སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ།
ཉི་མ་བསྲུངས་པ།
སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པ་བཞུགས།། །།རྒྱ་གར་སྐད་དུ། སིདྡྷ་ས་ར། བོད་སྐད་དུ། སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ། བམ་པོ་དང་པོའོ། །སྨན་དཔྱད་ཀྱི་གཞུང་འདི་ལ་ལེའུ་བསྡུས་པ་སུམ་ཅུ་རྩ་གཅིག་ཡོད་དེ། རྒྱུད་ཀྱི་ལེའུ་དང༌། སྨན་གྱི་སྡེ་ཚན་གི་ལེའུ་དང༌། ཟས་ཀྱི་ལེའུ་དང༌། འཆི་ལྟས་ཀྱི་ལེའུ་དང༌། རིམས་ཀྱི་ལེའུ་དང༌། འཁྲུ་བའི་ལེའུ་དང༌། ཁྲག་ལུད་པའི་ལེའུ་དང༌། གཅོང་ཆེན་པོའི་ལེའུ་དང༌། སྐྲན་གྱི་ལེའུ་དང༌། དམུ་རྫིངས་ཀྱི་ལེའུ་དང༌། གཅིན་སྙིའི་ལེའུ་དང༌། མཛེ་ནད་ཀྱི་ལེའུ་དང༌། གཞང་འབྲུམ་དང༌། མཚན་པར་རྡོལ་བའི་ལེའུ་དང༌། སྐྱ་རྦབ་ཀྱི་ལེའུ་དང༌། སྐྱིགས་བུ་དང༌། དབུགས་མི་བདེ་བའི་ལེའུ་དང༌། ལུད་པའི་ལེའུ་དང༌། སྐྱུག་པ་དང༌། སྐེམས་པའི་ལེའུ་དང༌། གཅིན་སྲི་བའི་ལེའུ་དང༌། རྟུག་སྐམ་གྱི་ལེའུ་དང༌། སྨྱོ་བྱེད་དང། བརྗེད་བྱེད་ཀྱི་ལེའུ་དང༌། རླུང་ནད་ཀྱི་ལེའུ་དང༌། ཆད་ནད་ཀྱི་ལེའུ་དང༌། མེ་དབལ་གྱི་ལེའུ་དང༌། སྐྲངས་པའི་ལེའུ་དང༌། རྨ་གསོ་བའི་ལེའུ་དང༌། མིག་སྨན་གྱི་རྒྱུད་ཀྱི་ལེའུ་དང༌། དུག་གསོ་བའི་རྒྱུད་ཀྱི་ལེའུ་དང༌། སྨན་བཅུད་ཀྱི་ལེན་དང༌། རོ་ཙའི་རྒྱུད་ཀྱི་ལེའུ་དང༌། བྱིས་པའི་རྒྱུད་ཀྱི་ལེའུ་དང༌། ལས་རྣམ་ལྔའི་ལེའུ་དང༌། ཆོ་གའི་ལེའུ་རྣམས་སོ། །བགྲོད་པར་དཀའ་བས་བསྲུངས་པའི་བུས། །ཀུན་ཕན་ཀུན་མཁྱེན་ཕྱག་བཙལ་ཏེ། །ཡང་དག་ཕན་པ་གཅེས་གྲུབ་འདི། །ཉི་མས་བསྲུངས་པས་བཤད་པར་བྱ། །བློ་ཆུང་དུ་གང་དག་ཚེའི་རིག་བྱེད་ཀྱི་རྒྱ་མཚོ་བརྒལ་བར་མི་ནུས་པ་དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། རྒྱུད་ཀྱི་གཞུང་འགྲོལ་བར་འདི་བྱས་སོ། །ཚེ་འཛིན་པའི་རིག་བྱེད་འདི་ནི། །ཚངས་པས་མཐོ་རིས་སུ་བཤད་དོ། །རིམ་གྱིས་ཡུལ་ཀ་ཤིའི་རྒྱལ་པོའི་མི་རྣམས་ལ་བཤད་དོ། །དེ་ལ་རྒྱུད་ཀྱི་ལེའུ་བཤད་པར་བྱ་སྟེ། འདིའི་ཡན་ལག་ནི་མིག་སྨན་དང༌། ལུས་གསོ་བ་དང༌། གདོན་བསལ་བ་དང༌། མཚོན་ཟུག་རྡུ་དབྱུང་བ་དང༌། དུག་ལས་བསྲུང་བ་དང༌། ཚེ་བསྲུང་བ་དང༌། བྱིས་པ་བསྲུང་བ་དང༌། ཁུ་ཆུ་འཕེལ་བར་བྱའོ། །འབྱུང་བ་ཆེན་པོའི་ཡོན་ཏན་གྱི་རང་བཞིན་
ཅན་གྱི་མི་ནི་ནད་ཀྱི་གཞི་ཡིན་ཏེ། དེ་ཡང་ལུས་ཀྱི་ནད་དང༌། སེམས་ཀྱི་ནད་དང༌། གློ་བུར་གྱི་ནད་དང༌། ལྷན་ཅིག་སྐྱེས་པའི་ནད་རྣམས་ཡིན་པར་འདོད་དོ། །དེ་ལ་ལུས་ཀྱི་ནད་ནི་རིམས་དང༌། མཛེ་ལ་སོགས་པའོ། །སེམས་ཀྱི་ནད་ནི་ཁྲོ་བ་ལ་སོགས་པའོ། །གློ་བུར་གྱི་ནང་ནི་གནོད་པ་ལས་བྱུང་བའི་ནད་དོ། །ལྷན་ཅིག་སྐྱེས་པའི་ནད་ནི་བཀྲེས་པ་དང༌། སྐོམ་པ་དང་རྒ་བ་ལ་སོགས་པའོ། །དུས་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་མིག་འཛུམས་པའི་ཡུད་ཙམ་ལ་སོགས་པའི་མཚན་མ་ཅན་ནོ། །དེའི་རྒྱུན་གྱི་རྣམ་པར་དབྱེ་བ་ནི། དུས་ཚིགས་རྣམ་དྲུག་ཏུ་བཤད་དེ། དེ་ལ་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ར་བ་གཉིས་ནི་དབྱར་གྱི་དུས་སོ། །སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་གཉིས་ནི་སྟོན་གྱི་དུས་སོ། །དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ་གཉིས་ནི་དགུན་གྱི་དུས་སོ། །དགུན་ཟླ་ཐ་ཆུངས་དང༌། དཔྱིད་ཟླ་ར་བ་གཉིས་ནི་དགུན་སྨད་ཀྱི་དུས་སོ། །དཔྱིད་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་གཉིས་ནི་དཔྱིད་ཀྱི་དུས་སོ། །དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་གཉིས་ནི་སོས་ཀའི་དུས་སོ། །ཉི་མ་བྱང་ཕྱོགས་སུ་འགྲོ་བ་དང༌། ལྷོ་ཕྱོགས་སུ་འགྲོ་ཞིང་ལམ་གཉིས་སུ་འཇུག་པའི་ཕྱིར། དེ་ལ་ཆར་འབབ་པ་གྲང་བའི་དུས་དང༌། ཚ་བའི་དུས་སུ་གྱུར་པའོ། །ཆར་འབབ་པ་དང༌། གྲང་བ་དང༌། ཚ་བའི་དུས་སུ་མཁྲིས་པ་དང༌། བད་ཀན་དང༌། རླུང་རྣམས་གསོག་ཅིང༌། སྟོན་དང་དཔྱིད་དང་དབྱར་འཁྲུག་པར་གྱུར་ཏེ། ནད་ཀྱི་གྲངས་དང༌། དུས་ཀྱི་གྲངས་རིམ་བཞིན་དུ་སོ་སོར་སྦྱར་རོ། །རླུང་ནད་ནི་ཕྱི་འབྲེད་ཀྱི་དུས་དང༌། ཁ་བྲས་ཞུ་བའི་མཇུག་ཏུ་ལྡང་ངོ༌། མཁྲིས་པའི་ནད་ནི་ཉི་མའི་གུང་དང༌། ནམ་ཕྱེད་དང༌། ཁ་ཟས་འཇུ་བའི་ཚེ་ལྡང་ངོ༌། །བད་ཀན་ནི་ཟས་ཟོས་མ་ཐག་དང༌། །སྲོད་དང༌། སྔ་དྲོ་ལྔད་དོ། །དེ་བཞིན་དུ་གཉིས་ཀྱི་ཆ་འདུས་པ་དང༌། གསུམ་གྱི་ཆ་འདུས་པའི་བྱེ་བྲག་གིས་ནད་གཞི་འཁྲུག་པ་སྦྱར་བར་བྱའོ། །ནད་གཞི་དང༌། ལུས་ཟུངས་དང༌། དྲི་མའི་གནས་ཀྱི་ལུས་ནི་ལུས་ཞེས་བྱ་སྟེ། དེ་དག་ཆ་མཉམ་ན་ནི་ནད་
མེད་དོ། །ཤས་ཆེ་ཆུང་དུ་གྱུར་ན་ནི་ནད་དུ་འགྱུར་རོ། །དེ་ལ་ནད་གཞི་ནི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་སོ། །ལུས་ཟུངས་ནི་བདུན་ཏེ། དངས་མ་དང༌། ཁྲག་དང༌། ཤ་དང༌། ཚིལ་དང༌། རུས་པ་དང༌། རྐང་དང༌། ཁུ་ཆུ་རྣམས་སོ། །དྲི་མ་ནི་ཕྱི་ས་དང༌། གཅིན་དང༌། རྡུལ་ལ་སོགས་པའོ། །རླུང་ནི་གྲང་བ་དང༌། ཡང་བ་དང༌། ཆ་ཕྲ་བ་དང༌། མཁྲང་པ་དང༌། རྩུབ་པ་དང༌། མི་བརྟན་པ་དང༌། སྟོབས་ཆེ་བ་དང༌། དབུགས་རྒྱུ་བར་བྱེད་པ་དང༌། ངག་འབྱུང་བར་བྱེད་པ་དང༌། ལེགས་པར་འཇོག་པ་དང༌། བསྐྱོད་པ་དང༌། དྲི་མ་འབྱིན་པ་རྣམས་ཀྱི་བྱེ་བྲག་དང་ལྡན་པའོ། །མཁྲིས་པ་ནི་སྐྱུར་བ་དང༌། རོ་ཚ་བ་དང༌། དྲོད་ཚ་འུ་རུ་རུ་བྱེད་པ་དང༌། འཇུག་པར་བྱེད་པ་དང༌། མདངས་བསྐྱེད་པ་དང༌། བཞིན་མདོག་དམར་བའི་རྒྱུ་བྱེད་པའོ། །བད་ཀན་ནི་མངར་བ་དང༌། ལན་ཚྭའི་རོ་བྲོ་བ་དང༌། འཇམ་པ་དང༌། ལྕི་བ་དང༌། ཤིན་ཏུ་འབྱིལ་བའོ། །རླུང་ནི་གཞང་དང༌། སྒུ་དོ་དང༌། འདོང་མོའི་བར་གྱི་ནང་ན་གནས་སོ། །མཁྲིས་པ་ནི་ལོང་གའི་ནང་ན་གནས་སོ། །བད་ཀན་ནི་ཕོ་བ་དང༌། ལྐོག་མ་དང༌། མཐང་ག་དང༌། མགོ་དང་ཚིགས་རྣམས་ཀྱི་ནང་ན་གནས་སོ། །ནད་གཞི་རྣམས་ནོར་བར་བྱུང་ན། གནས་དེ་ཉིད་ཀྱི་ཆོ་ག་བཞིན་དུ་བྱའོ། །ཚབས་ཆེ་བར་གྱུར་ན་ཡང་བྱེ་བྲག་ཕྱེད་པར་བྱས་ལ། །ཆོ་ག་བྱ་བ་བསྒྱུར་ཏེ་བྱའོ། །མངར་བ་ལ་སོགས་པ་རོ་རྣམ་པ་དྲུག་པོ་རྣམས་ཀྱང༌། ནད་གཞི་དེ་དག་གི་བྱེ་བྲག་ལས་ནད་མེད་པའི་རྒྱུ་གང་ཡིན་པ་རྟག་ཏུ་བཟའ་བར་བྱའོ། །དེ་ལྟར་མ་བྱས་ན་ནད་དུ་འགྱུར་རོ། །ཚ་བ་དང༌། ཁ་བ་དང༌། བསྐ་བ་རྣམས་ཀྱིས་ནི་རླུང་འཁྲུག་པར་འགྱུར་རོ། །ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་རྣམས་ཀྱིས་ནི་མཁྲིས་པ་འཁྲུག་པར་འགྱུར་རོ། །མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་རྣམས་ཀྱིས་ནི་བད་ཀན་འཁྲུག་པར་འགྱུར་རོ། །ནད་གཞི་དེ་དག་ཞི་བར་བྱ་བའི་ཕྱིར་དེ་དག་ལས་ལྡོག་སྟེ། ཟོས་ན་ནད་ཡོད་པ་རྣམས་ནི་སོས་པར་འགྱུར་རོ། །ནད་མེད་པ་རྣམས་ལ་ནི་བདེ་བའི་རྒྱུར་འགྱུར་རོ། །རོ་མངར་བ་ནི་མིག་ལ་
ཕན་ཏེ་ལུས་ཟུངས་འཕེལ་བར་བྱེད་དོ། །སྐྱུར་བ་ནི་ཕྱི་ས་བཤད་བ་འཁྲུ་བར་བྱེད། སྙིང་ལ་ཕན་པ་དང༌། ཟས་འཇུ་བ་དང༌། ཆོས་པར་བྱེད་ཅིང་དྲོད་སྐྱེད་པར་བྱེད་དོ། །ལན་ཚྭ་ནི་འཁྲུ་བ་དང༌། ཚོས་པར་བྱེད་པ་དང༌། འཇུ་བ་དང༌། ཤ་སློ་བར་བྱེད་དོ། །ཚ་བ་ཤ་ཆེ་བ་དང༌། སྙོམས་པ་དང༌། དུག་རྣམས་སེལ་ཞིང་དྲོད་བསྐྱེད་ཅིང་ཚོས་པར་བྱེད་དོ། །ཁ་པ་ནི་རིམས་དང༌། སྐོམ་པའི་ནད་སེལ་བ་དང༌། དྲོད་བསྐྱེད་པ་དང༌། འཁྲུ་བར་བྱེད། ཡིག་འབྱེད་པར་བྱེད་དོ། །བསྐ་བ་ནི་ཤན་བར་བྱེད་པ་དང༌། ཤ་འབྲི་བ་དང༌། རྟུག་སྐམས་སུ་བྱེད། འཁྲུ་བ་གཅོད། རྨ་བཅོ་བར་བྱེད་དོ། །སྨན་ནི་རོ་དང་ནུས་པ་དང༌། ཞུ་བ་རྣམས་ཀྱི་རྟེན་ཡིན་པས་ན་གཙོ་བོ་ཡིན་ནོ། །རོ་ལ་སོགས་པ་གཞན་རྣམས་ཀྱང༌། ཕྱི་མ་ཕྱི་མ་ལ་སྔ་མ་སྔ་མ་ལྡན་པར་ཡོད་པས་ན། ཕྱི་མ་ཕྱི་མ་ལ་གཙོ་བོ་ཡིན་ནོ། །དེ་ལ་ནུས་པ་ནི་རོ་ཞུ་བར་མ་གྱུར་པའི་བར་མ་ལ་བྱས་ཏེ། རྫས་ལ་གནས་ཤིང་བརྟེན་ལ། གྲང་བ་དང་ཚ་བའི་མཚན་ཉིད་དོ། །ཡང་ན་རྫས་ཀྱི་མཐུ་ཉིད་ལ་ཡང་བྱའོ། །རོ་རྣམས་ནི་ཞུ་བའི་འོག་ཏུ་མངར་བ་དང་ཚ་བ་རྣམ་པ་གཉིས་སུ་འགྱུར་ཏེ། དེ་གཉིས་ཀྱི་ནང་ན་སྔ་མ་ནི་ལྕི། ཕྱི་མ་ནི་ཡང་ངོ༌། སྨན་པ་དང༌། སྨན་པ་དང༌། ནད་པ་དང༌། ནད་གཡོག་དང༌། འདི་བཞིར་ལྡན་པ་ནི་གསོ་བའི་ཡན་ལག་ཡིན་ཏེ། དེ་དག་དང་མི་ལྡན་པ་ནི་མི་འགྲུབ་པ་ཡིན་ནོ། །དེ་ལ་སྨན་པའི་ཡན་ལག་ནི་སྨན་དཔྱད་ཀྱི་ཡི་གེ་ཁ་ཏོན་དུ་བསླབས་ཤིང་དོན་ཤེས་པ་དང༌། སྨན་གྱི་ལས་ཤེས་པ་དང༌། ལག་བསོད་པ་དང༌། གཙང་ཞིང་རེ་བ་མེད་པའོ། །ནད་པའི་ཡན་ལག་ནི་ནོར་དང་ལྡན་པ་དང༌། ཚེ་མ་ཟད་པ་དང༌། སྙིང་སྟོབས་དང་ལྡན་པ་དང༌། རང་ཉམས་དང་ལྡན་པ་གསོར་རུང་ངོ༌། །སྨན་གྱི་ཡན་ལག་ནི་ས་བཟང་པོ་ནས་སྐྱེས་པ་དང༌། རོ་ཆེ་བ་དང༌། མཆོག་ཏུ་གྱུར་པ་དང༌། དུས་སུ་ལེགས་པར་བརྔས་པའོ། །ནད་གཡོག་གི་ཡན་ལག་ནི་གཙང་ཞིང་རེ་བ་མེད་པ་དང༌། ཡི་རང་བ་དང༌། བག་ཡོད་པ་དང༌། སྟོབས་དང་ལྡན་པའོ། །སྨན་གཏང་བའི་ལས་བྱ་ན། ཡུལ་དང༌། དུས་དང༌། ན་ཚོད་དང༌། མེ་དྲོད་དང༌། གོམས་པ་དང༌།
རང་བཞིན་དང༌། སྨན་དང༌། ལུས་དང༌། སྙིང་སྟོབས་དང༌། ཉམས་སྟོབས་དང༌། ནད་དང་འདི་རྣམས་མཐོང་ནས་གདོད་བྱའོ། །དེ་ལ་ཡུལ་ནི་ཆུ་མང་བ། ནགས་རི་ཅན་ནི་གཤེར་བའི་ཕྱོགས་ཞེས་བྱ་སྟེ། བད་ཀན་དང་རླུང་གི་ནད་བསྐྱེད་དོ། །སྐམས་ནི་ཆུ་ཉུང་ཞིང་ཤིང་ཉུང་བའི་ཡུལ་ཏེ། ཁྲག་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པའི་ནད་བསྐྱེད་དོ། །ཡུལ་སྐམ་གཤེར་གྱི་ཆ་འདྲེས་མས་ནི་ནད་ཀྱང་འདྲེས་མར་འགྱུར་རོ། །ན་ཚོད་ཀྱང་རྣམ་པ་གསུམ་སྟེ། བྱིས་པ་དང༌། བར་མ་དང༌། རྒན་པོའོ། །དེ་ལ་ལོ་གཅིག་གི་བར་དུ་འོ་མ་དང། ཁ་ཟས་ཀྱི་འཚོ་བ་ནས། ལོ་བཅུ་དྲུག་གི་བར་དུ་ནི་བྱིས་པ་ཞེས་བྱའོ། །དེ་ནས་ལོ་བདུན་ཅུའི་བར་དུ་ནི་བར་མ་ཞེས་བྱའོ། །དེ་ཕན་ཆད་ནི་རྒན་པོ་ཞེས་བྱའོ། །དེས་རིམ་པ་བཞིན་དུ་བད་ཀན་དང༌། མཁྲིས་པ་དང༌། རླུང་ཤས་ཆེ་བར་འགྱུར་ཏེ་གྲངས་བཞིན་དུ་སོ་སོར་སྦྱར་རོ། །བྱིས་པ་དང་རྒན་པོ་ལ་ནི་ཐལ་སྨན་ཚ་བ་དང༌། མེ་བཙའ་དང༌། གཏར་ག་ལྟ་བུའི་དཔྱད་དྲག་པོ་མི་བྱ་བར་དཔྱད་འཇམ་པོ་བྱའོ། །ལུས་ཀྱི་བྱེ་བྲག་ཀྱང་རྣམ་པ་གསུམ་དུ་འདོད་དེ། ལུས་སྐེམ་པ་ལ་ནི་ཤ་བསྐྱེད་པའི་སྨན་བྱའོ། །ཤ་ཆེ་བ་ལ་ནི་ཤ་དབྲི་བའི་སྨན་བྱའོ། །ལུས་ཀྱི་ཤར་ན་པ་ལ་ནི་མི་འགྱུར་བར་བསྲུང་བའི་ཆོ་ག་བྱའོ། །ཉམས་སྟོབས་ནི་ལ་ལ་ཤ་ཆེ་ལ་ཉམས་སྟོབས་ཆུང་བ་ཡང་ཡོད། ལ་ལ་ཤ་སྐེམས་ལ་ཉམས་སྟོབས་དང་ལྡན་པ་ཡོད་པས་ན། སྲན་ཡོད་པ་དང༌། རྩོལ་ཕོད་པ་དང༌། སྒྱུར་དགར་ཞིང་སྲ་བ་རྣམས་ལས་ནན་ཏན་དུ་རྟོགས་པར་བྱའོ། །སྙིང་སྟོབས་ནི་མི་འགྱུར་བར་བྱེད་པ་སྟེ། སྡུག་བསྔལ་བར་གྱུར་ཏམ། མ་ཐོས་པར་གྱུར་ན། དེ་དང་ལྡན་པས་སྲོ་ཤི་བ་དང༌། ཧ་ཅང་དགའ་བར་མི་འགྱུར་བ་ནི། སྙིང་སྟོབས་དང་ལྡན་པའི་མི་ཡིན་ནོ། །གོམས་པ་ནི་གང་ལ་ཟས་དང་སྐོམ་ལ་སོགས་པ་རང་བཞིན་གྱིས་མི་མཐུན་པ་ཡིན་ཡང༌། བདེ་བ་ཉིད་དུ་འགྱུར་བ་དེ་ནི་གོམས་པ་ཞེས་བྱ་བར་ཤེས་སོ། །མི་རླུང་གི་རང་བཞིན་ཅན་ནི། ལུས་སྐེམ་ཞིང་རྩུབ་པ་དང༌། སྐྲ་སྲབ་པ་དང༌། སེམས་རྒོད་
པ་དང༌། ལུས་རྒོད་པ་དང༌། སྨྲ་བ་མང་བ་དང༌། རྨི་ལམ་ན་ནམ་མཁའ་ལ་ལྡིང་བ་ཡིན་ནོ། །མི་མཁྲིས་པའི་རང་བཞིན་ཅན་ནི། དུས་ལ་མ་བབ་པར་སྐྲ་དཀར་བ་དང༌། ཤ་མདོག་དཀར་བ་དང༌། རྡུལ་སྙི་བ་དང༌། སྤྲོ་ཐུང་བ་དང༌། སེམས་རྣོ་བ་དང༌། རྨི་ལམ་དུ་མེ་འབར་བ་མཐོང་བ་ཡིན་ནོ། །མི་བད་ཀན་གྱི་རང་བཞིན་ཅན་ནི། སེམས་བརྟན་པ་དང༌། ལུས་གྲིམས་པ་དང༌། བུ་མང་བ་དང༌། སྐྲ་སྣུམ་པ་དང༌། རྨི་ལམ་ན་ཆུ་དང༌། དཀར་བག་རྨི་བ་ཡིན་ནོ། །ནད་གཞི་ཆ་གཉིས་འདུས་པ་དང༌། ཆ་གསུམ་འདུས་པའི་རང་བཞིན་ཅན་གྱི་མི་ནི། འདྲེས་པའི་མཚན་མས་རྟོགས་པར་བྱ་སྟེ། ནད་གཞི་གཞན་དག་ཡོད་དུ་ཟིན་ཀྱང༌། གང་ཤས་ཆེ་བའི་རང་བཞིན་ཡིན་པར་བཤད་དོ། །ཁོང་ན་ཡོད་པའི་མེའི་དྲོད་ནི་བད་ཀན་དང༌། མཁྲིས་པ་དང༌། རླུང་རྣམས་རེ་རེ་ནས་ཤས་ཆེ་བར་གྱུར་པ་དང༌། ཤས་མཉམ་པར་གྱུར་པ་འདི་བཞི་ལས་མེའི་དྲོད་ཀྱང་ཤས་ཆུང་བ་དང༌། ཤས་ཆེ་བ་དང༌། དྲོད་མ་སྙོམས་པ་དང༌། དྲོད་སྙོམས་པ་དང་རྣམ་པ་བཞིར་འགྱུར་ཏེ། །གོ་རིམས་བཞིན་དུ་སོ་སོར་སྦྱར་རོ། །དེ་ལ་མེའི་དྲོད་སྙོམས་ན་ནི་དེ་ལས་མི་འགྱུར་བར་བསྲུང་བའི་ཆོ་ག་བྱའོ། །དྲོད་མ་སྙོམས་པ་ལ་ནི་རླུང་བསལ་བར་བྱའོ། །མེའི་དྲོད་ཤས་ཆེ་བ་ལ་ནི་མཁྲིས་པ་བསལ་བའི་ཆོ་ག་བྱའོ། །དྲོད་ཆུང་བ་ལ་ནི་བད་ཀན་སྦྱང་བར་བྱའོ། །ཁ་ཕྲས་མྮུ་ནས་མེའི་དྲོད་བྲི་བས་ནི་ནད་དོ་ཅོག་སྐྱེ་བའི་གཞི་ཡིན་ཏེ། དེའི་མཚན་མ་ནི་ཁོང་ལྟམ་ལྟམ་པོར་གྱུར་པ་དང༌། ཁ་ཆུ་སྐྱུར་བ་དང༌། བཅུད་དང་དངས་མ་མ་ཞུ་བར་ལུས་པ་དང༌། བཤང་གཅི་ཐུར་དུ་མི་འབྱུང་བ་དང་རྣམ་པ་བཞིའོ། །དེ་ལ་ཁོང་ལྟམ་ལྟམ་པོར་འདུག་པ་དེ་ལ་ནི། གསུང་པ་དང་མཆིལ་མ་མང་དུ་འབྱུང་བ་དང། བད་ཀན་མེར་མེར་པོར་བྱེད་པ་དང༌། ཡན་མན་དུ་མི་སློན་མི་སྤོ་པར་འཁྱིལ་བ་དེ་ལ་ནི། །ཤུ་དག་དང་ལན་ཚྭ་ཆུའི་ནང་དུ་སྐོལ་བ་བླུད་དེ་སྐྱུག་ཏུ་ཞུག་གོ །ཁ་ཆུ་སྐྱུར་བ་ལ་ནི་སྒྲེག་པ་སྐྱུར་བ་དང༌། མགོ་འཁོར་བ་དང༌། སྐྱུགས་པ་དང༌། སྐོམ་དད་ཆེ་བར་འགྱུར་ཏེ།
དེ་ལ་ནི་ཆུ་བསྐོལ་ཏེ་བསྒྲང་བ་བླུད་ལ་བསེར་བུའི་ཕྱོགས་སུ་འདུག་པར་བྱའོ། །བཅུད་དང་དངས་མ་མ་ཞུ་བར་ལུས་པ་ནི་ལུས་སྙོམ་སྟེ། བྱ་སྨྱང་བྱེད་པ་དང༌། མགོ་ཡོར་ཡོར་པ་དང༌། ཁ་ཟས་མཐོང་ན་ཡིད་དུ་མི་འོང་པ་ལ་སོགས་པར་འགྱུར་ཏེ། དེ་ལ་སྨྱང་བར་བྱ་བ་དང༌། ཉིན་པར་ཐུན་འགའ་ཉལ་ན་འཇུའོ། །ཟས་སྨྱུང་བ་དྲགས་ན་རླུང་ནད་མི་ལྡང་བས་རན་ཙམ་དུ་བྱའོ། །ཐུར་དུ་མི་འབྱུང་བ་ལས་ནི་ལྟོར་ཟུག་ཅིང་ན་བ་དང༌། བེའུ་སྣབས་སུ་འབྱུང་བ་དང༌། ཕྱིས་དང་གཅིན་འགག་པར་འགྱུར་ཏེ། དེ་ལ་ནི་ལུམས་བྱ་ཞིང་ཚ་ཆུ་བླུད་དོ། །འདི་ལྟར་ཁ་ཟས་མི་འཕྲོད་པ་ཟོས་པ་ལས་ནད་དོ་ཅོག་བྱུང་བས་ན། དེའི་ཕྱིར་མི་འཕྲོད་པ་དེ་དག་སྤངས་ལ་ཕན་པ་རྣམས་བཟའ་བའི་རིགས་སོ། །དེ་ལ་ཁ་ཟས་མི་འཕྲོད་པ་ནི། རྨ་བྱ་དང་སྲེག་པ་དང༌། སྲོག་ཆགས་གོ་དྷ་དང༌། གོང་མ་སྲེག་དང༌། འདི་རྣམས་ཨེ་རཎྚའི་མར་གྱིས་བསྐུས་ཏེ། ཨེ་རཎྚའི་ཤིང་གི་མེས་བཙོས་པ་མི་བཟའ། མར་དང་སྦྲང་རྩི་ཆ་མཉམ་སྟེ་མི་བཟའ། མར་འཁར་བའི་སྣོད་ཀྱི་ནང་དུ་ཞག་བཅུ་ཕན་ཆད་ལོན་པ་མི་བཟའ། སྦྲང་རྩི་ཆུ་དྲོན་པོས་འཕུལ་ཞིང་མི་བཟའ། ཆར་པའི་ཆུ་དང་ཡང་སྦྱར་ཞིང་མི་བཟའ། དེ་བཞིན་དུ་སྦྲང་རྩི་དང༌། ཕག་ཤ་དང༌། ལ་ཕུག་དང་ཡང་ལྷན་ཅིག་མི་བཟའ། ཆུ་སྐྱར་གྱི་ཤ་ཆང་དང་ལྷན་ཅིག་ཏུ་མི་བཟའ། ཞོ་དང་བྱ་གག་གི་ཤ་ལྷན་ཅིག་ཏུ་མི་བཟའ། ལྡུམ་བུ་ཀ་ཙ་མ་ཙ་དང་བུ་རམ་ལྷན་ཅིག་ཏུ་མི་བཟའ། ཉ་ཤ་དང་ལྡུམ་བུ་ཨུ་པོ་ད་ཀ་ལྷན་ཅིག་ཏུ་མི་བཟའ། བག་ཕྱེ་དང་ཏིལ་མར་བསྲེས་པའི་སྣུམ་ཁུར། རྩབས་ལྷན་ཅིག་མི་བཟའ། ཉ་ཤ་དང་བུ་རམ་ལྷན་ཅིག་མི་བཟའ། ལྡུམ་དང༌། རྔད་དང༌། ཤིང་ཏོག་སྐྱུར་བའི་བག་དང༌། ཏིལ་གྱི་ཚིགས་མ་དང། རྒྱ་སྲན་དང༌། ལན་ཚྭ་དང༌། སྨྱིག་མ་དེའུ་དང༌། ཞོ་དང༌། ཉ་ཤ་དང༌། འདི་རྣམས་ཤས་ཆེར་འོ་མ་དང་མི་མཐུན་ཏེ་ལྷན་ཅིག་མི་བཟའ། པྲི་ཡཾ་ཀུའི་ལྡེ་གུས་ལུས་བསྐུས་བཞིན་དུ། འབྲས་ཀྱི་འོ་ཐུག་མི་བཏུང༌། ཐི་བཱི་ཤ་ཡུངས་མར་གྱིས་བསྐུས་ཏེ་
གཡོས་པ་རྣམས་མི་བཟའ། ཉའི་ཞག་དང་པི་པི་ལིང་ལྷན་ཅིག་མི་བཟའ། སྦྱར་ཐུག་ཅེས་བྱ་བ་འབྲས་དང༌། ཏིལ་དང༌། མོན་སྲན་སྡེའུ་བསྲེས་པའི་ཐུག་པ་དང༌། ཆང་དང་འབྲས་ཀྱི་འོ་ཐུག་རྣམས་ལྷན་ཅིག་མི་བཟའ། ཉ་ཤ་དང༌། ཡོས་དང༌། མར་དང༌། དར་བ་རྣམས་ལྷན་ཅིག་སྤགས་ཏེ་མི་བཟའ། མི་གང་གིས་རོ་དང་ནུས་པ་མི་མཐུན་པའི་ཟས་འདི་ལྟ་བུ་དང་ཆ་འདྲ་བ་དག །མ་ཤེས་ཏེ་ཟོས་པར་གྱུར་ན། དེ་ནི་ནད་ཀྱིས་ཉམ་ཐག་པའམ། ཡང་ན་འཆི་བར་འགྱུར་རོ། །དེ་ལྟར་ཁ་ཟས་མི་མཐུན་པ་ཟོས་པ་ལས་ནད་དུ་གྱུར་པ་ལ་ནི། བཀྲུ་སྨན་དང་སྐྱུག་སྨན་གྱིས་བསལ་བར་བྱའོ། །གོམས་པ་དང༌། མེའི་དྲོད་ཚ་བ་དང༌། ཉམས་སྟོབས་ཆེ་བ་ལ་ནི་གནོད་པར་མི་འགྱུར་རོ། །རྒྱུད་ཀྱི་ལེའུ་སྟེ་དང་པོ་རྫོགས་སོ།། །།དེ་ནས་སྨན་གྱི་སྡེ་ཚན་གྱི་ལེ་འུ་བཤད་པར་བྱ་སྟེ། སྨན་ཏ་རི་དང༌། བ་སྤྲུ་བ་དང༌། ཨེ་རཎྜ་དང༌། ཛྷ་ཤ་དང༌། ཟངས་རྩི་བ་དང༌། ཛི་བ་ཀ་དང༌། གཟེ་མ་དང༌། ཉེའུ་ཤིང་དང༌། ལང་གུ་ལི་དང༌། ཤི་ར་བི་ད་རི་དང༌། ཧཱ་ན་ས་བཱ་དི་ཀ་དང༌། པྲྀ་ཧ་ཏི་དང༌། དྲི། ཅི་ཀ་ལི་དང༌། དྭེ་པ་ཧེ་པ་དང༌། སྲན་མ་ཨཏྨ་ཀུཔྟ་དང༌། སྨན་གྱི་སྡེ་ཚན་འདི་རྣམས་ནི། སྐེམ་པའི་ནད་དང༌། སྐྲན་དང༌། རླུང་ནད་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། མཁྲིས་པ་ལས་གྱུར་པའི་ནད་སེལ་ཏོ། །ཤིང་ནྱ་གྲོ་དྷ་དང༌། ཨུ་དུ་མྦཱ་ར་དང༌། པླཀྵ་དང༌། མ་དུ་ཀ་དང། ཨ་ཤྭཏྠ་དང༌། ཏི་ནྟུ་ཀ་དང༌། པི་ལ་ཡ་དང༌། རྒྱ་ཤུག་དང༌། པ་ད་ར་དང༌། པཱ་ར་ཐ་དང༌། ནཎྚ་དང༌། བྲྀཀྵ་དང༌། ཨ་མྲ་དང༌། ལྕང་མ་དང༌། པ་ལཱ་ཤ་དང༌། གོ་བྱེད་དང༌། ཤྲེ་ཏ་དང༌། སེང་ཕྲོམ་དང༌། ཛམྦུ་དང༌། སྨན་གྱི་སྡེ་ཚན་འདི་ནི་མཁྲིས་པ་དང༌། ཁྲག་ལུང་པའི་ནད་དང༌། སློན་པ་དང་མྱོས་པའི་ནད་སེལ་ཏོ། །རྨ་དང་མངལ་གྱི་ནད་སེལ་ཏོ། །གཅིན་ནད་སེལ་ཞིང་རྨ་དང་ལུས་ཚ་བ་དང་མངལ་གྱི་ནད་སེལ་ཏོ། །པི་པི་ལིང་དང༌། ཀྲུ་ཏྲུག་ཏྲེ་ས་དང༌། ཤུ་དག་དང༌། དུག་མོ་ཉུང་དང༌། རྒྱ་ཤུག་དང༌། བོ་ད་ར་དང༌།
པི་པི་ལིང་གི་རྩ་བ་དང༌། གླ་སྒང་དང༌། བཅའ་སྒ་དང༌། སུག་སྨེལ་དང༌། བོང་ང་དཀར་པོ་དང༌། ཧ་ར་ཎྱ་ཀ་དང༌། དབྱི་མོང་དང༌། ན་ལེ་ཤམ་དང༌། ལ་ལ་ཕུད་དང། ག་བྲའི་རྩ་བ་དང༌། མུ་རཱ་དང༌། མ་ཧ་ནིམྦའི་འབྲས་བུ་དང༌། གོ་སྙོད་དང༌། ཡུངས་ཀར་དང༌། ཤིང་ཀུན་དང༌། སྤུ་ཙེ་ཤེལ་དང༌། བྱི་དོང་ཀ་དང༌། སྨན་གྱི་སྡེ་ཚན་འདིས་ནི་རླུང་དང་བད་ཀན་སེལ་ཏོ། །སུག་སྨེལ་དང༌། རྒྱ་སྤོས་དང༌། གླ་སྒང་དང༌། ཧ་རེ་ཎྱ་ཀ་དང༌། ཤིང་རྩ་དང༌། གནྡྷ་པ་ཏྲ་དང༌། ཙན་དན་དཀར་པོ་དང༌། གུར་ཀུམ་དང༌། བཅའ་བ་དང༌། ཅན་དན་དང༌། ཡས་ཙལ་དང། ནཱ་ག་པུསྤ་དང༌། ཐང་ཤིང་དང༌། གུཙྪ་ར་ས་དང༌། གུ་གུལ་དང༌། སྲ་ཙི་པོག་དང༌། ཉ་ཕྱིས་དང༌། ད་དྷི་དང༌། བྱུ་མ་དང༌། པོག་དཀར་པོ་དང༌། བྱེ་གྷྲ་ན་ཁ་དང༌། སྟག་གི་སྡེར་མོ་དང༌། སྤོང་སྤོས་དང༌། རུ་རྟ་དང༌། སྨན་གྱི་སྡེ་ཚན་འདིས་ནི། ཕོལ་མིག་དང༌། གཡན་པ་དང༌། དུག་དང་རླུང་དང་བད་ཀན་སེལ་ཏོ། །བའུ་ན་དང༌། ཨརྟ་ག་ལ་དང༌། ཉེའུ་ཤིང་དང༌། བཅའ་སྒ་དང༌། གོ་སྙོད་དང༌། བི་ཤ་ནི་ཀ་དང༌། སའི་རེ་ཡ་དང༌། བྲྀཧ་ཏཱི་རྣམ་གཉིས་དང༌། རྩྭ་འདུར་བ་དང༌། སྤུ་ཏི་ཀ་དང༌། ཤི་གྲུ་ཀ་དང༌། ཨ་རུ་ར་དང༌། ཨགྣ་ནནྟ་དང༌། བལྦ་དང༌། ཀྲུ་ཏྲུག་ཏྲེས་དང༌། ནག་ཏ་མ་ལ་དང༌། ས་སྨོར་ཏ་དང༌། སྨན་གྱི་སྡེ་ཚན་འདིས་ནི། ཁོང་འབྲས་དང༌། བད་ཀན་དང་ཚིལ་རྒྱས་པའི་ནད་དང༌། སྐྲན་དང་ཀླད་པ་ན་བ་སེལ་ཏོ། །དོང་ཀ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤཱ་རི་ག་སྟ་དང༌། ཀཎྜ་ཀ་རི་དང༌། ནིམྤ་དང། པ་ཏ་ལ་དང༌། མུརྦ་དང༌། དྷ་ན་ཏ་དང༌། སླེ་ཏྲེས་དང༌། ར་ཊ་དང༌། པག་ཐ་དང༌། རྩ་མཁྲིས་པ་དང༌། ཀུ་ལ་ཀ་དང༌། ཀ་རཉྫ་དང༌། སྤྱི་བཞུར་ཤུན་པ་དང༌། དུག་མོ་ཉུང་དང༌། སེའི་རེ་ཡ་དང༌། ཨུ་ཤ་བཱི་དང༌། བ་འགལ་དང༌། སྨན་གྱི་སྡེ་ཚན་འདིས་ནི་གཅིན་ནད་དང༌། མཛེ་དང༌། རིམས་དང༌། སྐྱུག་པ་དང༌། བད་ཀན་དང༌། དུག་སེལ་ཏོ།།སེང་ཕྲོམ་རྣམ་གཉིས་དང༌། སླ་བ་དང༌། ཨ་ཤོ་ཀ་དང༌། ཆུ་ཤིང་དང༌། པ་ལ་དང༌། ཨེ་ལ་བ་ལུ་ཀ་དང༌། ཀ་དམྦ་དང༌། ཛི་གི་ནི་དང༌། ཤྲྀ་པརྞི་དང༌། སླེ་ཏྲེས་དང༌། སྨན་གྱི་སྡེ་ཚན་འདིས་ནི་
བད་ཀན་དང༌། ཚིལ་རྒྱས་པའི་ནད་སྐེམས་ཤིང༌། མངལ་གྱི་ནད་སེལ་ཏེ་རྨ་འཚོ་བར་བྱེད་ལ་འཁྲུ་བ་གཅོད། དུག་ཐམས་ཅད་སེལ་ཏོ། །ཨམྦྷ་སྠ་དང༌། དྷ་ཏ་ཀི་དང༌། སེང་ཕྲོམ་དང༌། ས་མདག་དང༌། པདྨའི་ཟེ་བ་དང༌། ཤིང་མངར་དང༌། །ཨ་ར་ལུ་དང༌། བལྦི་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཞུ་བའི་ཚད་པ་འཁྲུ་བ་སེལ་ཏོ། །སྐྱུ་རུ་ར་དང༌། ཨ་རུ་ར་དང༌། བ་རུ་ར་དང༌། པི་པི་ལིང་དང༌། ཀྲུ་ཏྲུག་ཏྲེས་དང༌། སྨན་གྱི་སྡེ་ཚན་འདིས་ནི། བད་ཀན་གྱི་རིམས་ཀྱི་གནོད་པ་ཐམས་ཅད་སེལ་ཏེ་རོ་ཙ་བ་དང་མེ་དྲོད་ཤིན་ཏུ་ཆེ་བར་བྱེད། ཧ་ཅང་རོ་ཙ་བར་བྱེད་ལ། ཧ་ཅང་མེའི་དྲོད་ཆེ་བར་ཡང་མི་བྱེད་དོ། །འབྲས་བུ་གསུམ་ཞེས་བྱ་བ། ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་རྣམས་ནི། རིམས་ལྡང་དུབ་ཅན་སེལ་ཞིང༌། མིག་ལ་ཕན་ཏེ་དྲོད་བསྐྱེད་ལ། གཅིན་ནད་དང༌། མཛེ་དང་མཁྲིས་པ་དང། བད་ཀན་སེལ་ཏོ། །བྲྀ་ཧ་ཏཱི་དང༌། དྷ་ང་ཀི་དང༌། པཱ་ཐཱ་དང༌། ཤིང་མངར་དང༌། དུག་མོ་ཉུང་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཚོས་པར་བྱེད་པ་སྟེ་ནད་གཞི་གསུམ་ལས་གྱུར་པའི་གཅི་ན་ནད་སེལ་ཏོ། །པ་ཏོ་ལི་དང༌། ཙན་དན་དཀར་པོ་དང༌། མུརྤ་དང་པུ་ཙེ་ཤེལ་དང། པཱ་ཐ་དང་སླེ་ཏྲེས་དང༌། སྨན་གྱི་སྡེ་ཚན་འདིས་ནི་མཁྲིས་པ་དང་བད་ཀན་དང༌། ཡི་ག་འཆུས་པ་དང༌། སྐྱུག་པ་དང་རིམས་དང༌། གཡཱ་བ་དང་དུག་སེལ་ཏོ། །སླེ་ཏྲེས་དང་ནིམྤ་དང༌། འུ་སུའི་འབྲས་བུ་དང༌། ཤིང་མངར་དང་ཙན་དན་དཀར་པོ་དང་སྨན་གྱི་སྡེ་ཚན་འདིས་ནི་སྐོམ་པའི་ནད་དང༌། ལུས་ཚ་བ་དང་ཡི་ག་འཆུས་པ་དང༌། སྐྱུག་པ་དང་རིམས་ཐམས་ཅད་སེལ་ཏོ། །བུ་ཚང་རྟོ་དང༌། ར་མཉེ་བ་དང༌། ཤིང་དཀར་དང༌། བུ་བྲན་ཤིང་དང༌། མེད་དང༌། མ་ཧ་མེ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། པྲ་པུཎྜ་རཱི་ཀ་དང༌། རྒུན་དང། རིདྡྷ་དང༌། བྲྀ་ཧ་ཏཱི་དང༌། སྨྱིག་སྐང་དང༌། ས་ཧ་རྣམ་གཉིས་དང༌། པ་ཡ་སྶྱ་དང༌། ཤུག་པ་དང༌། སླེ་ཏྲེས་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཤིན་ཏུ་ཤ་སྐྱེ་བ་དང༌། ནུ་ཞོ་འཕེལ་བ་དང༌། ཚེ་རིང་བ་དང་རོ་ཙ་བར་བྱེད་དེ། ཁྲག་ལུད་པའི་ནད་དང་རླུང་ནད་སེལ་ཏོ། །ཐལ་
ཏྲེས་དང་ཤུག་པ་དང༌། པུ་ཤེལ་ཙེ་དང་མ་དྷུ་ག་དང༌། ཙན་དན་རྣམ་གཉིས་དང༌། ཏི་པ་ལ་དང༌། ཤིང་མངར་དང་སྨན་གྱི་སྡེ་ཚན་འདིས་ནི་ཁྲག་ལུད་པའི་ནང་མྱུར་དུ་སེལ་ཞིང་སྐོམ་པའི་ནད་མི་བཟད་པ་ཞི་བར་བྱེད་དེ། མཁྲིས་པའི་རིམས་དྲག་པོ་འཇོམས་ལ། ལུས་ཤིན་ཏུ་ཚ་བ་སེལ་བར་བྱེད་དོ། །མིག་སྨན་སྐྱེར་ཁཎྜ་དང༌། རྩ་ཤྱམ་དང༌། ནཱ་ག་གེ་སར་གྱི་ཟེ་བ་དང༌། པདྨའི་ཟེ་བ་དང་ཤིང་མངར་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཁྲག་ལུད་པའི་ནད་དང༌། དུག་དང་ལུས་ཚ་བའི་ནད་སེལ་ཏོ། །ཤུ་དག་དང༌། གླ་སྒང་དང༌། ཨ་རུ་ར་དང༌། ཐང་ཤིང་དང༌། ལི་དོང་གྲ་དང༌། བོད་ང་དཀར་པོ་དང༌། ཡུང་དང་ཀ་ལ་ཤི་དང༌། སྐྱེར་པ་དང༌། ཤིང་མངར་དང༌། དུག་མོ་ཉུང་དང༌། སྨན་གྱི་སྡེ་ཚན་ཤུ་དག་ལ་སོགས་པ་འདི་རྣམ་གཉིས་ནི། ནད་གཞི་ཚོས་པར་བྱེད་པ་དང་མ་ཞུ་བ་འཁྲུ་བར་བྱེད་ཅིང༌། ནུ་མའི་ནང་སྤྱོད་དོ། །ན་ལེ་ཤམ་དང༌། རྒྱམ་ཚ་དང༌། ནག་ཚུར་རྣམ་གཉིས་དང༌། ཤིང་ཀུན་དང༌། བྲག་ཞུན་དང༌། སྤངས་མ་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཚིལ་རྒྱས་པའི་ནད་སེལ་ཞིང༌། གཅིན་བསྟུས་པ་དང༌། རྡེ་འུས་འགགས་པ་སེལ་ཏོ། །ར་མཉེ་བ་དང༌། ཨིགྣ་མནྡྷ་དང༌། ཤིང་ག་ཤ་དང༌། བྲྀ་ཀྵ་ད་ནི་དང༌། རྩྭ་ཀུ་ཤ་དང༌། མོ་ར་ཏ་དང༌། ཉེ་འུ་ཤིང་དང༌། ལྕམ་པ་དང༌། ཏུན་ཏུ་ཀ་དང༌། གཟེ་མ་དང༌། བ་སུ་ཀ་དང༌། བ་སི་ར་དང༌། རྩྭ་དྷ་ར་བ་དང༌། སེའི་ར་ཡ་དང༌། སྲུ་སྲུའི་རྩ་བ་དང༌། སྨན་གྱི་སྡེ་ཚན་འདིས་ནི་གཅིན་རྡུས་པ་དང༌། གཅིན་སྲི་བ་དང་རྡེ་འུས་འགགས་པ་དང༌། རླུང་ནད་ཀྱིས་ཉམ་ཐག་པ་སེལ་ཏོ། །མུས་སྐ་དང་འབྲས་བུ་གསུམ་དང༌། ཤིང་ར་ཊ་དང༌། ཀྲུ་ཏྲུག་ཏྲེས་དང༌། སྒུ་ཧི་དང༌། དྷ་བ་དང༌། པ་ལ་ཤ་དང༌། ཤི་ཤ་པ་དང༌། སྨན་གྱི་སྡེ་ཚན་འདིས་ནི་ཚི་ལ་རྒྱས་པའི་ནད་དང་གཞང་འབྲུམ་དང། གཅིན་ནད་དང༌། རྡེའུས་འགགས་པ་སེལ་ཏོ། །ཤིང་སཱ་ལ་དང༌། སྤན་ད་ན་དང༌། ཀ་ལི་ཡ་དང༌། དྷ་བ་དང༌། སྭ་ཙི་བོག་གི་ཤིང་དང༌། ཨརྫུ་ན་དང༌། ཨ་ས་ན་དང༌། ཤི་རི་ཤ་དང༌། ཤིཾ་ཤ་པ་དང༌། སྟག་པ་དང༌། སེང་ལྡེང་དང༌། ཙན་དན་རྣམ་གཉིས་དང༌།
ཀ་ད་ལ་དང༌། བ་ཛི་ཀརྞ་དང༌། ཀ་ར་ཉྫ་དང༌། ཛེའུ་ཁྱེད་ཀྱི་ཤིང་དང༌། ཨ་ག་རུ་དང༌། སྨན་གྱི་སྡེ་ཚན་འདིས་ནི་བད་ཀན་དང༌། སྐྱ་རྦབ་དང༌། མཛེ་དང་གཅིན་ནད་སེལ་ཏོ། །མེ་ཏོག་ཨུཏྤ་ལ་དང༌། ཀུ་མུ་ད་དང༌། པདྨ་དང༌། ཀ་ལྷ་ར་དང༌། ཨུཏྤལ་དམར་པོ་དང༌། རུ་རྟ་དང་སྨན་གྱི་སྡེ་ཚན་འདིས་ནི་ཁྲག་ལུད་པའི་ནད་དང་སྐོམ་པའི་ནད་དང༌། དུག་དང་སྐྱུག་པ་སེལ་ཏོ། །ཚོན་མོ་སྟེད་དང༌། ཟངས་དང༌། ལྕགས་དང༌། ར་གན་དང༌། གསེར་དང༌། དངུལ་དང༌། དེ་རྣམས་ཀྱི་གཡཱ་དང༌། སྨན་གྱི་སྡེ་ཚན་འདིས་ནི་ནད་གཞི་གསུམ་ལས་གྱུར་པའི་སྐྲན་རྣམ་གསུམ་དང༌། སྙིང་ན་བ་དང༌། སྐྱ་རྦབ་ན་བ་དང༌། གཅིན་ནད་དང༌། སྦྱར་བའི་དུག་སེལ་ཏོ། །བྱེའུ་རུག་པ་དང༌། ཀ་ས་མརད་དང༌། པ་ནིཏྫ་དང༌། ཟིན་ཐིག་ལེ་དང༌། སྐེ་ཚེ་དང༌། ནི་རྒུན་ཐི་དང༌། སུར་སེ་དང༌། པ་ཛི་དང༌། ཀོ་ལ་ཧ་ལ་དང༌། སུ་གནྡྷི་ཀ་དང༌། ཛེའུ་ཁྱབ་དང༌། ཀ་ལ་མ་ལ་དང༌། བི་ཤ་མུ་ཏི་དང༌། བྲ་ཙི་བི་ལ་དང༌། བྱི་དོང་ཀ་དང༌། ཀ་ཙ་མ་ཙི་དང༌། མ་རུ་ཀ་དང༌། མུ་ཤ་ཀརྞི་ཀ་དང༌། ཤྲཱི་པ་རི་དང༌། སྨན་གྱི་སྡེ་ཚན་འདིས་ནི་སྲིན་བུའི་ནད་དང༌། བད་ཀན་སེལ་ཅིང༌། ལུད་པ་དང་ཡི་ག་འཆུས་པ་དང༌། ཆམ་པ་དང༌། དབུགས་མི་བདེ་བ་འཇོམས་ཏེ་རྨ་སྦྱོང་བར་བྱེད་དོ། །པ་རུ་ཤ་ཀ་དང༌། བལ་པོ་སེའུ་དང༌། རྒུན་དང༌། ཏི་བལ་དང༌། ཀ་ཤིའི་འབྲས་བུ་དང༌། ར་ཛ་ན་དང༌། སྐྱུ་རུ་ར་དང༌། ཀཎྜ་ཀ་རི་དང༌། སྨན་གྱི་སྡེ་ཆན་འདིས་ནི་རླུང་ནད་སེལ་ཅིང་སྙིང་ལ་ཕན་ཏེ། ཡི་ག་འབྱེ་བར་བྱེད་ལ། སྐོམ་པའི་ནད་དང༌། གཅིན་ནད་རྣམས་སེལ་ཏོ། །གླ་སྒང་དང༌། པ་ཤ་དང༌། ཡུང་བ་དང༌། སྐྱེར་པ་དང༌། པུ་ཙེ་ཤེལ་དང༌། བྱ་ནུ་དང༌། ཤུ་དག་དང༌། དྲ་བི་ནི་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། གོ་བྱི་དང༌། འབྲས་བུ་གསུམ་དང༌། ཤ་རཾ་གསྠ་དང༌། སྨན་གྱི་སྡེ་ཚན་འདིས་ནི་བད་ཀན་གྱི་ནད་སེལ་ཏེ། སྦྱོང་བ་དང༌། ཚོས་པར་བྱེད་པ་དང༌། ནུ་ཞོ་འཕེལ་བར་བྱེད་ཅིང་མངལ་གྱི་ནད་སེལ་ཏོ། །ཤ་བ་དང༌། དནདའི་རྩ་བ་དང༌། དྲ་བ་ན་ཏི་དང༌། སྒུ་ཧི་དང༌། རྩ་ཤྱ་མ་དང༌། སླེ་ཏྲེས་དང༌། ཤིང་ཉེ་རོང་དང༌། བྱརྣུའི་
ས་བོན་དང༌། ཤཾ་གི་ནི་དང༌། ཤས་སྟེ་དང༌། དོང་ཀ་དང༌། ཏི་ལྭ་ཀ་དང༌། ཀིམྦ་ལ་ཀ་དང༌། ཀ་རཉྫ་དང༌། བྱ་རྣུ་དང༌། སྨན་གྱི་སྡེ་ཚན་འདི་ནི་རྟུག་སྐམ་དང༌། དམུ་རྫིངས་དང༌། ལྟོ་སྤོ་བ་དང༌། དུག་དང་སྐྲན་སེལ་ཏོ། །བིལྦ་དང༌། ཨགྣི་མནྠ་དང༌། ཏུན་ཊྱ་ཀ་དང། ཤི་རི་པརྞི་དང༌། པ་ཏ་ལ་དང༌། སྨན་གྱི་སྡེ་ཚན་འདི་ནི་རྩ་བ་ལྔ་པ་ཆེན་པོ་ཞེས་བྱ་སྟེ། དྲོད་བསྐྱེད་ཅིང་བད་ཀན་དང་རླུང་སེལ་ཏོ། །པྲིཥྞ་པརྞི་སྤིར་དང༌། ཨེ་རཉྫ་དང༌། བྲྀ་ཧ་ཏཱི་རྣམ་གཉིས་དང༌། སྨན་གྱི་སྡེ་ཚན་འདི་ནི་རྩ་བ་ལྔ་པ་ཆུང་དུ་ཞེས་སྟེ། ཤ་སྐྱེ་བར་བྱེད་ཅིང། རླུང་དང་མཁྲིས་པ་སེལ་ཏོ། །བི་ད་རི་དང༌། ཐལ་ཏྲེས་དང༌། ཚ་ག་ཤྲི་གྲི་དང༌། བ་ས་ད་ན་ཡུད་དང༌། འཁྲི་ཤིང་གི་རྩ་བ་ལྔ་པ་འདི་ནི། གཅིན་སྲི་བ་དང༌། མཁྲིས་པ་དང༌། རླུང་སེལ་ཏོ། །གྲྀ་དྷྱ་དང༌། ཧ་ལ་དང༌། གཟེ་མ་དང༌། སེའི་རེ་ཡ་དང༌། ཀ་ར་མིངྟ་ཀ་དང༌། ཚེར་མའི་རྩ་བ་ལྔ་པ་འདི་ནི་བད་ཀན་དང་རླུང་སེལ་ཏོ། །རྩྭ་ཀུ་ཤ་དང་ཀ་ཤ་རྣམ་གཉིས་དང༌། བྷ་དང༌། འདམ་བུ་དང་རྩའི་རྩ་བ་ལྔ་པ་འདི་ནི། མཁྲིས་པ་དང༌། གཅིན་སྲི་བ་སེལ་ཅིང༌། ཆུ་སོ་སྦྱང་ངོ༌། །སྨན་པ་མཆོག་གིས་བྱེ་བྲག་ཕྱེད་པར་བྱ་སྟེ། སྨན་གྱི་སྡེ་ཚན་འདི་དག་ཏིལ་མར་གྱིས་བཙོ་བ་དང༌། མར་གྱིས་བཙོ་བ་དང༌། ལུས་བསྐུ་བ་དང༌། བཏུང་བ་ཡང་རུང་སྟེ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །སྨན་གྱི་ཁུ་བ་དབྱུང་ཞིང་བསྐོལ་བ་ནི། ཆུ་སྨན་གྱི་བཅུ་དྲུག་འགྱུར་དུ་བྱས་ལ། བཞི་ཆ་གཅིག་ལུས་པར་བྱའོ། །སྨན་མར་སྐོལ་བ་ནི། སྨན་གྱི་ཁུ་བ་བཞི་ཆ་ལུས་པ་དེ་ལས་མར་གྱི་བཞི་འགྱུར་དང་བསྐོལ་ཏེ་མར་ཉི་ཆོ་ལུས་པར་བྱའོ། །འོ་མ་དང་སྦྱར་བ་ནི། །འོ་མ་མར་དང་ཕྱེད་མར་བྱ་སྟེ། འོ་མ་གདུ་བར་བྱའོ། །ཕྱེ་མའི་སྨན་བསྐོལ་བ་ནི། སྨན་གྱི་ཕྱེ་མ་ལས། མར་བཞི་འགྱུར་དུ་བྱ། མར་ལས་ཀྱང་སྨན་གྱི་ཁུ་བ་བཞི་འགྱུར་དུ་བྱས་ཏེ་བསྐོལ་ལ། སྨན་གྱི་ཁུ་བ་གདུ་ནས། སྨན་གྱི་ཕྱེ་མ་ལེགས་པར་འདྲེས་པར་གྱུར་ན་ཚོས་པ་ཡིན་ནོ། །དེ་ལ་བཏུང་བ་དང༌། མས་བཏང་བ་གཉིས་ནི་འདྲ་སྟེ་ཚོས་རན་ཙམ་དུ་བྱའོ། །ལུས་བསྐུ་པ་ནི་ཚོས་
རབ་ཏུ་བྱའོ། །སྣར་བླུགས་པ་ནི་ཚོས་པ་ཉིད་དུ་མི་བྱ་སྟེ། གསུམ་ཆར་ཡང་བཙགས་ནས་སྤྱད་པར་བྱ་བ་འདི་ནི་སྤྱིའི་ཆོ་གར་བསྟན་པ་ཡིན་ནོ། །སྨན་གྱི་སྡེ་ཚན་གྱི་ལེའུ་སྟེ་གཉིས་པའོ།། །།ཁ་ཟས་དང༌། བཏུང་བ་མ་གཏོགས་པར། འགྲོ་བ་རྣམས་ཀྱི་འཚོ་བ་གཞན་མེད་པའི་ཕྱིར། དེའི་ཕན་གནོད་ཀྱི་བྱེ་བྲག་ངེས་པར་བཤད་དོ། །དེ་ལ་འབྲས་སཱ་ལུ་ཤུན་ལྤགས་དམར་པོ་དང༌། སཱ་ལུ་ཆེན་པོ་དང༌། སཱ་ལུ་ཀ་ལ་མ་རྣམས་ནི་དམར་བ་ཡིན་ཏེ། ཁུ་ཆུ་མང་བར་བྱེད་པ་དང༌། སྣུམ་པ་དང༌། འཕྱེན་ཆུང་ཞིང༌། ཕྱིས་ཉུང་བར་བྱེད་དོ། །དེའི་ནང་ན་ཡང་སཱ་ལུ་ཤུན་ལྤགས་དམར་པོ་ནི། ནད་གཞི་གསུམ་འཇོམས་པར་བྱེད་ཅིང་སྐོམ་པའི་ནད་དང་ཚིལ་རྒྱས་པའི་ནད་སེལ་ཏོ། །སཱ་ལུ་ཆེན་པོ་མཆོག་ཏུ་རོ་ཙ་བར་བྱེད་དོ། །སཱ་ལུ་གལ་མ་ནི་བད་ཀན་དང་མཁྲིས་པ་སེལ་ཏོ། །འབྲས་ཞག་དྲུག་ཅུས་སྨིན་པ་དཀར་པོ་ནི་རོ་མངར་ལ་བསིལ་ཞིང་ལྕི་བ་ཡིན་ཏེ་ནད་གཞི་གསུམ་འཇོམས་པར་བྱེད་དོ། །འབྲས་ཞག་དྲུག་ཅུས་སྨིན་པ་ཤུན་ལྤགས་ནག་པོ་ནི་སྔ་མ་ལས་རོ་དང༌། ཞུ་བའི་མཐུ་ཅུང་ཟད་ཙམ་གྱིས་ཆུང་ངོ༌། །ཁྲེ་རྒོད་ནི་རྩུབ་པ་ཡིན་ཏེ་སྐེམ་པར་བྱེད་ཅིང་རླུང་བསྐྱེད་ལ། བད་ཀན་དང་མཁྲིས་པ་སེལ་ཏོ། །ཁྲེ་དང་ཅི་ཙེ་དང་ཀོ་ར་དུ་ཤ་རྣམས་ཀྱང་དེ་དང་འདྲ་བར་བཤད་དོ། །ནས་ནི་བསིལ་བ་ཡིན་ཏེ། འཕྱེན་ཆེ་ཞིང་ཕྱི་ས་མང་ལ་མཁྲིས་པ་དང་བད་ཀན་སེལ་བར་བྱེད་དོ། །གྲོ་ནི་བསིལ་ཞིང་ལྕི་ལ་མངར་བ་ཡིན་ཏེ་རོ་ཙ་བར་བྱེད་ཅིང་རླུང་སེལ་ཏོ། །མོན་སྲན་སྡེའུ་ནི་བསྐ་ཞིང་མངར་བ་ཡིན་ཏེ་ཡང་ལ་བད་ཀན་དང་མཁྲིས་པ་དང་ཁྲག་ནད་སེལ་ཏོ། །མོན་སྲན་གྲེའུ་ནི་སྣུམ་ཞིང་ལྕི་ལ་དྲོད་ཆེ་སྟེ་འཛག་སྒོ་དགུའི་དྲི་མ་མང་བ་དང་རོ་ཙ་བར་བྱེད་ཅིང་རླུང་སེལ་ཏོ། །མོན་སྲན་དཀར་པོ་ནི་རོ་ཙ་བར་མི་བྱེད་ཅིང༌། བད་ཀན་དང་མཁྲིས་པ་སེལ་ལ་རླུང་གིས་ཉམ་ཐག་པར་བྱེད་དོ། །རྒྱ་སྲན་ནི་དབུགས་མི་བདེ་བ་དང༌། སྐྱིགས་བུ་དང༌། གཞང་འབྲུམ་དང༌། བད་ཀན་དང༌། ཁུ་ཆུ་དང་རླུང་སེལ་ལོ། །མོན་སྲན་ན་གུ་ནི་བསིལ་བ་
ཡིན་ཏེ། ཁྲག་ལུད་པའི་རིམས་སེལ་ཞིང་ཕྱིས་འགག་པར་བྱེད་དོ། །མོན་སྲན་ཙ་ན་ནི། ཉལ་པོ་ལ་ཞེན་པར་བྱེད་ཅིང་ཁྲག་གི་ནད་དང༌། བད་ཀན་དང་མཁྲིས་པ་སེལ་ལ་རླུང་སྐྱེད་པར་བྱེད་དོ། །སྲན་ཆུང་ནི་བསིལ་ཞིང་རོ་མངར་ཏེ་ཕྱི་ས་འགག་པར་བྱེད་ཅིང་བད་ཀན་དང་མཁྲིས་པ་སེལ་ཏོ། །སྲན་ཆུང་ནི་སྲན་ཅུང་དང་འདྲ་བར་བཤད་དོ། །ཅེ་སྲན་ཡང་དེ་དང་འདྲ་བ་ལས་ལྷག་པར་རླུང་སྐྱེད་པར་བྱེད་དོ། །ཏི་ལ་ནི་ཐལ་བའི་རོ་བྲོ་བ་དང་མངར་ཞིང་ཁ་ལ་དྲོད་ཆེ་སྟེ། ཉམས་སྟོབས་དང་མཁྲིས་པ་བསྐྱེད་དོ། །སྤྱིར་ན་གང་བུ་ཅན་སྣ་ཚོགས་རྣམས་ནི་བསིལ་ཞིང་རྩུབ་པ་ཡིན་ཏེ། ཉམས་སྟོབས་འབྲི་བར་བྱེད་དོ།། །།ད་ནི་ཤའི་བྱེ་བྲག་བཤད་དེ། ར་ཤ་ནི་ཧ་ཅང་བསིལ་བ་ཡང་མ་ཡིན། ཧ་ཅང་སྔུ་བ་ཡང་མ་ཡིན། ཧ་ཅང་སྣུམ་པ་ཡང་མ་ཡིན་ཏེ། ནད་གཞི་སྐྱེད་པར་མི་བྱེད་ཅིང་སེལ་བར་བྱེད་དོ། །ལུག་ཤ་ནི་མངར་ཞིང་བསིལ་ལ་ལྕི་བ་ཡིན་ཏེ། ཕྱི་ས་འགག་པ་དང་ཤ་སྐྱེ་བར་བྱེད་དོ། །མ་ཧེའི་ཤ་ནི་སྣུམ་ཞིང་ལྕི་བ་ཡིན་ཏེ་གཉིད་འོང་བར་བྱེད་ལ་ཁུ་ཆུ་མང་བར་བྱེད་ཅིང་ཤ་སྐྱེ་བར་བྱེད་དོ། །ཕག་ཤ་ནི་ལྕི་བ་ཡིན་ཏེ་རོ་ཙ་བར་བྱེད་ཅིང་རླུང་སེལ་ལ་རྡུལ་སྙི་བར་བྱེད་དོ། །རི་བོང་གི་ཤ་ནི་མེ་དྲོད་བསྐྱེད་ཅིང༌། བད་ཀན་དང་མཁྲིས་པ་སེལ་ལ། རླུང་ནི་སྐྱེད་བྲིར་མི་བྱེད་དེ་ཐ་མལ་བའོ། །ཁ་ར་གོསོལ་གྱི་ཤ་ནི་བསིལ་བ་ཡིན་ཏེ་ནད་གཞི་གསུམ་སེལ་ཞིང་ཕྱི་ས་དང་གཅིན་སྲི་བར་བྱེད་དོ། །རྨ་བྱའི་ཤ་ནི་རླུང་སེལ་ཞིང་རྣ་བ་གསང་བ་དང༌། མིག་རྣོ་བ་དང༌། ཤ་མདོག་བཟང་བ་དང༌། སྐད་སྙན་པ་དང༌། ཁུ་ཆུ་འཕེལ་བར་བྱེད་དོ། །བྱ་གག་གི་ཤ་ནི། སྣུམ་ཞིང་ལྕི་ལ་དྲོད་ཆེ་བ་ཡིན་ཏེ་རླུང་སེལ་ཅིང་རོ་ཙ་བར་བྱེད་དོ། །སྲེག་པའི་ཤ་ནི་ཧ་ཅང་ལྕི་བ་ཡང་མ་ཡིན། ཧ་ཅང་དྲོད་ཆེ་བ་ཡང་མ་ཡིན། ཧ་ཅང་མངར་བ་ཡང་མ་ཡིན་ཏེ་ནད་གཞི་ཐམས་ཅད་སེལ་ཏོ། །འུར་བ་དང༌། ཅོ་ག་དང༌། བརྟ་ཀ་རྣམས་ཀྱི་ཤ་ནི་དྲོད་སྐྱེད་ཅིང་འདུས་པའི་ནད་སེལ་ཏོ། །མཆིལ་པའི་ཤ་ནི་འདུས་པའི་ནད་སེལ་ཅིང་བད་ཀན་དང་ཁུ་ཆུ་འཕེལ་བར་
བྱེད་དོ། །གོང་མ་སྲེག་གི་ཤ་ནི་བསིལ་ཞིང་ཡང་བ་ཡིན་ཏེ་བད་ཀན་དང་ཁྲག་ལུད་པའི་ནད་སེལ་ཏོ། །ཕུག་རོན་གྱི་ཤ་ནི་བསིལ་ཞིང་ལྕི་བ་ཡི་ཏེ་ཁྲག་ལུད་པའི་ནད་སེལ་ཏོ། །ཕུག་རོན་སྔོན་པོ་དང་ཐི་བའི་ཤ་ནི་དེ་ལས་ཅུང་ཟད་ཙམ་གྱིས་ཡང་ངོ༌། །ཆུ་བྱ་རྣམས་ཀྱི་ཤ་ནི་སྣུམ་ཞིང་དྲོད་ཆེ་ལ་ལྕི་བ་ཡིན་ཏེ་རོ་ཅེ་བར་བྱེད་ཅིང་རླུང་སེལ་ཏོ། །དེ་དག་གི་ནང་ནས་བྱ་ངང་པའི་ཤ་ནི་རོ་ཙ་བར་བྱེད་ཅིང་ཤས་ཆེར་རླུང་སེལ་ཏོ། །ཉ་ཤ་ནི་སྣུམ་ལ་དྲོད་ཆེ་ཞིང་ལྕི་བ་ཡིན་ཏེ་རླུང་སེལ་ཅིང་མཁྲིས་པའི་ནད་དང་ཁྲག་ལུད་པའི་ནས་སྐྱེད་དེ། །ཆུའི་སྲོག་ཆགས་བུ་ལུ་ཀི་དང༌། རུས་སྤལ་དང༌། ཀརྐ་ཊ་རྣམས་ཀྱི་ཤ་ནི་རླུང་དང་མཁྲིས་པ་སེལ་ཞིང་རོ་ཙ་བར་བྱེད་དོ།། །།ད་ནི་ལྡུམ་དང་རྔད་ཀྱི་བྱེ་བྲག་བཤད་དེ། ལྡུམ་ཀ་ཀ་མ་ཙི་ནི་ནད་གཞི་གསུམ་སེལ་ཏོ། །ཀ་ལ་མ་ནི་ནུ་ཞོ་འཕེལ་བ་དང་རོ་ཙ་བར་བྱེད་དོ། །ཙི་གེ་རི་ནི་བད་ཀན་དང་རླུང་སེལ་ཏོ། །ཡུངས་ཀར་གྱི་ལོ་མས་ནི་ནད་གཞི་ཐམས་ཅད་སྐྱེད་དོ། །རྒྱ་སྣེའུ་དང༌། སྣེའུ་ཚུལ་ལི་དང༌། སྣེའུ་རྒོད་དང༌། མོན་སྣེའུ་དམར་རུ་སྟེ་འདི་རྣམས་ནི་རླུང་དང་བད་ཀན་སེལ་ཞིང་ཕྱི་ས་བདེ་བར་འབྱུང་བ་དང༌། ཁྲག་ལུད་པའི་ནད་མེད་པར་བྱེད་དོ། ལ་ཕུག་རྗེན་པས་ནིས་ནད་གཞི་སྐྱེད་པར་བྱེད་དོ། །བཙོས་པ་ནི་རླུང་དང་བད་ཀན་སེལ་ཏོ། །ལ་ཕུག་གཞོན་ནུ་ནི་ནད་གཞི་ཐམས་ཅད་སེལ་ཞིང་སྙིང་དང་ལྐོག་མ་ལ་ཕན་ནོ། །ཀརྐོ་ཊ་ཀ་དང༌། བཱརྟ་ཀ་དང༌། པ་ཏོ་པ་དང༌། ཀརྦེ་ལ་ཀ་དང༌། འདི་རྣམས་ནི་མཛེ་དང་གཅིན་ནད་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། མཁྲིས་པ་དང་བད་ཀན་སེལ་ཏོ། །ཀུཤྨམ་ཌ་ནི་ནད་གཞི་ཐམས་ཅད་སེལ་ཞིང་སྙིང་ལ་ཕན་ཏེ་ཆུ་སོ་སྦྱང་ངོ༌། །ཀ་ལིང་ཀའི་འབྲས་བུ་དང་བུ་དང༌། ཀུ་བ་ནི་མཁྲིས་པ་སེལ་ཞིང་རླུང་བསྐྱེད་དོ། །གྲུ་ས་དང་ག་གོན་ནི་རླུང་དང་བད་ཀན་སྐྱེད་ལ་མཁྲིས་པ་སེལ་ཏོ། །སྨྱིག་མདེའུ་དང༌། ཉེའུ་ཤིང་དང་པའི་ཏོ་རྟོ་དང༌། ཀེ་བུ་ཀ་སྟེ་འདི་རྣམས་ནི་བད་ཀན་དང་མཁྲིས་པ་སེལ་ཏོ། །པདྨའི་རྩ་བ་དང༌། ཤཱ་ལུ་ཀ་དང༌། ཤྲྀ་གཱ་ཊ་དང༌། མ་ལུ་ཀ་དང༌། ཀ་ཤེ་རུ་ཀ་དང༌། འདི་རྣམས་ནི་
ལྕི་ཞིང་བསིལ་ཏེ། ཁྲག་ལུད་པའི་ནད་སེལ་ཞིང་རོ་ཙ་བ་དང་ནུ་ཞོ་འཕེལ་བར་བྱེད་དོ།། །།ད་ནི་ཤིང་ཏོག་གི་བྱེ་བྲག་བཤད་དེ། བལ་པོ་སེའུ་ནི་ཕྱི་ས་སྲི་བར་བྱེད་ཅིང་འཁྲུ་བ་གཅོད། རླུང་སེལ་ལ། བད་ཀན་དང་མཁྲིས་པ་དང་ཡང་མི་འཕྲོད་པ་མ་ཡིན་ནོ། །སྐྱུ་རུ་ར་ནི་དེ་དང་འདྲ་བ་ལ་ཟོས་པའི་རྗེས་ལ་རོ་མངར་བར་འགྱུར་ཞིང༌། ནད་གཞི་འཇིག་པ་དང་འཁྲུ་བ་དང་རོ་ཙ་བར་བྱེད་དོ། །ཁ་ལུང་ནི་སྐྲན་དང༌། རླུང་དང༌། བད་ཀན་དང༌། དབུགས་མི་བདེ་བ་དང་ལུད་པ་རྣམས་སེལ་ཏོ། །ཀ་བིཏྠའི་ཤིང་ཐོག་སྨིན་པ་ནི་ལྕི་བ་ཡིན་ཏེ་ཕྱི་ས་སྲི་བར་བྱེད་ཅིང་ནད་གཞི་དང་དུག་སེལ་ཏོ། །ཤིང་ཏོག་ཨ་མྲ་ནི་རླུང་སེལ་ཞིང་ཤ་སྐྱེ་བ་དང༌། ཁུ་ཆུ་འཕེལ་བ་དང༌། ཤ་མདོག་བཟང་བ་དང་ཉམས་སྟོབས་སྐྱེ་བར་བྱེད་དོ། །ཛམྦཱུའི་ཤིང་ཏོག་ནི་རླུང་སྐྱེ་བར་བྱེད་ལ། བད་ཀན་དང་མཁྲིས་པ་སེལ་ཏེ་ཕྱི་ས་སྲི་ཞིང་སྤོ་བར་བྱེད་དོ། །ཏིནྡུ་ཀའི་འབྲས་བུས་ནི་བད་ཀན་དང་མཁྲིས་པ་སེལ་ཏོ། །རྒྱ་ཤུག་གི་ཤིང་ཏོག་ནི་རླུང་དང་མཁྲིས་པ་སེལ་ཏོ། །བིལྦའི་ཤིང་ཏོག་ནི་རླུང་སྐྱེད་ཅིང་ཐུར་དུ་མི་འབྱུང་བར་བྱེད་དོ། །བི་ཡ་ལའི་ཤིང་ཏོག་ནི་རླུང་སེལ་ཏོ། །ཤིང་ཏཱ་ལ་དང༌། རཱ་ཛཱ་ད་ན་དང༌། ཆུ་ཤིང་གི་འབྲས་བུ་དང༌། པ་ན་ས་དང༌། ན་ལི་ཀེ་ར་རྣམས་ཀྱི་ཤིང་ཏོག་ནི་མངར་ཞིང་སྣུམ་ལ་ལྕི་བ་ཡིན་ཏེ། ཁུ་ཆུ་དང་ཤ་སྐྱེ་བར་བྱེད་དོ། །རྒུན་དང་མ་དྷུ་ཀ་དང༌། འབྲ་གོ་དང༌། ཏཾ་བལ་དང༌། པ་རུ་ཤ་ཀ་སྟེ་འདི་རྣམས་ཀྱི་འབྲས་བུ་ནི། །རླུང་དང་མཁྲིས་པ་དང༌། ཁྲག་གི་ནད་སེལ་ལ། ཕྱི་ས་བདེ་བར་འབྱུང་བར་བྱེད་དོ། །ཤ་མིའི་ཤིང་ཏོག་གིས་སྐྲ་འབྱི་བར་བྱེད་དོ། །ཀོ་ཤ་མ་མྲ་དང༌། ཉོ་ཏི་དང༌། དནྟ་ཤ་ཐ་དང༌། ཀརྨརྡ་དང༌། ཤིང་ཏོག་འདི་རྣམས་ནི་ཁྲག་ལུད་པའི་ནད་སྐྱེད་པར་ཤེས་པར་བྱའོ། །པི་ལུའི་ཤིང་ཏོག་ནི་སྐྲན་སེལ་ལོ།། །།ད་ནི་སྤོད་ཀྱི་བྱེ་བྲག་བཤད་དེ། བཅའ་སྒ་དང༌། ན་ལེ་ཤམ་དང་པི་པི་ལིང་ནི་བད་ཀན་དང་རླུང་སེལ་ཏོ། །དེ་ལ་ན་ལེ་ཤམ་ནི་རོ་ཙ་བར་མི་བྱེད་དོ། །བཅའ་སྒ་དང་པི་པི་ལིང་གཉིས་རོ་ཙ་བར་བྱེད་དོ། །ཤིང་ཀུན་ནི་སྐྲན་དང་གཟེར་བ་དང་ཕྱི་ས་འགགས་པ་
སེལ་ཅིང༌། རླུང་དང་བད་ཀན་འཇོམས་པར་བྱེད་དོ། །ལ་ལ་ཕུད་དང་འུ་སུའི་འབྲས་བུ་དང་གོ་སྙོད་ནི་རླུང་དང་བད་ཀན་སེལ་བའི་མཆོག་ཡིན་ནོ། །ད་ནི་ལན་ཚྭའི་བྱེ་བྲག་བཤད་དེ། རྒྱམ་ཚ་ནི་མིག་ལ་ཕན་ཞིང་རོ་ཙ་བར་བྱེད་ལ་ནད་གཞི་གསུམ་ཞི་བར་བྱེད་དོ། །ཁ་རུ་ཚ་ནི་དྲོད་ཆེ་སྟེ་ཕྱི་ས་འགགས་པ་དང་སྙིང་ན་བ་སེལ་ལོ། །རྩབས་རུ་ཚ་ནི་དྲོད་ཆེ་ཞིང་རྣོ་བ་ཡིན་ཏེ་སྙིང་ན་བ་སེལ་ཞིང་རླུང་དང་འཕྲོད་དོ། །ཚོ་ཁ་ད་ནི་དེ་དང་འདྲ་བ་ལས་ཅུང་ཟད་ཙམ་གྱིས་མཐུ་ཆུང་ངོ༌། །རྒྱ་མཚོའི་ལན་ཚྭ་ནི་ལྕི་བ་ཡིན་ཏེ་ཁ་ཟས་འདྲུལ་བར་བྱེད་དོ། །ནས་ཚིག་འཁུས་པའི་ཐལ་བ་ནི། དུག་དང་སྙིང་ན་བ་དང་སྐྱ་རྦབ་དང༌། ལྐོག་མའི་ནད་སེལ་ཅིང་མེའི་དྲོད་སྐྱེད་དོ། །སྭ་རྩི་ཀའི་ཐལ་བ་ནི་རྣོ་བ་ཡིན་ཏེ་ལུས་ཚ་བར་བྱེད་ཅིང་ཁོང་པའི་དྲོད་སྐྱེད་ལ་པགས་པ་འཇིག་པར་བྱེད་དོ། །ད་ནི་བཏུང་བའི་བྱེ་བྲག་བཤད་དེ། ཆར་པའི་ཆུ་ནི་ཡང་བ་ཡིན་ཏེ་ནད་གཞི་སེལ་ཞིང་སྙིང་ལ་ཕན་ཏེ། དུག་སེལ་ལོ། །ཆར་པའི་ཆུ་ས་གཞི་དང༌། སྣ་ཚོགས་ཐ་དད་པ་དང་ཕྲད་པ་ལས་ནི་དེའི་རོའི་བྱེ་བྲག་དང༌། མཐུ་ཡང་ཐ་དད་པར་འགྱུར་རོ། །འབབ་ཆུ་ནི་རྩུབ་པ་ཡིན་ཏེ་རླུང་སྐྱེད་དོ། །མཚོའི་ཆུ་ནི་མངར་ལ་ཡང་ངོ༌། །རྫིང་བུའི་ཆུ་ནི་རླུང་དང་བད་ཀན་སེལ་ལོ། །ལྟེང་ཀའི་ཆུ་ནི་རླུང་སྐྱེད་དོ། །ཆུ་མིག་གི་ཆུ་ནི་རྩུབ་པ་ཡིན་ཏེ་མེའི་དྲོད་སྐྱེད་དོ། །བྲག་མཐོན་པའི་ཁ་ནས་བབ་པའི་ཆུ་ནི་ཡང་ཞིང་བད་ཀན་སེལ་ལོ། །ཁྲོན་པའི་ཆུ་ནི་དྲོད་ཆེ་བར་བྱེད་ཅིང་རླུང་སྐྱེད་དོ། །ཆུ་མིག་འཕར་བའི་ཆུ་ནི་མཁྲིས་པ་སེལ་ཏོ། །ཆུ་རྙོག་ཅིང་སྲིན་བུ་དང་ཉ་ལྕིབ་ཡོད་དེ་མ་རུང་བར་གྱུར་ཅིང༌། ཉི་མ་མི་མཐོང་བའི་ཆུ་ནི་བླང་བར་མི་བྱའོ། །སྐྱོན་དེ་དག་མེད་པའི་ཆུ་ནི་བླང་བར་བྱའོ། །ཆུ་སྐོལ་བ་ནི་རིམས་དང༌། དབུགས་མི་བདེ་བ་དང༌། ཚུལ་རྒྱས་པའི་ནད་དང༌། རླུང་དང༌། བད་ཀན་སེལ་ལོ། །ཆུ་བསྐོལ་ཏེ་བསྒྲངས་པས་ནི་ནད་གཞི་གསུམ་སེལ་ལོ། །དེ་ཉིད་ཞག་ལོན་པར་བྱས་ན་ནད་གཞི་སྐྱེད་པར་བྱེད་དོ།། །།ད་ནི་འོ་མའི་བྱེ་བྲག་བཤད་དེ་བའི་འོ་མ་ནི་སྣུམ་ཞིང་ལྕི་བ་ཡིན་ཏེ་རླུང་དང་མཁྲིས་པ་སེལ་ཞིང་ཚེ་རིང་
