་མཐུན་པར་ཚུལ་ཁྲིམས་རབ་ཏུ་དང་བ་ཐ་མར་བཤད་པ་ཡིན་ནོ། །ཡང་ན་སྟོན་པར་བྱེད་པ་དང་ལམ་དང༌། ལམ་གྲོགས་དང་བཞོན་པ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ་ཅི་ཞེ་ན། དེ་ངག་གི་གོ་རིམས་ཡིན་ནོ། །བཅོམ་ལྡན་འདས་ནི་སྟོན་པར་བྱེད་པ་ལྟ་བུ་ཡིན་ནོ། །ཆོས་ནི་ལམ་ལྟ་བུ་ཡིན་ནོ། །དགེ་འདུན་ནི་ལམ་གྲོགས་ལྟ་བུ་


DTG210_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ནི་བཞོན་པ་ལྟ་བུ་ཡིན་ཏེ། ཚུལ་ཁྲིམས་རྟེན་དུ་གྱུར་པའི་ཕྱིར་དེ་ལ་བརྟེན་པ་འཁོར་བ་ལས་ངེས་པར་འབྱུང་བས་ཐ་མར་བཞི་པར་བཤད་དོ། །འཕགས་པ་དགྱེས་པ་ཞེས་བྱ་བའི་དོན་གང་ཞིག་ཡིན་ཅེ་ན། འཕགས་པ་བཞད་ཅིང་མཉེས་ཞེས་བྱ་བའི་དོན་གང་ཡིན་པའོ། །སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་སློབ་པའི་ཡང་དག་པའི་ལྟ་བ་ནས་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་ཡན་ལག་བརྒྱད་དང་ལྡན་ནོ་ཞེས་གསུངས་སོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ། །མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་སློབ་པའི་རྣམ་པར་གྲོལ་བ་དང༌། མི་སློབ་པའི་ཡང་དག་པའི་ཤེས་པའི་བར་དང་ལྡན་ནོ། །ཅིའི་ཕྱིར་སློབ་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་སློབ་པ་དང་མི་སློབ་པ་དག་ཡང་དག་པའི་རྣམ་པར་གྲོལ་པ་དང༌། རྣམ་པར་གྲོལ་བའི་ཤེས་པ་དང་མཚུངས་པར་ལྡན་པར་མཚུངས་བཞིན་དུ། མི་སློབ་བ་ཁོ་ན་དེ་དག་དང་ལྡན་པར་བཤད་ལ། སློབ་པ་མ་ཡིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེས་བྱ་བའོ། །དེའི་ཕྱིར་བཅིངས་ཕྱིར་སློབ་པ་ཡན་ལག་ཏུ་རྣམ་གྲོལ་མ་བཤད་ཅེས་བྱ་བ་སྨོས་སོ། །རྣམ་པར་གྲོལ་བ་མེད་པ་ཞེས་བྱ་བ་ནི་འཆིང་བ་ཕྱོགས་གཅིག་ལས་མ་གྲོལ་བས་རྣམ་པར་གྲོལ་བ་མ་ཡིན་པ་མ་ཡིན་ལ། དེ་མེད་པར་རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཤེས་པ་དེ་ཅིར་འགྱུར། མི་སློབ་པའི་རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཤེས་པ་དག་དང་ལྡན་པར་འདོད་དོ། །དེ་མེད་པའི་ཕྱིར་རྣམ་པར་གྲོལ་བ་དང༌། དེ་སོ་སོ་རང་གི་ཤེས་པ་དག་གིས་རབ་ཏུ་ཕྱེ་བ་ཡིན་པས་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་ལ་སོ་སོ་རང་གི་ཤེས་པ་དང༌། དེ་སོ་སོ་རང་གི་ཤེས་པ་རྣམ་པར་གྲོལ་བ་ཡང་སོ་སོ་རང་གི་ཤེས་པ་སྟེ། དེ་དག་གི་ས་རྣམ་པར་གྲོལ་བར་རྣམ་པར་གཞག་གོ །དེ་སྨོས་པ་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བར་སྨོས་བའོ། །གཞན་དག་ན་རེ། ཡན་ལག་དོན་ནི་ཕན་པའི་དོན་དེ། སློབ་པའི་རྣམ་པར་གྲོལ་བའི་ཡོད་པ་མ་ཡིན་ཡང་ཕན་པའི་ཕྱིར་རབ་ཏུ་འཇུག་གོ །ཡང་


DTG210_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཡེ་ཤེས་ཀྱི་ཡུལ་ཅན་ཡིན་པ་དེའི་ཕྱིར་ཡན་ལག་ཏུ་རྣམ་པར་མ་བཞག་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་སུ་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་ཟེར་རོ། །མི་སློབ་པའི་ཡན་ལག་ཏུ་བཤད་དེ་ཞེས་བྱ་བ་ནི་མི་སློབ་པའི་ཡན་ལག་ཏུ་བསྟན་པའོ། །ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་གཞན་པ་དགུ་རྣམས་སོ། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ། འདོད་ཆགས་ལས་ཆགས་པ་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བའོ། །མ་རིག་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་ཤེས་རབ་རྣམ་པར་གྲོལ་བའོ། །དེ་ལྟར་སྤང་བར་བྱ་བའི་བྱེ་བྲག་ལས་དེ་མདོ་ལས་རྣམ་པ་གཉིས་སུ་བསྟན་ཏོ། །གཞན་དག་ནི་ཕོངས་པའི་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དང་ཕོངས་པའི་སེམས་རྣམ་པར་གྲོལ་བ་དུས་དང་མི་སྦྱོར་བདག་ཀྱང་དེ་ལྟར་རྣམ་པ་གཉིས་སོ་ཞེས་ཟེར་རོ། །དེ་ཉིད་རྣམ་པར་གྲོལ་བའི་ཕུང་པོ་ཡིན་པར་ཡང་ཞེས་བྱ་བ་ནི་མི་སློབ་པའི་མོས་པའོ། །འདུས་མ་བྱས་ནི་ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་རྣམ་པར་གྲོལ་བ་འདུས་མ་བྱས་ནི་རྣམ་པར་གྲོལ་བའི་ཕུང་པོ་མ་ཡིན་ནོ། །འོ་ན་མདོ་ལས། རྣམ་པར་གྲོལ་བའི་ཕུང་པོ་ནི་མོས་པ་ལས་གཞན་མ་ཡིན་པ་ཉིད་དུ་གསུངས་པ་དེའི་ཕྱིར། ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་དག་གིས་མོས་པ་ཁོ་ན་རྣམ་པར་གྲོལ་བའི་ཕུང་པོར་བརྗོད། མདོ་དེ་ཉིད་སྟོན་པ་ནི་སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚོགས་སྨོས་པས་ནི་དེ་དག་མང་བའི་ཕྱིར་རོ། །སྟག་གི་བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོ་གང་ཡིན་ཞེ་ན། ཞེས་པའི་དྲི་བ་འདི་ལ་དབང་དུ་བྱས་པ་གསུམ་སྟེ། རྣམ་པར་གྲོལ་བ་དང༌། དེ་ཡོངས་སུ་དག་པ་གཙོ་བོ་རྣམས་སོ། །དེ་ལ་འདི་ན་དགེ་སློང་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཞེས་རྒྱས་པར་འབྱུང་བས་རྣམ་པར་གྲོལ་བ་བསྟན་ཏོ། །འདི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བས་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གསུངས་སོ། །འདུན་པ་དང༌། བརྩོན་འགྲུས་དང༌། རྩོལ་བ་དང༌།


DTG210_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་བ་དང༌། ཕ་རོལ་གནོན་པ་གང་ཡིན་པ་ཞེས་རྒྱས་པར་འབྱུང་བས་གཙོ་བོ་གསུངས་སོ། །དེའི་ཕྱིར་རྣམ་པར་གྲོལ་བ་ནི་མོས་པ་ཁོ་ན་ཡིན་པར་མ་ཟད་དོ། །གཞན་དག་ན་རེ། གང་གི་ཕྱིར་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཞེས་བྱ་བ་ནས་ཡོངས་སུ་མ་རྫོགས་པའི་རྣམ་པར་གྲོལ་བ་ཞེས་བྱ་བའི་བར་རྒྱས་པར་འབྱུང་བ་དེའི་ཕྱིར་འདིར་རྣམ་པར་གྲོལ་བ་མོས་པ་ཁོ་ནར་མ་ཟད་དོ་ཞེས་བྱ་བར་ཤེས་སོ་ཞེས་ཟེར་རོ། །འོ་ན་ཅི་ཞེ་ན། དེ་ཁོ་ན་ཤེས་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སེམས་དྲི་མ་མེད་པ་ཉིད་ནི་ཟག་པ་མེད་པ་ཉིད་དང་དོན་གཞན་མ་ཡིན་པར་གྱུར་པ་མར་གྱི་སྙིང་ཁུ་དང་བ་ལྟ་བུ་ཡིན་ནོ། །ཡང་དག་པའི་ལྟ་བ་ལས་ཐ་དད་པའི་ཤེས་པ་མི་སློབ་པའི་ཡན་ལག་ཉིད་དུ་རྣམ་པར་གཞག་པས་ཡང་དག་པའི་ཤེས་པ་གང་ཞིག་ཅེ་ན་ཞེས་བྱ་བ་དྲི་བ་རྒྱས་པར་འབྱུང་ངོ༌། །མི་སློབ་སེམས་ནི་སྐྱེ་བར་འགྱུར་ཞེས་འབྱུང་ངོ༌། །མ་འོངས་པ་དང་སྐྱེ་བར་འགྱུར་བ་ལ་ཐ་དད་ཅི་ཞིག་ཡོད། སྐྱེ་བར་འགྱུར་བ་སྨོས་པ་ཁོ་ནས་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དྲི་བ་དང་མཐུན་པའི་ལན་འདེབས་པའི་ཕྱིར། ཅི་འདས་པའམ་ཞེས་བྱ་བ་ལ་སོགས་པའི་དྲི་བ་དང་རྗེས་སུ་མཐུན་པར་མ་འོངས་པ་ཞེས་བརྗོད་དོ། །དེ་ཡང་སྐྱེ་བཞིན་པ་དང་སྐྱེ་བཞིན་མ་ཡིན་པས་དེའི་ཕྱིར་སྐྱེ་བར་འགྱུར་བ་ཞེས་བྱ་བ་སྨོས་སོ། །སྐྱེ་བཞིན་པ་རྣམ་པར་གྲོལ་ཞེས་བཤད་ན་ད་ལྟར་བ་ཁ་ཅིག་ཀྱང་སྐྱེ་བཞིན་པ་ཡིན་པས་དེ་གསལ་བའི་ཕྱིར་མ་འོངས་པ་སྨོས་སོ། །མ་འོངས་པ་ནི་འདིར་སྐྱེ་བཞིན་པ་ད་ལྟར་བྱུང་བ་ཡིན་ཏེ། མ་འོངས་པ་ཐམས་ཅད་རྣམ་པར་གྲོལ་བ་རྒྱུད་རྣམ་པར་གྲོལ་བའི་སྐྱེད་ཆོས་སྐྱེད་པའི་དུས་སུ་རྣམ་པར་གྲོལ་བ་སྟེ། འདིའི་རྣམ་པ་བསྟན་པའི་ཕྱིར་མ་འོངས་པ་སྐྱེ་བཞིན་པ་ཞེས་སྨོས་སོ་ཁ་ཅིག་ཟེར་རོ། །ཚིག་ལྷག་པས་དོན་ལྷག་པར་སྐྱེད་དོ། །སེམས་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། སེམས་ཁོ་ནར་མ་ཟད་ཀྱི་སེམས་ལས་བྱུང་བ་རྣམས་ཀྱང་རྣམ་པར་གྲོལ་བར་གྱུར་ཏོ། །ཡང་ན་དེ་དཔེ་ཙམ་ཞིག་ཏུ་ཟད་དོ། །འོ་ན་སྐྱེ་བར་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་འཇིག་རྟེན་པ་དེ་ཇི་ལྟར་གྲོལ་


DTG210_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞེ་ན། དེ་དག་ཀྱང་གྲོལ་བར་འགྱུར་ཏེ། སྐྱེ་བའི་སྒྲིབ་པ་མཚུངས་པའི་ཕྱིར་རོ། །སྐྱེ་བར་ངེས་བ་གང་ཡིན་པ་དེ་ཁོ་ན་བཤད་དོ། །རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའོ། །ཅུང་ཟད་ངེས་པར་སྐྱེ་བ་ཉིད་ཀྱིས་ཀྱང་འཇིག་རྟེན་པའི་ཉོན་མོངས་པ་རྒྱས་པའི་ཕྱིར་རྣམ་པར་གྲོལ་བ་མི་སྲིད་པར་འདྲི་བ་ནི། གང་ལས་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་ཞེ་ན་ཞེས་བྱ་བ་འབྱུང་ངོ༌། །སྐྱེ་བའི་སྒྲིབ་པ་ཉིད་ལས་སོ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཉོན་མོངས་པའི་ཐོབ་པ་དང་ལྡན་པ་སྟེ། ཉོན་མོངས་པའི་ཐོབ་པ་སྒྲིབ་པ་ཡིན་ནོ། །མ་གྲོལ་བ་ཡང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཉོན་མོངས་པའི་ཐོབ་པ་དང་འགལ་བར་སྟོན་པའོ། །དེ་ནི་དེ་དང་མི་འདྲའོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སྐད་དུ་མ་གྲོལ་བ་ལ་སྐྱེ་བ་གང་ཡིན་པ་དེ་ནི་ཉོན་མོངས་པའི་ཐོབ་པ་དང་མི་འགལ་ཏེ། རྒྱུད་དེ་དང་མཐུན་པའི་ཕྱིར་རོ། །མི་སློབ་པའི་རྒྱུད་ནི་ཉོན་མོངས་པའི་ཐོབ་པ་མ་ལུས་པ་དང་བྲལ་བས་དེའི་རྒྱུད་ལས་སྐྱེས་པ་དགེ་བ་ནི་ཉོན་མོངས་པའི་ཐོབ་པ་ལྷན་ཅིག་མི་སྐྱེ་སྟེ། དེའི་ཕྱིར་མི་སློབ་པའི་རྒྱུད་ལ་སྐྱེས་པ་ནི་འཇིག་རྟེན་པ་ཡིན་ཡང་ཉོན་མོངས་པའི་ཐོབ་པ་ཉིད་ལས་རྣམ་པར་གྲོལ་བར་བསྟན་པར་འགྱུར་རོ། །འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་བྱ་བ་ལ། ད་ལྟར་བ་ནི་རྒ་བ་དང་མི་རྟག་པའི་བྱེད་པ་བལྟོས་ནས་འགག་པར་འགྱུར་བ་ཞེས་བྱ་བའོ་ཞེས་བྱ་བའི་སྒྲ་ནི་འགག་པར་འགྱུར་བ་ཁོ་ན་ཞེས་ངེས་པར་གཟུང་བར་བྱ་བའི་ཕྱིར་རོ། །ཇི་ལྟར་སྐྱེ་བར་འགྱུར་བ་དང་སྐྱེས་པའི་ལམ་གྱིས་རྣམ་པར་གྲོལ་བ་མ་ཡིན་པ་དེ་ལྟར་འགག་པར་འགྱུར་བ་དང་འགག་པར་འགྱུར་བ་མ་ཡིན་པའི་ལམ་གྱིས་དེའི་སྒྲིབ་པ་རབ་ཏུ་སྤོང་ངོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་འགག་པར་འགྱུར་བའི་ལམ་གྱིས་དེའི་སྒྲིབ་པ་མི་སྤོང་ན་ནི། ཇི་ལྟར་སྐྱེ་བཞིན་པ་རྣམ་པར་གྲོལ་བཞིན་པ་དང་དེ་མ་ཐག་ཏུ་རྣམ་པར་གྲོལ་བར་འགྱུར། འོ་ན་གང་སྐྱེ་བཞིན་པ་མ་ཡིན་པས་ཇི་ལྟར་དེ་རྣམ་པར་གྲོལ་བར་བྱེད་ཅེ་ན། འདི་ནི་སྒྲིབ་པ་མཚུངས་པའི་ཕྱིར་ཞེས་བཤད་དོ། །རྣམ་པར་གྲོལ་བ་འདུས་མ་བྱས་སུ་བཤད་པ་གང་ཡིན་པ་ཞེས་བྱ་བ་ནི། ཉོན་མོངས་བཅོམ་པ་


DTG210_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས། །ཞེས་བྱའོ། །ཁམས་གསུམ་པོ་འབྱུང་བ་ཞེས་བྱ་བ་ལ་གང་ནས་འབྱུང་ཞེ་ན་མདོ་དག་ལས་སོ། །དེ་ཉིད་སྟོན་པ་ནི་སྤངས་པའི་ཁམས་དང་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །འདུས་མ་བྱས་ཉིད་ཁམས་ཞེས་བྱ། །ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་དང༌། ཁམས་གསུམ་ལ་ཁྱད་པར་འགའ་ཡང་མེད་དོ། །གང་གི་ཕྱིར་འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་དེ་ཉིད་ཁམས་གསུམ་ཡིན་ནོ། །ཡང་ཁམས་རྣམས་རྣམ་པར་གྲོལ་བའི་བདག་ཉིད་ཡིན་པའི་ཕྱིར། ཁྱད་པར་དུ་ཇི་ལྟར་ཕན་ཚུན་གྱི་སྒོ་ནས་ཐ་དད་པ་ཉིད་དུ་བརྟག་པའི་ཁྱད་པར་ལ་བལྟོས་ཏེ་འདི་དག་ཁམས་གཞན་ཉིད་ཡིན་གྱི་རྫས་ཀྱི་སྒོ་ནས་མ་ཡིན་ཏེ། ཐམས་ཅད་རྣམ་པར་གྲོལ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་དེ་ལ་འདོད་ཆགས་ཀུན་ཟད་ཆགས་བྲལ་ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་གྱི་འདོད་ཆགས་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ། །འདོད་ཆགས་ལས་གཞན་པ་ཞེས་བྱ་བ་ལ། འདོད་ཆགས་མ་གཏོགས་པའི་ཉོན་མོངས་པ་ཁམས་གསུམ་པ་ཐམས་ཅད་སྤངས་པའི་ཁམས་ཡིན་ནོ། །ཉོན་མོངས་པ་མ་གཏོགས་པ་ཞེས་བྱ་བ་ལ། ཀུན་ཏུ་སྦྱོར་བར་འགྱུར་བའི་གཞི་ཁམས་གསུམ་པ་ཐམས་ཅད་སྤངས་པ་ནི་འགོག་པའི་ཁམས་ཡིན་ནོ། །འདི་ལྟ་བུ་འདི་ག་ལས་ཤེ་ན། འདོད་ཆགས་དང་ལྡན་པ་དང༌། ཉོན་མོངས་པ་ལྷག་མ་དང་ལྡན་པས་ཟག་དང་བཅས་པའི་དངོས་པོ་དང་ལྡན་པ་སྟེ། དེའི་ཕྱིར་རིམ་པ་བཞིན་དུ་འདོད་ཆགས་དང་བྲལ་བའི་སྤངས་པ་དང་འགོག་པའི་ཁམས་རྣམ་པར་གཞག་གོ །གཞན་དག་ན་རེ། སྲེད་པ་ལ་དམིགས་པའི་སྲེད་པ་སྤངས་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་སོ། །ཉོན་མོངས་པ་ལྷག་མ་ལ་དམིགས་པའི་སྲེད་པ་སྤངས་པ་ནི་སྤངས་པའི་ཁམས་སོ། །ལྷག་མ་ཆོས་ལ་དམིགས་པའི་སྲེད་པ་སྤངས་པ་ནི་འགོག་པའི་ཁམས་སོ་ཞེས་ཟེར་རོ། །དངོས་པོ་གང་གིས་ཡིད་བྱུང་བར་གྱུར་པ་ཞེས་བྱ་བ་ནི་ལམ་གང་གིས་ཞེས་བྱ་བར་བསམ་པའོ། །སྡུག་བསྔལ་དང་ཀུན་འབྱུང་ལ་བཟོད་པ་དང་ཤེས་པ་རྣམས་ཁོ་ནས་ཡིད་འབྱུང་བར་འགྱུར་ཏེ། ཡིད་འབྱུང་


DTG210_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་དག་གིས་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་བ་ནི། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་བཟོད་པ་དང་ཤེས་པ་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བར་བྱེད་པའོ། །ཡིད་འབྱུང་བ་ཁོ་ན་ཡིན་པ་ནི་འདོད་ཆགས་དང་བྲལ་བ་གང་ཞིག་ངེས་པ་ལ་འཇུག་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དང་བཟོད་པ་དག་གིས་ཉོན་མོངས་པ་དག་མི་སྤོང་སྟེ། སྔར་སྤངས་ཟིན་པའི་ཕྱིར་དང༌། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དང་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བསྒོམས་པའི་ལམ་ལ་ཡང་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་གྱིས་བསྡུས་པ་སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་དག་གིས་ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་འགོག་པ་ལམ་ལ་བཟོད་པ་དང་ཤེས་པ་དག་གིས་ཉོན་མོངས་པ་སྤོང་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ངེས་པར་འཇུག་པ་འགོག་པ་དང་རྨི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་རྣམས་ཀྱིས་བསྒོམ་པའི་ལམ་ལ་འགོག་པ་དང༌། ལམ་ཤེས་པས་ཁམས་གསུམ་པས་འདོད་ཆགས་དང་བྲལ་བར་འགྱུར་བ་ནི་འདོད་ཆགས་དང་བྲལ་བ་ཁོ་ན་ཡིན་གྱི་ཡིད་འབྱུང་བ་ནི་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །སྔ་མ་རྣམས་ཀྱིས་ཉོན་མོངས་པ་དག་སྤང་ན་གཉི་ག་ཡིན་ནོ་ཞེས་བྱ་བ་ནི། འདོད་པའི་ཁམས་ལ་འདོད་ཆགས་དང་མ་བྲལ་བ་ངེས་པ་ལ་འཇུག་པ་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་རྣམས་ཀྱིས་བསྒོམ་པའི་ལམ་ལ་སྡུག་བསྔལ་དང༌། ཀུན་འབྱུང་ཤེས་པས་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་གྱུར་པ་ནི་ཡིད་འབྱུང་བ་ཡིན་ཞིང་འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །ཕྱི་མ་རྣམས་ཀྱིས་ཉོན་མོངས་པ་དག་མི་སྤོང་ན་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ངེས་པ་ལ་འཇུག་པ་འགོག་པ་


DTG210_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལམ་ལ་ཆོས་ཤེས་པའི་བཟོད་པ་དག་གིས་བསྒོམ་པའི་ལམ་ལ་བར་ཆད་མེད་པའི་ལམ་དང༌། ལམ་གཞན་དག་གིས་འགོག་པ་དང༌། ལམ་དག་ནི་ཡིད་འབྱུང་བ་མ་ཡིན་ཏེ་མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། ཉོན་མོངས་པ་སྔར་ཉིད་དུ་སྤངས་ཟིན་པའི་ཕྱིར་རོ། །དེ་ལ་འདོད་ཆགས་དང་བྲལ་བ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་སྔར་ཉིད་དུ་སྤངས་ཟིན་པའི་ཕྱིར་མི་སྤོང་ངོ༌། །ཤེས་པ་རྣམས་ཀྱིས་ནི་སྦྱོར་བ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་གྱིས་བསྡུས་པ་རྣམས་ཀྱིས་མི་སྤོང་སྟེ། གཉེན་པོ་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་བཙུན་པ་བློ་གྲོས་བརྟན་པས་ཉེ་བར་བཀོད་པ་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས་ལམ་དང་གང་ཟག་སྟོན་པ་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ་མཛོད་ཀྱི་གནས་དྲུག་པ་རྫོགས་སོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལམ་གྱི་བྱེ་བྲག་གི་སྒོ་ནས་གང་ཟག་རྣམས་རྣམ་པ་དུ་མར་རྣམ་པར་གཞག་པ་བྱས་ཟིན་ཏེ། ལམ་གྱི་བྱེ་བྲག་དེར་བཟོད་པ་རྣམས་ཞེས་ཀྱང་འབྱུང༌། ཤེས་པ་རྣམས་ཞེས་ཀྱང་འབྱུང༌། ཡང་དག་པའི་ལྟ་བ་ཞེས་ཀྱང་འབྱུང༌། ཡང་དག་པའི་ཤེས་པ་ཞེས་ཀྱང་འབྱུང་ངོ༌། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་བཟོད་པ་བརྒྱད་བཤད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་ཤེས་པ་བརྒྱད་བཤད་དོ། །དེ་བཞིན་དུ་མི་སློབ་པའི་ཡང་དག་པའི་ལྟ་བ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་ཡང་བཤད་ཅིང༌། དེ་བཞིན་དུ་གང་ཟག་གཅིག་ལ་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་ཤེས་པ་ཡན་ལག་ཏུ་བཤད་དོ། །དེའི་ཕྱིར་ཅིའི་བཟོད་པ་དག་ཡིན་ལ་ཤེས་པ་མ་ཡིན་ནམ། ཡང་དག་པའི་ཤེས་པ་ཡིན་ལ་ཡང་དག་པའི་ལྟ་བ་མ་ཡིན་ནམ་ཞེས་བྱ་བ་འདི་དཔྱད་དེ། འདི་སྐད་དུ་གང་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དང་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་ཤེས་པ་ཞེས་དེ་ལྟར་བྱེ་བྲག་ཏུ་


DTG210_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བྱེད་པ་ཅི་ཤེས་རབ་འབའ་ཞིག་བཟོད་པ་ཁོ་ན་ཡིན་ལ་ཤེས་པ་མ་ཡིན་པའམ། ཤེས་པ་ཁོ་ན་ཡིན་ལ་བཟོད་པ་མ་ཡིན་པའམ། དེ་བཞིན་དུ་ལྟ་བ་ཁོ་ན་ཡིན་ལ་ཤེས་པ་མ་ཡིན་པའམ། ཤེས་པ་ཁོ་ན་ཡིན་ལ་ལྟ་བ་མ་ཡིན་པ་ཡོད་དམ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་འདི་ལྟར་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དང་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ཤེས་པ་ཞེས་ཐ་དད་པས་བསྟན་པར་བྱ་སྟེ། ཡང་ཅིའི་ཕྱིར་འདི་ལྟར་ཐེ་ཚོམ་ཟ། འདི་དག་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་པས་ཐ་དད་པར་བསྟན་པའི་ཕྱིར་དང་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་བྱ་བ་སྨོས་སོ། །དྲི་མེད་ཞེས་ཁྱད་པར་དུ་བྱས་ནས་བཟོད་པ་ཟག་པ་དང་བཅས་པ་རྣམས་ཤེས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ་ཤེས་པའི་དོན་ནི་ངེས་པའི་དོན་ཡིན་ན་བཟོད་པ་དག་ནི་ངེས་པ་མ་ཡིན་པས་ཤེས་པ་མ་ཡིན་ནོ། །ཇི་ལྟར་མ་ངེས་ཤེན་དེས་སྤང་བར་བྱ་བ་རྒྱས་པར་སྨོས་སོ། །དེ་སྤང་བར་བྱ་ཞེས་བྱ་བ་ནི་བཟོད་པས་སྤང་བར་བྱ་བའོ། །འགོག་པར་འགྱུར་བའི་ལམ་གྱིས་ནི་དེའི་སྒྲིབ་པ་རབ་ཏུ་སྤོང་ངོ་ཞེས་བཤད་པས་དེའི་ཕྱིར་དེས་སྤང་བར་བྱ་བའི་ཕྲ་རྒྱས་ཐེ་ཚོམ་གྱིས་ཐོབ་པ་དང་རྗེས་སུ་འབྲེལ་པའི་རྒྱུད་ཁོ་ན་ལ་བཟོད་པ་རྣམས་སྐྱེ་བས་དེ་རྣམས་ནི་ཐེ་ཚོམ་མ་སྤངས་པ་ཡིན་ལ། ཐེ་ཚོམ་སྤངས་པའི་ཤེས་རབ་ལ་ནི་ཤེས་པ་ཞེས་བྱ་བ་ཡིན་པས་བཟོད་པ་རྣམས་ནི་ཤེས་པ་མ་ཡིན་ནོ། །དེས་སྤང་བར་བྱ་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ཤེས་པ་ཉིད་ཡིན་པར་བསྟན་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །ཞེས་བྱ་བ་དེ་ཙམ་ཞིག་སྨོས་ན་ནི་ད་ལྟ་ན་ལམ་ལ་རྗེས་སུ་ཤེས་པ་ཁོ་ན་ཤེས་པར་འགྱུར་གྱི། སྔ་མ་རྣམས་ནི་མ་ཡིན་ཏེ། ཐེ་ཚོམ་གྱི་ཕྲ་རྒྱས་མ་སྤངས་པའི་ཕྱིར་རོ། །འོ་ན་ཟག་པ་དང་བཅས་པ་རྣམས་ཤེས་རབ་ཡིན་ན་ཅི་ལྟར་ཤེས་པ་ཟག་པ་མེད་པ་རྣམས་ཁོ་ན་ཤེས་རབ་ཡིན། ཐེ་ཚོམ་གྱི་ཕྲ་རྒྱས་དག་སྤངས་པ་དང་མ་སྤངས་པ་ལས་ངེས་པ་དང་མ་ངེས་པའི་ཡིན་པའི་ཕྱིར་རོ། །ཤེས་པ་འདི་ཡིན་ནོ། །ཤེས་པ་


DTG210_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མ་ཡིན་ནོ་ཞེས་བྱ་བའི་རིག་པ་ཐ་དད་པ་མེད་པས་ཟག་པ་དང་བཅས་པ་རྣམས་མ་ཡིན་ནོ། །དྲི་མེད་ཅེས་བྱ་བ་ལ། དྲི་མ་ནི་རྗེས་སུ་འབྲེལ་པ་དྲི་མ་དང་བཅས་པ་ཞེས་བྱ་བའོ། །འདི་ཡང་འདི་ལྟར་གང་ཐེ་ཚོམ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཤེས་པ་ཞེས་བརྗོད་དོ། །ཇི་སྐད་དུ་དེ་ལ་ལོག་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་དང་རྣམ་པར་ཤེས་པ་ལྔ་དང༌། མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་ནོ་ཞེས་སོ། །ཐམས་ཅད་ཀྱང་ཤེས་རབ་དང་ཤེས་པ་དང་ལྟ་བ་དང་རིག་པ་སྟེ་ལྟ་བའི་རང་བཞིན་ཤེས་རབ་དང་ཤེས་པའི་རང་བཞིན་ལས་བྱེད་པ་ཉིད་དུ་གནས་སོ། །དེའི་ཕྱིར་རིག་པ་གང་གིས་སྤང་བར་བྱ་བ་ཐེ་ཚོམ་གྱི་ཕྲ་རྒྱས་དེ་སྤངས་པ་ལས་ཟག་པ་མེད་པའི་ཤེས་རབ་སྟེ། ཤེས་པ་མ་ཡིན་ཞིང་ཟག་པ་དང་བཅས་པ་མ་ཡིན་ནོ། །དེ་དག་རྟོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ངེས་པར་ཉེ་བར་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་སྤང་བྱ་ཐེ་ཚོམ་གྱི་ཕྲ་རྒྱས་སྤངས་པས་ལྟ་བའི་རང་བཞིན་བསལ་ཏེ་ཤེས་པའི་རང་བཞིན་དགག་པར་བྱེད་པའོ། །དེ་བཞིན་དུ་ངེས་པར་རྟོགས་པའི་བདག་ཉིད་ཀྱང་ངོ། །མི་ཤེས་པའི་རང་བཞིན་བསལ་ཏེ་ལྟ་བའི་བདག་ཉིད་སྒྲུབ་པའོ། །དེ་བཞིན་དུ། དེ་ལས་གཞན་འཕགས་བློ་གཉི་ག །ཞེས་སྨོས་སོ། །གཞན་དག་ན་རེ། སོ་སོར་འཇུག་པའི་བསམ་པ་སྦྱོར་བ་ལྷོད་པ་ཅི་ཤེས་པ་ཡིན་ལ། ཡོངས་སུ་ཚོལ་བའི་བསམ་པ་རྩོམ་པ་ནི་བཟོད་པ་ཡིན་ནོ་ཞེས་ཟེར་རོ། །ཤེས་པ་མ་ཡིན་པ་ནི་བསྒོམ་པའི་ལམ་ལ་ཡང་བར་ཆད་མེད་པའི་ལམ་རྣམས་སུ་ཐལ་བར་འགྱུར་བ་མཐོང་ངོ༌། །ཡང་དག་པར་རྟོག་པ་མེད་པ་དང་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་ཡང་དག་པར་རྟོགས་པ་ནི་ཉེ་བར་འཇལ་བ་དང་ངེས་པར་རྟོགས་པར་བྱེད་པ་སྟེ་འདི་དང་དེ་ཞེས་བྱ་བར་རོ། །ཡོངས་སུ་ཚོལ་བ་ནི་འདི་ཅི་ཞེས་དེ་ཚོལ་བར་བྱེད་པའོ། །དེ་ལ་བསམ་པ་ནི་མངོན་པར་བསམ་པའོ། །རྟོགས་པ་དང་བཅས་པའི་བསམ་པ་དང་རྟོག་པ་མེད་པའི་བསམ་པ་དེ་བཞིན་དུ་


DTG210_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཚོལ་བའི་བསམ་པ་ཡང་ཤེས་པར་བྱའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཀྱང་དེ་དག་ལ་བསམ་པ་གཅིག་ཡིན་པར་མི་འགྱུར་ཏེ། སོ་སོར་འཇུག་པའི་བསམ་པ་ཡིན་པའི་ཕྱིར་དང༌། སྦྱོར་བ་ལྷོད་པའི་ཕྱིར་རོ། །དེའི་ཕྱིར་ཡོངས་སུ་ཚོལ་བའི་བསམ་པ་རྩོམ་པ་ཉིད་ལས་ལྟ་བའི་རང་བཞིན་དག་ལ་ཇི་སྲིད་འདི་བྱ་བ་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཉེ་བར་རྟོགས་པར་བྱེད་ཡོངས་སུ་རྟོགས་པར་བྱེད་དོ། །ཇི་སྐད་བཤད་པའི་རྣམ་པས་བྱ་བ་བྱས་པ་ན་ཡང་ཇི་ལྟར་ལྟ་བ་རྣམས་དང་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ཙམ་ལས་དེ་དག་ཏུ་འགྱུར་རོ། །རྟོག་པར་བྱེད་པ་དང་ཡོངས་སུ་ཚོལ་བས་བདག་གི་སྡུག་བསྔལ་ཡོངས་སུ་ཚོལ་བས་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པ་མ་ཡིན་ནོ། །ཡང་ཡོངས་སུ་ཤེས་པར་བྱ་བ་དེ་ལྟ་བུའི་རྣམ་པས་དེའི་རྗེས་ལ་ཐོབ་པ་དེ་དག་གི་མཇུག་ཐོགས་སུ་སྐྱེའོ་ཞེ་ན་མ་ཡིན་ཏེ། དེ་དག་ལྟ་བའི་རང་བཞིན་ཤེས་པ་ལ་ངེས་པའི་ཕྱིར་རོ། །བཟོད་པ་དང་ཟད་པ་ཤེས་པ་ལས་གཞན་པ་ཟག་པ་མེད་པའི་ཤེས་རབ་དང་ལྟ་བ་དང་ཤེས་པ་ཡང་ཡིན་ནོ། །ཡང་ཅི་གཞན་སློབ་པ་དང་མི་སློབ་པའི་ཤེས་པ་བརྒྱད་རྣམས་ཀྱང་མི་སློབ་པའི་ཡང་དག་པའི་ལྟ་བ་ཡིན། བར་ཆད་མེད་པའི་ལམ་ཐམས་ཅད་རང་གི་གཉེན་པོ་ཉོན་མོངས་པ་ཐོབ་པ་རྗེས་སུ་འབྲེལ་པའི་རྒྱུད་ལ་སྐྱེ་བ་མ་ཡིན་ནམ་ཞེ་ན། ཡོངས་སུ་ཚོལ་བའི་བསམ་པ་རྩོམ་པ་དང་རྣམ་པར་གྲོལ་བའི་ལམ་ཐམས་ཅད་དེ་ལས་བཟློག་པས། བཟོད་པ་དང་ཟད་པ་དང་མི་སྐྱེ་བཤེས་པ་མ་གཏོགས་གཞན་ཟག་པ་མེད་པའི་ཤེས་རབ་ནི་གཉི་ག་ལྟར་ཡང་མི་རིགས་སོ། །འདི་སྤངས་པ་ལ་ཐེ་ཚོམ་རྣམས་མེད་དེ། བར་ཆད་མེད་པའི་ལམ་གྱིས་བསྐྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དང༌། དེ་དག་ཀྱང་ལྟ་བའི་སྡེར་ཤེས་པར་བྱ་བའི་ཡུལ་ཉིད་ཀྱི་ཕྱིར་དེ་ལས་ཐ་དད་པའི་ཟག་པ་མེད་པའི་ཤེས་རབ་ནི་ངེས་པར་རྟོགས་པའི་ཕྱིར་དང་ངེས་པའི་ཕྱིར་གཉི་ག་ཇི་ལྟ་བར་སྒྲུབ་པར་བྱེད་དོ། །འདི་དག་ནི་རེ་ཞིག་ཟག་པ་མེད་པའི་ཤེས་རབ་ཁོ་ནའི་རྣམ་པར་དབྱེ་བའོ། །གཞན་ཤེས་ཞེས་བྱ་བ་ལ། འཇིག་རྟེན་པའི་


DTG210_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཐམས་ཅད་ཤེས་པ་ཡིན་པ་འདི་ནི་ཕྱིར་གཏོང་བ་ཡིན་ལ། ཕྱིར་བཏང་བ་འདིའི་དམིགས་ཀྱིས་བསལ་བ་བརྩམ་པ་ནི། དྲུག་ནི་ལྟ་བའང་ཡིན་ཞེས་བྱ་བ་འདི་ཡིན་ནོ། །འང་བ་ཞེས་བྱ་བའི་སྒྲས་ནི་ཤེས་པའང་ཡིན་པའོ། །ལྟ་བ་ལྔ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ལ་སོགས་པ་དག་ལ་ཡོད་པར་ལྟ་བའོ། །གཞན་ལྟ་བ་ཞེས་བྱ་བ་ནི། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྷན་ཅིག་སྐྱེས་པ་དང་ལུང་དུ་མ་བསྟན་པའོ། །འདི་དང་གཞན་དག་ཀྱང་ཤེས་པ་ནི་ཡིན་ནོ་ཞེས་བྱ་བ་ལ་འདི་ཞེས་བྱ་བ་ནི། དྲུག་ནི་ལྟ་བའང་ཡིན་ཞེས་བཤད་པ་གང་ཡིན་པ་དག་གོ །འདིའི་མདོར་བསྡུས་པ་ནི་འདི་ཡིན་ཏེ། འཇིག་རྟེན་པའི་ཤེས་རབ་རྣམ་པ་དྲུག་ནི་ལྟ་བ་དང་ཤེས་པ་ཡིན་ལ། དེ་ལས་གཞན་པའི་འཇིག་རྟེན་པ་ཐམས་ཅད་ནི་ཤེས་པ་ཁོ་ན་ཡིན་གྱི་ལྟ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡང་དག་པར་རྟོག་པའི་རྣམ་པར་མ་ཞུགས་པའི་ཕྱིར་རོ། །ཅིའི་ཕྱིར་ཤེས་རབ་བཞིན་ཐེ་ཚོམ་དང་བཅས་པ་ཡིན་ཡང་ཤེས་པ་ཉིད་དུ་བཤད་ཅེ་ན། འདིར་བཤད་པའི་རྒྱུ་དེ་སྤང་བྱ་ཡིན་པའི་ཕྱིར་ཐེ་ཚོམ་གྱི་ཕྲ་རྒྱས་སོ་ཞེས་རྒྱས་པར་འབྱུང་ངོ༌། །ཁ་ཅིག་ན་རེ་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་ཀུན་ནས་བསླང་བའི་རྣམ་པར་ཤེས་པའི་ཚོགས་ལྔས་བསྡུས་པའི་ཡིད་ཀྱི་ས་པ་འཆི་བའི་མཐའ་ཅན་གྱི་དགེ་བ་ཤེས་རབ་དང་ལྟ་བ་མ་ཡིན་པ་ཞེས་བརྗོད་དེ། ཁ་ཕྱིར་བལྟས་ཏེ་འཇུག་པའི་ཕྱིར་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་དང༌། ཉམ་ཆུང་བའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ནི་དེ་ལྟ་མ་ཡིན་ཏེ། སོ་སོར་མི་ཤེས་པས་གཅིག་ཏུ་མ་ངེས་པའི་ཕྱིར་དང་འདི་སོ་སོར་མི་ཤེས་པས་ཁ་ནང་དུ་ཕྱོགས་ཏེ་འདུག་པ་ཁོ་ན་ལྟ་བུ་སྟེ་གཞན་ནི་ལྟ་བ་མ་ཡིན་ནོ། །གཞན་དུ་ན་ཟག་པ་མེད་པའི་ལུས་དྲན་པ་ཉེ་བར་གཞག་པའི་བདག་ཉིད་ཀྱི་ཤེས་རབ་ལྟ་བ་མ་ཡིན་པར་འགྱུར་རོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་སོ། །འདི་མཐའ་གཅིག་ཏུ་མ་ཡིན་ཏེ། མིག་ལ་སོགས་


DTG210_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་ཤེས་པ་ཅི་འདྲ་བར་འགྱུར་བ་དེ་འདྲ་བ་ཡིད་ཀྱི་རྣམ་པར་འགྱུར་བ་མ་ཡིན་ན། འདི་ལྟར་དགེ་བ་ལ་སོགས་པ་དང་རྣམ་པར་ཤེས་པའི་ཚོགས་རྣམས་ལ་མི་དགེ་བ་ལ་སོགས་པ་ཡང་དེས་བསྡུས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་དོ། །ཡང་གསུངས་པ། །འཆི་བའི་དུས་ཀྱི་དགེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཐོབ་པས་ཡང་དག་པའི་ལྟ་བ་དང་ལྷན་ཅིག་གྱུར་པ་ཞེས་སོ། །དེའི་ཕྱིར་ཡིད་ཀྱི་ས་པའི་དགེ་བ་དང་ཤེས་རབ་ཐམས་ཅད་ལྟ་བ་ཡིན་ནོ། །ཤེས་པ་བཅུས་ཞེས་བྱ་བ་བཅུ་པོ་གང་གིས་ཤེ་ན། ཆོས་དང༌། རྗེས་དང༌། ཀུན་རྫོབ་དང༌། གཞན་གྱི་སེམས་དང༌། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པ་དག་གིས་སོ། །བརྩམ་པ་འདི་ནི་ངེས་པར་གཟུང་བའི་ཕྱིར་ཡིན་གྱི། འཆི་འཕོ་བ་དང༌། སྐྱེ་བ་དང༌། སྨོན་གནས་ཤེས་པ་ལ་སོགས་པ་གཞན་དག་ནི་འདི་དག་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །མདོར་བསྡུས་ན་ནི། ཤེས་པ་ཟག་བཅས་ཁྲག་པ་མེད། །ཅེས་བྱ་བ་ནི་ངེས་པར་གཟུང་བར་བྱ་བའི་ཕྱིར་བརྩམ་པ་སྟེ་རྣམ་པར་རྟོག་པ་གསུམ་པ་མེད་ཕྱིར་རོ། །ཕལ་ཆེར་བུམ་པ་དང༌། སྣམ་བུ་དང༌། སྐྱེས་པ་དང༌། བུད་མེད་ལ་སོགས་པ་ཀུན་རྫོབ་འཛིན་པའི་ཕྱིར་ཞེས་བྱ་བ་ལ། ཀུན་རྫོབ་ནི་བུམ་པ་དང་སྣམ་བུ་དང་སྐྱེས་པ་དང་བུད་མེད་ལ་སོགས་པའི་དངོས་པོ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་གང་ཡིན་པའོ། །བུམ་པ་དང་སྣམ་བུ་དང་བུད་མེད་དང་སྐྱེས་པ་ལ་སོགས་པ་དོན་དུ་མའི་སྒོ་ནས་ཡོད་པ་མ་ཡིན་ནོ། །དེ་ལ་སྲིད་པ་ནི་ཀུན་རྫོབ་ཀྱི་རྗེས་སུ་ཡོད་པའི་ཡུལ་ཏེ་འདི་ཡོད་པས་དོན་དམ་པ་དང་རྗེས་སུ་མཐུན་པའོ། །དེ་ལྟར་མང་བ་ཉིད་དུ་སྟོན་པ་ནི་ཕལ་ཆེར་སྨོས་པས་སྟོན་པར་བྱེད་དོ། །གཞན་དག་ན་རེ་སྒྲིབ་པར་བྱེད་པའི་ཀུན་རྫོབ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེས་རྒྱས་པར་བྱེད་པའི་ཤེས་པ་ནི་ཀུན་རྫོབ་ཤེས་པ་སྟེ། དེ་ཉིད་ཀྱི་ཕྱིར་དོན་དམ་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པ་ནི་ཀུན་རྫོབ་ཤེས་པ་ཞེས་བྱའོ། །གཞན་དག་ན་རེ་ཀུན་ནི་མཐའ་དག་དང་རྫོབ་པ་ནི་བློ་གྲོས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་ལ་སོགས་པ་དང་བུམ་པ་ལ་


DTG210_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་བློ་འཇུག་པ་དང་ཕལ་ཆེར་ལ་རྟོགས་བྱ་དང༌། རྟོགས་བྱེད་ཀྱི་རྒྱུར་གྱུར་ཤེས་པའོ། །དེའི་ཕྱིར་ཀུན་རྫོབ་ཤེས་པའོ་ཞེས་ཟེར་རོ། །གཞན་དག་ནི་ཐོག་མ་མེད་པའི་འཁོར་བ་ནས་འདི་རྒྱུད་ལ་འཇུག་པས་ན་རྒྱུད་ཤེས་པ་ཞེས་ཟེར་རོ། །ཟག་མེད་རྣམ་གཉིས་ཞེས་བྱ་བ་ལ། རྗེས་སུ་ཤེས་པ་ལ་ནི་འགའ་ཞིག་རྗེས་སུ་དཔག་པ་ཤེས་པ་ཞེས་ཟེར་རོ། །དེ་ཡང་དེ་ལྟ་མ་ཡིན་ཏེ། མཐོང་བར་གསུངས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ནི་མཐོང་བ་ཞེས་བྱ་བ་སྡུག་བསྔལ་དང་ཀུན་འབྱུང་དག་མ་མཐོང་བའི་བདག་ཉིད་དུ་ཞེས་མཐོང་བར་ཁྱད་པར་མེད་པར་གསུངས་པས་སོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་བདེན་པ་དེ་རྣམས་མཐོང་བ་དེ་ལྟ་བུ་ལ་སོགས་པ་འགོག་པ་ལ་དམིགས་པའི་ངོ་བོར་ཐལ་བ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པའི་ཤེས་པ་རྗེས་སུ་ཤེས་པར་ཁས་བླངས་པས་ནི་འགོག་པའི་ཡུལ་ཆོས་ཤེས་པ་འགོག་པར་འགྱུར་ཏེ། མངོན་སུམ་གྱི་ཕྱིར་དང་མཚུངས་པར་ངེས་པ་མེད་པར་ཐལ་བའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ནི་མཐོང་བ་མེད་དེ་མཚུངས་པར་ངེས་པས་རྗེས་སུ་དཔག་པ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །བདེན་པ་མཐོང་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་དང་ཆོས་ཐམས་ཅད་བདག་མེད་པ་དང་མྱ་ངན་ལས་འདས་པ་ཞི་བའོ་ཞེས་མཐོང་བ་མཚུངས་པར་ངེས་པ་ཡིན་ནོ། །དེའི་ཕྱིར་རྗེས་སུ་ཤེས་པ་ནི་རྗེས་སུ་དཔག་པ་ཡིན་ནོ། །མངོན་སུམ་རྣམ་པ་གསུམ་དུ་འདོད་དེ་དབང་པོ་ཉམས་སུ་མྱོང་བའི་བློ་བཤད་པའི་ཕྱིར་དབང་པོའི་མངོན་སུམ་ནི་གཟུགས་ལ་སོགས་པའི་ཡུལ་རེག་བྱའི་མཐར་ཐུག་པ་རྣམས་སོ། །ཉམས་སུ་མྱོང་བའི་མངོན་སུམ་ནི་ཚོར་བ་ལ་སོགས་པ་མངོན་དུ་གྱུར་པ་རྣམས་སོ། །བློའི་མངོན་སུམ་ནི་ཆོས་ཐམས་ཅད་དོ། །ཅི་རིགས་པར་རང་དང་སྤྱིའི་མཚན་ཉིད་དག་གིས་དེ་ལ་གལ་ཏེ་འབད་པས་དབང་པོ་ཉམས་སུ་མྱོང་བའི་མངོན་སུམ་དག་མངོན་སུམ་མ་ཡིན་ནོ། །དེ་མངོན་སུམ་ཡིན་པ་དེ་ལྟ་ན་འགོག་པའི་ཡུལ་མེད་པ་ཆོས་ཤེས་པའོ། །འོན་ཏེ་འདི་བློའི་མངོན་སུམ་མ་ཡིན་ན། རྗེས་སུ་དཔག་པའི་ཤེས་པ་རྗེས་སུ་ཤེས་པར་རུང༌། ཅི་སྟེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་གང་


DTG210_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། འཕགས་པའི་རྣམ་པའི་རྗེས་སུ་འཇུག་པ་ཡིན་ན། མཉམ་པར་གཞག་པ་ཟག་པ་མེད་པ་དག་དགག་པ་ཅི། ཏཱིཀྵྩ་བྷི་ནི་པ་ཏ་ན་ཟག་པ་མེད་པ་ཡང་རྣམ་གྲངས་ཀྱིས་ཅིག་ཤོས་སེང་ལྡེང་གི་མེ་མདག་གིས་གདུང་བ་བཞིན་ནོ། །བག་ཆག་བསྟན་པ་ཟག་པ་མེད་པའི་རྣམ་གྲངས་མ་ཡིན་པ་ཅིག་ཤོས་འབར་བ་གང་ཡིན་པ་ནི་རྩྭའི་མེ་བཞིན་ནོ། །འཇིག་རྟེན་པའི་ཤེས་པའི་རྗེས་སུ་མངོན་པའི་ང་རྣོན་པོ་མངོན་པར་བཏབ་པ། རྒྱལ་སྐྱེ་བ་མ་ཡིན་ཞིང༌། ཟག་པ་མེད་པའི་ཡེ་ཤེས་སུ་ཡང་མ་ཡིན་པས་འདི་དེ་ལྟར་ཁྱད་པར་མེད་དོ། །དེ་ལྟར་ཤེས་པ་འདི་གཉིས་ཞེས་བྱ་བ་ནི། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་གོ །གསུམ་དུ་འགྱུར་ཏེ་ཞེས་བྱ་བ་ནི། ཟག་པ་མེད་པ་གཉིས་སུ་ཕྱེ་སྟེ། ཆོས་དང་རྗེས་སུ་ཤེས་པའི་དབྱེ་བའོ། །འདི་དག་ཀྱང་དམིགས་པའི་དབྱེ་བས་ཕྱེ་བའོ། །དེ་ལ་ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ་ཞེས་བྱ་བ་ལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དམིགས་པ་ཡིན་པའི་ཕྱིར་རོ། །ཆོས་ཤེས་ནི་འདོད་པའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཉིད་ཡིན་གྱི། གོང་མའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་ནོ། །སོ་སོར་མ་བརྟགས་པའི་འགོག་པ་དང་ནམ་མཁའ་ཡང་སྤྱོད་ཡུལ་མ་ཡིན་ནོ། །རྗེས་སུ་ཤེས་པ་ཡང་གོང་མའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་ཁོ་ན་སྟེ། བཤད་མ་ཐག་པའི་སྤྱོད་ཡུལ་ཅན་མ་ཡིན་ནོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བས་ཀྱང་ཟག་པ་མེད་པའི་སྤྱོད་ཡུལ་ནི་འདུས་མ་བྱས་གཉིས་མ་ཡིན་ནོ། །ཆོས་དང་རྗེས་སུ་ཤེས་པ་བཞིན་ཐམས་ཅད་ཡུལ་མ་ཡིན་ནོ། །དེ་དག་ཉིད་བདེན་བྱེ་བྲག་གིས་བཞི་སྟེ་ཞེས་བྱ་བ་ནི། ཆོས་དང་རྗེས་སུ་ཤེས་པ་དག་ནི་ཁམས་ཀྱི་དབྱེ་བས་སྡུག་བསྔལ་ལ་སོགས་པའི་བདེན་པ་ཐ་དད་པར་བྱས་ཏེ་དབྱེ་བ་གསུངས་སོ། །སྡུག་བསྔལ་ལ་སོགས་པ་ཤེས་པ་རྣམས་ལ་ནི་ཆོས་དང་རྗེས་སུ་ཤེས་པའི་དབྱེ་བས་ཁམས་གསུམ་པའི་དབང་དུ་བྱས་ནས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་འདིར་དབྱེ་བ་སྔོན་དུ་འགྲོ་བས་བཞི་པར་དབྱེ་བ་བཤད་དོ། །དེ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་


DTG210_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཤིང་ཤེས་པ་ནི། སྡུག་བསྔལ་ཤེས་པ་སྟེ་དེ་བཞིན་དུ་གཞན་ལ་ཡང་ངོ༌། །ཡང་ཅིའི་ཕྱིར་ཟག་པ་དང་བཅས་པ་ཡང་དེའི་རྣམ་པར་སྡུག་བསྔལ་ཤེས་པར་བརྗོད་ཀྱི་སྡུག་བསྔལ་གྱི་སྒོ་ནས་ཤེ་ན། རྣམ་པ་དེ་ཡང་ཕུང་པོ་ལྔ་པ་སྟེ། ཡང་མཐའ་གཅིག་ཏུ་བདེ་བའི་སྒོ་ནས་དེ་སྨོས་པ་སྲིད་པའི་ཕྱིར། །དེ་ལ་དམིགས་པ་ཐེ་ཚོམ་ཀུན་ཏུ་སྤྱོད་པ་དེ་ཐོབ་པའི་ཕྱིར་རྣམ་པ་བཞི་སྟེ་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ལ་དམིགས་པ་ཐ་དད་པའི་ཕྱིར་རོ། །དེ་ཡང་དང་པོར་སྐྱེས་པ་ནི་མི་བདེན་པ་ལ་དམིགས་པ་སྟེ། མི་བདེན་པ་ལ་དམིགས་པ་ཡང་རྒྱུན་ལ་བལྟོས་ནས་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྲིད་པའི་རྩེ་མོ་པའི་ཕུང་པོ་ལ་སྡུག་བསྔལ་ལ་ཀུན་འབྱུང་བ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སྲིད་པའི་རྩེ་མོ་ཉིད་སྤོང་བ་ཡིན་པས། དེའི་ཕྱིར་གང་གིས་གཟིར་བ་དང་གང་གིས་བཅིངས་པ་དེ་ཁོ་ན་ལས་ཐར་པ་ལན་མང་དུ་ཡིད་ལ་བྱེད་པ་ན་མཇུག་ཐོགས་སུ་སྲིད་པའི་རྩེ་མོ་ཟད་པ་ཁོ་ན་ལ་དམིགས་ལ། དེ་ཡང་སྡུག་བསྔལ་ལམ་ཀུན་འབྱུང་བ་ཡིན་ཏེ། དེའི་ཕྱིར་སྲིད་པའི་རྩེ་མོ་ལ་སྡུག་བསྔལ་ལ་ཀུན་འབྱུང་བའི་རྣམ་པར་དམིགས་སོ། །རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ཟད་པ་ཤེས་པ་འབྱུང་ལ། དེའི་རྗེས་ལ་མི་སྐྱེ་བ་ཤེས་པ་འབྱུང་བ་དེའི་ཕྱིར་འདྲི་བ་ནི་རྡོ་རྗེ་ལྟ་བུ་ལ་སོགས་པའོ། །དེ་གཉིས་དང་ཞེས་བྱ་བ་ནི་དང་པོར་སྐྱེས་པ་དང་དང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྡོ་རྗེ་ལྟ་བུ་བདེན་པ་བཞི་ལ་དམིགས་པ་ཡང་སྲིད་པའི་དབང་དུ་བྱས་ནས་བརྗོད་པ་སྟེ། དེའི་ཕྱིར་འདི་ལ་ངེས་པ་མེད་དོ། །གཞི་ལས་ཕ་རོལ་སེམས་རིག་པ། །ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །དེ་ལ་གང་ཟག་པ་དང་བཅས་པ་ལ་དམིགས་པ་དེ་ཀུན་རྫོབ་ཀྱི་ཤེས་པ་སྟེ་ཟག་པ་བཅས་པ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་ལ་དམིགས་པ་ནི་ལམ་དང་ཆོས་དང་རྗེས་སུ་ཤེས་པ་གསུམ་གྱིའོ། །གལ་ཏེ་ཆོས་དང་རྗེས་སུ་ཤེས་པ་ལས་མ་གཏོགས་པར་ལམ་


DTG210_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡོང་པ་མ་ཡིན་པས་གཞན་གྱི་སེམས་ཤེས་པ་གསུམ་ཁོ་ན་ལས་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། འདི་དེ་ལྟ་ཡིན་མོད་ཀྱི་ཆོས་དང་རྗེས་སུ་ཤེས་པ་གང་གིས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་ཟག་པ་མེད་པ་ཤེས་པ་དེ་ལམ་ཤེས་པ་ཡིན་པར་རིག་པར་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པ་ནི་མ་ཡིན་ནོ་ཞེས་གཞན་གྱི་སེམས་ཤེས་པ་སྐལ་པ་མཉམ་པའི་ཡུལ་ཅན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དེ་སྐད་བརྗོད་དོ། །ཟག་པ་མེད་པས་ཟག་པ་བཅས་པ་ཤེས་པ་ནི་མ་ཡིན་ཏེ། འདིའི་ངེས་པ་ནི་དེ་ཡིན། རེ་ཞིག་ཟག་པ་དང་བཅས་པ་གང་ཡིན་པས་ཟག་པ་མེད་པར་དམིགས་པར་མི་འགྱུར་ཏེ། ཕྲ་བའི་ཕྱིར་དང་མཆོག་ཡིན་པའི་ཕྱིར་རོ། །ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཟག་པ་མེད་པ་ལ་ནི་ཟག་པ་དང་བཅས་པ་དམིགས་པ་ཡོད་པ་མ་ཡིན་པས། དེ་ལ་རྒྱུ་ཅིས་ཟག་པ་དང་བཅས་པའི་ཡུལ་རྣམས་ཟག་པ་མེད་པ་ལ་རྣམ་པ་གཞན་དུ་འཇུག །གང་ཟག་ཟག་པ་དང་བཅས་པའི་དམིགས་པ་དང་ཟག་པ་མེད་པའི་ཤེས་པ་རྣམས་ནི་རབ་སྟེ། རྣམ་པ་དེ་དག་ལ་གང་གི་ཕྱིར་སེམས་དང་སེམས་ལས་བྱུང་བའི་རང་བཞིན་བཟུང་བ་འཇུག་པ་བྱེད་ཅེ་ན། དེ་ནི་སུན་འབྱིན་པ་ལ་དགའ་བའི་ཕྱིར་དང༌། འཇུག་པ་ལས་ཕྱིར་ཕྱོགས་པའི་ཕྱིར་རོ། །ཡང་འཕགས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་རྫས་རེ་རེས་ཟག་པ་མེད་པ་ཤེས་པར་མི་ནུས་སོ། །སྤྱིའི་སྒོ་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་རྟོག་པར་བྱེད་དོ། །ས་མ་སྟ་མ་པ་ཧྱ་སྲི་ཡཾ་ཤོ་པ་ཏྲ་མིཙྪ་ཏེ། སྲི་ཡ་ཏྭེ་ན་མ་ནྱ་ཐཱ་བེ་ཏི། བསམ་གཏན་འོག་མའི་ས་པས་བསམ་གཏན་གོང་མའི་ས་པ་མི་ཤེས་པའོ་ཞེས་བྱ་བ་ནི། བསམ་གཏན་དང་པོའི་ས་པས་བསམ་གཏན་གོང་མའི་ས་པ་ཐམས་ཅད་མི་ཤེས་པའོ། །དེ་བཞིན་དུ་བསམ་གཏན་མཐའ་དག་ཁོ་ན་ནི། མི་མཛའ་པ། རྣ་བ་འདོད་པ་གཉིས་པ་དང་དགའ་བ་ཉིད་འདི་གཞན་དུ་ན་ཞེས་སོ།།གསུམ་པའི་ས་པས་ཀྱང་བསམ་གཏན་གོང་མའི་ས་པ་མི་ཤེས་པའོ་ཞེས་བཤད་པ་ཡིན་ནོ། །རང་གི་ས་འོག་མ་པ་མི་ཤེས་པས་ན། དེ་ལ་འཇིག་རྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པ་བཅོ་ལྔ་པོ་དག་སྟེ་ས་ལྔ་པ་རྣམས་སུ་


DTG210_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རྣམ་པ་གསུམ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པ་རྣམ་པ་བཅུ་གཉིས་ཏེ། བསམ་གཏན་ས་བཞི་པོ་རྣམས་ལས་པས་མ་གཏན་སོ་སོར་རྣམ་པ་གསུམ་ཉིད་ཀྱི་ཕྱིར་རོ། །དེ་ལས་གོང་མའི་འཇིག་རྟེན་པའི་ཆུང་ངུ་ས་ནི་ཨུ་ཙ་མ་ཏ་ནུ་རྩི་ཏེ་ན། གཞན་གྱི་སེམས་ཤེས་པས་ས་འོག་མ་པའི་རྣམ་པ་གསུམ་ཤེས་སོ། །རང་གི་ས་པ་ཆུང་ངུ་ཉིད་དང་འབྲིང་གིས་ས་འོག་མ་པ་ཡང་སྔ་མ་བཞིན་ནོ། །རང་གི་ས་པ་རྣམ་པ་གཉིས་ཀྱི་ཆེན་པོས་ནི་རང་གི་ས་པ་རྣམ་པ་གསུམ་མོ། །ཟག་པ་མེད་པ་ནི་གཞན་གྱི་སེམས་ཤེས་པས་རང་གི་ས་པ་དང༌། འོག་མའི་ཡང་ཆུང་ངུས་ཆུང་ངུ་དང་འབྲིང་གི་ཆུང་ངུ་དང་ཆེན་པོས་ཀྱང་རྣམ་པ་གསུམ་ག་ཤེས་སོ། །ཅིའི་ཕྱིར་ཡང་རྣམ་པ་གཞན་དུ་ཟག་པ་དང་བཅས་པའི་ཚུལ་ལས་རྣམ་པ་གཞན་དུ་ཟག་པ་མེད་པ་ཡིན་ན། གང་ལས་རྒྱུ་གཅིག་ལ་ཡང་ཟག་པ་དང་བཅས་པ་རྣམ་པ་གསུམ་ཡོད་ལ། ཟག་པ་མེད་པ་ནི་དབང་པོའི་སྒོ་ནས་རྣམ་པ་གསུམ་རྣམ་པར་བཞག་པས་ཚུལ་དེ་ལྟ་རྒྱུད་གཅིག་ལས་རྣམ་པ་གཉིས་མ་ཡིན་པ་ཡང་ཡོད་དོ། །དབང་པོ་རྣམས་ཀྱི་གསུམ་ཉིད་ལས་གང་ཟག་གཅིག་ནི་ལམ་རྣམ་པ་དགུ་ཉོན་མོངས་པ་སྤོང་བར་གསུངས་པ་དེའི་ལམ་གང་ཡིན་པ་ནི་རྒྱུ་ལ་ཉེ་བར་བཏགས་ཏེ་མཆོག་གི་དབང་དུ་བྱས་ཀྱི། དབང་པོའི་དབྱེ་བས་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདིར་རིགས་ཐམས་ཅད་རྣམ་པ་དགུ་ཡིན་པ་དེའི་ཕྱིར་རིགས་གཞན་ཡང་རྣམ་པ་དགུའོ་ཞེས་ཟེར་རོ། །དབང་པོ་འདས་པ་ཞེས་བྱ་བ་ནི་དད་པས་མོས་པའི་ལམ་གྱིས་མཐོང་བས་འོང་བའི་ལམ་མི་ཤེས་ཤིང་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་གྱིས་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པ་སྟེ་དབང་པོ་འདས་པའི་ཕྱིར་རོ། །འདི་ལྟར་དད་པས་མོས་པའི་ལམ་ནི་དབང་པོ་རྟུལ་པོས་བསྡུས་ཤིང༌། མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་ནི་དབང་པོ་རྣོན་པོས་བསྡུས་པ་ཡིན་ནོ། །འོག་མས་གོང་མ་མི་ཤེས་སོ་ཞེས་བྱ་བ་ནི། ཕྱིར་མི་འོང་བའི་ལམ་གྱིས་ཉན་ཐོས་དགྲ་བཅོམ་པའི་ལམ་དང༌། དགྲ་བཅོམ་པས་རང་སངས་རྒྱས་ཀྱི་ལམ་དང་རང་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་ལམ་མོ། །མཐོང་


DTG210_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐོབ་པས་དུས་ཀྱིས་རྣམ་པར་གྲོལ་བའི་མི་ཤེས་ཏེ་གང་ཟག་འདས་པའི་ཕྱིར་རོ། །དུས་ཀྱིས་རྣམ་པར་གྲོལ་བས་ཀྱང་མཐོང་བས་ཐོབ་པའི་སྟེ་དབང་པོ་འདས་པའི་ཕྱིར་རོ། །བྷ་ག་བཙྪར་དྭ་ཏཽ། བསམ་གཏན་དང་པོ་དང་གཉིས་པ་དག་ཕན་ཚུན་མི་ཤེས་ཏེ་ས་དང་དབང་པོ་འདས་པའི་ཕྱིར་རོ། །དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་དང་མཐོང་བས་ཐོབ་པ་དག་ཀྱང་བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཕན་ཚུན་མི་ཤེས་བཞིན་ཏེ་ས་དང་གང་ཟག་འདས་བཅོམ་ལྡན་འདས་དང་ཤྭ་ར་དྭ་ཏེ་དག་པ། པའི་ཕྱིར་རོ། །ད་ལྟར་གྱིས་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་སེམས་ཀྱི་ཡུལ་གཟུགས་ལ་སོགས་པའི་ཡུལ་ཡིན་པར་མི་འོས་པ་དེ་བཞིན་དུ་ད་ལྟར་བྱུང་བའི་ཡུལ་དུ་འདས་པ་དང་མ་འོངས་པའི་ཡུལ་མི་རུང་ངོ༌། །དེ་གཉིས་ནི་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པས་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དག་གོ །གཉིས་པ་ནི་འདོད་པ་ལས་གོང་མའི་ཁམས་ཀྱི་གཉེན་པོ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཕན་ཚུན་རྒྱབ་ཀྱིས་ཕྱོགས་པས་ཕན་ཚུན་དམིགས་པ་ཉིད་དུ་མི་རུང་ངོ༌། །མཐོང་བའི་ལམ་ལ་ཕ་རོལ་གྱི་སེམས་ཤེས་པ་མེད་དོ་ཞེས་བྱ་བ་ནི་མྱུར་དུ་འགྲོ་བ་ཉིད་ཀྱིས་སྦྱོར་བ་མེད་པའི་ཕྱིར་ལ། དེ་ཐོབ་པ་རྣམས་ལ་ཡང་སྦྱོར་བ་ལས་གཞན་གྱི་སེམས་ཤེས་པ་མངོན་དུ་འགྱུར་བའི་ཕྱིར་རོ། །སྦྱོར་བ་བྱས་ནས་དང་པོ་མཐོང་སྐད་ཅིག་དག་ཉན་ཐོས་ཀྱི་རིགས་ཏེ་ཞེས་རྒྱས་པར་འབྱུང་སྟེ། རང་སངས་རྒྱས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་ཆུང་ངུ་ནི་སྦྱོར་བས་བྱེད་དོ། །ཉན་ཐོས་ཀྱིས་ནི་ཁ་ཅིག་ཏུ་འབྲིང་པོས་སོ། །ཁ་ཅིག་ཏུ་ཆེན་པོས་སོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་དང་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་སོ་ཞེས་མ་བཤད་དོ། །ཆོས་ཤེས་པའི་ཕྱོགས་མ་ལུས་པས་གཞན་གྱི་སེམས་ཤེས་པས་ཉན་ཐོས་ཀྱི་མཐོང་བའི་ལམ་སྐད་ཅིག་མ་དང་པོ་གཉིས་ཁོ་ནས་ཤེས་སོ། །ད་ནི་རྗེས་སུ་ཤེས་པའི་ཕྱོགས་ཤེས་པར་བྱ་སྟེ། དེ་ཇི་སྲིད་ཡུལ་ཕྱི་རོལ་གྱི་སེམས་ཤེས་པ་མངོན་དུ་བྱ་བའི་ཕྱིར་སྦྱོར་བ་རྩོམ་པ་སྲིད་འདི་སེམས་བཅུ་དྲུག་རྗེས་སུ་འཐོབ་པ་ཡིན་ཏེ། དེའི་སྦྱོར་བ་རིང་བའི་ཕྱིར་རོ། །


DTG210_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མཐོང་བའི་ལམ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་སྐད་ཅིག་མ་གསུམ་གྱིས་ཤེས་ཏེ། ཆོས་སུ་ཤེས་པའི་ཕྱིར་གྱི་ས་དང་པོ་གཉིས་ཀྱིས་ཤེས་ཤིང༌། རྗེས་སུ་ཤེས་པའི་ཕྱོགས་ཀྱིས་གཞན་གྱི་སེམས་ཤེས་པ་མངོན་དུ་བྱས་ཏེ་བརྒྱད་པས་ཤེས་སོ། །སྦྱོར་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱོར་བ་རིང་བ་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་བཅོ་ལྔས་སོ་ཞེས་ཟེར་རོ། །སྐད་ཅིག་མ་ལྔ་རྣམས་དང་བཞི་རྣམས་ཀྱིས་དེའི་སྦྱོར་བ་བསྒྲུབ་པར་མི་རིགས་སོ། །གཞན་དག་སྐད་ཅིག་མ་བཞི་ཤེས་ཏེ། དང་པོ་དང་གཉིས་པ་དང་བརྒྱད་པ་དང་བཅུ་བཞི་པ་རྣམས་ཉིད་ཀྱིས་སོ་ཞེས་ཟེར་ཏེ་དེ་ལྟར་ཡང་རུང་ངོ༌། །ཆོས་ཤེས་པའི་ཕྱོགས་ཀྱིས་དམིགས་ན་སྐད་ཅིག་མ་ལྔའི་མཇུག་ཐོགས་སུའོ། །གལ་ཏེ་རྗེས་སུ་ཤེས་པའི་ཕྱོགས་ལ་ནི་བརྒྱད་པས་ཤེས་ཏེ། དེའི་ཕྱིར་སྐད་ཅིག་མ་ལྔའི་མཇུག་ཐོགས་ཅི་ལྟ་བར་ཆོས་ཤེས་པའི་ཕྱོགས་ལ་བཅུ་བཞིས་ཤེས་སོ། །སྦྱོར་བ་མེད་པ་ཞེས་བྱ་བ་ནི། ཐུགས་ཀྱི་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མི་མངའ་བར་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར་མཐོང་བའི་ལམ་གྱི་སྐད་ཅིག་ཐམས་ཅད་བར་མེད་པར་མཁྱེན་ཏོ། །དེ་ལྟར་ཆོས་དང་རྗེས་སུ་ཤེས་པ་རྣམ་པ་བཞི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཡིན་ནོ་ཞེས་བཤད་ན། དེ་གཉིས་ལ་དབྱེ་བ་མ་མཐོང་བས། ཡང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་དག་ཁྱད་པར་ཅི་ཡོད་ཅེས་བྱ་བ་དྲིས་ཏེ། དེའི་ཕྱིར་ཟད་པ་ཤེས་བདེན་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་ན་ཟག་པ་མེད་པ་ཤེས་པས་དེ་ལྟར་ཤེས་ཞེས་བྱ་བ་ནི་ཟག་པ་མེད་པ་རྣམ་པ་བཅུ་དྲུག་པ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པའི་ཕྱིར་དྲིས་པའོ། །དེའི་རྗེས་ལ་ལངས་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་པའི་སྒོ་ནས་འདི་ཤེས་པ་གཉིས་ཁོ་ན་རབ་ཏུ་འཇུག་གོ་ཞེས་བཤད་དོ། ཟག་པ་མེད་པའི་ཤེས་པས་ནི་དེ་ལྟར་མི་ཤེས་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པའི་ཤེས་པ་ལས་ལངས་པ་ལ་རྣམ་པར་རྟོག་པ་འདི་དག་སྐྱེ་སྟེ། དེའི་རྗེས་ལ་སྐྱེ་བའི་སྐབས་ཡོད་པའི་ཕྱིར་རོ། །ད་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ཀུན་རྫོབ་ཤེས་པ་ནི་


DTG210_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཡང་དེའི་ཁྱད་པར་གྱིས་དེ་དག་གི་ཁྱད་པར་ཏེ། ཁ་ཆེ་བ་རྣམས་ན་རེ། བསྟན་བཅོས་ལས་ཤེས་པར་བྱོས་ཞེས་ཟེར་རོ། །དེའི་ཁྱད་པར་གྱིས་ཞེས་བྱ་བ་ནི། དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཤེས་པའི་ཁྱད་པར་གྱིས་སོ། །དེ་ལ་ཟད་པ་ཤེས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་ལམ་བསྒོམ་མོ་ཞེས་བྱ་བའི་བར་རོ། །མི་སྐྱེ་བ་ཤེས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ནས་བདག་གིས་ལམ་བསྒོམ་སྟེ་ཡང་བསྒོམ་དུ་མེད་དོ་ཞེས་བྱ་བའི་བར་རོ། །དེ་ཉིད་ཀྱི་བྱེ་བྲག་ཞེས་བྱ་བ་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱི་སྟེ། འབྲས་བུའི་བྱེ་བྲག་ནི་རྒྱུའི་བྱེ་བྲག་ལས་འཁྲུལ་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པས་ཀྱང་དེ་ལྟར་ཤེས་ཏེ་ཞེས་བྱ་བ་ནི་གང་དག་རྣམ་པ་བཅུ་དྲུག་ལས་མ་གཏོགས་པའི་ཟག་པ་མེད་པ་ཡང་འདོད་པ་དེ་དག་འདི་སྐད་དུ། གང་གི་ཕྱིར་འདིར་ཤེས་པ་དང་མཐོང་བའི་རང་བཞིན་འདི་དག་ལ་མཐོང་བ་ཞེས་འདོན་ཏོ་ཞེས་ཟེར་རོ། །དེའི་ཕྱིར་འགལ་བ་སྤང་བའི་ཕྱིར། མཐོང་བ་སྨོས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་དག་མཐོང་བ་དང༌། རིག་པ་དང་བློ་ཞེས་འདོན་པར་གྱུར་ལ། དེའི་མཇུག་ཐོགས་སུ་འདི་གཉིས་ཀྱང་བསྟན་པས། སྔར་གྱི་འཕངས་པ་ལས་དགེ་སློང་དག་གིས་དེ་ལྟར་འདིར་ལས་མཐོང་བ་ཡིན་ཞེས་འདོན་པ་ཡིན་ཏེ་དེའི་ཕྱིར་འགལ་བ་མེད་དོ། །ཡང་མ་མངོན་སུམ་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ་མངོན་སུམ་དུ་འཇུག་པས་ན་མངོན་སུམ་དུ་འཇུག་པ་སྟེ། མངོན་སུམ་དུ་འཇུག་པ་འདི་ཤེས་པ་གཉིས་དང་རྗེས་སུ་དཔག་པ་བཞིན་ལྐོག་ཏུ་གྱུར་པའི་འཇུག་པ་མཐོང་བ་ཡང་མངོན་སུམ་ཉིད་དོ། །དེའི་ཕྱིར་མངོན་སུམ་གྱིས་འཇུག་པ་ཉིད་དོ། །མཐོང་བ་དང་ཆོས་མཐུན་པས་བཤད་ཅེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱིས་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་བཅས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ངེས་པས་བསྟན་པའོ། །གཞན་དག་


DTG210_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ་རིགས་ཡིན་ནོ་ཞེས་ཟེར་རོ། །བསྟན་པ་འདི་ནི་ངེས་པར་རྟོག་པར་བྱ་བ་སྟེ། དུས་འདི་ཙམ་ན་ཟླ་བ་གཟས་བཟུང་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་ཞེས་བྱ་བ་ནི་ཤེས་པ་བཅུ་དག་ལའོ། །ཀུན་རྫོབ་ཤེས་པ་ནི་ཞེས་པ་གཅིག་ཡིན་ལ་ཞེས་བྱ་བ་ནི་ཤེས་པ་བཅུ་པོ་དེ་དག་གི་དབང་དུ་བྱས་པའོ། །གཅིག་གི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པའི་འོ། །དེ་ནི་ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་ཡུལ་ཏེ། ཟག་པ་དང་བཅས་པའི་སེམས་ཀྱི་ཡུལ་ཉིད་པ་ཀུན་རྫོབ་ཤེས་པར་རྣམ་པར་གཞག་པར་བྱའོ། །ཟག་པ་དང་བཅས་པའི་ཕྱིར་ཅིག་ཤོས་ལ་མ་ཡིན་ལ། ཟག་པ་མེད་པའི་ཕྱིར་ཆོས་ཤེས་པ་ཤེས་པ་བཅུའི་དབང་དུ་བྱས་ནས་ཤེས་པ་གཅིག་གོ །བདུན་གྱི་ཆ་ཡང་ཡིན་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང༌། འགོག་པ་དང་ལམ་དང་གཞན་གྱི་སེམས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱིའོ། །དེ་ནི་དེ་དག་གི་ཆ་འདོད་པའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་གང་ཡིན་པ་སྟེ་ཆོས་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་ཤེས་པ་དང་དེ་དང་འདྲའོ་ཞེས་བྱ་བ་ནི་ཤེས་པ་བཅུའི་དབང་དུ་བྱས་ཏེ། ཐམས་ཅད་དུ་རེག་པར་བྱའོ། །རྗེས་སུ་ཤེས་པ་ནི་ཤེས་པ་གཅིག་སྟེ་བདུན་གྱི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ཁོ་ན་སྟེ། དེ་ན་གོང་མའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་ཏེ། རྗེས་སུ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། བཞིའི་ཆ་དང་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ཀྱི་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་གང་ཡིན་པའོ། །འདིས་ནི་ཀུན་འབྱུང་དང་འགོག་པ་ཤེས་པ་ཡང་བཤད་དེ། ཇི་སྐད་བཤད་པ་རྣམས་ཁོ་ནའི་ཆ་ཀུན་འབྱུང་བ་ལའོ། །དམིགས་པ་དང་འགོག་པ་ལ་དམིགས་པ་གང་ཡིན་པའོ། །ལམ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་ལྔའི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་ཟད་པ་དང༌། མི་སྐྱེ་བ་གཞན་གྱི་སེམས་ཤེས་རྣམས་ཀྱི་ཆ་ལམ་གྱི་བདེན་པ་ལ་དམིགས་པ་གང་ཡིན་པ་སྟེ་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་


DTG210_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེམས་ཤེས་པ་ཤེས་པ་གཅིག་ཡིན་ལ་བཞིའི་ཆ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ལམ་དང་ཀུན་རྫོབ་ཤེས་པ་རྣམས་ཀྱི་ཆ་སེམས་ལས་བྱུང་བ་ལ་དམིགས་པ་གང་ཡིན་པ་སྟེ། གང་གིས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པའོ། །ཟད་པ་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ་དྲུག་གི་ཆ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཆོས་དང་རྗེས་སུ་དང་སྡུག་བསྔལ་དང༌། ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་པ་རྣམས་ཀྱི་སྟེ། དེ་དག་རེ་རེ་ཞིང་སློབ་པ་དང་མི་སློབ་པ་ཉིད་དུ་ཐ་དད་པའི་ཕྱིར་ན་མི་སློབ་པའི་ཆ་ཡིན་ནོ། །མི་སྐྱེ་བ་ཤེས་པ་ཡང་ཟད་པ་ཤེས་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །ཡང་ཅིའི་ཕྱིར་དེ་དག་གསུམ་པོ་ཡོད་པ་ཞེས་བྱ་བ་ནི་ཆོས་དང་རྗེས་དང་ཀུན་རྫོབ་ཤེས་པ་དག་གོ །བཅུར་རྣམ་པར་གཞག་ཅེས་བྱ་བ་ནི་བཤད་མ་ཐག་པ་དག་གོ །རྒྱུ་བདུན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཤེས་པ་གཉིས་ཁོ་ན་རང་བཞིན་དང་གཉེན་པོ་ལ་སོགས་པའི་རྒྱུ་ལ་བརྟེན་ནས་གནས་སྐབས་དེ་དག་ཏུ་ཤེས་པའི་བདག་ཉིད་དེ་དང་དེས་རྣམ་པ་བཅུར་བཞག་གོ །རང་བཞིན་ལས་ནི་རང་བཞིན་གྱིས་སོ། །ཀུན་རྫོབ་ཤེས་པ་ནི་ཀུན་རྫོབ་ཤེས་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་དོན་དམ་པ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དོན་དམ་པ་འམ་དོན་དམ་པར་མི་ཤེས་པ་སྟེ་ཐ་སྙད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་ལས་ཀུན་རྫོབ་ཤེས་པ་དེ་རྣམ་པར་གཞག་གི །གཉེན་པོ་དང་རྣམ་པ་ལ་སོགས་པ་དག་ལས་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཀུན་རྫོབ་ཤེས་པ་ཆོས་ཐམས་ཅད་ཀྱི་ཡུལ་ཅན་ཉིད་ཡིན་ཡང་དོན་དམ་ཤེས་པ་མ་ཡིན་ཞེ་ན་ཟག་པ་དང་བཅས་པའི་ཕྱིར་རོ། །འདོད་པའི་ཁམས་དང་ཁམས་གོང་མའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཆོས་ཤེས་པ་ནི་འདོད་པའི་ཁམས་མཐའ་དག་གི་གཉེན་པོ་ཡིན་ལ། རྗེས་སུ་ཤེས་པ་ཁམས་གོང་མའི་ཡིན་པ་ཡང་དེ་དང་འདྲའོ། །སྦྱོར་བ་ལས་ནི་གཞན་གྱི་སེམས་ཤེས་པ་སྟེ་ཞེས་བྱ་བ་ལ། དེ་ནི་གཞན་གྱི་སེམས་ཤེས་པར་བྱའོ་སྙམ་དུ་དེ་ལྟར་སྦྱོར་ཏེ། གཞན་གྱི་སེམས་


DTG210_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་ནི་སེམས་བཞིན་དུ་སེམས་ལས་བྱུང་བ་རྣམས་མི་ཤེས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་སྦྱར་བ་ཁོ་ན་ལས་རྣམ་པར་བཞག་གི་དམིགས་པ་ལས་ནི་མ་ཡིན་ནོ། །རེ་ཞིག་སེམས་ལས་བྱུང་བ་རྣམས་ནི་མི་ཤེས་ཏེ། མངོན་པར་བསྒྲུབ་པའི་དུས་ཇི་སྲིད་པར་སེམས་མི་ཤེས་པས། དེའི་ཕྱིར་དེ་སྐད་བཤད་དོ་ཞེས་བཙུན་པ་རྩིབ་ལོགས་སྐྱེས་ཟེར་རོ། །བྱ་བ་བྱས་པ་ལ་ཞེས་བྱ་བ་ནི་བྱ་བ་བྱས་པ་ཉིད་ཀྱི་ཕྱིར་ནི་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཐམས་ཅད་ཀྱི་མཐར་དེ་ལ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པ་དམིགས་པ་ཁྱད་པར་དུ་བྱེད་པ་སྟེ། དེ་ཡང་བྱ་བ་བྱས་པ་ལ་སྐྱེ་བ་ཡིན་ནོ། །ཟག་པ་མེད་པའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཅན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པ་སྔར་སྐྱེས་པ་ཐམས་ཅད་དེའི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། གང་གི་ཕྱིར་ཟད་པ་ཤེས་པ་ལ་ཡོད་པ་གང་ཡིན་པ་རང་གི་རྒྱུད་ཅན་ཡང་མི་སྐྱེ་བ་ཤེས་པའི་རྒྱུ་མ་ཡིན་ནོ། །མི་སྐྱེ་བ་ཤེས་པ་གང་ཡིན་པ་ཟད་པ་ཤེས་པའི་འབྲས་བུ་དང་རྒྱུར་གྱུར་པ་མེད་པ་ཉིད་དོ། །མི་སྐྱེ་བ་ཤེས་པ་ཞེས་བྱ་བ་ལ་མི་སྐྱེ་བ་ཞེས་བྱ་བ་འདི་ཅི་ཞེ་ན། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ་ཞེས་བརྗོད་དེ། དེ་ཐོབ་པ་ན་བདེན་པའི་མཐའ་ལ་ཤེས་པ་རབ་ཏུ་འཇུག་པས་མི་སྐྱེ་བ་ཤེས་པའོ། །ཆོས་ཤེས་པ་ཐམས་ཅད་འདོད་པའི་ཁམས་ཐམས་ཅད་ཀྱི་གཉེན་པོ་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམ་པ་ལྔ་པོ་ཐམས་ཅད་དོ། །འདོད་པའི་ཁམས་ཀྱི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བས་བསྡུས་པའི་གཉེན་པོ་ཉིད་དུ་ཆོས་ཤེས་པ་བསྟན་པས། དེའི་ཕྱིར་གཞན་རིལ་མ་ཡིན་པའི་གཉེན་པོ་རིལ་མ་ཡིན་ནོ་ཞེས་བྱ་བ་འདི་ཁས་བླངས་པར་འགྱུར་བ་དེ་བསྟན་པའི་ཕྱིར། གཞན་ཡང༌། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁམས་གསུམ་ཆར་གྱི་གཉེན་པོ་ཞེས་བྱ་བ་ནི། བསྒོམ་པས་སྤང་བར་བྱ་བ་གསུམ་པ་རྣམས་ཀྱི་སྤོང་བའི་གཉེན་པོ་ཡིན་པའོ། །ཡང་ཅིའི་ཕྱིར་འགོག་པ་དང་ལམ་ལ་ཆོས་ཤེས་པ་དག་ཁོ་ནས་ཁམས་གསུམ་པའི་བསྒོམ་


DTG210_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་གི་སྔ་མ་དག་གིས་མ་ཡིན་ཞེ་ན། ཞི་བ་དང་ངེས་པར་འབྱུང་བ་ཅན་ཉིད་དུ་སྐལ་པ་མཉམ་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་འདུ་བྱེད་དག་འགོག་པའི་གཉེན་པོ་འམ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་འགོག་པའི་གཉེན་པོ་ལ་ཁྱད་པར་འགའ་ཡང་མེད་དོ། །གང་གི་ཕྱིར་ཐམས་ཅད་དུ་འགོག་པ་དགེ་ཞིང་འདུས་མ་བྱས་པ་དང་ལམ་ཡང་ངེས་པར་འབྱུང་བ་ཅན་ནོ། །ཁ་ཅིག་ན་རེ་མི་མཉམ་པའི་ཕྱིར་སྡུག་བསྔལ་ནི་སྔ་མ་དག་གིས་མ་ཡིན་ཏེ། ཁམས་རྣམས་སུ་སྡུག་བསྔལ་གསུམ་གྱིས་ཁྲིད་པའི་ཁྱད་པར་ལས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འགོག་པ་དང་ལམ་དག་མི་ལྡན་པ་མ་ཡིན་པའི་ཕྱིར་དེ་ལ་དམིགས་པ་ཤེས་པ་དག་ཁམས་གསུམ་པའི་གཉེན་པོ་ཉིད་དུ་རིགས་ཏེ། འདོད་པ་དང་ལྡན་པ་དམིགས་པའི་ཕྱིར་རོ་ཞེས་ཟེར་རོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གིས་གཟུགས་དང་གཟུགས་མེད་པ་ལས་འདོད་ཆགས་དང་བྲལ་བ་མི་རུང་སྟེ། རྣམ་པར་སུན་འབྱིན་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རོ། །གཞན་སུན་འབྱིན་པ་ན་གཞན་ལ་འདོད་ཆགས་དང་བྲལ་བ་ནི་མི་རིགས་སོ། །འགོག་པ་དང་ལམ་ཤེས་པ་དག་ནི། རང་གི་ཡུལ་ལ་བྱ་བ་བྱས་པ་ཡིན་ཡང་གཞན་གྱི་ཡུལ་ལ་ཡང་འཇུག་ཅིང་རྗེས་སུ་གནས་ལ། ངེས་པར་འབྱུང་བའི་དངོས་པོའི་ཡུལ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཁོ་ན་ཁམས་གསུམ་པའི་གཉེན་པོ་ཉིད་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །འདོད་པའི་ཁམས་ཀྱི་རྗེས་སུ་མ་ཡིན་ཞེས་བྱ་བ་ལ། གལ་ཏེ་འགོག་པ་དང་ལམ་ལ་ཆོས་ཤེས་པ་ནི་མི་ལྡན་པ་ལ་དམིགས་པའི་ཕྱིར། གཟུགས་དང་གཟུགས་མེད་པའི་གཉེན་པོ་ཡིན་ན། དེ་ལྟ་ན་རྗེས་སུ་ཤེས་པ་ཡང་འདོད་པའི་ཁམས་ཀྱི་གཉེན་པོར་འདོད་པར་བྱ་དགོས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། །ཤེས་པ་རྣམས་ནི་རྣོ་བ་ཡིན་པའི་ཕྱིར་རང་གི་ཡུལ་ལ་བྱ་བ་བྱས་ཏེ། གཞན་གྱི་ཡུལ་ལ་བྱ་བ་དག་བྱེད་པ་ཡིན་ནོ། །རྗེས་སུ་ཤེས་པའི་བྱ་བ་ཡོངས་སུ་རྫོགས་པ་ནི་ཆོས་ཞེས་བྱ་བ་གང་ཡིན་པ་དེ་ཉིད་རྗེས་སུ་ཤེས་པ་ལ་རྗེས་སུ་གནས་པ་ཡོད་པ་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རྗེས་སུ་ཤེས་པ་འདོད་


DTG210_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་ཀྱི་གཉེན་པོ་མ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པ་གོང་དུ་སྤྱོད་པའི་ཕྱིར་འདོད་ཆགས་དང་བྲལ་བ་ནི་རྗེས་སུ་ཤེས་པ་མངོན་དུ་གྱུར་པ་མེད་དོ། །འོན་ཏེ་ཡོད་ན་དེ་དག་ཏུ་རྒྱུད་མི་མཐུན་པའི་ཕྱོགས་ལ་གནས་པའི་ཕྱིར་འོག་ན་མ་ཡིན་ཞིང༌། འབྲས་བུ་མ་གྲུབ་པའི་རིམ་པ་མི་སྲིད་པའི་ཕྱིར་གོང་དེ་ན་མ་ཡིན་ནོ། །རྣམ་པ་ཐམས་ཅད་མེད་དོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་བསྡུས་པ་འམ་བསྒོམ་པའི་ལམ་གྱིས་བསྡུས་པ་ཡང་རུང་སྟེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་རྗེས་སུ་ཤེས་པ་དེ་ནི་མི་སྲིད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་སྨོས་སོ། །ཡང་ཤེས་པ་བཅུ་པོ་འདི་དག་ལས་ཤེས་པ་གང་ཞིག་རྣམ་པ་དུ་དག་ཏུ་འབྱུང་ཞེ་ན་དེ་ལ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ནི་རྣམ་པ་བཅུ་དྲུག་སྟེ། བདེན་པ་བཞི་ལ་དམིགས་པ་ཉིད་ཀྱིས་བདེན་པ་རེ་རེ་ལ་རྣམ་པ་བཞི་བཞི་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་ནི་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ་གཞན་གྱི་རྣམ་པ་ཅན་ཡིན་ཏེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་རྣམ་པ་བཅུ་དྲུག་ཅན་ནི་དྲོ་བར་གྱུར་པ་དང༌། རྩེ་མོ་དང་བཟོད་པ་ལ་སོགས་པ་དག་ནའོ། །གཞན་གྱི་རྣམ་པ་ཅན་ནི་མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དང༌། བྱམས་པ་ལ་སོགས་པ་དག་ན་ཀུན་རྫོབ་ཤེས་པ་དུ་མ་ཅན་ནོ། །དེ་ཉིད་ལ་རྒྱུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་བུམ་པ་དང༌། སྣམ་བུ་ལ་སོགས་པ་དག་བསྡུས་ཏེ། དེ་དག་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་མ་ཡིན་ལ་སྤྱིའི་མཚན་ཉིད་ཀྱང་མ་ཡིན་ཏེ། གཞན་གྱི་ཡིད་ཤེས་དྲི་མེད་ཀྱང༌། །དེ་བཞིན་ཞེས་བྱ་བ་ལ། ཇི་ལྟར་ཤེས་པ་བཞི་པོ་འདི་དག་རེ་རེ་ཞིང་རྣམ་པ་བཞི་བཞི་ཡིན་པ་དེ་བཞིན་དུ། གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་རང་གི་བདེན་པའི་རྣམ་པ་དག་གིས་རྣམ་པ་བཞི་ཅན་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་གྱི་ནང་དུ་གཏོགས་པའི་ཤེས་པ་སྟེ། ལམ་ཤེས་པའི་ཕྱོགས་གཅིག་ཡིན་ཞེས་བྱ་བའི་


DTG210_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཚིག་གོ །གཉི་ག་ཡང་རྫས་རེ་རེ་ཞིང་སྤྱོད་ཡུལ་ལོ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དེ་དག་གིས་རང་གི་མཚན་ཉིད་ནི་ལམ་ལ་སོགས་པ་ཉིད་ཡིན་ཞིང༌། དེ་དག་གི་ཡུལ་ཅན་གཞན་གྱི་སེམས་ཤེས་པ་ཡང་རེ་རེའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཡང་རྣམ་པ་གཞི་ཅན་ཞེས་བྱ་སྟེ། དཔེར་ན་གཞན་གྱི་སེམས་ཤེས་པ་ཆགས་པ་ལ་སོགས་པའི་ཡུལ་ཅན་ལྟ་བུའོ། །ཆགས་པ་ལ་སོགས་པ་ཉིད་སེམས་ལས་བྱུང་བ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྫས་རེ་རེའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། ཤེས་བྱ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཞེས་བྱའི་སྤྱིའི་རྣམ་པ་ཅན་ནི་མ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བཅས་པ་དང་ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ་བ་དང༌། ཀུན་བསྡུས་པ་དང་རྣམ་པར་གཡེངས་པ་དང༌། ཞུམ་པ་དང༌། རབ་ཏུ་བཟུང་བ་དང༌། ཆུང་ངུ་དང་ཆེན་པོར་གྱུར་པ་དང། ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དང༌། རྒོད་པ་དང་རྒོད་པ་མ་ཡིན་པ་དང༌། མཉམ་པར་མ་བཞག་པ་དང་མཉམ་པར་གཞག་པ་དང༌། མ་བསྒོམས་པ་དང་བསྒོམ་པ་དང༌། རྣམ་པར་མ་གྲོལ་བ་དང་རྣམ་པར་གྲོལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གལ་ཏེ་དེ་འདོད་ཆགས་དང་བཅས་པ་འཛིན་པ་མེད་ན། ཇི་ལྟར་འདོད་ཆགས་དང་བཅས་པའོ་སྙམ་དུ་ཤེས། ཅི་སྟེ་འདོད་ཆགས་དང་བཅས་པར་འཛིན་ན་ནི་རྫས་རེ་རེ་ཞིང་སྤྱོད་ཡུལ་ལོ་ཞེས་བྱ་བ་འདི་ཇི་ལྟར་མི་འགལ་ཞེ་ན། གོས་དང་དྲི་མ་ཅིག་ཅར་དུ་མི་འཛིན་པ་བཞིན་ནོ་ཞེས་བྱ་བ་འབྱུང་སྟེ། དྲི་མ་དང་བཅས་པ་ལ་ཡོངས་སུ་བརྟགས་པ་ན་གོས་དང་དྲི་མ་ཅིག་ཅར་འཛིན་པ་མ་ཡིན་ཏེ། གང་གི་ཚེ་གོས་ལ་ཡོངས་སུ་རྟོག་པ་དེའི་ཚེ་དྲི་མ་མི་འཛིན་ནོ། །གང་གི་ཚེ་དྲི་མ་ལ་ཡོངས་སུ་རྟོག་པ་དེའི་ཚེ་གོས་མ་ཡིན་པས་གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ནོ་


DTG210_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འདི་ནི་ཡོངས་སུ་ཆད་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །འདོད་ཆགས་དང་བཅས་པ་གཉིས་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་ནི་མངོན་དུ་གྱུར་པ་ལས་སོ། །ལྡན་པའི་འདོད་ཆགས་དང་བཅས་པ་ནི་འདོད་ཆགས་ཀྱི་ཐོབ་པ་དང་རྗེས་སུ་འབྲེལ་པ་ལས་སོ། །གཉིས་ཀྱི་འདོད་ཆགས་དང་བཅས་པ་ཡིན་ཏེ། འདྲེས་པའི་འདོད་ཆགས་དང་བཅས་པ་དང་ལྡན་པའི་འདོད་ཆགས་དང་བཅས་པ་དག་གིས་སོ། །དེ་ལས་གཞན་ཟག་པ་དང་བཅས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པའི་དགེ་བ་ནི་ལྡན་པའི་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པ་སྟེ། དེའི་ཕྱིར་འདི་གཉི་ག་ཡང་འདོད་ཆགས་དང་བཅས་པའོ་ཞེས་བསྟན་པར་འགྱུར་ཏེ་དེ་ལྟར་རྣམ་པར་གཞག་གོ །འདིར་ཁ་ཅིག་གི་ལུགས་སྨོས་པ། མདོ་འདིར་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་པ་ཡིན་གྱི་ཟག་པ་དང་བཅས་པ་གཞན་ཐོབ་པ་ཙམ་དང་ལྷན་ཅིག་པ་ནི་མ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །ཡང་ཐམས་ཅད་འདོད་ཆགས་མ་འདྲེས་པའི་གཉེན་པོ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ལ་རྒྱུ་སྨོས་པ། གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་དེའི་ཐོབ་པ་འབའ་ཞིག་དང་བཅས་པ་དེ་འདོད་ཆགས་དང་བྲལ་བར་གྱུར་ན། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་སྟེ། ཉོན་མོངས་པ་ཁོང་ཁྲོ་བ་ལ་སོགས་པ་དང་ཡང་མཚུངས་པར་ལྡན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ཡང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །མདོ་ལས་ནི། ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པ་ལ་འདོད་ཆགས་དང་བྲལ་བ་ཞེས་མ་གསུངས་ཏེ། འོ་ན་ཅི་ཞེ་ན། ཞེ་སྡང་དང་བཅས་པ་གཏི་མུག་དང་བཅས་པ་ཞེས་གསུངས་སོ། །འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་སེམས་ཞེ་སྡང་ལ་སོགས་པ་དང་མཚུངས་པར་མི་ལྡན་པས། དེའི་ཕྱིར་དེ་ཉིད་འདོད་ཆགས་བྲལ་བ་ཞེས་བྱ་བར་བཟུང་ངོ༌། །ཞེ་སྡང་ལ་སོགས་པ་དང་


DTG210_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ལྡན་པ་ནི་ཞེ་སྡང་དང་བཅས་པ་གཏི་མུག་དང་བཅས་པ་ཞེས་བྱ་སྟེ། དེའི་ཕྱིར་འདི་ལ་སྐྱོན་མེད་དེ། འདིར་སྐྱོན་གཞན་འཆད་པར་འདོད་པས་དེ་ལྟ་ན་འོ་ན་ཞེས་སྨོས་ཏེ། གལ་ཏེ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་འདོད་ཆགས་དང་བཅས་པ་ཡིན་ཞིང༌། འདོད་ཆགས་ཀྱི་གཉེན་པོ་འདོད་ཆགས་དང་བྲལ་བ་ཡིན་ན། དེ་ལྟ་ན་ནི་དེའི་གཉེན་པོ་མ་ཡིན་པའི་སེམས་ཉོན་མོངས་པ་ཅན་མ་ཡིན་པ་འདོད་ཆགས་དང་བཅས་པ་ཡང་མ་ཡིན་ལ། འདོད་ཆགས་དང་བྲལ་བའང་མ་ཡིན་པར་འགྱུར་ཏེ། གང་གི་ཕྱིར་གཉེན་པོ་དང་ཉོན་མོངས་པ་ཅན་ཡང་མ་ཡིན་པས་དེའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་སྨོས་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་དགེ་བ་ནི་ནམ་ཡང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བཅས་པ་ཉིད་མ་ཡིན་ལ། འདོད་ཆགས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །གང་ཞིག་དེའི་གཉེན་པོ་མ་ཡིན་ཞེ་ན་སྦྱོར་བའི་ལམ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་བཅས་པ་དང༌། གཏི་མུག་དང་བཅས་པ་ཞེས་བྱ་བ་དེར་ཡང་འདྲ་བར་ཐལ་བར་འགྱུར་བར་སྟོན་ཏོ། །དེ་བས་ན་འདིར་འདོད་ཆགས་དང་ལྡན་པས་ཀྱང་ཞེས་བྱ་བ་ནི། གང་གི་ཕྱིར་བཤད་མ་ཐག་པའི་ཁ་ཅིག་གི་ལུགས་སྐྱོན་དང་བཅས་པ་དེའི་ཕྱིར་འདོད་ཆགས་དང་མཚུངས་པར་ལྡན་པས་ཀྱང་སྟེ། འདོད་ཆགས་རྒྱས་པར་འགྱུར་བས་ཀྱང་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བའི་སྒྲས་ནི་འདིར་འདོད་ཆགས་དང་མཚུངས་པར་ལྡན་པ་ཉིད་ཀྱིས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱའོ་ཞེས་གཞན་དག་གོ །དེ་ལྟ་ན་ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཡང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བར་བསྡུས་པར་འགྱུར་རོ། །དམིགས་པ་ལ་མངོན་པར་བསྡུས་པའི་ཕྱིར་ཞེས་བྱ་བ་ལ། དགེ་བའི་སེམས་ནི་དམིགས་པ་ལ་མངོན་པར་བསྡུས་ཤིང་དམིགས་པ་ལས་མི་གཡེངས་པ་སྟེ་རྣམ་པར་མི་གཡེངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཀུན་ཏུ་བསྡུས་པ་ནི་


DTG210_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་དབང་པོ་ལྔ་རྒྱུ་བ་མངོན་པར་བསྡུས་པའི་ཕྱིར་རོ། །རྣམ་པར་གཡེང་བ་ནི་ཉོན་མོངས་པ་གཞན་ཡིན་ཞེས་བྱ་བ་ནི་གཉིད་དང་མཚུངས་པར་ལྡན་པ་ལས་སོ། །སེམས་དེ་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རྣམ་པར་གཡང་བ་ཡིན་ཞིང༌། གཉིད་དང་མཚུངས་པར་ལྡན་པས་ཀུན་ཏུ་བསྡུས་པར་འགྱུར་ན། གཅིག་ལ་ནི་འགལ་བའི་ཆོས་ཉིད་རིགས་པ་མ་ཡིན་ནོ། །བསྟན་བཅོས་ལས་ཞེས་བྱ་བ་ནི། གལ་ཏེ་ཀུན་ཏུ་བསྡུས་པ་གང་ཡིན་པ་དེ་ཉིད་དང་མཚུངས་པར་ལྡན་པར་གྱུར་ན་འགལ་པར་འགྱུར་རོ་ཞེས་བྱ་བའོ། །སེམས་ཀུན་ཏུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་འབྱུང་སྟེ། གཉིད་དང་མཚུངས་པར་ལྡན་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་མ་ཡིན་ནོ། །དེ་ཤེས་པའི་ཤེས་པ་ནི་བཞི་སྟེ་ཞེས་བྱ་བ་ནི། ཀུན་བསྡུས་པའི་སེམས་དེ་ཤེས་པའི་ཤེས་པའོ། །ལམ་ལ་རྗེས་སུ་ཤེས་པ་ངག་ནི་གཉིད་དང་མཚུངས་པར་ལྡན་པའི་སེམས་ཀྱི་དམིགས་པར་མི་རུང་སྟེ། གཉིད་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང༌། འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་པ་འདིར་ཅིའི་ཕྱིར་མ་བཤད། དེ་ཉིད་ནི་འདིར་རྣམ་པར་དབྱེ་བ་བྱས་ཏེ། ཇི་ལྟ་བ་ནི་སྔར་ཀུན་བསྡུས་པའི་དགེ་བ་ཞེས་བཤད་དོ། །དེ་ལྟར་ན་འདི་ལ་སྐྱོན་མེད་དོ། །གཅིག་ཉིད་ཀུན་བསྡུས་པ་དང་རྣམ་པར་གཡེང་བར་ཐལ་བར་འགྱུར་བའི་བསྟན་བཅོས་དང་འགལ་བ་མེད་དེ་དགེ་བ་ཁམས་གསུམ་པས་བསྡུས་པའི་ཡང་ཕྱིར་རོ། །ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མངོན་པར་མི་སྤྲོ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །རབ་ཏུ་བཟུང་བ་ནི་བརྩོན་འགྲུས་དང་མཚུངས་པར་ལྡན་པ་སྟེ། རབ་ཏུ་བཟུང་བ་ནི་བརྩོན་འགྲུས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ཆུང་དུ་དག་གིས་བསྟེན་པའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཆུང་དུ་རྣམས་ཀྱིས་སོ། །འདིར་ནི་དགེ་བའི་རྩ་བ་དག་རྣམ་པར་བྱང་བ་ཡིན་པར་འདོད་དེ། ངོ་བོ་ཉིད་ཀྱི་དགེ་བས་དག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་ན་དགེ་བའི་རྩ་བ་ཆུང་ངུ་


DTG210_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་བསྟེན་པའི་ཕྱིར་ཞེས་བསྟན་པར་འགྱུར་རོ། །ཆེན་པོར་གྱུར་པ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་བྱང་བ་ཆེན་པོ་བདག་གིས་བསྟེན་པའི་ཕྱིར་ཞེས་སྟོན་པ་ཡིན་ནོ། །གཞན་ཡང་གོ་རིམས་བཞིན་དུ་རྩ་བ་དང༌། རིན་དང་འཁོར་དང་རྗེས་སུ་འབྲང་བ་དང༌། སྟོབས་ཆུང་བ་དང་ཆེ་བའི་ཕྱིར་ཆུང་དུ་ཆེན་པོར་གྱུར་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ཉོན་མོངས་པ་ཅན་ནི་མི་དགེ་བའི་རྩ་བ་གཉིས་ཀྱིས་རྩ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་ཅན་ནི་འདོད་ཆགས་དང་ཞེ་སྡང་གཉིས་ལ་མཚུངས་པར་ལྡན་པས་དེ་ཉིད་གང་ཡང་རུང་བ་ཞིག་དང་གཏི་མུག་གི་དགེ་བའི་རྩ་བས་རྩ་བ་དང་བཅས་པ་ཡིན་ནོ། །དགེ་བ་ནི་གསུམ་གྱིས་སོ་ཞེས་བྱ་བ་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་རྣམས་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །འབད་པས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །སཾ་བྷཱ་ར་ཚོགས་ཆེན་པོ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། དོན་གྱིས་སྒྲུབ་པ་ལ་སོགས་པ་དག་གིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཉོན་མོངས་པ་ཅན་ནི་དེ་དང་འདྲ་བ་མ་འོངས་པ་ཐོབ་པ་མེད་པའི་ཕྱིར་མཚམས་སྦྱོར་བའི་སྲིད་པར་ཁོ་ན་ཉོན་མོངས་པ་ཐམས་ཅད་ཀྱི་ངོ་བོ་བསྒོམ་པ་སྟེ། ཡང་ཉོན་མོངས་པ་འདྲ་བ་རྣམས་བསྒོམས་པས་ཏེ། ཡང་ཉོན་མོངས་པ་འདྲ་བ་རྣམས་ཐོབ་པ་མེད་པས་འཁོར་བ་མང་བ་མ་ཡིན་ནོ། །དགེ་བ་ནི་དེ་དང་འདྲ་བ་མ་འོངས་པའི་དངོས་པོ་རྣམས་བསྒོམ་པའི་ཕྱིར་འཁོར་བ་མང་བ་ཡིན་ནོ། །ལུང་ལས་ཆོས་དགེ་བ་འདུས་བྱས་ཐོབ་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཕུང་པོ་གསུམ་གྱིས་ཞེས་བྱ་བ་ནི། གང་གི་ཕྱིར་ཉོན་མོངས་པ་ཅན་གྱི་གཟུགས་དང་སེམས་རྗེས་སུ་འཇུག་པ་མེད་དོ། །དེའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ལ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཀྱིས་སོ། །ཕུང་པོ་བཞིས་རྗེས་སུ་འབྲང་བ་དང་བཅས་པ་ཡིན་


DTG210_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེས་བྱ་བ་ནི་དེ་ལ་བསམ་གཏན་དང་དག་པ་མེད་པའི་སྡོམ་པ་དག་གི་གཟུགས་ནི་ཕུང་པོ་བཞིས་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གཏན་དུ་འཇོམས་པ་ཞེས་བྱ་བ་ནི་དགེ་བས་གཅོད་པའི་དོན་ཏོ། །ལོག་པར་ལྟ་བ་སྐད་ཅིག་མ་གཅིག་གིས་ཀྱང་དགེ་བ་གཅོད་མོད་ཀྱི་གཏན་དུ་ནི་མ་ཡིན་ཏེ་ཡང་དེ་མཚམས་སྦྱོར་བའི་ཕྱིར་རོ། །དེའི་ཕྱིར་ཡང་ཞེས་བྱ་སྟེ། རྩ་བ་དང་རིན་དང་འཁོར་བ་དང་རྗེས་སུ་འབྲང་བ་དང་སྟོབས་ཆུང་བ་དང་ཆེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པར་མ་ཞི་བ་དང་ཞེས་བྱ་བ་ནི། རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྣམ་པར་ཞི་བ་ནི་དགེ་བའོ། །དེའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འཐོབ་པ་དང་བསྟེན་པའི་བསྒོམ་པ་དག་གིས་མ་བསྒོམ་པའི་ཕྱིར་ཞེས་བྱ་ལ། ཉོན་མོངས་པ་ཅན་ནི་མ་འོངས་པ་འཐོབ་པ་ཡང་མེད་ལ་བསྟེན་པར་འོས་པ་ཡང་མ་ཡིན་ཏེ། འཐོབ་པ་དང་བསྟན་ཅེས་བྱ་བ་ནི་དགེ་བ་འདུས་བྱས་ཐོབ་པའོ་ཞེས་འབྱུང་བའི་ཕྱིར། བསྒོམ་པ་ནི་དེ་གཉིས་ཀྱིས་བསྒོམ་པའི་ཕྱིར། དེ་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་འཐོབ་པ་དང་བསྟེན་པའི་བསྒོམ་པ་དག་གིས་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་རྒྱུད་རྣམ་པར་གྲོལ་བ་དག་གིས་རྣམ་པར་མ་གྲོལ་བའི་ཕྱིར་རོ། །ས་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་རང་བཞིན་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་མ་ཡིན་ལ་སོ་སོ་སྐྱེ་བོའི་རྒྱུད་ལ་སྐྱེ་བའི་ཕྱིར་རྒྱུད་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་མ་ཡིན་ནོ། །དེ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པས་རང་བཞིན་རྣམ་པར་གྲོལ་བས་རྣམ་པར་གྲོལ་བ་ཡིན་ལ། སློབ་པ་དང་མི་སློབ་པའི་རྒྱུད་ལ་འབྱུང་བའི་ཕྱིར་རྒྱུད་རྣམ་པར་གྲོལ་བས་ཀྱང་རྣམ་པར་གྲོལ་བ་ཡིན་ནོ། །རྨུགས་པ་དང་གཉིས་ལྷན་ཅིག་པར་གྱུར་ཅིང་ཞེས་བྱ་བ་ནི་རྨུགས་པ་དང་གཉིད་དང་མཚུངས་པར་ལྡན་


DTG210_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ནང་དུ་ཀུན་ཏུ་འགོག་ལྷན་ཅིག་པར་འགྱུར་ལ་ཞེས་བྱ་བ་འདི་འཆད་པར་བྱེད་པ་ནི་ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ནོ་ཞེས་བྱ་བའོ། །རྗེས་སུ་གཡེངས་པ་ཡིན་ཞིང་ཞེས་བྱ་བ་འདི་འཆད་པར་བྱེད་པ་ནི་རྣམ་པར་འཕྲོས་པ་ཡིན་ནོ་ཞེས་བྱ་བའོ། །སེམས་དེ་ཉིད་ཀུན་ཏུ་བསྡུས་པ་ཡང་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་རྨུགས་པ་དང་གཉིས་དང་ལྷན་ཅིག་པར་གྱུར་པ་ལ། ཀུན་ཏུ་བསྡུས་པ་ཞེས་བྱ་བ་ནི་ད་ལྟ་ན་ནི་ཉོན་མོངས་པ་ཅན་གྱི་གཉིས་དང་མཚུངས་པར་ལྡན་པ་གཉི་ག་ཡིན་པར་འགྱུར་ཏེ། དེ་ཉིད་གཉིས་མཚུངས་པར་ལྡན་པས་ཀུན་བསྡུས་པ་ཡིན་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པས་རྣམ་པར་གཡེང་བ་ཡང་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་གཉིས་དང་ལྷན་ཅིག་པ་རྣམ་པར་གཡེང་བ་ཉིད་དུ་དམ་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི། གཉིས་དང་ལྷན་ཅིག་པར་གྱུར་པ་ནི་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ཡང་རུང་སྟེ། ཐམས་ཅད་ཀུན་ཏུ་བསྡུས་པ་ཡིན་པར་དམ་འཆའོ། །དེ་ལས་གཞན་པའི་ཉོན་མོངས་པ་ཅན་ནི་རྣམ་པར་གཡེང་བ་སྟེ། དེའི་ཉོན་མོངས་པ་ཅན་གཉིད་དང་ལྷན་ཅིག་པ་ནི་ཀུན་བསྡུས་པར་ཡང་འགྱུར་ལ་རྣམ་པར་གཡེངས་པ་ཡང་ཡིན་ནོ་ཞེས་བཤད་པ་ནི་མི་རིགས་སོ། །བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་ཀྱང་བཤད་པ་མ་ཡིན་ནམ་ཞེས་བྱ་སྟེ། སེམས་ཀུན་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་རྒྱས་པར་འབྱུང་ངོ༌། །བསྟན་བཅོས་དང་འགལ་བ་ནི་བླའི་མདོ་དང་འགལ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། མདོ་ཉེ་བར་བསྟན་པ་ནི་བསྟན་བཅོས་སོ། །དེ་ལ་མདོ་བཤད་པ་དང་འགལ་བ་དག་ལས་བཤད་པ་དང་འགལ་བ་ནི་བླའི་མདོ་དང་འགལ་བ་ནི་མ་ཡིན་པའོ། །མཚན་ཉིད་ཀྱང་ཐ་མི་དད་པར་བཤད་པའི་ཕྱིར་ཞེས་བྱ་བ་ལ། རྣམ་པར་གཡེང་བ་དང་ཞུམ་པ་དང་རྒོད་པ་ལ་སོགས་པ་དེ་ཐམས་ཅད་ཉོན་མོངས་པ་ཅན་དུ་བཤད་པས་ཉོན་མོངས་པ་ཅན་མཚན་ཉིད་ཐ་དད་པ་ཡིན་ལ། བཤད་པ་དེའི་ཕྱིར་མཚན་ཉིད་ཐ་མི་དད་པ་གསུངས་


DTG210_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཉོན་མོངས་པ་ཅན་ནི་ཉོན་མོངས་པའི་ས་མང་པོ་པ་རྣམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཀུན་ཏུ་བསྡུས་པ་དང་རབ་ཏུ་བཟུང་བ་ལ་སོགས་པའི་ཞེས་བྱ་བ་ལ། ཅི་ལྟར་དོན་གྱི་ཁྱད་པར་མ་བཤད་པར་མི་འགྱུར། སོགས་པ་ཞེས་བྱ་བའི་སྒྲས་ནི་རྒོད་པ་མ་ཡིན་པ་དང༌། རྣམ་པར་ཞི་བ་དང༌། མཉམ་པར་གཞག་པ་དང༌། བསྒོམ་པ་དང༌། རྣམ་པར་གྲོལ་བ་རྣམས་བསྡུས་སོ། །ཇི་ལྟར་དེ་དག་མཚན་ཉིད་ཐ་མི་དད་པ་ཡིན་ཞེ་ན། ཐམས་ཅད་དགེ་བ་ཡིན་ནོ་ཞེས་བཤད་པའི་ཕྱིར་དགེ་བ་ཉིད་ནི་དེ་དག་གི་མཚན་ཉིད་ཐ་མི་དད་པ་ཡིན་ལ། དེ་ནི་དགེ་བའི་ས་མང་པོ་དག་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེའི་ཉེས་པའི་ཁྱད་པར་ཡང་དག་པར་བསྟེན་པའི་ཕྱིར་ལ་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་དེའི་ཉེས་པ་ནི་དེའི་ཉེས་པའོ། །དེའི་ཉེས་པའི་ཁྱད་པར་དེ་བསྟན་པ་དེ་ནི་དེའི་ཉེས་པའི་ཁྱད་པར་ཡང་དག་པར་བསྟན་པའོ། །འདི་ལྟར་སེམས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་གཡེང་བ་དང་མཚུངས་པར་ལྡན་པའི་ཕྱིར་རྣམ་པར་གཡེང་བ་ཡིན་ནོ། །ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཞུམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་བའི་ཡང་ཡོན་ཏན་གྱི་ཁྱད་པར་ཡང་དག་པར་བསྟན་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགེ་བར་མཚུངས་ཀྱང་སེམས་དེ་དམིགས་པ་ལ་མངོན་པར་བསྡུ་བའི་ཕྱིར་རོ། །ཀུན་བསྡུས་པ་དང་རབ་ཏུ་བཟུང་བ་དང་བརྩོན་འགྲུས་དང་མཚུངས་པར་ལྡན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ལ་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་ཉོན་མོངས་པ་ཅན་ཉིད་དུ་མཚུངས་ཤིང་དགེ་བ་ཉིད་དུ་མཚུངས་བཞིན་དུ་དེ་དག་གི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་ཚིག་རྣམས་ཀྱིས་དོན་གྱི་ཁྱད་པར་བཤད་པ་ཡིན་ནོ། །མདོ་དང་འགལ་བ་མ་སྤངས་པའི་ཕྱིར་ཞེས་བྱ་བ་ལ། མདོ་ལས་ནི་རྨུགས་པ་དང་གཉིད་དང་ལྷན་ཅིག་པར་འགྱུར་པ་ལ་སེམས་ཀུན་ཏུ་བསྡུས་པར་བཤད་ཀྱི་དགེ་བ་ནི་མ་ཡིན་ཏེ། རྨུགས་པ་ནི་ཉོན་མོངས་པའི་ས་མང་པོ་ཡིན་པའི་ཕྱིར་རོ། །གཉིད་ནི་ཉོན་མོངས་པ་ཅན་ཡང་ཡོད་ལ། ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡོད་དོ། །


DTG210_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཚིག་འདི་དག་གི་དོན་མ་ཡིན་ཏེ། དོན་ནི་ནུབ་ཕྱོགས་པ་རྣམས་ཀྱིས་ཇི་སྐད་སྨྲས་པ་དེ་ཉིད་ཡིན་ནོ། །གལ་ཏེ་མདོ་ལས་སེམས་དེ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། སེམས་ཞུམ་པ་ནི་ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །རྒོད་པ་ནི་རྒོད་པ་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ་ཞེས་དེ་ལྟར་བྱེ་བྲག་ཏུ་སྨྲ་བས་མདོའི་དོན་ཁས་བླངས་པས་སེམས་དེ་ཉིད་ཞུམ་པ་ཡང་ཡིན་ནོ་ཞེས་ཁས་བླངས་པ་ཡིན་ནོ། །ལེ་ལོ་དང་རྒོད་པ་ནི་ཉོན་མོངས་པའི་ས་མང་པོས་ཡིན་པ་ཉིད་ཀྱི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་རོ། །ཡང་མདོ་དང་འགལ་བ་གཞན་བསྟན་པའི་ཕྱིར་གང་གི་ཕྱིར་སེམས་རྒོད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་སེམས་ཞུམ་པ་དང་རྒོད་པ་དག་གཉེན་པོ་ཐ་དད་པའི་ངོ་བོའི་དབྱེ་བས་བཤད་ན་ཅི་ལྟར་གང་གི་ཚེ་སེམས་ཞུམ་པའམ། ཞུམ་དོགས་པ་དེའི་ཚེ། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་དུས་ཀྱང་སྟེ། དེ་བཞིན་དུ་སེམས་རྒོད་པ་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་ཞུམ་པ་གང་ཡིན་པ་དེ་ཉིད་རྒོད་པ་ཡིན་ན་ཐ་དད་པས་དེ་དང་མཐུན་པའི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དགག་སྟེ། དེའི་གཉེན་པོ་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པ་བསྟན་པར་མི་རུང་ངོ༌། །ཐམས་ཅད་སེམས་སུ་གཅིག་པའི་ཕྱིར་དེ་དང་མཐུན་པ་དང་མི་མཐུན་པ་ཐམས་ཅད་མཐའ་གཅིག་ཏུ་དགག་པ་དང་མཐའ་གཅིག་ཏུ་སྒྲུབ་པ་ཡང་འགྱུར་དགོས་སོ། །དེའི་ཕྱིར་མདོ་ལས་ཞུམ་པའི་སེམས་ཁོ་ན་རྒོད་པའོ་ཞེས་བྱ་བར་དགོངས་པ་མ་ཡིན་པར་ཤེས་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྨོས་པ་ནི་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་རོ། །མདོ་ལས་དྲན་པ་ནི་ཀུན་ཏུ་འགྲོ་བ་ཡིན་ནོ་ཞེས་ང་སྨྲའོ་ཞེས་འབྱུང་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་མཐའ་གཅིག་ཏུ་མཐུན་པ་རྣམས་ཁོ་ན་བསྒོམས་པས་འདྲི་བ་ནི། ཅི་འདི་ལ་བྱང་ཆུབ་ཀྱི་ཡན་


DTG210_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྣམས་སོ་སོར་བསྒོམ་མམ་ཞེ་ན་ཞེས་བྱ་བ་ནི་སོ་སོ་སོ་སོར་ཐོབ་ཅེས་བྱ་བའི་དོན་ཏོ། །གང་གི་ཚེ་བྱང་ཆུབ་ཀྱི་ཡན་ལག་ཐོབ་པ་འམ་མངོན་དུ་གྱུར་བ་དེའི་ཚེ་ལྷག་མ་རྣམས་ཀྱང་ཞེས་སོ། །མདོ་ལས་ཇི་ལྟར་ཐ་དད་དུ་བསྒོམ་པ་གསུངས་ཤེ་ན། དེའི་ཕྱིར་འདི་ཡིད་ལ་བྱེད་པ་བསྒོམ་པ་ཡིན་ཞེས་སྨོས་ཏེ་ཡིད་ལ་བྱེད་པ་དེ་ཡང་སོ་སོ་སོ་སོར་མི་འགལ་ལོ། །ཡིད་ལ་བྱེད་པ་བསྒོམ་པས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་བྱིང་བ་དང་རྒོད་པ་དང་བྲལ་བར་འགྱུར་རོ། །དེ་ནས་ཉོན་མོངས་པ་མེད་པར་འགྱུར་ཞིང་ཕྱིས་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་ཚོགས་པ་མངོན་དུ་འགྱུར་རོ། །འདི་ལས་ལེ་ལོ་ལྷག་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གལ་ཏེ་གང་གི་ཚེ་སེམས་ཞུམ་པར་གྱུར་པ་ཞེས་རྒྱས་པར་གསུངས་པ་དེར་རོ། །འདིར་རྒོད་པ་ཡིན་ཡང་ལེ་ལོ་ལྷག་པ་ཉིད་ཀྱིས་སེམས་མ་ཞུམ་པར་གསུངས་ཤིང་ལེ་ལོ་ཉིད་ཡིན་ཡང་རྒོད་པ་ལྷག་པ་ཉིད་ཀྱིས་སེམས་ལ་འགྱོད་པར་གསུངས་པས་འགལ་བ་མེད་དོ། །གང་འདི་ལ་འགལ་བ་བཤད་པ། གལ་ཏེ་སེམས་དེ་ཉིད་ཞུམ་པ་ཡང་ཡིན་ལ་དེ་ཉིད་རྒོད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ན་བཤད་པར་གྱུར་ན་དུས་གང་དུ་སེམས་ཞུམ་པ་ཞེས་བྱ་བ་ལ་སོགས་པ་འདི་ལ་འགལ་བ་མེད་དོ། །དེ་གཉིས་ནི་ལྷན་ཅིག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། ལེ་ལོ་དང་རྒོད་པ་དག་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་ངོ༌། །སློབ་དཔོན་གྱིས་གསུངས་པ། བསམ་པ་ཅན་གྱི་ཚིག་ལ་ནི་བཟློག་པ་མེད་ཀྱི། འདིའི་དགོངས་པ་ནི་འདི་མ་ཡིན་ནོ་ཞེས་སྨྲའོ་ཞེས་ཏེ། ལེ་ལོ་ལྷག་པས་ཞུམ་པ་དང༌། །རྒོད་པ་ལྷག་པས་ཞེས་བྱའོ། །གང་གི་ཕྱིར་གང་གི་ཚེ་སེམས་ཞུམ་པ་ཞེས་བྱ་བ་རྒྱས་པར་གསུངས་པས་སོ། །འདོད་ཆགས་དང་ལྡན་པའི་སེམས་ཐམས་ཅད་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བཤད་པ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། དེ་ལའང་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་གཉིས་ཀྱིས་འདོད་ཆགས་དང་བཅས་པ་ཡིན་ནོ། །དེ་ལས་གཞན་པ་ཟག་པ་དང་བཅས་པ་ནི་ལྡན་པའི་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་སྨྲས་པའི་


DTG210_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ཟག་པ་མེད་པ་ཡང་འདོད་ཆགས་དང་བཅས་པར་འགྱུར་ཞེས་བྱ་བ་ལ་དེ་ནི་རྣམ་པ་གཉིས་ཏེ་སློབ་པ་དང་མི་སློབ་པའོ། །དེ་ཉིད་ཀྱི་ཕྱིར་སློབ་པའི་ཞེས་སྨོས་ཏེ། སློབ་པ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་ལ་གདོན་མི་ཟ་བར་འདོད་ཆགས་ཀྱི་ཐོབ་པ་དང་ལྷན་ཅིག་པ་ཡིན་ཏེ་འདོད་ཆགས་མ་སྤང་བའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ཀྱི་དམིགས་པ་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་ནི་སེམས་གང་ཞིག་འདོད་ཆགས་ཀྱི་དམིགས་པ་ཡིན་པ་དེ་འདོད་ཆགས་དང་ལྡན་པ་ཡིན་ནོ་སྙམ་ན་ནི་ཞེས་བྱ་བ་སྟེ། དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་ཡང་ཞེས་རྒྱས་པར་འབྱུང་སྟེ། དེ་ཡང་གཞན་གྱི་རྒྱུད་ཀྱི་འདོད་ཆགས་ཀྱི་དམིགས་པ་ཡིན་ནོ། །ཡང་ན་ཅི་ལྟར་དེ་ཟག་པ་དང་བཅས་པ་ཡིན་ཞེས་བྱ་བ་ནི། གལ་ཏེ་དགྲ་བཅོམ་པའི་འཇིག་རྟེན་པའི་སེམས་འདོད་ཆགས་ཀྱི་དམིགས་པ་མ་ཡིན་ནའོ། །ཉོན་མོངས་པ་སྤྱི་པའི་དམིགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་སྟེ་ཉོན་མོངས་པ་སྤྱི་བ་ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་རྣམས་ཀྱི་དམིགས་པ་ཡིན་པའི་ཕྱིར་ཟག་པ་བཅས་པའོ་ཞེས་བྱ་བར་འདོད་ན། དེ་ལྟ་ན་ཡང་གཞན་གྱི་སེམས་ཤེས་པས་གཏི་མུག་དང་བཅས་པར་བཟུང་བར་འགྱུར་ཏེ། དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་ནི་གཏི་མུག་གི་དམིགས་པ་ཡིན་པའི་ཕྱིར་རོ། །གཏི་མུག་ཀྱང་ཉོན་མོངས་པ་སྤྱི་པ་ཡིན་པས་དགྲ་བཅོམ་པའི་ཟག་པ་དང་བཅས་པ་གཞན་གྱི་གཏི་མུག་གི་དམིགས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་འཐོབ་པ་ལ་དམིགས་པ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཕྱིར་དང༌། འཐོབ་པ་ཡང་མི་ལྡན་པའི་ཕྱིར་རོ། །སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གཞན་གྱི་སེམས་དང་སྦྱར་རོ། །འདོད་ཆགས་གང་ལ་སེམས་དེ་དམིགས་པར་ཡོད་པ་ནི་སེམས་དེ་ལ་དམིགས་པའོ། །གང་ལ་སེམས་ལ་དམིགས་པའི་འདོད་ཆགས་ཡོད་པ་དེ་ན་སེམས་དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཡིན་ནོ། །ཡང་ཅི་ལྟར་འདིར་ཐོབ་པ་དེ་


DTG210_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་ཉིད་འདོད་ཆགས་གཟུང་བར་ཐལ་བར་མི་འགྱུར། གང་ལས་འདི་བརྗོད་པར་བྱ་ཞེ་ན། གཞན་གྱི་སེམས་ཤེས་པའི་ཐོབ་པ་ལ་དམིགས་པས་འདོད་ཆགས་བཅས་པ་སྟེ། དེ་ལྟར་སེམས་སྨོས་པ་འདོད་ཆགས་ཀྱང་སྨོས་ཏེ་གང་ལས་འདིར་ཐལ་བར་འགྱུར་རོ། །དེ་བས་ན་འདིར་འདོད་ཆགས་དང་ལྡན་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་སློབ་པའི་སེམས་ཟག་པ་མེད་པ་དང་མི་སློབ་པའི་ཟག་པ་དང་བཅས་པ་འདོད་ཆགས་དང་བཅས་པར་འགྱུར་བ་དང༌། གཞན་གྱི་སེམས་ཤེས་པ་ནི་འཐོབ་པ་ལ་དམིགས་པ་མ་ཡིན་པ་དང། དེ་ལ་དམིགས་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་པ་དེའི་ཕྱིར་འདོད་ཆགས་དང་ལྡན་པས་མ་ཡིན་གྱི། འོ་ན་ཅི་ཞེ་ན་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། འདོད་ཆགས་ཀྱི་ཐོབ་པ་ཡོད་ཀྱང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་སེམས་ནི་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་དང༌། མདོའི་དགོངས་པ་ནི་ཞེས་བྱ་བ་ནི་མདོའི་དོན་གཞན་མི་སྲིད་པའི་ཕྱིར་རོ། །དེ་ནི་དེའི་འཐོབ་པ་དང་བྲལ་བ་ལས་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཐོབ་པ་དང་བྲལ་བ་ལ་དགོངས་ཏེ་གསུངས་ཀྱི་འདོད་ཆགས་ལ་སོགས་པ་དང་མཚུངས་པར་མི་ལྡན་པ་ཙམ་ལས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །བཤད་པ་ཡིན་ནམ་ཞེས་རྒྱས་པར་འབྱུང་སྟེ། གང་དུ་བཤད་ཅེ་ན། མདོ་འདི་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་འདོད་ཆགས་དང་བཅས་པའོ་ཞེས་རྒྱ་ཆེར་གསུངས་པ་ནས་གལ་ཏེ་འདོད་ཆགས་དང་མཚུངས་པར་མི་ལྡན་པ་འདོད་ཆགས་དང་བྲལ་བ་ཡིན་ན་ནི། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་ཡིན་པར་འགྱུར་རོ་ཞེས་ཟེར་བ་དེར་བཤད་དོ། །དགོངས་པ་འདིས་ནི་ཉེས་པ་མེད་དེ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་ཡང་འདོད་ཆགས་དང་མི་ལྡན་པའི་ཕྱིར་རོ། །ཅི་ལྟར་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དེ་འདོད་ཆགས་དང་བྲལ་བ་ཞེས་བྱ་བར་བཟུང་ན། དེ་ཉིད་ཀྱི་ཕྱིར་དེ་ནི་འདོད་


DTG210_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་བ་ཞེས་བྱ་བར་མི་གཟུང་སྟེ་ཞེས་རྒྱ་ཆེར་འབྱུང་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མདོ་ཇི་ལྟ་བ་བཞིན་དུ་ཀུན་བསྡུས་པ་ལ་སོགས་པ་བསྡུས་སོ། །འདིར་ཡང་འདོད་ཆགས་དང་པོའི་ཀུན་ནས་དཀྲིས་པ་ཁོ་ན་འདོད་ཆགས་དང་བཅས་པ་སྟེ། དེའི་གཉེན་པོ་འདོད་ཆགས་དང་བྲལ་བའོ། །འདོད་ཆགས་གཉིས་པའི་ཐོབ་པ་དང་ལྷན་ཅིག་པ་ཡང་ཟག་པ་དང་བཅས་པའི་འདོད་ཆགས་ཏེ། དེ་དང་བྲལ་བ་འདོད་ཆགས་དང་བྲལ་བའོ། །སློབ་དཔོན་གྱི་ནི་ཀུན་ནས་དཀྲིས་པ་ཁོ་ན་འདོད་ཆགས་དང་བཅས་པ་སྟེ། དེ་ལས་གཞན་པ་འདོད་ཆགས་དང་བྲལ་བ་གཉེན་པོ་མ་ཡིན་ཡང་ཞེས་སོ། །གནས་བརྟན་འདུས་བཟང་གི་ལན་ཡང་འདིས་བཏབ་པ་ཡིན་ནོ། །དེ་ནི་འདི་ལྟར་མདོ་འདིར་རྨུགས་པ་དང་གཉིད་དང་ལྡན་པའི་སེམས་ནི་ཀུན་བསྡུས་པར་དགོངས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྒོམ་པའི་ཕྱིར། དེ་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པར་ཤེས་པར་བྱ་བའི་ཕྱིར་དེ་ཉེ་བར་བརྟེན་པའི་ཕྱིར་རོ། །འདི་ལྟར་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་ཚུལ་བསྟན་པས་འདོད་ཆགས་དང་བཅས་པ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་མན་ངག་བསྟན་པར་ནི་སྐྱོན་བསྟན་པའི་ཕྱིར། འདི་སེམས་མངོན་པར་ཞུམ་པར་མི་འགྱུར། ཧ་ཅང་རབ་ཏུ་གཟུང་བ་མ་ཡིན། ནང་དུ་ཀུན་བསྡུས་པ་མ་ཡིན། ཕྱི་རོལ་དུ་རྣམ་པར་གཡེང་བ་མ་ཡིན་ཞེས་རྒྱས་པར་འབྱུང་ངོ༌། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་བའི་སྐྱོན་ཏེ། འདི་ལྟ་སྟེ། ལེ་ལོ་དང་རྒོད་པ་དང་རྨུགས་པ་དང་གཉིད་དང་གཟུགས་ལ་སོགས་པ་ལ་སྦྱོར་བ་མེད་པར་བྱས་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེའི་ཕྱིར་གཞན་ཁོ་ན་འདོད་ཆགས་ལ་སོགས་པའི་སེམས་ཡོངས་སུ་ཤེས་པའི་མན་ངག་སྟེ། གཞན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་སྐྱོན་བསྟན་པའོ། །དེ་བས་ན་འདི་ཤེས་བྱེད་མ་ཡིན་ནོ། །དོན་འདི་ལ་སེམས་


DTG210_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གང་རྨུགས་པ་དང་གཉིད་དང་ལྷན་ཅིག་པ་སྟེ། འདི་ཡང་འདི་ལྟར་འདོད་ཆགས་ལ་སོགས་པའི་གཉེན་པོ་འདོད་ཆགས་དང་བྲལ་བ་ལ་སོགས་པ་མ་ཡིན་ཏེ། སྦྱོར་བ་མེད་པའི་ཕྱིར་རོ་ཞེས་རྒྱས་པར་བཤད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ཡུལ་ཡང་ཤེས་པར་གྱུར་ན། དེ་ལ་གཟུགས་ལ་དམིགས་པར་ཡང་འགྱུར་རོ། །དེ་ལྟ་ཡིན་ན་གཞན་གྱི་སེམས་ཤེས་པར་མི་འགྱུར་ཏེ་གཟུགས་དམིགས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཕ་རོལ་གྱི་སེམས་འཛིན་པ་ན་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པ་ལ་དམིགས་པའི་གཞན་གྱི་སེམས་འཛིན་པ་ནའོ། །རང་གི་ངོ་བོར་འཛིན་པར་འགྱུར་རོ་ཞེས་བྱ་བ་ནི། རང་གི་སེམས་འཛིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ངོ་བོ་འཛིན་པ་ནི་མི་རིགས་ཏེ་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཇི་ལྟར་རང་གི་ངོ་བོ་འཛིན་པར་འགྱུར་ཞེ་ན། གཞན་གྱི་སེམས་རིག་པ་ཞིག་གིས་གང་གིས་འཛིན་པ་དེས་ཀྱང་གཞན་གྱི་སེམས་ཤེས་པ་དེའི་སེམས་ལ་དམིགས་པ་གང་ཡིན་པ་འདི་ནི་སྲིད་པ་ཡིན་ཏེ། གཉི་ག་ཡང་གཞན་གྱི་སེམས་རིག་པ་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་ཡང་སྡུག་བསྔལ་ལ་སོགས་པ་ལ་དམིགས་པར་གྱུར་ལ། དེའི་ཕྱིར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་ལྡན་པར་ཡང་འགྱུར་ན་འདོད་པ་ནི་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ཐམས་ཅད་ཞེས་བྱ་བ་ནི། ཟག་པ་དང་བཅས་པ་འམ། ཟག་པ་མེད་པའོ། །སེམས་དང་སེམས་ལས་བྱུང་བ་དང༌། རྫས་ཀྱི་རང་གི་མཚན་ཉིད་དང་ཞེས་བྱ་བ་ལ་རྫས་ཀྱི་ཞེས་བྱ་བ་ནི། ཀུན་རྫོབ་གསལ་བར་བྱ་བའི་ཕྱིར་རོ། །རང་གི་མཚན་ཉིད་ཅེས་བྱ་བ་ནི་སྤྱིའི་མཚན་ཉིད་བཟློག་པར་བྱ་བའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ཞེས་སྨོས་པ་ནི། གཟུགས་ལ་སོགས་པའི་རང་གི་མཚན་ཉིད་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ཁ་ཅིག་བདག་གིས་གཞན་གྱི་སེམས་ཤེས་པར་བྱའོ་སྙམ་པའི་བསམ་པ་དེ་སྐྱེ་བ་ན་གཟུགས་ལ་སོགས་པ་རྣམས་ལ་ཐལ་བར་མི་འགྱུར་ཏེ། དེ་དག་ཀྱང་དུས་གསུམ་པ་ཡིན་ཀྱང་རང་གི་རྒྱུད་ད་


DTG210_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱུང་བའོ། །གཞན་རྒྱུད་སྨོས་པ་ནི་ད་ལྟར་བྱུང་བའི་ཡུལ་ཡིན་པའི་ཕྱིར་དང༌། གཞན་གྱི་རྒྱུད་དུ་གཏོགས་པའི་སེམས་དང་སེམས་ལས་བྱུང་བ་ཡུལ་ཡིན་པའི་ཕྱིར། འདོད་པ་དང་གཟུགས་དང་ལྡན་པ་མི་ལྡན་པ་སྨོས་པ་ནི། གཟུགས་མེད་པ་ནི་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་བཟློག་པའི་ཕྱིར་ཏེ། དེ་དག་ནི་ས་འདས་པས་གཞན་གྱི་སེམས་ཤེས་པའི་ཡུལ་མ་ཡིན་ནོ། །མཐོང་བའི་ལམ་ལ་བཀག་པ་ཞེས་བྱ་བ་ནི། མཐོང་བའི་ལམ་ནི་ད་ལྟར་བྱུང་བ་མངོན་དུ་བྱེད་པ་མེད་ཅིང་མཐོང་བའི་ལམ་གྱིས་བསྡུས་པ་ཡང་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་མངོན་དུ་བྱེད་པར་འགྱུར་བས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ནི་མངོན་དུ་བྱེད་པར་འགྱུར་བ་ཡོད་པ་མ་ཡིན་པས་བཀག་པ་མ་ཡིན་ནོ། །བསྒོམ་པའི་ལམ་ལ་དམིགས་པ་ཞེས་བྱ་བ་ནི་དེའི་ཚེ་མངོན་དུ་བྱེད་པ་དང༌། དེས་བསྡུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། མི་ལྡན་པ་ནི་དམིགས་པ་དང་རྣམ་པ་ཐ་དད་པའི་ཕྱིར་ཏེ། དེ་གཉིས་ནི་སྤྱིའི་རྣམ་པ་ཅན་དང་འདུས་མ་བྱས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་ཤེས་བྱའི་རང་གི་མཚན་ཉིད་སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཟག་པ་དང་མི་སྐྱེ་བ་ཤེས་པ་མ་བསྡུས་པ་ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པ་ནི་ཤེས་པ་བཞིས་བསྡུས་པ་ཡིན་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་སོ་སོར་དྲུག་རྣམས་ལས་གཞན་གྱི་སེམས་ཤེས་པ་ཀུན་ཏུ་རྟོགས་པ་དང་ཡོངས་སུ་ཚོལ་བའི་བསམ་པ་ཅན་ཡིན་པའི་ཕྱིར་ལྟ་བའི་བདག་ཉིད་ཡིན་ལ་དེ་གཉིས་ལ་ལྟ་བའི་བདག་ཉིད་མ་ཡིན་པས་དེ་གཉིས་ཀྱིས་མ་བསྡུས་སོ། །བར་ཆད་མེད་པའི་ལམ་ལ་བཀག་པ་ཞེས་བྱ་བ་ལ། བར་ཆད་མེད་པའི་ལམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་སྤོང་བའི་ལམ་ཡིན་ལ། གཞན་གྱི་སེམས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལ་མ་ཡང་ཡིན་ནོ། །དོན་དམ་པ་དག་ཡིན་ཡང་ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་ནི། དོན་དམ་པའི་རྒྱུ་མཚན་ཅན་ནམ་


DTG210_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་དོན་དམ་པ་པ་ཡིན་ཡང་ཀུན་རྫོབ་ལ་བརྟེན་པའི་ཕྱིར་རོ། །ཅི་ཞེ་ན་དེ་དག་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་དག་མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ལ་བརྟེན་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་དག་གི་སྟོབས་ཀྱིས་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་ཞེས་བྱ་བ་ནི་ཀུན་རྫོབ་ལ་བརྟེན་པ་དང༌། ཟག་པ་མེད་པ་ཉིད་ལ་གཏན་ཚིགས་སྨྲས་པ་སྟེ། གང་གི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་རྗེས་ཀྱི་ཀུན་རྫོབ་ཀྱི་ཤེས་པ་དག་དེ་ལྟ་བུའི་རྣམ་པ་ཅན་དུ་འཇུག་པ་དེའི་ཕྱིར་དེ་དག་གི་རྗེས་སུ་སྐྱེས་པ་ཀུན་རྫོབ་ཀྱི་ཤེས་པ་དག་ལ་དེ་དག་ཀུན་རྫོབ་ལ་བརྟེན་པ་ཞེས་བརྗོད་དེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་དོན་དམ་པ་ལ་འཇུག་ཀྱང་ཀུན་རྫོབ་ལ་བརྟེན་ཏོ། །སྟོང་པ་དང་བདག་མེད་པའི་རྣམ་པ་དོན་དམ་པ་ལ་འཇུག་པ་ནི་དོན་དམ་པ་ཉིད་ལ་བརྟེན་པ་འདི་དག་ཟད་པ་དང་མི་སྐྱེ་བ་ཤེས་པས་བསྡུས་པ་མེད་དོ། །དེ་ལ་ཟད་པ་ཤེས་པའི་རྗེས་སུ་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་ངོ༌། །མི་སྐྱེ་བ་ཤེས་པའི་རྗེས་སུ་སྲིད་པ་འདི་ལས་གཞན་རབ་ཏུ་མི་ཤེས་སོ་སྙམ་པའི་ཤེས་པ་འབྱུང་བ་སྟེ། བསམ་པའི་སྒོ་ནས་ཤེས་པ་དེ་གཉིས་དེ་ལྟར་འཇུག་གི་རྣམ་པའི་སྒོ་ནས་མ་ཡིན་པས་དེའི་ཕྱིར་དེའི་སྟོབས་ཀྱིས་དེ་དག་སྐྱེ་བའོ། །ཅི་ཟག་པ་མེད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འདི་སྐད་བསྟན་པར་འགྱུར་ཏེ། ཟག་པ་མེད་པ་ནི་མི་རྟག་པ་ལ་སོགས་པ་སྤྱིའི་རྣམ་པར་བཤད་པ་དེ་བཞིན་དུ་ཅི་ཟག་པ་མེད་པར་རང་གི་མཚན་ཉིད་ཀྱི་རྣམ་པ་ཡང་འགའ་ཞིག་ཡོད་དམ། ཟག་པ་མེད་པ་གཉི་ག་སྤྱིའི་རྣམ་པ་ཉིད་ཡིན་ཞེས་བྱ་བའོ། །དོགས་པ་དེ་ཡང་ག་ལས་ཤེ་ན། གཞན་གྱི་སེམས་ཤེས་པ་ཟག་པ་མེད་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཤད་པའི་ཕྱིར་རོ། །དྲི་མེད་བཅུ་དྲུག་གཞན་རྣམས་མེད་ཅེས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། གཞན་ཟག་པ་མེད་པའི་སྤྱིའི་རྣམ་པ་ཡང་མེད་ན། རང་གི་མཚན་ཉིད་ཀྱི་རྣམ་པ་ལྟ་ག་ལ་ཡོད་ཅེས་བྱའོ། །མི་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཟག་པ་


DTG210_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སོ། །མི་རྟག་པ་དང་སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མི་རྟག་པ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བ་དག་གི་དོན་གང་ཞེ་ན། ཏ་སིལ་གྱི་རྐྱེན་འདི་ནི་ཞེས་བྱ་བའི་དོན་ལ་བལྟ་བར་བྱ་སྟེ། དེ་ལྟར་ཐམས་ཅད་དུའོ། །འདི་ནི་གནས་ཡོད་དོ་ཞེས་བྱ་བ་ནི་མཚན་ཉིད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བ་ནི་རྒྱུའོ། །རིག་པས་བསྐྱེད་པའི་སྒོ་ནས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཏེ་མ་འཁྲུལ་བར་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་ཉི་འོག་པ་རྣམས་ཀྱིས་སྨྲས་པ་འདི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདིའི་དོན་ནི་མི་རྟག་པ་ལ་སོགས་པར་ཤེས་པར་འགྱུར་བ་གང་ཡིན་འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་བྱ་བ་སྟེ། འདི་ནི་སྲིད་པ་ཡོད་དོ། །འདི་ནི་འབྱོར་པ་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་འདི་བསྟན་བཅོས་ཀྱི་དོན་ཡིན་པར་འགྱུར་ན་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །བདག་དང་བདག་གི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བས་སོ། །ཆད་པ་དང་རྟག་པ་ཞེས་བྱ་བ་ནི་མཐར་འཛིན་པའི་ལྟ་བས་སོ། །རྒྱུ་མེད་པ་དང་བྱེད་པ་མེད་པ་དང་སྐུར་པ་འདེབས་པ་ཞེས་བྱ་བ་ནི་ལོག་པར་ལྟ་བས་སོ། །མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང༌། དམ་པ་ཞེས་བྱ་བ་ནི་ལྟ་བ་མཆོག་ཏུ་འཛིན་པས་སོ། །འགོག་པ་དང༌། གྲོལ་བ་དང༌། ངེས་པར་འབྱིན་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་སོ། །ནེམ་ནུར་དང་ཡིད་གཉིས་དང་ཐེ་ཚོམ་ཞེས་བྱ་བ་ནི་ཐེ་ཚོམ་གྱིས་སོ། །ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སོ། །སྡང་བ་ཞེས་བྱ་བ་ནི་ཞེ་སྡང་གིས་སོ། །རློམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱིས་སོ། །རྨོངས་པ་ཞེས་བྱ་བ་ནི་གཏི་མུག་གིས་སོ། །དེ་ལྟར་གཞུང་འདིས་ནི་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་བཅུ་བསྟན་ཏོ། །འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་བྱ་བ་འདི་རྣམ་པ་བཅུ་དྲུག་མ་རྟོག་པར་ཟག་པ་མེད་པའི་རྣམ་པ་མ་ཡིན་པར་ཤེས་པར་འགྱུར་རོ། །དེ་ལྟ་བས་ན་འདི་ནི་དེའི་དོན་མ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་ལ་སོགས་པ་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་ཇི་སྐད་དུ་སྨྲས་པའོ། །དེ་ལྟ་ཡིན་དང་གཞན་གྱི་སེམས་


DTG210_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཐམས་ཅད་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་གྲུབ་པོ། །གཞན་དག་ན་རེ། འདི་ནི་གནས་ཡོད་དོ་ཞེས་བྱ་བ་དང་སྲིད་པ་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་བྱ་བ་འདི་ནི་ཕྱིན་ཅི་མ་ལོག་པའི་ཡུལ་སྨོས་པ་བསལ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མཐོང་བས་སྤང་བར་བྱའོ་ཞེས་འདིར་འདོན་ཏོ། །ཕྱིན་ཅི་མ་ལོག་པའི་ཡུལ་སྨོས་པ་མེད་པས་སོ། །དེ་ལ་རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པ་སྟེ། སྔ་ན་མེད་པ་ནི་རྐྱེན་ཡོད་པ་ལ་རག་ལས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གནོད་པའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི། གནོད་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་དོན་ཏོ། །བདག་གིར་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་ཞེས་བྱ་བ་ནི། བདག་གིར་ཤིན་ཏུ་སྟོང་པའོ། །བདག་གིར་ལྟ་བ་དེའི་མི་མཐུན་པའི་ཕྱོགས་ཀྱིས་སྟོང་པའོ། །བདག་ཡོད་ན་བདག་གི་བར་འགྱུར་རོ། །བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་བདག་མེད་པའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་བདག་མ་ཡིན་ལ། གང་མི་རྟག་པ་དེ་སྡུག་བསྔལ་བའོ། །སྡུག་བསྔལ་བ་དེ་བདག་མེད་པ་ཡིན་པས་དེ་ལ་བདག་གོ་སྙམ་དུ་མངོན་པར་ཞེན་པ་ནི་བདག་ཏུ་ལྟ་བ་སྟེ། དེའི་གཉེན་པོར་བདག་མེད་པའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཞེས་བྱ་བས་ནི་རྒྱུ་ཐག་རིང་པོའི་གནས་སྐབས་སྟོན་ཏེ་དང་པོའི་ས་བོན་ལྟ་བུའོ། །ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི་ས་བོན་གྱི་ཆོས་ཀྱི་ལུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །འབྱུང་བའི་ཚུལ་གྱིས་ཞེས་བྱ་བ་ནི། དེ་མ་ཐག་ཏུ་སྐྱེ་བ་ལྟར་རྒྱུ་ཐག་ཉེ་བའི་གནས་སྐབས་སྟོན་ཏེ། འདི་ནི་ཕྲད་ནས་འབྱུང་བས་ཀུན་འབྱུང་བའོ། །འབྲེལ་པའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ་ཞེས་བྱ་བས་ནི། རྒྱུན་མི་འཆད་པའི་རྒྱུར་སྟོན་ཏེ། ས་བོན་དང་མྱུ་གུ་དང་ལོ་མ་དང་སྡོང་བུ་ལ་སོགས་པ་ལྟར་འདི་ལས་རྒྱུན་ཆད་པའམ་རབ་ཏུ་སྐྱེ་བས་ན་རབ་ཏུ་སྐྱེ་བའོ། །མངོན་པར་སྒྲུབ་པའི་དོན་གྱིས་ན་རྐྱེན་ཞེས་བྱ་པས་ནི་རྒྱུ་ལ་སོགས་པ་རྐྱེན་མང་པོ་ཞིག་ལས་སྐྱེ་བ་སྟེ། རྐྱེན་རྣམས་ཕན་ཚུན་མངོན་དུ་ཕྱོགས་པ་ལས་དེ་སྐྱེ་བའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །མེ་གསུམ་ཉེ་བར་ཞི་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ཞི་བའི་


DTG210_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འཚེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ། སྐྱོན་ནི་སྡུག་བསྔལ་གྱི་རྒྱུ་རྣམས་སོ། །བགྲོད་པའི་དོན་གྱིས་ན་ལམ་མོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བགྲོད་པའི་དོན་གྱིས་སོ། །རིག་པ་དང་ལྡན་པའི་ཕྱིར་རིག་པའོ་ཞེས་བྱ་བ་ནི་ཐ་དད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་སྒྲུབ་པའི་དོན་གྱིས་བསྒྲུབ་པའོ་ཞེས་བྱ་བ་ནི། ཡང་དག་པར་བགྲོད་པའི་དོན་གྱིས་ན་ཞེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ་ཞེས་བྱ་བ་ནི་འབྲས་ལས་ཉམས་པ་འཆི་བ་མེད་ཞེས་འབྱུང་བའི་ཕྱིར་རོ། །གཏན་དུ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རབ་ཏུ་འཇིག་པའི་ཕྱིར་རོ། །ཁུར་ལྟ་བུར་གྱུར་པའི་ཕྱིར་ཞེས་བྱ་བ་ནི། མངོན་པར་བཀོད་པར་གྱུར་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་སྡུག་བསྔལ་གྱི་ཁུར་གཏོང་བ་དང་འདོར་ན་འདྲེན་པའི་ཕྱིར་རོ་ཞེས་ཟེར་རོ། །འདོད་དགུར་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་དབང་མེད་པའི་ཕྱིར་རོ། །མདོ་ལས་ཀྱང་གསུངས་ཏེ། དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་པར་འགྱུར་ན། གཟུགས་བདག་ཉིད་ལ་གནོད་པ་བྱེད་པར་འགྱུར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །འོང་བའི་ཚུལ་གྱིས་རྒྱུའོ་ཞེས་བྱ་བ་ནི་འདི་ལས་འོང་བས་ན་རྒྱུ་སྟེ། འདི་ལས་སྐྱེ་བས་ན་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ་ཞེས་བྱ་བ་ནི་གང་གི་ཕྱིར་མ་འོངས་པའི་དུས་ནས་བདག་ཉིད་དུ་རེད་ཅིང་འབྱུང་བའོ། །འཕེལ་བའི་ཚུལ་གྱིས་རབ་ཏུ་སྐྱེའོ་ཞེས་བྱ་བ་སྟེ། དཔེར་ན་ས་བོན་དང་མྱུ་གུ་དང་ལོ་མ་ལ་སོགས་པའི་རྒྱུན་གྱིས་འཕེལ་བ་ལྟ་བུའོ། །སོ་སོར་འབྲང་བའི་དོན་གྱིས་རྐྱེན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་དོན་གྱིས་ཞེས་བྱ་བའི་ཐ་ཚིག་གོ །འབྲེལ་བ་མེད་པས་འབྲེལ་པ་ཞིག་པའི་ཕྱིར་འགོག་པའོ་ཞེས་བྱ་བ་ནི་སྡུག་བསྔལ་ཕྱི་མ་དང་འབྲེལ་པ་མེད་ཅིང༌། སྡུག་བསྔལ་སྔ་མ་འགོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི། སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་


DTG210_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བ་ཉིད་དང་བྲལ་བའི་ཕྱིར་རོ། །དགེ་བའི་ཕྱིར་གྱ་ནོམ་པའོ་ཞེས་བྱ་བ་ནི། ཐར་པ་དམ་པའི་དོན་དུ་དགེ་ཞེས་བྱ་བ་ཡིན་པས་སོ། །ཡིད་བརྟན་པའི་ཕྱོགས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དེ་ལས་གཞན་པའི་ཡིད་བརྟན་པར་བྱ་བ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གྲོང་དང་མི་འགལ་བའི་དོན་གྱིས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའི་གྲོང་དུ་འཇུག་པ་དང་མི་འགལ་བའི་དོན་གྱིས་ཞེས་བྱ་བའི་ཐ་ཚིག་སྟེ་འདིས་སྒྲུབ་པར་བྱེད་པས་སོ། །སྲིད་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ་ཞེས་བྱ་བ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་ནི་ཕྱོགས་གཅིག་གི་གཉེན་པོ་ཡིན་པས་ངེས་པར་འབྱིན་པར་བྱེད་པ་མ་ཡིན་ནོ། །བཤད་མ་ཐག་པའི་རྣམ་གྲངས་རྣམས་ལ་ཅིག་ཏུ་དོན་གྱི་ཁྱད་པར་བསལ་བ་ཡོད་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཇི་ལྟར་འདོད་པ་བརྗོད་པར་བྱའོ་ཞེས་གསུངས་སོ། །སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཐོབ་པའི་སྔར་རམ་འོག་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །མི་མཐུན་པར་གྱུར་པའི་ཕྱིར་ཞེས་བྱ་བ་ནི། འཕགས་པ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །བདག་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བའི་ཕྱིར་རོ། །བདག་ཉིད་ཀྱིས་བདག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ་ཞེས་བདག་གི་མཚན་ཉིད་མེད་པའི་ཕྱིར་རོ། །འདུན་པའི་རྩ་བ་ཅན་ཞེས་བྱ་བ་ནི་དང་པོའི་རྒྱུའི་དབང་དུ་མཛད་ནས་འདུན་པའི་རྒྱུ་ཅན་ནོ། །འདིར་འདུན་པ་ནི་སྲིད་པའི་རྣམ་གྲངས་སོ། །འདུན་པ་ལས་ཀུན་འབྱུང་བར་ཞེས་བྱ་བ་ནི་ཉེ་བའི་རྒྱུའི་དབང་དུ་མཛད་ནས་འདུན་པའི་རྒྱུ་ཅན་ནོ། །འདུན་པའི་རིགས་ཅན་ཞེས་བྱ་བ་ནི་འདུན་པའི་རྐྱེན་ཅན་ནོ། །འདུན་པ་ལས་རབ་ཏུ་སྐྱེ་བ་ཞེས་བྱ་བ་ནི། དེ་མ་ཐག་པའི་རྒྱུའི་དབང་དུ་མཛད་ནས་སོ། །རབ་ཏུ་སྐྱེ་བ་ཞེས་བྱ་བའི་སྒྲ་ཐ་མར་འདོན་པ་འབའ་ཞིག་ཏུ་ཞེས་བྱ་བ་ནི་ཀུན་འབྱུང་གི་རྣམ་པ་བཞི་ལས་རབ་ཏུ་སྐྱེ་བའི་རྣམ་པ་གསུམ་


DTG210_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོན་ཅིང་རྐྱེན་གྱི་རྣམ་པ་བཞི་པར་འདོན་མོད་ཀྱི། མདོ་ལས་བསྟན་པར་ནི་རབ་ཏུ་སྐྱེ་བའི་སྒྲ་རྒྱུ་ཀུན་ཏུ་འབྱུང་བར་རབ་ཏུ་སྐྱེ་བ་ཞེས་ཕྱི་ནས་གནོད་པར་བྱེད་དོ། །ཡང་འདུན་བར་མཚུངས་བཞིན་དུ་འདུན་པ་འདི་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ངའོ་སྙམ་པ་བྱེ་བྲག་མེད་པ་ལུས་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི་ཕུང་པོ་མཐའ་དག་ལ་བདག་གི་དངོས་པོ་དོན་དུ་གཉེར་བས་ཞེས་བྱ་བའི་དོན་ཏོ། །གྱུར་ཅིག་སྙམ་པ་ནི་བྱེ་བྲག་མེད་པར་ཡང་སྲིད་པ་ལ་འདུན་པ་ཡིན་ནོ་ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས་པའི་རྣམ་པ་ལ་མི་ལྟོས་པར་ཡང་སྲིད་པ་ཙམ་ཞིག་དོན་དུ་གཉེར་བའོ། །འདི་ལྟ་བུར་གྱུར་ཅིག་ཞེས་བྱ་བ་རྒྱས་པར་འབྱུང་བ་རྣམ་པར་འབྱུང་བ་འདིར་གྱུར་ཅིག་ཅེས་ལྷའམ་མི་ཡང་རུང་སྟེ་བྱེ་བྲག་ཏུ་སྲིད་པ་ལ་འདུན་པའོ། །ཉིང་མཚམས་སྦྱོར་བ་ཉིད་འཆིང་བ་ཡིན་པས་ན་ཉིང་མཚམས་སྦྱོར་བའི་འཆིང་བ་སྟེ་དེ་ལ་འདུན་པ་ནི་དོན་དུ་གཉེར་བའོ། །དམྱལ་བར་ཉིང་མཚམས་སྦྱོར་བའི་འཆི་བ་དོན་དུ་གཉེར་བ་མི་སྲིད་པས་དེའི་ཕྱིར་ཡང་ན་མངོན་པར་འདུ་བྱེད་པ་ལ་འདུན་པ་ཡིན་པ་ཡིན་ཞེས་སྨོས་སོ། །ལས་ལ་མངོན་པར་འདུ་བྱེད་པ་ནི་ལས་མངོན་པར་འདུ་བྱེད་པ་སྟེ། དེ་ལ་འདུན་པ་ནི་སྦྱིན་པ་འདི་ལྟ་བུ་དང་འདི་ལྟ་བུ་སྦྱིན་ནོ་སྙམ་དུ་དོན་གཉེར་བའི་སྒོ་ནས་དོན་དུ་གཉེར་བའོ། །དེ་ལ་འདུན་པ་དང་པོ་ནི་ངའོ་སྙམ་པའི་བྱེ་བྲག་མེད་པར་ལུས་ལ་འདུན་པའོ། །སྡུག་བསྔལ་གྱི་དང་པོ་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི། དང་པོ་འདུན་པ་དེས་འཕངས་པའི་འདུན་པ་ལས་བརྒྱུད་ནས་ཕུང་པོ་ལྔའམ་བཞིས་སྐྱེ་བ་མངོན་པར་འགྲུབ་པ་སྟེ། འདི་ནི་ཕུང་ཁྲོལ་ཐམས་ཅད་ཀྱི་རྩ་བའི་རྒྱུ་ཡིན་ནོ། །འབྲས་བུའི་ས་བོན་བཞིན་ནོ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཡིན་པ་ལྟ་བུ་སྟེ། ས་བོན་གྱིས་འཕངས་པའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །གཉིས་པ་ཀུན་འབྱུང་བ་ཡིན་ཏེ། དེས་དེ་ཡང་དག་པར་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི། བྱེ་བྲག་མེད་པར་ཡང་སྲིད་པ་ལ་འདུན་པ་གང་ཡིན་པ་འདུན་པ་གཉིས་པ་དེས་ལུས་དེ་ཡང་དག་པར་འགྲུབ་པའི་ཕྱིར་སྐད་ཅིག་མ་བརྒྱུད་པས་སོ། །ཅི་ལྟར་


DTG210_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེའི་ཕྱིར་བྱེ་བྲག་མེད་པར་ཡང་སྲིད་ལ་འདུན་པ་དེས་ན་ཉིང་མཚམས་སྦྱོར་བའི་འཆིང་བ་འདུན་པ་དང་ལས་མངོན་པར་འདུ་བྱེད་པའི་འདུན་པ་སྟེ་དེའི་ཕྱིར་ཡང་སྲིད་ཀྱི་འདུན་པ་ཞེས་བྱའོ། །གསུམ་པ་ནི། དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་ཡིན་ཏེ་ཞེས་བྱ་བ་ནི། བྱེ་བྲག་ཏུ་ཡང་སྲིད་པ་ལ་འདུན་པ་རྣམ་པ་གང་ཡིན་པ་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་བ་སྟེ། མི་ལུས་དོན་དུ་གཉེར་བ་ན་འགྲོ་བ་གཞན་གྱི་ལུས་ཀྱི་རྐྱེན་དུ་མི་འགྱུར་རོ། །ལུང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རླུང་དང་ཉི་མ་ལ་སོགས་པས་བསྡུ་སྟེ་དེ་དག་གིས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་རོ། །ནུས་པ་ནི་བསིལ་བ་དང་དྲོ་བ་ཉིད་དོ། །རྣམ་པར་སྨིན་པ་ནི་མངར་བ་དང་སྐྱུར་བ་ཉིད་དོ། །མཐུ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་ནུས་མཐུའི་ཁྱད་པར་ཏེ། གང་ལས་འབྱུང་བ་དང་སྡུད་པ་ལ་སོགས་པར་འགྱུར་བའོ། །བཞི་པ་ནི་རབ་ཏུ་སྐྱེ་བ་སྟེ་དེ་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ། དེ་ཁོ་ན་ལས་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་འཆིང་བ་ལས་ཡང་སྲིད་འབྱུང་བའི་ཕྱིར་རོ། །ལས་མངོན་པར་འདུ་བྱེད་པའི་འདུན་པ་ལས་དེ་འབྱུང་བས་དེ་དང་མཐུན་པའི་ལུས་སྐྱེ་བའོ། །དེ་ལ་བཞི་པ་ནི་ཡང་སྲིད་ཀྱི་དངོས་ཀྱི་རྒྱུའོ། །གཉིས་པ་ནི་ཡང་སྲིད་ཀྱི་ཁྱད་པར་གྱི་རྒྱུའོ། །འབྲས་བུའི་ཞིང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ གསུམ་པ་སྟེ་རྐྱེན་ནོ། །བརྒྱུད ་པ་ཡང་སྲིད་ཀྱི་རྒྱུ་ནི་འབྲས་བུའི་མྱུ་གུ་ལ་སོགས་པ་བཞིན་ནོ། །བཞི་པ་ནི་ཀུན་འབྱུང་བའོ། །འདུན་པ་བཞི་ནི་དངོས་དང་བརྒྱུད་པས་ནུས་པ་བཞིན་དང་རྩ་བའི་རྒྱུ་ཞེས་བྱ་བ་དང་རྩ་བ་ཞེས་བྱ་བའོ། །ཡང་ན་གང་ཟག་སྲིད་པ་སྦྱང་བ་རྣམས་ཀྱི་འདུན་པ་བཞི་ནི་ལྔ་ཚན་ཉིད་དང་བཞི་ཚན་གཉིས་ཡིན་ཏེ། བཤད་མ་ཐག་པའོ། །དགེ་སློང་དག་ངའོ་སྙམ་པ་ཡོད་ན་ཞེས་བྱ་བ་འདི་ནི་ཐུན་མོང་དུ་འདུས་པའི་རྩ་བའི་རྒྱུའོ། །དེ་ལ་ལྔ་ཚན་དང་པོ་ནི་བདག་འདི་ལྟ་བུའོ་སྙམ་པ་དང༌། ང་འདི་འདྲའོ་སྙམ་པ་དང༌། དེ་ལྟ་མ་ཡིན་ནོ་སྙམ་པ་དང༌། དེ་བཟང་ངོ་སྙམ་པ་དང༌། ང་ངན་ནོ་སྙམ་པ་འབྱུང་སྟེ་འདི་ནི་བྱེ་བྲག་མེད་པར་ལུས་ལ་འདུན་པས་བསྡུས་པའོ། །ལྔ་ཚན་གཉིས་པ་ནི་དེ་ལས་


DTG210_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་རོ་སྙམ་པ་འབྱུང་བར་འགྱུར་ཞིང༌། དེ་ལས་འབྱུང་བར་མི་འགྱུར་སྙམ་པ་དང༌། འདི་ལྟ་བུ་འབྱུང་བར་འགྱུར་རོ་སྙམ་པ་དང༌། འདི་འདྲ་བ་འབྱུང་བར་འགྱུར་རོ་སྙམ་པ་དང་དེ་ལྟ་མ་ཡིན་པ་འབྱུང་བར་འགྱུར་རོ་སྙམ་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། ལྔ་ཚན་འདི་ནི་བྱེ་བྲག་མེད་བར་ཡང་སྲིད་ལ་འདུན་པ་གཉིས་པ་ཡིན་ནོ། །བཞི་ཚན་དང་པོ་ནི་དེ་ལ་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང༌། དེ་ལ་འདི་ལྟ་བུར་གྱུར་ཅིག་སྙམ་པ་དང༌། དེ་འདྲ་བར་གྱུར་ཅིག་སྙམ་པ་དང༌། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་འབྱུང་བ་སྟེ། བཞི་ཚན་འདི་ནི་བྱེ་བྲག་མེད་པར་ཡང་སྲིད་ལ་འདུན་པ་གསུམ་པའོ། །བཞི་ཚན་གཉིས་པ་ནི་གྱུར་ཀྱང་ཅི་མ་རུང་སྙམ་པ་དང༌། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང༌། དེ་དང་འདྲ་བར་གྱུར་ཀྱང་ཅི་མ་རུང་སྟེ་སྙམ་པ་དང༌། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་བ་སྟེ། འདི་ནི་ཉིང་མཚམས་སྦྱོར་བ་ལ་འདུན་པ་བཞི་པའོ། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་དང་པོ་རྒྱུ་ཡིན་པའི་ཕྱིར་རྩ་བའི་རྒྱུ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །འཇུག་པ་མེད་པའི་ཕྱིར་འགོག་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་སྐྱེ་བའི་འཇུག་པ་ཞི་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་ཞི་བའི་ཕྱིར་ཞི་བ་སྟེ། སྡུག་བསྔལ་ནི་མ་ཞི་བ་ཡིན་ལ། དེ་ཡང་སྐྱེ་བ་ཁོ་ན་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དགེ་སློང་དག་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །གོང་ན་མེད་པའི་ཕྱིར་གྱ་ནོམ་པའོ་ཞེས་བྱ་བ་ལ། གོང་མ་དང་བཅས་པ་ལ་གྱ་ནོམ་པའོ་ཞེས་མི་རུང་ངོ༌། །ཡང་ཕྱིར་མི་ལྡོག་པའི་ཕྱིར་ངེས་པར་འབྱུང་བའོ་ཞེས་བྱ་བ་ལ། གཏན་དུ་བ་མ་ཡིན་པ་ནི་ངེས་པར་འབྱུང་བ་མ་ཡིན་ནོ། །ལམ་ལྟ་བུར་གྱུར་པའི་ཕྱིར་ལམ་མོ་ཞེས་བྱ་བ་ནི་ལམ་དང་ཆོས་མཐུན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པ་ཇི་ལྟ་བ་བཞིན་ཞུགས་པའི་ཕྱིར་རིགས་པའོ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཞུགས་པ་མ་ཡིན་པ་ནི་རིགས་པ་མ་ཡིན་པའི་ཕྱིར་རོ། །སོ་སོར་ངེས་པའི་ཕྱིར་སྒྲུབ་པ་སྟེ་ཞེས་བྱ་བ་ལ་སོ་སོར་ངེས་པ་ཉིད་ནི་མྱ་ངན་ལས་འདས་པར་ངེས་པ་ཉིད་དོ། །དེ་ཉིད་ཀྱིས་དེས་འགྲོ་བའི་ཕྱིར་རོ། །དེ་


DTG210_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་དབྱངས་ནི། ཇི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཡང་ན་རྟག་པ་དང་བདེ་བ་དང་བདག་གི་དང་བདག་ཏུ་ལྟ་བ་སྤྱད་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་འདུ་བྱེད་རྣམས་རྟག་གོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་ནི་མི་རྟག་པའི་རྣམ་པའོ། །འདུ་བྱེད་རྣམས་བདེའོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ནི་སྡུག་བསྔལ་བའི་རྣམ་པའོ། །འདུ་བྱེད་རྣམས་བདག་གིའོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་ནི་སྟོང་པའི་རྣམ་པའོ། །འདུ་བྱེད་རྣམས་བདག་ཡིན་ནོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་ནི་བདག་མེད་པའི་རྣམ་པའོ། །འདུ་བྱེད་རྣམས་རྒྱུ་མེད་པའོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་ནི་རྒྱུའི་རྣམ་པའོ། །ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ལ་སོགས་པ་གཅིག་པུའོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་ནི་ཀུན་འབྱུང་བའི་རྣམ་པའོ། །འགྱུར་བར་ལྟ་བ་སྤྱད་པ་རྣམས་ལ་ནི་རབ་ཏུ་སྐྱེ་བའི་རྣམ་པའོ། །དང་པོར་འབྱུང་ཞིང་རབ་ཏུ་སྐྱེ་བ་ཡིན་གྱི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་འགྱུར་བ་ཞེས་བྱ་བ་ནི་རྒ་བའི་རྣམ་གྲངས་སོ། །རབ་ཏུ་སྐྱེ་བའི་ཞེས་བྱ་བ་ནི་སྐྱེ་བའི་རྣམ་གྲངས་སོ། །བློ་སྔོན་དུ་གཏོང་བར་བྱེད་པ་པོ་ཡིན་ནོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ལ་རྐྱེན་གྱི་རྣམ་པ་སྟེ། རྐྱེན་གྱི་ཚིག་ནི་སྔོན་དུ་མ་བཏང་བའི་རྒྱུའི་ཚིག་གོ །ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་བའི་རྒྱུན་ལ་ཐོག་མ་བཞིན་དུ་ཐ་མ་ཡང་མེད་དོ་སྙམ་དུ་གང་དག་ལོག་པར་ལྟ་བ་གང་ཡིན་པ་དེའི་གཉེན་པོར་འགོག་པའི་རྣམ་པ་ཡིན་ནོ། །ཡུལ་ཉེ་བར་ལོངས་སྤྱོད་པ་མེད་པའི་ཕྱིར་དང། སྡུག་བསྔལ་ནི་ཐར་པ་ཡིན་ནོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་ནི་ཞི་བའི་རྣམ་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་ཞེས་རྒྱས་པར་འབྱུང་བ་ལ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྣམ་པ་དང་བཅས་ཞེས་བྱའོ། །གལ་ཏེ་ཤེས་རབ་ཀྱི་རྣམ་པ་དེ་ཡིས་སེམས་དང་སེམས་ལས་བྱུང་བ་ལྷག་མ་རྣམས་ཀྱི་རྣམ་པ་ཉིད་དུ་གྲུབ་པོ་ཞེ་ན། དེ་དང་མཚུངས་པར་ལྡན་པ་ལ་ཤེས་རབ་ཀྱིས་ནི་མི་འགྲུབ་སྟེ། དེ་དང་ལྡན་པས་ཤེས་རབ་གཞན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ལྟ་བུ་ནི་རིག་པར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེ་


DTG210_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་ཡིན་ནོ། །དམིགས་པ་སྨོས་པས་བྱེ་བྲག་དང་རྣམ་པ་ཞེས་བྱ་བ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་དམིགས་པ་ཞེས་བྱ་བ་འདིར་རྣམ་པར་བཟུང་ནས་བྱེ་བྲག་ཅེས་བྱའོ། །དེའི་ཕྱིར་རྣམ་པའི་སྒྲས་བཟུང་ནས་རྣམ་པ་ཞེས་བྱ་བ་ཡིན་ནོ། །དམིགས་པ་སྨོས་པའི་ཚུལ་གང་གིས་དམིགས་པ་བཟུང་བའི་བྱེ་བྲག་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའོ། །འདིའི་དམིགས་པ་སྨོས་པས་ཡུལ་ཉིད་ཀྱི་བྱེ་བྲག་ཡོད་པ་ཉིད་དེ་རྣམ་པ་དང་བཅས་པའོ། །དེ་ལྟར་ན་ཤེས་རབ་རྣམ་པ་དང་བཅས་པར་གྲུབ་པོ། །སློབ་དཔོན་འདུས་བཟང་ན་རེ། ཤེས་རབ་དང་མཚུངས་པར་ལྡན་པ་ལས་རྣམ་པ་དང་བཅས་པར་བརྗོད་པ་མེད་དོ། །འོ་ན་ཅི་ཞེ་ན། མཐུན་པའི་རྣམ་པ་ནི་རྣམ་པ་དང་བཅས་ཏེ་ཟག་པ་དང་བཅས་པ་ཉིད་དོ། །དཔེར་ན་ཟག་པ་དང་མཐུན་པས་ཟག་པ་དང་བཅས་པ་སྟེ་ཟག་པ་ཉིད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དུས་མཚུངས་པར་འཛིན་པར་བྱེད་པས་རྣམ་པ་དང་བཅས་པ་སྟེ། སྔ་མ་དང་ཕྱི་མ་མ་ཡིན་པར་ཅིག་ཅར་དུ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འོ་ན་ཤེས་རབ་ཀྱི་རྣམ་པ་ཉིད་དུ་མི་འགྲུབ་སྟེ། དམིགས་པ་ཐམས་ཅད་ཀྱི་འཇུག་པའི་རྣམ་པ་ཡིན་པས་སོ། །ལྷག་མ་རྣམས་ཀྱིས་རྣམ་པའི་བདག་ཉིད་མ་ཡིན་པའི་ཕྱིར་འདྲི་བ་ནི། ཡང་ཅི་ཤེས་རབ་ཁོ་ན་འཛིན་པར་བྱེད་དམ་ཞེས་བྱ་བ་སྟེ་སྒྲུབ་པ་དང་འཛིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དང་བཅས་པའི་དམིགས་པ་དང་བཅས་པ་འཛིན་པར་བྱེད་ཅེས་བྱ་བ་ལ་རིགས་པ་གང་ཞེ་ན། ཤེས་རབ་ཀྱི་ཡུལ་འཛིན་པར་བྱེད་པས་རྣམ་པ་སྟེ་རང་གི་ངོ་བོ་ཉིད་ལས་སོ། །ཤེས་རབ་ལས་མ་གཏོགས་པའི་དམིགས་པ་དང་བཅས་པའི་རྣམ་པ་ཡོད་པ་མ་ཡིན་ནོ། །ཅི་ལྟར་འཛིན་པར་བྱེད་ཅེ་ན་ཤེས་རབ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱའོ། །གལ་ཏེ་ཚོར་བ་དང་མཚུངས་པར་ལྡན་པའི་ཕྱིར་ཤེས་རབ་ལ་སོགས་པ་ཚོར་བ་བྱེད་པར་འགྱུར་རོ་ཞེ་ན། འདི་ལ་སློབ་དཔོན་འདུས་བཟང་གིས་ནི་རྣམ་པ་ཞེས་བྱ་བ་འདི་ཤེས་རབ་ཀྱི་རྣམ་གྲངས་སུ་གསུངས་ཏེ། ཡུལ་སྨོས་པ་དང་དང་པོའི་རྒྱུ་ཞེས་བྱ་བ་རྣམ་གྲངས་ཡིན་པ་ལྟ་བུའོ། །རྣམ་པའི་མཚན་ཉིད་


DTG210_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཅེས་མི་བྱའོ། །ཚོར་བ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ཡུལ་གྱི་རྒྱུར་རིག་པར་འགྱུར་རོ། །དམིགས་པ་ཇི་ལྟ་བར་ཤེས་པའི་ཕྱིར་ཡུལ་དང་ཤེས་རབ་ཀྱིས་རབ་ཏུ་ཤེས་ཤིང་འཛིན་པར་བྱེད་པས་ཀྱང་ཞེས་བྱའོ། །དེ་བཞིན་དུ་དམིགས་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཀྱི་ཡུལ་ཀུན་ཏུ་ཤེས་པ་དང་འཛིན་པར་བྱེད་པས་ཀྱང་ངེས་པར་བསྟན་ཏོ། །རྣམ་པར་ཤེས་པས་ཀྱང་དམིགས་ཤིང་རྣམ་པར་ཤེས་པའི་ཕྱིར་ཡོངས་སུ་ཤེས་པ་དང་འཛིན་པར་བྱེད་པ་ཞེས་བྱའོ། །ཀྱང་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པའོ། །དེའི་ཕྱིར་དམིགས་སྨོས་པ་རྣམ་པའི་རྣམ་གྲངས་ཡིན་པའི་ཕྱིར་ཤེས་རབ་ལས་མ་གཏོགས་པས་ཀྱང་འཛིན་པར་བྱེད་དོ་ཞེས་བསྟན་པར་འཐད་དོ་ཞེས་ཟེར་རོ། །གལ་ཏེ་ཤེས་རབ་ཀྱི་རྣམ་གྲངས་ཙམ་རྣམ་པའི་སྒྲས་མི་བརྗོད་ན། འདིའི་དོན་གྱིས་ཡུལ་ཡོད་དོ་ཞེས་བརྗོད་པར་མི་བྱའོ། །ཤེས་རབ་ཀྱི་རྣམ་པས་འཛིན་པར་བྱ་བ་དང་འཛིན་པར་བྱེད་པས་ཀྱང་སྟེ། དེ་ལྟར་ཤེས་རབ་ཀྱིས་ཤེས་རབ་འཛིན་པར་བྱེད་པ་མ་ཡིན་ནོ། །ཀྱང་ཞེས་བྱ་བ་འདིས་ཅུང་ཟད་བཤད་པ་ཡིན་ནོ། །གལ་ཏེ་ཐོག་མ་མེད་ན་ཁྱད་པར་ཡོད་པར་འགྱུར་རོ། །དེའི་ཕྱིར་རྣམ་པའི་སྒྲ་ནི་འདིར་ཁྱད་པར་གྱི་དོན་དུ་ཤེས་པའོ། །ཤེས་རབ་ཀྱི་རྣམ་གྲངས་ནི་མ་ཡིན་ནོ། །དེ་ལྟར་ན་འདི་ལ་དམིགས་པ་རྣམ་པའི་བདག་ཉིད་མ་ཡིན་པའི་ཕྱིར་འཛིན་པར་བྱེད་པ་དང་འཛིན་པ་ཡང་རྣམ་པ་ཞེས་བྱ་བར་མི་རིགས་སོ། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན་ཞེས་བྱ་བ་ནི། གང་ཅུང་ཟད་རྫས་སུ་ཡོད་པའམ་བཏགས་པར་ཡོད་པ་དེ་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །འདིར་ཡོད་པ་སྨོས་པ་ནི་མེད་པ་བཟློག་པར་བྱ་བའི་ཕྱིར་རོ། །ཐམས་ཅད་སྨོས་པ་ནི་རྫས་དང་ཀུན་རྫོབ་ཉེ་བར་གཟུང་བར་བྱ་བའི་ཕྱིར་རོ། །དེ་ལྟར་བྱས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཤེས་རབ་ནི་རྣམ་པ་ཡང་ཡིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །འཛིན་པར་བྱེད་པ་ཡང་ཡིན་ཏེ་དམིགས་པ་དང་བཅས་པའི་ཕྱིར་རོ། །གཟུང་བར་བྱ་བ་ཡང་ཡིན་ཏེ་ཡོད་པའི་ཕྱིར་རོ། །དམིགས་པ་མེད་པ་རྣམས་ནི་གཟུང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། དམིགས་པ་མེད་པའི་ཕྱིར་


DTG210_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་མེད་པའི་ཕྱིར་རོ། །དགེ་བ་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང༌། ས་དང་རྟེན་ལ་སོགས་པའི་བྱེ་བྲག་བསྟན་པར་བྱ་སྟེ། དང་པོ་རྣམ་གསུམ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་དགེ་ཞེས་བྱ་བ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་དང་པོ་ན་ཡོད་པའི་ཕྱིར་ཞེས་བྱ་བ་ནི། ཤེས་པ་ཟག་བཅས་ཟག་པ་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་དེར་ཀུན་རྫོབ་ཤེས་པ་དང་པོར་འདོན་པ་ཡིན་ནོ། །དང་པོ་ས་རྣམས་ཐམས་ཅད་ན། །ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པ་ནི་རང་གི་ངོ་བོ་དམིགས་པའི་སྒོ་ནས་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་དུ་དམིགས་སོ། །དྲུག་ན་ཆོས་ཞེས་བྱ་བ་ནི། །དེ་དག་གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་མི་ལྕོགས་པ་མེད་པ་ལས་གཞན་པའི་ཉེ་བར་བསྡོགས་པ་དག་མེད་ལ། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་གཟུགས་མེད་པའི་ས་དག་ན་ཡང་མེད་དོ། །དགུན་རྫས་ཞེས་བྱ་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པ་རྣམས་གོང་མའི་སྡུག་བསྔལ་ལ་སོགས་པ་དམིགས་པའི་ཕྱིར་ལ། བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་རྣམས་དང༌། སྲིད་པའི་རྩེ་མོ་ནི་གཅིག་ཏུ་ཟག་པ་དང་བཅས་པའི་ཕྱིར་རོ། །གཞན་ན་མེད་ཅེས་བྱ་བ་ནི་ཉེར་བསྡོགས་དང་བསམ་གཏན་གཞན་དག་ན་མེད་པའོ། །ཅིའི་ཕྱིར་ཞེ་ན་ཡུལ་ཕྲ་བའི་ཕྱིར་ཏེ། དེ་ནི་གཞན་གྱི་རྒྱུད་དུ་གཏོགས་པའི་སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ཡིན་ལ་དེ་དག་ཀྱང་ཕྲ་བས་སོ། །དེར་ཡང་ལམ་དམན་པ་ཞེས་བྱ་བ་ནི། དེར་གཞན་གྱི་སེམས་ཤེས་པ་ཡོད་པ་མ་ཡིན་ཏེ། གཟུགས་མེད་པ་རྣམས་སུ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །མངོན་པར་ཤེས་པའི་རང་གི་ངོ་བོ་ལས་ནི་ས་གཞན་དུ་མ་ཡིན་ཏེ། འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུའོ། །དེས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་མེད་པའི་ཁམས་ན་གཞན་གྱི་སེམས་ཤེས་པ་མངོན་དུ་བྱེད་པ་མེད་དེ། དེའི་ས་པའི་གཞན་གྱི་སེམས་པ་མེད་པའི་ཕྱིར་རོ། །ས་འོག་མ་པའི་དེའི་རྗེས་སུ་


DTG210_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་བ་མངོན་དུ་གྱུར་པར་མི་ནུས་པའི་གཟུགས་མེད་པའི་ཁམས་ན་དེ་མངོན་དུ་གྱུར་པ་མེད་དོ། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཞེས་བྱ་བ་ལ་ནིའི་སྒྲ་ནི་ངེས་པར་གཟུང་བའོ། །ཆོས་ཤེས་པ་འདོད་པའི་རྟེན་ཅན་ཁོ་ན་ཡིན་གྱི་གཟུགས་དང་གཟུགས་མེད་པའི་རྟེན་ཅན་ནི་མ་ཡིན་ཏེ། སྙོམས་པར་འཇུག་པ་དེ་ཀུན་ནས་བསླང་བའི་སེམས་རྣམས་འདོད་པའི་ཁམས་ཁོ་ན་ན་ཡོད་པའི་ཕྱིར་དང་དེའི་རྗེས་སུ་འཇུག་པའི་རྟེན་མེད་པའི་ཕྱིར་རོ། །རྗེས་སུ་འཇུག་པའི་ཚུལ་ཁྲིམས་ནི་འདོད་པ་ན་སྤྱོད་པའི་འབྱུང་བ་རྣམས་ཀྱི་རྟེན་ཅན་ཉིད་དེ། ཚུལ་ཁྲིམས་འཆལ་བ་ཀུན་ནས་བསླང་བའི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་དེ་ན་ཡོད་པ་མ་ཡིན་པས། ཆོས་ཤེས་པ་འདོད་པའི་རྟེན་ཅན་ཁོ་ན་ཡིན་ནོ། །གཞན་གྱི་སེམས་ཤེས་པ་དང་ཆོས་ཤེས་པ་མ་གཏོགས་སོ་ཞེས་བྱ་བ་ལ། དེ་ཡང་ཀུན་རྫོབ་ཤེས་པ་དང་རྗེས་སུ་ཤེས་པ་དང་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་ཤེས་པ་དང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་རྣམས་སོ། །འགོག་པ་ཤེས་པ་ནི་གཅིག་སྟེ་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་ལུས་དང་ཚོར་བ་དང་སེམས་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་ལ་དམིགས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ནི་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག་པ་རྣམས་ཡིན་པས་ལུས་དྲན་པ་ཉེ་བར་གཞག་པ་མ་ཡིན་ནོ། །གཟུགས་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་དྲན་པ་ཉེ་བར་གཞག་པ་གོ་ཇི་ལྟར་ཡིན་ཞེ་ན་ཚོར་བ་མ་གཏོགས་པའི་སེམས་ལས་བྱུང་བའི་དམིགས་པ་ཡིན་པའི་ཕྱིར་རོ། །ལྷག་མ་བཞི་ཡིན་ནོ་ཞེས་བྱ་བ་ནི། ལྷག་མ་ནི་ཤེས་པ་བརྒྱད་དེ། དེ་ལ་ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པས་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ནོ། །ཆོས་ཤེས་པ་ནི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པས་བཞི་ཡིན་ནོ། །རྗེས་སུ་ཤེས་པ་ཡང་དེ་དང་འདྲའོ། །སྡུག་བསྔལ་དང་ཀུན་འབྱུང་དང་ལམ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་ནི་རེ་རེ་ཞིང་དྲན་པ་ཉེ་བར་གཞག་པ་བཞི་བཞི་ཡིན་ཏེ་ཕུང་པོ་ལྔ་ལ་དམིགས་པའི་ཕྱིར་རོ། །རྗེས་སུ་ཤེས་པ་


DTG210_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་སོ་ཞེས་བྱ་བ་ནི། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ལམ་ཤེས་པའི་དམིགས་པ་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་རྣམས་སོ། །སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དག་གི་དམིགས་པ་ནི་ཀུན་རྫོབ་ཤེས་པ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་དེ་ཀུན་འབྱུང་བས་བསྡུས་པའོ། །རྗེས་སུ་ཤེས་པ་ནི་ཐམས་ཅད་དུ་ཆོས་ཤེས་པའི་དམིགས་པ་མ་ཡིན་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །ཞེས་བྱ་བ་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་སྡུག་བསྔལ་ལ་སོགས་པ་ཤེས་པ་ལ་ནི་དེའི་ཕྱོགས་དང་མཐུན་པའི་ལམ་ཤེས་པ་ཁོ་ནས་དམིགས་ལ། ཀུན་རྫོབ་ཤེས་པ་ཁམས་གོང་མའི་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ལ་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དག་ཁོ་ནས་དམིགས་སོ། །ཐམས་ཅད་དུ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་གི་དམིགས་པ་མ་ཡིན་ནོ། །དེས་ན་ལམ་ཤེས་པ་ཡུལ་ཐ་དད་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་མ་གཏོགས་སོ་ཞེས་བྱ་བ་ལ། ལམ་ཤེས་པ་ནི་ལམ་ལ་དམིགས་པས་དེའི་དམིགས་པ་ནི་ཤེས་པ་ཟག་པ་མེད་པ་དགུ་ཡིན་ཏེ་དེ་དག་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཤེས་པ་ནི་མ་ཡིན་ཏེ་ཟག་པ་དང་བཅས་པའི་ཕྱིར་རོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ་ཞེས་བྱ་བ་ལ། ཀུན་རྫོབ་ཤེས་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་ནང་དུ་གཏོགས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་གི་དམིགས་པ་ཡིན་ནོ་ཞེས་བྱ་བར་རྟོགས་ན་གཞན་གྱི་སེམས་ཤེས་པ་ནི་ཇི་ལྟར་ཞེ་ན། གཞན་གྱི་སེམས་པའི་ཕྱོགས་གཅིག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ཡོད་དེ་ཟག་པ་དང་བཅས་པ་གང་ཡིན་པའོ། །བཞི་འམ་བཅུ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཀུན་རྫོབ་ཤེས་པ་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཤེས་པ་བཅུ་ལ་དམིགས་སོ་ཞེས་བྱ་བ་རྟོགས་ན། ཇི་ལྟར་གཞན་གྱི་སེམས་ཤེས་པའི་དམིགས་པ་ཤེས་པ་བཅུ་ཡིན་ཞེ་ན། གཞན་གྱི་སེམས་ཤེས་པ་ནི་ཆོས་དང་རྗེས་