པར་བྱེད་དོ། །མ་ཧེའི་འོ་མ་ནི་པའི་འོ་མ་བས་ལྕི་ཞིང་སྣུམ་པ་ཡིན་ཏེ་བྱེ་བྲག་ཏུ་དྲོད་འབྲི་བར་བྱེད་དོ། །རའི་འོ་མས་ནི་ཁྲག་ཚད་སེལ་ཞིང༌། ལུད་པ་དང༌། སྐོམ་པ་དང༌། རིམས་མེད་པར་བྱེད་ལ་དྲེག་ན་པའི་སྟེང་དུ་བླུགས་ན་དྲེག་མེད་པར་འགྱུར་རོ། །ལུག་གི་འོ་མས་ནི་མཁྲིས་པ་དང་བད་ཀན་སྐྱེད་དོ། །རྔ་མོའི་འོ་མས་ནི་སྐྲངས་པ་དང༌། དམུ་རྫིངས་དང༌། ལྟོ་སྤོ་བ་དང༌། སྲིན་བུ་དང་གཞན་འབྲུམ་དང༌། བད་ཀན་དང་རླུང་སེལ་ཏོ། །བུད་མེད་ཀྱི་འོ་མས་ནི་ལྕེ་ལ་ཕན་པ་དང༌། མིག་ཏུ་བླུགས་ན་མིག་ལ་ཕན་པ་དང༌། སྣར་བླུད་ན་ཁྲག་ལུད་པའི་ནད་སེལ་ཏོ། །ཞོ་ནི་ཉམས་སྟོབས་སྐྱེད་ཅིང་རླུང་སེལ་ཏེ་ཙ་བར་བྱེད་པ་མཁྲིས་པ་དང་བད་ཀན་སྐྱེད་དོ། །ཞོ་མ་ལངས་པས་ནི་ནད་གཞི་གསུམ་སྐྱེད་དོ། །ཞོ་ཁ་ཆུ་ནི་འཛག་སྒོ་སྦྱོང་བར་བྱེད་དོ། །མར་ནི་ཕོ་བའི་ནད་དང་གཞང་འབྲུམ་དང༌། བཞིན་གཡོ་བ་དང་མཇིང་བ་ཡོ་བའི་ནད་སེལ་ཏོ། །འོམ་ལས་སྣ་གཞན་དུ་བསྐྱུར་བ་ཆུར་བ་ལ་སོགས་པ་ནི་ལྕི་བ་ཡིན་ཏེ་མཛེ་ནད་ཀྱི་རྒྱུ་ར་འགྱུར་རོ། །དར་བའི་རོ་མས་ན་ནད་གཞི་གསུམ་སེལ་ཞིང་ཕོ་བའི་ནད་དང༌། སྐྲངས་པ་དང༌། གཞང་འབྲུམ་དང༌། སྐྱ་རྦབ་དང༌། འཁྲུ་བ་དང༌། སྐྲན་འཇོམས་པར་བྱེད་དོ། །བ་མར་ནི་ཞུ་བའི་འོག་ཏུ་མངར་ཏེ། རླུང་དང་མཁྲིས་པ་སེལ་ཞིང་ཡིད་གཞུངས་པར་བྱེད་པ་དང༌། མིག་ལ་ཡང་ཕན་ལ། དེ་སྨན་གཞན་དང་སྦྱར་ན་ནད་གཞི་གསུམ་ཡང་སེལ་བར་བྱེད། མར་རྙིང་པས་ནི་བརྗེད་བྱེད་དང༌། སྨྱོ་བ་དང༌། སྦྱར་བའི་དུག་དང༌། བརྒྱལ་བ་རྣམས་སེལ་ཏོ། །ར་ལ་སོགས་པའི་མར་ནི་སོ་སོའི་འོ་མའི་ཡོན་ཏན་བཞིན་དུ་རིག་པར་བྱའོ། །གླང་པོ་ཆེ་དང༌། རྟ་དང༌། བོང་བུ་དང༌། རྔ་མོ་དང༌། མ་ཧེ་དང༌། བ་དང༌། ར་དང༌། ལུག་དང་འདི་རྣམས་ཀྱི་གཅིན་རྣམ་པ་བརྒྱད་ཅེས་བྱ་སྟེ། དེ་དག་ནི་བད་ཀན་དང་རླུང་དང༌། སྲིན་བུ་དང་དུག་མེད་པར་བྱེད་ཅིང༌། སྐྱ་རྦབ་དང༌། དམུ་རྫིངས་དང༌། མཛེ་དང༌། གཞང་འབྲུམ་དང༌། སྐྲངས་པ་དང༌། སྐྲན་དང༌། གཅིན་ནད་རྣམས་སེལ་ཏོ།། །།ད་ནི་འབྲུ་མ་རྒྱི་བྱེ་བྲག་བཤད་དེ། ཏིལ་མར་ནི་རླུང་དང་བད་
ཀན་སེལ་ཞིང༌། པགས་པའི་མདོག་བཟང་བར་བྱེད་ལ་སྐྲ་བཟང་དུ་སྐྱེ་བར་བྱེད་དོ། །ཡུང་མར་ནི་སྲིན་བུ་དང༌། གཡའ་བ་འཇོམས་པར་བྱེད་པ་དང༌། བད་ཀན་དང་ཚིལ་རྒྱས་པའི་ནད་དང་རླུང་སེལ་ཏོ། །ཟར་མའི་མར་ནི་མིག་ལ་གནོད་ཅིང། མཁྲིས་པ་སྐྱེད་ལ་རླུང་སེལ་ཏོ། །བ་རུ་རའི་མར་ནི། བད་ཀན་དང༌། མཁྲིས་པ་སེལ་ཅིང་སྐྲན་ལ་ཕན་ཏེ་མིག་དང་རྣ་བ་བརྟ་བར་བྱེད་དོ། །སྦྲང་རྩི་ནི་ནད་གཞི་གསུམ་སེལ་ཞིང༌། སྐྱིགས་བུ་དང༌། དབུགས་མི་བདེ་བ་དང༌། སྲིན་བུ་དང༌། སྐྱུག་པ་དང་གཅིན་ནད་དང༌། སྐོམ་པའི་ནད་དང༌། དུག་རྣམས་མེད་པར་བྱེད་དེ། ཁ་ཅིག་གིས་ནི་རླུང་སྐྱེད་ཅེས་ཀྱང་བཤད་དོ། །བུ་རམ་ཤིང་རྣམས་ནི། ཁྲག་ལུད་པའི་ནད་སེལ་ཞིང༌། ཉམས་སྟོབས་སྐྱེད་ཅིང་རོ་ཙ་བར་བྱེད་ལ་བད་ཀན་སྐྱེད་དོ། །བུ་རམ་ཤིང་སོ་སོ་འོ་མ་སྟེ་ཟོས་པའི་ཁུ་བ་ནི་ཕན་པར་འགྱུར་རོ། །བུ་རམ་ཤིང་བཙིར་བའི་ཁུ་བ་ནི་ལྕི་བ་ཡིན་ཏེ་ཕྱི་ས་འགག་པར་བྱེད་དོ། །བུ་རམ་ནི་མཁྲིས་པ་སེལ་བ་ཙམ་མ་ཡིན་ལ། རོ་ཙ་བར་བྱེད་ཅིང་རླུང་སེལ་ཏེ་བད་ཀན་སྐྱེད་དོ། །བུ་རམ་རྙིང་པ་ནི་ཕན་ཞིང་མཁྲིས་པ་སེལ་བའི་མཆོག་ཡིན་ཏེ་ཁྲག་དང་བར་བྱེད་དོ། །བུ་རམ་གྱི་ཁ་ར་ནི་སྣུམ་པ་དང་ལྡན་ཏེ་ཁྲག་ལུད་པའི་ནད་སེལ་ཞིང་རོ་ཙ་བར་བྱེད་དོ། །སྦྲང་རྩིའི་ཁ་ར་ནི་རྩུབ་པ་ཡིན་ཏེ་ཚིམ་པར་བྱེད་ཅིང་སྐྱུག་པ་དང་འཁྲུ་བ་སེལ་ཏོ།། །།ད་ནི་ཆང་གི་བྱེ་བྲག་བཤད་དེ། ཆང་ངོ་ཅོག་ནི་མཁྲིས་པ་སྐྱེད་ལ་སྐྱུར་བའི་ཕྱིར་ན་བད་ཀན་དང་རླུང་སེལ་ཏེ། རན་ཅིང་ཚོང་ཟིན་པར་འཐུངས་ན་དྲོད་སྐྱེད་ཅིང་དགའ་བར་བྱེད་པ་དང་ཉམས་སྟོབས་སྐྱེད་དོ། དེ་ལྟར་མ་བྱས་ན་དུག་ཏུ་འགྱུར་རོ། །དེ་ལ་འབྲུའི་ཆང་ནི་གཞང་འབྲུམ་ལ་ཕན་ཏེ་སྐེམ་པ་ཤ་སྐྱེ་བར་བྱེད་ཅིང་རླུང་སེལ། བུ་རམ་ཆང་ནི་འཁྲུ་བར་བྱེད་ཅིང་སྨིན་པར་བྱེད་དེ། །བུ་རམ་ཤིང་གི་ཆང་ནི་བད་ཀན་དང་ཚིལ་རྒྱས་པའི་ནད་སེལ་ཏོ། །རྒུན་ཆང་ནི་རླུང་དང་མཁྲིས་པ་སེལ་ཏོ། །མ་དུ་ཀའི་མེ་ཏོག་གི་ཆང་ནི་རྩུབ་པ་ཡིན་ཏེ་རླུང་དང་མཁྲིས་པ་སྐྱེད་དོ། །ཚྭ་དང་རྩབས་ཀྱི་རིགས་སུ་གཏོགས་པ་
རྣམས་ནི་རྣོ་བ་ཡིན་ཏེ་ཁྲག་ལུད་པའི་ནད་སྐྱེད་དོ།། །།ད་ནི་ཐུག་པའི་བྱེ་བྲག་བཤད་དེ། འབྲས་བརྔོས་ཏེ་བཏགས་པའི་ཐུག་པས་ནི་སྨིན་པར་བྱེད་ཅིང་དྲོད་སྐྱེད་དེ་ཕན་པ་ཡིན་ནོ། །འབྲས་ཐུག་ནི་ཡང་བ་ཡིན་ཏེ་རླུང་དང་འཕྲོད་ཅིང་ཆུ་སོ་སྦྱང་ངོ༌། །འབྲས་ཐུག་གར་པོ་ནི་ཚིམ་པར་བྱེད་དེ་འཁྲུ་བ་གཅོད་ཅིང་སྙིང་ལ་ཕན་ཏེ་ཉམས་སྟོབས་སྐྱེད་དོ། །འབྲས་ཀྱི་འོ་ཐུག་ནི་བད་ཀན་སྐྱེད་ལ་ཉམས་སྟོབས་སྐྱེད་པར་བྱེད་དོ། །སྦྱར་ཐུག་ཅེས་བྱ་བ་འབྲས་དང་ཏིལ་དང་མོན་སྲན་སྡེའུ་གསུམ་སྦྱར་བའི་ཐུག་པས་ནི་རླུང་སེལ་བར་བྱེད་དོ།། །།ད་ནི་བཟའ་བའི་བྱེ་བྲག་བཤད་དེ། འབྲས་ལེགས་པར་བཀྲུས་པ་དང༌། ཁུ་བ་གཟར་བཅད་པ་དང༌། ཚོས་པ་དང་གྲང་དྲོ་རན་ཙམ་དུ་བྱས་པའི་འབྲས་ཆན་ནི་ཡང་བ་ཡིན་ནོ། །འབྲས་ཆན་རྡོ་གུ་དང༌། ཤ་དང༌། ཤིང་ཏོག་དང༌། མར་དང་ལྷན་ཅིག་ཏུ་བཙོས་པ་ནི་ལྕི་བ་ཡིན་ཏེ་ཤ་སྐྱེ་བར་བྱེད་དོ། །འབྲུའི་ཚོད་མ་ནི། ཤུན་ལྤགས་བཤུས་ལ་ཡིད་ཙམ་བརྔོས་ཏེ་ཤིན་ཏུ་ཚོས་པར་བྱས་པ་ཡང་བ་ཡིན་ནོ། །སྔོ་ཚོད་ནི་ཤིན་ཏུ་བཤུར་ལ་ཚོས་པར་བྱས་ཏེ། སྡོར་དང་ལེགས་པར་སྦྱར་བས་ཕན་པ་ཡིན་ནོ།། །།ད་ནི་ཁུ་བཅུད་ཀྱི་བྱེ་བྲག་བཤད་དེ། བལ་པོ་སེའུ་དང་སྐྱུ་རུ་ར་སྦྱར་བའི་ཁུ་བ་བཅུད་ནི་དྲོད་སྐྱེད་ཅིང་རླུང་དང་མཁྲིས་པ་སེལ་ཏོ། །ལ་ཕུག་དང་སྦྱར་ན་དབུགས་མི་བདེ་བ་དང༌། ལུད་པ་དང༌། ཆམ་པ་དང༌། བད་ཀན་ཡང་སེལ་ཏོ། །ནས་དང༌། རྒྱ་སྲན་དང༌། རྒྱ་ཤུག་གི་འབྲས་བུ་སྦྱར་བའི་ཁུ་བཅུད་ནི་ལྐོག་མ་ལ་ཕན་ཏེ་རླུང་སེལ་ཏོ། །མོན་སྲན་སྡེའུ་དང༌། སྐྱུ་རུ་ར་སྦྱར་བའི་ཁུ་བཅུད་ནི་འཁྲུ་བ་གཅོད་ཅིང་མཁྲིས་པ་དང་བད་ཀན་སེལ་ཏོ། །སྦྱར་ཚོད་དམར་པོ་ཞེས་བྱ་བ་ཞོ་དང་བུ་རམ་དང་རྒུན་སྦྱར་བའི་ཚོད་མ་ནི་ཡང་ཞིང་ཤ་སྐྱེ་བ་དང་ཡི་ག་འབྱེད་པར་བྱེད་དེ་སྐྱུག་པ་སེལ་ཏོ། །ཞོ་དང་བུ་རམ་སྦྱར་ཏེ་དཀྲུགས་པའི་ནང་དུ་དྲི་བཞི་སྦྱར་བ་ཞེས་བྱ་བ། ཤིང་ཚ་དང༌། སུག་སྨེལ་དང༌། ནཱ་ག་གེ་སར་དང༌། གནྡྷ་པ་ཏྲ་འདི་བཞི་སྦྱར་བ་དང་སྤོད་སྣ་ཚོགས་བཏབ་པ་ནི་ཤ་སྐྱེ་ཞིང་རོ་ཙ་བར་བྱེད་དོ། །ཞོའི་ནང་དུ་བུ་རམ་བཏབ་པ་ནི་རླུང་སེལ་ཏོ། །ཕྱེ་ནི་རྩུབ་པ་ཡིན་ཏེ་ཕྱི་ས་སླ་བར་བྱེད་
ཅིང་རླུང་སྐྱེད་ལ་ཉམས་སྟོབས་སྐྱེད་ཅིང་ཚིམ་པར་བྱེད་དོ། །ནས་བསྒྲུས་དང༌། ནས་ཁྲལ་ཁྲོལ་ཙམ་དུ་བཏགས་པའི་ཆན་དང་ནས་ཀྱི་ཁུ་བ་ནི་གཅིན་ནད་དང་རྟུག་སྐོམ་སེལ་ཏོ། །ཞུ་བ་བུ་རམ་གྱིས་བཏབ་པ་ནི་ལྕི་ལ་ཤ་སྐྱེ་བར་བྱེད་ཅིང་རླུང་སེལ་ཏོ། །ཞི་ཏེའུ་ནི་མེའི་དྲོད་བསྐྱེད་དེ་རླུང་དང་མཁྲིས་པ་སེལ་ཞིང་རོ་ཙ་བར་བྱེད་དོ། །པེཾ་ཏམ་ལ་སོགས་བ་ཁུར་བ་ཤ་དང་སྦྱར་བ་ནི། ཤ་སྐྱེ་བ་དང་ཉམས་སྟོབས་སྐྱེད་ཅིང་མཁྲིས་པ་དང་རླུང་སེལ་ཏོ། །བེ་རག་ཤ་དང་སྤོད་ལ་སོགས་པས་བརྫངས་པ་ནི་ལྕི་ཞིང་ཚིམ་པར་བྱེད་དོ། །འབྲས་བརྡུངས་པའི་ལྕེ་ཁུར་ནི་ལྕི་བ་ཡིན་ཏེ་དྲོད་ཆེ་ལ་བད་ཀན་དང་མཁྲིས་པ་སྐྱེད་དོ། །མོན་སྲན་སྡེ་འུ་ལ་སོགས་པའི་ཁུར་བ་ནི་ལྕི་བ་ཡིན་ཏེ་བད་ཀན་སྐྱེད་ཅིང་ཕྱི་ས་སླ་བར་བྱེད་དོ། །ཁུར་བ་བུ་མར་གྱི་ནང་དུ་བཙོས་པ་ནི་རླུང་དང་མཁྲིས་པ་སེལ་ཞིང༌། ལུས་ཀྱི་མདོག་བཟང་བ་དང་མིག་རྣོ་བར་བྱེད་དོ། །ཁུར་བ་འབྲུ་མར་གྱི་ནང་དུ་བཙོས་པ་ནི། མིག་རྟུལ་བར་བྱེད་ཅིང་རླུང་སེལ་ལ་མཁྲིས་པ་སྐྱེད་དོ།། །།ད་ནི་ཚལ་ནན་གྱི་བྱེ་བྲག་བཤད་དེ། ཟན་ཟོས་པའི་འོག་ཏུ་ཚལ་ནན་བཏུང་བ་ནི་ངོམས་པ་དང༌། འཇུ་བར་བྱེད་པ་དང༌། དགའ་བར་བྱེད་པ་དང༌། ཉམས་སྟོབས་སྐྱེད་པ་དང༌། ཤ་སྐྱེ་བ་དང༌། ཡི་ག་འབྱེ་བ་དང༌། ཟན་ཟོས་པ་གནས་སུ་སོན་པར་བྱེད་དེ། རླུང་ནད་ཅན་ལ་ནི་ཚལ་ནན་དུ། སྣུམ་བག་དང་དྲོན་པོ་དགེའོ། །མཁྲིས་པ་ཅན་ལ་ནི་ཚལ་ནན་དུ་མངར་བ་དང་བསིལ་བ་དགེའོ། །བད་ཀན་ཅན་ལ་ནི་ཚལ་ནན་དུ་རྩུབ་པ་དང་དྲོ་བག་དགེའོ། །ནད་ཁོང་སྐེམ་ཡོད་པ་ལ་ནི་ཚལ་ནན་དུ་ཤ་ཁུ་བཟང་ངོ༌། །བུད་མེད་ཀྱིས་དུབ་པ་དང༌། ལམ་གྱིས་དུབ་པ་དང༌། སྨྱུང་བས་དུབ་པ་དང༌། མང་དུ་སྨྲས་པས་དུབ་པ་དང། ཚ་བས་གདུངས་པས་དུབ་པ་དང༌། དེ་རྣམས་ལ་ནི་ཚལ་ནན་དུ་འོ་མ་བཟང་ངོ༌། །ཤ་ཆེ་བ་ལ་ནི་ཚལ་ནན་དུ་སྦྲང་རྩི་དང་ཆུ་སྦྱར་བ་བཟང་ངོ༌། །རིད་པ་ལ་ནི་ཚལ་ནན་དུ་ཆང་བཟང་ངོ༌། །གློ་འགྲམས་པ་དང༌། སྐད་འགགས་པ་དང༌། དབུགས་མི་བདེ་བ་དང༌།
ལུད་པ་དང༌། སྐྱིགས་བུ་དང༌། མཆིལ་མ་མང་དུ་འབྱུང་བ་དང༌། ནམ་ཚོད་ཡན་ཆད་ཀྱི་ནད་ཀྱིས་ཉམ་ཐག་པ་ལ་ནི། ཚལ་ནན་འཐུངས་ན་མི་བཟང་ངོ༌། །དེ་ལྟར་ཁ་ཟས་དང་བཏུང་བ་རྣམས་གཞུང་ལ་བརྟེན་ཏེ་ཅི་རིགས་པར་སྦྱར་ན། ནད་པ་ཡང་འཚོ་ལ། སྨན་པ་དེའང་འཇིག་རྟེན་ན་གྲགས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཟས་ལྕི་བ་ནི་ཉུང་དུ་བཟའ། ཟས་ཡང་བ་ནི་མང་དུ་ཟ་ཞིང༌། དུས་དང༌། མེའི་དྲོད་དང༌། ཚོད་ཤེས་པར་སྦྱར་བའི་བྱེ་བྲག་དང༌། གོམས་པ་དང༌། མེའི་དྲོད་ཤེས་པར་བྱས་ནས་ཅི་རིགས་པར་བྱས་ན་ནི། ཁ་ཟས་ལྕི་བ་ཡང་ཡང་བར་འགྱུར་ལ། ཡང་བ་ཡང་ལྕི་བར་འགྱུར་བ་དག་ཀྱང་ཡོད་དོ། །ཁ་ཟས་དང་བཏུང་བའི་ཆོ་ག་བཤད་པའི་ལེའུ་སྟེ་གསུམ་པའོ།། །།རིམས་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རིམས་ནད་ནི་ནད་དོ་ཅོག་གི་རྒྱལ་པོ་ཡིན་པར་བཤད་དོ། །དེ་བས་ན་འདིར་དེ་གསོ་བའི་ཆོ་ག་འདི་ཐོག་མ་ཁོ་ནར་བཤད་དེ། རིམས་ནི་ཐོག་མར་ལྷ་ཆེན་པོ་དྲག་པོ་ཞེས་བྱ་བ་ལ་དྲང་སྲོང་ཤེས་ཉན་ཅན་ཞེས་བྱ་བས་བརྙས་ཏེ། ལྷ་ཆེན་པོ་དྲག་པོ་ཁྲོས་ནས་དབུགས་བཏང་བ་ལས་བྱུང་བ། རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་རིམས་དང༌། རླུང་དང་མཁྲིས་པ་འདུས་པའི་རིམས་དང༌། མཁྲིས་པ་དང་བད་ཀན་གཉིས་འདུས་པའི་རིམས་དང༌། རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པའི་རིམས་དང༌། གློ་བུར་གྱི་རིམས་དང༌། རིམས་རྣམ་པ་བརྒྱད་དུ་གྱུར་ཏོ། །དེ་ལ་རིམས་ཐོག་མར་བྱུང་བའི་ཐབས་ནི། ཁ་ཟས་ཀྱིས་ཉེས་པ་དང༌། འདུ་གཉལ་ལ་སོགས་པས་གནས་པའི་ཉེས་པ་ལས་ནད་གཞི་རྣམས་ཕོ་བའི་ནང་དུ་ཞུགས་ཏེ། ཁོང་པའི་དྲོད་ཕྱི་རོལ་ཏུ་བཏོན་པ་དེ་དང༌། དངས་མ་དང་འདུས་ཤིང་གནས་པར་གྱུར་པས་ནི་རིམས་སྐྱེད་པར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། ལུས་གྲང་ཞིང་འདར་བ་དང༌། མགོ་འཁོར་བ་དང༌། སླ་བ་དང༌། བ་སྤུ་ལངས་པ་དང༌། གླལ་ཞིང་བྱ་རྨྱང་བྱེད་པ་དང༌། མགོ་བོ་དང་རྐེད་པ་དང་བརླ་དང་རྩིབ་
ལོགས་ན་ཞིང་བྱིན་སྙིང་སྐྱུར་བ་དང༌། སྐོམ་དད་ཆེ་བ་དང༌། མིག་དང་པགས་པའི་མདོག་དང༌། སེན་མོ་དང༌། ཕྱི་ས་དང༌། གཅིན་རྣམས་མདོག་གནག་ཅིང་ཁར་རོ་བསྐ་བ་བྲོ་བ་དང༌། འགྲམ་པ་ན་བ་དང༌། དབུགས་མི་བདེ་ཞིང་ལུད་པ་འགོག་ཏུ་མི་བཏུབ་པ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། ལུས་ཤིན་ཏུ་ཚ་བ་དང༌། ཁོང་པ་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། རྡུལ་འབྱུང་བ་དང༌། ཁའི་རོ་ཚ་བར་བྲོ་བའམ། མགོ་འཁོར་བ་དང༌། སླ་བ་དང༌། སྣའི་ནད་དང༌། ཁའི་ནད་དང༌། མཆུ་དང་ལྐོག་མ་རྣམས་སུ་འབྲུམ་པ་འབྱུང་བ་དང༌། ཁྲོ་ཞིང་ཤིན་ཏུ་ཁྲོ་བ་དང༌། བསིལ་བ་འདོད་པ་དང༌། མིག་དང༌། སེན་མོ་དང༌། པགས་པའི་མདོག་དང༌། ཕྱི་ས་དང༌། གཅིན་རྣམས་ཀྱི་མདོག་སེར་བ་དང༌། སྒྲེགས་པའི་རོ་ཁ་བ་དང། འཁྲུ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། ཆམ་པ་དང༌། མཆིལ་མ་མང་བ་དང༌། ཡི་ག་འཆུས་པ་དང༌། སྐྱུག་པ་དང༌། གཉིད་ཆེ་བ་དང༌། ལུས་ལྕི་བ་དང༌། དང་ག་མེར་མེར་པོར་གྱུར་པ་དང༌། སློད་པར་གྱུར་པ་དང༌། ཁར་མངར་བ་བྲོ་བ་དང༌། གྲང་འབུམ་འབྱུང་བ་དང༌། མིག་དང་སེན་མོ་དང༌། པགས་པའི་མདོག་དང༌། ཕྱི་ས་དང༌། གཅིན་གྱི་མདོག་སྐྱ་བ་དང༌། དྲོ་བ་འདོད་པ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་གཉིས་འདུས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། ལྐོག་མ་སྐོམ་པ་དང༌། ཁ་སྐོམ་པ་དང༌། སྤུ་ལངས་པ་དང༌། གཉིད་མི་འོང་བ་དང༌། སྐྱུག་པ་དང༌། ཚིགས་དང༌། ཀླད་པ་རབ་ཏུ་ན་བ་རྣམས་ཡིན་པར་བཤད་དོ། །རླུང་དང་བད་ཀན་གཉིས་འདུས་པ་ལས་གྱུར་པའི་རིམས་ཀྱི་མཚན་མ་ནི། སྙོམ་པ་དང༌། སློད་པར་གྱུར་པ་དང༌། ལུས་ཚ་བ་དང༌། ཚིགས་དང་ཀླད་པ་ན་བ་དང༌། ལུས་ལྕི་བ་དང༌། ལུས་གྲང་བ་དང༌། ལུད་པ་དང༌། ཡི་ག་འཆུས་པ་དང༌། ལུས་རྡུལ་བ་རྣམས་ལས་རྟོགས་པར་བྱའོ། །མཁྲིས་པ་དང་བད་ཀན་
གཉིས་འདུས་པ་ལས་གྱུར་པའི་རིམས་གྱི་ཚུལ་ནི། ཕྱེད་གྲང་ཕྱེད་ཚ་བ་དང༌། ཡིག་འཆུས་པ་དང༌། རྡུལ་འབྱུང་བ་དང༌། ལུ་བ་དང༌། སྙོམ་པ་དང༌། ཁར་རོ་ཁ་བ་བྲོ་བ་དང༌། རྨོངས་པ་དང༌། སྒྱིད་ལུག་པ་དང༌། སྐོམ་དད་ཆེ་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་དང༌། བད་ཀན་གསུམ་འདུས་པ་ལས་རིམས་ནད་དུ་གྱུར་པའི་ཚུལ་ནི། ཚིགས་དང་རུས་པ་དང༌། ཀླད་པ་ན་བ་དང༌། ཕྱེད་གྲང་ཕྱེད་ཚ་བ་དང༌། སྙོམ་པ་དང༌། ཡི་ག་འཆུས་པ་དང༌། མགོ་འཁོར་བ་དང༌། ལྐོག་མ་ངར་ངར་ཟེར་བ་དང༌། རྣ་བར་ཟུག་པ་དང༌། མིག་དམར་ཞིང་ཡོན་པོར་གྱུར་པ་དང༌། ཁ་ནས་མཁྲིས་པ་དང་ཁྲག་འབྱུང་བ་དང༌། སྐྱུག་པ་དང༌། སྐོམ་དད་ཆེ་བ་དང༌། ནུབ་མོ་གཉིད་མི་འོང་བ་དང༌། ལྕེ་ཚིག་པ་བཞིན་ནག་པོར་འགྱུར་ཞིང་རེག་ན་རྩུབ་པ་དང༌། ལུས་ཀྱི་མདོག་སྔོ་བསངས་སུ་གྱུར་ཅིང༌། འབྲུམ་བུ་དམར་པོ་འཐོན་པ་དང༌། རྣམས་ཡིན་ཏེ། རྣམ་པ་འདི་དག་ཐམས་ཅད་ཚང་བར་གྱུར་ན་གསོར་མི་རུང་ངོ༌། །ཚད་པར་གྱུར་ན་གསོ་དཀའ་བར་བཤད་དེ། གློ་བུར་གྱི་རིམས་ནི། སེམས་འཁྲུག་པའི་གདུང་བ་ལས་མཁྲིས་པའི་རིམས་ཚ་བར་འགྱུར་ཏེ། དེ་ཡང་འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། ཁྲོ་བ་རྣམས་སེམས་འཁྲུག་མཁྲིས་པ་དང༌། བད་ཀན་གསུམ་གང་བྱུང་བ་ལས་རིམས་སུ་གྱུར་པ་དེ་དག་སོ་སོའི་མཚན་མས་བསྟན་ཏོ། །རིམས་ནད་གསོ་བའི་ཐབས་ནི། རིམས་ཐོག་མ་བྱུང་མ་ཐག་ཏུ་ཉམས་སྟོབས་ལ་མི་གནོད་པར་སྨྱུང་བའི་ཆོ་ག་བྱའོ། །དེ་ལ་རླུང་དང་ངལ་བ་དང༌། ཁྲོ་བ་དང༌། མྱ་ངན་དང༌། ལུད་པ་ལུ་བ་དང༌། གློ་རྡོལ་བ་རྣམས་ལ་རིམས་སུ་གྱུར་པ་ལ་ནི་སྨྱུང་བའི་ཆོ་ག་མི་བྱའོ། །སྨྱུང་བར་བྱ་བའི་ཚད་ནི་བཀྲེས་ཤིང་སྐོམ་པར་གྱུར་པ་དང༌། ཕྱི་ས་དང་གཅིན་ཚུལ་བཞིན་དུ་འབྱུང་བར་གྱུར་པ་དང༌། ལུས་
ཡང་བར་གྱུར་ན་སྨྱུང་བའི་ཆོ་ག་ལེགས་པ་ཡིན་ནོ། །སྨྱུང་བའི་ཆོ་ག་ཧ་ཅང་དྲགས་ན་ནི་སྐེམ་པའི་ནད་དང༌། སྙོམ་པ་དང༌། མགོ་འཁོར་བ་དང༌། དབུགས་མི་བདེ་བ་དང༌། ངལ་བའི་ནད་དུ་འགྱུར་རོ། །དེ་ལ་བད་ཀན་དང་རླུང་གི་རིམས་ལ་ནི། སྐོམ་དུ་ཆུ་སྐོལ་བ་དྲོན་པོ་བླུད་དོ། །མཁྲིས་པ་དང་ཚ་བ་དང་དུག་ལས་གྱུར་པའི་རིམས་ལ་ནི་སྐོམ་དུ་རོ་ཁ་བ་སྐོལ་བའི་ཁུ་བ་གྲང་མོ་བླུད་དོ། །བཅའ་སྒ་དང༌། །བ་ལེ་ཀ་དང༌། ལྡུམ་བུ་སྐྲ་ལོ་དང༌། པུ་ཤེལ་ཙེ་དང༌། གླ་སྒང་དང་ཙན་དན་རྣམས་སྐོལ་བའི་ཁུ་བ་གྲང་མོ་བླུད་ན་ཡང་སྐོམ་པ་དང་སྐྱུག་པ་དང༌། རིམས་དང༌། ལུས་ཚ་བ་སེལ་ཏོ། །སྨྱུང་བའི་ཆོ་ག་བྱས་པའི་རྗེས་ལ། ཁ་ཟས་སྨིན་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ཚོས་པར་བྱེད་པའི་སྨན་གང་ཡིན་པའི་ཁུ་བ་ལས་གཞི་བླངས་པའི་ཐུག་པ་ཕན་ཞིང་འཕྲོད་པར་བླུད་དོ། །ཡང་ན་འབྲས་ཡོས་བཏགས་པའི་ཐུག་པ་སླ་བ་བཅའ་སྒས་བཏབ་པ་བླུད་དོ། །ཡང་ན་རླུང་གི་རིམས་ལ་ནི། སཱ་ལུའི་ཆན་རི་དགས་དང་རི་བྱའི་ཤ་ཁུ་བཅད་དང་བཅས་པ་སྦྱིན་ནོ། །དེས་ཞི་བར་མ་གྱུར་ན། ཞག་བདུན་ལོན་པའི་འོག་ཏུ་ཚོས་པར་བྱེད་པའི་སྨན་དང་ཞི་བར་བྱེད་པའི་སྨན་བླུད་དོ། །ཞག་བདུན་གྱི་སྔ་རོལ་རིམས་གསར་བུ་བྱུང་བའི་ཚེ། སྨན་བཏང་བ་ནི་སྨན་དེ་ཉིད་ཀྱིས་ནད་གཞི་ཤིན་ཏུ་སྐྱེད་པར་བྱེད་དེ། དེ་ལ་རླུང་ལས་གྱུར་པའི་རིམས་ལ་ནི་ཚོས་པར་བྱེད་པའི་སྨན་བ་ལྦ་ལ་སོགས་པ་རྩ་བ་ལྔ་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་པི་པི་ལིང་གི་རྩ་བ་དང༌། སླེ་ཏྲེས་དང༌། བཅའ་སྒ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སླེ་ཏྲེས་དང༌། གླ་སྒང་དང༌། བྱི་ཚེར་དང༌། བཅའ་སྒ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སྐྱུ་རུ་ར་དང༌། གླ་སྒང་དང༌། རྩ་བ་ལྔ་པ་དང༌། སླེ་ཏྲེས་དང༌། འུ་སུའི་འབྲས་བུ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་རྩ་མཁྲིས་དང༌། གླ་སྒང་དང༌། སླེ་ཏྲེས་དང༌། པ་ལ་ཀ་དང༌། བྲྀ་ཧ་ཏཱི་རྣམ་གཉིས་དང༌། གཟེ་མ་རྣམས་ལྷན་ཅིག་སྐོལ་
བའི་ཁུ་བ་བླུད་དོ། །ཡང་ན་སྠི་ར་དང༌། ཀ་ལེ་ཤི་དང༌། བཅའ་སྒ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ན་རླུང་ནད་ལ་ཕན་ནོ། །ཡང་ན་ཐལ་ཏྲེས་དང༌། པི་པི་ལིང་དང༌། རྒུན་དང༌། ཤུ་ཏིའི་འབྲས་བུ་དང༌། ཧ་རེ་ནུ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཐང་ཤིང་དང༌། བྲྀཾཀྵ་ད་ནི་དང༌། སྨན་ར་སྣ་དང༌། སྒྲོན་ཤིང་དང༌། ཨེ་ལ་བ་ལུ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན། སླེ་ཏྲེས་དང༌། ཨཾ་ཤུ་མ་ཏི་དང༌། རྒུན་དང་པ་ཏྱ་ལ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ནར་སྣ་དང༌། ཤིང་མངར་དང༌། དོང་ཀ་དང༌། ཏཾ་པ་ལ་དང༌། ཤལ་མ་ལི་དང༌། བ་ལ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཁྱི་ལྕེ་བ་དང༌། རྒུན་དང་ཤི་རི་སར་ནི་དང༌། ཐལ་ཏྲེས་དང༌། སླེ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །འདི་རྣམས་ནི་རླུང་ལས་གྱུར་པའི་རིམས་སེལ་བར་བྱེད་དོ། །གོང་ནས་ཐལ་ཏྲེས་ཞེས་སྨོས་པ་མན་ཆད་ཀྱི་སྦྱོར་བ་ལྔ་པོ་འདི་དག་ཀུན་གྱི་ཁུ་བ་ནི་བུ་རམ་དང་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་སྐྱུ་རུ་ར་དང༌། རྒུན་དང༌། བ་ལ་ཀ་དང༌། རྩ་མཁྲིས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་པུ་ཙེ་ཤེལ་དང༌། རྒུན་དང༌། ནིམྤ་དང༌། ཤིང་མངར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཨམ་བྲ་དང༌། རྩ་མཁྲིས་པ་དང༌། བྱི་ཚེར་པ་དང༌། སྲོ་ལོ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དུག་མོ་ཉུང་དང༌། པུ་ཙེ་ཤེལ་དང༌། གླ་སྒང་དང༌། ཤིང་མངར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སེང་ཕྲོམ་དང༌། མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ཐལ་ཏྲེས་དང༌། སླེ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ཁར་དང་སྦྱར་བའམ། །ཡང་ན་སྲོ་ལོ་སྐོལ་བའི་ཁུ་བ་གྲང་བ་བླུད་ན་མཁྲིས་པའི་རིམས་སེལ་ཏོ། །ཡང་ན་ཁྱི་ལྕེ་བ་དང༌། སྲོ་ལོ་དང༌། བ་ལ་ཀ་དང༌། པུ་ཙེ་ཤེལ་དང༌། རྩ་མཁྲིས་དང༌། བྱི་ཚེར་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུབ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཞིང་བླུད་ན་
མཁྲིས་པའི་རིམས་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང༌། རྩ་མཁྲིས་དང༌། བྱི་ཚེར་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་ན་མཁྲིས་པའི་རིམས་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང༌། ཀཏྤལ་དང༌། དུག་མོ་ཉུང་དང། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་གོང་དུ་སྨན་གྱི་སྡེ་ཚན་བཤད་པའི་སྐབས་ནས་སྨོས་པ། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་དང༌། ཨུཏྤལ་ལ་སོགས་པའི་སྡེ་ཚན་གཉིས་སོ་སོར་སྐོལ་བའི་ཁུ་བ་ཁ་ར་དང་སྦྱར་བ་སོ་སོར་བླུད་དོ། །ཡང་ན་གླ་སྒང་དང༌། ཨ་རུ་ར་དང༌། རྒུན་དང༌། པུ་ཙེ་ཤལ་དང༌། དོང་ཀ་དང༌། སྲོ་ལོ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་པུ་ཙེ་ཤེལ་བཏགས་ཏེ་ཁ་ར་དང་སྦྱར་ཏེ་བཏང་ན་མཁྲིས་པའི་རིམས་ནད་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང༌། བྱི་ཚེར་དང༌། རྩ་མཁྲིས་དང༌། རྩ་ཤྱ་མ་དང༌། སྲོ་ལོ་དང༌། བ་ཤ་ཀ་རྣམས་ལྷན་ཅིག་བསྐོལ་ཏེ་བསྒྲངས་པའི་ཁུ་བ་ཁ་ར་དང་སྦྱར་ཏེ་བླུད་ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་རིམས་སེལ་ཏོ། །བད་ཀན་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་ཁ་ལུང་གི་རྩ་བ་དང༌། བཅའ་སྒ་དང༌། སླེ་ཏྲེས་དང༌། པི་པི་ལིང་གི་རྩ་བ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བ་འམ། ཡང་ན་པི་པི་ལིང་ལ་སོགས་པའི་སྡེ་ཚན་སྔར་བསྟན་པ་རྣམས་སྐོལ་བའི་ཁུ་བ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བ་བླུད་དོ། །ཡང་ན་པུ་ཙེ་ཤེལ་དང༌། ཨ་རུ་ར་དང༌། དབྱི་མོང་དང༌། ཐང་ཤིང་དང༌། ཡུང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཨམ་བ་ཏ་དང༌། བུ་ཙེ་ཤེལ་དང༌། མུརྦ་དང༌། ཨ་རཉྫ་དང༌། ཨ་རི་ཏ་དང༌། ཀུ་ལ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་བཅའ་སྒ་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། ཐང་ཤིང་དང༌། བྱི་ཚེར་དང༌། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཚ་བ་གསུམ་ཞེས་བྱ་བ། བཅའ་སྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་རྣམས་དང༌། སྨན་ནག་ཏ་མ་ལ་དང༌། ཤི་རི་པརྞི་དང༌། སྒྲོན་ཤིང་དང༌།
སླ་ཏྲེས་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ནཱ་ག་གེ་སར་དང༌། ཡུང་དང༌། སྐྱེར་པ་དང༌། ཚ་བ་གསུམ་དང༌། པུ་ཅོ་ཤེལ་དང༌། དུག་མོ་ཉུང་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་བཅའ་སྒ་དང༌། བྱི་ཚེར་དང༌། པ་ཤ་ཀ་དང༌། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དོང་ག་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། མུརྦ་དང༌། བྱེའུ་རུག་པ་དང༌། ཀེའུ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །སྨན་གྱི་སྦྱོར་བ་བདུན་པོ་འདི་དག་ཀྱང་བད་ཀན་གྱི་རིམས་སེལ་ཏོ། །ཡང་ན་ནིམ་པ་དང། བཅའ་སྒ་དང༌། སླེ་ཏྲེས་དང༌། ཐང་ཤིང་དང༌། ལི་ཟུང་བ་དང༌། རྩ་མཁྲིས་དང༌། མ་རུ་དང༌། པི་པི་ལིང་དང༌། བྲྀ་ཧ་ཏཱི་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ན་བད་ཀན་གྱི་རིམས་སེལ་ཏོ། །ཡང་ན་སཔྟ་པརྞི་དང༌། སླེ་ཏྲེས་དང༌། ནིམ་པ་དང༌། སྟག་མ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་ན་བད་ཀན་གྱི་རིམས་སེལ་བར་བྱེད་དོ། །རླུང་དང་མཁྲིས་པ་གཉིས་འདུས་པའི་རིམས་ལ་ནི་ཚོས་པར་བྱེད་པའི་སྨན། ཀཎྜ་ཀ་རི་དང༌། བ་ལ་དང༌། ར་སྣ་དང༌། ཁྱི་ལྕེ་བ་དང༌། སླེ་ཏྲེས་དང༌། རྩ་ཤྱ་མ་རྣམས་སྐོལ་བའི་ཁུ་བ་བླུད་ན་སེལ་བར་བྱེད་དོ། །ཡང་ན་འབྲས་བུ་གསུམ་དང༌། ཤ་མ་ལི་དང༌། ར་སྣ་དང༌། དོང་ཀ་དང༌། བ་ཤི་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་ན། རླུང་དང་མཁྲིས་པ་ལས་གྱུར་པའི་རིམས་མྱུར་དུ་སེལ་ཏོ། །ཡང་ན་ཤིང་མངར་དང། ཐལ་ཏྲེས་དང༌། རྒུན་དང༌། ཙན་དན་དང༌། མེ་ཏོག་མ་བྷུ་ཀ་དང༌། ཨུཏྤ་ལ་དང༌། ཏཾ་པ་ལ་དང༌། ཤུག་པ་དང༌། སེང་ཕྲོམ་དང༌། འབྲས་བུ་གསུམ་དང༌། པདྨའི་ཟེ་བ་དང༌། བ་རུ་ཤ་ཀ་དང༌། པུ་ཤེལ་ཙེ་རྣམས་ཆུ་བཟང་པོའི་ནང་དུ་བསྐོལ་ཏེ་བསྒྲངས་ལ་ཞག་ལོན་པར་བྱས་པའི་ནང་དུ། འབྲས་སོ་བརྔོས་ལ་ཕུབ་མ་བསལ་ཏེ་བཏགས་པ་དང༌། སྦྲང་རྩི་དང༌། ཁར་དང་སྦྱར་ཏེ་བླུད་ན། རླུང་དང་མཁྲིས་པའི་རིམས་དང༌། ལུས་ཚ་བ་དང༌། སྐོམ་པའི་ནད་དང༌། བརྒྱལ་བ་དང༌། སྐྱུག་བྲོ་བ་དང༌། མགོ་འཁོར་
བ་དང༌། ཁྲག་ལུད་པའི་ནང་རྣམས་སེལ་ཏེ་སྤྲིན་ལ་རླུང་བབ་པ་བཞིན་ནོ། །རླུང་དང་བད་ཀན་གཉིས་འདུས་པ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་པི་པི་ལིང་དང༌། རྒུན་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་ཏེ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་དོང་ཀ་ལ་སོགས་པའི་སྨན་གྱི་སྡེ་ཚན་སྔར་བསྟན་པ་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་གོ་སྙོད་བཏབ་པ་དང་བུ་རམ་དང་སྦྱར་ཏེ་བླུད་དོ། །ཡང་ན་ཐང་ཤིང་དང༌། སྲོ་ལོ་དང༌། བརྒི་དང༌། གླ་སྒང་དང༌། ཤུ་དག་དང༌། འུ་སུའི་འབྲས་བུ་དང༌། ཀཏྤལ། ཨ་རུ་ར་དང༌། བཅའ་སྒ་དང༌། རྩ་བུ་ཏི་ཀ་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བའི་ནང་དུ། ཤིང་ཀུན་དང༌། སྦྲང་རྩི་ཤས་བསྐྱེད་དེ་སྦྱར་བ་འཐུངས་ན། བད་ཀན་དང༌། རླུང་གི་རིམས་དང༌། སྐྱིགས་བུ་དང༌། དབུགས་མི་བདེ་བ་དང༌། ལྐོག་ནད་ལྷ་གོར་དང༌། ལུད་པ་དང༌། སྐེམ་པའི་ནད་དང༌། མཆིལ་མ་མང་དུ་འབྱུང་བ་རྣམས་སེལ་ཏོ། །ཤིང་ལ་ཐོག་ཤོག་འབབ་པ་བཞིན་ནོ། །བད་ཀན་དང་མཁྲིས་པ་གཉིས་འདུས་པ་ལས་གྱུར་པའི་རིམས་ལ་ནི། ཚོས་པར་བྱེད་པའི་སྨན་ཤིང་མངར་དང༌། བ་ལ་དང༌། ཨ་རིཤྟ་དང༌། པ་ཏོ་ལ་དང༌། འབྲས་བུ་གསུམ་དང༌། འདི་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་འཐུངས་ན་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཡུང་དང་སྐྱེར་མ་དང༌། གླ་སྒང་དང༌། པུ་ཤེལ་ཙེ་དང༌། ཤིང་མངར་དང་དོང་ག་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བསྒྲངས་ཏེ། སྦྲང་རྩི་དང་སྦྱར་ཏེ་བླུད་ན། །བད་ཀན་དང༌། མཁྲིས་པའི་རིམས་མེད་པར་བྱེད་དོ། །ནང་གཞི་རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་ཆར་འདུས་པ་ལས་གྱུར་པའི་རིམས་གསོ་བའི་ཐབས་ནི། གཉིས་ཤས་ཆེ་ལ་གཅིག་ཤས་ཆུང་ན་གང་ཤས་ཆུང་བ་དེའི་སྟོབས་བསྐྱེད་པར་བྱའོ། །གཅིག་ཤས་ཆེ་ལ་གཉིས་ཤས་ཆུང་ན་གང་ཤས་ཆེ་བའི་སྟོབས་དབྲི་བར་བྱའོ། །ཡང་ན་གང་ཤས་ཆུང་བ་དེའི་སྟོབས་བསྐྱེད་པར་བྱ་སྟེ། དེ་ལྟར་ཤས་ཆེ་ཆུང་མི་མཉམ་པ་ལ་ནི། མདོར་ན་གང་ཤས་ཆེ་བའི་
སྟོབས་ནི་དབྲི། གང་ཤས་ཆུང་བའི་སྟོབས་ནི་བསྐྱེད་དེ། ཅི་ནས་ཀྱང་སྟོབས་མཉམ་ཞིང་ཆ་མཐུན་པར་བྱའོ། །གསུམ་ཆར་ཤས་མཉམ་དུ་འཁྲུག་པ་ལ་ནི། ཐོག་མར་བད་ཀན་གཞིལ་བའི་ཆོ་ག་བྱའོ། །དེའི་འོག་ཏུ་མཁྲིས་པ་གཞིལ་བའི་ཆོ་ག་བྱའོ། །དེ་ནས་རླུང་གཞིལ་བའི་ཆོ་ག་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་ནད་གཞི་གསུམ་ལས་གྱུར་པའི་རིམས་གཞོམ་པར་བྱའོ། །དེ་ལ་གསུམ་འདུས་པའི་རིམས་ལ་ནི་ཚོས་པར་བྱེད་པའི་སྨན་དྷ་མ་ཀ་དང༌། འབྲས་བུ་གསུམ་དང༌། ཐང་ཤིང་དང༌། ཤུག་པ་དང༌། ཙན་དན་དང༌། པུ་ཤེལ་ཙེ་དང༌། པུ་ཙེ་ཤེལ་དང༌། ཤིང་པ་རུ་ཤ་ཀ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་རྩ་བ་གསུམ་དང༌། གླ་སྒང་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་དང༌། པ་ཏོ་ལ་དང༌། ཧ་རི་སྟ་དང༌། དུག་མོ་ཉུང་དང༌། རྩ་མཁྲིས་དང༌། སླེ་ཏྲས་དང༌། པ་ཏ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ཡང་ནད་གཞི་གསུམ་ལས་གྱུར་པའི་རིམས་སེལ་ཏོ། །གསུམ་འདུས་པའི་རིམས་དེའི་མཇུག་ཏུ་སྣ་དྲུང་དུ་སྐྲངས་བར་གྱུར་ན་དེ་ནི་གསོ་དཀའ་བ་ཡིན་ཏེ། གཏར་ཏེ་ཁྲག་དབྱུང་བ་དང༌། སྨན་གྱིས་བསྐུ་བ་དང༌། མར་བཏུང་བས་གཞིལ་བར་བྱའོ། །ནད་གཞི་གསུམ་འདུས་པས་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་རྣམས་རོ་བཞིན་དུ་བྱ་བ་མི་བྱེད་པར་བསྡུས་ནས། སྲོག་ལ་ཐུག་པའི་ནད་རོར་འབྱིན་པ་ཞེས་བྱ་བ་སྐྱེད་པར་བྱེད་དོ། །རོར་འབྱིན་པའི་ནད་དེ་མི་ལ་ཐེབས་པར་གྱུར་ན། ཤི་བའི་ཁོངས་སུ་བཅུག་སྟེ། སོ་ཤི་བསྔོ་བར་དམ་བཅས་ནས། སྣོད་ཆུར་བྱིང་བ་སྙེག་པ་བཞིན་དུ། བང་བྱ་སྟོད་ལ་མྱུར་དུ་ཉམས་སུ་བླང་ཞིང་གསོ་བར་བྱའོ། །དེ་ལ་གསོ་བའི་ཐབས་ནི། ཤིང་ཏོག་ཁ་ལུང་གི་ཁུ་བ་ཤིང་ཀུན་དང༌། བཅའ་སྒ་དང༌། སྨན་རོ་ཚ་བ་དང༌། ཁ་བ་དང༌། རྣོ་བ་དག་དང་སྦྱར་བའི་ཁུ་བ་བཙགས་པ་སླར་དྲན་པར་མ་གྱུར་གྱི་བར་དུ་ཁར་བླུགས་སོ། །ཤིང་མ་དྷུ་ཀའི་སྙིང་པོ་དང༌། རྒྱམ་ཚ་དང༌། ཤུ་དག་དང༌། ན་ལེ་ཤམ་དང༌། པི་པི་ལིང་རྣམས་
ཆ་མཉམ་ལ་ཆུའི་ནང་དུ་བདར་ཏེ་བཙགས་ནས་སྣར་བླུགས་ན་ཡང་སླར་དྲན་པར་འགྱུར་རོ། །ཤི་རི་ཤའི་འབྲས་བུ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། རྒྱམ་ཚ་དང༌། སྐྱེར་ཁཎྜ་དང༌། བྱི་སྐུ་དང༌། ལྡོང་རོས་དང༌། ཤུ་དག་རྣམས་ཆ་མཉམ་ལ་བ་གཅིན་གྱི་ནང་དུ་བདར་ཏེ་བཙགས་ནས་མིག་ཏུ་བསྐུས་ན་ཡང་དྲན་པར་འགྱུར་རོ། །གང་ཆོ་ག་དེ་ལྟར་བྱས་ཏེ། ཡང་ན་སླར་དྲན་པར་གྱུར་པ་དེ་ནི་འཕྲལ་བའམ། རྐང་པ་གཉིས་ཀྱི་ཏིང་པར་ལྕགས་ཀྱི་ཐུར་མས་བསྲེག་གོ །བྱ་གྷྲི་དང༌། བྱི་ཚེར་དང༌། བྷ་གི་དང༌། ལི་ཟུར་བ་དང༌། བུ་བྲན་ཤིང་དང༌། མ་ནུ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་འཐུངས་ན་ཡང༌། བད་ཀན་དང༌། རོར་འབྱིན་པའི་ནད་རིམས་རྨང་དུ་ཞི་བར་བྱེད་དོ། །ཁ་ལུང་དང༌། ཤིང་སྐསྨ་བྷི་དང༌། བིལྦ་དང༌། བྱ་གྷྲི་དང༌། པཱ་ཐཱ་དང༌། ཨེ་རཎྜའི་རྩ་བ་རྣམས་སྐོལ་བའི་ཁུ་བ་ལན་ཚྭ་དང་བ་གཅིན་དང་སྦྱར་ཏེ་བླུད་ན་ཡང་རོར་འབྱིན་པའི་ནད་དང༌། ལྟོ་སྦོ་ཞིང་རྟུལ་བའི་ནད་སེལ་ཏོ། །ཀ་ར་བི་དང༌། མ་ནུ་དང༌། ཨེ་རཎྜའི་རྩ་བ་དང༌། ཁྱི་ལྕེ་བ་དང༌། བ་ཤ་ཀ་དང༌། སླེ་ཏྲེས་དང༌། སྔར་བཤད་པའི་རྩ་བ་ལྔ་པ་ཆེན་པོ་ཞེས་བྱ་བ་བིལྦ་ལ་སོགས་པ་དང༌། རྩ་བ་ལྔ་པ་ཆུང་ངུ་ཞེས་བྱ་བ་པྲྀཥྞ་པརྞི་ལ་སོགས་པ་དང༌། ལྔ་ཚན་ཆེ་ཆུང་གཉིས་བསྡུས་པའི་མིང་ནི། རྩ་བ་བཅུ་པ་ཞེས་སྟེ། བཅུ་པོ་དེ་དག་དང༌། ལི་ཟུར་བ་དང༌། བུ་བྲན་ཤིང་དང༌། བྱི་ཚེར་དང༌། བྷརྒི་དང༌། པུ་ན་སྣ་བ་དང༌། འདི་རྣམས་ཆ་མཉམ་ལ་བ་གཅིན་གྱི་ནང་དུ་བསྐོལ་ཏེ་འཐུངས་ན་ཡང་དྲན་པ་སོར་ཆུད་པར་འགྱུར་ཞིང༌། རོར་འབྱིན་པ་ཞེས་བྱ་བའི་རིམས་ཚབས་ཆེན་པོ་དང༌། བལ་བའི་ནད་ཚབས་ཆེན་པོ་ཡང་མྱུར་དུ་སེལ་བར་བྱེད་དོ། །ཀ་རཎྜ་དང༌། ཀྲུ་ཏྲུག་ཏྲེས་དང༌། བཙོད་དང༌། ཁྱི་ལྕེ་བ་དང༌། བིལྦ་དང༌། ཀུ་ལ་ཀ་ཛ་དང༌། བྲྀ་ཧ་ཏཱི་རྣམ་གཉིས་དང༌། ཀ་ར་བཱི་དང༌། ཚ་བ་གསུམ་དང༌། འདི་རྣམས་སྐོལ་བའི་ཁུ་བ་འཐུངས་ན་ཡང༌། རོར་འབྱིན་པའི་ནད་ཀྱི་རྐྱེན་གྱིས་མིད་པ་འགགས་ཤིང་སྒྲ་ངར་ངར་པོར་གྱུར་པ་
ཡང་སེལ་བར་བྱེད་དོ།། །།ད་ནི་རིམས་ལྡང་དུབ་ཀྱི་དུས་མི་འདྲ་བར་བཤད་དེ། དངས་མ་ལ་སོགས་པ་ལུས་ཟུངས་བདུན་གྱི་གནས་རྣམས་རླུང་ལ་སོགས་པ་ནད་གཞི་གསུམ་པོ་རྣམས་ཞུགས་པ་ལས་རིམས་ལྡང་དུབ་ཅན་དུ་གྱུར་ཏེ། དེ་ཡང་རྒྱུན་ཆགས་ཀྱི་རིམས་དང༌། རྟག་པའི་རིམས་དང༌། ཉིན་རེ་བའི་རིམས་ཉི་མ་གཉིས་ཤིང་ལན་གཅིག་གི་ལྡང་བའི་རིམས་དང༌། ཉི་མ་གསུམ་ཞིང་ལན་གཅིག་ལྡང་བའི་རིམས་དང༌། རྣམ་པ་ལྔར་གྱུར་ཏེ་དེ་དག་གསོ་བའི་ཐབས་ནི། ཚོས་པར་བྱེད་པའི་སྨན་ཤིང་ནིམ་བ་དང་ཨ་རུ་ར་དང༌། སླེ་ཏྲེས་དང༌། གླ་སྒང་དང༌། བ་ཏོལ་དང༌། དུག་མོ་ཉུང་གི་འབྲས་བུ་རྣམས་ཆ་མཉམ་སྟེ་ལྷན་ཅིག་ཏུ་སྦྱར་བ་དང༌། ཁྱི་ལྕེ་བ་དང༌། པུ་ཙེ་ཤེལ་དང༌། བ་ཐ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། འདི་རྣམས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང༌། པ་ཏོལ་དང། ཨ་རིཤྟ་དང༌། རྒུན་དང༌། དོད་གདང༌། འབྲས་བུ་གསུམ་དང༌། པ་ཐ་ཤ་ཀ་ཤ་མས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང༌། ཙན་དན་དཀར་པོ་དང༌། པུ་ཤེལ་ཙེ་དང༌། འུ་སུའི་འབྲས་བུ་དང༌། གླ་སྒང་དང༌། སླེ་ཏྲེས་དང༌། བཅའ་སྒ་རྣམས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང༌། ཐང་ཤིང་དང༌། སྠི་ར་དང༌། བཅའ་སྒ་དང༌། བ་ཤ་ཀ་དང༌། སྐྱུ་རུ་ར་དང༌། ཨ་ག་རུ་རྣམས་ཆ་མཉམ་སྟེ་ལྷན་ཅིག་སྦྱར་བ་དང༌། སྨན་གྱི་སྦྱོར་བ་ལྔ་པོ་འདི་དག་སོ་སོར་སྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ཤ་ཁ་རས་བསྐྱེད་དེ་སྦྱར་བ་སོ་སོར་འཐུངས་ན། སྨན་གྱི་སྦྱོར་བ་རེ་རེས་གོང་དུ་སྨོས་པའི་རིམས་ནད་རྣམ་པ་ལྔ་པོ་རེ་རེ་སེལ་བར་བྱེད་དོ། །རིམས་ནད་ཀྱི་གྲངས་དང་སྨན་གྱི་སྦྱོར་བའི་གྲངས་ཀྱི་གོ་རིམ་བཞིན་དུ་སོ་སོར་སྦྱར་རོ། །ཡང་ན་རིམས་ལྔ་པོ་རེ་རེ་ཞིང་ཡང་སྨན་གྱི་སྡེ་ཚན་ལྔ་ཆར་གྱིས་སོ་སོ་ནས་སེལ་བར་ཡང་བཤད་དོ། །དེ་ལྟར་ཚོས་པར་བྱེད་པའི་ཆོ་ག་བཤད་ནས། རིམས་ནད་ཅན་གྱི་ཁོང་ན་ནད་གཞི་ཚོས་པར་གྱུར་པ་ན་གནས་པ་སླར་མ་ཕྱིན་ན་ཡང་གནོད་པ་ཆེན་པོར་གྱུར་ཏེ། དེ་བས་ན་ཁོང་ན་ནད་གཞི་ཚོས་པར་གྱུར་པ་དང༌། ཚོས་པར་མ་གྱུར་པ་ཡོད་
པ། ཉམས་སྟོབས་དང་དུས་དང་ནད་ལས་དཔགས་ཏེ་ཅི་རིགས་པར་བཀྲུ་སྨན་གྱིས་དབྱུང་བར་བྱའོ། །དེ་ལ་བཀྲུ་སྨན་ནི་ཤིང་མངར་དང༌། དོང་ག་དང༌། རྒུན་དང༌། པུ་ཙེ་ཤེལ་དང༌། པ་ཐ་དང༌། འབྲས་བུ་གསུམ་དང༌། པ་ཏོ་ལ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བའི་ནང་དུ། ཨ་རུ་རའི་ཕྱེ་མ་བཏབ་པ་ནི་བཀྲུ་བར་བྱེད་དེ་རིམས་སེལ་ཏོ། །པ་ཏོ་ལ་དང༌། དོང་ག་དང༌། པུ་ཙེ་ཤེལ་དང༌། བི་ཤལ་དང༌། འབྲས་བུ་གསུམ་དང༌། ཤིང་ཉེ་རང་རྣམས་སྐོལ་བའི་ཁུ་བ་ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་བ་ནི་འཁྲུ་བར་བྱེད་དོ། །རིམས་ཐམས་ཅད་སྦྱོང་ངོ༌། །པུ་ཙེ་ཤེལ་དང༌། ཨ་རུ་ར་དང༌། ཤིང་ཉེ་རོང་དང༌། དནྟིའི་རྩ་བ་དང༌། ཁྱི་ལྕེ་བ་དང༌། དོང་ག་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། མར་དང༌། རྒྱམ་ཚ་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་ཡང་འཁྲུ་བར་བྱེད་དེ་རིམས་སེལ་ཏོ། །འབྲས་བུ་གསུམ་དང༌། པི་པི་ལིང་དང༌། ཤིང་ཉེ་རོང་དང༌། རྩྭ་ཤྱ་མ་རྣམས་ཞིབ་ཏུ་བཏགས་ལ། ཁར་དང༌། སྦྲང་རྩི་དང་སྦྲུས་ཏེ་རི་ལུར་བྱས་པ་ཡང་འཁྲུ་བར་བྱེད་པ་ཡིན་ཏེ། འདུས་པའི་རིམས་དང༌། འོར་ནད་སྐྲངས་པ་དང༌། ཁྲག་ལུད་པའི་ནད་སེལ་ཏོ། །རིམས་རྙིང་དང༌། བད་ཀན་ཟད་པར་གྱུར་པ་ལ་ནི་འོ་མ་བདུད་རྩི་དང་འདྲའོ། །རིམས་གསར་བུ་ལ་ནི་དེ་དུག་དང་འདྲ་སྟེ་མི་གསོད་པར་བྱེད་དོ། །དེ་ལ་འོ་མ་གཏང་བའི་ཐབས་ནི། འོ་མ་རྩ་བ་ལྔ་པ་དང་བསྐོལ་ཏེ་བསྒྲངས་པའམ། ཡང་ན་འོ་མ་ཆུ་བཞི་འགྱུར་དང་བསྐོལ་ཏེ་ཆུ་དུ་བར་བྱས་པའམ། ཡང་ན་འོ་མ་ཤིང་ཤ་པའི་སྙིང་པོ་དང་སྐོལ་བའམ། ཡང་ན་འོ་མ་བཞོས་པའི་འཕྲོ་ལ་དྲོན་པོ་འཐུངས་ན་རིམས་སེལ་ཏོ། །འོ་མ་པི་པི་ལིང་དང༌། ཤིང་མངར་དང། རྒུན་དང༌། ལྡུམ་བུ་པ་ལ་དང༌། ཙན་དན་དཀར་པོ་དང༌། ཐལ་ཏྲེས་རྣམས་དང་ལྷན་ཅིག་བསྐོལ་ཏེ་འཐུངས་ན་རིམས་མྱུར་དུ་སེལ་ཏོ། །འོ་མ་ཤིང་བིལྦ་གཞོན་ནུ་དང་སྐོལ་བ་འམ། ཡང་ན་ཨེ་རཎྜའི་རྩ་བ་དང་སྐོལ་བ་འཐུངས་ན་དེ་མ་ཐག་ཏུ་གདུག་པའི་
རིམས་སེལ་བར་བྱེད་དོ། །འོ་མ་བུར་མ་དང༌། བཅའ་སྒ་དང༌། བ་ལ་དང༌། བྱ་གྷྲི་དང༌། གཟེ་མ་དང་ལྷན་ཅིག་བསྐོལ་ཏེ་བསྒྲངས་པ་འཐུངས་ན། སྐྲངས་པ་དང༌། རིམས་དང༌། ཕྱི་ས་དང༌། གཅིན་འགགས་པ་ཞི་བར་བྱེད་དོ། །འོ་མའི་ཚོགས་ཀྱང་མ་སྨོན་ཏེ། རིམས་ཀྱི་དྲོད་ཀྱིས་མདོངས་མེད་པར་བྱས་པ་ལ་ནི་གསོ་བའི་ཐབས་གཞན་བྱ་སྟེ། མར་ཁུ་ཉི་ཚེའམ། ཡང་མར་སྨན་དང་སྐོལ་བའི་མེའི་དྲོད་ལས་དཔགས་ཏེ་བཏུང་བར་བྱའོ། །དེ་ལ་མར་སྨན་དང་སྐོལ་བ་ནི། རྒུན་དང་སྐོལ་བའམ། ཡང་ན་བ་ལ་དང་སྐོལ་བ་འམ། ཡང་ན་ཤིང་མངར་དང་སྐོལ་བ་འམ། ཡང་ན་འབྲས་བུ་གསུམ་དང་སྐོལ་བ་འམ། ཡང་ན་སླེ་ཏྲེས་དང་སྐོལ་བའི་མར་འཐུངས་ན་དེ་མ་ཐག་ཏུ་རིམས་སེལ་བར་བྱེད་དོ། །བ་ཤ་ཀ་ཆེན་པོའི་མར་ཞེས་བྱ་བ་ནི། ཤིང་བ་ཤ་ཀ་དང༌། ཤིང་ཨ་རི་ཤཏ་དང༌། སླེ་ཏྲེས་དང༌། བྷརྒི་དང༌། རྩ་བ་ལྔ་པ་དང༌། འབྲས་བུ་གསུམ་དང༌། བྱི་ཚེར་དང༌། ཤིང་མངར་དང༌། རྒུན་དང༌། བཏང་པ་ལ་རྣམས་བཏགས་པའི་ཕྱེ་མ་ཞོ་གཉིས་གཉིས་མར་སྲང་སུམ་ཅུ་རྩ་གཉིས་དང༌། ཆུ་མར་གྱི་བཞི་འགྱུར་དང་བསྐོལ་ཏེ་ཆུ་དུ་བར་བྱས་པའི་མར་འདིའི་མིང་ནི་བ་ཤ་ཀ་ཆེན་པོའི་མར་ཞེས་བྱ་སྟེ། དེ་ལ་ཚོད་རན་པར་འཐུངས་ན་རིམས་ཐམས་ཅད་སེལ་ཏོ། །བ་ཤ་ཀ་ཆུང་ངུའི་མར་བྱ་བ་ནི། ཤིང་བ་ཤ་ཀ་སྐོལ་བའི་ཁུ་བ་དང༌། བ་ཤ་ཀ་ཉིད་ཕྱེ་མར་བཏགས་པ་རྣམ་པ་གཉིས་ཀྱིས་མར་སྐོལ་ལ་སྨན་གྱི་ཁུ་བ་དུ་བར་བྱས་ཏེ་བསྒྲངས་ནས་སྦྲང་རྩི་དང་སྦྱར་བའི་མིང་ནི་བ་ཤ་ཀ་ཆུང་ངུའི་མར་ཞེས་བྱ་སྟེ། དེ་ལས་ཚོད་རན་པར་འཐུངས་ན། རིམས་དང་གློ་གཅོང་ཆེན་པོ་ཟད་བྱེད་ཀྱི་ནད་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། སྐྱ་རྦབ་དང༌། མཁྲིས་པ་དང༌། ཁྲག་ལུད་པའི་ནད་སེལ་ཏོ། །དགེ་བའི་མར་ཞེས་བྱ་བ་ནི། རུ་རྟ་དང༌། སུག་སྨེལ་དང༌། རྒྱ་སྤོས་དང༌། བལ་བུ་དང༌། དནྟའི་རྩ་བ་དང༌། ཐང་ཤིང་དང༌། ཨེ་ལ་བ་ལུ་ཀ་དང༌། ཙན་དན་དཀར་པོ་དང༌། ཨུཏྤ་ལ་དང༌། བཙོད་དང༌། བི་ཤ་ལ་དང༌། བྲྀ་ཧ་ཏཱི་རྣམ་གཉིས་དང༌།
ཡུང་དང༌། སྐྱེར་པ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། བརྞི་རྣམ་གཉིས་དང༌། ཧ་རེ་ནུ་ཀ་དང༌། པདྨའི་ཟེ་བ་དང༌། བྱི་དོང་ཀ་དང༌། འབྲས་བུ་གསུམ་དང༌། རྩ་ཤྱ་མ་དང༌། སྲི་ཤིང་རྣ་མའི་མེ་ཏོག་དང༌། བལ་པོ་སེའུ་རྣམས་ཆ་མཉམ་སྟེ། ཞོ་གཉིས་གཉིས་ཞིབ་ཏུ་བཏགས་ལ་མར་སྲང་སུམ་ཅུ་རྩ་གཉིས་དང༌། ཆུ་མར་གྱི་བཞི་འགྱུར་དང༌། ལྷན་ཅིག་ཏུ་བསྐོལ་ནས། ཆུ་དུ་བར་བྱས་པ་ནི་དགེ་བའི་མར་ཞེས་བྱ་སྟེ། འདི་ནི་ཉམས་སྟོབས་སྐྱེད་ཅིང་བཞིན་མདོག་བཟང་བ་དང༌། བུ་མང་བར་བྱེད་ལ། རིམས་དང་བརྗེད་བྱེད་དང༌། སྨྱོ་ཕྱེད་དང༌། གཅིན་སྙི་བའི་ནད་དང༌། སྐྲངས་བ་དང་དུག་སེལ་ཏེ། དྲེག་དང༌། སྐྱ་རྦབ་དང༌། སྐྲེན་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུ་འོང་བ་དང༌། གཅིན་འགགས་པ་དྲག་པོ་རྣམས་ཀྱང་འཇོམས་པར་བྱེད་དོ། །དགེ་པ་ཆེན་བོ་ཞེས་བྱ་བའི་མར་ནི། གོང་མ་དགེ་བའི་མར་དེ་དང༌། སྨན་དེ་དག་ཉིད་ཀྱི་སྟེང་དུ། འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅུ་སྟེ། ཛི་བ་ཀ་དང༌། རི་ཤ་བ་ཀ་དང༌། མེ་ད་དང༌། མ་ཧཱ་མེ་ད་དང༌། བུ་ཚད་རྟོ་དང༌། ར་མཉེ་བ་དང༌། མུངྒ་པརྞི་དང༌། ཀ་ཤ་པརྞི་དང༌། ཛི་བནྟི་དང༌། ཤིང་མངར་རྣམས་དང༌། རྩབ་བཅུ་སྔར་སྨོས་པ་རྣམས་ཀྱིས་ཀྱང་བསྣན་ལ། འོ་མ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། འོ་མ་དུ་བར་བྱས་པའི་མར་གྱི་མིང་ནི་དགེ་བ་ཆེན་པོའི་མར་ཞེས་བྱ་སྟེ་ནད་དོ་ཅོག་སེལ་ཏོ། །དུག་མོ་ཉུང་དང༌། པུ་ཤེལ་ཙེ་དང༌། ཏི་ར་དང༌། པུ་ཙེ་ཤེལ་དང༌། ཙན་དན་དཀར་པོ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། ཁྱི་ལྕེ་བ་དང༌། ཐལ་ཏྲེས་དང༌། བིལྦ་དང༌། རྒུན་དང༌། ཏ་མ་ལ་ཀ་དང༌། པི་པི་ལིང་དང༌། སྐྱུ་རུ་ར་དང༌། བྱ་གྷྲི་དང༌། འདི་རྣམས་ཞིབ་ཏུ་བཏགས་ཏེ། སྔར་ཕྱེ་མའི་སྨན་སྦྱར་བའི་ཐབས་བསྟན་པ་བཞིན་དུ་སྐོལ་བའི་མར་ནི་རིགས་སེལ་ཞིང༌། གློ་གཅོང་ཆེན་པོ་ཟད་པར་བྱེད་བ་དང༌། ལུས་ཚ་བ་དང༌། ལུད་པ་འཇམ་པོར་བྱེད་དེ། གློ་འོར་དང་ཀླད་པ་ན་བ་ཡང་མེད་པར་