DTG210_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལམ་དང་ཀུན་རྫོབ་ཤེས་པས་བསྡུས་པ་ཡིན་ལ། དེའི་དམིགས་པ་ནི་རྣམ་པར་མ་ཕྱེ་བར་ཤེས་པ་བཅུ་ཡིན་ལ། དབྱེ་བ་ནི་ཆོས་དང་རྗེས་ཀྱིས་བསྡུས་པ་དག་གིས་ནི་ཤེས་པ་བརྒྱད་དོ། །ལམ་ཤེས་པས་བསྡུས་པ་ཡིས་ནི་དགུའོ། །ཀུན་རྫོབ་ཤེས་པས་བསྡུས་པ་ཡིས་ནི་ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་གཉིས་སོ། །ཇི་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ཤེས་པ་བཅུ་ཡིན་ཞེ་ན། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བདག་གི་ལམ་བསྒོམ་སྟེ་ཡང་བསྒོམ་དུ་མེད་དོ་ཞེས་ཆོས་དང་རྗེས་སུ་ཤེས་པའི་ལམ་ལ་དམིགས་པ་ཡིན་ཏེ། དེའི་ཕྱིར་ཤེས་པ་ཟག་པ་མེད་པ་དགུ་ལ་དམིགས་ལ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ་དམིགས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བདག་གི་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་སྟེ་ཡང་ཡོངས་སུ་ཤེས་པར་བྱར་མེད། ཀུན་འབྱུང་སྤངས་ཏེ་ཡང་ཡོངས་སུ་སྤང་དུ་མེད་དོ་ཞེས་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ཀུན་རྫོབ་ཤེས་པ་ལ་དམིགས་སོ། །དབྱེ་ན་ནི་ཆོས་ཤེས་པས་བསྡུས་པ་དག་གི་དམིགས་པ་ནི་རྗེས་སུ་ཤེས་པ་མ་ཡིན་ལ། རྗེས་སུ་ཤེས་པས་བསྡུས་པ་དག་གིས་ནི་ཆོས་ཤེས་མ་ཡིན་ནོ། །ཆོས་འདུས་བྱས་རྣམས་ལ་རྣམ་པ་བརྒྱད་དུ་བྱའོ་ཞེས་བྱ་བ་ལ། འདོད་པ་དང་ལྡན་པའི་ཆོས་རྣམས་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའོ། །དེ་བཞིན་དུ་གཟུགས་དང་ལྡན་པ་ཡང་རྣམ་པ་གཉིས་ཡིན་ལ། གཟུགས་མེད་པ་དང་ལྡན་པ་ཡང་རྣམ་པ་གཉིས་ཡིན་ནོ། །ཟག་པ་མེད་པ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པའོ། །དགེ་བ་དང་ལུང་དུ་མ་བསྟན་པའི་བྱེ་བྲག་གིས་ཞེས་བྱ་བ་ནི། དགེ་བ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། ཐར་པ་དམ་པའི་དོན་དུ་དགེ་བ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། ལུང་དུ་མ་བསྟན་པ་དག་ཅེས་འབྱུང་བའི་ཕྱིར་རོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་ཆོས་བཅུ་པོ་ཐམས་ཅད་ཡིན་ནོ་ཞེས་བྱ་བ་ནི། ཀུན་རྫོབ་ཡུལ་ནི་ཐམས་ཅད་དོ་


DTG210_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པ་ནི་ལྔ་སྟེ་ཞེས་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་ནི་འདོད་པ་ན་སྤྱོད་པའི་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་དག་གོ །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ལ་ལམ་གྱི་བདེན་པ་ལ་དམིགས་པའི་ནི་ཟག་པ་མེད་པ་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པ་དག་གོ །འགོག་པའི་བདེན་པ་ལ་དམིགས་པའི་ནི་འདུས་མ་བྱས་དགེ་བ་ཡིན་ཏེ། འདུས་མ་བྱས་ལུང་དུ་མ་བསྟན་པ་ནི་བདེན་པས་མ་བསྡུས་པས་དེ་ནི་ཟག་པ་མེད་པའི་ཤེས་པས་དམིགས་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་དྲུག་དང་ཞེས་བྱ་བ་ནི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་སོ། །དྲུག་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་རེ་རེ་ཞིང་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་སོ། །ལམ་ཤེས་པ་ནི་གཉིས་ཏེ་ཞེས་བྱ་བ་ནི་ཟག་པ་མེད་པར་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པ་དག་གོ །འདོད་པ་དང་གཟུགས་ན་སྤྱོད་པ་དང་ཟག་པ་མེད་པ་དང་མཚུངས་པར་ལྡན་པ་རྣམས་སོ་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་དམ། གཟུགས་མེད་པའི་ཁམས་ལ་དམིགས་པ་མེད་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་ཡིན་ཏེ། ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གི་དམིགས་པ་ནི་ཆོས་དགུ་ཡིན་ཏེ། རེ་རེ་ཡང་ཁམས་གསུམ་གྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པའི་ཕྱིར་རོ། །འདུས་མ་བྱས་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ནི་དེ་བདེན་པས་མ་བསྡུས་པའི་ཕྱིར་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་བདེན་པའི་ཡུལ་ཅན་ཡིན་པའི་ཕྱིར་མ་གཏོགས་སོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ཞེས་བྱ་བ་ནི། ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་དང༌། དེ་དག་གི་ཐོབ་པ་དང་སྐྱེ་བ་ལ་སོགས་པ་རྣམས་ཏེ། དེ་དག་དང་རང་གི་ངོ་བོ་མི་འཛིན་ནོ། །ཅིའི་ཕྱིར་རང་


DTG210_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་མི་འཛིན་ཞེ་ན། ཡུལ་དང་ཡུལ་ཅན་ཐ་དད་པའི་ཕྱིར་ཏེ། ཡུལ་ནི་ཡུལ་ཅན་ལས་ཐ་དད་དེ། རང་གིས་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་སོར་མོའི་རྩེ་མོ་དང་རལ་གྲིའི་སོ་ནི་དེ་ཉིད་ཀྱིས་མི་རེག་ཅིང་མི་གཅོད་པ་བཞིན་ནོ། །ཆོས་མངོན་པ་པ་རྣམས་ནི་གང་ཞིག་མ་ཚང་བས་གང་མི་སྐྱེ་བ་དེ་ནི་དེའི་རྐྱེན་ཡིན་ན་རང་གི་ངོ་བོ་མ་ཚང་བས་དངོས་པོ་རྣམས་མི་སྐྱེ་བ་ཡང་མ་ཡིན་ཏེ། རང་གི་ངོ་བོ་རྟག་ཏུ་ཡོད་པའི་ཕྱིར་དེ་སྐྱོན་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་དཔྱད་པ་བྱས་ན་བརྗོད་པར་བྱ་བ་མང་དུ་འབྱུང་བས་སྤྲོས་པས་ཆོག་གོ །གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་ངོ་བོའི་ཡུལ་ཅན་མ་ཡིན་ན། འོ་ན་ཕན་ཚུན་གྱི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། བཤད་པ་ཕན་ཚུན་གྱི་ཡུལ་ཅན་མ་ཡིན་ཏེ། དམིགས་པ་གཅིག་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་དམིགས་པ་གཅིག་པའི་ཕྱིར་ཕན་ཚུན་ཡུལ་ཅན་ཉིད་ཡིན་ན་ནི་རང་གི་ངོ་བོས་དམིགས་པར་མི་འགྱུར་ཏེ། དེ་ཉིད་ཡུལ་དང་ཡུལ་ཅན་ཐ་དད་པ་མེད་དོ། །དེ་ལྟ་ན་ནི་འོ་ན་རང་གི་ཚོགས་པ་དང་ལྡན་པ་མ་ཡིན་པར་འཛིན་པར་འགྱུར་ཏེ། ཡུལ་དང་ཡུལ་ཅན་ཐ་དད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ཧ་ཅང་ཉེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྡན་པ་མ་ཡིན་པ་འཛིན་པ་ཡང་མ་ཡིན་ཏེ། ཧ་ཅང་ཉེ་བའི་ཕྱིར་མི་ག་ལ་གནས་པའི་མིག་སྨན་དང་མིག་སྨན་གྱི་ཐུར་མ་ལ་སོགས་པ་མི་མཐོང་བ་བཞིན་ནོ། །མདོ་ལས་ཀྱང་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་ཡུལ་ཡིན་པ་མེད་དོ་ཞེས་བྱ་བ་མཐོང་སྟེ། འདི་སྐད་དུ། དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང༌། གང་ཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་ངོ༌། །ད་ནི་ས་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རྣམས་གོ་རིམས་བཞིན་དུ་ས་འོག་མ་དང་གོང་མ་ལ་དམིགས་པའི་ཕྱིར་རོ། །སྦྱོར་བ་དང་ཁྱད་པར་གྱི་ལམ་དག་གི་དམིགས་པ་ཡང་ཅི་རིགས་པར་ས་གཅིག་པུར་འགའ་ཞིག་ཁོ་ན་ཡིན་གྱི། ཐམས་ཅད་ནི་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བའི་ལམ་གྱིས་


DTG210_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་གང་གི་དམིགས་པ་འདོད་པའི་ཁམས་ཡིན་པ་དེའི་གཟུགས་དང་གཟུགས་མེད་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་གང་གི་གཟུགས་དང་གཟུགས་མེད་པའི་ཁམས་ཡིན་པ་དེའི་འདོད་པའི་ཁམས་མ་ཡིན་ནོ། །དེ་བཞིན་དུ་མི་སྡུག་པ་དང་ཚད་མེད་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དང༌། རྣམ་པར་སུན་འབྱིན་པ་དང༌། ཁྱད་པར་ཅན་གྱིས་བསྡུས་པའི་དམིགས་པ་ནི་འདོད་པའི་ཁམས་ཁོ་ན་ཡིན་གྱི་ཁམས་གཞན་དག་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ས་ཐམས་ཅད་ལ་དམིགས་པ་ཡིན་ན་ནི་དེ་ལྟ་ན་ས་ཐམས་ཅད་ལས་ཅིག་ཅར་འདོད་ཆགས་དང་བྲལ་བར་འགྱུར་ཏེ། ས་འོག་མ་ལ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ས་གོང་མ་དང་འོག་མ་ལས་ཀྱང་འདོད་ཆགས་དང་བྲལ་བ་ཁོ་ན་ཤེས་པ་གཅིག་དང་ལྡན་པར་མ་ཟད་ཀྱི། འཕགས་པ་ཡང༌། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །ཆགས་ཅན་ཞེས་ཁྱད་པར་དུ་བྱས་པ་ནི། འདོད་ཆགས་དང་བྲལ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་གཞན་གྱི་སེམས་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཟག་མེད་སྐད་ཅིག་དང་པོ་ལ་ཞེས་བྱ་བ་ནི་བཟོད་པ་རྣམས་ཞེས་བྱ་བའི་བདག་ཉིད་མ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་གཅིག་པུ་ཁོ་ན་ལྡན་ནོ་ཞེས་སྟོན་པའོ། །གཉིས་པ་ལ་གསུམ་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དེ་ཉིད་ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་གཉིས་སུ་བགྲང་ངོ༌། །བཞི་ལ་རེ་རེ་འཕེལ་དང་ཞེས་བྱ་བ་འབྱུང་སྟེ། ཆོས་ཤེས་པ་དང་སྡུག་བསྔལ་ཤེས་པ་ནི་ཡོངས་སུ་བགྲང་བ་ཟིན་ཏོ། །ད་ནི་རྗེས་སུ་ཤེས་པ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་རྣམས་ཡོངས་སུ་བགྲང་བར་བྱ་བ་ཡིན་པས་དེའི་ཕྱིར། བཞི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལམ་ལ་ཆོས་ཤེས་པ་རྣམས་ལ་ནི་བདུན་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་དང་ཆོས་དང༌། རྗེས་སུ་ཤེས་པ་དག་དང༌། སྡུག་བསྔལ་ལ་སོགས་པ་ཤེས་པ་བཞི་དང་ལྡན་ནོ། །ལམ་ལ་རྗེས་སུ་ཤེས་པ་ལ་ཡང་དེ་དག་ཁོ་ན་དང་ལྡན་ཏེ།


DTG210_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དང་ལམ་ཤེས་པ་དག་ནི་སྔར་བགྲང་ཟིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་ཐམས་ཅད་དུ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅོ་ལྔ་ལ་ནི་ཕ་རོལ་གྱི་སེམས་ཤེས་པ་འཇིག་རྟེན་པ་ལྷག་པར་ལྡན་ནོ། །དེ་ལྟར་བྱས་ན་ཟག་པ་མེད་པའི་སྐད་ཅིག་དང་པོ་ལ་ནི་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་གཉིས་དང་ལྡན་ལ། གཉིས་པ་ནི་བཞི་དང་ལྡན་ནོ་ཞེས་ཐམས་ཅད་དུ་རྒྱས་པར་བརྗོད་པར་བྱའོ། །ལམ་ལ་རྗེས་སུ་ཤེས་པ་ནི་ཟག་མེད་པ་དང་ཡང་ལྡན་ཏེ། དེས་ནི་གནས་སྐབས་དེར་གཞན་གྱི་སེམས་ཤེས་པའི་ཕྱིར་མི་འོང་བའི་འབྲས་བུས་བསྡུས་པ་རྙེད་དོ། །ཡང་གནས་སྐབས་གང་དུ་ཤེས་པ་དུ་དག་གཅིག་ཐོབ་ཅེ་ན་ཞེས་བྱ་བ་འབྱུང་ངོ༌། །ཡང་འཐོབ་པ་ཞེས་བྱ་བ་འདི་དེ་ཡང་ཅི་ཞིག་ཅེ་ན། གང་ཞིག་བརྟན་པ་ཐོབ་པ་རྙེད་པ་ཐོབ་པ་ཞེས་བྱ་བ་ནི་དགེ་བའི་ཆོས་ལ་གོམས་པ་དང་དབང་ཕུན་སུམ་ཚོགས་པའོ། །དེ་ལ་བརྟན་པ་ཐོབ་པ་ནི་མངོན་དུ་གྱུར་པའོ། །རྙེད་པ་ཐོབ་པ་ནི་ལམ་མ་འོངས་པ་ཐོབ་པའོ། །དགེ་བ་འདུས་བྱས་རྣམས་ཏེ་ཉོན་མོངས་པ་ཅན་མ་ཡིན་ཞིང་ལུང་དུ་མ་བསྟན་མ་ཡིན་པའོ། །ཁྱད་པར་འདོད་པའི་འབྲས་བུ་མེད་པའི་ཕྱིར་དགེ་བ་འདུས་མ་བྱས་རྣམས་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་དང་རང་གི་རྒྱུད་ལ་མཉམ་པར་འབྱུང་བ་མི་ལྡན་པའི་ཕྱིར་རོ། །དེའི་རིགས་ཅན་མ་འོངས་པ་འཐོབ་པ་ཡིན་ན་རིགས་གཞན་ནི་མ་ཡིན་ཏེ། ཡུལ་གཞན་ཡིན་ཞིང་བྱ་བ་སོ་སོ་བ་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་གོ །འདི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་ན་བཟོད་པ་དེ་ཉིད་མ་འོངས་པ་དེའི་རྣམ་པ་བཞི་འཐོབ་པར་འགྱུར་རོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་པ་ན་ཡང་དེ་ཉིད་མ་འོངས་པ་དེའི་རྣམ་པ་བཞི་འཐོབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་ལ་བརྗོད་པར་བྱའོ། །བསྒོམ་པའི་ལམ་ལ་ནི་ཤེས་པ་སྐལ་བ་མཉམ་པའི་རྣམ་པ་ཐོབ་པ་ཡང་ཡིན་པས་དེའི་ཕྱིར། ཅིའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་འདྲ་བའི་རྣམ་པ་ཁོ་ན་འཐོབ་ཅེས་དྲིས་ཏེ། ཤེས་པ་ཐུན་མོང་བ་ལས་ཤེས་པའི་རྣམ་པ་ཁོ་ན་དྲིས་ཀྱི་བཟོད་པའི་རྣམ་པ་རྣམས་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདི་


DTG210_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཅིའི་ཕྱིར་མཐོང་བའི་ལམ་ལ་སྐལ་བ་མཉམ་པའི་བཟོད་པ་དང་ཤེས་པའི་རྣམ་པ་དག་འཐོབ་པ་ཉིད་ཡིན་ཞེས་དྲི་བར་བྱ་དགོས་སོ། །རིགས་རྣམས་མ་འཐོབ་པའི་ཕྱིར་ཞེས་བྱ་བ་ལ། ཇི་ལྟར་ན་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་རྣམ་པ་བཞི་ཕན་ཚུན་སྐལ་པ་མཉམ་པ་ཡིན་ཞེ་ན། བཟོད་པ་ལ་སོགས་པས་བསྡུས་པའི་ཕྱིར་དང་དམིགས་པ་ཐ་མི་དད་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ན་དེའི་རིགས་འཐོབ་ཅིང་དེའི་རྣམ་པ་བཞིའི་རིགས་འཐོབ་པར་འགྱུར་གྱི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ལ་མ་ཡིན་ཏེ། རིགས་ཐ་དད་པའི་ཕྱིར་དང་དམིགས་པ་ཐ་དད་པའི་ཕྱིར་རོ། །ཡང་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ལས་རྣམ་པ་གཅིག་མངོན་དུ་གྱུར་ན་རྣམ་པ་ལྷག་མ་རྣམས་ཀྱི་རིགས་འཐོབ་པ་གང་ཡིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དམིགས་པ་མཚུངས་པའི་སྐལ་བ་འདྲ་བ་ཉིད་ཀྱིས་སོ། །འདིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་པ་གང་ཡིན་པ་དེ་ཉིད་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་གནས་པས་དེ་སྐྱེས་པས་ཐམས་ཅད་ཀྱི་རིགས་རྣམས་འཐོབ་པོ་ཞེས་བྱ་སྟེ། དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་པ་ནས་ཇི་སྲིད་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེས་པའི་བར་དུ་དེའི་རིགས་རྣམས་དང་དེའི་རྣམ་པ་རྣམས་འཐོབ་པར་འགྱུར་པས་དེ་ཉིད་བསྒོམ་པར་འགྱུར་རོ། །གཞན་མ་ཡིན་ཞེས་བྱ་བ་ལ། བསྒོམ་པའི་ལམ་ལ་ནི་སྐལ་བ་འདྲ་བ་དང་སྐལ་པ་འདྲ་བ་མ་ཡིན་པའི་ཤེས་པ་ཐམས་ཅད་དང་དེའི་རྣམ་པ་རྣམས་མངོན་དུ་གྱུར་པས་ཐམས་ཅད་ཀྱིས་སྐལ་བ་མཉམ་པའི་རྒྱུ་ཐོབ་པར་འགྱུར་བས་དེར་ཤེས་པའི་རྣམ་པ་ཁྱད་པར་དུ་འཕགས་པ་མ་འོངས་པ་འཐོབ་པར་འགྱུར་རོ། །རིགས་རྣམས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་རྣམས་ཀྱི་སྐད་ཅིག་གཉིས་པ་ལ་སོགས་པ་རྣམས་ལ་བསྒོམ་པས་འཐོབ་པ་མ་ཡིན་པའི་ཕྱིར་དང་ལམ་གྱིས་དྲངས་ཏེ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་ཞེས་བྱ་བ་འདིར་ནི་ཀུན་རྫོབ་ཤེས་པ་ཁྱད་པར་ཅན་གཟུང་གི་ཐམས་ཅད་ནི་མ་ཡིན་ནོ། །


DTG210_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཤེས་པ་དག་ལ་ནི་མ་ཡིན་ཏེ། བདེན་པ་ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། དེ་ནི་བདེན་པ་མངོན་པར་རྟོགས་པའི་མཐར་འཐོབ་ན། ཆོས་ཤེས་པ་དག་ལ་ནི་བདེན་པ་ཟད་པར་མངོན་པར་རྟོགས་པ་མེད་དོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ལ་ཆོས་ཤེས་པ་པ་དག་གིས་ནི་གཟུགས་དང་གཟུགས་མེད་པར་རྟོགས་པའི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་རྣམ་པར་མི་རྟོགས་པས་དོན་བྱས་ཟིན་པ་མ་ཡིན་པའི་ཕྱིར་ཆོས་ཤེས་པ་དག་ལ་མི་འཐོབ་པོ་ཞེས་གཞན་དག་ཟེར་རོ། །དམིགས་པ་དང་རྣམ་པ་པ་རི་ཛ་ཡོ་ཧི་ན་དྷརྨ་ཛྙཱ་ན་ཁ་དྱུ་པི་པ་རི་ས་མཱཔྟ་ཨི་ཏི། ཆོས་ཤེས་པ་ལ་དེ་ཐོབ་པའི་ཕྱིར་མངོན་པར་རྟོགས་པའི་བར་དུ་འགྱུར་གྱི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་མ་ཡིན་ནོ། །དེ་ལ་གཟུགས་ན་སྤྱོད་པའི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་ལས་ཁམས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་སོ། །ཀུན་འབྱུང་བ་ལ་སོགས་པ་རྣམས་ལ་འདོད་པ་ན་སྤྱོད་པ་རྣམས་ནི་རྒྱུད་ཀྱི་སྒོ་ནས་རྒྱུ་ཉེ་བར་བསགས་པའི་རྒྱུད་ལ་དེའི་ཐོབ་པའོ། །ལམ་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་མངོན་པར་མ་རྟོགས་པའི་ཕྱིར་དང་ཞེས་བྱ་བ་ནི། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ཀུན་རྫོབ་ཤེས་པས་མངོན་པར་མ་རྟོགས་པ་རྣམས་སོ། །ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་སུམ་དུ་བྱས་པའི་སྒོ་ནས་ཀྱང་མཐོང་ཞིང་དམིགས་པ་དང་མངོན་པར་རྟོགས་སོ། །འདི་ལྟར་ཕྱི་རོལ་པའི་ལམ་གྱིས་ས་འོག་མ་སྡུག་བསྔལ་གྱི་སྒོ་ནས་ཡོངས་སུ་ཤེས་སོ། །དེ་ལས་གཞན་པས་ཀུན་འབྱུང་སྤོང་བ་དང་འགོག་པ་མངོན་དུ་བྱེད་དོ། །ཡང་ན་མཐོང་ཞིང་དམིགས་པ་དང་མངོན་པར་རྟོགས་པའི་སྒོ་ནས་ཀྱང་མངོན་པར་རྟོགས་པར་བྱེད་དོ། །སྡུག་བསྔལ་གཅིག་བསྟན་པ་སྡུག་བསྔལ་ལས་ཤེས་པས་ས་བོན་ལ་སོགས་པ་རྒྱུའི་སྒོ་ནས་ཤེས་པའི་ཕྱིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བས་ཉོན་མོངས་པ་སྤང་བ་དང་འགོག་པ་ཤེས་པ་སྟེ། གོ་རིམས་བཞིན་དུ་མངོན་པར་རྟོགས་པ་གསུམ་སྐྱེ་བའི་ཕྱིར་རོ། །


DTG210_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ཏུ་ཟག་པ་མེད་པ་ཁོ་ན་མངོན་པར་རྟོགས་པ་མ་ཡིན་ཏེ། ཇི་སྐད་དུ་མདོ་ལས་བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་བརྩམས་ཏེ། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏེ། འདི་ལྟ་སྟེ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཇི་ལྟར་སྡུག་བསྔལ་བ་དེ་ལྟར་སྡུག་བསྔལ་བ་མངོན་པར་རྟོགས་པ་འབྱུང་བས་ཐམས་ཅད་དུ་ངེས་པར་ཡོད་པ་མ་ཡིན་པས་གང་གི་ཕྱིར་འགའ་ཞིག་གི་ཚེ་ལམ་དང་ལམ་མ་ཡིན་པའི་རྣམ་པ་མ་རྟོགས་པས་དེའི་ཕྱིར་འབྲས་བུ་ཐུན་མོང་བ་ཉིད་ཀྱི་ཕྱིར་གསུམ་རྣམས་ལ་རེ་རེ་སྟེ་བདེན་པ་མངོན་པར་རྟོགས་པའི་མཐར་ཀུན་རྫོབ་ཤེས་པ་འཐོབ་པར་འགྱུར་རོ། །ལམ་རྗེས་སུ་ཤེས་པ་ལ་མ་ཡིན་ཏེ། ལམ་ནི་ཐམས་ཅད་དུ་སྔར་མངོན་པར་མ་རྟོགས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་བྱེད་པ་དེ་ལྟ་ན་ཡང་དེ་མངོན་པར་རྟོགས་པ་ཞེས་མི་བྱ་སྟེ། ཉོན་མོངས་པ་སྤང་བའི་སྒོ་ནས་བདེན་པ་རྣམས་མ་མཐོང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་སྤྲིན་དང་བཅས་པའི་མཚན་མོ་གཟུགས་མཐོང་བ་བཞིན་ཞེས་སོ། །གང་གི་དེ་མངོན་པར་རྟོགས་པ་དེའི་རྣམ་པ་ཁོ་ན་དེ་མངོན་པར་རྟོགས་པའི་མཐར་འཐོབ་པོ། །ཟད་པར་མངོན་པར་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ཞེས་བྱ་བར་སྙེགས་སོ། །ལམ་ཐམས་ཅད་ནི་སུས་ཀྱང་བསྒོམ་པར་མི་ནུས་སོ། །གཞན་གྱི་རྒྱུད་ལ་ཡོད་པ་བསྒོམ་པར་མི་ནུས་ལ་རང་གི་རྒྱུད་ལ་ཡོད་པའི་རྙེད་ཟིན་པ་ནི་བརྒྱའི་ཆར་ཡང་མངོན་དུ་བྱ་བར་མི་ནུས་སོ། །དེའི་ཚེ་ཀུན་འབྱུང་ཡང་ཐམས་ཅད་སྤངས་པ་མ་ཡིན་པས་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཚེའོ། །གང་ཞིག་མ་སྤངས་ཞེ་ན་འགོག་པ་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཏེ། དེའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ལྟར་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཚེ་ཡང་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བར་མི་འགྱུར་རོ། །སྡུག་བསྔལ་ནི་ཁམས་གསུམ་པ་སྟེ་སྡུག་བསྔལ་ལ་རྗེས་སུ་ཤེས་པས་ཐམས་ཅད་ཡོངས་སུ་ཤེས་པར་བྱས་པས་དེ་མ་སྨོས་སོ། །དེའི་བདེན་


DTG210_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་པས་སྤང་བར་བྱ་བ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའོ། །འགོག་པ་ཡང་དེ་བཞིན་ཏེ་གཞན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་མངོན་དུ་བྱས་པའོ། །རིགས་མང་བའི་ཕྱིར་ཞེས་བྱ་བ་རིགས་ནི་ནུས་པའི་ཁྱད་པར་དང་ལྡན་པའི་རྒྱུད་ཡིན་ལ། ལམ་འདི་ལ་ཉན་ཐོས་ལ་སོགས་པའི་རིགས་ཀྱི་དབྱེ་བས་རིགས་མང་པོ་ཞིག་ཡོད་པས་ན་རིགས་མང་པོའོ། །ཉན་ཐོས་ཀྱི་རིགས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ལམ་ཐམས་ཅད་ནི་བསྒོམ་པར་མི་ནུས་ཏེ། མངོན་དུ་བྱ་བར་མི་ནུས་ཞེས་བྱ་བའི་ཐ་ཚིག་སྟེ། གང་ཡང་རུང་བ་ཞིག་མངོན་དུ་འགྱུར་ན་གང་ཡང་རུང་བ་ཞིག་གིས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་པའི་ཕྱིར་རོ། །དུས་རིང་པོས་དེ་བསྒོམ་མེད་པའི་ཕྱིར་ཞེས་བྱ་བ་ནི། ཁ་ཅིག་ན་རེ། ཀུན་འབྱུང་གི་བདེན་པ་མ་ལུས་པ་སྤངས་པས་ནི་ལམ་མ་ལུས་པའི་ལམ་བསྒོམ་པ་ཡོད་སྲིད་དོ། །རིགས་དུ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཉིད་ཀུན་རྫོབ་ཤེས་པར་མི་འགྱུར་བས་སྔ་མ་ཁོ་ན་བཟང་ངོ༌། །མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་རོ་ཞེས་ཟེར་ཏེ་ཞེས་བྱ་བ་ནི། ཀུན་རྫོབ་ཤེས་པ་ནི་འདི་ཡིན་ལ་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་ཏེ། དེའི་ཕྱིར་དེར་ནི་འཐོབ་པོ་ཞེས་ཟེར་བའོ། །འདི་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འཁོར་ཁོ་ན་ཡིན་གྱི་བསྒོམ་པའི་ལམ་གྱི་འཁོར་རམ་ལམ་གཉི་གའི་འཁོར་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། གཅིག་ཏུ་མཐོང་བའི་ལམ་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་མཐོང་བའི་ལམ་གྱིས་འཁོར་ཟག་པ་དང་བཅས་པ་ཉིད་ཡིན་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གཅིག་ཁོ་ནར་དེ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་ཞེས་བྱ་བ་ལ་ཅིའི་ཕྱིར་ཞེ་ན། དེའི་རྟེན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། དེ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་རྟེན་ཁོ་ནས་མངོན་དུ་བྱེད་པ་སྲིད་ན། མཐོང་བའི་ལམ་ན་ནི་དེ་དག་སྐྱེ་བའི་གོ་སྐབས་མེད་དེ། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་རྟེན་དག་ཀྱང་དེའི་གོང་རོལ་ན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་དེ་མི་


DTG210_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་ཆོས་ཅན་ཉིད་ཡིན་ནོ། །ཇི་ལྟར་དེ་ཐོབ་པ་ཡིན་ཞེས་བྱ་བ་ནི། གལ་ཏེ་མངོན་དུ་མི་བྱེད་ན་སྙམ་དུ་བསམས་པའོ། །མ་རྙེད་པ་ལས་རྙེད་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བར་སྔ་མ་རྙེད་པ་ལས་བདེན་པ་གསུམ་མངོན་པར་རྟོགས་པའི་མཐར་རྙེད་པས་མ་རྙེད་པ་ལས་རྙེད་པ་ཞེས་བྱའོ། །ཇི་ལྟར་རྙེད་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་སྐྱེ་བའི་ནུས་པ་ཐོབ་པ་ཉིད་ནི་རྙེད་པའོ། །དེ་སྐྱེ་བའི་ནུས་པ་རྙེད་ན་ཇི་ལྟར་མངོན་དུ་མི་བྱེད། འོན་ཏེ་མངོན་དུ་མི་བྱེད་ན་ཇི་ལྟར་རྙེད་དེ་མི་རྙེད་པ་ཉིད་དོ་སྙམ་དུ་བསམས་པའོ། །འཐོབ་པའི་སྒོ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་གནས་སྐབས་དེར་དེའི་འཐོབ་པ་སྐྱེ་སྟེ། དེས་ན་དེའི་ཚེ་རྙེད་དོ་ཞེས་བརྗོད་ཀྱི་སྐྱེའོ་ཞེས་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་རྙེད་པ་དེའི་ཕྱིར་རྙེད་དོ་ཞེས་བྱ་བ་ནི་ཐོབ་པ་དང་རྙེད་པའི་སྒྲ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྟོན་པ་འདི་ནི་སྔོན་མ་བྱུང་བའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་རིག་པ་དང་བྲལ་བའི་ཕྱིར་རམ་སྔར་མ་ཐོས་པའི་ཕྱིར་སྔོན་མ་བྱུང་བ་སྟེ། སྔར་སུས་ཀྱང་དེ་ཉིད་ངེས་པར་བྱ་བའི་ཕྱིར་དེ་ཉིད་མ་བསྟན་པས་སྟོན་པ་མངོན་དུ་མ་བྱུང་བའི་རྣམ་པ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། དེའི་ཐོབ་པ་རྙེད་པའི་ཕྱིར་མངོན་དུ་གྱུར་པའི་སྐབས་ཡོད་པ་ནི་དབང་དུ་གྱུར་པ་ཉིད་དེ་ལྟར་རྟོགས་པ་ཡིན་གྱི། དེའི་མངོན་དུ་གྱུར་པའི་སྐབས་ཡོད་པས་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཐོབ་པ་ཞེས་བྱ་སྟེ་མངོན་དུ་གྱུར་བའི་ཁྱད་པར་རྟོགས་པའི་ཕྱིར་ཆོས་ཁ་ཅིག་གི་ཐོབ་པ་ནི་ཅིག་ཅར་མངོན་དུ་འགྱུར་རོ། །དཔེར་ན་ཟད་མི་ཤེས་པ་ཁ་ཅིག་གི་ཐོབ་པ་མངོན་དུ་འགྲོ་བ་ཅན་མངོན་དུ་གྱུར་པ་དང༌། དེ་བཞིན་དུ་མི་སྐྱེ་བ་ཤེས་པ་དང་སློབ་པའི་ཡང་དག་པའི་ལྟ་བ་དག་གི་ཁམས་ཐམས་ཅད་ལས་ཁ་ཅིག་གི་ཐོབ་པ་མེད་པར་མངོན་དུ་གྱུར་པ་ཡོད་པ་མ་ཡིན་པ་ལྟ་བུའོ། །ཡང་དབང་དུ་གྱུར་པ་ཉིད་ཅེས་བྱ་བ་ཅི་ཞེ་ན། གལ་ཏེ་དེ་སྐྱེད་པའི་ནུས་པ་དེའི་ལམ་གྱི་ཁྱད་པར་ཁོ་ན་ལས་འདིར་འགྱུར་པའོ། །ཡང་ཐོབ་པ་ཡོངས་སུ་རྟོགས་པས་ཅི། འོན་ཏེ་ཐོབ་པ་ཉིད་དོ་ཞེ་ན། དེ་ལྟ་ན་ཡང་བརྗོད་པར་མི་བྱའོ། །དེའི་ཐོབ་པ་རྙེད་པའི་ཕྱིར་མངོན་དུ་གྱུར་པའི་སྐབས་ཡོད་


DTG210_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དབང་དུ་གྱུར་པ་ཉིད་རྟོགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་རྟེན་གྱི་སྐྱེད་པས་དེ་ལྟ་ན་འདི་མི་སྒྲུབ་པོ། སྔོན་གྱི་སློབ་དཔོན་རྣམས་ཇི་སྐད་ཟེར་བ་ཞེས་ཟེར་བ་ནི། རྣལ་འབྱོར་སྤྱོད་པ་པ་རྣམས་ནི་མཐུའི་སྒོ་ནས་ཀུན་རྫོབ་ཤེས་པ་འཐོབ་ཀྱི། མངོན་དུ་གྱུར་པའི་སྒོ་ནས་ནི་མ་ཡིན་ཏེ། ལངས་པས་མངོན་དུ་བྱེད་པའི་ཕྱིར་རོ། །ཆོས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ནི་གཞན་འཇིག་རྟེན་པའི་ཀུན་རྫོབ་ཤེས་པ་པས་ཞེས་བྱ་བའི་ཐ་ཚིག་གོ །གཞན་ནི་བདེན་པ་མཐོང་བའི་བདེན་པ་མི་དམིགས་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པའི་ཕྱིར་རྟོག་པ་ལ་དཔྱོད་པ་ཡིན་པས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཐོབ་པ་མེད་ན་ཇི་ལྟར་མ་འོངས་པ་དེ་རྙེད་ཅེ་ན་དེའི་ཕྱིར། དེ་ཉིད་དེ་རྙེད་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །རིགས་ལས་བྱུང་བ་ཡང་རྙེད་པ་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་འཐོབ་པ་དང་ལྡན་པ་རྙེད་པ་བཞིན་ནོ་སྙམ་དུ་བསམས་པའོ། །རིགས་ནི་དེ་སྐྱེད་པར་ནུས་པའི་རྒྱུའོ། །དེ་ནས་བྱུང་བ་ནི་རིགས་ལས་བྱུང་བའོ། །འདི་སྐད་བསྟན་པར་འགྱུར་ཏེ་དེ་མངོན་སུམ་དུ་འབྱུང་བར་ནུས་པའི་རྟེན་རྙེད་ན་རྟེན་དེས་སྐྱེས་པ་དེ་ཡང་རྙེད་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་མི་འདོད་དོ་ཞེས་བྱ་བ་ནི་དེ་ནི་མཐོང་བའི་ལམ་གྱིས་ཐོབ་པར་བྱ་བ་ཡིན་ནོ། །དེ་བསྒོམ་པའི་ལམ་དུ་ཇི་ལྟར་མངོན་སུམ་དུ་བྱེད་པར་འགྱུར། དེ་ཉིད་ཀྱི་ཕྱིར་དེ་མི་སྐྱེ་བའི་ཆོས་ཅན་དུ་རྣམ་པར་གཞག་གོ་ཞེའོ། །ས་དུ་པའི་ཀུན་རྫོབ་ཤེས་པ་དེ་འཐོབ་ཅེ་ན། མཐོང་བའི་ལམ་འདོད་པ་ན་སྤྱོད་པས་མཚུངས་པས་བདུན་པའོ། །ཅིག་ཅར་ཐམས་ཅད་འཐོབ་བམ་ཅི་ཞེ་ན་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མཐོང་བའི་ལམ་གོང་གིས་ས་པ་ཡིན་པ་ཞེས་རྒྱས་པར་འབྱུང་སྟེ། འདི་ལྟར་མཐོང་བའི་ལམ་བསམ་གཏན་བཞི་པའི་ས་པ་ཡིན་ན་ཞེས་བྱ་བ་ལ་སོགས་པའོ། །མཐོང་བའི་ལམ་བསམ་གཏན་དང་པོའི་ས་པ་ཡིན་ན་ས་གསུམ་པའི་འཐོབ་སྟེ། འདོད་པ་ན་སྤྱོད་པ་དང་མི་ལྕོགས་པ་མེད་པ་དང་བསམ་གཏན་དང་པོའི་ས་པ་རྣམས་སོ། །བསམ་གཏན་ཁྱད་པར་ཅན་གྱི་ས་པ་ཡིན་ན་རྣམ་པ་བཞི་སྟེ། བཤད་མ་ཐག་པ་རྣམ་པ་གསུམ་པ་དང་བསམ་གཏན་ཁྱད་པར་ཅན་གྱི་ས་པའོ། །


DTG210_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུམ་པའི་ས་པ་རེ་རེ་ལ་འཕེལ་བས་བསམ་གཏན་བཞི་པའི་ས་པའི་བར་དུ་རང་གི་ས་པ་དང་འོག་མའི་ས་པ་རྣམས་ཏེ་དྲུག་འཐོབ་པོ། །ཡང་མཐོང་བའི་ལམ་གང་ཡིན་པས་རང་དང་ས་འོག་མའི་འཐོབ་ཀྱི་ས་གོང་མ་པའི་མ་ཡིན་པ་རྒྱུ་ཅི་ཞེ་ན། མཐོང་བའི་ལམ་ནི་རང་དང་འོག་མའི་ས་པའི་ཀུན་རྫོབ་ཤེས་པ་ཡང་ས་དེ་ལ་བརྟེན་ནས་ནུས་པའི་བདག་ཉིད་དུ་བྱེད་ཀྱི། ས་གོང་མ་ཁྱད་པར་དུ་གྱུར་པའི་ཕྱིར་ས་གོང་མ་ལས་མ་ཡིན་ནོ། །དེའི་ཕྱིར་རང་དང་འོག་མའི་ས་པ་ཁོ་ནའི་འཐོབ་ཀྱི་གོང་མའི་ས་པའི་མ་ཡིན་ནོ། །འགོག་པ་མངོན་པར་རྟོགས་པ་ཞེས་རྒྱས་པར་འབྱུང་བ་ལ། འགོག་པ་ནི་ལུས་དང་སེམས་དང་ཚོར་བ་དང་མཚན་ཉིད་མི་མཐུན་པའི་ཕྱིར་དམིགས་པའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་ལྷག་མ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་རྣམས་སོ། །སྡུག་བསྔལ་དང་ཀུན་འབྱུང་བ་དག་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དྲན་པ་ཉེ་བར་གཞག་པ་རྣམས་ཏེ་ཕུང་པོ་ལྔ་ལ་དམིགས་པའི་ཕྱིར་རོ། །རང་བདེན་རྣམ་ཅན་ཞེས་བྱ་བ་ནི་གང་ཞིག་བདེན་པ་གང་མངོན་པར་རྟོགས་པས་འཐོབ་པ་དེའི་ནི་དེ་རང་གི་བདེན་པ་སྟེ། སྡུག་བསྔལ་མངོན་པར་རྟོགས་པ་ན་ཀུན་རྫོབ་ཤེས་པ་གང་འཐོབ་པ་དེ་ནི་མི་རྟག་པ་ལ་སོགས་པའི་རྣམ་པའོ། །དེ་བཞིན་དུ་ཀུན་འབྱུང་བ་དང༌། འགོག་པ་ལ་ཡང་བརྗོད་པར་བྱའོ། །དེའི་དམིགས་པ་ཡང་བདེན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དེའི་དམིགས་པ་ཅན་མ་ཡིན་པ་ནི་དེའི་རྣམ་པ་ཅན་ཉིད་དུ་མི་རུང་བའི་ཕྱིར་རོ། །རྣམ་པ་ནི་དམིགས་པ་འཛིན་པའི་རྣམ་པའོ། །འབད་ལས་བྱུང་ཞེས་བྱ་བ་ནི་སྐྱེ་བས་ཐོབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལ་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་ཕུང་པོ་བཞིའི་རང་བཞིན་ནོ། །གཟུགས་ན་སྤྱོད་པ་ནི་བསམ་གཏན་གྱིས་བསྡམ་པའི་གཟུགས་ཡོད་པའི་ཕྱིར་ཕུང་པོ་ལྔ་པ་ཡིན་ནོ། །ཆགས་བཅས་བཅུ་དྲུག་པ་ལ་དྲུག་ཅེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའོ། །ཕྱིར་མི་འོང་བ་ནི་འདིར་མི་


DTG210_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་སྟེ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཤེས་པ་གཉིས་དེ་ལྟར་བྱུང་བ་ཡིན་ལ་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པ་ཁོ་ན་གཉིས་སུ་བརྩིའོ། །ལམ་ཤེས་པ་དང་རྗེས་སུ་ཤེས་པ་ཡང་ངོ༌། །མ་འོངས་པ་དྲུག་འཐོབ་སྟེ་ཞེས་བྱ་བ་ནི། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བས་ཤེས་པ་དྲུག་འཐོབ་པ་དེའི་ཕྱིར་དེ་དག་ཉིད་མ་འོངས་པ་འཐོབ་སྟེ། ཆེས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཐོབ་པ་དག་སྐྱེ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་ནི་བྲལ་བས་བདུན་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་དྲུག་པ་ཁོ་ན་ལ་སྟེ། མཐོང་བའི་ལམ་ལ་ནི་འདོད་ཆགས་དང་བྲལ་བས་ཀྱང་གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། དེ་མངོན་སུམ་དུ་བྱ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ་དེ་ན་ཡང་དེའི་སྐབས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་ལ་ཡང་མི་འཐོབ་པོ། །དེ་ཡང་ཟག་པ་མེད་པ་ཁོ་ན་ཞེས་བྱ་བ་སྟེ། ལྷག་མ་བཅུ་དྲུག་པ་ལ་ཀུན་རྫོབ་ཤེས་པ་བཀག་པའི་ཕྱིར་རོ། །ཇི་སྲིད་འདོད་ཆགས་དང་བྲལ་བར་མ་གྱུར་པ་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ལམ་དགུ་པ་འདོད་ཆགས་དང་བྲལ་བ་ཡིན་ན། དེའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་མ་གཏོགས་པ་གཞན་གང་དག་འདོད་པའི་འདོད་ཆགས་དང་བྲལ་བར་བྱེད་པ་སྦྱོར་བའི་ལམ་ལ་སོགས་པ་དེ་དག་ཏུ་གཞན་གྱི་སེམས་ཤེས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་མ་གཏོགས་པ་ཤེས་པ་བདུན་འཐོབ་པོ། །བསྒོམ་པའི་ལམ་གྱི་འབྲས་བུ་ནི་བདེན་པ་གསུམ་མངོན་པར་རྟོགས་པ་བཞིན་དུ་ཀུན་རྫོབ་ཤེས་པ་ཐུན་མོང་བ་སྟེ། དེའི་ཕྱིར་ལམ་ཤེས་པ་ལ་ཡང་བསྒོམ་པའི་ལམ་ལ་ཀུན་རྫོབ་ཤེས་པ་འཐོབ་པོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འཕགས་པས་འཇིག་རྟེན་པའི་ལམ་གྱི་འདོད་པར་གཏོགས་པའི་བསྒོམ་པས་སྤང་བར་བྱ་བ་ཟད་པར་བྱེད་ན་དེའི་ཕྱིར་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ལས་འདས་པས་ཟད་པར་བྱེད་ན་དེའི་ཕྱིར་ཆོས་ཤེས་པ་བཞི་ལས་ཞེས་བྱ་བ་སྟེ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་ལ་ཆོས་ཤེས་པ་རྣམས་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ཏེ། འདོད་


DTG210_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བཅས་པའི་བསྒོམ་པའི་ལམ་ནི་འདོད་པའི་སྡུག་བསྔལ་ལ་སོགས་པའི་སྤྱོད་ཡུལ་ཅན་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པ་ནི་མཐོང་སྟེ། དེ་ནི་འདོད་ཆགས་དང་མ་བྲལ་བ་མེད་པའི་ཕྱིར་རོ། །དེ་དག་ཉིད་དོ་ཞེས་བྱ་བ་ནི་ཆོས་དང༌། རྫས་དང་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཀུན་རྫོབ་ཤེས་པ་རྣམས་སོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་ཡང་གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། དེ་ནི་བར་ཆད་མེད་པའི་ལམ་ལ་བཀག་པའི་ཕྱིར་རོ། །གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་བསྒོམ་པའི་ལམ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་ས་བདུན་ལས་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཅི་རིགས་པར་གལ་ཏེ་བསྒོམ་པའི་ལམ་འཇིག་རྟེན་པ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ཞིག་ཡིན་ན་ནི་རྗེས་སུ་ཤེས་པ་བཞི་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་རྗེས་སུ་ཤེས་པ་རྣམས་ལས་གང་ཡང་རུང་བ་ཞིག་སྟེ། ཐམས་ཅད་ཅིག་ཅར་མངོན་སུམ་དུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ཆོས་ཤེས་པ་གཉིས་ལས་ཞེས་བྱ་བ་ནི་འགོག་པ་དང་ལམ་དག་གི་ཆོས་ཤེས་པ་དག་ལ་ཞེས་བྱ་བའོ། །སྲིད་པའི་རྩེ་མོའི་གཉེན་པོ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་རྫོབ་ཤེས་པ་སྲིད་པའི་རྩེ་མོའི་གཉེན་པོ་མེད་དེ། ས་གོང་མའི་ཉེར་བསྡོགས་མེད་པའི་ཕྱིར་ལ། མི་གཡོ་བའི་སེམས་རྣམ་པར་གྲོལ་བ་ཡང་སྲིད་པའི་རྩེ་མོའི་གཉེན་པོས་རབ་ཏུ་ཕྱེ་བ་ཡིན་ནོ། །དེར་ནི་ཟད་པ་ཤེས་པ་བདུན་པ་ཡིན་པར་རིག་པར་བྱའོ། །ཡང་ཅིའི་ཕྱིར་དེར་ཟད་པ་ཤེས་པ་ཁོ་ན་འཐོབ་ཀྱི་མི་སྐྱེ་བ་ཤེས་པ་ཡང་མི་འཐོབ་ཅེ་ན། མི་གཡོ་བའི་ཆོས་ཅན་གྱི་རྟོགས་པའི་ཕྱིར་བར་ཆད་མེད་པའི་ལམ་ལ་གནས་པ་ཡང་སྟེ། འདི་མ་ལུས་པ་དུས་ཀྱི་རྣམ་པར་གྲོལ་བ་ཉིད་དོ། །མི་གཡོ་བའི་ཆོས་ཅན་གྱིས་ཀྱང་མི་སྐྱེ་བ་ཤེས་པ་འཐོབ་པོ། །བར་ཆད་མེད་པའི་ལམ་ལ་གནས་པ་འདི་ནི་མི་གཡོ་བའི་ཆོས་ཅན་མ་ཡིན་པས་དེར་མི་སྐྱེ་བ་མི་འཐོབ་པོ། །ཤེས་པ་བདུན་འཐོབ་པོ་ཞེས་བྱ་བ་ནི། ཀུན་རྫོབ་དང་ཟད་པ་དང་ཤེས་པ་མི་སྐྱེ་ཤེས་


DTG210_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་གཏོགས་པའོ། །གལ་ཏེ་ཀུན་རྫོབ་ཤེས་པ་མི་འཐོབ་ན་གཞན་གྱི་སེམས་ཤེས་པ་ཇི་ལྟར་འཐོབ་ཅེ་ན། གཞན་གྱི་སེམས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་དང༌། ཟག་པ་མེད་པ་ཡིན་པས་འཐོབ་པའི་ཀུན་རྫོབ་ཤེས་པ་སྲིད་པའི་རྩེ་མོའི་གཉེན་པོ་ནི། ཡོད་པ་མ་ཡིན་པས་མི་འཐོབ་པོ། །རེ་ཞིག་རིག་པ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཤེས་པ་མངོན་དུ་གྱུར་པ་ན་འགོག་པ་དང་ལམ་གྱི་ཆོས་ཤེས་པ་གང་ཡིན་པ་འཐོབ་པོ། །དེ་དག་ཀྱང་དེའི་སྤང་བ་གཉེན་པོ་ཡིན་པའི་ཕྱིར་རྗེས་སུ་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་ཆོས་ཤེས་པ་དག་གཟུགས་དང་གཟུགས་མེད་པའི་ཁམས་དག་གི་མ་ཡིན་ནོ། །དེ་དག་ཇི་ལྟར་དེའི་གཉེན་པོ་མངོན་དུ་བྱེད་ཅེ་ན། མ་འོངས་པ་འཐོབ་པར་རུང་ངོ༌། །སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བས་ཀྱང་ཀུན་རྫོབ་ཤེས་པ་ཐོབ་པ་ཐལ་བར་འགྱུར་རོ། །འདི་མེད་དེ་གཉེན་པོ་དེ་ཉིད་མ་འོངས་པ་ཐོབ་པར་ཁས་བླངས་པ་མེད་དོ། །དེ་ལ་རག་ལས་པའི་ཕྱིར་མ་འོངས་པ་འཐོབ་པ་ཡིན་ནོ། །ཇི་ལྟར་མཐོང་བའི་ལམ་ལ་ཀུན་རྫོབ་ཤེས་པ་རྣམས་རྒྱུ་ཉེ་བར་བསགས་པའི་སྒོ་ནས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་སྡུག་བསྔལ་ཀུན་འབྱུང་ལ་ཆོས་ཤེས་པ་དག་ལྟ་བུའོ། །གལ་ཏེ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལ་རྗེས་སུ་ཤེས་པ་མི་འཐོབ་ན། མཐར་གྱིས་པའི་ཕྱིར་མི་འོང་བ་ལ་རྗེས་སུ་ཤེས་པ་མངོན་དུ་གྱུར་པ་དང༌། དགྲ་བཅོམ་པ་ཡང་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དག་ཏུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྔར་ཐོབ་པ་ཉམས་པའི་ཕྱིར་དང༌། སྔོན་མེད་པ་མ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་རིགས་ཐོབ་པ་ནི་ཤེས་པའི་སྐལ་བ་མཉམ་པའི་རྒྱུའི་སྒོ་ནས་ཤེས་པ་སྔ་མའི་རྒྱུ་མཐུན་པའི་འབྲས་བུ་ངོ་བོར་སྐྱེས་པའོ། །རྒྱུ་ཉེ་བར་བསགས་པ་ནི་གཉེན་པོ་མ་ཡིན་ཡང་མ་འོངས་པ་ན་འཐོབ་པ་ཡིན་ནོ། །ཀུན་རྫོབ་ཤེས་པ་ནི་གཉི་ག་དག་གིས་ཞེས་བྱ་བ་ནི་ཤེས་པའི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་


DTG210_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་དག་གི་རྣམ་པར་གྲོལ་བའི་ལམ་ལ་འཐོབ་པའོ། །ཅིའི་ཕྱིར་འཇིག་རྟེན་པའི་ལམ་གྱིས་ཀྱང་སོ་སོ་སྐྱེ་བོ་རྣམས་དབང་པོ་སྦྱོར་བ་བྱེད་ཅེ་ན། ཁ་ཅིག་ན་རེ། འབྲས་བུ་ཐུན་མོང་བ་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ་ཞེས་ཟེར་རོ། །སྦྱོར་བའི་ལམ་ལ་དེ་གཉིས་ཀྱིས་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་དེ་གཉིས་ཀས་ཀྱང་དབང་པོ་སྤྱོད་པའི་སྦྱོར་བའི་ལམ་ལ་སྔར་བཤད་པ་ཆོས་དང་རྗེས་སུ་ཤེས་པ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །དེ་ལྟར་ན་འདོད་ཆགས་དང་བྲལ་བས་ནི་སྦྱོར་བའི་ལམ་ཤེས་པ་བདུན་འཐོབ་པོ། །འདོད་ཆགས་དང་བྲལ་བས་ནི་བརྒྱད་འཐོབ་པོ། །གལ་ཏེ་སྦྱོར་བའི་ལམ་ལ་ཀུན་རྫོབ་ཤེས་པ་འཐོབ་ན་རྣམ་པར་གྲོལ་བའི་ལམ་ལ་ཅིའི་ཕྱིར་རྩོད་ཅེ་ན། མཐོང་བའི་ལམ་དང་འདྲ་བའི་ཕྱིར་ཏེ་མཐོང་བའི་ལམ་ལ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་འཐོབ་པོ། །གཞན་དག་ན་རེ་འདིར་མངོན་པར་རྟོགས་པ་ཡོད་པ་མ་ཡིན་པས་མཐོང་བའི་ལམ་དང་འདྲ་བ་ཞེས་རྩོད་དོ་ཞེས་ཟེར་རོ། །མཐོང་བའི་ལམ་དང་འདྲ་བའི་ཕྱིར་རོ་ཞེས་བྱ་བ་དབང་པོ་དག་སྦྱོང་བ་ན་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ལས་གང་ཡང་རུང་བ་འབྲས་བུ་འདུས་བྱས་དབང་པོ་རྣོན་པོས་བསྡུས་པ་འཐོབ་པོ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་འདྲ་བ་ཡིན་ནོ། །དེར་བར་ཆད་མེད་པའི་ལམ་ལ་ཀུན་རྫོབ་ཤེས་པ་འཐོབ་པ་ཡང་མ་ཡིན་པ་དེ་བཞིན་དུ་འདིར་ཡང་བར་ཆད་མེད་པའི་ལམ་ལ་ཀུན་རྫོབ་ཤེས་པ་འཐོབ་པ་མེད་དོ། །གཉེན་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་ནི་མངོན་པར་ཤེས་པའི་བདག་ཉིད་ཡིན་པ་ཉིད་ཀྱིས་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་ཕྱིར་གཉེན་པོ་ཡིན་པ་ཉིད་དེ། འདིར་ནི་སྤོང་བའི་གཉེན་པོ་ལ་གཉེན་པོར་འདོད་དོ། །དེ་བཞིན་སྲིད་རྩེ་རྣམ་རྒྱལ་ལ། །ཞེས་བྱ་བ་ནི་ཇི་ལྟར་དབང་པོ་སྤྱོད་ན་འདོད་ཆགས་དང་མ་བྲལ་བས་རྣམ་པར་གྲོལ་བའི་ལམ་དང༌། འདོད་ཆགས་དང་བྲལ་ཡང་རུང་བས་བར་ཆད་མེད་པའི་ལམ་ལ་ཤེས་པ་དྲུག་འཐོབ་པ་དེ་བཞིན་དུ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་རྣམས་ལ་ཡང་ཆོས་དང་རྗེས་དང་སྡུག་


DTG210_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་པ་དྲུག་ཁོ་ན་འཐོབ་པོ། །གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། བར་ཆད་མེད་པའི་ལམ་ལ་བཀག་པའི་ཕྱིར་རོ། །ཀུན་ཤེས་པ་ཡང་མི་འཐོབ་སྟེ། །སྲིད་པའི་རྩེ་མོ་གཉེན་པོ་མ་ཡིན་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་དག་ཏུ་ཀུན་ཏུ་སྦྱོར་བ་མི་ཟད་པའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཀྱང་མི་འཐོབ་པོ། །ཟད་པ་ཤེས་པ་ལ་དགུའོ་ཞེས་བྱ་བ་དུས་ཀྱིས་རྣམ་པར་གྲོལ་བས་ནི་ཟད་པ་ཤེས་པ་ལ་ཤེས་པ་དགུ་འཐོབ་པར་འགྱུར་ཏེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་མི་སྐྱེ་བ་ཤེས་པ་ནི་མ་ཡིན་ནོ། །ཟག་པ་ཟད་པ་ཤེས་པའི་ས་ཐམས་ཅད་པའི་ཡོན་ཏན་ཟག་པ་དང་བཅས་པ་རྣམས་འཐོབ་པར་འགྱུར་བའི་ཕྱིར་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ། །དུས་ཀྱིས་རྣམ་པར་གྲོལ་བ་གང་ཞིག་མི་གཡོ་བ་ཉིད་དུ་འཕོ་བ་དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལ་ཡང་མི་སྐྱེ་བ་ཤེས་པ་བསྣན་ཏེ་བཅུ་འཐོབ་པོ། །བཤད་པའི་ལྷག་མ་ལ་བརྒྱད་འཐོབ་ཅེས་བྱ་བ་ལ་བཤད་པའི་ལྷག་མ་ནི་བཤད་པ་ལས་གཞན་མ་བཤད་པའོ། །བཤད་པ་ལྷག་མ་དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་པོ་ཐམས་ཅད་འཐོབ་པོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་དགུ་པ་ཞེས་བྱ་བ་འབྱུང་ངོ༌། །ཇི་ལྟར་ཞེ་ན། དེའི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་པོ། །ཞེས་འབྱུང་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་དགུ་པ་ལྷག་མ་ཡིན་ནོ། །དེ་བཞིན་དུ་ས་བདུན་པོ་ལས་འདོད་ཆགས་དང་བྲལ་བ་དང་མངོན་པར་ཤེས་པ་དང༌། སྤེལ་མར་བསྒོམ་པ་དག་གིས་རྣམ་པར་གྲོལ་བའི་ལམ་རྣམས་ཀྱང་ལྷག་མ་ཡིན་ནོ། །ཇི་ལྟར་ཞེ་ན། ས་བདུན་ལས་རྒྱལ་མངོན་ཤེས་དང༌། །མི་གཡོ་འཐོབ་དང་སྤེལ་བསྒོམ་པའི། །བར་ཆད་མེད་པའི་ལམ་དག་དང༌། །ཞེས་འབྱུང་བའི་ཕྱིར་རོ། །ས་བདུན་ལས་རྒྱལ་བ་ལ་སོགས་པ་རྣམས་ལ་རྣམ་པར་གྲོལ་བའི་ལམ་རྣམས་ལྷག་མ་ཡིན་ནོ། །དེ་བཞིན་དུ་མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལྷག་མ་ཡིན་ཏེ། འདི་ག་ལས་ཤེ་ན། དེའི་རྣམ་པར་གྲོལ་བའི་ལམ་ཐ་མ་ཡང་བཅུ་འཐོབ་པོ་ཞེས་འབྱུང་བའི་ཕྱིར་མི་གཡོ་བ་རྟོགས་


DTG210_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་རྣམ་པར་གྲོལ་བའི་ལམ་བརྒྱད་ལྷག་མ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་སྦྱོར་བ་དང་ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལྷག་མ་ཡིན་ཏེ་མ་བཤད་པའི་ཕྱིར་རོ། །ཤེས་པ་བརྒྱད་མ་འོངས་པ་འཐོབ་པས་འཐོབ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །སློབ་པའི་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ། ཅི་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་པོ་རྣམས་འཐོབ་བམ་ཞེ་ན། མི་སློབ་པའི་ཡང་མངོན་པར་ཤེས་པ་ལ་སོགས་པའི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་རྣམས་སུའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དེ་ལས་མར་བསྒོམ་པ་ལ་སོགས་པ་བསྡུའོ། །མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང༌། །དེ་ལ་བསྒོམ་པའི་སྦྱོར་བ་དང༌། །རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་གང་དག་ཡིན་པ་དེ་དག་ལ་ཤེས་པ་དགུའམ་བཅུ་མ་འོངས་པ་ཐོབ་པས་འཐོབ་སྟེ། དུས་ཀྱིས་རྣམ་པར་གྲོལ་བས་ནི་མི་སྐྱེ་བ་ཤེས་པ་མ་གཏོགས་པ་དགུ་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གྱིས་ནི་མི་སྐྱེ་བ་ཤེས་པ་བསྣན་ཏེ་བཅུ་འཐོབ་པོ། །བརྒྱད་དམ་དགུ་འཐོབ་པོ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བས་ནི་གཞན་གྱི་སེམས་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་འཐོབ་པོ། །མི་གཡོ་བའི་ཆོས་ཅན་གྱིས་ནི་གཞན་གྱི་སེམས་ཤེས་པ་མ་གཏོགས་པ་དགུ་འཐོབ་སྟེ། དེ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་ལ་བཀག་པ་ཡིན་ནོ། །མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་རྣམས་ལ་ཤེས་པ་དགུ་འམ་བཅུ་འཐོབ་པོ་ཞེས་ཁྱད་པར་མེད་པར་སྨོས་པའི་ཕྱིར་མིག་དང་རྣ་བའི་མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་མངོན་པར་ཤེས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །མིག་དང་རྣ་བའི་མངོན་པར་ཤེས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་པས་དེའི་ཕྱིར་དེ་དག་གིས་རྣམ་པར་གྲོལ་བའི་ལམ་ལུང་དུ་མ་བསྟན་པ་ཡིན་ལ། ཆོས་ལུང་དུ་མ་བསྟན་པ་ལ་ནི་མ་འོངས་པ་ཐོབ་པ་མེད་དོ། །ལུང་བསྟན་མིན་ནི་ཐོབ་ལྷན་ཅིག་སྐྱེ་ཞེས་འབྱུང་བའི་ཕྱིར་རོ། །སོ་སོ་སྐྱེ་བོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདོད་པ་ལས་འདོད་ཆགས་དང་བྲལ་བ་དང་


DTG210_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་རྣམས་ལ་ཀུན་རྫོབ་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་མ་འོངས་པ་འཐོབ་པོ། །ཡང་བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བའི་ཡང་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་བསྒོམ་པ་མེད་པའི་ཕྱིར་རོ། །གང་དུ་ས་བདུན་ལས་རྒྱལ་འཕགས་པ་ནི་གཟུགས་མེད་པས་བསྡུས་པའི་རྣམ་པར་གྲོལ་བའི་ལམ་རྣམས་སུ་གཞན་གྱི་སེམས་ཤེས་པ་བསྒོམ་པར་གསུངས་པ་དེ་ཟག་པ་མེད་པའི་གཞན་གྱི་སེམས་པའི་དབང་དུ་བྱས་ཏེ་དེ་ལྟར་སྦྱོར་བའི་མཐའོ། །མངོན་པར་ཤེས་པ་གསུམ་གྱིས་རྣམ་པར་གྲོལ་བའི་ལམ་རྣམས་དང༌། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་ནི། སྦྱོར་བ་རྣམས་དང་མངོན་པར་ཤེས་པ་གསུམ་གྱིས་རྣམ་པར་གྲོལ་བའི་ལམ་རྣམས་དང༌། ཚད་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་ཏེ། བསམ་གཏན་གྱི་ས་པ་དེ་རྣམས་ལ་ཀུན་རྫོབ་ཤེས་པ་མ་འོངས་པ་དང་གཞན་གྱི་སེམས་པ་ཐོབ་པོ། །བསམ་གཏན་གྱི་ས་པ་དག་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། གཞན་གྱི་སེམས་ཤེས་པ་ཉེར་བསྡོགས་ཀྱི་ས་པ་མེད་པར་སྟོན་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་གལ་ཏེ་དང་པོའི་སྦྱོར་བ་ཡིན་ན་ནི་ཀུན་རྫོབ་ཤེས་པ་དང་གཞན་གྱི་སེམས་ཤེས་པ་འཐོབ་པོ། །གལ་ཏེ་བསམ་གཏན་གཉིས་པའི་ཉེ་བར་བསྡོགས་ཀྱི་སྦྱོར་བ་ཡིན་ན་ནི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་པོ། །བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཡུལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བར་བྱ་བ་ལ་གལ་ཏེ་དེ་ཉིད་སྦྱོར་བ་ཡིན་ན་ནི་ཀུན་རྫོབ་དང་གཞན་གྱི་སེམས་ཤེས་པ་དག་ཐོབ། གོང་མའི་ཉེར་བསྡོགས་ཀྱི་ཡིན་ན་ནི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་པོ། །མངོན་པར་ཤེས་པ་གསུམ་གྱིས་རྣམ་པར་གྲོལ་བའི་ལམ་ལ་ཡང་ཤེས་པ་གཉིས་ཁོ་ན་འཐོབ་པོ། །མངོན་པར་ཤེས་པ་གསུམ་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང༌།


DTG210_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང༌། སེམས་ཀྱི་རྣམ་པ་ཤེས་པའོ། །ཚད་མེད་པ་ལ་སོགས་པ་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པ་དག་གིས་བསམ་གཏན་གྱི་ས་པའི་སྦྱོར་བ་དང་རྣམ་པར་གྲོལ་བའི་ལམ་གང་དག་ཡིན་པ་དེ་རྣམས་ལ་ཡང་ཀུན་རྫོབ་ཤེས་པ་མ་འོངས་པ་དང་གཞན་གྱི་སེམས་ཤེས་པ་འཐོབ་སྟེ། གཞན་གྱི་ཤེས་པ་དེ་ནི་བསམ་གཏན་གྱི་ས་དངོས་གཞིས་བསྡུས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསམ་གཏན་གྱི་ས་པ་དག་ཀྱང་ཡོད་མོད་ཀྱི། དེ་དག་ལ་ནི་གཞན་གྱི་སེམས་ཤེས་པ་མི་འཐོབ་སྟེ། མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་དང༌། མཐོང་བའི་ལམ་དེ་ལ་གཞན་གྱི་སེམས་ཤེས་པ་བཀག་པའི་ཕྱིར་རོ། །སྔོན་མེད་པའི་ལམ་འཐོབ་པ་གཞན་གྱི་ལ་ནི་ཞེས་བྱ་བ་ནི་འདོད་པ་དང་བསམ་གཏན་གསུམ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལས་གཞན་པའི་སྦྱོར་བ་དང་བར་ཆད་མེད་པ་རྣམ་པར་གྲོལ་བའི་ལམ་དེ་བཞིན་དུ་མངོན་པར་ཤེས་པ་གསུམ་དང་བར་ཆད་མེད་པ་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པ་རྣམས་དང་གང་དག་བར་ཆད་མེད་པའི་ལམ་དང་བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་དང་རྣམ་པར་གྲོལ་བའི་ལམ་རྣམས་དང་ས་གོང་མའི་ཉེར་བསྡོགས་ཀྱི་སྦྱོར་བའི་ལམ་དང༌། གཟུགས་མེད་པ་གསུམ་ལ་འདོད་ཆགས་དང་བྲལ་བ་དང༌། དེ་དག་ལ་བརྟེན་པ་ཡོན་ཏན་མངོན་པར་སྒྲུབ་པ་དང་སྦྱོར་བ་དང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་སྟེ། དེ་ལྟར་ལམ་སྔ་མ་དེ་རྣམས་ཐམས་ཅད་ལ་ནི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་ཀྱི། གཞན་གྱི་སེམས་ཤེས་པ་ནི་མ་ཡིན་ཏེ། དེ་ནི་ཉེར་བསྡོགས་དང་བར་ཆད་མེད་པའི་ལམ་དང་གཟུགས་མེད་པ་རྣམས་སུ་བཀག་པའི་ཕྱིར་རོ། །ཡང་ལམ་གང་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་


DTG210_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མངོན་སུམ་དུ་གྱུར་པ་ལའོ། །ལམ་ས་གང་བ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་སོགས་པའི་ས་པའོ། །དང་པོ་ཉིད་དུ་ས་འཐོབ་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་སྒོ་ནས་བསམ་གཏན་དང་པོ་ལ་སོགས་པ་འཐོབ་སྟེ། ས་དེ་པའི་ཀུན་རྫོབ་ཤེས་པ་མ་འོངས་པ་འཐོབ་པོ། །ཇི་ལྟར་ཞེ་ན། གལ་ཏེ་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་འཐོབ་པོ། །བསྡོགས་པ་མེད་པའི་ས་པ་དང༌། བསམ་གཏན་དང་པོའི་ས་པའི་ཀུན་རྫོབ་ཤེས་པ་འཐོབ་པོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་བརྟེན་ཏེ་དང་པོར་ས་གང་འཐོབ་ན། ཀུན་རྫོབ་ཤེས་པ་བསམ་གཏན་གཉིས་པའི་ས་པ་དང་དེའི་ཉེར་བསྡོགས་ཀྱི་ས་འཐོབ་པོ། །སྲིད་པའི་རྩེ་མོའི་བར་དུ་ཡང་དེ་དང་འདྲ་སྟེ། དེ་ཡང་སྲིད་པའི་རྩེ་མོའི་ས་པ་དང་དེའི་ཉེར་བསྡོགས་ཀྱི་ས་པ་འཐོབ་པོ། །གང་ལས་ཆགས་བྲལ་བྱ་ཕྱིར་ཞེས་བྱ་བ་ནི་ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །སྦྱོར་བའི་ལམ་ལ་སོགས་པ་པ་ཞེས་བྱ་བ་ནི་རྣམ་པ་བཞི་ཆར་ཡང་ངོ༌། །དེའི་ས་པ་དང་ས་འོག་མའི་ཟག་པ་མེད་པའི་ཤེས་པ་འཐོབ་པོ། །ཇི་ལྟར་ཞེ་ན། དཔེར་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པའི་འཇིག་རྟེན་པའི་ལམ་མངོན་དུ་བྱེད་པ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་ཟག་པ་མེད་པ་དེ་ཉིད་མངོན་སུམ་དུ་བྱེད་པས་ན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་དོན་དུ་ལམ་དུ་མངོན་དུ་བྱེད་པ་དང༌། དེ་ཡང་འཐོབ་པོ། འོག་མ་ཡང་ཇི་སྲིད་མི་ལྕོགས་པ་མེད་པའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་བརྒྱད་རྣམས་སུ་ཡང་ས་གོང་མ་ཐམས་ཅད་ས་འོག་མ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གང་འཐོབ་པ་ཞེས་བྱ་བ་ནི་གང་གིས་ཐོབ་པའོ། །དེའི་ས་པས་ནི་ས་འོག་མ་པ་འཐོབ་པོ། །དཔེར་ན་རྣམ་པར་གྲོལ་བའི་


DTG210_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དགུ་བ་ལ་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་ས་འཐོབ་པ་དང་དེ་ལ་བརྟེན་པའི་ས་ཐོབ་པས་དེར་ཟག་པ་མེད་པའི་ཤེས་པ་འཐོབ་པ་དང༌། འོག་མ་མི་ལྕོགས་པ་མེད་པའི་བར་འཐོབ་པ་བཞིན་ནམ། གང་ཞིག་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་ནས། བསམ་གཏན་དང་པོ་རྙེད་པ་དེས་བསམ་གཏན་དང་པོའི་ས་པ་དང༌། མི་ལྕོགས་པ་མེད་པས་བསྡུས་པའི་ཡོན་ཏན་དག་འཐོབ་པ་བཞིན་ནོ། །དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་ལས་འདོད་ཆགས་དང་བྲལ་བར་འགྱུར་བས་ས་འོག་མའི་ཡོན་ཏན་ཟག་པ་མེད་པ་འཐོབ་པར་འགྱུར་རོ། །ཡང་ཞེས་བྱ་བའི་དང་པོས་ནི་དེའི་ས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན་གཞན་གྱིས་པ་ཡང་འཐོབ་པར་འགྱུར་རོ་ཞེས་བསྟན་ལ། ཡང་ཞེས་བྱ་བའི་སྒྲ་ཉིད་པས་ཀྱང་འཇིག་རྟེན་ལས་འདས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན་འཇིག་རྟེན་པ་ཡང་དེ་ཞེས་བསྟན་ཏོ། །གཞན་དག་ནི་དོན་འདི་ཉིད་འདི་ལྟར་མ་ཆད་པར་བྱེད་དེ། ས་དང་ལམ་མངོན་དུ་གྱུར་པ་ནི་གང༌། སའི་ཤེས་པ་ཐོབ་པ་དུ་ཞེ་ན། རེ་ཞིག་ས་ཐམས་ཅད་དུ་རང་གི་ས་པའི་ལམ་མངོན་དུ་བྱས་པ་ནི་རང་གི་ས་པ་ཁོ་ནའི་ཀུན་རྫོབ་ཤེས་པ་འཐོབ་བོ། །ཟག་པ་མེད་པ་ལ་ནི་ཁྱད་པར་འདི་ཡིན་ཏེ། ས་འོག་མ་པ་རྣམས་ཀྱིས་ནི་མ་འོངས་པ་འཐོབ་པོ། །བསམ་གཏན་དང་པོའི་ས་པའི་ཟག་པ་མེད་པའི་ལམ་ལ་སྔར་མ་ཐོབ་པ་མངོན་དུ་གྱུར་པ་ནི་མ་འོངས་པ་ན་བསྟེན་པ་ཟག་པ་མེད་པའི་ས་པའི་ཤེས་པ་འཐོབ་པོ། །དེ་བཞིན་དུ་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་དེ་སྲིད་དུ་རིམ་གྱིས་དེ་ལྟར་བརྗོད་དོ། །མཐོང་བའི་ལམ་ལ་དབང་པོ་འཕོ་བ་ལ་ཡང་གང་འདོད་ཆགས་དང་བྲལ་བའི་ཕྱིར་ཐོབ་པ་གང་ཡིན་པ་དེ་འོག་ཏུ་ཡང་འཐོབ་པོ། །ས་གང་ལས་འདོད་ཆགས་དང་བྲལ་བ་ལས་ཀྱང་ལམ་གང་ཡིན་པ་དེ་མངོན་དུ་བྱས་པ་ནས་གོང་མ་ལ་ཡང་འཐོབ་པོ། །དཔེར་ན་ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་བ་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་དང་མི་ལྕོགས་པ་མེད་པས་བསམ་གཏན་དང་པོ་མངོན་དུ་བྱེད་པ་བཞིན་ནོ། །དེ་ས་དགུ་ལས་ཟག་པ་མེད་པའི་ཤེས་པ་འཐོབ་པ་ནི་ས་


DTG210_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་ཆགས་དང་བྲལ་བའི་སྒོ་ནས་འཐོབ་པོ། །དེའི་ས་པ་རྣམས་ཀྱང་འཐོབ་པོ། ཀུན་རྫོབ་ཤེས་པ་ཡང་ས་འོག་མ་པའི་ལམ་མངོན་དུ་གྱུར་པ་ནས་གང་ཡིན་པ་དེའི་དང་པོ་ནས་འཐོབ་པོ། །དེའི་ས་པ་མ་འོངས་པ་འཐོབ་པོ། །ཇི་ལྟར་བསམ་གཏན་དང་པོ་ས་གཉིས་པ་དང་འདོད་ཆགས་དང་བྲལ་བ་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་གཉིས་པ་འཇིག་རྟེན་པ་ཡང་འཐོབ་པ་བཞིན་ནོ་ཞེས་ཟེར་རོ། །ཟད་པ་ཤེས་ལ་ཟག་བཅས་ཀྱང༌། །ཞེས་བྱ་བ་ལ་དགྲ་བཅོམ་པ་ཉིད་ཐོབ་ན་ཡིད་ཀྱི་ས་པའི་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་དང༌། མི་སྡུག་པ་དང་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ལ་སོགས་པས་ཐམས་ཅད་པ་དག་འཐོབ་པོ། །ཅི་ལྟར་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པ་ནས་ཇི་སྲིད་སྲིད་པའི་རྩེ་མོར་སྐྱེས་པའི་བར་ས་དགུ་པོ་རྣམས་སོ། །དེ་བཞིན་དུ་ས་གོང་མ་མངོན་དུ་གྱུར་པ་ན་ས་འོག་མ་པའི་ཀུན་རྫོབ་ཤེས་པ་ཡང་འཐོབ་པོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །སྤྲོག་མ་ཐག་པ་བཅད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དཔེར་ན་སྤྲོག་མ་ཐག་པ་གཞུངས་ཏེ། བཅིངས་པ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་སྟེ། དེ་ཉིད་དུ་སྤྲོག་མ་དང་ཆོས་མཚུངས་པ་དེ་ལྟ་བུ་བར་ཆད་མེད་པའི་ལམ་དགུ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་བཅད་པ་ལས་ཇི་སྐད་བཤད་པའི་ཡོན་ཏན་མི་སྡུག་པ་ལ་སོགས་པ་མི་སློབ་པའི་རྒྱུད་ལ་ཡོད་པ་རྣམས་ཐོབ་པའི་སྒོ་ནས་དབུགས་ཕྱིན་པ་ལྟ་བུར་འགྱུར་ཏེ། ཆེར་སྦྱངས་པ་རྣམས་ཀྱི་ཐོབ་པ་སྐྱེ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་ན་ཞེས་བྱ་བ་ལ་ལྷག་པའི་རྒྱལ་པོའི་རྒྱལ་སྲིད་ཆེན་པོའོ། །དེའི་དངོས་པོ་ནི་རྒྱལ་སྲིད་ཆེན་པོ་ཉིད་དོ། །རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་པར་རང་གི་སེམས་ལ་རྒྱལ་སྲིད་ཆེན་པོ་ཉིད་ཐོབ་པ་སྟེ་རང་གི་སེམས་ལ་དབང་ཐོབ་པའི་ཕྱིར་རོ། །དགེ་བའི་ཆོས་མི་སྡུག་པ་ལ་སོགས་པའི་ཐོབ་ལ་འབུལ་བ་དང་འདྲ་བ་རྣམས་ཀྱི་བསུ་བ་བྱེད་པའི་ཕྱིར་ཏེ། དཔེར་ན་རྒྱལ་སྲིད་ཆེན་པོ་ཐོབ་ན་ཡུལ་རྣམས་ཀྱིས་གོས་དང་རྒྱན་ལ་སོགས་པའི་འབུལ་བས་བསུ་བ་བཞིན་ནོ། །འདིར་གནས་ཀྱིས་གནས་པ་བསྟན་པའོ། །དེ་ལྟ་མ་ཡིན་ན་ཁྱད་པར་


DTG210_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་བརྗོད་པར་བྱ་བ་ཡིན་ནོ། །གང་གི་རྙེད་པ་ཞེས་བྱ་བ་ལ། བསམ་གཏན་ལ་སོགས་པ་མངོན་དུ་བྱེད་པ་དེ་ཐམས་ཅད་མ་འོངས་པ་འཐོབ་བམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་སྔོན་རྙེད་ཟིན་པ་མི་འཐོབ་པོ། །གང་ཞིག་རྙེད་པ་རྣམ་པར་ཉམས་པ་ལས་ཡང་རྙེད་པ་དེ་ཡང་མི་འཐོབ་པོ། །གང་མངོན་པར་མ་རྙེད་པ་ལས་རྙེད་པ་དེ་འཐོབ་པོ། །འཁོར་བར་མ་འདྲིས་པར་ཟག་པ་མེད་པ་དང་དེ་དང་མཐུན་པ་གང་ཡིན་པ་དེ་ནི་མངོན་དུ་གྱུར་ན་དེ་དང་འདྲ་བ་མ་འོངས་པ་ཁྱད་པར་ཅན་འཐོབ་སྟེ་འབད་ནས་མངོན་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་རྙེད་པའི་ལམ་ནི་འབད་པས་མངོན་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་རྙེད་པའི་ལམ་ནི་འབད་པས་མངོན་དུ་བྱེད་པས་དེས་འཕངས་པ་སྟོབས་དང་ལྡན་པའི་ཕྱིར་འོང་བ་འཐོབ་ཀྱི། སྔོན་རྙེད་པ་ནི་འབད་པ་མེད་པར་མངོན་དུ་འགྱུར་ཏེ། དེ་བསྒོམ་ཞིང་རྙེད་པའི་ཕྱིར་དང༌། ཚར་ཅིག་དགའ་བ་མེད་པའི་ཕྱིར་དང༌། ཤིན་ཏུ་མངོན་དུ་འགྱུར་བའི་ཕྱིར་མ་འོངས་པ་མི་འཐོབ་པོ། །འཐོབ་པ་ནི་རྣམ་པ་བཞི་སྟེ་གྲངས་བསྟན་པ་ནི་ངེས་པར་གཟུང་བར་བྱ་བའི་ཕྱིར་རོ། །རྙེད་པའི་ཐོབ་པ་ཞེས་བྱ་བ་ནི་ཡོན་ཏན་གང་ཡང་རུང་བ་གོམས་པས་ཡོན་ཏན་གང་ཡང་རུང་བ་འཐོབ་པོ། །རྙེད་པ་ཉིད་འཐོབ་པ་ཡིན་པས་ན་རྙེད་པའི་འཐོབ་པའོ། །བསྟེན་པའི་ཐོབ་པ་ཞེས་བྱ་བ་ལ་བསྟེན་པ་ནི་ཆོས་ཐོབ་ཟིན་པ་མངོན་དུ་བྱེད་པའོ། །བསྟེན་པ་ཉིད་འཐོབ་པ་ཡིན་པས་ན་བསྟེན་པའི་ཐོབ་པའོ། །གཉེན་པོའི་འཐོབ་པ་ཞེས་བྱ་བ་ལ་གཉེན་པོ་ནི་ལམ་སྟེ། གཉེན་པོ་ཉིད་འཐོབ་པ་ཡིན་པས་ན་གཉེན་པོའི་ཐོབ་པའོ། །དེ་ནི་ལུས་ལ་སོགས་པ་རྣམས་ཀྱིས་ལུས་ལ་སོགས་པའི་གཉེན་པོ་རྟོགས་པ་ལས་ལུས་བསྒོམ་པ་ཞེས་བྱ་བ་ལྟ་བུ་སྟེ། དེ་བཞིན་དུ་ཟག་པ་དང་བཅས་པའི་ཆོས་གཞན་དག་ཀྱང་ཡིན་ནོ། །ཁ་ཅིག་ན་རེ་ལུས་ཀྱི་གཉེན་པོ་ནི་བསམ་གཏན་བཞི་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་གང་ཡིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་ཀྱི་འདོད་ཆགས་ཟད་པར་བྱེད་པའི་བར་ཆད་མེད་པའི་ལམ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཐག་བསྲིང་བའི་ཞེས་བྱ་བས་ཐག་བསྲིང་


DTG210_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཐོབ་པ་དེ་ཡང་ཉོན་མོངས་པའི་ཐོབ་པ་བཅད་པའོ། །ཉོན་མོངས་པའི་འཐོབ་པ་བཅད་པ་ལས་ཐོབ་པ་སྐྱེ་བར་མཐོང་བ་ཡིན་ནོ། །ལུས་ལ་སོགས་པ་རྣམས་ཁོ་ན་དེ་ལ་དམིགས་པའི་ཉོན་མོངས་པ་སྤོང་བའི་ཐབས་སུ་རྙེད་པ་ནི་ཐག་བསྲིང་བའི་འཐོབ་པའོ་ཞེས་ཁ་ཅིག་ཟེར་རོ། །ལུས་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ལས་ཐག་བསྲིང་བའི་འཐོབ་པ་སྟེ་ལུས་བསྒོམ་པ་ཞེས་བྱའོ། །དེ་བཞིན་དུ་གཞན་ཡང་ཟག་པ་དང་བཅས་པའི་ཆོས་རྣམས་ལ་བརྟན་པ་འཐོབ་པ་གཅིག་པུ་བསྟན་པ་ཉིད་ཀྱིས་གཉེན་པོ་དང་ཐག་བསྲིང་བ་ཐོབ་པ་ཡང་མཚོན་ཏེ། དེའི་རྣམ་གྲངས་ཉིད་ཀྱིས་དེ་བཤད་དོ། །མ་འོངས་པ་རྣམས་ཀྱི་ནི་གཅིག་གོ་ཞེས་བྱ་བ་ནི་རྙེད་པའི་འཐོབ་པའོ། །དེ་ལྟར་བྱུང་བ་རྣམས་ཀྱི་ནི་གཉི་གའོ་ཞེས་བྱ་བ་ནི་བརྟན་པ་འཐོབ་པའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གི་ཕྱིར་རྙེད་པ་དང་བརྟན་པ་ཐོབ་པ་ནི་བྱེ་བྲག་མེད་པར་བཤད་པའི་ཕྱིར་དགེ་བ་འདུས་བྱས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱི་ཡིན་ནོ། །གཉེན་པོ་དང་ཐག་བསྲིང་བ་འཐོབ་པ་དག་ནི་བྱེ་བྲག་མེད་པར་བཤད་པའི་ཕྱིར་ཟག་པ་དང་བཅས་པ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡིན་པ་དེའི་ཕྱིར་དེ་ལྟར་ན་དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་འཐོབ་པ་བཞི་ཡིན་ཏེ། དགེ་བ་འདུས་བྱས་ཡིན་པའི་ཕྱིར་དང་པོ་ཉིད་ཡིན་ལ། ཟག་པ་དང་བཅས་པའི་ཕྱིར་ཕྱི་མ་གཉིས་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་དེ་དག་གི་ནི་ཐོབ་པ་བཞི་ཡིན་ནོ། །ཟག་པ་མེད་པ་རྣམས་ཀྱི་ནི་གཉིས་ཡིན་ཏེ་སྔ་མ་ཉིད་དོ། །ཉོན་མོངས་པ་ཅན་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་གཉིས་ཏེ་ཐ་མའོ། །དེ་བཞིན་དུ་བསྡམ་པའི་འཐོབ་པ་དང་རྣམ་པར་འཇིག་པའི་འཐོབ་པའོ་ཞེས་བྱ་བ་ལ་སྡོམ་པ་ཉིད་ཐོབ་པ་ཡིན་པས་ན་སྡོམ་པའི་འཐོབ་པའོ། །དེ་ནི་དབང་པོའི་སྡོམ་པ་དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་དེ། །དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང༌། ཤིན་ཏུ་སྦས་པ་དང༌། ཤིན་ཏུ་བསྲུངས་པ་དང༌། ཤིན་ཏུ་བསྡམས་པ་དང༌། ཤིན་ཏུ་བསྒོམས་པ་ནི་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བར་འགྱུར་རོ་ཞེས་འབྱུང་ངོ༌། །རྣམ་པར་


DTG210_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་ཉིད་འཐོབ་པ་ཡིན་པས་ན་རྣམ་པར་འཇིག་པའི་འཐོབ་པའོ། །དེ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་བསྲིང་བ་སྟེ། འདི་སྐད་དུ། ལུས་འདི་ལ་སྐྲ་དང༌། སྤུ་དང༌། སོ་དང༌། སེན་མོ་དང༌། རྡུལ་དང༌། དྲི་མ་དང༌། པགས་པ་དང༌། ཤ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་དང༌། མཆིན་པ་དང༌། གློ་བ་དང༌། རྒྱུ་མ་དང༌། གཉེ་མ་དང༌། ཕོ་བ་དང༌། ལོང་ཀ་དང༌། ལྒང་པ་དང༌། མཚེར་པ་དང༌། བཤད་པ་དང༌། མཆི་མ་དང༌། རྡུལ་དང༌། མཆིལ་མ་དང༌། སྣབས་དང༌། རྐང་དང༌། ཆུ་སེར་དང༌། གཞུངས་པ་དང༌། ཚིལ་དང༌། བད་ཀན་དང༌། རྣག་དང༌། ཁྲག་དང༌། ཀླད་པ་དང༌། ཀླས་རྒྱས་དང༌། གཅིན་རྣམས་ཡོད་དོ་ཞེས་འབྱུང་བ་ལྟ་བུའོ། །དེ་དག་ནི་གྲངས་བཞིན་དུ་གཉེན་པོ་དང་ཐག་བསྲིང་བའི་ཐོབ་པའི་ནང་དུ་འདུས་སོ། །དེ་ལ་དབང་པོ་བསྡམ་པའི་འཐོབ་པ་ནི་དྲན་པ་དང་ཤེས་བཞིན་ཡིན་པས་གཉེན་པོའི་ཐོབ་པར་གྲུབ་ན། རྣམ་པར་འཇིག་པའི་འཐོབ་པ་ནི་ཇི་ལྟར་ཐག་བསྲིང་བའི་ཐོབ་པར་གྲུབ་ཅེ་ན། འདི་ལྟར་དེ་ནི་ལུས་ལ་དམིགས་པའི་ཉོན་མོངས་པ་ཐག་བསྲིང་བའི་མཚན་ཉིད་ཡིན་ནོ། །དེ་ནི་གཉེན་པོའི་འཐོབ་པས་བསྡུས་པར་ཡང་མི་འགལ་ཏེ་ཡོན་ཏན་ཐོབ་པ་སྤྱིར་བཤད་པས་སོ། །ཡོན་ཏན་གྱིས་འཐོབ་པ་མ་འདྲེས་པ་ཞེས་བྱ་བ་ལ། འདྲེས་པ་ནི་འདུས་པའོ། །མ་འདྲེས་ནི་འདྲེས་པ་མེད་དེ་ཟླ་མེད་པ་ཞེས་བྱ་བའི་དོན་ཏོ། །འདི་དག་མ་འདྲེས་པའི་གང་ཟག་གི་ཡིན་པས་ན་མ་འདྲེས་པ་སྟེ། དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པ་ནི་མ་འདྲེས་པའོ་ཞེས་བཤད་པར་བྱ་སྟེ། གང་དག་དེ་ཁོ་ནའི་ཡིན་གྱི་གཞན་གྱི་མ་ཡིན་ནའོ། །གནས་དང་གནས་མིན་ཤེས་པ་བཅུ། །ཞེས་བྱ་བ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན་དགེ་སློང་དག་གནས་ནི་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ནི་གནས་པ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་པར་བཤད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་དང་ནུས་པ་དང༌། གནས་དང་


DTG210_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མ་ཡིན་པའི་ངེས་པ་མཁྱེན་པའོ། །དེ་མི་སྲིད་པར་མཁྱེན་པ་ནི་གནས་མ་ཡིན་པ་མཁྱེན་པའོ། །ནཱ་བྱཱ་ཡཾ་སྭ་བྷཱ་བོ་ནེ་ཡཾ་ཀྲི་ཡཱ་བི་བྷ་བ་ཏཱི་ཏྱ་ནུ་ཛྙཱ་ནཾ་ནི་ར་བ་ཤེ་ཥ་ས་ཏྭ་བ་ཏྭ་པཾ་ཁྱ་ཏ་བི་ཁ་ཡ། ཨ་ཏྲྭཻ་བ་ཙ་སརྦ་ཛྙཱ་ནཱ་བ་བོ་དྷ། ཋ་པཾ་ཀྵ་བོ་ཀྟཱཾ་ཏྭ་ཀྲི་ཏ་ཤྲ་མོ་ན་ཤཀྟོ་བ་བཽདྡྷུ་མི་ཏི། དེ་ཉིད་ཀྱི་ཕྱིར་རབ་ཏུ་དབྱེ་བ་རྣམ་པ་དགུ་སྟེ་འདིའི་དཔེར་བརྗོད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ། འདི་ནི་གནས་མེད་ཎི་ན་འདི་ཅིང་གོ་སྐབས་མེད་དེ། (རང་གཞན་བྱ་བ་འབྱུང་རྗེས་སུ་ཡ་བས་མ་ལུས་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲང་བའི་ཡུལ་ལ་འདི་ཉིད་དུ་ཡང་ཡེ་ཤེས་དང་རྟོགས་པ་ཐམས་ཅད་མདོར་བསྡུས་ཏེ་བཤད་པ་ཉིད་བྱས་ངལ་བ་དང་མ་ནུས་པ་དང་རྟོགས་པར་འདོད། གང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་རྣམ་པར་སྨིན་པ་འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བ་འགྲུབ་པ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡོད་དེ་གང་ལུས་ཀྱིས་ཉེས་པར་སྤྱོད་པ་སྤང་བ་ཞེས་རྒྱ་ཆེར་འབྱུང་ངོ༌། །གནས་དང་གནས་མ་ཡིན་པ་དག་ལས་གང་ཡང་རུང་བ་ཞིག་བསྟན་པས་ཅིག་ཤོས་ཀྱང་བསྟན་པར་འགྱུར་བ་མ་ཡིན་ནམ། ཅིའི་ཕྱིར་གཉི་ག་བསྟན་ཅེ་ན། །འདི་ནི་དེ་ལྟར་ཡིན་མོད་ཀྱི། །གནས་མཁྱེན་པས་ནི་རྒྱུ་མེད་པར་སྨྲ་བ་དགག་པར་སྟོན་ལ། གནས་མ་ཡིན་པ་མཁྱེན་པས་ནི་མི་མཐུན་པའི་རྒྱུར་སྨྲ་བ་དགག་པར་སྟོན་པས་གཉི་ག་ཉེ་བར་བསྟན་ཏོ། །ཡང་ཅི་ལྟར་གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས་ཉིད་ལ་རྣམ་པ་དགུར་དབྱེ་ཞེ་ན། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ནི་རེ་ཞིག་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སོ། །གནས་མ་ཡིན་པ་ནི་ཉེས་བར་སྤྱོད་པ་ལས་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །གནས་ནི་ཡིད་དུ་མི་འོང་བ་གང་ཡིན་པའོ། །བཟློག་པ་ནི་ལེགས་པར་སྤྱད་པའི་གནས་མ་ཡིན་པའོ། །འགྲིབ་པའི་ཆ་དང་མཐུན་པ་ཉིད་དང་འགྲིབ་པ་མ་ཡིན་པ་ཞེས་བྱ་བ་ལ། གནས་གང་ཡིན་པ་དང༌། བཟློག་པ་ལས་དབང་པོ་གང་དག་ཡིན་པ་དང་འབྲས་བུ་དང་རྟོགས་པ་དེ་དག་ཡོངས་སུ་མ་རྫོགས་པས་འབྲས་བུ་རྣམས་འཐོབ་པ་ནི་གནས་མ་ཡིན་པའོ། །བཟློག་པ་ནི་གནས་སོ། །སྨན་པ་ལ་སྨོས་པ་འམ་སྡིག་པའི་བསམ་པ་ཅན་ཁྱད་པར་དུ་འགྲོ་བར་འགྱུར་བ་ནི་གནས་མ་ཡིན་པའོ། །གྱ་ནོམ་


DTG210_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་འམ་དགེ་བའི་བསམ་པ་ཅན་ནི་གནས་སོ། །གང་རང་བཞིན་ཐ་དད་པའི་སེམས་ཅན་ཕན་ཚུན་མཐུན་པ་ནི་གནས་མ་ཡིན་ནོ། །གང་རང་བཞིན་ཐ་མི་དད་པའི་གནས་སོ། །འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་འགྲོ་བའི་ལམ་གྱིས་མྱ་ངན་ལས་འདས་པར་གྲོལ་བར་འགྱུར་བ་ནི་གནས་མ་ཡིན་ནོ། །འཇིག་ཚོགས་ཀུན་ཏུ་འགྲོ་བ་མ་ཡིན་པས་མྱ་ངན་ལས་འདས་པར་འགྲོ་བ་ནི་གནས་སོ། །སྔོན་གྱི་མཐའི་ཐོག་མ་ཡོད་པ་ནི་གནས་མ་ཡིན་ནོ། །གང་ཐོག་མ་མེད་པ་ནི་གནས་སོ། །གང་སྐྱེ་བའི་ཀུན་ཏུ་སྦྱོར་བ་མ་སྤངས་པ་འཆི་འཕོ་དང་སྐྱེ་བར་མི་འགྱུར་བ་གནས་མ་ཡིན་ནོ། །གང་སྐྱེ་བ་ནི་གནས་སོ། །སརྦ་ནཱ་ནྱ་ཙེ་ཏ་ཨསྠ་ནཱཾ་བཱ་ཡ་ད་ཡཾ་ས་ཏྭོ་དུརྒ་ཏིཾ་ག་མི་ཥྱ་ཏྱ་ཡ་སུ་ག་ཏི་ཛྙ་ནཾ་ཏུ་ཥཌྦྷ་བི་ཥྱ་ཏཱི་ཏ། གང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཟག་པ་རྣམས་ཟད་པར་འགྱུར་བ་ནི་གནས་མ་ཡིན་ནོ། །གང་ཚུལ་བཞིན་ཡིད་ལ་བྱེད་པས་ནི་གནས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཐམས་ཅད་བཞིན་སེམས་ཅན་གནས་མ་ཡིན་ནམ། གང་འདི་སེམས་ཅན་ངན་འགྲོར་འགྲོ་བ་བདེ་འགྲོ་ཤེས་པ་ནི་དྲུག་ཏུ་འགྱུར་ཞེས་སོ།།མདོར་ན་གནས་དང་གནས་མ་ཡིན་པ་ནི་འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་འདུས་བྱས་ནི་རྣམ་པ་བརྒྱད་དུ་དབྱེ་བར་བྱ་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པ་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པས་དབྱེ་བ་རྣམས་སོ། །འདུས་མ་བྱས་ནི་གཉིས་ཏེ་དགེ་བ་དང་ལུང་དུ་མ་བསྟན་པའི་དབྱེ་བས་སོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་རྣམ་པ་བཅུ་ཆར་ཡིན་ནོ། །ཆོས་ཤེས་པའི་ནི་ལྔ་སྟེ། འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་དང་མཚུངས་པར་ལྡན་པ་དང༌། ལྡན་པ་མ་ཡིན་པ་དང༌། འདུས་མ་བྱས་དགེ་བའོ། །དེ་བཞིན་དུ་རྗེས་སུ་ཤེས་པ་ལ་སོགས་པ་རྣམས་ཀྱི་ཡུལ་ཡང་ཅི་རིགས་པར་དེ་ལྟར་བྱས་ན་གནས་དང་གནས་མ་ཡིན་པའི་སྟོབས་ནི་ཤེས་པ་བཅུ་ཡིན་ནོ། །ལས་འབྲས་ལ་བརྒྱད་ཅེས་བྱ་བ་ལ། ལས་འདི་དང་འདིའི་རྣམ་པར་སྨིན་པ་ནི་འདི་དང་འདིའོ་ཞེས་རྣམ་པར་དབྱེ་བ་ལ་མཁས་ཤིང་ཐོགས་པ་མེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་ཁམས་གསུམ་པའི་ཆོས་མཚུངས་པར་ལྡན་པ་དང་ལྡན་


DTG210_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པ་ཡིན་ལ། དེ་མཁྱེན་པའི་སྟོབས་ནི་ཤེས་པ་བརྒྱད་རྣམས་སོ། །དེ་དག་ཀྱང་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པ་ཡིན་པས་དེའི་ཕྱིར་འགོག་པ་དང་ལམ་ཤེས་པ་དག་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ཁམས་གསུམ་པའི་ལས་དང་རྣམ་པར་སྨིན་པའི་ཡུལ་ཅན་ནོ། །ཆོས་ཤེས་པ་ནི་འདོད་པར་གཏོགས་པའི་ཡུལ་ཅན་ནོ། །རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པར་གཏོགས་པའི་ཡུལ་ཅན་ནོ། །སྡུག་བསྔལ་ཀུན་འབྱུང་བ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ཀྱང་ཅི་རིགས་པར་བརྗོད་པར་བྱའོ། །གཞན་གྱི་སེམས་ཤེས་པ་ཡང་ཅི་རིགས་པར་འདོད་པ་ན་གཟུགས་སུ་གཏོགས་པ་དགེ་བ་དང་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ནོ། །བསམ་གཏན་སོགས་དབང་པོ་མོས་དང་ཞེས་རྒྱས་པར་འབྱུང་བ་ནི། གང་དག་བསམ་གཏན་དང་པོར་ཡོད་པ་དེ་དག་ནི་བསམ་སོགས་ཏེ། དེ་དག་ནི་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དག་གོ །བསམ་གཏན་ལ་སོགས་པ་དང༌། དབང་པོ་རྣམས་དང༌། མོས་པ་རྣམས་ནི་བསམ་གཏན་སོགས། །དབང་པོ་མོས་ཏེ་དེ་དག་ལའོ། །དེ་ལ་བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། གཟུགས་མེད་པ་བཞི་སྟེ། བསམ་གཏན་ལ་སོགས་པ་དེ་དག་གི་རང་བཞིན་དང༌། མིང་དང༌། ཐོབ་པ་དང༌། ཐབས་དང༌། ཕན་འདོགས་པ་པ་དང༌། རོ་མྱོང་བ་དང༌། དགེ་བ་དང༌། ཟག་པ་མེད་པ་དང༌། ཉམས་པ་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་དོན་དག་ལ་མཁྱེན་པ་ཐོགས་པ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཏེ་འདི་ནི་འགོག་པ་ཤེས་པ་དགུ་ཡིན་ནོ། །ཇི་ལྟར་ཞེ་ན་བསམ་གཏན་ལ་སོགས་པ་དེ་དག་ནི་མདོར་བསྡུས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་རང་བཞིན་ཡིན་ལ་དེ་དག་ཀྱང་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའི་བྱེ་བྲག་གིས་རེ་རེ་ཞིང་


DTG210_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་སུ་དབྱེའོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་ལམ་ཐམས་ཅད་ཀྱི་ཡུལ་ཅན་ནོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ལ་དམིགས་པའོ། །རྗེས་སུ་ཤེས་པ་ནི་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་དམིགས་པའོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་དག་ནི་ཟག་པ་དང་བཅས་པའི་ལམ་ལ་དམིགས་པའོ། །ལམ་ཤེས་པ་ནི་ཟག་པ་མེད་པ་ལ་དམིགས་པའོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པའོ། །གཞན་གྱི་སེམས་ཤེས་པ་ནི་མཚུངས་པར་ལྡན་པའི་ལམ་ལ་དམིགས་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དད་པ་ལ་སོགས་པའི་དབང་པོ་རྣམས་མཆོག་ཅེས་བྱ་བ་ནི་གཙོ་བོ་ཡིན་ལ། མཆོག་མ་ཡིན་པ་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་དང༌། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་ལ་ཐོགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །ཡང་དབང་པོ་རྣམས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་ཤེས་པ་དགུ་ཡིན་ནོ་ཞེས་རྒྱས་པར་སྦྱར་བར་བྱའོ། །འདིར་འདོད་པར་རྟོགས་པར་དབང་པོ་རྣམས་ཀྱང་ཡོད་པས་ཆོས་ཤེས་པ་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །གཞན་དག་ན་རེ། དབང་པོ་རྣམས་ཀྱི་བྱ་བ་འཇུག་པའི་ཕྱིར་རོ། །དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ཞེས་བྱ་སྟེ་གཞན་གྱི་སེམས་ཤེས་པ་བཞིན་ནོ། །དབང་པོ་རྣམས་ཁོ་ན་ནི་དེའི་དམིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །མདོར་བསྡུ་ན་སེམས་ཅན་རྣམས་ཀྱིས་ལེགས་པར་འཐོབ་པའི་ནུས་པ་རྣམ་པ་གསུམ་ཐོགས་པ་མེད་པ་མཁྱེན་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སོ། །མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ནི་མོས་པ་སྣ་ཚོགས་པ་ནི་དམན་པ་དང་གྱ་ནོམ་པ་དག་ལ་འདོད་པ་སྟེ། འདོད་པ་དང་མོས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སེམས་ཅན་རྣམས་ཀྱི་འདོད་པ་སྣ་ཚོགས་པ་ཐོགས་པ་མེད་པར་མཁྱེན་པ་


DTG210_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སོ། །མོས་པ་དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པར་སྔ་མ་བཞིན་དུ་ཤེས་པ་དགུ་ཡིན་ནོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དེ་ལ་ཁམས་ནི་སེམས་ཅན་རྣམས་ཀྱི་སྔོན་གོམས་པའི་བག་ཆགས་སོ། །དེའི་སེམས་དང་སེམས་ལས་བྱུང་བ་ཁྱད་པར་ཅན་དེ་དག་ཡིན་ནོ། །དག་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བ་དང་ཁམས་ཀྱི་དབྱེ་བ་བྱས་ཏེ། དེ་དག་ལ་དམིགས་པའི་ཤེས་པ་དགུ་སྦྱར་བར་བྱའོ། །མདོར་བསྡུ་ན་སེམས་ཅན་རྣམས་ཀྱི་སྔོན་གོམས་པས་ཡང་དག་པར་འགྲུབ་པའི་བསམ་པ་དང༌། བག་ལ་ཉལ་བ་དང༌། ཆོས་རྣམས་ཀྱི་རང་བཞིན་སྣ་ཚོགས་པ་ཐོགས་པ་མེད་པར་མཁྱེན་པ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སོ། །ལམ་དག་བཅུ་འམ་ཞེས་བྱ་བ་ལ། འམ་ཞེས་བྱ་བ་ནི་ཡང་ན་བཅུ་ཞེས་པའོ། །ད་ལ་ལམ་ནི་མང་སྟེ་དམྱལ་བར་འགྲོ་བའི་ལམ་ནས་ལྷར་འགྲོ་བ་དང་འགོག་པར་འགྲོ་བའི་བར་རོ། །འདིས་དམྱལ་བ་ལ་སོགས་པ་སྒྲུབ་པས་ན་དམྱལ་བར་འགྲོ་བའི་ལམ་སྟེ་རྒྱུའོ། །འགོག་པར་འགྲོ་བའི་ལམ་སྟེ་བྲལ་བ་ཐོབ་པར་བྱེད་པའི་ཕྱིར་འདིས་འགོག་པ་སྒྲུབ་པར་བྱེད་པས་སོ། །ལམ་ནི་མདོར་བསྡུ་ན་འཇིག་ཚོགས་འབྱུང་བར་འགྲོ་བ་དང༌། འཇིག་ཚོགས་འགོག་པར་འགྲོ་བའོ། །དེ་ལ་འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འབྱུང་བ་ནི་འདིར་སྐྱེ་བ་ལ་མངོན་པར་འདོད་དོ། །དེ་བཞིན་དུ་གཞན་ནི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་ཀུན་འབྱུང་བའོ་ཞེས་ཟེར་རོ། །འཇིག་ཚོགས་འགོག་པ་ནི་བྲལ་བའོ། །འདི་ལ་དེར་འགྲོ་བའི་ངང་ཚུལ་ཡོད་པས་ན་འདི་ནི་འཇིག་ཚོགས་འགོག་པར་འགྲོ་བའོ། །ཐམས་ཅད་དུ་འགྲོ་བ་ཡང་དེ་ལ་ལམ་ཡང་ཡིན་པས་ན་ཐམས་ཅད་དུ་འགྲོ་བའི་ལམ་སྟེ། དེ་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐྱེ་བ་ཐམས་ཅད་སྒྲུབ་པར་བྱེད་པ་དང༌། སྐྱེ་བ་ཟད་པར་བྱེད་པའི་ཆོས་རྣམས་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ནོ། །དེ་ལ་གཅིག་གི་ཚིག་


DTG210_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ལམ་གྱི་རིགས་ལ་བལྟོས་པས་ཏེ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་མི་དང་ལྷ་དང་ཐར་པར་འགྲོ་བ་ཞེས་བྱ་བ་ལམ་དག་ནི་མེད་དོ། །གལ་ཏེ་ལམ་འབྲས་བུ་དང་བཅས་པར་བཟུང་བ་ནི་ཞེས་བྱ་བ་ལ། ལམ་གྱི་འབྲས་བུ་ནི་འགོག་པ་སྟེ་བྲལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་ཞེས་བྱ་བ་ནི་རང་བཞིན་ནོ། །དེ་དག་གི་མཚན་ཉིད་ནི་བདག་དང་གཞན་དག་གི་སྐྱེ་བ་འདས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དྲན་པ་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སོ། །སེམས་ཅན་རྣམས་ཀྱི་མ་འོངས་པའི་སྲིད་པར་ཉིང་མཚམས་སྦྱོར་བ་ལ་ཐོགས་པ་མེད་པ་ནི་ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །ཟད་པ་དྲུག་གམ་བཅུ་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཟག་པ་ཟད་པའི་ཡུལ་ཅན་ཉིད་ཡིན་ནོ། །དེ་ལྟར་ན་ཤེས་པ་དྲུག་གི་བདག་ཉིད་དེ་གཞན་གྱི་སེམས་དང་སྡུག་བསྔལ་དང་ཀུན་འབྱུང་དང༌། ལམ་ཤེས་པ་དག་མ་གཏོགས་སོ། །འོན་ཏེ་ཟག་པ་ཟད་པ་ཐབས་དང་བཅས་པ་གཟུང་ན་ནི་དེ་ལྟ་ན་ཤེས་པ་བཅུ་སྟེ། དེ་སྐད་དུ་ཡང་ཟག་པ་ཟད་པ་དང༌། དེའི་ཐབས་ལ་ཐོགས་པ་མེད་པའི་མཁྱེན་པ་ནི་སྟོབས་ཞེས་བཤད་དོ། །འདིར་སྟོབས་ཕྱི་མ་གསུམ་པོ་འདི་རྣམས་ནི་ཕུལ་བ་དང་བཅས་པའི་རིག་པ་གསུམ་མོ། །རྫུ་འཕྲུལ་དང་ལྷའི་རྣ་བའི་མངོན་པར་ཤེས་པ་དག་ནི་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ལ་ཕུལ་དུ་འབྱུང་བ་དང་བཅས་པ་དག་ཏུ་ཡང་མི་གཟུང་སྟེ། ཧ་ཅང་དོན་ཆེ་བ་མ་ཡིན་པའི་ཕྱིར་རོ། །ལྷའི་མིག་གིས་མཐོ་རིས་ཀྱི་ཐབས་དང་རྣམ་པར་སྨིན་པ་མཐོང་སྟེ། དེ་དང་འབྲེལ་པ་དང་དེའི་ལས་ཀྱང་ཤེས་པ་དོན་ཆེ་བའི་ཕྱིར་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་སོ། །དེ་དང་འདྲ་བར་འདིར་རྣ་བ་ལ་མ་བཤད་པ་ཉིད་དོ། །གཞན་གྱི་སེམས་ཤེས་པའི་སྟོབས་ཀྱང་ཐ་དད་པར་བཤད་པ་དང་བཤད་པའི་རང་བཞིན་ཉིད་ལས་དབང་པོ་དང་མོས་པ་མཁྱེན་པའི་སྟོབས་དག་ཁོ་ན་དེའི་འཁོར་བཤད་དོ། །ཐམས་ཅད་མཁྱེན་པ་ནི་བཟོ་དང་བསྟན་བཅོས་ཐམས་ཅད་མཁྱེན་པ་མངའ་དབང་བརྙེས་པ་ཡིན་པས་ཕྲིན་ལས་


DTG210_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཡིན་ལ། ཁྱད་པར་ཤེས་བྱ་རྣམ་པ་བཅུ་སོ་སོར་མཁྱེན་ཅིང་རྟོགས་པས་ནི་སངས་རྒྱས་ཉིད་དོ། །ཆོས་རྣམས་ཀྱི་རྒྱུ་དང་རྒྱུ་མ་ཡིན་པ་ངེས་པར་གྱུར་པས་ཤེས་བྱ་རྣམ་པ་བཅུ་ཡང་མཉམ་པར་མ་བཞག་པའི་ས་པའི་ལས་སྣ་ཚོགས་དང་མཉམ་པར་གཞག་པའི་ས་པའི་རྣམ་པའི་དབྱེ་པ་དང༌། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དབང་པོ་དང་མོས་པ་དང་ཁམས་སྣ་ཚོགས་དང་ངན་འགྲོ་རྣམ་པ་གསུམ་གྱི་རྒྱུ་དང་གཉེན་པོ་དང་སྔོན་གྱི་མཐའ་དང་འདོད་ཆགས་དང་བྲལ་བ་དང་མཚམས་སྦྱོར་བ་རྣམས་སོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་པ་བཅུས་གདུལ་བྱ་རྣམས་ལ་ཡོངས་སུ་གཟིགས་པ་ཉེ་བར་འཇུག་གོ །གནས་དང་གནས་མ་ཡིན་པ་མཁྱེན་པ་ནི་གདུལ་བྱ་སྐལ་བ་དང་ལྡན་པ་དང་སྐལ་བ་དང་ལྡན་པ་མ་ཡིན་པ་རྣམས་ཡོངས་སུ་གཟིགས་སོ། །ལས་བདག་གིར་བྱ་བ་མཁྱེན་པ་ལས་ཀྱི་སྒྲིབ་པ་རྣམས་སོ། །བསམ་གཏན་ལ་སོགས་པ་མཁྱེན་པས་རོ་མྱོང་བ་དང་རོ་མྱོང་བ་མ་ཡིན་པ་ཉིད་དོ། །དེ་ཡང་ཉོན་མོངས་པའི་སྒྲིབ་པ་ཉིད་བསྟན་པ་ལས་དེའི་སྟོབས་ལས་རྣམ་པར་སྨིན་པའི་སྒྲིབ་པ་ཉིད་དོ། །དབང་པོ་མཁྱེན་པས་ནི་རྣམ་པར་བྱང་བའི་ནུས་པ་མཁྱེན་ནོ། །མོས་པ་མཁྱེན་པ་ནི་སྦྱོར་བ་དང་གང་གིས་སྦྱོར་བའི་ཁྱད་པར་མཁྱེན་ནོ། །ཁམས་མཁྱེན་པས་ནི་བསམ་པ་དང་ཀུན་ཏུ་འགྲོ་བ་མཁྱེན་པས་ནི་ཕན་པ་དང་མི་ཕན་པ་ལ་རབ་ཏུ་འཇུག་པ་དང་ལྡོག་པ་ཡང་དག་པར་རིག་གོ །སྔོན་གྱི་གནས་མཁྱེན་པས་ནི་ཀུན་ཏུ་འགྲོ་བ་མཁྱེན་ནོ། །ལྷའི་མིག་གིས་ནི་ཉིང་མཚམས་སྦྱོར་བའོ། །ཟག་པ་ཟད་པ་མཁྱེན་པས་ནི་རྣམ་པར་གྲོལ་བའོ། །དེ་ལྟར་འདི་དག་གང་ཡང་རུང་བ་མ་ཚང་ན་སྟོན་པའི་ལས་མཐའ་དག་སྒྲུབ་པར་མི་ནུས་སོ། །སྔོན་གནས་འཆི་འཕོ་སྐྱེ་བའི་ཆོས། །བསམ་གཏན་དག་ན་ཞེས་བྱ་བ་ནི་བསམ་གཏན་དག་ཁོ་ན་ནི་མངོན་པར་ཤེས་པའི་རྟེན་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །བློ་གསལ་བའི་ཕྱིར་འཛམ་བུའི་གླིང་པ་རྣམས་ལ་སངས་རྒྱས་འབྱུང་བ་དང༌། སྟོབས་རྣམས་སངས་རྒྱས་ཀྱི་རྟེན་ཅན་ཡིན་པའི་ཕྱིར་ཐམས་ཅད་འཛམ་བུའི་གླིང་གི་སྐྱེས་པའི་རྟེན་ཅན་ཡིན་ནོ། །གཞན་གྱི་སྟོབས་ཞེས་མི་བྱའི་ཞེས་བྱ་བ་ནི་ཉན་ཐོས་སམ་རང་སངས་


DTG210_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱིའོ། །སྐྱེ་བ་ལ་སོགས་པའི་མཐའ་མ་ཤེས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྦྲས་ནི་འཆི་འཕོ་བའི་ཤེས་པ་བསྡུའོ། །སྲེད་མེད་ཀྱི་བུའི་སྟོབས་ཞེས་བྱ་བ་ནི། སྟོབས་ཉིད་ཀྱི་མིང་གི་ཁྱད་པར་ཏེ། གང་ལ་སྟོབས་དེ་ཡོད་པ་ད་ཡང་སྲེད་མེད་ཀྱི་བུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་ནི་གཉིས་ཏེ། རྟེན་ཕུན་སུམ་ཚོགས་པ་ནི་གཟུགས་ཀྱི་སྐུའོ། །བརྟེན་པ་ཕུན་སུམ་ཚོགས་པ་ནི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་སོ། །གཞན་དག་གི་ཚིག་ནི་ཞེས་བྱ་བ་ལ། གཞན་དག་ན་རེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ལ་སྲེད་མེད་ཀྱི་བུའི་སྟོབས་གཅིག་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཚིགས་དང་ཚིགས་ནའོ་ཞེས་ཟེར་རོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་རོ་ཞེས་བྱ་བ་ལ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐུགས་ཀྱི་བཞིན་དུ་སྐུའི་སྟོབས་མི་འདོད་ནའོ། །ཅིའི་ཕྱིར་ཞེ་ན། སྐུ་ལ་རྟེན་པ་ནི་སྐུ་དང་འཚམ་པ་ཡིན་ཏེ། སྐུ་དང་ཐུགས་གཉིས་ནི་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་རོ། །བཟོད་པར་ཞེས་བྱ་བ་ནི་བཟོད་པའི་ངང་ཚུལ་ལོ། །ཀླུ་བདུད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དེ་ལྟར་ཚིག་རྣམས་ནི་སྟོབས་བཅིངས་ཏེ་ཡོད་ཞེས་བྱའོ། །དེ་ནི་རིག་བྱའི་སྐྱེ་མཆེད་ཞེས་བྱ་བ་ནི། སྟོབས་ཐམས་ཅད་ཕན་ཚུན་ཀུན་ཏུ་དགའ་བས་གནས་པར་གཟུང་བའི་ཕྱིར་རེག་བྱའི་སྐྱེ་མཆེད་དོ། །དེ་ཡང་རྣམ་པ་གཉིས་ཏེ་འབྱུང་བ་དང་འབྱུང་བ་ལས་འགྱུར་བ་ཡིན་པས་དེའི་ཕྱིར་འབྱུང་བ་མཆེད་པའི་ཁྱད་པར་ཞེས་བྱ་བ་སྨོས་ཏེ། འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ། །བདུན་ལས་དོན་གཞན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི། འཇམ་པ་ཉིད་ལ་སོགས་པ་རྣམས་ལའོ། །གཞན་དག་ན་རེ་ལྕི་བ་ཉིད་སྟོབས་དང་ཡང་བ་ཉིད་ཉམ་ཆུང་བའོ་ཞེས་ཟེར། མདོ་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི། ཀྱེ་མ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ནི་ཆོས་འདི་དང་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་འམ་ལྷའམ་བདུད་དམ་ཚངས་པའང་རུང་འགའ་ཡང་ཆོས་དང་མཐུན་པས་བརྒལ་ཞིང་གླེང་བར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་


DTG210_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ༌། །དེ་ལྟར་དེས་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་པ་དང༌། འཇིགས་པ་མེད་པར་གྱུར་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་འདི་ནི་མི་འཇིགས་པ་དང་པོའོ། །ཀྱེ་མ་ང་ཟག་པ་ཟད་པ་ལ་འདི་ན་ཟག་པ་འདི་དག་མ་ཟད་དོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ན་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟན་ན་བར་དུ་གཅོད་པར་མི་འགྱུར་ཞེས་ང་ལ་དགེ་སྦྱོང་ངམ་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ན་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པའི་ལམ་དུ་གསུངས་པ་འཕགས་པ་ངེས་པར་འབྱིན་པ་ངེས་པར་འབྱེད་པ་དེ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་འམ་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་བཞིན་ནོ་ཞེས་འབྱུང་ངོ༌། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཇི་ལྟ་བར་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། དེ་ཁོ་ན་བཞིན་དུ་ཆོས་རྣམ་པ་བཅུར་ཕྱེ་ནས་སྦྱར་བར་བྱའོ། །འདི་ནི་གནས་མ་ཡིན་པའི་མཁྱེན་པའི་སྟོབས་ཉིད་ཀྱི་རྣམ་པར་གཞག་པའོ། །ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཞེས་བྱ་བ་སྟེ། དེ་ཤེས་པ་དྲུག་གམ་བཅུ་དང༌། ས་བཅུ་གཅིག་གིས་བསྡུས་པ་ཇི་ལྟ་བར་ཀྱེ་མ་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་སྟེ། འདིར་ཡང་དེ་ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་ཤེས་པ་དྲུག་གམ་བཅུ་དང་བཅུ་གཅིག་པར་སྦྱར་བར་བྱ་སྟེ། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཁོ་ན་རྣམ་པར་གཞག་པའི་ཕྱིར་རོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ནི་འགོག་པ་ལམ་ཤེས་པ་མ་གཏོགས་པས་ཐམས་ཅད་ཀྱིས་བསྡུས་པ་ཇི་ལྟ་བར་དེས་གང་དག་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཞེས་རྒྱ་


DTG210_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འབྱུང་སྟེ། འདིར་ཡང་དེ་ཁོ་ན་བཞིན་དུ་ཆོས་རྣམས་ཕྱེ་ནས་སྦྱར་བར་བྱའོ། །འདི་ཡང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཉིད་ཀྱིས་རྣམ་པར་གཞག་པའོ། །ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུ་འམ་དགུ་དང༌། ས་ཐམས་ཅད་ཡོད་པ་ཇི་ལྟ་བར་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདི་ཡང་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་རྣམ་པར་གཞག་པ་སྟ་དེ་བཞིན་ཁོ་ནར་སྦྱར་བར་བྱའོ། །མི་འཇིགས་པ་དང་པོའི་ཁྱད་པར་ཉིད་མི་འཇིགས་པ་ལྷག་མ་རྣམས་ལ་ཡང་སྦྱར་ཏེ། གདུལ་བྱའི་ཁྱད་པར་ལ་བལྟོས་ནས་བཅོམ་ལྡན་འདས་ཀྱིས་མང་དུ་རྣམ་པར་གཞག་སྟེ། སྟོབས་ཀྱིས་རྣམ་པར་གཞག་པ་བཞི་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་གིས་རེ་ཞིག་རང་དང་གཞན་གྱི་ཕུན་སུམ་ཚོགས་པའི་རིམ་པ་སྟེ། ཡེ་ཤེས་ནི་འགྲིབ་པ་ཉེ་བར་ཞི་བའོ། །མི་འཇིགས་པ་སྔ་མས་ནི་བདག་ཉིད་ཀྱི་མཁྱེན་པ་ཕུན་སུམ་ཚོགས་པ་བཤད་པ་མ་ཡིན་ལ། གཉིས་པས་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་རྫོགས་པ་སྟེ་བདག་ཉིད་ཕུན་སུམ་ཚོགས་པ་དང་གཞན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་ཏེ། ཡང་དག་པ་མ་ཡིན་པའི་ལམ་བཟློག་པའི་ཕྱིར་དང༌། ཡང་དག་པའི་ལམ་བསྟན་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་སློབ་མ་རྣམས་ཀྱིས་སྤངས་པས། སྤངས་པ་ཕུན་སུམ་ཚོགས་པའི་ཐབས་སྒྲུབ་པར་འགྱུར་ལ། ངེས་པར་འབྱུང་བར་གསུངས་པའི་ཆོས་དེ་དག་ཡང་དག་པ་བསྒྲུབས་པས་ཡེ་ཤེས་ཕུན་སུམ་ཚོགས་པའི་ཐབས་བསྒྲུབ་པར་འགྱུར་རོ། །འདི་དག་གིས་ཀྱང་སྟོན་པ་ཕུན་སུམ་ཚོགས་པ་བཞིན་དུ་དང་གཞན་ལ་ཇི་ལྟར་རིགས་པར་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་རབ་ཏུ་གྱུར་པ་འཐོབ་པར་འགྱུར་བས་གཞི་ཉིད་དོ། །ཇི་ལྟར་མཁྱེན་པ་ཉིད་མི་འཇིགས་པ་ཡིན། ཇི་ལྟར་ན་མ་ཡིན་པར་འགྱུར་ཞེ་ན། མི་འཇིགས་པ་ནི་འཇིགས་པའི་གཉེར་པོར་གྱུར་


DTG210_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་འཇིགས་པ་དང་བྲལ་བ་ཉིད་དོ། །མཁྱེན་པ་ནི་འཇིགས་པ་དང་བྲལ་བར་མི་འགྱུར་རོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ། དེ་གང་དང་ལྡན་པས་འཇིགས་པ་མེད་པར་འགྱུར་བ་དེ་ནི་འཇིགས་པ་མེད་པ་ཉིད་དེ་ཡ་ཤེས་རྣམ་པ་བཞི་དང་ལྡན་པས་འཇིགས་པ་མེད་པར་འགྱུར་བས་ན་མཁྱེན་པ་ཉིད་མི་འཇིགས་པ་ཡིན་ནོ། །སློབ་དཔོན་གྱིས་ཤེས་པས་བྱས་པ་ནི་མི་འཇིགས་པ་ཡིན་པར་རུང་གི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེས་སྨོས་ཏེ། མི་འཇིགས་པ་ནི་མི་སྐྲག་པ་ཡིན་ལ། མི་སྐྲག་པ་ཉིད་ཀྱང་སྐྲག་པ་དང་བྲལ་བ་ཡིན་ཞིང༌། དེ་ཡང་ཤེས་པ་ལས་བྱུང་བ་ཡིན་གྱི་ཤེས་པ་ཉིད་ནི་མ་ཡིན་ནོ་ཞེས་པ་ནི་མི་འཇིགས་པ་དང་ཆེས་ཉེ་བའི་རྒྱུ་ཉིད་ཤེས་པར་བྱ་བའི་ཕྱིར་མི་འཇིགས་པའི་རྒྱུའོ། །གཞན་དག་ན་རེ་ཤེས་པ་འདིར་མི་འཇིགས་པར་བཤད་དོ་ཞེས་ཟེར་རོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་མི་འཇིགས་པ་དང་པོའི་རྒྱུའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་མཁྱེན་པ་ནི་གཉིས་པའི་རྒྱུའོ། །མི་འཇིགས་པ་ཕྱི་མ་དག་གི་ནི་སློབ་མ་ལ་ཕན་པ་དང་མི་ཕན་པ་མཁྱེན་པ་བར་ཆད་མེད་པའོ། །སྟོབས་དང་མི་འཇིགས་པ་ཡིན་ཏེ་ཡེ་ཤེས་ཀྱི་བདག་ཉིད་ཡིན་ན་ཁྱད་པར་ཅི་ཞེ་ན། ཡེ་ཤེས་ཀྱི་ཁྱད་པར་འགའ་ཞིག་སྟོབས་དང་འགའ་ཞིག་མི་འཇིགས་པར་བརྗོད་དེ། མི་བརྫི་བའི་རྒྱུ་མཁྱེན་པ་ནི་སྟོབས་དང༌། མི་ཞུམ་པའི་རྒྱུ་ནི་མི་འཇིགས་པའོ། །ཇི་ལྟར་གཞན་གྱིས་ཟིལ་གྱིས་མི་གནོན་པ་དེ་ལྟར་སྟོབས་ཡིན་ལ། ཇི་ལྟར་གཞན་དག་ཟིལ་གྱིས་གནོན་པ་དེ་ལྟར་ན་མི་འཇིགས་པ་ཡིན་ནོ། །ཁ་ཅིག་ན་རེ་ཐེ་ཚོམ་ཅན་གྱི་རྟོགས་པ་ཡོངས་སུ་མཁྱེན་པ་ནི་སྟོབས་དང་ཐེ་ཚོམ་གྱི་སྦྱོར་བ་ལ་མཁས་པ་ལྟ་བུ་ནི་མི་འཇིགས་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་སྟོབས་ནི་དཔའ་བ་ཉིད་ཡིན་ལ། མི་འཇིགས་པ་ནི་བརྟན་པ་ཉིད་ཡིན་ནོ། །འདི་ཉིད་ཀྱིས་བྱ་བ་ཐ་དད་དེ། སྟོབས་ཀྱི་དོན་ནི་མངོན་པར་འདོད་པའི་བྱ་བ་བསྒྲུབ་པའི་དོན་ཏོ། །མི་འཇིགས་པའི་དོན་ནི་མི་ཞུམ་པའི་དོན་ཏོ་ཞེས་ཟེར་རོ། །དྲན་པ་ཉེ་བར་གཞག་པ་གསུམ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་རྣམས་ལས་གཞན་པ་དག་གོ །འཁོར་གྱི་བྱེ་བྲག་ལས་ཞེས་བྱ་


DTG210_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་འཁོར་གྱི་ཁྱད་པར་ལས་སོ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི། དགེ་སློང་དག་གསུམ་པོ་འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཏེ། གང་དག་འཕགས་པས་བསྟེན་པར་བྱེད་པ་སྟེ། འཕགས་པ་དེ་དང་བསྟན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའོ། །གསུམ་གང་ཞེ་ན། དགེ་སློང་དག་འདི་ལ་སྟོན་པ་ཐུགས་བརྩེ་བ་ཅན་ཐུགས་རེ་ཅན་དོན་བཞེད་པ་ཕན་པ་བཞེད་པ་ཐུགས་རྗེ་དང་ལྡན་པས་ཉན་ཐོས་རྣམས་ལ་འདི་ནི་ཁྱེད་ལ་ཕན་པར་བྱེད་པ་འདི་ནི་ཁྱེད་ལ་བདེ་བར་བྱེད་པ་འདི་ནི་ཁྱེད་ལ་ཕན་པ་དང་བདེ་བར་བྱེད་པའོ་ཞེས་ཆོས་སྟོན་པར་མཛད་ཅིང་ཉན་ཐོས་དེ་དག་དེ་ལ་ཉན་པར་བྱེད་རྣ་བ་གཏོད་པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལ་མི་འགལ་བར་བྱེད་ན། དེས་དེ་བཞིན་གཤེགས་པའི་ཐུགས་དགྱེས་པར་ཡང་མི་འགྱུར་རོ། །ཡིད་བདེ་བར་ཡང་མི་འགྱུར། ཐུགས་ཡ་ཡ་པོར་ཡང་མི་འགྱུར་གྱི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པས་བསྟེན་པར་བྱེད་པ་སྟེ། འཕགས་པས་དེ་དག་བསྟེན་ན། ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་དང་པོ་ཡིན་ནོ། །གཞན་ཡང་དགེ་སློང་དག་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །བཟློག་སྟེ་ཉན་ཐོས་དེ་དག་ལ་ཉན་པར་མི་བྱེད་ཅེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའ་ལ་ཐུགས་མ་རངས་པ་ཡང་མི་མངའོ། །དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། དྲན་པ་ཉེ་བར་གཞག་པ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དག་འདི་སྟོན་པ་ཐུགས་བརྩེ་བ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཉན་ཐོས་ཁ་ཅིག་ནི་དེ་ལ་ཉན་པར་བྱེད་རྣ་བ་གཏོད་པར་བྱེད་ཀུན་ཤེས་པའི་སེམས་ཉེ་བར་འཇོག་པར་བྱེད་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད། སྟོན་པའི་བསྟན་པ་ལ་མི་འགལ་བར་བྱེད་ལ། ཁ་ཅིག་ཉན་པར་མི་བྱེད་རྣ་བ་གཏོད་པར་


DTG210_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་ནས་སྟོན་པའི་བསྟན་པ་ལ་འགལ་བའི་བར་དུ་བྱེད་ན། དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བ་ཡང་མ་ཡིན་ཐུགས་ཡ་ཡ་པོར་ཡང་མི་འགྱུར་ལ། ཀུན་ནས་མནར་སེམས་སུ་ཡང་མི་འགྱུར། མི་བཟོད་པ་ཡང་མ་ཡིན། འཚིག་པ་ཡང་མི་མངའི། དེ་ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ། འདི་ནི་གང་དག་འཕགས་པ་སྟེན་པར་བྱེད་པ་སྟེ། འཕགས་པ་དེ་དག་བསྟེན་ན་ཚོགས་ལ་རྗེས་སུ་སྟོན་པར་འོས་པའི་དྲན་པ་ཉེ་བར་གཞག་པ་གསུམ་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ཡང་དྲན་པ་དང་ཤེས་བཞིན་བདག་ཉིད་གསུམ་ཞེས་བྱ་བ་ནི་དྲན་པའི་བདག་ཉིད་དང་ཤེས་བཞིན་གྱི་བདག་ཉིད་དེ། དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཏེ་ཞེས་གང་བཤད་པ་ཡིན་ནོ། །ཤེས་བཞིན་ཡང་ཤེས་རབ་ཉིད་དོ། །གང་གི་ཚེ་ཉན་ཐོས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཉོན་མོངས་པ་སྤང་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །བག་ཆགས་དང་བཅས་པ་སྤང་བའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྗེས་ཆགས་པ་དང༌། ཁོང་ཁྲོ་བ་དག་གི་བག་ཆགས་ཀྱང་སྤངས་ཀྱི། ཉན་ཐོས་རྣམས་ཀྱིས་ནི་མ་ཡིན་ནོ། །བག་ཆགས་ཞེས་བྱ་བ་འང་ཅི་ཞེ་ན། གང་སྔ་མ་ཉོན་མོངས་པ་སྤྱད་པ་དེའི་ངེས་པའི་ལུས་དང་ངག་གི་གཡོ་བ་དང་འགྱུར་བའི་རྒྱུར་གྱུར་པའི་ནུས་པའི་ཁྱད་པར་ནི་བག་ཆགས་ཡིན་ནོ། །ཡང་ན་ཉན་ཐོས་རྣམས་གང་གི་ཡིན་པ་དེ་ལ་ཞེས་བྱ་བ་ནི། ཉན་ཐོས་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་གྱི་གཞན་དག་ནི་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་རབ་ཏུ་བྱུང་བའི་ཕྱིར་རོ། །གུས་པས་ཉན་པ་དང་གུས་པར་མི་ཉན་པ་གཉི་ག་ལ་ཞེས་བྱ་བ་ནི་གུས་པས་ཉན་པ་དང་གུས་པར་མི་ཉན་པ་གཉི་ག་དག་ལ་སྟེ། གང་གིས་ཁ་ཅིག་གུས་པས་ཉན་པ་དང་ཁ་ཅིག་གུས་པར་མི་ཉན་པ་དེ་དག་གཉི་ག་ལའོ། །དེ་ཁོ་ན་ལ་དེ་མི་འབྱུང་བ་ཞེས་བྱ་བ་ནི། ཉན་ཐོས་དེ་དག་གང་གི་ཡིན་པ་དེ་ཁོ་ན་ལའོ། །དེ་ཞེས་བྱ་བ་ནི་ཡིད་བདེ་བ་ལ་སོགས་པ་དེ་དག་མི་སྐྱེ་བ་ངོ་མཚར་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་མ་ཆགས་པའི་བདག་ཉིད་


DTG210_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཟག་པ་མེད་པའི་ཤེས་པའི་བདག་ཉིད་ཡིན་ན་སེམས་ཅན་ཐམས་ཅད་ལ་དམིགས་པར་མི་འགྲུབ་ལ། སྙིང་རྗེ་བཞིན་དུ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཡང་མི་འགྲུབ་པོ་ཞེས་བྱ་བ་ནི། སྙིང་རྗེ་ནི་ཞེ་སྡང་མེད་པའི་བདག་ཉིད་ཡིན་པས་སེམས་ཅན་ཐམས་ཅད་ལ་དམིགས་པ་མ་ཡིན་ནོ། །ཐུགས་རྗེ་ཆེན་པོ་ནི་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་ཉིད་ཡིན་ཏེ་ཞེ་སྡང་མེད་པའི་ཕྱིར་རོ། །འདོད་པའི་སེམས་ཅན་གྱི་ཡུལ་ཅན་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་རྣམ་པ་ཅན་ཉིད་དོ། །ཤེས་པ་ཟག་པ་མེད་པ་ཡང་དེ་ལྟར་མི་འཇུག་སྟེ། དེའི་ཕྱིར་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡེ་ཤེས་ཀྱི་ཚོགས་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་རྣམ་པ་གཉི་ག་ཡིན་ཏེ། བསམ་གཏན་མེད་ན་ཤེས་རབ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་མེད་པར་སྦྱིན་པ་མི་གཏོང་ལ། ཚུལ་ཁྲིམས་ཡང་དག་པར་མི་ལེན་ཅིང་བཟོད་པ་མི་སྒོམ་མོ། །དེ་ལྟར་ན་བརྩོན་འགྲུས་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆ་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་བརྩོན་འགྲུས་མེད་ན་ཤེས་རབ་ཀྱང་མེད་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་ཆ་དང་མཐུན་པར་ཡང་འགྱུར་རོ། །དེ་བཞིན་དུ་བྱམས་པ་ལ་སོགས་པ་ཚད་མེད་པ་རྣམ་པ་བཞི་བསྒོམ་པའི་ཕྱོགས་ནི་བསོད་ནམས་ཀྱི་ཚོགས་ཀྱི་ཆ་མཐུན་པའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་བསྒོམ་པའི་ཕྱོགས་ནི་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་ཆ་དང་མཐུན་པའོ། །འདིས་རྒྱ་ཆེ་བ་ཉིད་དང་ཆེ་བ་ཉིད་མ་ཡིན་པ་སྟོན་པར་བྱེད་དོ། །རྣམ་པས་ཆེ་བ་ནི་སྡུག་བསྔལ་གསུམ་གྱི་རྣམ་པའི་ཕྱིར་ཏེ། སྙིང་རྗེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་རྣམ་པ་ཅན་ནོ། །དམིགས་པས་ཆེ་བ་ནི་ཁམས་གསུམ་དུ་སྐྱེ་བའི་སོ་སོ་སྐྱེ་བོ་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །སྙིང་རྗེ་འདོད་


DTG210_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་སུ་སྐྱེས་པ་ཁོ་ན་ལ་དམིགས་སོ། །མཉམ་པ་ཉིད་ཀྱིས་ཆེ་བ་ཉིད་ནི་ཐུགས་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པའི་ཕྱིར་ཏེ། གང་གི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་སེམས་ཅན་རྣམས་ལ་འཇུག་པ་མཚུངས་པར་འཇུག་སྟེ། སེམས་ཅན་རྣམས་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཁྱད་པར་མེད་པའི་ཕྱིར་རོ། །སྙིང་རྗེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་སེམས་ཅན་རྣམས་ལ་འཇུག་སྟེ་མི་མཉམ་པར་འཇུག་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་མི་མཉམ་པའི་ཕྱིར་རོ། །ཆེས་ཆེ་བ་ཉིད་ནི་དེ་བས་ཆེས་ཆེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་ཤིན་ཏུ་དང་རིམ་ཆེས་ཀྱིས་རིམ་པ་བཟློག་པའོ། །ཇི་ལྟར་སྙིང་རྗེས་སྙིང་རྗེ་བར་བྱེད་པ་དེ་ལྟར་ངེས་ཀྱང་ཡིན་པ་དེ་གཉིས་ལ་ཁྱད་པར་མ་མཐོང་ནས་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་བྱ་བ་དྲིས་སོ། །ཐ་དད་དུ་བྱ་བ་ནི་དབྱེ་བར་བྱའོ། །ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེ་ནི་ཞེ་སྡང་མེད་པའི་ངོ་བོའོ། །ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོའོ། །ས་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ནི་བསམ་གཏན་བཞིའི་ས་པ་ཡིན་ནོ། །འདིར་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་ནི་བསམ་གཏན་དང་པོའི་ཁོངས་སུ་གཏོགས་པས་ལོགས་ཤིག་ཏུ་མ་བཤད་དོ། །ཐུགས་རྗེ་ཆེན་པོ་ནི་བསམ་གཏན་བཞི་པའི་ས་པའོ། །ཉན་ཐོས་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་པ་དང་རང་སངས་རྒྱས་བསྡུའོ། །ཐུགས་རྗེ་ཆེན་པོ་ནི་སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བས་འཐོབ་སྟེ། ཟད་པ་ཤེས་པ་དང་སྟོབས་ལ་སོགས་པ་བཞི་དང་མ་ཆགས་པ་ལ་སོགས་པ་བཞིན་ནོ། །ཡོངས་སུ་མི་སྐྱོབ་པ་དང་སྐྱོབ་པ་དང་ཞེས་བྱ་བ་ནི་སྙིང་རྗེས་ནི་ཉན་ཐོས་ལ་སོགས་པ་དག་སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཉམ་ང་བ་འབའ་ཞིག་ཏུ་ཟད་ཀྱི་དེ་དག་གིས་སྡུག་བསྔལ་བ་ལས་བསྐྱབ་པར་མི་ནུས་སོ། །བཅོམ་ལྡན་འདས་རྣམས་ནི་སྡུག་བསྔལ་དེ་ལས་ཡོངས་སུ་བསྐྱབ་པར་མཛད་པའོ། །མི་འདྲ་བ་དང་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྙིང་རྗེས་ནི་སྡུག་བསྔལ་ཅན་རྣམས་ཁོ་ན་ལ་ཐུགས་རྗེ་


DTG210_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ། ཐུགས་རྗེ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ལ་སྟེ། ཇི་ལྟར་སྙིང་རྗེས་སྡུག་བསྔལ་བ་རྣམས་ལ་ཐུགས་རྗེས་མཛད་པ་དེ་ལྟར་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་སྐྱོབ་པར་མཛད་དོ། །མནར་མེད་པར་སྐྱོབ་པ་རྣམས་ལ་ཇི་ལྟ་བ་དེ་ལྟར་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་ལ་ཡང་ངོ༌། །ཀེ་ཙིཏྟྭ་ནྱ་ན་ཙ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བཤད་དེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་དང་ཅ་ཅོ་མི་མངའ་བ་དང་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་དྲན་པ་ཉམས་པ་མི་མངའ་བ་དང་སོ་སོར་མ་བརྟགས་པའི་བཏང་སྙོམས་སྟག་ལུང་ཀེ་ཙི་རྦནྟྱ་ནེ་པ། མི་མངའ་བ་དང་འདུན་པ་ཉམས་པ་མི་མངའ་བ་དང་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་དང༌། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པ་ནི་སངས་རྒྱས་པ་ཉིད་ཀྱི་སྔོན་རོལ་གྱི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡང་དག་པར་འགྲུབ་པའོ། །དེ་ལ་བསོད་ནམས་དང་ཡེ་ཤེས་དག་ཚོགས་པས་ན་ཚོགས་སོ། །ཡང་ན་འདིས་སངས་རྒྱས་ཉིད་ཀྱི་རྒྱུ་དགེ་བའི་སྤྱོད་པ་ཐམས་ཅད་ཚོགས་པས་ན་ཚོགས་སོ། །སོགས་པ་ཞེས་བྱ་བ་འདི་ཡང་དག་པར་སྡུད་ཅེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཆོས་ཀྱི་རྒྱུན་ནམ་གནས་ཡོངས་སུ་གྱུར་པ་ཡིན་ནོ། །འཇིག་རྟེན་གྱི་དོན་སྤྱོད་པ་ལས་བྱ་བ་ནི་འཇིག་རྟེན་གྱི་དོན་ནི་མཐོ་རིས་དང་བྱང་གྲོལ་གྱི་རྒྱུའོ། །དེ་བསྒྲུབ་པ་ནི་དོན་སྤྱོད་པ་སྟེ། སངས་རྒྱས་རྣམས་ཀྱིས་གཞན་གྱི་དོན་མཛད་པའི་ཐུགས་རྗེ་ཆེན་པོ་དང་མཚུངས་པའི་ཕྱིར་རོ། །འདི་ཡང་རྒྱུ་དང་འབྲས་བུ་དང་གཞན་གྱི་དོན་གྱི་བྱ་བའི་སྒོ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་གསུངས་སོ། །དུས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་དང་སྦྱར་རོ། །ཇི་ལྟར་ཞེ་ན་ཡུལ་ཤིན་ཏུ་རིང་བ་དང༌།


DTG210_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ངུར་འཚོ་བའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་བ་ཡིན་པས་ན་སྐུ་ཚེ་ལོ་བརྒྱད་ཁྲི་ཡིན་ལ་སྐྱེ་དགུའི་ཚེ་ལོ་བརྒྱ་པ་ཡིན་པས་ན་སྐུ་ཚེ་ལོ་བརྒྱ་པར་འགྱུར་བའོ། །དུས་ཇི་ལྟ་བ་བཞིན་རྒྱལ་རིགས་དང་བྲམ་ཟེའི་རིགས་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་གྱིས་རྒྱལ་རིགས་བཀུར་བ་དེའི་ཚེ་རྒྱལ་རིགས་སུ་འབྱུང་ལ། གང་གི་ཚེ་བྲམ་ཟེ་བཀུར་བ་དེའི་ཚེ་ནི་བྲམ་ཟེར་རོ། །དུས་ཇི་ལྟ་བ་བཞིན་དུ་འོད་སྲུངས་དང་ཤཱཀྱ་ལ་སོགས་པ་གདུང་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་ན་རུས་གང་ཆེ་བ་མཆོད་པར་འོས་པར་འགྱུར་བ་དེའི་ཚེ་དེའི་གདུང་དུ་འབྱུང་བའོ། །དུས་ཇི་ལྟ་བ་བཞིན་དུ་སྐུ་བོང་ཚོད་ཆུང་བ་དང་ཆུང་བ་མ་ཡིན་པ་ཐ་དད་པ་ནི་གང་གི་ཚེ་འཇིག་རྟེན་ན་བོང་ཚོད་ཆུང་ངུ་ཡིན་པ་དེའི་ཚེ་སྐུ་བོང་ཚོད་ཆུང་ལ་གང་གི་ཚེ་བོང་ཚོད་ཆུང་བ་མ་ཡིན་པ་དེའི་ཚེ་སྐུ་བོང་ཆུང་བ་མ་ཡིན་པའོ། །རྣམ་པ་གསུམ་པོ་འདི་ཁོ་ན་ཞེས་བྱ་བ་ནི་གང་ཞིག་ཐ་མ་ཐག་ཏུ་སངས་རྒྱས་རྣམས་མཉམ་པ་ཉིད་ཀྱི་རྒྱུར་བཤད་པ་རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པའོ། །སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱིས་ཡང་དག་པར་འགྲུབ་པས་ན་རྒྱུ་ཕུན་སུམ་ཚོགས་པ་བསྟན་ལ་ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པས་ནི་འབྲས་བུ་ཕུན་སུམ་ཚོགས་པའོ། །དོན་སྤྱོད་པས་ནི་ཕན་འདོགས་པ་ཕུན་ཚོགས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་གོམས་པ་ཞེས་བྱ་བ་ལ། བསོད་ནམས་ཞེས་སྨོས་པ་ནི་ཅི་རིགས་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་དད་པ་ལ་སོགས་པ་རྣམས་བསྡུས་སོ། །ཡེ་ཤེས་སྨོས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ནའོ། །ཡུན་རིང་པོ་ནས་གོམས་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པའོ། །ཡུན་རིང་པོར་གོམས་ཀྱང་བར་དང་བཅས་པ་ཡོད་པས་དེའི་ཕྱིར་བར་ཆད་མེད་པ་ཞེས་བྱ་བ་སྨོས་ཏེ། བར་ཆད་མེད་པར་བྱ་དཀའ་བས་སོ། །རེས་འགའ་གུས་པར་མ་བྱས་པར་ཡང་ཡིན་པས་དེའི་ཕྱིར་གུས་པར་བྱས་ཏེ་གོམས་པ་ཞེས་བྱ་བ་སྨོས་སོ། །ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་མཛད་པ་ཕུན་སུམ་ཚོགས་


DTG210_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་བྱ་བ་ནི་ངན་སོང་གསུམ་ལས་ཐར་བར་མཛད་པ་ཕན་འདོགས་པ་རྣམ་པ་གསུམ་དང་འཁོར་བ་ལས་ཐར་བར་མཛད་པ་སྟེ། དེ་ལྟར་རྣམ་པ་བཞིར་འགྱུར་རོ། །ཡང་ན་ཐེག་པ་གསུམ་དང་བདེ་འགྲོ་ལ་བགྲོད་པར་མཛད་པ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་ནི་ཐེག་པ་གསུམ་པོ་རྗེ་རེ་ལ་བཀོད་པ་ཕུན་སུམ་ཚོགས་པ་གསུམ་དང་བདེ་འགྲོ་ལ་བཀོད་པ་སྟེ་རྣམ་པ་བཞིར་འགྱུར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་རེ་རེ་ཡང་དེ་ལྟར་རྣམ་བ་བཞིར་འབྱེད་པའོ། །མ་བསྟན་པར་མཁྱེན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་གྱིས་སོ། །ཐམས་ཅད་མཁྱེན་པ་ནི་མཚན་ཉིད་མ་ལུས་པར་ཐུགས་སུ་ཆུད་པའི་དོན་གྱིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་དོན་གྱིས་སོ། །མ་འབད་པར་མཁྱེན་པ་ནི་བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པའི་དོན་གྱིས་སོ། །ཉོན་མོངས་པ་ཐམས་ཅད་སྤང་བ་ཞེས་བྱ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཁམས་གསུམ་པ་སྤང་བའི་ཕྱིར་རོ། །གཏན་དུ་སྤང་བ་ནི་ཡོངས་སུ་མི་མཉམ་པའི་སྒོ་ནས་སོ། །བག་ཆགས་དང་བཅས་ཏེ་སྤང་པ་ནི་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་བ་སྤང་བའོ་ཞེས་བྱ་ནི་གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །སྤྱིའི་ཡུལ་སྤྲུལ་པ་དང་ཡོངས་སུ་བསྒྱུར་བ་དང་བྱིན་གྱིས་རློབ་པའི་མངའ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་ལ་སྤྲུལ་པ་ནི་ཕྱིའི་ཡུལ་སྔོན་མེད་པ་འབྱིན་པའོ། །ཡོངས་སུ་བསྒྱུར་བ་ནི་རྡོ་ལ་སོགས་པ་གསེར་ལ་སོགས་པའི་དངོས་པོར་མཛད་པའོ། །བྱིན་གྱིས་རློབ་པ་ནི་ཡུན་རིང་དུ་གནས་པར་མཛད་པའོ། །དེ་དག་ལ་མངའ་བ་ཉིད་ནི་བཞེད་པའི་སྒོ་ནས་འཇུག་པའོ། །མངའ་བ་ཉིད་ཕུན་སུམ་ཚོགས་པ་ནི་མངའ་བ་ཕུན་སུམ་ཚོགས་པའོ། །སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་དེ་ཉིད་ཕུན་སུམ་ཚོགས་པ་ནི་སྐུ་ཚེ་གཏོང་བ་དང་བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པའོ། །བསྒྲིབ་


DTG210_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གཤེགས་པ་དང༌། ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང༌། ནམ་མཁའ་ལ་གཤེགས་པ་དང༌། རྡུལ་ཕྲ་རབ་ཆུང་དུ་མང་པོ་སྟེ་འཇིག་རྟེན་གྱི་ཁམས་འཇུག་པར་མཛད་པ་ནི་བསྒྲིབས་པ་དང༌། ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང༌། ཆུང་ངུར་མང་པོ་འཇུག་པར་མཛད་པའོ། །དེ་དག་ལ་མངའ་བ་ནི་བཞེད་དགུར་མཛད་པ་སྟེ་དེ་ཉིད་ཕུན་སུམ་ཚོགས་པ་ཡིན་ནོ། །ཡ་མཚན་གྱི་ཆོས་རྣལ་མ་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྣལ་མ་རང་བཞིན་གྱིས་འབྱུང་བ་ཞེས་བྱ་བའི་དོན་དུ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཤེགས་པ་ན་མཐོ་དམན་མཉམ་པར་འགྱུར་ཏེ། མཐོ་བ་གང་ཡིན་པ་དེ་ནི་དམའ་བར་འགྱུར་ལ། དམའ་བ་གང་ཡིན་པ་དེ་ནི་མཐོན་པོར་འགྱུར་རོ། །ལོང་བ་རྣམས་ཀྱིས་ནི་མིག་འཐོབ་པོ། །འོན་པ་རྣམས་ཀྱིས་ནི་རྣ་བ་འཐོབ་པོ། །སྨྱོན་པ་རྣམས་ཀྱིས་ནི་དྲན་པ་འཐོབ་པོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཡིན་ཏེ། ཐམས་ཅད་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཁོང་དུ་ཆུད་པར་བྱའོ། །མཚན་ཕུན་སུམ་ཚོགས་པ་ནི་ཞེས་བྱ་བ་ནི། གསལ་ལ་རྫོགས་པ་དང་ཡུལ་ལ་གནས་པའི་ཕྱིར་སྐྱེས་བུ་ཆེན་པོའི་ངོ་བོ་ཉེ་བར་མཚོན་པས་མཚན་དག་སྟེ། དེ་དག་ནི་གཙུག་ཏོར་ལ་སོགས་པ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་ངོ་བོ་བསལ་བར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་དག་སྟེ། དེ་དག་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པ་བརྒྱད་ཅུ་སྟེ་དེ་དག་ཀྱང་མཚན་བཞིན་དུ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །སྟོབས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གདུང་རྡོ་རྗེ་ལྟ་བུར་སྲ་བ་ནི་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་མདོར་བསྡུས་པ་ཡིན་ནོ་ཞེས་བྱ་བ་ནི། མདོར་བསྡུ་ན་རྒྱུ་དང་འབྲས་བུ་དང་ཕན་འདོགས་པ་རྣམས་ཀྱིས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་པའི་ཕྱིར་རོ། །གལ་ཏེ་སྐུ་ཚེ་བསྐལ་པ་གྲངས་མེད་དུ་མར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སྐད་དུ། གལ་ཏེ་སངས་རྒྱས་བཅོམ་ལྡན་


DTG210_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བསྐལ་པ་གྲངས་མེད་པ་གཉིས་སམ་གསུམ་དུ་སྐུ་ཚེ་བྱིན་གྱིས་རློབ་པར་མཛད་ན། དེ་ལྟར་སངས་རྒྱས་གྱི་ཆེ་བའི་བདག་ཉིད་གསུངས་པ་དང་མཁྱེན་པར་སྤྱོད་དོ་ཞེས་བསྟན་པར་འགྱུར་རོ། །རེ་ཞིག་དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཡོན་ཏན་རྣམས་དང་ཡེ་ཤེས་རྣམས་དང་མཐུ་དང་ཕན་འདོགས་པ་དང་ཐུགས་རྗེ་ཆེན་པོ་ནི་ཡོན་ཏན་དང་ཡེ་ཤེས་དང་ཕན་འདོགས་པ་དང་ཐུགས་རྗེ་ཆེན་པོ་རྣམས་སོ། །མཐའ་ཡས་ཤིང་རྨད་དུ་བྱུང་བ་ནི་དེ་ཉིད་ཀྱི་ཡོན་ཏན་དང་ཡེ་ཤེས་ལ་སོགས་པ་སྟེ། མཐའ་ཡས་པ་ནི་གྲངས་དང་མཐུ་མཐས་གཏུགས་པ་མེད་པའི་ཕྱིར་རོ། །རྨད་དུ་བྱུང་བ་ནི་སངས་རྒྱས་རྣམས་ལས་གཞན་མེད་པའི་ཕྱིར་དང་མཛད་པར་དཀའ་བའི་ཕྱིར་དང་བརྙེས་པར་དཀའ་བའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེ་ཆེན་པོ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཕྱིར་ཏེ་རིན་པོ་ཆེ་ཆེན་པོ་དེ་དག་གི་འབྱུང་གནས་ཡིན་ནོ། །སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཅེས་བྱ་བ་ནི། གུས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྷ་ཞེས་བྱ་བ་ནི་ལྷ་དག་ན་ཡོད་པ་ནི་ལྷའོ། །འབྲས་བུ་མེད་པ་མ་ཡིན་པ་དང༌། ཡིད་དུ་འོང་བ་དང༌། མཆོག་ཏུ་གྱུར་པ་དང༌། མྱུར་བ་དང༌། མཐའ་བཟང་བའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ལ་བསོད་ནམས་བྱ་བའི་ས་བོན་ཆུང་དུ་ཡིན་ཡང་འབྲས་བུ་མེད་པ་མ་ཡིན་པ་སྟེ། འབྲས་བུ་འབྱིན་པར་ངེས་པར་གནས་པའི་ཕྱིར་རོ། །འབྲས་བུ་ཡིད་དུ་འོང་བ་ནི་རྣམ་པར་སྨིན་པའི་འབྲས་བུ་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །འབྲས་བུ་མཆོག་ཏུ་གྱུར་པ་ནི་ལྷ་ལ་སོགས་པའི་འབྱོར་པའི་རྒྱུར་གྱུར་པའི་ཕྱིར་དང་འབྲས་བུ་མང་བའི་ཕྱིར་རོ། །འབྲས་བུ་མྱུར་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་མཐའ་བཟང་བ་ནི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་ཕྱིར་རོ། །ཇི་སྐད་བཤད་པའི་ཁུངས་གཙུག་ལག་གི་ཚིགས་སུ་བཅད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་གང་དག་རྒྱལ་བ་ཞེས་འབྱུང་བའོ། །འདིས་ཉོན་མོངས་པ་བག་ཆགས་དང་བཅས་པ་ལས་རྒྱལ་བར་བྱེད་པས་ན་རྒྱལ་བའོ། །བྱ་བ་ཞེས་བྱ་བ་ནི་རྣམ་པའོ། །གདུལ་


DTG210_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གདུལ་བས་ན་རྣམ་འདྲེན་ནོ། །སྣ་ཚོགས་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ན་སྤྱོད་པའོ། །བདུད་རྩིའི་གོ་འཕང་ནི་མྱ་ངན་ལས་འདས་པའོ། །སློབ་དང་ཐུན་མོང་ཡིན་ཞིང་རྒྱས་པར་འབྱུང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་ནི་དབང་རྣམ་པར་དག་པའི་ཁྱད་པར་གྱི་རྣམ་པར་དག་པའི་ཕྱིར་བླ་ན་མེད་པ་ཡིན་མོད་ཀྱི་སློབ་མ་དང་ཐུན་མོང་ཡིན་ནོ། །སོ་སོ་སྐྱེ་བོ་དང་ཐུན་མོང་ཡིན་ནོ་ཞེས་ཡོན་ཏན་དང་ཐུན་མོང་མ་ཡིན་པའི་རིགས་ལ་དགོངས་ནས་བརྗོད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་རོ། །དེ་ལ་སློབ་མ་དང་ཐུན་མོང་བ་ནི་ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོར་ཡང་དག་པར་རིག་པའོ། །སོ་སོ་སྐྱེ་བོ་དང་ཐུན་མོང་བ་ནི་མངོན་པར་ཤེས་པ་དང་བསམ་གཏན་ལ་སོགས་པ་རྣམས་སོ། །ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང་ཏིང་ངེ་འཛིན་གཞན་དག་ཀྱང་བསྡུའོ། །དགྲ་བཅོམ་པ་ལ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདི་ན་དགྲ་བཅོམ་པ་ལ་ལ་སྨད་འཚོང་མ་དང་ཟློས་གར་མཁན་དང་གཡོན་ཅན་དང་ཆང་འཚོང་ལ་སོགས་པའི་སྐྱེ་བོ་དག་ལ་བདག་དང་གཞན་གྱི་ཉོན་མོངས་པ་སྐྱེ་བའི་འབྲས་བུ་ཡིད་དུ་མི་འོང་བ་རྗེས་སུ་འབྲེལ་པ་དྲན་ནས། རེ་ཤིག་འདོད་ཆགས་དང་བཅས་པའི་རྒྱུད་ལ་སྐྱེས་པའི་ཉོན་མོངས་པ་རྣམས་ཀྱང་འབྲས་བུ་ཡིད་དུ་མི་འོང་བ་ཡིན་ན། འདོད་ཆགས་དང་བྲལ་བའི་རྒྱུད་ལ་སྐྱེས་པ་རྣམས་ཀྱི་གནས་སྐབས་གང་ཞིག་ཏུ་འགྱུར་སྙམ་དུ་དེ་ལྟར་རྗེས་སུ་སེམས་ཤིང་བསམས་ནས་ཇི་ལྟར་གཞན་དག་ལ་དེ་ལ་དམིགས་པའི་འདོད་ཆགས་དང་ཞེ་སྡང་ངམ་ང་རྒྱལ་ལམ་སེར་སྣའམ། ཕྲག་དོག་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ངོ་བོའི་ཤེས་པ་བསྐྱེད་དེ། འདིར་མཐོང་བས་སྤང་བར་བྱ་བར་བསྲུང་བར་མི་ནུས་པས་འདོད་ཆགས་ལ་སོགས་པ་སྨོས་སོ། །ཉོན་མོངས་པར་མི་བྱེད་པ་ནི་ཉོན་མོངས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཀུན་རྫོབ་ཤེས་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ཀྱི་བསྒོམ་པས་


DTG210_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་བྱ་བའི་ཉོན་མོངས་པ་མ་འོངས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། དེ་ལྟར་ཞུགས་པའི་ཟག་པ་མེད་པའི་ཤེས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལ་ཕུང་པོ་ལ་རྒོད་པའི་ཉོན་མོངས་པའི་སྒྲིབ་པ་གསུམ་སྟེ། ཕུང་པོ་ཉོན་མོངས་པ་དང་འཆི་བ་ལ་རྒོལ་བ་ཉོན་མོངས་པ་དང༌། འཐབ་པ་ཉོན་མོངས་པའི་ཉོན་མོངས་པ་སྟེ། ཉོན་མོངས་པ་བརྒྱད་དང་བཅས་པའི་བརྒྱའོ། །དེའི་ཕྱིར་ཉོན་མོངས་པའི་ཉོན་མོངས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་ཀུན་རྫོབ་ཤེས་པ་ཉོན་མོངས་པ་མེད་པ་ཡིན་ཡང་ཞི་བའི་ཏིང་ངེ་འཛིན་ཉོན་མོངས་པ་མེད་བསྟེན་པར་བཤད་པས་འདྲེས་པ་རྣམས་གང་ཡང་རུང་བས་ཀྱང་བསྟན་པ་ཡིན་ནོ། །ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་སྔ་མ་ལངས་པ་དེས་བདག་མཐོང་ནས་འདིའི་འདོད་ཆགས་སྐྱེ་བར་འགྱུར་དུ་འོང་ངོ༌། །འདིའི་ཞེ་སྡང་དང་འདིའི་ང་རྒྱལ་དང༌། འདིའི་བག་མེད་པ་སྐྱེ་བར་འོང་ངོ་སྙམ་དུ་ཇི་ལྟ་ཇི་ལྟར་མངོན་པར་འདོད་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་མཐུན་པར་སྤྱོད་པར་བྱེད་དོ། །བསམ་གཏན་མཐའ་ན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་དང་འགལ་བའི་ཕྱིར་དང༌། བསམ་གཏན་བཞི་པ་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་བསམ་གཏན་བཞི་པའི་ས་པ་ཁོ་ན་ཡིན་ཏེ། གཞན་མི་གཡོ་བའི་ཆོས་ཅན་གྱི་ཡིན་ཏེ། གཞན་གྱི་རྒྱུད་ལ་ཉོན་མོངས་པ་སེལ་བར་ཞུགས་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་གྱིས་ནི་མི་ཡིན་ཏེ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བའི་མ་ཡིན་པའོ། །རང་གི་རྒྱུད་ལས་ཀྱང་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཚེ་ན་ཏིང་ངེ་འཛིན་ལ་དབང་བ་ཉིད་མེད་པའི་ཕྱིར་རོ། །གཞིར་བཅས་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་དག་གོ །ཇི་ལྟར་མ་འོངས་པའི་ཉོན་མོངས་པ་ལ་དམིགས་ཤེ་ན། དེའི་ཕ་རོལ་པོ་དག་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟར་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་བ་སྨོས་སྨོས་སོ། །ཅིའི་ཕྱི་བཞི་དང་བཅས་པ་རྣམས་ཁོ་ན་ལ་དམིགས་ཤེ་ན། དེའི་ཕྱིར་ཉོན་མོངས་པ་མེད་པ་རྣམས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཉོན་མོངས་པ་བཞི་མེད་པ་ནི་མཐོང་བས་སྤངས་བར་བྱ་བ་རྣམས་ཏེ། འཇིག་ཚོགས་ལྟ་བ་ལ་སོགས་པ་རྣམས་ནི་ཁམས་


DTG210_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་ཐམས་ཅད་ལ་དམིགས་པའི་ཕྱིར་བཟློག་པར་མི་ནུས་སོ། །སྨོན་ན་ཤེས་པའང་དེ་བཞིན་ནོ་ཞེས་བྱ་བ་ནི། ཉོན་མོངས་པ་མེད་པ་རང་གི་ངོ་བོ་དང་ས་དང་རྒྱུ་དང་རྟེན་ལས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་སྨོས་ནས་ཤེས་པ་ཡང་ཡིན་ནོ། །སྨོན་ནས་ཤེས་པས་གཟུགས་མེད་པ་རྣམས་མངོན་སུམ་དུ་ནི་ཡེ་ཤེས་སོ་ཞེས་བྱ་བ་ནི་སྨོན་ནས་ཤེས་པ་བསམ་གཏན་བཞི་པའི་ས་པ་ཡིན་པའི་ཕྱིར་ཏེ། མངོན་པར་ཤེས་པ་རང་དང་འོག་མའི་སའི་ཡུལ་ཅན་ཡིན་ལ། སྨོན་ནས་ཤེས་པ་ཡང་མངོན་པར་ཤེས་པ་དང་འདྲའོ་ཞེས་བཤད་པར་བྱའོ། །རྒྱུ་མཐུན་པ་དང་སྤྱོད་པའི་བྱེ་བྲག་ལས་ཞེས་བྱ་བ་ལ། གཟུགས་མེད་པ་ནས་ཤི་འཕོས་ནས་འདོད་པ་དང་གཟུགས་སྐྱེས་པ་ནི་རྒྱུ་མཐུན་པའི་བྱེ་བྲག་ལས་སོ། །འདི་ནས་ཤི་འཕོས་ནས་གཟུགས་མེད་པ་གང་དུ་སྐྱེ་བ་གང་ཡིན་པ་དེ་ནི་སྤྱོད་པའི་བྱེ་བྲག་ལས་སོ། །དེ་ལྟར་ན་འབྲས་བུ་དང་རྒྱུས་ཀྱང་འབྲས་བུ་ཤེས་པ་གོ་རིམས་བཞིན་ནོ། །འདིར་དཔེ་ནི་ཞིང་པ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་ན་ཞིང་པ་དག་ས་བོན་གྱིས་འབྲས་བུ་དང་འབྲས་བུས་ས་བོན་རྟོགས་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །སྨོན་པ་སྔར་བཏང་བ་ཞེས་བྱ་བ་ནི་གཏོང་བ་སྔར་བཏང་བ་སྟེ། སྨོན་ནས་ཞེས་བྱ་བ་འདི་ནི་བཏང་ནས་ཞེས་བྱ་བའི་དོན་ཏོ། །འདི་ནི་ཤེས་པར་བྱའོ་སྙམ་དུ་སྨོན་ནས་རང་གྱི་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་ཞེས་བྱ་བ་ལ། ས་ཐམས་ཅད་དང་མཐུན་པར་བྱས་པ་བསམ་གཏན་བཞི་པའི་འཕེལ་བ་མཐར་ཐུག་པ་ནི་རབ་ཀྱི་མཐའ་ལས་བྱ་བའོ། །ཅི་ལྟར་ཞེ་ན་དགྲ་བཅོམ་བ་བསམ་གཏན་དང་པོ་ནས་བཙམས་ཏེ་ཇི་སྲིད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དང་བསམ་གཏན་བཞི་པའི་བར་དུ་ལུགས་དང་མཐུན་པར་སྙོམས་པར་འཇུག་གོ །དེ་ནས་བསམ་གཏན་དང་པོའི་བར་དང་བསམ་གཏན་དང་པོ་ལས་ལངས་ནས་ཡང་ལུགས་དང་མཐུན་པར་བཞི་པའི་ཆུ་ངུ་ལའོ། །དེའི་འོག་ཏུ་འབྲིང་ལའོ། །དེའི་འོག་ཏུ་ཆེ་པོ་ལའོ། །ཆེན་པོའི་འོག་ཏུ་ཆེན་པོ་ལ་སྟེ། དེའི་འོག་ཏུ་སྨོན་ནས་ཤེས་པ་མངོན་དུ་བྱེད་དོ། །གང་གི་ཏིང་ངེ་འཛིན་དེ་ཡུལ་དུ་གྱུར་པས་ཇི་ལྟར་སྨོན་པའི་དོན་སྒྲུབ་པར་བྱེད་པས་དེའི་ཕྱིར་རབ་


DTG210_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐའི་སྦྱོར་བ་ལས་བྱུང་བ་ཞེས་བྱའོ། །ཧ་ཅང་ཐལ་བ་སྤང་བའི་ཕྱིར་ཏིང་ངེ་འཛིན་དེའི་ཡུལ་དུ་ཇི་ཙམ་གྱུར་པ་ཞེས་བྱ་བ་སྨོས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྗེས་སུ་དཔག་པ་ཉིད་ཀྱི་དངོས་སུ་ཤེས་པ་མ་ཡིན་ཏེ། ཙ་སོགས་པའི་སྐྱོན་མཐོང་བ་ལས་ཞིང་ཕུན་སུམ་ཚོགས་པར་རྗེས་སུ་དཔག་པ་བཞིན་ནོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལྟ་མོད་ཀྱི་སློབ་པ་དང་སོ་སོ་སྐྱེ་བོ་དག་ལ་ཡོད་པའི་ཤེས་པ་འདི་ལྟ་བུ་དེ་ནི་སྨོན་ནས་ཤེས་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །གང་ཉན་ཐོས་ཆེན་པོ་རྣམས་མ་འོངས་པའི་དོན་ལ་ཉན་པ་དེ་ནི་འཁྲུལ་པ་མ་ཡིན་ཏེ་སྨོན་ནས་ཤེས་པ་དང་ཅིག་ཤོས་ཀུན་ཛོ་བ་ཤེས་པས་མཐོང་བ་བརྡ་སྤྲོད་པའི་ཕྱིར་རོ། །སྨོན་ནས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དག་ལ་ཁྱད་པར་ཅི་ཞེ་ན། རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་སྔ་མ་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནི་ཕྱི་མ་ཉིད་དོ། །སྤྱིའི་ཡུལ་ཅན་ཉིད་ཀྱང་ཡུལ་ཆེས་ཤིན་ཏུ་གསལ་གཡོ་བ་གང་ཡིན་པ་ནི་སྨོན་ནས་ཤེས་པས་ཤེས་སོ་ཞེས་བྱ་བ་ཁྱད་པར་རོ། །དེ་བཞིན་དུ་གཞན་གྱི་སེམས་པ་ད་ལྟར་བྱུང་བའི་ཡུལ་ཅན་དང་སྨོན་ནས་ཤེས་པ་ཁྱད་པར་ཇི་ལྟར་རིགས་པར་བརྟག་པར་བྱའོ། །དམིགས་པ་དང་ས་ས་དང་རང་གི་ངོ་བོའི་བྱེ་བྲག་ཅེས་བྱ་བ་ལ། བྱེ་བྲག་གི་སྒྲ་ནི་རེ་རེ་དང་སྦྱར་ཏེ། དམིགས་པའི་བྱེ་བྲག་དང་རང་གི་ངོ་བོའི་བྱེ་བྲག་ཅེས་བྱ་བ་ཐ་དད་དུ་བརྗོད་དོ། །ཉོན་མོངས་པ་མེད་པ་ལས་ཞེས་སྦྱར་རོ། །ཐོགས་མེད་ཅེས་བྱ་བ་ནི་ཐོགས་པར་མི་ནུས་པས་ན་ཐོགས་མེད་དོ། ཐོགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མིང་དང་ཚིག་དང་དང་ཡིག་གེའི་ཚོགས་ཞེས་བྱ་བ་ལ། དོན་ལ་ཡོངས་སུ་གཞོལ་བའི་ཕྱིར་མིང་སྟེ། དོན་ལ་འདུད་པར་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདིས་དོན་རྟོགས་པར་བྱེད་པས་ན་ཚིག་གོ །སྒྲའི་དོན་ལ་བལྟོས་པ་མེད་པའི་བློ་ལས་གང་གི་ཚེ་ཚིག་དེ་དག་ཡིག་གེ་ཀ་ཙ་ཊ་ཏ་པ་ལ་སོགས་པ་དེ་དག་སྒྲའི་དོན་ལས་བལྟོས་པ་མེད་པའི་བློའི་གནས་སྐབས་སུ་ཡོད་པ་ཉིད་ཀྱིས་དམིགས་པ་ཉིད་དུ་འགྱུར་བར་ནུས་པ་མ་ཡིན་ནོ། །གང་ཡང་དེ་ལ་དམིགས་པ་དེ་དོན་ཅུང་ཟད་ཀྱང་སྐྱེས་པར་མི་བྱེད་དོ། །མི་གསལ་


DTG210_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བྲལ་བའི་ཕྱིར་ཡི་གེ་ཞེས་བྱའོ། །འདི་གསུམ་ཤེས་རྟོགས་བའི་གཞིར་གྱུར་བའི་ཕྱིར་ཆོས་ཞེས་བྱའོ། །ཚོགས་ཞེས་བྱ་བ་ནི་ལུས་རྣམས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རང་བཞིན་ནི་ལུས་ཞེས་བརྗོད་དེ། སྒྲ་དང་དོན་འདྲེས་པའི་ཕྱིར་རོ། །དེའི་རང་བཞིན་གྱི་ཡུལ་གྱི་བློ་ངེས་པར་གཟུང་བའི་ཕྱིར་དང་དེའི་རང་བཞིན་གྲུབ་པའི་ཕྱིར་ཚོགས་ཀྱི་སྒྲའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་དོན་དམ་པ་ལ་ཐོགས་པ་མེད་པའི་ཤེས་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་ནི་འདུ་ཤེས་ཀྱིས་དམིགས་པའི་འོག་ཏུ་གཞན་གྱི་སྒོ་ནས་ངེས་པས་ན་དོན་དམ་པའོ། །དོན་བརྗོད་པའི་ཕྱིར་མིང་ཉིད་དོན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ངག་ནི་མིང་ལ་འཇུག་ལ་མིང་གིས་དོན་གསལ་བར་བྱེད་པའི་ཕྱིར་རོ་ཞེས་ཤེས་ཤེས་པར་བྱ་བའི་ཕྱིར་ཐ་དད་དུ་དོན་སོ་སོ་ཡང་དག་པར་རིག་པར་བསྟན་ཏོ། །ཚིག་གི་སྦྱོར་བ་ལ་ཐོགས་པ་མེད་པའི་ཤེས་པ་ནི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་སྟེ། འཇིག་རྟེན་དང་འཕགས་པའི་ཐ་སྙད་ཤེས་པའོ་སྙམ་དུ་དགོངས་པའོ། །རིག་པ་ཐག་ཐོགས་མེད། མངོན་བརྗོད་ཅེས་བྱ་བ་ལ། རིག་པ་ནི་དོན་དང་འབྲེལ་པའོ། །ཐག་ཐོགས་མེད་པ་ནི་ཐོག་པ་མེད་པའོ། །དེ་དངོས་པོ་ནི་རིག་པ་ཐག་ཐོགས་མེད་པ་མངོན་བརྗོད་ཉིད་དོ། །ཏིང་ངེ་འཛིན་དབང་བ་བསལ་བར་བྱ་བ་ལ་ཞེས་བྱ་བ་ལ། ཏིང་ངེ་འཛིན་ལ་དབང་བ་ནི་ཏིང་ངེ་འཛིན་ལ་དབང་བ་ནི་ཏིང་ངེ་འཛིན་ལ་དབང་བའོ། །ཏིང་ངེ་འཛིན་ལ་དབང་བ་བསལ་བ་དེ་ཡང་ཏིང་ངེ་འཛིན་གྱི་རྒྱུ་མཚན་འཛིན་པའོ། །གཞན་དག་ནི་རྒྱུ་མཚན་གང་དང་གང་གིས་ལམ་རྣམ་པ་གཉིས་ལ་སྙོམས་པར་འཇུག་པ་དེ་ལ་ཐོག་ཐོགས་མེད་པའི་ཤེས་པའོ་ཞེས་ཟེར་རོ། །གཞན་དག་ནི་ཡོན་ཏན་ཐོབ་པ་རྣམས་སྦྱོར་བ་མེད་པར་མངོན་དུ་བྱེད་པའི་ནུས་པའི་ཞེས་ཟེར་རོ། །འདིས་སྤོབས་བར་བྱེད་པས་སྤོབས་བ་སྟེ། སྤོབས་པར་བྱེད་པའི་ཤེས་པ་ཉིད་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཡེ་གེ་དང་དོན་སོ་སོ་ཡང་དག་དག་པ་སྨྲ་བར་བྱེད་པ་ནི་རིག་པ་ཐག་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དེ། འཁོར་ལ་སོགས་པ་དང་འཚམ་པར་བརྗོད་པར་ནུས་པའོ། །


DTG210_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་དུས་དང་གང་ཟག་གི་གནས་སྐབས་དང་ནད་ལ་སོགས་པ་ལ་བལྟོས་པ་མེད་པའི་ཐ་སྙད་ནུས་པ་ཐོགས་པ་མེད་པར་མངོན་པར་བརྗོད་པ་ཉིད་ནི་ཏིང་ངེ་འཛིན་དང་ཡེ་ཤེས་ལ་དབང་བ་ཉིད་དེ་བཤད་མ་ཐག་པའི་ལམ་ཤེས་པ་ངེ་ལ་ཐོགས་པ་མེད་པའི་ཤེས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །གཞན་དག་ན་རེ་སོ་སོ་ཡང་དག་པར་རིག་པ་དང་པོ་ནི་བརྗོད་བྱ་དང་རྗོད་བྱེད་འབྲེལ་པའི་བདག་ཉིད་དོ། །མིང་འདིའི་དོན་འདིའོ་ཞེས་བྱ་བ་ནི་དོན་ཤེས་པ་ཉིད་དོ། །དོན་འདིའི་མིང་འདིའོ་ཞེས་བྱ་བ་ནི་ཆོས་ཤེས་པ་ཉིད་དོ། །བརྡ་དང་ཚིག་དང་དུས་དང་བྱེད་པ་ཅན་ལ་སོགས་པའི་སྦྱོར་བ་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །མངོན་པར་བརྗོད་པའི་ཐ་སྙད་དམ་ཏིང་ངེ་འཛིན་ལ་གེགས་ཀྱི་རྒྱུ་ཤེས་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ་ཞེས་ཟེར་རོ། །དེ་ཡི་དམིགས་པ་དག་དང་ལམ། །ཞེས་བྱ་བ་ལ། འདི་བྱ་བ་མི་བྱེད་དེ། བཞི་པ་རིག་པ་ཐག་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་ལ། །ཞེས་བྱ་བ་འདིས་ངག་དང་ལམ་ལ་དམིགས་པ་གྲུབ་པོ་ཞེས་སོ། །ཤེས་པ་དགུའོ་ཞེས་བྱ་བ་ནི། རེ་ཞིག་ངག་ལ་དམིགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་དང་ཟད་པ་དང་མི་སྐྱེ་བ་དང་ཆོས་དང་རྗེས་དང་ཀུན་རྫོབ་ཤེས་པ་རྣམས་ཡིན་ནོ། །ལམ་ལ་དམིགས་པ་གང་ཡིན་པ་དེ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་ཆོས་དང་རྗེས་དང་ལམ་དང་གཞན་གྱི་སེམས་དང༌། ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ནོ། །ངག་དང་ལམ་གཉིས་ལས་གང་ཡང་རུང་བ་ཞིག་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ངག་ལ་དམིགས་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་ནའོ། །ལམ་ལ་དམིགས་པ་ནི་སྲིད་པའི་རྩེ་མོའི་བར་ནའོ། །ལམ་སྨོས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་གཟུང་ངོ། །གལ་ཏེ་ཆོས་ཐམས་ཅད་ཡིན་ན་ནི་ཤེས་པ་བཅུའོ་ཞེས་བྱ་བ་ནི་གང་ཞིག་ཅི་རིགས་པར་ཤེས་པ་བཅུའི་ཡུལ་དུ་མི་འགྱུར་བ་དེ་ནི་ཡོད་པ་མ་ཡིན་ནོ། །གཞན་དག་ན་རེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་རང་བཞིན་གྱིས་སོ་སོ་ཡང་དག་པར་རིག་པ་མེད་ཅེས་ཟེར་རོ། །སོ་སོ་ཡང་


DTG210_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རིག་པ་རྣམས་ནི་ལྟ་བའི་རང་བཞིན་ཡིན་པའི་ཕྱིར་དེ་དག་གི་ཐ་མ་མི་ཤེས་པ་བདུན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་བརྒྱད་དང་བཞི་ཡང་ཡིན་ནོ། །གཞན་ཀུན་རྫོབ་ཅེས་བྱ་བ་ནི་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་པ་རིག་པ་དག་ནི་མིང་གི་ཚོགས་ལ་སོགས་པ་དང། ངག་ལ་དམིགས་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ནོ། །ཟག་པ་མེད་པའི་ཤེས་པ་ནི་རང་གི་མཚན་ཉིད་ཀྱི་རྣམ་པར་རམ་སྡུག་བསྔལ་གྱི་ཕྱོགས་གཅིག་ལ་མི་འཇུག་སྟེ། འོ་ན་ཅི་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྤྱིའི་རྣམ་པར་འཇུག་པས་དེའི་ཕྱིར་དེ་དག་ཟག་པ་མེད་པའི་ཤེས་པའི་བདག་ཉིད་མ་ཡིན་ནོ། །དེ་བཞིན་དུ་ངག་ལ་དམིགས་པ་ཡང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཀུན་རྫོབ་ཤེས་པ་ཉིད་དོ་ཞེས་བརྗོད་པར་བྱེད་དོ། །ངག་ལ་དམིགས་པ་ལས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཐ་དད་པ་ཉིད་ཅི་ཞེ་ན། ངེས་པའི་ཚིག་ལ་མ་བལྟོས་པ་རིག་པ་ཐོགས་པ་མེད་པར་བརྗོད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ངེས་པའི་ཚིག་ལ་བལྟོས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། དཔེར་ན་གཟུགས་སུ་རུང་བས་གཟུགས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཞན་དག་ན་རེ་གོང་ནས་གོང་དུ་སྤོབས་པས་སྤོབས་པ་དང་ཆོས་ཀྱི་རང་བཞིན་གསལ་བར་བྱེད་པའི་ཕྱིར་ངེས་པའི་ཚིག་གོ་ཞེས་ཟེར་རོ། །ཡན་ཆད་ན་མིང་གི་ཚོགས་མེད་པའི་ཕྱིར་ཞེས་བྱ་བ་འདིས་ནི་གཟུགས་མེད་པ་དག་ལ་ཆོས་ཡང་དག་པར་རིག་པ་མེད་དོ་ཞེས་སྟོན་ཏོ། །མིང་གི་ཚོགས་བཀག་པ་ཁོ་ནས་ཚིག་དང་ཡི་གེའི་ཚོགས་བཀག་པ་སྟེ། ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །ཡན་ཆད་ན་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་སོགས་པ་དང༌། བསམ་གཏན་ཁྱད་པར་ཅན་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་མེད་དེ། ངག་ཀུན་ནས་སློང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་འདི་གཏན་ཚིགས་མ་ཡིན་ཏེ་ངག་ཀུན་ནས་སློང་བའི་ཤེས་པ་སོ་སོ་ཡང་དག་པར་རིག་པའི་ཞེས་སྒྲུབ་


DTG210_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་ནུས་སོ། །མཉམ་པར་གཞག་པ་སོ་སོ་ཡང་དག་པར་རིག་པའི་ངོ་བོར་ཐལ་བར་འགྱུར་ན། དེའི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བརྗོད་པར་མི་བྱའོ་ཞེས་དྲིའོ། །འདི་ལ་སྐྱོན་མེད་དེ་དོན་གཞན་ཡིན་པའི་ཕྱིར་རོ། །འདིར་འདིའི་དོན་བརྗོད་པར་བྱ་སྟེ། དག་ཀུན་ནས་སློང་བའི་རྟོག་པ་དང་དཔྱོད་པ་དག་ནི་རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་དང་གོང་ན་དེ་མེད་པའི་ཕྱིར་རོ། །རབ་ཏུ་ཞི་བ་དང་ཕྲ་མོ་ནི་ས་གོང་མར་ཡང་འདོད་དོ། །ངག་ཙམ་གྱི་ཡུལ་ཡང་ཤེས་པ་རབ་ཏུ་མ་ཞི་བ་དང་རྒྱ་ཆེན་པོ་ཡིན་པས་ས་གོང་མ་ན་མེད་དོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ལ། བསམ་གཏན་དང་པོ་རྟོགས་པ་དང་བཅས་པའི་ཕྱིར་མཉམ་པར་གཞག་པ་ལ་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྐྱེ་བས། དེ་ནི་འདོད་དང་པོ་ན་ཞེས་བརྗོད་དོ། །དེ་ནི་མིང་དང་དོན་ལ་དམིགས་ཤིང་སྙོམས་པར་འཇུག་པ་དང་ལྡན་པ་ཡང་ཡིན་ལ། དེའི་རྗེས་སུ་སྨྲ་བ་དང་རྗེས་ཐོབ་པ་རྣམས་ལ་ཐོགས་པ་མེད་པའི་ཤེས་པའོ། །བཏགས་པ་ལས་ཞེས་བྱ་བ་ནི་བསྟན་བཅོས་ལས་སོ། །ཚིག་དང་ཡི་གེ་ཞེས་བྱ་བ་ནི་འདིས་ཚིག་གསལ་བར་བྱེད་པས་ན་ཡི་གེ་སྟེ་མིང་ངོ༌། །དེ་ཉིད་ཀྱི་དོན་ཞེས་བྱ་བ་ནི་ཚིག་དང་ཡི་གེའོ། །དེ་ཉིད་ཀྱི་གཅིག་དང་ཞེས་བྱ་བ་དོན་གྱིའོ། །དེ་ལ་ཐག་ཐོགས་མེད་པར་བྱ་བ་ལ་ཞེས་བྱ་བ་ནི་ཚིག་དང་ཡི་གེ་ལ་སོགས་པ་ལའོ། །ཐོགས་པ་མེད་པར་ཤེས་པ་ཞེས་བྱ་བ་ནི་རྡུགས་པ་མེད་པའོ། །ཕོ་དང་མོ་ལ་སོགས་པའི་ཚིག་བླ་དགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་མ་ནིང་དང་བྱེད་པ་པོ་ལ་སོགས་པ་བསྡུའོ། །ཚིག་གཅིག་ཉིད་ལ་སོགས་པའི་དབང་དུ་བྱས་པ་ནི་ཚིག་བླ་དགས་སོ། །ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ་ཞེས་བྱ་བ་ནི་འདོད་པ་གཅིག་གོ །གོ་རིམས་བཞིན་དུ་ཞེས་བྱ་བ་ནི། ཆོས་སོ་སོ་ཡང་དག་པར་རིག་པའི་སྔོན་གྱི་སྤྱོད་པ་ནི་རྩིས་ཡིན་ནོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་སངས་རྒྱས་ཀྱི་བཀའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་སྒྲ་རིག་པའོ། །སྤོབས་པ་སོ་སོ་ཡང་


DTG210_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རིག་པ་ནི་གཏན་ཚིགས་རིག་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ཏེ། ཆོས་འདི་པ་རྣམས་ཁོ་ན་དེ་སྐྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བར་སོ་སོ་ཡང་དག་པར་རིག་པ་བཞི་ཆར་ཡོད་དེ་ཞེས་བྱ་བ་ནི་ལམ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །མ་ཚང་བར་ནི་དེ་ཐོབ་མེད། །ཅེས་བྱ་བ་ནི་འགས་ཀྱང་སོ་སོ་ཡང་དག་པར་རིག་པ་དག་མ་ཚང་བར་འཐོབ་པར་མི་འགྱུར་རོ། །དེ་དག་ཀྱང་ཚེ་རབས་གཞན་དུ་ཡི་གེ་དང་དོན་ལ་མཁས་པར་བྱས་བ་ལ་བལྟོས་ཏེ་སྐྱེའོ། །གང་ལ་གཅིག་ཡོད་པ་དེ་ལ་གདོན་མི་ཟ་བར་ཐམས་ཅད་ཅེས་བྱ་བ་ནི་ལམ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར། མ་ཚང་བར་ནི་དེ་ཐོབ་མེད། །ཅེས་བྱ་བ་སྟེ་འཕགས་པའི་རིགས་ནི་འཕགས་པའི་རིགས་ལ་གནས་པ་བཞིན་ནོ། །གཞན་དག་ན་རེ་མ་ཚང་བའི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་འཐོབ་པའི་སྒྲ་ཐོབ་པ་མ་ཡིན་ནོ་ཞེས་ཟེར་རོ། །ངེས་པའི་ཚིག་དང་དོན་གྱི་དམ་བཅའ་ལ་ཐོགས་པ་མེད་པ་ནི་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ནི་རབ་ཀྱི་མཐའ་པའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་པོ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་ལ་སོགས་པ་ཡོན་ཏན་རྣམས་ནི་རབ་ཀྱི་མཐའ་པ་བསམ་གཏན་བཞི་པ་བསྐྱེད་ནས་འཐོབ་ཀྱི། གཞན་དུ་ནི་མ་ཡིན་ནོ། །རབ་ཀྱི་མཐའ་པ་དེ་ཉིད་ཅེས་བྱ་བ་ལ། དེ་ཉིད་ཉོན་མོངས་པ་མེད་པ་ལ་སོགས་པ་ལས་ཐ་དད་པ་སྦྱོར་བ་ལས་བྱུང་བ་བསམ་གཏན་བཞི་པ་ཆེན་པོའི་ཆེན་པོའོ། །དེའི་སྟོབས་ཀྱིས་འཐོབ་པ་ཡིན་གྱི་ཞེས་བྱ་བ་ནི་རབ་ཀྱི་མཐའ་པའི་སྟོབས་ཀྱིས་སོ། །དེ་བསམ་གཏན་བཞི་པའི་ས་པ་ནི་མ་ཡིན་ཏེ། དེ་ན་རྟོག་པ་མེད་པའི་ཕྱིར་དང༌། རྟོག་པ་དང་བཅས་པའི་སེམས་ཀྱིས་དེ་ཀུན་ནས་སློང་བའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་མཐའ་པའི་བསམ་གཏན་གྱིས་བསྡུས་པས་དེའི་བདག་ཉིད་ཞེས་བྱ་བའོ། །ཡང་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན་ཞེས་བྱ་བ་ནི་ཐམས་ཅད་མ་ཡིན་ནོ་སྙམ་དུ་བསམ་པའོ། །མི་