བྱེད་དོ། །གླ་སྒང་དང༌། ཨ་རི་སྟ་དང༌། སྠི་ར་དང༌། བྱི་ཚེར་དང༌། བ་ལ་དང༌། སྲོ་ལོ་དང༌། གཟེ་མ་དང༌། ཁྱི་ལྕེ་བ་དང༌། ད་པ་ནི་དང༌། བྱ་གྷྲི་དང་ཀ་ལ་ཤི་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་དང༌། མར་གྱི་ནང་དུ་ཕྱེ་མའི་སྨན་མ་ནུ་དང༌། རྒུན་དང༌། མེད་དང༌། སྐྱུ་རུ་ར་དང༌། ཛད་དང༌། དནྟའི་རྩ་བ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྐོལ་ལ་སྨན་གྱི་ཁུ་བ་དུ་བར་བྱས་ཏེ་བཙགས་པའི་མར་ནི་རིམས་དང༌། གློ་གཙོང་ཟད་བྱེད་དང༌། ལུད་པ་དང༌། ཀླད་པའི་ནད་སེལ་ཏོ། །དཔྱད་དེ་དག་གིས་ཀྱང་རིམས་རྙིང་ཐམས་ཅད་ལ། ནད་གཞི་ལོང་ག་ན་གནས་པ་མ་ཕྱིན་ན། སྨན་མར་མས་བཏང་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་གཉི་ག་ཆོ་ག་བཞིན་དུ་བྱའོ། །དེ་ལ་སྨན་མར་མས་བཏང་བ་ནི། ཙན་དན་དཀར་པོ་དང༌། མེ་ཏོག་ཨུཏྤལ་དང༌། ཏ་བ་ལ་དང༌། ཤིང་མངར་དང༌། ཨ་ཀ་རུ་དང༌། ཀུ་ལ་ཀ་རྣམས་དང༌། ཏིལ་མར་དང༌། ལྷན་ཅིག་སྐོལ་བ་མས་བཏང་ན་རིམས་ཐམས་ཅད་སེལ་ཏོ། །ཡང་ན་པ་ཏོ་ལ་དང༌། པོ་སོན་ཆ་དང༌། ཨ་རིསྟ་དང༌། སླེ་ཏྲེས་དང༌། ཤིང་མངར་རྣམས་དང་ཏིལ་མར་ལྷན་ཅིག་པའི་སྨན་མར་མས་བཏང་ན་དེས་ཀྱང་རིམས་སེལ་ཏོ། །ཡང་ན་འཇམ་རྩི་མས་བཏང་བ་ལ་ཕན་པ་ཞེས་བྱ་བའི་སྨན། དྷ་བ་ནི་དང༌། པ་ཤི་ཀ་དང༌། ཐང་ཤིང་དང༌། སུག་སྨེལ་དང༌། པ་ཐ་དང༌། ར་སྣ་དང༌། པ་ལ་དང༌། ཤུ་དག་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། མེད་དང༌། མེད་ཆེན་པོ་དང༌། རུ་རྟ་དང༌། པརྞྀ་རྣམ་གཉིས་དང༌། པི་པི་ལིང་དང༌། སླེ་ཏྲེས་དང༌། ག་ཐ་མ་དང༌། པོ་སོན་ཆ་དང༌། བུ་བྲན་ཤིང་དང༌། ཤིང་མངར་དང༌། ཨ་རི་སྟ་དང༌། བ་ཤ་ཀ་དང༌། ཨ་ཤྭ་གནྡྷ་རྣམས་ལས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་ལ། ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། ཆུ་ཏིལ་མར་གྱི་བཞི་འགྱུར་དང༌། འདི་རྣམས་ལྷན་ཅིག་ཏུ་སྐོལ་ལ་ཆུ་དུ་བར་བྱས་ནས་བཙགས་པའི་ཏིལ་མར་འདི་ལས་ཚོད་རན་པར་མས་བཏང་ན་རིམས་ནད་ཐམས་ཅད་སེལ་ཞིང༌། རླུང་ནད་ཚབས་ཆེན་པོ་ཐམས་ཅད་མེད་པར་བྱེད་དོ། །བཀྲུ་སྨན་དྲག་པོ་མས་
བཏང་བ་ཞེས་བྱ་བ་ནི། པ་ཏོ་ལའི་རྩ་བ་དང༌། པོ་སོན་ཆ་དང༌། པུ་ཙེ་ཤེལ་དང༌། གཟེ་མ་དང༌། དོང་ག་དང༌། སྟིར་དང༌། བ་ལ་དང༌། ཨ་རི་ཤ་དང༌། གླ་སྒང་དང༌། པུ་ཤེལ་ཙེ་རྣམས་ལྷན་ཅིག་ཏུ་འོ་མ་དང༌། ཆུ་འོ་མ་ཕྱེད་ཀྱི་ནང་དུ་སྐོལ་ལ། ཆུ་དུ་བར་བྱས་ཏེ། འོ་མ་ཉི་ཚེ་ལུས་པ་བསྒྲངས་ལ། སྦྲང་རྩི་དང༌། མར་དང་སྦྱར་བའི་ནང་དུ། པོ་སོན་ཆ་དང༌། གླ་སྒང་དང༌། པི་པི་ལིང་དང༌། དུག་མོ་ཉུང་དང༌། ཤིང་མངར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང་སྦྱར་བ་འདི་རིམས་སོ་ཅོག་བསལ་བའི་ཕྱིར་མས་བཏད་ན། ནད་གཞི་ཕྱིར་འབྱུང་ཞིང་ལུས་ཤིན་ཏུ་དག་པར་འགྱུར་ཏེ་དེ་མ་ཐག་ཏུ་རིམས་མེད་པར་བྱེད་དོ། །ཡང་ན་བཀྲུ་སྨན་དྲག་པོ་མས་བཏང་བ་ནི། པོ་སོན་ཆ་དང༌། དོང་ག་དང༌། པུ་ཙེ་ཤེལ་དང༌། ཤིང་མངར་དང༌། ལོ་མ་རྣམ་བཞི་ཞེས་བྱ་བ། ས་ལ་བརྟི་དང༌། བྲྀཥྞྀ་བརྞི་དང༌། མུངྒ་པརྞི་དང༌། མ་ཤ་པརྞི་རྣམས་སྐོལ་བའི་ཁུ་བ་དྲོན་མོའི་ནང་དུ། རྩྭ་ཤྱ་མའི་རྩ་བ་དང༌། ཉེའུ་ཤིང་གི་རྩ་བ་དང༌། གླ་སྒང་དང༌། ཤིང་མངར་དང༌། པོ་སོན་ཆ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། སྦྲང་རྩི་དང༌། མར་དང་བུ་རམ་སྦྱར་བ་ནི་བཀྲུ་སྨན་བཏང་བའི་ནང་ན་མཆོག་ཡིན་ཏེ། བཏང་མ་ཐག་ཏུ་རིམས་རྙིང་གི་གནོད་པ་ཐམས་ཅད་སེལ་ཏོ། །ཡང་ན་བཀྲུ་སྨན་དྲག་པོ་མས་བཏང་བ་ནི། པྲྀཥྞ་བརྞི་དང༌། སྠི་ར་དང༌། པོ་སོན་ཆ་དང༌། བ་ལ་རྣམས་སྐོལ་བའི་ཁུ་བ་དྲོན་མོའི་ནང་དུ། པི་པི་ལིང་དང༌། པོ་སོན་ཆ་དང༌། ཤིང་མངར་དང༌། གླ་སྒང་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། མར་དང༌། སྦྲང་རྩི་དང༌། ཤ་རའི་ཁུ་བ་དང༌། རྒྱམ་ཚ་བྲོ་བ་ཙམ་དང༌། འདི་རྣམས་སྦྱར་ཏེ་མས་བཏང་ན་རིམས་སེལ་ཅིང་ཡི་ག་འབྱེ་བ་དང། རྡུལ་ཕྱིན་པ་དང༌། ཉམས་སྟོབས་སྐྱེད་པར་བྱེད་དོ། །སྨན་མས་བཏང་བའི་ཆོ་ག་འདི་དག་གི་སྐབས་སུ། སྨན་གྱི་ཚད་ལ་སོགས་པ་ཆོ་ག་བཞིན་དུ་མ་སྨོས་པ་ནི། འོག་ནས་ལས་ལྔའི་ལེའུ་ལས་རྒྱས་པར་འབྱུང་ངོ༌། །རིམས་ལྡང་དུབ་ཅན་གྱིས་
གནོད་པར་གྱུར་པ་ལ་ནི། འོ་མ་སྐོལ་བ་པི་པི་ལིང་གི་ཕྱེ་མ་དང་སྦྱར་ཏེ་གཞན་མི་བསམ་པར་བཏུང་ངོ༌། །ཡང་ན་འོ་མ་སྐོལ་བའི་ནང་དུ། ཉིན་རེ་བཞིན་པི་པི་ལིང་བཅུ་བཅུར་བསྐྱེད་དེ་བཏབ་པ་འཐུངས་ལ། པི་པི་ལིང་གི་གྲངས་བརྒྱར་ཕྱིན་ནས་སླར་ཡང་ཉིན་རེ་བཞིན་བཅུ་བཅུ་བྲི་སྟེ་བཏུང་བར་བྱའོ། །འོ་མ་དང་མར་བསྐོལ་ཏེ་བསྒྲངས་པ་སྦྲང་རྩི་དང༌། ཁ་ར་དང༌། པི་པི་ལིང་དང་སྦྱར་ཏེ་དཀྲུགས་པ་འཐུངས་ན། རིམས་ལྡང་དུབ་ཅན་དང༌། སྙིང་ན་བ་དང༌། གློ་རྡོལ་པ་དང༌། ལུད་པ་དང༌། གློ་གཅོང་ཟད་བྱེད་ཀྱི་ནད་སེལ་ཏོ། །བི་ཝའི་ཕྱེ་ཞུན་མར་དང་སྦྱར་བའམ། ཡང་ན་དར་བ་དང་སྦྱར་བ་འམ་ཡང་ན་འོ་མ་དང༌། བ་ལང་གི་ལྕེ་བའི་ཁུ་བ་དང་སྦྱར་བ་འཐུངས་ན་རིམས་ལྡང་དུབ་ཅན་སེལ་ཏོ། །ཐོག་མ་རིམས་ཀྱིས་འདེབས་པར་ཚེར་མ་ཐག་ཏུ་ནི་མར་ཁུ་མང་དུ་འཐུངས་ལ་ཕྱིར་སྐྱུག་པར་བྱའོ། །ཡང་ན་རིམས་ཀྱིས་ཐོག་མར་འདེབས་པ་ཚོར་མ་ཐག་ཏུ། ཁ་ཟས་འགྲངས་པར་ཟོས་ལ། ཆང་ཞིམ་པོ་མང་དུ་འཐུངས་ཏེ་ཉལ་ན་འབྱུང་བར་འགྱུར་རོ། །ཡང་ན་ཤིར་ཀུན་དང༌། རྒྱམ་ཆ་དང༌། མར་རྙིང་པ་གསུམ་སྦྱར་ཏེ་བླུགས་སོ། །ཡང་ན་རིམས་ལ། ལྡོང་རོས་དང༌། པི་པི་ལིང་དང། རྒྱམ་ཚ་རྣམས་ལས་འབྲས་ཀྱི་འབྲུ་ཙམ་རེ་རེ་ཞིབ་པར་ཏིལ་མར་དང་ལྷན་ཅིག་བཏགས་ཏེ་མིག་ཏུ་བསྐུའོ། །རིམས་ལྡང་དུབ་ཅན་ལ་ནི། ནས་དང༌། ཡུངས་ཀར་དང༌། རུ་རྟ་དང༌། ནིམྦའི་ལོ་མ་དང༌། རྩ་བ་ཕ་ལ་ཤ་དང༌། ཤུ་དག་དང༌། ཨ་རུ་ར་རྣམས་ཆ་མཉམ་སྟེ། ཞུན་མར་དང་སྦྱར་ལ་བསྲེགས་ཏེ་སྣར་བདུག་པར་བྱའོ། །ཡང་ན་ས་ཧེ་དེ་བ་དང༌། ཤུ་དག་དང༌། གླ་སྒང་ཆེན་པོ་དང༌། ན་ཁུ་ལི་རྣམས་བཏགས་ཏེ་ལྷན་ཅིག་ཏུ་སྦྱར་བ་བསྲེགས་ཏེ་སྣར་བདུག་གོ །ཡང་རིམས་ཞི་བར་བྱ་བའི་ཕྱིར་སྨན་དེ་དག་གོང་མ་གཉིས་ཀྱིས་ལུས་བསྐུ་བའམ་ལུས་དྲིལ་བར་བྱའོ། །ཤི་རི་ཤ་དང༌། བིལྦ་དང༌། ཨ་མྲ་དང༌། ཨ་དྷིད་ཐ་དང༌། ཨ་རྫུན་རྣམས་ཀྱི་ལོ་མ་དང༌། སྐྱེ་བ་དང༌། སྐྱེར་པ་དང༌། འདི་རྣམས་བཏགས་ལ་ལྷན་ཅིག་ཏུ་སྦྱར་ཏེ་བསྲེགས་པས་བདུགས་ན་ཡང་
རིམས་སོ་ཅོག་དང༌། གདོན་ཐམས་ཅད་སེལ་ཏོ། །གུ་གུལ་དང༌། དྷྱ་མ་ཀ་དང༌། ཤུ་དག་དང༌། སྲ་རྩི་པོག་དང༌། ནིམྦ་དང༌། ཨརྐ་དང༌། ཨ་ཀ་རུ་དང༌། ཐང་ཤིང་དང༌། འདི་རྣམས་ལྷན་ཅིག་ཏུ་སྦྱར་བའི་བདུག་པ་འདིའི་མིང་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། དེས་བདུགས་ན་ཡང་རིམས་ནད་ཐམས་ཅད་སེལ་ཏོ། །རྒྱ་སྐྱེགས་ཀྱི་ཁུ་བ་དང༌། ཏིལ་མར་གཉིས་ལས་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ཞོ་ཁ་ཆུ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ། ཨ་ཤོ་གནྡྷ་དང༌། ཡུང་དང༌། ཐང་ཤིང་དང༌། ཧ་རེ་ནུ་ཀ་དང༌། རུ་རྟ་དང༌། གླ་སྒང་དང༌། ཙན་དན་དཀར་པོ་དང༌། མུརྦ་དང༌། སྤོད་དང༌། ར་སྣ་དང༌། ཤུ་ཏི་དང༌། ལ་ཕུག་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་བསྐོལ་ཏེ། ཏིལ་མར་འབའ་ཞིག་ལུས་པའི་མིང་ནི་རྒྱ་སྐྱེགས་ལ་སོགས་པའི་མར་ཞེས་བྱ་སྟེ། དེས་ལུས་བསྐུ་བ་ལ་སོགས་པ་བྱས་ན་རིམས་སོ་ཅོག་དང༌། ཟད་བྱེད་ཀྱི་ནད་དང༌། སྨྱོ་བྱེད་དང༌། དབུགས་མི་བདེ་བ་དང༌། བརྗེད་བྱེད་དང༌། རླུང་སེལ་ཅིང༌། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་འཇོམས་པར་བྱེད་ལ། སྒྲུམ་མ་རྣམས་ལ་ཡང་དགེ་བ་ཡིན་ནོ། །མི་མཁྲིས་པའི་ནང་དྲག་པོས་བཏབ་ནས་ལུས་ཤིན་ཏུ་ཚ་བར་གྱུར་པ་ལ་ནི། ཁོང་པ་བསིལ་ཞིང་བསེར་བུ་འོང་བའི་གནས་སུ་བཞག་ལ། བསིལ་བའི་ཆོ་ག་འོག་ནས་འབྱུང་བ་འདི་དག་བྱའོ། །དེ་ལ་བསིལ་བར་བྱ་བའི་ཆོ་ག་ནི་སྐྱུ་རུ་ར་མར་གྱི་ནང་དུ་བརྔོས་ཏེ་བཏབ་པའི་ཕྱེ་མ་རྩབས་སྐྱུར་པོས་འདག་གུ་བྱས་པས་ལུས་ལ་བསྐུས་ན་ཚ་བ་ཞི་བར་འགྱུར་རོ། །ཡང་ན་ཆུའི་ལྦུ་བ་འམ། རྒྱ་ཤུག་གི་ལོ་མ་བརྡུངས་ཏེ། རྩབས་སྐྱུར་བས་བཏབ་པའམ། ཉ་ལྕིབས་ཤིན་ཏུ་བསིལ་བ་འམ། རྩྭ་དཱུརྦ་བཏགས་པ་རྩབས་སྐྱུར་བས་བཏབ་པ་འམ། འདམ་ཤིན་ཏུ་བསིལ་བས་ལུས་ཐམས་ཅད་བསྐུ་བར་བྱའོ། །ཡང་ན་སྔར་སྨོས་པའི་ཤིང་ནྱ་གྲོ་དྷ་ལ་སོགས་སྨན་གྱི་སྡེ་ཚན་ནམ། མེ་ཏོག་ཨུཏྤལ་ལ་སོགས་པ་སྨན་གྱི་སྡེ་ཚན་
ཕྱེ་མར་བྱས་ལ། རྩབས་སྐྱུར་པོ་དང་སྦྱར་བས་ལུས་ལ་བསྐུ་བར་བྱའོ། །ཡང་ན་སྨན་གྱི་སྡེ་ཚན་དེ་གཉིས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་བའི་ནང་དུ། ཚ་བ་མི་བཟོད་པའི་མི་ཉིད་འཇུ་བར་བྱའོ། །ཡང་ན་བུ་རམ་ཆང་ངམ། རྒུན་ཆང་གི་ཚ་འམ། ཆང་ཐམ་ལེ་པ་འམ། རྩབས་སྐྱུར་བའམ། འོ་མའི་རྒུན་ལུས་ལ་བྱུག་ན་ཡང་ཚ་བ་སེལ་ཏེ་བཟང་ངོ༌། །ཤུག་པ་དང༌། མེ་ཏོག་ཨུཏྤལ་དང༌། ཀ་ལྟ་ར་དང༌། པདྨའི་རྩ་ལག་དང༌། ལེ་བརྒན་རྩི་དང༌། པུ་ཤེལ་ཙེ་དང༌། བཙོད་དང༌། པདྨ་དང༌། བཙག་དང༌། ཀ་ཏལ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། སེང་ཕྲོམ་དང༌། གླ་སྒང་དང༌། རྒུན་དང༌། འབྲ་གོ་དང༌། ཙན་དན་དཀར་པོ་དང༌། སྐྱུ་རུ་ར་དང་ཉེའུ་ཤིང་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བའི་ནང་དུ། སྨན་དེ་དག་ཉིད་ཀྱི་ཕྱེ་མ་དང༌། རྒྱ་སྐྱེགས་ཀྱི་ཁུ་བ་དང༌། འོ་མ་དང༌། ཚ་དང༌། རྩབས་ཀྱི་དངས་མ་དང༌། ཞོ་ཁ་ཆུ་དང་ཏིལ་མར་རྣམས་བླུགས་ཏེ་བསྐོལ་ལ་ཏིལ་མར་ཉི་ཚེ་ལུས་པར་བྱས་ལ་བཙགས་པ་འདི་ནི་པགས་པའི་མདོག་བཟང་ཞིང༌། ལུས་ཚ་བ་དང༌། སྐོམ་པའི་ནད་སེལ་པའི་མཆོག་ཡིན་ཏེ་ལུས་ལ་བསྐུ་བར་བྱའོ། །ཀ་ལིང་ཡ་ཀ་དང༌། རྒྱ་ཤུ་ཀ་དང༌། ཨ་དནྟ་དང༌། ཤིང་མངར་དང༌། བཙག་རྣམས་བཏགས་ལ་ཞུན་མར་དང་སྦྱར་ཏེ་མགོར་བསྐུས་ན་ཡང་སྐོམ་པའི་ནད་དང༌། ལུས་ཚ་བའི་གནོད་པ་སེལ་ཏོ། །བལ་པོ་སེའུ་དང༌། རྒྱ་ཤུག་དང༌། སེང་ཕྲོམ་དང༌། ད་དྷི་ཐ་དང། ཁ་ལུང་རྣམས་བཏགས་ལ་ཞུན་མར་དང་སྦྱར། འདིས་ཀྱང་སྐོམ་པའི་ནད་དང་ལུས་ཚ་བ་སེལ་ཏོ། །མགོ་བསྐུ་བར་བྱའོ། །པདྨའི་ལོ་མ་དང༌། ཆུ་ཤིང་གི་ལོ་མ་དང་ཉི་སྔ་བའི་སྟེང་དུ་ཉལ་ལ། ཤིང་ཏཱ་ལའི་ལོ་མ་ཙན་དན་བརྡར་བའི་ཁུ་བའི་ནང་དུ་དམྱུགས་པའི་བསིལ་གཡོབ་ཀྱིས་གཡབས་ན་ཡང་ལུས་ཚ་བའི་གནོད་པ་སེལ་ཏོ། །རྫིང་བུའི་མེ་ཏོག་པདྨ་ཁ་བྱེ་བ་དང་ལྡན་པའི་ཕྱོགས་སམ། ཆུ་འདྲེན་བའི་འཁྲུལ་འཁོར་ཡོང་བའི་ཕྱོགས་སུ་བསིལ་ཁང་བཟང་པོ་བྱས་པའི་ནང་དུ་འདུག་ཅིང༌། བུད་མེད་ཀྱི་ལུས་ཙན་དན་གྱི་འདག་
གུས་བྱུགས་པས་མཐར་སྦྱར་ན་ཡང༌། ལུས་ཚ་བའི་གནོད་པ་སེལ་ཏོ།། །།ད་ནི་བད་ཀན་དང༌། རླུང་གི་རིམས་ཀྱིས་ཐེབས་ཏེ། གྲང་བས་ཉེན་པའི་ཆོ་ག་བཤད་དེ། དེ་ལྟར་གྲང་བས་ཉེན་པ་ལ་ནི། ཁྱིམ་དྲོན་པོའི་ནང་དུ་འདུག་ལ་རྡུལ་གདོན་པའི་དུགས་བྱ་ཞིང་གོས་ལྕི་བ་ལ་སོགས་པ་བགོ་བར་བྱའོ། །སྨན་ཀ་ཡ་སྟ་དང༌། ན་གུ་ལི་དང༌། པུ་ཙེ་ཤེལ་དང༌། སླེ་ཏྲེས་དང༌། ཨ་ཀ་རུ་དང༌། ན་ཀུ་ཏ་ཀུ་དང༌། ས་ཧ་དེ་བ་དང༌། ཤུ་དག་རྣམས་ལྷན་ཅིག་སྦྱར་བས་ལུས་བྱུག་ཅིང་དེ་དག་བསྲེགས་པས་ལུས་བདུགས་ན་ཡང་གྲང་བ་སེལ་ཏོ། །ཡང་ན་སྨན་དེ་དག་ཉིད་བཏགས་པའི་ཕྱེ་མ་དང༌། ལན་ཚྭ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཚྭ་དང་རྩབས་སྐྱུར་བ་ལ་སོགས་པ་དང༌། ཏིལ་མར་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཏིལ་མར་ཉི་ཚེ་ལུས་པས་ལུས་ལ་བསྐུས་ན་ཡང་གྲང་བ་སེལ་ཏོ། །ཞོ་ཁ་ཆུ་འམ། བ་གཅིན་ནམ། ཚྭ་དྲོན་པོས་ལུས་ལ་བྱུག་གམ། ཡང་ན་བྱིའུ་རུག་པ་དང༌། ཟན་ཏིག་ལི་དང༌། ཤི་ཀྲུ་རྣམས་བརྡུངས་པས་ལུས་ལ་བསྐུས་ན་ཡང་གྲང་བ་སེལ་ཏོ། །ཡང་ན་སྦྲེབས་པར་གྱུར་པ་ལ་ནི་རླུང་སེལ་བའི་རྩི་ཤིང་རྣམས་དང༌། གསོ་མ་བརྡུངས་བའི་ཁུ་བ་དྲོན་པོའི་ནང་དུ། ལུམས་སུ་འཇུག་པར་བྱའོ། །ཡང་ན་ཐང་ཤིང་དང་ཨ་ཀ་རུ་བསྲེགས་པས་བདུག་གམ། ཡང་ན་པོག་དང༌། ཀྵ་བུ་ཀ་བསྲེགས་པས་བདུག་པར་བྱའོ། །བུད་མེད་ལང་ཚོ་ལ་བབ་པ་ནུ་མ་རྒྱས་ཤིང་འབུར་ལ་ཡིད་ཙམ་དབྱིབས་དགུ་ཞིང༌། རྐེད་པ་ལ་སོགས་པའི་ལུས། ཨ་ཀ་རུའི་ལྡེ་གུས་བྱུགས་པ་དང༌། མཐར་སྦྱར་ན་ཡང་གྲང་བ་ཤིན་ཏུ་སྦྲེབས་པ་མེད་པར་བྱེད་དོ།། །།ད་ནི་རིམས་ནད་ཅན་གྱི་ཁ་ཟས་ཀྱི་བྱེ་བྲག་བཤད་དེ། རིམས་ནད་ཅན་ལ་ནི། ཁ་ཟས་འབྲས་སཱ་ལུ་ཤུན་ལྤགས་དམར་པོ་ལ་སོགས་པ་དང༌། འབྲས་ཞག་དྲུག་ཅུས་སྨིན་པ་བཟང་ངོ༌། །ཚོད་མ་དང༌། ཁུ་བཅུད་དུ་ནི། སྲན་ཆུང་དང༌། མོན་སྲན་ཙ་ན་དང༌། མོན་སྲན་སྡེའུ་དང༌། རྒྱ་
སྲན་དང༌། མོན་སྲན་ན་གུ་བཟང་ངོ༌། །བྱ་ན་དང༌། ཁུ་བཅུད་ནི། རི་བོང་དང༌། དགོ་བ་དང༌། འུར་བ་དང༌། བྱ་བར་ཏི་ར་དང༌། བརྟ་ཀ་དང༌། གོང་མ་སྲེག་རྣམས་ཀྱི་ཤ་བཟང་ངོ༌། །ཚོད་མ་ནི་ཤིང་པ་ཏ་ལའི་ལོ་མ་དང༌། བརྟ་ཀ་དང༌། ཀརྐོ་ཏ་ལ་སོགས་པ་བཟང་ངོ༌། །དེ་ལ་ཆོ་གར་བསྲུང་བའི་མདོ་ནི། རིམས་ན་བའམ། རིམས་བྱང་ནས་ཉམས་མ་བརྟས་ཀྱི་བར་དུ་ཁ་ཟས་ལྕི་བ་དང༌། བསིལ་བ་དང༌། ཆུ་གྲང་མོ་དང༌། ཉིན་པར་ཉལ་བ་དང༌། མགོ་མི་འཐུབ་སྟེ་ངལ་བར་གྱུར་པ་རྣམས་བསྒྲིམས་ཏེ་བསྡད་པར་བྱའོ། །རིམས་ལ་ནད་བླ་གཉན་འབྱུང་བ་མགོ་འཁོར་བ་དང༌། དབུགས་མི་བདེ་བ་དང༌། སྐོམ་དད་ཆེ་བ་དང༌། སྐྱུག་པ་ལ་སོགས་པར་གྱུར་ན། རིམས་ཉིད་ལ་གནོད་པར་མི་འགྱུར་བའི་སོ་སོའི་སྨན་གང་འོས་པ་རྣམས་ཀྱིས་དེ་བསལ་བར་བྱའོ། །རིམས་དྲག་པོ་འབྱུང་དུ་མི་བཏུབ་ཅིང་ཆོ་ག་གཞན་གྱིས་མ་སློན་པ་ལ་ནི་སྨན་ཆེན་པོ་ལུས་ལ་གདགས་པ་དང༌། སྨན་གྱི་ཁུ་བའམ་སྔགས་ཆུས་ཁྲུས་བྱ་བ་དང༌། ཞི་བའི་ཆོ་ག་དང༌། སྦྱིན་སྲེག་དང༌། གཏོར་མ་སྦྱིན་པ་དང༌། དཀའ་ཐུབ་སྤྱད་པ་དང༌། གྲུབ་པའི་སྔགས་ཀྱི་ཆོ་ག་རྒྱས་པར་བྱ་བ་རྣམས་ཀྱིས་ཞི་བར་འགྱུར་རོ། །རིམས་ནད་བྱུང་བའི་མཚན་མ་ནི། ཁ་ཟས་འདོད་པ་དང༌། མགོ་གཡའ་བ་དང༌། སྦྲིད་པ་འབྱུང་བ་དང༌། ལུས་ཡང་བ་དང༌། རྡུལ་འབྱུང་བ་དང༌། ཁར་འབྱུང་བ་རྣམས་ལ་རྟོགས་པར་བྱའོ། །རིམས་ནད་གསོ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།འཆི་ལྟས་ཀྱི་ལེའུ་བཤད་པ། ནད་པ་ཟད་པར་མ་ཤེས་ཏེ། གྱ་ཚོམ་དུ་སྨན་གྱི་ལས་བྱས་ན། ངལ་གྱི་སྣོན་དེ་ལས་སྟོ་བར་ཟད་དོ། །དེ་བས་ན་ཕྲིན་པ་དང༌། འཆི་ལྟས་དང༌། མཚན་མ་འདི་གསུམ་ལས་ཚེ་རྟོགས་པར་བྱའོ། །དེ་འཆི་ལྟས་ནི་འཆི་བར་འགྱུར་བ་དེའི་ངང་ཚུལ་དང༌། ལུས་ཀྱི་མདོག་དང༌། དབང་པོ་དང༌། སྤྱོད་པའི་ཚུལ་རྣམས་འགྱུར་བ་གང་ཡིན་པ་དེ་དག་ནི། མདོར་ན་སྨན་པ་མཆོག་གིས་འཆི་ལྟས་སུ་རིག་པར་བྱའོ། །དེ་ལ་དབང་པོ་རྣམས་དོན་
རྣམས་ལ་ལོག་པར་འཛིན་ལ། སྨན་པ་དང་མཛའ་བོ་བླ་མ་ལ་སྡང་ཞིང་དགྲ་ལ་དགའ་བར་གྱུར་པ་གང་ཡིན་པ་དེ་ནི་འཆི་བར་འགྱུར་རོ། །ནམ་ཐང་བ་ལ་སྤྲིན་དང༌། འཇའ་དང༌། གློག་མཐོང་ཞིང༌། གཞལ་མེད་ཁང་དང་བཞོན་པ་རྣམས་ཀྱིས་ནམ་མཁའ་ཁེབས་པར་མཐོང་བ་གང་ཡིན་པ་དེ་ནི་འཚོ་བར་མི་འགྱུར་རོ། །སྐར་མ་ལྷ་མོ་སྒྲིབ་མེད་ཅེས་བྱ་བ་དང༌། སྐར་མ་གོང་ཅུག་དང༌། དགུ་ཚིགས་མི་མཐོང་བ་དང༌། ས་ཆེན་པོ་གོམ་པ་བརྒྱད་ཁོར་ཁོར་ཡུག་ཙམ་དུ་ཆུང་ངུར་མཐོང་བ་དེ་ནི་སྲོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །ཉིན་པར་སྐར་མ་མེ་འབར་བ་འདྲ་བ་མཐོང་བ་དང༌། ཉི་མའི་མདོག་ཁ་དོག་སྣ་ཚོགས་སུ་མཐོང་བ་དང༌། རླུང་ལ་གཟུགས་ཡོད་པར་མཐོང་བ་གང་ཡིན་པ་དེ་ནི་ངེས་པར་འཆི་བར་བསྟན་ཏོ། །ཉི་མ་འཆར་བའི་ངོས་ལ་བུ་གུ་དོད་པར་མཐོང་བ་དང༌། མར་མེ་ཤི་བའི་དྲི་སྣར་མི་ཚོར་བ་དེ་ནི་འཆི་བར་འགྱུར་རོ། །མེ་ལོང་ལ་སོགས་པ་ལ་བདག་གི་གཟུགས་བརྙན་ཡན་ལག་མ་ཚང་བར་མཐོང་ངམ། ཡང་ན་ཡེ་མེད་པར་མཐོང་བ་དང༌། སེམས་ཅན་སྣ་ཚོགས་ཀྱི་ཆ་བྱད་མཐོང་ན་དེ་ནི་གཤིན་རྗེའི་ཁྱིམ་ན་གནས་པ་ཡིན་ནོ། །མིག་ གཡོན་པ་ཁུང་དུ ་བྲོས་པ་འམ། ལྕེ་ནག་པོར་གྱུར་ཏམ། སྣའི་དབྱིབས་འགྱུར་རམ། མཆུ་ནག་པོར་གྱུར་ཅིང་དབྱིབས་ཉམས་སམ། ཁ་མནམ་པོར་གྱུར་པ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །མིག་དམར་པོར་གྱུར་པ་དང༌། མིག་དམར་བར་གྱུར་པ་དང༌། མིག་མི་འགྱུར་བ་དང༌། མཆི་མས་གང་བ་དང༌། ཡ་ཡོར་གྱུར་པ་དང༌། སྨིན་མ་ཞུམ་པ་དང༌། ཡ་ཡོར་གྱུར་པ་དེ་ནི་རོར་གྱུར་པར་ཤེས་པར་བྱའོ། །བཞིན་གྱི་མདོག་དམར་པ་དང༌། གནག་པ་དང༌། སེར་བ་དང༌། སྡོ་སངས་སུ་གྱུར་པ་དང༌། ངོ་ཚ་མེད་པ་དང༌། མདོག་མི་སྡུག་པར་གྱུར་པ་དང༌། དྲན་པ་ཉམས་པ་གང་ཡིན་པ་དེའི་ཚེ་ནི་འདས་ཟིན་པར་ཤེས་པར་བྱའོ། །མགོ་བོ་ལ་བ་ལང་གི་ལྕི་བའི་ཕྱེ་མས་སྟུག་པོར་ཁེབས་པ་
ལྟ་བུར་སྣང་བ་དང༌། སྐྲ་བཤིག་པ་དང༌། སེན་མོ་དང༌། སོ་མདོག་མི་སྡུག་པར་གྱུར་ཅིང་ཞོ་བྱུང་བར་གྱུར་ན། དེ་ནི་ཚེ་ཟད་པར་ཤེས་པར་བྱའོ། །དཔྲལ་རྩ་སེར་སྐྱ་དང༌། དུད་ཀ་དང༌། དམར་བ་དང༌། སྔོ་སངས་དང༌། ནག་པོ་དང༌། དཀར་པོ་ལྟ་བུར་གྱུར་པ་གང་ལ་སྣང་བ་ནི་གཤིན་རྗེའི་ཁྱིམ་དུ་འགྲོ་བར་འགྱུར་རོ། །དཔྲལ་བ་ལ་ཤིག་འགྲོ་བ་དང༌། གཏོར་མ་བྱ་རོག་མི་འདོད་པ་དང༌། ཧ་ཅང་གཉིད་ཆེ་བ་དང༌། ཧ་ཅང་གཉིད་མེད་པར་གྱུར་པ་དེའི་ཚེ་ནི་རིང་པོར་མི་ཐུབ་པོ། ལོང་བུ་དང༌། པུས་མོའི་ལྷ་ང་དང༌། དཔྲལ་བ་དང༌། ཕྲག་པ་དང༌། མཁུར་ཚོས་དང༌། འགྲམ་པ་དང༌། མུར་འགྲམ་གྱི་ཤ་ལྷོད་པ་དང༌། ཤ་འཕྱང་བར་གྱུར་བ་གང་ཡིན་པ་དེ་ནི་སྲོག་རིང་པོར་མི་ཐོགས་པར་སྤོང་བར་འགྱུར་རོ། །ཤ་བྲོས་ལ་སྐད་ཀྱི་གདང་ས་ཆེ་བར་གྱུར་པ་དང༌། ཉམས་སྟོབས་ཡོད་བཞིན་དུ་སྐད་ཞོམ་པར་གྱུར་པ་དང༌། སྐྲ་མཚམས་བྱེ་བ་གང་ཡིན་པ་དེ་འཆི་བའི་དུས་ཀྱི་ཞགས་པས་ཟིན་པར་ཤེས་པར་བྱའོ། །ཁ་ཟས་ཟོས་ཀྱང་ཤ་བྲོས་པ་དང༌། ཁ་ཟས་མ་ཟོས་ཀྱང་ཉམས་སྟོབས་སྐྱེ་བ་དང༌། བཞིན་གྱི་མདོག་སྣུམ་པར་གྱུར་ཏམ། ཁ་དོག་གཞན་དུ་གྱུར་པ་དེ་ནི་སྲོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །གློ་བུར་དུ་དྲི་མི་ཞིམ་པ་དང༌། དྲི་མི་ཞིམ་པ་ཞིག་ཏུ་གྱུར་ཏམ། སྦྲང་མ་སྔོན་པོ་འཁོར་བར་གྱུར་ན་དེ་འཆི་བར་འགྱུར་རོ། །ད་ནི་མཚན་མའི་བྱེ་བྲག་བཤད་དེ། རྨི་ལམ་དུ་ལུས་སྣུམ་གྱིས་བྱུགས་པ་དང༌། ལྷོ་ཕྱོགས་སུ་འགྲོ་བ་དང༌། ཕག་དང༌། མ་ཧེ་དང༌། གཅན་གཟན་དང༌། བོང་བུ་དང༌། རྔ་མོ་ལ་ཞོན་པ་རྨི་ལམ་མི་བཟང་ངོ༌། །བུད་མེད་སྐྲ་བཤིག་ཅིང་གོས་ནག་པོ་དང༌། དམར་བག་གྱོན་པས་བཅིངས་ཏེ་དགོད་བཞིན་དུ་ལྷོ་ཕྱོགས་སུ་ཁྲིད་པ་རྨིས་ན་མི་འདོད་པ་ཡིན་ནོ། །གཤིན་དོག་དང༌། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་ལ་སོགས་པ་དང་ཕྲད་པ་དང༌། དེ་དག་དང་འགྲོགས་པ་དང༌། སྦྲང་རྩི་དང༌། འབྲུ་མར་འཐུང་བ་དང༌། འཇི་བས་ལུས་བྱུགས་ཏེ་གར་བྱེད་པ་
རྨིས་ན་མི་བཟང་ངོ༌། །རི་དང༌། བྲག་ལ་སོགས་པ་ལས་ལྷུང་བ་དང༌། བཅིང་བ་དང༌། གཞན་གྱིས་ཐུབ་པ་དང༌། བྱ་རོག་ལ་སོགས་པས་མཆུས་བཙུགས་པ་དང༌། ལྷུང་བ་རྨིས་ན་མི་དགེའོ། །ལྷ་སྟེའི་ཤུག་ཏོ་དང༌། རྒྱ་སྐྱེགས་ཀྱི་ཤིང་དང༌། གྲོག་མཁར་དང༌། ཤིང་པ་རི་པཏྟྲ་རྣམས་ལ་འཛེགས་པ་དང༌། འབྲུ་མར་དང༌། ཤིང་བལ་དང༌། འབྲུ་མར་བཙིར་བའི་ཚིགས་མ་དང༌། ལྕགས་རྙེད་པ་རྨིས་ན་མི་རུང་བར་འགྱུར་རོ། །རྨི་ལམ་ན་བག་མ་ལེན་པ་དང༌། མེ་ཏོག་དམར་པོའི་ཕྲེང་བ་ཐོགས་ཤིང་གོས་དམར་བག་གྱོན་པ་དང༌། ཆུས་ཁྱེར་བ་དང༌། ཤ་བཙོས་པ་ཟ་ཞིང་རྨི་བ་ནི་མི་འདོད་པ་ཡིན་ནོ། །རྨི་ལམ་དུ་རྣམ་པ་འདི་ལྟ་བུ་དང༌། གཞན་ཡང་རྣམ་པ་སྣ་ཚོགས་དེ་འདྲ་བདག་མཐོང་ན། མི་ན་པ་ནི་ནད་ཀྱིས་འདེབས་པར་འགྱུར་རོ། །ན་བ་ནི་འཆི་བར་འགྱུར་རོ།། །།ད་ནི་མཚན་མ་བཟང་པོའི་བྱེ་བྲག་བཤད་དེ། ལྷ་དང༌། བྲམ་ཟེ་དང༌། རྒྱལ་མཚན་དང༌། གདུགས་དང༌། ཁྱུ་བ་དང༌། མེ་ཏོག་པདྨ་དང༌། རྒྱལ་པོ་དང༌། མེ་ཏོག་དཀར་པོ་དང༌། གོས་དཀར་པོ་དང༌། ཆུ་དང་བ་དང༌། མེ་འབར་བ་དང༌། མཛའ་བོ་གསོན་པོ་དང༌། མི་དགེ་ཞིང་དེས་པ་དང༌། བུད་མེད་རྒྱན་གྱིས་བརྒྱན་པ་མཐོང་ཞིང་རྨིས་ན་བཟང་ངོ༌། །རྨི་ལམ་དུ་ཁྱུ་བ་དང༌། རྟ་ཞོན་པ་དང༌། རི་ལ་འཛེག་པ་དང༌། ཤིང་འོ་མ་ཡོད་པ་དང༌། འབྲས་བུ་ཡོད་པ་ལ་འཆག་པ་དང༌། མེ་ལོང་དང༌། ཤ་རྗེན་པ་དང༌། མེ་ཏོག་གི་ཕྲེང་བ་རྙེད་པ་དང༌། ཆུ་ཆེན་པོ་ལས་བརྒལ་བ་རྨིས་ན། མི་ན་བས་ནི་ནོར་རྙེད་པར་འགྱུར། ནད་པ་ཞིག་ན་ནི་ནད་མྱུར་དུ་འཚོ་བར་འགྱུར་རོ།། །།ད་ནི་ཕྲིན་པའི་ཕྱེ་བྲག་བཤད་དེ། ཕྲིན་པ་རིགས་ངན་ནམ། ཡན་ལག་མ་ཚང་བའམ། མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་ལ་སོགས་པའམ། ཞགས་པ་དང༌། དབྱིག་པ་ལག་ན་ཐོགས་ཤིང༌། རྒོད་བག་ཏུ་གྱུར་པ་དང༌། གོས་དམར་པོ་དང༌། ནག་པོ་དང༌།
རྙིང་པ་གྱོན་པ་དང༌། ཁྱེད་རེང་ཅན་དང༌། འདི་རྣམས་མི་འདོད་པ་ཡིན་པར་བཤད་དོ། །ཕྲིན་པ་ལག་པ་ཉེད་པ་དང༌། མཆི་མ་ཟག་པ་དང༌། མགོ་ལུས་མར་གྱིས་བྱུགས་པ་དང༌། རྩྭ་ཤིང་གཅོད་པ་དང༌། བུད་མེད་དང༌། མ་ནིང་ཕྲིན་པར་འོད་བ་དང༌། བུད་མེད་ཀྱི་རྩིག་གི་མིང་དང༌། ལྡན་པ་སྣ་ལ་སོགས་པ་དང༌། མ་ནིང་གི་རྩིག་གི་མིང་དང་ལྡན་བ། མིག་ལ་སོགས་པ་ལ་ལག་གིས་ནོམ་པ་དང༌། ཕོ་མཚན་གྱི་ཕྱོགས་སུ་ལག་པས་ནོམ་པ་དང༌། བོང་བུ་དང༌། རྔ་མོ་དང༌། མ་ཧེ་ཞོན་ཏེ་འོངས་པ་དང༌། བསྡད་ཅིང་དུཿཁར་སྨྲ་བ་འདི་དག་ནི་མི་རུང་བ་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་དགེ་བ་ཡིན་ནོ། །སྨན་པ་ནད་པའི་གན་དུ་འགྲོ་བར་ཆས་པ་ན། གླང་པོ་ཆེའི་སྐད་ཐོས་པ་དང༌། འབྲུག་སྒྲ་དང༌། རྔ་སྒྲ་ལ་སོགས་པ་ཐོས་པ་དང༌། རིན་པོ་ཆེ་དང། མེ་ཏོག་གི་ཕྲེང་བ་དང༌། ཤ་རྗེན་པ་དང༌། གདུགས་དང༌། བུམ་པ་གང་བ་ལ་སོགས་པ་མཐོང་ན་བཟང་ངོ༌། །སྨན་པ་ཆས་ཏེ་འགྲོ་བ་ན། ཕོའི་མིང་དང་ལྡན་པ། བྱ་ངང་པ་དང༌། ཕུག་རོན་ལ་སོགས་པ་གཡོན་ལོགས་ན་གནས་ཤིང་སྣང་ལ། མོའི་མིང་དང་ལྡན་པ་སྐྱུང་ཀ་དང༌། རི་སྐེགས་ལ་སོགས་པ་གཡས་ལོགས་ན་གནས་ཤིང་སྣང་སྟེ། ནད་པའི་ཁྱིམ་གྱི་ནང་དུ་འགྲོ་བའི་ཚེ་ལེགས་པར་བསུ་ན་བྱ་བ་དེ་དོན་དུ་འགྱུར་བར་ཤེས་པར་བྱའོ། །རྟ་བབ་ས་དང༌། རྒྱལ་མཚན་དང༌། ཤིང་འོ་མ་ཅན་དང༌། འབྲས་བུ་དང་མེ་ཏོག་ཡོད་པའི་ཤིང་མཐོང་བ་དང༌། །གཡས་ལོགས་སམ་གཡོན་ལོགས་ནས་བྱ་འཕུར་རམ་འདུག་ཅིང་སྐད་སྙན་པ་སྒྲོག་པ་ཐམས་ཅད་ཀྱང་དགེ་བ་ཡིན་ནོ། །ཁྱི་དང་ཝ་གཡས་ཕྱོགས་སུ་སོང་ན་དགེའོ། །སྲོག་ཆགས་གོ་དྷ་དང༌། སྦྲུལ་དང༌། ཀླུ་སྦྲུལ་མཐོང་བ་ནི་དུས་ཐམས་ཅད་དུ་མི་འདོད་པ་ཡིན་ནོ། །དེ་ལྟར་སྨན་པ་གང་གིས་བསྒྲིམས་ཏེ་ལེགས་པར་བརྟགས་ཤིང་བྱེ་བྲག་ཕྱེད་པར་བྱས་ནས་ལས་ངེས་པར་རྩོམ་པ་དེའི་གྲགས་པ་ནི་དགེ་བ་མང་པོ་ཚོགས་པའི་ནང་དུ་མེ་ཏོག་གི་ཕྲེང་བ་རྙིང་པ་བཞིན་དུ་མཛེས་པར་འགྱུར་རོ། །
འཆི་ལྟས་ཀྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ད་ནི་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་འཁྲུ་བ་ནི་ཁ་ཟས་མི་འཕྲོད་པ་དང༌། ཧ་ཅང་ལྕི་བ་དང༌། ཧ་ཅང་སྣུམ་པ་དང༌། ཧ་ཅང་རྩུབ་པ་དང༌། ཧ་ཅང་ཚ་བ་ཟ་ཞིང་འཐུང་བ་དང༌། ཧ་ཅང་མང་དུ་ཟ་བ་དང༌། ཧ་ཅང་ཉུང་དུ་ཟ་བ་ལ་སོགས་པས་མེ་དྲོད་མེད་པར་བྱས་ནས། ནད་གཞི་ཤས་རྙེད་པ་ལས་འཁྲུ་བར་འགྱུར་ཏེ། དེ་ཡང་ནད་གཞི་གསུམ་རེ་རེས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པ་དང༌། མྱ་ངན་ལས་གྱུར་པ་དང༌། འཇིགས་པ་ལས་གྱུར་པ་དང་རྣམ་པ་དྲུག་ཡོད་དེ། དེ་དག་གི་མཚན་མ་ཡང་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། ཕྱི་ས་འི་མདོག་རྩ་དམར་བ་དང༌། དབུ་བ་ཅན་དང་རྩུབ་པ་དང༌། ཉུང་དུ་ཉུང་བར་འགྱུར་བ་དང༌། ཡང་དང་ཡང་དུ་འབྱུང་བ་དང༌། བེའུ་སྣབས་སུ་འབྱུང་བ་དང༌། འཁྲོག་པ་དང༌། སྒྲ་དང་བཅས་སུ་འབྱུང་བ་རྣམས་སོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། ཕྱི་སའི་མདོག་སེར་བ་དང༌། དམར་བ་དང། ནག་པ་དང༌། སྔོ་བ་དང༌། ལྗང་གུར་འདུག་པ་དང༌། ཤིན་ཏུ་མནམ་པ་དང༌། སླ་བ་དང༌། གཞང་ཁ་ཚ་འུར་འུར་པོར་གྱུར་ཅིང་འབྲུམ་བ་འབྱུང་བ་དང༌། སྐོམ་དད་ཆེ་བར་གྱུར་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། ཕྱི་སའི་མདོག་དཀར་བ་དང། དྲི་བཤུལ་བ་དང༌། བསྐ་བ་དང༌། སྣུམ་པ་དང༌། གྲང་བ་དང༌། ཆེར་མི་འཁྲོག་པ་དང༌། ཡི་ག་འཆུ་བ་དང༌། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་རྣམས་ཡིན་ནོ། །ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། ཕྱི་ས་ཕག་ཚིལ་འདྲ་བ་དང༌། མར་དང༌། འབྲུ་མར་འདྲ་བ་དང༌། ཤ་བཀྲུས་པའི་ཁུ་བ་འདྲ་བ་རྣམས་ཡིན་ཏེ་གསོ་དཀའ་བར་ཤེས་པར་བྱའོ། །ཕྱི་ས་སྦྲང་རྩི་འདྲ་བ་དང༌། མར་དང་འབྲུ་མར་འདྲ་བ་དང༌། མཆིན་པའི་དུམ་བུ་འདྲ་བ་འབྱུང་བ་དང༌། འོ་མ་འདྲ་བ་
དང། ཤ་བརྡུངས་བརྡུངས་པ་འདྲ་བ་དང༌། ཚོན་སྣ་ཚོགས་སུ་འདུག་པ་དང༌། དྲི་ཤིན་ཏུ་དཀུ་བ་དང༌། ཞག་ཚིག་ཚིག་པོ་ཡོད་པ་ནི་མི་འཚོ། གཞང་ཁར་འབྲུམ་བ་འབྱུང་བ་དང༌། གཞང་ཕྱིར་བྱུང་བ་དང༌། ཤ་ཟད་པ་དང༌། དབུགས་མི་བདེ་བ་ལ་སོགས་པའི་ནང་བླ་གཉན་གྱིས་ཐེབས་པ་དང༌། མེ་དྲོད་ཉམས་པ་དང༌། ཐེར་ཟུག་ཏུ་ལྟོ་གང་བ་དང༌། མཁལ་རྐེད་ན་བ་རྣམས་ཀྱང་མི་འཚོ་བའི་མཚན་མ་ཡིན་ནོ། །འཇིགས་པ་དང༌། མྱ་ངན་གཉིས་ལས་གྱུར་པའི་འཁྲུ་བའི་མཚན་མ་ནི། རླུང་ལས་གྱུར་པའི་འཁྲུ་བའི་མཚན་མ་དང་འདྲ་བར་ཤེས་པར་བྱ་སྟེ། དེ་གཉིས་ལ་ཡང་རླུང་བསལ་བའི་ཆོ་ག་བྱ་ཞིང་དགའ་བ་བསྐྱེད་པ་དང་སྙིང་མལ་དུ་དབབ་པར་བྱའོ། །དེ་ལྟར་འཁྲུ་བ་རྣམ་པ་དྲུག་པོ་ཐམས་ཅད་ཀྱང༌། སྨིན་པ་དང༌། མ་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ལ་འཁྲུ་བ་སྨིན་པ་ལ་ནི། སྨྱུང་བའི་ཆོ་ག་དང༌། སྐྱུག་པའི་ཆོ་ག་གོ་རིམ་བཞིན་དུ་བྱའོ། །འདིའི་སྐོམ་དང༌། ཟས་ནི་བཅའ་སྒ་དང༌། བ་ལེ་ཀ་སྐོལ་བའི་ཁུ་བ་དང༌། ཁ་ཟས་ཡང་བའི་བག་དགེའོ། །འཁྲུ་བ་མ་སྨིན་པ་བཅད་སྔས་ན་སྐྲན་དང་མཛེ་ལ་སོགས་པའི་ནད་དུ་འགྱུར་ཏེ། དེ་ལ་འཁྲུ་བ་མ་སྨིན་པ་ནི། ཕྱི་ས་ཆུའི་ནང་དུ་བཏང་ན་ཞབས་སུ་འགྲོ་བར་འགྱུར་རོ། །འཁྲུ་བ་སྨིན་པ་ནི་ཆུའི་ནང་དུ་བཏང་ན་སྟེང་དུ་འོང་ཞིང་བྱེར་བར་འགྱུར་རོ། །དེ་ལ་འཁྲུ་བ་མ་སྨིན་པ་ལ་ནི་སྨྱུང་བའི་ཆོ་ག་དང་སྐྱུག་པའི་ཆོ་ག་གོ་རིམ་བཞིན་དུ་བྱའོ། །འདིའི་སྐོམ་དང༌། ཟས་ནི་བཅའ་སྒ་དང༌། བ་ལེ་ཀ་སྐོལ་བའི་ཁུ་བ་དང༌། ཁ་ཟས་ཡང་བའི་བག་དགེའོ། །འཁྲུ་བ་མ་སྨིན་པ་གཅད་པ་སྔས་ན། སྐྲན་དང༌། མཛེ་ལ་སོགས་པའི་ནད་དུ་འགྱུར་ཏེ། དེ་བས་ན་ཐོག་མར་ཨ་རུ་རས་བཀྲུས་ལ་ཕྱི་ས་བཅད་པའི་ཆོ་ག་བྱས་ན་བཟང་ངོ༌། །དེ་ལ་བཅད་པའི་ཐབས་ནི། པི་པི་ལིང་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་རྣམས་སྐོལ་བའི་སྨན་གྱི་ཁུ་བ་
ལས་གཞི་བླངས་ཏེ། འབྲས་ཐུག་དང༌། ཁུ་བཅུད་བྱས་པ་འམ། དར་བའི་ཐུག་པ་བླུད་དོ། །དེ་ལ་དར་བའི་ཐུག་པ་ཇི་ལྟར་སྦྱར་བའི་ཐབས་ནི་འོག་ནས་ཞིབ་ཏུ་སྟོན་ཏོ། །ཡང་ན་ཡུང་ལ་སོགས་པའི་སྡེ་ཚན་ནམ། ཤུ་དག་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་ལས་གཞི་བླངས་ལ་འབྲས་ཐུག་བྱས་ཏེ་བླུད་ན་འཁྲུ་བ་མ་སྨིན་པ་ཞི་བར་འགྱུར་རོ། །ཡང་ན་བཅའ་སྒ་དང༌། བོང་ང་དཀར་པོ་དང༌། ཤིང་ཀུན་དང༌། གླ་སྒང་དང༌། དུག་མོ་ཉུང་དང༌། ཀྲུ་ཏྲུག་ཏྲེས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། གླ་སྒང་དང༌། ཏེ་ཛེ་བ་ཏི་དང༌། བ་ཐ་དང༌། པི་པི་ལིང་དང༌། དུག་མོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། །རྒྱམ་ཚ་དང༌། དུག་མོ་ཉུང་གི་འབྲས་བུ་དང༌། ཤུ་དག་དང༌། པུ་ཙེ་ཤེལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། རྩབས་རུ་ཚ་དང། ཤུ་དག་དང༌། ཨ་རུ་ར་དང༌། བ་ཐཱ་དང༌། བྱི་དང་ཀ་དང་བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སུག་སྨེལ་དང༌། དུག་མོ་ཉུང་གི་འབྲས་བུ་དང༌། ཤ་བ་རའི་སེང་ཕྲོམ་དང༌། ཡུང་དང༌། སྐྱེར་པ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། དུག་མོ་ཉུ་ང་གི་ཤུན་ལྤགས་དང༌། བོང་ང་དཀར་པོ་དང༌། བཅའ་སྒ་དང༌། གླ་སྒང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨིན་པར་བྱེད་པའི་སྨན་གྱི་སྦྱོར་བ་དྲུག་པོ་འདི་དག་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སྨན་གྱི་སྦྱོར་བ་འདི་དག་ལས་གང་ཡང་རུང་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆུ་གཙང་མར་བསྐོལ་བའམ། ཆང་ངམ་རྩབས་སྐྱུར་པོའི་ནང་དུ་བཏབ་སྟེ་བླུད་དོ། །ཡང་ན། ཚ་བ་གསུམ་དང༌། བོང་ང་དཀར་པོ་དང༌། ཤིང་ཀུན་དང༌། ཤུ་དག་དང༌། ཁ་རུ་ཚ་དང༌། ཨ་རུ་ར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆུ་སྐོལ་བའི་ནང་དུ་བཏབ་སྟེ་བླུད་ན་འཁྲུ་བ་མ་སྨིན་པ་ཚབས་ཆེན་པོ་སེལ་བར་བྱེད་དོ། །ཡང་ན། ཤུ་དག་དང༌། བིལྦ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། རུ་རྟ་དང༌། གོ་སྙོད་དང༌། ཀུ་ལ་ཀ་དང༌། བྱི་དང་ཀ་རྣམས་ཞིབ་ཏུ་
བཏགས་པའི་ཕྱེ་མ་ཆུ་སྐོལ་བའི་ནང་དུ་བཏབ་སྟེ་འཐུངས་ན་འཁྲུ་བ་འཆད་དོ། །ད་ནི་འཁྲུ་བ་སྨིན་པའི་ཆོ་ག་བཤད་དེ། དེ་ལ་ཕོ་བའི་དྲོད་ཆུང་སྟེ། འཁྲུ་བ་སྨིན་པ་ཡང་དང་ཡང་དུ་འབྱུང་བར་གྱུར་པ་ལ་ནི། གཅོད་སྨན་གྱི་ཆོ་ག་སྨྱུར་ཏེ་བྱའོ། །དེ་ལ་གཅོད་པའི་སྨན་ནི་ལྡུམ་བུ་ས་མང་ག་དང༌། ཤིང་ཤལྨ་ལིའི་ལོ་མ་དང༌། སེང་ཕྲོམ་དང༌། པ་ཐ་དང༌། དྷ་ཐཱ་དང༌། ད་ཏ་ཀའི་མེ་ཏོག་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་ལྭང་ཀོ་དང༌། གནྡྷ་པྲི་ཡཾ་ཀུ་དང༌། མེ་ཏོག་པདྨ་དང༌། ཏི་རི་ཏྲ་དང༌། བིལྦའི་ཤིང་ཏེག་གི་ཤེགས་མ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་དིར་གྷ་བྲིནྟིའི་ཤུན་ལྤགས་དང༌། བཅའ་སྒ་དང༌། ཤིང་མངར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། བལ་ཕོ་སེའུ་དང༌། སེང་ཕྲོམ་དང༌། དྷ་ཏ་ཀི་དང། གནྡྷ་མ་ལིག་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་འཁྲུ་བ་སྨིན་པ་གཅོད་པར་འགྱུར་རོ། །ཡང་ན་འཁྲུ་བ་སྨིན་པ་ལ། གླ་སྒང་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་དོ། །དེ་བཞིན་དུ་སེང་ཕྲོམ་ལ་སོགས་པའི་སྡེ་ཚན་དང༌། ཨམ་པ་ཤྟ་ལ་སོགས་པའི་སྡེ་ཚན་སྔར་བཤད་པའི་ཡོན་ཏན་ཆེན་པོ་འདི་གཉིས་ལས་གང་ཡང་རུང་བ་ཅིག་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་དོ། །ཡང་ན་ཏཾ་པ་ལ་དང༌། མེ་ཏོག་པདྨའི་འདབ་མ་དང༌། ཤིང་རོ་ཚ་བའི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་པ། པདྨའི་ཟེ་བ་དང་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་གཅོད་པར་འགྱུར་རོ། །ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་ཞིབ་ཏུ་བཏགས་པའི་ཕྱེ་མས་ཕྱེ་སྲེག་པའི་ཁོ་པ་བཀང་ལ། སྣོད་ཁ་བཅད་པའི་ནང་དུ་བཙོས་པའི་ཁུ་བ་བསྒྲངས་པ། སྦྲང་རྩི་དང་ཁ་ར་དང་སྦྱར་ཏེ་འཐུངས་ན་དམུ་རྫིངས་སེལ་བར་བྱེད་ཅིང༌། འཁྲུ་བ་གཅོད་དོ། །
ཡང་ན་རྩ་བ་ལྔ་པ་དང༌། བ་ལ་དང༌། བིལྦ་དང༌། འུ་སུའི་འབྲས་བུ་དང༌། ཨུཏྤལ་དང༌། བཅའ་སྒ་རྣམས་སྐོལ་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་བལ་པོ་སེའུས་སྐྱུར་པོར་བྱས་པའམ། ཡང་ན་ཁ་ར་དང༌། སྦྲང་རྩི་དང༌། རྒུན་ལ་སོགས་པས་མངར་བར་བྱས་པ་བླུད་དོ། །ཡང་ན་ཀཏྤལ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། དུག་མོ་ཉུང་དང༌། བཅའ་སྒ་རྣམས་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་བླུད་ན། མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་ཨུཏྤལ་དང༌། དྷ་ཏ་ཀའི་མེ་ཏོག་དང༌། བཅའ་སྒ་དང༌། བལ་པོ་སེའུའི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ལྡུམ་བུ་ས་མང་ག་དང༌། ཨུཏྤ་ལ་དང༌། པདྨ་དང༌། སེང་ཕྲོམ་དང༌། ཆུ་ཤིང་གི་འབྲས་བུའི་ཁུ་བ་དང༌། ཏིལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། དུག་མོ་ཉུང་དང༌། གླ་སྒང་དང༌། རྩ་མཁྲིས་དང༌། སྐྱེར་ཁཎྜ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། པདྨའི་རྩ་བ་དང༌། ཙན་དན་དཀར་པོ་དང༌། སེང་ཕྲོམ་དང༌། ཨུཏྤ་ལ་དང༌། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བ་ཐ་དང༌། བྱི་ཚེར་དང༌། བཅའ་སྒ་དང༌། ཤིང་ལྭང་ཁོ་དང༌། ཛམྦཱུའི་ཤིང་ཏོག་གི་རུས་པ་དང༌། ཀཏྤལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བིལྦ་དང༌། སྐྱེར་པའི་ཤུན་ལྐོགས་དང༌། བྱི་ཚེར་དང༌། བ་ལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། དྷ་ཏ་ཀི་དང༌། བོང་ང་དཀར་པོ་དང། བཅའ་སྒ་དང༌། དུག་མོ་ཉུང་གི་ཤུན་ལྦགས་དང༌། འབྲས་བུ་དང༌། སྐྱེར་ཁཎྜ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཀཏྤལ་དང༌། ཤིང་མངར་དང༌། སེང་ཕྲོམ་དང༌། བལ་པོ་སེའུ་འི་ཤུན་ལྤགས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་ལྭང་ཁོ་དང༌། དྷ་ཏ་ཀའི་མེ་ཏོག་དང༌། ལྡུམ་བུ་ས་མང་ག་དང༌། པདྨ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། དུག་མོ་ཉུང་གི་ཤུན་ལྦགས་དང༌། སྐྱེར་པ་དང༌། པ་ཐ་དང༌། པི་པི་ལིང་གི་རྩ་བ་དང༌། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་བཅུ་པ་འདི་དག་ལས་
གང་ཡང་རུང་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏགས་ཏེ་འཐུངས་ནི་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བ་ཡོད་བཞིན་དུ། །མཁྲིས་པ་དང་མི་འཕྲོད་པའི་ཁ་ཟས་ཟོས་པས་ཁྲག་འཁྲུགས་པར་བྱས་ནས། ཁྲག་ལས་གྱུར་པའི་འཁྲུ་བ་ཚབས་ཆེན་པོར་གྱུར་པ་ལ་ན་ཁྲག་ལུད་པའི་ནང་སེལ་བའི་ཆོ་ག་སྨྱུར་ཏེ་བྱའོ། །དེ་ལ་ཁྲག་ལུད་པའི་ནད་བསལ་བའི་ཆོ་ག་ནི། བཏུང་བ་དང༌། ཁ་ཟས་དང༌། མས་བཏང་བ་ཀུན་ལ་ཡང་རའི་འོ་མ་དང་སྦྱར་བར་བྱའོ། །བ་ཡ་སྱ་དང༌། ཐལ་ཏྲེས་དང༌། སེང་ཕྲོམ་དང༌། ཁ་ར་དང༌། ཤིང་མངར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་འོ་མ་གྲང་མོ་དང་སྦྲང་རྩི་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །པོག་དང༌། རྒྱ་ཤུག་དང༌། ཤིང་ཛམྦཱུ་དང༌། བི་ཡལ་དང༌། ཨ་མྲ་དང༌། ཨརྫུ་ན་རྣམས་ལས་གང་ཡང་རུང་བའི་ཤུན་ལྤགས་ཞིབ་ཏུ་བཏགས་པའི་ཕྱེ་མ། འོ་མ་དང༌། སྦྲང་རྩི་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང༌། ཁྲག་ནད་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཨུཏྤ་ལ་དང༌། ཨ་མངྒ་དང༌། ཆུ་ཤིང་གི་འབྲས་བུ་དང༌། པདྨའི་ཟེ་བ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཏི་ལ་དང༌། ཤ་བ་རའི་སེང་ཕྲོམ་དང༌། ཤིང་མངར་དང༌། ས་མཾ་ག་དང༌། ཐལ་ཏྲེས་དང༌། ཨུཏྤ་ལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨུཏྤ་ལ་དང༌། ཤལྨ་ལའི་ཤུན་ལྤགས་དང༌། ཤིང་མངར་དང༌། ཤ་བ་རའི་སེང་ཕྲོ་མ་དང་ཏིལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་དག་གསུམ་ལས་གང་ཡང་རུང་བ་བཏགས་པའི་ཕྱེ་མ་འོ་མ་དང་སྦྲང་རྩི་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཙན་དན་དཀར་པོ་འམ། གནྡྷ་པྲི་ཡཾ་ཀུ་གཉིས་ལས་གང་ཡང་རུང་བའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང༌། ཁ་ར་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བ་
སེལ་ཏོ། །ཡང་ན་ཆར་པའི་ཆུ་དང༌། སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་སྦྱར་བའི་ནང་དུ་དུག་མོ་ཉུང་གི་ཤུན་ལྤགས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ་འཐུངས་ན་ཡང་ཁྲག་ནད་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་ཤིང་མངར་དང༌། ཨུཏྤ་ལ་དང༌། ཆུ་སྲིན་གྱི་སེན་མོ་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་བཏང་ངོ༌། །ཁྲག་ཚད་དང༌། ཕྱི་ས་ཐལ་བ་སྣྲེལ་ཞི་བྱུང་བ་ལ་ནི་འོ་མའི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་པའམ། ཡང་ན་འོ་མ་བཞོས་མ་ཐག་པ་དྲོན་མོ་ཅི་རན་བར་འཐུངས་ཏེ་ལན་མང་དུ་འཁྲུས་ན་ཞི་བར་འགྱུར་རོ། །བད་ཀན་ལས་གྱུར་པའི་འཁྲུ་བས་གནོད་པར་གྱུར་པ་ལ་ནི། ཁ་ཟས་སྨན་བུ་ཏི་ཀ་དང༌། ཚ་བ་གསུམ་དང༌། བིལྦ་དང༌། ཀྲུ་ཏྲུག་ཏྲེས་དང༌། དར་བ་དང༌། བལ་པོ་སེའུ་དང༌། ཤིང་ཀུན་རྣམས་དང་ལེགས་པར་སྦྱར་བའི་ཁུ་བཅུད་དང་ལྡན་པ་བཟའ་བར་བྱའོ། །དབྱི་མོང་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། བ་ཐ་དང༌། པུ་ཙེ་ཤེལ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨ་རུ་ར་དང༌། གླ་སྒང་དང༌། བཅའ་སྒ་དང། བིལྤ་དང༌། ཀརྐ་ཏི་ཀ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། པི་པི་ལིང་ཆེན་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་རྣམས་དང༌། བྱི་དང་ཀ་དང༌། ཤུ་དག་དང༌། ཤང་ཤིང་དང༌། འུ་སུའི་འབྲས་བུ་དང༌། ཚ་བ་གསུམ་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་སྟེ་སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བླུད་ན་ཡང་བཟང་སྟེ། མེ་དྲོད་དང་ཉམས་སྟོབས་བསྐྱེད་དོ། །ཡང་ན་ཨ་རུ་ར་དང༌། ཀྲུ་ཏྲུག་ཏྲེས་དང༌། པ་ཐ་དང༌། ཤུ་དག་དང༌། པི་པི་ལིང་གི་རྩ་བ་དང༌། དུག་མོ་ཉུང་དང༌། བཅའ་སྒ་རྣམས་སྐོལ་བའི་ཁུ་བ་དྲོན་མོའམ། ཡང་ན་དེ་དག་གི་ཕྱེ་མའི་སྨན་བྱས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཤིང་ཨཾ་ཀོ་ཏའི་རྩ་བ་དང༌། སྐྱེར་བ་རྣམས་ལས་སྲང་རེ་རེ་བཏགས་ཏེ་
ཆར་པའི་ཆུས་བརྫིས་ལ་ཞོ་གཉིས་ཙམ་རེང་བུར་བྱས་ཏེ་མས་བཏང་ན་འཁྲུ་བ་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །བིལྦ་དང༌། གླ་སྒང་དང༌། དྷ་ཏ་ཀའི་མེ་ཏོག་དང༌། པ་ཐཱ་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་དང༌། ཆུ་ཤིང་གི་འབྲས་བུའི་ཁུ་བ་རྣམས་ཆ་མཉམ་ལ་བུ་རམ་དང༌། དར་བ་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་འཁྲུ་བ་གཅོད་དོ།། །།ད་ནི་རླུང་ལས་གྱུར་པའི་འཁྲུ་བའི་ཆོ་ག་བཤད་དེ། ཁྲག་དང༌། ཕྱི་ས་བྱུང་བའི་རྗེས་ལ་རླུང་གི་མཐུས་ཕྱི་ས་འགགས་ཏེ་བེའུ་སྣབས་དབུ་བ་འདྲ་བར་འབྱུང་ཞིང༌། འཁྲོག་པའི་ནད་ཀྱི་མིང་ནི་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་ཞེས་བྱ་སྟེ། དེ་ལ་ནི་མེ་དྲོད་ཆེན་པོ་ཞིག་ན། ཀྲུ་ཏྲུག་ཏྲེས་དང༌། བིལྦ་འོ་མར་སྐོལ་བའི་ཁུ་བ། བུ་རམ་དང༌། ཏིལ་མར་དང་སྦྱར་ཏེ་ནང་པར་འཐུངས་ན། ཕྱི་ས་འགགས་པ་བདེ་བར་འགྱུར་རོ། །འོ་མ་བསྐོལ་ཏེ་ཕྱུང་བའི་ནང་དུ། པི་པི་ལིང་གི་ཕྱེ་མའམ། ཡང་ན་ན་ལེ་ཤ་མ་གྱི་ཕྱེ་མ་བཏབ་སྟེ་ཞག་གསུམ་གྱི་བར་དུ་འཐུངས་ན་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་ཡུན་རིང་དུ་ལོན་པ་ཡང་སེལ་ཏོ། །ཏིལ་མར་དང༌། མར་དང༌། སྦྲང་རྩི་དང༌། ཁ་ར་དང༌། བཅའ་སྒ་དང༌། བུ་རམ་གྱི་ཁུ་བ་རྣམས་ལྷན་ཅིག་ཏུ་སྦྱར་ལ་དཀྲུགས་ཏེ་འཐུངས་ན་ཡང་དེ་མ་ཐག་ཏུ་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་སེལ་ཏོ། །དྷ་ཏ་ཀའི་མེ་ཏོག་དང༌། རྒྱ་ཤུག་གི་ལོ་མ་དང༌། ཤིང་ཀ་པིཏྠ་དང༌། དྲུབ་མར་ཅང་དང༌། སེང་ཕྲོམ་རྣམས་ཀྱི་ཕྱེ་མ་ཞོ་དང་སྦྱར་ཏེ་འཐུངས་ན་ཡང་བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པས་ཉམ་ཐག་པ་སེལ་ཏོ། །བིལྦའི་འབྲས་བུའི་ཤགས་མ་དང༌། བུ་རམ་དང༌། སེང་ཕྲོམ་དང༌། ཏིལ་མར་དང༌། ན་ལེ་ཤམ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ། ཟོས་ན་ཡང་བེའུ་སྣབས་སུ་འབྱུང་ཞིང༌། འཁྲེགས་པས་དུབ་པར་གྱུར་པ་མྱུར་དུ་སེལ་ཞིང་བདེ་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་གྱུར་ན། ཤིང་མངར་དང༌། ཏིལ་མར་མས་བཏང་བའི་ཆོ་ག་ནི། ཤིང་ཤལ་མ་ལིའི་ལོ་མ་བཙོས་དཀྲིས་ལ་འཇིམ་པས་གཡོགས་ཏེ། མེ་མར་མུར་