DTG210_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ནི་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡིན་པ་ནས། དེ་བཞིན་དུ་འདོད་ཕན་སྤྱོད་པའི་བར་སེམས་འཕེལ་བའི་མཐར་ཕྱིན་པའོ། །གང་ཟག་ལ་བལྟོས་ནས་ཇི་ལྟར་རིགས་པར་ཉན་ཐོས་ལ་སོགས་པ་རྣམས་རབ་ཀྱི་མཐར་ཕྱིན་པ་སྟེ། འདིའི་འཕེལ་བའི་དོན་གང་ཡིན་པ་རབ་ཏུ་གྱུར་པ་ཐོབ་པའོ། །མུ་བཞི་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མུ་རྣམ་པ་བཞི་ཡིན་པས་དེ་བཞིན་དུ་རབ་ཀྱི་མཐའ་ཡང་རྣམ་པའི་མཐར་རབ་ཏུ་ཕྱིན་པ་ཡིན་ཏེ། འཕེལ་བ་ཕུལ་དུ་དབྱུང་དུ་མེད་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་སྙིང་རྗེ་ཉིད་ཉོན་མོངས་པ་མེད་པའོ། །སྙམ་དུ་སེམས་ཏེ་སྙིང་རྗེ་ནི་ཉོན་མོངས་པ་མེད་པ་དང་ལྡན་པས་ཉམ་ང་བར་ཡང་འཇུག་པ་དེའི་ཕྱིར་སྙིང་རྗེ་རང་བཞིན་ཉོན་མོངས་པ་མེད་པའོ་ཞེས་ཟེར་རོ། །འདི་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཏེ། གཅིག་ཏུ་གཞན་གྱི་དོན་ཁོ་ན་ལ་གཟིགས་པ་རྣམས་གཞན་དག་གི་ཉོན་མོངས་པ་སྐྱེ་བ་བཟློག་པར་མཛད་མོད་ཀྱི་དེ་དག་ཞི་བའི་ལམ་གྱིས་ཀྱང་དེ་ལྟར་སྒྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ཀྱི་རྒྱུད་ལ་སོར་མོའི་ཕྲེང་བ་ཅན་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་སྐྱེ་བའི་ཕྱིར་ཇི་ལྟར་ན་དེ་བཞིན་གཤེགས་པ་ཉོན་མོངས་པ་མེད་པ་ལ་གནས་པ་ཡིན་ཞེ་ན། སྐྱོན་འདིར་ཐལ་བར་འགྱུར་བ་མེད་དེ། ཐུགས་རྗེ་མངའ་བ་གཞན་དག་གི་ཉོན་མོངས་པ་གཏན་དུ་དབྱུང་བར་བཞེད་པ་རྣམས་ནི་རེས་འགའ་ཉོན་མོངས་པ་སྐྱེ་བ་བཏང་སྙོམས་སུ་མཛད་པ་ཡིན་ནོ། །དེ་ཡང་ཉོན་མོངས་པ་མེད་པ་འདི་མེད་པར་སྨོན་ནས་ཤེས་པ་བསྐྱེད་པར་ནུས་ལ། དེ་ལྟ་ན་འདི་ཡིན་ནོ་གལ་ཏེ་བདག་འདི་མི་བྱའོ། །དེ་བཞིན་དུ་ཡང་ཉོན་མོངས་པ་བསྐྱེད་པ་དེ་བཞིན་བྱེད་པ་ཉོན་མོངས་པ་བསྐྱེད་པར་འགྱུར་བ་མ་ཡིན་ནོ། །ཉོན་མོངས་པ་མེད་པ་བསྐྱེད་པར་མ་ནུས་ཀྱང་སྨོན་ནས་ཤེས་པ་བསྐྱེད་པར་ནུས་སོ། །ཁ་ཅིག་ན་རེ་སྨོན་ནས་ཤེས་པ་བསྐྱེད་པར་ཡང་ཉོན་མོངས་པ་མེད་པ་སྟེ། ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དག་


DTG210_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་བསྡུས་སོ་ཞེས་ཟེར་རོ། །དེ་ཡང་ཉོན་མོངས་པ་མེད་པ་ནི་རྣམ་པ་ཐ་དད་པ་རྣམ་པ་གཞན་མེད་པར་གཞན་གྱི་ཉོན་མོངས་པ་ཞི་བར་འཇུག་ལ་སྨོན་ནས་ཤེས་པ་ནི་དོན་འདི་དང་འདི་བདག་གིས་ཤེས་པར་བྱའོ་སྙམ་དུ་སྨོན་ནས་སྙོམས་པར་འཇུག་ཅིང་དོ་དེ་ལས་ལངས་ནས་དོན་ཤེས་པར་བྱེད་ཅིང་བརྡ་སྤྲོད་པར་ཡང་བྱེད་དོ། །སངས་རྒྱས་ལས་གཞན་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་དེས་དབང་བསྒྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །བཞེད་པ་ཙམ་ལ་རག་ལུས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་སྐད་བཤད་པ་བཞིན་སྦྱོར་བ་ལས་བྱུང་བ་མ་ཡིན་པའོ། །ཁ་ཅིག་ན་རེ་དགེ་བ་དང་དགེ་བ་ལས་གཞན་པ་ཡང་བཞེད་པ་ཙམ་ལ་རག་ལས་ཏེ། གང་བཞེད་པར་དབང་བསྒྱུར་བའོ་ཞེས་ཟེར་རོ། །སོ་སོ་སྐྱེ་བོ་དག་དང་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཉན་ཐོས་རྣམས་དང་ཡང་ངོ༌། །རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པ་ཞེས་བྱ་བ་ནི། འདིས་སྤྲུལ་པ་དང་ནམ་མཁའ་ལ་འགྲོ་བ་འབྱོང་བར་བྱེད་པས་ན་རྫུ་འཕྲུལ་དང་ཏིང་ངེ་འཛིན་ཏེ། རྫུ་འཕྲུལ་གྱི་ཡུལ་ནི་སྤྲུལ་པ་དང་ནམ་མཁའ་ལ་འགྲོ་བའོ། །རྫུ་འཕྲུལ་གྱི་ཡུལ་གྱི་ཤེས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པ་སྟེ། དེ་མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱེད་པའོ། །ལྷའི་རྣ་བ་ཞེས་བྱ་བ་ལ་ལྷའི་རྣ་བ་ལ་བརྟེན་པའི་ཤེས་པ་ནི་ལྷའི་རྣ་བའི་ཤེས་པ་སྟེ། དེ་མངོན་དུ་བྱེད་པ་ནི་མངོན་སུམ་དུ་བྱེད་པའོ། །སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་དུ་བྱེད་པ་ཞེས་བྱ་བ་ལ། སེམས་ཀྱི་རྣམ་གྲངས་ནི་ཁྱད་པར་རམ་རིམ་པ་ཞེས་པ་སྟེ། རེས་འགའ་ཆགས་སོ་སྙམ་དུ་ཤེས་ལ། རེས་འགའ་སྔང་ངོ་སྙམ་དུ་ཤེས་པ་ལ་སོགས་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱེད་ཅེས་བྱ་བ་ལ་སྔོན་གྱི་གནས། ཀྵ་ཏི་ཀ་ཏ་ཏྲ་བ་ཏེ། འདས་པའི་ཚེ་རབས་སྔ་མ་ནི་སྔོན་གྱི་གནས་སོ། །དེའི་ཡུལ་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའོ། །དེ་དང་མཚུངས་པར་ལྡན་པའི་ཤེས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའོ། །དེ་མངོན་དུ་བྱས་པ་ནི་མངོན་པར་ཤེས་པའོ། །


DTG210_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱེད་པ་ཞེས་བྱ་བ་ལ། འཆི་འཕོ་བ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བ་དག་གོ །དེའི་ཡུལ་ཤེས་པ་སྟེ་འདི་ནི་ལྷའི་མིག་གི་མངོན་པར་ཤེས་པའོ། །ཟག་པ་ཟད་པ་ཤེས་པ་མངོན་དུ་བྱེད་ཅེས་བྱ་བ་ལ། ཟག་པ་ཟད་པ་ནི་ཟག་པ་ཟད་པ་སྟེ། དེ་ཤེས་པ་ནི་ཟག་པ་ཟད་པ་ཤེས་པ་སྟེ། དེའི་ཡུལ་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་མངོན་དུ་བྱ་བའི་མངོན་པར་ཤེས་པ་རེ་རེ་ལ་སྦྱར་རོ། །ལྔ་ནི་སོ་སོ་སྐྱེ་བོ་རྣམས་དང་ཐུན་མོང་བ་ཡིན་ནོ་ཞེས་བྱ་བ་ནི་ཐ་མ་མ་གཏོགས་པའོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པ་དེ་བཞིན་དུ་མངོན་པར་ཤེས་པ་ཡང་ཡིན་གྱི། བར་ཆད་མེད་པའི་ལམ་ནི་མ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་བར་ཆད་མེད་པའི་ལམ་ལ་བཀག་པའི་ཕྱིར་དང༌། ཟག་པ་ཟད་པར་བྱེད་པའི་བར་ཆད་མེད་པ་ལ་མ་བཏང་ནས་དགྲ་བཅོམ་པ་ཡང་མངོན་པར་ཤེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བཞི་ནི་ཀུན་རྫོབ་ཤེས་པ་སྟེ་ཞེས་བྱ་བ་ལ། ནུབ་ཕྱོགས་པ་རྣམས་ན་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི་ཤེས་པ་དྲུག་རྣམས་སོ་ཞེས་ཟེར་རོ། །ཆོས་ཤེས་པ་ནི་ཆོས་ཤེས་པའི་ཕྱོགས་དང་རྗེས་སུ་ཤེས་པ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ལ་ཀུན་རྫོབ་ཤེས་པ་འཇིག་རྟེན་པ་འཇུག་གོ །སྡུག་བསྔལ་ཤེས་པ་འདས་པ་ལ་སྡུག་བསྔལ་ཏེ་དེ་ལྟར་ཀུན་འབྱུང་ཤེས་པ་དང་ལམ་ཤེས་པ་འཇིག་རྟེན་ལས་འདས་པ་ཀུན་རྫོབ་ཡིན་ནོ། །མདོར་ནི་ཀུན་རྫོབ་ཤེས་པ་ཉིད་སྣང་ངོ༌། །དེ་བཞིན་དུ་སྔོན་གྱི་གནས་རྗེས་སུ་དྲན་པ་རྣམ་པ་དུ་མ་གསུངས་ཏེ། སྐྱེ་བ་གཅིག་ཀྱང་དྲན་ནོ་ཞེས་བྱ་བ་ནས་རྒྱས་པར་ཡུལ་ཕྱོགས་དང་བཅས་རྣམ་པ་དང་བཅས་ཞེས་བྱ་བའི་བར་རོ། །ཟག་པ་མེད་པའི་ཤེས་པ་ནི་དེ་ལྟར་མི་འཇུག་གོ །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་ནི་ལྔ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་སེམས་ཤེས་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་


DTG210_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཤེས་པ་ལྔ་བསྡུས་པ་ཡིན་ཏེ། གཞན་གྱི་སེམས་ཤེས་པ་ནི་ཤེས་པ་གཅིག་ཡིན་ལ། བཞིའི་ཆ་ཡང་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །ཟད་པ་དང་མི་སྐྱེ་བ་དང་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང་འགོག་པ་ཤེས་པ་རྣམས་མ་གཏོགས་ཏེ། དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་བཀག་པའི་ཕྱིར་གཞན་གྱི་སེམས་ཤེས་པ་དེའི་བདག་ཉིད་མ་ཡིན་ལ། སེམས་དང་སེམས་ལས་བྱུང་བའི་ཡུལ་ཅན་ཡིན་པའི་ཕྱིར་འགོག་པ་ཤེས་པ་མ་ཡིན་ནོ། །རང་གི་མཚན་ཉིད་ཕྱོགས་གཅིག་ཡུལ་ཅན་ཡིན་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་དང་ཤེས་པ་མ་ཡིན་ནོ། །འདི་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཇི་སྐད་དུ་བཤད་པ་ཞེས་བྱ་བ་ནི་གལ་ཏེ་ན་གང་ཟད་པ་ཤེས་པ་འགོག་པ་ལ་དམིགས་པ་ཡིན་ན་ནི་ཤེས་པ་དྲུག་ཡིན་ཏེ། ཆོས་དང་རྗེས་དང་འགོག་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གོ །འོན་ཏེ་ཟག་པ་ཟད་པའི་རྒྱུ་ལ་ཡོད་པ་ཡིན་ན་ནི་དེ་ལྟར་ན་ཤེས་པ་བཅུ་ཡིན་ནོ། །དེ་བཞིན་དུ་འདི་ནི་ས་ཐམས་ཅད་པ་ཡིན་པར་ཡང་ཤེས་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་ཟག་པ་ཟད་པར་མཁྱེན་པའི་སྟོབས་ས་ཐམས་ཅད་པ་ཡིན་པ་དེ་བཞིན་དུ་ཟག་པ་ཟད་ཤེས་པའི་མངོན་པར་ཤེས་པ་ཡང་ས་ཐམས་ཅད་པ་ཡིན་པར་རིག་པར་བྱའོ། །མངོན་པར་ཤེས་པ་ལྔ་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཟག་པ་ཟད་པའི་མངོན་པར་ཤེས་པ་མ་གཏོགས་པའོ། །བསམ་གཏན་བཞིའི་དངོས་གཞི་རྣམས་ཁོ་ན་ཡིན་གྱི་གཟུགས་མེད་པ་རྣམས་དང་ཉེ་བར་བསྡོགས་ནི་མ་ཡིན་ནོ། །རེ་ཞིག་གསུམ་ནི་མེད་དེ་གཟུགས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་མིག་དང་རྣ་བའི་མངོན་པར་ཤེས་པ་དག་སྟེ། གསུམ་པོ་དེ་དག་ནི་གཟུགས་ལ་དམིགས་པ་ཡིན་ནོ། གཟུགས་མེད་པ་དག་ནི་གཟུགས་ལ་དམིགས་པ་མ་ཡིན་ཏེ་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར་རོ། །གཟུགས་ལ་སྟེགས་བཅས་ནས་མངོན་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ཀྱི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། གཟུགས་ལ་དམིགས་པ་ལམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་


DTG210_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་མེད་པ་རྣམས་ནི་འདོད་པའི་ཁམས་ལ་དམིགས་པ་ཡང་མ་ཡིན་ཞེས་བྱ་བ་དང༌། མཐར་གྱིས་སྔོན་གྱི་གནས་གཞན་རྗེས་སུ་དྲན་པ་ཞེས་བྱ་བ་ནི་གང་གི་ཕྱིར་མཐར་གྱིས་བདག་ཉིད་ཀྱི་གནས་སྐབས་གཞན་དག་འདོད་པའི་ཁམས་སུ་དྲན་པ་ན་སྐྲུག་པར་བྱེད་པ་ན། གཟུགས་མེད་པ་རྣམས་ནི་འདོད་པའི་ཁམས་ལ་དམིགས་པ་ཡང་མ་ཡིན་ནོ། །དུས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་དང་དུས་ལ་སོགས་པ་དག་ན་ནི་ཅི་རིགས་པར་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་ན་ཡོད་ཀྱི། གཟུགས་མེད་པའི་ཁམས་ན་ནི་མ་ཡིན་ནོ། །གཟུགས་མེད་པའི་དངོས་གཞི་དག་ན་ནི་ཁམས་འོག་མ་ལ་དམིགས་པའམ། གཟུགས་ལ་དམིགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་བསམ་གཏན་གྱི་ཉེར་བསྡོགས་དང༌། གཟུགས་མེད་པ་དང་པོའི་ཉེར་བསྡོགས་དག་ཏུ་ཡང་འགྱུར། གཟུགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ་ཏིང་ངེ་འཛིན་ཡན་ལག་གིས་ཡོངས་སུ་བཟུང་བ་ཁོ་ན་མངོན་པར་ཤེས་པའི་རྟེན་ཡིན་ན། འདི་ནི་གཟུགས་མེད་པའི་ཉེར་བསྡོགས་དག་ན་ཡོད་པ་མ་ཡིན་པས་དེ་ན་མངོན་པར་ཤེས་པ་མེད་དེ། ཡོད་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། ས་ཐམས་ཅད་ཀྱི་ཤེས་པས་ཟག་པ་ཟད་པའི་ཤས་པ་ལ་དམིགས་པར་ནུས་པའི་ཕྱིར་རོ། །ཡང་ན་ཇི་ལྟར་གཞན་གྱི་སེམས་ཤེས་པ་གཟུགས་ལ་སྟེགས་བཅས་ནས་མངོན་པར་སྒྲུབ་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པར་འདོད་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་བཞིན་དུ་ཕ་རོལ་པོ་དག་ལ་ཡང་གཏོད་དེ་ཞེས་བྱ་བ་ནི་གཏོད་པར་བྱེད་པ་སྟེ། བདག་གི་ལུས་འདི་འདྲ་བ་ཞིག་ལ་སེམས་ནི་འདི་འདྲ་བ་ཞིག་ཡིན་ལ། གཞན་ལ་ཡང་ལུས་འདི་འདྲ་བ་ཡོད་དེ། དེའི་ཕྱིར་འདིའི་སེམས་ཀྱང་འདི་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་སྦྱོར་བའི་གནས་སྐབས་འདིས་མངོན་པར་ཤེས་པས་མངོན་པར་ཤེས་པ་སྟེ་དེ་ལྟ་ན་དེ་དག་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་འགྲུབ་ནས་གཟུགས་ལ་མི་བལྟོས་པར་གཞན་གྱི་སེམས་ཤེས་སོ། །མཚན་


DTG210_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཟུང་ནས་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པ་ཡོངས་སུ་བཅད་ནས་ཞེས་བྱ་བའི་ཐ་ཚིག་གོ །དེ་མ་ཐག་པའི་ཞེས་བྱ་བ་ནི་སེམས་གང་ལ་མཚན་མ་ཉེ་བར་བཟུང་ན་དེའི་དེ་མ་ཐག་ཏུ་འགོག་པ་གནས་སྐབས་གཞན་གང་ཡིན་པ་དེ་རྣམས་དང་པོ་ཡིད་ལ་བྱེད་དོ། །སྐད་ཅིག་མ་བར་མེད་པ་ཡིད་ལ་བྱེད་པ་མི་སྲིད་པས་གནས་སྐབས་གཞན་ཞེས་བྱ་བ་སྨོས་སོ། །གནས་གཙང་མ་རྣམས་ཇི་ལྟར་དྲན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཉམས་སུ་མྱོང་བ་དྲན་ནའོ། །གནས་གཙང་མ་པ་རྣམས་འདིར་འོང་བ་ནི་མེད་དེ་ཕྱིར་མི་འོང་བ་ཡིན་པའི་ཕྱིར་རོ། །ཐོས་པས་ཉམས་སུ་མྱོང་བའི་ཕྱིར་རོ་ཞེས་བྱ་བ་འདིས་ནི་གནས་གཙང་མའི་ལྷ་རྣམས་འདི་འདྲ་བ་ཞིག་གོ་ཞེས་ཐོས་པ་ཡིན་ནོ། །ཉམས་སུ་མྱོང་བ་ནི་རྣམ་པ་གཉིས་ཏེ། ཐོས་པས་ཉམས་སུ་མྱོང་བ་དང་མཐོང་བས་ཉམས་སུ་མྱོང་བའོ། །གཟུགས་མེད་པ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ནི་ཞེས་བྱ་བ་ལ་གཟུགས་མེད་པ་དག་ནས་ཤི་འཕོས་ནས་འདིར་སྐྱེས་པ་གང་ཞིག་བསམ་གཏན་བསྐྱེད་ནས་སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པ་དེ་ནི་ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་བསྐྱེད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ནི་བསམ་གཏན་གྱིས་བསྡུས་པ་ཡིན་པས་དེས་གཟུགས་མེད་པ་ན་སྤྱོད་པའི་སེམས་མི་འཛིན་ནོ། །དེ་ཕ་རོལ་པོའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པར་མཚན་མ་བཟུང་ནས་དེའི་དེ་མ་ཐག་ཏུ་ལུགས་ལས་བཟློག་པས་ཞེས་བྱ་བ་ལ་སོགས་པའོ། །མངོན་པར་གྲུབ་ནས་ནི་གཟུགས་མེད་པ་རྣམས་ཐོད་རྒལ་དུ་ཡང་དྲན་པར་བྱེད་དོ། །གལ་ཏེ་གཟུགས་མེད་པ་རྣམས་མི་དྲན་ན་འོ་ན་མདོ་ལས་བཅོམ་ལྡན་འདས་རྣམས་ཀྱིས་གལ་ཏེ་གཟུགས་དག་གམ་གཟུགས་མེད་པ་དག་ཏུ་སྔོན་གནས་པ་ཐམས་ཅད་རྣམ་པ་དང་བཅས་པར་རྗེས་སུ་དྲན་ནོ་ཞེས་མདོ་ལས་གསུངས་པ་ཇི་ལྟར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་རྗེས་སུ་དཔག་བ་འཁྲུལ་པ་མེད་པས་ཤེས་སོ་ཞེས་ཟེར་རོ། །ཕྱི་རོལ་པ་རྣམས་ནི་འདོད་པ་དང༌། གཟུགས་དག་ནི་ངེས་པར་ཆད་པ་ཡིན་ནོ་ཞེས་རབ་ཏུ་ཤེས་སོ། །གཟུགས་མེད་པ་ལས་ཤི་འཕོ་བ་མཐོང་ནས་མ་བྱུང་བ་ལས་བྱུང་བ་ཞེས་ཟེར་རོ། །ཉན་ཐོས་


DTG210_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་གཟུགས་མེད་པའི་ཁམས་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་རྣམས་བསྐལ་པ་སྟོང་ཕྲག་ཉི་ཤུ་ནས་འཆི་འཕོ་བ་མཐོང་ངོ༌། །དེ་བཞིན་དུ་སྲིད་པའི་རྩེ་ནས་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་ནས་འཆི་འཕོ་བ་མཐོང་ངོ༌། །གང་ལ་ཞེས་བྱ་བ་ནི་གཞན་གྱིས་སོ། །རེས་འགའ་དེའི་ས་པ་ཚེ་མཐའ་དག་མ་ཟད་པར་འཆིའོ། །རེས་འགའ་ས་འོག་མ་པའི་རིས་མཐུན་པ་གཉིས་སམ་གསུམ་ཟད་ནས་སྐྱེ་བར་འགྱུར་རོ། །དེ་དག་གི་དེར་ཤེས་པ་འཁྲུལ་པར་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་གང་དག་འཆི་འཕོ་བའི་སེམས་པ་ཇི་ལྟ་བ་བཞིན་གཟིགས་ཤིང་སྐྱེ་བ་དང་ཚེ་མཐའ་དག་མ་ཚང་བ་དང་ཟད་པ་ཡང་མཁྱེན་ཅིང་དེ་བཞིན་དུ་དེ་ནས་འཆི་འཕོ་བ་དང་འདིར་མཚམས་སྦྱོར་བའི་སེམས་པ་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་ཚེ་མཐའ་དག་མ་ཚང་བ་དང་ཟད་པ་ཡང་མཁྱེན་ཏེ། དེའི་ཕྱིར་མ་འཁྲུལ་བ་རྗེས་སུ་དཔག་པས་མཁྱེན་པ་མིན་ནོ། །གཞན་དག་ཅེས་བྱ་བ་ནི་གང་དག་གཟུགས་མེད་པ་ནས་ཤི་འཕོ་བ་མ་ཡིན་པ་དེ་དག་ནི་རང་གི་རྒྱུད་ལ་བརྟེན་ནས་བསྐྱེད་དོ། །རྫུ་འཕྲུལ་ལ་སོགས་པའི་ཞེས་བྱ་བ་ནི་རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་པར་ཤེས་པ་དག་གི་སྦྱོར་བ་ནི་གོ་རིམས་བཞིན་དུ་ཡང་བ་དང་སྒྲ་དང་སྣང་བ་ཡིད་ལ་བྱེད་པ་ཡིན་ནོ། །རྫུ་འཕྲུལ་གྱི་སྦྱོར་བ་ནི་ཡང་བ་ཉིད་ཡིད་ལ་བྱེད་པའོ། །ལྷའི་རྣ་བའི་སྦྱོར་བ་ནི་སྒྲ་ཡིད་ལ་བྱེད་པའོ། །ལྷའི་མིག་གི་སྦྱོར་བ་ནི་སྣང་བ་ཡིད་ལ་བྱེད་པའོ། །ཉོན་མོངས་པ་སྤོང་བའི་ཐབས་རྒྱས་པར་བསྟན་པའི་ཕྱིར་ཟག་པ་ཟད་པའི་མངོན་པར་ཤེས་པ་སྐྱེད་པའི་སྦྱོར་བ་ཡང་མི་བརྗོད་དོ། །འདི་དག་ཇི་ལྟར་འཐོབ་ཅེས་བྱ་བ་ནི་འཐོབ་པ་རྙེད་པའི་དབང་དུ་བྱས་ནས་དྲིས་པ་སྟེ། མངོན་སུམ་དུ་འགྱུར་བ་ནི་འདྲིས་པའམ་མ་འདྲིས་པ་འང་རུང་སྟེ་སྦྱོར་བ་ཁོ་ནས་ཡིན་ནོ། །མ་འདྲིས་པ་རྣམས་ནི་སྦྱོར་བས་ཞེས་བྱ་བ་ནི་བྱེ་བྲག་ཅན་མངོན་པར་མ་བསྐྱེད་པ་གང་ཡིན་པའོ། །ཐམས་ཅད་ཀྱང་སྦྱོར་བས་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ནི་འདྲིས་པ་དང་མ་འདྲིས་པའོ། །དེ་ལ་འཕགས་པའི་གང་ཟག་དང་སྲིད་པ་ཐ་མ་པ་དང་སོ་སོ་སྐྱེ་བོ་རྣམས་འདྲིས་པ་དང་མ་


DTG210_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་པས་དམིགས་པ་དང་ཁྱད་པར་ཅན་རྣམས་སོ། །སོ་སོ་སྐྱེ་བོ་རྣམས་ནི་འདྲིས་པ་ཁོ་ནའོ་ཞེས་ཟེར་རོ། །ཡང་མངོན་པར་ཤེས་པ་ནི་གང་ཞིག་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ནི་དུ་ཞེ་ན་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། མངོན་པར་ཤེས་པས་ན་མངོན་པར་ཤེས་པའོ། །དེ་བཞིན་དུ་ཐམས་ཅད་ཆོས་དྲན་པ་ཉེ་པར་གཞག་པའོ། །འགའ་ཞིག་ཏུ་རྣ་བ་དང་མིག་དང་གཟུགས་ཀྱི་རང་བཞིན་དུ་རིག་པར་བྱ་ཞིང་ཤེས་རབ་གསུམ་གྱི་རང་བཞིན་དུ་སེམས་སོ། །དེ་དག་ལས་གཉིས་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་གསུམ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །ལྷན་ཅིག་དམིགས་པས་བརྗོད་པ་གསུམ་པ་ནི་དྲན་པ་ཉེ་བར་གཞག་པ་གསུམ་རྣམས་སོ། །ཚིགས་སུ་བཅད་པའི་རིམ་པས་གསུམ་པ་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་སྟེ། སེམས་དང་སེམས་ལས་བྱུང་བ་དམིགས་པའི་ཕྱིར་རོ། །ལུས་དྲན་པ་ཉེ་བར་གཞག་པ་མ་ཡིན་ཏེ་དེ་ནི་ལུས་ལ་དམིགས་པའོ། །སྒྲ་མ་གཏོགས་སོ་ཞེས་བྱ་བ་ནི་སྒྲ་ནི་རྒྱུན་ཆད་པའི་ཕྱིར་དེས་དམིགས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འཆི་འཕོ་བ་དང་སྐྱེ་བ་ཤེས་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མིག་གི་མངོན་པར་ཤེས་པ་གཟུགས་ལ་དམིགས་པ་ཡིན་ན། ལྷའི་མིག་གིས་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པའམ་དེ་དང་ལྡན་པ་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མ་ཡིན་པ་ཇི་ལྟར་ཤེས་ཤེ་ན། འདིའི་ལམ་གྱི་ཕྱིར་དེ་ནི་དེས་མི་ཤེས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །མངོན་པར་ཤེས་པའི་འཁོར་དུ་གྱུར་པའི་ཕྱིར་དེ་ཡང་དའི་སྒྲས་བརྗོད་དོ། །ལྷག་མ་ནི་ཞེས་བྱ་བ་ནི་སྔོན་གྱི་གནས་དང་ཟག་པ་ཟད་པའི་མངོན་པར་ཤེས་པའོ། །རེ་ཞིག་སྔོན་གྱི་གནས་རྗེས་སུ་དྲན་པ་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལ་དམིགས་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞིའི་བདག་ཉིད་ཡིན་ལ་རག་མོད། ཟག་པ་ཟད་པ་མངོན་པར་ཤེས་པ་ནི་ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ཏེ། འགོག་པ་ལ་དམིགས་པའི་ཕྱིར་རོ་ཞེ་ན། འགོག་པ་ལ་དམིགས་པའི་ཕྱོགས་ཡིན་ན་ནི་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ན་ཡིན་ལ། ཟག་པ་ཟད་པའི་རྒྱུད་ཀྱི་ཕྱོགས་ཡིན་ན་ནི་


DTG210_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེ་བར་གཞག་པ་བཞི་ཡིན་པས་འགལ་བ་མེད་དོ། །དེ་དག་དགེ་བ་ལ་སོགས་པའི་དབྱེ་བས་ནི། ཁ་ཅིག་ནི་ཐམས་ཅད་དགེ་བའོ་ཞེས་ཟེར་རོ། །འདི་ནི་ངེས་པ་སྟེ། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་བྱ་བའོ། །གལ་ཏེ་མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ན། འོ་ན་ཇི་ལྟར་བསམ་གཏན་བཞི་པའི་ས་པར་གྲུབ། མིག་དང་རྣ་བའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དག་ནི་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་མེད་དོ། །རྟེན་གྱི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ལྔ་ནི་བསམ་གཏན་བཞི་དག་ན་ཞེས་པ་དེར། རྟེན་གྱི་དབང་གིས་བརྟེན་པ་མིག་དང་རྣ་བའི་མངོན་པར་ཤེས་པ་དག་ཀྱང་བསམ་གཏན་བཞི་པའི་ས་པར་བཤད་དོ། །དེའི་རྟེན་ཞེས་བྱ་བ་ནི་མངོན་པར་ཤེས་པའི་རྟེན་ནོ། །ཡང་ན་བར་ཆད་མེད་པའི་ལམ་གྱི་དབང་གིས་སོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱིས་བསྐྱེད་པའི་བསམ་གཏན་དང་པོའི་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་དག་ཀྱང་བསམ་གཏན་བཞི་པའི་ས་པ་ཞེས་བྱ་སྟེ། དེ་དག་ཀྱང་བསམ་གཏན་བཞི་པའི་ས་པ་ཉིད་ཀྱིས་བསྟན་ཏོ། །མིག་དང་རྣ་བའི་རྣམ་པར་ཤེས་པ་དག་རྣམ་པར་གྲོལ་བའི་ལམ་ཉིད་དང་མངོན་པར་ཤེས་པར་མི་འཐད་པའི་ཕྱིར་རོ། །ཁ་ཅིག་ན་རེ་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་ཡིན་པའི་ཕྱིར་དེ་ནི་ལྟ་མ་ཡིན་ནོ་ཞེས་ཟེར་རོ། །བསམ་གཏན་བཞི་པོ་རྣམས་སུ་ཤེས་རབ་ལ་ཁྱད་པར་ཡོད་དེ། རང་གི་ས་པའི་འབྲས་བུ་མངོན་དུ་གྱུར་པ་གང་ཡིན་པ་ནི་རང་གི་ས་པའི་འབྲས་བུར་གྱུར་པ་སྟེ། མིག་དང་རྣ་བ་དག་གི་རྟེན་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་མངོན་པར་ཤེས་པ་མ་ཡིན་ནོ། །གཙོ་བོ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་དགེ་བ་ཡིན་པའི་ཕྱིར་གཙོ་བོ་ཡིན་ལ། དེ་ལ་ཡོད་པའི་བརྟེན་པ་ནི་གཙོ་བོ་ཡིན་ནོ། །ཕལ་ཆེ་བ་ཞེས་བྱ་བ་ནི་མེད་པས་བྱས་པ་ནི་ཕལ་ཆེ་བ་སྟེ། དགེ་བ་བཞི་ནི་མང་བ་ཡིན་ལ། ལུང་དུ་མ་བསྟན་པ་ནི་གཉིས་ཡིན་པས་སོ། །ཤེས་པ་མངོན་སུམ་དུ་བྱ་བ་ནི་སྔོན་གྱི་གནས་ཤེས་


DTG210_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངོན་སུམ་དུ་བྱ་བ་དང༌། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བ་དང༌། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་ཤེས་པ་ཞེས་རེ་རེ་ལ་སྦྱར་བར་བྱའོ། །གཞན་དག་ནི་མ་ཡིན་ཞེས་བྱ་བ་ནི་ལྷའི་རྣ་བ་དང་མིག་དང༌། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་རྣམས་སོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ནི། སྔོན་གྱི་མཐའ་ལ་ཀུན་ཏུ་རྨོངས་པ་ཟློག་པར་བྱེད་དོ། །འཆི་འཕོ་དང་སྐྱེ་བ་ཤེས་པས་ནི་བར་ལ་ཀུན་ཏུ་རྨོངས་པ་ཟློག་པར་བྱེད་དོ། །ཟག་པ་ཟད་པ་ཤེས་པས་ནི་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཕྱི་མའི་མཐའ་ལ་ཀུན་ཏུ་རྨོངས་པ་སེལ་བར་བྱེད་དོ། །སློབ་དཔོན་འདུས་བཟང་ན་རེ་ནི་འཆི་འཕོ་བ་དང་སྐྱེ་བའི་མངོན་པར་ཤེས་པས་ནི་ཕྱི་མའི་མཐའ་ལ་ཀུན་ཏུ་རྨོངས་པ་ཟློག་པར་བྱེད་དོ། །ཟག་པ་ཟད་པའི་མངོན་པར་ཤེས་པས་ནི་བར་ལ་ཀུན་ཏུ་རྨོངས་པ་ཟློག་པར་བྱེད་དོ་ཞེས་ཟེར་རོ། །ཡང་མངོན་པར་ཤེས་པ་གསུམ་ཁོ་ན་རིགས་གསུམ་ཡིན་ནོ་ཞེས་བྱ་བ་ནི་འདི་ཇི་ལྟར་ཤེས་ཤེ་ན། འདི་ལྟར་མི་སློབ་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང༌། མི་སློབ་པའི་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་མངོན་དུ་བྱེད་པའི་རིག་པ་དང༌། མི་སློབ་པའི་ཟག་པ་ཟད་པ་ཤེས་པ་མངོན་དུ་བྱེད་པའི་རིག་པ་ཞེས་གསུངས་སོ། །ཟག་པ་ཟད་པ་མངོན་དུ་བྱ་བ་ཁོ་ན་མི་སློབ་པའི་རིག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་དང་རྒྱུད་ཀྱིས་ཀྱང་ཡིན་ནོ། །གཞན་དག་ནི་རྒྱུད་ཀྱི་སྒོ་ནས་ཡིན་གྱི་རང་བཞིན་གྱིས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་གཉིས་ནི་སློབ་པ་ཡང་མ་ཡིན་ལ། མི་སློབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ་ཟག་པ་དང་བཅས་པའི་ཕྱིར་རོ། །མངོན་པར་ཤེས་པ་འདི་དག་ཞེས་བྱ་བ་ནི་སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའོ། །སློབ་པའི་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་འོ། །ཡང་མ་རིག་པས་ཟིལ་གྱིས་གནོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལངས་པར་གྱུར་པ་ནི་བསྒོམ་པས་སྤང་བར་བྱ་བ་མ་རིག་པས་ཟིལ་གྱིས་གནོན་པའི་ཕྱིར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་མངོན་པར་ཤེས་པ་ནི་རྫུ་


DTG210_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །སེམས་ཀྱི་རྣམ་གྲངས་ཤེས་པ་ནི་ཀུན་རྫོབ་བརྗོད་པའི་ཆོ་འཕྲུལ་ཡིན་ནོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ནོ། །པྲ་དང་ཨ་ཏིའི་སྒྲ་དག་པོའོ་ལས་དང་ཤིན་ཏུའི་དོན་ཡིན་པའི་ཕྱིར་རོ། །པྲའི་སྒྲ་ནི་དང་པོའི་ལས་ཀྱི་དོན་ཏེ་འདི་དང་འདིས་ལས་དང་པོར་རྩོམ་ཞེས་བྱ་བ་ལྟ་བུའོ། །ཨ་ཏིའི་སྒྲ་ནི་ཤིན་ཏུའི་དོན་ཏོ། །ཤིན་ཏུ་རྟོགས་པ་ཞེས་བྱ་བ་ལྟ་བུའོ། །དང་པོ་ནས་ཤིན་ཏུ་ཞེས་བྱ་སྟེ། པྲའི་སྒྲའི་དོན་ནི་དང་པོ་ནས་ནི་ཞེས་བྱའོ། །ཨ་ཏིའི་སྒྲའི་དོན་ནི་ཤིན་ཏུའི་དོན་ཏོ། །ཞེས་འགྲས་པ་དང་བར་མར་གནས་པ་རྣམས་ཀྱིས་ཡིད་འཕྲོག་པར་བྱེད་པས་ཞེས་འབྱུང་སྟེ་ངེས་པའི་ཚིག་གི་ཚུལ་གྱིས་ཆོ་འཕྲུལ་ཞེས་སྦྱར་རོ། །མི་འཕྲུལ་ཕྱིར་དང་ཞེས་བྱ་བ་རྫུ་འཕྲུལ་དང་ཀུན་བརྗོད་པ་དག་ནི་འདི་ལས་ཕྱི་རོལ་པ་རྣམས་ལ་ཡང་སྲིད་ཀྱི། ཟག་པ་ཟད་པ་ཞེས་པ་ནི་མ་ཡིན་ཏེ་མི་འཁྲུལ་བ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་སྨན་དང་གསང་སྔགས་དག་གིས་ཀྱང་འགྲུབ་སྟེ། གཱ་ན་ཧཱ་རཱི་ཞེས་བྱ་བའི་རིག་སྔགས་གང་གིས་ནམ་མཁའ་ལ་འགྲོ་བ་ཡོད་ཅིང༌། སྨན་གྱི་ཁྱད་པར་ལག་པ་དང་རྐང་པ་ལ་བསྐུས་པ་གང་གིས་ནམ་མཁའ་ལ་འགྲོ་བར་ཡོད་པར་གྲག་གོ །གཞན་གྱི་སེམས་ཀུན་བརྗོད་པ་ཡང་མཚན་མ་དང་གསང་སྔགས་ལ་སོགས་པ་དག་གིས་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་རྗེས་སུ་སྟོན་པ་ནི་རྣམ་པ་གཞན་དུ་བྱ་བར་མི་ནུས་པས་མི་འཁྲུལ་བ་ཉིད་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་རྗེས་སུ་སྟོན་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་འདོམས་པ་ནི་རྫུ་འཕྲུལ་གྱི་ཏིང་ངེ་འཛིན་ཏེ་དེའི་འབྲས་བུ་ནི་ཆོ་འཕྲུལ་ལོ། །མདོ་ལས་རགས་པ་དང་ཕྲ་བ་ལ་འཇུག་པའི་ཕྱིར་རྫུ་འཕྲུལ་ཞེས་བཤད་དོ། །ཏིང་ངེ་འཛིན་དང་དེས་ཆོས་ཉེ་བའི་རྒྱུར་གྱུར་པ་འདོམས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ངེས་པའི་ཚིག་ལས་འདིས་འབྱོར་པར་བྱེད་པས་རྫུ་འཕྲུལ་ལོ། །འབྱོར་བར་བྱེད་པ་ནི་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཡིད་བཞིན་དུ་མགྱོགས་པས་ན་ཞེས་བྱ་བ་ནི་ཡིད་ཀྱིས་འགྲོ་བ་དམིགས་པ་འཛིན་པ་སྟེ། དུས་དེ་ཙམ་གྱིས་བཅོམ་ལྡན་འདས་ཀྱིས་འདི་ནས་བཞེད་པའི་ཡུལ་འོག་


DTG210_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུ་བྱོན་ཏེ། ཐུབ་པའི་ཉན་ཐོས་ལ་ནི་ཡོད་པ་མ་ཡིན་པས། ཡིད་མགྱོགས་ནི་སངས་རྒྱས་རྣམས་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་མ་ཆད་པས་མིང་དེར་འགྲོ་བར་བྱ་འམ་རྣམ་པ་གཞན་ཞེ་ན། དེར་ཉེ་བར་ཆད་པ་འབྱུང་བས་འགྲོ་བའི་ངོ་བོ་ཉིད་དོ། །ཡུལ་ཤིན་ཏུ་ཐག་རིང་བ་ཡང་ཐུགས་བསྐྱེད་པ་ཙམ་གྱིས་གཤེགས་པས་སངས་རྒྱས་བཅོམ་ལྡན་འདས་ནི་མཐུ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །མོས་པ་ལས་བྱུང་བ་ནི་མོས་པའི་འབྲས་བུ་ཡིན་ཏེ། མྱུར་དུ་འགྲོ་བ་ནི་ལུས་ཕྱིན་པར་བྱེད་པས་སོ། །མོས་པ་ལས་བྱུང་བ་ནི་ཐག་རིང་བ་ལ་ཉེ་བར་མོས་པ་གང་ཡིན་པ་ལས་ཏེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །སྤྲུལ་པ་ནི་རྣམ་པ་གཉིས་ཏེ་འདོད་པ་ན་སྤྱོད་པའོ། །གཟུགས་ན་སྤྱོད་པའོ་ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པ་མེད་པ་སྟེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །འདོད་པར་གཏོགས་པའི་སྤྲུལ་པ་ནི། ཕྱིའི་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་ནི་སྤྲུལ་པར་མི་བྱེད་དེ། སྔོན་མེད་པའི་སེམས་འབྱུང་བར་འགྱུར་དུ་འོང་བས་སོ། །སྒྲའི་སྤྲུལ་པ་ནི་ཡོད་པ་མ་ཡིན་ཏེ་རྒྱུན་ཆད་པའི་ཕྱིར་རོ། །བདག་དང་གཞན་གྱི་ལུས་དང་འབྲེལ་པར་ཞེས་བྱ་བ་ནི་བདག་གི་ལུས་དང་འབྲེལ་བ་དང༌། གཞན་གྱི་ལུས་དང་འབྲེལ་པའོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་ཁམས་ན་རང་དང་གཞན་དག་གི་ལུས་དང་འབྲེལ་བ་དེ་བཞིན་དུ་གཟུགས་སུ་གཏོགས་པ་ཡང་བདག་གི་ལུས་དང་གཞན་གྱི་ལུས་དང་འབྲེལ་པ་ཞེས་བྱ་བ་རྣམ་པ་གཉིས་ཡིན་ནོ། །འདི་ནི་སྤྲུལ་པ་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པའིའོ། །གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ཡང༌། འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པ་རང་གི་ལུས་དང་འབྲེལ་བ་དང་གཞན་གྱི་ལུས་དང་འབྲེལ་པ་ཡིན་ནོ། །རྣམ་པ་བརྒྱད་ཡིན་ནོ་ཞེས་བྱ་བ་འདོད་པའི་ཁམས་སུ་སྐྱེས་པའི་རྣམ་པ་བཞི་དང༌། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམ་པ་བཞི་སྟེ་རྣམ་པ་བརྒྱད་ཡིན་ནོ། །མདོར་


DTG210_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ན་ཞེས་བྱ་བ་རྒྱས་པར་ནི་མཐའ་ཡས་སོ། །ཇི་ལྟར་དྲི་དང་རོ་དང་མི་ལྡན་ཞེས་བྱ་བ་ནི་གལ་ཏེ་གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པ་ན་སྤྱོད་པ་སྐྱེ་མཆེད་ཁོ་ན་སྤྲུལ་པར་བྱེད་ན། ཇི་ལྟར་རང་གི་ལུས་དང་འབྲེལ་བར་སྤྲུལ་པ་དྲི་དང་རོ་དག་དང་མི་ལྡན་ཞེས་བྱའོ། །གོས་དང་རྒྱན་བཞིན་དུ་མི་ལྡན་ནོ་ཞེས་བྱ་བ་ནི་དཔེར་ན་སེམས་ཅན་དུ་མི་གྲངས་པའི་ཕྱིར་གོས་དང་རྒྱན་རང་གི་ལུས་དང་འབྲེལ་པ་དག་དང་མི་ལྡན་པ་དེ་བཞིན་དུ་སྤྲུལ་པ་དང་ཡང་ཡིན་ནོ། །གཞན་དག་ན་སྐྱེ་མཆེད་གཉིས་སྤྲུལ་པར་བྱེད་དོ་ཞེས་བྱ་བ་ནི་རང་གི་ལུས་འབྲེལ་པ་གཟུགས་དང་རེག་བྱའི་སྐྱེ་མཆེད་ཁོ་ན་སྤྲུལ་པར་བྱེད་པའོ། །གཞན་གྱི་ལུས་དང་འབྲེལ་པ་ནི་སྐྱེ་མཆེད་བཞི་ཡིན་ནོ། །འདི་ལ་སྐྱོན་མེད་དེ་འགྲོ་བའི་ཁྱད་པར་གྱི་སྐྱེ་གནས་ཞེས་བྱ་བ་ནི། འགྲོ་བ་ནི་འདིར་འགྲོ་བར་བྱེད་པ་ལ་མངོན་པར་འདོད་དོ། །བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པས་ནི་བསམ་གཏན་གཉིས་པའི་སར་འགྲོ་བར་མི་ནུས་ལ། དེ་བཞིན་དུ་བསམ་གཏན་གཉིས་པའི་འབྲས་བུ་སྤྲུལ་པས་བསམ་གཏན་གསུམ་པའི་ས་དང༌། བསམ་གཏན་གསུམ་པའི་འབྲས་བུ་སྤྲུལ་པས་བསམ་གཏན་བཞི་པའི་སར་འགྲོ་བར་མི་ནུས་སོ། །བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པ་འདོད་པ་ན་སྤྱོད་པ་གང་ཡིན་པ་དང༌། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པ་གཟུགས་ན་སྤྱོད་པ་གང་ཡིན་པ་དེ་དག་འགྲོས་ཀྱི་སྒོ་ནས་ཁྱད་པར་ཡོད་དེ། གཟུགས་ན་སྤྱོད་པ་ནི་འདོད་པ་ན་སྤྱོད་པ་ལས་ཁམས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །དེ་རྙེད་བསམ་གཏན་བཞི་ཞེས་བྱ་བ་ལ། ཇི་ལྟར་བསམ་གཏན་རྙེད་ཅེ་ན། །འདོད་ཆགས་དང་བྲལ་བ་དང་སྐྱེ་བ་དང་སྦྱོར་བའི་སྒོ་ནས་སོ། །འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་གང་ཞིག་ས་གང་ལ་ཐོབ་པའོ། །དེའི་འབྲས་བུ་རྣམས་ཀྱང་མྱ་ངན་ལས་འདས་པའི་སེམས་རྣམས་ཐོབ་པོ། །ས་གོང་མ་ནས་འཆི་འཕོས་པ་བསམ་གཏན་རྣམས་སུ་སྐྱེས་པས་བསམ་གཏན་གྱི་འབྲས་བུ་སྤྲུལ་པའི་སེམས་རྣམས་འཐོབ་པོ། །གང་དང་གང་བསམ་གཏན་ལ་བརྟེན་པ་དང་དེ་ལ་རག་ལས་ཏེ་ཡོན་ཏན་སྐྱེད་པར་བྱེད་པ་ནི་


DTG210_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་དེའི་འབྲས་བུ་རྣམས་འཐོབ་པོ། །འདོད་པའི་ཁམས་སུ་སྐྱེས་པ་དགྲ་བཅོམ་པ་ཐོབ་པ་ནི་མི་གཡོ་བར་རྟོགས་པ་ཐམས་ཅད་ཐོབ་པ་ནས་བསམ་གཏན་བཞི་པ་ལས་དགྲ་བཅོམ་པ་ཐོབ་པ་ཐོབ་པའི་བར་ཐམས་ཅད་དེའི་འབྲས་བུ་རྣམས་འཐོབ་པ་ཉིད་དེ། ཏིང་ངེ་འཛིན་གྱི་འབྲས་བུ་ལ་གནས་པ་ནི་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་འབྲས་བུ་ནི་སྤྲུལ་པའི་སེམས་ཏེ། ཁ་ཅིག་ན་རེ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་མངོན་པར་ཤེས་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ་རྣམ་པར་གྲོལ་བའི་ལམ་མ་ཡིན་ནོ་ཞེས་ཟེར་རོ། །བར་ཆད་མེད་པའི་དང་རྣམ་པར་གྲོལ་བའི་ལམ་དག་དེའི་དོན་ཉིད་ལ་བསམ་གཏན་གྱི་འབྲས་བུ་ཉིད་དོ། །གང་གི་ཚེ་སྨྲ་བའི་སེམས་ཡོད་པ་དེའི་ཚེ་སྤྲུལ་པའི་སེམས་མེད་པའི་ཕྱིར་ཞེས་བྱ་བ་ནི། སྤྲུལ་པའི་སེམས་འགགས་ཤིང་སྨྲར་འཇུག་པའི་སེམས་སྐྱེ་ན་སྤྲུལ་པའི་སེམས་འགགས་པས་སྤྲུལ་པའི་གནས་སྐབས་མི་གནས་ཏེ། སེམས་གཉིས་ཅིག་ཅར་མེད་པའི་ཕྱིར། །འདི་ལྟར་སྨྲར་འཇུག་ཅེ་ན་ཞེས་བྱ་བའོ། །འདི་སྨྲ་བ་སྐྱེ་བ་ཡིན་ཏེ་འགགས་པའི་ཕྱིར་སྙམ་དུ་བསམས་པའོ། །བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཞེས་བྱ་བ་ནི་སྤྲུལ་པའི་སེམས་ཀྱིས་སྤྲུལ་པར་བྱེད་དོ། །དེ་ནས་དུས་ཕྱིས་བྱིན་གྱིས་རློབ་པའི་སེམས་མངོན་དུ་བྱེད་ལ། དེས་སྤྲུལ་པ་བྱིན་གྱིས་བརླབས་ནས། ཕྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་སེམས་མངོན་དུ་གྱུར་ཏེ་སྨྲར་འཇུག་གོ །འདིར་སྨྲས་པ། བྱིན་གྱིས་བརླབས་པའི་སེམས་མངོན་དུ་གྱུར་ན་སྤྲུལ་པའི་སེམས་མི་སྣང་བར་གྱུར་པས་སྤྲུལ་པ་མི་སྣང་བར་ཅིའི་ཕྱིར་འགྱུར་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། སྔོན་གྱི་བསམ་པའི་རྒྱུད་རྗེས་སུ་འབྲང་སྟེ་སྤྲུལ་པ་སྤྲུལ་པར་བྱའོ། །དེའི་བྱིན་གྱིས་བརླབ་པར་བྱའོ། །དེ་སྨྲར་གཞུག་གོ་སྙམ་དུ་དེ་ལྟར་སྔར་སེམས་ལ་བཞག་པ་ཡིན་ནོ། །འོ་ན་གང་འདོད་པའི་ཁམས་སུ་སྐྱེས་པ་བསམ་གཏན་གཉིས་པའི་ས་པའི་སྤྲུལ་པའི་བྱ་བ་ལ་འཇུག་པར་བྱེད་ཅེ་ན་དེས་ཇི་ལྟར་སྐལ་བ་མཉམ་པའི་ཁམས་སུ་གནས་པའི་སྤྱོད་ལམ་པ་དང་བཟོའི་གནས་པ་དག་མངོན་དུ་


DTG210_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་མི་ནུས་ཤེ་ན། དེ་དག་དེར་མཉམ་པར་གཞག་པ་ཉིད་ཀྱི་རྟེན་ལ་རག་ལུས་པའི་ཕྱིར་སྐྱོན་མེད་དོ། །དེའི་ཁམས་ཀྱི་འབྱུང་བ་རྣམས་ཁོ་ན་ལས་དེ་མངོན་དུ་བྱེད་པའི་ཕྱིར་དེ་དག་གིས་གཟུགས་སྤྱོད་པའི་འབྱུང་བ་རྣམས་གཅིག་ཏུ་མཁྲེགས་པར་བྱས་པའི་རྟེན་དེ་ནས་རྣམ་པར་རིག་བྱེད་ཀྱིས་ཀུན་ནས་སློང་བས་མངོན་དུ་བྱེད་པ་ཡིན་པས། མཉམ་པར་གཞག་པ་དེ་མངོན་དུ་བྱེད་པར་ཐལ་བ་མེད་དོ། །མཉམ་པར་གཞག་པའི་རྟེན་ལ་རག་ལས་པ་ལ་ཡང་རྣམ་པར་རིག་བྱེད་ཀྱིས་ཀུན་ནས་སློང་བ་ཡོད་པས་ལྷའི་མིག་དང་རྣ་བ་དག་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་སྐྱོན་མེད་དོ། །དང་པོར་དུ་མས་གཅིག་ཡིན་ཏེ། །ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །བསྒྲུབས་ན་ནི་སྤྲུལ་པའི་སེམས་མང་པོས་སྤྲུལ་བ་ཉེ་བར་ལེན་པ་དང་བཅས་པ་གཅིག་སྤྲུལ་པར་བྱེད་ལ། མངོན་པར་ཤེས་པ་བྱས་ནས་ནི་སེམས་གཅིག་གིས་དུ་མ་ཡིན་ནོ། །སྤྲུལ་པའི་སེམས་ནི་བསྒོམས་པའི་འབྲས་བུ་དང༌། །སྐྱེས་པས་ཐོབ་པ་དང་རྣམ་པ་གཉིས་ཡིན་པས་འདྲི་བ་ནི་ཡང་ཅི་སྤྲུལ་པའི་སེམས་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་ངོ༌། །བསྒོམ་ལས་སྐྱེས་པ་ལུང་དུ་མ་བསྟན་ཞེས་བྱ་བ་ལ་ས་གོང་མར་སྐྱེས་པས་ས་འོག་མ་པའི་སྤྲུལ་པའི་སེམས་མངོན་དུ་བྱེད་པའི་ཕྱིར་དེ་དང་ལྡན་པར་ལུང་དུ་མ་བསྟན་པ་དང་དེས་བྱས་པ་ཡང་ངོ༌། །ལྷག་ལ་སོགས་པས་བྱས་པ་ནི་སྐྱེ་བས་བྱས་པའོ། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཞེས་བྱ་བ་ནི་ཡི་དགས་ལ་སོགས་པ་དག་ནི་རེས་འགའ་གཞན་ལ་མཐོ་བཙམས་པའི་ཕྱིར་གཟུགས་སྤྲུལ་པར་བྱེད་ལ། རེས་འགའ་ཕན་གདགས་པའི་ཕྱིར་དང༌། རེས་འགའ་ལུང་མ་བསྟན་ཉིད་དོ། །སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར་ཞེས་བྱ་བ་ལ། སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་རྣམས་ནི་འདིར་སྒྲ་མེད་པའི་གཟུགས་ཀྱི་སྐྱེ་མཆེད་རྣམས་དེའི་ངོ་བོ་ནི་སྒྲ་མེད་པའི་གཟུགས་ཅན་གྱི་སྐྱེ་མཆེད་ཉིད་དོ། །གང་གི་ཕྱིར་དེར་རང་དང་གཞན་གྱི་ལུས་སྤྲུལ་པ་ལ་སྒྲ་མ་གཏོགས་པ་མིག་ལ་སོགས་པ་སྐྱེ་མཆེད་གཟུགས་ཅན་ཐམས་ཅད་ཡོད་དོ། །དེའི་ཕྱིར་སྐྱེ་མཆེད་དགུ་པའོ། །སྒྲ་ལ་རྒྱུན་མེད་


DTG210_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྤྲུལ་པར་མི་བྱེད་ལ། སྤྲུལ་པའི་སེམས་མེད་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ཀྱང་སྤྲུལ་པར་མི་བྱེད་དོ། །བསྟན་བཅོས་ལས་སྒྲུབ་པ་སེམས་པར་བཅས་པ་ཞེས་བརྗོད་པར་བྱ་བའམ་སེམས་མེད་པ་ཞེས་བརྗོད་པར་བྱ། སྨྲས་པ་སེམས་མེད་པའོ་ཞེས་གསུངས་སོ། །གལ་ཏེ་དབང་པོ་དག་ཀྱང་སྤྲུལ་པར་བྱེད་ན་ནི་དབང་པོ་རྣམས་སེམས་ཅན་དུ་བགྲང་བ་ཡིན་པའི་ཕྱིར་ཇི་ལྟར་སྔོན་མེད་པའི་སེམས་ཅན་འབྱུང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དབང་པོ་རྣམས་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྤྲུལ་པ་སྐྱེ་མཆེད་བཞི་པ་དེ་ནི་མིག་ལ་སོགས་པའི་དབང་པོ་དང་ཐ་མི་དད་པར་སྐྱེས་པ་སྟེ་རང་གི་ལུས་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་མཆེད་དགུ་པར་བཤད་དོ། །དབང་པོ་ནི་སྤྲུལ་པར་མི་བྱེད་དོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་ཡིན་པའི་ཕྱིར་ཏེ། སྤྲུལ་པ་ནི་རྣམ་པར་སྨིན་པ་དང་རྒྱས་པ་ལས་བྱུང་བར་མི་རིགས་སོ། །དཔེར་ན་ང་ལས་ནུ་དང་སྲིད་པ་བར་མ་པ་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་ལས་ལས་སྐྱེས་པའི་རྫུ་འཕྲུལ་སྟོན་པའོ། །བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་བ་དང་ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་ལྟ་བུར་ཞེས་བྱ་བ་ལ་དེ་དག་གི་ནི་ལྷ་དང་འདྲ་བས་ལྷའི་ཡིན་ནོ། །འདི་ལྟར་དེ་གཉིས་ནི་བསམ་གཏན་ས་པའི་གཟུགས་དང་བ་ཡིན་པ་དེའི་ཕྱིར་དེ་དག་ནི་ལྷའི་ཁོ་ན་ཡིན་གྱི་ལྷའི་དབང་འདྲ་བའི་ལྷ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷའི་མིག་ནི་ཤ་དང་པགས་པ་དང་རུས་པ་དང་ཁྲག་དང་མ་འབྲེལ་ཞིང་གཟུགས་དང་པའོ་ཞེས་བརྗོད་དོ། །ལྷའི་མིག་གམ་རྣ་བ་ནི་དེ་དང་མཚུངས་པ་མེད་དོ་ཞེས་བྱ་བ་ནི་དེ་དག་ལྟ་བ་དང་ཉན་པའི་སྒོ་ནས་མངོན་པར་བསྒྲུབས་པ་སྟེ། དེའི་ཕྱིར་རྟག་ཏུ་རྣམ་པར་ཤེས་པ་དང་བཅས་པ་ཡིན་ནོ། །ཞར་བ་དང་ལོང་བ་ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ཞར་བ་ནི་གང་རུང་ཅིག་མ་ཚང་བའོ། །ལོང་བ་ནི་ཡོ་བའོ། །ལྷའི་རྣ་བ་ལ་སོགས་པ་བཞི་ཡང་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷའི་མིག་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གཞན་གྱི་སེམས་ཤེས་པ་བསྡུ་སྟེ། འདི་དག་ཐམས་ཅད་སྐྱེས་ནས་ཐོབ་པ་ཡིན་ནོ། །


DTG210_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ན་སྤྱོད་པའི་ལྷ་དང་ཀླུ་རྣམས་དང༌། གཟུགས་ན་སྤྱོད་པ་རྣམས་ཀྱི་ཡིན་གྱི། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །འགྲོ་བའང་སྤྲུལ་པ་མེད་པའི་ཕྱིར་རྫུ་འཕྲུལ་མེད་དོ། །དེ་ཉིད་ཀྱི་ལྷའི་མིག་དང་རྣ་བ་མེད་དོ། །རང་དང་གཞན་གྱི་རྒྱུད་ཡོངས་སུ་གཅོད་པ་མེད་པའི་ཕྱིར་གཞན་གྱི་སེམས་ཤེས་པ་མེད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ཡང་མེད་དོ། །རིགས་དང་རུས་དང་ཁ་དོག་དང་གནས་དང་ཟས་ལ་སོགས་པ་མེད་པའི་ཕྱིར་རོ། །ཡང་ན་འདོད་པ་ན་སྤྱོད་པའི་སེམས་ཅན་བཞིན་མངོན་པར་ཤེས་པ་ཐམས་ཅད་ཀྱང་དེ་ན་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་ལུས་ཀུན་ཏུ་འགྲོ་བའི་ཕྱིར་ལྷའི་མིག་ཐམས་ཅད་ལུང་མ་བསྟན་ཉིད་དོ། །གཞན་གྱི་སེམས་ཤེས་པ་སྐྱེ་བས་ཐོབ་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །གང་རྟོག་དང་རིག་སྔགས་ཀྱིས་བྱས་པ་འང་ཞེས་བྱ་བ་དེ་ཡང་རྣམ་པ་གསུམ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ཁོ་ན་ནི་མི་དགེ་བ་ཡོད་ཀྱི་གཞན་མ་ཡིན་ནོ། །གཞན་གྱི་སེམས་ཤེས་པ་བསྒོམ་པའི་འབྲས་བུ་དགེ་བ་ཁོ་ན་ཡིན་ནོ། །དམྱལ་བ་པས་ནི་དང་པོ་ཞེས་བྱ་བ་ནི་དམྱལ་བ་རྣམས་ཀྱིས་ནི་སྐྱེས་ཙམ་ཉིད་ནས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་དེ་མ་ཐག་པའི་སྐྱེ་བ་དྲན་གྱི་གཞན་ནི་མ་ཡིན་ནོ། །ཇི་སྐད་དུ་དེ་དག་འདོད་པ་མ་འོངས་པ་རྣམས་ལ་འཇིགས་པར་ལྟ་བར་གྱུར་ཞེས་རྒྱས་པར་འབྱུང་བའོ། །གཞན་གྱི་སེམས་ཤེས་པས་ཀྱང་དང་པོའི་ཁོ་ན་ཤེས་སོ། །ཇི་སྲིད་སྡུག་བསྔལ་གྱི་ཚོར་བས་ཉེན་པ་ཞེས་བྱ་བ་ལ་དེ་དག་ནི་གང་གི་ཚེ་ཚོར་བ་དྲག་པོ་གནད་ཐམས་ཅད་འབྱེད་པར་བྱེད་པ་དག་གིས་གནོན་པ་དེའི་ཚེ་བདག་ཉིད་ཀྱང་མི་དྲན་ནོ། །སྔོན་གྱི་གནས་སམ་གཞན་གྱི་སེམས་ཤེས་པར་གོ་ག་ལ་འགྱུར། འགྲོ་བ་གཞན་ན་གནས་པས་ནི་རྟག་ཏུ་ཤེས་སོ་ཞེས་བྱ་བ་ནི་ཡི་དགས་དང་དུད་འགྲོ་དང་མི་དང་ལྷའི་འགྲོ་བ་ལ་གནས་པ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གཞན་གྱི་སེམས་ཤེས་པ་དེ་དག་གིས་རྟག་ཏུ་ཤེས་སོ། །དུང་དང་བྱ་ཀུར་ང་བཞིན་ནོ། །ཡི་དགས་ཀྱིས་ཀྱང་ཤེས་ཏེ། ཇི་སྐད་དུ། བདག་གིས་མཐུན་དང་མི་མཐུན་


DTG210_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ལོངས་སྤྱོད་དག་ནི་གང་བསགས་པ། །དེ་དག་གཞན་གྱི་ལོངས་སྤྱོད་དེ། །ཁོ་བོ་ཅག་ནི་སྡུག་བསྔལ་ཏེ། །ཞེས་བཤད་པ་ལྟ་བུའོ། །མི་སྐྱེ་བ་དྲན་པ་དག་ནི་མཐོང་བ་ཉིད་དོ། །ལྷས་ཀྱང་དྲན་ཏེ། ཇི་སྐད་དུ། དྲང་སྲོང་ཚོགས་ཀྱིས་བསྟེན་པ་དང༌། །ཆོས་ཀྱི་རྒྱལ་པོས་བཞུགས་གྱུར་ཅིང༌། །བདག་ལ་དགའ་བ་བསྐྱེད་པ་ཡིན། །རྒྱལ་བྱེད་ཚད་དེ་འདི་ཡིན་ནོ། །ཞེས་བྱ་བ་དང༌། དེ་བཞིན་དུ་གང་ནས་ཤི་འཕོས་གང་དུ་སྐྱེས་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །མི་ལ་སྐྱེ་བས་ཐོབ་པ་མེད་ཅེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་ཐམས་ཅད་དོ། །སྐྱེ་བས་ཐོབ་པ་བདག་པས་འདོད་ཆགས་དང་བྲལ་བས་ཐོབ་པ་དང༌། རྟོགས་པ་དང་རིག་སྔགས་དང༌། སྨན་དང་ལས་ཀྱིས་བྱས་པས་ཏེ་ཡོད་དོ་ཞེས་བཤད་པར་འགྱུར་རོ། །དེ་དག་གི་དེ་ནི་ལས་གྱི་ཁྱད་པར་ལས་སྐྱེས་པ་ཡིན་ཏེ་ཞེས་བྱ་བ་ནི་སྐྱེ་བས་ཐོབ་པ་མ་ཡིན་པའོ། །གང་གི་ཕྱིར་སྐྱེ་བས་ཐོབ་བའི་མཚན་ཉིད་ཀྱི་ཁྱད་པར་རིགས་མཐུན་པར་གྱུར་པ་རྣམས་སོ། །རྣམ་པ་གསུམ་སྟེ་ཞེས་རྒྱས་པར་འབྱུང་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་བསྒོམ་བའི་འབྲས་བུ་ཁོ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྫུ་འཕྲུལ་བཞིན་དུ་འདི་དག་ཀྱང་རྣམ་པ་དུ་མ་ཡིན་ཞེས་སྟོན་པར་བྱེད་དོ། །སློབ་དཔོན་བློ་གྲོས་བརྟན་པས་ཉེ་བར་བཀོད་པ་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ལས་ཡེ་ཤེས་བསྟན་བ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་བདུན་པ་རྫོགས་སོ།། །། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཤེས་པའི་སྐབས་ཀྱི་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ནི། གང་གི་ཕྱིར་ཟད་པ་ཤེས་པར་བཤད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྟོབས་ལ་སོགས་པ་རྣམས་དང༌། ཉན་ཐོས་དང་ཐུན་མོང་པ་ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་རྣམས་དང༌། སོ་སོ་སྐྱེ་བོ་དང་ཐུན་མོང་པ་མངོན་པར་ཤེས་པ་དང་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པ་རྣམས་འཐོབ་པོ་ཞེས་


DTG210_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བཤད་ལ། དེ་དག་ཀྱང་ཤེས་པའི་རང་བཞིན་དང་རང་བཞིན་གཞན་ཡིན་ནོ། །དེ་ལ་ཤེས་པའི་རང་བཞིན་སྟོབས་ལ་སོགས་པ་ནས་མངོན་པར་ཤེས་པའི་མཐར་ཐུག་དེ་རྣམས་ནི་ཤེས་པའི་སྐབས་ཁོ་ནས་བཤད་ཟིན་ཏོ། །དེ་ལ་ཤེས་པ་ཟག་བཅས་ཟག་པ་མེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པས་ནི་རྒྱས་པར་ཤེས་པ་བསྟན་པའི་དབང་དུ་བྱས་སོ། །དེའི་ཕྱིར་ཤེས་པ་དང་འབྲེལ་པས་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་ཁོ་ནར་བཤད་ཀྱི་རང་བཞིན་གཞན་རྣམས་ནི་མ་ཡིན་པས་ད་ནི་རང་བཞིན་གཞན་བསམ་གཏན་དང་གཟུགས་མེད་པ་དང་ཚད་མེད་པ་རྣམས་བརྗོད་པར་བྱ་སྟེ་ཞེས་པའོ། །དེ་ལ་དང་པོ་ཁོ་ནར་བསམ་གཏན་རྣམས་ལས་བརྩམས་ཏེ་གཙོ་བོ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཙོ་བོ་ཡིན་ཞེ་ན། །དེའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །གཟུགས་མེད་པ་རྣམས་ཀྱང་ཡོན་ཏན་གྱི་རྟེན་ཡིན་མོད་ཀྱི། ཡོན་ཏན་ཐམས་ཅད་ཀྱི་རྟེན་ནི་མ་ཡིན་པས་དེ་དག་སྔར་མ་བརྗོད་དེ་དེའི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་རོ། །བསམ་གཏན་དག་ནི་རྣམ་གཉིས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་བསམ་གཏན་གྱི་དབྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་དང་སྙོམས་པར་འཇུག་པའི་བསམ་གཏན་གྱི་བྱེ་བྲག་གིས་ཞེས་བྱ་བ་སྨོས་སོ། །དེ་ལ་སྐྱེ་བའི་བསམ་གཏན་ནི་འབྲས་བུའོ། །སྙོམས་པར་འཇུག་པའི་བསམ་གཏན་ནི་རྒྱུའོ། །དེ་དག་ཀྱང་བཞི་བསམ་གཏན་དང་པོ་ནས་བཞི་པའི་བར་རོ་ཞེས་བྱ་བ་ནི་འདི་དག་ཁོ་ནས་བསམ་གཏན་རྣམས་བསྡུས་ཤིང་ཏིང་ངེ་འཛིན་རྣམས་རྣམ་པར་གཞག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་འདི་དག་ཁོ་ནས་ཇི་ལྟར་ཡེ་ཤེས་ཀྱི་ཁྱད་པར་རྣམས་སྒྲུབ་པར་མཛད་པ་དེ་ལྟར་ཉན་ཐོས་དང་སངས་རྒྱས་རྣམས་ཀྱིས་ཏིང་ངེ་འཛིན་དེ་དག་གི་མིང་ཡང་མི་ཤེས་སོ། །འདི་ལྟར་མདོར་བསྡུས་པ་ལས་བསམ་གཏན་བཞིའོ། །དགེ་བ་རྩེ་གཅིག་པ་ཞེས་བྱ་བ་ལ། འདི་ནི་སྙོམས་པར་འཇུག་པའི་བསམ་གཏན་གྱི་ཐུན་མོང་གི་མཚན་ཉིད་དོ། །སེམས་རྩེ་གཅིག་པ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཡང་ཡོད་པས་དགེ་བ་སྨོས་སོ། །དགེ་བ་གཡེང་བ་ཡང་ཡོད་པས་རྩེ་གཅིག་པ་སྨོས་


DTG210_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སེམས་རྩེ་གཅིག་པས་ནི་བསམ་གཏན་ཡིན་ཏེ་ཞེས་བྱ་བ་དང་སེམས་ལས་བྱུང་བ་མ་སྨོས་པ་ནི་སེམས་གཙོ་བོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་རྣམས་ལ་དམིགས་པ་གཅིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ་ཞེས་བྱ་བ་ནི་གལ་ཏེ་སྙོམས་པར་འཇུག་པའི་བསམ་གཏན་རྣམས་ཀྱི་རང་བཞིན་ཚོལ་ན་ནི། དེའི་རང་བཞིན་ཡིན་པས་དགེ་བ་རྩེ་གཅིག་པ་ཡིན་ཏེ། བསམ་གཏན་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་འཁོར་དང་བཅས་པ་བརྗོད་པར་འདོད་ན་ནི། དེའི་ཕྱིར་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། རྗེས་སུ་འཇུག་པའི་གཟུགས་ཡོད་པའི་ཕྱིར་རོ། །འདི་དག་གི་ཁྱད་པར་ཇི་ལྟར་ནི་རྟོགས་དཀའ་བར་མཚུངས་པ་དེའི་ཕྱིར་སའི་དབྱེ་བ་ལས་ཁྱད་པར་བསྟན་པའི་ཕྱིར་དང་པོ་ནས་བཞི་པའི་བར་རོ་ཞེས་གྲངས་ཙམ་གྱིས་བསྟན་ཏེ། དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་ཞེས་བཤད་ན། དེ་ནི་ངེས་པར་མ་ཟིན་པས་དེའི་ཕྱིར་རྩེ་གཅིག་པ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་འདྲི་བའོ། །དམིགས་པ་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་ཡུལ་གཅིག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་འོ་ན་མིག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་ཀྱང་དམིགས་པ་གཅིག་པའི་ཕྱིར་རྩེ་གཅིག་པ་ཉིད་དུ་ཐལ་ལོ་ཞེ་ན། ཁ་ཅིག་ན་རེ། དེའི་ཕྱིར་རྟེན་གཅིག་པ་དང་དམིགས་པ་གཅིག་པ་དང་རྩེ་གཅིག་པའི་ཁྱད་པར་བརྗོད་པར་བྱའོ་ཞེས་ཟེར་རོ། །དེ་ལྟ་ན་ནིའོ་ན་ཞེས་རྒྱ་ཆེར་འབྱུང་བ་ལ། གལ་ཏེ་རྩེ་གཅིག་པ་ཉིད་དམིགས་པ་གཅིག་ཡིན་ན། དེས་ན་སེམས་དམིགས་པ་གཅིག་པ་སྟེ་མི་གཡེངས་ཤིང་མཉམ་པར་གཞག་པ་དག་ཁོ་ན་ཏིང་ངེ་འཛིན་ཡིན་གྱི། ཆོས་གཞན་སེམས་ལས་བྱུང་བ་ནི་མ་ཡིན་ཏེ། དམིགས་པ་གཅིག་པ་ཉིད་དེ་ནི་སེམས་དག་ལས་གཞན་ན་མེད་དེ། སེམས་ནི་གཡེངས་པ་ཉིད་ཡིན་པར་འགྱུར་དུ་འོང་བས་སོ། །སེམས་རྣམས་ཁོ་ན་ཏིང་ངེ་འཛིན་མ་ཡིན་གྱི་ཞེས་རྒྱ་ཆེར་འབྱུང་བ་ལ། སེམས་རྣམས་ནི་དམིགས་པ་གཅིག་ལ་འཇུག་པ་ལས་རང་ལས་ནུས་པ་ཡོད་པ་མ་ཡིན་


DTG210_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། གང་གིས་དེ་དག་རྩེ་གཅིག་པར་བྱེད་པའི་ཆོས་ཏེ་ཏིང་ངེ་འཛིན་ཡིན་ནོ། །དེ་ཉིད་རྩེ་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་ལྡན་པས་དེ་དག་སེམས་རྩེ་གཅིག་པར་འགྱུར་བས་ཏིང་ངེ་འཛིན་ཁོ་ནས་རྩེ་གཅིག་པ་ཡིན་གྱི་སེམས་དག་ནི་མ་ཡིན་ནོ། །སྐད་ཅིག་མ་ཡིན་པའི་ཕྱིར་སེམས་ཐམས་ཅད་རྩེ་གཅིག་པ་མ་ཡིན་ནམ་ཞེས་བྱ་བ་ནི། སེམས་ཐམས་ཅད་ནི་རྩེ་གཅིག་པ་ཁོ་ན་ཡིན་ཏེ་སྐད་ཅིག་མ་ཡིན་པའི་ཕྱིར་དམིགས་པ་གཞན་ལ་འཕོ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ལ་ཏིང་ངེ་འཛིན་ཡོངས་སུ་རྟོག་པ་དོན་མེད་དེ། དགེ་བའི་སེམས་ཐམས་ཅད་མཉམ་པར་གཞག་པ་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཉིས་པ་དེ་ལས་རྣམ་པར་མི་གཡེང་བ་ཡིན་ནོ་ཞེས་བྱ་བ་ནི། སེམས་གཉིས་པ་ནི་སེམས་སྔ་མ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་དང་པོའི་དམིགས་པ་ལས་མི་གཡེང་བས་ཉེས་པ་འདི་མེད་དོ་ཞེས་བྱ་བའོ། །མཚུངས་པར་ལྡན་པ་ལ་ནི་ཏིང་ངེ་འཛིན་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི། སེམས་དང་པོ་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ལ་ཏིང་ངེ་འཛིན་དོན་མེད་པ་ཡིན་ཏེ། དེ་ལ་བྱ་བ་ནི་བྱེད་པའི་ཕྱིར་རོ། །གཉིས་པ་ལས་རྒྱུ་ཡིན་པའི་ཕྱིར་དེ་དང་མཚུངས་པར་ལྡན་པ་ཡང་དོན་མེད་དོ། །གང་ཁོ་ན་ལས་ཏིང་ངེ་འཛིན་ཡིན་པ་ཞེས་རྒྱ་ཆེར་འབྱུང་བ་ལ། གང་ཞིག་སེམས་ལྟར་ཏིང་ངེ་འཛིན་གྱི་དབང་གིས་སྔ་མ་དང་ཕྱི་མ་དམིགས་པ་གཅིག་པ་ཉིད་དུ་ཡོངས་སུ་རྟོག་པར་འགྱུར་བ་ཏིང་ངེ་འཛིན་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་རྣམ་ལ་ནི་ཏིང་ངེ་འཛིན་ཐ་དད་པ་གོམས་པའམ། གཞན་ཞིག་ལས་ཏིང་ངེ་འཛིན་རྣམས་ལ་རྩེ་གཅིག་པ་ཉིད་དུ་ཁས་བླང་བར་བྱའོ། །གང་ཁོ་ན་ལས་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་དུ་འགྱུར་བ་དེ་ཁོ་ན་ལས་སེམས་དག་ཀྱང་དམིགས་པ་གཅིག་ཏུ་འགྱུར་བས་དོན་གཞན་དུ་གྱུར་པའི་ཏིང་ངེ་འཛིན་དོན་མེད་དོ། །ཡང་ན་གང་ཁོ་ནའི་རྒྱུ་ལས་ཏིང་ངེ་འཛིན་སྐྱོང་བ་གང་ཡིན་པ་ལས་སེམས་གཉིས་པ་སེམས་སྔ་མའི་དམིགས་པ་ལས་མི་གཡེང་བ་དེ་ཁོ་ན་


DTG210_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེམས་རྣམས་ཀྱི་དམིགས་པ་གཅིག་ཉིད་དུ་འགྱུར་བའོ། །ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གལ་ཏེ་སེམས་སྔ་མ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་མཐུས་སེམས་ཕྱི་མ་སེམས་སྔ་མའི་དམིགས་པ་ལས་མི་གཡེངས་པ་ཡིན་ན་དེ་ལྟ་ན་ཏིང་ངེ་འཛིན་ས་མང་པོ་པ་མིན་པའི་ཕྱིར་རོ། །སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །མ་ཡིན་ཏེ་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི། སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ། །ཏིང་ངེ་འཛིན་སྟོབས་དང་ལྡན་པས་ནི་སེམས་གཉིས་པ་སེམས་དང་པོའི་དམིགས་པ་ལས་མི་གསལ་བར་བྱེད་ཀྱི་སྟོབས་ཆུང་བས་ནི་མ་ཡིན་ལ། ཏིང་ངེ་འཛིན་ཐམས་ཅད་ཀྱང་སྟོབས་མཚུངས་པ་མ་ཡིན་ཏེ། དེའི་ཕྱིར་ཏིང་ངེ་འཛིན་ས་མང་པོ་པ་ཡིན་ཡང་སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དགེ་བའི་རྒྱུན་འཇུག་པར་ནུས་པ་ཏིང་ངེ་འཛིན་ཁོ་ན་ལ་བསམ་གཏན་དུ་བརྗོད་པའི་ཕྱིར་ཐམས་ཅད་ནི་མ་ཡིན་ནོ། །སེམས་རྩེ་གཅིག་པ་ཁོ་ན་ཏིང་ངེ་འཛིན་ཡིན་ཏེ་ཞེས་བྱ་བ་ལ། གཞན་དག་ན་རེ་སེམས་ཁོ་ན་རྟེན་དང་དམིགས་པ་གཅིག་པས་སེམས་གཞན་པ་སྐྱེས་པའི་ནུས་པ་རྩེ་གཅིག་པ་ཉིད་མེད་ཀྱི། སེམས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་གཞན་ནི་ཏིང་ངེ་འཛིན་ནོ་ཞེས་ཟེར་རོ། །འདིའི་ཁུངས་ཉིད་ནི་མདོ་ལས་འདི་ལྟར་ལྷག་པའི་སེམས་ཀྱི་བསླབ་པ་དང་ཞེས་རྒྱ་ཆེར་འབྱུང་སྟེ། གང་གི་ཕྱིར་མདོ་ལས་ལྷག་པའི་སེམས་ཀྱི་བསླབ་པ་དང་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞི་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་བསམ་གཏན་གཏན་སེམས་ལས་གཞན་དུ་རྟོགས་པར་མི་བྱ་སྟེ། འོ་ན་ཅི་ཞེ་ན་སེམས་རྩེ་གཅིག་པ་ཁོ་ན་བསམ་གཏན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་ནི་སེམས་ལས་གཞན་མ་ཡིན་ནོ། །དཔེར་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཚུལ་ཁྲིམས་ཁོ་ན་ཡིན་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཤེས་རབ་ཁོ་ན་ཡིན་གྱི་དེ་ལས་གཞན་མ་ཡིན་པ་བཞིན་ནོ། །


DTG210_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མདོ་དེ་ཉིད་ལས་ཚུལ་ཁྲིམས་ཡོངས་སུ་དག་པའི་གཙོ་བོ་དང་ལྟ་བ་ཡོངས་སུ་དག་པའི་གཙོ་བོ་དང་རྣམ་པར་གྲོལ་བ་ཡོངས་སུ་དག་པའི་གཙོ་བོ་ཡང་ཚུལ་ཁྲིམས་དང་ལྟ་བ་དང་རྣམ་པར་གྲོལ་བ་ལས་དོན་གཞན་མ་ཡིན་པ་དེ་བཞིན་དུ་སེམས་ཡོངས་སུ་དག་པའི་གཙོ་བོ་ཡང་སེམས་ལས་དོན་གཞན་མ་ཡིན་ནོ་ཞེས་མདོ་ལས་ཁོང་དུ་ཆུད་དོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་གལ་ཏེ་བསམ་གཏན་དག་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ན་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་གྱི་རང་བཞིན་དུ་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་རྣམས་ཀྱང་བསམ་གཏན་དུ་ཐལ་བར་འགྱུར་རོ་ཞེ་ནའོ། །མ་ཡིན་ཏེ་ཕུལ་དུ་ཕྱིན་པ་དང་ལྡན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་བསམ་གཏན་ཞེས་མིང་དུ་བཏགས་ཀྱི་ཏིང་ངེ་འཛིན་ཙམ་ནི་མ་ཡིན་ཏེ། དེའི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་མི་འགྱུར་རོ། །ཉི་མ་བཞིན་ནོ་ཞེས་བྱ་བ་ནི་གང་ཞིག་ཡུལ་དུ་ཕྱིན་པར་སྣང་བ་དང་ལྡན་པ་དེ་ཉིད་ལ་ཉི་མ་ཞེས་བྱ་བའོ། །སྲིན་བུ་མེ་ཁྱེར་ལ་སོགས་པ་དག་ནི་ཉི་མ་མ་ཡིན་ནོ། །ཟུང་དུ་འབྲེལ་པར་དང་གིས་འབྱུང་བའི་ཕྱིར་ཞེས་བྱ་བ་ལ། ཟུང་དུ་འབྲེལ་པ་ནི་ཟུང་དུ་འཇུག་པ་སྟེ་འབྲེལ་ཞེས་བྱ་བའི་ཐ་ཚིག་གོ །གཉའ་སྤྲེལ་བ་དང་འདྲ་བ་ནི་ཟུང་དུ་འཇུག་པའོ། །ཟུང་དུ་འབྲེལ་པར་ངང་གིས་འབྱུང་བས་ན་ཟུང་དུ་འཇུག་པར་ངང་གིས་འབྱུང་བ་སྟེ། ཞི་གནས་དང་ལྷག་མཐོང་དག་གིས་མཉམ་པར་ངང་གིས་འབྱུང་ཞེས་བྱ་བའི་ཐ་ཚིག་གོ །ཟུང་དུ་འབྲེལ་པར་ངང་གིས་འབྱུང་བའི་དངོས་པོ་ནི་ཟུང་དུ་འབྲེལ་པར་ངང་གིས་འཇུག་པ་ཉིད་དེ། གལ་ཏེ་དགེ་བའི་སེམས་རྩེ་གཅིག་པ་ཉིད་བསམ་གཏན་ཡིན་ན་ཉོན་མོངས་པ་ཅན་རོ་མྱང་བ་དང་ལྡན་པ་ཇི་ལྟར་ཡིན་ཞེ་ན། ལོག་པར་ངེས་པར་སེམས་པའི་ཕྱིར་ཞེས་བྱ་བ་སྟེ། རོ་མྱང་བ་དང་འཇིག་རྟེན་རྟག་པ་ལ་སོགས་པར་འཛིན་པའི་ཕྱིར་ཞེས་གཞན་དག་གོ །ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལོག་པར་


DTG210_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་སེམས་པའི་ཕྱིར་བསམ་གཏན་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ནའོ། །མ་ཡིན་ཏེ་དེ་དང་མཐུན་པ་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཧ་ཅད་ཐལ་བར་འགྱུར་ཏེ། དེ་དང་མཐུན་པ་མཚན་ཉིད་མང་པོ་མི་མཐུན་པ་མེད་པ་བསམ་གཏན་ཉོན་མོངས་ཅན་ལ་དེའི་མིང་དུ་བཏགས་པའི་ཕྱིར་རོ། །ས་བོན་རུལ་བ་བཞིན་ནོ་ཞེས་བྱ་བ་ལ། ས་བོན་ཉིད་མ་ཡིན་པ་རྡོ་ལ་སོགས་པ་ས་བོན་རུལ་པ་ཞེས་མི་བརྗོད་ཀྱི། འོ་ན་ཅི་ཞེ་ན་དེ་དང་འདྲ་བ་ཁོ་ནའི་འབྲུལ་སོགས་པའི་འབྲས་བུ་ལ་བརྗོད་པ་བཞིན་ནོ། །བསམ་གཏན་མི་དགེ་བ་དག་ཀྱང་གསུངས་སོ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་བཅས་པའོ། །འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་དབང་དུ་བྱས་ནས་སེམས་པར་བྱེད་རབ་ཏུ་སེམས་པར་བྱེད་དོ་ཞེས་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་མེད་དོ། །བསམ་གཏན་དགེ་བ་ཞེས་བྱ་བ་ནི་ཕལ་ཆེ་བ་ལ་དགོངས་པ་ཡིན་ནོ། །དུ་བ་དང་མེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་འདི་ན་དུ་བ་ཡོད་པས་ཞེས་སྨོས་པས་མེ་ཡང་སྨོས་པ་ཡིན་ཏེ། མེ་མེད་ན་དུ་བ་མི་འབྱུང་བས་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །དེ་བཞིན་དུ་དཔྱོད་པ་སྨོས་པས་རྟོག་པ་ཡང་སྨོས་པ་ཡིན་ཏེ། ལྷན་ཅིག་སྤྱོད་པའི་ཕྱིར་རོ། །བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་པའི་དཔྱོད་པ་ཡོད་པས་དོགས་པ་བསུ་ནས་རྟོག་པ་མེད་པར་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། བསམ་གཏན་ཁྱད་པར་ཅན་ནི་དགའ་བ་དང་བདེ་བ་དག་མེད་པའི་ཕྱིར་དགའ་བ་དང་བདེ་བ་དང་ལྡན་པའི་དཔྱོད་པ་ནི་བསམ་གཏན་དང་པོ་ཁོ་ན་དང་ལྡན་ནོ། །གཞན་དུ་རྟོག་པ་ལ་མི་འཁྲུལ་ཏེ་མེ་ལ་དུ་བ་བཞིན་ནོ། །དེ་དག་གིས་སྐྱེ་པ་རྣམས་ཀྱང་བཤད་ཟིན་ཏོ་ཞེས་བྱ་བ་ནི། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་བྱ་བའོ། །རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་གཟུགས་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོག་མའི་ས་ལས་དཔེན་ལས་སྐྱེས། །ཞེས་བྱ་བ་ནི་འདི་དག་བསམ་གཏན་གྱི་ཡན་ལག་བཞིན་ཕན་ཚུན་ལས་མ་ཡིན་གྱི། ཐ་དད་པ་ཉིད་ཡོད་པར་


DTG210_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དབེན་པ་ནིས་འོག་མའི་འདོད་ཆགས་དང་བར་བྱེད་པའི་ལམ་གང་ཡིན་པ་སྟེ། འདིས་རྣམ་པར་འབྱེད་པས་ན་དབེན་པའོ། །འདོད་ཆགས་དང་བྲལ་བར་ནི་རྒྱབ་ཀྱིས་ཕྱོགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐི་ཚིག་གོ །ཅུང་ཟད་སེར་བ་བཞིན་ནོ་ཞེས་བྱ་བ་ནི་ཅུང་ཟད་ཙམ་སེར་བ་ལ་ཅུང་ཟད་སེར་བ་ཞེས་བྱ་བ་དེ་བཞིན་དུ་གཟུགས་ཅུང་ཟད་ཙམ་ཅིག་ཡོད་པས་གཟུགས་མེད་པ་ཡིན་ནོ། །དེ་དག་མེད་ན་ཇི་ལྟར་ཞེས་བྱ་བ་ནི་ལུས་དང་ངག་དག་མེད་ནའོ། །དེའི་སྡོམ་པ་དག་ཏུ་ཞེས་བྱ་བ་ནི། ལུས་དང་ངག་གི་སྡོམ་པ་དག་ཏུ་འགྱུར་བའོ། །གཟུགས་མེད་པའི་ཁམས་ན་འབྱུང་བ་མེད་པར་འབྱུང་བ་ལས་གྱུར་པ་མི་རུང་སྟེ། འབྱུང་བ་ལ་བལྟོས་པ་མེད་པའི་འབྱུང་བ་ལས་གྱུར་པ་འཇུག་པ་མེད་པའི་འབྱུང་བ་ལས་གྱུར་པ་མེད་པའི་ཕྱིར་རོ། །གལ་ཏེ་ཟག་པ་མེད་པའི་སྡོམ་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཟག་པ་མེད་པའི་འབྱུང་བ་དག་མེད་བཞིན་དུ་ཡང་ཟག་པ་མེད་པའི་སྡོམ་པ་འབྱུང་བ་ལས་གྱུར་པའི་གཟུགས་ཡོད་པ་དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་རྣམས་ལ་ལུས་དང་ངག་གི་སྡོམ་པའི་རང་བཞིན་འབྱུང་བ་ལས་གྱུར་པའི་གཟུགས་གཟུགས་མེད་པ་ན་སྤྱོད་པ་ཡོད་པར་འགྱུར་ཞེས་བྱའོ། །མ་ཡིན་ཏེ་ཟག་པ་དང་བཅས་པའི་འབྱུང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་འབྱུང་བ་ཡིན་པའི་ཕྱིར། གང་དུ་སྐྱེས་པ་དེ་པའི་འབྱུང་བརྒྱུར་བྱས་ནས་འབྱུང་བ་ཡིན་གྱི་འབྱུང་བ་ལ་མི་ལྟོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཟུགས་མེད་པའི་ཁམས་ན་ལུས་དང་ངག་གི་སྡོམ་པ་གཞན་གྱི་ས་པའི་འབྱུང་བ་ལ་བརྟེན་ནས་མི་འཇུག་སྟེ། འབྱུང་བ་ལ་མ་བལྟོས་པ་ཡང་མ་ཡིན་ཏེ། གཟུགས་མེད་ཁམས་པའི་ས་པ་ཉིད་ཀྱི་ཕྱིར་རོ། །ཟག་པ་དང་བཅས་པའི་འབྱུང་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དཔེ་དང་དེའི་དཔེ་ཅན་འདྲ་བ་མེད་དོ། །སྙོམས་པར་འཇུག་པ་ལ་ཡང་དེ་དགག་པ་བཤད་དོ་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་སྡོམ་པ་སྐྱེ་བ་མེད་དེ་དེ་པའི་འབྱུང་བ་མེད་དོ། །གཞན་གྱི་ས་པའི་སྡོམ་པ་ནི་གཞན་


DTG210_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་པའི་འབྱུང་བ་རྒྱུར་བྱས་ནས་འབྱུང་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་བར་འདས་ཏེ་ཞེས་གསུངས་པའི་ཕྱིར་དེ་དག་ག་བ་བཤད་དོ་ཞེས་གཞན་དག་ཟེར་རོ། །དེ་ནི་གཟུགས་ཀྱི་རང་བཞིན་ངེས་པར་སྐྱེ་བོ་ཞེས་དེ་ལྟར་སྐྱེ་བའི་གཟུགས་བཀག་པ་ཡིན་ནོ། །འོན་ཏེ་ལུས་ཀྱང་ཞེས་བྱ་བ་ནི་ཁོག་པའོ། །དབང་པོ་གཟུགས་ཅན་རྣམས་ཀྱང་ཡོད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །ཇི་ལྟར་ན་དེ་དག་གཟུགས་ཅུང་ཟད་ཡོད་པར་འདོད་ཅེས་བྱ་བ་ནི་གཟུགས་མཐའ་དག་ཡོད་པ་མ་ཡིན་པས་གཟུགས་ཅུང་ཟད་ཡོད་པ་ཞེས་བྱ་བ་མི་འདོད་པར་བསམ་པའོ། །བོང་ཚོད་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ལ་ཅི་སྟེ་གཟུགས་མཐའ་དག་མེད་པ་མ་ཡིན་པས་གཟུགས་ཅུང་ཟད་དུ་བརྗོད་དོ་ཞེ་ན། འོ་ན་བོང་ཚོད་ཆུང་བའི་ཕྱིར་ཞེས་བྱ་བ་ཆུའི་སྲོག་ཆགས་རྣམས་ལ་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཆུའི་སྐྱེ་བོ་ལྟར་མི་སྣང་བ་རྣམས་ལ་ཡང་གཟུགས་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་གཟུགས་དང་པའི་ཕྱིར་དེ་དག་གཟུགས་ཅུང་ཟད་ཡོད་པ་ཡིན་གྱི་ཚད་ཆུང་བའི་ཕྱིར་ནི་མ་ཡིན་ནོ་སྙམ་ན། སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ནི་དང་བའི་ཕྱིར་རྡོ་རྗེའི་རང་བཞིན་གྱི་རི་དག་ལ་ཡང་ཐོགས་པ་མེད་པར་འགྲོ་བས་དེའི་ཕྱིར་དེ་དག་ལ་ཡང་གཟུགས་མེད་པར་ཐལ་བར་འགྱུར་རོ། །གང་ལས་ཆེས་དང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་གཟུགས་ལས་གཟུགས་ན་སྤྱོད་པ་དང་ལ། གཟུགས་ན་སྤྱོད་པ་བས་གཟུགས་མེད་པ་ན་སྤྱོད་པ་དང་བ་ཡིན་ཞིང༌། དེ་ལས་ཆེས་དང་བ་གཞན་མེད་དེ། དེའི་ཕྱིར་གཟུགས་མེད་པ་དེ་དག་ཁོ་ན་ཡིན་གྱི། སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་ནི་མ་ཡིན་ནོ་ཞེ་ན་སྲིད་པའི་རྩེ་མོ་ཁོ་ན་གཟུགས་མེད་པར་འགྱུར་གྱི། ནམ་མཁའ་མཐའ་ལས་སྐྱེ་མཆེད་ལ་སོགས་པ་གསུམ་ནི་མ་ཡིན་ཏེ། དེ་ལས་གཞན་པ་གཟུགས་ཆེས་དང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན་སྙོམས་པར་འཇུག་པ་བཞིན་དུ་སྐྱེ་བ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་


DTG210_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་འབྱུང་སྟེ། ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྙོམས་པར་འཇུག་པ་དག་ཆེས་ཤིན་ཏུ་ཁྱད་པར་དུ་འགག་པའི་དབྱེ་བས་གནས་པ་དེ་བཞིན་དུ་དེ་དག་གི་སྐྱེ་བའི་ཁྱད་པར་ཡང་ཁས་བླང་དགོས་སོ། །དེའི་ཕྱིར་སྲིད་པའི་ཙེ་མོའི་གཟུགས་ཁོ་ན་ཆེས་དང་བར་ཐལ་བར་འགྱུར་གྱི་ལྷག་མ་རྣམས་ནི་མ་ཡིན་ནོ། །ཅི་སྟེ་གཟུགས་མེད་པར་སྐྱེ་བའི་གཟུགས་ནི་ས་འོག་མ་པའི་མིག་གིས་མི་འཛིན་པའི་ཕྱིར་དང་བ་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་ཉིད་ཁོ་ན་གཟུགས་མེད་པ་ཡིན་གྱི་སྲིད་པ་བར་མ་ལ་སོགས་པ་ནི་མ་ཡིན་ནོ་སྙམ་ན། བསམ་གཏན་དུ་སྐྱེ་བའི་གཟུགས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་དང་པོའི་ས་པའི་དབང་པོས་བསམ་གཏན་གཉིས་པ་ལ་སོགས་པའི་གཟུགས་མི་འཛིན་པ་ནས་དེ་བཞིན་དུ་བསམ་གཏན་གསུམ་པའི་ས་པའི་དབང་པོས་བསམ་གཏན་བཞི་པའི་ས་པའི་གཟུགས་མི་འཛིན་པའི་བར་དུ་ཡིན་ཏེ་གོང་མ་པའི་གཟུགས་ཆེས་དང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་ན་གང་ལས་དེ་དག་གཟུགས་མེད་པ་ཞེས་བྱ་བའི་གཟུགས་ན་སྤྱོད་པ་དག་མ་ཡིན་པར་འགྱུར་བ་དེ་དང་ཁྱད་པར་ཅི་ཞིག་ཡོད། གལ་ཏེ་དེ་གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ཏེ། འདོད་པའི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་ཡིན། གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་ཀྱི་ཁམས་ཡིན་ནོ། །གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་ཀྱི་མིང་ནི་དོན་དང་མཐུན་པ་མ་ཡིན་ཏེ། འོ་ན་ཅི་འདོད་རྒྱལ་བ་ཡིན་ནོ་ཞེ་ན། དེ་ལ་རིག་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ། རིག་པ་ནི་ཚད་མ་ཡིན་ལ། དེ་ཡང་རྗེས་སུ་དཔག་པ་ཡིན་ཏེ། གཉིས་ཀྱི་མིང་ནི་དོན་དང་མཐུན་པ་ཡིན་གྱི་གཟུགས་མེད་པའི་ཁམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ལས་སོ། །འདོད་པ་དེའི་ལུང་དམ་དེ་སྟེ་རྗེས་སུ་དཔག་པ་ལས་རྟོགས་ན། གཟུགས་མེད་པའི་ཁམས་ན་གཟུགས་ཡོད་པ་ཉིད་ལ་རྗེས་སུ་དཔག་པ་མ་མཐོང་ཞིང༌། ལུང་ཡོངས་སུ་འཛིན་པ་ནི་གལ་ཏེ་ཚེ་དང་དྲོད་


DTG210_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འདྲེས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོ་ལས་ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་དག་ན་འདྲེས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་དེ་ན་ཚེ་ཡོད་པས་དྲོད་ཀྱང་ཡོད་པར་འགྱུར་རོ། །ཡང་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་དཔེར་ན་འདམ་བུའི་ཤོག་གཉིས་གནམ་དུ་འགྲེང་བར་གྱུར་ལ། དེ་གཉིས་ཕན་ཚུན་བརྟེན་ཅིང་ཕན་ཚུན་བརྟེན་ནས་འདུག་པ་དེ་ལས་འགའ་ཞིག་གིས་ཅིག་ཤོས་བསལ་ན་ཅིག་ཤོས་འགྱེལ་བར་འགྱུར་རོ། །གཉིས་པ་བསལ་ན་ཅིག་ཤོས་འགྱེལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་པུ་དེ་བཞིན་དུ་མིང་དང་གཟུགས་རྣམས་ཀྱང་ཕན་ཚུན་བརྟེན་ཅིང་བརྟེན་ཅིང་བརྟེན་ནས་གནས་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །མིང་ཡོད་པས་གདོན་མི་ཟ་བར་གཟུགས་མེད་པ་དག་ན་གཟུགས་ཡོད་པར་འགྱུར་ཏེ། གཟུགས་ལ་བལྟོས་པ་མེད་པར་མིང་འབའ་ཞིག་གནས་པ་མི་སྲིད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་སོ། །དེ་ལ་གཟུགས་མེད་པར་ཉིད་མཚམས་སྤྱོར་བའི་སྐད་ཅིག་མ་ལ་རྣམ་པར་ཤེས་པ་དང་དེའི་རྐྱེན་གྱིས་མིང་ཡིན་ལ་དེ་ཡང་གདོན་མི་ཟ་བར་ལྷན་ཅིག་པར་འགྱུར་ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བའི་ཕྱིར་རོ། །འདུ་བྱེད་ཀྱི་བར་ལ་གཞན་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མདོ་ལས་དགེ་སློང་དག་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ། གཟུགས་ལ་དམིགས་པ། གཟུགས་ལ་བརྟེན་ཏེ་གནས་སོ་ཞེས་རྒྱས་པར་འབྱུང་ཞིང༌། དགེ་སློང་དག་གང་ལ་ལ་ཞིག་འདི་སྐད་དུ་བདག་ནི་གཟུགས་ལས་གཞན་དང༌། ཚོར་བ་ལས་གཞན་དང༌། འདུ་ཤེས་ལས་གཞན་དང༌། འདུ་བྱེད་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བ་འམ་འོང་བ་འམ་སྐྱེ་བར་སྨྲའོ་ཞེས་ཟེར་ན་དེའི་དག་དེ་ནི་ཚིག་ཙམ་དུ་ཟད་དོ་ཞེས་རྒྱ་ཆེར་གསུངས་ཏེ། ལུང་དེ་ལས་ཀྱང་གཟུགས་ཡོད་པ་ཉིད་གྲུབ་པར་འགྱུར་ཏེ། གཟུགས་ལས་གཞན་དུ་རྣམ་པར་ཤེས་པ་འགྲོ་བ་དང་འོད་བ་བཀག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་


DTG210_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལུང་འདི་ལས་གཟུགས་མེད་པ་རྣམས་སུ་གཟུགས་ཡོད་པ་གྲུབ་པར་འགྱུར་བ་མ་ཡིན་ཏེ། ལུང་འདི་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐམས་ཅད་ལས་ཞེས་བྱ་བ་ནི་ཁམས་གསུམ་ཀར་ཡང་ཞེས་བྱ་བའི་ཐ་ཚིག་གོ །ཁོ་བོ་ནི་འདོད་པ་ན་སྤྱོད་པའི་ཚེ་ཁོ་ན་ལ་དགོངས་ནས་ཚེ་དང་དྲོད་འདྲེས་པར་གསུངས་སོ་ཞེས་སྨྲ་སྟེ། གང་གི་ཕྱིར་མདོ་དེ་ཉིད་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་དབང་པོ་ལྔ་པོ་གང་ཡིན་པ་འདི་དག་ནི་སྤྱོད་ཡུལ་ཐ་དད་པ་ཡུལ་ཐ་དད་པ་རྣམས་ཏེ་ཞེས་རྒྱ་ཆེར་གསུངས་ཏེ། འདི་དག་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་གང༌། འདི་དག་གི་རྟོག་པ་ནི་གང་ཞེ་ན། ཚེ་དང་ལྡན་པ་གསུས་པོ་ཆེ་དབང་པོ་ལྔ་པོ་གང་ཡིན་པ་འདི་དག་ཅེས་སྔ་མ་བཞིན་ཏེ་ལུས་ཀྱི་དབང་པོའི་བར་རོ། །འདི་དག་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་ཡིད་དོ། །འདི་དག་གི་རྟོན་པ་ནི་ཡིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡིད་ཀྱི་རྟོན་པ་ནི་གང༌། ཚེ་དང་ལྡན་པ་གསུས་པོ་ཆེ་ཡིད་ནི་ཚེ་ལ་རྟོན་ཏོ། །ཚེ་ཅི་ལ་རྟོན། ཚེ་ནི་དྲོད་ལ་རྟོན་ཏོ། །གང་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ཚེ་དང་དྲོད་ཅེས་བྱ་བ་ཆོས་གཉིས་པོ་འདི་དག་ཅེས་བྱ་བ་རྒྱ་ཆེར་འབྱུང་སྟེ། མདོ་དེ་ཉིད་ལས་ཡིད་དབང་པོ་ལྔ་ལ་རྟོན་པས་སྐྱེད་པ་མ་ཡིན་གྱི། དབང་པོ་ལྔའི་རྟེན་རྣམ་པར་ཤེས་པ་ཁོ་ན་དབང་པོས་བྱས་པར་གསུངས་ཏེ། དྲོད་རྣམ་པར་ཤེས་པ་ལྔའི་སྤྱོད་ཡུལ་དང་ཡུལ་དེ་ལ་རྟོན་པར་གྱུར་པ་མི་འཐད་པའི་ཕྱིར་རོ། །དེ་ཡང་འདོད་པར་གཏོགས་པ་ཉིད་དེ། འདོད་པ་ན་སྤྱོད་པའི་ཚེ་ཁོ་ན་རྟོན་པ་ཡིན་ནོ། །ཚེ་དང་དྲོད་འདྲེས་པ་དག་ནི་མ་ཡིན་ཞེས་བྱ་སྟེ། ཚེ་དང་དྲོད་འདྲེས་པ་ཉིད་ནི་འདོད་པ་ན་སྤྱོད་པའི་ཚེ་ཉིད་ལ་དགོངས་ནས་གསུངས་ཀྱི། ཁམས་གསུམ་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་རྐྱེན་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྐྱེན་ཐམས་ཅད་དོ། །རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་དུ་གསུངས་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པ་དང་གཟུགས་མེད་


DTG210_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཏོགས་པ་ཐམས་ཅད་དམ། འོན་ཏེ་མིང་དང་གཟུགས་ཐམས་ཅད་རྣམ་པར་ཤེས་པའི་རྐྱེན་ཅན་ཞེས་དེ་ལྟར་སྨྲ་ཞེ་ན། མིང་གཟུགས་ཐམས་ཅད་རྣམ་པར་ཤེས་པའི་རྐྱེན་ཅན་ནོ་ཞེས་ངེས་པར་གཟུང་གི །རྣམ་པར་ཤེས་པ་ཐམས་ཅད་མིང་དང་གཟུགས་ཀྱི་རྐྱེན་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་གཟུགས་མེད་པ་ན་སྤྱོད་པ་འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པ་ནི་མིང་ཁོ་ནའི་རྐྱེན་ཡིན་གྱི་མིང་དང་གཟུགས་ཀྱི་མ་ཡིན་ཏེ། དེ་ན་མིང་དང་གཟུགས་འགའ་ཡང་མེད་པའི་ཕྱིར་རོ། །འདོད་པའི་ཁམས་ན་འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པ་ནི་བལྟོས་པ་མེད་པར་ཡོད་ཅེས་སོ། །རྣམ་པར་ཤེས་པ་འོང་བ་དང་འགྲོ་བ་དགག་པ་ཞེས་བྱ་བ་ནི། འཇིག་རྟེན་སྔ་མ་ནས་སྲིད་པ་བར་མའི་རྒྱུན་གྱིས་སྐྱེ་བ་ནི་འོང་བའོ། །དེ་ཁོ་ན་བཞིན་དུ་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་ནི་འགྲོ་བའོ། །ཅི་དེ་དག་ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །དེ་དག་བཀག་ཅེས་བྱ་བ་ནི་རྣམ་པར་ཤེས་པ་ཁོ་ན་འོང་བ་དང་འགྲོ་བ་བཀག་པའོ། །འོན་ཏེ་འགའ་ཞིག་ཀྱང་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་གོ ། མེ་ནཱ་པི་བི་ནཱ་པི་བི་ཛྙ་ནཱ་སྱཱ་ག་ཏི་པྲ་ཏི་ཥེ་རྡོན་ཏུ་ས་མུ་དི་ཏཻ་རེ་བེ། གལ་ཏེ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་དཔྱད་པར་མི་བྱའོ་ཞེ་ན་ཞེས་བྱ་བ་ནི། མདོ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཚེ་གང་ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་གཉིས་ནི་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་ནོ་ཞེས་བྱེ་བྲག་མེད་པར་གསུངས་ཏེ། འདིས་ནི་འདོད་པ་དང་གཟུགས་སུ་གཏོགས་པའི་ཚེའི་དབང་དུ་མཛད་དེ་བྱེ་བྲག་མེད་པར་གསུངས་པ་ཡིན་གྱི། གཟུགས་མེད་པར་གཏོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་པའོ་ཞེས་བྱ་བ་ལ་ཡང་དགོངས་པ་ཤེས་པར་བྱ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་དེར་ཡང་ཁྱད་པར་དུ་མ་བྱས་པས་འདོད་པ་དང་གཟུགས་དག་ཁོ་ནའི་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་ཏེ། མིང་དང་གཟུགས་ཀྱི་རྒྱུ་དག་གང་ཡང་གཟུགས་ལ་སོགས་


DTG210_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལས་གཞན་དུ་རྣམ་པར་ཤེས་པའི་འགྲོ་བ་དང་འོང་བ་དགག་པར་གསུངས་པ་འདིར་ཡང་བྱེད་བྲག་ཏུ་མ་བྱས་ལ། ཅི་དེ་དག་ཐམས་ཅད་བཀག་གམ་འོན་ཏེ་འགའ་ཞིག་ཀྱང་ཞེས་བྱ་བ་ནི། དེ་ལྟར་བྱེ་བྲག་མེད་པར་གསུངས་པའི་ཕྱིར་དཔྱད་པར་མི་བྱའོ་ཞེ་ན། དེ་ལྟ་ཡིན་ན་ཧ་ཅད་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་ཚེ་མེད་པར་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཏེ། དེར་ནི་ཚེ་དང་དྲོད་སེམས་ཅན་དུ་བགྲང་བ་འདྲེས་སོ་ཞེས་བྱེ་བྲག་ཏུ་མ་མཛད་དོ། །ཕྱིའི་གཟུགས་ཤིང་དང་རྩིག་པ་ལ་སོགས་ཕ་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་མིང་ལ་བརྟེན་པ་ཉིད་དུ་ཐལ་བར་འགྱུར་ཏེ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་རོ། །དེར་ནི་མིང་དང་སེམས་ཅན་དུ་བགྲང་བའི་གཟུགས་ཕན་ཚུན་བརྟེན་ནས་གནས་སོ་ཞེས་མ་གསུངས་སོ། །དེའི་ཕྱིར་མིང་ལྟར་གཟུགས་ཀྱང་བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཐམས་ཅད་གཟུང་བར་ཐལ་བར་འགྱུར་རོ། །རྣམ་པར་ཤེས་པ་གནས་པ་བཞི་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཇི་ལྟར་རྣམ་པར་ཤེས་པ་གནས་པ་བཞི་ཁྱད་པར་མེད་པར་གསུངས་པའི་ཕྱིར་གཟུགས་མེད་པའི་ཁམས་ན་གཟུགས་ཡོད་པ་ཉིད་དུ་འདོད་པ་དེ་བཞིན་དུ་ཟས་བཞི་གསུངས་པའི་ཕྱིར་འདོད་པའི་ཁམས་བཞིན་དུ་གཟུགས་མེད་པའི་ཁམས་དག་ན་ཡང་ཁམ་དུ་བྱེད་པའི་ཟས་ཡོད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་བྱེ་བྲག་མེད་པར་གསུངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་དེའི་བྱེད་བ་དང་སྲེད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། ཟས་བཞི་གང་ཞེ་ན། ཁམ་ཀྱི་ཟས་རགས་པ་དང༌། ཕྲ་བ་དང༌། གཉིས་པ་རེག་པའི་ཟས་དང༌། གསུམ་པ་ཡིད་ལ་སེམས་པའི་ཟས་དང༌། བཞི་པ་རྣམ་པར་ཤེས་པའི་ཟས་སོ། །སེམས་ཅན་གནས་པ་རྣམས་ཞེས་བྱེ་བྲག་མེད་པར་གསུངས་པའི་ཕྱིར་རེག་པ་ལ་སོགས་པ་ལྟར་ཁམ་དུ་བྱེད་པའི་ཟས་ཀྱང་ཐམས་ཅད་ན་ཡོད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཟས་བཞི་ནི་སེམས་


DTG210_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འབྱུང་བ་རྣམས་གནས་བར་བྱེད་པ་ཞེས་བྱ་བ་སྤྱི་བསྟན་པ་འདི་ལ་དམིགས་ཀྱིས་བསལ་བ་འདི་ཡོད་དོ་སྙམ་ན། ལྷ་ལས་འདས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་དེ་ལྟར་ཡིན་ན་གཟུགས་མེད་པ་དག་ན་ཡང་གཟུགས་ཡོད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམིགས་ཀྱིས་བསལ་བའི་ཕྱིར་རོ། །དམིགས་ཀྱིས་བསལ་བ་ཉིད་སྟོན་པ་ནི་གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །གལ་ཏེ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་དག་ལ་གཟུགས་ཞིག་ཡོད་པར་གྱུར་ན། གཟུགས་ཡོད་ཕན་ཆད་རང་གི་གཟུགས་གདོན་མི་ཟ་བར་འདུས་པར་བྱེད་པར་འགྱུར་བས། དེར་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་པར་མི་འགྱུར་ཞིང༌། དེ་དག་གཟུགས་རྣམས་ལས་ངེས་པར་འབྱུང་བར་མི་འགྱུར་ཞིང༌། གཟུགས་རྣམས་ལས་འདས་པར་ཡང་མི་འགྱུར་རོ། །གཟུགས་ཡོད་ན་དེར་སྐྱེས་པ་རྣམས་གཟུགས་ཅན་མ་ཡིན་པ་ཞེས་བྱ་བར་ཡང་མི་རུང་སྟེ། དེའི་ཕྱིར་དེ་ན་གཟུགས་ཡོད་ཅེས་བྱ་བར་རྟོགས་སོ། །གཟུགས་མེད་པར་གཏོགས་པའི་གཟུགས་ས་འོག་མ་པ་ནི་རགས་པ་ཡིན་ལ། གཟུགས་མེད་པ་ན་སྤྱོད་པ་ནི་ཕྲ་བ་ཡིན་ཏེ། དེའི་ཕྱིར་གཟུགས་རགས་པ་ལས་དགོངས་ཏེ། གཟུགས་མེད་པ་རྣམས་ནི་གཟུགས་རྣམས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བ་ལ། གཟུགས་མེད་པའི་རྣམ་པར་ཐར་པ་ཞིག་གང་དག་ཅེས་བྱ་བརྒྱས་པར་གསུངས་པ་ཡིན་ནོ་ཞེ་ན། ཁམ་གྱི་ཟས་ལ་ཡང་མཚུངས་སོ། །ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་ལས་འདས་ཏེ། ཞེས་བྱ་བ་ནི་ཁམས་འོག་མའི་ས་པའི་ཁམ་ཀྱི་ཟས་རགས་པའི་དབང་དུ་མཛད་ནས་གསུངས་ཀྱི། དེའི་ས་པ་ཕྲ་བ་ནི་མ་ཡིན་ནོ། །གལ་ཏེ་ས་འོག་མ་པའི་གཟུགས་རགས་བ་ལས་ངེས་བར་འབྱུང་བའི་ཕྱིར་གཟུགས་མེད་པ་དག་ཅེས་བྱ་བར་འདོད་ན་ནི། དེ་ལྟ་ན་འོ་ནས་བསམ་གཏན་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་འདི་ལྟར་བསམ་གཏན་དང་པོ་ནི་འདོད་པ་ན་སྤྱོད་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བ་ཡིན་པ་ནས། དེ་


DTG210_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བསམ་གཏན་བཞི་པ་ནི་གསུམ་པའི་གཟུགས་རགས་པ་ལས་ངེས་པར་འབྱུང་བའི་བར་དུ་ཡིན་པས་གཟུགས་མེད་པར་ཐལ་བར་འགྱུར་རོ། །དེ་ཡངས་གོང་མ་ལ་བལྟོས་ནས་རགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་སྲིད་པའི་རྩེ་མོ་ཁོ་ན་གཟུགས་མེད་པ་ཡིན་པར་འགྱུར་རོ། །གལ་ཏེ་རང་གི་ས་པའི་གཟུགས་ཡོད་བཞིན་དུ་ཡང་འོག་མ་པའི་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་རྣམས་ངེས་པར་འབྱུང་བ་གསུངས་ན་ནི། དེ་ལྟ་ཡིན་ན་ཚོར་བ་ལ་སོགས་པ་ལ་ས་ངེས་པར་འབྱུང་བར་ཡང་ཅིའི་ཕྱིར་མ་བཤད། དེ་དག་ནི་ས་འོག་མ་པའི་གཟུགས་ལྟར་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཡང་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བསྡུའོ། །གཟུགས་ལས་ངེས་པར་འབྱུང་བ་ལྟར་ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཉིད་དུ་གསུངས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ས་འོག་མ་པའི་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར་གཟུགས་མེད་པ་དག་མ་ཡིན་ནོ་ཞེས་བྱ་བར་མི་ཤེས་སོ། །དེ་ཉིད་ཀྱི་ཕྱིར་གཟུགས་ཀྱི་རྣམ་པ་ཟད་པར་ལས་འདས་ལ་ཞེས་རྒྱ་ཆེར་འབྱུང་བ་ལ། རྣམ་པ་སྨོས་པ་ནི་ནང་གིའམ་ཕྱིའི་འམ་རགས་པའམ་ཕྲ་བ་འམ་དམན་པའམ་གྱ་ནོམ་པ་ཞེས་བྱ་བ་ལ་སོགས་པ་གཟུགས་མ་ལུས་པ་ཉེ་བར་བཟུང་བའི་ཕྱིར་ཏེ་གཟུགས་ཀྱི་རྣམ་པ་དེ་དག་ཐམས་ཅད་ལས་འདས་པ་ཡིན་ཏེ། སྙོམས་པར་འཇུག་པ་དང་སྐྱེ་བ་ལ་གཟུགས་མ་ལུས་པ་མེད་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་རྣམ་པ་ལས་ནི་མ་ཡིན་པས་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་ལ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་སྲིད་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པའི་བར་བརྗོད་པར་བྱའོ། །དེའི་ཕྱིར་གཟུགས་རྣམས་ལ་ངེས་པར་འབྱུང་བ་ཞེས་གསུངས་ཀྱི། །ཚོར་བ་ལ་སོགས་པ་ལས་ངེས་པར་འབྱུང་བ་ཞེས་ནི་མ་གསུངས་སོ། །གལ་ཏེ་གཟུགས་མེད་པ་རྣམས་གཟུགས་ལས་ངེས་པར་འབྱུང་བ་ཡིན་ན། འོ་ན་དེའི་ཕྱིར་སྲིད་


DTG210_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྲིད་པ་ལས་ངེས་པར་འབྱུང་བར་ཐལ་བར་འགྱུར་ལ། དེ་ལྟར་ཡིན་ལ་མདོ་དང་འགལ་ཏེ། མདོ་ལས་དེ་ནི་སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བར་མི་སྨྲའོ་ཞེས་གསུངས་སོ་ཞེ་ན། དེའི་ཕྱིར་སྲིད་པས་སྲིད་པ་ལས་ངེས་པར་མི་འབྱུང་བར་གསུངས་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདོད་པའི་སྲིད་པའམ་གཟུགས་ཀྱི་སྲིད་པའམ། གཟུགས་མེད་པའི་སྲིད་པ་དེ་ཉིད་ཀྱིས་འདོད་པའི་སྲིད་པའམ། གཟུགས་ཀྱི་སྲིད་པའམ། གཟུགས་མེད་པའི་སྲིད་པ་དེ་ཉིད་ལས་ངེས་པར་མི་འབྱུང་བའི་ཕྱིར་དེ་སྐད་གསུངས་ཀྱི། ས་དང་ཁམས་གོང་མའི་སྲིད་པས་ས་དང་ཁམས་འོག་མའི་སྲིད་པ་ལས་ངེས་པར་མི་འབྱུང་བའི་ཕྱིར་ནི་མ་ཡིན་ནོ། །ཐམས་ཅད་དང་གཏན་དུ་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་དེ་ལ་གཟུགས་ཀྱི་སྲིད་པས་ནི་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་པ་སྟེ། གཟུགས་ཀྱི་སྲིད་པས་ནི་འདོད་པའི་སྲིད་པ་ལྟར་གཟུགས་ཀྱི་སྲིད་པས་གཟུགས་མེད་པའི་སྲིད་པ་ལས་ངེས་པར་འབྱུང་བ་མ་ཡིན་ལ། གཟུགས་མེད་པའི་སྲིད་པས་ཀྱང་གཟུགས་ཀྱི་སྲིད་པ་ལྟར་འདོད་པའི་སྲིད་པ་དང་གཟུགས་མེད་པའི་སྲིད་པ་ལས་ངེས་པར་འབྱུང་བ་མ་ཡིན་ནོ། །གཟུགས་ཀྱི་སྲིད་པས་འདོད་པའི་སྲིད་པ་དང་གཟུགས་མེད་པའི་སྲིད་པས་གཟུགས་ཀྱི་སྲིད་པ་ལས་གཏན་དུ་ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། འཇིག་རྟེན་པའི་འདོད་ཆགས་བྲལ་བ་རྣམས་ས་འོག་མར་སླར་ཡང་ལྡོག་པའི་ཕྱིར་རོ། །བསམ་གཏན་དག་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་མེད་པ་རྣམས་ལ་གཟུགས་ཞེས་བྱ་བའི་ཚིག་གི་མ་གསུངས་པས་དེ་མེད་པ་མ་གཏོགས་པ་རྒྱུ་གཞན་གྱིས་སྒྲུབ་པར་ནུས་ཏེ། དེའི་ཕྱིར་གཟུགས་མེད་པ་ན་གཟུགས་མེད་དོ་ཞེས་བྱ་བར་གནས་སོ། །ད་ནི་ཇི་ལྟར་ན་ཞེས་བྱ་བརྒྱས་པར་འབྱུང་བ་ནི། གལ་ཏེ་གཟུགས་མེད་པ་དག་ན་གཟུགས་མེད་ན་དེ་དག་འཆི་འཕོ་ཞིང་ཁམས་འོག་མར་སྐྱེ་བའི་ཚེ་གཟུགས་རྒྱུན་བཅད་པ་རྣམས་ཀྱི་གཟུགས་ཀྱང་སྐྱེ་བར་མི་འགྱུར་རོ། །དགྲ་བཅོམ་པ་འཁོར་བ་ཕུང་པོ་རྒྱུན་ཆད་པ་ལ་ཡང་འབྱུང་བ་ཐལ་ལོ་ཞེས་བྱའོ། །གཟུགས་


DTG210_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ལས་སྐྱེ་བ་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་གཟུགས་ཅན་མ་ཡིན་པ་ལ་ཡང་འདི་ཉིད་དུ་གཟུགས་ཀྱི་རྐྱེན་འཇུག་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མིང་དང་གཟུགས་ཀྱི་རྐྱེན་དང་གཟུགས་ཀྱི་རྐྱེན་དང་གཟུགས་ཀྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་འཇུག་པ་ལས་གཟུགས་ཀྱི་ཁྱད་པར་སྐྱེ་བར་ལྟའོ། །གཟུགས་མེད་པ་དག་ནས་གཟུགས་དག་ཏུ་སྐྱེ་བ་རྣམས་ལ། གཟུགས་དང་མཐུན་པའི་སེམས་ཀྱི་རྒྱུན་ཉིད་གནས་ལ། དེ་ཉིད་དེ་དག་གི་འཆི་ལྟས་ཡིན་ནོ་ཞེས་པ་སྟེ། དེའི་ཕྱིར་སྔར་གཟུགས་དང་ལྷན་ཅིག་སྤྱོད་པའི་སེམས་ཀྱི་རྒྱུད་ཀྱི་རྐྱེན་གྱིས་སྔར་འགགས་པའི་རང་གི་ས་བོན་ལས་གཟུགས་སྐྱེ་སྟེ། གཟུགས་མེད་པ་དག་ནས་གཟུགས་དག་ཏུ་སྐྱེ་བ་རྣམས་ལ། གཟུགས་དང་མཐུན་པའི་སེམས་ཀྱི་རྒྱུན་ཉིད་གནས་ལ། དེ་ཉིད་དེ་དག་གི་འཆི་ལྟས་ཡིན་ནོ་ཞེས་སྨྲ་སྟེ། དེའི་ཕྱིར་སྔར་གཟུགས་དང་ལྷན་ཅིག་སྤྱོད་པའི་སེམས་ཀྱི་རྒྱུད་ཀྱི་རྐྱེན་གྱི་རྣམ་པར་སྨིན་པའི་རྒྱུ་སྔར་འགགས་ལ་ལས་གཟུགས་སྐྱེ་སྟེ། སྐལ་བ་མཉམ་པའི་རྒྱུའི་འདས་པ་དང་ད་ལྟར་བྱུང་བ་ཁས་བླངས་པའི་ཕྱིར་རོ། །དགྲ་བཅོམ་པ་རྒྱུན་མ་ལུས་པར་བཅས་པ་ལ་ཕུང་པོ་སྐྱེ་བའི་རྐྱེན་འགའ་ཡང་མེད་པས་ཡང་དེ་འབྱུང་བར་ཐལ་བ་མེད་དོ། །རེ་ཞིག་འདི་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ནོ། །དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་ལས་ཞེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་གཟུགས་མེད་པ་དག་ནས་འཆི་འཕོ་བ་ལ་སྐྱེ་བ་གང་ཡིན་པ་དེའི་འོ། རྣམ་པར་སྨིན་པའི་རྒྱུ་ནི་དེ་འཕེན་པར་བྱེད་པའི་སེམས་པའོ། །དེས་བསྒོས་པ་ནི་གཟུགས་དེ་སྐྱེད་པར་བྱེད་པའི་ཕྱིར་དེ་ལ་ནུས་པ་བཞག་པའི་ཕྱིར་རོ། །དེ་འཇུག་པ་ནི་རྒྱུད་ལ་རྙེད་པ་ཡིན་པས་སེམས་པ་རྙེད་པ་ལས་ཏེ། དེའི་རྣམ་པར་སྨིན་པའི་རྒྱུས་ཡོངས་སུ་བསྒོས་པའི་སེམས་འཇུག་པ་རྙེད་པ་དེ་ལས་གཟུགས་སྐྱེའི་གཟུགས་ལས་ནི་མ་ཡིན་ནོ། །དགྲ་བཅོམ་པ་འདི་དེ་ལྟར་རྣམ་པར་སྨིན་པའི་བག་ཆགས་འཇུག་པ་རྙེད་པའི་རྒྱུ་ས་བོན་སྲིད་པ་མེད་པས་ཡང་དེ་ལ་སྐྱེ་བའི་རྒྱུན་དུ་ཐལ་བ་མེད་དོ། །ཇི་ལྟར་གནས་པ་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་དེར་ནི་རིས་


DTG210_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲོག་ལ་ཡང༌། སེམས་ཀྱི་རྒྱུད་ནི་རྟེན་པ་ཡིན། །ཞེས་བྱ་བ་དང༌། གང་གི་རྒྱུད་གཟུགས་ལ་སྲེད་པ་བྲལ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །ཞེས་གཞན་དག་གོ །དེ་ལྟར་སྦྱོར་ཕྱིར་ཞེས་བྱ་བ་ནི། ནམ་མཁའ་མཐའ་ཡས་སོ་སྙམ་དུ་མོས་པའི་སྦྱོར་བ་གྲུབ་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །གཞན་དག་ན་རེ་གང་ཞིག་གཟུགས་དང་ལྷན་ཅིག་ཏུ་གྱུར་པའི་ཆོས་ནི་གཟུགས་ཀྱི་གེགས་བྱེད་པ་མེད་པས་དེ་གཟུགས་ལས་ངེས་པར་འབྱུང་བའི་འདོད་པ་ཡིད་ལ་བྱས་ཏེ། ནམ་མཁའ་ནི་གཟུགས་དང་ལྷན་ཅིག་སྤྱོད་པ་དེ་མེད་པས་རབ་ཏུ་ཕྱེ་བས་ཕྱི་ནང་གི་གཟུགས་རྣམས་ལས་ངེས་པར་འབྱུང་བར་འདོད་པ་དཀའ་པར་དམིགས་པར་ནུས་ཏེ། དེས་གཟུགས་མེད་པ་དང་པོའི་ས་པ་ནི་ནམ་མཁའ་རྗེས་སུ་ཐ་སྙད་བྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་ལས་གྲོལ་བའི་ཕྱིར་རྣལ་འབྱོར་སྤྱོད་པ་ལ་དེའི་ས་པའི་ཕུང་པོ་དག་ལ་ནམ་མཁའི་འདུ་ཤེས་ཡང་དག་བར་གནས་སོ་ཞེས་ཟེར་རོ། །རྣམ་ཤེས་མཐའ་ཡས་སོ་སྙམ་དུ་མོས་པའི་སྦྱོར་བ་གྲུབ་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ། རྣམ་པར་ཤེས་པའི་ཚོགས་དྲུག་ཡོངས་སུ་དག་པ་ལས་མཚན་མ་བཟུང་ནས་རྣམ་པར་ཤེས་པའོ་ཞེས་ཡིད་ལ་བྱེད། ཉེ་བར་རྟོག་མོས་པར་བྱེད་ཡང་དག་པར་ཤེས་པར་བྱེད་དེ། དོ་སྔོན་དུ་འགྲོ་བ་ལས་སྦྱོར་བ་གྲུབ་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་བདག་སྙོམས་པར་འཇུག་པར་བྱའོ་སྙམ་སྟེ་རྣལ་འབྱོར་སྤྱོད་པའི་བསམ་པ་སྐྱེད་པ་དེ་དང་འདྲ་བ་ཉིད་ཀྱི་རྒྱུ་མཐུན་པ་རྗེས་སུ་འཇུག་པས་རབ་ཏུ་དགའ་བའི་རྣམ་པར་ཤེས་པ་དང་ཤིན་ཏུ་དགའ་བའི་རྣམ་པར་ཤེས་པར་འགྱུར་རོ། །དེ་ལས་ལང་ཏེ་ཅི་ཡང་མེད་དོ་སྙམ་དུ་བཏང་སྙོམས་ཀྱི་སྦྱོར་བ་གྲུབ་པས་ཅི་ཡང་མེད་པའི་སྐྱེ་མཆེད་ལྟ་བ་རྒྱ་ཆེ་བ་དང་མཐའ་ཡས་པ་ལས་དེ་ས་དབེན་པའི་འདུ་ཤེས་ཀྱི་མོས་པ་འབྱུང་ངོ༌། །དེ་ཉིད་ཀྱི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་མཆོག་ཏུ་བཏང་སྙོམས་པ་ཞེས་བྱའོ། །གང་གི་ཕྱིར་དེར་རྣམ་པ་མཐའ་ཡས་པ་མངོན་པར་སེམས་པའི་ཕྱིར་སེམས་ལས་བྱུང་བ་ལྷུན་གྱིས་གྲུབ་པ་ཉིད་དུ་ཡང་དག་པར་གནས་སོ། །འདུ་ཤེས་ཆུང་


DTG210_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཞེས་བྱ་བ་ནི་འདུ་ཤེས་ཆུང་བའི་ཕྱིར་ཏེ། རྒྱུ་བ་མི་གསལ་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཡིན་ཏེ། འདུ་ཤེས་མེད་པ་ལྟ་བུར་དེ་དེ་ན་གནས་སོ། །དེ་ནི་སྙོམས་པར་འཇུག་པ་བདུན་ལ་ཇི་ལྟ་བ་བཞིན་དུ་འདུ་ཤེས་བསལ་བ་མ་ཡིན་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དག་ལ་ཇི་ལྟ་བ་བཞིན་དུ་འདུ་ཤེས་མེད་པ་ཡང་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །དེ་ལ་ཡང་དེ་ལྟར་སྦྱོར་བའི་ཕྱིར་དེ་ཉིད་ཀྱི་སྒོ་ནས་མི་རུང་བ་མ་ཡིན་ནམ་ཞེ་ན། དེ་ལ་ཡང་འདི་ལྟར་རབ་ཏུ་སྦྱར་རོ། །འདུ་ཤེས་ནི་ནད་དོ་ཞེས་རྒྱས་པར་འབྱུང་བ་ལ། དེའི་ཕྱིར་གལ་ཏེ་དེ་ལ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་དེ་དག་གིས་དེ་ལ་དེ་ལྟར་འཛིན་ཞེས་རྒྱས་པར་འབྱུང་ངོ༌། །འདུ་ཤེས་དང་འདུ་ཤེས་མེད་པ་ལ་སྐྱོ་བ་དེ་དག་རྒྱུ་ཅིས་དེར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བློ་སྐྱེད་ཅེས་བྱ་བ་ལ། འདུ་ཤེས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་རྒྱུར་བརྗོད་དགོས་པར་འགྱུར་བས་འདིར་ཡང་དེ་ཉིད་བཤད་དོ། །སྐྱེ་མཆེད་རྣམས་ལུས་སུ་དཀྲི་བའི་ཕྱིར་དང་རྒྱས་པར་དཀྲི་བའི་ཕྱིར་གཟུགས་མེད་པའི་སྐྱེ་མཆེད་ཅེས་བྱའོ། །དེ་ཡང་ལས་དང་ཉོན་མོངས་པ་སྐྱེ་མཆེད་ཉིད་སྐྱེ་བར་བྱེད་པ་དང་སྲིད་པའི་ཕྱིར་དང་སྲིད་པ་དང་བྲལ་བའི་ཕྱིར་ཡང་ངོ་ཞེས་བྱའོ། །དངོས་གཞི་ཞེས་བྱ་བ་ནི་གཞན་ལ་མི་བརྟེན་པའི་ཕྱིར་རམ་དེ་སྙོམས་པར་འཇུག་པ་གཞན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་ཞེས་བྱ་བ་ལ་མཚུངས་པར་ལྡན་པ་ནི་སྙོམས་པར་འཇུག་པའི་རྫས་ངེས་པས་དེ་ལྟར་བཤད་དེ། འཁོར་དང་བཅས་པ་སྙོམས་པར་འཇུག་པའི་རྫས་ངེས་པ་དེ་ལྟར་བཤད་དོ། །འཁོར་དང་བཅས་པ་ནི་རོ་མྱང་བ་དང་ལྷན་ཅིག་ཅེས་བརྗོད་པར་བྱ་སྟེ། སྲེད་པས་འབྲས་བུ་གཅིག་ཏུ་བྱས་སོ་སྙམ་དུ་བསམས་པའོ། །བསམ་གཏན་ཉོན་མོངས་པ་གཞན་དང་ལྡན་ཡང༌། ཅིའི་ཕྱིར་རོ་མྱང་བ་དང་མཚུངས་པར་ལྡན་པ་ཉོན་


DTG210_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་དུ་བཤད་ཀྱི། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞེ་ན། བསམ་གཏན་རྣམས་ནི་དམིགས་དང་འབྲེལ་པས་རབ་ཏུ་ཕྱེ་བའི་ཕྱིར་སྲིད་པ་དང་མཚུངས་པར་ལྡན་པ་དག་ཁོ་ན་བཤད་དེ། །ཉོན་མོངས་པ་གཞན་ནི་སྲིད་པ་ཇི་ལྟ་བ་དེ་བཞིན་དུ་དམིགས་པ་དང་སེམས་སྦྲེལ་བར་མི་བྱེད་དོ། །རོ་མྱང་བའི་སྒོ་ནས་འཇུག་པའི་ཕྱིར་དང༌། ཏིང་ངེ་འཛིན་དང་འདྲ་བར་དམིགས་པ་ལ་ཉེ་བར་རྟོགས་པའི་ཕྱིར་རོ། །འཇིག་རྟེན་པའི་དགེ་བ་ནི་དགེ་བ་ཞེས་བྱ་བ་ཉོན་མོངས་པའི་དྲི་མ་དང་མ་འབྲེལ་པའི་ཕྱིར་དང༌། མ་ཆགས་པ་ལ་སོགས་པ་དགེ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །ཏཙྩོཏ་ཏ་ཀུ་ཤ་ཡ་ཏནྣཱ་པཱུརྦི་ཎ་བིཥྚཻ་བཱ་ཤྲ་པ་ཏྭནྣནྟ་རེ་ཎ། རོ་མྱོང་བར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི། དག་པར་རོ་མྱོང་བར་བྱེད་པའོ། །དེ་ལས་ནི་ལངས་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་ལས་ལངས་པ་ཡིན་ནོ། །གང་གིས་རོ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་རོ་མྱང་བར་མཚུངས་པར་ལྡན་པ་སྟེ། དེ་ལ་སྙོམས་པར་ཞུགས་པ་ཡིན་ནོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་འདི་ལ་ཡོད་པ་དང་སྐད་ཅིག་དང་རྣམ་པ་དང་དམིགས་པ་དང་མི་འདྲ་བ་ལས་ལྡང་པ་རྣམས་ཏེ་ལྔའོ། །དེ་ལ་བསམ་གཏན་དང་པོའི་མཇུག་ཐོགས་སུ་བསམ་གཏན་གཉིས་པའི་སྙོམས་པར་འཇུག་པའོ། །དེ་ལས་ལྡང་བ་ནི་དང་པོ་དང་རྣམ་པ་དང་དམིགས་པ་དང་རྒྱུན་དང་ལྡན་པར་གཅིག་གོ །སྐད་ཅིག་ལས་ལྡང་བ་ནི་མི་རྟག་པའི་རྣམ་པའི་མཇུག་ཐོགས་སུ་སྡུག་བསྔལ་ལ་སོགས་པའི་རྣམ་པ་དང༌། རྣམ་པ་ལངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་དམིགས་པའི་མཇུག་ཐོགས་སུ་ཚོར་བ་ལ་སོགས་པའི་ཕུང་པོ་ལ་དམིགས་པ་དང༌། དམིགས་པ་ལས་ལངས་ཏེ་ཟག་པ་དང་བཅས་པའི་མཇུག་ཐོགས་སུ་ཟག་པ་མེད་པ་དང༌། ཟག་པ་མེད་པ་ལས་དམིགས་ཏེ་ཟག་པ་དང་བཅས་པ་དང༌། ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ཉོན་མོངས་པ་མེད་པ་དང༌། ཉོན་མོངས་པ་མེད་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་རྣམས་སོ། །མི་འདྲ་བ་ལས་ལྡང་བའི་དབང་དུ་བྱས་ཏེ། གང་ཞིག་རོ་མྱོང་བར་བྱ་བ་དེ་ལས་ལངས་


DTG210_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གང་གིས་རོ་མྱོང་བར་བྱེད་པ་དེ་ནི་སྙོམས་པར་འཇུག་པ་མིན་ནོ་ཞེས་བཤད་དོ། །ཡང་ཇི་ལྟར་འདི་དག་ཕན་ཚུན་འགོག་པར་མི་འགྱུར། གང་གིས་རོ་མྱོང་བར་བྱེད་པ་ནི་སྲེད་པ་སྟེ། དེ་ནི་སྙོམས་པར་འཇུག་པ་མ་ཡིན་ནོ། །སྙོམས་པར་འཇུག་པ་ནི་ཏིང་ངེ་འཛིན་ཏེ། དེ་ཡིས་རོ་མྱོང་བར་བྱེད་པ་མ་ཡིན་ནོ་ཞེ་ན་འདི་ལ་ཉེས་པ་མེད་དེ། མཚུངས་པར་ལྡན་པ་རྣམས་གང་ཡང་རུང་བས་བསྟན་པའི་ཕྱིར་དང་ཕན་ཚུན་ཚོགས་པའི་ཕྱིར་དེ་དག་གི་མིང་གིས་སྒྲིབ་སྟེ། སྲེད་པའི་དབང་གིས་ཏིང་ངེ་འཛིན་རོ་མྱང་བའི་མིང་ཅན་དང༌། ཏིང་ངེ་འཛིན་གྱི་དབང་གིས་སྲེད་པ་ཏིང་ངེ་འཛིན་གྱི་མིང་ཅན་ལྟ་བུ་སྟེ། ཕན་ཚུན་དགག་པ་མེད་པས་སྐྱོན་མེད་དོ། །བསམ་གཏན་རྣམས་ཁོ་ན་ཡན་ལག་དང་ལྡན་པ་ཡིན་གྱི་གཟུགས་མེད་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དགེ་བའི་ཕྱོགས་ལ་རབ་ཏུ་བརྩོན་པའི་རྣལ་འབྱོར་ཅན་གང་དག་གང་ན་རྒྱུ་བ་རགས་པ་ཡིན་པ་དེ་དག་ནི་དེར་ཡན་ལག་ཉིད་རྣམ་པར་གཞག་པར་བྱ་བ་ལ། གཟུགས་མེད་པ་དག་ན་ནི་ཉེ་བར་ཞི་བ་ལྷག་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དེ་དག་ཐམས་ཅད་ལ་རྒྱུ་བ་ཞན་པས་དེ་དག་ལ་ཡན་ལག་རྣམ་པར་གཞག་པ་མི་སྲིད་པ་ཏིང་ངེ་འཛིན་ཤས་ཆེ་བའི་ས་དེ་དག་ན་ནི་སེམས་ལས་བྱུང་བ་གཞན་འགའ་ཡང་གཙོ་བོ་མ་ཡིན་ནོ། །གཅིག་ལ་ནི་ཡན་ལག་གི་སྒྲར་ཡང་མི་རུང་ངོ༌། །དེའི་ཕྱིར་གཟུགས་མེད་པ་དག་ཏུ་ཡན་ལག་རྣམ་པར་མ་བཞག་གོ །གཞན་དག་ན་རེ་ས་གང་དག་ཏུ་སེམས་ལས་བྱུང་བ་ཚར་ཕྱིན་པར་འགག་པ་དེ་དག་ཁོ་ན་ལ་ཡན་ལག་རྣམ་པར་བཞག་སྟེ། བསམ་གཏན་དང་པོར་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དག་འགག་གོ །གཉིས་པར་ནི་རྟོག་པ་དང་དཔྱོད་པ་དག་གོ །གསུམ་པར་ནི་དགའ་བའོ། །བཞི་པར་ནི་བདེ་བའི་དབང་པོ་འགག་གོ །དེ་ཡན་ཆད་ན་ནི་སེམས་ལས་བྱུང་བ་གང་ཡང་ཚར་ཕྱིན་པར་ལྡོག་པ་མེད་དོ་ཞེས་ཟེར་རོ། །འདི་ཡང་ཐེ་ཚོམ་མཚུངས་པས་ཅིའི་ཕྱིར་དེ་ལྟར་བཤད་ཅེ་ན། གཏན་ལ་དབབ་པ་ལ་བལྟོས་པའི་ཕྱིར་རོ། །ཡན་ལག་


DTG210_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་དོན་ཅི་ཞིག་ཅེ་ན། འདིས་བསམ་གཏན་དང་པོ་ལ་སོགས་པ་ནས་བཞི་པའི་བར་གསལ་བར་བྱེད་པས་ན་ཡན་ལག་སྟེ། མཚོན་པར་བྱེད་མངོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་ཡན་ལག་གི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་ལ། དེ་དག་ཀྱང་རང་གི་ས་དང་མཐུན་པས་ན་ཡན་ལག་གོ །ཡང་ན་ཡན་ལག་གི་སྒྲ་ནི་མཆོད་སྦྱིན་གྱི་ཡན་ལག་ལྟར་ཚོགས་དགའ་བ་ལ་འཇུག་སྟེ། འདི་དག་ཕན་ཚུན་ཚོགས་ཡིན་པས་ཡན་ལག་ཡིན་ནོ། །ཏིང་ངེ་འཛིན་ཡན་ལག་ཀྱང་ཡིན་ལ་བསམ་གཏན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་ལ་སོགས་པ་རྣམས་སོ། །ཡན་ལག་བཞི་པའི་དམག་ཡན་ལག་དག་ལས་དོན་གཞན་དུ་གྱུར་པ་མེད་པ་ཇི་ལྟ་བར་ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་དང་འདྲ་སྟེ། འདིར་ཚོགས་པ་ལ་བལྟོས་ནས་བསྟན་པའི་ཕྱིར་དོན་གཞན་དུ་འགྱུར་བ་མེད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཏིང་ངེ་འཛིན་གཙོ་བོར་བརྗོད་པའི་ཕྱིར་བཤད་དོ། །ས་དེ་དག་ན་ཏིང་ངེ་འཛིན་གཙོ་བོ་ཡིན་ཏེ། མདོ་ལས་ཏིང་ངེ་འཛིན་གྱི་དབང་པོ་ནི་བསམ་གཏན་བཞི་དག་ལ་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཡན་ལག་ལྔ་པའི་བསམ་གཏན་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། ཚོགས་པ་ནི་ཚོགས་པ་ཅན་ལ་བལྟོས་ནས་བསྟན་པའི་ཕྱིར་དོན་གཞན་དུ་གྱུར་པ་མེད་དེ་དམག་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཏིང་ངེ་འཛིན་གཙོ་བོར་བརྗོད་པའི་ཕྱིར་བཤད་དོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། ས་དེ་དག་ན་ཏིང་ངེ་འཛིན་གཙོ་བོ་ཡིན་ཞེས་བྱ་བར་ཇི་ལྟར་རྟོག་ཅེ་ན། མདོ་ལས་ཏིང་ངེ་འཛིན་གྱི་དབང་པོ་ནི་བསམ་གཏན་བཞི་དག་ལས་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཇི་ལྟར་ཕན་ཚུན་བསྲུང་བ་དང་སྤེད་པའི་ཕྱིར་ཡན་ལག་བཞི་པའི་དམག་བྱེད་པ་དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་ལྔ་ཞེས་བྱ་བ་ལ་འགལ་བ་མེད་དེ། རྒྱལ་པོའི་འཁོར་གྱིས་གཞན་དག་བསྲུང་བ་དང་བསྐྱབ་པའི་བྱེད་པ་གྲུབ་པ་ལ་ཡང་རྒྱལ་པོ་ཉིད་གཙོ་བོ་ཡིན་པ་བཞིན་ནོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ནི་དེ་ལ་འདུ་བྱེད་བཏང་སྙོམས་ནི་


DTG210_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གཉིས་པའི་ས་པའི་དགའ་བ་ལ་གཏོད་པ་མེད་པའོ། །དྲན་པ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ལ་བརྗོད་པ་སྟེ་ཐག་མི་རིང་བའི་ཚུལ་གྱིས་སོ། །ཤེས་བཞིན་ནི་རྗེས་སུ་བསྲུང་བའི་ཚུལ་གྱིས་སོ། །བཏང་སྙོམས་ཡོངས་སུ་དག་པ་ཞེས་བྱ་བ་ལ། བཏང་སྙོམས་ཀྱི་ཡོངས་སུ་དག་པ་ནི་བཏང་སྙོམས་ཡོངས་སུ་དག་པ་སྟེ། ས་འོག་མའི་སྐྱོན་དང་བྲལ་བའི་ཕྱིར་རོ། །སྐྱོན་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་ལ་སོགས་བརྒྱད་དེ་དག་ཀྱང་བཤད་པར་བྱའོ། །དྲན་པ་ཡོངས་སུ་དག་པ་ཡང་དེ་དང་འདྲ་སྟེ། ས་འོག་མའི་སྐྱོན་དང་བྲལ་བའི་ཕྱིར་རོ། །བསམ་གཏན་དང་པོ་པ་ཞེས་བྱ་བ་ལ། བསམ་གཏན་དང་པོ་ན་ཡོད་པ་ནི་བསམ་གཏན་དང་པོ་པའོ། །དེ་ཉིད་ཕྱིར་སྨྲས་པ་ཞེས་བྱ་བ་ནི་གང་གི་ཕྱིར་བསམ་གཏན་གཉིས་པ་ལ་ནང་རབ་ཏུ་དང་བ་ལྷག་པ་དང༌། གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་རྣམས་ལྷག་པ་དང༌། བཞི་པ་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལྷག་པ་དང༌། དང་པོ་དང་གཉིས་པ་དག་ཏུ་དགའ་བ་དང་བདེ་བ་དག་ཁྱད་པར་མེད་པ་དང༌། གསུམ་པ་དང་བཞི་པ་དག་ཏུ་བཏང་སྙོམས་དང་དྲན་པ་ཁྱད་པར་མེད་པ་དང༌། བཞི་ཀར་ཏིང་ངེ་འཛིན་ཁྱད་པར་མེད་པས་ཏེ། དེའི་ཕྱིར་སྨྲས་པ་ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གཉིས་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ་མུ་དང་པོ་ནི་རྟོག་པ་དང་དཔྱོད་པ་དག་སྟེ། བསམ་གཏན་དང་པོ་ཁོ་ན་ན་ཡོད་པའི་ཕྱིར་དང༌། གཉིས་པ་ན་མེད་པའི་ཕྱིར་རོ། །གཉིས་པ་ནི་ནང་རབ་ཏུ་དང་བའོ་ཞེས་བྱ་བ་སྟེ་གཉིས་པ་ཁོ་ན་ན་ཡོད་པའི་ཕྱིར་དང་དང་པོ་ན་མེད་པའི་ཕྱིར་རོ། །གསུམ་པ་ནི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་གཉི་ག་ན་ཡོད་པའི་ཕྱིར་རོ། །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ་ཞེས་བྱ་བ་ནི་བཤད་པ་དག་ལས་གཞན་པའི་ཆོས་གང་དག་ཡིན་པ་དེ་རྣམས་ནི་བསམ་གཏན་དང་པོའི་ཡན་ལག་མ་ཡིན་ཞིང་གཉིས་པའི་ཡན་ལག་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་ཐམས་ཅད་ཕན་ཚུན་སྦྱར་བར་བྱའོ་ཞེས་


DTG210_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་གསུམ་པ་ན་ཡང་ཡོད་དམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་པ་དང་དགའ་བ་དང་བདེ་བ་དག་གོ །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དག་དང་ཤེས་བཞིན་དང་བདེ་བ་དག་གོ །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་དང་པོ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན་མུ་བཞི་སྟེ། དང་པོ་ནི་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དག་གོ །གཉིས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པའོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་གསུམ་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་དགའ་བ་དང་བདེ་བ་དག་གོ །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་རྣམ་པ་དེ་དག་ལ་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གཉིས་པ་ན་ཡོད་པ་དེ་དག་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ནང་རབ་ཏུ་དང་བ་དང་དགའ་བ་དང་བདེ་བ་དག་གོ །གཉིས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང༌། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པའོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །ཡན་ལག་གང་དག་བསམ་གཏན་གསུམ་པ་ན་ཡོད་པ་དེ་དག་བསམ་གཏན་བཞི་པ་ན་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ཏིང་ངེ་འཛིན་མ་གཏོགས་པ་བསམ་གཏན་གསུམ་པའི་ཡན་ལག་རྣམས་སོ། །གཉིས་པ་ནི་ཏིང་ངེ་འཛིན་མ་གཏོགས་པ་བསམ་གཏན་བཞི་པའི་ཡན་ལག་རྣམས་སོ། །གསུམ་པ་ནི་ཏིང་ངེ་འཛིན་ཏོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་


DTG210_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་རྣམས་སོ། །བསམ་གཏན་གསུམ་ཆར་ན་ཚོར་བ་བདེ་བ་ཡོད་པའི་དབང་དུ་བྱས་ཏེ་འདྲི་བ་ནི། ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེས་བྱ་སྟེ། བསམ་གཏན་གཉིས་པ་ན་ཡོད་པ་ནི་མ་ཡིན་སྙམ་དུ་བསམ་པའོ། །ཡང་ཇི་ལྟར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། གསུམ་པ་ལ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་རྣམས་སོ་ཞེས་སྨོས་པའི་ཕྱིར་རོ། །དང་པོ་ན་ཤིན་ཏུ་སྦྱངས་པ་བདེ་བ་ཡིན་ཞེས་བྱ་བ་ནི་བདེ་བ་རྣམ་པ་གཉིས་ཏེ། ཤིན་ཏུ་སྦྱངས་པའི་བདེ་བ་དང་ཚོར་བ་བདེ་བའོ། །དེ་བཏང་སྙོམས་བསམ་གཏན་དང་པོ་དང༌། གཉིས་པ་དག་ཏུ་ནི་ཤིན་ཏུ་སྦྱངས་པའི་བདེ་བའི་ཡན་ལག་གིས་བཤད་ལ། བསམ་གཏན་གསུམ་པར་ནི་ཚོར་བ་བདེ་བ་ཡན་ལག་ཏུ་བཤད་པས་དེའི་ཕྱིར་བསམ་གཏན་གསུམ་པའི་བདེ་བ་ནི་བསམ་གཏན་དང་པོ་དང་གཉིས་པའི་བདེ་བ་ལས་རྫས་གཞན་དུ་བརྗོད་དོ། །ཀི་མ་བུ་ནིཿ་ཀཱ་རཱ་ཎི་སརྦ་ཏྲ་བྲ་སྲབྷྱུ་བཀྵཱེ་སཱནྣི་ཧྱ་དྷྱཱ་དྭ་ཡོ་རཱ་དྷྱཱ་ན་ཡོཿཔྲ་སྲབྡྷ་རི་ག་ཏྭཾ། པཥྩི་མ་ཡོ་རུ་པཀྵེ་ཡོ་རི་ཏི། ཏ་ཐཱ་ཡོ་གཱ་ཏ་པྲི་ཏི་སུ་ཁེ་ཧི་ཏྲི་ཤྞ་པྱ་ཏྭ་དུ་བེ་ཀྵེ་ཏ་བྱེ་ཀཱ་མ་བི་ཏརྐ་བི་ཙཱ་ར་སཾ་ཛྙཱ་ཤ་ལྱ་ཀལྤ་ཏྭཏ། པྲ་སྲྀ་བྷ་ཡི་ཏ་བྱ་པྲ་བྷཱུ་ཏ་ཏ་ར་དཥྠཽ་ལྱ་ནུ་ཏྤཏ་ཡ་ཏ་ཡོརྦཱ་བྷཱུ་མྱོརྦ་བཀྵ་རུ་ཏྭཏ། པྲ་ཏི་པཀྵ་ལཱ་བྷེ་པྲ་པྲབྡྷི་རུཏྐ་ཊཱ་བྷ་བ་ཏི། ཏྲྀ་ཏཱི་ཡ་ཙ་ཏུརྠ་ཡོསྟུ་དྷྱཱ་ན་ཡོརྦི་ཤུ་དྷ་ཏ་ར་ཏྭཱ་དུ་པཀྵོཏྐ་ཊཿཔྲ་ཏི་པཀྵོ་བྷ་བ་ཏི། པྲ་པྲབྡྷཱི་སུ་ཁ་མ་ཧི་བྷ་ག་བ་ཏཱ་རཎ་སཱ་དྷརྨྨ་ཎ་བྷཱུ་མྱུཏྟ་ར་གཏྪེ་ཏེཿ་པ་རི་ཛ་ཡཱརྒནྡྷ་བ་ད་བྱཥྠ་བྷ་བ་ཏི། ཨ་ནཱ་བྷོ་ག་བཱ་ཧི་ཏྭཏྟུ་ཤནྟ་ཏ་ར་ཏྭཏ། བྷཱུ་མཱི་ནཱ་མུ་བེཀྵ་ཏྤ་ཀྵ་ཏ་ར་བྷ་བ་ཏཱི་ཏི། བདེ་བའི་དབང་པོ་དང་མི་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ནི་ལུས་ཀྱི་འམ་སེམས་ཀྱི་བཞི་ཡིན་གྲང་ན། གཉིས་ཀ་ཡང་དེ་ན་མི་སྲིད་དོ། །ལུས་ཀྱི་ནི་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པ་ཡིན་ནོ། །སྙོམས་པར་ཞུགས་པ་ལ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཀུན་ཏུ་འབྱུང་བ་མ་ཡིན་ཏེ། ཁ་ཕྱིར་བལྟས་པར་འཇུག་པའི་ཕྱིར་རོ། །དེ་ན་སེམས་ཀྱི་བདེ་བ་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། དགའ་བ་ཞེས་འབྱུང་བའི་


DTG210_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་ན་ཡོད་པའི་སེམས་ཀྱི་བདེ་བ་གང་ཡིན་པ་དེ་ནི་དགའ་བ་ཞེས་བྱའོ། །ཇི་སྟེ་དགའ་བ་ནི་ཚོར་བ་མ་གཏོགས་པའི་ཆོས་གཞན་ཁོ་ན་ཡིན་ལ། བདེ་བ་ནི་བསམ་གཏན་ན་ཡོད་པའི་ཚོར་བ་སིམ་པ་ཡིན་ནོ་སྙམ་ན། དེའི་ཕྱིར་དགའ་བ་ནི་ཡིད་བདེ་བ་ཡིན་ན་ཞེས་བྱ་བ་སྨོས་ཏེ། དགའ་བ་ནི་ཡིད་བདེ་བ་ལས་ལོགས་ཤིག་ཏུ་ངེས་པར་མི་ཟིན་ལ། བདེ་བ་དང་ཡིད་བདེ་བ་དག་ཀྱང་ཅིག་ཅར་ཡོད་པ་མ་ཡིན་ཏེ། ཚོར་བའི་རྫས་གཉིས་སེམས་གཅིག་ལ་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །དེ་གཉིས་རྣམ་གྲངས་བྱ་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་གཉིས་སོ། །ཡན་ལག་ལྔ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་གཉིས་རྣམ་གྲངས་ཀྱིས་འབྱུང་ན་ནི་བསམ་གཏན་ཡན་ལག་བཞི་པ་ཁོ་ནར་འགྱུར་གྱི་ཡན་ལག་ལྔ་པ་ནི་མ་ཡིན་ནོ། །སྐད་ཅིག་རེ་རེ་ལ་བདེ་བ་དང་ཡིད་བདེ་བ་གཉིས་ལས་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་ལས་བྱུང་བའི་བདེ་བའི་དབང་པོ་ནི་མེད་པ་ཁོ་ན་སྟེ་ཞེས་བྱ་བ་ནི་བདེ་བའི་དབང་པོ་ནི་ལུས་ཀྱི་ཁོ་ན་ཡོད་ཀྱིས་སེམས་ཀྱི་ནི་མེད་དོ། །སེམས་ཀྱི་ཚོར་བ་སིམ་པ་ནི་ཡིད་བདེ་བའི་དབང་པོ་ཡིན་ནོ་ཞེས་བྱའོ། །གལ་ཏེ་བདེ་བའི་དབང་པོ་སེམས་ཀྱི་མ་ཡིན་ན། འོ་ན་ཇི་ལྟར་བསམ་གཏན་གསུམ་པར་བདེ་བའི་ཡན་ལག་ཏུ་རྣམ་པར་གཞག་ཅེ་ན། དེའི་ཕྱིར་བསམ་གཏན་གསུམ་ཆར་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པའི་བདེ་བ་ཡན་ལག་མ་ཡིན་ལ། གསུམ་པར་སེམས་ཀྱི་བདེ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བསམ་གཏན་གསུམ་ཆར་ན་ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་དུ་རྣམ་པར་གཞག་གོ་ཞེས་ཟེར་རོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་སེམས་ཀྱི་བདེ་བའི་དབང་པོ་མེད་དོ་ཞེས་བྱ་བ་འདི་ལ་འགལ་བ་སྟོན་པའོ། །ཇི་ལྟར་ཞེ་ན། ལུས་ཀྱི་ལྟར་སེམས་ཀྱི་བདེ་བ་ཡང་སེམས་ཀྱི་དབང་པོ་ཉིད་དུ་གསུངས་པའི་ཕྱིར་རོ། །ཚིག་དེ་ནི་འགའ་ཞིག་གིས་སྒྲོ་བཏགས་པ་ཡིན་ཏེ་ཞེས་བྱ་བ་ལ། གང་ཞེ་ན། སེམས་ལས་བྱུང་བའི་ཞེས་བྱ་བའོ། །སྒྲོ་བཏགས་པ་ཡིན་གྱི་གཙུག་ལག་ནི་མ་


DTG210_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། སྡེ་པ་གཞན་ཐམས་ཅད་ལས་ལུས་ཀྱི་ཞེས་བྱ་བ་དེ་སྐད་དུ་འབྱུང་བའི་ཕྱིར་སྒྲོ་བཏགས་པ་ཡིན་ནོ་ཞེས་བྱ་བར་ཤེས་ཏེ། དེའི་ཕྱིར་མདོ་དང་འགལ་བ་མེད་དོ། །བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་སྟེ་རང་གི་སྒྲས་གསུངས་པའི་ཕྱིར་ལུས་ཀྱི་བདེ་བ་ཁོ་ནའོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ཡིད་ཀྱི་ལུས་སོ་ཞེས་བྱ་བ་ནི་ཅི་སྟེ་འདིར་ལུས་ཀྱི་སྒྲ་ལུས་ཀྱི་དབང་པོ་ལ་མི་འདོད་ཀྱི། འོ་ན་ཅི་ཞེ་ན། ཡིད་ཀྱི་ལུས་ཡིན་ཏེ། དབེན་པ་ལས་སྐྱེས་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་ཉེ་བར་བསྒྲུབས་ནས་གནས་སོ་ཞེས་གསུངས་པའི་ཕྱིར་འགལ་བ་མེད་དོ། །འདི་ཤེས་བྱེད་མ་ཡིན་ཏེ་སེམས་ཀྱི་ཡང་བདེ་བའི་དབང་པོར་འགྱུར་རོ་ཞེ་ན། གཞན་དུ་ནི་ཁ་ཅིག་ཏུ་ཡིད་བདེ་བའི་དབང་པོར་ཡང་སེམས་ཀྱི་མ་ཡིན་ཞེས་རྟོགས་པར་བྱ་སྟེ། ལུས་ཀྱིས་མངོན་སུམ་དུ་བྱས་ན་གསུངས་པའི་ཕྱིར་རོ། །ཚོར་བའི་ཚོགས་དྲུག་ལྟར་གཟུགས་ཅན་མ་ཡིན་པ་རྣམས་ལ་ཡང་ལུས་ཀྱི་སྒྲ་མཐོང་ངོ༌། །འདི་གཟུགས་ཅན་བཞིན་ཚོར་བ་ཉེ་བར་བཀོད་པ་ལས་གཞན་དུ་མཐོང་བའི་ཕྱིར་མི་རུང་ངོ་ཞེ་ན། གལ་ཏེ་གཟུགས་མེད་པ་རྣམས་སུ་ལུས་ཐ་དད་པ་ལས་ཞེས་གསུངས་པའི་ཕྱིར་གཟུགས་ཅན་མ་ཡིན་པ་ལ་ཡང་མཐོང་བའི་ཕྱིར་ཞེས་བྱ་བ་ལ་ངེས་པ་མེད་དོ། །དེའི་ཕྱིར་ཡིད་ཀྱི་ལུས་སོ་ཞེས་བྱ་བར་ཤེས་པ་བྱའོ་སྙམ་ན་དེ་སྐད་དུ་བཤད་དེ། ཡོན་ཏན་ཅི་ཞིག་ཡོད་བདེ་བ་ཡིད་ཀྱིས་མྱོང་ལ་ཞེས་གསལ་པོ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟར་ན་བསམ་གཏན་གསུམ་པ་ན་ལུས་ཀྱི་བདེ་བ་ཁོ་ན་ཡོད་ཀྱི་སེམས་ཀྱི་ནི་མ་ཡིན་ནོ། །གང་གི་ཕྱིར་དེར་ཚོར་བ་བདེ་བ་ཕུལ་དུ་བྱུང་བ་མ་ཡིན་ནོ་ཞེ་ན། བསམ་གཏན་དང་པོ་གཉིས་ན་ཡང་ལུས་ཀྱི་བདེ་བ་ཁོ་ན་ཡོད་ཀྱི་ཤིན་ཏུ་སྦྱངས་པའི་བདེ་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསམ་གཏན་བཞི་པ་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་དང་པོ་དང་གཉིས་པ་དང་བསམ་གཏན་བཞི་པ་ལ་ཤིན་ཏུ་སྦྱངས་པ་མང་ཡང་བདེ་བ་མ་སྨོས་པ་དེའི་ཕྱིར་བསམ་གཏན་དང་པོ་གཉིས་ན་ཚོར་


DTG210_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བདེ་བ་མངོན་པར་འདོད་ཀྱི་ཤིན་ཏུ་སྦྱངས་པའི་བདེ་བ་མ་ཡིན་ཏེ། གཞན་དུ་ན་བསམ་གཏན་བཞི་པ་ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་བདེ་བ་ཆེས་ཤིན་ཏུ་ཡན་ལག་ཏུ་རྣམ་པར་འཇོག་པར་འགྱུར་རོ། །གལ་ཏེ་བདེ་བའི་ཚོར་བ་དང་མཐུན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། བསམ་གཏན་དང་པོ་གཉིས་ན་བདེ་བ་ཡོད་པས་དེ་དང་རྗེས་སུ་མཐུན་པའི་ཤིན་ཏུ་སྦྱངས་པའི་བདེ་བ་བཤད་ཀྱི། བསམ་གཏན་བཞི་པ་ལ་ནི་བདེ་བ་མེད་པའི་ཕྱིར་ཤིན་ཏུ་སྦྱངས་པ་མང་ཡང་བདེ་བ་མཐུན་པ་མ་ཡིན་པས་བདེ་བ་ཞེས་མི་བརྗོད་དོ་ཞེས་བྱ་བའོ། །གསུམ་པ་ན་ཡོད་པའི་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གསུམ་པ་ན་ཡོད་པའི་ཤིན་ཏུ་སྦྱངས་པ་ཆེས་ཤིན་ཏུ་བདེ་བ་དང་མཐུན་པ་ཡིན་ལ། བདེ་བ་ཡང་མ་གསུངས་པས་འཁྲུལ་ལོ་ཞེས་བྱ་བའོ། །གལ་ཏེ་བཏང་སྙོམས་ཀྱིས་བཅོམ་པའི་ཕྱིར་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པ་བདེ་བ་དང་མཐུན་པ་ཡིན་མོད་ཀྱི། དེ་ནི་བཏང་སྙོམས་ཀྱིས་བཅོམ་པས་བདེ་བར་མ་བརྗོད་དོ་ཞེས་བྱ་བའོ། །མ་ཡིན་ཏེ་བཏང་སྙོམས་ཁོ་ནས་དེ་འཕེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟར་མ་ཡིན་ཏེ། བཏང་སྙོམས་ཁོ་ནས་བསམ་གཏན་གསུམ་པར་ཤིན་ཏུ་སྦྱངས་པ་འཕེལ་བའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། སྔ་མ་གཉིས་ལས་དེ་ཁྱད་པར་དུ་འཕགས་པས་ཞེས་བྱ་བ་སྨོས་ཏེ། བསམ་གཏན་དང་པོ་དང་གཉིས་པའི་ས་པའི་ཤིན་ཏུ་སྦྱངས་པ་བས་བསམ་གཏན་གསུམ་པའི་ས་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདི་ཇི་ལྟར་ཞེ་ན། ས་འོག་མའི་སྐྱོན་སྤངས་པ་ལས་དེར་ལུས་དང་སེམས་དག་ཆེས་ལས་སུ་རུང་བའི་ཕྱིར་རོ། །གང་གི་ཚེ་འཕགས་པ་ཉན་ཐོས་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཇི་ལྟར་དེ་ལས་ཤིན་ཏུ་སྦྱངས་པ་དང་བདེ་བ་སོ་སོར་བཤད་ཅེ་ན། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ལས་སྐྱེས་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དེའི་ཚེ་འདིའི་ཆོས་ལྔ་ནི་སྤོང་བར་འགྱུར་ལ། ཆོས་ལྔ་ནི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་ནས། ཆོས་ལྔ་པོ་གང་དག་གཅིག་


DTG210_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ནང་རབ་ཏུ་དང་བ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བདེ་བ་དང༌། ཏིང་ངེ་འཛིན་ཏེ། ཆོས་ལྔ་པོ་འདི་དག་བསྒོམ་པ་ཡོངས་སུ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་སྟེ། དེའི་ཕྱིར་དེ་ལྟར་ན་འདི་ལས་ཤིན་ཏུ་སྦྱངས་པ་གསུངས་ནས་ཡང་བདེ་བ་སྨོས་པའི་ཕྱིར་ཤིན་ཏུ་སྦྱངས་པ་དང་བདེ་བ་གཉིས་ཐ་དད་པ་འབྱུང་ངོ༌། །དེའི་ཕྱིར་བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ཁོ་ན་བདེ་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བདེ་བའི་དབང་པོ་མདོ་ལས་བདེ་བའི་སྒྲས་བརྗོད་པའི་ཕྱིར་མདོ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །འདི་ནི་འདིར་མདོ་ལས་བསམ་གཏན་གྱི་ཡན་ལག་ཏུ་མ་བཞག་སྟེ། ཤིན་ཏུ་སྦྱངས་པ་བདེ་བའི་དབང་པོར་མི་འདོད་དོ། །བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱངས་པ་བསམ་གཏན་གྱི་ཡན་ལག་ཏུ་རྣམ་པར་བཞག་པ་ལ་བདེ་བའི་སྒྲས་བརྗོད་དོ། །དཔེར་ན་བདེ་བ་གསུམ་སྤངས་པ་བདེ་བ་ལས་ཕྱིར་ཕྱོགས་པ་འགོག་པའི་བདེ་བ་ཞེས་བྱ་བ་ལྟ་བུའོ། །འདི་ནི་སྔར་ཉིད་དུ་ནི་བློ་ཐི་ཏམ། གང་གི་ཕྱིར་བསམ་གཏན་གསུམ་པའི་ཤིན་ཏུ་སྦྱངས་པར་བདེ་བར་བརྗོད་ཅེ་ན། གལ་ཏེ་སྙོམས་པར་ཞུགས་པ་ལ་ཇི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་འབྱུང་ཞེས་བྱ་བ་ནི་དེ་དག་གི་བདེ་བའི་དབང་པོ་ཐམས་ཅད་ལུས་ཀྱི་ཡིན་པ་ཁས་བླངས་ནས་སྙོམས་པར་ཞུགས་པ་ལ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་འབྱུང་བར་མི་རུང་སྟེ། ཁ་ཕྱིར་བལྟས་པར་འཇུག་པའི་ཕྱིར་དང་རྣམ་པར་ཤེས་པ་གཉིས་ཅིག་ཅར་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ནི་བསམ་གཏན་གསུམ་པ་སྟེ། དེ་ལས་སྐྱེས་པ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའོ། །ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི། དེ་ལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་སྟེ་ལུས་མཉེན་པར་བྱེད་པའི་ཕྱིར་རོ། །བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་བདེ་བའི་ཡུལ་ལོ། །ལུས་ལ་རྒྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ལ་ཁྱབ་པའི་ཕྱིར་རོ། །སྙོམས་པར་ཞུགས་པ་ལ་ལུས་


DTG210_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པར་ཤེས་པ་འབྱུང་བ་ནི་དེ་ལྟ་བུའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེར་གནས་སྐབས་ལ་འདོད་པ་མ་ཡིན་ཏེ་འདིར་མངོན་པར་དབེན་པའི་དགའ་བ་དང་བདེ་བ་ལས་སྐྱེས་པར་གྱུར་པ་རྣམས་ཀྱིས་དེའི་ལུས་ཀྱི་གནས་ངན་ལེན་གྱི་ཕྱོགས་བསལ་ཏེ། ལུས་ལ་ཕན་འདོགས་པའི་རླུང་གིས་གནོད་པ་མེད་ཅིང་བདེ་བའི་རྡུལ་ཕྲ་རབ་རྣམས་ལུས་ལ་ཁྱབ་པར་བྱེད་དོ། །སྣ་ཧ་ཨེ་བ་སྣཱ་ན་ས་ཎཱི་ན་ཏུ་ཏཻཿ་ལུས་བསལ་བར་གྱུར་པས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འདོད་དོ། །འདིའི་ཏིང་ངེ་འཛིན་གྱི་འབྲས་བུ་དེ་འདྲ་བས་དེ་སྐྱེ་བ་འབྲས་བུ་མེད་པ་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་ཏུ་རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་ཉམས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་སྟོབས་ཀྱིས་ཏིང་ངེ་འཛིན་བརྟན་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཏིང་ངེ་འཛིན་གྱི་རྒྱུ་མཚན་གྱིས་བདེ་བ་ལུས་ཀྱི་ནང་དུ་འབྱུང་བའི་ཕྱིར་ཕྱི་རོལ་ཏུ་རྣམ་པར་གཡེང་བ་མེད་པའི་བདེ་བ་དེ་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར། དེ་མངོན་སུམ་དུ་གྱུར་ན་ཏིང་ངེ་འཛིན་ཉམས་པར་མི་འགྱུར་རོ། །གལ་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་ལངས་པ་དང་འགྱུར་རོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་ཤེས་པ་དེ་མཉམ་པར་གཞག་པ་དང་མཐུན་པ་ཡིན་ཡང༌། མཉམ་པར་མ་བཞག་པ་ཁོ་ན་ཡིན་པ་དེའི་ཕྱིར་མཉམ་པར་གཞག་པའི་རྣམ་པར་ཤེས་པ་འགག་པའི་ཕྱིར་དང༌། ལུས་ཀྱི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་སྐྱེས་པའི་ཕྱིར་ལངས་པར་འགྱུར་རོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པའི་ཚེ་ལངས་པར་མི་འགྱུར་བ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པ་ལུས་ཀྱི་ནང་དུ་འབྱུང་བའི་ལུས་ཀྱི་བདེ་བ་ནི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་རོ་ཞེས་དེ་མ་ཐག་ཏུ་བཤད་པ་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་དང་མཐུན་པས་བསམ་གཏན་ཉིད་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་བསམ་གཏན་གྱི་སྦྱོར་བའི་སེམས་དེ་བསམ་གཏན་ཁོ་ན་སྟེ་ལུས་ཀྱི་རྣམ་པར་ཤེས་པ་མངོན་སུམ་གྱུར་པ་ན་ལངས་པ་ཁོ་ནར་འགྱུར་བས་འདིར་སྦྱོར་བའི་ཏིང་ངེ་འཛིན་ལས་


DTG210_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་བསམ་གཏན་མ་ཡིན་ནོ། །ཏིང་ངེ་འཛིན་ལས་སྐྱེས་པ་མ་ཡིན་པ་ནི་ཏིང་ངེ་འཛིན་དང་མཐུན་པས་ལངས་པར་བརྗོད་དོ་ཞེ་ན། དཔེ་དང་དཔེ་ཅན་མཚུངས་པ་མ་ཡིན་ནོ། །གལ་ཏེ་འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོ་ནི་གཟུགས་ན་སྤྱོད་པ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་རེག་བྱའི་ཡུལ་ཅན་མ་ཡིན་ལ། དེ་ལ་དམིགས་པའི་རྣམ་པར་ཤེས་པ་རྟེན་དུ་ཡང་མི་རུང་སྟེ། གསུམ་དག་ནི་ཐམས་ཅད་རང་གི་ས་པ་ཡིན་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་ཤིན་ཏུ་སྦྱངས་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་ལུས་ཀྱི་དབང་པོས་གཟུགས་ན་སྤྱོད་པ་ཤིན་ཏུ་སྦྱངས་པའི་མིང་ཅན་རེག་བྱ་ཁོ་ན་འཛིན་གྱི། དེའི་ས་པ་གཞན་ནི་མ་ཡིན་པས་སྐྱོན་མེད་དོ། །ཟག་པ་མེད་པ་དག་ཏུ་ཡང་འགྱུར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་བསམ་གཏན་ལ་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་གཉིས་ཀྱང་ཟག་པ་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡན་ལག་ཅུང་ཟད་ཅིག་ནི་ཟག་པ་དང་བཅས་པ། ཅུང་ཟད་ཅིག་ནི་ཟག་པ་མེད་པ་ཡིན་ན་མི་རུང་བས་སོ། །ཡང་ཇི་ལྟར་ན་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་ཡན་ལག་ཉིད་ཡིན་ཞེ་ན། དེ་གཉིས་ཡན་ལག་ཏུ་མི་བརྗོད་ཀྱི་འོ་ན་ཅི་ཞེ་ན། དེ་བརྗོད་ལ་དེ་གཉིས་ནི་དེ་དང་མཚུངས་པར་ལྡན་པའི་ཕྱིར་དང༌། དེའི་ཡུལ་ཅན་ཡིན་པའི་ཕྱིར་ཟག་པ་མེད་པ་ཉིད་དུ་བཤད་དོ། །ལུས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པ་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཟག་པ་མེད་པའི་ཕྱིར་དེ་དག་ཀྱང་ཟག་པ་མེད་པར་འདོད་དེ། བྱང་ཆུབ་ཀྱི་ཡན་ལག་དང་མཐུན་པའི་ཕྱིར་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་ཀྱི། དངོས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེ་ན་ཟག་པ་མེད་པ་ཉིད་ཀྱང་དེ་དང་འདྲ་སྟེ། ཟག་པ་མེད་པ་དང་མཐུན་པའི་ཕྱིར་ཟག་པ་མེད་པ་དག་ཡིན་གྱི་དངོས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །མིག་ཇི་སྙེད་པ་དང༌། གཟུགས་ཇི་སྙེད་པ་དང༌། མིག་གི་རྣམ་པར་ཤེས་པ་ཇི་སྙེད་པ་ནས་དེ་བཞིན་དུ་རྒྱས་པར་ལུས་


DTG210_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་པ་དང༌། རེག་བྱ་ཇི་སྙེད་པ་དང༌། ལུས་ཀྱི་རྣམ་པར་ཤེས་པ་ཇི་སྙེད་པ་ཞེས་བྱ་བའི་བར་འདི་དང་འགལ་ཏེ། རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་ཟག་པ་དང་བཅས་པར་གསུངས་པའི་ཕྱིར་གཞན་མ་ཡིན་ཞེས་རྒྱས་པར་འབྱུང་སྟེ་འགལ་བ་མེད་དོ། །དེ་ལས་གཞན་རེག་བྱ་དང་ལུས་ཀྱི་རྣམ་པར་ཤེས་པ་བདེ་བ་དང་དགའ་བ་དང་ཕྲད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། བདེ་བ་དང་ཡིད་བདེ་བ་དག་ནི་ཅིག་ཅར་ཡོད་པ་མ་ཡིན་ཏེ་ལུས་དང་ཡིད་རྣམ་པར་ཤེས་པ་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་ཡན་ལག་ལྔར་མི་འགྱུར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་སྲིད་པའི་ཕྱིར་བསྟན་པས་ཞེས་བྱ་བ་ནི་ཡན་ལག་ལྔ་བསྟན་པ་དང་འགལ་བ་མེད་དེ་སྲིད་པའི་ཕྱིར་བསྟན་པས་སོ། །རྟོག་པ་དང་དཔྱོད་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྟོག་པ་དང་དཔྱོད་པ་དག་ཅིག་ཅར་མི་འབྱུང་ཡང་སྲིད་པའི་དབང་དུ་བྱས་ནས་རྟོག་པ་དང་བཅས་པ་ཞེས་བཤད་པ་བཞིན་ནོ། །གལ་ཏེ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་གཉིས་རིམ་གྱིས་འཇུག་གོ །ཅིག་ཅར་མ་ཡིན་པ་དེ་བསྒྲུབ་པར་བྱ་བ་ཡིན་པའམ། ཡང་ན་ལྔ་པོ་རྣམས་རྣམ་གྲངས་ཀྱིས་ཡོད་པས་ཡན་ལག་ལྔ་ཡིན་གྱི། ལྔ་པོ་ཅིག་ཅར་ཡོད་པས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པར་བྱ་བ་ཡིན་པའོ། །གྲུབ་པ་ཡིན་ཏེ་སེམས་ཀྱི་རྩིང་བ་དང་ཞིབ་པ་དག་ཕན་ཚུན་བཅོམ་ནས་འབྱུང་བའི་ཕྱིར་ཅིག་ཅར་མི་སྲིད་ཅིང༌། རྩིང་བ་དང་ཞིབ་པ་དང་རྣམ་པའི་བྱེ་བྲག་གིས་བལྟོས་པ་ཅན་ཡང་ཡིན་པས་སྲིད་པའི་རྩེ་མོའི་བར་དུ་རྟོག་པ་དང་དཔྱོད་པ་དག་ཡོད་པར་འགྱུར་རོ། །རྩིང་བ་དང་ཞིབ་པ་དག་གི་རྣམ་པའི་དབྱེ་བ་མི་རུང་ངོ་ཞེས་སྔར་ཉིད་རྒྱ་ཆེར་བསྟན་ཟིན་ཏོ། །དེ་ལྟ་བས་ན་བསམ་གཏན་དང་པོ་ལ་ཡོད་པའི་ཡན་ལག་ལྔ་པོ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ཏིང་ངེ་འཛིན་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ཁོ་ན་ལས་ཡན་ལག་གཉིས་དང་གསུམ་དང་བཞི་པོར་ནས་ཡིན་ཏེ། དེ་ལ་ཡན་ལག་གཉིས་པོར་ནས་བསམ་གཏན་གཉིས་པ་རྣམ་པར་བཞག་སྟེ་དེ་ན་རྟོག་པ་དང་དཔྱོད་པ་དག་མེད་པའི་ཕྱིར་རོ། །ཡན་ལག་


DTG210_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོར་ནས་བསམ་གཏན་གསུམ་པ་རྣམ་པར་བཞག་སྟེ། དེ་ན་དགའ་བ་ཡང་མེད་པས་སོ། །ཡན་ལག་བཞི་བོར་ནས་བསམ་གཏན་བཞི་བ་རྣམ་པར་བཞག་སྟེ། དེ་ན་བདེ་བ་ཡང་མེད་པས་སོ། དེ་ཉིད་ཀྱི་ཕྱིར་དེ་དག་པོར་ནས་བསམ་གཏན་ལྷོག་མ་རྣམ་པར་གཞག་པའི་ཕྱིར། བསམ་གཏན་དང་པོ་ལ་སེམས་ལས་བྱུང་བ་གཞན་དག་ཡོད་ཀྱང་ལྔ་ཁོ་ན་ཡན་ལག་ཏུ་བཤད་ཀྱི། འདུ་ཤེས་ལ་སོགས་པ་རྣམ་པ་ནི་མ་ཡིན་ནོ། །འདུ་ཤེས་ལ་སོགས་པ་རྣམས་བོར་ནས་བསམ་གཏན་གོང་མ་རྣམ་པར་བཞག་པ་ནི་མ་ཡིན་ཏེ། དེ་རྣམས་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་དང་པོ་ལ་དེ་རྣམས་ཡན་ལག་ཉིད་དུ་མ་གསུངས་སོ། །ཡང་ན་ཅིའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་དགོངས་པ་འདི་མི་འདོད་ན་རྒྱུ་གཞན་ཞིག་བརྗོད་པར་བྱའོ་ཞེས་བྱ་བའོ། །གལ་ཏེ་ཕན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་ཤེས་ལ་སོགས་པ་དག་པས་རྟོག་པ་ལ་སོགས་པ་རྣམས་ཕན་པ་ཡིན་པའི་ཕྱིར་རོ་ཞེས་རྒྱུ་གཞན་སྨྲས་པ་ནི་དྲན་པ་དང་ཤེས་རབ་དག་ཅེས་ཕན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དྲན་པ་དང་ཤེས་རབ་ཇི་ལྟ་བ་དེ་ལྟར་རྟོག་པ་དང་དཔྱོད་པ་ཕན་པ་མ་ཡིན་ཏེ། དྲན་པ་ལེགས་པར་གནས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་ཞུམ་པ་དང་རྒོད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དྲན་པ་དང་ཤེས་རབ་གཉིས་ཕན་པ་ཡིན་ཡང་ཡན་ལག་ཏུ་མ་བཤད་པ་དེའི་ཕྱིར་རྟོག་པ་ལ་སོགས་པ་རྣམས་ཕན་པའི་ཕྱིར་བསམ་གཏན་དང་པོའི་ཡན་ལག་ཏུ་མ་བཤད་ཀྱི། འོ་ན་ཅི་ཞེ་ན། ཡན་ལག་གཉིས་དང་གསུམ་དང་བཞི་བོར་ནས་བསམ་གཏན་གཉིས་པ་ལ་སོགས་པ་རྣམ་པར་གཞག་པར་བྱ་བའི་ཕྱིར་ཡིན་ནོ། །ཁ་ཅིག་དེ་སྐད་དུ་རྒོལ་བ་ཡོད་ཀྱི་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཉེ་བར་ཤེས་པ་མ་ཡིན་པ་ཉིད་དོ་ཞེས་སྟོན་པའོ། །སྔོན་གྱི་སློབ་དཔོན་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་སྙེད་མངོན་པ་དེ་དག་ཐམས་ཅད་ཡན་ལག་མ་ཡིན་ཏེ། རང་གི་སྡེ་པ་རྒན་རབས་རྣམས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་རོ། །རྒྱུད་རབ་ཏུ་ཞི་བར་རྒྱུ་བ་ཞེས་བྱ་བ་ལ། སྔར་རྟོག་པ་དང་


DTG210_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཁྲུགས་པ་ལ་སེམས་དམིགས་པ་ལ་གཞོལ་བ་མ་བྱུང་བ་ལ། ད་ནི་རྟོག་པ་དང་དཔྱོད་པ་དང་བྲལ་བས་དམིགས་པ་ལ་བགྲོད་པ་གཅིག་པར་གྱུར་པ་སྟེ་ཆེས་ཤིན་ཏུ་མཉམ་པར་གཞག་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དང་བ་དད་པ་ཡིན། །ཞེས་བྱ་བ་ལ། དེ་ནི་བསམ་གཏན་གཉིས་པ་ཐོབ་པས་ངེས་པར་འབྱུང་བ་ཡིན་ཡང་མཉམ་པར་གཞག་པའི་ས་པ་དག་ལས་ངེས་པར་འབྱུང་ངོ་སྙམ་དུ་ཡིད་ཆེས་པ་སྐྱེ་སྟེ་དེ་ནི་འདིར་ནང་རབ་ཏུ་དང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དད་པ་ཐམས་ཅད་དུ་ཡོད་པ་ཡིན་ཡང་བསམ་གཏན་གཉིས་པ་ཁོ་ན་ལ་ཡན་ལག་ཏུ་རྣམ་པར་གཞག་གོ །རྟོག་པ་དང་དཔྱོད་པ་གཅིག་ཏུ་འཁྲུགས་པ་ཡང་འདི་བསམ་གཏན་དང་པོ་དང་གཉིས་པ་དག་ལ་བཏང་སྙོམས་གཙོ་བོ་ཡིན་པའི་ཕྱིར་ཨུ་པ་ར་ཏ་པྲ་བྷཱ་བཱ་སཱུ་བྷོ་ག་སྱ་ཧི་ཤྲརྡྷཱ་བ་ལ་བ་ཏཱི་བྷ་བ་ཏྱལྦཱ་བྷོ་ག་སྱ་ཏུ་བེཀྵཿ། གཞན་དག་ན་རེ་རྟོག་པ་དང་དཔྱོད་པ་དང་ཏིང་ངེ་འཛིན་རྣམས་ཀྱང་རྫས་གཞན་མ་ཡིན་ལ། ནང་རབ་ཏུ་དང་བ་ཡང་རྫས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་སེམས་ཀྱི་ངག་ཀུན་ནས་བསླང་བའི་གནས་སྐབས་ནི་རྟོག་པ་ཡིན་ལ་གནས་སྐབས་མ་ཡིན་པ་ནི་དཔྱོད་པའོ། །རྣམ་པར་མི་གཡེང་བའི་གནས་སྐབས་ནི་དཔྱོད་པའོ། །རབ་ཏུ་ཞི་བར་གྱུར་པའི་གནས་སྐབས་ནི་ནང་རབ་ཏུ་དང་བའོ། །རྫས་གཞན་མེད་ན་ཇི་ལྟར་ཞེས་རྒྱས་པར་འབྱུང་བ་ལ། སེམས་ལས་བྱུང་བ་ནི་སེམས་ལ་ཡོད་པ་ཡིན་ཏེ། སེམས་ཉིད་སེམས་ལས་བྱུང་བ་ཡིན་པར་ནི་མི་རིགས་སོ་ཞེས་བྱ་བའོ། །ཆོས་གཞན་འབའ་ཞིག་ཏུ་མ་ཟད་ཀྱི། སེམས་ལ་ཡོད་པའི་གནས་སྐབས་ཀྱི་བྱེ་བྲག་ཞེས་བྱ་བ་ཡང་སེམས་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་བསྟན་བཅོས་ཀྱི་གྲུབ་པའི་མཐའ་མ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་ལ་སོགས་པ་དག་རྫས་གཞན་མ་ཡིན་པའམ། སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་སེམས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའོ། །རྣམ་པར་བསྒྱུར་བའི་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་བསྒྱུར་བའི་མདོ་ལས་ནི་དབང་པོ་ལྔ་ནི་ཡིད་མི་བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་དང༌། ཡིད་བདེ་


DTG210_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་པོ་དང༌། བཏང་སྙོམས་ཀྱི་དབང་པོ་དང༌། དགེ་སློང་དག་གིས་ཡིད་མི་བདེ་བའི་དབང་པོ་སྐྱེས་པས་སྐྱེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདུ་བྱེད་དེའི་འབྲས་བུ་རྒྱུ་དང་བཅས་རྐྱེན་དང་བཅས་རྣམ་པ་དང་གཞི་དང་བཅས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འདུ་བྱེད་གང་དག་གི་རྒྱུ་གང་ཡིན་པ་དེ་ཉིད་ཅེས་བྱ་བ་ནས་ཡིད་མི་བདེ་བའི་དབང་པོ་ལས་སྐྱེས་པའི་འདུ་བྱེད་དེ་དག་གི་རྒྱུ་ཇི་སྲིད་པ་དང༌། འདུ་བྱེད་གང་དག་གི་རྒྱུ་གང་དག་མི་རྟག་པ་ནས་ཇི་སྲིད་མི་རྟག་པའི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ་དང༌། ཡིད་མི་བདེ་བའི་དབང་པོ་གང་ལས་རྟག་པར་འགྱུར་བ་དང༌། ཡིད་མི་བདེ་བའི་དབང་པོ་བྱུང་ཞིང་སྐྱེས་པ་ལ་རྟག་ཏུ་རྗེས་སུ་ལྟ་ཞིང་གནས་པ་དང་བསམ་གཏན་གྱི་ལྟ་བ་དང་འགོག་པར་རྗེས་སུ་ལྟ་བ་དང་སོ་སོར་བསྒྱུར་བར་རྗེས་སུ་ལྟ་བ་དག་དང་དེ་ལ་སེམས་ཉེ་བར་གནས་པ་དང༌། གང་དུ་བྱུང་བ་ཡིད་མི་བདེ་བའི་དབང་པོ་མ་ལུས་པ་འགག་པ་དང་མ་ལུས་པ་ནུབ་པ་དང་མ་ལུས་པ་ཡོངས་སུ་གཏུགས་པར་འགྱུར་བ་དང༌། ཅི་ལས་སྐྱེས་པའི་ཡིད་མི་བདེ་བའི་དབང་པོ་མ་ལུས་པ་འགག་པ་དང་མ་ལུས་པར་ནུབ་པ་དང་མ་ལུས་པ་ཡོངས་སུ་གཏུགས་པར་འགྱུར་ཏེ། འདི་ན་དགེ་སློང་དབེན་པ་འདོད་པ་ནས་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནས། ཡིད་མི་བདེ་བའི་དབང་པོ་མ་ལུས་པ་འགག་པ་དང་མ་ལུས་པ་ནུབ་པ་དང་མ་ལུས་པ་ཡོངས་སུ་གཏུགས་པར་འགྱུར་བ་འདི་ནི་དགེ་སློང་དག་ངེས་པར་འབྱུང་བར་བརྗོད་པར་བྱའོ་ཞེས་བྱ་བ་ནས་བཏང་སྙོམས་ཀྱི་དབང་པོའི་བར་དུ་འབྱུང་ངོ༌། །ཇི་སྐད་བཤད་པ་ལྟར་ཡན་ལག་དེ་དག་ཅེས་བྱ་བ་ནི་དང་པོ་ལ་ལྔ་དང་གཉིས་པ་ལ་བཞི་དང་གསུམ་པ་ལ་ལྔ་དང་བཞི་པ་ལ་བཞི་རྣམས་སོ། །ཐམས་ཅད་ལ་མི་འགྱུར་ཏེ། ཉོན་མོངས་པས་དབེན་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། རང་གི་ས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདིར་བརྗོད་པ་ལས་དབེན་པར་བསྒྲུབས་པས་དགའ་བ་ཁོ་ན་བསྟན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་ས་པའི་ཉོན་མོངས་པ་མ་དབེན་པ་ལས་སྐྱེས་པ་