གྱི་ནང་དུ་བཅུག་ལ། འཇིམ་པ་ནི་སྐམས། ལོ་མ་ནི་ཚོས་པར་གྱུར་ནས། ལོ་མ་དེ་གཏུན་གྱི་ནང་དུ་ཞིབ་ཏུ་བརྡུངས་པའི་ཕྱི་མ། མར་དང༌། ཤིང་མངར་གྱི་ཕྱེ་མ་དང་ལྡན་པར་འོ་མ་སྲང་སུམ་ཅུ་རྩ་གཉིས་བསྐོལ་ཏེ་ཕྱུང་བའི་ནང་དུ་བརྫིས་པའི་མིང་ནི་མས་བཏང་བའི་སྨན་འཇམ་ཞིང་འཁྱིལ་བ་ཞེས་བྱ་འདི་མས་བཏང་ན། རིམས་དང༌། མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཞིང༌། སྐྲན་དང༌། ཚད་རྙིང་འཇོམས་པར་བྱེད་ལ། ཕོ་བའི་ནད་དང༌། སྐྲངས་པ་མེད་པར་བྱེད་དོ། །ད་ནི་ཕོ་བའི་མེ་དྲོད་ཉམས་པ་གསོ་བའི་ཆོ་ག་བཤད་དེ། མེ་དྲོད་བྲི་ནས་ནད་གཞི་རྣམས་ཀྱིས་ཕོ་བའི་མེ་དྲོད་དཀྲུགས་པ་ལས། ཕོ་བའི་མེ་དྲོད་འཁྲུགས་པའི་ནད། རླུང་དང་མཁྲིས་པ་དང༌། བད་ཀན་གསུམ་སོ་སོ་ལས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པ་རྣམ་པ་བཞིར་གྱུར་ཏེ། དེ་དག་མཚན་མ་དང་གསོ་བའི་ཐབས་ནི་འཁྲུ་བ་དང་འདྲའོ། །དེ་ལ་རླུང་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པར་གྱུར་པའི་མཚན་མ་དང༌། གསོ་བའི་ཐབས་ནི། རླུང་ལས་གྱུར་པའི་འཁྲུ་བའི་མཚན་མ་དང་གསོ་བའི་ཐབས་དང་འདྲའོ། །མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པ་ཡང་དེ་བཞིན་དུ་སོ་སོར་སྦྱར་རོ། །དེ་ལ་མེ་དྲོད་བསྐྱེད་པའི་ཐབས་ནི། སྨན་ཨ་ཛ་མོ་དང༌། ཀྲུ་ཏྲུག་ཏྲེས་དང༌། དབྱི་མོང་དང༌། ཚ་བ་གསུམ་དང༌། རྒྱམ་ཚ་དང༌། སྔར་བཤད་པའི་ཐལ་བ་རྣམ་གཉིས་དང༌། པི་པི་ལིང་གི་རྩ་བ་དང༌། ཤིང་ཀུན་རྣམས་ཤིང་ཏོག་ཁ་ལུང་གི་ཁུ་བས་རི་ལུར་བྱས་ཏེ་ཟོས་ན་མེ་དྲོད་སྐྱེད་པར་བྱེད་དོ། །འབྲས་བུ་གསུམ་དང༌། ག་བྱེའི་འབྲས་བུ་དང༌། ཚ་བ་གསུམ་དང༌། རྒྱམ་ཚ་དང༌། ཁ་རུ་ཚ་དང༌། རྩབས་རུ་ཚ་རྣམས་བཏགས་ཏེ་རྫེའུ་ཁ་སྦྱར་གྱི་ནང་དུ་བཏབ་སྟེ་འཐུངས་ན། སྐྱ་རྦབ་ཀྱི་ནད་དང༌། ཕོ་བའི་ནད་དང༌། སྐྲན་དང༌། ཟུག་ཅིང་ན་བ་རྣམས་སེལ་ཏོ། །སྨན་ལ་ལ་ཕུད་དང༌། ཚ་བ་གསུམ་
དང། རྒྱམ་ཚ་དང༌། གོ་སྙོད་རྣམ་གཉིས་དང༌། ཤིང་ཀུན་རྣམས་ཀྱི་ཕྱེ་མ་མར་ཁུ་དང་བརྫིས་པ་ཁ་ཟས་ཀྱི་སྔ་རོལ་ཏུ་ཟོས་ན། རླུང་སེལ་ཅིང་མེ་དྲོད་སྐྱེད་དོ། །ཤུ་ཏི་དང༌། འུ་སུའི་འབྲས་བུ་དང༌། པ་ཐཱ་དང༌། བིལྦ་དང༌། ཀྲུ་ཏྲུག་ཏྲེས་དང༌། བཅའ་སྒ་དང༌། ལ་ལ་ཕུད་དང༌། པི་པི་ལིང་གི་རྩ་བ་དང༌། རྒྱ་ཤུག་གི་འབྲས་བུ་རྣམས་ཀྱི་ཕྱེ་མ། མར་དང༌། ཞོ་མར་གྱི་བཞི་འགྱུར་དང༌། ལྡུམ་བུ་ཅང་གེ་རིའི་ཁུ་བ་མར་གྱི་བཞི་འགྱུར་དང༌། འདི་རྣམས་སྐོལ་ལ་མར་ཉི་ཚེ་ལུས་པར་བྱས་ཏེ་ཇི་རན་པར་འཐུངས་ན། ཕོ་བའི་ནད་དང༌། གཞང་འབྲུམ་དང༌། གཞང་བྱུང་བ་དང༌། གཅིན་སྲི་བ་དང༌། ལྟོ་སྦོས་པ་དང༌། བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་དང༌། དབུགས་མི་བདེ་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། སྐོམ་པའི་ནད་དང༌། ལུད་པ་དང། དྲག་ཏུ་སྐྱུ་གཅིང་འཆད་དུ་མི་བཏུབ་པ་རྣམས་སེལ་ཅིང་ཡི་ག་འབྱེ་བར་བྱེད་དེ། མཁྲིས་པ་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ལ་ནི། སྐྱེར་པའི་ཁཎྜ་དང༌། བོང་ང་དཀར་པོ་དང༌། བིལྦ་དང༌། བྱི་ཚེར་གྱི་ཤུན་ལྤགས་དང༌། བྱི་ཚེར་གྱི་འབྲས་བུ་དང༌། གླ་སྒང་དང༌། པཱ་ཐཱ་དང༌། དྷ་ཏ་ཀི་དང༌། པུ་ཙེ་ཤེལ་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་ཆར་པའི་ཆུ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན། གཞང་འབྲུམ་དང༌། བེའུ་སྣབས་སུ་འབྱུང་ཞིང་འཁྲེག་པ་དང༌། ཁྲག་ནད་དང། མཁལ་རྐེད་ན་བ་དང་གཞང་ནད་རྣམས་སེལ་ཏོ། །དུག་མོ་ཉུང་གི་ཤིང་དང༌། ཚ་བ་གསུམ་དང༌། གླ་སྒང་དང༌། རྩ་མཁྲིས་དང༌། པུ་ཙེ་ཤེལ་རྣམས་ཆ་མཉམ་པ་དང༌། ཀྲུ་ཏྲུག་ཏྲེས་ཆའི་ཉིས་འགྱུར་དང༌། དུག་མོ་ཉུང་གི་ཤུན་ལྤགས་ཆའི་བཅུ་དྲུག་འགྱུར་དང༌། འདི་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་འཐུངས་ན། ཕོ་བའི་ནད་དང༌། མིག་སེར་དང༌། སྐྱ་རྦབ་ཀྱི་ནད་དང༌། གཅིན་ནད་དང༌། ཡི་ག་འཆུས་པ་དང༌། འཁྲུ་བ་དང༌། སྐྲན་དང༌། སྐེམ་པའི་ནད་དང་རིམས་
སེལ་ཏོ། །བད་ཀན་ལས་གྱུར་པའི་ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ལ་ནི། སྨན་ཤ་ཐི་དང༌། ཚ་བ་གསུམ་དང༌། ཨ་རུ་ར་དང༌། ཐལ་བ་རྣམ་གཉིས་དང༌། པི་པི་ལིང་གི་རྩ་བ་དང༌། ཁ་ལུང་གི་འབྲས་བུ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཆུ་བསྐོལ་ཏེ་ཕྱུང་བའི་ནང་དུ་བཏབ་སྟེ་འཐུངས་ན་ཞི་བར་འགྱུར་རོ། །མ་དྷུ་ཀའི་མེ་ཏོག་བསྐོལ་ཏེ་གདུས་པའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་དེའི་བཞི་ཆ་བླུགས་པ་སྦྱར་ཏེ། བུམ་པའི་ནང་པདྨའི་རྩ་བ་དང༌། །ཨ་ཀ་རུ་དང༌། ཏིལ་མར་རྣམས་སྦྱར་བས་བྱུགས་པའི་ནང་དུ་བླུགས་ཏེ་ཟླ་བ་གཅིག་གི་བར་དུ་ནས་ཀྱི་ནང་དུ་བཞག་པ་ལས་རན་པར་འཐུངས་ན་མེ་དྲོད་སྐྱེད་དོ། །པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཨ་རུ་ར་དང༌། པི་པི་ལིང་དང༌། བྱི་ཏང་ག་རྣམས་ལྷན་ཅིག་ཏུ་སྦྱར་བས་རྫ་མ་རི་ནང་དུ་བསྐུས་ལ། དེའི་ནང་དུ་ངར་བ་བླུགས་ཏེ། ནས་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་པ་ལས་རན་པར་འཐུངས་ན་ཕོ་བའི་ནད་དང༌། གཞང་འབྲུམ་དང༌། ལུང་པ་དང༌། སྐྲན་དང་སྲིན་བུ་རྣམས་སེལ་ཏོ། །དེ་ལྟར་ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ཀྱིས་ཐེབས་པ་ལ་ནི་མདོར་ན་ཚབས་ཆེ་ཆུང་ལ་སོགས་པ་ལས་དཔགས་ཏེ་ཤིན་ཏུ་བྱེ་བྲག་ཕྱེད་པར་བྱས་ནས། མེ་དྲོད་བསྐྱེད་པའི་ཁ་ཟས་དང༌། བཏུང་བ་དང༌། སྨན་གྱི་ཕྱེ་མ་དང༌། སྨན་གྱི་ཁུ་བ་བཏུང་བ་དང༌། སྨན་མར་ལ་སོགས་པ་ཅི་རིགས་པར་བཏང་ངོ༌། །འཁྲུ་བ་དང༌། ཕོ་བའི་མེ་དྲོད་འཁྲུགས་པའི་ནད་ལས། སྲིན་བུའི་ནང་འབྱུང་བའི་ཕྱིར། དེ་འོག་ཏུ་སྐབས་འདིར། སྲིན་བུའི་ནད་ཀྱི་བྱེ་བྲག་དང༌། དེའི་མཚན་མ་དང༌། གསོ་བའི་ཐབས་བཤད་དེ། དེ་ལ་སྲིན་བུའི་ནད་ཀྱི་མཚན་མ་ནི། རིམས་ན་བར་འགྱུར་བ་དང༌། ཤ་མདོག་ངན་པ་དང༌། རུ་ཤིང་ན་བ་དང༌། སྙིང་ན་བ་དང༌། ལུས་སྤྲིང་པ་དང༌། མགོ་འཁོར་བ་དང༌། ཁ་ཟས་མཐོང་ན་ཡིད་དུ་མི་འོང་བ་དང༌། འཁྲུ་བར་གྱུར་ན། སྟོར་སྲིན་བུ་སྐྱེས་པའི་མཚན་མ་ཡིན་ནོ། །དེ་གསོ་བའི་ཐབས་ནི།
སྨན་བྱི་ཏང་ག་དང༌། རྒྱམ་ཚ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཀམྤི་ལྱ་ག་དང་ཨ་རུ་ར་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་ཏེ་འཐུངས་ན། སྲིན་བུ་ཐམས་ཅད་སེལ་ཏོ། །ཤི་ཀྲུ་དང༌། སྐྱེར་པ་དང༌། མུ་ཤ་པརྞི་དང༌། གླ་སྒང་དང༌། འབྲས་བུ་གསུམ་དང༌། འདི་རྣམས་སྐོལ་བའི་ཁུ་བའི་ནང་དུ། པི་པི་ལིང་དང་བྱི་ཏང་གའི་ཕྱེ་མ་བཏབ་སྟེ་སྦྱར་བ་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །སུ་ཤ་པརྞི་བཏགས་པའི་ཕྱེ་མ་དང༌། འབྲས་བསྲེགས་པའི་ཁུ་བ་ཟོས་ལ། ཚལ་ནན་དུ་རྩབས་སྐྱུར་པོ་འཐུངས་ན་ཡང་སྲིན་ནད་སྦྱང་ངོ༌། །བྱི་ཏང་གའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་སྲིན་བུ་སེལ་ཏོ། །ཤིང་པ་རི་བྷད་ཏྲ་ཀའི་ལོ་མའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །ཡང་ན་འབྲས་བུ་གསུམ་དང༌། ཤུ་དག་དང༌། དནདའི་རྩ་བ་དང༌། ཀཾ་པ་ལྱ་ཀ་རྣམས་ཀྱི་ཕྱེ་མ་མར་དང༌། བ་གཅིན་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ལ། བ་གཅིན་དུ་བར་བྱས་ནས་ཚིགས་མ་བཙགས་པའི་མར་ཇི་རན་པར་འཐུངས་ན་ཡང་སྲིན་བུ་སེལ་ཏོ། །འཁྲུ་བ་གསོ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།དེ་ལ་ཁྲག་ལུད་པའི་ནད་ནི། ཉི་མ་དང་མེ་ལ་སོགས་པའི་ཚ་བ་བསྟེན་པ་དང༌། ཁ་ཟས་ལ་སོགས་པ་ཚ་ཆེས་པ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཐལ་བ་རྣོན་པོའི་སྨན་དང༌། རོ་ཚ་བའི་བག་ཟོས་པས། མཁྲིས་པ་འཁྲུག་པར་གྱུར་པ་ལས་མཆིན་པ་དང༌། མཆེར་པའི་ནང་ན་ཁྲག་གནས་པ་ལུད་པར་གྱུར་ཏེ། ཡར་ཡང་འབྱུང་ལ་མར་ཡང་འབྱུང་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་ཁྲག་ལུད་པའི་མཚན་མ་ནི། ཁྲག་གི་མདོག་སྔོ་སྐྱར་འདུག་པ་དང༌། དམར་བ་དང༌། སླ་བ་དང༌། དབུ་བ་ཅན་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ཁྲག་ལུད་པའི་མཚན་མ་ནི། ཁྲག་གི་མདོག་གོས་ཚོན་ནག་པོར་བཙོས་པའི་ཁ་དོག་འདྲ་བ་དང༌། དུད་ཁར་འདུག་པ་དང༌། བ་གཅིན་གྱི་མདོག་འདྲ་བ་དང༌། སྐྱེར་ཁཎྜའི་མདོག་འདྲ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་
པའི་ཁྲག་ལུད་པའི་མཚན་མ་ནི། ཁྲག་གི་མདོག་སྣུམ་པ་དང༌། ཡིད་ཙམ་སྐྱ་བ་དང༌། འབྱིལ་བ་དང༌། བསྐ་བ་རྣམས་ཡིན་ནོ། །ནད་གཞི་གཉིས་གཉིས་འདུས་པ་ལས་གྱུར་པའི་ཁྲག་ལུད་པའི་མཚན་མ་ནི་འདྲེས་མར་འགྱུར་རོ། །ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་ཁྲག་ལུད་པའི་མཚན་མ་ནི། ཀུན་གྱི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ནད་གཞི་རེ་རེ་ལས་གྱུར་པའི་ཁྲག་ལུད་པ་གྱེན་དུ་འབྱུང་བ་ནི་གསོ་སླའོ། །ནད་གཞི་རེ་རེ་ལས་གྱུར་པ་དང༌། གཉིས་གཉིས་འདུས་པ་ལས་གྱུར་པའི་ཁྲག་ལུད་པ་ཐུར་དུ་འབྱུང་བ་ནི། ཁ་ཟས་དང༌། སྨན་གྱི་ཆོ་གས་མི་ལྡང་བར་གསོ་ཙམ་དུ་རུང་སྟེ། ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པའི་ཁྲག་ལུད་པ་ནི། གྱེན་དུ་འབྱུང་བ་ཡང་རུང་ཐུར་དུ་འབྱུང་ཡང་རུང་སྟེ་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །ཁྲག་ལུད་པའི་རྐྱེན་གྱིས་སྐྱུགས་པ་དང༌། བརྒྱལ་བ་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། སྐད་འགགས་པ་དང༌། ལུས་ཚ་བར་གྱུར་པ་དང༌། ཁྲག་གི་མདོག་ཤིང་ཛམྦཱུའི་འབྲས་བུ་འདྲ་བ་དང༌། འཇའ་འདྲ་བ་དང༌། མི་རོའི་དྲི་མནམ་པ་ནི་གསོ་བའི་ཐབས་མེད་དོ། །དེ་ལ་ཉམས་སྟོབས་དང་ལྡན་ཞིང་ཟ་ཕོད་པ་ནི། ནད་ཁྲག་ངན་པ་ཐོག་མ་ནས་བཅད་ན། དེ་ལས་ལྐོག་ནད་ལྷ་གོར་དང༌། སྐྲན་དང༌། གཞང་འབྲུམ་དང༌། རིམས་དང༌། མཛེ་ལ་སོགས་པའི་ནད་དུ་འགྱུར་རོ། །དེ་བས་ན་སྔར་གཅད་པར་མི་བྱའོ། །ཁྲག་ལུད་པ་ལ་ཐོག་མར་ནི། ཅི་ནུས་ཀྱིས་སྨྱུང་བའི་ཆོ་ག་བྱའོ། །དེའི་སྐོམ་ནི་ཙན་དན་དཀར་པོ་དང༌། པུ་ཤེལ་ཙེ་དང༌། སྲོ་ལོ་དང༌། གླ་སྒང་རྣམས་ལྷན་ཅིག་སྐོལ་བའི་ཁུ་བ་བླུད་དོ། །ཁྲག་ལུད་པ་གྱེན་དུ་འབྱུང་བ་ལ་ནི་ཐོག་མར་བརྟ་བ་དང༌། བཀྲུ་སྨན་བྱའོ། །ཐུར་དུ་འབྱུང་བ་ནི་ཉམས་སྟོབས་དང་སྦྱར་ཞིང༌། ཐོག་མར་འབྲས་ཐུག་གི་ཆོ་ག་དང༌། སྐྱུགས་པའི་ཆོ་ག་བྱའོ། །དེ་ལ་ལུས་བརྟ་བ་ནི། མར་དང༌། སྦྲང་རྩི་དང༌། འབྲས་བརྡོས་པའི་ཕྱེ་མ་དང་ཁ་ར་རྣམས་སྦྱར་བའི་ནང་དུ།
སྐྱུ་རུ་ར་དང༌། བལ་པོ་སེའུ་བཏབ་སྟེ་རོ་སྐྱུར་བར་བྱས་པ་བླུད་དོ། །དེ་ལ་བཀྲུ་སྨན་ནི་དོང་ཀའི་ཚིག་གུ་དང༌། སྐྱུ་རུ་ར་དང༌། ཤིང་ཉེ་རོང་དང༌། ཨ་རུ་ར་འདི་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཆུ་བསྐོལ་ཏེ་བསྒྲངས་པའི་ནང་དུ་བཏབ་ལ། ཁ་ར་དང་སྦྲང་རྩིས་སྦྱར་ཏེ་གཏང་བར་བྱའོ། །སྐྱུག་སྨན་ནི། གླ་སྒང་དང༌། དུག་མོ་ཉུང་དང༌། ཤིང་མངར་སྐོལ་བའི་ཁུ་བ་བསྒྲངས་པ། པོ་སོན་ཆའི་ཚིག་གུ་དང༌། འོ་མ་དང་སྦྲང་རྩི་དང་སྦྱར་བ་ནི་ཁྲག་ལུད་པའི་ནད་སེལ་བའི་མཆོག་ཡིན་ཏེ་བཏུང་བར་བྱའོ། །ཤ་ཟད་པ་དང་ཉམས་སྟོབས་ཟད་པ་དང༌། བྱིས་པ་དང༌། རྒད་པོ་དང༌། སྐེམ་པའི་ནད་ཡོད་པ་ལ་ནི། སྐྱུག་སྨན་དང་བཀྲུ་སྨན་བྱར་མི་རུང་སྟེ། ཁྲག་འབྱུང་བ་གཅད་པའི་ཆོ་ག་བྱའོ། །དེ་ལ་ཁྲག་འབྱུང་བ་བཅད་པའི་ཆོ་ག་ནི། པ་ཏོ་ལ་དང༌། སྣ་མའི་མེ་ཏོག་དང། ནིམྤ་དང༌། ཙན་དན་རྣམ་གཉིས་དང༌། ཤུག་པ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། མོན་སྲན་སྡེའུ་དམར་རུ་དང༌། བ་ཤ་ཀ་དང༌། སེང་ཕྲོམ་དང༌། ས་ནག་པོ་དང༌། མ་ད་ཡན་ཏི་ཀ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཀ་ཀོ་ལ་དང༌། ར་མཉེའི་རྩ་བ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། ཤིང་མངར་དང༌། ཉེའུ་ཤིང་གི་རྩ་བ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། འབྲས་སྒང་དང༌། སྐྱུ་རུ་ར་དང༌། དྷ་ཏ་ཀའི་མེ་ཏོག་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། སྲོ་ལོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་བཞི་ལས་གང་ཡང་རུང་བ་ཆ་མཉམ་སྟེ་སྐོལ་བའི་ཁུ་བ་བསྒྲངས་པ་དང༌། ཁ་ར་དང༌། སྦྲང་རྩི་དང༌། སྦྱར་བ་ནི་ཁྲག་ལུད་པའི་ནད་མྱུར་དུ་སེལ་བའི་མཆོག་ཡིན་ཏེ་ཤིན་ཏུ་གྲང་མོར་བཏུང་ངོ༌། །པྲི་ཡཾ་ཀུ་དང༌། སྐྱེར་ཁཎྜ་དང༌། ས་ཚིག་པ་དང༌། སེང་ཕྲོམ་རྣམས་ལྷན་ཅིག་ཏུ་ཞིབ་ཏུ་བཏགས་པའི་ཕྱེ་མ། ལྡུམ་བུ་བ་ཤ་ཀ་བརྡུངས་པའི་ཁུ་བའམ། བསྐོལ་བའི་ཁུ་བ་བསྒྲངས་པ་གང་ཡང་རུང་བ་ཁ་ར་དང༌། སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་ལུད་པའི་ནད་སེལ་
ཏོ། །ཆུ་སྲིན་གྱི་སེན་མོ་དང༌། ཤུག་པ་དང༌། གནྡྷ་པྲི་ཡཾ་ཀུ་དང༌། སེང་ཕྲོམ་དང༌། བཙག་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཆར་པའི་ཆུ་ཁ་ར་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་ཁྲག་འབྱུང་བ་གཅོད་དོ། །སེང་ལྡེང་དང། སཔྟ་པརྣ་དང༌། པརྠ་དང༌། ཤལྨ་ལི་དང༌། ཀོ་བི་ད་ར་རྣམས་ཀྱི་མེ་ཏོག་གི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུད་པ་སེལ་ཏོ། །ཨུ་དུམ་བ་ར་དང༌། ཏཾ་པ་ལ་དང༌། ཨ་རུ་ར་དང༌། འབྲ་གོ་དང༌། རྒུན་རྣམས་ཀྱི་འབྲས་བུ་སྨིན་པ་ལས་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུད་པའི་ནད་སེལ་ཏོ། །ཀུ་ཤནྨ་དའི་འབྲས་བུ་རློན་པ་ཤུན་ལྤགས་བཤུས་ལ་ནང་གི་ས་བོན་རྣམས་ཀྱང་བོར་ཏེ། བར་གྱི་ཤ་ཁམ་ཚད་དུ་གཏུབས་ལ། བརྡོས་པ་སྲང་བརྒྱད་བཅྭོ་ཌ་སྲང་བརྒྱད་དང་ཞུན་མར་བཟང་པོ་སྲང་སུམ་ཅུ་རྩ་གཉིས་ལྷན་ཅིག་ཏུ་སྐོལ་བའི་ནང་དུ། དྲི་གསུམ་ཞེས་བྱ་བ། ཤིང་ཚ་དང༌། གནྡྷ་བ་ཏྲ་དང༌། སུག་སྨེལ་རྣམས་དང༌། འུ་སུའི་འབྲས་བུ་དང༌། ན་ལེ་ཤཾ་དང༌། འདི་རྣམས་ལ་སྲང་ཕྱེད་ཕྱེད་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། གོ་སྙོད་རྣམས་ལས་སྲང་གཉིས་གཉིས་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བ་ཏབ་སྟེ་བསྒྲངས་ལ། སྦྲང་རྩི་ཞུན་མར་གྱི་ཕྱེད་དང་སྦྱར་ཏེ་ཟོས་ན་ཡང་ཁྲག་ལུད་པའི་ནད་སེལ་ཏོ། །གློ་རྡོལ་བ་དང༌། གློ་གཅོང་ཟད་བྱེད་ཀྱི་ནད་དང༌། དབུགས་མི་བདེ་བའི་ནད་དང༌། སྙིང་སྟོར་ལྡང་བ་དང༌། ཐིབས་བྱེད་ཅེས་བྱ་བ་དང༌། རིམས་དང༌། སྐོམ་པའི་ནད་དང༌། ལུད་པ་དང༌། སྐྱུག་པ་རྣམས་ཀྱང་འཇོམས་པར་བྱེད་ལ། གློ་ལ་ཕན་ཞིང༌། ཤ་སྐྱེ་བ་དང༌། རོ་ཙ་བ་དང༌། ཉམས་སྟོབས་བསྐྱེད་པ་དང༌། ཤ་མདོག་བཟང་བ་དང༌། སྐད་སྙན་པར་འགྱུར་རོ། །རྒུན་དང༌། འོ་མ་བཞི་པ་ཞེས་བྱ་བ། ས་ལ་པརྞི་དང༌། ཕྲི་ཤཾ་པརྞི་དང༌། མུངྒ་པརྞི་དང༌། མ་ཤ་པརྞི་རྣམས་དང༌། བ་ལ་དང༌། བཅའ་སྒ་དང༌། གཟེ་མ་དང༌། ཉེ་འུ་ཤིང་གི་རྩ་བ་དང༌། འདི་རྣམས་
ལས་གང་ཡང་རུང་བ་འོ་མ་དང་བསྐོལ་ཏེ་འཐུངས་ན་ཡང་ཁྲག་ནད་སེལ་ཏོ། །ཁ་ར་དང༌། ཨེ་ཡ་བ་ལུ་ཀ་དང༌། རྩ་དཱུརྦ་དང༌། ཙན་དན་རྣམ་གཉིས་དང༌། གླ་སྒང་དང༌། ཤུག་པ་དང༌། མེ་ཏོག་ཨུཏྤ་ལའི་གཟེ་མ་དང༌། བཙོད་དང༌། པུ་ཤེ་ལ་ཙེ་རྣམས་ཀྱི་ཕྱེ་མ་ཆ་མཉམ་སྟེ། རའི་མར་དང༌། འོ་མ་མར་གྱི་བཞི་འགྱུར་དང༌། ཆར་པའི་ཆུའི་ནང་དུ་བསྐོལ་ཏེ་མར་གྱི་ཉི་ཚེ་ལུས་པ་ལས་བཏུང་བ་དང༌། མས་བཏང་བ་དང༌། ལུས་བསྐུ་བ་དང༌། སྣར་བླུགས་པ་གང་ཡང་རུང་བ་བྱས་ན་ཡང་ཁྲག་ལུད་པའི་ནད་སེལ་ཏོ། །བི་ད་རི་དང༌། ཤིང་མངར་དང༌། མེ་ད་རྣམ་གཉིས་དང༌། དི་ན་ཏ་ལིའི་ཤིང་ཏོག་དང༌། བལ་པོ་སེའུ་དང༌། ཉེའུ་ཤིང་དང༌། ལྡུམ་བུ་ཀ་ཀོ་ལ་དང༌། ཁ་ལུང་གི་ཤགས་མ་དང༌། འདི་རྣམས་ཆ་མཉམ་སྟེ་ཞིབ་ཏུ་བཏགས་པའི་ཕྱེ་མ། མར་དང༌། འོ་མ་མར་གྱི་བཞི་འགྱུར་དང་ཆུའི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པ་ལས་ཅི་རན་པར་ཟོས་ན་རིམས་སེལ་ཅིང་ཕྱི་ས་འགགས་པ་དང༌། ལྟོ་སྦོས་པ་དང༌། ཟུག་ཅིང་ན་བ་འཇོམས་པར་བྱེད་དེ། ལུད་པ་དང༌། ཁྲག་ལུད་པའི་ནད་མེད་པར་བྱེད་དོ། །སྣ་ནས་ཁྲག་འབྱུང་བ་ལ་ནི། དུང་དང༌། བཙག་དང༌། དྷ་ཏ་ཀའི་མེ་ཏོག་དང༌། ཤིང་མངར་རྣམས་གང་ཡང་རུང་བའི་ཕྱེ་མ་བཙགས་པ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་ཏེ་སྣར་བླུགས་ན་གཅོད་པར་འགྱུར་རོ། །བལ་པོ་སེ་འུའི་ཁུ་བ་དང༌། རྩ་དཱུརྦ་འི་ཁུ་བ་དང༌། ཤིང་ལོག་ཀོག་གི་ཚིག་གུ་དང༌། ཀུན་དོང་གི་ཁུ་བ་འདི་རྣམས་ལས་གང་ཡང་རུང་བ་སྣར་བླུགས་ན་ཡང་སྣ་ཁྲག་ཟག་པ་གཅོད་དོ། །ཁྲག་ལུད་པ་ཐུར་དུ་བྱུང་བ་ལ་ནི། ཁྲག་ཚད་ཀྱི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །ཁྲག་ལུད་པ་ཕོ་མཚན་ནས་འབྱུང་བ་ལ་ནི། མཁྲིས་པ་ལས་གྱུར་པའི་གཅིན་ནད་ཀྱི་ཆོ་ག་རྒྱས་པར་འོག་ནས་འབྱུང་བ་བཞིན་དུ་བྱའོ། །ཁྲག་ལུད་པ་བུད་མེད་ཀྱི་མོ་མཚན་ལས་འབྱུང་བ་ལ་ནི། འོ་མ་ཁ་ར་སྦྲང་རྩི་དང་སྦྱར་བ་བླུད་ན་ཕན་ཏེ་ཞི་བར་འགྱུར་རོ། །ཡང་ན་བཙག་ཡུག་སྣམ། ཤིང་ཛམྦཱུའི་
ལོ་མ་དང༌། ཨུཏྤ་ལའི་རྩ་བ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ནང་དུ་བཏབ་སྟེ་འཐུངས་ན་ཡང་མོ་མཚན་ནས་འབྱུང་བའི་ཁྲག་འཆད་པར་འགྱུར་རོ། །ཡང་ན་སྨན་ཨ་ནནད་དང༌། གནྡྷ་པྲི་ཡཾ་ཀུ་དང༌། ཙན་དན་དང༌། ནཱ་ག་གེ་སར་རྣམས་གང་ཡང་རུང་བའི་ཕྱེ་མ་ཆང་དང་སྦྱར་ཏེ་འཐུངས་ན་ཡང་མོ་མཚན་ནས་འབྱུང་བའི་ཁྲག་འཆད་པར་འགྱུར་རོ། །ཡང་ན་མོན་སྲན་སྡེའུ་དམར་རུའི་རྩ་བའི་ཕྱེ་མ་སྦྲང་རྩི་དང༌། སྐྱེར་ཁཎྜ་རྣམས་འབྲས་བཀྲུས་པའི་ཁུ་བ་སྦྱར་ཏེ་དཀྲུགས་ལ་འཐུངས་ན་ཡང༌། མོ་མཚན་ནས་འབྱུང་བའི་ཁྲག་གི་རྣམ་གྲངས་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ལྡུམ་བུ་བུན་སྣ་བ་དང༌། ཤ་ལུ་ཀ་དང༌། སྲན་ཆུང་དང༌། ཨ་ལམ་བུ་ས་རྣམས་ལས་གང་ཡང་རུང་བ་བཙོས་པས་མོ་མཚན་ལ་དུགས་བྱས་ན་ཡང་ན་བ་སེལ་ཏོ། །ཡང་མུངྒ་པརྞི་བཏགས་ཏེ་ཏིལ་མར་དང་ལྷན་ཅིག་བཙོས་པའི་ནང་དུ། སྲིན་བལ་ལམ། ཤིང་བལ་སྨྱུགས་ལ་མོ་མཚན་གྱི་ནང་དུ་བཞག་ན་ཡང་ཁྲག་གཅོད་ཅིང་འཇམ་ལ་བདེ་བར་འགྱུར་རོ། །སྤྱིར་ན་ཁྲག་ལུད་པའི་ནད་ཡོད་པ་ལ་ནི། ཆུ་གྲང་མོའི་ནང་དུ་འཇུག་པ་དང༌། ལུད་ལ་ཆུ་གྲང་མོ་ཐུགས་པར་སོགས་པ་དགེ་བ་ཡིན་ཏེ། ཁ་ཟས་ཀྱང་སཱ་ལུ་དང༌། མོན་སྲན་སྡེའུ་ལ་སོགས་པ་དང༌། རི་དགས་དང་བྱའི་ཤ་བསིལ་བའི་བག་རྣམས་བཟང་ངོ༌། །ཁྲག་རྒྱས་པའི་ནད་གསོ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།དེ་ནས་གཅོང་ཆེན་པོ་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་གཅོང་ཆེན་པོའི་ནད་ནི། ནད་གཞི་བཞི་ལས་འབྱུང་སྟེ། དེ་ཡང་བརྩལ་དྲགས་པ་དང༌། ཟད་བྱེད་ཀྱི་ནད་དང༌། ཕྱི་ས་དང༌། གཅིན་འགགས་པ་དང༌། དུས་སུ་མི་ཟ་བ་དང་རྒྱུ་འདི་བཞི་ལས་འགྱུང་ངོ༌། །དེའི་མཚན་མ་ནི། སྐད་འགགས་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌།
རིམས་དང༌། ཀླད་པ་ན་བ་དང༌། ཐལ་གོང་ན་བ་དང༌། རྩིབ་ལོགས་ན་བ་དང༌། སྙིང་ན་བ་དང༌། མཁལ་རྐེད་ན་བ་དང༌། ཁྲག་དང༌། བད་ཀན་སྐྱུགས་པ་དང༌། རྣམ་པ་བཅུ་གཅིག་པོ་འདི་རྣམས་ཡིན་ནོ། །མཚན་མ་དེ་དག་གིས་ཉམ་ཐག་པར་གྱུར་ལ། ཤ་བྲད་ཅིང་ཉམས་སྟོབས་མེད་པར་གྱུར་པ་ནི་དོར་བར་བྱའོ། །དེ་མ་ཡིན་པ་གཞན་ནི་སྨན་དང་ལྡན་པ་ཞིག་ན་ཆོ་ག་སྨྱུར་ཏེ་བྱའོ། །ཁ་ནས་རྣག་འདྲ་བ་དང༌། བད་ཀན་དམར་བ་དང༌། སྔོ་སྐྱ་དང༌། ལྗང་གུ་དང༌། སྔོན་པོ་དང༌། སེར་པོ་འབྱུང་ལ་དབུགས་མི་བདེ་བ་དང༌། ལུད་པས་དགར་ཏེ་ཉམ་ཐག་པ་དང་སྐད་འགགས་པ་ནི་མི་འཚོའོ། །ཁ་ཟས་ཕལ་ཆེར་ཕྱི་ས་དང་གཅིན་འབའ་ཞིག་ཏུ་གྱུར་ལ། ཤ་སྐམ་ཞིང་ལུས་ཟུངས་ཟད་དེ། ཕྱི་ས་ཁོང་ན་ཡོད་པ་ཙམ་གྱིས་སྲོག་ཟུངས་བྱས་པ་གང་ཡིན་པ་དེ་ལ་ནི་ཁོང་ན་ཡོད་པ་དེ་མི་བཀྲུ་བར་རྟག་ཏུ་བསྲུང་བར་བྱའོ། །ཉམས་སྟོབས་ཡོད་ལ་གཅོང་ཆེན་པོ་ན་བ་ལ་ནི། གསོ་བའི་ལས་སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྨན་སྣར་བླུགས་པ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བའི་ལས་འདི་ལྔ་བྱའོ། །ལུས་ཀྱི་ཤ་ཟད་པ་ལ་ནི་ལས་ལྔ་པོ་འདི་དག་བྱས་ན་དེ་དག་ཉིད་དུག་དང་འདྲ་བར་འགྱུར་ཏེ་བྱར་མི་རུང་ངོ༌། །གཅོང་ཆེན་པོ་ན་བའི་ཁ་ཟས་ནི། འབྲས་སཱ་ལུ་དང༌། འབྲས་ཞག་དྲུག་ཅུ་པ་སྨིན་པ་དང༌། གྲོ་དང༌། ནས་དང་མོན་སྲན་སྡེའུ་ལ་སོགས་པ་དགེའོ། །སྐོམ་དུ་ནི་ཆང་བཟང་ངོ༌། །བྱ་ནད་ནི་བྱ་དང་རི་དགས་ཀྱི་ཤ་ནད་དེ་དང་འཕྲད་པའི་ཤ་རྣམས་རུང་ངོ༌། །དེའི་སྨན་ནི་པི་པི་ལིང་དང༌། རྒུན་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་ཏིལ་མར་དང༌། མར་སྦྲང་རྩིས་སྦྱར་བའམ། ཡང་ན་ཨ་ཤྭ་གནྡྷ་དང༌། པི་པི་ལིང་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ཞུན་མར་དང་སྦྱར་བ་ཟོས་ན་གཅོང་ཆེན་པོ་སེལ་བར་བྱེད་དོ། །ཡང་ན་བུ་བྲན་ཤིང་དང༌། རྒུན་དང༌། པི་པི་ལིང་དང༌། ཨ་རུ་ར་དང༌། འབྲ་གོ་དང༌། བྱི་ཚེར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བུ་རམ་དང༌། སྐྱུ་རུ་ར་དང༌། འབྲས་ཡོས་དང༌། ཀྲུ་ཏྲུག་ཏྲེས་དང༌།
པི་པི་ལིང་དང༌། བཅའ་སྒ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། མ་ནུ་དང༌། ལི་ཟུར་བ་དང༌། ར་མཉེ་བ་དང༌། ཁ་ར་དང༌། བྱིའུ་རུག་པ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་མར་དང་སྦྲང་རྩི་ཤས་བསྐྱེད་དེ་སྦྱར་བ་ཟོས་ན། ལུད་པ་དང་དབུགས་མི་བདེ་བ་སེལ་ཅིང༌། སྐད་འགགས་པ་འབྱང་བར་འགྱུར་རོ། །བལ་བུའི་ལོ་མ་དང༌། ན་ལེ་ཤམ་དང༌། བཅའ་སྒ་དང༌། པི་པི་ལིང་རྣམས་ཡས་ཀྱི་རིམ་བཞིན་དུ་དང་པོ་ཆ་ལས་རེ་རེས་བསྐྱེད་པ་དང། ཤིང་ཚ་དང༌། སུག་སྨེལ་དང༌། བལ་བུའི་ཚད་ཀྱི་ཕྱེད་ཕྱེད་དང༌། ཁ་ར་པི་པི་ལིང་གི་བརྒྱད་འགྱུར་དང༌། འདི་རྣམས་བཏབ་སྟེ་ལྷན་ཅིག་ཏུ་སྦྱར་བའི་ཕྱེ་མའི་སྨན་གྱིས་ནི། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌། མཆེར་པ་ན་བ་དང༌། རིམས་དང༌། སྐེམ་པའི་ནད་དང༌། ཕོ་བའི་མེ་དྲོད་ཆུང་བ་རྣམས་སེལ་ཞིང་སྙིང་ལ་ཕན་ཏེ། འཁྲུ་བ་དང༌། སྐྲན་དང༌། གཞང་འབྲུམ་དང༌། སྐྱུག་པ་རྣམས་སེལ་ཏོ། །བཅའ་སྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང། ནཱ་ག་གེ་སར་གྱི་མེ་ཏོག་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། འདི་རྣམས་མས་ཀྱི་རིམ་བཞིན་དུ་ཐ་མའི་ཆ་རེ་རེས་བསྐྱེད་པ་དང་དེ་རྣམས་བསྡམས་པའི་ཚད་དང་མཉམ་པའི་ཁ་ར་དང༌། འདི་རྣམས་བཏགས་ཏེ་སྦྱར་བའི་ཕྱེ་མ་ནི་ལྐོག་མ་འགགས་པ་ལ་ཕན་ཞིང༌། སྙིང་ན་བ་དང༌། སྐྲན་དང༌། གཞང་འབྲུམ་གྱིས་ཉམ་ཐག་པ་རྣམས་སེལ་ཏོ། །ཤིང་ཚ་དང༌། སུག་སྨེལ་དང༌། པི་པི་ལིང་དང༌། སྨྱིག་རྐང་དང༌། ཁ་ར་རྣམས་ཡས་ཀྱི་རིམ་བཞིན་དུ་དང་པོའི་ཆ་ཉིས་འགྱུར་ཉིས་འགྱུར་གྱིས་བསྐྱེད་དེ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་མར་སྦྱར་བའི་ཕྱེ་མ་ནི་རྩིབ་ལོགས་ན་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་སེལ་ཞིང་ཡི་ག་འབྱེ་བར་བྱེད་དོ། །ཉེའུ་ཤིང་དང༌། པི་ད་རི་དང༌། ཨ་ཤྭ་གནྡྷ་དང༌། ཨ་རུ་ར་དང༌། པུརྣ་ཎ་བ་
དང། བ་ལ་དང༌། །ཨ་ཏི་བ་ལ་དང༌། ན་ག་བ་ལ་དང༌། གཟེ་མ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཟད་བྱེད་ཀྱི་གཅོང་ཆེན་པོ་ཟད་པར་བྱེད་དོ། །བྲག་ཞུན་དང༌། སྦྲང་རྩི་དང༌། ཚ་བ་གསུམ་དང༌། དྲུབ་མར་ཅང་དང་ལྕགས་ཀྱི་ཕྱེ་མ་རྣམས་སྦྱར་ཏེ་ཟོས་ལ། ཁ་ཟས་སུ་འབྲས་ཆན་དང༌། འོ་མ་ལྡན་པར་ཟ་བ་གང་ཡིན་པ་དེའི་གཅོང་ཆེན་པོ་ནི་མྱུར་དུ་འབྱང་བར་འགྱུར་རོ། །སྦྲང་རྩི་དང༌། དྲུབ་མར་ཅང་དང༌། བྱི་དོང་ག་དང༌། བྲག་ཞུན་དང༌། ལྕགས་ཀྱི་ཕྱེ་མ་དང༌། མར་དང་ཨ་རུ་ར་རྣམས་སྦྱར་བ་ཟ་ཞིང་ཁ་ཟས་མཐུན་ཞིང་འཕྲོད་པ་ཟ་བ་ནི་གཅོང་ཆེན་པོ་མི་བཟད་པ་སེལ་བར་འགྱུར་རོ། །ཡང་ན་གཅོང་ཆེན་པོའི་ནད་ཡོད་པས། ཁ་ར་དང༌། སྦྲང་རྩི་དང༌། མར་གསར་སྦྱར་བའམ། ཡང་ན་མར་དང༌། སྦྲང་རྩི་ཆ་མི་མཉམ་པར་སྦྱར་བ་ཟོས་ལ། ཁ་ཟས་སུ་འབྲས་ཆན་དང༌། འོ་མ་དང་ལྡན་པར་ཟོས་ན་ཤ་བརྟ་བར་འགྱུར་རོ། །སྨན་ནིར་གུནྟིའི་རྩ་བ་དང༌། ལོ་མ་དང་བཅས་པར་བརྡུངས་པའི་ཁུ་བ་མར་དེའི་བཞི་ཆ་དང་ལྷན་ཅིག་ཏུ་སྐོལ་ལ། མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན། གཅོང་ཆེན་པོའི་ནད་ཀྱིས་ལུས་ཟུངས་ཟད་པར་གྱུར་པ་ལས་སླར་ཉམས་སྟོབས་བསྐྱེད་ཅིང་བརྟ་བར་བྱེད་དེ་ནད་དོ་ཅོག་ཀྱང་སེལ་ཏོ། །མ་ནུ་དང༌། ལི་ཟུར་བ་དང༌། རྒུ་ན་དང༌། བ་ལ་དང༌། མེ་ཏོག་ཨུཏྤ་ལ་དང༌། པི་པི་ལིང་དང༌། ཛྷ་ཏ་དང༌། ཛི་བིནྟ་དང། ཤིང་མངར་དང༌། བྱ་གྷྲི་དང༌། ཁྱི་ལྕེ་བ་དང༌། བྱི་ཚེར་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། གཟེ་མ་རྣམས་ཆ་མཉམ་སྟེ་བཏགས་པའི་ཕྱེ་མ་མར་དེའི་བཞི་འགྱུར་དང༌། ཆུ་མར་གྱི་བཞི་འགྱུར་དང་ལྷན་ཅིག་ཏུ་བསྐོལ་ལ་མར་ཉི་ཚེ་ལུས་པར་བྱས་ཏེ་བཙགས་པ་ལས་ཚོད་རན་པར་ཁུ་བཅུད་དང་སྦྱར་བའམ། ཤ་ཁུ་འམ། འོ་མ་སྐོལ་བའམ། ཤིང་ཀུན་ལ་སོགས་པ་སྐོལ་བ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན། གཅོང་ཆེན་པོའི་མཚན་མ་རྣམ་པ་བཅུ་གཅིག་དང་ལྡན་པ་སེལ་བར་འགྱུར་རོ།།
རའི་མར་དང་རའི་འོ་མ་དང་རའི་ཞོ་དང་རའི་གཅིན་དང༌། རའི་རིལ་མའི་ཁུ་བ་འདི་རྣམས་ལན་ཚྭ་རྣམ་པ་ལྔ་དང་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ལ་དེའི་རྗེས་ལ། རའི་འོ་མ་འཐུངས་ན་གཅོང་ཆེན་པོ་སེལ་ཏོ། །ནས་ལས་བྱས་པའི་ཁ་ཟས་ཟོས་ལ་རའི་ར་བར་ཉལ་ཏེ་རའི་འོ་མ་འཐུང་ཞིང་རའི་རིལ་མ་དང་གཅིན་གྱིས་ལུས་དྲིལ་བ་དང༌། ཁྲུས་བྱས་ན་ཡང་ཟད་བྱེད་ཀྱི་གཅོང་ཆེན་པོ་སེལ་ཏོ། །ཏིལ་མར་སྲང་སུམ་ཅུ་རྩ་གཉིས། འོ་མ་དེའི་བཞི་འགྱུར་དང༌། ཤིང་མངར་གྱི་ཕྱེ་མ་སྲང་གཅིག་ངང་བསྐོལ་ཏེ་འོ་མ་དུ་ནས་ཏིལ་མར་བཙགས་ཏེ་དང་ཞིང་དྲི་མ་མེད་པར་བྱས་ལ། ཡང་འོ་མ་བཞི་འགྱུར་དང༌། ཤིང་མངར་གྱི་ཕྱེ་མ་སྲང་གཅིག་དང་བསྐོལ་ཏེ་འོ་མ་དུ་ནས་ཏིལ་མར་བཙགས་ལ། འོ་མ་དང་ཤིང་མངར་གྱིས་སྔ་མ་བཞིན་དུ་བསྣན་ཞིང༌། སྐོལ་བ་དེ་ལྟ་བུའི་ཚུལ་དུ་ཤིན་ཏུ་བསྒྲིམས་ཏེ་ལན་བརྒྱར་སྐོལ་བའི་ཏིལ་མར་གྱི་བཏུང་བ་དང༌། སྣར་བླུགས་པ་དང༌། ལུས་ལ་བསྐུ་བ་དང་མས་བཏང་བ་རྣམས་བྱས་ན། གཅོང་ཆེན་པོ་དང༌། སྙིང་ན་བ་དང༌། རླུང་ནད་དང་སྐྱ་རྦབ་རྣམས་སེལ་ཅིང༌། ནམ་ཚོང་ཡན་ཆད་ཀྱི་ནད་དང༌། སྨྱོ་བྱེད་དང༌། ཁྲག་ལུད་པའི་ནད་དང༌། མེ་དབལ་རྣམས་མེད་པར་བྱེད་དོ། །བིལྦ་ལ་སོགས་པ་རྩ་བ་ལྔ་པ་དང༌། གླ་སྒང་དང༌། བ་ལ་དང༌། ལོ་མ་རྣམ་པ་བཞི་སྟེ། ས་ལ་ང་རྞི་དང། སྲི་ཤན་པརྞི་དང༌། མུངྒ་པརྞི་དང༌། མ་ཤ་པརྞི་རྣམས་དང༌། ལུམ་བུ་རིཏྠི་དང༌། པི་པི་ལིང་དང༌། ལི་ཟུར་པ་དང༌། ཨ་རུ་ར་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། སླེ་ཏྲེས་དང༌། རྒུན་དང༌། བུན་སྣ་བ་དང༌། མེ་ད་དང༌། ཛི་བིནྟ་དང༌། ཀ་ཀ་ན་སི་ཀ་དང༌། མེ་ཏོག་ཨུཏྤ་ལ་དང༌། སུག་སྨེལ་དང༌། ཛ་ད་དང༌། བུ་བྲན་ཤིང་དང༌། བུ་ཚ་རྟོ་དང༌། བྱི་ཚེར་དང༌། ཙན་དན་དང༌། གྱི་ད་རི་དང༌། གཟེ་མ་དང༌། བྱ་གྷྲི་དང༌། མ་ནུ་རྣམས་ལས་སྲང་རེ་རེ་དང༌། སྐྱུ་རུ་ར་འབྲུ་ལྔ་བརྒྱ་དང༌། འདི་
རྣམས་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་དེ་ལྟ་བུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་པ་བཙགས་ལ། ཁུ་བའི་ནང་དུ། ཏིལ་མར་དང༌། ཞུན་མར་ཕྱེད་མ་སྲང་བཅུ་གཉིས་དང༌། ཁ་ར་སྲང་ལྔ་བཅུ་བླུགས་ཏེ་ཡང་བསྐོལ་ལ་བྱོག་ཏུ་རུང་བ་ཙམ་དུ་གྱུར་ཏེ། ཚོས་ནས་ཕྱུང་ལ་བསྒྲངས་པའི་ནང་དུ། པི་པི་ལིང་གི་ཕྱེ་མ་སྲང་གཉིས་དང༌། སྨྱིག་རྐང་སྲང་བཞི་དང༌། སྦྲང་རྩི་སྲང་དྲུག་དང༌། དྲི་སྣ་བཞི་ཞེས་བྱ་བ། ཤིང་ཚ་དང༌། གྷནྡྷ་པ་ཏྲ་དང༌། སུག་སྨེལ་དང༌། ནཱ་ག་ག་སར་རྣམས་ཆ་མཉམ་པ་སྦྱར་བ་སྲང་གཅིག་དང༌། འདི་རྣམས་སྦྱར་བའི་སྨན་གྱི་ལྡེ་གུའི་མིང་ནི། དྲང་སྲོང་ཙྱ་པ་ནའི་སྨན་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ན། སྙིང་ན་བ་དང༌། དབུགས་མི་བདེ་བ་དང༌། སྐོམ་པའི་ནང་དང༌། ལུད་པ་དང༌། དྲེག་དང༌། ཟད་བྱེད་ཀྱི་གཅོང་ཆེན་པོ་རྣམས་ཀྱིས་ཉམ་ཐག་པ་སེལ་ཅིང༌། ཡིད་གཞུངས་པ་དང༌། སྐད་སྙན་པ་དང༌། རོ་ཙ་བར་བྱེད་དེ་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །ཤིང་ཀ་པིཏྟའི་འབྲས་བུ་དང༌། བྱི་ཤལ་གཉིས་ལས་སྲང་བཅོ་ལྔ་བཅོ་ལྔ་དང༌། སྐྱུ་རུར་རློན་པ་སྲང་སུམ་ཅུ་རྩ་གཉིས། སྐོམ་ན་སྲང་བཅུ་དྲུག་དང༌། ཨ་རུ་ར་དེའི་ཕྱེད་དང༌། པི་པི་ལིང་དང༌། ཨེ་ལ་བ་ལུ་ཀ་དང༌། སེང་ཕྲོམ་དང༌། བྱི་དང་ག་དང༌། ན་ལེ་ཤམ་རྣམས་ལས་སྲང་གཉིས་གཉིས་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ལ། བཞི་ཆ་གཅིག་ལུས་པའི་ཁུ་བ་བཙགས་ཏེ་བསྒྲངས་པའི་ནང་དུ་བུ་རམ་སྲང་ཉིས་བརྒྱ་བླུགས་ཏེ་སྦྱར་བ་དེ་འཐུངས་ན། གཞང་འབྲུམ་དང༌། གཅོང་ཆེན་པོ་དང༌། མཛེ་ནད་སེལ་ཞིང༌། སྐྲངས་པ་སྡང༌། སྐྱ་རྦ་བ་དང༌། རིམས་དང༌། མཆེར་བ་ན་བ་དང༌། སྙིང་ན་བ་དང༌། མཁལ་རྐེད་ན་བ་དང༌། སྐྲན་མེད་པར་བྱེད་ལ། ཕོ་བའི་ནད་དང༌། མིག་སེར་དང༌། ཤ་བཀྲ་དང༌། སྲིན་བུ་དང༌། ཡི་ག་འཆུས་པ་རྣམས་སེལ་ཏོ། །གཅོང་ཆེན་པོའི་ནད་ལ་རིམས་ལ་སོགས་པའི་ནད་བླ་གཉན་གཞན་ཞིག་བྱུང་ན།
གསོར་རུང་བ་གང་ཡིན་པ་དེ་དག་སོ་སོའི་གསོ་བའི་ཆོ་ག་བྱའོ། །མདོར་ན་སྐེམ་པའི་ནད་གཅོང་ཆེན་པོ་ཡོད་པ་ལ་ནི་ལུས་བཀྲུ་བ་དང༌། དྲི་བ་ལ་སོགས་པས་ལུས་བརྟ་ཞིང༌། ཉམས་སྟོབས་བསྐྱེད་པར་བྱའོ། །གཅོང་ཆེན་པོ་གསོ་བའི་ལེའུ་སྟེ་བརྒྱད་པའོ།། །།སྐྲན་ཁ་ཟས་ཀྱིས་ཉེས་པ་དང༌། འདུག་ཉལ་ལ་སོགས་པ་གནས་པའི་ཉེས་པ་ལས་རླུང་ལ་སོགས་པ་ཤིན་ཏུ་འཁྲུགས་ནས། ཁོང་པའི་ནང་དུ་སྐྲན་ཕུར་མ་ལྟ་བུར་འདུག་པ་རྣམ་པ་ལྔར་འགྱུར་ཏེ། ལྔ་པོ་དེ་དག་གི་གནས་ནི། གློ་གཡས་གཡོན་དང༌། སྙིང་ག་དང་ཆུ་སོ་རྣམས་ཡིན་ནོ། །གཞན་གང་དེའི་མཚན་མ་དང༌། གསོ་བའི་ཐབས་དང་བཅས་པ་ཡང་བསྟན་པར་བྱ་སྟེ། དེ་ལ་སྐྲན་ནོ་ཅོག་ནི་ཡི་ག་འཆུས་པ་དང༌། ཕྱི་ས་དང༌། གཅིན་སྲི་བ་དང༌། རླུང་གི་ཤས་ཆེ་བ་དང༌། རྒྱུ་མ་འཁྲུག་པ་དང༌། ལྟོ་སྦོ་བ་དང༌། སྒྲེགས་པ་མང་དུ་འོང་བའི་མཚན་མ་རྣམས་ཀྱིས་རྟོགས་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། ཟུག་ཅིང་གཟེར་བ་དང༌། ལྟོ་སྦོ་བ་དང༌། ཕྱི་ས་དང་གཅིན་འགགས་པ་དང༌། སྐྲན་ཉིད་འཕར་བ་དང༌། གནས་འཕོ་བ་དང༌། ཆེ་ཆུང་དུ་འགྱུར་བ་དང༌། ལྟག་པ་དང༌། མགོ་བོ་དང༌། ཟ་འགྲམ་དུ་ཟུག་པ་དང༌། རུ་ཤིང་ན་བ་རྣམས་ཡིན་པར་བསྟན་ཏོ། །མཁྲིས་པ་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། རྡུལ་འབྱུང་བ་དང༌། སྒྲེགས་པ་སྐྱུར་བ་དང༌། ཁར་ཁ་བ་བྲོ་བ་དང༌། སྐྲན་ཉིད་རེག་ཏུ་མི་བཟོད་པ་རྣམས་ཡིན་པར་བསྟན་ཏོ། །བད་ཀན་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། མཆིལ་མ་མང་བ་དང༌། ཡི་ག་འཆུས་པ་དང༌། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། ཁ་ཟས་འཇུར་མི་བཏུབ་པ་དང༌། སྐྲན་ཉིད་སྲ་ཞིང་ཕྱིར་རློ་བ་དང་སྐྱུགས་པ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་སྐྲན་གྱི་མཚན་མ་ནི། སྐྲན་ཉིད་མི་བཟད་
པར་ན་ཞིང་ཚ་འུར་འུར་པོར་འདུག་པ་དང༌། རྡོ་བཞིན་དུ་སྲ་ཞིང་ཕྱིར་རློ་བ་དང༌། སེམས་དང༌། ལུས་དང༌། མེའི་དྲོད་ཉམས་པར་བྱེད་པ་རྣམས་ཡིན་ཏེ། གསོར་མི་རུང་ངོ༌། །བུད་མེད་ཀྱི་ཁྲག་སྐྲན་ནི། མངལ་རླུག་པ་དང༌། བུ་བྱུང་བ་དང༌། ཟླ་མཚན་འཛགས་པ་ལས་འགྱུར་ཏེ། སྐྲན་ཉིད་ན་ཞིང་ཚ་བ་འུར་འུར་པོར་འདུག་པ་སྦྲུམ་མ་དང་འདྲ་བར་འགྱུར་རོ། །དེ་ལ་སྐྲན་གྱིས་ཉམ་ཐག་སྟེ། རུལ་སྦལ་བཞིན་དུ་ཕྱི་རོལ་ཏུ་རློ་ཞིང་རྩ་མངོན་ལ་ནད་མང་པོ་བླ་གཉན་གཞན་གྱིས་ཀྱང་ཐེགས་ཤིང༌། སྙིང་ག་དང༌། ལྟེ་བའི་ཕྱོགས་དང༌། རྐང་ལག་སྐྲངས་ཏེ་མི་བཟོད་པར་གྱུར་པ་ནི་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྲན་ལ་ནི། ཐོག་མར་སྨན་མར་བླུད་དོ། །དེའི་འོག་ཏུ་ཕྱེ་མའི་སྨན་དང༌། ལུས་སྣུམ་གྱིས་བསྐུ་བ་དང༌། དུག་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་རྣམས་ཀྱིས་གསོ་བར་བྱའོ། །དེ་ལ་སྨན་མར་ནི་བྱི་དང་ག་དང༌། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། དབྱི་མོའི་ལོ་མ་དང༌། འུ་སུའི་འབྲས་བུ་དང༌། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་མར་དང༌། འོ་མ་དང༌། ཆུའི་ནང་དུ་བསྐོལ་ལ་མར་ཉི་ཚེ་ལ་ལུས་པ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཁ་རུ་ཚ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཤུ་དག་དང༌། པུ་ཙེ་ཤེལ་དང༌། ཨ་རུ་ར་དང༌། ཀྲུ་ཏྲུག་ཏྲེས་དང༌། བྱི་དང་ག་དང༌། ཚ་བ་གསུམ་པོ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་དེ་དང་མཉམ་པ་དང༌། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང༌། རླུང་ལས་གྱུར་པའི་སྐྲན་ན་བ་དང༌། བཅན་དུ་སེལ་ཅིང་སྐྱིགས་བུ་དང༌། དབུགས་མི་བདེ་བ་དང༌། སྲིན་བུ་དང༌། མཆེར་པའི་ནད་དང་ལུད་པ་རྣམས་སེལ་ཏོ། །བཅའ་སྒ་དང༌། དབྱི་མོང་དང༌། ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ།
སྨན་ཙི་རི་དང༌། བིལྦ་སྐོལ་བའི་ཁུ་བ་དང༌། མར་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པར་བྱས་པ་ནི་སྐྲན་དང༌། རྟུག་སྐམ་དང༌། སྐྱ་རྦབ་དང༌། དབུགས་མི་བདེ་བ་དང༌། ཕོ་བའི་ནད་དང་ལུད་པ་རྣམས་སིལ་ཅིང༌། རིམས་དང༌། ཆམ་པ་དྲག་པོ་དང༌། མཆེར་པའི་ནད་དང༌། གཞང་འབྲུམ་རྣམས་ཞི་བར་བྱེད་པའི་མཆོག་ཡིན་ནོ། །ཤིང་ཀུན་དང༌། སྟར་བུ་དང༌། ཚ་བ་གསུམ་དང༌། བྱེའུ་རུག་པ་དང༌། སུག་སྨེལ་དང༌། ཤུ་དག་དང༌། རྩབས་རུ་ཚ་དང༌། ཁ་རུ་ཚ་དང༌། འུ་སུའི་འབྲས་བུ་དང༌། གོ་སྙོད་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། བལ་པོའི་སེའུ་དང༌། མ་ནུ་དང༌། ཨ་ཛ་གྷནྡྷ་དང༌། ལི་ཟུར་པ་དང༌། ཀྲུ་ཏྲུག་ཏྲེས་དང༌། ལ་ལ་ཕུད་རྣམས་ཀྱི་ཕྱེ་མ་མར་དང༌། ཞོ་མར་དང་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པར་བྱས་པ་ནི་རླུང་ལས་གྱུར་པའི་སྐྲན་དང༌། ཟུག་ཅིང་ན་བ་དང༌། ལྟོ་སྦོ་བའི་ནད་རྣམས་སེལ་ཏོ། །སྤ་མའི་འབྲས་བུ་དང༌། སུག་སྨེལ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཚ་བ་གསུམ་དང༌། དབྱི་མོང་དང༌། ལ་ལ་ཕུད་དང༌། རྒྱམ་ཚ་དང༌། གོ་སྙོད་དང༌། པི་པི་ལིང་གི་རྩ་བ་རྣམས་ཀྱི་ཕྱེ་མ། རྒྱ་ཤུག་གི་འབྲས་བུ་དང༌། ལ་ཕུག་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་སྐྱུར་པོར་གྱུར་པ། ཞོ་དང་མར་འོ་མར་ལྡན་པའི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པས་སྐྲན་དང་ཟུག་ཅིང་ན་བ་དང༌། ཕྱི་ས་འགགས་པ་སེལ་ཅིང༌། མངལ་གྱི་ཉེས་པ་དང༌། ཟས་འཇུར་མི་བཏུབ་པ་དང༌། གཞང་འབྲུམ་དང༌། དབུགས་མི་བདེ་བ་དང༌། སྙིང་ན་བ་དང༌། རྩིབ་ལོགས་ན་བ་རྣམས་མེད་པར་བྱེད་དོ། །མར་དང་སྦྱོར་བའི་སྨན་བསྟན་པ་འདི་དག་ཉིད་ཞིབ་ཏུ་བཏགས་ཏེ་ཆུ་སྐོལ་བ་དང༌། ཞོ་ཁ་ཆུ་དང༌། ཆང་དང༌། རྩབས་སྐྱུར་པོ་དང༌། ཚ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་ཡང༌། སྐྲན་དང༌། ཟུག་ཅིང་ན་བ་ལ་སོགས་པ་སེལ་བར་བྱེད་དོ། །ཤིང་ཀུན་དང༌། ཤུ་དག་དང༌། རྩབས་རུ་
ཚ་དང༌། བཅའ་སྒ་དང༌། ལ་ལ་ཕུད་དང༌། ཨ་རུ་ར་དང༌། ཀྲུ་ཏྲུག་ཏྲེས་དང༌། རུ་རྟ་རྣམས་ཡས་ཀྱི་རིམ་བཞིན་དུ། དང་པོའི་ཆ་རེས་བསྐྱེད་དེ་བཏགས་པའི་ཕྱེ་མ་ཆང་ལ་སོགས་པ་གོང་དུ་སྨོས་པ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན། སྐྲན་དང༌། ལྟོ་སྦོ་བ་དང༌། དམུ་རྫིངས་སེལ་ཏེ། ཟུག་ཅིང་ན་བ་དང༌། གཞང་འབྲུམ་དང༌། དབུགས་མི་བདེ་བ་དང༌། ལུད་པ་འཇོམས་པར་བྱེད་ལ། ཕོ་བའི་དྲོད་བསྐྱེད་པར་བཤད་དོ། །ཤིང་ཀུན་དང༌། ཁ་ལུད་དང༌། སྟར་བུ་དང༌། བལ་པོའི་སེ་འུ་དང༌། རྒྱམ་ཚ་དང༌། རྩབས་རུ་ཚ་རྣམས་ཀྱི་ཕྱེ་མ་ཆང་བཟང་པོ་དང་སྦྱར་ཏེ་འཐུངས་ན་ཡང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །རྩབས་རུ་ཚ་དང༌། ཁ་རུ་ཚ་དང༌། སྟར་བུ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཤིང་ཀུན་རྣམས་ཀྱི་ཕྱེ་མ་ཞོ་ཁ་ཆུ་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན། སྐྲན་དང༌། ཟུག་ཅིང་ན་བ་དང༌། ཕྱི་ས་འགགས་པས་ཉམ་ཐག་པ་བདེ་བར་བྱེད་དོ། །བྱི་དང་ག་དང༌། བྲི་ཧ་ཏཱི་དང༌། དནྟ་འི་རྩ་བ་དང༌། སྣུ་ཧ་ཀྵི་ར་དང༌། འབྲས་བུ་གསུམ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་མར་སྲང་བརྒྱད་དང༌། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ལ། མར་ཉི་ཚེ་ལུས་པ་ལས་ཉིན་རེ་སྲང་ཕྱེད་ཕྱེད་ཤ་ཁུ་དང་སྦྱར་ཏེ་འཐུངས་ནས་ཐུར་དུ་བཀྲུས་པས། ཁ་ཟས་ཤ་དང་ལྡན་པར་ཟོས་ན། སྐྲན་དང༌། རྟུག་སྐམ་དང༌། མཛེ་དང༌། གཞང་འབྲུམ་དང། མེའི་དྲོད་ཉམས་པ་དང༌། དམུ་རྫིངས་རྣམས་མེད་པར་འགྱུར་རོ། །ཤིང་ཉེ་རོང་དང༌། སྣུམ་ཧ་ཀྵི་ར་དང༌། སྐྱུ་རུ་ར་དང༌། བ་ལ་ཀ་དང༌། ཀམ་བི་ལྱ་ཀ་རྣམས་ལས་སྲང་རེ་རེ་དང༌། རྒྱམ་ཚ་སྲང་ཕྱེད་དང༌། འདི་རྣམས་ཀྱི་ཕྱེ་མ་མར་སྲང་བརྒྱད་དང། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པའི་མིང་ནི་དྷི་བིནྡུའི་མར་ཞེས་བྱ་སྟེ། འདི་ལས་ཉིན་རེ་ཞིང་ཞོ་གཉིས་གཉིས་འཐུངས་ལ། ཆུ་སྐོལ་བ་དྲོན་པོས་ཕུལ་ཏེ་ཐུར་དུ་བཀྲུས་ན་སྐྲན་ནོ་ཅོག་དང་དམུ་རྫིངས་ཐམས་ཅད་འཇོམས་པར་
བྱེད་དོ། །མཁྲིས་པ་ལས་གྱུར་པའི་སྐྲན་ཡོང་པ་ལ་ནི། ཐོག་མར་བུ་ཚང་རྟོ་ལ་སོགས་པའི་སྨན་མར་དང༌། མ་ཧཱ་ཏིཀྟ་ཞེས་བྱ་བའི་སྨན་མར་དང༌། བ་ཤ་ཀ་ལ་སོགས་པའི་སྨན་མར་རྣམས་ལས་གང་ཡང་རུང་བ་བཏང་སྟེ། ལྟོ་འཇམ་པོར་བྱས་པའི་རྗེས་ལ་བཀྲུ་སྨན་བཏང་ནས་དེའི་འོག་ཏུ་བཅུད་མས་གཏང་བར་བྱའོ། །ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་དང༌། ཨུཏྤལ་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་རྣམས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་དང༌། མར་གྱི་ནང་དུ་སྨན་འཚོ་བྱེད་ཅེས་བྱ་བ་སྣ་བཅུ་སྔར་བསྟན་པ་རྣམས་ཀྱི་ཕྱེ་མ་བཏབ་སྟེ་བསྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་མཁྲིས་པ་ལས་གྱུར་པའི་ཁྲག་ལུད་པའི་སྐྲན་སེལ་ཏོ། །ཨ་རུ་རའི་ཕྱེ་མ་མར་ཨ་རུ་རའི་བཞི་འགྱུར་དང༌། སྐྱུ་རུ་ར་སྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་བཏབ་སྟེ་བསྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང་མཁྲིས་པ་ལས་གྱུར་པའི་སྐྲན་མྱུར་དུ་སེལ་ཏོ། །ཡང་ན་མཁྲིས་པའི་སྐྲན་ཡོད་པ་ལ་ནི་འབྲས་བུ་གསུམ་སྐོལ་བའི་ཁུ་བའི་ནང་དུ་ཤིང་ཉེ་རོང་གི་ཕྱེ་མ་བཏབ་པ་བླུད་དམ། ཡང་ན་ཁ་ར་དང༌། ཀམ་བྱི་ལའི་སྦྲང་རྩིས་སྦྱར་བ་བཏབ་སྟེ་ཐུར་དུ་བཀྲུ་བར་བྱའོ། །བད་ཀན་ལས་གྱུར་པའི་སྨན་ནི་དུགས་དང༌། བཅིང་བའི་དུགས་དང༌། སྨན་མར་བཏུང་བ་དང༌། བཀྲུ་སྨན་རྣོན་པོ་དང༌། འཇམ་རྩི་མས་བཏང་བ་རྣོན་པོ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་རྣོན་པོ་དང༌། སྔར་རླུང་སྐྲན་གྱི་ཆོ་གར་བསྟན་པ་རྣམས་ཀྱིས་ཀྱང་གསོ་བར་བྱའོ། །དྲོད་བསྐྱེད་པ་ཞེས་བྱ་བའི་སྨན་བཅའ་སྒ་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། དབྱི་མོང་དང༌། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་མར་དང་འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པའི་མིང་ནི་སྲང་དྲུག་པའི་མར་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན་ཡང་བད་ཀན་ལས་གྱུར་པའི་སྐྲན་སེལ་ཏོ། །ཕོ་བའི་ནད་
དང། སྐྱ་རྦབ་ཀྱི་ནད་དང༌། མཆེར་པའི་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། རིམས་འཇོམས་ཤིང་སྐྲངས་པ་དང༌། རྟུག་སྐམ་མེད་པར་བྱེད་དོ། །དོང་ཀ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དང༌། མར་གྱི་ནང་དུ་དྲོད་བསྐྱེད་པ་ཞེས་བྱ་བའི་སྨན་རྣམ་པ་དྲུག་པོ་གོང་དུ་སྨོས་པ་རྣམས་བཏགས་པའི་ཕྱེ་མ་མར་ཉི་ཚེ་ལུས་པའམ། ཡང་ན་པི་པི་ལིང་ལ་སོགས་པ་དང་སྦྱར་བའི་མར་སྔར་བཤད་པ་ལས་རན་པར་འཐུངས་ན་ཡང་བད་ཀན་ལས་གྱུར་པའི་སྐྲན་སེལ་ཏོ། །ཁ་རུ་ཚ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤིང་ཀུན་རྣམས་ཀྱི་ཕྱེ་མ། དར་བ་དང་སྦྱར་ཏེ་འཐུངས་ན་ཡང་མེའི་དྲོད་བསྐྱེད་དོ། །རྩབས་རུ་ཚ་དང་ལ་ལ་ཕུད་ཀྱི་ཕྱེ་མ་དར་བ་དང་སྦྱར་ཏེ་འཐུངས་ན་ཡང་བད་ཀན་དང་རླུང་དང་འཕྲོད། བུད་མེད་ཀྱི་མངལ་གྱི་ཁྲག་ལས་སྐྲན་དུ་གྱུར་པ་ཟླ་བ་བཅུ་འདས་ན་བུ་མ་ཡིན་ཏེ་སྐྲན་ཡིན་པར་གྱུར་ན། སྨན་མར་བླུད་པ་དང་དུགས་བྱས་པས་ལྟོ་འཇམ་པོར་བྱས་པའི་འོག་ཏུ་སྣུམ་པའི་ཆོ་ག་བྱ་སྟེ་བཀྲུ་སྨན་བཏང་ངོ༌། །ཤུ་ཏི་དང༌། ཙི་རི་བིལ་བའི་ཤུན་ལྤགས་དང༌། ཐང་ཤིང་དང༌། བརྒི་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཏིལ་མར་སྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང་མངལ་གྱི་ཁྲག་ལས་གྱུར་པའི་སྐྲན་སེལ་ཏོ། །ཏིལ་སྐོལ་བའི་ནང་དུ། བུ་རམ་དང༌། ཚ་བ་གསུམ་དང༌། ཞུན་མར་དང༌། བརྒི་རྣམས་ཀྱི་ཕྱེ་མ་བཏབ་སྟེ་འཐུངས་ན་ཡང་ཁྲག་གི་སྐྲན་སེལ་ཏོ། །བུད་མེད་ཟླ་མཚན་མི་འབྱུང་བ་ལ་ནི། སྐྱུ་རུ་ར་སྐོལ་བའི་ཁུ་བའི་ནང་དུ་ཤིང་ཀིངྴུ་ཀའི་ཐལ་བ་བླུགས་ལ་བསྐོལ་ཏེ་ཡང་བླུད་དོ། །ཡང་ན་ནས་ཚིག་འཁུས་པའི་ཁུ་བ་དང༌། ཚ་བ་གསུམ་གྱི་ཕྱེ་མ་ཆང་དང་སྦྱར་ཏེ་འཐུངས་ན་ཡང་ཁྲག་གི་སྐྲན་སེལ་ཏོ། །ཁྲག་གི་སྐན་ཁོང་དུ་གྲམ་སྟེ་མངལ་གྱི་ཁྲག་དྲག་ཏུ་འབྱུང་ཞིང་མི་ཆོད་པ་ལ་ནི། ཁྲག་ལུད་པའི་ཆོ་ག་སྔར་བསྟན་པ་དང༌། རླུང་ནད་སེལ་བའི་ཆོ་ག་སྔར་བསྟན་པ་རྣམས་ཀྱིས་བཅད་ཅིང་ན་བ་ཡང་ཞི་བར་བྱའོ། །རླུང་ལ་སོགས་པ་ལས་གྱུར་པའི་ནད་འབྱང་དུ་མི་བཏུབ་པ་
ལ་ནི། སྨན་པ་སྔོན་བྱེད་པ་མཐོང་ཞིང་གོམས་པས་ལག་པའི་རྩ་གཏར་ཞིང༌། བད་ཀན་དང་རླུང་ལས་གྱུར་པའི་སྐྲན་ལ་མེ་བཙའ་གདབ་པར་བྱའོ། །སྐྲན་ཅན་ལ་ནི་མདོར་ན། ཁ་ཟས་ལྕི་བ་དང༌། བད་ཀན་སྐྱེ་བར་འགྱུར་བའི་བག་སྤང་ཞིང། མེའི་དྲོད་དང༌། ཉམས་སྟོབས་རྟག་ཏུ་བསྲུང་བར་བྱ་སྟེ། ཁ་ཟས་དང་བཏུང་བ་རྣམས་ཚ་བས་ཆེ་ཆུང་ལས་དཔག་ཅིང་བཟའ་བར་བྱའོ། །སྐྲན་གསོ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་དམུ་རྫིངས་གསོ་བའི་ལེའུ་བཤད་པར་བྱའོ། །དམུ་རྫིངས་ནི་མེའི་དྲོད་ཆུང་བ་དང༌། ཁ་ཟས་མི་འཕྲོད་པ་ཟོས་པས་ནད་གཞི་འཁྲུགས་ནས། ལུས་རྡུལ་བ་དང༌། ཆུ་གྲང་མོ་འཐུངས་ཏེ་རྩ་དང་འཛག་སྒོ་རྣམས་འགགས་པ་ལས། དམུ་རྫིངས་ཀྱི་ནད་མ་རུངས་པ་རྣམ་པ་བརྒྱད་སྐྱེ་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་དམུ་རྫིངས་ཀྱི་མཚན་མ་ནི། ལྟོར་ཟུག་ཅིང་ན་བ་དང༌། རྡོལ་ལ་ཐུག་པ་ལྟར་ན་བ་དང༌། སྒྲ་འབྱུང་བ་དང༌། རྐང་ལག་དང་རླིག་པ་སྐྲངས་པ་དང༌། གཉེར་མ་ནག་པོ་འབྱུང་ཞིང་རྩ་མངོན་པར་འབྱུང་བ་རྣམས་ཡིན་པར་བཤད་དོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིངས་ཀྱི་མཚན་མ་ནི། ལྟོ་ཤ་རེག་ན་འཇམ་པ་དང༌། རིམས་གྱིས་འདེབས་པ་དང༌། རྡུལ་འབྱུང་བ་དང༌། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། མགོ་འཁོར་བ་དང༌། རྩ་སྔོན་པོ་དང༌། སེར་པོས་གཡོགས་པར་འདུག་པ་རྣམས་ཡིན་པར་བཤད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིངས་ཀྱི་མཚན་མ་ནི། མཆིལ་མ་མང་བ་དང༌། ལུས་ལྕི་བ་དང༌། དབུགས་མི་བདེ་བ་དང༌། གཉིད་ཆེ་བ་དང༌། སྐྲངས་པ་དང༌། ཡི་ག་འཆུས་པ་དང༌། རིམས་ཀྱིས་འདེབས་པ་དང༌། འབྱང་དཀའ་བ་དང༌། ལྟོ་འཁྲང་བ་དང༌། པགས་པ་སྟུག་པ་དང༌། རྩ་མདོག་དཀར་པོས་གཡོགས་པ་རྣམས་ཡིན་པར་ཤེས་པར་བྱའོ། །འདུས་པ་ལས་གྱུར་པའི་དམུ་རྫིངས་ནི། བུད་མེད་ཀྱི་དབང་དུ་བྱ་བའི་ཕྱིར་སྐྲ་དང་སེན་མོ་ལ་སོགས་པ་བྱི་སྟེ་ཟོས་པ་དང༌། འབེབས་པར་བྱེད་པ་དང༌།
ལུས་མ་རུང་བར་བྱེད་པའི་དུག་ལས་ཀྱང་འབྱུང་སྟེ། མཚན་མ་ཐམས་ཅད་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །དམུ་རྫིངས་གློ་གཡས་ཕྱོགས་སུ་འབྱུང་བ་ལ་ནི། མཆིན་པའི་དམུ་རྫིངས་ཞེས་བྱའོ། །གཡོན་ཕྱོགས་སུ་འབྱུང་བ་ནི་མཆེར་པའི་དམུ་རྫིངས་ཞེས་བྱ་སྟེ། འདི་གཉིས་ཀ་ཡང་བད་ཀན་དང་ཁྲག་འཁྲུགས་པ་ལས་འབྱུང་སྟེ། མཁྲིས་པ་དང་བད་ཀན་གཉིས་འདུས་པ་ལས་གྱུར་པ་ཡིན་ནོ། །ཁ་ཟས་བྱ་སྒྲོ་དང་སྤུ་འདྲེས་པ་ཟོས་ཏེ། རྒྱུ་མ་འགགས་ཏེ་ཕྱི་ས་མི་འབྱུང་བ་ལས་གྱུར་པའི་དམུ་རྫིངས། སྙིང་ག་དང་ལྟེ་བའི་བར་གྱི་ནང་དུ་དམུ་རྫིངས་སྐྱེ་བ་ནི་འབྱུང་དཀའ་བ་ཡིན་ཏེ་གཞང་འགགས་པའི་དམུ་རྫིངས་ཞེས་བྱའོ། །ཁ་ཟས་ཟག་རྔུ་དང་བཅས་པ་ཟོས་ན་རྒྱུ་མ་ནང་ནས་བརྟོལ་ཏེ། ཁ་ཟས་ཀྱི་ཁུ་བ་ཕྱིར་ཟགས་པ་ལས་ནང་དུ་གྱུར་ཏེ། ལྟེ་བའི་འོག་ཏུ་ཟུག་ཅིང་ན་བ་བྱུང་བའི་མིང་ནི་རྒྱུ་མ་རྡོལ་བའི་དམུ་རྫིངས་ཞེས་བྱ་སྟེ། དེའི་མཚན་མ་ནི་ཆུ་སོར་ཟུག་པའི་མཚན་མ་ལ་སོགས་པ་སྔར་བཤད་པ་དང་འདྲའོ། །ཆུའི་དམུ་རྫིངས་ཞེས་བྱ་བ་ནི། སྣུམ་བག་འཐུངས་སམ། སྐྱུག་སྨན་ནམ་བཀྲུ་སྨན་བཏང་བའི་རྗེས་ལ། ཆུ་གྲང་མོ་འཐུངས་པ་ལས་ནད་དུ་གྱུར་ན། ལྟོ་བའི་ཕྱོགས་སུ་ཟླུམ་ཞིང་ཆེར་གྱུར་ཏེ། མདོག་སྣུམ་ལ་ལྟོ་རྐྱལ་བ་གང་བ་བཞིན་དུ་གྱུར་པ་ཡིན་ནོ། །དམུ་རྫིངས་རྣམ་པ་བརྒྱད་པོ་འདི་རྣམས་ཀྱི་ནང་དུ་རྒྱུ་མ་བརྡོལ་བའི་དམུ་རྫིངས་དང༌། གཞང་འགགས་པའི་དམུ་རྫིངས་གཉིས་ནི་གསོར་མི་རུང་ངོ༌། །ལྷག་མ་གཞན་ནི་གསོ་དཀའ་བར་བཤད་དེ། དེ་དག་ལས་ཀྱང་ཆུའི་དམུ་རྫིངས་སུ་གྱུར་པ་ནི་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་དམུ་རྫིངས་ལ་ནི་སྨན་སྠི་ར་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང། སྐོལ་བའི་སྨན་མར་བླུད་པ་དང༌། དུགས་བྱ་བ་དང༌། སྣུམ་བག་གི་བཀྲུ་སྨན་བཏང་ལ་ལྟོ་ཞི་བར་གྱུར་ནས། ལྟོ་ཕྱིར་མི་སྐྱེ་བར་རས་ཀྱིས་བཅིང་བ་དང༌། ནད་དེ་དང་འཕྲོད་པའི་སྨན་སྦྱར་བས་ལྟོ་བསྐུས་པའི་སྟེང་ནས། པགས་པ་དྲོད་ཆེ་ཞིང་སྤུ་
འཇམ་ལ་མ་རུལ་བ་ལ་ལིག་ཏོ་བྱས་པ་འམ། དེ་མེད་ན་དར་སྲིན་བལ་ཅན་གྱི་ལིག་ཏོ་འམ། ལུག་ལྤགས་ཀྱིས་བཅིངས་པའི་དུགས་བྱས་ལ། ཀྲུ་ཏྲུག་ཏྲེས་ཀྱི་ཕྱེ་མ་དང༌། ཏིལ་མར་ལྷན་ཅིག་སྐོལ་བའི་འཇམ་རྩི་མས་བཏང་བ་དང༌། སྨན་སྠི་ར་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དང༌། སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། ཁ་ཟས་འོ་མ་དང༌། ཁུ་བཅུད་དང་ཤ་ཁུ་གང་ཡང་རུང་བ་དང་ལྡན་པར་བཟའ་བ་རྣམས་རིམ་བཞིན་དུ་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིངས་ལ་ནི། ཐོག་མར་འཇམ་རྩི་སྨན་རོ་མངར་བའི་ཕྱེ་མ་དང་མར་སྐོལ་བ་འཐུངས་ལ། དེའི་འོག་ཏུ་ཤིང་ཉེ་རོང་དང༌། འབྲས་བུ་གསུམ་གྱི་ཕྱེ་མ་མར་གྱི་ནང་དུ་སྐོལ་བའི་བཀྲུ་སྨན་བཏང་ངོ༌། །ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་མར་དང་སྐོལ་ལ་མར་ཉི་ཚེ་ལུས་པ་སྦྲང་རྩི་དང་ཁ་ར་དང་སྦྱར་བས་བཀྲུ་སྨན་དྲག་པོ་མས་གཏང་བར་བྱ་སྟེ། དེ་ཡང་སྔར་འཇམ་རྩི་མས་བཏང་བ་དང་ལྡན་པར་བྱའོ། །འཇམ་རྩི་མས་བཏང་བ་ནི། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བའི་ནང་དུ་སྨན་གྱི་སྡེ་ཚན་དེ་ཉིད་ཀྱི་ཕྱེ་མ་དང༌། ཏིལ་མར་དང་ལྷན་ཅིག་ཏུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་བཏང་ངོ༌། །དེ་ནས་འབྲས་ཀྱི་འོ་ཐུག་བསྐ་བས་བཅིང་བའི་དུགས་བྱ་སྟེ། ཁ་ཟས་ཀྱང་སྨན་སྠི་ར་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་འོ་མ་དང་བསྐོལ་ལ་འོ་མ་ཉི་ཚེ་ལུས་པ་དང་ལྡན་པར་བཟའོ། །བད་ཀན་ལས་གྱུར་པའི་དམུ་རྫིངས་ལ་ནི་ཐོག་མར་འཇམ་རྩི་པི་པི་ལིང་ལ་སོགས་པ་དང་སྦྱར་བའི་སྨན་མར་སྔར་བཤད་པ་བཏང་ནས་དུགས་བྱས་པའི་འོག་ཏུ། ཤིང་སྣུ་ཧ་ག་ཤི་རི་དང༌། སྐོལ་བའི་མར་གྱི་བཀྲུ་སྨན་བཏང་ངོ༌། །དེ་ནས་སྨན་མུསྐ་ཀ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་ཏིལ་མར་དང༌། བ་གཅིན་དང༌། ཚ་བ་གསུམ་ཀྱི་ཕྱེ་མ་རྣམས་དང་སྦྱར་བའི་བཀྲུ་སྨན་དྲག་པོ་མས་གཏང་བར་བྱ་ཞིང༌། འཇམ་རྩི་
མས་བཏང་བའི་ཆོ་ག་ཡང་བྱ་སྟེ། འཇམ་རྩིམས་གཏང་བ་ནི་སྨན་གྱི་སྡེ་ཚན་གོང་མ་ཉིད་སྐོལ་བའི་ཁུ་བ་དང༌། ཏིལ་མར་དང༌། ཚ་བ་གསུམ་གྱི་ཕྱེ་མ་ལྷན་ཅིག་ཏུ་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་བཏང་ངོ༌། །དེ་ནས་ཕབས་དང༌། ལ་ཕུག་གི་ས་བོན་དང༌། ཡུངས་ཀར་རྣམས་སྦྱར་རེ་བས་བཅིང་བའི་དུགས་བྱའོ། །ཁ་ཟས་ནི་རྒྱ་སྲན་གྱི་ཁུ་བཅུད་དམ་འོ་མ་ཚ་བ་གསུམ་དང་ལྡན་པས་དཔག་ཅིང་བཟའོ། །འདུས་པ་ལས་གྱུར་པའི་དམུ་རྫིངས་ལ་ནི། རླུང་ལས་གྱུར་པའི་དམུ་རྫིངས་ལ་སོགས་གོང་དུ་སྨོས་པ་རྣམས་ཀྱི་ཆོ་ག་སྔར་བསྟན་པ་དེ་དག་ཐམས་ཅད་ཀྱང་སྦྱར་བར་བྱའོ། །ཡང་ན་འདི་ལ་ནི། བོག་དང༌། ཤཾ་ཀི་ནིའི་ཕྱེ་མ་དང་མར་ལྷན་ཅིག་ཏུ་སྐོལ་བའི་བཀྲུ་སྨན་ཡང་བཏང་ངོ༌། །མཆེར་བའི་དམུ་རྫིངས་ཅན་ལ་ཡང༌། འཇམ་རྩི་དང༌། དུགས་དང༌། །བཀྲུ་སྨན་ལ་སོགས་པའི་ཆོ་ག་བྱས་ལ། ལག་པ་གཡོན་པའི་གྲུ་མོའི་ནང་གི་རྩ་ཡང་གཏར་བར་བྱའོ། །བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་དང༌། རྒྱམ་ཚ་དང༌། ཕྱེ་དང༌། ཤུ་དག་རྣམས་ཆ་མ་ཆོམ་དུ་བརྡུངས་ལ་མར་གྱིས་བསྐུས་ཏེ། སྣོད་ཁ་སྦྱར་གྱི་ནང་དུ་བསྣོས་ནས། ཞིབ་ཏུ་བཏགས་ལ་འོ་མ་དང་སྦྱར་ཏེ་འཐུངས་ན་ཡང་སྐྲན་དང་མཆེར་པའི་དམུ་རྫིངས་སེལ་ཏོ། །ཡང་ན་ལེ་ཤམ་དཀར་པོ་སྐོལ་བའི་ཁུ་བ། རྒྱམ་ཚ་དང༌། ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང་སྦྱར་བའམ། ཡང་ན་ན་ལེ་ཤམ་དཀར་པོ་སྐོལ་བའི་ཁུ་བ་ཤིང་བ་ལ་ཤའི་ཐལ་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་ཏེ་བླུད་དོ། །རོ་ཧི་ཏ་ཀ་དང༌། ཨ་རུ་རའི་ཕྱེ་མ་བ་གཅིན་ནམ། ཆུའི་ནང་དུ་སྤངས་ཏེ། འཐུངས་ན་ཡང་དམུ་རྫིངས་ཐམས་ཅད་དང༌། མཆེར་པའི་ནད་དང༌། གཅིན་སྙི་བའི་ནད་དང༌། གཞན་འབྲུམ་དང༌། སྲིན་བུ་དང༌། སྐྲན་སེལ་ཏོ། །ཡང་ན་རྒྱམ་ཚའམ་ཉ་ལྕིབས་བསྲེགས་པའི་ཐལ་བ་འོ་མ་དང་སྦྱར་ཏེ་ཚོད་རན་པར་བཏུང་བར་བྱའོ། །ཡང་ན་འཆེར་པའི་དམུ་རྫིངས་ལ། པི་པི་ལིང་གི་ཕྱེ་མ་འོ་མ་དང་སྦྱར་ཏེ་བླུད་དོ། །མཚེར་པའི་དམུ་རྫིངས་
གསོ་བའི་ཆོ་གར་བསྟན་པ་དེ་ཐམས་ཅད་ནི་མཆིན་པའི་དམུ་རྫིངས་ལ་ཡང་གཏང་བར་བྱའོ། །ཡང་ན་མཆིན་པའི་དམུ་རྫིངས་ལ་ནི། ལག་པ་གཡས་པའི་གྲུ་མོའི་ནང་གི་རྩ་གཏར་བར་བྱའོ། །དམུ་རྫིངས་རྣམས་ལ་ནི་ཕྱིས་ལ་སོགས་པ་ལྟོའི་དྲི་མ་ཤས་ཆེ་བས་ནི། བཀྲུ་སྨན་ལན་མང་དུ་བྱ་བར་བསྟན་ཏོ། །དེ་ནས་དེའི་འོག་ཏུ་དམུ་རྫིངས་ཀྱི་སྤྱིའི་ཆོ་ག་ཞེས་པ་ཡང་བསྟན་པར་བྱ་སྟེ། དམུ་རྫིངས་ལ་ནི་ཨེ་རཎྚའི་མར་འོ་མ་དང་བ་གཅིན་གང་ཡང་རུང་བ་དང་སྦྱར་ཏེ་ལན་མང་དུ་བཏུང་བར་བྱའོ། །ཡང་ན་ཏིལ་མར་ཤིང་ཀུན་དང༌། སྭ་རྩི་ཀའི་ཐལ་བ་དང་སྦྱར་བ་འམ། སྨན་ཛྱོ་ཏི་ཀའི་ཕྱེ་མ་འོ་མ་དང་སྦྱར་བ་བླུད་དོ། །མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་མར་གྱི་བརྒྱད་འགྱུར་གྱི་ནང་དུ། སྣུ་ཧ་ཀྵི་རི་སྲང་གཅིག་དང༌། ཤིང་ཉེ་རོང་གི་ཕྱེ་མ་སྲང་དྲུག་བསྐོལ་ལ། མར་ཉི་ཚེ་ལུས་པར་བྱས་ཏེ། བཙགས་པ་ལས་རན་པར་འཐུངས་ན་ཡང་དམུ་རྫིངས་དང་སྐྲན་སེལ་ཏོ། །འབྲས་བུ་གསུམ་དང༌། བྱ་རྣུ་དང༌། པོག་དང༌། ཤི་དྲོད་དང༌། ཤུ་དག་དང༌། ཁྱི་ལྕེ་བ་དང༌། སྤ་མའི་འབྲས་བུ་དང༌། པུ་ཙེ་ཤེལ་དང༌། ཤིང་ཉེ་རོད་དང༌། རྒྱམ་ཚ་དང༌། པི་པི་ལིང་གི་ཕྱེ་མ་བ་གཅིན་དང༌། ཆུ་སྐོལ་བ་དྲོན་མོ་དང༌། ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་ཡང་སྐྲན་དང༌། དམུ་རྫིངས་དང༌། མཚེར་པའི་ནད་དང༌། མཛེ་དང༌། གཞང་འབྲུམ་དང༌། ཁྲག་ཚད་དང༌། སྐྲངས་པ་འོར་ཐབས་རྣམས་ཀྱིས་ཉམ་ཐག་པ་ཐམས་ཅད་སེལ་ཏོ། །སྨན་བིག་ཤ་ལ་དང༌། ཤིང་ཁི་ནི་དང༌། དནདའི་རྩ་བ་དང༌། ཤིང་ཉེ་རོང་དང༌། ཤིང་དོང་དང༌། འབྲས་བུ་གསུམ་དང༌། ཡུང་དང༌། བྱི་དང་ག་དང༌། ཀཾ་བི་ལྱེ་ཀ་རྣམས་ཀྱི་ཕྱེ་མ། བ་གཅིན་དང་སྦྱར་ཏེ་འཐུངས་ན་ཡང་དམུ་རྫིངས་སེལ་ཏོ། །ཞག་བདུན་གྱི་བར་དུ་ཁ་ཟས་དང་སྐོམ་གཞན་མི་བཟའ་མི་བཏུང་བར། མ་ཧེའི་གཅིན་དང་འོ་མ་སྦྱར་བ་འབའ་ཞིག་བཏུང་ངམ། ཡང་ན་ཟླ་བ་གཅིག་གི་བར་དུ་ཁ་ཟས་དང་སྐོམ་
གཞན་མི་བཟའ་མི་བཏུང་བར། རྔ་མོའི་འོ་མ་འབའ་ཞིག་འཐུངས་ན་ཡང་སྐྲངས་པ་འོར་ཐབས་སུ་སྐྲངས་པ་དང་དམུ་རྫིངས་སེལ་ཏོ། །ཡང་ན་དམུ་རྫིངས་ཅན་ལ་པི་པི་ལིང་གི་ཕྱེ་མ་ཤིང་སྣུ་ཧའི་འོ་མ་ཟགས་པའི་ནང་དུ་སྤངས་པ་ལས་ཅི་རན་པར་བཏུང་ངོ། །ཡང་ན་དམུ་རྫིངས་ཞི་བར་བྱ་བའི་ཕྱིར། དབྱི་མོང་དང༌། ད་ནཱའི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། བྱི་དང་ག་དང༌། ཚ་བ་གསུམ་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བའམ། ཡང་ན་ཐང་ཤིང་དང༌། ཀྲུ་ཏྲུག་ཏྲེས་ཀྱི་ཕྱེ་མ་འོ་མ་དང༌། སྒ་སྐོལ་བའི་ཁུ་བ་གཉིས་ལས་གང་ཡང་རུང་བ་དང་སྦྱར་བ་འམ། ཡང་ན་དབྱི་མོང་དང༌། བཅའ་སྒའི་ཕྱེ་མ་འོ་མ་དང་སྒ་སྐོལ་བའི་ཁུ་བ་གཉིས་ལས་གང་ཡང་རུང་བ་དང་སྦྱར་ཏེ་བཏུང་བར་བྱའོ། །ནས་ཚིག་འཁུས་པའི་ཐལ་བ་དང༌། སྭ་རྩི་ཀའི་ཐལ་བ་དང༌། ཀྲུ་ཏྲུག་ཏྲེས་དང། ཚ་བ་གསུམ་དང༌། ཤི་དོང་དང༌། ལན་ཚྭ་རྣམ་ལྔ་རྣམས་ཀྱི་ཕྱེ་མ་མར་ཁུ་དང་སྦྱར་ཏེ་འཐུངས་ན། སྐྲན་དང་དམུ་རྫིངས་ཐམས་ཅད་སེལ་ཏོ། །དམུ་རྫིངས་སོ་ཅོག་བསལ་བའི་ཕྱིར། སྨན་བྱི་ཤ་ལ་དང༌། ཤིང་ཀི་ནི་དང༌། དནདའི་རྩ་བ་དང༌། ཤི་དོང་དང༌། བྱི་ཚེར་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་ཏེ་བཏུང་བར་བྱའོ། །མདོར་ན་དམུ་རྫིངས་སོ་ཅོག་ནི། ཕལ་ཆེར་ནད་གཞི་མང་པོ་འདུས་པ་ལས་བྱུང་བས་ན། དེའི་ཕྱིར་དམུ་རྫིངས་སོ་ཅོག་ལ་རླུང་ལ་སོགས་པའི་ནད་གཞི་རྣམས་ཞི་བར་བྱ་བའི་ཆོ་ག་བྱའོ། །རྒྱུ་མ་རྡོལ་བའི་དམུ་རྫིངས་དང༌། ཆུའི་དམུ་རྫིངས་དང༌། གཞང་འགགས་པའི་དམུ་རྫིངས་འདི་གསུམ་ལ་ནི། སྨན་པ་ཆོ་ག་ཤེས་པས་སོ་ཤི་རྡོ་བར་དམ་བཅས་ལ་ལྟ་དབུག་པ་དང་དྲལ་བའི་ཆོ་ག་ཡང་བྱའོ། །དམུ་རྫིངས་རྣམས་ཀྱིས་ཉམ་ཐག་པའི་ཁ་ཟས་སུ་ནི། །འབྲས་སཱ་ལུ་རྣམས་དང༌། ནས་དང༌། མོན་སྲན་སྡེའུ་དང༌། འོ་མ་དང༌། སྲོག་ཆགས་རྣམས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ཉམས་སྟོབས་ལས་དཔགས་ཏེ་དལ་ཞིང་བཏུང་བར་བྱའོ། །དམུ་རྫིངས་ཅན་ལ་ནི་ཆུ་བཏུང་བ་དང་ཉིན་པར་གཉིད་ལོག་པ་དང༌།
ཁ་ཟས་ལྕི་བ་དང༌། བད་ཀན་བསྐྱེད་པའི་བག་དང་དྲག་ཤུལ་གྱི་བག་མི་བྱའོ། །བཞོན་པ་ལ་ཞོན་པ་རྣམས་ཡོངས་སུ་སྤང་བར་བྱའོ། །དམུ་རྫིངས་གསོ་བའི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།དེ་ནས་གཅིན་སྙི་བའི་ནད་གསོ་བ་བཤད་པར་བྱ་སྟེ། ཁ་ཟས་མི་འཕྲོད་པ་ཟོས་པ་དང༌། འདུག་ཉལ་ལ་སོགས་པ་གནས་པའི་ཉེས་པ་ལས། གཅིན་སྙི་བའི་ནད་རྣམ་པ་ཉི་ཤུ་འབྱུང་བར་བཤད་དེ། དེ་ཡང་གཅིན་སྙི་བའི་ནད་དུ་གྱུར་གཅིན་སྙི་པའི་ནད་ཡིན་ནོ་ཞེས་དྲང་སྲོང་ཐུབ་པ་རྣམས་ཀྱིས་གསུངས་སོ། །གཅིན་སྙི་བའི་ནད་དེས་ཐོག་མར་འདེབས་པའི་མཚན་མ་ནི། སོ་ལ་སོགས་པ་ཤིན་ཏུ་དྲི་མ་ཆེ་བར་འགྱུར་བ་དང༌། རྐང་ལག་ཚ་བ་དང༌། ལུས་ཀྱི་མདོག་དམར་པོར་གྱུར་པ་དང༌། སྐོམ་དད་ཆེ་བ་དང༌། ཁར་མངར་བ་བྲོ་བ་རྣམས་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་གཅིན་སྙི་བའི་ནད་ཀྱི་མིང་ནི། ཆུ་འདྲ་བ་ཞེས་བྱ་བ་དང་བུ་རམ་ཤིང་གི་ཁུ་བ་དང་འདྲ་བ་དང༌། ཆང་འདྲ་བ་དང༌། འབྲས་ཕྱེ་འདྲ་བ་དང༌། ཕྱེ་མ་འདྲ་བ་དང་བསྐ་བ་དང༌། འབྲེད་བ་དང༌། ལན་ཚྭ་འདྲ་བ་དང༌། དབུ་བ་འདྲ་བ་དང༌། ཁུ་ཆུ་འདྲ་བ་ཞེས་བྱ་བ་དང་རྣམ་པ་བཅུའོ། །མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་ཀྱི་མིང་ནི་ལྗང་སེར་ཞེས་བྱ་བ་དང༌། སྔོན་པོ་དང༌། བཙོད་ཁ་དང༌། ཐལ་ཁ་དང༌། ཁྲག་འདྲ་བ་དང༌། སྒྱུར་བ་ཚོས་པ་ཞེས་བྱ་བ་དང་རྣམ་པ་དྲུག་གོ །རླུང་ལས་གྱུར་པའི་གཅིན་སྙི་བའི་ནད་ཀྱི་མིང་ནི། མར་ཁུ་དང་འདྲ་བ་ཞེས་བྱ་བ་དང༌། སྦྲང་རྩི་འདྲ་བ་དང༌། གླང་པོ་ཆེའི་གཅིན་འདྲ་བ་དང༌། ཞག་འདྲ་བ་ཞེས་བྱ་བ་དང་རྣམ་པ་བཞིའོ། །གཅིན་སྙི་བའི་ནད་འདི་དག་ཐམས་ཅད་ཀྱི་མཚན་མ་ནི། སོ་སོའི་མིང་དུ་སྨོས་པའི་དོན་བཞིན་དུ་ལྟའོ། །དེ་ལ་བད་ཀན་ལས་གྱུར་པ་རྣམས་ནི་གསོ་སླ་བར་བཤད་དོ། །རླུང་ལས་གྱུར་པ་རྣམས་ནི། གསོར་མི་རུང་བར་མཐོང་ངོ༌། །
མཁྲིས་པ་ལས་གྱུར་པ་རྣམས་ནི། ཁ་ཟས་དང༌། སྨན་གྱིས་གསོ་ཙམ་དུ་འཇོག་ནུས་སོ། །དེ་ལས་བད་ཀན་ལས་གྱུར་པའི་གཅིན་སྙི་བའི་ནད་ཡོད་པ་ལ་ནི། སྨན་ལ་ལ་ཕུད་དང༌། པདྨའི་རྩ་བ་དང༌། སླེ་ཏྲེས་དང༌། ཨ་རུ་ར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བ་ཐ་དང༌། སྐྱེར་པ་དང༌། བྱི་དང་ག་དང༌། ཡུང་དང༌། ཨརྫུ་ན་དང༌། བྱི་ཚེར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བྱི་དང་ག་དང༌། ཡུང་དང༌། སྐྱེར་པ་དང༌། ཨ་རུ་ར་དང༌། རྒྱ་སྤོས་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་སཱ་ལ་དང༌། ཨརྫུ་ན་དང༌། ཀ་ད་མ་པ་དང༌། སྐྱེར་བ་དང། ལ་ལ་ཕུད་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཙན་དན་དཀར་པོ་དང༌། ཨ་ཀ་རུ་དང༌། རུ་རྟ་དང༌། ཐང་ཤིང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཀཏྤ་ལ་དང༌། གླ་སྒང་དང༌། པ་ཐ་དང༌། ཏི་རི་ཏ་དང༌། ཨ་རུ་ར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨཾ་པ་ཤྠ་དང། སེང་ལྡེང་དང༌། སྐྱེར་པ་དང༌། ཨགྨི་མནྠ་དང༌། འབྲས་བུ་གསུམ་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་བདུན་པོ་འདི་རྣམས་ལས། གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་ཤས་ཆེར་སྦྱར་ཏེ་བླུད་དོ། །མཁྲིས་པ་ལས་གྱུར་པའི་གཅིན་སྙི་བའི་ནད་ཡོད་པ་ལ་ནི། པ་ཊོ་ལ་དང༌། ནིམྦའི་ལོ་མ་དང༌། སླེ་ཏྲེས་དང༌། སྐྱུ་རུ་ར་དང༌། གླ་སྒང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། པུ་ཤེལ་ཙེ་དང༌། ནི་ལ་བ་རི་དང༌། གླ་སྒང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། པདྨའི་རྩ་བ་དང༌། ཤུག་པ་དང༌། གླ་སྒང་དང༌། ཨ་རུ་ར་དང༌། དུག་མོ་ཉུང་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨུ་དི་ཙྱེ་དང༌། དྷ་ཏ་ཀའི་མེ་ཏོག་དང༌། སེང་ཕྲོམ་དང༌། ཀ་ལི་ཡ་ཀ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཨུཏྤ་ལ་དང༌། པུ་ཤེལ་ཙེ་དང༌། སེང་ཕྲོམ་དང༌། ཨརྫུ་ན་དང༌། ཙན་དན་དཀར་པོ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་པ་ལྔ་པོ་འདི་རྣམས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་ལ་སྦྲང་རྩི་དང་སྦྱར་ཏེ་བླུད་དོ། །གཅིན་སྙི་བའི་ནད་ལ། རླུང་གཙོ་བོར་གྱུར་ལ། བད་ཀན་
དང། མཁྲིས་པ་གཉིས་ལས། གཅིག་གྲོགས་སུ་གྱུར་ན། གང་གྲོགས་སུ་གྱུར་པ་རྟོགས་པར་བྱ་སྟེ། བད་ཀན་གྲོགས་སུ་གྱུར་པ་ལ་ནི་དེ་དང་འཕྲད་པའི་སྨན་རོ་ཚ་ཞིང་དྲོད་ཆེ་བའི་མཐུ་དང་ལྡན་པ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང༌། སྨན་གྱི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་ལས་ཅི་རན་པར་བླུད་དོ། །མཁྲིས་པ་གྲོགས་སུ་གྱུར་པ་ལ་ནི། དེ་དང་འཕྲོད་པའི་སྨན་རོ་མངར་ཞིང་བསིལ་བའི་མཐུ་དང་ལྡན་པ་རྣམས་ཀྱི་ཕྱེ་མ། མར་དང༌། སྨན་གྱི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པ་ཅི་རན་པར་བླུད་དོ། །སླེ་ཏྲེས་རློན་པའི་ཁུ་བ་བཙིར་བ་འམ། སྐམ་པོ་སྐོལ་བའི་བསྒྲངས་པ་ལ་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང་གཅིན་སྙི་བའི་ནད་ཐམས་ཅད་སེལ་ཏོ། །སྐྱུ་རུ་ར་རློན་པ་བཙིར་པའི་ཁུ་བ་འམ། སྐམ་པོ་བཙོས་པའི་ཁུ་བ་བསྒྲངས་པའི་ནང་དུ་ཡུང་གི་ཕྱེ་མ་དང་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་དང༌། ཐང་ཤིང་དང༌། སྐྱེར་པ་དང༌། གླ་སྒང་རྣམས་སྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་སྦྱར་བའམ། ཡང་ན་དུག་མོ་ཉུང་གི་ཤིང་སབྟ་རྞ་དང༌། སྐྱེར་པ་དང༌། ཀྲུ་ཏྲུག་ཏྲེས་དང༌། འབྲས་བུ་གསུམ་པོ་རྣམས་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་འཐུངས་ན་གཅིན་སྙི་བའི་ནད་སེལ་ཏོ། །ཤིང་སཱ་ལ་དང༌། སྤུ་སྐར་དང༌། ཀཾ་བི་ཀ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་སྐྱུ་རུ་རའི་ཁུ་བ་དང་སྦྲང་རྩིར་སྦྱར་ཏེ་འཐུངས་ན་ཡང་གཅིན་སྙི་བའི་ནད་ཐམས་ཅད་སེལ་བའི་མཆོག་ཡིན་ནོ། །ཡང་ན་འབྲས་བུ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། བྲག་ཞུན་སྦྲང་རྩི་དང་སྦྱར་བའམ། ལྕགས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། །སྨན་གྱི་ལྡེ་གུ་གཅིན་སྙི་བའི་ནད་བཟློག་པའི་ཕྱིར་བཟའ་བར་བྱའོ། །སེང་ཕྲོམ་དང༌། སུག་སྨེལ་དང༌། ཀྲུ་ཏྲུག་ཏྲེས་དང༌། དནདའི་རྩ་བ་དང༌། པ་ཐ་དང༌། གནྡྷ་བ་ཏྲ་དང༌། ཤིང་ཚ་དང༌། ནཱ་ག་གེ་སར་དང༌། གླ་བ་དང༌། མ་ནུ་དང༌། ཚ་བ་གསུམ་དང༌། རྩ་མཁྲིས་དང༌།
ཐང་ཤིང༌། དུག་མོ་ཉུང་དང༌། བི་ཤལ་དང༌། བོང་ང་དཀར་པོ་དང༌། བརྒི་དང༌། རུ་རྟ་དང༌། མུ་རྭ་དང༌། གནྡྷ་པྲི་ཡཾ་ཀུ་དང༌། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་དང༌། དབྱི་མོང་དང༌། པི་པི་ལིང་དང༌། རྩ་བ་དང༌། ལ་ལ་ཕུད་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་ནས་བསྒྲངས་ཏེ་བཙགས་ལ། སྦྲང་རྩི་སྨན་གྱི་ཁུ་བ་གདུས་པ་དེའི་ཕྱེ་དང་སྦྱར་ནས། བུམ་པ་མར་སྣོད་དུ་བྱས་པའི་ནང་དུ་བླུགས་ཏེ་ཁ་བཅད་ལ་ཟླ་བ་ཕྱེད་ཀྱི་བར་དུ་ནས་ཀྱི་ནང་དུ་བཞག་པའི་སྦྲང་ཆང་འདི་ལས་ཉིན་རེ་བཞིན་སྲང་གཉིས་གཉིས་འཐུངས་ན་ཡང་གཅིན་སྙི་བའི་ནད་སེལ་ཞིང༌། ཕོ་བའི་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། གཞང་འབྲུམ་དང༌། མཛེ་དང༌། ཡི་ག་འཆུས་པ་རྣམས་འཇོམས་པར་བྱེད་དོ། །གཅིན་སྙི་བའི་ནད་ཡོད་པའི་ཁ་ཟས་ནི། ཚོད་མ་ཁ་བའི་བག་དང༌། སྐམ་ས་ན་གནས་པའི་རི་དགས་ཤ་བཀྲའི་ཤ་དང༌། བྱ་ཤ་དང༌། ནས་ལས་བྱས་པའི་ཁ་ཟས་དང༌། མོན་སྲན་སྡེའུ་དང༌། འབྲས་སཱ་ལུ་དང༌། ཞག་དྲུག་ཅུ་སྨིན་པ་རྣམས་དགེ་འོ། །སྐོམ་དུ་ནི་བུ་རམ་དང༌། རྒུན་ཆང་དང༌། སེང་ལྡེང་གི་སྙིང་པོ་ལ་སོགས་པ་སྐོལ་བའི་ཁུ་བ་དང༌། སྦྲང་ཆང་དང༌། རྩྭ་ཀུ་ཤ་སྐོལ་བའི་ཁུ་བ་དང༌། འབྲས་བུ་གསུམ་སྐོལ་བའི་ཁུ་བ་རྣམས་གཅིན་སྙི་བའི་ནད་ལ་བསྔགས་པ་ཡིན་ནོ། །གཅིན་སྙི་བའི་ནད་ཀྱི་རྐྱེན་གྱིས་ཕོལ་མིག་རྣམས་མང་པོ་འབྱུང་སྟེ། ཐོག་མ་འབྱུང་བའི་ཚེ་ནི་རྩ་ནས་ཁྲག་དབྱུང་བར་བྱའོ། །ཕོལ་མིག་སྨིན་པ་ནི་བརྟོལ་ལ་རྨ་གསོ་བའི་ཆོག་བཞིན་དུ་བྱའོ། །གཅིན་སྙི་བའི་ནད་གསོ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་བམ་པོ་བཞི་པའོ། །དེ་ནས་མཛེ་ནད་གསོ་བའི་ལེའུ་བཤད་པར་བྱའོ། །མཛེ་ནད་ནི་སྡིག་ཅན་དང༌། ཁ་ཟས་ངན་པ་ཟོས་ཏེ་ནད་གཞི་གསུམ་འཁྲུགས་ནས། པགས་པ་དང༌། ཤ་དང༌། ཁྲག་དང༌། ཆུ་སེར་རྣམས་མ་རུང་བར་གྱུར་པ་ལ་མཛེ་ནད་
རྣམ་པ་བཅོ་བརྒྱད་དུ་འགྱུར་ཏེ། མཛེ་ནད་ཨུ་དུམྦཱ་ར་ཞེས་བྱ་བ། ཨུ་དུམྦཱ་རའི་འབྲས་བུ་འདྲ་བ་དང༌། ཤ་གཟི་གུ་ཞེས་བྱ་བ་དུང་གི་ཁ་དོག་འདྲ་བ་དང༌། ཀ་ཀ་ན་ཞེས་བྱ་བ་འོལ་མ་སེའི་འབྲས་བུ་སྨིན་པ་དང་འདྲ་བ་དང༌། པགས་པ་ཤུལ་གྲུབ་ཅེས་བྱ་བ་གླང་པོ་ཆེའི་པགས་པ་འདྲ་བ་དང༌། པདྨ་དཀར་པོ་ཞེས་བྱ་བ་རང་གི་མིང་གི་མདོག་འདྲ་བ་དང༌། རི་དགས་རི་ཤའི་ལྕེ་འདྲ་བ་ཞེས་བྱ་བ་རྩུབ་པོ་དང༌། རྨ་ཁ་བརྒྱ་པ་ཞེས་བྱ་བ་རྨ་མང་པོ་དང༌། ཁྱབ་པ་རྡུལ་མེད་ཅེས་བྱ་བ་དང༌། པགས་པ་མྱགས་པ་ཞེས་བྱ་བ་པགས་པ་ཟད་པ་དང༌། རྐང་པ་ཞིགས་པ་ཞེས་བྱ་བ་རྐང་པ་སེར་ག་མང་པོ་འགས་པ་དང༌། མཛེ་ནད་རྣམ་པ་བཅུ་པོ་འདི་དག་ནི་གསོར་མི་རུང་ངོ༌། །ལྷག་མ་བརྒྱད་ནི་གསོར་རུང་བ་ཡིན་ཏེ། མཛེ་ནད་གྱ་མོ་འདྲ་བ་ཞེས་བྱ་བ་མདོག་གནག་ཅིང་རྩུབ་པ་དང༌། མེ་དབལ་ཞེས་བྱ་བ་རྨ་ཁ་ཆེན་པོ་དང༌། འབྲུམ་བུ་ཕྲ་མོ་ཞེས་བྱ་བ་ཤ་རྨེན་འདྲ་ཞིང༌། མདོག་སྔོ་སྐྱར་འདུག་པ་དང༌། ཤུ་བ་ཞེས་བྱ་བ་འབྲུམ་བུ་མང་པོ་ཕྱོགས་གཅིག་ནས་འབུད་པ་དང༌། ཤ་བཀྲ་ཞེས་བྱ་བ་ཀུ་བའི་མེ་ཏོག་འདྲ་བ་དང༌། ཐིག་ལེ་ཞེས་བྱ་བ་མདོག་སྣུམ་ཞིང་འབྱང་དཀའ་བ་དང༌། གཡན་པ་ཞེས་བྱ་བ་འབྲུམ་བུ་མདོག་དཀར་ཞིང་དམར་བ་དང༌། རྐང་ཤུ་ཞེས་བྱ་བ་འབྲུམ་བུ་འཛག་པ་རྣམས་སོ། །དེ་ལ་རླུང་ལས་གྱུར་པའི་མཛེ་ནི། མཁྲང་ཞིང་མདོག་སྔོ་སྐྱར་འདུག་པ་དང་དམར་ཞིང་རྩུབ་ལ་མི་བཟད་པར་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མཛེ་ནི་ལུས་ཚ་ཞིང་ཤིན་ཏུ་མྱགས་ལ་ཁྲག་འཛག་པ་ཡིན་པར་བཤད་དོ། །བད་ཀན་ལས་གྱུར་པའི་མཛེ་ནད་ནི་ལུས་རུལ་ཞིང་པགས་པ་སྟུག་ལ་གཡའ་ཞིང་མདོག་སྣུམ་པ་དང་དཀར་ཞིང་ལྕི་བ་ཡིན་ནོ། །དེ་ལ་ནད་གཞི་གསུམ་ལས་གྱུར་པའི་མཛེ་ནད་ཀྱི་མཚན་མ་ནི་ཚུལ་ཐམས་ཅད་དང་ལྡན་པའམ། ནད་བླ་གཉན་མང་པོས་ཐེབས་པ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །མཛེ་བོ་ཅོག་ནི་ཕལ་ཆེར་ནད་གཞི་གསུམ་ཆར་འདུས་པ་དང༌། ཁྲག་
རྒྱས་པ་ལས་འབྱུང་བར་བཤད་པས་ན། མཛེ་ནད་ཚབས་ཆེན་པོ་ཉམས་སྟོབས་ཡོད་ལ་སྔར་ཡང་སྣུམ་བཅུད་བཏང་བ་ལ་ནི་རྩ་གཏར་ཞིང་ཁྲག་དབྱུང་བར་བྱའོ། །མཛེ་ནད་ཚབས་ཆུང་ངུ་ལ་ནི་ཞལ་ཞལ་གདབ་པ་དང༌། རྔབ་རུས་གཞིབས་པ་དང༌། ཀུ་བས་ཁྲག་དྲང་བ་དང༌། སྲིན་བུ་པད་པ་ལ་འཇིབ་ཏུ་གཞུག་གོ །ནད་གཞི་ཅི་འདྲ་བ་ལས་སྐྱུག་སྨན་དང་བཀྲུ་སྨན་ཡང་བཏང་ངོ༌། །མཛེ་ནད་གཏར་ག་བྱར་མི་རུང་བ་དང༌། ཚོར་བ་མེད་པ་བེམ་བེམ་པོ་ལ་ནི་སྨན་མུ་ཀའི་ཐལ་བ་དང༌། ཏིལ་གྱི་སོག་མའི་ཐལ་བ་ལ་སོགས་པས་གདབ་བོ། །མཛེ་ཚོར་བ་མེད་པ་བེམ་བེམ་བོར་གྱུར་པ་དང༌། པགས་པ་མཁྲང་པོར་འདུག་པ་དང་འབྱང་དུ་མི་བཏུབ་པ་རྣམས་ལ་ནི། མདའ་དུག་ལ་སོགས་པས་སྔགས་དང་ལྡན་པར་བྱ་སྟེ་ལུས་ལ་བསྐུ་བར་བྱའོ། །པ་ཏོ་ལ་དང༌། འབྲས་བུ་གསུམ་དང༌། ཨ་རིཥྜ་དང༌། སླེ་ཏྲེས་དང༌། དྷ་བ་ནི་དང༌། བ་ཤ་ཀ་དང༌། ཀ་རཉྫ་རྣམས་བཏགས་པའི་ཕྱེ་མ་དང་ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་རྡོ་རྗེ་ཅན་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་མཛེ་ནང་སེལ་ཏོ། །ཁ་བ་ཆེན་པོ་ཅི་སྐྲིགས་ཞེས་བྱ་བའི་མར་ནི། རྩ་མཁྲིས་དང༌། འབྲས་བུ་གསུམ་དང༌། པུ་ཤེལ་ཙེ་དང༌། པ་ཋ་དང༌། ཨ་རིཥྚ་དང༌། གླ་སྒང་དང༌། བྱི་ཚེར་དང༌། ཤིང་མངར་དང༌། ཐལ་ཏྲེས་རྣམ་གཉིས་དང༌། པུ་ཙེ་ཤེལ་དང༌། ཁྱི་ལྕེ་བ་དང༌། ཙན་དན་དཀར་པོ་དང༌། སླེ་ཏྲེས་དང༌། པི་པི་ལིང་དང༌། ཤུག་པ་དང༌། ཤུ་དག་དང༌། པི་ཤ་ལ་དང༌། དུག་མོ་ཉུང་གི་འབྲས་བུ་དང༌། བ་ཤ་ཀ་དང༌། མུརྦ་དང༌། པ་ཏོ་ལ་དང༌། དོང་ཀ་དང༌། སྲོ་ལོ་དང༌། བོང་ང་དཀར་པོ་དང༌། ཡུང་དང༌། བ་མཁལ་དང༌། ཉེའུ་ཤིང་གི་རྩ་བ་དང༌། འདི་རྣམས་ཀྱི་ཕྱེ་མ་སྤྱིར་མར་གྱི་བཞི་ཆ་གཅིག་དང༌། སྐྱུ་རུ་རའི་ཁུ་བ་མར་གྱི་ཉིས་འགྱུར་དང༌། ཆུ་མར་གྱི་བརྒྱད་འགྱུར་དང༌། འདི་རྣམས་མར་དང་བསྐོལ་ཏེ་མར་ཉི་ཚེ་ལུས་
པར་བྱས་ནས་བཙགས་ཏེ། དེ་ལས་རན་པར་ཟོས་ན་ཡང་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་དྲག་པོ་དང༌། མཛེ་དང༌། འབྲས་དང༌། སྐྱ་རྦབ་རྣམས་སེལ་ཅིང༌། རིམས་དང་སྨྱོ་བ་དང༌། འབྲས་ཀྱི་ཕྲེང་བ་རྣམས་མེད་པར་བྱེད་དོ། །མཁྲིས་པ་དང༌། ཁྲག་ཤས་ཆེ་བའི་མཛེ་ནད་ལ་ནི། མར་པ་ཊོ་ལའི་ཕྱེ་མ་དང་སྐོལ་བའམ། སྐྱེར་པའི་ཕྱེ་མ་དང་སྐོལ་བའམ། སེང་ལྡེང་གི་ཕྱེ་མ་དང་སྐོལ་བའམ། ནིམ་པའི་ཕྱེ་མ་དང་སྐོལ་བའི་མར་བླུད་དོ། །ཡང་ན་སྨན་ཨ་བརྟ་ཀའི་ཕྱེ་མ་སྲང་བརྒྱད་མར་སྲང་སུམ་ཅུ་རྩ་གཉིས་དང༌། ཆུ་སྲང་བརྒྱའི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་ཅི་རན་པར་རྩབས་དྲོན་པོ་དང་སྦྱར་ཏེ་འཐུངས་ལ་སྨན་ཁོང་དུ་ཞུ་བའི་འོག་ཏུ་ཟས་སུ་ཀོ་དྲ་བའི་ཆན་བཟའ་བར་བྱ་སྟེ། ཞག་བདུན་གྱི་བར་དུ་ཉིན་རེ་བཞིན་ཆོག་དེ་ལྟར་བྱས་པའི་འོག་ཏུ་ཞག་གསུམ་གྱི་བར་དུ་སྨན་མི་བཏང་བར་མཐུན་ཞིང་འཕྲོད་པའི་ཁ་ཟས་ཟོས་ལ། ཡང་ཞག་བདུན་གྱི་བར་དུ་སྨན་གྱི་ཆོ་ག་སྔ་མ་ལྟར་བྱ་བ་དེ་ལྟ་བུར་མ་སོས་ཀྱི་བར་དུ་བྱས་ན། མཛེ་དང༌། སྐྲན་དང༌། དམུ་རྫིངས་དང༌། མཚན་པར་རྡོལ་བའི་ནང་རྣམས་ལས་ཐལ་བར་འགྱུར་རོ། །ཡང་ན་ཛཱ་ཏི་ཀའི་འབྲས་བུ་དང༌། སྣ་མའི་མེ་ཏོག་དང༌། ཚ་བ་གསུམ་པ་རྣམས་བཏགས་ལ། འབྲུ་མར་དང་སྦྱར་བའམ། ཡང་ན་ལྡོང་རོས་དང༌། ན་ལེ་ཤམ་བཏགས་པའི་ཏིལ་མར་དང༌། ཤིང་ཨརྒའི་ལོ་མ་རྣམས་ལུས་ལ་བསྐུས་ན་ཡང་མཛེའི་ནད་ངོ་ཅོག་སེལ་ཏོ། །ཨ་རུ་ར་དང༌། ཀ་རཉྫ་དང༌། ཡུངས་ཀར་དང༌། ཡུང་དང༌། བལ་གུཉྫ་དང༌། རྒྱམ་ཚྭ་དང༌། བྱི་དང་ཀ་རྣམས་ལྷན་ཅིག་ཏུ་བཏགས་ལ་བ་གཅིན་དང་སྦྱར་ཏེ་ལུས་བསྐུས་ན་ཡང་མཛེ་ནད་སེལ་ཏོ། །རུ་རྟ་དང༌། ཨ་རཎྜ་དང༌། ཨེ་ད་ག་ཛ་རྣམས་ལྷན་ཅིག་ཏུ་ཏིལ་མར་རམ། བ་གཅིན་དང་སྦྱར་ཏེ་ལུས་ལ་བསྐུས་ན་ཡང་མཛེ་ནད་ཐུབ་པོ། སེང་ཕྲོམ་དང༌། སྐྱེར་ཁཎྜ་དང༌། རྒྱམ་ཚྭ་དང༌། ཕྲ་པུཎྜ་རྣམས་ཀྱང་བསྐུ་བའི་
རྣམ་གྲངས་སུ་བཤད་དོ། །རུ་རྟ་དང༌། རྒྱམ་ཚ་དང༌། ཡུངས་ཀར་དང༌། བྱི་དང་ག་དང༌། ཨེ་ད་ག་ཛ་རྣམས་ལྷན་ཅིག་ཏུ་བཏགས་ལ་རྩབས་དང་སྦྱར་ཏེ་བསྐུས་ན་ཡང་ཤུ་བ་དང་མཛེ་ཐིག་ལེ་ཞེས་བྱ་བ་སེལ་ཏོ། །མུ་ཟི་དང༌། བ་བླ་དང༌། ལྡོང་རོས་དང༌། རུ་རྟ་དང༌། སྨན་ཀ་ལི་དང༌། ཕུ་ཤེལ་ཙེ་དང༌། གནྡྷ་བ་ཏྲ་རྣམས་བཏགས་ལ་ཆུ་དང་སྦྱར་ཏེ་བསྐུས་ན་ཡང་ཤ་བཀྲ་ལ་སོགས་པ་མཛེའི་ནད་དོ་ཅོག་སེལ་ཏོ། །གནྡྷ་པ་ཏྲ་དང༌། ན་ལེ་ཤམ་དང༌། ནག་ཚུར་དང༌། རུ་རྟ་དང༌། ལྡོང་རོས་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་ལ། ཁར་བའི་སྣོད་ཀྱི་ནང་དུ་ཞག་བདུན་གྱི་བར་དུ་བཞག་སྟེ་ལུས་ལ་བསྐུས་ན་ཡང་ཤ་བཀྲ་དང༌། ཤ་གཟི་གུ་མེད་པར་བྱེད་དོ། །མུ་ཟི་དང༌། ནས་ཚིག་འཁུས་པའི་ཐལ་བའམ། ཆུ་ཤིང་གི་ཐལ་བའམ། ཤིང་ཁ་རའི་མེ་ཏོག་གི་ཐལ་བ་གང་ཡང་རུང་བ་ཏིལ་མར་དང་སྦྱར་ཏེ་ལུས་བསྐུས་ན་ཡང་ཤ་བཀྲ་སེལ་བར་བྱེད་དོ། །སྨན་ད་ཀུ་ན་ཏི་རྨ་བྱའི་མཁྲིས་པ་དང་སྦྱར་བ་འམ། སྨན་པ་ལ་ཀའི་ཐལ་བ་རྨ་བྱའི་མཁྲིས་པ་དང་སྦྱར་བའམ། སྣ་མའི་མེ་ཏོག་གླང་པོ་ཆེའི་རྡུལ་ལས་སྦྱར་བ་རྣམས་ལས་གང་ཡང་རུང་བས་ལུས་ལ་བསྐུས་ན་ཡང་ཤ་གཟི་གུ་མེད་པར་བྱེད་དོ། །རུ་རྟ་དང༌། སྨན་ཨ་ཤུ་མར་དང༌། ཤིང་ཨརྒའི་ཤུན་ལྤགས་དང༌། རྒྱམ་ཚ་དང༌། པུ་ཤེལ་ཙེ་དང༌། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ཏིལ་མར་གྱི་ནང་དུ་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པ་ལུས་ལ་བསྐུས་ན་ཡང་མཛེ་ནད་སེལ་ཏོ། །རུ་རྟ་དང༌། ཨ་ཤྭ་མར་དང༌། བྷིང་ག་ར་ཛ་དང༌། ཨརྒ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་བ་གཅིན་དང༌། ཤིང་སྣུ་ཧའི་ལོ་མ་དང༌། ཏིལ་མར་གྱི་ནང་དུ་བསྐོལ་ལ་ཏིལ་མར་ཉི་ཚེ་ལུས་པའི་ནང་དུ་མདའ་དུག་ཅུང་ཟད་ཙམ་བཏབ་སྟེ་ལུས་ལ་བསྐུས་ན་ཡང་ཤུ་བ་དང། རྐང་ཤུ་ལ་སོགས་པ་སེལ་ཏོ། །བཙོད་དང༌། འབྲས་བུ་གསུམ་དང༌། རྒྱ་སྐྱེགས་དང༌། ཡུང་དང༌། ལྡོང་རོས་དང༌། བ་བླ་དང༌། མུ་ཟི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཏིལ་མར་དང་སྦྱར་ཏེ་ཉི་ཚན་གྱི་དྲོད་ཀྱིས་བསྲོས་པ་ལུས་ལ་བསྐུས་ན་
ཡང་གཡན་པ་སེལ་བར་བྱེད་དོ། །སྨན་ཀ་ཀ་ན་སི་ཀ་དང༌། ཨུ་དུམྦཱ་ར་དང༌། ནིམྤ་དང༌། གླ་སྒང་དང༌། ཚ་བ་གསུམ་དང༌། བྱི་དང་ག་རྣམས་ཀྱི་ཕྱེ་མ་ནིམྤ་སྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང་པགས་པའི་ཉེས་པའོ་ཅོག་སེལ་ཏོ། །སླེ་ཏྲེས་སྐོལ་བའི་ཁུ་བ་དང༌། འབྲས་བུ་གསུམ་སྐོལ་བའི་ཁུ་བ་དང༌། བ་གཅིན་སྐོལ་བ་དྲོན་མོ་རྣམས་ལས་གང་ཡང་རུང་བ་གུ་གུལ་དང་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་འཐུངས་ན་ཡང་པགས་པའི་ཉེས་པ་དང༌། རྨ་དང་ལུས་སྐེམ་པ་རྣམས་སེལ་ཏོ། །བྲག་ཞུན་དང༌། ཡུང་དང༌། སྐྱེར་ཁཎྜ་རྣམས་ལས་གང་ཡང་རུང་བ་སྦྲང་རྩི་དང་བ་གཅིན་གྱིས་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་འཐུངས་ན་ཡང༌། མཛེ་དང་སྐྱ་རྦབ་ཀྱི་ནད་སེལ་ཏོ། །ཞག་བདུན་གསུམ་གྱི་བར་དུ་ཁང་པ་དྲོན་པོ་འམ། ཉི་མ་ཚ་བ་ལ་འདུག་ཅིང༌། སྨན་ཚ་བ་སྐོལ་བའི་ཁུ་བ་དྲོན་མོ་དང༌། སྨན་པ་ཀུ་ཙིའི་ཁུ་བ་དང་སྦྱར་ཏེ་འཐུངས་ལ་ཁ་ཟས་འོ་མ་དང་ལྡན་པར་ཟོས་ན་ཡང་མཛེ་ལས་ཐར་བར་འགྱུར་རོ། །བ་ཀུ་ཙིའི་ཕྱེ་མ་མར་སར་དང་སྦྲང་རྩིར་སྦྱར་ཏེ་ཟོས་ལ། དེའི་རྗེས་ལ་དར་བ་འཐུངས་ཤིང༌། ཁ་ཟས་ཀྱང་དར་བ་དང་སྤགས་ཏེ་ཟོས་ན་མཛེ་ནད་ཀྱི་འཇིགས་པ་མེད་དོ། །ཏིལ་དང༌། མར་དང༌། འབྲས་བུ་གསུམ་དང༌། སྦྲང་རྩི་དང༌། ཚ་བ་གསུམ་དང༌། གོ་བྱེ་དང༌། ཁ་ར་དང༌། རྣམ་པ་འདི་བདུན་ཆ་མཉམ་སྟེ་སྦྱར་བའི་མིང་ནི་བདུན་ཆ་མཉམ་པ་ཞེས་བྱ་སྟེ། དེ་ལས་ཅི་རན་པར་ཟོས་ན་རོ་ཙ་ཞིང་ཡིད་གཞུངས་པར་བྱེད་ལ། མཛེ་ནད་སེལ་ཏེ་འདི་ལ་ཆོ་ག་བསྲུང་བ་མེད་དོ། །བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་དང༌། ཁ་ར་དང༌། སྐྱུ་རུ་ར་དང༌། ལྕགས་ཀྱི་སོ་དོག་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་སྦྱར་ཏེ་ཟོས་ན་མཛེའི་ནད་དོ་ཅོག་ཤིན་ཏུ་ཚབས་ཆེ་བ་ཡང་སེལ་བར་འགྱུར་ཏེ། ཨ་རུ་ར་དང༌། ཏིལ་དང༌། གོ་བྱེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་སྦྱར་ཏེ་བརྫིས་པ་ཟོས་ན་ཡང་མཛེ་ནད་སེལ་ཏོ། །གོ་བྱེ་དང༌། བྱི་དང་ག་དང༌། སོ་མ་ར་ཙི་ཀ་རྣམས་ཀྱི་ཕྱེ་མ་བུ་རམ་དང་བརྫིས་
པ་འམ། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་བརྫིས་པ་ཟོས་ན་ཡང༌། མཛེ་དང༌། སྲིན་བུ་དང༌། གཅིན་སྙི་བའི་ནད་དང༌། རྨ་འཁྱིམས་པ་དང་མཚན་པར་རྡོལ་གྱི་ནད་རྣམས་སེལ་བར་བྱེད་དོ། །པགས་པའི་ཉེས་པ་ཞི་བར་བྱ་བ་ལ་དུག་མོ་ཉུང་གི་ཕྱེ་མ་མར་ཁུ་དང་སྦྱར་བ་ཡང་བཏུང་བར་བྱའོ། །ཡང་ན་ཏིལ་དང༌། སོ་མ་ར་ཛ་ཀའི་ཕྱེ་མ་ཆ་མཉམ་སྟེ་སྦྱར་བ་ཆོ་ག་བསྲུངས་བཞིན་དུ་ལོ་གཅིག་གི་བར་དུ་བཟའ་འོ། །སེང་ལྡེང་དང༌། བྲག་ཞུན་དང༌། སྦྲང་རྩི་དང༌། ཞུན་མར་དང༌། བྱི་དང་ག་རྣམས་སྦྱར་ཏེ་ཟོས་ནས་ཆོ་ག་བཞིན་དུ་བསྲུངས་ན། སྐྲངས་མཛེ་དང༌། སྐྲངས་པའི་ནད་རིང་པོ་མི་ཐོགས་པར་འབྱང་བར་འགྱུར་རོ། །སེང་ལྡེང་གི་རྩ་བ་བསྲེགས་པའི་ཁུ་བ་བུམ་པའི་ནང་དུ་བཟགས་པ། སྐྱུ་རུ་རའི་ཁུ་བ་དང་མར་དང་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་མཛེ་ནད་སེལ་ཞིང་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །སེང་ལྡེང་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྐྱེར་ཁཎྜ་དང་སྦྱར་བའམ། ཡང་ན་འབྲས་བུ་གསུམ་དང༌། བྱི་དང་གའི་ཕྱེ་མ་མར་དང་སྦྲང་རྩིར་སྦྱར་ཏེ་ཟོས་ན་ཡང་མཛེ་ནད་སེལ་ཏོ། །སེང་ལྡེང་སྐོལ་བའི་ཁུ་བས་ལུས་ལ་བསྐུ་བ་དང༌། ལུས་ལ་དྲིལ་བ་དང༌། ཁྲུས་བྱ་བ་དང༌། བཏུང་བ་དང༌། ཁ་ཟས་གཡོ་བའི་ཆུ་ལ་སོགས་པ་སྤྱད་ཅིང་རྟག་ཏུ་འཐུངས་ན་མཛེ་ནད་པགས་པའི་ཉེས་པ་ཐམས་ཅད་སེལ་ཏོ། །ཇི་ལྟར་སེང་ལྡེང་མཛེ་ནད་བཟློག་པའི་ཆོ་གར་སྦྱར་བ་བཞིན་དུ། ཤི་ཤ་བ་དང༌། དོང་ཀ་དང༌། ཨ་རིཥྚ་དང༌། སྐྱེར་པ་དང༌། ཤིང་རོ་ཧི་ཏ་ཀ་དང་ཨ་ས་ན་རྣམས་ཀྱང་དེ་བཞིན་དུ་བྱའོ། །མཛེ་ནད་ཅན་ལ་ནི་ཁ་ཟས་སུ་འབྲས་སཱ་ལུ་དང༌། ཀོ་དྲ་བ་དང༌། གྲོ་དང༌། ནས་དང༌། མོན་སྲན་སྡེའུ་ལ་སོགས་གང་བུ་ཅན་རྙིང་པ་རྣམས་དང༌། ཚོད་མ་རོ་ཁ་བའི་བག་དང༌། རི་དགས་སྐམ་ས་ན་གནས་པའི་ཤ་དང་སྦྱར་བ་རྣམས་ཕན་ཞིང་འཕྲོད་པ་ཡིན་ནོ། །མཛེ་ནད་གསོ་བའི་ལེའུ་བཅུ་གཉིས་པ་རྫོགས་སོ། །།དེ་ནས་གཞང་འབྲུམ་དང༌། མཚན་པར་
རྡོལ་གྱི་ལེའུ་བཤད་པར་བྱའོ། །དེ་ནས་གཞང་འབྲུམ་ནི་ནད་གཞི་གསུམ་རེ་རེ་ལས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པ་དང༌། ཁྲག་ནད་ལས་གྱུར་པ་དང༌། ཐོག་མ་ནས་ལྷན་ཅིག་སྐྱེས་པ་དང་རྣམ་པ་དྲུག་ཡོད་དེ། གཞང་ཀའི་གཉེར་མ་གསུམ་ཡོད་པའི་གནས་སུ་འབྱུང་བར་རིག་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི། འབྲུམ་བུ་ཆུང་ཞིང་མ་རྒྱས་པ་དང༌། སྐམ་པ་དང༌། རྩ་དམར་ཞིང་སྔོ་སྐྱར་འདུག་པ་དང༌། སྣུམ་བག་མེད་ཅིང་རྩུབ་པ་དང༌། འབྲུམ་བུ་རྣམས་མཐོ་དམན་ཡོད་ཅིང་མི་མཉམ་པ་དང༌། ན་ཞིང་འགག་པར་བྱེད་པ་ལ་སོགས་པ་རླུང་གི་ཚུལ་ཐམས་ཅད་དང་ལྡན་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི། མདོག་དམར་ཞིང་སེར་ལ་གནག་སྟེ་རེག་ཏུ་མི་བཟོད་ཅིང༌། འཇམ་ལ་ཁྲག་འཛག་ཅིང་ཆུ་སེར་ཅན་ལ་མགོ་འཁོར་ཞིང་ལུས་ཚ་བ་ལ་སོགས་པ་མཁྲིས་པའི་ཚུལ་རྣམས་དང་ལྡན་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི། མདོག་དཀར་བ་དང་སེར་སྐྱར་འདུག་པ་དང༌། འབྱང་དཀའ་བ་དང༌། སྣུམ་ཞིང་འབྱིལ་བ་དང༌། འབྲུམ་བུ་ཆེ་ཞིང་ཚོར་བ་མེད་པ་དང༌། བད་ཀན་གྱི་ཚུལ་རྣམས་དང་ལྡན་པ་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་གཞང་འབྲུམ་དང༌། ཐོག་མ་ནས་ལྷན་ཅིག་སྐྱེས་པའི་གཞང་འབྲུམ་གྱི་ཚུལ་ནི་ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁྲག་ལས་གྱུར་པའི་གཞང་འབྲུམ་གྱི་མཚན་མ་ནི་མདོག་དམར་ཞིང་ཁྲག་འཛག་པ་ཡིན་པར་བསྟན་ཏོ། །དེ་ལ་ནང་གི་གཉེར་མའི་གནས་སུ་འབྱུང་བ་དང༌། ནད་གཞི་གསུམ་འདུས་པ་ལས་གྱུར་པ་དང༌། ཐོག་མ་ནས་ལྷན་ཅིག་སྐྱེས་པ་འདི་གསུམ་ནི་སྤང་བར་བྱའོ། །ལྷག་མ་གཞན་རྣམས་ནི་གསོ་དཀའ་བར་བཤད། གཞང་འབྲུམ་ཅན་ལ་ནད་བླ་ཐབས་སུ་སྐྱུག་པ་དང༌། མོད་མོད་པའི་ནད་དང༌། ངུ་ཤིང་ན་བ་དང༌། སྐོམ་དད་ཆེ་བ་དང༌། རིམས་དང༌། སྙིང་ན་བ་དང༌། ཆུ་སོ་ན་བ་དང༌། ཁར་འབྲུམ་པ་འབྱུང་བ་དང༌། གཞང་
ཀར་འབྲུམ་པ་ཕྲེའུ་འབྱུང་བ་དང༌། ཤ་ཟད་པ་རྣམས་སྤང་བར་བྱའོ། །ཡང་ན་གཞང་འབྲུམ་ནི་རྣམ་པ་གཉིས་སུ་འདུས་ཏེ། གཞང་འབྲུམ་སྐམ་པ་ནི་བད་ཀན་དང་རླུང་གཉིས་འདུས་པ་ལས་གྱུར་པ་ཡིན་ནོ། །མཁྲིས་པ་དང༌། ཁྲག་ནད་འདུས་པ་ལས་གྱུར་པ་ནི། གཤེར་ཞིང་འཛག་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ཐོག་མར་གཞང་འབྲུམ་སྐེམ་པའི་ཆོ་ག་བཤད་པར་བྱ་སྟེ། གཞང་འབྲུམ་ཞི་བར་བྱ་བ་ལ། བ་ལང་གི་ལྕི་བའི་དུགས་དང༌། ཟན་དྲོན་གྱི་དུགས་དང༌། ལ་ཕུག་གི་དུགས་དང༌། ཤུ་ཏའི་དུགས་རྣམས་གང་ཡང་རུང་བྱ་བ་ཞིང༌། གསོ་མ་སྐོལ་བའི་ཁུ་བ་བླུགས་པ་དང༌། སྦྲུལ་ནག་པོ་དང༌། བྱི་ལ་དང༌། ཇ་མོ་དང༌། ཕག་དང༌། སྲོག་ཆགས་ཛ་དུ་ཀ་རྣམས་གང་ཡང་རུང་བའི་ཚིལ་བསྲེགས་པའི་དུད་པས་བདུག་པ་དང༌། ཡང་ན་ཡུང་གི་ཕྱེ་མ་ཤིང་སྣུ་ཧའི་འོ་མ་དང་སྦྱར་ཏེ་བསྐུ་བ་དང༌། ཡང་ན་པི་པི་ལིང་དང༌། ཡུང་གི་ཕྱེ་མ་བ་ལང་གི་མཁྲིས་པ་དང་སྦྱར་བས་བསྐུ་བར་བྱའོ། །ཡང་ན་སྭརྫི་ཀའི་ཐལ་བ་དང༌། དནདའི་རྩ་བ་དང༌། ལུང་ག་ལའི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ་མ་བ་གཅིན་དང༌། པི་པི་ལིང་དང༌། ཤིང་ཤིར་ཤའི་ས་བོན་དང༌། ཤིང་ཨརྒའི་འོ་མ་དང༌། རུ་རྟ་དང༌། རྒྱམ་ཚ་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། ཡུང་དང༌། བྱ་གག་གི་རྟུག་པ་དང༌། འོལ་མ་སེའི་འབྲས་བུ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་དང༌། བསྐུ་བའི་སྨན་རྣམ་པ་འདི་གསུམ་ནི། གདོན་མི་ཟ་བ་ཡིན་ཏེ་གང་ཡང་རུང་བས་བསྐུས་ན་གཞང་འབྲུམ་མེད་པར་བྱེད་དོ། །དནདའི་རྩ་བ་དང༌། ཨ་ཤྭ་མར་དང༌། ནག་ཚུར་དང༌། བྱི་དང་ག་དང༌། བ་བླ་དང༌། ཀྲུ་ཏྲུག་ཏྲེས་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཤིང་ཨརྒའི་འོ་མ་དང༌། ཏིལ་མར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པས་བསྐུས་ན་ཡང་གཞང་འབྲུམ་སེལ་ཏེ། ཡང་ན། ཨ་རུ་ར་བུ་རམ་དང་སྦྱར་བ་འམ། ཡང་ན་ཨ་རུ་ར་ཞག་གཅིག་གི་བར་དུ་བ་གཅིན་གྱི་ནང་དུ་སྦངས་པའམ། ཡང་ན་ཨ་རུ་ར་དང་པི་པི་ལིང་མར་