DTG210_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངོ༌། །དེ་ལྟར་ན་གང་གི་ཕྱིར་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་པ་ཡིན་ནོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་གསུངས་པའི་ཚིག་དེ་ལ་འདིར་དགོས་པ་ཅི་ཞེ་ན། རང་གི་ས་པའི་ཉོན་མོངས་པ་ལས་དབེན་པ་ལས་སྐྱེས་པས་ཀྱང་འདིར་དགའ་བ་ཤེས་པར་བྱས་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དགའ་བ་དང་བདེ་བ་ཞེས་ཟུང་དུ་སྦྱར་ཏེ་བསྟན་ཏོ། །ཇི་ལྟར་ཤིན་ཏུ་སྦྱངས་པ་དང་ལྡན་པ་ཉིད་ཀྱི་དགའ་བ་བསམ་གཏན་གྱི་ཡན་ལག་ཏུ་ཤེས་པར་བྱེད་ཅེ་ན། ཤིན་ཏུ་སྦྱངས་པ་ནི་གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་ལ་མེད་དེ། དེའི་སྐབས་སུ་ཡན་ལག་གསུམ་ཁོ་ན་ཡིན་ནོ། །ཉོན་མོངས་པས་བསྙེགས་པའི་ཕྱིར་རོ་ཞེས་བྱ་བ་ནི། དེའི་ས་པའི་ཉོན་མོངས་པ་དག་གིས་རབ་ཏུ་མ་དད་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཅན་ལ་ནི་དད་པ་དང་ཤིན་ཏུ་སྦྱངས་པ་དེའི་ཡན་ལག་མ་ཡིན་པ་ཉིད་དེ། བསམ་གཏན་གཉིས་པ་ཉོན་མོངས་པ་ཅན་ལ་དད་པ་དང་ཤིན་ཏུ་སྦྱངས་པའི་ཡན་ལག་གཉིས་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པའི་གཉིས་པ་ལ་དགའ་བ་ཡོད་དོ། །དང་པོ་ལ་མ་ཡིན་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། དབེན་པ་ལས་སྐྱེས་པ་སྨོས་པའི་ཕྱིར་རོ། །ཉོན་མོངས་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི། དེས་རྨོངས་པས་ཉོན་མོངས་པ་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་པར་བྱས་པ་ལ་དྲན་པ་དང་ཤེས་བཞིན་མེད་དོ། །ཉོན་མོངས་པ་ཅན་ལ་ནི་དྲན་པ་ལ་བརྗེད་ངེས་པ་དང་ཤེས་རབ་ལ་ཤེས་བཞིན་མ་ཡིན་དག་གཞན་གྱི་ཕྱིར་འཇུག་པའི་ཕྱིར་རོ། །དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་བཏང་སྙོམས་ཀྱང་ཉོན་མོངས་པ་ཅན་གྱི་གསུམ་པ་མེད་དེ། དེའི་ཕྱིར་དེ་ནི་ཡན་ལག་གཉིས་པ་ཡིན་ནོ། །དེའི་དྲན་པ་དང་ཤེས་རབ་ལ་ཤེས་བཞིན་དང་བཏང་སྙོམས་མེད་པའི་ཕྱིར་རོ། །གལ་ཏེ་བཏང་སྙོམས་མེད་ན་ཅིའི་ཕྱིར་མ་བཀག་ཅེ་ན། ཉོན་མོངས་པ་ཅན་གྱི་བཞི་པ་ལ་དེ་བཀག་པའི་ཕྱིར་དོན་གྱིས་གསུམ་པ་ལ་ཡང་དེ་བཀག་པར་ཤེས་པར་འགྱུར་བའི་ཕྱིར་རོ། །ཉོན་


DTG210_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པས་དྲི་མ་ཅན་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལ། གང་གི་ཕྱིར་དྲི་མ་ཅན་དུ་ཡིན་པ་ནི་དུཿ་གྱི་བཏང་སྙོམས་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་བཏང་སྙོམས་ཡོངས་སུ་དག་པ་མེད་ལ། ཉོན་མོངས་པ་ཀུན་ཏུ་འབྱུང་བས་དེ་ཀུན་ཏུ་རྨོངས་པའི་ཕྱིར་དེའི་དྲན་པ་ནི་བརྗེད་ངས་པ་ཡིན་པའི་ཕྱིར་དྲན་པ་ཡོངས་སུ་དག་པ་ཡང་མེད་དོ། །དེ་ལྟ་བུ་ནི་བསམ་གཏན་བཞི་པའི་བསམ་གཏན་གྱི་ཡན་ལག་ཉིད་དོ། །ཁ་ཅིག་ཤིན་ཏུ་སྦྱངས་པ་བཏང་སྙོམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དག་ཉོན་མོངས་པ་ཅན་དག་ལ་ཡང་དགའ་བ་དང་དད་པ་དང་དྲན་པ་དང་ཤེས་བཞིན་དག་ཡན་ལག་ཏུ་འདོད་པ་དེ་དག་གི་ལྟར་ན་དང་པོ་དང་གསུམ་པ་དག་ནི་ཡན་ལག་བཞི་པ་ཡིན་ལ། གཉིས་པ་དང་བཞི་པ་དག་ཡན་ལག་གསུམ་པ་ཡིན་ནོ། །བསམ་གཏན་གསུམ་ནི་སྐྱོན་དང་བཅས་པའི་ཕྱིར་རོ། །ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲས་ཡན་ལག་དང་ལྡན་པ་ཡང་ཡིན་ཞེས་སྔར་གྱི་ཚུལ་བསྡུ་བར་བྱ་བའི་ཕྱིར་ནི་ཞེས་བྱ་བའི་སྒྲ་སྨོས་སོ། །བདེ་བ་ལ་སོགས་པ་བཞི་ཡིན་ནོ་ཞེས་བྱ་བ་ལ་ཇི་ལྟ་བ་ལ་བདེ་ལ་སོགས་པ་བཞི་བསམ་གཏན་གྱི་སྐྱོན་ཡིན་ཞེ་ན། སྡུག་བསྔལ་གྱི་རྒྱུ་ལུས་མ་རུངས་པ་སྤངས་པའི་ཕྱིར་རོ། །བསམ་གཏན་དང་པོ་ན་སྡུག་བསྔལ་གྱི་རྒྱུ་ཅན་ཡིད་མི་བདེ་བ་སྟེ། དེ་ལྟར་སྡུག་བསྔལ་དང་ཡིད་མི་བདེ་བ་དག་སྐྱོན་ཉིད་དོ། །གང་ཞིག་བདེ་བ་དང་ཡིད་བདེ་བ་དག་མངོན་དུ་གྱུར་པ་ལའོ། །དེ་ལྟར་རྟོག་པ་དང་དཔྱོད་པ་དང༌། དགའ་བ་དང་བདེ་བ་དག་གིས་ཞེས་བྱ་བ་ནི་འདི་དག་ཉིད་དང་དེ་མཚུངས་པར་ལྡན་པས་སོ། །དེ་ཅིའི་རྒྱུ་ལས་དེའི་སྐྱོན་ཉིད་དུ་རིག་ཅེ་ན། གཞན་དག་གིས་མ་ཡིན་གྱི་བཞི་པོ་དེ་དག་ཁོ་ན་མི་གཡོ་བའི་ཕྱིར་རོ། །བསམ་གཏན་བཞི་པ་ནི་མི་གཡོ་བ་སྟེ་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་རོ། །གཞན་དག་ན་རེ་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ལ། ཆོས་མངོན་པའི་ནི་མཚན་ཉིད་པ་སྟེ། འདི་ལྟར་བདེ་བ་དང་སྡུག་བསྔལ་དག་སྤངས་པའི་ཕྱིར་དང་གང་ཞིག་བདེ་བ་དང་ཡིད་བདེ་བ་ཡང་ནུབ་པའི་ཕྱིར་བསམ་གཏན་དང་པོ་ཉེ་


DTG210_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་སོ། །དེའི་ཕྱིར་ག་མྱ་སྟེ་ན། རྟོག་པ་དང་དཔྱོད་པ་དང་བདེ་བ་རྣམས་ཁོ་ན་སྐྱོན་ནོ་ཞེས་སོ། །ཅི་སྟེ་རྟོག་པ་དང་དཔྱོད་པ་དག་ཀོ་བ་རོ་དྷོ་ཡེ་ན་ཏདྦྷྱུ་པ་ག་མ་ཨིཥྡྱ་ཏ། རྣལ་འབྱོར་ཅན་རྣམས་ཀྱང་གང་མི་འདོད་ཀྱང་དམིགས་པ་དང་རྣམ་པ་གཞན་ལ་སེམས་མངོན་པར་རྒྱུག་པ་དེ་ནི་རྟོག་པ་དང་དཔྱོད་པའི་སྐྱོན་ཏེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བའི་རྩོལ་བ་དག་གིས་སེམས་གཡེང་བར་བྱེད་པས་ན་གཡོ་བ་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་གསུམ་པའི་བདེ་བ་ཞེས་བྱ་བ་ནི། དེ་ནི་དྲི་དང་རོ་མེད་པས་སྣ་དང་ལྕེའི་རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པའི་ཚོགས་པ་གཞན་མེད་པའི་ཕྱིར་ཞེས་བྱ་བ་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །དེ་མེད་ན་རྟོག་པ་དང་དཔྱོད་པ་མེད་དེ། དེ་དག་ནི་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་གཏན་གཉིས་པ་ལ་སོགས་པ་དག་ན་གཟུགས་དང་སྒྲ་དང་རེག་བྱའི་སྐྱེ་མཆེད་རྣམས་དམིགས་པ་དང་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པའི་སེམས་ཡོད་དོ་ཞེ་ན། དེར་སྐྱེས་པ་རྣམས་ལ་རྣམ་པར་ཤེས་པའི་ཚོགས་གསུམ་དང་རྟོག་པ་དང་དཔྱོད་པ་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །རང་གི་ས་པ་ཡང་ཡོད་པ་མ་ཡིན་ཞེས་བྱའོ། །སྤྲུལ་པའི་སེམས་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་ས་གོང་མར་སྐྱེས་པ་ས་འོག་མའི་སྤྲུལ་པའི་སེམས་མངོན་དུ་བྱེད་པ་དེ་བཞིན་དུ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་དང་སྒྲ་དང་རེག་བྱ་ལ་དམིགས་པར་འདོད་ཅིང༌། རྣམ་པར་རིག་བྱེད་ཀུན་ནས་སློང་བར་འདོད་པ་དག་བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་མངོན་དུ་བྱེད་དོ། །དགེ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཟག་པ་མེད་པ་དང་ཉོན་མོངས་ཅན་བསྡུའོ། །ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ་ཞེས་བྱ་བ་ནི། དཔེར་ན་འདོད་པའི་ཁམས་ལས་


DTG210_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བ་ལས་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་ལས་སྲིད་པའི་རྩེ་མོའི་བར་ལྟ་བུའོ། །ས་འོག་མར་སྐྱེས་པ་ལས་ཞེས་བྱ་བ་ནི་དཔེར་ན་སྲིད་པའི་རྩེ་མོ་ནས་འཆི་འཕོ་ཞིང་ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེ་བ་ནས། བསམ་གཏན་དང་པོར་སྐྱེ་བ་ན་ཐོབ་པའི་བར་ལྟ་བུའོ། །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སོགས་པ་དག་ནས་འཆི་འཕོ་བ་ས་འོག་མར་སྐྱེ་བ་ལ་ཡང་བརྗོད་པར་བྱའོ། །སྲིད་པའི་རྩེ་མོ་མ་གཏོགས་པ་ཞེས་བྱ་བ་ནི། དེ་ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བ་ཁོ་ན་ལས་ཐོབ་ཀྱི། ས་འོག་མ་སྐྱེས་པ་ལས་ནི་མ་ཡིན་ཏེ། དེ་ཡན་ཆད་ནས་གཞན་མེད་པའི་ཕྱིར་རོ། །བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་ལ་བསམས་ནས་དེ་སྐད་དུ་བཤད་ཀྱི། ཉེ་བར་བསྡོགས་ནི་དེ་དང་ལྡན་པ་འདོད་ཆགས་དང་མ་བྲལ་བས་ཀྱང་སྦྱོར་བ་ལས་ཐོབ་པོ། །དེ་དང་མི་ལྡན་ཞེས་ཅིའི་ཕྱིར་བརྗོད། འདོད་ཆགས་དང་བྲལ་སྐྱེ་བ་ལ་ནི་ཞེས་བྱ་བ་འདི་ཙམ་གྱིས་ཅི་ཆོག །གང་ལས་ན་དེ་དང་མི་ལྡན་ཞེས་ཁྱད་པར་དུ་བྱེད་པར་འགྱུར་ཞེ་ན། གང་གི་ཕྱིར་དག་པ་དང་ལྡན་པ་ཡང་སྦྱོར་བ་ལས་བསམ་གཏན་ནམ་གཟུགས་མེད་པའི་དངོས་དག་པ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཐོབ་ཅིང༌། ཡོངས་སུ་ཉམས་པ་ལས་ཉམས་པའི་ཆ་དང་མཐུན་པ་འཐོབ་པའི་ཕྱིར་རོ། །འདི་ལྟར་འདོད་ཆགས་དང་བྲལ་བ་ལས་དོར་བ་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་ནམ་གཟུགས་མེད་པ་འམ་དེ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དང་དེ་དང་ལྡན་པས་ཀྱང་འཐོབ་པོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཡོངས་སུ་ཉམས་པ་ལས་ཉམས་པའི་ཆ་དང་མཐུན་པ་འཐོབ་པས་སོ། །དེ་བཞིན་དུ་ཡོངས་སུ་ཉམས་པ་དང་སྐྱེ་བས་ཞེས་བྱ་བ་ལ། དགེ་བ་ཡོངས་སུ་ཉམས་པས་འཐོབ་པར་འགྱུར་ལ། ཡོངས་སུ་ཉམས་པས་འདོར་བར་འགྱུར་བ་ཡོད་དམ། བསམ་གཏན་དག་བ་པ་སྐྱེ་བས་འཐོབ་ལ། སྐྱེ་བས་འདོར་བ་ཡོད་དམ་ཞེན་ཞེའོ། །ཚངས་པའི་འཇིག་


DTG210_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདོད་ཆགས་དང་བྲལ་བས་འདོར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་ཚངས་པའི་འཇིག་རྟེན་ལས་འདོད་ཆགས་དང་བྲལ་བས་ཉམས་པའི་ཆ་དང་མཐུན་པའི་བསམ་གཏན་དང་པོ་ཉོན་མོངས་པ་དང་མཐུན་པའི་ཕྱིར་རོ། །དེའི་ས་པའི་ཉོན་མོངས་པ་བཞིན་དུ་འདོར་བའི་ཕྱིར་རོ། །དེའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ནས་ཡང་དེའི་ས་པའི་ཉོན་མོངས་པ་བཞིན་དུ་འཐོབ་པོ། །གང་ནས་ཚངས་པའི་འཇིག་རྟེན་པ་སྐྱེ་བ་ན་ཞེས་བྱ་བ་ལ། ཉམས་པའི་ཆ་དང་མཐུན་པས་གསུམ་དུ་ཡང་བསམ་གཏན་དང་པོ་ཐོབ་པ། དེ་བཞིན་དུ་ཁྱད་པར་མེད་པར་བརྗོད་པའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །སྲིད་པའི་རྩེ་མོ་ལས་ནི་གོང་དུ་སྲིད་པའི་རྩེ་མོ་སྐྱེ་བ་ན་ཞེས་བྱ་བ་མེད་པས་ཟག་པ་མེད་པ་ཉིད་ནི་བསམ་གཏན་ནམ་གཟུགས་མེད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཏེ། དེ་དང་མི་ལྡན་པ་ལ་འཐོབ་པོ། །ལྡན་པ་ལས་ཀྱང་ཟག་པ་མེད་པ་ཟད་པ་ཤེས་པ་ཐོབ་པ་ལས་མི་སློབ་པ་མ་ཐོབ་པ་ཐོབ་པོ། །དབང་པོ་འཐོབ་ལས་ཀྱང་དད་པས་མོས་པ་ཟག་པ་མེད་པ་དང་ལྡན་པ་ཁོ་ན་མཐོང་བས་ཐོབ་པར་གྱུར་ནས་སློབ་པ་སྔར་མ་ཐོབ་པ་ཐོབ་པོ། །དེ་བཞིན་དུས་ཀྱིས་རྣམ་པར་གྲོལ་བ་ཡང་མི་གཡོ་བ་རྟོག་པ་ན་མི་སློབ་པ་འཐོབ་པོ། །ངེས་པ་འཇུག་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་ཀྱང་ངེས་པར་འཇུག་པ་ན་དང་པོ་ཉིད་དུ་ཟག་པ་མེད་པ་འཐོབ་པ་མ་ཡིན་ཞེ་ན། མཐར་གྱིས་པ་མི་འཐོབ་པའི་ཕྱིར་གདོན་མི་ཟ་བར་མ་ཡིན་ཏེ་ཞེས་བྱ་བ་ནི་མཐར་གྱིས་པ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པས་དེ་བསམ་གཏན་གྱི་དངོས་གཞི་ཟག་པ་མེད་པ་མི་འཐོབ་པོ། །འཕགས་པས་ནི་གདོན་མི་ཟ་བར་འདོད་ཆགས་དང་བྲལ་བ་འཐོབ་པོ། །ཡང་ན་གདོན་མི་ཟ་བར་ཐོབ་པ་ཉིད་དེ་ལྟར་བཤད་དོ། །ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་བསམ་གཏན་དང་པོ་དེ་ལས་འདོད་ཆགས་དང་བྲལ་བ་ལས་བཏང་བ་ནི་ཡང་དེ་ལས་


DTG210_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བ་ཡོངས་སུ་ཉམས་པ་ལས་འཐོབ་པོ། །བསམ་གཏན་གཉིས་པ་ལ་སོགས་པ་ནས་བསམ་གཏན་པ་དང་པོར་སྐྱེ་ན་ཉོན་མོངས་པ་ཅན་གྱི་དང་པོ་འཐོབ་པོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པ་བྱའོ། །ཉོན་མངས་པ་ཅན་གྱི་སྲིད་པའི་རྩེ་མོ་ནི་དེ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ཁོ་ན་ལས་འཐོབ་ཀྱི་སྐྱེ་བ་ལས་ནི་མ་ཡིན་ནོ། །བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ཞེས་བྱ་བ་ནི་དག་པ་པ་དང་ཟག་པ་མེད་པ་ཞེས་བྱ་བར་སྦྱར་རོ། །ཟག་པ་མེད་པ་ལས་ཉོན་མོངས་པ་ཅན་མི་འབྱུང་སྟེ་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །ཐོད་རྒལ་གྱི་སྙོམས་པར་འཇུག་པ་གཅིག་རྒལ་བ་ཡིན་པས་གསུམ་པའི་གོང་མ་ནི་མི་སྐྱེའོ། །བསམ་གཏན་དང་གཟུགས་མེད་པ་གཞན་གྱི་མཇུག་ཐོགས་སུ་ཡང་རྫས་བཅུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་བཞི་པའི་མཇུག་ཐོགས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུའོ། །དེའི་རྟེན་དང་དམིགས་པ་འོག་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཤེས་འདོད་པའི་ཁམས་ལ་བརྟེན་པའི་ཕྱིར་དང༌། འདོད་པའི་ཁམས་ལ་དམིགས་པའི་ཕྱིར་ཆོས་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པར་སྙོམས་པར་མི་འཇུག་གོ །རྟེན་འོག་མ་ཉིད་ཀྱིས་གོང་མར་མི་སྐྱེ་བས་དེའི་མཇུག་ཐོགས་སུ་གཟུགས་མེད་པ་ལ་སྙོམས་པར་འཇུག་གོ །འོག་མ་ལ་དམིགས་པ་ཉིད་ཀྱི་འདིར་མི་སྐྱེའོ། །རྗེས་སུ་ཤེས་པའི་གཉི་ག་ལ་བརྟེན་པ་དང་ཁམས་གོང་མ་ལ་དམིགས་པས་དེ་འདིར་སྐྱེས་པ་དག་རྗེས་སུ་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་མི་འགལ་ལོ། །རང་གི་ས་པའི་ཉོན་མོངས་ཀྱང༌། །ཞེས་བྱ་བ་ནི་བསམ་གཏན་དང་པོ་དག་པ་དེའི་མཇུག་ཐོགས་སུ་བདུན་སྐྱེ་སྟེ། རང་གིས་པ་གསུམ་པོ་ཟག་པ་མེད་པ་དང༌། དག་པ་པ་དང༌། ཉོན་མོངས་ཅན་དང༌། བསམ་གཏན་གཉིས་པ་དང་གསུམ་པའི་ས་པ་དག་པ་པ་དང་ཟག་པ་མེད་པ་དག་གོ །དེ་བཞིན་དུ་ཅི་ཡང་མེད་པའི་སྐྱེ་མཆེད་དག་པ་པའི་མཇུག་ཐོགས་སུ་བརྒྱད་དོ། །


DTG210_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གཉིས་པའི་མཇུག་ཐོགས་སུ་ནི་དགུའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ནི་བཅུའོ། །དེ་བཞིན་དུ་བསམ་གཏན་དང་གཟུགས་མེད་པ་གཞན་གྱི་མཇུག་ཐོགས་སུ་ནི་བཅུ་གཅིག་གོ །ཟག་པ་མེད་པའི་མཇུག་ཐོགས་སུ་ནི་ཉོན་མོངས་པ་ཅན་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་ཉོན་མོངས་པའི་འཇུག་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །གཞན་ཡང་དག་པ་པ་ཡང་ཐམས་ཅད་ཀྱི་མཇུག་ཐོགས་སུ་མི་སྐྱེ་ཞེ་ན། ཟག་པ་མེད་པ་ལ་ལྟ་ཅི་སྨོས་ཏེ། དེ་སྐད་དུ་ཡང་དག་པ་རྣམ་པ་བཞི་ཞེས་འཆད་དོ། །རང་གི་ས་པའི་དག་པ་པ་དང་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི། རང་གི་ས་པའི་ཟག་པ་མེད་པ་མ་ཡིན་ལ། ས་གོང་མ་བའི་དག་པ་པའམ། ཉོན་མོངས་པ་ཅན་ཡང་མ་ཡིན་པའོ། །ས་འོག་མ་པ་ནི་དག་པ་པ་གཅིག་པུ་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་ལ་ཟག་པ་མེད་པ་མ་ཡིན་ནོ། །ཉོན་མོངས་པས་གཟིར་བ་ནི་ཞེས་བྱ་བ་ནི་ཉོན་མོངས་པས་ས་ཟིལ་གྱིས་མནན་པའོ། །དགེ་བ་ལས་འཕོས་པ་ཡིན་གྱི་ཞེས་བྱ་བ་ནི་སྡིག་པ་བྱེད་པ་ལྟན་དེ་དེའི་ཡང་དག་པའི་ལྟ་བ་ཡིན་པས་དེ་ནི་དགེ་བ་ཁོ་ན་ཡིན་གྱི་ཉོན་མོངས་པ་ཅན་ནི་མ་ཡིན་ནོ། །ཟག་པ་མེད་པ་ནི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་རྣམ་པ་ཐམས་ཅད་དུ་མི་སྐྱེའོ་ཞེས་བྱ་བ་ནི་རང་གིས་པ་མ་ཡིན་ལ་ས་འོག་མ་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཆི་འཕོ་བའི་ཚེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཆི་འཕོ་བའི་ཚེ་ཞེས་བྱ་བ་ནི་འཆི་བའི་སྲིད་པའི་གནས་སྐབས་ཡིན་ལ། དེ་ཡང་མ་ཉམ་པར་གཞག་པ་ཡིན་པས་དེ་སྐྱེ་བའི་བསམ་གཏན་དག་པ་པ་སྲིད་པ་ཡོད་དོ། །བསམ་གཏན་དག་ཏུ་སྐྱེས་པའི་སྐྱེ་བས་ཐོབ་བའི་དགེ་བ་མཉམ་པར་གཞག་པ་གང་ཡིན་པ་དེ་ཡང་བསམ་གཏན་དག་བ་པ་ཞེས་བྱའོ། །དེའི་མཇུག་ཐོགས་སུ་རང་དང་གོང་མ་དང་འོག་མའི་ས་པ་ཉིང་མཚམས་སྦྱོར་བའི་སེམས་མཉམ་པར་གཞག་པ་ཉོན་མོངས་པ་ཅན་སྐྱེ་སྟེ། དགེ་བའི་སེམས་ཀྱིས་འཆི་འཕོ་ན་འགར་ཡང་ཉིང་མཚམས་སྦྱོར་བ་ལ་གནོད་པ་མེད་པའི་ཕྱིར་རོ། །དེ་ལས་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་དང་མ་བྲལ་བ་


DTG210_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་དགེ་བའི་སེམས་ཀུན་ཏུ་སྤྱོད་པར་འགྱུར་བས་དེའི་ཕྱིར་སྐྱེ་བས་ཐོབ་པའི་དག་པ་པའི་མཇུག་ཐོགས་སུ་ཐམས་ཅད་པའི་ཉོན་མོངས་པ་ཅན་སྐྱེའོ་ཞེས་བྱ་བ་སྨོས་ཏེ། ས་གོང་མ་པ་མ་ཡིན་ཞེས་བྱ་བ་ནི་ས་འོག་མའི་འདོད་ཆགས་དང་བྲལ་བ་རྣམས་སྔར་བསྐྱེད་པ་དེས་རང་གི་ས་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །སྲིད་པའི་རྩེ་མོ་ནི་རྣམ་པ་གསུམ་ཡིན་ཏེ། ཁྱད་པར་གྱི་ཆ་དང་མཐུན་པ་མ་གཏོགས་སོ་ཞེས་བྱ་བ་ལ་སྲིད་བའི་རྩེ་མོ་ན་ནི་མཐོང་བའི་ལམ་དང་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ། ཟག་པ་མེད་པ་དང་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡོད་ཀྱི་ཁྱད་པར་གྱི་ཆ་དང་མཐུན་པ་ནི་མ་ཡིན་ཏེ་གོང་ནས་གཞན་མེད་པའི་ཕྱིར་རོ། །ཉམས་པའི་ཆ་དང་མཐུན་པ་ནི་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ་ཞེས་བྱ་བ་ནི། དེ་ལས་ཉོན་མོངས་པ་ཅན་གདོན་མི་ཟ་བར་སྐྱེ་བ་ནི་མ་ཡིན་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །གཞན་དག་ན་རེ། གང་དུ་གནས་པ་ཡོངས་སུ་ཉམས་པ་དེ་ཉམས་པའི་ཆ་དང་མཐུན་པ་ཡིན་གྱི་གནས་པའི་ཆ་དང་མཐུན་པ་མ་ཡིན་ནོ། །གང་དུ་གནས་པ་མི་ཉམས་ཤིང་འཕེལ་བ་མ་ཡིན་པ་ནི་ཁྱད་པར་གྱི་ཆ་དང་མཐུན་པའོ། །གང་དུ་ཁྱད་པར་གཞན་ཡིན་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟེ། གང་གི་མཇུག་ཐོགས་སུ་འཕགས་པའི་ལམ་ལ་མངོན་དུ་ཕྱོགས་པར་བྱེད་པའོ་ཞེས་ཟེར་ཏེ། གཞན་དག་ན་རེ་དབེན་པ་ངེས་པར་འབྱེད་བའི་ཆ་དང་མཐུན་པ་སྟེ། གང་གི་མཇུག་ཐོགས་ངེས་པ་ལ་འཇུག་པའོ་ཞེས་ཟེར་རོ། །ཁྱད་པར་འདི་ནི་གང་འགའ་ཞིག་འཕགས་པའི་ལམ་མངོན་དུ་ཕྱོགས་པར་བྱེད་པ་འདི་དག་ཐམས་ཅད་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །གང་གི་ཕྱིར་ཅིག་ཤོས་མཇུག་ཐོགས་ཉིད་ན། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཁོ་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པར་འགྱུར་རོ། །གནས་པའི་ཆ་དང་མཐུན་པ་ལས་འདས་པ་མ་ཡིན་ཏེ། དེའི་ཕྱིར་ཁྱད་པར་གྱི་ཆ་དང་མཐུན་པ་སྐྱེ་བ་དེ་ནི་གནས་པའི་ཆ་དང་མཐུན་པ་ལ་རག་ལས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་


DTG210_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྲིད་པ་བཞིན་བརྗོད་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་ནི་དེ་གཅིག་བུ་སྐྱེའོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁོ་ནའོ། །གཞན་དག་ན་རེ་ཁྱད་པར་གྱི་ཆ་དང་མཐུན་པ་ཡང་སྐྱེའོ་ཞེས་ཟེར་རོ། །ཟག་པ་མེད་པ་ལས་ལྡང་བའི་ཚེ་དག་པ་པ་གང་མངོན་སུམ་དུ་བྱེད་ཅེ་ན། ཉམས་པའི་ཆ་དང་མཐུན་པ་མ་གཏོགས་པ་རྣམ་པ་གསུམ་ཀ་ཡང་ངོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ན་རེ་ཁྱད་པར་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁོ་ནའོ་ཞེས་ཟེར་རོ། །ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁོ་ན་སྟེ་བསྟན་པའི་ཕྱིར་རོ། །ཉོན་མོངས་པ་མེད་པའི་ཕྱིར་དང༌། ཏིང་ངེ་འཛིན་ལ་དབང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་ནི་དགྲ་བཅོམ་པ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་དབང་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་བསམ་གཏན་བཞི་པའི་བར་གྱི་མཐའ་ཐོབ་པ་དང་ལྡན་པའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་གི་ས་དང་ས་འོག་མར་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཟག་པ་དང་བཅས་པ་ནི་སྲིད་པའི་རྩེ་མོ་མ་གཏོགས་པ་ས་བརྒྱད་ལ་བརྟེན་ནོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ས་བདུན་ལ་བརྟེན་པ་ནས་བསམ་གཏན་དང་པོ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་འདོད་པ་དང༌། བསམ་གཏན་དང་པོ་ལ་བརྟེན་པའི་བར་ཡིན་ནོ། །རང་གི་མེད་པའི་ཕྱིར་དང་དེ་ཡང་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་མེད་པར་དགྲ་བཅོམ་པ་ཉིད་འཐོབ་པ་མེད་ལ། སྲིད་པའི་རྩེ་མོ་བའི་ཟག་པ་མེད་པ་ཡང་མེད་པས་དེར་སྐྱེས་པ་དགྲ་བཅོམ་པ་ཉིད་ཐོབ་པ་གང་ཡིན་པ་དེས་ལམ་འོག་མ་མངོན་སུམ་དུ་བྱེད་པ་ལ་ཉེས་པ་མེད་དོ། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་པ་ཁོ་ན་མངོན་སུམ་དུ་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། དེ་ཐག་ཉེ་བའི་ཕྱིར་ཏེ་གོམས་པར་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྲིད་པའི་རྩེ་མོ་བཞིན་ཅི་ཡང་མེད་པའི་སྐྱེ་མཆེད་ཟག་པ་མེད་པ་ཡང་ས་དགུ་


DTG210_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་པ་ཡིན་ནོ། །སྲིད་པ་སྨོས་པས་ནི་ཟག་པ་དང་བཅས་པའི་དངོས་པོ་བཟུང་ངོ་ཞེས་བྱ་བ་ནི། མདོ་ལས་སྲིད་པའི་ཆོས་རྣམས་ཞེས་གསུངས་པའི་ཕྱིར་རོ། །སྲེད་པས་ཡོངས་སུ་བཅད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྲེད་པ་ནི་རང་གི་ས་པའི་སའི་དམིགས་པ་ལས་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ས་ཡོངས་སུ་གཅོད་དེ། དཔེར་ན་གད་ལ་འདོད་པའི་སྲེད་པ་རྒྱས་པར་འགྱུར་བ་དེ་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་ཟག་པ་མེད་པ་ལ་དམིགས་པ་ནི་སྲེད་པ་ཡིན་པར་མི་རིགས་ཏེ་སྤང་བྱའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་གྱིས་སྲེད་པ་ནི་མ་ཡིན་ནོ། །གཟུགས་མེད་དངོས་གཞི་ཞེས་བྱ་བ་ལ། སྲིད་པ་སྨོས་པས་ཟག་པ་དང་བཅས་པའི་དངོས་པོ་ལ་དམིགས་པ་ཞེས་བྱ་སྟེ། ས་འོག་མ་རབ་ཏུ་མ་ཞི་བ་ཡིན་པའི་ཕྱིར་དང༌། དེ་དག་ཤིན་ཏུ་རབ་ཏུ་མ་ཞི་བ་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དམིགས་པ་ལས་འདས་པས་གཟུགས་མེད་པ་ལས་རྣམ་པ་ཐམས་ཅད་དུ་འདས་པ་ཞེས་བཤད་ཀྱི་བསམ་གཏན་ལ་ནི་མ་ཡིན་ཏེ། བསམ་གཏན་དག་ནི་དམིགས་པ་ལས་འདའ་བ་མེད་པས་ཀུན་ནས་ལྟ་བ་ཡིན་པའི་ཕྱིར་རོ། །དམིགས་པ་ཟག་པ་མེད་པ་ནི་རང་གི་ས་དང་ས་གོང་མ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ས་འོག་མ་པ་ཡང་ཡིན་ནོ། །དེ་ཡང་ཆོས་དང་རྗེས་སུ་ཤེས་པའི་ཕྱོགས་དང་མ་ཐུན་པ་རྣམ་པ་གཉིས་ཡིན་པས་དེའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ཅེས་བྱ་བ་སྨོས་སོ། །རང་གི་གཉེན་པོ་ལ་དམིགས་པའི་ཕྱིར་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཁོ་ན་དེ་དག་གི་དམིགས་པ་ཡིན་གྱི། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ནི་མ་ཡིན་ནོ། །ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཡང་འགའ་ཞིག་གཉེན་པོ་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དམིགས་པ་ཟག་པ་མེད་པ་ནི་ཞེས་ཁྱད་པར་མེད་པ་སྨོས་པས་ས་འོག་མའི་འགོག་པ་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་ས་འོག་མའི་ས་


DTG210_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ་དགག་བྱའི་སྒོ་ནས་དེ་ལ་དམིགས་པའི་ཕྱིར་རོ། །དངོས་གཞི་བཀག་པས་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེར་བསྡོགས་དག་གི་བར་ཆད་མེད་པའི་ལམ་གང་དག་ཡིན་པ་དེ་དག་གི་དམིགས་པ་ནི་ས་འོག་མ་ཡིན་ནོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་བསམ་གཏན་བཞི་པ་ཡིན་ལ་སྲིད་པའི་རྩེ་མོའི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་པའི་བར་དུའོ། །རྣམ་པ་གསུམ་པོ་འདི་དག་ལས་ཞེས་བྱ་བ་ནི་དག་བ་པ་དང་ཟག་པ་མེད་པ་དང་ཉོན་མོངས་པ་ཅན་རྣམས་སོ། །ཉོན་མོངས་པ་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི། རང་ཉིད་དྲི་མ་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ཡང་མ་ཡིན་ལ་ཞེས་བྱ་བ་ལ། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་དག་པ་པས་ས་འོག་མ་པའི་ཉོན་མོངས་པ་རྣམས་མི་སྤོང་སྟེ། དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ཉིད་དེའི་གཉེན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་ས་ན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ཉིད་དེའི་གཉེན་པོ་ཡིན་པར་ནི་མི་རིགས་ཏེ། སྲོག་ཆགས་ཐམས་ཅད་ལ་ཉོན་མོངས་པ་མེད་པར་ཐལ་བའི་ཕྱིར་དང༌། དེའི་ཉོན་མོངས་པ་དག་གིས་གཅིག་ཏུ་འཆིང་བའི་ཕྱིར་རོ། །ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་གོང་མ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དམན་བས་ཁྱད་པར་དུ་འཕགས་པ་སྤོང་བ་ནི་མི་རིགས་ཏེ། དེ་ལྟ་མ་ཡིན་ན་འདོད་པའི་ཁམས་ཀྱིས་ཀྱང་བསམ་གཏན་དང་པོ་སྤོང་བར་ཐལ་བར་འགྱུར་རོ། །ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དེས་ས་འོག་མ་ལས་འདོད་ཆགས་དང་བྲལ་བར་འགྱུར་བས་ན་ས་འོག་མའི་གཉེན་པོའོ། །འཇུག་པ་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་མངོན་སུམ་དུ་བྱེད་པའོ། །ཅི་དེ་དག་ཀྱང་རྣམ་པ་གསུམ་ཡིན་ལ་ཞེས་བྱ་བ་ནི། དག་པ་པ་དང་ཟག་པ་མེད་པ་དང་ཉོན་མོངས་པ་ཅན་ནོ། །དེ་དག་ལ་ཚོར་བ་ཡང་


DTG210_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་འདྲ་བར་ཡོད་དམ་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང་གཉིས་པའི་ཉེར་བསྡོགས་ན་དགའ་བ་དང༌། བསམ་གཏན་གསུམ་པའི་ཉེར་བསྡོགས་ན་བདེ་བ་དང༌། བསམ་གཏན་བཞི་པའི་ཉེར་བསྡོགས་ན་བཏང་སྙོམས་ཡོད་དམ་ཞེས་བྱ་བའོ། །འབད་དེ་དྲང་བར་བྱ་བའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་ལྡན་པ་ཡིན་ཏེ། མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ལམ་ཡིན་པའི་ཕྱིར་དགའ་བ་དང་བདེ་བ་དག་དང་མཚུངས་པར་ལྡན་པ་ཡིན་གྱི་འབད་དེ་དྲང་བར་བྱ་བ་ནི་མ་ཡིན། ས་འོག་མ་ལས་ཀྱང་བྱུང་བ་དང་མ་བྲལ་བའི་ཕྱིར་ཡང་དགའ་བ་དང་བདེ་བ་མེད་པས་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ། །མྱང་བ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་བྲལ་བའི་ལམ་ཉིད་དུ་མི་རུང་ངོ༌། །སྲེད་པ་དང་བཅད་པས་ནི་ཉོན་མོངས་པ་སྤོང་བ་བྱེད་ནུས་པ་མ་ཡིན་ནོ། །དང་པོ་འཕགས་པའང་ཞེས་བྱ་བ་ལ། དེས་ནི་རང་གིས་པས་ཀྱང་ཡིད་འབྱུང་བ་དང་ལྡན་པས་ཟག་པ་མེད་པ་ཡིན་ནོ་ཞེས་ཁ་ཅིག་གོ །ཁ་ཅིག་ན་རེ་ས་དེ་ལས་ཉེ་བར་འཚེ་བ་མང་དུ་འབྱུང་སྟེ་འདོད་པའི་ཁམས་དང་ཉེ་བའི་ཕྱིར་དང་འདོད་པའི་འདོད་ཆགས་ཀྱི་ཀུན་ཏུ་རྟོགས་པ་འབྱུང་བའི་ཕྱིར་དང་ཀུན་ཏུ་རྟོགས་པ་རྣམས་ཀྱང་དེ་ལ་རྗེས་སུ་འབྲེལ་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ། བསམ་གཏན་དང་པོ་ལ་སོགས་པའི་མཚན་ཉིད་ལས་རང་གི་ས་དང་བཅས་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་ནི་ལམ་སླ་བས་འཐོབ་པོ། །དེ་བོར་ནས་ལམ་དཀའ་བས་ངེས་པར་འབྱུང་ངོ་ཞེས་རིགས་སོ། །དེའི་ཕྱིར་ཟག་པ་མེད་པ་རྣམས་བདུན་མ་ཡིན་ཞེས་བྱ་བར་ངེས་སོ། །དང་པོ་ནི་གཞན་ལ་བརྟེན་པ་སྲིད་བས་ཟག་པ་མེད་པར་ཡང་འགྱུར་པས་ན་སྐྱོན་མེད་དོ་ཞེས་ཟེར་རོ། །འོ་ན་བྱེ་བྲག་ཏུ་བཤད་པ་ལས་ཉེར་བསྡོགས་ཀྱི་མཚམས་སྦྱོར་བའི་སེམས་དང་སེམས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་ཇི་ལྟར། ཉོན་མོངས་པ་ཅན་མ་ཡིན་པ་སེམས་ལ་མཚམས་སྦྱོར་བ་མེད་པས་


DTG210_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྡོགས་རྣམས་རོ་མྱང་བ་དང་མཚུངས་བར་ལྡན་པར་ཐལ་བར་འགྱུར་རོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ། དེ་རྣམས་ལ་ནི་མཉམ་པར་གཞག་པ་ལ་ཉོན་མོངས་པ་བཀག་གོ །སྐྱེ་བ་ལ་ཉོན་མོངས་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་ཉེར་བསྡོགས་ཀྱི་སེམས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཁ་ཅིག་གསུམ་ཞེས་བྱ་བ་ནི་རོ་མྱང་བའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །དོན་ཐ་དད་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉེར་བསྡོགས་རྣམས་ནི་དངོས་གཞི་ལ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་ལྟར་བསམ་གཏན་དང་པོ་ན་ལ་ལན་རྟོག་པ་དང་ད་ཕྱོད་པ་ཡོད་པ། ལ་ལ་ན་དཔྱོད་པ་ཁོ་ན་ཡོད་པ་དེ་ལྟར་གཉིས་པ་ལ་སོགས་པ་དག་ལ་མ་ཡིན་པས་དེར་བསམ་གཏན་ཁྱད་པར་ཅན་མ་བརྗོད་དོ། །ཡང་རྟོག་པ་དང་དཔྱོད་པ་ལས་འདས་པའི་ཕྱིར་བསམ་གཏན་གཉིས་པ་དང་དཔྱོད་པ་ལས་མ་འདས་ཤིང་རྟོག་པ་ཉེ་བར་ཞི་བ་ནི་བསམ་གཏན་ཁྱད་པར་ཅན་ནོ། །བསམ་གཏན་གཉིས་པ་ལ་སོགས་པ་ལ་ནི་ཁྱད་པར་ཅན་མི་རིགས་ཏེ། དགའ་བ་བཀག་པ་ལ་འགོག་པར་བྱ་བ་གཞན་མ་ཡིན་ནོ། །དེ་ཡོད་པ་མཚན་ཉིད་ལས་འདས་པའི་ཕྱིར་བསམ་གཏན་གསུམ་པ་ཉིད་དང་གསུམ་པ་ལ་ཡང་བདེ་བ་ལས་འདས་པའི་མཚན་ཉིད་ཀྱི་ཕྱིར་བཞི་པའོ་ཞེས་བརྗོད་པར་བྱའོ། །ཇི་ལྟར་དང་པོ་ལ་རྟོག་པ་ཙམ་སྐྱོན་དུ་བསྟན་པ་དེ་ཉིད་ཀྱི་དེ་ཙམ་ལས་འདས་པའི་ཕྱིར་དེ་ཁྱད་པར་ཅན་ཉིད་དེ་ཅིག་ཤོས་ནི་དེ་ལྟ་མ་ཡིན་ནོ། །ལམ་གང་གིས་ས་གོང་མའི་ཉེར་བསྡོགས་ལ་མ་བརྟེན་པར་དགའ་བ་དང་བདེ་བ་འགོག་པ་ཐོབ་པ་དེ་ཁྱད་པར་ཅན་ཉིད་ཀྱི་ཕྱིར་དེའི་མཇུག་ཐོགས་སུ་འགྱུར་རོ། །འོ་ན་མདོ་ལས་མདུན་ཁོ་ན་ལ་བརྟེན་པར་གསུངས་པ་མ་ཡིན་ནོ། །ཅིའི་ཕྱིར་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དག་དམིགས་ཤེ་ན། མདོ་ལས་མི་ལྕོགས་པ་མེད་པ་ཁོ་ན་རེ་ཞིག་མ་གཏོགས་པར་བཤད་དོ། །བསམ་གཏན་དང་པོ་ལ་སོགས་པ་ཁོ་ན་ཉེ་བར་བསྒྲུབས་ཏེ་གནས་པ་མ་ཡིན་གྱི། ཤེས་རབ་ཀྱིས་ལྟ་བའི་ཟག་པ་ཡོངས་སུ་


DTG210_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་གྱུར་པའོ་ཞེས་སོ། །རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་བསྟན་པའི་ཕྱིར་བསམ་གཏན་ཁྱད་པར་ཅན་དམིགས་སོ། །བསམ་གཏན་དང་པོ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའོ་ཞེས་གསུངས་ཤིང༌། གཉིས་པ་ནི་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བའོ་ཞེས་བྱ་བ་སྟེ། བསམ་གཏན་གཉིས་པ་ལ་སོགས་པ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ནོ། །དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་སྐབས་ཅི་ཞེ་ན། བསམ་གཏན་ཁྱད་པར་ཅན་གྱི་གནས་སྐབས་སུ་འགྱུར་རོ། །ཚངས་པ་ཆེན་པོ་བདག་པོར་རྒྱུ་ཅི་སྙམ་དུ་འགྱུར་པ་ལས། གཞན་དུ་ཏིང་ངེ་འཛིན་གྱི་ཁྱད་པར་ལས་བསམ་གཏན་གྱི་ཁྱད་པར་ཡང་ཡོད་དོ་ཞེས་སོ། །བཅོམ་ལྡན་འདས་ཀྱིས་ན་གང་མི་ལྕོགས་པ་མེད་པ་ལས་བསམ་གཏན་ཁྱད་པར་ཅན་དེར་མ་གསུངས་པ་ནི་དེ་བསམ་གཏན་དང་པོས་བསྡུས་པའི་ཕྱིར་རོ། །བསམ་གཏན་དང་པོ་སྨོས་པས་དེ་ཉིད་སྨོས་སོ་ཞེས་བྱ་སྟེ། གང་འདི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། དེ་ཉེར་བསྔོགས་ཀྱི་ཁྱད་པར་གྱི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདིས་མཉམ་པར་གཞག་པའི་ས་ཐམས་ཅད་མི་ལྕོགས་པ་མེད་པས་ན་མི་ལྕོགས་པ་མེད་པ་ཞེས་བྱའོ་ཞེས་ཟེར་རོ། །མི་ལྕོགས་པ་མེད་པ་དངོས་གཞིའི་སའི་སྙོམས་པར་འཇུག་པའི་ཡུལ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་མངོན་དུ་མ་བྱས་པར་ཞེས་བྱ་བའི་དོན་ཏོ། །རོ་མྱང་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་སྐྱེ་བའི་གནས་ཡིན་པ་དེའོ། །དེ་ལ་རོ་མྱང་བ་ནི་ཚངས་པ་དེར་སྐྱེས་པའི་ཕྱིར་རོ། །དངོས་གཞིའི་ས་ལ་སྲེད་པ་ཁོ་ན་དེ་རོ་མྱང་བ་སྟེ། རོ་མྱང་བའི་ཁྱད་པར་བཞིན་དེ་ལ་རོ་མྱང་བའི་ཁྱད་པར་ལ་རག་ལས་པ་སྒྲུབ་པར་ནུས་པ་མེད་དོ། །དེ་བདེ་མིན་སྡུག་མིན་ཞེས་བྱ་བ་ལ། དེ་ན་རྣམ་པར་ཤེས་པའི་ཚེགས་གསུམ་མེད་པའི་ཕྱིར་བདེ་བ་མེད་ལ། ཞི་གནས་དམན་པ་ཉིད་ཀྱིས་མངོན་པར་འདུ་


DTG210_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་བཅས་པས་དྲང་བ་དག་མ་ཡིན་པའི་ཕྱིར་དགའ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་ལམ་དཀའ་བ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་སྡུག་བསྔལ་དང་ཡིད་མི་བདེ་བ་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཚུངས་པར་ལྡན་པ་ཉིད་དེ་ཞེས་བྱའོ། །ཡུལ་ལྔ་ཞེས་བྱ་བ་ནི་ཡུལ་རྣམས་ཤིན་ཏུ་འཕྲོག་པར་བྱེད་པ་ཉིད་ཡིན་པས་དེ་ལྟར་དབང་པོ་རྣམས་མ་ཡིན་པས་ཡུལ་སྨོས་སོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་བ་དང་མི་རྟག་པ་ཉིད་དོ། །གཞན་དག་ན་རེ་མཚན་མའི་སྒྲ་ནི་རྒྱུའི་རྣམ་གྲངས་ཏེ། འདི་ལ་ཡུལ་ཆོས་མཚན་མ་མེད་ཅིང་རྒྱུ་མེད་པ་ཡོད་པས་ན་མཚན་མ་མེད་པ་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ན་རེ་དུས་ཀྱི་མཚན་མ་དང་བྲལ་བའི་ཕྱིར་ན་མྱ་ངན་ལས་འདས་པ་མཚན་མ་མེད་པ་ཡིན་ལ། དེའི་ཡུལ་ཅན་གྱི་ཏིང་ངེ་འཛིན་མཚན་མ་མེད་པའོ་ཞེས་ཟེར་རོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ་ཞེས་བྱ་བ་ནི། གང་གི་ཕྱིར་ཏིང་ངེ་འཛིན་བདག་མེད་པ་དང༌། སྟོང་པའི་རྣམ་པ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཉེ་བ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ཡང་རྣམ་པ་གཉིས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་བདག་མེད་པའི་རྣམ་པ་ནི་བདག་ཏུ་ལྟ་བའི་གཉེན་པོ་ཡིན་ལ། སྟོང་པའི་རྣམ་པ་ནི་བདག་གིར་ལྟ་བའི་གཉེན་པོ་ཡིན་ནོ། །འདིར་ཇི་ལྟར་ཆོས་དེ་བདག་མེད་པའི་རྣམ་པ་དེ་ལྟར་མེད་པའི་རྣམ་པ་དང༌། ཇི་ལྟར་བདག་མེད་པའི་རྣམ་པ་དེ་ལྟར་སྟོང་པའི་རྣམ་པའོ། །བདེན་པའི་རྣམ་པ་ལྷག་མ་དག་དང་མཚུངས་པར་ལྡན་པའོ་ཞེས་བྱ་བ་ནི་སྟོང་པ་དང་བདག་མེད་པའི་རྣམ་པ་དག་དང་འགོག་པའི་རྣམ་པ་རྣམས་ལས་གཞན་པ་བདེན་པའི་རྣམ་པ་གང་དག་ཡིན་པ་དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཏེ། རྣམ་པ་བཅུ་པ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་སྟེ་གཉིས་དང༌། ཀུན་འབྱུང་བ་དང་ལམ་རེ་རེ་ལ་རྣམ་བཞི་བཞིའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་འབྱུང་བའི་ཕྱིར་དང་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་


DTG210_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བ་དེའི་རྒྱུ་ཀུན་འབྱུང་ནི། མི་རྟག་པ་དང་སྡུག་བསྔལ་དང་དེའི་རྒྱུ་དག་སྟེ། དེ་དག་གིས་ཡིད་འབྱུང་བའི་ཕྱིར་རོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་དག་གིས་སྡུག་བསྔལ་ལས་ཡིད་འབྱུང་ལ། རྒྱུ་དང༌། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་དག་གིས་ཀུན་འབྱུང་བ་ལས་ཡིད་བྱུང་ངོ༌། །གཟིངས་ལྟ་བུ་ཞེས་བྱ་བ་ནི་འདི་ལ་གཟིངས་དང་འདྲ་བ་ཡོད་པས་དེ་ནི་གཟིངས་ལྟ་བུའོ། །དེའི་དངོས་པོ་ནི་གཟིངས་ལྟ་བུ་ཉིད་དེ། འཁོར་བའི་རྒྱ་མཚོ་ལས་བརྒལ་བ་དང་འབྲེལ་པས་ན་ལམ་ནི་གཟིངས་ལྟ་བུའོ། །ཇི་ལྟར་འདི་ལ་གཟིངས་དང་འདྲ་བ་ཡོད་པ་སྟེ་སྟོན་པ་ནི་དོར་བར་བྱེད་པ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དཔེར་ན་གཟིངས་ལ་བརྟེན་ནས་ཆུ་བོ་རྒལ་བ་ནི་དེ་ལ་གནས་པ་མ་ཡིན་ཞིང་དོན་བྱས་ཟིན་ཏེ་གཟིངས་འདོར་བ་དེ་དང་འདྲའོ། །དེ་དག་ལས་འདའ་བ་མངོན་དུ་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི། སྡུག་བསྔལ་དང་ཀུན་འབྱུང་བ་དང༌། ལམ་རྣམས་ལས་འདའ་བར་མངོན་དུ་ཕྱོགས་པ་ནི་དེ་དག་ལས་འདའ་བ་མངོན་དུ་ཕྱོགས་པའོ། །དེའི་དངོས་པོ་ནི་དེ་ལས་འདའ་བར་མངོན་དུ་ཕྱོགས་པ་ཉིད་དེ་དེའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། གང་གི་ཕྱིར་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་མི་དགའ་ཞིང་དེ་དག་ལས་འདའ་བར་མངོན་དུ་ཕྱོགས་པ་སྟེ་དེའི་ཕྱིར་སྨོན་པ་མེད་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ལ། སྡུག་བསྔལ་གྱི་བདེན་པ་སྟོང་པ་དང༌། བདག་མེད་པའི་བདེན་པ་དག་གིས་འཛིན་མོད་ཀྱི། སྡུག་བསྔལ་གྱི་བདེན་པ་དེ་ལ་ཡིད་འབྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ། །སྟོང་པ་དང་བདག་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཡང་མཚན་ཉིད་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་སྟོང་པ་དང་བདག་མེད་པར་བཟུང་བཞིན་པ་ལས་ནི་ཡིད་འབྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་དེ་དག་གི་རྣམ་པ་ཅན་མ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་


DTG210_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་འདི་དག་གི་མཚན་ཉིད་དང་མཚན་ཉིད་གཅིག་པ་རྣམས་ཀྱང་རིམ་པ་བཞིན་དུ་གཉེན་པོ་དང་དམིགས་པ་དང་བསམ་པའི་སྒོ་ནས་གསུམ་ཉིད་དུ་སྒྲུབ་པར་བྱེད་དེ། རེ་ཞིག་སྨོན་པ་མེད་པ་ནི་བསམ་པའི་སྒོ་ནས་སྲིད་པ་གསུམ་ལ་སྨོན་པ་མེད་པ་སྟེ་དེ་ལ་སོགས་པ་དགུ་ཉིད་དུ་རིག་པའི་ཕྱིར་རོ། །ཡང་ཅི་ལྟར་འཕགས་པའི་ལམ་ལ་བསམ་པའི་སྒོ་ནས་སྨོན་པ་མེད་ཅེ་ན། དེ་ཡང་སྲིད་པ་ལ་བརྟེན་པ་དང་རག་ལས་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྒོམ་པར་བྱེད་ཅེ་ན་རིག་པ་ལ་སོགས་པའི་རྣམ་པ་དག་གིས་སྒྲུབ་པར་བྱེད་དེ། དེས་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་དེ་མེད་པར་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ། །གཟིངས་ལྟ་བུ་ཉིད་ངེས་པར་དོར་བར་བྱ་བ་ཡིན་པའི་ཕྱིར་དེ་ལས་ཀྱང་ཡིད་འབྱུང་བར་བྱེད་དོ། །དགེ་དང་དྲི་མ་མེད་ཅེས་བྱ་བ་ལ། །དགེ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་བའི་གནས་སྐབས་སོ། །འཇིག་རྟེན་པ་རྣམས་ནི་ས་བཅུ་གཅིག་ན་ཡོད་དོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་བརྒྱད་ནའོ། །འཇིག་རྟེན་ལས་འདས་པ་རྣམས་ནི་གང་ན་ལམ་ཡོད་པ་ན་ཡོད་དོ་ཞེས་བྱ་བ་ནི། འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་མ་གཏོགས་པ་ས་གཞན་དགུ་ནའོ། །དེ་དག་དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཞེས་བྱ་བ་ནི་རྣམ་པར་ཐར་བའི་སྒོ་ནི་ཟག་པ་དང་བཅས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །རྣམ་པར་ཐར་བའི་སྒོ་ཡང་ཡིན་ལ། ཟག་པ་དང་བཅས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མི་འཐད་དེ། འདི་དག་གི་དམིགས་པ་ངེས་པས་ཟག་པ་དང་བཅས་པ་དང་སྟོང་པ་ཉིད་དང་ཆོས་ཐམས་ཅད་ལ་དམིགས་པ་ཟག་པ་མེད་པ་བདེན་པ་ཡོངས་སུ་གཅོད་པ་ལ་འཇུག་པའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་ལ་སྨོན་པ་མེད་པ་སྟེ། བདེན་པ་གཞན་གསུམ་ལ་ཡང་འགོག་པ་ལས་མཚན་མ་མེད་པ་དང་འགོག་པའི་བདེན་པ་ཉིད་དོ། །སྟོང་པ་ཉིད་དང་སྨོན་པ་མེད་པ་ལ་དྲན་བ་ཉེ་བར་གཞག་པ་བཞི་རྣམས་སོ། །མཚན་མ་མེད་པ་ལ་ཆོས་དྲན་པ་ཉེ་བར་གཞག་པ་ཉིད་དོ། །


DTG210_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མིང་དེ་སྐད་ཅེས་བྱའོ་ཞེས་བྱ་བ་ནི། སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་སྟེ་དེ་བཞིན་གཞན་ཉིད་ལ་ཡང་བརྗོད་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་མི་སློབ་པའི་ཞེས་རྒྱས་པར་འབྱུང་སྟེ། སྟོང་པ་ཉིད་ཀྱིས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སྟོང་པ་ཉིད་དུ་ཡིད་ལ་བྱེད་པ། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་དེའི་རྗེས་ལ་སྐྱེས་པའི་དགེ་བའི་རྩ་བ་ཡིན་པའི་སྒོ་ནས་སྟོང་པ་ཉིད་ཁྱོད་ཀྱང་སྟོང་པ་ཉིད་ཞེས་མི་སློབ་པ་དེ་ཉིད་ཡིད་ལ་བྱེད་དེ། ཇི་ལྟར་འགའ་ཞིག་གིས་ཤིང་གི་རོ་མེར་བཅུག་ནས་དེ་ཚིག་པ་དང༌། ཤིང་དེ་ཡང་འཇུག་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཉོན་མོངས་པ་བསྲེགས་ནས་སྟོང་པ་ཉིད་དེ་ཡང་སྟོང་པ་ཉིད་ཀྱིས་སུན་འབྱིན་པར་བྱེད་དོ། །དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་པའི་སྟོང་པ་ཉིད་ཀྱི་རྗེས་ལ་བསྐྱེད་པར་བྱ་བ་ཡིན་གྱི། བདག་མེད་པའི་རྣམ་པར་ཞུགས་པའི་རྗེས་ལ་ནི་མ་ཡིན་ཏེ། དེ་ནི་སྐྱོ་བ་དང་མཐུན་པའི་ཕྱིར་རོ། །ཇི་ལྟར་སྟོང་པར་མཐོང་བ་ནི་སྐྱོ་བར་བྱེད་པ་མ་ཡིན་ནོ། །སྲིད་པ་བདག་མེད་པར་མཐོང་བ་དག་ལ་ཡང་མངོན་པར་དགའ་བ་ཡོད་དོ། །འཁོར་བ་སྟོང་པར་མཐོང་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་འདི་ནི་རྣམ་པ་དང་ལྡན་པ་ཡིན་ཡང་སྟོང་པ་ཉིད་ཅེས་བྱའི། བདག་མེད་པ་མེད་པ་ཉིད་ཅེས་ནི་མི་བྱ་སྟེ། སྟོང་པ་ཉིད་ཀྱི་རྣམ་པ་ནི་ཆེས་ཤིན་ཏུ་སྐྱོ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན་གཅིག་པུ་ལམ་དུ་ཞུགས་པ་ལམ་སྟོང་པ་མཐོང་བས་སྐྱེ་ནས་མྱུར་དུ་འགྲོ་བ་དེ་དང་འདྲའོ། །སྨོན་པ་མེད་པས་ཀྱང་ཉེ་བར་ལེན་པའི་ཕུང་པོ་རྣམས་མི་རྟག་པར་ཡིད་ལ་བྱེད་ལ་དེའི་རྗེས་ལ་སྐྱེས་པའི་སྨོན་པ་མེད་པའི་སྨོན་པ་མེད་པ་ནི་མི་སློབ་པ་དེ་མི་རྟག་པར་ཡིད་ལ་བྱེད་དོ། །སྡུག་བསྔལ་བར་ཡང་མ་ཡིན་ལ། རྒྱུ་ལ་སོགས་པར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ནི། ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་དག་ཏུ་ཡང་མ་ཡིན་པའོ། །ཟག་པ་མེད་པ་ནི་དེའི་མཚན་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཟག་པ་མེད་པ་ནི་ལམ་གྱི་བདག་ཉིད་ཡིན་པས་སྡུག་བསྔལ་གྱི་བདག་


DTG210_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མ་ཡིན་ལ་སྡུག་བསྔལ་དང་འབྲེལ་པ་ཡང་མ་ཡིན་ཏེ། དེ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་རྣམས་སུ་ཡང་མ་ཡིན་ཏེ། དེ་ནི་སུན་འབྱིན་པའི་རྣམ་པར་ཞུགས་པས་ལམ་ལ་སྡང་བ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་སྨོན་པ་མེད་པ་ནི་རེ་ཞིག་ལམ་ལ་སྨོན་པ་མེད་པའི་རྣམ་པས་འཇུག་པ་ཉིད་ཀྱི་སྨོན་པ་མེད་པའི་སྨོན་པ་མེད་པར་ཡང་འགྱུར་བ་མ་ཡིན་ནམ་ཞི་ན་དེ་ནི་དེ་ལྟ་མ་ཡིན་ཏེ། སྨོན་པ་མེད་པ་ནི་སྲིད་པ་ལ་ལྡང་བས་ལམ་ལ་སྨོན་པ་མེད་དོ། །སྲིད་པ་རྣམས་ཁོ་ན་ལ་བསམ་པའི་སྒོ་ནས་སྨོན་པ་མེད་པས་སྨོན་པ་མེད་པའོ། །ལམ་ནི་སྲིད་པ་ལ་བརྟེན་པ་དང་རག་ལས་པའི་ཕྱིར་ལམ་ནི་རབ་ཏུ་སྡང་བ་ཞེས་མི་འཐད་དོ། །དེ་ནི་ལམ་གྱི་རྣམ་པས་འཇུག་སྟེ། སྨོན་པ་མེད་པའི་སྨོན་པ་མེད་པ་ནི་ལམ་ཉིད་ལ་སྡང་བའི་སྒོ་ནས་མི་རྟག་པའི་སྐྱོན་གྱིས་སུན་འབྱིན་པའི་ཕྱིར་རོ། །དེ་ནི་དེ་ལ་ལམ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་འཇུག་པ་མི་འཐད་དོ། །འོ་ན་གལ་ཏེ་མི་རྟག་པ་ལམ་གྱི་རང་བཞིན་ལ་སྡང་ན། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་གྱི་སྒོ་ནས་ཀྱང་ལམ་དེ་སྨོས་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེའི་མཚན་ཉིད་ཀྱི་ཕྱིར། ལམ་མ་ཡིན་ཞིང་སྡུག་བསྔལ་གྱི་མཚན་ཉིད་མ་ཡིན་ནོ། །དེའི་གནས་སྐབས་ཡིན་ཀྱང་ཐ་དད་པ་མི་རིག་པའི་ཕྱིར་གང་གི་ཕྱིར་སྡུག་བསྔལ་གྱི་བདེན་པའི་ཐུན་མོང་མ་ཡིན་པའི་རྣམ་པའི་འདུ་ཤེས་ཉེ་བར་བཞག་ནས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་ངེས་པར་བཟུང་བའི་ཡང་ཕྱིར་རོ། །གལ་ཏེ་ལམ་མི་རྟག་པའི་ཕྱིར་སྡུག་བསྔལ་དུ་གྱུར་ན་ཕུང་པོ་རྣམས་ཞེས་བཤད་དོ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་མི་སློབ་པའི་མཚན་མ་མེད་པ་སོ་སོར་མ་བརྟགས་པའི་འགོག་པ་ལ་ཞི་བའི་རྣམ་པར་དམིགས་སོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་ངེས་པར་འབྱིན་པ་རྗེས་སུ་འབྲེལ་པ་དང་བཅས་པ་མ་ཡིན་པའི་ཕྱིར་དང་ལུང་དུ་མ་བསྟན་པའི་ཕྱིར་གྱ་ནོམ་པ་མ་ཡིན་པས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྡུག་བསྔལ་ཐམས་ཅད་དང་བྲལ་བ་མ་


DTG210_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞི་བའི་རྣམ་པ་ཞེས་བྱ་བ་ནི་ཞི་བའི་རྣམ་པས་འཇུག་པ་ཉིད་ཀྱི་མཚན་མ་མེད་པའི་མཚན་མ་མེད་པ་ཞེས་བྱའོ། །ལམ་བསྒོམ་པས་ཡོངས་སུ་ཉམས་པ་ནི་དེ་ལ་འཇུག་པ་ལ་བདེ་བའི་འདུ་ཤེས་སྐྱེའོ། །འགོག་པར་འགྱུར་བའི་རྣམ་པ་དང་ངེས་པར་འབྱིན་པའི་རྣམ་པར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ། མི་རྟག་པ་ཉིད་ཀྱི་འགོག་པ་དང་ཐུན་མོང་པ་ཉིད་ཀྱི་ཕྱིར་གྱ་ནོམ་པའི་རྣམ་པས་མ་ཡིན་ལ། བྲལ་བ་མ་ཡིན་པའི་ཕྱིར་ངེས་པར་འབྱུང་བའི་རྣམ་པ་མ་ཡིན་ཏེ། འདི་ལྟར་སོ་སོར་མ་བརྟགས་པའི་འགོག་པས་འཁོར་བ་ལས་ངེས་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འཕགས་པའི་ལམ་ལ་སྡང་བའི་ཕྱིར་ཞེས་བྱ་བ་ལ་ཇི་ལྟར་སྡང་ཞེ་ན། སྟོང་པ་ལ་སོགས་པའི་རྣམ་པ་དག་ཏུ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །རེ་ཞིག་ཏིང་ངེ་འཛིན་གཉིས་ནི་རྟག་པ་མི་རྟག་པའི་རྣམ་པ་དག་ཏུ་དེ་ལ་དམིགས་པའི་ཕྱིར་འཕགས་པའི་ལམ་ལ་རིགས་ན། གསུམ་པ་ནི་ཞི་བར་འདུས་མ་བྱས་ཀྱི་དངོས་པོ་ལ་དམིགས་པའི་ཕྱིར་ཇི་ལྟར་འཕགས་པའི་ལམ་ལ་སྡང་བ་ཉིད་དུ་རུང་ཞེ་ན། མི་སློབ་པའི་ཏིང་ངེ་འཛིན་མི་འཇུག་པའི་རྒྱུའི་ཆོས་ལ་བསྔགས་པའི་ཕྱིར་རོ། །ཟག་པ་མེད་པ་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ནི་དེ་ལྟར་འཕགས་པའི་ལམ་ལ་སྡང་བ་མ་ཡིན་པའོ། །མི་ནང་ཞེས་བྱ་བ་ནི་མི་དག་གི་ནང་དུའོ། །དེར་ཡང་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་དུའོ། །སྐྱེས་པ་དང་བུད་མེད་ཀྱིས་སྐྱེས་པར་བྱེད་དེ་སྐྱེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བུད་མེད་དག་ཀྱང་ཚེའི་འདུ་བྱེད་འཇོག་པ་དང་གཏོང་བ་དག་ལ་དབང་བ་ཡིན་ནོ། །ལྷ་དག་གི་ནང་དུ་ཞེས་བྱ་བ་ནི་གང་གི་ཕྱིར་མི་རྣམས་ཀྱི་ལུས་ནི་ཤིན་ཏུ་གྱ་ནོམ་པ་ཡིན་ཡང་ན་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་རྟེན་དུ་གྱུར་པས་ནད་ལ་སོགས་པ་ལྟ་བུ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཅི་ནས་ཀྱང་རྣལ་འབྱོར་པ་དེ་བྱ་བ་བྱས་པའི་ཕྱིར་འདུ་བྱེད་ཟག་པ་མེད་པ་འཇུག་པ་ལ་ཡང་མི་མཐུན་པ་འདུ་ཤེས་པར་འགྱུར་ལ། འདུ་བྱེད་འཇུག་པ་ལ་མི་མཐུན་པའི་འདུ་ཤེས་དེ་འདྲ་བ་འདྲེན་པ་ཡིན་ཏེ། དེའི་ཕྱིར་མི་དག་གི་ནང་ཁོ་ནར་སྐྱེས་ཀྱི། ལྷ་དག་གི་ནང་


DTG210_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་མ་ཡིན་ཏེ། ལྷ་རྣམས་ནི་ཕལ་ཆེར་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་ཉིད་ཀྱིས་ལུས་ཁ་ན་མ་ཐོ་བ་མེད་པ་ཡིན་པའི་ཕྱིར་རོ། །མི་གཡོ་ལ་ཞེས་བྱ་བ་ནི་གང་གི་ཕྱིར་སློབ་པ་དང༌། དུས་ཀྱིས་རྣམ་པར་གྲོལ་བ་རྣམས་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་ལམ་ལ་སྡང་བ་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དུས་ཀྱིས་རྣམ་པར་གྲོལ་བ་སྟེ། དེ་ནི་འཕགས་པའི་ལམ་རྗེས་སུ་བསྲུང་བ་ལ་བརྩོན་པ་བྱས་པ་ཉིད་ཡིན་པས་དེ་སུན་འབྱིན་པར་མི་ནུས་སོ། །ཉེར་བསྡོགས་བདུན་ནི་མ་གཏོགས་སོ་ཞེས་བྱ་བ་ནི། བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་དག་མ་གཏོགས་པ་སྟེ། དེ་དག་ནི་ཞི་བ་དང་རགས་པ་ལ་སོགས་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །ས་གཞན་བཅུ་གཅིག་པོ་ཞེས་བྱ་སྟེ། དེ་ལ་འདོད་པ་ན་སྤྱོད་པ་དང་མི་ལྕོགས་པ་མེད་པས་བསྡུས་པ་ནི་འཕགས་པའི་ལམ་གྱི་རྗེས་ལ་མངོན་དུ་མི་བྱེད་དོ། །སྲིད་པའི་རྩེ་མོ་བ་དང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་ནི་རང་གི་ས་ལྷག་མ་ཉིད་ཆོས་ཤེས་པ་དང་སྡུག་བསྔལ་འགོག་པ་ཤེས་པའི་མཇུག་ཐོགས་སུ་མངོན་དུ་བྱེད་དོ། །རིགས་བཟུང་ནས་དེ་ལྟར་བཤད་དེ། འདོད་པ་ན་སྤྱོད་པ་རྣམས་ནི་རྗེས་སུ་ཤེས་པའི་མཇུག་ཐོགས་སུ་མ་ཡིན་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ནི་ཆོས་ཤེས་པའི་མཇུག་ཐོགས་སུ་མ་ཡིན་ནོ། །དེ་ལ་ཡང་སྟོང་པ་ཉིད་སྟོང་པ་ཉིད་ནི་འགོག་པ་ཤེས་པ་དང་མཚན་མ་མེད་པ་མཚན་མ་མེད་པ་ནི་སྡུག་བསྔལ་ཤེས་པ་སྟེ་རྣམ་པ་གཞན་གྱི་རྗེས་སུ་སྐྱེས་པའི་ཕྱིར་རོ། །དེ་གང་གིས་ཐོབ་ཅེ་ན་དེ་ཟད་པ་ཤེས་པས་ཐོབ་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ཕྱིར་སྒོ་ནས་ཐོབ་བོ། །སྦྱོར་བས་ནི་མངོན་དུ་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ནི་སྦྱོར་བ་མེད་དེ། ཐར་བ་དང་མཐུན་པའི་ཕྱིར་དེ་མངོན་དུ་མཛད་དོ། །ལམ་ཡང་དེ་ལ་མངོན་པར་དགའ་བ་མེད་དེ་སྔོན་ཉིད་དུ་དེ་ལ་འཇུག་པ་དང་ལྡན་བ་ནི་འཕགས་པའི་ལམ་གྱིས་བྱེད་དོ། །མཇུག་ཐོགས་ནི་མ་ཡིན་ཏེ་འདོད་པའི་ཁམས་ན་སེམས་


DTG210_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་བསམ་པ་ལས་བྱུང་བ་ཁྱད་པར་ཅན་ནི་བསྒོམ་པ་ལས་བྱུང་བའོ། །ཡང་ཏིང་ངེ་འཛིན་བསྒོམ་པ་བཞི་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བརྟེན་གོམས་པར་བྱ་བ་ལན་གསུམ་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པ་འགྱུར་པ་ཡོད་དོ། །ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བརྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ལྷའི་མིག་གི་མངོན་པར་ཤེས་པ་མཐོང་བར་འགྱུར་བ་ཡོད་དོ། །ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བརྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་རབ་ཀྱིས་རབ་ཏུ་འབྱེད་པར་འགྱུར་བ་ཡོད་དོ། །ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བརྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཟག་པ་མེད་པར་འགྱུར་བ་ཡོད་ཅེས་བྱ་སྟེ་བསམ་གཏན་དང་པོ་ལ་སོགས་པ་ཐ་དད་པའོ། །དེ་དང་པོ་ཡིན་པའི་ཕྱིར་གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་གཉིས་པ་ལ་སོགས་པ་དག་གོ །འདི་ན་ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡིན་ཏེ། འདི་སྐད་དུ་དགེ་སློང་གནས་བརྟན་གང་ཞིག་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་དང༌། ཚངས་རིགས་པ་གང་དག་དེར་སྐྱེས་པ་དེ་གཉིས་ལ་ཁྱད་པར་རམ། བསམ་པ་འམ། ཐ་དད་དུ་བྱ་བ་འགའ་ཡང་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ནར་ཅིའི་ཕྱིར་བཤད་ཅེ་ན། དེའི་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་ངེས་པ་མེད་དེ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་གྱི། ཐམས་ཅད་ཀྱི་ཚེ་ཕྱི་མ་ལ་བདེ་བར་གནས་པ་ནི་ངེས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། ཡོངས་སུ་ཉམས་པ་དང་གོང་དུ་སྐྱེས་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཁོ་ན་བཤད་ཀྱི། །ཚེ་ཕྱིར་མ་ལ་བདེ་བར་གནས་པ་ནི་མ་ཡིན་ནོ། །གཞན་དག་ན་རེ་མཐོང་བའི་ཆོས་ལ་ཞེན་པ་རྣམས་འདོད་པའི་བདེ་བ་ལ་འདུན་པ་བཟློག་ནས་བསམ་གཏན་གྱི་བདེ་བ་ལ་སྦྱར་


DTG210_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཕྱིར་ཏེ། ཚེ་ཕྱི་མའི་བདེ་བ་མཐོང་བའི་ཆོས་ལ་རག་ལས་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདིར་སྔར་སྙོམས་པར་ཞུགས་པའི་ཕྱིར་དེར་སྐྱེའོ་ཞེས་གསུངས་སོ་ཟེར་རོ། །དེ་བསམ་གཏན་གྱི་ཉེར་བསྡོགས་ཀྱི་དབང་དུ་བྱས་ནས་དེ་ལྟར་བཤད་དོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་ཞེས་བྱ་བ་ལ། ཉེར་བསྡོགས་ཀྱི་དངོས་གཞི་ཐོབ་ཀྱང་དེས་མ་རྙེད་པ་ནི་དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་ལྟ་བུའོ། །ཡང་བསམ་གཏན་ཐམས་ཅད་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཉིད་ཡིན་བཞིན་དུ་ཡང་མེད་པ་ལས་དང་པོ་ཁོ་ན་བཤད་ཅེ་ན། རྣལ་འབྱོར་པ་ནི་འདོད་པའི་ཁམས་ཉེས་པ་མེད་པ་ལས་འདས་པའི་ཕྱིར་དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པ་ཡིན་ཏེ། འབྲོག་ཏུ་ཡོངས་སུ་ངལ་ཞིང་སྐོམ་པ་ཆུ་རྙོག་པ་ཅན་གྱིས་ཚིམ་པ་བཞིན་ནོ། །འཕགས་པའི་ལམ་ཐམས་ཅད་ཀྱི་བདེ་བ་དམིགས་པའི་ཡང་ཕྱིར་ཏེ། འདིར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་དང༌། ཡོངས་སུ་ཤེས་དགུ་དང༌། འབྲས་བུའི་ལམ་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུས་བསྡུས་པ་བཞི་དང༌། ཁམས་གསུམ་གྱི་གཉེན་པོ་རྣམས་ཀྱང་ཡོད་པས་དེ་ཉིད་མཐོང་བའི་ཆོས་ལ་བདེ་བར་གནས་པར་བཤད་དོ། །སྟོན་པ་འདི་ནི་བདག་ཉིད་ལ་ཉེ་བར་གཏོང་བ་ཡིན་ནོ་ཞེས་ཁ་ཅིག་སྟེ། བྱང་ཆུབ་སེམས་དཔའ་ཛམྦུའི་ཤིང་དྲུང་དུ་ཟག་པ་མེད་པའི་བསམ་གཏན་དང་འདྲ་བར་འཇིག་རྟེན་པའི་བསམ་གཏན་དང་པོ་བསྐྱེད་དེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བདེ་པའི་གོ་འཕང་ལ་འཇུག་པ་དེའི་ཕྱིར་དང་པོ་ཁོ་ན་བཤད་དོ། །གཞན་མ་ཡིན་པའི་དེའི་ཕྱིར་ཕྱི་མ་ལ་བདེ་བར་གནས་པར་བཤད་པ་ཡང་མ་ཡིན་ནོ། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །ཅེས་བྱ་བ་ལ་འདིར་ནི་འབྲས་བུ་ལ་རྒྱུ་བཏགས་པ་ཡིན་ཏེ། ལྷའི་མིག་གི་མངོན་པར་ཤེས་པ་ནི་ཏིང་ངེ་འཛིན་བསྒོམ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཏིང་ངེ་འཛིན་བསྒོམ་པའི་འབྲས་བུ་ཡིན་ནོ། །ཤེས་པར་འགྱུར་བ་དང༌། མཐོང་བར་འགྱུར་ཞེས་བྱ་སྟེ། དེ་ལ་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། སེམས་


DTG210_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི་དག་ནི་ལུས་ཀྱི་ཉེས་པར་སྤྱོད་པ་དེ་ལྡན་པའོ་ཞེས་དེ་ལྟ་བུ་ལ་སོགས་པ་རྣམ་པར་རྟོག་པའི་ཕྱིར་རོ། །མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་སྟེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །གཞན་དག་ན་རེ། ལྷའི་མིག་གི་མངོན་ཤེས་ནི་བསམ་གཏན་གཞན་གྱི་དངོས་གཞིའི་ས་ཉིད་ཀྱི་ཕྱིར་བསམ་གཏན་རྣམས་ལ་ཉམས་པར་ལྟ་བའི་ཕྱིར་རོ། །ལྟ་བར་བྱེད་བའི་དོན་གྱིས་མཐོང་བ་དང་ཤེས་པའི་རང་བཞིན་གྱིས་མཐོང་བ་ནི་ཤེས་པས་མཐོང་བ་སྟེ། མིག་གི་དབང་པོས་ཀྱང་མཐོང་བས་སོ། །དེའི་ཁྱད་པར་གྱི་ཕྱིར་ཤེས་པ་སྨོས་སོ། །ཡང་ན་ཤེས་པ་ཡང་ཡིན་ལ་མཐོང་བ་ཡང་ཡིན་པ་ངེས་པའི་ཕྱིར་ཏེ། ཤེས་པའི་ཕྱིར་དང་ལྟ་བའི་ཕྱིར་དང་མཐོང་བའི་ཕྱིར་ཤེས་པ་དང་མཐོང་བ་སྟེ། ཤེས་པ་དང་མཐོང་བ་ངེས་པ་དང་རྟོགས་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་འདི་ནི་བདག་ཉིད་ལ་ཉེ་བར་གཏོང་བ་ཡིན་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ལྷའི་སྤྱན་གྱིས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ཉམ་ང་བར་གནས་པ་གཟིགས་ནས་དེ་དག་སྐྱོབ་པའི་ཕྱིར་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ང་འཛིན་ལ་སྙོམས་པར་འཇུག་པ་མངོན་དུ་མཛད་དོ། །དེའི་ཕྱིར་ལྷའི་མིག་ཁོ་ན་ལ་ཤེས་པ་དང་མཐོང་བའི་ཕྱིར་ཞེས་བཤད་དོ། །གཞན་དག་ན་རེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་སྣང་བའི་འདུ་ཤེས་ནི་ཤེས་པ་དང་མཐོང་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པའོ་ཞེས་ཟེར་རོ། །སྦྱོར་བ་ལས་བྱུང་བློ་དབྱེ་འགྱུར། །ཞེས་བྱ་བ་ལ་དེ་དག་ནི་ཁམས་གསུམ་པ་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་ཚུལ་ཁྲིམས་ནས་བཟུང་སྟེ། མི་སྡུག་པ་དང་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་སོགས་པ་དང༌། རིགས་པར་ཐོས་པ་དང་བསམ་པ་དང༌། བསྒོམ་པ་ལས་བྱུང་བ་དང༌། ཟག་པ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་དང༌། ཐོད་རྒལ་གྱིས་སྙོམས་པར་འཇུག་པ་དང༌། ཟག་པ་ཟད་པ་ཤེས་པ་ལ་སོགས་པ་སྟེ། ཆོས་འདི་རྣམས་ཀྱི་ཤེས་རབ་མངོན་པར་འཕེལ་བར་འགྱུར་རོ། །འདི་དག་ལ་ཤེས་རབ་ཀྱི་རྣམ་པས་ཆོས་དེ་རྣམས་ལ་འཇུག་པས་ཤེས་རབ་རབ་ཏུ་དབྱེ་


DTG210_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་འཇུག་པའོ། །སྦྱོར་བ་ལས་བྱུང་བ་ཞེས་བྱ་བས་ནི་སྐྱེས་ནས་ཐོབ་བ་ལས་ཁྱད་པར་དུ་གཅོད་པའོ། །འདིར་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་ལ་བསྒོམ་པ་ཉེ་བར་བརྟགས་པ་ཡིན་ནོ། བསམ་གཏན་བཞི་པོའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྗེས་སུ་འབྲང་བ་དང་མཚུངས་པར་ལྡན་པ་དང་བཅས་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱའོ། །བདག་ཉིད་ལ་ཉེ་བར་གཏོང་བ་ཞེས་བྱ་བ་ནི་བདག་ཉིད་ལ་ཉེ་བར་གཏོང་བ་སྟེ། བདག་ཉིད་ཆེད་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་བསམ་གཏན་བཞི་པ་ཁོ་ན་གསུངས་སོ་ཞེས་བྱ་བ་ནི། གང་གི་ཕིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་མཛད་པའི་ཕྱིར་རོ། །ཐམས་ཅད་བྱེད་པ་ཉིད་དེ་སྲིད་པའི་རྩེ་མོ་སྤོང་བའི་གཉེན་པོས་བསམ་གཏན་བཞི་པས་བསྡུས་པའི་ཕྱིར། ཟག་པ་ཟད་པའི་ཏིང་ངེ་འཛིན་བསྒོམ་པ་ཞེས་བྱའོ། །གྲག་གོ་ཞེས་བྱ་བའི་སྒྲ་ནི་འདོད་པ་གཞན་མཚོན་བའི་དོན་དུ་སྨྲས་པའོ། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་གི་དམིགས་པ་སེམས་ཅན་ཚད་མེད་པ་ཡིན་པས་སོ། །ཕྱོགས་བསྟན་པས་སེམས་ཅན་བསྟན་པའི་ཕྱིར་རོ། །གཞན་དག་ན་རེ་བསོད་ནམས་ཚད་མེད་པ་སྒྲུབ་པར་བྱེད་པའི་ཕྱིར་དང༌། འབྲས་བུ་ཡིད་དུ་འོང་བ་ཚད་མེད་པའི་ཕྱིར་ཚད་མེད་པ་དག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་སྤྲོས་པ་མེད་པ་སྟེ། སྲེད་པའི་སྤྲོས་པ་འགོག་པའི་ཕྱིར་རོ་ཞེས་ཟེར་རོ། །ཅིའི་ཕྱིར་བཞི་ཁོ་ན་ལས་ལྷག་པ་དང་ཆད་པ་མེད་ཅེ་ན། གནོད་སེམས་ལ་སོགས་པའི་གཉེན་པོའི་ཕྱིར་ཞེས་བྱ་སྟེ། མདོ་ལས་བྱམས་པ་བརྟེན། གོམས་པར་བྱས། ལན་མང་དུ་བྱས་ན་གནོད་སེམས་སྤོང་བར་འགྱུར་རོ། །སྙིང་རྗེས་ནི་རྣམ་པར་འཚེ་བ་སྤོང་བར་འགྱུར་རོ། །དགའ་བས་ནི་མི་དགའ་བ་སྤོང་བར་འགྱུར་རོ། །བཏང་སྙོམས་པས་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་སྤང་བར་འགྱུར་རོ་ཞེས་གསུངས་ཏེ།


DTG210_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་བཞི་ཁོ་ན་ཡིན་གྱི། མ་ཚང་བ་དང་ལྷག་པ་མ་ཡིན་ནོ། །དེ་ལ་གནོད་སེམས་དང་ལྡན་པ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་འདོད་པའི་སེམས་པ་ཅན་ཁོང་ཁྲོ་བས་ལག་པ་དང་བོང་བ་དང་དབྱུག་པ་ལ་སོགས་པས་སེམས་ཅན་རྣམས་ལ་རྣམ་པར་མཐོ་འཚམ་པ་རྣམ་པར་འཚེ་བའི་ཡུལ་ལ་མངོན་པར་བརྩོན་པ་དག་པའི་ཆོས་རྣམས་ལ་མི་གནས་པའི་རྒྱུ་ཅན་མངོན་པར་མི་དགའ་ཞིང་འདོད་པའི་ཡོན་ཏན་གྱི་ཡུལ་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ལ་མངོན་པར་སྲེད་ཅིང་ཆོག་མི་ཤེས་པའི་མཚན་ཉིད་ཅན་ནོ། །ཁ་དོག་གི་འདོད་ཆགས་གཉེན་པོ་ནི་མི་སྡུག་པའོ་ཞེས་བྱ་བ་ནི་རྣམ་པར་བསྡོས་པ་དང༌། རྣམ་པར་དམར་བ་ལ་སོགས་པ་ལ་དམིགས་པའི་སྒོ་ནས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་བྱ་བ་ནི། འཁྲིག་པའི་འདོད་ཆགས་ནི་སེམས་ཅན་རྣམས་ལ་སྡུག་པའི་མཚན་མ་ལྷག་པར་སྒྲོ་བཏགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ལ། བཏང་སྙོམས་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་ལ་མ་རེག་པར་སེམས་ཅན་ཙམ་དུ་མ་གཏོགས་པ་ཡིན་ཏེ། དེ་ལྟར་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། །འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཁྲིག་པའི་འདོད་ཆགས་ནི་ཁ་དོག་དང་དབྱིབས་དང་བསྙེན་བཀུར་དང༌། རེག་བྱའི་སྒོ་ནས་འབྱུང་བ་ལ། །མི་སྡུག་པ་ཡང་དེ་སུན་འབྱིན་པའི་རྣམ་པར་ཞུགས་པས་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོར་རིགས་ལ། བཏང་སྙོམས་ནི་ཕ་དང་མ་དང་བུ་ལ་སོགས་པ་མི་རྟོག་པའི་ཕྱིར་དང༌། སེམས་ཅན་ཙམ་དུ་འཛིན་པའི་ཕྱིར་དེའི་འདོད་ཆགས་ཀྱི་གཉེན་པོ་ཡིན་ནོ། །སྙིང་རྗེ་ཡང་དེ་དང་འདྲ་འོ་ཞེས་བྱ་བ་ནི། བྱམས་པ་ལྟར་ཞེ་སྡང་མེད་པའི་རང་བཞིན་ཡིན་ནོ། །གཉི་ག་ཞེ་སྡང་མེད་པའི་བདག་ཉིད་ཡིན་ཀྱང་ཕན་ཚུན་གྱི་སྒོ་ནས་ཁྱད་པར་ཏེ། བྱམས་པ་ནི་སེམས་ཅན་ཡོངས་སུ་འདོར་བར་ཞུགས་པའི་ཞེ་སྡང་གི་གཉེན་པོ་དགའ་བའི་རྣམ་པས་འཇུག་པ་ཡིན་ལ། སྙིང་རྗེ་ནི་ཕལ་ཆེར་རྡེག་པ་དང་འཚེད་


DTG210_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གིས་ཞུགས་པའི་ཞེ་སྡང་གི་གཉེན་པོ་ཞི་བའི་རྣམ་པས་འཇུག་པ་སྟེ། དེ་ལྟར་འདི་ནི་འདི་དག་གི་ཁྱད་པར་རོ། །སྔོན་རབས་པ་དག་ན་རེ། དགའ་བ་ནི་ཡིད་བདེ་བའི་རང་བཞིན་ཡིན་ནོ། །གཞན་དག་ན་རེ་དེ་ལྟ་བུ་ནི་མདོ་དང་བསྟན་བཅོས་དང་འགལ་ཏེ། མདོ་ལས་རབ་ཏུ་དགའ་བ་སྐྱེའོ་ཞེས་བསྔགས་པས་དགའ་བ་ཡང་ཡིད་བདེ་བ་སྟེ། ཡིད་བདེ་བ་ཡིད་བདེ་མེད་པར་སྐྱེའོ་ཞེས་དོན་གྱི་ཁྱད་པར་འགའ་ཞིག་བཤད་པ་ཡིན་ནོ། །བསྟན་བཅོས་ལས་ཀྱང་དགའ་བར་ཇི་ལྟར་རུང་ཞེ་ན། དགའ་བ་དང་མཚུངས་པར་ལྡན་པའི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་འདི་ནི་དགའ་བ་ཞེས་བྱའོ་ཞེས་ཟེར་རོ། །ཚོར་བ་ནི་ཚོར་བ་དང་མཚུངས་པར་ལྡན་པ་མེད་དོ། །འདི་དགའ་བར་ཇི་ལྟར་རུང་ཞེ་ན། དགའ་བ་དང་མཚུངས་པར་ལྡན་པའི་ཚོར་བ་དགའ་བ་ཞེས་བྱའོ། །གཞན་དག་ན་རེ། འདི་ནི་འདིའི་མཚན་ཉིད་ཤིན་ཏུ་གསལ་བ་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་རྣམས་ལ་བློ་མ་ཆགས་པ་དེ་ནི་དེ་ལ་དགའ་བ་དང་རྗེས་སུ་ཡི་རང་བྱེད་དོ། །དེ་ནི་ཕུན་སུམ་ཚོགས་པས་གདུང་བའི་གཉེན་པོ་སྟེ་མ་ཆགས་པའི་བདག་ཉིད་ཀྱི་ཆོས་ཅན་དགའ་བ་དང་ཡིད་བདེ་བ་དང་ལྷན་ཅིག་སྤྱོད་པའི་ཕྱིར་རོ། །དེ་ནི་ས་གསུམ་དུ་དམིགས་ཏེ། ཡིད་བདེ་བ་དང་འགྱོད་པ་བཞིན་ནོ་ཞེས་སོ། །བཏང་སྙོམས་མ་ཆགས་ཞེས་བྱ་བ་ལ། གལ་ཏེ་བཏང་སྙོམས་ཀྱང་མ་ཆགས་པ་ཡིན་ན་འདི་དང་དགའ་བ་ལ་ཁྱད་པར་ཅི་ཞེ་ན། འདི་ནི་ཁྱད་པར་ཏེ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པའི་རྒྱུ་མཚན་དང་བྲལ་བས་སེམས་ཅན་ཨི་ཏྱུ་དཱ་སཱི་ན་སྱ། ནགས་ཚལ་དུ་ཞུགས་པ་ནི་ཤིང་གི་བློ་བཞི་སྒྲུབ་པའི་རྒྱུར་གྱུར་པ་ནི་བཏང་སྙོམས་སོ། །ཇི་ལྟར་གནོད་སེམས་ཀྱི་གཉེན་པོ་ཡིན་ཞེ་ན་ཞེས་བྱ་བ་ལ། མ་ཆགས་པའི་བདག་ཉིད་ཡིན་པའི་ཕྱིར་གནོད་སེམས་ཀྱི་གཉེན་པོ་ཉིད་དུ་མི་རུང་ངོ་སྙམ་དུ་སེམས་ན། དེ་ནི་ཞེས་བྱ་བ་སྨོས་ཏེ། གནོད་སེམས་ནི་ཆགས་པས་དྲངས་པ་ཡིན་པའི་ཕྱིར་རོ། །ཆགས་པའི་སྒོ་ནས་སྐྱེས་པའི་གནོད་སེམས་ཀྱི་གཉེན་པོ་བཏང་སྙོམས་ཡིན་པས་འགལ་བ་མེད་དོ། །བྱམས་པ་དང་བཏང་སྙོམས་དག་གནོད་སེམས་ཀྱི་གཉེན་པོ་


DTG210_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མཚམས་ཀྱང་ཁྱད་པར་ནི་འདི་ཉིད་ཡིན་ཏེ། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་གནོད་སེམས་ཐམས་ཅད་ཀྱི་གཉེན་པོ་ཡིན་ལ། བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་མཛའ་བས་བསྐྱེད་པའི་གཉེན་པོ་ཡིན་ནོ། །དེ་ལྟ་ན་འོ་ན་ཞེ་སྡང་མེད་པའི་རང་བཞིན་ཡིན་པའི་ཕྱིར་བྱམས་པ་ཡང༌། ཞེ་སྡང་ལས་སྐྱེས་པ་དང་འདོད་ཆགས་ལས་སྐྱེས་པའི་གཉེན་པོར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་རྣམ་པ་འགལ་བའི་ཕྱིར་རོ། །བཏང་སྙོམས་ཀྱང་འདོད་ཆགས་དང་ཞེ་སྡང་དག་དང་རྣམ་པ་འགལ་ཏེ་མཛའ་བ་དང་མི་མཛའ་བའི་ཕྱོགས་ལ་ལྷག་པར་བཏང་སྙོམས་པ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་མ་ཆགས་པའི་བདག་ཉིད་དུ་རུང་སྟེ། ཆགས་པས་དྲངས་པའི་གནོད་སེམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །བྱམས་པའི་རྣམ་པ་ནི་འདོད་ཆགས་དང་འགལ་བ་མེད་དེ། ཉིས་གཡང་ཁོང་ཁྲོ་མེད་པའི་རྣམ་པས་འཇུག་པར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་བྱམས་པ་ནི་འདོད་ཆགས་ཀྱི་གཉེན་པོར་མི་རུང་ངོ༌། །གཞན་དག་ན་རེ། བྱམས་པ་ནི་གནས་ལ་རབ་ཏུ་ཁྲོ་བའི་གཉེན་པོའོ། །སྙིང་རྗེ་ནི་གནས་ལ་རབ་ཏུ་ཁྲོ་བའི་འོ། །མི་སྡུག་པ་དང་བཏང་སྙོམས་དག་ཀྱང་འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ་སྟེ། མི་སྡུག་པ་ལ་ཕན་པ་ནི་འདོད་ཆགས་ལ་བཏང་སྙོམས་པའོ་ཞེས་ཟེར་རོ། །འདི་ནི་གཉི་གའི་རང་བཞིན་ཡིན་ན་རུང་བ་ཞེས་བྱ་པ་ལ། ཅིའི་ཕྱིར་ཞེ་ན་འདོད་ཆགས་དང་ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར་རོ། །འདིར་བར་མར་གནས་པ་མ་ཆགས་པ་དང་ཞེ་སྡང་མེད་པའི་རང་བཞིན་ལ་བཏང་སྙོམས་ཀྱི་སྒྲར་བརྗོད་ཀྱི། ཆོས་གཅིག་ཆོས་དུ་མའི་རང་བཞིན་ཡིན་པ་ནི་མེད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། རྗེས་སུ་ཆགས་པར་མི་བྱེད་ལ་ཁོང་ཁྲོ་བར་མི་བྱེད་ཅེས་བྱ་བའོ། །གཞན་དག་ན་རེ། བྱམས་པ་ནི་བསམ་པ་ཐག་པ་ནས་འབྱུང་པོ་ཐམས་ཅད་ལ་བདག་དང་འདྲ་བར་གནས་པའོ། །སྙིང་རྗེ་ནི་གཞན་གྱི་སྡུག་བསྔལ་ལ་མངོན་པར་མི་དགའ་བའོ། །དགའ་བ་ནི་