གྱི་ནང་དུ་བརྔོས་པ་འམ། ཡང་ན་ཨ་རུ་ར་དང༌། ཤིང་ཉེ་རོང་དང༌། དནདའི་རྩ་བ་རྣམས་སྦྱར་བ་བཟའ་བར་བྱའོ། །ཡང་ན་གོ་བྱེ་བཏགས་པའི་ཕྱེ་དང་དར་བ་སྦྱར་བའམ། ཡང་ན་དར་བ་དང༌། ཕྱེ་ཀྲུ་ཏྲུག་ཏྲེས་དང༌། ལ་ལ་ཕུད་བཏགས་པའི་ཕྱེ་མ་དང་སྦྱར་བ་འམ། ཡང་ན་དར་བ་དང༌། ཕྱེ་བཅའ་སྒ་དང༌། བིལྦ་དང་སྦྱར་བ་ནན་ཏན་དུ་བྱས་ཏེ་བཏུང་ངོ༌། །ཡང་ན་རྫ་མ་ཀྲུ་ཏྲུག་ཏྲེས་ཀྱིས་བསྐུས་པའི་ནང་དུ་ཞོ་མནན་དེ་ལངས་ནས་ཞོའམ་དར་བ་གང་ཡང་རུང་བ་བཏུང་ངོ༌། །ཡང་དེ་ཉིད་ཀྱི་ཆོ་ག་བཞིན་དུ། པི་རྒ་དང༌། པོ་ཏ་དང༌། སླེ་ཏྲེས་རྣམས་ཀྱིས་རྫ་མ་བསྐྲུས་པའི་ནང་དུ་ཞོ་མནན་ལ་ཞོ་འམ་དར་བ་གང་ཡང་རུང་བ་བཏུང་ངོ༌། །ཡང་ན་དབྱི་མོང་དང༌། ཀྲུ་ཏྲུག་ཏྲེས་ཕྱེ་མ་ཆང་དང་སྦྱར་ཏེ་རྟག་ཏུ་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་བཅའ་སྒ་དང༌། ཀྲུ་ཏྲུག་ཏྲེས་རྣམས་ཀྱི་ཕྱེ་མ་བུ་རམ་དང་ཆང་དང་སྦྱར་ཏེ་བཏུང་ངོ༌། །ཡང་ན་གཞང་འབྲུམ་ཅན་ལ། དནདའི་རྩ་བ་དང༌། གོ་བྱེ་དང༌། ཀྲུ་ཏྲུག་ཏྲེས་དང༌། འབྲས་བུ་གསུམ་དང༌། འདི་རྣམས་ཆ་མཉམ་པ་དང༌། རྒྱམ་ཚ་ཆ་ཉིས་འགྱུར་རྣམས་སྣོད་ཁ་སྦྱར་གྱི་ནང་དུ་བརྔོས་ལ། ཚིག་མར་གྱུར་པའི་ཕྱེ་མ་ཁ་ཟས་གཞན་དང་སྦྱར་ཞིང་བཟའ་བར་བྱའོ། །ཏིལ་ནག་པོ་ཞོ་གཉིས་གཉིས་ནང་པར་བཞིན་ཟོས་ལ་ཆུ་གྲང་མོས་ཕུལ་ན་ཡང་གཞང་འབྲུམ་ཞི་བར་འགྱུར་ཞིང་སོ་བརྟན་ལ་ཤ་སྐྱི་བར་འགྱུར་རོ། །མར་དང༌། ཤིང་པ་ལ་ཤའི་ཐལ་བའི་ཁུ་བ་མར་གྱི་ཆུ་སུམ་འགྱུར་གྱི་ནང་དུ་ཚ་བ་གསུམ་གྱི་ཕྱེ་མ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང་ཐེ་ཚོམ་མེད་པར་གཞང་འབྲུམ་འབྱང་བར་འགྱུར་རོ། །འབྲས་བུ་གསུམ་དང༌། རྩ་བ་བཅུ་དང༌། ཀྲུ་ཏྲུག་ཏྲེས་དང༌། དནདའི་རྩ་བ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་པ་བཙགས་ལ་བུ་རམ་སྲང་བརྒྱད་དང་སྦྱར་ཏེ་མར་སྣོད་ཀྱི་ནང་དུ་བླུགས་ལ། ཟླ་བ་གཅིག་གི་བར་དུ་མནན་པའི་མིང་ནི། དནདའི་རྩ་བའི་
ཆང་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན། གཞང་འབྲུམ་དང༌། ཡི་ག་འཆུས་པ་དང༌། རྟུག་སྐམ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་ཀྱི་ནད་རྣམས་སེལ་ཏོ། །བི་ཤ་ལ་དང༌། ཀ་པིཏྠ་དང༌། ཀྲུ་ཏྲུག་ཏྲེས་དང༌། པ་ཐ་རྣམས་ལས་སྲང་གཉིས་གཉིས་དང་ཨ་རུ་ར་དང༌། སྐྱུ་རུ་ར་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་ཕུལ་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་ཏེ། ཆུ་བཞི་ཆ་གཅིག་ལུས་པ་བཙགས་ལ་བུ་རམ་སྲང་བརྒྱ་དང་སྦྱར་ཏེ་མར་སྣོད་ཀྱི་རྫ་མར་བླུགས་ལ། ཟླ་བ་ཕྱེད་ཀྱི་བར་དུ་མནན་པའི་མིང་ནི་འབྲས་བུའི་ཆང་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན་ཕོ་བའི་ནད་དང༌། གཞང་འབྲུམ་དང་སྐྲན་སེལ་ཏོ། །གཞང་འབྲུམ་ན་ཞིང་འཁྲུ་བ་ལ་ནི། རླུང་ལས་གྱུར་པའི་འཁྲུ་བའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱའོ། །གཞང་འབྲུམ་ན་ཞིང་ཕྱི་ས་སྐམ་སྟེ་འབྱུང་དུ་མི་བཏུབ་པ་ལ་ནི། རྟུག་སྐམ་གྱི་ཆོ་ག་འོག་ནས་འབྱུང་བ་བཞིན་དུ་ལན་མང་དུ་བྱའོ། །ཤུ་ཏི་དང༌། བིལྦ་དང༌། པི་པི་ལིང་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤུ་དག་དང༌། ཤིང་མངར་དང༌། ཐང་ཤིང་དང༌། མ་ནུ་དང༌། ལི་ཟུར་བ་དང༌། རུ་རྟ་དང༌། པོ་སོན་ཆ་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང༌། འོ་མ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པར་བྱས་ཏེ། བཙགས་པ་ལས་རན་པར་འཇམ་རྩི་མས་བཏང་ན། རླུང་དང་འཕྲོད་ཅིང༌། ཕྱི་ས་བེ་སྣབས་སུ་འབྱུང་བ་དང༌། གཞང་འབྲུམ་དང༌། གཞང་ན་བ་དང་གཅིན་འགག་པ་རྣམས་སེལ་ཏོ། །པུ་ཙེ་ཤེལ་ལ་སོགས་པའི་སྡེ་ཚན་དང༌། རྩ་བ་བཅུ་སྔར་བཤད་པ་འདི་གཉིས་ལས་གང་ཡང་རུང་བ་དང༌། པོ་སོན་ཆ་དང༌། ཤིང་མངར་དང༌། ཤུ་ཏི་དང། རུ་རྟ་དང༌། གནྡྷ་པྲི་ཡང་ཀུ་དང༌། གླ་སྒང་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ། མཁྲིས་པ་དང༌། རླུང་གང་ལས་གྱུར་པའི་ནད་ཀྱི་སྐབས་དང་སྦྱར་ཏེ། མར་དང༌། ཏིལ་མར་གཉིས་ལས་གང་འོས་པ་ཞིག་དང༌། འོ་མ་ཆུའི་ནང་དུ་བསྐོལ་ཏེ། མར་
རམ། ཏིལ་མར་ཉི་ཚེ་ལུས་པས། བཀྲུ་སྨན་དྲག་པོ་མས་གཏང་བར་བྱའོ། །གཞང་འབྲུམ་ན་བ་ལ་ཁྲག་འཛག་པར་རྟོགས་ན་ཁྲག་ལུད་པའི་ནད་ཀྱི་ཆོ་ག་བཞིན་དུ་བྱ་ཞིང་ཐོག་མར་སྨན་དང༌། ཁ་ཟས་ལ་སོགས་པ་ཁ་བའི་བག་ལས་སྦྱར་ཞིང་ཟོས་ན་མེའི་དྲོད་བསྐྱེད་ཅིང་ནད་གཞི་ཚོས་པར་བྱེད་དོ། །ཁྲག་ནད་ཀྱི་གཞང་འབྲུམ་ཅན་ལ་ཚོས་པར་བྱེད་པའི་སྨན་པུ་ཤེལ་ཙེ་དང༌། ཡ་རི་ཏ་དང༌། སྐྱེར་པའི་ཤུན་པགས་རྣམས་ལྷན་ཅིག་ཏུ་སྐོལ་བའི་ཁུ་བ་བསྒྲངས་པ་འམ། ཡང་ན་བཅའ་སྒ་དང༌། ཙན་དན་དང༌། རྩ་མཁྲིས་དང༌། བྱི་ཚེར་རྣམས་སྐོལ་བའི་ཁུ་བ་བསྒྲངས་པ་བླུད་དེ། ཡང་ན་སྐོམ་པའི་ནད་དང་ཁྲག་ནད་ཞི་བར་བྱ་བའི་ཕྱིར། ནིམྤའི་ཤུན་ལྤགས་དང༌། དུག་མོ་ཉུང་གི་འབྲས་བུ་དང༌། སྐྱེར་ཁཎྜ་དང༌། བོང་ང་དཀར་པོ་རྣམས་ཀྱི་ཕྱེ་མ། སྦྲང་རྩི་དང་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བ་བླུད་དོ། །ས་མཾ་ག་དང༌། ཨུཏྤ་ལ་དང༌། ཆུ་ཤིང་གི་འབྲས་བུ་དང༌། ཏི་རི་ཏ་དང༌། ཏིལ་དང༌། ཙན་དན་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་ཏེ་འཐུངས་ན་ཡང་གཞང་འབྲུམ་ཁྲག་འཛག་པ་སེལ་ཏོ། །ཡང་ན་ཁྲག་ནད་ཀྱི་གཞང་འབྲུམ་ཅན་ལ། ཁ་ཟས་རའི་འོ་མ་དང་ལྡན་པར་བཟའ་ཞིང༌། སྨན་དུག་མོ་ཉུང་གི་ཤུན་ལྤགས་དང༌། སྦྲང་རྩི་དང༌། བུ་རམ་གྱི་ལྦུ་བ་རྣམས་སྦྱར་བ་འམ། ཡང་ན་སྨན་མ་ཡུ་ར་ཀའི་ཕྱེ་མ། སྦྲང་རྩི་དང༌། འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བ་འམ། ཡང་ན་པདྨའི་ཟེ་བ་སྦྲང་རྩི་དང༌། མར་སར་དང་སྦྱར་བ་འམ། ཡང་ན་པདྨའི་ཟེ་བ་ཁ་ར་དང་སྦྱར་བ་ཟོས་ན། གཞང་འབྲུམ་ཁྲག་འཛག་པ་བདེ་བར་འགྱུར་རོ། །དབྱི་མོའི་ལོ་མ་དང༌། བལ་བུའི་ལོ་མ་དང༌། ན་ལེ་ཤམ་རྣམས་ལས་སྲང་རེ་རེ་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་སྲང་གཉིས་གཉིས་དང༌། དྲི་སྣ་བཞི་ཞེས་བྱ་བ། ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་པ་ཏྲ་དང༌། ནཱ་ག་གེ་སར་རྣམས་དང༌། པུ་ཤེལ་ཙེ་དང༌། འདི་རྣམས་ལས་ཞོ་གཉིས་གཉིས་
དང། བཅའ་སྒ་སྲང་གསུམ་དང༌། བུ་རམ་སྨན་སྤྱིར་བསྡོམས་པའི་སུམ་འགྱུར་དང༌། འདི་རྣམས་སྦྱར་ཏེ་རི་ལུར་བྱས་པའི་མིང་ནི། བལ་བུའི་རི་ལུ་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ལ། ཆང་དང༌། ཁུ་བཅུད་དང༌། ཤ་ཁུ་དང༌། འོ་མ་དང༌། ཞོ་ཁ་ཆུ་དང༌། རྩབས་རྣམས་ལས་གང་ཡང་རུང་བས་ནད་གཞི་གང་ཤས་ཆེ་བ་དང་སྦྱར་ཏེ་ཕུལ་ན། མེའི་དྲོད་བསྐྱེད་ཅིང་གཞང་འབྲུམ་ཐམས་ཅད་དང༌། སྐྱུག་པ་དང༌། སྙིང་ན་བ་དང༌། ལུད་པ་དང༌། སྐྲན་དང༌། རིམས་རྣམས་སེལ་ཏོ། །ཆོ་ག་དེ་རྣམས་ཀྱིས་ཀྱང་ཞི་བར་མ་གྱུར་ན། སྨན་པ་མཁས་ཤིང་སྔོན་བྱེད་པ་མཐོང་བས། ནད་པ་རྐང་པ་དགུག་ཅིང་བཅིང་བ་ལ་སོགས་པ་ཅི་ནས་ཀྱང་གཞང་ལྟར་སྣང་བའི་ཐབས་བྱས་ཏེ། འབྲུམ་བུ་ག་ལ་འདུག་པ་བརྟག་ན། རྭ་འམ། ལྕགས་ཀྱི་སྦུབས་འཇམ་པོ། བའི་ནུ་སོར་གྱི་དབྱིབས་འདྲ་བ། ཁའི་སྦུབས་སོར་བཞི། སྲིད་དུ་སོར་ལྔ་ཡོད་པར་བྱས་ལ། གློ་ལོགས་སུ་ཕུ་ཆེན་པོ་གསུམ་ཙམ་བྱས་ཏེ། རྐུབ་ཏུ་བརྫངས་ལ། གློའི་བུ་གུད་འབྲུམ་བུ་ག་ལ་ཡོད་པའི་ཐད་ཀར་གཏད་དེ། འབྲུམ་བུ་སྦུབས་ཀྱི་ནང་དུ་བྱུང་བ་ལ། རླུང་དང༌། བད་ཀན་ལས་གྱུར་པའི་གཞང་འབྲུམ་ཞིག་ཡིན་ན། འབྲུམ་བུ་མཚོན་གྱིས་བཅད་ལ་འཕྲོ་ལྕགས་ཀྱིས་བསྲེག་གོ །ཡང་ན་མི་བཅད་པར་བསྲེག་གོ །ཡང་ན་གཞང་འབྲུམ་རྣམ་པ་དྲུག་པོ་གང་ཡང་རུང་སྟེ། འབྲུམ་བུ་གང་གི་ནང་དུ་བྱུང་བ་ལ། སྨན་མུ་ཀ་ཀའི་ཐལ་བ་ཕྲད་དར་སྦྱར་བས་བསྐུ་བར་བྱའོ། །གཞང་འབྲུམ་ན་བ་ལ་ནི་མདོར་ན་གང་ཅི་ཡང་རུང་སྟེ། མིའི་སྟོབས་བསྐྱེད་པ་དང༌། རླུང་དང་འཕྲོད་པའི་སྨན་དང༌། ཁ་ཟས་དང༌། བཏུང་བ་གང་ཡིན་པ་དེ་འབའ་ཞིག་ལས་ཚབས་ཆེ་ཆུང་དང་སྦྱར་ཞིང་གཏང་བར་བྱའོ། །གཞང་འབྲུམ་ཅན་གྱིས་ནི་ནད་གཞི་སོ་སོའི་འཁྲུག་པར་འགྱུར་བའི་ཁ་ཟས་དང༌། སྟན་མཁྲང་པོ་ལ་འདུག་པ་དང༌། ཙོག་ཙོག་པུར་འདུག་པ་དང༌། ཕྱི་ས་དང༌། གཅིན་ཕྲོ་བཞིན་དུ་མནག་པ་དང༌། རྟ་ལ་སོགས་པ་ཞོན་པ་རྣམས་སྤང་བར་བྱའོ།། །།ད་ནི་མཚན་པར་རྡོལ་བའི་བྱེ་བྲག་བཤད་པར་བྱ་སྟེ། རྐུབ་
ཁ་ནས་སོར་གཉིས་ཀྱི་ཚུ་རོལ་གྱི་གློ་ལོགས་སུ་ཉམ་ཐག་པར་བྱེད་པའི་ཕོལ་མིག་འབྱུང་སྟེ། དེ་རྡོལ་བའི་མིང་ནི་མཚན་པར་རྡོལ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔ་ཡོད་པར་བཤད་དོ། །དེ་ལ་རླུང་ལས་གྱུར་པའི་ཕོལ་མིག་གི་མིང་ནི། རྨ་ཁ་བརྒྱ་པ་ཞེས་བྱ་སྟེ། མདོག་དམར་ལ་མི་བཟད་པར་ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མིང་ནི། རྡ་མེ་མགྲིན་ཞེས་བྱ་སྟེ་མདོག་དམར་ལ་མེ་འབར་བ་བཞིན་དུ་ཚ་བ་ཡིན་པར་བཤད་དོ། །བད་ཀན་ལས་གྱུར་པའི་མིང་ནི། ཀུན་ཏུ་འཛག་པ་ཞེས་བྱ་སྟེ། མདོག་དཀར་ལ་གཡའ་བ་ཡིན་པར་བཤད་དོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་མིང་ནི། དུང་འཁྱིལ་བ་ཞེས་བྱ་སྟེ། ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁ་ཟས་ཟུག་རྔུ་དང་བཅས་པ་ཟོས་ཏེ། གཅིན་འོང་བའི་སྦུབས་སུ་ཟུག་པ་ལས་གྱུར་པའི་མིང་ནི། ལོག་པར་སོང་བ་ཞེས་བྱ་སྟེ། འདི་རྣམས་ལས་ནད་གཞི་གསུམ་འདུས་པ་ལས་གྱུར་པ་དང༌། ཟུག་རྔུ་ཟུག་པ་ལས་གྱུར་པ་གཉིས་ནི་སྤང་བར་བྱའོ། །ལྷག་མ་རྣམས་ནི་གསོ་དཀའ་བ་ཡིན་ནོ། །དེ་ལ་ཕོལ་མིག་དང་པོ་བྱུང་སྟེ་མ་སྨིན་པ་ལ་ནི། དེའི་ཉེན་འཁོར་རམ་རྩ་ནས་ཁྲག་དབྱུང་བ་དང༌། ནན་རྩིས་བསྐུ་བ་དང༌། ནད་གཞི་གང་ལས་གྱུར་པ་དང༌། འཕྲོད་པའི་སྨན་སྐོལ་བའི་ཁུ་བ་གྲང་དྲོ་གང་འོས་པས་སྟེང་དུ་བླུགས་པ་དང༌། ཏིལ་མར་དང༌། ནད་དང་འཕྲོད་པའི་སྨན་སྦྱར་ནས་བསྐུ་ཞིང་མཉེ་བ་དང༌། བསྐུ་སྨན་བཏང་བའི་བར་དུ་ཆོ་ག་རིམ་བཞིན་དུ་བྱའོ། །རྡོལ་བར་གྱུར་པའི་ཆོ་ག་ཡང་བཤད་པར་བྱ་སྟེ། དང་པོར་རྡོལ་བའི་རྨ་ཟབས་ཅི་ཙམ་ཡོད་པ་དང༌། སྲོལ་གང་ལོགས་སུ་བྱུང་བ། ལྕགས་ཀྱི་ཐུར་མ་འཇམ་པོས་བརྟག་པ་དང༌། རྨའི་སྲོལ་གར་གྱུར་པར་དྲལ་བ་དང༌། སྨན་མུསྐ་ཀ་ལ་སོགས་པའི་ཐལ་བས་གདབ་པ་དང༌། བསྲེག་པ་ལ་སོགས་པ་གོ་རིམ་བཞིན་དུ་མཐར་གྱིས་བྱས་ནས་རྨ་གསོ་
བའི་ཆོ་ག་བཞིན་དུ། ནད་གཞི་གང་ལས་གྱུར་པ་དང་ཡང་སྦྱར་ཞིང་མཐུན་མཐུན་སྨན་བྱའོ། །དེ་ལ་རྨ་གསོ་བའི་ཆོ་ག་ནི། དོང་ག་དང༌། ཡུང་དང༌། རྒྱ་ཤུག་གི་འབྲས་བུ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་ཏེ། གཅིན་འཛག་པའི་རྨ་མཚན་པར་རྡོལ་བ་ལ་བསྐུས་ན། རྨ་སྦྱོར་ཞིང་མི་མཆེད་པར་འགྱུར་རོ། །ཤིང་ཉེ་རོང་དང༌། ཏེ་ཛོ་བ་ཏི་དང༌། དནདའི་རྩ་བ་དང༌། བཙོད་དང༌། ཡུང་དང༌། སྐྱེར་པ་དང༌། སྐྱེར་ཁཎྜ་དང༌། ནིམྦའི་ལོ་མ་རྣམས་སྦྱར་བས་བསྐུས་ན་ཡང་རྨ་འཁྱིམས་པ་སེལ་ཏོ། །མཚན་པར་རྡོལ་གྱི་ནད་ལ། ཀ་ར་བི་ར་དང༌། ཡུང་དང༌། དནདའི་རྩ་བ་དང༌། ལང་ཀའི་ལི་དང༌། རྒྱམ་ཚ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཁ་ལུང་དང༌། ཨརྐ་དང༌། དུག་མོ་ཉུང་རྣམས་སྐོལ་བའི་ཁུ་བ་དང༌། ཏིལ་མར་གྱི་ནང་དུ། སྨན་དེ་དག་ཉིད་ཀྱི་ཕྱེ་མ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་རྨ་ལ་བསྐུ་བར་བྱའོ། །མཚན་པར་རྡོལ་གྱི་ནད་ཡོད་པའི་མིས་ནི། རྨ་སོས་པའི་འོག་ཏུ་ཡང་ལོ་གཅིག་གི་བར་དུ་ཕྱུགས་ཞོན་པ་དང༌། ཉལ་བ་དང༌། སྟོབས་འགྱེད་པ་དང༌། བརྩལ་བ་དང༌། ཁ་ཟས་ལྕི་བ་རྣམས་ཤིན་ཏུ་བསྒྲིམས་ཏེ་སྤང་བར་བྱའོ། །གཞང་འབྲུམ་དང༌། མཚན་པར་རྡོལ་བ་གསོ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱ་རྦབ་ཀྱི་ནད་ནི། ཁ་ཟས་ལ་སོགས་པ་རྣོ་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། སྔོན་མ་གོམས་པའི་ཁ་ཟས་དང༌། ས་ཞག་རྣམས་ལས་ཧ་ཅང་མང་དུ་ཟོས་པ་ལས་སྐྱ་རྦབ་ཀྱི་ནད་དུ་འགྱུར་ཏེ། དེ་ཡང་ནད་གཞི་གསུམ་སོ་སོར་ནས་གྱུར་པ་དང༌། ཀུན་འདུས་པ་ལས་གྱུར་པའི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་མི་ལུས་ཀྱི་མདོག་གནག་ལ། རླུང་གི་མཚན་མ་དང༌། རླུང་ནད་ཀྱི་བླ་གཉན་རྣམས་དང་ཡང་ལྡན་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། མཁྲིས་པ་ལས་
བ་རྣམས་འབྱུང་ཞིང༌། མིག་དང༌། པགས་པ་དང༌། ཕྱི་ས་དང༌། གཅིན་རྣམས་སེར་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། མདོག་དཀར་ལ་བད་ཀན་ལས་གྱུར་པའི་ནད་རྣམས་དང་ལྡན་པ་ཡིན་ནོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་མཚན་མ་ནི། ཐམས་ཅད་ཀྱི་མཚན་མ་དང་ལྡན་པར་ཤེས་པར་བྱའོ། །དེ་ལ་སྐྱ་རྦབ་ཀྱི་ནད་ཡོད་ལ། ཁྲག་ཟད་པ་དང༌། གློ་འགྲམས་པ་དང༌། ཤ་ཟད་པ་དང༌། སྐྱུགས་པ་དང༌། སྐོམ་པ་ལ་སོགས་པའི་བླ་གཉན་ཡོད་པ་དང༌། མདོག་སེར་ཞིང་སྣང་ངོ་ཅོག་དཀར་པོར་མཐོང་བ་ནི་འཆི་བར་འགྱུར་རོ། །སྐྱ་རྦབ་ཀྱི་ནད་ཐམས་ཅད་ལ། དང་པོར་ནི་སྨན་མར་བཏུང་བས་ཁོང་འཇམ་པོར་བྱས་ལ། དེའི་འོག་ཏུ་ནད་གཞི་དང་སྦྱར་ཞིང༌། གྱེན་དུ་སྐྱུགས་པ་དང་ཐུར་དུ་བཀྲུ་བའི་སྨན་རྣོན་པོས་སྦྱར་བར་བྱའོ། །དེའི་སྨན་མར་ནི་མུར་བ་དང༌། པུ་ཙེ་ཤེལ་དང༌། ཡུང་དང༌། བྱི་ཚེར་དང༌། པི་པི་ལིང་དང༌། ཙན་དན་དང༌། སྲོ་ལོ་དང༌། ཁྱི་ལྕེ་བ་དང༌། དུག་མོ་ཉུང་དང༌། རྩ་མཁྲིས་དང༌། པ་ཏོ་ལ་དང༌། གླ་སྒང་དང་ཐང་ཤིང་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པ་ལས། རན་པར་འཐུངས་ན། སྐྱ་རྦབ་དང༌། རིམས་དང༌། འབྲུམ་བུ་དང༌། སྐྲངས་པ་དང༌། གཞང་འབྲུམ་དང༌། ཁྲག་ལུད་པའི་ནད་རྣམས་སེལ་ཏོ། །འབྲས་བུ་གསུམ་དང༌། སླེ་ཏྲེས་དང༌། བ་ཤ་ཀ་དང༌། པུ་ཙེ་ཤེལ་དང༌། རྩ་མཁྲིས་དང༌། ནིམྤ་རྣམས་སྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་ཏེ་འཐུངས་ན་ཡང༌། སྐྱ་རྦབ་ཀྱི་ནད་དང་མིག་སེར་ཅན་ཡང་སེལ་ཏོ། །ཡང་ན་སྐྱ་རྦབ་ཀྱི་ནད་ཡོད་པ་ལ། ཨ་རུ་ར་བ་གཅིན་དང་སྦྱར་བ་བཏུང་ཞིང༌། ཁ་ཟས་འོ་མ་དང་ལྡན་པ་བཟའ་བར་བྱའོ། །ཡང་ན་ལྕགས་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ་ཡུན་རིང་དུ་སྤངས་བ་བཟའ་ཞིང་འོ་མས་དབུལ་ལོ། །
འབྲས་བུ་གསུམ་དང༌། ཀྲུ་ཏྲུག་ཏྲེས་དང༌། གླ་སྒང་དང༌། བྱི་དང་ག་དང༌། ཚ་བ་གསུམ་རྣམས་ཀྱི་ཕྱེ་མ་དང༌། ལྕགས་ཀྱི་ཕྱེ་མ་དང༌། སྨན་དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་མཉམ་པ་དང༌། འདི་རྣམས་སྦྲང་རྩི་དང་མར་དང་སྦྱར་ཏེ་ཟོས་ན་ཡང༌། སྐྱ་རྦབ་དང༌། མིག་སེར་དང༌། སྐྲངས་པ་དང༌། གཅིན་ནད་སེལ་ཏོ། །ཏིལ་དང༌། ཚ་བ་གསུམ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། དྲུབ་མར་ཅང་རྣམས་ཀྱི་ཕྱེ་མ་དང༌། ལྕགས་ཀྱི་ཕྱེ་མ། སྨན་དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་མཉམ་པ་དང་འདི་རྣམས་སྦྲང་རྩི་དང་སྦྱར་ཏེ་མ་བརྫིས་པ་ལས་རན་པར་ཟོས་ན་ཡང༌། སྐྱ་རྦབ་ཀྱི་ནད་དྲག་པོ་དང་སྐྲངས་པ་སེལ་ཏོ། །མིག་སེར་གྱི་ནད་ནི། སྐྱ་རྦབ་ཀྱི་ནད་ཡལ་བར་བོར་བ་ལས། མཁྲིས་པ་འཁྲུགས་ནས། མིག་སེར་གྱི་ནད་དུ་འགྱུར་བས་ན། དེ་ཡང་སྐབས་འདིར་བཤད་དེ། དེའི་མཚན་མ་ནི། མིག་དང་ལུས་ཀྱི་མདོག་སེར་བ་ཡིན་ནོ། །མིག་སེར་ཆེན་པོ་ཞེས་བྱ་བ་ཡང༌། མིག་སེར་གྱི་ནད་ལ་དང་པོར་ནད་ཚབས་ཆེན་པོར་གྱུར་པ་ལས་འབྱུང་སྟེ། དེ་གཉིས་ལ་ནི་སྣུམ་པའི་བཀྲུ་སྨན་བཏང་ངོ༌། །བ་ལ་དང༌། ཡུང་དང༌། ནིམྤ་དང༌། འབྲས་བུ་གསུམ་དང་ཤིང་མངར་རྣམས་ཆ་མཉམ་སྟེ་བཏགས་ལ་འོ་མ་དང༌། མ་ཧེའི་མར་དང་སྐོལ་ནས་མར་ཉི་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་མིག་སེར་གྱི་ནད་སེལ་ཏོ། །སླེ་ཏྲེས་དང༌། འབྲས་བུ་གསུམ་དང༌། སྐྱེར་པ་དང༌། ནིམྤ་རྣམས་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ་ནང་པར་བཞིན་རྟག་ཏུ་འཐུངས་ན་ཡང༌། མིག་སེར་གྱི་ནད་སེལ་ཏོ། །ལྕགས་ཀྱི་ཕྱེ་མ་དང༌། ཡུང་དང༌། སྐྱེར་པ་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་ཏེ་ཟོས་ན་ཡང་མིག་སེར་གྱི་ནད་སེལ་ཏོ། །སྐྱུ་རུ་ར་དང༌། ལྕགས་ཀྱི་ཕྱེ་མ་དང༌། ཚ་བ་གསུམ་དང༌། ཡུང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་མར་དང༌། ཁ་ར་དང་སྦྱར་ཏེ་ཟོས་ན། མིག་སེར་ཚབས་ཆེན་
པོ་ཡང་མྱུར་དུ་སེལ་ཏོ། །པི་པི་ལིང་དང༌། པི་པི་ལིང་ཆེན་པོ་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། ལ་ལ་ཕུད་དང༌། ན་ལེ་ཤམ་དང༌། རྒྱམ་ཚ་དང༌། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། འུ་སུའི་འབྲས་བུ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། གོ་སྙོད་དང༌། ནུ་ཤིང་གི་འབྲས་བུ་རྣམས་ཀྱི་ཕྱེ་མ་སྲད་རེ་རེ་དང༌། ཤིང་ཉེ་རོང་གི་ཕྱེ་མ་དང༌། ཏིལ་མར་སྲང་བརྒྱད་བརྒྱ་དང༌། སྐྱུ་རུ་རའི་ཁུ་བ་སྲང་དགུ་བཅུ་རྩ་དྲུག་དང༌། བུ་རམ་སྲང་ལྔ་བཅུ་དང་འདི་རྣམས་ལྷན་ཅིག་ཏུ་སྐོལ་བའི་མིང་ནི། སྨན་གྱི་ལྡེ་གུ་དགེ་བ་ཞེས་བྱ་སྟེ། འདི་ལས་རན་པར་ཟོས་ན་ཡང༌། སྐྱ་རྦབ་དང༌། མིག་སེར་དང༌། གཞང་འབྲུམ་དང་སྦྱར་བའི་དུག་རྣམས་སེལ་ཅིང༌། གཅིན་ནད་དང༌། མཛེ་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། ཕོ་བའི་ནད་རྣམས་མེད་པར་བྱེད་ལ་སྨན་བཅུད་ཀྱི་ལེན་དུ་ཡང་འགྱུར་རོ། །མིག་སེར་གྱིས་ཉམ་ཐག་པ་ནི། སྨན་དྲོན་པུ་ཤི་བའི་ཁུ་བའི་མིག་བཟང་ངོ༌། །ཡང་ན་ཡུང་དང༌། བཙག་དང༌། སྐྱུ་རུ་རའི་ཕྱེ་མ་ཞིབ་མོ་སྦྱར་བས་ཀྱང་བསྐུ་བར་བྱའོ། །ཡང་སྨན་ཀ་རྐོ་ཏ་ཀའི་རྩ་བའི་ཕྱེ་མའམ། ཛ་ལི་ནའི་འབྲས་བུའི་ཕྱེ་མ་སྣར་བླུགས་སོ། །ཡང་ན་མིག་སེར་གྱིས་ཉམ་ཐག་པ་ལ། ཨེ་རཎ་དང༌། པི་པི་ལིང་གི་ཕྱེ་སྦྱར་བ་སྣར་བླུགས་སོ། །ནད་ལྗང་གུ་ཁ་ཞེས་བྱ་བ་ནི། རླུང་དང་མཁྲིས་པ་ལས་འབྱུང་སྟེ། དེའི་མཚན་མ་ནི། ལུས་ཀྱི་མདོག་ལྗང་གུ་ཁར་འདུག་པ་དང༌། སྔོ་སངས་དང༌། སེར་བ་དང༌། རིམས་ཀྱིས་འདེབས་པ་དང༌། སྐོམ་དད་ཆེ་བ་དང༌། མེའི་དྲོད་ཆུང་བར་བྱེད་ཅིང་སྒྱིད་ལུག་པ་དང་སྙོམ་པ་རྣམས་ཡིན་ཏེ་སྐྱ་རྦབ་ཀྱི་ནད་ཡོད་པ་ལ་འབྱུང་ངོ༌། །དེ་ནི་ཁ་ཟས་དང༌། སྐོམ་མངར་བག་དང༌། རླུང་དང་མཁྲིས་པ་སེལ་བའི་སྨན་རྣམས་ཀྱིས་ཐུབ་པར་འགྱུར་ཏེ། མིག་སེར་དང༌། སྐྱ་རྦབ་ཀྱི་ནད་ཀྱི་ཆོ་གར་བསྟན་པ་བཞིན་དུ། ནད་ལྡང་ཁུ་ཁ་འདི་ལ་ཡང་སྦྱར་བར་བྱའོ། །སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་སྟེ་
བཅུ་བཞི་པ་རྫོགས་སོ།། །།དེ་ནས་སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱིགས་བུ་དང༌། དབུགས་མི་བདེ་བ་ལ་ནི། རླུང་དང་མཁྲིས་པའི་ནད་ལས་འདས་ཏེ། བད་ཀན་གྱི་རྗེས་སུ་འབྲང་བར་འགྱུར་བ་ལས། སྐྱིགས་བུ་དང༌། དབུགས་མི་བདེ་བ་དྲག་པོ་སྐྱེ་བར་འགྱུར་རོ། །དེ་གཉིས་རེ་རེ་ལ་ཡང་རྣམ་པ་ལྔ་ལྔ་ཡོད་དོ། །དེ་ལ་སྐྱིགས་བུའི་ནད་རྣམ་པ་ལྔ་ནི། སྐྱིགས་བུ་ཆེན་པོ་ཞེས་བྱ་བ། སྒྲ་ཆེ་ཞིང་ཤུགས་དྲག་ལ་གནད་ལ་གནོད་པ་དང༌། སྐྱིགས་བུའི་ནད་ཟབ་མོ་ཞེས་བྱ་བ། ལྟེ་བའི་ཕྱོགས་ནས་ལྡང་ཞིང་སྒྲ་ཟབ་ཏུ་འབྱུང་བ་དང༌། སྐྱིགས་བུའི་ནད་བཏུད་མ་ཞེས་བྱ་བ། སྐྱིགས་བུ་གཉིས་གཉིས་བཏུད་ཅིང་ཤུགས་དྲག་ཏུ་འབྱུང་ལ་མི་བཟད་པར་ན་ཞིང་མགོ་འདམ་པར་བྱེད་པ་དང༌། སྐྱིགས་བུ་ཆུང་ངུ་ཞེས་བྱ་བ་ཤུགས་དལ་ལ། བྲང་དང༌། ནམ་ཚོང་ནས་ལྡང་ཞིང་འབྱུང་བ་དང༌། སྐྱིགས་བུ་ཟས་ལས་འབྱུང་བ་ཞེས་བྱ་བ། ཧ་ཅང་མང་དུ་ཟོས་ཞིང་འཐུངས་པས་རླུང་གི་གནས་དོག་པར་གྱུར་པ་ལས་འབྱུང་བ་རྣམས་ཡིན་ཏེ། འདི་རྣམས་ཀྱི་ནད་ནི་སྐྱིགས་བུ་ཆུང་ངུ་དང༌། ཟས་ལས་འབྱུང་བ་ཞེས་བྱ་བ་གཉིས་ནི་གསོ་སླ་བ་ཡིན་ནོ། །ལྷག་མ་རྣམས་ནི་སྲོག་གཅོད་པར་བཤད་དོ། །དབུགས་མི་བདེ་བ་རྣམ་པ་ལྔ་ལ། སྒྲ་ཆེན་པོ་ཞེས་བྱ་བ། དབུགས་ཆེ་ཞིང་རན་པ་དང༌། སྙིང་དང༌། ལྟ་བ་རྣམས་ལོག་པར་བསྒྱུར་ཞིང༌། སྔ་མ་པ་ཞེས་བྱ་བ་གྱེན་དུ་ལྟ་ཞིང༌། དབུགས་དྲག་ཏུ་འབྱུང་ལ། མྱོས་པར་བྱེད་ཅིང་སྙིང་དང་རྩིབ་ལོགས་སུ་ཟུག་པ་དང༌། སྐབས་སུ་འཆད་པ་ཞེས་བྱ་བ། དབུགས་སྐབས་སྐབས་སུ་འཆད་ཅིང༌། དྲག་ཏུ་འབྱུང་བ་གང་ཡིན་པ་དང༌། རྨུགས་བྱེད་ཅེས་བྱ་བ། ཆམ་པ་དྲག་པོས་འདེབས་ཤིང་སྙིང་མྱོས་ལ། ནམ་ལངས་པའི་ཚེ་ལྷག་པར་ཚབས་ཆེ་བར་འགྱུར་བ་དང༌། དབུགས་ཆུང་ངུ་ཞེས་བྱ་བ་མི་དགའ་བ་ལས་འབྱུང་ལ་དལ་ཞིང་གནོད་པ་མི་བྱེད་པ་རྣམས་ཡིན་ཏེ། དེ་
དག་གི་ནད་ནི་དབུགས་ཆུང་ངུ་ཞེས་བྱ་བ་གསོ་སླ་བ་ཡིན་ནོ། །རྨུགས་བྱེད་ཅེས་བྱ་བ་ནི། ཁ་ཟས་དང༌། སྨན་གྱིས་སོས་ཙམ་དུ་འཇོག་ནུས་སོ། །ལྷག་མ་རྣམས་ནི་འཆི་བར་བྱེད་པ་ཡིན་ཏེ་སྤང་བར་བྱའོ། །དེ་ལ་སྐྱིགས་བུའི་ནད་དང། དབུགས་མི་བདེ་བའི་ནད་ཀྱིས་ཐེབས་པ་ལ་ནི། དང་པོར་ཏིལ་མར་གྱིས་ལུས་བསྐུ་བ་དང་དུགས་བྱས་ན་བཟང་ངོ༌། །ཉམས་སྟོབས་ཡོད་པ་ལ་ནི་གྱེན་དུ་སྐྱུགས་པ་དང་ཐུར་དུ་བཀྲུ་བས་སྦྱང་བར་བྱའོ། །རིད་ཅིང་ཉམ་ཆུང་བ་ལ་ནི་ཞི་བར་བྱ་བའི་སྨན་རྒྱ་ཤུག་གི་ཚིག་གུ་དང༌། སྐྱེར་ཁཎྜ་དང༌། འབྲས་ཡོས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། པུ་ཙེ་ཤེལ་དང་བཙག་ལྷན་ཅིག་ཏུ་སྦྱར་བ་དང༌། པི་པི་ལིང་དང༌། སྐྱུ་རུ་ར་དང༌། ཁ་ར་དང༌། བཅའ་སྒ་རྣམས་ལྷན་ཅིག་སྦྱར་བ་དང༌། ནག་མཚུར་དང༌། པོག་དཀར་པོ་ལྷན་ཅིག་ཏུ་སྦྱར་བ་དང་ཤིང་པ་ཊ་ལའི་འབྲས་བུ་དང་མེ་ཏོག་ལྷན་ཅིག་ཏུ་སྦྱར་བ་དང༌། པི་པི་ལིང་དང༌། འབྲ་གོའི་ཡལ་གའི་ཐོར་ཏོ་དང་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་རྣམ་པ་དྲུག་པོ་འདི་རྣམས་ལས་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ལ་སྨན་གྱི་ལྡེ་གུར་བྱས་ཏེ་ཟོས་ན། སྐྱིགས་བུའི་ནད་སེལ་ཏོ། །ཤིང་མངར་དང་སྦྲང་རྩི་དང་སྦྱར་བ་དང༌། པི་པི་ལིང་ཁ་ར་དང་སྦྱར་བ་དང༌། བཅའ་སྒ་བུ་རམ་དང་སྦྱར་བ་འདི་གསུམ་ལས་གང་ཡང་རུང་བ་སྣར་བླུགས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་ཞོ་འམ། ལེ་བརྒན་རྩིའི་ཁུ་བ་གང་ཡང་རུང་བ་དང་སྦྱར་བའམ། ཡང་ན་ཙན་དན་དཀར་པོ་བུད་མེད་ཀྱི་ནུ་ཞོ་ལས་བརྡར་ཏེ། སྣར་བླུགས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །ཡང་ན་སྐྱིགས་བུའི་ནད་ཞི་བར་བྱ་བ་ལ། ལྡོང་རོས་དང༌། བ་ལང་གི་རྭ་དང༌། རུ་རྟ་དང༌། སྲ་རྩི་པོག་དང༌། རྩྭ་ཀུ་ཤ་རྣམས་ལས་གང་ཡང་རུང་བ་མར་དང་སྦྱར་ཏེ། སྣོད་ཁ་སྦྱར་གྱི་ནང་དུ་བསྲེགས་ལ། འུའི་ནང་ནས་དུད་པ་དྲང་ཞིང༌། ཁ་སྣར་
བརྔུབས་ན་ཡང་སྐྱིགས་བུའི་ནད་སེལ་ཏོ། །མར་བཟང་པོ་སྲང་གཉིས་བཞུ་སྟེ་ཚོས་པར་བྱས་ལ། རྒྱམ་ཚ་སྲང་གཅིག་དང་སྦྱར་བའམ། ཡང་ན་ནས་ཚིག་འཁུས་པའི་ཐལ་བ་མར་བཟང་པོ་བཞུས་ཏེ་ཚོས་པར་བྱས་པའི་ནང་དུ་བཏབ་པ་འཐུངས་ན་ཡང་སྐྱིགས་བུའི་ནད་ཀྱིས་ཉམ་ཐག་པ་སེལ་ཏོ། །དབུགས་མི་བདེ་བའི་ནད་གསོ་བའི་ཆོ་ག་ནི། བྱི་ཚེར་དང༌། པི་པི་ལིང་དང༌། རྒུན་དང༌། བུ་བྲན་ཤིང་དང༌། ཨ་རུ་ར་རྣམས་ཞིབ་ཏུ་བཏགས་ལ། སྦྲང་རྩི་དང་མར་སྦྱར་ཏེ་ཟོས་ན། དབུགས་མི་བདེ་བ་དང༌། ལུད་པ་དང་རླུང་ནད་རྨུགས་བྱེད་རྣམས་སེལ་ཏོ། །བུ་རམ་དང༌། ན་ལེ་ཤམ་དང༌། ཡུང་དང་རླ་རྣ་དང༌། རྒུན་དང་པི་པི་ལིང་རྣམས་བཏགས་ལ་ཏིལ་མར་དང་སྦྱར་ཏེ་ཟོས་ན་ཡང་དབུགས་མི་བདེ་བའི་ནད་དྲག་པོ་སེལ་ཏོ། །ཡང་ན་སྦྲང་རྩི་དང༌། མར་དང་ག་བྲའི་རྩ་བ་དང༌། ཤིང་མངར་གྱི་ཕྱེ་མ་སྦྱར་ཏེ་བཟའ་བར་བྱའོ། །ཨ་རུ་ར་དང༌། རྩ་མཁྲིས་དང༌། པི་པི་ལིང་དང༌། བྱི་ཚེར་རྣམས་ཀྱི་ཕྱེ་མ་སྦྲང་རྩི་མར་དང་སྦྱར་ཏེ་ཟོས་ན་ཡང་དབུགས་མི་བདེ་བའི་ནད་སེལ་ཏོ། །ཤིང་རམ་བྷ་དང༌། ཀུནད་དང༌། ཤི་རི་རྣམས་ཀྱི་མེ་ཏོག་དང༌། པི་པི་ལིང་རྣམས་བཏགས་ལ། འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་དབུགས་མི་བདེ་བའི་ནད་སེལ་ཏོ། །ཡང་ན་སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་ལ་ག་བྲའི་རྩ་བ་དང༌། བཅའ་སྒའི་ཕྱེ་མ་ཆུ་སྐོལ་བ་དྲོན་མོ་དང་སྦྱར་ཏེ་བཏུང་བར་བྱའོ། །ཡང་ན་བཅའ་སྒ་དང༌། ཁ་ར་དང་ག་བྲའི་རྩ་བ་དང༌། ཁ་རུ་ཚ་རྣམས་ཀྱི་ཕྱེ་མ་ཆུ་སྐོལ་བ་དྲོན་མོ་དང་སྦྱར་ཏེ་བཏུང་བར་བྱའོ། །ཡང་ན་ཤིང་ཚ་དང༌། སུག་སྨེལ་དང༌། ཟ་ལ་ཀ་དང་ལི་ཟུར་བ་དང༌། བཅའ་སྒ་དང༌། ཛི་བནྡི་དང༌། མ་ནུ་དང༌། ཛྷ་ཏ་དང༌། བཅའ་བ་དང༌། ཨ་ག་རུ་དང༌། པི་པི་ལིང་དང༌། གླ་སྒང་དང༌། བྱི་འུ་རུག་པ་དང༌། སྤང་སྤོས་རྣམས་ཆ་མཉམ་སྟེ་བཏགས་པའི་ཕྱེ་མ་དང་ཁ་ར་སྨན་དེ་རྣམས་སྤྱིར་བསྡོམས་པའི་བརྒྱད་འགྱུར་དང་སྦྱར་བའི་ཕྱེ་མའི་སྨན་འདི་ཟོས་ན། སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་སེལ་ཞིང༌། ལུད་
པ་དང༌། རིམས་དང༌། སྙིང་ན་བ་དང༌། རྩིབ་ལོགས་སུ་ཟུག་པ་རྣམས་མེད་པར་བྱེད་དོ། །རྨ་བྱའི་རྐང་པ་འམ་སྒྲོའི་རྩ་བ་གང་ཡང་རུང་བ་བསྲེགས་པའི་ཐལ་བ། མར་དང༌། སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བྱི་ཐུར་གྱི་ཤ་བསྲེགས་ལ། མར་དང་སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང་སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་སེལ་ཏོ། །སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་ཀྱིས་ཤིན་ཏུ་ཉམ་ཐག་པའི་སྐོམ་དུ་ནི་རྩ་བ་བཅུ་པ་སྐོལ་བའི་ཁུ་བ་འམ། ཐང་ཤིང་སྐོལ་བའི་ཁུ་བ་འམ། ཆད་རྣམས་ལས་རན་པར་འཐུང་བར་བྱའོ། །སྐྱིགས་བུའི་ནང་དང༌། དབུགས་མི་བདེ་བའི་ནད་ཡོད་པ་ལ། སྨན་པས་ཚབས་ཆེ་ཆུང་ལ་སོགས་པའི་བྱེ་བྲག་ཤིན་ཏུ་ཕྱེད་པར་བྱ་སྟེ། བད་ཀན་དང་རླུང་སེལ་བའི་ཁ་ཟས་དང་བཏུང་བའི་ཆོ་ག་སྦྱིན་པར་བྱའོ། །སྐྱིགས་བུའི་ནད་དང༌། དབུགས་མི་བདེ་བའི་ནད་གསོ་བའི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། །།དེ་ནས་ལུད་པའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། ལུད་པ་ནི་ནད་གཞི་གསུམ་རེ་རེ་ལས་གྱུར་པ་དང༌། གློ་འགྲམས་པ་ལས་གྱུར་པ་དང༌། ནད་ཁོང་སྐེམས་ལས་གྱུར་པ་དང་རྣམ་པ་ལྔ་ཡོད་དེ། དེ་དག་ཀྱང་རླུང་རྣམ་པ་ལྔ་པོ། དབུགས་རྒྱུ་བར་བྱེད་པ་ཞེས་བྱ་བ་དང༌། ངག་འབྱུང་བར་བྱེད་པ་དང༌། ལེགས་པར་འཇོག་པ་དང༌། སྐྱོད་པ་དང༌། དྲི་མ་འབྱིན་པ་ཞེས་བྱ་བ་རྣམས་འཁྲུགས་པ་ལས་འབྱུང་སྟེ། སྙིང་ག་དང༌། བྲང་དང༌། ཕྲག་པ་དང༌། ལྐོག་མ་ལ་སོགས་པ་ནད་འདྲུ་ཞིང༌། རྐོ་བ་ནི་ལུད་པ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་ལུད་པའི་མཚན་མ་ནི། སྙིང་ན་བ་དང༌། ཀླད་པ་ན་བ་དང༌། རྩིབ་ལོགས་སུ་ཟུག་པ་དང༌། ལུད་པ་སྐམ་ཞིང་འགོགས་སུ་མི་བཏུབ་པ་དང༌། སྐད་འགགས་པ་རྣམས་ཡིན་པར་བཤད་དོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། ཁར་ཚྭ་བྲོ་བ་དང༌། སྐྱུགས་པའི་རོ་ཚ་ཞིང་མདོག་སེར་ལ་ཚ་བ་རྣམས་ཡིན་ནོ།།
བད་ཀན་ལས་གྱུར་པའི་ལུད་པའི་མཚན་མ་ནི། ལུས་ལྕི་ཞིང་མཆིལ་མ་མང་དུ་འོང་བ་དང༌། ཆམ་པས་འདེབས་ཤིང་ཡི་ག་འཆུས་པ་རྣམས་ཡིན་ནོ། །གློ་འགྲམས་པ་ལས་གྱུར་བའི་ལུད་པའི་མཚན་མ་ནི། ལུད་པ་ཁྲག་ཏུ་འོང་བ་དང༌། རུ་ཤིང་ན་བ་དང༌། དབུགས་མི་བདེ་བ་དང༌། གློ་ལས་རྣག་འབྱུང་བ་རྣམས་ཡིན་ནོ། །ནད་ཁོང་སྐེམས་ལས་གྱུར་པའི་ལུད་པའི་མཚན་མ་ནི། ལུད་པ་ཁྲག་དང་རྣག་ཏུ་འབྱུང་ཞིང༌། ནད་གཞི་གསུམ་འདུས་པ་ལས་བྱུང་བ་ཡིན་ནོ། །དེ་རྣམས་ཀྱི་ནང་ན་གློ་འགྲམས་པ་ལས་གྱུར་པའི་ལུད་པ་ནི་ཁ་ཟས་དང་སྨན་ལ་སོགས་པས་སོས་ཙམ་དུ་འཇོག་ནུས་སོ། །ནད་ཁོང་སྐེམས་ལས་གྱུར་པའི་ལུད་པ་ནི་མི་འཚོའོ། །ལྷག་མ་གསུམ་པོ་རྣམས་ནི་གསོར་རུང་ངོ༌། །དེ་ལ་གསོ་བའི་ཆོ་ག་ནི། བཅའ་སྒ་དང༌། བྱི་ཚེར་དང༌། བུ་བྲན་ཤིང་དང༌། རྒུན་དང་ལི་ཟུར་བ་དང༌། ཁ་ར་རྣམས་བཏགས་པའི་ཕྱེ་མ། ཏིལ་མར་དང་སྦྱར་ཏེ་ཟོས་ན། རླུང་ལས་གྱུར་པའི་ལུད་པ་མི་བཟད་པ་སེལ་ཏོ། །ལི་ཟུར་བ་དང༌། བུ་བྲན་ཤིང་དང༌། པི་པི་ལིང་དང༌། ག་བྲའི་རྩ་བ་དང༌། གླ་སྒང་དང༌། བྱི་ཚེར་རྣམས་ཀྱི་ཕྱེ་མ་བུ་རམ་དང་ཏིལ་མར་དང་སྦྱར་བའི་སྨན་གྱི་ལྡེ་གུ་འདིའི་མིང་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་སྟེ། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཀོན་ཏི་དང༌། རྒྱམ་ཚ་དང༌། ཚ་བ་གསུམ་དང༌། བྱི་དང་ག་དང༌། རུ་རྟ་དང༌། ཤིང་ཀུན་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་གུ་འདི་ནི་ལུད་པའི་ནད་དང༌། སྐྱིགས་བུའི་ནད་ལ་བསྔགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ལུད་པའི་ནད་ཡོད་པ་ལ་ནི། པི་པི་ལིང་དང༌། ཁ་ར་དང༌། སྨྱིག་རྐང་དང༌། འབྲས་ཡོས་དང༌། སྐྱུ་རུ་ར་དང་རྒུན་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་མངར་དང༌། པི་པི་ལིང་གི་རྩ་བ་དང༌། མུརྦ་དང༌། རྒུན་དང༌། བཅའ་སྐ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། པི་པི་ལིང་དང༌། འབྲ་གོ་དང༌། སྨྱིག་རྐང་དང༌། གཟེ་མ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་གསུམ་ལས་གང་ཡང་
རུང་བ། མར་དང༌། སྦྲང་རྩི་དང་སྦྱར་ལ་སྨན་གྱི་ལྡེ་གུར་བྱ་སྟེ་བཟའ་བར་བྱའོ། །བད་ཀན་ལས་གྱུར་པའི་ལུད་པའི་ནད་ཡོད་པ་ལ་ནི། གླ་སྒང་ཆེན་པོ་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། པི་པི་ལིང་དང༌། ཏ་མལྐ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། ཨ་རུ་ར་དང༌། པི་པི་ལིང་དང༌། གླ་སྒང་དང༌། ཐང་ཤིང་དང་བཅའ་སྒ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། པི་པི་ལིང་ཆེན་པོ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་རྣམ་པ་འདི་གསུམ་ལས་གང་ཡང་རུང་བ། སྦྲང་རྩི་དང་སྦྱར་ལ་སྨན་གྱི་ལྡེ་གུར་བྱས་ཏེ་ཟོས་ན་བད་ཀན་ལས་གྱུར་པའི་ལུད་པའི་ནད་སེལ་བར་རིག་པར་བྱའོ། །བཙོད་དང༌། སྐྱེར་ཁཎྜ་དང་མུརྦ་དང༌། ཀྲུ་ཏྲུག་ཏྲེས་དང༌། པཱ་ཐཱ་དང༌། པི་པི་ལིང་དང༌། ཡུང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་ཤས་བསྐྱེད་དེ་སྦྱར་བ་ཟོས་ན་གློ་འགྲམས་པ་ལས་གྱུར་པ་དང༌། ནད་ཁོང་སྐེམས་པ་ལས་གྱུར་པའི་ལུད་པའི་ནད་སེལ་ཏོ། །ཐང་ཤིང་དང་བ་ལ་དང༌། ར་སྣ་དང་འབྲས་བུ་གསུམ་དང། རྩ་བ་གསུམ་དང༌། ཤུག་པ་དང༌། བྱི་དང་ག་རྣམས་ཀྱི་ཕྱེ་མ་ཁ་ར་སྨན་དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་མཉམ་པར་སྦྱར་བའི་ཕྱེ་མའི་སྨན་འདིས་ནི། ལུད་པའི་ནད་རྣམ་པ་ལྔ་ཆར་སེལ་ཏོ། །ཨ་གས་སྟི་ཞེས་བྱ་བའི་སྨན་གྱི་ལྡེ་གུ་སྦྱར་བའི་ཐབས་ནི། སྨན་ཤང་ཀ་པུ་ཤི་བ་དང༌། སྲད་མ་ཨཏྨ་གུཔྟ་དང༌། ཀྲུ་ཏྲུག་ཏྲེས་དང༌། རྩ་བ་བཅུ་དང༌། ལི་ཟུར་བ་དང༌། བ་ལ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། ག་བྲའི་རྩ་བ་དང༌། ཤིང་ཨ་པ་མརྒ་དང༌། པི་པི་ལིང་གི་རྩ་བ་དང༌། མ་ནུ་རྣམས་ལས་སྲང་གཉིས་དང། ཨ་རུ་ར་འབྲུ་བརྒྱ་དང༌། ནས་ཕུལ་བུ་བཅུ་དྲུག་དང༌། འདི་རྣམས་ལྷན་ཅིག་ཏུ་ཆུ་ནས་ཀྱི་ལྔ་འགྱུར་གྱི་ནང་དུ་བསྐོལ་ལ། ནས་ལེགས་པར་ཚོས་ནས་ཕྱུང་སྟེ་བཙགས་པའི་ཁུ་བའི་ནང་དུ། ཨ་རུ་ར་དེ་རྣམས་བུ་རམ་སྲང་བརྒྱ་དང་མར་སྲང་བརྒྱད་དང༌། ཏིལ་མར་
སྲང་བརྒྱད་དང༌། པི་པི་ལིང་གི་ཕྱེ་མ་སྲང་བརྒྱད་དང༌། ལྷན་ཅིག་ཏུ་མེ་མི་ཆེ་བར་ཡང་བསྐོལ་ཏེ། ནུར་ནུར་པོ་སྐྱ་བས་དྲང་དུ་རུང་བ་ཙམ་དུ་གྱུར་པ་ཕྱུང་སྟེ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བརྒྱད་བླུགས་ཏེ་སྦྱར་བའི་སྨན་བཅུད་ཀྱི་ལེན་འདི་ལས་ནང་རེ་བཞིན་ཨ་རུ་ར་འབྲུ་གཉིས་གཉིས། སྨན་གྱི་ལྡེ་གུ་དང་བཅས་ཏེ་ཟོས་ན་ལུད་པའི་ནད་ཐམས་ཅད་དང་དབུགས་མི་བདེ་བའི་ནད་དང་ནད་ཁོང་སྐེམས་རྣམས་སེལ་ཅིང་ཕོ་བའི་ནད་དང་ཡི་ག་འཆུས་པ་དང༌། སྐྱིགས་བུའི་ནད་དང༌། གཞང་འབྲུམ་དང༌། རིམས་དང༌། སྙིང་ན་བ་དང༌། སྐྲངས་པ་རྣམས་སེལ་ཏེ། ཀཎྜ་ཀ་རི་སྐོལ་བའི་ཁུ་བའི་ནང་དུ། ར་སྣ་དང༌། བ་ལ་དང༌། ཚ་བ་གསུམ་དང༌། གཟེ་མ་རྣམས་ཀྱི་ཕྱེ་མ་མར་དང་ལྷན་ཅིག་ཏུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་ལུད་པའི་ནད་རྣམ་པ་ལྔ་ཆར་སེལ་ཏོ། །ལྡོང་རོས་དང༌། བ་ལ་དང༌། ཨ་ཀུ་ཏ་དང༌། ཤིང་མངར་དང༌། གླ་སྒང་དང༌། སྤང་སྤོས་རྣམས་བསྲེགས་པའི་དུད་པ་ཁ་སྣར་བདུག་ཅིང༌། དེའི་རྗེས་ལ་བུ་རམ་དང་འོ་མ་སྦྱར་བ་འཐུངས་ཏེ། ཐབས་དེ་ལྟར་ཞག་གསུམ་གྱི་བར་དུ་བྱས་ན་ཡང་ལུད་པའི་ནད་ཐམས་ཅད་སེལ་ཏོ། །ལུད་པའི་ནད་གསོ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་སྐྱུག་པའི་ནད་དང་སྐོམ་པའི་ནད་གསོ་བ་བཤད་པར་བྱ་སྟེ། དེ་ལ་སྐྱུག་པའི་ནད་ནི་ནད་གཞི་གསུམ་འཁྲུགས་པ་རེ་རེ་ལས་གྱུར་པ་དང༌། གསུམ་ཆར་འདུས་པ་ལས་གྱུར་པ་དང༌། མི་སྡུག་ཅིང་ཡིད་དུ་མི་འོང་བ་དང༌། རུལ་ཞིང་མྱགས་པ་ལ་སོགས་པ་མཐོང་བ་དང་རེག་པ་དང༌། སྣོམ་པ་དང་གཏམ་ཐོས་པ་དང༌། བསམས་པ་རྣམས་ལས་གྱུར་པ་དང༌། རྣམ་པ་ལྔ་ཡོད་དེ། དེ་དག་གི་མཚན་མ་བསྟན་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྱུག་པའི་མཚན་མ་ནི། སྐྱུགས་པའི་རོ་བསྐ་ཞིང་དང་ལ་མདོག་གནག་པ་དང༌། དབུ་བ་ཅན་དང༌། ཤུགས་དྲག་ཅིང་ན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མཚན་
མ་ནི། སྐྱུག་པ་ཚ་ཞིང་སེར་བ་དང༌། དམར་བ་དང་ལྗང་གུར་འདུག་ལ་ལུས་ཚ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མཚན་མ་ནི། སྐྱུག་པ་འབྱིལ་ཞིང་རོ་མངར་ལ་གྲང་ཞིང་བསྐ་བ་རྣམས་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་མཚན་མ་ནི། མཚན་མ་ཐམས་ཅད་དང་ལྡན་པར་ཤེས་པར་བྱའོ། །མི་སྡུག་ཅིང་ཡིད་དུ་མི་འོང་བ་ལས་གྱུར་པའི་མཚན་མ་ནི། དུལ་བ་དང༌། མི་སྡུག་པ་དང༌། སེམས་གདུངས་པ་ལ་སོགས་པ་ཐོག་མ་བསྐྱེད་པའི་རྒྱུར་སྨོས་པ་དེ་དག་ཉིད་ལས་རྟོགས་པར་བྱའོ། །དེ་ལ་སྐྱུག་པ་ཁྲག་དང་བཅས་པར་འབྱུང་ཞིང༌། ཞག་ཚིག་ཚིག་པོ་ཡོད་ལ་ཤ་ཟད་དེ་ཉམ་ཆུང་བ་དང༌། ནད་བླ་གཉན་གཞན་གྱིས་ཀྱང་ཐེབས་པ་ནི་མི་འཚོ་སྟེ་སྤང་བར་བྱའོ། །སྐྱུག་ནད་ཐམས་ཅད་ནི་མ་ཞུ་པའི་གནས་ཕོ་བ་ལས་འབྱུང་བས་ན། རླུང་ལས་གྱུར་པའི་སྐྱུག་པ་མ་གཏོགས་པར་དང་པོར་སྨྱུང་བའི་ཆོ་ག་བྱས་ལ་དེས་མ་ཞི་ན་ཕྱིས་བཀྲུ་སྨན་བཏང་ངོ༌། །རླུང་ལས་གྱུར་པ་ལ་ནི་དང་པོར་དེ་དང་འཕྲོད་པའི་སྨན་གྱིས་ཞི་བར་བྱའོ། །དེ་ལ་བཀྲུ་སྨན་ནི་ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ལྡེ་གུར་བྱས་པའམ། ཡང་ན་བཀྲུ་སྨན་ཞིམ་ཞིང་ཡི་གར་འོང་བ་གཞན་ཡང་གཏང་བར་བྱའོ། ཉམས་སྟོབས་ཡོད་པ་ལ་ནི། སྐྱུག་སྨན་དང་བཀྲུ་སྨན་བྱའོ། །རིད་ཅིང་ཉམ་ཆུང་བ་ལ་ནི་ཞི་བར་བྱ་བའི་སྨན་གཏང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྐྱུག་པའི་ནད་ཞི་བར་བྱ་བའི་ཆོ་ག་ནི། །རྒྱམ་ཚྭ་དང་མར་སྦྱར་བ་བཏུང་བ་འམ། ཡང་ན་རྒྱམ་ཚ་དང༌། ཁ་རུ་ཚ་དང༌། རྩབས་རུ་ཚ་བ་དང༌། ཚ་བ་གསུམ་དང༌། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བཏུང་བར་བྱའོ། །མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་ཞི་བར་བྱ་བ་ལ་ནི། བ་ལ་དང༌། བཙག་གི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བའམ། པུ་ཤེལ་ཙེའི་ཕྱེ་མ་འབྲས་བཀྲུས་པའི་ཕྱེ་མ་དང་སྦྱར་བ་འམ། ཡང་ན་པུ་ཤེལ་ཙེའི་ཕྱེ་སྐྱུ་
རུ་རའི་ཁུ་བ་གྲང་མོ་དང་སྦྱར་ཏེ་བཏུང་བར་བྱའོ། །བད་ཀན་ལས་གྱུར་པའི་སྐྱུག་པའི་ནད་ཡོད་པ་ལ་ནི། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། ནིམྦ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། ཡང་ན་བྱི་དང་ག་དང་གླ་བ་དང་བཅའ་སྒ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་བཟའ་བར་བྱའོ། །ཤི་ར་ཕི་ལ་དང༌། སླེ་ཏྲེས་དང༌། མུརྦ་རྣམས་ལས་གང་ཡང་རུང་བ་སྐོལ་བའི་ཁུ་བ་བསྒྲངས་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་མུརྦའི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་འཐུངས་ན། རླུང་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་རྣམས་ཀྱི་སྐྱུག་པའི་ནད་སེལ་ཏོ། །པི་པི་ལིང་དང༌། ན་ལེ་ཤམ་དང༌། ལྡོང་རོས་རྣམས་ཀྱི་ཕྱེ་མ་དང༌། དེ་རྣམས་སྤྱིར་བསྡོམས་པའི་ཚད་དང་མཉམ་པའི་འབྲས་ཡོས་ཀྱི་ཕྱེ་མ་དང། སྦྲང་རྩི་རྣམས་ཀ་པིཏྠའི་འབྲས་བུ་དང༌། ཁ་ལུང་གི་འབྲས་བུ་སྐོལ་བའི་ཁུ་བ་གྲང་མོའི་ནང་དུ་བླུགས་ཏེ་འཐུངས་ན་ཡང་སྐྱུག་པའི་ནད་སེལ་ཏོ། །རྒྱ་ཤུག་གི་ཚིག་གུ་དང༌། པི་པི་ལིང་དང༌། སྐྱུ་རུ་ར་རྣམས་ཀྱི་ཕྱེ་མ་དང་ལྷན་ཅིག་ཏུ་སྦྱར་བ་དང༌། འབྲས་ཡོས་དང༌། འབྲས་བུ་གསུམ་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། རྩ་ཤྱ་མ་ཀ་དང༌། སྐྱེར་ཁཎྜ་དང༌། གླ་སྒང་དང༌། རྒྱ་ཤུག་གི་རུས་པ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། སྦྲང་མའི་རྟུག་པ་དང། ཁ་ར་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། ཀ་པིཏྠ་དང༌། བ་ལ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་པ་ཏྲ་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་རྣམ་པ་དྲུག་པོ་འདི་རྣམས་ལས་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་ཏེ། སྨན་གྱི་ལྡེ་གུར་བྱས་པ་ཟོས་ན་ཡང་སྐྱུག་པའི་ནད་སེལ་ཏོ། །སྐྱུག་པའི་ནད་རིང་དུ་ལོན་པ་ལ་ནི་དགེ་བ་ཞེས་བྱ་བའི་སྨན་མར་དང༌། འོ་མའི་
སྨན་དང་རོ་ཙ་བར་བྱེད་པའི་སྨན་དང༌། ཤའི་ཁུ་བཅུད་ལ་སོགས་པ་རླུང་སེལ་བའི་ཆོ་ག་རྣམས་བྱའོ། །སྐོམ་པའི་ནད་ཀྱང༌། ནད་གཞི་གསུམ་སོ་སོ་ལས་གྱུར་པ་དང༌། ཟས་མ་ཞུ་བ་ལས་གྱུར་པ་དང༌། གློ་འགྲམས་ནས་ནད་ཁོང་སྐེམས་སུ་གྱུར་པ་ལས་འབྱུང་བ་དང་རྣམ་པ་ལྔ་ཡོད་དེ་སྐོམ་པའི་ནད་དོ་ཅོག་གི་གཞི་ནི། ཤས་ཆེར་རླུང་དང་མཁྲིས་པ་གཉིས་ཡིན་པས་ན། སྐོམ་པའི་ནད་ལ་ཐོག་མར་དེ་གཉིས་བསལ་བའི་ཆོ་ག་བྱའོ། །དེ་ལ་སྐེམ་པའི་ནད་ཡོད་པའི་སྐོམ་དུ་ནི་སྦྲང་རྩི་ཆར་པའི་ཆུ་དང་སྦྱར་བ་འམ། དེ་མ་རྙེད་ན་ཆུ་ཐ་མལ་པ་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་བོང་པ་བསྲེགས་པ་ཆུར་བཅུག་པའི་ཁུ་བ་འབྲས་བརྡོས་པའི་ཕྱེ་དང་སྦྲང་རྩི་ཁ་ར་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་ཁ་ར་དང༌། ནཱ་ག་གེ་སར་དང༌། པི་པི་ལིང་དང༌། བ་བེ་དང༌། བལ་པོ་སེའུ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་གུའམ་པི་པི་ལིང་དང༌། ཤིང་འོ་མ་ཅན་གྱི་མྱུ་གུ་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་གུ་གང་ཡང་རུང་བ་ལ་ཟོས་ན་ཡང་སྐོམ་པའི་ནད་སེལ་བར་འགྱུར་རོ། །ཡང་ན་ཤིང་བ་ཏའི་ཡལ་གའི་ཐོར་ཏོ་དང༌། རུ་རྟ་དང༌། འབྲས་བརྡོས་པའི་ཕྱེ་དང༌། ཨུཏྤ་ལ་སྔོན་པོ་དང༌། འབྲས་བུ་གསུམ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་པའི་རི་ལུ་ཁར་བཞག་ན་ཡང་སྐོམ་པའི་ནད་མྱུར་དུ་སེལ་ཏོ། །རྒུན་དང་བུ་རམ་ཤིང་གི་ཁུ་བ་དང༌། འོ་མ་དང༌། སྦྲང་རྩི་རྣམས་ཀྱི་ནང་དུ་ཤིང་མངར་དང༌། ཨུཏྤ་ལའི་ཕྱེ་མ་བླུགས་ཏེ་འཐུངས་ན་ཡང་སྐོམ་པའི་ནད་གདོན་མི་ཟ་བར་བྱེད་དོ། །འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། རྒུན་ཆང་དང༌། བུ་རམ་ཆང་དང༌། བུ་རམ་ཆབ་དང༌། སྦྲང་ཆབ་དང༌། སྟར་བུའི་ཁུ་བ་དང༌། རྩབས་སྐྱུར་པོ་རྣམས་གང་ཡང་རུང་བ། ཁར་ཡུན་རིང་དུ་བཞག་ཅིང༌། ཕྱིར་ཕོ་ན་ཡང་རྐན་
སྐམས་པ་སེལ་པར་བྱེད་དོ། །སྐྱུག་པའི་ནད་དང༌། སྐོམ་པའི་ནད་གསོ་བའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།བམ་པོ་ལྔ་པའོ། །དེ་ནས་གཅིན་སྲི་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །གཅིན་སྲི་བ་ལ་སོགས་པའི་ནད་ན། ཁ་ཟས་ལ་སོགས་པ་ཤིན་ཏུ་རྣོ་བ་ཟ་ཞིང་འཐུང་བ་དང༌། ཤིན་ཏུ་མང་བར་ཟ་ཞིང་འཐུངས་པའི་གནོད་པ་ལས་གཅིན་སྲི་བའི་ནད་རྣམ་པ་བརྒྱད་དུ་འགྱུར་ཏེ། དེ་ལ་རླུང་ལས་གྱུར་པའི་གཅིན་སྲི་བའི་ནད་ནི་ཤིན་ཏུ་མི་བཟད་པར་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་གཅིན་ཉིད་ཚ་རབ་ཏུ་འོང་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་ཆུ་སོའི་ཕྱོགས་ལྕི་བ་བེམ་པོར་འདུག་ཅིང་སྐྲངས་བ་ཡིན་ནོ། །ནད་གཞི་འདུས་པ་ལས་གྱུར་པ་ནི་མ་རུངས་པ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ནི་གཅིན་ཁྲག་རྩ་འོང་བ་ཡིན་ནོ། །ཁུ་ཆུ་ལས་གྱུར་པ་ནི་ཁུ་ཆུ་འགགས་པ་ལས་འབྱུང་བ་ཡིན་ནོ། །གཅིན་རྡེའུས་འགགས་པ་ནི་རླུང་གིས་ཁུ་ཆུ་དང་བད་ཀན་བསྒངས་ནས་རྡོ་འདྲ་བར་གྱུར་པ་ཡིན་ནོ། །གཅིན་བསྟུས་པ་ནི་ཆུ་སོ་ལྒང་པའི་ཁ་མི་བཟད་པར་ན་ཞིང་རྡེའུ་ཞིག་པས་གཅིན་འགགས་པར་གྱུར་པ་ཡིན་པར་བཤད་དོ། །དེ་དག་གསོ་བའི་ཐབས་ནི་སྨན་མར་དང༌། ཏིལ་མར་གྱིས་ལུས་བསྐུ་བ་དང༌། སྨན་མར་བཏུང་བ་དང༌། དུགས་བྱ་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་ཞིང༌། དེའི་རྗེས་ལ་འཇམ་རྩི་མས་གཏང་བ་རྣམས་བྱའོ། །དེ་ལ་རླུང་ལས་གྱུར་པའི་གཅིན་སྲི་བ་ལ་ནི། རྩྭ་ཀུ་ཤ་ལ་སོགས་པའི་སྡེ་ཚན་ནམ། སྨན་ཏི་རི་ལ་སོགས་པའི་སྡེ་ཚན་གང་ཡང་རུང་བ་སྐོལ་བའི་ཁུ་བས་བཙོས་པའི་ཤ་ཁུ་དང་ལྡན་པར་ཁ་ཟས་བཟའ་འོ། །མཁྲིས་པ་དང༌། ཁྲག་ནད་ལས་གྱུར་པ་ལ་ནི། སྐྱུ་རུ་ར་སྐོལ་བའི་ཁུ་བའི་ནང་དུ་སྐྱེར་པའི་རྩ་བའི་ཕྱེ་མ་དང་སྦྲང་རྩི་བླུགས་པའམ། ཡང་ན་ཨེ་ལ་བ་ལུ་ཀའི་ས་བོན་དང༌། ཤིང་མངར་དང༌། སྐྱེར་པ་རྣམས་ཀྱི་ཕྱེ་མ་
འབྲས་བཀྲུས་པའི་ཁུ་བའི་ནང་དུ་བཏབ་པ་བཏུང་བར་བྱའོ། །བད་ཀན་ལས་གྱུར་པའི་གཅིན་སྲི་བ་ཞི་བར་བྱ་བ་ལ་ནི། སུག་སྨེལ་ཞིབ་ཏུ་བཏགས་པའི་ཕྱེ་མ། བ་གཅིན་དང༌། ཆང་དང༌། ཆུ་ཤིང་གི་ཁུ་བ་བཙིར་བ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་བཏུང་བར་བྱའོ། །ཁུ་ཆུ་འགགས་པ་ལས་གཅིན་སྲི་བར་གྱུར་པ་ལ་ནི། བྲ་གཞུན་སྦྲང་རྩི་དང་སྦྱར་བའི་སྨན་གྱི་ལྡེ་གུ་བཟའ་བར་བྱའོ། །ཡང་ན་རོ་ཙ་བར་བྱ་བའི་སྨན་གྱིས་ལུས་ཟུངས་བདུན་བརྟས་ལ། ན་ཆུང་བཟང་མོ་དང་ཉལ་པོ་བྱའོ། །གཅིན་སྲི་བའི་ནད་རྣམས་ལ། ལེ་བརྒན་རྩིའི་ས་བོན་བཏགས་པའི་ཕྱེ་མ་སྦྲང་རྩི་དང༌། འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བའམ། ཡང་ན་བྲག་ཞུན་དང༌། སྲུ་སྲུ་དང༌། པི་པི་ལིང་དང༌། སུག་སྨེལ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང༌། འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་བཏུང་བར་བྱའོ། །རྒུན་དང༌། ཁ་རའི་ཕྱེ་མ་ཞོ་ཁ་ཆུ་དང་སྦྱར་བ་འམ། ཡང་ན་འོ་མ་སྐོལ་བ་དྲོན་མོ་བུ་རམ་དང་སྦྱར་བ་ལས་ཇི་ཙམ་ནུས་པ་འཐུངས་ན་ཡང་གཅིན་སྲི་བའི་ནད་སེལ་ཏོ། ཁ་ར་དང༌། ནས་ཚིག་འཁུས་པའི་ཐལ་བ་དང་སྦྱར་ཏེ་ཟོས་ན་ཡང་གཅིན་སྲི་བའི་སྣ་གྲངས་ཐམས་ཅད་སེལ་ཏོ། །ཤི་ཀྲུའི་རྩ་བ་སྐོལ་བའི་ཁུ་བའམ། ཡང་ན་སྨན་རོ་ཚ་ཞིང་དྲོད་ཆེ་བའི་བག་གང་ཅི་ཡང་རུང་བ་ཟོས་ཤིང་འཐུངས་ན་རྡེ་འུས་འགགས་པ་སེལ་བར་བྱེད་དོ། །གཟེ་མ་དང༌། ཨེ་རཎྜ་དང༌། ཧ་རེ་ནུ་ཀ་དང༌། སུག་སྨེལ་དང༌། ཤིང་མངར་དང༌། པི་པི་ལིང་དང༌། སྲུ་སྲུའི་རྩ་བ་རྣམས་སྐོལ་བའི་ཁུ་བའི་ནང་དུ་བྲག་ཞུན་གྱི་ཕྱེ་མ་བཏབ་སྟེ་འཐུངས་ན་ཡང༌། གཅིན་བསྟུས་པ་དང་རྡེ་འུས་འགགས་པ་མྱུར་དུ་སེལ་ཏོ། །སྨན་ཀ་ཏ་བང་ཀའི་རྩ་བ་བཏགས་པའི་ཕྱེ་མ་ཆང་ལ་སོགས་པ་དང་སྦྱར་ཏེ་འཐུངས་ན་ཡང་རྡེ་འུས་འགགས་པ་སེལ་ཏོ། །སྨན་པ་རུ་ནའི་རྩ་བའི་ཤུན་ལྤགས་སྐོལ་བའི་ཁུ་བ་
བཙགས་པའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་བཏབ་སྟེ་སྦྲང་རྩི་དང་སྦྱར་བའམ། ཡང་ན་བཅའ་སྒ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཨ་རུ་ར་དང༌། ཀ་ལི་ཡ་ག་རྣམས་ཀྱི་ཕྱེ་མ་ཞོ་ཁ་ཆུ་དང་སྦྱར་ཏེ་འཐུངས་ན་ཡང་རྡེ་འུས་འགགས་པའི་ནད་ཤིན་ཏུ་དྲག་པོ་ཡང་མྱུར་དུ་སེལ་ཏོ། །ཡང་ན་སྨན་བི་ར་ཏ་ར་ལ་སོགས་པའི་སྡེ་ཚན་གྱི་སྦྱོར་བའི་ཐབས་ཀྱི་རྣམ་པ་ཐམས་ཅད་ཀྱང་སྦྱར་བར་བྱའོ། །ཆོ་ག་དེ་དག་གིས་ཀྱང་ཞི་པར་མ་གྱུར་ན། སོ་ཤི་བརྡོ་བར་དམ་བཅས་ལ་རྡེའུ་འབྱིན་པ་ཤེས་པས་དྲལ་ཏེ་འབྱུང་བར་བྱའོ། །ད་ནི་ཕོ་མཚན་གྱི་ནད་བཤད་པར་བྱ་སྟེ། ཕོ་མཚན་གྱི་ནད་ནི། སེན་མོས་སྣད་པ་དང༌། སོས་ཟིན་པ་དང༌། དྲག་ཤུལ་ལས་རྨ་བྱུང་བ་དང༌། བུད་མེད་མི་གཙང་བ་དང་ཉལ་བ་ལ་སོགས་པའི་ནད་གཞི་རྣམས་ལས་འབྱུང་ངོ༌། །དེ་ཡང་རྣམ་པ་ལྔ་ཡོད་པར་བཤད་དེ། རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ནི། པགས་པ་འགགས་ཤིང་ན་ལ། ཡང་གྲང་བ་དང༌། མདོག་སྔོ་སྐྱར་འདུག་ཅིང་རྩུབ་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་ཚ་ཞིང་མདོག་དམར་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ལ་ནི་གཡའ་ཞིང་མཁྲང་བ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ལ་ནི་ཁྲག་འཛག་ཅིང་འབྲུམ་བུ་ནག་པོ་འབྱུང་ལ། ཤིན་ཏུ་ཚ་བ་ཡིན་ནོ། །ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པ་ནི། མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་རྣམས་ཀྱི་ནང་ན་སྲིན་བུ་ཞུགས་པ་ནི་ཕོ་མཚན་ཞིག་པར་འགྱུར་རོ། །འདི་རྣམས་ལ་ཐོག་མར་ནི་ཕོ་མཚན་མར་གྱིས་བསྐུ་ཞིང་དུགས་བྱས་ལ། ཕོ་མཚན་གྱི་རྐེད་དུ་གཏར་ཀ་བྱའོ། །ཡང་ན་སྲིན་བུ་པདྨ་འཇིབ་ཏུ་གཞུག་པ་དང༌། ཡང་སྐྱུགས་པ་དང༌། ཐུར་དུ་བཀྲུ་བའི་ཆོ་ག་བྱའོ། །རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི། ཛ་པུཎྜ་ལི་ཀ་དང་ཤིང་མངར་དང༌། སྒྲོན་ཤིང་དང༌།
ཨ་ག་རུ་དང༌། ཐང་ཤིང་དང༌། ར་སྣ་དང༌། རུ་རྟ་དང༌། སྨན་བྲི་ཤྩི་བ་རྣམས་ལྷན་ཅིག་ཏུ་བརྡར་ཏེ་བསྐུ་བ་དང༌། སྐོལ་བའི་ཁུ་བ་དྲོན་མོས་བླུག་པར་བྱའོ། །མཁྲིས་པ་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི། སྐྱེར་ཁཎྜ་དང༌། ཨུཏྤ་ལ་དང༌། བཙོད་དང༌། པུ་ཤེལ་ཙེ་དང༌། བཙག་དང༌། ཤིང་མངར་དང༌། ཤུག་པ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་བས་བསྐུའོ། །ཡང་ན་འོ་མ་དང༌། ཆུ་གྲང་མོ་རྣམས་གང་ཡང་རུང་བས་སྟེང་དུ་བླུགས་སོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི། ཤིང་དྷ་བ་དང༌། ཐ་རམས་དང༌། ཤིང་སཱ་ལ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་བས་བསྐུ་བར་བྱའོ། །ཡང་ན་དོང་ག་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་བླུག་ན་བཟང་ངོ༌། །ཕོ་མཚན་ལ་རྣག་ཞུགས་ནས་ཕོ་མཚན་ཟད་པར་བྱེད་པས་ན། ཅི་ནས་ཀྱང་རྣག་ཏུ་མི་འགྱུར་བར་སྨན་གྱིས་བསྐུ་བ་དང༌། སྨན་གྱི་ཁུ་བ་ལ་སོགས་པ་སྟེང་དུ་བླུགས་པ་རྣམས་ཀྱིས་བསྒྲིམས་ཏེ་བསྲུང་བར་བྱའོ། །རྣག་འཇུག་པ་ལྟ་ན་གཏར་ཀ་མྱུར་ཏེ་བྱས་ལ། རྨ་གསོ་བའི་ཆོ་ག་བཞིན་དུ་བྱས་ཏེ། མེ་ཏོག་ཀུ་མུ་ད་དང༌། ཨུཏྤ་ལ་དང༌། ཀ་ལ་ལྷ་ར་དང༌། པདྨ་རྣམས་ཀྱི་ཕྱེ་མས་གདབ་པོ། །ཡང་ན་འབྲས་བུ་གསུམ་མར་དང་ལྷན་ཅིག་ཏུ་སྣོད་ཁ་སྦྱར་གྱི་ནང་དུ་བརྔོས་པའི་ཚིག་མས་བསྐུ་བར་བྱའོ། །ཡང་ན་སྐྱེར་ཁཎྜ་དང༌། ཤི་རི་ཤའི་ཕྱེ་མ་དང་སྦྱར་བའམ། ཨ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་གང་ཡང་རུང་བས་བསྐུས་ན་ཕོ་མཚན་གྱི་ནད་ཐམས་ཅད་སེལ་ཏོ། །ཕོ་མཚན་གྱི་ནད་འདུས་པ་ལས་གྱུར་པ་དང༌། ཁྲག་ནད་ལས་གྱུར་པ་གཉིས་ནི་སོ་ཤི་བརྡོ་བར་དམ་བཅས་ལ། ནད་གཞི་རྣམས་ཀྱི་ཤས་ཆེ་ཆུང་བྱེ་བྲག་ཕྱེད་པར་བྱས་ནས། གང་ཤས་ཆེ་བ་དག་གཞིལ་བའི་ཆོ་ག་བྱའོ། །ད་ནི་རླིག་རླུགས་ཀྱི་ནད་བཤད་པར་བྱ་སྟེ།
རླིག་རླུགས་ཀྱི་ནད་ནི་གཞི་གསུམ་གྱིས་རླིག་པའི་འབྲས་བུ་དང༌། པགས་པ་མ་རུང་བར་བྱས་པ་ལས། རླིག་རླུགས་ཀྱི་ནད་རྣམ་པ་བདུན་འབྱུང་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ནི་རླིག་པ་ལྒང་བ་རླུང་གིས་གང་བ་འདྲ་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི། ཨུ་དུམ་བཱ་རའི་ཤིང་ཐོག་འདྲ་བར་དམར་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་མཁྲང་ཞིང་ཟླུམ་པ་ཡིན་ནོ། །ཁྲག་ནད་ལས་གྱུར་པ་ནི་མཁྲིས་པའི་མཚན་མ་དང་འདྲའོ། །ཚིལ་རྒྱས་པའི་ནད་དུ་གྱུར་པ་ནི་ཆེ་ལ་འཇམ་མོ། །གཅིན་ལས་གྱུར་པ་ནི་རྐྱལ་པ་གང་བ་བཞིན་དུ་འདུག་པ་ཡིན་ནོ། །རྒྱུ་མ་རླུགས་པ་ལས་གྱུར་པ་ནི། རླུང་གིས་རླིག་པའི་འདབ་ཏུ་རྒྱུ་མའི་ལྟབ་མ་མཐར་གྱིས་ཕུལ་ནས་རླིག་པ་རྐྱལ་པ་བུས་པ་བཞིན་དུ་རིང་པོར་འགྱུར་བ་ཡིན་ཏེ། རླིག་རླུགས་ཀྱི་ནད་དེ་ནི་མི་འཚོའི། དེ་ལ་རླུང་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ལ་ནི། སྨན་མར་བཏུང་ཞིང་བསྐུ་བ་དང༌། དུགས་ཀྱིས་བདུགས་པ་དང༌། སྨན་གྱི་ཁུ་བ་བླུགས་པ་དང༌། སྣུམ་པའི་བཀྲུ་སྨན་བཏང་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་རྣམས་བྱ་བར་བཤད་དོ། །དེ་ལ་སྣུམ་གྱི་བཀྲུ་སྨན་ནི། འོ་མ་དང༌། ཨེ་རཎྜའི་མར་བསྐོལ་ཏེ་སྦྱར་བ་ཉམས་སྟོབས་ལས་དཔགས་ཏེ་བཏུང་བར་བྱའོ། །མཁྲིས་པ་དང༌། ཁྲག་ནད་ལས་གྱུར་པ་ལ་ནི། སྲིན་བུ་པད་པ་རླིག་པ་ལས་ཁྲག་འཇིབ་ཏུ་གཞུག་པ་དང༌། སྨན་བསིལ་བས་བསྐུ་ཞིང༌། སྨན་གྱི་ཁུ་བ་གྲང་མོས་སྟེང་དུ་བླུགས་ན་ཞི་བར་འགྱུར་རོ། །བད་ཀན་ལས་གྱུར་པ་ལ་ནི། སྨན་དྲོད་ཆེ་བ་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བ་སྲིན་པོས་བསྐུ་ཞིང་སྐྱེར་པའི་རྩ་བ་སྐོལ་པའི་ཁུ་བ་གཅིན་དང་སྦྱར་བ་བཏུང་བར་བྱའོ། །ཚིལ་རྒྱས་པ་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ལ་ནི། དུགས་བྱ་བ་དང༌། བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་ཞིབ་ཏུ་བཏགས་ཏེ་ཆུ་དང་སྦྱར་བས་བསྐུ་བར་བྱའོ། །གཅིན་ལས་གྱུར་པ་ལ་ནི། དང་པོར་རླིག་པ་དུགས་བྱས་པའི་
རྗེས་ལ་རླིག་པའི་འོག་གི་སྲུབས་ནས་བརྟོལ་ཏེ་རེ་ཞིག་རྣ་རྩི་མི་སྦྱར་བར་གཅེ་འུས་བསུ་ཞིང་རིང་དུ་འཛག་ཏུ་བཞུག་གོ །རྒྱུ་མ་རླུགས་པ་ལས་གྱུར་པའི་རླིག་རླུགས་ད་དུང་ཚབས་ཆེན་པོར་གྱུར་པ་ལ་ནི། བསྲེག་པ་དང༌། རླུང་སེལ་བའི་སྨན་རྣམས་བྱའོ། །བསྲེག་གཅིག་ལ་ནི་བསྲེགས་པའི་འོག་ཏུ་རྣ་ལ་ཆོ་ག་ཇི་ལྟར་བྱ་བ་བཞིན་དུ་བྱའོ། །གཅིན་སྲི་བའི་ནད་སེལ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།ད་ནས་རྟུག་སྐམ་གྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རྟུག་སྐམ་གྱི་ནད་ནི། དྲི་མ་འབྱིན་པ་ཞེས་བྱ་བའི་རླུང་ལོང་ཀ་ན་གནས་པ་འཁྲུགས་ཏེ་ཤས་ཆེ་བར་གྱུར་པས་ཕྱིས་བསྐམས་ནས་ཐུར་དུ་འོང་བའི་ལམ་འགགས་ཏེ་གྱེན་དུ་འཁྱིལ་བར་གྱུར་པ་ནི་རྟུག་སྐམ་གྱི་ནད་བསྐྱེད་པར་བཤད་དོ། །དེའི་མཚན་མ་ནི་སྙིང་དང་མཁལ་རྐེད་དང༌། རྩིབ་ལོགས་ན་བ་དང༌། ལྒང་པ་ཆུ་སོ་སྐྲངས་པ་དང༌། ལྟོ་སྦོ་བ་དང༌། སྐད་འགག་ཅིང་ལྐོག་ནད་ལྷ་གོར་དུ་འགྱུར་བ་དང༌། རིམས་ཀྱིས་འདེབས་ཤིང་སྐྱུགས་པ་དང༌། མིག་ལྡོངས་ཤིང་འོན་པར་འགྱུར་བ་དང༌། སྐོམ་པའི་ནད་ལ་སོགས་པ་ནད་ཀྱི་སྣ་གྲངས་འདི་རྣམས་སྐྱེ་བར་འགྱུར་ཏེ། རྟུག་སྐམ་གྱི་ནད་ཡོད་པ་ལ་ནི་དང་པོར་ལུས་སྐམ་གྱིས་བསྐུ་ཞིང་དྲིལ་བ་དང༌། དུགས་བྱས་ལ་སྨན་གྱི་རེང་བུས་གཞུག་པ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། སྨན་མར་བཏུང་བ་དང༌། འཇམ་རྩི་མས་བཏང་བ་དང༌། བཀྲུ་སྨན་བཏང་བའི་ལས་རྣམས་བྱའོ། །དེ་ལ་སྨན་རེང་བུ་མས་བཏང་བའི་ཆོ་ག་ནི་པོ་སོན་ཆ་དང༌། ཁྱིམ་གྱི་དུ་བ་དང༌། རྩབས་རུ་ཚ་དང༌། ཚ་བ་གསུམ་དང༌། བུ་རམ་རྣམས་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ། ཁཎྜ་ཚོས་པ་ཙམ་དུ་བསྐོལ་ཏེ་རེང་བུ་མཐེ་བོང་ཙམ་དུ་བྱས་ནས་མར་གྱིས་བསྐུས་ཏེ་མས་བཏང་ན་ཕྱིས་འབྱུང་བར་འགྱུར་ལ་ལྟོ་སྦོ་ཞིང་ན་བ་ཡང་སེལ་ཏོ། །ཡང་ན་ཁྱམ་གྱི་དུ་བ་དང༌། པི་པི་ལིང་དང༌། པོ་སོན་ཆ་དང༌། ཡུངས་ཀར་དང༌། བུ་རམ་རྣམས་ཀྱི་ཕྱེ་མ་བ་གཅིན་གྱི་ནང་དུ་ཁཎྜ་ཚོས་པ་ཙམ་བསྐོལ་ཏེ་སྔ་མ་
བཞིན་དུ་རེང་བུར་བྱས་པ་ཡང་བཟང་ངོ༌། །ཡང་ན་ཤིང་ཀུན་དང༌། ཤུ་དག་དང༌། རུ་རྟ་དང༌། སྭ་རྩི་ཀའི་ཐལ་བ་དང༌། རྩབས་རུ་ཚ་རྣམས་ཡས་ཀྱིས་རིམ་བཞིན་དུ་དང་པོའི་ཆ་གཉིས་ཀྱིས་བསྐྱེད་དེ་བཏགས་ལ་ཆུ་བསྐོལ་བ་དྲོན་པོ་དང་སྦྱར་ཏེ་འཐུངས་ན་ཡང་ལྟོ་སྦོ་བ་དང༌། ཟུག་ཅིང་ན་བ་དང༌། སྙིང་ན་བ་དང༌། སྐྲན་རྣམས་སེལ་ཏོ། །ཤིང་ཉེ་རོང་ཆ་གཉིས་དང༌། པི་པི་ལིང་ཆ་བཞི་དང༌། ཨ་རུ་ར་ཆ་ལྔ་རྣམས་བཏགས་ཏེ་དེ་རྣམས་སྦྱར་བ་བསྡོམས་པའི་ཚད་དང་མཉམ་པའི་བུ་རམ་གྱི་ནང་དུ་ཁཎྜ་ཚོས་པ་ཙམ་དུ་བསྐོལ་ལ་རིལ་ལུ་བྱས་པ་དེས་ནི་ཕྱི་ས་འགགས་པའི་ནད་སེལ་བར་བྱེད་དོ། །ཁ་ཟས་སུ་ནི་ནས་རྗེན་པ་ཁྲམ་ཁྲོམ་དུ་བཏགས་པའི་ཆན་འོ་མའམ་ཤ་ཁུ་དང་ལྡན་པའམ། གཞན་ཡང་གང་དེ་དང་འཕྲོད་པའི་ཁ་ཟས་རྣམས་བཟའ་བར་བྱའོ། །ལྟར་རླུང་གིས་གཡོས་ནས་ཕྱི་ས་འགགས་པར་འགྱུར་བ་ལས་མཁྲིས་པ་དང་བད་ཀན་བླ་གཉན་དུ་གྱུར་པ་ལ་ནི་དེ་གཉིས་ལ་ཕན་པའི་སྨན་མས་བཏང་བ་རྣམ་གཉིས་བྱའོ། །རླུང་ལས་གྱུར་པའི་ཕྱི་ས་འགགས་པའི་ནད་ནི་ཆུ་སོར་ཟུག་པར་བྱེད་དོ། །མཁྲིས་པ་ལས་གྱུར་པ་ནི་ལྟེ་བའི་ཕྱོགས་ཚ་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་སྙིང་ན་བ་དང༌། དང་ཀ་མེར་མེར་པོ་དང༌། ཁ་ནས་ཆུ་འབྱུང་བར་བྱེད་དོ། །ནད་གཞི་གསུམ་ཆར་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ཏེ་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཕྱི་ས་འགགས་པའི་ནད་ལ་ནི། ལ་ལ་ཕུད་དང༌། ཤིང་ཀུན་དང༌། རྒྱམ་ཚྭ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཁ་རུ་ཚྭ་དང༌། ཨ་རུ་ར་རྣམས་ཀྱི་ཕྱེ་མ་ཆང་ཞིམ་པོ་དང་སྦྱར་ཏེ་འཐུངས་ན་སེལ་བར་བྱེད་དོ། །ཡང་ན་ཁ་རུ་ཚ་དང་ཤུ་དག་དང༌། གོ་སྙོད་དང༌། ན་ལེ་ཤམ་རྣམས་ཡས་ཀྱིས་རིམ་བཞིན་དུ་སྔ་མ་སྔ་མ་ལས་ཉིས་འགྱུར་དུ་བསྐྱེད་དེ་བཏགས་པའི་ཕྱེ་མ་ཁ་ལུང་གི་ཁུ་བ་དང་སྦྱར་ཏེ་བརྫིས་པའི་རིལ་བུ་ཟོས་ན་ཡང་རླུང་ལས་གྱུར་པའི་ཕྱིས་འགགས་པའི་
ནད་སེལ་ཏོ། །ཡང་ན་རླུང་ལས་གྱུར་པའི་ཕྱི་ས་འགགས་པའི་ནད་ལ། ཚྭ་དང༌། སྟར་བུ་དང༌། ཚ་བ་གསུམ་དང༌། ལ་ལ་ཕུད་དང༌། རྒྱམ་ཚ་དང༌། ཁ་རུ་ཚ་དང༌། རྩབས་རུ་ཚ་རྣམས་ཀྱི་ཕྱེ་མ། ཁ་ལུང་གི་ཁུ་བ་དང་སྦྱར་ཏེ་རིལ་ལུར་བྱས་པ་བཟའ་བར་བྱའོ། །ལྡུམ་བུ་སེ་ཡབ་དང༌། ཨ་རུ་ར་དང༌། ཤིང་ཀུན་དང༌། མ་ནུ་དང༌། རྒྱམ་ཚ་དང༌། ཁ་རུ་ཚ་དང༌། རྩབས་རུ་ཚ་རྣམས་ཀྱི་ཕྱེ་མ་ནས་བཙོས་པའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང་རླུང་ལས་གྱུར་པའི་ཕྱིས་འགགས་པ་དང༌། སྐྲན་དང༌། རླུང་ནད། རྨུགས་བྱེད་རྣམས་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་ཕྱིས་འགགས་པའི་ནད་ལ་ནི། སྐྱུ་རུ་རའི་ཁུ་བ་དང༌། བི་ད་རིའི་ཁུ་བ་དང༌། ཁྱི་ལྕེ་བའི་ཁུ་བ་དང༌། རྒུན་གྱི་ཁུ་བ་རྣམས་ལས་གང་ཡང་རུང་བ་ཁ་ར་དང་སྦྱར་ཏེ་འཐུངས་ན་དེ་མ་ཐག་ཏུ་སེལ་ཏོ། །ཡང་ན་སྐྱུ་རུ་རའི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་བའི་འབྲས་བརྔོས་པའི་ཕྱེ་མ་དང༌། ཁ་ར་སྦྲང་རྩི་དང་སྦྱར་བ་བཏུང་ངོ༌། །བད་ཀན་ལས་གྱུར་པའི་ཕྱིས་འགགས་པའི་ནད་ལ་ནི། ཤུ་དག་དང༌། གླ་སྒང་དང༌། ཀྲུ་ཏྲུག་ཏྲེས་དང༌། ཨ་རུ་ར་དང༌། པུ་ཙེ་ཤེལ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་འམ། ཡང་ན་བིལྦ་ལ་སོགས་པའི་སྡེ་ཚན་སྐོལ་བའི་ཁུ་བ་དྲོན་མོ་ནས་ཚིག་འཁུས་པའི་ཐ་ལ་པ་དང་སྦྱར་བ་བཏུང་བར་བྱའོ།། །།ད་ནི་སྙིང་ན་བའི་བྱེ་བྲག་བཤད་པར་བྱ་སྟེ། སྙིང་ན་བ་ལ་ནི། རླུང་ལ་སོགས་པ་ནད་གཞི་གསུམ་སོ་སོ་ལས་གྱུར་པ་དང༌། ཀུན་འདུས་པ་ལས་ནད་དུ་གྱུར་པ་དང་སྲིན་བུའི་ཉེས་པ་ལས་གྱུར་པ་དང་རྣམ་པ་ལྔ་ཡོད་དེ། ཐམས་ཅད་ཀྱང་ཟུག་ཅིང་ན་བ་ཡིན་ནོ། །བྱེ་བྲག་ཏུ་ན་སྲིན་བུ་ལས་གྱུར་པ་ནི། སྙིང་གཡའ་ཞིང་ན། དེ་ལ་རླུང་ལས་གྱུར་པའི་སྙིང་ན་བ་ལ་ནི། ཙང་ཤུ་བསྲེས་པའི་ནང་དུ། ཏིལ་མར་དང་རྒྱམ་ཚ་བླུགས་ཏེ་བཏུང་བར་བྱའོ། །ཡང་ན་ཏིལ་མར་སྐོལ་བ་བ་གཅིན་དང་སྦྱར་ཏེ་འཐུངས་ན། སྐྲན་དང༌། ཟུག་ཅིང་ན་བ་དང༌། ལྟོ་སྦོ་བ་ཡང་སེལ་ཏོ། །ཡང་ན་ཨ་རུ་རའི་འབྲུམ་བུ་ལྔ་བཅུའི་ཕྱེ་མ་དང༌། ཁ་རུ་ཚ་སྲང་གཉིས། མར་
སྲང་སུམ་ཅུ་རྩ་གཉིས་དང༌། ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་སྙིང་ན་བ་དང་དབུགས་མི་བདེ་བ་དང་སྐྲན་རྣམས་སེལ་ཏོ། །བཅའ་སྒ་དང༌། ཁ་རུ་ཚ་དང༌། ཤིང་ཀུན་དང༌། བལ་པོ་སེའུ་དང༌། སྟར་བུ་རྣམས་ཀྱི་ཕྱེ་མ་ཆུ་སྐོལ་བ་དྲོན་པོ་དང་སྦྱར་ཏེ་འཐུངས་ན་ཡང་དབུགས་མི་བདེ་བ་དང་སྙིང་ན་བ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་སྙིང་ན་བ་ལ་ནི། སྨན་བསིལ་བའི་ཁུ་བ་ལ་སོགས་པས་ལུས་ལ་བླུགས་པ་དང༌། སྨན་བསིལ་བའི་ལྡེ་གུས་བསྐུ་བ་དང༌། སྨན་མངར་ནག་གི་བཀྲུ་སྨན་བཏང་ངོ༌། །ཡང་ན་པུ་ཙེ་ཤེལ་གྱི་ཕྱེ་མ་འམ། ཤིང་མངར་གྱི་ཕྱེ་མ་གང་ཡང་རུང་བ་ཁ་ར་ཆུ་དང་སྦྱར་བའི་ནང་དུ་བླུགས་ཏེ་བཏུང་ངོ༌། །སྨན་སྟི་ར་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ། མར་དང༌། ཆུ་མར་གྱི་བཞི་འགྱུར་དང༌། འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། རྒུན་གྱི་ཁུ་བ་གསུམ་ལས་གང་ཡང་རུང་བ་མར་གྱི་ཚད་དང་མཉམ་པའི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་མཁྲིས་པ་ལས་གྱུར་པའི་སྙིང་ན་བསེལ་ཏོ། །བད་ཀན་ལས་གྱུར་པའི་སྙིང་ན་བ་ལ་ནི། པི་པི་ལིང་དང༌། ལི་ཟུར་བ་དང༌། ཤུ་དག་དང༌། ར་སྣ་དང༌། བཅའ་སྒ་དང༌། ཨ་རུ་ར་དང༌། མ་ནུ་རྣམས་ཀྱི་ཕྱེ་མ་བ་གཅིན་བསྲེས་པ་དང་སྦྱར་བ་བཏུང་ངམ། ཡང་ན་སྨན་དེ་དག་ཉིད་བ་གཅིན་དང་བསྐོལ་ཏེ་བཞི་ཆ་ལུས་པ་བཏུང་བར་བྱའོ། །ནད་གཞི་གསུམ་འདུས་པ་ལས་གྱུར་པའི་སྙིང་ན་བ་ལ་ནི། ཐོག་མར་སྨྱུང་བའི་ཆོ་ག་བྱས་ལ་དེའི་འོག་ཏུ་ཉམས་སྟོབས་དང་སྦྱར་ཞིང༌། རླུང་དང༌། མཁྲིས་པ་དང༌། བད་ཀན་གང་ཤས་ཆེ་བའི་ཆོ་ག་བྱའོ། །སྲིན་བུ་ལས་གྱུར་པའི་སྙིང་ན་བ་ལ་ནི། བྱི་དང་ག་དང༌། རུ་རྟའི་ཕྱེ་མ་བ་གཅིན་དང་སྦྱར་ཏེ་བཏུང་བར་བྱའོ། །རྟུག་སྐམ་གསོ་པའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།དེ་ནས་སྨྱོ་བྱེད་དང༌། བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་སྨྱོ་བྱེད་ཀྱི་ནད་ནི་གཞན་གྱིས་ངན་
དུ་བྱས་པ་དང༌། ཟས་དང་སྐོམ་མི་གཙང་བ་ཟོས་ཤིང་འཐུངས་པ་དང༌། འཇིགས་ཤིང་སྡངས་པ་དང༌། མྱ་ངན་གྱིས་གདུངས་ནས། ཡིད་དང་བློ་དང༌། དྲན་པ་ལོག་ཅིང་འཁྲུག་པ་ཡིན་ནོ། །དེ་ཡང་རྣམ་པ་ལྔ་ཡོད་པར་བཤད་དེ། དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་མཚན་མ་ནི། རང་ཉིད་ལ་ཚམ་རྔམ་བྱ་ཞིང་རྡེག་པ་དང༌། ངུ་བ་དང༌། དགོད་པ་དང༌། གླུ་ལེན་པ་རྣམས་ཡིན་པར་ཤེས་པར་བྱའོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། ཁྲོ་བ་དང༌། བསལ་བ་འདོད་པ་དང༌། བསྡིགས་པ་དང༌། སྙེགས་པ་ལ་སོགས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མཚན་མ་ནི། གཉིད་ཆེ་བ་དང༌། སྨྲ་བ་ཉུང་པ་དང༌། འུང་མེད་ལ་དགའ་ཞིང་སྙེག་པ་དང༌། ཁ་ཟས་མི་འདོད་པ་རྣམས་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་ཏེ། མ་རུངས་པ་ཡིན་གྱི་སྤང་བར་བྱའོ། །གློ་བུར་ལས་གྱུར་པའི་སྨྱོ་བྱེད་ནི། ལྷ་ལ་སོགས་པའི་གདོན་འཁྲུགས་པས་ངན་དུ་བྱས་པ་ལས་གྱུར་པ་ཡིན་ཏེ། མི་མ་ཡིན་པའི་ཤེས་པ་དང༌། ཤེས་ཉེན་དང༌། སྟོབས་དང༌། ཚིག་དང༌། དཔའ་བ་ལ་སོགས་པ་དང་ལྡན་པར་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་ནད་ལ་ནི། ཐོག་མར་སྨན་མར་བཏུང་བར་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི། ཐོག་མར་བཀྲུ་སྨན་བཏང་ངོ༌། །བད་ཀན་ལས་གྱུར་པ་ལ་ནི་ཐོག་མར་སྐྱུག་སྨན་བཏང་ངོ༌། །དེ་ལྟར་སོ་སོའི་ཆོ་ག་སྔར་བྱ་བ་རྣམས་བྱས་པའི་འོག་ཏུ་འཇམ་རྩི་མས་བཏང་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་ལ་སོགས་པའི་ཆོ་ག་རིམ་བཞིན་བྱའོ། །དེའི་འོག་ཏུ་ཡུང་དང༌། སྐྱེར་པ་དང༌། འབྲས་བུ་གསུམ་དང༌། ཤིང་ཉེ་རོང་དང། ཤུ་དག་དང༌། ཡུངས་ཀར་དང༌། ཤིང་ཀུན་དང༌། ཤི་རི་ཤ་དང༌། ཀཊ་བྷི་དང༌། ཤྭེ་ཏ་དང༌། བཙོད་དང༌། ཚ་བ་གསུམ་དང༌། ཐང་ཤིང་དང༌། ཀ་རཉྫ་རྣམས་ཀྱི་ཕྱེ་མ་མར་དང་བ་གཅིན་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་
པ་ལས་རན་པར་འཐུངས་ན་སྨྱོ་བྱེད་ཀྱི་ནད་སེལ་ཏོ། །ཡང་ན་སྨན་དེ་དག་ཉིད་ཀྱི་ཕྱེ་མ་མར་དང་ར་གཅིན་གྱི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་སྨན་གནོད་སེལ་ཞེས་བྱ་སྟེ། འདི་བཏུང་ན་བརྗེད་བྱེད་ཀྱི་ནད་དང་དུག་སེལ་བར་བྱེད་དོ། །སྨན་པ་ཐ་དང༌། ཨ་རུ་ར་དང༌། ཤིག་གྲུ་དང༌། ཤུ་དག་དང༌། ཚ་བ་གསུམ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་དང༌། མར་སྲང་སུམ་ཅུ་རྩ་གཉིས་རའི་འོ་མའི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་ལྕེ་བདེ་བར་བྱེད་པ་ཞེས་བྱ་སྟེ་འདི་ལས་རན་པར་ཟོས་ན། དྲན་པ་གསལ་བ་དང་ཡིད་གཞུངས་པར་འགྱུར་ཞིང༌། འོན་པ་དང༌། དིག་པ་དང༌། ལྐུགས་པ་རྣམས་ཀྱང་དེའི་མཐུས་སེལ་བར་བྱེད་དོ། །ཡང་ན་ཤིང་མངར་དང༌། ཤིང་ཀུན་དང༌། ཤུ་དག་དང༌། རྒྱ་སྤོས་དང༌། ཤི་རི་ཤ་དང༌། སྒོག་སྐྱ་དང༌། རུ་རྟ་རྣམས་ར་གཅིན་གྱི་ནང་དུ་བརྡར་ཏེ་བཙགས་པའི་ཁུ་བ་སྣར་བླུགས་ཤིང༌། མིག་ཏུ་བསྐུ་བར་བྱའོ།། །།སྨྱོ་བྱེད་ཀྱིས་ཐེབས་པ་ལ། ཐོག་མ་ནས་བཅིང་བ་དང༌། བརྡེག་པ་དང༌། གར་ཡང་མི་བཏང་བར་བསྲུང་ཞིང༌། ཐབས་རྣམ་པ་སྣ་ཚོགས་ཀྱིས་བསྡིགས་ལ་དེའི་འོག་ཏུ་ཚིག་འཇམ་པོས་གཞོམ་པར་བྱའོ། །གློ་བུར་ལས་གྱུར་པའི་སྨྱོ་བྱེད་ཀྱི་ནད་ཀྱིས་ཐེབས་པ་ལ་ནི། སྨན་པ་གཙང་ཞིང་རེ་བ་མེད་པས་མཆོད་པ་དང༌། གཏོར་མ་དང༌། བཤོས་དང༌། མཆོད་སྦྱིན་དང༌། སྦྱིན་སྲེག་དང༌། སྔགས་དང༌། མིག་ཏུ་བསྐུ་བ་དང༌། སྣར་བླུགས་པ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསལ་བར་བྱའོ།། །།ད་ནི་བརྗེད་བྱེད་ཀྱི་བྱེ་བྲག་བཤད་པར་བྱ་སྟེ། བརྗེད་བྱེད་ནི། མུན་པ་འདྲ་བས་སེམས་ནོན་ནས་ནད་གཞི་ཤས་ཆེར་འཁྲུགས་པ་ལས་དྲན་པ་ཉམས་ཤིང་ཁྲོ་བར་གྱུར་པ་ལ་བརྗེད་བྱེད་ཀྱི་ནད་ཅེས་བྱའོ། །དེ་ཡང་རྣམ་པ་བཞི་སྟེ་མ་རུངས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་རྣམས་ཀྱི་མཚན་མ་ནི། མདོག་གནག་པ་དང༌། སེར་བ་དང༌། དཀར་བ་རྣམས་ཡིན་
ཏེ་གོ་རིམ་བཞིན་དུ་སྦྱར་བ་དང༌། ཅི་མཐོང་ངོ་ཅོག་ཀྱང་དེ་དག་སོ་སོའི་རྣམ་པ་མཐོང་བ་ཡིན་ནོ། །ནད་གཞི་གསུམ་ཅར་འདུས་པ་ལས་གྱུར་པའི་བརྗེད་བྱེད་ཀྱི་ནད་ནི་མཚན་མ་ཐམས་ཅད་དང་ལྡན་པ་སྟེ། གསོ་དཀའ་བ་ཡིན་པས་དེ་དག་ལ་ཐོག་མར་ནི་བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་གཏང་བ་དང༌། སྐྱུག་སྨན་བཏང་བ་དང༌། བཀྲུ་སྨན་བཏང་བ་དང༌། སྨན་སྣར་བླུགས་པ་དང༌། ཆོ་ག་རྣམ་པ་ལྔ་པོ་འདི་རྣམས་ནད་གཞི་ཇི་ལྟ་བ་བཞིན་དུ་གཏང་བར་བྱའོ། །དེ་ལ་རླུང་ལས་གྱུར་པ་ལ་ནི་བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བར་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི་བཀྲུ་སྨན་བཏང་ངོ༌། །བད་ཀན་ལས་གྱུར་པ་ལ་ནི་སྐྱུག་སྨན་བཏང་ངོ༌། །སྨན་སྣར་བླུགས་པ་ནི་སོ་སོའི་སྨན་ལས་སྦྱར་ན་ཀུན་ལ་ཡང་ཕན་ནོ། །ཀུན་འདུས་པ་ལས་གྱུར་པ་ལ་ནི། གང་ཤས་ཆེ་བ་དང་ཡང་སྦྱར་ཞིང་ཆོ་ག་དེ་རྣམས་ལས་གང་འོས་པ་གཏང་བར་བྱའོ། །ཆོ་ག་དེ་དག་གིས་ལུས་རབ་ཏུ་དག་པར་གྱུར་ནས། དེའི་འོག་ཏུ་ནི་སྨྱོ་བྱེད་ཀྱི་ནད་བསལ་བའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱའོ། །ཡང་ན་སྨན་ཤད་ཀ་པུ་ཤི་པ་དང༌། ཤུ་དག་དང༌། རུ་རྟ་རྣམས་ཀྱི་ཕྱེ་མ་སྨན་བྲམ་མྷི་ཁུ་བ་དང༌། མར་རྙིང་པ་ལོ་དུ་མ་ལོན་པའི་ནང་དུ་སྐོལ་ལ་མར་ཉི་ཚེ་ལུས་པ་བཙགས་ཏེ་ཅི་རན་པར་འཐུངས་ན་བརྗེད་བྱེད་དང༌། སྨྱོ་བྱེད་ཅན་སེལ་ཞིང་ཡིད་གཞུངས་པར་བྱེད་པའི་མཆོག་ཡིན་ནོ། །མར་དང་ཏིལ་མར་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། འོ་མ་མར་གྱི་བཅུ་དྲུག་གི་ནང་དུ་འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅོ་ལྔར་བཤད་པ་རྣམས་ཀྱི་ཕྱེ་མ་སྲང་རེ་རེ་སྐོལ་ལ་མར་དང་ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་རན་པར་འཐུངས་ན་ཡང་བརྗེད་བྱེད་ཀྱི་ནད་སེལ་ཏོ། །ཤིང་ཀྲུ་དང༌། རུ་རྟ་དང༌། ལྡོང་རོས་དང༌། གོ་སྙོད་དང༌། སྒོག་སྐྱ་དང༌། ཚ་བ་གསུམ་དང༌། ཤིང་ཀུན་རྣམས་ཀྱི་ཕྱེ་མ་ར་གཅིན་དང༌། ཏིལ་མར་གྱི་ནང་དུ་སྐོལ་བའི་མར་ཉི་ཚེ་ལུས་པ་བཙགས་ཏེ་སྣར་བླུགས་ན་ཡང་
བརྗེད་བྱེད་ཀྱི་ནད་སེལ་ཏོ། །སྨྱོ་བྱེད་ཀྱི་ནད་དང༌། བརྗེད་བྱེད་ཀྱི་ནང་ལ། ཆུ་དང༌། མེ་དང༌། ཤིང་དང༌། བྲག་ལ་སོགས་པ་གནས་ངན་པ་རྣམས་ནི་སྤང་བར་བྱའོ། །སེམས་གསལ་ཞིང་ཡིད་གཞུངས་པར་འགྱུར་བའི་སྨན་བཅུད་ཀྱིས་ལེན་ནི་བསྒྲིམས་ཏེ་རྟག་ཏུ་བཟའ་བར་བྱའོ། །སྨྱོ་བྱེད་དང༌། བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་པ་རྫོགས་སོ།། །།དེ་ནས་རླུང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རླུང་ནད་རྣམ་པ་བརྒྱད་ཅུ་ནི། རླུང་འཁྲུགས་པ་ལས་འབྱུང་སྟེ། དེ་རྣམས་སྤྱིའི་མཚན་མ་ནི་ན་བ་དང༌། ཡན་ལག་ཆག་པ་སྙམ་བྱེད་པ་དང༌། ཟུག་པ་དང༌། ཡན་ལག་འཁུམས་པ་དང༌། ཤ་སྐམ་པ་དང༌། དྲག་ཏུ་བཙིར་བ་འདྲ་བར་ན་བ་རྣམས་ཡིན་ནོ། །དེ་ལ་རླུང་ནད་དམ་པོ་ཞེས་བྱ་བ་ནི་རང་དབང་མེད་པར་ལུས་འགུལ་བ་ཡིན་ནོ། །རླུང་ནད་སྒུར་པོ་གཞུ་འཁུམས་བཞིན་དུ་འདུག་པའོ། །རླུང་ནད་གཞོགས་ཕྱེད་ན་བ་ཞེས་བྱ་བ་ནི། ལུས་ཀྱི་གཞོགས་ཕྱེད་རིལ་གྱིས་ན་བར་བྱེད་པའོ། །རླུང་ནད་ལག་པ་ཡ་གཅིག་འཇེས་པ་ཞེས་བྱ་བ་ནི། རླུང་གིས་ཕྲག་པའི་རྩ་འཁུམས་པར་བྱས་པ་ཡིན་པར་ཤེས་པར་བྱའོ། །རླུང་ནད་དཔྱི་མིག་མན་ཆད་ཟུག་པའི་ནད་ནི། བརླ་མན་ཆད་དུ་ན་སྟེ། བརྐྱང་བསྐུམ་མི་ནུས་ཤིང༌། རྟིང་པ་ནས་སོར་མོའི་བར་དུ་ན་ཞིང་འགྲོ་མི་ཤེས་པར་བྱས་པ་ཡིན་ནོ། །རླུང་ནད་ཁ་ཡོན་ཞེས་བྱ་བ་ནི། རླུང་གིས་ཁ་ཕྱོགས་གཅིག་ཏུ་ཡོ་བར་བྱས་པ་ཡིན་པར་བཤད་དོ། །རླུང་ནད་པུས་མོ་སྐྲངས་བ་ཞེས་བྱ་བ་ནི། རླུང་དང་ཁྲག་རྒྱས་པས་པུས་མོའི་ལྷ་ང་སྐྲངས་པར་བྱེད་པ་ཡིན་ནོ། །དེ་ལ་སྨན་མར་གྱིས་ལུས་བསྐུ་བ་དང༌། དུགས་བྱ་བ་དང༌། སྨན་མས་བཏང་བ་དང་སྣར་བླུགས་པ་དང༌། སྣུམ་གྱིས་བཀྲུ་སྨན་བཏང་བ་དང༌། ཁ་ཟས་སྣུམ་པ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། མངར་བ་དང༌། རོ་ཙ་བར་བྱེད་པའི་བག་རྣམས་ནི་རླུང་ནད་སེལ་ཏོ། །སྨན་བ་ལ་དང༌། སེ་རི་ཡ་གང་ཡང་རུང་བ་སྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ། ཏིལ་མར་དང་འོ་མ་ལྷན་ཅིག་ཏུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་འཐུངས་ན། རླུང་
ནད་ཀྱི་སྣ་གྲངས་ཐམས་ཅད་སེལ་ཏོ། །ཡང་ན། ཏིལ་མར་དང༌། འོ་མ་སྲང་སུམ་ཅུ་རྩ་གཉིས་དང༌། སྨན་ཨ་ཤྭ་གནྡྷ་སྲང་ལྔ་བཅུ་སྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་གྱི་ནང་དུ། སྤང་སྤོས་དང༌། ཤིང་ཙ་དང༌། གནྡྷ་པ་ཏྲ་དང༌། བཙོད་དང༌། ཏྲ་བནྟི་དང༌། བྱིའུ་རུག་པ་དང༌། ཛཱ་ཏི་དང༌། བ་ལ་དང༌། ཐང་ཤིང་དང༌། སྟི་ར་དང༌། ཤིང་མངར་དང༌། ར་སྣ་དང༌། སུག་སྨེལ་དང༌། མ་ནུ་དང༌། ཤུ་དག་དང༌། གཟེ་མ་དང༌། རུ་རྟ་དང༌། པུ་ཏི་ཀ་དང༌། ཤུ་ཏི་དང༌། པུཌྞ་ཎ་བ་དང༌། པྲཾ་ཧ་ཏཱི་དང༌། པུ་ཤེལ་ཙེ་དང༌། བི་ར་རི་རྣམས་བཏགས་པའི་ཕྱེ་མ་ཞོ་གཉིས་གཉིས་ལྷན་ཅིག་ཏུ་བསྐོལ་ཏེ་ཏིལ་མར་འབའ་ཞིག་ལུས་པ་བཙགས་པའི་མིང་ནི་ཨ་ཤྭ་གནད་ལ་སོགས་པའི་ཏིལ་མར་ཞེས་བྱ་སྟེ། བཏུང་བ་དང༌། ལུས་བསྐུ་བ་དང༌། སྣར་བླུགས་པ་དང༌། མས་བཏང་བ་རྣམ་པ་བཞི་པོ་དག་ཏུ་སྦྱར་ན་རླུང་ནད་ཐམས་ཅད་སེལ་ཏོ། །ཏིལ་མར་དང༌། ལ་ཕུག་གི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ཞོ་དང༌། རྩབས་སྐྱུར་པོ་དང༌། འོ་མ་རྣམས་ལས་རེ་རེ་ཡང་ཏིལ་མར་གྱི་བཞི་འགྱུར་བཞི་འགྱུར་དང༌། འདི་རྣམས་ཀྱི་ནང་དུ། ཤུ་དག་དང༌། བ་ལ་དང༌། ར་སྣ་དང༌། མ་ནུ་དང༌། བཅའ་སྒ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤི་ཀྲུ་དང༌། རྒྱམ་ཚ་དང༌། གཟེ་མ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་སྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་ཏིལ་མར་གྱི་སྨན་ཡང་རླུང་ནད་ཀྱིས་ཉམ་ཐག་པ་ཐམས་ཅད་སེལ་བ་ཡིན་ནོ། །ཏིལ་མར་དང༌། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། སྨན་པྲ་ས་ར་ནི་སྲང་བརྒྱ་སྐོལ་བའི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་དང༌། འདི་རྣམས་ཀྱི་ནང་དུ་སྨན་ཛི་བ་ཀ་དང༌། རི་ཤ་བྷ་ཀ་དང༌། མེ་ད་རྣམ་གཉིས་དང༌། བུ་ཚད་རྟོང་དང༌། ར་མཉེ་དང༌། རུ་རྟ་དང༌། ཙན་དན་རྣམ་གཉིས་དང༌། ཤུ་ཏི་དང༌། ཐང་ཤིང་དང༌། བཙོད་དང༌། ར་སྣ་རྣམས་ཀྱི་ཕྱེ་མ་སྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་འདི་ལས་མས་བཏང་བ་ལ་སོགས་པར་སྦྱར་ན་ཡང་རླུང་སེལ་ཏོ། །ཏིལ་མར་དང༌། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌།
གཟེ་མའི་ཁུ་བ་ཏིལ་མར་གྱི་བཞི་འགྱུར་གྱི་ནང་དུ་བུ་རམ་དང༌། བཅའ་སྒའི་ཕྱེ་མ་སྲང་བརྒྱད་བརྒྱད་ལྷན་ཅིག་ཏུ་སྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་རན་པར་འཐུངས་པའི་འོག་ཏུ་འོ་མ་འཐུངས་ལ་ཐུར་དུ་འཁྲུས་པ་ཆོད་པའི་རྗེས་ལ། བཅའ་སྒ་དང་བུ་རམ་སྦྱར་བ་ཟོས་ནས་སྨན་སྔ་མ་བཏང་བ་དང༌། ཞུ་བར་གྱུར་པའི་འོག་ཏུ་ཁ་ཟས་འོ་མ་དང་ལྷན་ཅིག་ཏུ་ཟོས་ན་རླུང་ནད་མི་བཟད་པ་ཐམས་ཅད་སེལ་ཏོ། །མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། སྒོག་སྐྱ་སྲང་བརྒྱ་སྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་རྣམས་ཀྱི་ནང་དུ་དབྱི་མོ་དང༌། ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང༌། བཅའ་སྒ་དང༌། ཤིང་ཀུན་དང༌། ལན་ཚྭ་རྣམ་ལྔ་དང༌། འདི་རྣམས་ལས་སྲང་རེ་རེ་དང༌། སྟར་བུ་སྲང་ཕྱེད་དང༌། འདི་རྣམས་ལྷན་ཅིག་ཏུ་སྐོལ་ལ་མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་སྒོག་སྐྱལ་སོགས་པའི་སྨན་མར་ཞེས་བྱ་སྟེ། འདི་ལས་རན་པར་འཐུངས་ན་རླུང་ནད་དང༌། རླུང་ནད་རྐང་ཟུག་ཡ་གཅིག་འཇས་པ་དང༌། རླུང་ནད་གཞོགས་ཕྱེད་ན་བ་དང༌། སྐྲན་ལ་སོགས་པ་སེལ་ཏོ། །དབྱི་མོང་དང༌། ཁ་རུ་ཚྭ་དང༌། ཚ་བ་གསུམ་དང༌། ཤིག་གྲུ་དང༌། རྒྱམ་ཚྭ་དང༌། འུ་སུའི་འབྲས་བུ་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། ལ་ཕུག་གི་ཁུ་བ་དང༌། སྒེའུ་གཤེར་གྱི་ཁུ་བ་དང༌། ཤ་ཁུ་དང༌། ཚྭ་དང༌། རྩབས་སྐྱུར་པོ་དང༌། ཞོ་ག་ཆུ་དང༌། དར་བ་རྣམས་ལས་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། འདི་རྣམས་ཀྱི་ནང་དུ་སྐོལ་ལ་མར་ཉི་ཚེ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན་ཡང་རླུང་ནད་སེལ་ཏོ། །རླུང་ཉི་ཚེའི་ནད་ལ་ནི། སྣུམ་རྣམ་པ་བཞི་པོ། ཞག་དང་རྐང་དང༌། མར་དང༌། ཏིལ་མར་རྣམས་ཀྱི་སྨན་གཏང་བར་བྱའོ། །རླུང་ཡོད་པའི་སྟེང་དུ། བད་ཀན་དང༌། མཁྲིས་པའི་བླ་གཉན་གྱིས་ཐིབས་པ་ལ་ནི་རེ་ཞིག་བླ་གཉེན་བཙན་པར་བྱས་ཏེ་དེ་ཞི་བར་བྱ་བའི་ཆོ་ག་ཇེ་བྱའོ། །དེ་ལ་བད་ཀན་ལ་ནི་སྨན་དྲོད་ཆེ་ཞིང་རྣོ་བ་རྣམས་བཏང་ངོ༌། །མཁྲིས་པ་ལ་ནི་སྨན་མངར་ཞིང་བསིལ་བའི་བག་གཏང་བར་བྱའོ། །རླུང་ནད་རྐང་ཟུག་ཡ་གཅིག་འཇས་པ་དང༌། རླུང་ནད་པུས་
མོར་སྐྲངས་བ་ལ་ནི། ཐོག་མར་གཏར་ཏེ་ཁྲག་ཕྱུང་ལ། དེ་ནས་རླུང་ནད་སེལ་བའི་ཆོ་ག་ཐམས་ཅད་བྱའོ། །བརླའི་ནད་ནི་བད་ཀན་དང༌། ཚིལ་འདུག་པ་གཉིས་ལྡན་པས་རླུང་ནོན་ཏེ། བརླ་རིངས་པའི་ནད་དྲག་པོ་བསྐྱེད་པའི་ནད་ཀྱི་མཚན་མ་ནི་ཤིན་ཏུ་ལྕི་བར་གྱུར་ཅིང་སྐྱིད་ལུག་པ་ཡིན་ཏེ། དེ་ལ་ནི་ཐོག་མར་བད་ཀན་སེལ་བའི་སྨན་རྩུབ་པོ་ཅོག་གི་ཆོག་བྱས་ལ། དེའི་འོག་ཏུ་རླུང་བསལ་བའི་ཆོ་ག་ཐམས་ཅད་བྱའོ། །དྲེག་ནི། མི་སྐྱེད་དེ་བར་འདུག་ཅིང་སྡུག་མ་མྱོང་བ་ལས་ངལ་བ་ལ་སོགས་པ་དྲག་ཤུལ་གྱི་བག་བྱས་པས་རླུང་དང་ཁྲག་འཁྲུགས་པ་ལས་འབྱུང་སྟེ། ཐོག་མ་ནི་རྐང་ལག་གི་ནང་ན་གནས་ལ་ཕྱིས་ལུས་ལ་འཇུག་པར་འགྱུར་རོ། །དེ་ལ་རླུང་ཤས་ཆེ་བའི་དྲེག་གི་མཚན་མ་ནི། ན་བ་དང༌། རུས་པ་གྲུམ་ཞིང་འགས་པ་དང༌། ལུས་སྐེམ་པ་དང༌། རྩུབ་པ་དང། མདོག་གནག་པ་རྣམས་ཡིན་པར་བཤད་དོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་དྲེག་གི་མཚན་མ་ནི། མདོག་དམར་ཞིང་སྐྲངས་པ་དང༌། ལྷང་ལྷང་པོར་ན་བ་དང༌། ཆུ་སེར་འཛག་ཅིང་འཇིག་པ་དང༌། ན་བ་དང༌། ལུས་ཚ་བ་དང༌། མདོག་འཇམ་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་དྲེག་གི་མཚན་མ་ནི། ཆེར་མི་ན་ལ། ལུས་གཡའ་ཞིང་རེངས་པ་དང༌། ཆེར་སྐྲངས་པ་རྣམས་ཡིན་ནོ། །ནད་གཞི་གཉིས་གཉིས་འདུས་པ་དང༌། གསུམ་ཆར་འདུས་པ་ལས་གྱུར་པའི་དྲེག་གི་མཚན་མ་ནི། མཚན་མ་གོང་དུ་བསྟན་པ་རྣམས་ཆ་འདྲེས་པ་ལས་རྟོགས་པར་བྱའོ། །དྲེག་ནད་གཞི་གཅིག་ལས་བྱུང་ལ། གསར་པ་ནི་གསོ་སླ་བ་ཡིན་ནོ། །ནད་གཞི་གཉིས་འདུས་པ་ལས་བྱུང་བ། ལོ་གཅིག་ཚུན་ཆད་ལོན་པ་ནི། ཁ་ཟས་དང་སྨན་གྱིས་གསོ་ཙམ་དུ་འཇོག་ནུས་སོ། །ནད་གཞི་གསུམ་ཆར་འདུས་པ་ལས་བྱུང་ལ། རྨ་རྡོལ་ཞིང་འཛག་སྟེ་རུས་པ་འགས་པ་གང་ཡིན་པ་ནི་གསོར་མི་རུང་སྟེ་སྤང་བར་བྱའོ། །དེ་ལ་དྲེག་གསོ་བའི་ཐབས་ནི། ཐོག་མར་སྨན་མར་བླུད་དེ། ཉམས་སྟོབས་བསྐྱེད་པའི་འོག་ཏུ། རླུང་ཉི་ཚེ་ལས་གྱུར་པ་མ་
གཏོགས་པ་གཞན་རྣམས་ལ་གཏར་ག་གདབ་ཅིང་ཁྲག་དབྱུང་ངོ༌། །དེའི་འོག་ཏུ་ནད་གཞི་གང་ཡིན་པ་དང་སྦྱར་ཞིང་བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་དང༌། སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྨན་སྣར་བླུགས་པ་དང༌། ཆོ་ག་རྣམ་པ་ལྔ་པོ་སྔར་བསྟན་པ་འདི་རྣམས་ལས་གང་འོས་གཏང་བར་བྱ་སྟེ། རླུང་ལས་གྱུར་པ་ལ་ནི། སྨན་མས་གཏང་བའི་ཆོ་ག་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི་བཀྲུ་སྨན་བཏང་ངོ༌། །བད་ཀན་ལས་གྱུར་པ་ལ་ནི་སྐྱུག་སྨན་བཏང་ངོ༌། ཡང་ན་རླུང་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། བག་ཕྱེ་མར་དང༌། རའི་འོ་མ་དང་སྦྱར་བས་བསྐུས་ན་སེལ་བར་འགྱུར་རོ། །ཡང་ན་ཏིལ་བརྔོས་པའི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཟར་མའི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཤུ་ཏའི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཨེ་རཎྚའི་ས་བོན་གྱི་ཕྱེ་མ་འོ་མ་དང་སྦྱར་བ་གང་ཡང་རུང་བས་བསྐུ་བར་བྱའོ། །ཡང་ན་ཆུ་ན་གནས་པའི་སྲོག་ཆགས་ཉ་ལ་སོགས་པའི་ཤ་གང་ཡང་རུང་བ་ཞིབ་ཏུ་བརྡུངས་པ་སྟེ། སྤོད་སྣ་ཚོགས་ཀྱིས་བཏབ་ལ་ལེགས་པར་བཙོས་པས་བསྐུ་བར་བྱའོ། །མཁྲིས་པ་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། ཤིང་མངར་གྱི་ཕྱེ་མ་མར་དང༌། འོ་མ་དང༌། ཕྱེ་རྣམས་སྦྱར་བའི་ལྡེ་གུས་བསྐུའོ། །ཡང་ན་འཚོ་བྱེད་ཅེས་བྱ་བའི་སྨན་སྣ་བཅུ་པོ་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་བས་བསྐུ་བར་བྱའོ། །བད་ཀན་ཤས་ཆེ་བ་ལས་གྱུར་པའི་དྲེག་ལ་ནི། ཨ་ཤྭ་གནྡྷ་དང༌། ཏིལ་གྱི་ཕྱེ་མ་འམ། ཡང་ན་ཡུངས་ཀར་གྱི་ཕྱེ་མའམ། ཡང་ན་པུརྞ་རྣ་བ་དང༌། ཤི་ཀྲུའི་ཕྱེ་མ་དང༌། འདི་རྣམས་གང་ཡང་རུང་བ་བ་གཅིན་དང་སྦྱར་ཏེ་བསྐུ་བར་བྱའོ། །དྲེག་གོ་ཅོག་ལ་ནི་ཨ་རུ་རའི་ཕྱེ་མ་བུ་རམ་དང་སྦྱར་བ་བཟའ་བར་བྱའོ། །ཡང་ན་སླེ་ཏྲེས་སྐོལ་བའི་ཁུ་བ་བཏུང་བར་བྱའོ། །ཡང་ན་པི་པི་ལིང་འོ་མར་སྐོལ་བའི་སྨན་བཅུད་ཀྱིས་ལེན་བཏུང་བར་བྱ་སྟེ། ཉིན་གཅིག་བཞིན་དུ་པི་པི་ལིང་ལྔ་ལྔས་བསྐྱེད་དེ། པི་པི་ལིང་གི་གྲངས་བརྒྱར་ཕྱིན་ནས། ཉིན་གཅིག་བཞིན་པི་པི་ལིང་ལྔ་ལྔས་ཕྲི་སྟེ། པི་པི་ལིང་ལྔ་
ལ་ཐུག་ནས་ཡང་སྔ་མ་བཞིན་དུ་བསྐྱེད་དེ། བསྐོལ་བ་དེ་ལྟ་བུའི་ཆོ་གས་ལེགས་པར་བསྲུང་ཞིང་རྟག་ཏུ་བཏུང་བར་བྱའོ། །རླུང་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་ཆང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དུག་ལ་ཕན་གནོད་རྣམ་པ་བཅུ་ཡོད་པར་བསྟན་པ་གང་ཡིན་པ་དེ་རྣམས་ནི་ཆང་ལ་ཡང་ཡོད་དེ། དེ་བཏུང་ཉེས་པ་ལས་ནད་གཞི་རླུང་དང༌། མཁྲིས་པ་དང༌། བད་ཀན་རྣམས་འཁྲུགས་ནས། ཆང་ནད་དྲག་པོ་སྐྱེ་བར་འགྱུར་རོ། །དེ་ལ་རླུང་གིས་ཚུལ་གྱུར་བའི་མཚན་མ་ནི། སྨྲ་བ་ཐོགས་པ་དང༌། མང་དུ་སྨྲ་བ་དང༌། སྨྲ་བ་ལ་བསྐམ་པ་དང༌། ཚིག་མི་བརྟན་ཞིང་ཁྲལ་ཁྲུལ་བ་དང༌། ལུས་རྩུབ་ཅིང་མདོག་སྔོན་པོར་འགྱུར་བ་དང༌། དམར་པོར་འགྱུར་བ་དང༌། མྱོས་པ་རྣམས་ཡིན་ནོ། །མཁྲིས་པའི་ཚུལ་གྱུར་པའི་མཚན་མ་ནི། མདོག་དམར་ཞིང་སེར་བ་དང༌། ཁྲོ་ཞིང་འཐབ་པར་དགའ་བ་ཡིན་ནོ། །བད་ཀན་གྱིས་ཚུལ་འགྱུར་བའི་མཚན་མ་ནི། སྨྲ་བ་ཉུང་བ་དང༌། ཚིག་འབྲེལ་པ་དང༌། སེམས་པ་དང། བཞིན་མདོག་དཔལ་སྐྱ་བ་དང༌། རྒྱུད་ཞེན་པ་རྣམས་ཡིན་ནོ། །ནད་གཞི་ཀུན་འདུས་པ་ལས་ཚུལ་གྱུར་བ་ནི་དེ་དག་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་ཆང་ནད་ཀྱི་མཚན་མ་ནི། སྙིང་དང༌། ཀླད་པ་དང༌། རྩིབ་ལོགས་ན་བ་དང༌། ལུས་རེངས་པ་དང༌། སྐྱིགས་བུས་འདེབས་པ་དང༌། ལུད་པ་ལུ་བ་རྣམས་ཡིན་ནོ། །མཁྲིས་པ་ལས་བྱུང་བའི་ཆང་ནད་ཀྱི་མཚན་མ་ནི། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། རྡུལ་འབྱུང་བ་དང༌། མདོག་སེར་པོར་འགྱུར་བ་དང༌། མི་དྲན་ཞིང་མྱོས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཆང་ནད་ཀྱི་མཚན་མ་ནི། མེར་མེར་པོ་དང༌། ཁ་ནས་ཆུ་འབྱུང་བ་དང༌། ཡི་ག་འཆུས་པ་དང༌། སྐྱུགས་པ་དང༌། ལུས་རེངས་པ་རྣམས་ཡིན་ནོ། །ནད་གཞི་གསུམ་འདུས་