DTG210_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ཕུན་སུམ་ཚོགས་པ་དག་གིས་དགའ་བའོ། །བཏང་སྙོམས་ནི་ཕན་པ་དང་གནོད་པ་དག་ལ་དེའི་རྒྱུ་མཚན་མི་གཅོད་པའོ། །བར་མ་པ་གནས་པ་ཡིན་ནོ་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་བཏང་སྙོམས་སུ་འདོད་པའི་ཚུལ་གྱིས་སོ། །གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་རོ་ཞེས་བྱ་བ་ནི། བདེ་བར་གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར་ཕྱིན་ཅི་ལོག་ཉིད་མེད་དོ། །ཡང་ན་བསམ་པ་ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བ་སྟེ། བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་སྨོས་པས་སོ། །མོས་པར་འདུས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་པ་ཕྱིན་ཅི་མ་ལོག་པའི་རྒྱུ་ལས་གང་གི་ཕྱིར་བདེའོ་སྙམ་པའི་མོས་པ་དེ་ཁོ་ན་ལྟར་འདུ་ཤེས་ཀྱི། གཞན་དུ་མ་ཡིན་པ་དེའི་ཕྱིར་ཕྱིན་ཅི་ལོག་གི་ཉེས་པ་མེད་དོ། །དགེ་བའི་རྩ་བ་ཉིད་ལ་རྒྱུར་གནོད་སེམས་ལ་སོགས་པའི་གཉེན་པོ་ཡིན་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་དུས་གཞན་དུ་གནོད་སེམས་ཀུན་ཏུ་མི་འབྱུང་ངོ༌། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་དེའི་དབང་གིས་སུ་ཡང་བདེ་བར་མི་འགྱུར་བས། དེ་སྒྲུབ་པའི་ངལ་བ་དེ་ནི་མེད་པ་ཡིན་ནམ་ཞེ་ན་དོན་མེད་པ་མ་ཡིན་ཏེ། དེའི་སྒོ་ནས་གནོད་སེམས་ལ་སོགས་པའི་སྐྱོན་རྣམ་པར་གནོན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཞེས་བྱ་བ་ནི་འདོད་པའི་སེམས་ལ་དམིགས་པའོ། །གཞན་དག་ན་རེ། ཁམས་གང་ན་དགྲ་བོ་དང་མཛའ་བོ་དང་བར་མར་གནས་པ་དང༌། སེམས་ཀྱི་གནོད་སེམས་དང་ཆགས་པ་དང་མི་མཐུན་པ་ཡོད་པ་དང༌། གང་དག་ལ་ཕན་པ་དང་གནོད་པ་དང་བཏང་སྙོམས་སྲིད་པ་དེ་དག་ཁོན་དེ་དག་གི་ཡུལ་ཡིན་པས་ཚད་མེད་པ་རྣམས་གཟུགས་དང༌། གཟུགས་མེད་པའི་ཡུལ་ཅན་མེད་དེ། ཐུགས་རྗེ་ཆེན་པོ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཁམས་གསུམ་པའི་ཡུལ་ཅན་ནོ། །སྣོད་ཀྱི་སྣོད་ལ་གནས་པ་བརྟན་པ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། གནས་ཀྱི་གནས་ཅན་བསྟན་ཅེས་བྱ་བའི་དོན་ཏོ། །སྣོད་དང་མཚུངས་པར་རོ་གཅིག་ཏུ་བྱས་པའི་སེམས་ཅན་དེ་ན་གནས་པ་དག་ལ་མོས་པ་འཇུག་པར་བྱེད་ཅེས་


DTG210_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཐ་ཚིག་གོ །དགའ་བ་བསམ་གཏན་གཉིས་ན་ཡོད། །ཞེས་བྱ་བ་ནི་གང་གི་ལྟར་ན་དེ་ངག་བསྒོམ་པ་ལས་བྱུང་བ་ཡིན་པ་དང༌། དགའ་བ་ཡིད་བདེ་བའི་དབང་པོ་ཡིན་པ་དེ་དག་གི་ལྟར་ན། བསམ་གཏན་དང་པོ་དང་གཉིས་པ་དག་ན་དགའ་བ་ཡོད་ཀྱི། གོང་མ་ནི་མ་ཡིན་ཏེ། ཡིད་བདེ་བའི་དབང་པོ་མེད་བའི་ཕྱིར་རོ། །གང་དག་བསམ་པ་ལས་བྱུང་བ་དང་འདི་དག་རབ་ཏུ་དགའ་བའི་ཆོས་གཞན་ཡིན་པ་དེ་དག་གི་ལྟར་ནས་ཐམས་ཅད་པ་སྟེ། རབ་ཏུ་དགའ་བའི་ཚོར་བ་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་དགའ་བ་དང་ལྷན་ཅིག་སྤྱོད་པའི་རབ་ཏུ་དགའ་བ་ནི་དགའ་བའོ་ཞེས་ཟེར་རོ། །དེ་དག་གི་ལྟར་ནས་གསུམ་པའོ། །གཞན་ནི་དྲུག་ན་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཕིར་འདོད་པའི་ཁམས་ན་ཡོད་པ་མ་ཡིན་ལ། རགས་པ་ལ་སོགས་པ་ལ་ངེས་པར་དམིགས་པའི་ཕྱིར་བསམ་གཏན་གྱི་ཉེར་བསྡོགས་དག་ན་ཡོད་པ་མ་ཡིན་ནོ། །ཁ་ཅིག་ལྔ་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་གཞིའི་ས་པ་ཡིན་པའི་ཕྱི་རོ། །མཉམ་པར་གཞག་པ་དང་ཉམ་པར་མ་བཞག་པ་མ་ཡིན་པ་དང་དངོས་གཞི་སྦྱོར་བ་སྨོས་པའི་ཕྱིར་ཞེས་བྱ་བ་ལ། བྱམས་པ་ལ་སོགས་པ་འགའ་ཞིག་ནི་མཉམ་པར་གཞག་པའི་ས་པ་ཡིན་ལ། འགའ་ཞིག་ནི་མཉམ་པར་མ་གཞག་པའི་ས་པ་ཡིན་གྱི། ཁ་ཅིག་ནི་དངོས་གཞིའི་གནས་སྐབས་ན་ཡོད་ལ། ཁ་ཅིག་ནི་སྦྱོར་བའི་གནས་སྐབས་ན་ཡོད་དེ། ཉེར་བསྡོགས་ཀྱི་གནས་སྐབས་ན་ཡོད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་མཉམ་པར་གཞག་པའི་ས་པ་དག་ནི་ས་དགུ་པ་སྟེ། དངོས་གཞི་དང་སྦྱོར་བས་བསྡུས་པའི་ཕྱིར་རོ། །མཉམ་པར་མ་གཞག་པ་དག་ནི་འདོད་པར་གཏོགས་པའོ། །ཅི་ཞིག་ཅེ་ན་བསམ་པ་ལས་བྱུང་བའི་ཕྱིར་སྦྱོར་བ་ལས་བྱུང་བ་དག་གོ །བསམ་གཏན་གྱི་དངོས་གཞི་དང་ཉེར་བསྡོགས་རྣམས་བསམ་གཏན་གྱི་དངོས་གཞི་བསྡུས་པའི་ཕྱིར་རོ། །གཞན་དག་ན་རེ། ཚད་མེད་པ་རྣམས་ཀྱིས་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་ཡིན་གྱི། བསམ་གཏན་


DTG210_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཐམས་ཅད་ནི་མ་ཡིན་ཏེ། ཚད་མེད་པ་རྣམས་ལ་ཚངས་པའི་གནས་པ་ཉེ་བར་བསྟན་པའི་ཕྱིར་དང་ཚང་མེད་པ་བསྒོམས་པས་ཚངས་པའི་འཇིག་རྟེན་བསྐྱེད་པར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །བསམ་གཏན་དངོས་གཞིའི་ས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྤོང་བའི་ལམ་དག་གིས་ཉོན་མོངས་པ་སྤོང་བར་འགྱུར་ན་འདོད་ཆགས་དང་མ་བྲལ་བ་རྣམས་བསམ་གཏན་གྱི་དངོས་གཞིའི་ས་དག་དང་སྤོང་བའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བ་མ་ཡིན་པས་དེ་དག་གིས་ཉོན་མོངས་པ་མི་སྤོང་ངོ༌། །གཞན་དག་ན་རག་ལ་ཏེ་བསམ་གཏན་གྱི་དངོས་གཞིའི་ས་འདི་རྣམས་ཉིད་དེ་དག་ཏུ་ས་གསུམ་དང་དྲུག་རྣམས་སུ་ཞེས་བྱ་བར་མི་རུང་ངོ་ཞེས་ཟེར་རོ། །གང་དག་མི་ལྕོགས་པ་མེད་པ་མ་གཏོགས་པ་ས་ལྔ་པ་དག་ན་ཡོད་པར་སྨྲ་བ་དེ་དག་གི་ལུགས་ཀྱིས་དེ་ཁོ་ན་ལྟར་འགྱུར་པས་མོས་པ་ཡིད་ལ་བྱེད་པའི་ཞེས་བྱ་སྟེ། དེ་ཁོ་ན་ཡིད་ལ་བྱེད་པས་ཉོན་མོངས་པ་སྤངས་ན་བྱམས་པ་ལ་སོགས་པ་དག་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པས་དེ་དག་གིས་ནི་ཉོན་མོངས་པ་མི་སྤོང་ངོ༌། །སྤོང་བའི་ལམ་ནི་སེམས་ཅན་དེ་ལྟར་བྱུང་བ་དམིགས་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ས་འོག་མའི་ཆོས་དུས་གསུམ་ལ་དམིགས་པ་ཡིན་ནོ། །རགས་པ་ལ་སོགས་པའི་རྣམ་པ་ཅན་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་ཅན་ཡིན་ཏེ། དེའི་ཕྱིར་རྒྱུ་དེ་དག་གིས་ན་དེ་དག་གི་སྤོང་པ་མ་ཡིན་ནོ། །གལ་ཏེ་དེ་དག་གིས་ཉོན་མོངས་པ་མི་སྤོང་ན། ཇི་ལྟར་གནོད་སེམས་ལ་སོགས་པའི་གཉེན་པོ་ཉིད་དུ་བཤད་ཅེ་ན། དེའི་ཕྱིར་དེ་དག་གི་སྦྱོར་བས་ཞེས་བྱ་བ་སྨོས་ཏེ། གནོད་སེམས་ལ་སོགས་པ་རྣམས་པར་གནོན་བའི་ཕྱིར་གཉེན་བོ་ཉིད་དུ་བཤད་དོ། །གནོད་སེམས་ལ་སོགས་པའི་ཉོན་མོངས་པའི་ཐོབ་པ་སྤང་བའི་སྒོ་ནས་མ་ཡིན་གྱི་སྤོང་བ་ཐག་བསྲིང་བར་བྱེད་པའི་ཕྱིར་གཉེན་པོ་ཉིད་དུ་བཤད་དོ་ཞེས་བྱ་བར་རོ། །དེ་ལ་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པའི་ས་བའི་བྱམས་པ་ལ་སོགས་པ་རྣམས་ཀྱིས་གནོད་སེམས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་གནོན་ལ། བསམ་གཏན་


DTG210_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་ས་པ་རྣམས་ཀྱི་ཉོན་མོངས་པ་སྤོང་བ་ཐག་བསྲིང་བར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར་བྱམས་པ་ལ་སོགས་པ་འདོད་པའི་ཁམས་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དངོས་གཞི་མ་ཚང་མེད་པ་དང་འདྲ་བ་དག་ཅེས་བྱ་བ་ནི་རང་བཞིན་དང་དམིགས་པ་དང་རྣམ་པ་དང་སྦྱོར་བ་འདྲ་བས་སོ། །སྤོང་བའི་ལམ་གྱིས་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱིས་སོ། །རབ་ཏུ་སྤོང་བར་བྱེད་དོ་ཞེས་བྱ་བ་ནི་དེའི་ཐོབ་པ་གཅོད་པར་བྱེད་པའོ། །རྐྱེན་སྟོབས་དང་ལྡན་པ་ནི་དེའི་དམིགས་པ་ཡུལ་རྣམས་སོ། །དེ་དག་རྙེད་པ་ནི་དེ་དག་མངོན་སྙམ་དུ་གྱུར་པའོ། །མི་རྫི་བ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་མི་སྐྱེ་བའི་ཕྱིར་རོ། །མཛའ་བོའི་ཕྱོགས་ཆེན་པོ་ནི་སྐྱེ་བ་དང་ལུས་དང་ལུས་མཉམ་པ་སྟེ། གང་ཞིག་མེད་ན་གནས་པར་དཀའ་བའོ། །འབྲིང་ནི་མཛའ་བ་དང་ཟས་དང་ཆོས་དང་འབྲེལ་པའོ། །ཆུང་ངུ་ནི་ཕན་འདོགས་པ་དང་ཟས་དང་འབྲེལ་པ་གང་ཡིན་པའོ། །དེ་བཞིན་དུ་དགྲ་བོའི་ཕྱོགས་ཀྱང་རྣམ་པ་གསུམ་སྟེ། ཆེན་པོ་ནི་གྲོགས་པོ་དང༌། འཚོ་བ་དང༌། ཡིད་སེམས་པ་དང་རྩ་ལག་འཕྲོག་པར་བྱེད་དོ། །འབྲིང་ནི་འཚོ་བའི་ཡོ་བྱད་འཕྲོག་པར་བྱེད་པའོ། །ཆུང་ངུས་ནི་མཛའ་བཤེས་དང་འཁོར་གཡོག་གི་འཚོ་བའི་ཡོ་བྱད་འཕྲོག་པའོ། །ཐ་མལ་པའི་ཕྱོགས་ཀྱང་རྣམ་པ་གསུམ་སྟེ། སྔར་མཐོང་བ་དང་ཐོས་པ་མ་ཡིན་པ་དང༌། མཐོང་ཞིང་ཐོས་ཀྱང་མ་འདྲིས་པ་དང༌། འདྲིས་ཀྱང་ཕན་འདོགས་པ་གནོད་པ་བྱེད་པ་དང་བྲལ་བའོ། །དེ་ལྟ་ན་རྣལ་འབྱོར་པ་ལས་དང་པོ་པ་སེམས་ཅན་རྣམ་པ་གསུམ་དུ་བྱེད་པ་དག་ལ་སྦྱོར་བར་བྱེད་དོ། །གང་མཛའ་བ་ཆེན་པོ་དེ་ལ་ནི་ལྷག་པར་ཡིད་དང་བའི་སྒོ་ནས་དང་པོར་ཕན་པ་ཉེ་བར་སྒྲུབ་པའི་སེམས་བསྐྱེད་པར་བྱའོ། །དེ་ནས་དེ་དག་ལ་རེ་ཤིག་སློབ་པར་བྱེད་དོ། །གང་ཞིག་དེ་ལ་བྱ་བར་གྱུར་ནས་སྡང་བར་གྱུར་པ་རྣམས་པ་ཡང་ཕན་པ་ཉེ་བར་སྒྲུབ་པའི་བར་དུ་བྱེད་དོ། །སེམས་ཕྱིར་ཕྱོགས་པར་མི་བྱེད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །བྱམས་པས་རྒྱས་པར་བྱེད་དོ་ཞེས་བྱ་བ་ནི་ཁྱད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྔོན་གྱི་བསོད་ནམས་དང་བསོད་


DTG210_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མ་ཡིན་པའི་འབྲས་བུ་རྣམ་པའི་སྒོ་ནས་ཞེས་བྱ་བ་ནི། དགེ་བའི་རྩ་བ་ཀུན་ཏུ་ཆང་པ་ལ་ཡང་སྔོན་གྱི་བསོད་ནམས་ཀྱི་འབྲས་བུ་དབང་ཆེ་བ་ལ་སོགས་པ་གཉིས་མཐོང་ནས་དེ་ལ་ཡོན་ཏན་བཟུང་བར་ནུས་ལ། དེ་བཞིན་དུ་རང་སངས་རྒྱས་ལ་ཡང་སྔོན་གྱི་བསོད་ནམས་མ་ཡིན་པའི་འབྲས་བུ་དབང་ཆུང་བ་ལ་སོགས་པ་ཉིད་མཐོང་ནས་སྐྱོན་བཟུང་བར་ནུས་སོ། །སྙིང་རྗེ་དང་དགའ་བ་ལ་ཡང་དེ་བཞིན་དུ་ཞེས་བྱ་བ་ལ། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་དུ་སེམས་པ་དང་ལྷག་པར་མོས་པར་བྱེད་དོ། །ཉོན་མོངས་པ་ཤས་ཆེ་བའི་འཇུག་པ་ལས་སེམས་ཅན་རྣམས་ལ་ཁྱད་པར་མེད་བར་སྒྲུབ་པར་བྱེད་དེ་དེ་མཛའ་བོའི་ཕྱོགས་རྣམ་པ་གསུམ་ལ་ཞེས་རྒྱས་པར་ཐམས་ཅད་བརྗོད་པར་བྱའི། བཏང་སྙོམས་ནི་ཐ་མལ་པའི་ཕྱོགས་ལ་རྩེ་མོ་ཞེས་བྱ་བ་ལ། ཐ་མལ་པའི་ཕྱོགས་ནི་བཏང་སྙོམས་དང་རྗེས་སུ་མཐུན་གྱི་གཞན་ཉིད་ནི་མ་ཡིན་ཏེ། སྲིད་པ་དང་ཁོང་ཁྲོ་བ་དེ་དག་གི་གཉེན་པོའི་རྟེན་ཡིན་པའི་ཕྱིར་རོ། །གཞན་ལ་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་སྔ་མ་བཞིན་མཛའ་བ་དང་མི་མཛའ་བའི་ཕྱོགས་དག་ལས་ཀྱང་མི་མཛའ་བའི་ཕྱོགས་ཁོ་ན་ལ་རེ་ཞིག་དང་པོར་བཏང་སྙོམས་སུ་བྱེད་དོ། ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་འོག་ཏུ་ཕྱོགས་ཐ་དད་པར་བདེ་བ་ལས་བཟློག་པ་དང་ཁོང་ཁྲོ་སྟེ། དེ་ལྟར་ཡང་འདོད་ཆགས་འཆིང་བ་ཆགས་བྲལ་ལས། མྱུར་དུ་ཆགས་བྲལ་ཞེ་སྡང་ངོ༌། །ཞེས་སོ། །ཁ་ཅིག་ན་རེ་བསམ་པའི་སྒོ་ནས་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ནོ་ཞེས་ཟེར་རོ། །ཨ་བ་ག་ཎ་མ་ཐཱ། རྒྱ་འདི་སྲིད་ཀ་དཔེ་ཅི་ན་ཨ་བ་ཏ་རན་ཡ་ཐཱ་ཟེར་འདི་ཡན། མེད་པའི་ཕྱིར་དགྲ་དང་མཛའ་བ་ལ་སོགས་པ་དང་དམིགས་པའི་ཕྱིར་གཟུགས་མེད་པ་དང་འདོད་པའི་ཁམས་ཀྱི་རྟེན་ཅན་ནོ་ཞེས་ནི་མི་ཟེར་རོ། །དེ་ཡང་བྱང་གི་སྒྲ་མི་སྙན་མ་གཏོགས་པའི་མི་དག་གི་ནང་དུ་སྐྱེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། གོམས་པའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །ཅི་ཚད་མེད་པ་གཅིག་དང་ལྡན་པ་དེ་ཞེས་བྱ་བ་ལ། གང་ཞིག་དགའ་པ་ནི་ཡིད་བདེ་བ་དང་མ་ཡིན་ཞིང་དགའ་བ་དང་མཚུངས་པར་ལྡན་པ་ཉིད་ཀྱང་མ་ཡིན་ནོ། །དེ་ནི་གང་


DTG210_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་ལྡན་པ་དེ་གདོན་མི་ཟ་བར་ཐམས་ཅད་དང་མ་ཡིན་ནོ། །གང་ཞིག་ཡིད་བདེ་བ་དང་ནི་སྔ་རབས་པ་རྣམས་ཀྱི་འདོད་པས་དེས་གསུམ་ལྡན་ཞེས་བྱ་སྟེ། བསམ་གཏན་གསུམ་བ་དང་བཞི་པར་སྐྱེས་པ་དགའ་བ་དང་ལྡན་པ་མེད་པའི་ཕྱིར་ཐམས་ཅད་ཚད་མེད་པ་གསུམ་དང་ལྡན་པ་ཡིན་ནོ། །གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བ་མེད་པའི་ཕྱིར་གཟུགས་ཅན་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེ་ན་མ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་ཀྱི་དབང་དུ་བྱས་ནས་དེ་ལྟར་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཉིས་པ་ལ་ཀུན་ཏུ་རྨོངས་པ་བསལ་བའི་ཕྱིར་ཁྱད་པར་གསུངས་སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཞེས་བྱ་བ་ལ། ཅི་ལྟར་དང་པོ་ལ་ཡང་གཉིས་པ་བཞིན་དུ་འདུ་ཤེས་པ་ཉིད་ལ་བརྟེན་ནས་གཟུགས་སྨོས་པའོ། །དེ་ལྟར་ན་འདི་སྐད་བཤད་པར་འགྱུར་ཏེ། ནང་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་པས་ཟིལ་གྱིས་གནོན་པ་མ་ཡིན་པར་ཕྱི་རོལ་གྱི་གཟུགས་རྣམ་པར་བསྡོས་པ་དང་རྣམ་པར་གནག་པ་ལ་སོགས་པ་ལ་ལྟ་བར་བྱེད་པས་ནང་གཟུགས་མེད་པར་འདུ་ཤེས་པས་སོ། །ཅི་ལྟར་གཟུགས་དང་པ་ཡིན་ན་ཡང་གཟུགས་མེད་པར་འདུ་ཤེས་པར་འགྱུར་ཞེ་ན། གཟུགས་ཀྱི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ། །ཅི་ལྟར་དེའི་འདུ་ཤེས་མི་འབྱུང་ཞེ་ན། ཇི་ལྟར་ནང་གཟུགས་མེད་པར་འདུ་ཤེས་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བར་བྱེད་ཅེ་ན། །ཇི་ལྟར་དགེ་སློང་དེ་ལུས་འདི་ཉིད་ཤི་བ་ལྟ་བུར་མོས་པར་བྱེད་དེ་ཞེས་རྒྱས་པར་འབྱུང་བ་ནས་ལུས་འདི་ལ་ཡང་མི་ལྟའོ་ཞེས་བྱ་བ་ལ་སོགས་པའི་བར་དུའོ། །འདི་གཉིས་ཀྱི་ཚུལ་ནི་མི་སྡུག་པ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ལྷག་པར་འདོད་ཆགས་པའོ། །ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ལས་བརྩམས་ཏེ་རྒྱས་པར་བརྗོད་པར་བྱའོ། །བསམ་གཏན་དང་པོ་དང་གཉིས་པ་དག་ན་ཞེས་བྱ་བ་ལ། གཞན་དག་ན་རེ། དེ་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དག་ན་ཡང་སྟེ་ཉེར་བསྡོགས་རྣམས་སུ་འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །


DTG210_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཞན་ན་ནི་མེད་དོ་ཞེས་བྱ་བ་ནི། བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ནི་ཁ་དོག་གི་འདོད་ཆགས་ཡོད་པ་མ་ཡིན་ཏེ། དེ་ནི་མིག་གི་རྣམ་པར་ཤེས་པ་ལ་བརྟེན་ནས་འཇུག་པའི་ཕྱིར་དང་བསམ་གཏན་གཉིས་པ་ལ་སོགས་པ་རྣམས་ནི་རྣམ་པར་ཤེས་པའི་ཚོགས་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་གཉེན་པོ་ཡིན་པས་བསམ་གཏན་གསུམ་པ་དང་བཞི་པ་དག་ན་མི་སྡུག་པ་ཡོད་ཀྱང་མི་སྡུག་པའི་རྣམ་པར་ཐར་བའི་རྣམ་གཞག་མེད་དོ། །བསམ་གཏན་གཉིས་པ་དང་གསུམ་པ་དག་ཀྱང་ལུས་ཀྱིས་ཡོངས་སུ་གཏུགས་པ་ཡིན་པས་ཁ་དོག་ལ་མངོན་པར་དགའ་བ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད་ཀྱི་དེ་ནི་བསམ་གཏན་དང་པོའི་ས་པ་བཞིན་འདྲེས་པ་མ་ཡིན་པའི་ཡུལ་འབའ་ཞིག་པའི་ཁ་དོག་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །དེར་སྤྱོད་པའི་འདོད་ཆགས་དེའི་ཡུལ་སུན་འབྱིན་པའི་རྣམ་པ་གཉིས་ཁོ་ན་བསམ་གཏན་གཉིས་སུ་མི་སྡུག་པའི་རྣམ་པར་ཐར་པར་རྣམ་པར་གཞག་གི་གཞན་དུ་མ་ཡིན་ནོ། །གྲངས་བཞིན་ནོ་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པའི་ཁ་དོག་གི་གཉེན་པོར་ནི་བསམ་གཏན་དང་པོའི་ས་པའི་མི་སྡུག་པའི་རྣམ་པར་ཐར་པ་ཡིན་ལ། བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ནི་གཉིས་པའི་ས་པའི་རྣམ་པར་ཐར་པ་ཡིན་ཏེ། རྣམ་པ་འདི་གཉིས་ཀྱང་ཐག་བསྲིང་བའི་གཉེན་པོ་ཡིན་པར་རིག་པར་བྱའོ། །གསུམ་པ་མཐའ་ན་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་ཉེར་བསྡོགས་ལས་འོག་མ་དང་རང་གི་ས་རྣམས་སུ་དེ་འདྲ་བའི་དགེ་བའི་རྩ་བ་ཡོད་པ་དེ་ལས་ནི་ཆེས་མཆོག་ཏུ་གྱུར་པ་མེད་པའི་ཕྱིར་རྣམ་པར་ཐར་པ་ཞེས་མི་འཐོབ་པོ། །མི་སྡུག་པ་དང་རྗེས་སུ་མཐུན་པ་འབྱོར་པ་ནི་དགེ་བ་དེ་ཨཀྵུལླ་སྔར་ཡང་སྡུག་པའི་རྣམ་པར་ཐར་པའོ། །གཞན་ཡང་འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་འདོད་ཆགས་པའི་གཉེན་པོ་གང་ཡིན་པ་དང་བསམ་གཏན་གཉིས་པའི་ཁ་དོག་གི་ཆགས་པ་མཐུན་པའི་ཕྱིར་དང༌། །ཕྱིར་ཕྱོགས་པའི་རྣམ་པར་མི་འཐད་པའི་


DTG210_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་དཔྱོད་པ་ཡིད་ལ་བྱེད་པ་འདི་ཞེས་སོ། །ཁ་དོག་ལ་ཆགས་པའི་གཉེན་པོ་རྣམ་པར་ཐར་པའི་གནས་ཉིད་དེ་དེ་སྒྲུབ་པར་དཔྱོད་པ་མི་རུང་ངོ། །སྡུག་པའི་རྣམ་པར་ཐར་པ་ནི་དང་པོ་དང་གཉིས་པ་ན་མེད་ལ། གསུམ་པ་ན་ཡང་མེད་དེ། བདེ་བའི་སྙིང་པོས་བསྐྱོད་པས་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་བསམ་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་གསུམ་པ་ནི་ཐ་མ་ཁོ་ནར་ངེས་པར་བྱ་ལ། དེ་ཡང་མ་ཆགས་པ་ཡིན་ཏེ་ཆགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་དག་འཁོར་དང་བཅས་ན་ཕུང་པོ་ལྔའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ལ། འདིར་གཟུགས་ཀྱི་ཕུང་པོ་ནི་རྗེས་སུ་འཇུག་པའི་གཟུགས་སོ། །གཞན་ན་ཡང་མཉམ་པར་མ་བཞག་པ་ཡོད་དོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་བསམས་ནས་བརྗོད་པ་ཡིན་ནོ། །གཞན་དག་ན་རེ་དེ་ནི་མ་ཡིན་ཏེ། དགེ་བའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་ཡང་འཆི་བའི་སྲིད་པ་ཕྲོ་ནྱ་སྨིན་སྐྱེ་བས་ཐོབ་པ་སེམས་ལ་རྣམ་པར་གཞག་པ་ཤེས་པར་བྱའོ། །གང་སྦྱོར་བ་ལས་བྱུང་བ་རྣམས་བར་ཆད་མེད་པར་སྐྱེའོ། །གང་གི་ཕྱིར་བར་ཆད་མེད་པ་དང་སྦྱོར་བ་ལས་བྱུང་བའི་རྣམ་པར་གྲོལ་བའི་ལམ་ཡང་རྣམ་པར་ཐར་པ་ཞེས་བྱ་བ་ཐོབ་པོ་ཞེ་ན། གཞན་དག་ན་རེ་ལམ་འོག་མ་ལ་དམིགས་པས་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་མི་འཐོབ་པོ་ཞེས་ཟེར་རོ། །དེ་ཡང་ས་འོག་མ་མ་ཡིན་པ་ལས་ཕྱིར་ཕྱོགས་པས་གཟུགས་མེད་པ་རྣམས་ལ་རྣམ་པར་ཐར་པ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པའི་དོན་ནི་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན་ནོ་ཞེས་བྱ་བ་ལ། དང་པོ་དག་ནི་ཁ་དོག་གི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །གསུམ་པ་ནི་མི་སྡུག་པ་ལའོ། །གཟུགས་མེད་པ་རྣམས་ནི་འཇུག་པ་འོག་མ་དང༌། དམིགས་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །འདུ་ཤེས་དང་ཚོར་བའམ་ཞེས་བྱ་བ་ནི། འདུ་ཤེས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་ཚོར་བ་ལ་རྒྱབ་ཀྱིས་


DTG210_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའི་ཕྱིར་རོ། །འདུ་ཤེས་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི། དམིགས་པ་ཐམས་ཅད་ལ་འཇུག་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་པའི་ཕྱིར་ཞེས་བྱ་བ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ནི་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བ་གང་གིས། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་སྐྱེད་པར་མི་ནུས་པ་སྟེ། སྒྲིབ་པ་དེ་ལས་རྣམ་པར་ཐར་པའི་ཕྱིར་ཏེ་སྤང་བའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །གཞན་དག་ན་རེ། དེ་དམིགས་པའི་འཇུག་པ་ཐམས་ཅད་ལས་ཕྱིར་ཕྱོགས་པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པའི་རྣམ་པར་ཐར་པའོ་ཞེས་ཟེར་རོ། །དེ་བས་ན་ཆེས་ཕྲ་བར་བྱས་ནས་ཞེས་བྱ་བ་ནི། འགོག་པ་ལ་དམིགས་པ་ནས་ཆེས་ཕྲ་བར་བྱེད་པའོ། །དེ་ལྟར་སྙོམས་པར་འཇུག་པའི་སེམས་ནི་ཟག་པ་དང་བཅས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ལ། སྲིད་པའི་རྩེ་མོ་པ་ནི་ཕྲ་བས་དམིགས་པ་དང་བཅས་པའི་འཇུག་པ་ལས་ཕྱིར་ཕྱོགས་པའི་ཕྱིར་སྙོམས་པར་འཇུག་པའི་སེམས་ནི་ཟག་པ་དང་བཅས་པ་ཡིན་ལ། ས་འོག་མ་པའི་ཟག་པ་དང་བཅས་པའི་སྙོམས་པར་འཇུག་པའི་སེམས་ཡིན་གྱི། ལྡང་བའི་སེམས་ནི་མ་ཡིན་ནོ། །ས་འོག་མ་པའི་སྦྱོར་བ་ལས་བྱུང་བ་ནི་འདིར་རགས་པའི་ཕྱིར་དེ་མ་ཐག་པའི་རྐྱེན་གྱིས་དངོས་པོ་མི་སྲིད་པའི་ཕྱིར་ཟག་པ་མེད་པ་ནི་ས་འོག་མ་པ་སྟེ་འདུས་མ་བྱས་ལ་དམིགས་པ་གང་ཡིན་པའོ། །དེ་ལྡང་པའི་སེམས་རུང་ངོ༌། །མ་བསྒྲིབས་པ་ལ་དམིགས་པ་ཉིད་ཀྱིས་དེ་ཤིན་ཏུ་ཞི་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བྱས་ན་གལ་ཏེ་ཟག་པ་དང་བཅས་འགོག་པ་ལས་ལྡང་བར་བྱེད་དོ། །སྲིད་པའི་རྩེ་མོ་པའི་ལྡང་བའི་སེམས་ནི་ཟག་པ་མེད་པས་སོ། །ཚོར་བ་ནི་ཅི་ཡང་མེད་པའི་ས་པ་སྟེ། གཞན་ནི་མ་ཡིན་ཏེ་བསྐལ་པའི་ཕྱིར་རོ། །ཅི་རིགས་པར་ཞེས་བྱ་བ་ནི། བསམ་གཏན་དང་པོ་དང་གཉིས་པའི་ས་པ་སྟེ། གཉིས་ཀྱིས་ཡིད་དུ་མི་འོང་བ་སྟེ། རྣམ་པར་


DTG210_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོས་པ་ལ་སོགས་པ་དམིགས་པའི་ཕྱིར་རོ། །གསུམ་པ་ནི་ཡིད་དུ་འོང་བ་སྟེ་སྡུག་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་མ་ཡིན་ཏེ། གྱ་ནོམ་པའི་གཟུགས་ལ་དམིགས་པའི་ཕྱིར་རོ། །བསམ་གཏན་དང་པོའི་ཁ་དོག་གི་གཉེན་པོ་ནི་བསམ་གཏན་གཉིས་པ་ལ་བརྟེན་པའི་རྣམ་པར་ཐར་པ་དག་ཡོད་ཀྱང་ས་འོག་མ་ལ་དམིགས་པ་ཉིད་ས་གོང་མ་ལ་བརྟེན་པ་ཉིད་ཀྱིས་དེ་དག་ཆེས་གྱ་ནོམ་པའི་ཕྱིར་དེ་དག་རེ་ཤིག་འདོད་པ་ན་སྤྱོད་པའི་ཁ་དོག་གིས་འདོད་ཆགས་ཀྱི་གཉེན་པོ་ཉིད་དུ་མི་རུང་ངོ༌། །བསམ་གཏན་གཉིས་པ་ལ་བརྟེན་པའི་ཁ་དོག་གིས་འདོད་ཆགས་ཀྱི་གཉེན་པོ་ཡིན་ཡང་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་གི་ཐོབ་པ་བསམ་གཏན་དང་པོའི་ཁ་དོག་གིས་འདོད་ཆགས་ཀྱི་གཉེན་པོར་གྱུར་པ་ཞེས་བྱ་བ་ནི། འདོད་པར་གཏོགས་པ་གང་ཡིན་པ་དེ་དག་ཡུལ་དུ་སྣང་བ་ཉིད་དེ་བསམ་གཏན་དང་པོའི་ས་པའི་རྣམ་པར་བསྔོས་པ་ལ་སོགས་པ་ལ་དམིགས་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་དང་འགོག་པ་དག་ཅེས་བྱ་བ་ནི། རང་གི་ས་པ་དང་ས་གོང་མའི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་དང་འགོག་པ་དམིགས་པ་ཡིན་གྱི། ས་འོག་མའི་སྡུག་བསྔལ་གྱི་རྒྱུ་དང་དེའི་འགོག་པ་ལ་དམིགས་པ་མ་ཡིན་ནོ། །རྗེས་སུ་ཤེས་པའི་ཕྱིར་དང་མཐུན་པའི་ལམ་ཐམས་ཅད་ཅེས་བྱ་བ་ནི། ཅི་རིགས་པར་རང་གི་ས་དང་གོང་མ་དང་ས་འོག་མས་བསྡུས་པའོ། །སོ་སོར་མ་བརྟགས་པས་འགོག་པ་ཡང་ཡིན་ནོ་ཞེས་བྱ་བ་ནི། གཟུགས་མེད་པའི་རྣམ་པར་ཐར་པ་གཟུགས་མེད་པའི་དགེ་བ་རྣམས་ནི་མི་སློབ་མཚན་མ་མེད་པའི་ཏིང་ངེ་འཛིན་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་པ་ཡིན་ཏེ། ཉེར་བསྡོགས་མདུན་དུ་མ་གཏོགས་སོ་ཞེས་འབྱུང་བའི་ཕྱིར་རོ། །མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཡང༌། མི་སློབ་པའི་མཚན་མ་མེད་པའི་སོ་སོར་མ་བརྟགས་པས་འགོག་པ་ལ་དམིགས་པ་ཡིན་ནོ། །ནམ་མཁའ་ཡང་གཅིག་གི་ཡིན་ནོ་ཞེས་བྱ་བ་ནི་ནམ་


DTG210_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཟག་པ་པ་དང་བཅས་པའོ། །བདེ་བའི་སྙིང་པོས་བསྐྱོད་པའི་ཕྱིར་རོ་ཞེས་བྱ་བ་ལ། བདེ་བའི་སྙིང་པོ་ནི་བདེ་བའི་སྙིང་པོ་སྟེ། བདེ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱ་བའི་ཐ་ཚིག་གོ །དེས་བསྐྱོད་པའི་ཕྱིར་ཏེ་གཡོ་བར་བྱས་པའི་ཕྱིར་རོ། །བསམ་གཏན་གསུམ་པ་ལ་བདེ་བ་གྱ་ནོམ་པས་ཀུན་ཏུ་གཡེངས་པར་བྱས་པའི་ཕྱིར་རྣམ་པར་ཐར་པ་བསྐྱེད་པར་མི་ནུས་ཀྱི། དེ་དང་འདྲ་བའི་དགེ་བའི་རྩ་བ་ནི་སྐྱེད་པར་བྱེད་དོ། །རྣམ་པར་ཐར་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པ་དག་བསྡུའོ། །ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་མངོན་པར་བསྒྲུབ་པའི་ཆེད་དུ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བསྡུའོ། །དེ་ཡང་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་དངོས་པོ་ཡོངས་སུ་བསྒྱུར་བ་ནི་དངོས་པོ་གང་ཞིག་ཇི་ལྟར་མོས་པ་དེ་ལྟར་འགྱུར་བ་སྟེ། ད་སེར་ན་ས་གསེར་དུ་བྱེད་པ་བཞིན་ནོ། །བྱིན་གྱིས་རློབ་པ་ནི་དངོས་པོ་བསྟན་པ་དུས་ཐུང་ངུ་དེ་སྲིད་ཙམ་དུ་འཇིག་པའོ། །ཚེ་བཏང་བ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་རྡུལ་ཕྲ་རབ་དག་ཏུ་རི་རབ་འཇུག་པ་ལ་སོགས་པའོ། །ཅིའི་ཕྱིར་གསུམ་པ་དང་བརྒྱད་པ་དག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་གསུམ་པ་ལ་མངོན་སུམ་དུ་བྱ་བ་བཤད་ལ་འདུ་ཤེས་དང་ཚོར་བ་འགོག་པ་ལ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་བརྒྱད་པ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །དེ་ལ་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་སྟེའོ། །རྫོགས་པར་བྱས་ཏེ་ཞེས་བྱ་བ་ན་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ཏེའོ། །གཙོ་བོ་ཡིན་པའི་ཕྱིར་དང༌། ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་དང་པོ་དང་གཉིས་པ་དག་པས་གསུམ་པ་གཙོ་བོ་ཡིན་ཏེ། གནས་གྱུར་པའི་སྒོ་


DTG210_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཟུགས་ཅན་གྱི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤང་བའི་ཕྱིར་རོ། །སྡུག་པའི་རྣམ་པར་ཐར་པ་ཡིན་ཡང་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་གསུམ་པ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །དེ་བཞིན་དུ་གཙོ་བོ་ཡིན་པའི་ཕྱིར་བརྒྱད་པ་ལ་ཡང་མངོན་སུམ་དུ་བྱ་བ་བཤད་དེ། འདི་ལྟར་གནས་གྱུར་པའི་སྒོ་ནས་གཟུགས་ཅན་མ་ཡིན་པའི་རྣམ་པར་ཐར་པའི་སྒྲིབ་པ་མཐའ་དག་སྤངས་པའི་ཕྱིར་ལྷག་མ་དག་པས་གཙོ་བོ་ཡིན་ནོ། །བསམ་གཏན་བཞི་པ་ནི་གཟུགས་ཀྱི་ཁམས་ཀྱི་མཐའ་དང་ས་སྟེ། གཟུགས་ཅན་གྱི་ས་རྣམས་ཀྱི་མཐའ་ཡིན་ལ། དེ་ན་རྣམ་པར་ཐར་པ་གསུམ་པ་ཡོད་པས་དེ་ཁོ་ན་ལ་མངོན་སུམ་དུ་བྱ་བར་བཤད་དོ། །དེ་བཞིན་དུ་སྲིད་པའི་རྩེ་མོ་ཁམས་ཀྱི་མཐའ་དང་ས་སྟེ། གཟུགས་ཅན་མ་ཡིན་པའི་ས་རྣམས་ཀྱི་མཐའ་ཡིན་ལ། རྣམ་པར་ཐར་པ་བརྒྱད་པ་ཡང་དེའི་ས་པ་ཡིན་པས་དེའི་ཕྱིར་དེ་ལ་མངོན་སུམ་དུ་བྱ་བ་བཤད་དོ། །གཞན་དག་ན་རེ་མདོ་གཞན་ལས་ཐམས་ཅད་ལ་མངོན་སུམ་དུ་བྱ་བ་བཤད་དེ། མདོ་ལས་ཆོས་བརྒྱད་ནི་མངོན་སུམ་དུ་བྱ་བ་སྟེ། རྣམ་པར་ཐར་པ་བརྒྱད་དོ་ཞེས་གསུངས་ལ། ཡང་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལུགས་དང་མཐུན་པར་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་མདོ་གཉིས་པོ་འདི་དག་ཁོ་ན་མ་གཏོགས་པ་དེ་ལས་གཞན་པའི་མདོ་ཐམས་ཅད་ལས་གཉིས་ཁོ་ན་ལམ་མངོན་སུམ་དུ་བྱ་བ་གསུངས་ཏེ་དེའི་ཕྱིར་དྲི་བ་དང་ལན་འཐད་དོ། །དང་པོ་གསུམ་ནི་འདོད་པའི་ཁམས་ལ་བརྟེན་ཏེ། ལྷ་དང་མི་དག་ཁོ་ན་ལ་སྐྱེའོ། །གཞན་དུ་ན་བྱང་གི་སྒྲ་མི་སྙན་པ་རྣམས་ནི་བློ་རྟུལ་བའི་ཕྱིར་དང་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་སུ་ནི་མ་ཡིན་ནོ། །ཐ་མ་ལ་མ་གཏོགས་པ་ལྷག་མ་རྣམས་ནི་གསུམ་ཀ་ལ་སྟེ། ཐམས་ཅད་ལ་བརྟེན་པས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད། ཨཱུཔ་པནྣ་སྟུ་བི་བརྡྷ་ཡེ་དེ་བཾ་ཡཱཾ་བནྣ་པ་སཾ་ཛྙཱ་ན་སཾ་ཛྙཱ་ཡ་ཏ་ན། རྣམ་པར་


DTG210_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་དང་པོ་ན་འདོད་པ་དང་གཟུགས་ཀྱི་ཁམས་ཁོ་ནར་དང་པོར་སྐྱེའོ། །དེ་ལ་འདོད་ཆགས་དང་མ་བྲལ་བ་ནི་དེར་སྐྱེ་བ་མེད་པའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའོ། །འདོད་པ་དང་གཟུགས་ཀྱི་ཁམས་སུ་གཅིག་གམ་གཉིས་སམ་གསུམ་ནི་གཟུགས་མེད་པ་ལས་འོག་ཏུ་རིམ་པ་བཞིན་དུ་སྐྱེའོ། །དེ་སྐྱེ་བ་ནི་རང་གི་ས་ལ་འཕེལ་བས་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་གཟུགས་ཅན་དུ་བསྒོམས་པའི་རྣལ་འབྱོར་ཅན་དེ་ཡང་དེ་ལ་འདོད་ཆགས་དང་བྲལ་བ་བརྟེན་པར་བྱ་བའི་ཕྱིར་མི་སྡུག་པའི་རྣམ་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བར་བྱེད་དོ། །དེ་སོ་སོར་རྟོག་པ་རྣོན་པོས་ནང་གི་གཟུགས་ལ་མི་མཐུན་པའི་འདུ་ཤེས་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ནི། དེས་རང་གི་ལུས་མི་རོ་རུལ་པ་མགུལ་དུ་ཐོགས་པ་ལྟ་བུར་ལྟ་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྨད་པ་ནི་བཙོག་པ་སྟེ་རྩ་ཡོངས་སུ་བོར་བ་ལྟ་བུར་རོ། །དེ་ལྟར་གཟུགས་ཅན་གཟུགས་ལ་ལྟ་སྟེ། བདག་གི་གཟུགས་ཀྱང་འདི་ལྟ་བུའོ་ཞེས་གཟུགས་དང་སྦྱོར་ཏེ། རབ་ཏུ་དངས་པའི་ནོར་བུའི་ཟ་མ་ཏོག་གི་ནང་ན་གནས་པའི་དངོས་པོ་བཞིན་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བར་ལྟ་བའི་གནས་སྐབས་འདི་གྲུབ་པ་ནི་རྣམ་པར་ཐར་པ་དང་པོའོ། །གང་སེམས་འདོད་པ་དང་མི་མཐུན་པ་དང་ཕྱིར་ཕྱོགས་པ་སྨོས་པ་དང་ལོག་པར་གྱུར་པ་འདི་ནི་རྣམ་པར་ཐར་པའོ། །དེ་ལྟ་ན་མ་ཆགས་པ་ཞེས་བཤད་པ་དང༌། རྣམ་པར་ཐར་པ་དང་པོ་དག་ལ་ལྟའོ་ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་ཀྱི་རང་བཞིན་དུ་སྐྱེ་བ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་མ་ཆགས་པའི་རང་བཞིན་རྣམས་ཁོ་ན་ཤེས་རབ་ཨུ་དྲ་ག་དཱ། འདི་བསྟན་པས་ཤེས་རབ་ཀྱི་རང་བཞིན་ཁོ་ན་ཆེས་ཉེ་བར་མངོན་སུམ་དུ་གྱུར་པས་གཏི་མུག་གི་གཉེན་པོ་ཉིད་དུ། ཆགས་པའི་ནི་མ་ཡིན་པས་དེ་ཉིད་ཇི་སྐད་བཤད་པའི་རིམ་པས་ནང་གི །བཱི་བྷཱུ་ཏྭ་ཡཱི་དབང་འབྱོར་པའི། གཟུགས་ཀྱི་འདུ་ཤེས་ལ་བྱ་བ་མེད་པ་རྒྱུན་ཆགས་པ་ཡིན་ནོ། །དེ་ཤིན་ཏུ་སྦྱངས་པའི་བདེ་བའི་ཁྱད་དང་ལྡན་པའི་གནས་སྐབས་སུ་གཟུགས་ལ་དམིགས་པ་སྟེ། མི་


DTG210_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རྣམ་པར་སེམས་པ་ནི་རྣམ་པར་ཐར་པ་གཉིས་པར་བརྗོད་དོ། །དེ་བདག་ལ་ཆགས་པས་འཁྲུགས་པ་ནི་སྔར་མི་གཙང་བར་འདུ་ཤེས་པར་གྱུར་པ་དེ་གཟུགས་ལ་ཤིན་ཏུ་ཆགས་པ་མེད་ཅིང་ཆེས་དག་པར་གྱུར་པ་དམིགས་པ་དང་བཅས་པའི་གནས་ཀྱི་ཁྱད་པར་གྱི་ཕྱིར་བསམ་གཏན་གཉིས་པ་ལ་རབ་ཏུ་ཞུགས་ཏེ་རིམ་པ་འདིས་མི་མཐུན་པར་འདུ་ཤེས་ཏེ་རྣམ་པར་ཐར་པ་གཉིས་སྒྲུབ་པར་བྱེད་དོ། །གལ་ཏེ་ཅི་ལྟར་དགའ་བར་འགྱུར་ཞེ་ན། སའི་དབང་གིས་སྡུག་བསྔལ་ཤེས་པ་བཞིན་དགེ་བ་བསྒྲུབ་པ་བསྟན་པའི་ཕྱིར་དགེ་བ་དེ་སྐྱེའོ། །མུ་ཀྟ་ཤྩ་སཽ་ཏེ་བྷྱོ་རཱུ་པེ་བྷྱ་ཨི་ཏི། དེ་མི་མཐུན་པའི་རྣམ་པས་དགའ་བ་སྒྲུབ་པ་ཡིན་ནོ། །དེའི་ཕྱིར་བསམ་གཏན་གསུམ་པ་སྒྲུབ་པར་བྱེད་དོ། །གསུམ་པ་ལས་བཞི་པ་དང༌། དེ་ནས་བསམ་གཏན་བཞི་པ་ལ་བརྟེན་ནས་འདོད་པ་ན་སྤྱོད་པའི་གཟུགས་སྡུག་པ་ཡིད་ལ་བྱེད་དེ། གྲོལ་བ་ཡང་དེ་རྣམས་ལས་གཟུགས་རྣམས་ལས་ཞེས་པར། རིན་པོ་ཆེ་དང་གོས་དང་མེ་ཏོག་ལ་སོགས་པ་མཚན་མར་བཟུང་ནས་ཇི་སྐད་བཤད་པའི་གཟུགས་ནི་མཛེས་པ་དང་སྡུག་པའི་མཚན་མ་ཡིད་ལ་བྱའོ་སྙམ་སྟེ། དེ་ལ་སྐྱོ་བར་གྱུར་པ་ན། ན་ཙེདྡྷ་བཱཿསྡུག་པར་ཡང་ལྟ་བར་བྱེད་དོ། །ན་ནུ་ཙ་ནཱི་ཡ་སྟེ། དེའི་གཟུགས་སོ་སོར་འཁུམས་པ་དེའི་ཕྱིར་དམིགས་པ་གཞན་ཉེ་བར་བསྒྲུབ་པ་དང་འདྲ་བའི་གནས་སྐབས་འདི་ནི་རྣམ་པར་ཐར་པ་གསུམ་པར་བརྗོད་དོ། །མི་སྡུག་པ་ལས་ཕྱིར་ཕྱོགས་ཤིང་སྡུག་པའི་རྣམ་པར་ཐར་པ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྟག་ལུང་གྱི་དཔེར་ན་ཙཱནཱཏི་ཡཱ་ཏི།རྣམས་ལ་ལྟ་སྟེ། རྣམ་པར་ཐར་པ་གཉིས་པ་བཞིན་དུ་དེ་ནི་གཉེན་པོ་ཐ་དད་པ་ཉིད་དེ། མི་སྡུག་པ་ནི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་ལས་ཀྱང་མི་སྡུག་པ་སྟེ། མི་སྡུག་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །སྡུག་པས་ནི་འདོད་ཆགས་ཀྱི་རྒྱུ་ལ་ཡང་འདོད་ཆགས་སྐྱེ་ལ། དེ་བཞིན་དུ་འདོད་ཆགས་ཀྱི་རྒྱུ་མཚན་མེད་པའི་ཕྱིར་གཉིས་པས་ནི་མ་ཡིན་ནོ། །ལྷག་མ་རྣམ་པར་ཐར་པ་རྣམས་ནི་སྔར་ཁོ་ནར་གཟུགས་མེད་པ་ལ་དཔྱད་པ་དང་མི་ལྡན་པའི་འདུ་བྱེད་ལ་དཔྱད་པ་ལྟ་བུའོ། །


DTG210_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་འདི་དག་ནི་སྐྱེས་པ་དང་བུད་མེད་དང་འཕགས་པ་དང་སོ་སོ་སྐྱེ་བོས་ཀྱང་སྐྱེད་པར་བྱེད་ལ། འགོག་པའི་སྙོམས་པར་འཇུག་པ་ན་འཕགས་པ་ཁོ་ནས་སོ། །དེ་བཞིན་དུ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་དང་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་སྟེ། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །དེ་བཞིན་དུ་གཟུགས་མེད་པར་འདུ་ཤེས་པ་སྟེ་ཞེས་བྱ་བ་ལ་ཇི་ལྟར་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་སྟེ། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ནས་རྒྱ་ཆེར་བརྗོད་དེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་ལྟ་སྟེ་ཞེས་བྱ་བ་ནས་རྒྱ་ཆེར་བརྗོད་དེ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །གཟུགས་མེད་པར་འདུ་ཤེས་པ་ཉིད་ཀྱང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་ལ་ལྟ་བ་སྟེ་དེ་ལྟར་ན་བརྒྱད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཐར་མའི་མེ་ཏོག་གམ་ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་ཞེས་བྱ་བ་ནས་རྒྱ་ཆེར་དཔེར་ན་དོང་ཀའི་མེ་ཏོག་གམ་ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་སེར་པོ་ཞེས་བྱ་བ་རྒྱ་ཆེར་འདི་ནི་ཟིལ་


DTG210_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ་ཞེས་བྱ་བའི་བར་རོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ་ཞེས་བྱ་བ་ནས་རྒྱ་ཆེར་དཔེར་ན་མེ་ཏོག་རྩ་ལག་འཚོ་འམ་ཡུལ་ཝཱ་རཱ་ཎ་སཱིའི་རས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནས་རྒྱ་ཆེར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ་ཞེས་བྱ་བའི་བར་རོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ་ཞེས་བྱ་བ་ནས་རྒྱ་ཆེར་དཔེར་ན་སྐར་མ་པ་བ་སངས་སམ་ཡུལ་ཝཱ་རཱ་ཎ་སཱིའི་རས་ཞེས་བྱ་ནས་རྒྱ་ཆེར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བྱ་བའི་བར་རོ། །དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ། ཐམས་ཅད་པས་གྱ་ནོམ་པའི་དམིགས་པ་ཡིན་ཡང་ཁ་དོག་གསལ་བ་ལ་སོགས་པས་སྒྲུབ་པའི་དགེ་བའི་རྩ་བ་ཟིལ་གྱིས་གནོན་ཏེ། རྒྱན་སེར་པོ་སྣ་ཚོགས་པས་བརྒྱན་པའི་འབངས་རྗེ་བོས་ཟིལ་གྱིས་གནོན་པ་བཞིན་ནོ། །ཡང་ན་དེས་འདིའི་གནས་ཟིལ་གྱིས་གནོན་ཏེ། གང་མ་བཅིངས་པས་གནས་པ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །ཆུང་ངུ་ཞེས་བྱ་བ་ནི་དམིགས་པ་ཆུང་བ་ཉིད་ཀྱིས་སོ། །ཁ་དོག་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཅིག་ན་རེ་ཁ་དོག་བཟང་པོ་རྣམས་ལ་ཆགས་པ་མི་སྐྱེད་ལ། ཁ་དོག་ངན་པ་རྣམས་ལ་ཁོང་ཁྲོ་བ་མི་སྐྱེད་པ་སྟེ། འདིར་ཟིལ་གྱིས་གནོན་པ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟར་ཡིན་ན་ཟིལ་གྱིས་གནོན་པ་རྣམས་མ་ཆགས་པ་དང་ཞེ་སྡང་མེད་པའི་རང་བཞིན་དུ་ཐལ་བར་འགྱུར་ཏེ། དེའི་ཕྱིར་འདིར་དོན་ནི་ཁ་དོག་བཟང་པོ་དང་ངན་པ་རྣམས་ཟིལ་གྱིས་མནན་ནས། ཁ་དོག་ངན་པ་ཇི་ལྟ་བར་ཁ་དོག་བཟང་པོ་རྣམས་ཀྱང་དེ་དང་འདྲ་བར་མི་སྡུག་པའི་རྣམ་པར་རོ་གཅིག་པར་བྱས་ནས་མཐོང་སྟེ། འདིའི་སེམས་ལ་དབང་བ་ནི་འདི་ཡིན་ནོ་ཞེས་ཟེར་རོ། །ཟིལ་གྱིས་མནན་ནས་ཞེས་པ་ནི་ཞེས་བྱའོ། །ཟིལ་གྱིས་མནན་ནས་མཐོང་ཞེས་བྱ་བ་ནི་དེའི་རྒྱུ་མཚན་ཅན་གྱི་རྣལ་འབྱོར་རྫོགས་


DTG210_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གོ །དེ་ལྟར་འདུ་ཤེས་པར་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་མནན་ནས་མཐོང་ངོ་སྙམ་དུའོ། །ཟིལ་གྱིས་གནོན་པ་གཉིས་པའི་ཆེན་པོ་དག་ནི་དམིགས་པ་ཆེ་བ་ཉིད་ཀྱིས་སོ། །ལྷག་མ་ནི་དང་པོ་དང་འདྲའོ། །དེ་དག་ལས་གཉིས་ནི་རྣམ་ཐར་དང་པོ་བཞིན་ཞེས་བྱ་བ་ནི། རང་བཞིན་དང་རྣམ་པའི་བྱེ་བྲག་གིས་ཏེ། རྣམ་པར་ཐར་པ་དང་པོ་ཇི་ལྟ་བ་བཞིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པོ་དག་ཀྱང་རང་བཞིན་དང་ས་དང་རྣམ་པའི་བྱེ་བྲག་གི་སྒོ་ནས་དེ་དང་འདྲ་བར་ལྟ་བར་བྱེད་དོ། །འདི་ཉིད་ནི་རྣམ་པར་ཐར་པ་དང་པོའི་འབྲས་བུ་ཡང་ཡིན་ནོ། །གཉིས་ནི་གཉིས་པའོ་ཞེས་བྱ་བ་ནི་གང་དག་ནང་གཟུགས་མེད་པར་འདུ་ཤེས་པས་ཆུང་ངུ་དང་ཆེན་པོ་ལ་དམིགས་པ་དག་ནི་རང་བཞིན་ལ་སོགས་པའི་བྱེ་བྲག་གི་སྒོ་ནས་རྣམ་པར་ཐར་པ་གཉིས་པ་དང་འདྲ་བར་བལྟ་བར་བྱའོ། །གཞན་སྡུག་པའི་རྣམ་པར་ཐར་པ་བཞིན་ཞེས་བྱ་བ་ནི་རང་བཞིན་དང་ས་དང་རྣམ་པའི་བྱེ་བྲག་གིས་སྡུག་པའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཁ་དོག་སྔོན་པོ་ལ་སོགས་པ་བཞི་ཡང་རིག་པར་བྱའོ། །རྣམ་པར་མ་ཕྱེ་བ་ཁ་དོག་སྨོས་པས་རྣམ་པར་ཐར་པ་བཤད་དོ། །གང་གི་ཚེ་འདིར་རྣམ་པར་ཕྱེ་སྟེ་སྨོས་པར་གྱུར་པ་དེའི་ཚེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཁ་དོག་བཞིའི་ཡུལ་ཉིད་ལ་ཡང་སྡུག་པའི་རྣམ་པར་ཐར་པ་བཞི་ཐལ་བ་མེད་དོ། །རྣམ་པར་མ་ཕྱེ་བས་ཁ་དོག་བཞི་སྨོས་པ་གང་ཡིན་པ་སྡུག་པ་ཉིད་ཀྱིས་ཐུན་མོང་པ་གཅིག་ཉིད་དུ་སེམས་ན། དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་ཡང་ཐལ་བར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ལ་ཞེས་བྱ་བ་ནི་རྣམ་པར་ཐར་པ་དག་གིས་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ཀྱི། དམིགས་པ་ཟིལ་གྱིས་གནོན་པ་ནི་མ་ཡིན་ལ། ཟིལ་གྱིས་གནོན་པ་དག་གིས་ནི་རྒྱབ་ཀྱིས་ཕྱོགས་པ་འབའ་ཞིག་ཏུ་མ་ཟད་དེ། འོ་ན་ཅི་ཞེ་ན་དམིགས་པ་ཟིལ་གྱིས་གནོན་པ་ཡང་ཡིན་ནོ། །


DTG210_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འདོད་པ་བཞིན་མོས་པའི་ཕྱིར་དང་ཞེས་བྱ་བ་ནི་འདོད་པར་སྔོན་པོ་དང་སེར་པོ་ལ་སོགས་པར་སྨོས་པའི་ཕྱིར་དང༌། རྣམ་པར་བསྡོས་པ་དང་རྣམ་པར་གནག་པ་ལ་སོགས་པར་སྨོས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་སྡུག་པར་འཛིན་ཡང་ཉོན་མོངས་པ་མི་སྐྱེ་བ་ན། དེ་ལྟ་ན་དེ་དག་གིས་དམིགས་པ་ཟིལ་གྱིས་མནན་པ་ཡིན་ནོ། །གང་ཡང་དགེ་བའི་རྩ་བ་གཞན་དག་གིས་རང་གི་དམིགས་པ་ཇི་ལྟ་བ་བཞིན་དུ་ཟིལ་གྱིས་གནོན་པ་དེ་ལྟ་ན་ཡང་གཟུགས་ཀྱི་སྐྱེ་མཆེད་ནི་བསྟན་དུ་ཡོད་པ་ཉིད་ཀྱིས་ཟིལ་གྱིས་མནན་པར་དཀའ་བའི་ཕྱིར་དང༌། ཁ་དོག་བཟང་པོ་དང་ངན་པ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ལས་ཕྱིར་ཕྱོགས་པར་སྐྱེའོ། །ཇི་ལྟར་འདོད་པར་མི་སྣང་བ་དང་ཡོངས་སུ་བསྒྱུར་བ་དང་མངོན་སུམ་དུ་བྱ་བ་ལ་སོགས་པ་ལ་དབང་བའི་ཕྱིར་དུ་སྟེ། མདོ་ལས་དེ་ལ་དམིགས་པ་རྣམས་ཁོ་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་སུ་བསྟན་ནོ། །ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་རྣམ་པ་ལ་དམིགས་པ་ཉིད་ཟིལ་གྱིས་གནོན་པའི་ཕྱིར་འདི་ཉིད་ཁོ་ན་གཙོ་བོ་ཡིན་ནོ། །ཟད་པར་གྱི་སྐྱེ་མཆེད་བཅུའོ། །བཅུ་གང་ཞེ་ན། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀ་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང༌། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་ཀྱང་ཡིན་ཏེ། དེ་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །བར་མེད་པར་ཟད་པར་རྒྱས་པར་བྱེད་ཅེས་བྱ་བ་ལ། འདི་ལྟར་བསྟན་པར་འགྱུར་ཏེ། བར་མེད་ཅིང་མཚམས་མེད་པའི་ངོ་བོར་གང་ཞིག་སར་མོས་པ་དེ་དག་ཐམས་ཅད་གཅིག་ཏུ་སྲ་བ་རྒྱས་པར་བྱེད་དེ་ཁྱབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཞེ་ན་ས་མཐའ་ཡས་སོ་སྙམ་དུ་མོས་པ་སྟེ་ཟད་པར་རྣམ་པར་ཤེས་པའི་བར་


DTG210_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་བར་མེད་ཅིང་མཚམས་མེད་པར་རྒྱས་པར་ཡིད་ལ་བྱེད་པ་གནས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །དེ་ལས་ཞེས་བྱ་བ་ནི་དམིགས་པ་ལ་བརྗོད་དོ། །ཟད་པར་ཞེས་བྱ་བ་ནི་རྣམ་པའོ། །འདི་དག་ནི་རྣམ་པ་མཚུངས་པས་ཡིན་ཡང་དམིགས་པ་ཐ་དད་པས་ཐ་དད་པ་ཉིད་དོ། །ལ་ལ་ཞེས་བྱ་བ་ནི་གང་ཞིག་སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་པར་འགྱུར་པའོ། །འདུ་ཤེས་སུ་བྱེད་ཅེས་བྱ་བ་ནི་འདི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་སྟོན། དེ་ལྟ་མ་ཡིན་ན་རབ་ཏུ་ཤེས་པར་བྱེད་ཅེས་བརྗོད་པར་འགྱུར་རོ། །སྟེང་དང་འོག་དང་ཐད་ཀ་ཞེས་བྱ་བ་ནི་གང་དང་གང་དུ་ཡིད་འཇུག་པར་བྱེད་པར་རོ། །གཉིས་སུ་མེད་ཅིང་ཞེས་བྱ་བ་ནི་བར་མེད་པར་ཡིད་ལ་བྱེད་པ་སྟོན་པའོ། །ཚད་མེད་པ་ཞེས་བྱ་བ་ནི་མཐའ་ཡས་པར་མོས་པའོ། །འདི་ནི་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྦྱངས་པ་བྱས་པའི་སེམས་ལ་དབང་བ་བརྗོད་པའོ། །བརྒྱད་མ་ཆགས་ཞེས་བྱ་བ་ལ། །ཟད་པར་སྔོན་པོ་ལ་སོགས་པ་བཞི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཕྱི་མ་བཞིའི་ཁྱད་པར་གྱི་བདག་ཉིད་དོ། །སྔོན་པོ་ལ་སོགས་པ་ཁ་དོག་གི་རྟེན་གྱི་སྒོ་ནས་ཟད་པར་སའི་སྐྱེ་མཆེད་ལ་སོགས་པས་ས་ལ་སོགས་པ་ལ་དམིགས་པ་རྣམས་ཀྱང་མ་ཆགས་པའི་བདག་ཉིད་ཅེས་བྱའོ། །བསམ་གཏན་མཐའ་ན་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཕྱི་མ་བཞིའི་སྦྱོར་བ་ལས་བྱུང་བའི་ཕྱིར་རོ། །བརྒྱད་ཀྱི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ། །ཇི་ལྟར་ཟད་པར་འབྱུང་བའི་སྐྱེ་མཆེད་རྣམས་ཀྱི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ཡིན་ཞེ་ན་ས་ལ་སོགས་པ་རྣམས་སོ། །སའི་ཁམས་ལ་སོགས་པ་རྣམས་ལ་ཁྱད་པར་ཡོད་པས་འདི་དག་ཟད་པར་སའི་སྐྱེ་མཆེད་ཅེས་བྱའི། ཟད་པར་སའི་ཁམས་ལ་སོགས་པར་ནི་མ་ཡིན་ནོ། །ས་ལ་སོགས་པ་རྣམས་ཀྱང་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པས་དེ་རྣམས་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཅན་ཉིད་དུ་མི་འགལ་ལོ། །ཁ་ཅིག་ན་རེའི་རླུང་ནི་རེག་


DTG210_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །གང་བཤད་པ་རླུང་ཚོགས་ཁམས་ཉིད་ཡིན་ཞེས་བཤད་པ་དེའི་ལུགས་ཀྱིས་སོ། །ཡང་གང་དག་དེ་དང་འདྲ་བ་འང་ཡིན་ཞེས་ཟེར་བ་དེའི་ལུགས་ཀྱི་ན་ས་ལ་སོགས་པ་ལྟར་རླུང་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ཏེ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་པའི་རང་བཞིན་ཡིན་ལ་འདི་གཉིས་ཀྱི་དམིགས་པ་ནི་རང་གི་ས་པའི་ཕུང་པོ་བཞི་ཡིན་ནོ། །རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ཅན་ཡིན་ལ་ཞེས་བྱ་བ་ནི། འདི་དག་རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་སྟེ། རྣམ་པར་ཐར་པ་འཇུག་པ་ལས་བྱུང་བ་ནི་རྣམ་པར་ཐར་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ་རྣམ་པར་ཐར་པ་ཚོགས་སུ་གྱུར་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ལ་འཇུག་པ་ཉིད་ནི་འཇུག་པ་ལས་བྱུང་བ་ཞེས་བྱ་སྟེ། དེ་བཞིན་དུ་འདི་དག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལས་བྱུང་བ་ཅན་ཞེས་བརྗོད་པར་བྱ་སྟེ་སྒོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་ཤེ་ན། སྡུག་པའི་རྣམ་པར་ཐར་པས་ནི་ཁ་དོག་བཟང་པོ་འཛིན་པར་བྱེད་ཀྱི་ཡོངས་སུ་དཔྱོད་པར་ནི་མི་ནུས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་སྔོན་པོའོ་སེར་པོའོ་ཞེས་ཡོངས་སུ་དཔྱོད་པར་བྱེད་ཀྱི། བར་མཚམས་མེད་པར་ལྷག་པར་མོས་པ་ནི་མི་ནུས་པས། བར་མཚམས་མེད་པར་བྱ་བའི་ཕྱིར་དུ་ཟད་པར་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །ཡང་ན་རྒྱབ་ཀྱིས་ཕྱོགས་བ་ཙམ་དང་ཟིལ་གྱིས་གནོན་པ་དང་ཟད་པར་བྱེད་པའི་ཕྱིར་དེ་ལྟར་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཐོབ་པ་གང་ཡིན་པ་དེ་གདོན་མི་ཟ་བར་སྐྱེ་མཆེད་གཞན་དོན་ཀྱང་འཐོབ་སྟེ། ཡོན་ཏན་རྣམས་ནི་རིམ་གྱིས་འཇོག་པའི་ཕྱིར་རོ། །གཞན་དག་ན་རེ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐ་དད་པའི་ཕྱིར་རྣམ་པར་ཐར་པ་ལ་སོགས་པར་ཕྱེ་སྟེ་དེ་ལྟར་རྣམ་པར་ཐར་པ་རྣམས་ནི་རྒྱུ་ཁོ་ན་ཡིན་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་


DTG210_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཁོ་ན་ཡིན་ཞིང་ཟིལ་གྱིས་གནོན་པ་རྣམས་ནི་གཉིས་ཀ་ཡིན་ནོ་ཞེས་ཟེར་རོ། །འགོག་པའི་རྣམ་པར་ཐར་པ་མ་གཏོགས་པ་ཞེས་བྱ་བ་ལ་དེ་ནི་འཕགས་པའི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་གྱི་སོ་སོའི་སྐྱེ་བོ་ལ་ཡོད་པ་ནི་མ་ཡིན་ནོ། །འདྲིས་པ་དང་མ་འདྲིས་པའི་ཕྱིར་རོ་ཞེས་བྱ་བ་ལ། འདྲིས་པ་ཅི་རིགས་པར་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོ་བའི་བར་འདོད་ཆགས་དང་བྲལ་བས་ཐོབ་པ་སྔར་སྐྱེས་པ་བཏང་བ་དག་གོ །དེའི་བསམ་གཏན་དང་པོའི་ས་དག་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བས་འཐོབ་བོ། །དེ་བཞིན་དུ་ཅི་རིགས་པར་ལྷག་མ་དག་ལ་ཡང་བརྗོད་པར་བྱའོ། །མ་འདྲེས་པ་ནི་སྦྱོར་བ་ལས་བྱུང་བ་སྟེ་སྦྱོར་བས་འཐོབ་པོ། །དེ་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱི་སྦྱོར་བརྒྱད་མིག་གི་རྣམ་པར་ཤེས་པའི་སྦྱོར་བ་ལས་བྱུང་བ་རྣམས་ཏེ། དེ་བཞིན་དུ་ཟད་བར་ནམ་མཁའ་ཡང་ནམ་མཁའི་ཁམས་ལ་དམིགས་པ་ཉིད་ཀྱིས་དང་པོར་ཡིད་ལ་བྱེད་པས་མོས་ཤིང་སྒྲུབ་པར་བྱེད་དོ། །རང་གི་ས་པའི་ཕུང་པོ་བཞི་རྣམས་སོ། །ཟད་པར་རྣམ་པར་ཤེས་པའི་དམིགས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་སྦྱོར་བ་ལས་བྱུང་བ་སྟེ། རྣམ་པར་ཤེས་པ་དམིགས་ཏེ་དང་པོར་ཡིད་ལ་བྱེད་པས་མོས་ཤིང་སྒྲུབ་པར་བྱེད་དོ། །ལྟག་མ་ནི་སྔ་མ་བཞིན་ནོ། །ལྷག་མ་ཡང་གང་ཞིག་ཅེ་ན། རྣམ་པར་ཐར་པ་དང་པོ་གསུམ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་ཟད་པར་གྱི་སྐྱེ་མཆེད་རྣམས་ནི་མིའི་རྟེན་ཅན་ཁོ་ན་ཡིན་ནོ། །ལུང་གི་མཐུས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འཆད་པ་པོས་ཡང་དག་པར་བཤད་པ་ལ་རག་ལས་པ་སྟེ། དེ་ཡང་འདོད་པའི་ཁམས་ཁོ་ན་ལས་གཞན་ན་ཡོད་པ་མ་ཡིན་ནོ། །མན་ངག་ལམ་བལྟོས་པར་ནི་ནུས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཚད་མེད་པ་དང་མངོན་པར་ཤེས་པ་དག་ཡོད་ལ་རྣམ་པར་ཐར་པ་རྣམས་མ་ཡིན་ཞེ་ན། བཤད་པ་རེ་ཤིག་དང་པོ་ཁོ་ནར་རྒྱུ་རྣམ་པར་ཐར་པ་རྣམས་མེད་པར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཡོད་པ་མ་ཡིན་ལ། རྣམ་པར་ཐར་པ་མེད་པ་དང་ཟད་པར་རྣམས་མེད་པའི་ཕྱིར་དང་དེ་དག་ནི་དེ་ལ་འཇུག་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་


DTG210_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

རམ་བདེ་བའི་སྙིང་པོ་ལ་མངོན་པར་ཞེན་པ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ལ་སོགས་པ་སྒྲུབ་པར་མི་ནུས་སོ། །ཚད་མེད་པ་ལ་སོགས་པ་རྣམས་ནི་དེའི་བདེ་བ་དང་རྗེས་སུ་མཐུན་པ་ཉིད་དོ། །ཡང་འདི་དག་གི་རྣམ་པར་ཐར་པ་ལ་སོགས་པ་རྣམས་དང་གང་ཆོས་གཞན་པ་ཐོབ་པ་དེ་ཐམས་ཅད་ཅི་ཞེ་ན། ཟད་པར་གྱི་སྐྱེ་མཆེད་རྣམས་ཐོབ་པ་གང་ཡིན་པ་དེ་ནི་ངེས་པར་འདི་དག་ཐམས་ཅད་ཡིན་ནོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་གང་ཡིན་པ་དེ་ནི་ངེས་པ་རྣམ་པར་ཐར་པ་རྣམས་ཡིན་གྱི། ཟད་པར་རྣམས་ནི་གདོན་མི་ཟ་བར་ཡིན་ནོ། །རྣམ་པར་ཐར་པ་རྣམས་གང་ཡིན་པ་དེ་ནི་འདི་དང་ཅིག་ཤོས་དག་གདོན་མི་ཟ་བར་ཡིན་ནོ། །གལ་ཏེ་མན་ངག་མེད་པར་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་རྣམ་པར་ཐར་པ་ལ་སོགས་པ་ནི་མི་སྐྱེ་ན། ཅི་མན་ངག་མེད་པར་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཞེས་བྱ་བ་རྒྱ་ཆེར་འབྱུང་ཞེ་ན། དེ་ནི་འདོམས་ཤིང་འཆད་པར་བྱེད་པ་པོ་མེད་དོ། །འདི་ལྟར་བསྒྲུབ་པར་རིག་པར་བྱ་སྟེ། གཟུགས་དང་གཟུགས་མེད་པའི་ས་གང་དུ་སྐྱེས་པ་དེའི་གོང་མའི་བསམ་གཏན་དང་གཟུགས་མེད་པར་མངོན་དུ་བྱེད་པ་གང་ཡིན་པ་དེ་ནི། དེ་བས་ཁྱད་པར་དུ་འཕགས་པས་གཟུགས་མེད་པ་དང་བསམ་གཏན་གྱི་ཁྱད་པར་རོ། །ཉེ་བ་དང་ཡང་དང་ཡང་དུ་གོམས་པ་ལས་སོ་ཞེས་བྱ་བ་ནི། ཉེ་བ་དང་ཡང་དང་ཡང་དུ་གོམས་པས་སོ། །ཇི་ལྟར་ཞེ་ན་འདོད་པའི་ཁམས་སུ་སྐྱེ་ཤིང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་སླར་དེ་ལས་ཉམས་ནས་གཟུགས་མེད་པའི་ཁམས་སུ་སྐྱེས་ཏེ། དེ་དེར་སྐྱེས་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་ཉེ་བ་དང་ཡང་དང་ཡང་དུ་གོམས་པ་དང་སྐལ་བ་མཉམ་པའི་རྒྱུ་སྟོབས་དང་ལྡན་པ་ཉིད་ལས་གཟུགས་མེད་པའི་ཏིང་ངེ་འཛིན་སྐྱེའོ། །དེ་བཞིན་དུ་རྒྱུ་དང་འབྲས་བུ་ལས་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཡང་གཟུགས་མེད་པར་སྐྱེ་བར་བྱེད་དོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ལས་ཡོངས་སུ་ཉམས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པ་ཡང་རྒྱུའི་སྟོབས་ཀྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་སྐྱེད་དོ། །དེ་བཞིན་


DTG210_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལས་གོང་དུ་སྐྱེས་པ་ལ་ཡང་བརྗོད་པར་བྱའོ། །ལས་ཀྱི་སྟོབས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་ལན་གྲངས་གཞན་ལ་མྱང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པའི་ཕྱིར། དེ་ལས་འདོད་ཆགས་པ་དང་བྲལ་བ་དང་མཐུན་པའི་རྒྱུད་གནས་ཏེ། འོག་མ་ལ་འདོད་ཆགས་དང་མ་བྲལ་བར་ནི་གོང་དུ་སྐྱེ་བར་མི་ནུས་སོ། །རྒྱུའི་སྟོབས་དང་ལས་ཀྱི་སྟོབས་ཀྱིས་གཟུགས་དང་གཟུགས་མེད་པའི་ཁམས་སུ་གཟུགས་མེད་པ་སྐྱེའོ། །ཆོས་ཉིད་ཀྱིས་ནི་མ་ཡིན་ཏེ། འཇིག་པའི་བསྐལ་པའི་དབང་གིས་གཟུགས་མེད་པ་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་ནི་བསམ་གཏན་གཞན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསམ་གཏན་འོག་མར་སྐྱེས་པ་ལ་བསམ་གཏན་གོང་མ་སྟེ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་སུ་བསམ་གཏན་གཉིས་པ་ལ་སོགས་པ་སྐྱེས་ནས་ཡོངས་སུ་ཉམས་ཏེ། བསམ་གཏན་དང་པོར་སྐྱེས་པ་ཞིག་སྔོན་གོམས་པའི་རྒྱུའི་སྟོབས་ཀྱིས་བསམ་གཏན་གཉིས་པ་ལ་སོགས་པ་སྐྱེད་དེ། རྒྱུའི་སྟོབས་ཀྱིས་གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་སྐྱེས་པ་ནི་དེ་ལྟ་བུའོ། །ལས་ཀྱི་སྟོབས་ཀྱིས་ནི་གང་གི་ཚེ་བསམ་གཏན་དང་པོ་ལ་སོགས་པ་སྐྱེས་པ་འམ་བསམ་གཏན་གཉིས་པ་ལ་སོགས་པའི་ལན་གངས་གཞན་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉེ་བར་གནས་པ་ཡིན་པ་དེའི་ཚེ། བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེད་པར་བྱེད་དོ། །དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ནི་དགེ་བའི་ཆོས་ལ་འཇུག་པའི་ཚེ། དགེ་བའི་ལས་ཀྱི་ལམ་གང་དག་ཡིན་པ་དེ་དག་གི་འཇུག་པ་སྟེ། གང་དག་ལ་དེ་ཤས་ཆེ་བ་ཡོད་པ་དེ་དག་ནི་དེའི་འཇུག་པ་ཤས་ཆེ་བའོ། །དེའི་དངོས་པོ་ནི་དེའི་འཇུག་པ་ཤས་ཆེ་བ་ཉིད་དེ། འཇུག་པ་ཤས་ཆེ་བ་ཉིད་དེའི་ཕྱིར་གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་སྐྱེའོ། །འདི་སྐད་དུ། དགེ་བའི་རྩ་བ་དེ་དག་བདག་ཉིད་དུ་མཆོག་ཏུ་གྱུར་པ་ཐོབ་པ་ལས་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་རྟེན་རྒྱུན་ཆགས་སུ་སྐྱེ་བ་དང་


DTG210_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པར་གནས་པའི་ཕྱིར། ལུང་ནོས་པ་མེད་པར་བསམ་གཏན་རྣམས་སྐྱེའི་ཞེས་བཤད་པ་ཡིན་ནོ། །ཆོས་ཉིད་ཀྱིས་ཞེས་བཤད་པ་ཆོས་ཉིད་ཅེས་བྱ་བ་འདི་གང་ཞིག་ཅེ་ན། རེ་ཞིག་མདོ་སྡེ་པ་ཁ་ཅིག་ན་རེ་ཆོས་འཇུག་པ་ཤས་ཆེ་བ་དེ་དག་ཉིད་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་ལུང་མེད་པར་བསམ་གཏན་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ་རང་བཞིན་དང་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྔོན་གྱི་བསམ་གཏན་བསྒོམ་པའི་དགེ་བའི་ཆོས་ཀྱི་དབང་གིས་དེ་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་ཡིན་ཏེ། ཚེ་རབས་སྔ་མའི་སྐལ་བ་དང་མཉམ་པའི་རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་ནི་ཆོས་ཉིད་ཡིན་ནོ་ཞེས་ཟེར་རོ། །ཆོས་རྣམས་ཀྱི་རྣམ་པ་འདི་ལྟ་བུ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱི་རྣམ་པ་ཁམས་དང་ས་དང་དམིགས་པ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་སོ། །ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་དང་འདུལ་བ་དང་ཆོས་མངོན་པ་རྣམས་དོན་དང་ཚིག་གི་སྒོ་ནས་སྨྲ་བར་བྱེད་པ་གང་ཡིན་པ་དེ་དག་འཛིན་པར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་གང་དག་འབྲས་བུ་ལ་གནས་པ་དང༌། ལམ་བསྒོམ་པ་ལ་ཞུགས་པ་དེ་དག་ནི་དམ་པའི་ཆོས་རྟོགས་པའི་བདག་ཉིད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་འཛིན་པར་བྱེད་པ་ཡིན་ནོ། །གཞན་དག་ན་རེ་ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་དང་སྒྲུབ་པར་བྱེད་པ་སྟེ་རྟེན་ཡིན་ཏེ། ལུང་ཕྱིན་ཅི་མ་ལོག་པའི་རྟེན་ནི་སྒྲུབ་པ་པོ་རྣམས་ཡིན་པའི་ཕྱིར་རོ། །རྟོག་པ་སྨྲ་བར་བྱེད་པ་ན་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་ཇི་སྲིད་དུ་སྒྲུབ་པར་བྱེད་པ་ཡོད་པ་དེ་སྲིད་དུ་རྟོགས་པ་ཞེས་བྱའི་དམ་པའི་ཆོས་རྗེས་སུ་གནས་སོ་ཞེས་ཟེར་རོ། །ལུང་ཡང་ཇི་སྲིད་སྨྲ་བར་བྱེད་པ་དེ་སྲིད་དུ་ལུང་བཤད་པའོ་ཞེས་སོ། །འདིར་སྨྲ་བ་པོ་ཉིད་ཙམ་གྱི་དབང་དུ་བྱས་ནས་སྨྲ་བ་པོ་འཛིན་པར་བྱེད་པ་ཞེས་བཤད་དོ། །དེའི་ཕྱིར་འདིར་ཆོས་འགའ་ཞིག་ལ་ཁྱད་པར་


DTG210_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །ཅི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་འདིར་ཆོས་མངོན་པ་དོན་དུ་བཤད་པ་དེ་འདི་ཉིད་དམ། ཅི་བསྟན་བཅོས་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མཚན་ཉིད་དུ་བཤད་ཅེ་ན། དེའི་ཕྱིར་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད་ཅེས་རྒྱ་ཆེར་སྨོས་ཏེ། ཕལ་ཆེར་ཞེས་སྨོས་པ་ནི། འདིར་ཅུང་ཟད་ཅིག་ཁ་ཆེ་བའི་ཚུལ་ལས་འདས་པར་སྨྲས་པ་སྟེ། དཔེར་ན་དབྱིབས་དང་གཟུགས་བརྙན་དང་འདས་པ་དང་མ་འོངས་པ་དག་ལྟ་བུའོ། །དེ་ལ་ཡང་ན་ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས་ཏེ། ཆོས་ཉིད་ཟབ་པའི་ཕྱིར་དང་ལུང་འབོགས་པར་མཛད་པ་རྣམས་རྙེད་པར་དཀའ་བའི་ཕྱིར་བདག་གིས་ནོངས་སོ། །ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་མངའ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་སྲས་རྣམས་ཁོ་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་ལ་ཚད་མ་ཡིན་ནོ། །སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་ཞེས་བྱ་བ་ནི། ལམ་བཟང་པོ་མ་ཡིན་པ་སྤངས་ནས་བཟང་པོ་ལ་ངེས་པར་སྦྱོར་བར་མཛད་པ་བཅོམ་ལྡན་འདས་རྒྱུ་དང་འབྲས་བུའི་འབྲེལ་པ་ཕྱིན་ཅི་མ་ལོག་པ་སྟོན་པས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཡོངས་སུ་མྱ་ངན་ལས་འདས་པའོ། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ནི་ཞེས་བྱ་བ་ལ། དབང་གྱུར་སྐྱེ་བོ་ནི་འདིར་སངས་རྒྱས་ཀྱིས་སློབ་པ་མངོན་སུམ་དུ་མཐོང་བ་པོ་ལུང་དང་རྟོགས་པ་དང་ལྡན་པ་རྣམས་དང་རིགས་པ་དང་མི་འགལ་བའི་ལུང་གི་རྗེས་སུ་འབྲང་བ་རྣམས་སོ། །ཟད་པ་ན་ཞེས་པ་ནི་མི་རྟག་པ་ཉིད་ཀྱི་དབང་དུ་གྱུར་པ་ནའོ། །ཕལ་ཆེར་ཞེས་བྱ་བ་འདིས་ནི་དབང་དུ་གྱུར་པའི་སྐྱེ་བོ་དཀོན་པ་ཉིད་དུ་སྟོན་པའོ། །དེ་ཉིད་མ་མཐོང་བ་ནི་སོ་སོ་སྐྱེ་བོའོ། །འདོམས་མེད་ཅེས་བྱ་བ་ལ། དེ་དག་གིས་འདོམས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་སངས་རྒྱས་ཀྱི་སྲས་རྣམས་ཡིན་ཏེ། དེ་རྣམས་མེད་པས་འདོམས་པ་མེད་པའོ། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ་ཞེས་བྱ་བ་ལ། རྟོག་གེ་ངན་པའི་རྗེས་སུ་འབྲང་བ་ནི་ངན་རྟོག་རྣམས་སོ། །ཡང་ན་རྟོག་


DTG210_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ངན་པ་ཉིད་དེ། རྟོག་གི་ལྟར་སྨད་པའི་ཕྱིར་དང༌། ལུང་དང་འགལ་བའི་ཕྱིར་རོ། །རྟོག་གེའི་རྗེས་སུ་འབྲང་སྟེ་ཚིག་དང་དོན་གྱི་སྒོ་ནས་ལྷག་པར་སྒྲོ་བཏགས་པར་བསྟན་པ་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་ཞེས་བྱ་བ་ལ། མཆོག་ཏུ་ཞི་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་ཕུང་པོ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །ལུང་འབོགས་པ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་སྨིན་པ་ལས་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པས་ན་རང་བྱུང་ངོ༌། །རང་བྱུང་གི་བསྟན་པ་ནི་ཕུང་པོ་གསུམ་གྱི་ལམ་དང༌། དེ་སྟོན་པ་མདོ་དང་འདུལ་བ་དང་ཆོས་མངོན་པ་རྣམས་སོ། །ལུང་དང་རྟོགས་པ་དང་ལྡན་པ་སེམས་ཅན་རྣམས་ལ་ལྟ་བས་བསྟན་པ་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་གང་དག་ཡིན་པ་དེ་དག་ནི་བསྟན་པ་གཅེས་འཛིན་ཏེ། དེ་དག་ཀྱང་མཆོག་ཏུ་ཞི་བར་གཤེགས་པ་ན་ཞེས་བྱ་བར་རྗེས་སུ་སྙེག་གོ །འགྲོ་མགོན་མེད་པ་ན། འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ནི་སྤྱོད། །ཅེས་བྱ་བ་ལ། འགྲོ་བའི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། སངས་རྒྱས་ཀྱི་སྲས་རྣམས་ཡིན་ན། དེ་དག་ཀྱང་མཆོག་ཏུ་ཞི་བར་གཤེགས་པ་ན་འགྲོ་བ་མགོན་མེད་པའོ། །ཡོན་ཏན་ནི་ཚུལ་ཁྲིམས་དང་ཤེས་རབ་ཀྱི་བདག་ཉིད་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མ་རབ་ཏུ་འཇུག་པ་དག་གིས་དེ་དག་ད་ལྟར་བྱུང་བ་ནི་སེལ་པར་བྱེད་ལ། མ་འོངས་པ་རྣམས་ལ་གེགས་བྱེད་པས་དྲི་མ་རྣམས་ཡོན་ཏན་འཇོམས་པར་བྱེད་པའོ། །འདོམས་མེད་ཅེས་པ་ནི་འགལ་ཟླ་མེད་པའི་ཕྱིར་རོ། །དགའ་མགུར་ནི་འདོད་དགུར་རོ། །དེང་སངས་འདི་ན་འགྲོ་བ་རྣམས་སྤྱོད་ཅེས་བྱ་བའོ། །ལྐོག་མར་སྲོག་ཕྱིན་འདྲ་ཞེས་བྱ་བ་མི། སྟོན་པའི་བསྟན་པ་བསྲུང་བ་ལ་ཞུགས་པའི་སངས་རྒྱས་ཀྱི་སྲས་རྣམས་མེད་པའི་ཕྱིར་དང༌། རྟོག་གེ་པ་ངན་པ་རྣམས་ཀྱིས་ཚིག་དང་དོན་སྒྲོ་


DTG210_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པས་དཀྲུགས་པའི་ཕྱིར་རོ། །དེ་ལྟར་ཐུབ་པའི་བསྟན་པ་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བ་དང་དྲི་མ་རྣམས་སྟོབས་དང་ལྡན་པ་སྟེ་འགྲོ་བ་མགོན་མེད་པས་གཉེན་པོ་མེད་པའི་ཕྱིར་རོ། །དེ་ནི་ཉོན་མོངས་པ་རྣམས་སྟོབས་དང་ལྡན་པའོ་ཞེས་རིག་པར་བྱས་ནས། འདིར་ཐར་པ་འདོད་པ་རྣམས་ཀྱིས་ཇི་སྲིད་བསྟན་པ་འདི་རྣམ་པ་ཐམས་ཅད་དུ་མ་ནུབ་གྱི་བར་དུ་བག་ཡོད་པར་གྱིས་ཤིག་ཅེས་བྱའོ། །སློབ་སྤོན་གནས་བརྟན་བློ་གྲོས་བརྟན་པས་མཛད་པ་ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་རྣམ་པར་བཤད་པ་ལས་སྙོམས་འཇུག་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བརྒྱད་པ་རྫོགས་སོ།། །།དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པའོ།། །།ཆོས་མངོན་པ་མཛོད་ཀྱི་འགྲེལ་པའི་རྒྱ་ཆེར་བཤད་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་སློབ་དཔོན་བློ་གྲོས་བརྟན་པས་མཛད་པ་འདི། སྔར་གངས་ཅན་དུ་མཛོད་ཀྱི་འགྲེལ་བཤད་སློབ་དཔོན་བློ་གྲོས་བརྟན་པས་མཛད་པ་གནམ་ལྕགས་ཐོག་ཟེར་ཞེས་བྱ་བ་ཡོད་དོ་ཞེས་མཁས་པ་རྣམས་ལ་དེ་ཙམ་གྲགས་པ་མ་གཏོགས་མ་འགྱུར་བ་ལས། འདིའི་རྒྱ་དཔེ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་བའི་ཕྱག་ཏུ་བྱུང་བ། རྗེ་ཉིད་མཛད་པ་མཐར་ཕྱིན་པས་འགྱུར་མཛད་པ་མ་གྲུབ་པ་ལས། བསྟན་པ་རིན་པོ་ཆེ་ལ་གཅིག་ཏུ་གཅེས་སྤྲས་མཛད་ཅིང་ལྷ་དང་བཅས་པའི་སྐྱེ་དགུའི་འདྲེན་པ་དམ་པ་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཐུགས་དགོངས་རྣམ་པར་དག་པས་བཀའ་གནང་སྟེ། འདི་ཉིད་བོད་སྐད་དུ་བསྒྱུར་བ་ནུས་སམ་ཞེས་གསུངས་པ་ལས། བར་སྐབས་སུ་ཧོར་ཀོང་ཅུང་ཟད་ལུས་པ་འདུག་ནའང་སྔར་མངོན་པ་མཛོད་རྩ་འགྲེལ་དང་འགྲེལ་བཤད་རྒྱལ་པོ་སྲས་དང་གང་སྤེལ་ལ་སོགས་པ་འགྱུར་འདུག་པ་འདི་དག་གི་ཚིག་དོན་ལ་ལར་གཏུགས། སྔོན་གྱི་ལོ་ཙཱ་པ་རྣམས་ཀྱིས་ཆོས་བསྒྱུར་ཚུལ་དང་སྒྲའི་གཞུང་ལུགས་ཕྱོགས་ཙམ་རྟོགས་


DTG210_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕལ་ཆེ་བ་བོད་སྐད་དུ་བསྒྱུར་ནུས་པ་འདྲ་ཞེས་གསོལ་པ་ལ། དེ་ལྟ་ན་བསྟན་པའི་བྱ་བ་ཡིན་པས་ཅིས་ཀྱང་བསྒྱུར་བ་ལེགས། དབང་ལོ་ཙཱ་བ་ལྟ་བུའི་འགྱུར་ལའང་ཧོར་ཀོང་སྔགས་སུ་ལུས་འདུག་ཅིང་ད་ཕྱིས་གཞན་གྱིས་རྫོགས་པར་འགྱུར་བ་ཡང་དགའ་བས་བསྒྱུར་ཅིག་ཅེས་བཀའ་གནང་ཞིང་མཐུན་རྐྱེན་སྩལ་ཏེ། ཞ་ལུ་ལོ་ཙཱ་བ་དྷརྨཱ་བཱ་ལ་བྷ་དྲ་ཞེས་པས་འདིའི་རྒྱ་དཔེ་ངོ་བོ་དང༌། དཔེ་དཔང་གི་རྒྱ་དཔེ་སྟག་ལུང་ནས་གནས་གཉིས་པའི་སྨད་དང་གསུམ་པ་དང་བཞི་པའི་སྟོད་རྣམས་མ་གཏོགས་ཚང་བ་ཞིག་རྙེད་པ་དང་རང་འགྲེལ་གྱི་རྒྱ་དཔེ་དང་སྔར་སྨོད་པའི་བོད་དཔེ་རྣམས་ལ་གཏུགས་ཤིང་དཔྱད་དེ། སྔོན་གྱི་མཁས་པ་རྣམས་ཀྱི་བཀས་བཅད་བཞིན་གཞིས་ཁ་ལྷུན་གྲུབ་གླིང་དང་ལྷུན་གྲུབ་ལྷ་རྩེ་ནས་མགོ་བརྩམས་ཏེ། ཤར་ཕྱོགས་ཀོ་བོའི་སའི་ཆ་དགའ་ལྡན་མ་མོའི་གཙུག་ལག་ཁང་དུ་རྫོགས་པར་བསྒྱུར་བའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཡོ་ག་པ་སངས་རྒྱས་འཕེལ་ཞེས་བྱ་བས་བགྱིས་སོ། །ད་དུང་འདིའི་བར་སྐབས་སུ་ལུས་པའི་ཧོར་ཀོང་རྣམས་ལས་ཅུང་ཟད་མཆན་བུས་གསལ་བར་བྱས་པ་ལའང་དོན་གྱི་འགྲེལ་པ་རྟོགས་དགོས་ཡོད་པ་དང་འགྱུར་ནོར་འཁྲུལ་མཆིས་པ་རྣམས་སྒྲ་དང་མངོན་པའི་གཞུང་ལུགས་མཐར་ཕྱིན་པའི་མཁས་པ་རྣམས་ཀྱིས་བཟོད་ཅིང་དཔྱོད་པར་གསོལ་ལོ། །ལྷག་པའི་ཤེས་རབ་བརྗོད་བྱར་བྱེད་པའི་འཛམ་གླིང་རྒྱན་མཆོག་གཞུང་ལུགས་གསལ་བྱེད་བསྟན་བཅོས་ཆེན་པོ་འདི་བསྒྱུར་ལས། །དགེ་ཚོགས་གང་ཞིག་ཐོབ་པ་དེ་ཡིས་མ་ལུས་འགྲོ་རྣམས་མི་ཤེས་མུན་པ་ཡེ་ཤེས་སྣང་བས་རབ་བཅོམ་སྟེ། །ཀུན་མཁྱེན་གོ་འཕང་མཆོག་ཐོབ་གྱུར་ཅིག་གནས་སྐབས་སུ་ཡང་ཆོས་མངོན་རྒྱ་མཚོའི་ལེགས་བཤད་འབལ་བའི་བཀའ་མཆིད་ཀྱི། །དགའ་སྟོན་སྣང་བས་ཕྱོགས་རྣམས་ཀུན་ཏུ་བསྟན་འཛིན་མཆོག་རྣམས་ལེགས་བཤད་འབྱོར་བས་རྣམ་པར་རྩེན་པ་ཉིད་གྱུར་ཅིག །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དི་མ་ཧཱ་ཤྲ་མ་ཎ། །དགེའོ།། །།


no previousཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ། བློ་གྲོས་བརྟན་པ།no next