པ་ལས་གྱུར་པའི་ཆང་ནད་ནི་མཚན་མ་ཐམས་ཅད་དང་ལྡན་པར་རིག་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཆང་ནད་ལ་ནི། ཆང་སྔ་མ་འཐུངས་པ་ཞུ་བར་གྱུར་པའི་འོག་ཏུ། ཆང་གི་ནང་དུ་ཁ་རུ་ཚ་དང༌། ཚ་བ་གསུམ་གྱི་ཕྱེ་མ་དང༌། ཆུ་ཉུང་ཟད་ཅིག་བླུགས་ཏེ་འཐུངས་ན་སེལ་བར་བྱེད་དོ། །ཡང་ན་ཆང་གི་ནང་དུ་ཚ་དང་ཁ་རུ་ཚ་དང༌། ན་ལེ་ཤམ་དང༌། ཟིམ་ཐིག་ལེ་དང༌། ལ་ལ་ཕུད་རྣམས་ཀྱི་ཕྱེ་མ་བླུགས་ཏེ་འཐུངས་ན་ཡང༌། རླུང་ལས་གྱུར་པའི་ཆང་ནད་དྲག་པོ་སེལ་ཏོ། །ཡང་ན་རླུང་ལས་གྱུར་པའི་ཆང་ནད་བསལ་བའི་ཕྱིར། ཆང་འོལ་ཀོན་གྱི་སྐྱོ་མར་བྱས་པའི་ནང་དུ། རྒྱ་ཤུག་གི་འབྲས་བུ་དང༌། བལ་པོ་སེའུ་དང༌། ཏིནྟི་ལའི་འབྲས་བུ་དང༌། ལ་ལ་ཕུད་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་བླུགས་ཏེ་བཏུང་བར་བྱའོ། །སྐོམ་དུ་ནི་ཁ་ལུང་དང༌། བལ་པོ་སེའུ་སྐྱུར་ཆུའི་ནང་དུ་མཉེས་ཏེ་བཏུང་བར་བྱའོ། །རི་དགས་སྐམ་ས་ན་གནས་པའི་ཤ་ཁུ་སྣུམ་དང་ལྡན་པའམ། རྒྱམ་ཚ་དང༌། བལ་པོ་སེའུ་དང་སྦྱར་བ་ཡང་བཏུང་བ་དང༌། ཁ་ཟས་སྦག་པར་བཟང་ངོ༌། །མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ནི། ཆང་དང་ཆུ་ཕྱེད་མར་བྱས་ལ། སྦྲང་རྩི་དང༌། ཁ་ར་དང་སྦྱར་ཏེ་བཏུང་བར་བྱའོ། །ཡང་ན་སྨན་མངར་བག་བསྐོལ་བའི་ཁུ་བ་ཁ་ར་དང་སྦྱར་བའམ། མོན་སྲན་སྡེ་འུའི་ཁུ་བཅུད་ཁ་ར་དང་སྦྱར་བ་འམ་སྨན་མངར་བག་བསྐོལ་བའི་ཁུ་བ་ལས་ཤ་བཙོས་ཏེ་བསྡུས་པའི་ཁུ་བ་རྣམས་ལས་གང་ཡང་རུང་བ་བཏུང་བར་བྱ་སྟེ། ཐམས་ཅད་ཀྱང་གྲང་མོས་བྱས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ཆང་ནད་ལ་ནི་སྐྱུག་སྨན་ཆང་དང་སྦྱར་ཏེ་སྐྱུག་ཏུ་གཞུག་པ་དང༌། ཉམས་སྟོབས་དང་སྦྱར་ཏེ་སྨྱུང་བའི་ཆོ་ག་ཡང་བྱའོ། །ཡང་ན་དྲོད་བསྐྱེད་པའི་སྨན་གྱི་ཕྱེ་མ་ཆང་དང་སྦྱར་བའམ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ། ཚ་བ་གསུམ་གྱི་ཕྱེ་མ་དང་སྦྱར་བ་བཏུང་ཞིང་ཆོ་ག་བསྲུང་བར་བྱའོ། །ཁ་ཟས་ནི་ནས་ལས་བྱས་པའི་ཁ་ཟས་ལ་ཕུག་སྐམ་པོའི་ཁུ་བཅུད་དང༌། རྒྱ་སྲན་གྱི་ཁུ་བཅུད་གང་ཡང་རུང་བས་
སྤོང་ཚ་བས་ཤ་སྐྱེད་དེ་སྦྱར་བ་དང༌། རི་དགས་སྐམ་ས་ནས་གནས་པའི་ཤ་སྣུམ་བག་ཆུང་བ་དང་ལྷན་ཅིག་ཏུ་བཟའོ། །ཆང་ནད་ཀྱི་རྐྱེན་གྱིས་བསྐམ་པའི་ནད་དང༌། རིམས་དང༌། ལུད་པ་དང༌། རྩིབ་ལོགས་ན་བ་དང། འཁྲུ་བ་ལ་སོགས་པའི་ནད་བླ་གཉན་གང་ཡང་རུང་སྟེ། དེ་དག་ལ་ནི་སོ་སོའི་སྨན་བཏང་བས་ཞི་བར་བྱའོ། །ཆང་གིས་ལུས་ཀྱི་ཤ་ཟད་པར་གྱུར་པ་ལ་ནི། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་དང༌། སྣུམ་གྱིས་ལུས་བསྐུ་ཞིང་དྲིལ་བ་དང༌། ཁྲུས་བྱ་བ་དང༌། སྨན་མར་དང༌། འོ་མ་བླུད་པ་རྣམས་ཀྱིས་བརྟ་བར་བྱའོ། །དེ་ལ་སྨན་མར་ནི་ཉེའུ་ཤིང་དང༌། པུརྞ་རྞ་བ་དང༌། ཤིང་མངར་གྱི་ཕྱེ་མ་མར་ཆུ་མར་གྱི་བཞི་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་རན་པར་བཏུང་ངོ༌། །ཡང་ན་བ་ལ་དང༌། ཨ་ཏི་ལ་བ་བསྐོལ་བའི་ཁུ་བ་འོ་མ་དང་སྦྱར་བ་འཐུངས་ན་ཟད་བྱེད་ཀྱི་ནད་སེལ་ཏོ། །པུ་རྣ་རྣ་བ་བསྐོལ་བའི་ཁུ་བའི་ནང་དུ། མར་དང༌། འོ་མ་དང༌། ཤིང་མངར་གྱི་ཕྱེ་མ་བླུགས་ཏེ། བསྐོལ་ལ་མར་ཉི་ཚེ་ལུས་པ་བཙིར་བ་ལས་རན་པར་འཐུངས་ན་ཡང༌། ཆང་འཐུངས་པས་མདངས་མེད་པར་བྱས་པ་ཕྱིར་བརྟ་ཞིང་སོར་ཆུད་པར་བྱེད་དོ། ཆང་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།དེ་ནས་མེ་དཔལ་གསོ་བའི་ལེའུ་བཤད་པར་བྱའོ། །མེ་དབལ་ནི། ལན་ཚྭ་དང༌། སྐྱུར་བ་དང༌། ཚ་བ་དང༌། དྲོད་ཆེ་ཞིང་རྣོ་བ་ལ་སོགས་པའི་ཁ་ཟས་རྟག་ཏུ་ཟོས་པས་ནད་གཞི་འཁྲུགས་པར་བྱས་པ་ལས་མེ་དབལ་རྣམ་པ་བདུན་དུ་ཤེས་པར་བྱ་སྟེ། མེ་དབལ་ཞེས་བྱ་བ་ནི་ལུས་ཐམས་ཅད་དུ་མཆེད་ཅིང་འཇུག་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་མེ་དབལ་གྱི་མཚན་མ་ནི། འབྲུམ་བུ་འཇམ་ཞིང་མདོག་གནག་པ་དང༌། སྐྲངས་པ་དང༌། རིམས་ཀྱིས་འདེབས་པ་དང༌། གཟེར་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་
མེ་དབལ་གྱི་མཚན་མ་ནི། འབྲུམ་བུའི་མདོག་སེང་ཞིང་དམར་བ་དང༌། ལུས་ཚ་བ་དང༌། རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མེ་དབལ་གྱི་མཚན་མ་ནི། འབྲུམ་བུའི་མདོག་དཀར་ཞིང་དབལ་སྐྱ་བ་དང༌། གཡའ་ཞིང་བད་ཀན་གྱི་རིམས་འདེབས་པ་ཡིན་ནོ། །ཀུན་འདུས་པ་ལས་གྱུར་པའི་མེ་དབལ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །གློ་རྡོལ་བ་ལས་གྱུར་པའི་མེ་དབལ་ནི། ཁྲག་དང༌། མཁྲིས་པ་གཉིས་ལས་འབྱུང་སྟེ། འབྲུམ་པའི་མདོག་གནག་པ་དང༌། སྔོ་སྐྱར་འདུག་པ་དང༌། དམར་བ་དང༌། སྐྲངས་པ་དང་བ་རྣགས་ནས་རྡོལ་བ་དང༌། ལུས་ཚ་བ་དང༌། རིམས་བདོ་བར་བྱེད་པ་རྣམས་ཡིན་པར་བཤད་དོ། །མེའི་མེ་དབལ་ཞེས་བྱ་བ་ནི། རླུང་དང་མཁྲིས་པ་དག་ལས་འབྱུང་སྟེ། འབྲུམ་བུའི་མདོག་མེས་བསྲེགས་པ་འདྲ་ལ། ཉེ་སྐོར་མེ་མདག་བཞིན་དུ་དམར་ཞིང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། འཁྲུ་བ་ལ་སོགས་པའི་མཚན་མ་ལས་རྟོགས་པར་བྱའོ། །མེ་དབལ་རྫབ་འདྲ་ཞེས་བྱ་བ་ནི། བད་ཀན་དང་མཁྲིས་པ་ལས་འབྱུང་སྟེ། འབྲུམ་པའི་མདོག་དབལ་སྐྱ་ཞིང་དམར་བ་དང༌། གནག་ཅིང་འཚེར་ཏེ་དྲི་མས་གཡོགས་པ་དང༌། ཚ་ཞིང་ཉེ་སྐོར་དུ་ཆུ་སེར་གྱིས་འདམ་ཞིང་འདུག་པ་རྣམས་ཡིན་ནོ། །དེ་ལ་ནད་གཞི་གསུམ་སོ་སོ་ལས་གྱུར་པའི་མེ་དབལ་ནི་གསོ་སླ་བ་ཡིན་ནོ། །ལྷག་མ་གཞན་རྣམས་ནི་གསོར་མི་རུང་བར་བཤད་དོ། །ལུས་ཀྱི་ཕྱི་ནང་གཉིས་ཀར་བྱུང་བ་དང༌། ཚིགས་ཀྱི་སྟེང་དུ་བྱུང་བ་ནི། བདུན་ཆར་ཡང་ལྷག་པར་གསོར་མི་རུང་ངོ༌། །དེ་ལ་རླུང་ལས་གྱུར་པའི་མེ་དབལ་ལ་ནི། རྩ་བ་ལྔའི་སྨན་ལྔ་ཕྲུགས་ལྔ་སྔར་བཤད་པའི་ནང་ནས། རྩའི་རྩ་བ་ལྔ་པ་མ་གཏོགས་པར་རྩ་བ་ལྔ་པ་རྣམ་པ་བཞི་པོ་རྣམས་ལས་གང་ཡང་རུང་བས་ལུས་བསྐུ་བ་དང༌། ནད་ཀྱི་སྟེང་དུ་བླུགས་པ་དང༌། སྨན་མར་སྦྱར་བ་ལ་སོགས་པ་བྱའོ། །ཡང་ན་འབྲས་དང༌། ནས་དང༌།
ཤིང་མངར་རྣམས་ཀྱི་ཕྱེམ་མར་དང་འོ་མའི་ནང་དུ་བསྐོལ་ཏེ། ཐུག་པ་ཚོས་པར་བྱས་པས་ན་བའི་སྟེང་དུ་བསྐུ་བར་བྱའོ། །ཡང་ན་འོ་མ་ན་བའི་སྟེང་དུ་བླུགས་པར་བྱའོ། །ཡང་ན་མར་གྱི་སྙིང་པོ་སྟེང་དུ་བླུགས་པར་བྱའོ། །མཁྲིས་པ་ལས་གྱུར་པའི་མེ་དབལ་ལ་ནི། སྨན་པྲ་པུཎྚ་རཱི་ཀ་དང༌། བཙོད་དང༌། ཤུག་པ་དང༌། པུ་ཤེལ་ཙེ་དང༌། ཙན་དན་དང༌། ཤིང་མངར་དང༌། ཨུཏྤལ་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་ཏེ་བསྐུ་བར་བྱའོ། །ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་སྔར་བཤད་པས་ནད་ཀྱི་སྟེང་དུ་ཁུ་བ་བླུགས་པ་དང༌། བསྡུ་བ་དང༌། སྨན་མར་སྦྱར་བ་རྣམས་བྱས་ན་བཟང་ངོ༌། །ཡང་ན་མར་གཞུ་ཞིང་འཁྱག་ཏུ་བཅུག་པ་དེ་ལྟ་བུར་ལན་བརྒྱའི་བར་དུ་བྱས་ཏེ། རུལ་བར་གྱུར་པའི་ནང་དུ། ཤིང་མངར་གྱི་ཕྱེ་མ་ཤས་ཆེར་བླུག་སྟེ་སྦྱར་བས་བསྐུ་བར་བྱའོ། །ཡང་ན་ལིཀྦུ་མིག་དང༌། པུ་ཤེལ་ཙེ་དང༌། ཙན་དན་དང༌། གླ་སྒང་དང༌། མུ་ཏིག་དང༌། ནོར་བུ་རིན་པོ་ཆེ་དང༌། བཙག་རྣམས་ཀྱི་ཕྱེ་མ། མར་དང་འོ་མར་སྦྱར་ཏེ། བསྐུས་ན་མཁྲིས་པ་ལས་གྱུར་པའི་མེ་དབལ་སེལ་ཏོ། །བད་ཀན་ལས་གྱུར་པའི་མེ་དབལ་ལ་ནི། སེང་ལྡེང་དང༌། སཔྟ་པརྞ་དང༌། གླ་སྒང་དང༌། ཤིང་དྷ་བ་དང༌། དོང་ག་དང༌། ཐང་ཤིང་དང༌། ཀུ་རཎྚ་རྣམས་བརྡར་བའི་ལྡེ་གུས་བསྐུས་ན་ཞི་བར་འགྱུར་རོ། །ཡང་ན་ཤིང་མངར་དང༌། འབྲས་བུ་གསུམ་དང༌། བུ་ཚད་རྟོ་དང༌། ཤི་རི་ཤ་རྣམས་བརྡར་བའི་ལྡེ་གུས་བསྐུའོ། །ཡང་ན་བད་ཀན་ལས་གྱུར་པའི་མེ་དབལ་ལ། སྨན་པ་རུ་ན་ལ་སོགས་པའི་སྡེ་ཚན་གྱིས་བསྐུ་བ་དང༌། ཁུ་བས་བླུགས་པ་དང༌། སྨན་མར་སྦྱར་བ་ལ་སོགས་པ་བྱས་ན་བཟང་ངོ༌། །པ་ཏོ་ལ་དང༌། ནིམྦ་དང༌། སྐྱེར་པའི་རྩ་བའི་ཤུན་ལྤགས་དང༌། པུ་ཙེ་ཤེལ་དང༌། ཁྱི་ལྕེ་བ་དང༌། ཤིང་མངར་རྣམས་བསྐོལ་བའི་ཁུ་བ་འཐུང་ན་ཡང་མེ་དབལ་ཐམས་ཅད་སེལ་ཏོ། །གླ་སྒང་དང༌། ནིམྦ་དང༌། པ་ཏོ་ལ་རྣམས་བསྐོལ་བའི་ཁུ་བ་འཐུངས་ན་ཡང༌། མེ་དབལ་ལོ་ཅོག་སེལ་ཏོ། །ཡང་ན་སྐྱུ་རུ་ར་དང༌། བ་ཏོ་ལ་དང༌།
མོན་སྲན་སྡེའུ་རྣམས་བསྐོལ་བའི་ཁུ་བ་མར་དང་སྦྱར་ཏེ་བཏུང་བར་བྱའོ། །མདོར་ན་མེ་དབལ་ལ་ནི། དང་པོར་སྐྱུག་སྨན་དང༌། བཀྲུ་སྨན་གྱིས་སྦྱང་བ་དང༌། གཏར་ཞིང་ཁྲག་དབྱུང་བ་རྣམས་ཀྱང་བྱའོ། །ཆོ་ག་དེ་ལྟར་བྱས་པ་ལས་ཀྱང་འབྲུམ་བུ་རྣག་སྟེ་རྡོལ་བ་ལས་གྱུར་པ་ལ་ནི། རྨ་གསོ་བའི་ཆོ་གར་བསྟན་པ་ཐམས་ཅད་བྱའོ། །མེ་དབལ་བསལ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ། བམ་པོ་དྲུག་པའོ། །དེ་ནས་སྐྲངས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །སྐྲངས་པའི་ནད་ནི། མི་བཟད་པས། ཁ་ཟས་ལྕི་བ་དང༌། སྐྱུར་བ་དང༌། བད་ཀན་སྐྱེ་བར་འགྱུར་བའི་ཟས་ཟོས་ནས། ནད་གཞི་རྣམས་འཁྲུགས་པ་ལས་སྐྲངས་པའི་ནད་མི་བཟད་པ་རྣམ་པ་དྲུག་འབྱུང་བར་འགྱུར་ཏེ། སྐྲངས་སོ་ཅོག་གི་མཚན་མ་ནི་གསོ་སླ་བ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་སྐྲངས་པའི་ནད་ཀྱི་མཚན་མ་ནི། སྐྲངས་པ་ཉིད་ཕན་ཚུན་དུ་འཕོ་ཞིང༌། གར་མནན་པའི་མལ་ཤོང་དེར་འདུག་པ་དང༌། མདོག་གནག་ཅིང་དམར་བ་དང་མི་བཟོད་པར་ན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་སྐྲངས་པའི་མཚན་མ་ནི། མྱུར་དུ་སྨིན་ཅིང་རྡོལ་བ་དང༌། མདོག་འཇམ་པ་དང༌། སེར་ཞིང་དམར་བ་དང༌། ཚ་བ་དང༌། ལུས་ཚ་བར་བྱེད་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་སྐྲངས་པའི་མཚན་མ་ནི་མདོག་སྣུམ་ཞིང་དཀར་བ་དང༌། དབལ་སྐྱ་བ་དང༌། མཁྲང་བ་དང༌། གཡའ་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་པ་དང༌། གློ་བུར་གྱིས་སྐྲངས་པའི་མཚན་མ་ནི། མཁྲིས་པའི་མཚན་མ་དང་འདྲའོ། །ཀུན་འདུས་པ་ལས་གྱུར་པའི་སྐྲངས་པའི་མཚན་མ་ནི་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ནད་གཞི་ཕོ་བའི་ནང་ན་གནས་ན་ནི། རོ་སྟོད་སྐྲངས་པར་འགྱུར་རོ། །ནད་གཞི་ལོང་གའི་ནང་ན་གནས་ན་ནི། རོ་སྨད་དུ་སྐྲངས་པར་འགྱུར་རོ། །ནད་གཞི་བར་ན་གནས་ན་ནི་བར་དུ་སྐྲངས་པར་འགྱུར་རོ། །ནད་གཞི་ཐམས་ཅད་དུ་ཁྱབ་ན་ནི། ལུས་རིལ་གྱིས་སྐྲངས་
བར་འགྱུར་རོ། །དེ་ལ་སྐྲངས་པའི་ནད་གཞི་གཅིག་ལས་གྱུར་པ་ཡིན་ལ། ནད་བླ་གཉན་གཞན་གྱིས་ཀྱང་མ་ཐེབས་ཏེ། མི་ཉལ་སྟོབས་ཆེན་པོ་ཞིག་ལ་བྱུང་ན་ནི་གསོ་སླ་བ་ཡིན་ནོ། །ལུས་རིལ་གྱིས་སྐྲངས་པ་དང༌། མས་ཡར་མཆེད་དེ་སྐྲངས་པ་ནི་མ་རུངས་པ་ཡིན་ནོ། །སྐྲངས་པའི་ནད་ལ་སྨན་པས་ནད་གཞི་དང་སྦྱར་ཞིང་ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་རྣམས་ཀྱིས་སྨན་མར་སྦྱར་བ་དང་ཏིལ་མར་གྱི་སྨན་སྦྱར་བ་དང༌། བསྐུ་བ་དང༌། ནད་ཀྱི་སྟེང་དུ་བླུགས་པ་དང༌། བཏུང་བ་རྣམས་སུ་སྦྱར་བར་བྱའོ། །ལས་རྣམ་པ་ལྔ་པོ་བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་དང༌། སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྨན་སྣར་བླུགས་པ་རྣམས་ཀྱང་ཚ་བས་ཆེ་ཆུང་དང་སྦྱར་ཤིང་ཆོ་ག་བཞིན་དུ་གཏང་བར་བྱའོ། །དེ་མ་ཡིན་པ་སྐྲངས་པའི་ནད་ཞི་བར་བྱ་བའི་སྤྱིའི་ཆོ་ག་གཞན་ཡང་བཤད་པར་བྱ་སྟེ། ཐང་ཤིང་དང༌། ཨ་རུ་ར་དང༌། བཅའ་སྒ་དང་པུ་ན་རྣ་བ་རྣམས་ཀྱི་ཕྱེ་མ་ཆུ་སྐོལ་བ་དྲོན་པོ་དང་སྦྱར་བའམ། ཡང་ན་བྱི་དང་ག་དང༌། བོང་ང་དཀར་པོ་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། བཅའ་སྒ་དང༌། ཐང་ཤིང་དང༌། ན་ལེ་ཤམ་རྣམས་ཀྱི་ཕྱེ་མ་ཆུ་བསྐོལ་བ་དྲོན་པོ་དང་སྦྱར་བའམ། ཡང་ན་ཚ་བ་གསུམ་དང༌། ལྕགས་ཀྱི་ཕྱེ་མ་དང༌། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ཡང་སྐྲངས་པའི་ནད་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང༌། ལྕགས་ཀྱི་ཕྱེ་མ་དང༌། ཚ་བ་གསུམ་དང༌། ཤིང་ཉེ་རོང་རྣམས་ཀྱི་ཕྱེ་མ། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་བའམ། ཡང་ན་གུ་གུལ་དཀར་པོ་བ་གཅིན་དང་སྦྱར་བ་དང༌། ཡང་ན་པི་པི་ལིང་གི་ཕྱེ་མ་འོ་མ་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་བུ་རམ་ཨ་རུ་རའི་ཕྱེ་མ་དང་ཆ་བསྙམས་ཏེ་སྦྱར་བའམ། ཡང་ན་བུ་རམ་བཅའ་སྒ་དང་ཆ་བསྙམས་ཏེ་
སྦྱར་བ་བཟའ་བར་བྱའོ། །ཡང་ན་བུ་རམ་དང༌། སྒེའུ་གཤེར་ཚོད་རན་པར་བཟའོ། །རླུང་ལས་གྱུར་པ་ལ་ནི་ཁ་ཟས་ཤ་ཁུ་དང་ལྷན་ཅིག་བཟའོ། །མཁྲིས་པ་ལས་གྱུར་པ་ནི་ཁ་ཟས་འོ་མ་དང་ལྷན་ཅིག་བཟའོ། །བད་ཀན་ལས་གྱུར་པ་ལ་ནི་ཁ་ཟས་ཁུ་བཅུད་རྩུབ་པའི་བག་དང་ལྷན་ཅིག་བཟའ་བར་བྱའོ། །ཆོ་ག་དེ་ལྟར་བྱས་ན་སྐྲངས་པའི་ནད་དང༌། སྐེམས་པའི་ནད་དང༌། དམུ་རྫིངས་དང༌། སྨྱོ་བྱེད་དང༌། སྐྲན་དང༌། གཞང་འབྲུམ་དང༌། དབུགས་མི་བདེ་བ་རྣམས་འབྱང་བར་འགྱུར་རོ། །ཐང་ཤིང་དང༌། བུ་ན་རྣ་བ་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བ་འམ། ཡང་ན་ཀྲུ་ཏྲུག་ཏྲེས་དང༌། ཚ་བ་གསུམ་དང༌། ཤིང་ཉེ་རོང་དང༌། ཐང་ཤིང་རྣམས་བསྐོལ་བའི་ཁུ་བ་འཐུངས་ན་ཡང་སྐྲངས་པའི་ནད་སེལ་ཏོ། །རྐང་འབམ་ཞེས་བྱ་བ་ནི་ཚིལ་དང༌། ཤའི་ནད་ལས་གྱུར་ཏེ། རྐང་པ་གཉིས་བུམ་པ་འདྲ་བར་སྐྲངས་པ་ཡིན་ནོ། །དེ་ཡང་ནད་གཞི་གསུམ་ལ་བད་ཀན་ཤས་ཆེ་བ་ལས་གྱུར་པའི་བྱེ་བྲག་གིས་རྣམ་པ་གསུམ་ཡོད་དེ་ནད་གཞི་སོ་སོའི་མཚན་མས་བསྟན་ཏོ། །དེ་ནི་དུས་ཐམས་ཅད་དུ་གྲང་ཞིང་སེར་ཆེ་ལ། སྐམ་དུ་མི་བཏུབ་པའི་སར་སྐྱེ་བར་འགྱུར་ཏེ། ལོ་གཅིག་ལྷག་པ་དང༌། རྐང་འབམ་གྲོག་མཁར་ལྟ་བུ་ནི་མི་འཚོའོ། །དེ་ལ་གསོ་བའི་ཆོ་ག་ནི་ནད་གཞི་དང་འཕྲོད་པའི་སྨན་གྱིས་བསྐུ་བ་དང༌། དུགས་བྱ་བ་དང༌། གཏར་ཏེ་ཁྲག་དབྱུང་བ་ལ་སོགས་པའི་ཆོ་ག་དང༌། སྐྲངས་པའི་ནད་གསོ་བའི་ཆོ་གར་བསྟན་པ་ཐམས་ཅད་ཀྱང་ཅི་རིགས་པར་བྱ་བར་བཤད་དོ། །ལྦ་བ་ནི་རླུང་ལས་གྱུར་པ་དང༌། ཚིལ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པའི་བྱེ་བྲག་གིས་རྣམ་པ་གསུམ་ཡོད་དེ། །དེ་ལ་རླུང་ལས་གྱུར་པའི་ལྦ་བའི་མཚན་མ་ནི། མདོག་ནག་ཅིང་དམར་བ་དང༌། ཁ་དྲི་མི་ཞིམ་པ་དང༌། རྐན་སྐམ་པར་བྱེད་པ་ཡིན་ནོ། །ཚིལ་ལས་གྱུར་པའི་ལྦ་བའི་མཚན་མ་ནི། འཇམ་ཞིང་སྣུམ་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ལྦ་བའི་མཚན་མ་ནི་ཤིན་ཏུ་ཆེ་ཞིང་སྲ་བ་ཡིན་ནོ། །དེ་ལ་རིད་དེ་བ་ལ་བྱུང་བ་དང༌། ལོ་གཅིག་ཕན་ཆད་ལོན་པ་ནི་གསོར་མི་རུང་ངོ༌། །འབྲས་ཀྱི་ཕྲེང་བ་
ཞེས་བྱ་བ་ནི། ལྐོག་མར་བད་ཀན་དང༌། ཚིལ་གཉིས་ལས་སྐྱུ་རུ་རའི་རུས་པ་འདྲ་བར་རྨེན་བུར་གྱུར་པ་མང་པོས་བསྐོར་བའི་མིང་ནི་འབྲས་ཀྱི་ཕྲེང་བ་ཞེས་བྱ་སྟེ་ཡུན་རིང་དུ་མི་འབྱང་བར་འདུག་པ་ཡིན་ནོ། །དེ་ལ་ལྦ་བ་གསོ་བའི་ཆོ་ག་ནི། སྨན་པས་ནད་གཞི་དང་སྦྱར་ཞིང༌། ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་གྱིས་དུགས་བྱ་བ་དང༌། བསྐུ་བ་དང༌། ལུམས་བྱ་བ་དང༌། གཏར་ཞིང་ཁྲག་དབྱུང་བ་དང༌། སྐྱུག་སྨན་དང་བཀྲུ་སྨན་བཏང་བ་དང༌། ཏིལ་མར་གྱི་སྨན་བཏུང་བ་རྣམས་ཀྱིས་ལྦ་བ་མེད་པར་བྱའོ། །འབྲས་ཀྱི་ཕྲེང་བ་ལ་ནི། སྨན་ཤ་ཀོ་ཏ་ཀའི་ཤུན་ལྤགས་ཀྱི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པའམ། ཡང་ན་ནི་མྤ་དང༌། ཨ་ཤྭ་མ་ར་དང༌། ནི་རྒུནྟི་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཅགས་ཏེ་སྣར་བླུགས་སོ། །ཡང་ན་འབྲས་ཀྱི་ཕྲེང་བ་མ་སྨིན་པ་ལ་ནི་དྲལ་ཏེ་རྨེན་བུ་ཕྱུང་ལ་རྨ་ཁ་བསྲེག་གོ །སྨིན་ཅིང་རྡོལ་བ་ལ་ནི་སྨན་མུ་ག་ཀའི་ཐལ་བའི་སྨན་སྦྱར་བས་བསྐུ་ཞིང་སྦྱངས་ལ་འདི་གཉི་གཡང་རྨའི་ཆོ་ག་བཞིན་དུ་གསོ་བར་བྱའོ། །ཡང་ན་རྟིང་པ་ནས་སོར་བཅུ་གཉིས་ཀྱི་གོང་དུ་བྱིན་པ་དྲལ་ཏེ་བྱིན་པའི་ནང་ན་ཚིལ་གྱི་རྨེན་བུ་ཉའི་སྒོ་ང་འདྲ་བ་འདུག་པ་རྣམས་ཕྱུང་ལ། རྨ་ཁ་བསྲེགས་ཏེ་རྨ་གསོ་བའི་ཆོ་ག་བཞིན་དུ་བྱའོ། །ཤ་རྨེན་ནི་ནད་གཞི་གསུམ་སོ་སོ་ལས་གྱུར་ཏེ་ཁྲག་དང་ཤ་དང་ཚིལ་རྣམས་ཀྱི་རྨེན་བུ་ཡིན་ནོ། །དེ་ནི་ནད་གཞི་སོ་སོའི་མཚན་མ་ལས་ཤེས་པར་བྱ་སྟེ། དེ་ལ་ཁྲག་དང་ཤ་ལས་གྱུར་བའི་ཤ་རྨེན་ནི། གསོར་མི་རུང་ངོ༌། །ཤ་རྨེན་གསོ་བའི་ཐབས་ནི། ལྦ་བ་གསོ་བའི་ཆོ་གར་བཤད་པ་བཞིན་དུ་བྱའོ། །ཡང་ན་དྲལ་བ་དང༌། བསྲེག་པ་དང༌། སྨན་གྱི་ཐལ་བས་གདབ་པ་རྣམས་ཀྱང་བྱ་ཞིང༌། རས་མའམ་ལོ་མས་གཡོགས་པར་བྱའོ། །སྐྲངས་པའི་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།
དེ་ནས་རྨ་གསོ་བའི་ལེའུ་བཤད་པར་བྱའོ། །རྨ་ནི་ལུས་ཉིད་ལས་འབྱུང་བ་དང༌། གློ་བུར་དུ་འབྱུང་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡོད་པར་རིག་པར་བྱའོ། །དེ་ལ་སྔ་མ་ནི་ནད་གཞི་རྣམས་ལས་གྱུར་པ་ཡིན་ནོ། །ཕྱི་མ་ནི་མཚོན་ལ་སོགས་པས་རྨས་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རྨའི་མཚན་མ་ནི། རྨའི་ཉེ་སྐོར་རྩུབ་ཅིང་མདོག་དམར་ལ་སྔོ་སྐྱར་འདུག་པ་དང༌། འཛག་པ་ཉུང་ཞིང་འདར་བ་དང༌། ཆེར་མི་ན་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྨའི་མཚན་མ་ནི། རྨ་དང་ཉེ་སྐོར་གྱི་མདོག་སེར་ཞིང་དམར་ལ་སྔོ་བ་དང༌། འཛག་པ་ཆེ་བ་དང༌། ལུས་ཚ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་རྨའི་མཚན་མ་ནི། མཁྲང་ཞིང་དབལ་སྐྱ་བ་དང༌། ཆུ་སེར་སྐྱ་བོ་འཛག་ཅིང་གྲང་ལ་བསྐ་བ་རྣམས་ཡིན་ནོ། །ཁྲག་ནད་ལས་གྱུར་པའི་རྨའི་མཚན་མ་ནི། མདོག་དམར་ཞིང་ཁྲག་འཛག་པ་ཡིན་ནོ། །ནད་གཞི་གཉིས་འདུས་པ་ལས་གྱུར་པ་དང༌། གསུམ་འདུས་པ་ལས་གྱུར་པའི་རྨའི་མཚན་མ་ནི་གང་དང་གང་འདུས་པ་དེ་དང་དེའི་མཚན་མ་འདྲེས་པས་བསྟན་ཏོ། །དེ་ལ་ཐོག་མ་མ་སྨིན་པའི་ཚེ་ནི། ཞི་བར་འགྱུར་བའི་ནན་རྩིས་བསྐུའོ། །རྣག་ཏུ་ཆ་བ་ལ་ནི་སྨིན་པར་བྱ་བའི་ཆོ་ག་བྱའོ། །རྣག་ཟིན་པ་ལ་ནི་བརྟོལ་ཏེ་འཇིབ་པའི་སྨན་གྱིས་རྣག་དང་ཆུ་སེར་དག་པར་བསལ་ནས་རྨའི་ཤའུ་སྐྱེ་བའི་སྨན་བྱའོ། །དེ་ལ་རྣག་པར་བྱ་བའི་སྨན་ནི། ཏིལ་དང༌། ཕབས་དང༌། ཟར་མ་དང༌། རུ་རྟ་རྣམས་ཀྱི་ཕྱེ་མ་དང༌། ཕྱེ་དང་རྒྱམ་ཚ་རྣམས་ཞོ་སྐྱུར་པོ་དང་སྦྱར་ཏེ། བརྫིས་པའི་གོང་བུ་ནི་སྨིན་པར་བྱེད་པའི་མཆོག་ཡིན་པར་འདོད་དོ། །དེ་ལ་རྣག་ཏུ་ཚ་བའི་མཚན་མ་ནི། ཚབ་འུར་འུར་པོར་འདུག་པ་དང༌། ན་ཞིང་ཟུག་པ་དང༌། མདོག་དམར་བ་དང་སྐྲངས་པ་རྣམས་ཡིན་པར་བཤད་དོ། །རྣག་པའི་མཚན་མ་ནི་གོང་མ་སྨིན་དུ་ཆེ་བའི་མཚན་མ་རྣམས་རྩེ་གཞིལ་བར་འགྱུར་ལ། གཉེར་མ་འདུས་ཤིང་ཕྱོགས་གཅིག་ཏུ་མཐོན་པོ་ཅོག་ཅོག་
པོར་འབྱུང་བ་ཡིན་ནོ། །རྡོལ་བར་བྱ་བའི་སྨན་ནི། ཤིང་ཉེ་རོང་དང༌། སྣུ་ཧ་ཀྵི་ར་དང༌། ཨསྨརི་དང༌། ཙི་རི་བིལ་བ་ལ་སོགས་པའི་སྡེ་ཚན་དང༌། ཀྲུ་ཏྲུག་ཏྲེས་དང༌། ཐི་བ་དང༌། བྱ་གག་དང༌། མཆིལ་པའི་རྟུག་པ་རྣམས་ཀྱི་ཕྱེ་མ་སྦྱར་བའམ། ཡང་ན་མུ་སྐའི་ཐལ་བའི་སྨན་སྦྱར་བས་བསྐུ་བ་ནི་རྡོལ་བར་བྱ་བའི་སྨན་གྱི་ནང་ན་མཆོག་ཡིན་ནོ། །འཇིབ་པའི་སྨན་གྱིས་རྣག་དང་ཆུ་སེར་བསལ་བའི་ཐབས་ནི། ཏིལ་དང༌། རྒྱམ་ཚ་དང༌། ཤིང་མངར་དང༌། ནིམྤའི་ལོ་མ་དང༌། ཡུང་དང༌། སྐྱེར་པ་དང༌། ཤིང་ཉེ་རོང་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བསྐུ་བར་བྱའོ། །ཡང་ན་ནིམྤ་བ་ཏྲ་དང༌། ཏིལ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་བསྐུས་ན་ཡང་རྨ་སྦྱོང་བར་བྱེད་དོ། །རྨའི་ཤའུ་སྐྱེ་བའི་སྨན་ནི། ནས་རྗེན་པར་བཏགས་པའི་ཕྱེ་མ། མར་དང༌། སྦྲང་རྩི་དང་སྦྱར་ཏེ་བསྐུས་ན་རྨ་འདྲུབ་པར་འགྱུར་རོ། །རྨ་རུབ་པའི་མཚན་མ་ནི། སྐྲངས་པ་མེད་ལ་འཇམ་ཞིང་སྣུམ་པ་དང༌། ལྕེའི་མདོག་འདྲ་བར་དམར་བ་དང༌། ན་བ་མེད་ཅིང་འཛག་པ་ཆད་པ་དང༌། རློབ་མེད་པ་རྣམས་ཡིན་ཏེ་རྨ་དག་པར་འགྱུར་བའི་རྟགས་སུ་བཤད་དོ། །དེ་ལ་རླུང་ལས་གྱུར་པའི་རྨ་ལ་ནི་སྨན་རྩ་བ་ལྔ་པའི་སྡེ་ཚན་ཆེ་ཆུང་གཉིས་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་པའི་རྨ་ལ་ནི་ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །བད་ཀན་ལས་གྱུར་པའི་རྨ་ལ་ནི་དོང་ག་ལ་སོགས་པའི་སྡེ་ཚན་ཆོ་ག་ཐམས་ཅད་དུ་སྦྱར་བར་བྱའོ། །ཡང་ཨུཏྤལ་སྔོན་པོ་དང༌། བ་ལ་དང༌། སྐྱེར་པ་དང༌། མེད་དང༌། ཤིང་མངར་དང༌། ཙན་དན་དང༌། ས་མངྒ་དང༌། དྷ་ཏ་ཀི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་བསྐུས་ན་ཡང་རྨའི་ཤའུ་སྐྱེ་བར་བྱེད་དོ། །ཡང་ན་ཤིང་འོ་མ་ཅན་གྱི་མྱུ་གུའི་ཕྱེ་མ་མར་དང་སྦྱར་བའམ། ཡང་ན་འབྲས་བུ་གསུམ་དང༌། ཤིང་བ་ཏའི་ཡལ་གའི་ཐོར་ཏོ་དང༌། སེང་ལྡེང་དང༌། སེང་ཕྲོམ་རྣམས་
ཀྱི་ཕྱེ་མ་མར་དང་སྦྱར་བས་བསྐུས་ན་རྨ་ཁ་འདྲུབ་པར་འགྱུར་རོ། །ཡང་ན་ཤིང་ཨརྫུ་ན་དང༌། ཨུ་དུ་མ་བཱ་ར་དང༌། ཨ་ཤྭདྠ་དང༌། སེང་ཕྲོམ་དང༌། ཛམ་བཱུའི་ཤུན་ལྤགས་དང༌། ཤིང་མངར་དང༌། ཀཏྤ་ལ་དང༌། རྒྱ་སྐྱེགས་རྣམས་ཀྱི་ཕྱེ་མས་བཏབ་པ་ན་ཡང༌། རྨའི་ཤའུ་སྐྱེ་བར་འགྱུར་རོ། །པུ་ཙེ་ཤེལ་དང༌། སྤྲ་ཚིལ་དང༌། ཡུང་དང༌། ཤིང་མངར་དང༌། ནཀྟ་མ་ལའི་འབྲས་བུ་དང༌། ལོ་མ་དང༌། མ་ལ་ཏི་དང༌། ནིམྤའི་ལོ་མ་རྣམས་ཀྱི་ཕྱེ་མ་མར་དང་ཆུའི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ཡང་རྨ་ལ་ཕན་པ་ཡིན་ནོ། །ཡང་ན་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། བུ་ཚང་རྟོ་དང༌། ར་མཉེ་དང༌། ཙན་དན་རྣམས་ཀྱི་ཕྱེ་མ་དང༌། ཤིང་འོ་མ་ཅན་བསྐོལ་བའི་ཁུ་བ་རྣམས་ཏིལ་མར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་ཡང་རྨ་འཚོ་བར་བྱེད་དོ། །རྨ་ཁ་སྨན་གྱིས་བསྐུས་པའི་སྟེང་དུ། ཤིང་ཀ་རཉྫ་དང༌། པླཀྵ་དང༌། ཛམ་བཱུ་ལ་སོགས་པའི་ལོ་མས་གླན་ལ་དེའི་སྟེང་དུ་རས་ལ་སོགས་པས་དཀྲི་བ་ནི་བཟང་སྟེ་རྨ་སྦྱོང་ཞིང་འཚོ་བར་བྱེད་དོ། །རྨ་ལ་འབུ་ཞུགས་པ་ལ་ནི་བྱིའུ་དུག་པ་ལ་སོགས་པའི་སྡེ་ཚན་སྦྱར་བས་རྨ་ཁ་དང་རྨའི་ནང་དུ་བསྐུས་ན་ཕན་ནོ། །རྨ་སོས་པའི་མལ་ཤོང་དུ་གྱུར་པ་ལ་ནི། སྲན་མ་དང༌། མོན་སྲན་སྡེའུ་ལ་སོགས་པ་སྲན་མའི་རིགས་རྣམས་ཀྱི་ལོ་མའི་ཕྱེ་མ་ཆུ་དང་སྦྱར་བའམ། ཡང་ན་ཤིང་ཏོག་ཀོ་ཤའམ། ཤིང་ལྦང་ཀོ་བཏགས་པའི་ཕྱེ་མ་ཆུ་དང་སྦྱར་བས་བསྐུས་ན་སླར་གང་བར་འགྱུར་རོ། །རྨ་འཁྱིམས་པ་ལ་ནི་ཆོ་ག་ཤེས་པས་རྨའི་བག་གར་བྱུང་བ་བརྟགས་ཏེ། མཚོན་གྱིས་དྲལ་ལ་དག་པར་བསལ་ཞིང༌། རྣག་དང༌། ཆུ་སེར་འཇིབ་པའི་སྨན་གྱིས་བསྐུས་ཏེ་མྱང་བ་སྟེ། རྨ་ཁར་ཤའུ་སྐྱེ་ཞིང་འདྲུབ་པའི་སྨན་ལ་སོགས་པ་རྨའི་ཆོ་ག་ཐམས་ཅད་རིམ་བཞིན་དུ་བྱའོ། །རྡུ་བ་ཁོང་ན་ཡོད་པའི་རྨ་ལ་ནི། རྔུ་བ་སྐམ་པས་དྲངས་ཏེ་ཕྱུང་ལ། རྨ་གསོ་བའི་སྨན་གྱི་ཆོ་ག་
བསྟན་པ་རིམ་བཞིན་དུ་བྱའོ། །རྨ་རྙིང་རིང་དུ་ལོན་པའི་རྐྱེན་གྱིས་ཤ་ཟད་ཅིང་སྐམ་པར་གྱུར་པ་ལ་ནི། ཤ་རྟས་པའི་སྨན་གྱི་ཆོ་ག་ཡང་བྱ་ཞིང༌། རྨ་ཡང་གསོ་བར་བྱའོ། །རྨ་རང་པ་ལ་ནི་རྨའི་ཉེ་སྐོར་གཏར་ཞིང་ཁྲག་དབྱུང་བ་དང༌། སྐྱུག་སྨན་དང་བཀྲུ་སྨན་བཏང༌། གློ་བུར་གྱི་རྨ་ལ་རྨ་བྱུང་བའི་མོད་ལ། མར་དང༌། སྦྲང་རྩི་དང་སྦྱར་བས་བསྐུས་ཏེ་བཅིངས་ལ། མཁྲིས་པ་དང་ཁྲག་གི་དྲོད་ཚ་བ་དབྲི་ཞིང་བསིལ་བའི་ཆོ་ག་རྣམས་བྱའོ། །རུས་པ་ཆག་གམ་ཚིགས་བྱུང་བ་ལ་ནི། ཆོ་ག་ཤེས་པས་སྲང་ཞིང༌། ཚིགས་བཅུག་ལ། མར་དང་ཤིང་མངར་གྱིས་བསྐུས་ཏེ་བཅིངས་ལ་རས་ཀྱིས་དམ་དུ་དཀྲིས་ལ། ཤིང་འོ་མ་ཅན་གྱི་ཤུན་ལྤགས་ཀྱིས་མི་འགུལ་བར་དབང་དུ་བྱས་ཏེ་ཅི་ནས་ཀྱང་མ་རྣག་པར་ནན་ཏན་དུ་བསྲུང་བར་བྱའོ། །རྨ་དང༌། ཆག་གྲུགས་དང་བུང་བའི་ཁ་ཟས་ནི་འབྲས་སཱ་ལུ་དང༌། མོན་སྲན་སྡེའུ་དང་ནས་ལས་བྱས་པ་དང༌། རི་དགས་སྐམས་ན་གནས་པའི་ཤ་རྣམས་བཟའོ། །ཞོ་དང༌། འོ་མ་དང༌། སྐྱུར་བག་དང༌། ཁ་ཟས་ལྕི་བའི་བག་དང་ཉལ་པོ་རྣམས་སྤང་བར་བྱའོ། །རྨ་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་མིག་སྨན་གྱི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །མིག་སྨན་གྱི་རྒྱུད་ཅེས་བྱ་བ། ལུས་འཕགས་ཀྱི་རྒྱལ་པོས་བཤད་པ་གང་ཡིན་པ་ནི་རྒྱ་ཆེས་པས་ན། འདིར་དེ་དག་ཐམས་ཅད་མི་བཤད་པར་ཆ་ཙམ་ཞིག་བཤད་པར་བྱའོ། །དེ་ལ་མིག་གི་རང་བཞིན་ནི་གོང་བུར་འདུག་པ་དང༌། དམར་བ་དང༌། དཀར་བ་དང༌། གནག་པ་ཡིན་ནོ། །དེ་ཡང་འབྱུང་བ་ཆེན་པོ་ས་དང༌། ཆུ་དང་མེ་དང་རླུང་རྣམས་དང་ལྡན་པར་བཤད་དོ། །གནས་ཁུང་བུ་ཡིན་པས་ན་ནམ་མཁའ་དང་ཡང་ལྡན་ནོ། །དེ་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ཁྲག་གི་ཉེས་པ་རྣམས་ཀྱི་བྱེ་བྲག་ལས་མིག་ནད་མཆི་མ་འཛག་པ་ཞེས་བྱ་བ་དྲག་པོ་རྣམ་པ་བཞིར་
འགྱུར་ཏེ། དེ་ནི་ཕལ་ཆེར་མིག་ནད་དོ་ཅོག་འབྱུང་བའི་གཞི་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་མིག་ནད་མཆི་མ་འཛག་པའི་མཚན་མ་ནི། མཆི་མ་གྲང་བ་དང༌། རྔུ་མ་སྐམ་པོ་ཡོད་པ་དང༌། ན་ཞིང་ཧ་རེ་འདུག་པ་རྣམས་ཡིན་པར་བཤད་དོ། །མཁྲིས་པ་ལས་གྱུར་པའི་མིག་ནད་མཆི་མ་འཛག་པའི་མཚན་མ་ནི། མཆི་མ་ཚ་བ་དང༌། རྔུ་མ་སེར་བ་དང༌། ཚ་བ་འུར་འུར་པོར་འདུག་ཅིང་རྩ་དམར་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་མིག་ནད་མཆི་མ་འཛག་པའི་མཚན་མ་ནི། རྔུ་མ་དཀར་པོས་ཡོགས་པ་དང༌། མཆི་མ་འབྱར་འབྱར་པོ་དང༌། གཡའ་ཞིང་སྐྲངས་པ་རྣམས་ཡིན་ནོ། །ཁྲག་གི་ཉེས་པ་ལས་བྱུང་བའི་མིག་ནད་མཆི་མ་འཛག་པའི་མཚན་མ་ནི། མིག་དམར་ཞིང་ཚ་བ་འུར་འུར་པོར་འདུག་ལ། དམར་པོ་ཤར་ཤར་པོར་འབྱུང་ཞིང༌། མཆི་མ་རྩ་དམར་བ་རྣམས་ཡིན་ནོ། །ཁ་ཟས་མི་འཕྲོད་པ་ཟོས་པ་དང༌། དུས་བཞིན་དུ་མི་ཟ་བའི་རྐྱེན་གྱིས་མིག་ནད་མཆི་མ་འཛག་པ་ཞེས་བྱ་བ་ཚ་བས་ཆེན་པོར་གྱུར་པ་ལ་ནི། མིག་ནད་རྡུང་བ་ཞེས་བྱ་བར་འགྱུར་ཏེ། མིག་དང་ཀླད་པའི་ཕྱེད་མི་བཟད་པར་ན་བར་འགྱུར་རོ། །དེའི་མཚན་མ་ཡང་གོང་དུ་སྨོས་པ་བཞིན་དུ་ནད་གཞི་སོ་སོའི་མཚན་མ་དང་སྦྱར་ཞིང་རྟོགས་པར་བྱའོ། །དེ་ལ་རླུང་ལས་གྱུར་བའི་མིག་ནད་གསོ་བའི་ཆོ་ག་ནི། ཁ་ར་དང༌། སེང་ཕྲོམ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཆུ་འཇམ་ཙམ་དང་སྦྱར་ཏེ་བཙགས་པའི་ཁུ་བའམ། ཡང་ན་ཁ་ར་དང༌། བཅའ་སྒ་དང༌། ཤ་བ་རིའི་སེང་ཕྲོམ་རྣམས་ཆོ་ག་གོང་མ་བཞིན་དུ་བྱས་ཏེ་མིག་ཏུ་བླུགས་པར་བྱའོ། །ཡང་ན་ཀུ་སྟ་རའི་མེ་ཏོག་དང༌། ཤིང་མངར་དང༌། ཁ་ར་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་ཞོ་ཁ་ཆུ་འཇམ་ཙམ་དང་སྦྱར་ཏེ་བཙགས་པའམ། ཡང་ན་བཅའ་སྒ་དང༌། རྒྱམ་ཚ་དང༌། ཤིང་མངར་དང༌། སེང་ཕྲོམ་རྣམས་ཀྱི་ཕྱེ་མ་མར་གྱི་ནང་དུ་བརྔོས་པའི་ཁུ་བས་མིག་ཏུ་བླུགས་སོ། །ཡང་ན་ཤིང་མངར་དང༌། ཙན་
དན་དང༌། བཙོད་དང༌། སེང་ཕྲོམ་དང༌། བཙག་ཡུག་སྣམ་རྣམས་ཀྱི་ཕྱེ་མཆུ་འཇམ་ཙམ་དང་སྦྱར་ཏེ་བཙགས་པའམ། ཡང་ན་བིལྦ་ལ་སོགས་པའི་སྡེ་ཚན་བསྐོལ་བས་མིག་གི་ནང་དུ་བླུགས་ན་ཡང་མིག་ནད་མི་བཟད་པར་ན་བ་སེལ་ཏོ། །ཡང་ན་ཨེ་རཎྜ་འི་རྩ་བ་རའི་འོ་མའི་ནང་དུ་བསྐོལ་ཏེ། འཇམ་ཙམ་དུ་བསྒྲངས་ལ་མིག་གདངས་ཏེ། རས་དཀར་པོ་གཙང་མས་གཡོགས་པའི་སྟེང་དུ། མིག་འགྲམ་ལོགས་ནས་རྒྱུན་མ་ཆད་པར་བླུགས་པ་ནི། མིག་སྨན་ཚགས་ལས་བཏང་བ་ཞེས་བྱ་བའི་མཆོག་ཡིན་ནོ། །ཡང་ན་པི་པི་ལིང་དང༌། བལ་ཀ་དང༌། ཤིང་མངར་དང༌། རྒྱམ་ཚ་རྣམས་རའི་འོ་མར་བསྐོལ་ཏེ་འཇམ་ཙམ་དུ་བསྒྲངས་པ་སྔ་མ་བཞིན་དུ་ཚགས་ལས་བཏང་བའི་སྨན་བྱས་ན་ཡང་མིག་ནད་མི་བཟད་པ་ན་བ་སེལ་ཏོ། །ཡང་ན་ལྕགས་སམ་ཟངས་ཀྱི་སྣོད་དུ་རྒྱམ་ཚ་དང་ཞོ་སྦྱར་བའམ། ཡང་ན་ཟངས་སམ་ལྕགས་ཀྱི་གཏུན་གྱི་ནང་དུ་འཁར་བའི་གཏུན་བུས་ཡུང་དང་པི་པི་ལིང་ཞིབ་ཏུ་བརྡུངས་ལ་ཞོ་དང་སྦྱར་ཏེ་སྣོད་དེ་ཉིད་ཀྱི་ནང་དུ་ཞག་ལོན་པར་བཞག་པ་ཟངས་དང་ལྕགས་ཀྱི་མིག་སྨན་གྱི་ཐུར་མས་བླང་ཞིང་མིག་ཏུ་བསྐུས་ན་མིག་མི་བཟད་པར་ན་བ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། ཡུང་དང༌། སྐྱུ་རུ་ར་དང༌། ཤུག་པ་རྣམས་བསྐོལ་བ་བསྒྲངས་པ་སྦྲང་རྩི་དང་ཁར་སྦྱར་ཏེ་སྔར་བསྟེན་པ་བཞིན་དུ། ཚགས་ལས་བཏང་ཞིང་རྒྱུན་དུ་བླུགས་ན་མིག་ནད་སེལ་ཏོ། །ཡང་ན་ཙན་དན་དང༌། ཨརི་ཤྟའི་ལོ་མ་དང༌། ཤིང་མངར་དང༌། སྐྱེར་པ་དང༌། ལྕེ་མྱང་ཚ་རྣམས་ཀྱི་ཕྱེ་མ་ཆུ་གྲང་མོ་དང་སྦྱར་ཏེ། སྦྲང་རྩི་དང༌། ཁ་ར་དང་ལྡན་བར་བྱས་ལ་ཚགས་ལས་བཏང་ཞིང་རྒྱུན་དུ་བླུགས་སོ། །བད་ཀན་ལས་གྱུར་པའི་མིག་ནད་ལ་ནི། དུད་པ་དང༌། ཡུངས་ཀར་ཆ་རེ་དང༌། ཡུང་དང༌། སྐྱེར་པ་ཆ་གཉིས་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་འཇམ་ཙམ་དང་སྦྱར་ཏེ་ཚགས་ལས་བཏང་
ཞིང་རྒྱུན་དུ་བླུགས་ན་མིག་ནད་མཆི་མ་འཛག་པ་སེལ་ཏོ། །ཡང་ན་སྣོད་ཁ་སྦྱར་ནིམྤའི་ཁུ་བ་བསྐུས་པའི་ནང་དུ། སེང་ཕྲོམ་ཆ་བཞི་དང༌། དུད་པ་དང༌། ཡུངས་ཀར་ཆ་རེ་རྣམས་ཀྱི་ཕྱེ་མ་ཚིག་མར་བརྔོས་ཏེ་བཏགས་ནས། ཆུ་འཇམ་ཙམ་དང་སྦྱར་བ་ཡང་ཚགས་ལས་བཏང་ཞིང་རྒྱུན་དུ་བླུགས་པར་བྱའོ། །ཁྲག་ལས་གྱུར་པའི་མིག་ནད་ལ་ནི། སྨན་ཏི་རི་ཏ་དང༌། འབྲས་བུ་གསུམ་དང༌། ཤིང་མངར་དང༌། ཁ་ར་དང༌། གླ་སྒང་ཆེན་པོ་རྣམས་ཀྱི་ཕྱེ་མ་ཆུ་གྲང་མོ་དང་སྦྱར་ཏེ་ཚགས་ལས་བཏང་ཞིང་རྒྱུན་དུ་བླུགས་ན་མིག་ནད་མཆི་མ་འཛག་པ་སེལ་ཏོ། །སེང་ཕྲོམ་དང༌། ཤིང་མངར་དང༌། ལྡོང་རོས་དང༌། སྐྱེར་པ་དང༌། སྐྱེར་ཁཎྜ་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་སྦྱར་བའམ། ཡང་ན་སྐྱེར་པའི་ཁུ་བ་བསྒྲངས་ཏེ་སྦྲང་རྩི་དང་སྦྱར་བ་ཐུར་མས་བླངས་ལ་མིག་ལ་བསྐུས་ན་མིག་ནད་མཆི་མ་འཛག་པ་ཐམས་ཅད་སེལ་ཏོ། །ཐོག་མ་མིག་ནད་ཀྱིས་བཏབ་སྟེ་ན་བ་བདོ་བ་ལ་ནི། སེང་ཕྲོམ་དང༌། སྐྱུ་རུ་ར་ཁྲེལ་བུར་སྦྱར་བ་མར་གྱི་ནང་དུ་བསྣོས་ཏེ་ཞིབ་ཏུ་བཏགས་ལ་ལྡོང་རོས་དང་སྦྱར་ཏེ། ཆུ་དང་བརྫིས་པས་མིག་གི་ཕྱི་རོལ་པགས་པའི་སྟེང་དུ་བསྐུའོ། །ཡང་ན་མིག་སྨན་ཙཀྵུ་རས་གཙང་མའི་ནང་དུ་ཕུར་ལ། བ་ལང་གི་གཅི་བའི་ནང་དུ་བཙོས་ཏེ། ཆན་ཚོས་རབ་ཏུ་གྱུར་པའི་ཤུན་ལྤགས་མེད་པར་བྱས་ཏེ་བསྐམས་ལ་ཞིབ་ཏུ་བཏགས་པའི་ཕྱེ་མ་ཉལ་གར་ལན་ཅིག་རྒྱ་མིག་ཏུ་བླུགས་པ་ཙམ་གྱིས། དེ་མ་ཐག་ཏུ་མིག་ནད་མི་བཟད་པར་བདོ་བ་ཡང་མེད་པར་བྱེད་དོ། །ཡང་ན་མིག་ན་སྟེ་བདོ་བ་ལ། ཤི་ཀྲུའི་ས་བོན་ཆ་གཅིག་དང་སེང་ཕྲོམ་ཆ་བརྒྱད་དང༌། ལྡོང་རོས་ཆ་གསུམ་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྱར་བས་རས་གཙང་མ་ལ་གཞན་པར་བཏབ་སྟེ་མིག་གཡོགས་པར་བྱའོ། །ཡང་ན་སྐྱེར་ཁཎྜ་དང༌། ཨ་རུ་ར་དང༌། སྐྱེར་པ་དང༌། བཙག་དང༌། རྒྱམ་ཚ་རྣམས་ལྷན་ཅིག་ཏུ་ཆུ་དགས་མར་བྱས་ལ། མིག་གི་ཕྱི་རོལ་པགས་པའི་སྟེང་དུ་བསྐུས་
ན་ཡང་མིག་ནད་དོ་ཅོག་སེལ་ཏོ། །མིག་ནད་རྡུང་བ་ཐམས་ཅད་ལ་ནི། དཔྲལ་རྩ་གཏར་ཏེ་ཁྲག་ཕྱུང་ལ། མིག་ནད་མཆི་མ་འཛག་པའི་སྐབས་སུ་སོ་སོའི་རྐྱེན་ཏུ། སྨན་གྱི་ཆོ་ག་ཇི་ལྟར་བསྟན་པ་རྣམས་ཀྱང་མཐུན་མཐུན་དུ་བྱའོ། །མིག་གི་འབྲས་བུ་ན་གུའི་སྟེང་དུ་དཀར་པོའི་ཐིག་ལེ་བྱུང་བ་ནི། ལིང་ཏོག་ཅེས་བྱ་སྟེ། བད་ཀན་ལས་གྱུར་པར་ཤེས་པར་བྱའོ། །མིག་གི་སྤྲིན་གྱི་སྟེང་དུ་དམར་པོ་བྱུང་བ་ནི། ལིང་ཏོག་དམར་པོ་ཞེས་བྱ་སྟེ། ཁྲག་གི་ཉེས་པ་ལས་འབྱུང་བ་ཡིན་ནོ། །དེ་ལ་ལིང་ཏོག་དཀར་པོ་ཞི་བར་བྱ་བའི་ཐབས་ནི། དྲུབ་མར་ཆང་དང༌། མེ་ཏོག་མ་དྷུ་ཀའི་ཤིང་གི་སྙིང་པོ་དང༌། བ་རུ་རའི་ཚི་གུ་དང༌། རྒྱམ་ཚ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་མིག་ལ་བསྐུས་ན་ལིང་ཏོག་མེད་པར་འགྱུར་རོ། །ཡང་ན་ག་བུར་དང༌། ན་ལེ་ཤམ་དང༌། ཤིང་མངར་དང༌། དུང་དང༌། བ་ལང་གི་སོ་དང༌། རྒྱམ་ཚ་དང༌། ལྡོང་རོས་དང༌། ཙན་དན་རྣམས་ཀྱི་ཕྱེ་མ་ཤིག་གྲུའི་ཁུ་བ་དང་སྦྱར་ཏེ་རི་ལུར་བྱས་པས་བསྐུས་ན་ཡང་ལིང་ཏོག་དཀར་པོ་སེལ་བར་བྱེད་དོ། །རྒྱ་མཚོའི་ལྤུ་བ་དང༌། ཁྱིམ་བྱའི་སྒོ་ངའི་ཤུན་ལྤགས་དང༌། རྒྱམ་ཚ་དང༌། དུང་དང༌། ཤི་གྲུའི་འབྲས་བུའི་ཚི་གུ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་རི་ལུར་བྱས་པས་བསྐུས་ན་ཡང་ལིང་ཏོག་ལ་སོགས་པ་གྲིས་བཞོགས་པ་བཞིན་དུ་མེད་པར་བྱེད་དོ། །ཁྱིམ་བྱའི་སྒོ་ངའི་ཤུན་ལྤགས་དང༌། ལྡོང་རོས་དང༌། དུང་དང༌། མཆིང་བུ་དང༌། ཙན་དན་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཆ་བསྙམས་པའི་སྟེང་དུ། མིག་སྨན་གྱི་ཐུར་མ་བསྒྲེས་པས་མིག་བྱུག་ན་ཡང༌། ལིང་ཏོག་དང༌། མིག་འཛེར་ལ་སོགས་པ་མེད་པར་བྱེད་དོ། །ཙན་དན་དང༌། རྒྱམ་ཚ་དང༌། ཨ་རུ་ར་དང༌། རྒྱ་སྐྱེགས་རྣམས་ཀྱི་ཕྱེ་མ་ཡས་ཀྱི་རིམ་བཞིན་དུ་དང་པོའི་ཆ་རེས་བསྐྱེད་དེ་སྦྱར་བའི་ནང་དུ་མིག་སྨན་གྱི་ཐུར་མས་བསྒྲེས་པས་མིག་བྱུག་ན་ཡང་ལིང་ཏོག་དང༌། མིག་
འཛེར་ལ་སོགས་པ་མེད་པར་བྱེད་དོ། །སྣ་མའི་མེ་ཏོག་ཁ་མ་འབུས་བ་དང༌། རྒྱ་སྐྱེགས་དང༌། བཙག་ཡུག་སྣམ་དང༌། ཙན་དན་རྣམས་ཀྱི་ཕྱེ་མ་ཆ་མཉམ་ལ་ཆུ་དང་སྦྱར་བའི་རི་ལུས་མིག་བསྐུས་ན་ཡང་མིག་སྣད་ཅིང་རྨ་བྱུང་བ་དང༌། ལིང་ཏོག་རྣམས་སེལ་ཞིང་ཁྲག་གིས་རྒྱས་པ་དང་བར་བྱེད་དོ། །ལིང་ཏོག་དམར་པོ་ལ་ནི་དུང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། ཀ་ཏ་ཀའི་འབྲས་བུ་རྒྱམ་ཚ་དང་སྦྱར་བའམ། རྒྱ་མཚོའི་ལྦུ་བ་ཁ་ར་དང་སྦྱར་བ་རྣམས་ལས་གང་ཡང་རུང་བས་མིག་བྱུག་པར་བྱའོ། །སྣ་མའི་ལོ་མའི་ཁུ་བ་དང་སྦྲང་རྩི་དང༌། ཡུང་དང༌། སྐྱེར་པའི་ཕྱེ་མ་དང༌། སྐྱེར་ཁཎྜ་རྣམས་ཀྱི་མིག་སྨན་ནམ། ཡང་ན་པི་པི་ལིང་རས་གཙང་མའི་ནང་དུ་ཕུར་ཏེ་བ་ལང་གི་གཅི་བའི་ཁུ་བའི་ནང་དུ་བཙོས་ལ་སྐམས་པའི་ཕྱེ་མས་མིག་བྱུགས་ན། མཚན་མོ་མི་མཐོང་བའི་མིག་ནད་སེལ་ཏོ། །ལྡོང་རོས་དང༌། ཅུ་གང་དང༌། སྟང་ཟིལ་དང༌། ཚ་བ་གསུམ་བ་ལང་གི་མཁྲིས་པས་སྦྲུས་ལ། སྲན་ཙམ་གྱིས་རེང་རེང་པོ་དྲིལ་ལ། ཆུ་ལས་བརྡར་བའམ། ཡང་ན་ཐང་ཤིང་གི་ཕྱེ་མར་གཅིན་གྱིས་སྤང་ཞིང་སྐམས་པ་དེ་ལྟ་བུར་ལན་གྲངས་མང་དུ་བྱས་པས་མིག་བསྐུས་ན་མིག་མཆི་མས་གང་བ་སེལ་ཏོ། །ཡང་ན། བ་བླ་དང༌། ཐང་ཤིང་དང༌། ཤུ་དག་རྣམས་ཀྱི་ཕྱེ་མ་བྱེའུ་རུག་པའི་ལོ་མའི་ཁུ་བ་དང་སྦྱར་ཏེ། རི་ལུར་བྱས་ལ་གྲིབ་མར་བསྐམས་བས་མིག་བསྐུས་ན་ཡང་མིག་ཚག་རྙིང་སེལ་ཏོ། །བ་བླ་དང༌། སྟང་ཟིལ་དང༌། དེ་གཉིས་བསྡོམས་པའི་ཉིས་འགྱུར་གྱིས་ཟངས་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་ནང་དུ། མིག་སྨན་གྱི་ཐུར་མ་བསྒྲེས་པས་མིག་བྱུག་གམ། ཡང་ན་ཚ་བ་གསུམ་གྱི་ཕྱེ་མ་དང༌། སྐྱེར་ཁཎྜ་ཆུ་དང་སྦྱར་ཏེ་བསྐུས་ན་ཡང་མིག་ཚག་པོ་སེལ་ཏོ། །མིག་ནད་རབ་རིབ་ཏུ་གྱུར་པ་ཐམས་ཅད་ཀྱི་སྤྱིའི་མཚན་མ་ནི་ཤིན་ཏུ་ཟི་ཟི་པོར་གྱུར་པ་ཡིན་པར་ཤེས་པར་བྱའོ། །སོ་སོའི་བྱེ་བྲག་གཞན་ཡང་བཤད་དེ།
དེ་ལ་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་ཅི་མཐོང་ངོ་ཅོག་རྩ་དམར་ཞིང་གཡོ་བ་དང༌། ལང་ལོང་བོར་སྣང་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི། ཁ་དོག་སྔོན་པོ་དང༌། སེར་པོར་སྣང་ཞིང༌། མེ་འབར་བ་དང༌། སྲིན་བུ་མེ་ཁྱེར་དང་གློག་ལྟ་བུ་མཐོང་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་མཐོང་ངོ་ཅོག་མདོག་འཇམ་ཞིང་སྐྱ་བ་དང༌། བསྟན་པར་སྣང་བ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི། མཚན་མ་དེ་དག་ཐམས་ཅད་ལྟ་བུར་མཐོང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་མཐོང་ངོ་ཅོག་ཤིན་ཏུ་དམར་བར་མཐོང་བ་ཡིན་ནོ། །མིག་ནད་རབ་རིབ་ཅེས་བྱ་བ་ཡལ་བར་བོར་ཏེ། ཚབས་ཆེན་པོ་ལས་གྱུར་པ་ལ་ནི་མིག་ནད་བྲིས་གཡོགས་པ་ཞེས་བྱ་བར་གྱུར་ཏེ། དེའི་མཚན་མ་ཡང་ཐོག་མར་ནི་ནད་གཞི་གང་ལས་གྱུར་པའི་མཚན་མར་རབ་རིབ་ཀྱི་སྐབས་སུ་བཤད་པ་དང་འདྲ་བ་ལས། ཕྱིར་ཞིང་འཁྲུལ་ཚབས་ཆེ་བ་དང་མི་མཐོང་བར་འགྱུར་བར་ཤེས་པར་བྱའོ། །དེ་རྣམས་ཀྱི་ནང་ན་བད་ཀན་ལས་གྱུར་པའི་མིག་ནད་བྲིས་གཡོགས་པ་ནི་གསོ་སླ་བ་ཡིན་ཏེ་རྩ་གཏར་ཞིང་ཁྲག་དབྱུང་ན་བཟང་ངོ༌། །དེ་ལ་རབ་རིབ་གསོ་བའི་ཆོ་ག་ནི། ཨ་རུ་རའི་ཚི་གུ་དང༌། ཤིང་མངར་དང༌། སྐྱུ་རུ་ར་དང༌། ན་ལེ་ཤམ་དང༌། སྤངས་མ་རྣམས་ཆུ་བཏགས་སུ་བྱས་པའི་རི་ལུས་བསྐུས་ན་མིག་ནད་རབ་རིབ་རྣམས་སེལ་ཏོ། །ཚ་བ་གསུམ་དང༌། ལྕགས་ཀྱི་ཕྱེ་མ་དང༌། རྒྱམ་ཚ་དང༌། འབྲས་བུ་གསུམ་དང༌། སྟང་ཟིལ་རྣམས་ཆུ་བཏགས་སུ་བྱས་ཏེ་ལེགས་པར་སྦྱར་བའི་རི་ལུའི་མིང་ནི་རི་ལུ་ནག་པོ་ཞེས་བྱ་སྟེ་འདི་བསྐུས་ན་ཡང་མིག་ནད་རབ་རིབ་སེལ་ཏོ། །ཡུང་དང༌། སྐྱུ་རུ་ར་དང༌། པི་པི་ལིང་དང༌། ཀ་ཏ་ཀའི་འབྲས་བུ་དང༌། ཡུངས་ཀར་རྣམས་ཀྱི་ཕྱེ་མ་ཆར་པའི་ཆུ་དང་སྦྱར་ཏེ། རི་ལུར་བྱས་པས་བསྐུས་
ན་ཡང་མིག་ནད་དོ་ཅོག་སེལ་ཏོ། །བྱ་གྷྲྀ་དང༌། གླ་སྒང་དང༌། ཤིང་ཐོག་ཨ་མྲ་དང༌། ཤིང་མངར་དང༌། པི་པི་ལིང་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཟངས་ཀྱི་སྣོད་ཀྱི་ནང་དུ་རའི་འོ་མ་དང་སྤངས་པའི་རི་ལུས་བསྐུས་ན་ཡང༌། མིག་ནད་ཐམས་ཅད་སེལ་ཏོ། །རྐང་བཞི་བ་ཕྱུགས་ལ་སོགས་པ་གང་ཡང་རུང་བའི་སོ་དང༌། རྒྱ་སྐྱེགས་དང༌། ཀ་རཉྫའི་འབྲས་བུ་དང༌། བྲི་ཧ་ཏཱིའི་འབྲས་བུ་དང༌། གླ་བ་དང༌། རྔ་མོའི་རུས་པ་དང༌། ཉ་རུས་དང༌། བྱི་དང་ཀ་ར་དང༌། ཚ་བ་གསུམ་དང༌། རུ་རྟ་རྣམས་ཆ་བསྙམས་ཏེ། ཆུ་བཏགས་སུ་བྱས་པའི་རི་ལུའི་མིང་ནི་སོའི་རི་ལུ་ཞེས་བྱ་སྟེ། འདིས་བསྐུས་ན་མིག་ནད་རབ་རིབ་དང༌། བྲིས་གཡོགས་པ་དང༌། མིག་འཛེར་དང༌། འབྲུམ་པ་བྱུང་བ་དང༌། རྨ་བྱུང་བ་དང༌། ལིང་ཏོག་ལ་སོགས་པ་སེལ་ཏོ། །ལྡོང་རོས་དང༌། རྒྱམ་ཚ་དང༌། ནག་ཚུར་དང༌། དུང་དང༌། ཚ་བ་གསུམ་དང༌། སྐྱེར་ཁཎྜ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ཁུ་བའི་མིག་སྨན་གྱིས་བསྐུས་ན་ཡང་མིག་ནད་བྲིས་གཡོགས་པ་དང༌། ལིང་ཏོག་དང༌། མིག་འཛེར་དང༌། རབ་རིབ་རྣམས་སེལ་ཏོ། །ཤིང་ཀ་བིཏྟའི་ཁུ་བ་མུ་ཟིའི་ཁུ་བ་ཉིས་གྱུར་དང་སྦྱར་བའམ། ཡང་ན་སྐྱེར་ཁཎྜ་དང༌། སྟོང་ཟིལ་དང༌། གླ་སྒང་གི་བཞི་འགྱུར་གྱི་ཕྱེ་མ་དང་སྦྱར་བའི་ནང་དུ་མིག་སྨན་གྱི་ཐུར་མ་བསྒྲེས་ཏེ་མིག་བྱུགས་ན་ཡང་རབ་རིབ་སེལ་ཏོ། །ཡང་ན་ལི་ཤི་ཆ་གཅིག་དང༌། ཟངས་ཆ་གཉིས་དང༌། སྟོང་ཟིལ་ཆ་གསུམ་དང༌། མུ་ཟི་ཆ་ལྔ་དང༌། ནཱ་ག་གེ་སར་ཆ་གསུམ་དང༌། འདི་རྣམས་ཀྱི་ཕྱེ་མ་སྣོད་ཁ་སྦྱར་གྱི་ནང་དུ་ཚིག་བར་བརྡོས་ལ་ཞིབ་ཏུ་བཏགས་པས་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང་རྟག་ཏུ་མིག་བྱུག་པར་བྱའོ། །སྟོང་ཟི་ལའམ། སྐྱུ་རུ་ར་གང་ཡང་རུང་བའི་ཕྱེ་མ་མར་དང༌། སྦྲང་རྩིར་སྦྱར་ཏེ། ཨ་རུ་རའི་སྙིང་པོ་ཕྱུང་བའི་སྐྱིན་པར་ཁོང་དུ་བཅུག་ལ་སླར་ཁ་སྦྱར་ཏེ་བག་ཟན་གྱིས་གཡོགས་ནས། རྒྱ་ཤུག་
གི་མེའི་ནང་དུ་བསྲེགས་ལ། བག་ཟན་ཚིག་སྟེ་དུད་པ་ཆད་ནས་སླར་ཕྱུང་སྟེ་བསྒྲངས་ལ། ཨ་རུ་རའི་ཁོང་ན་སྨན་འདུག་པ་བཏགས་པའི་ཕྱེ་མས་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང་མིག་ལ་བྱུགས་པ་ནི་རབ་རིབ་སེལ་བའི་མཆོག་ཡིན་ནོ། །ཡུང་དང༌། སྐྱེར་པ་དང༌། ཨ་རུ་ར་དང༌། སྤང་སྤོས་དང༌། རུ་རྟ་དང༌། པི་པི་ལིང་རྣམས་ཞིབ་ཏུ་བཏགས་བའི་ཕྱེ་མ་འདིའི་མིང་ནི། སངས་རྒྱས་པའི་མིག་སྨན་ཞེས་བྱ་སྟེ། སྔ་མ་བཞིན་དུ་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང་མིག་ལ་བྱུགས་ན་མིག་ནད་ཐམས་ཅད་སེལ་ཏོ། །ཡང་ན་སྟང་ཟིལ་དང༌། སྤང་སྤོས་དང༌། གནྡྷ་པ་ཏྲ་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ལ། སྦྲུལ་ནག་པོ་ཤི་བའི་མགོ་བཅད་པའི་ཁར་བཅུག་ལ་འཇིམ་པས་གཡོགས་ཏེ་བསྲེགས་ལ། འཇིམ་པ་ཚིག་སྟེ་དམར་པོར་གྱུར་ནས་ཕྱུང་སྟེ་བསྒྲངས་ལ། དེའི་ནང་གི་སྨན་ཞིབ་ཏུ་བཏགས་པའི་ཕྱེ་མས་མིག་སྨན་གྱི་ཐུར་མ་ལ་བསྒོ་ཞིང་མིག་བྱུགས་ན་ཡང་རབ་རིབ་སེལ་ཏོ། །དུག་མོ་ཉུང་གི་ས་བོན་མར་དང་སྦྱར་ལ། ཤིང་པ་ཏོའི་ལོ་མོའི་ནང་དུ་ཕུར་མར་བྱས་ཏེ་ཆུའི་ནང་དུ་བསྐོལ་ལ་ཚོས་པར་གྱུར་ནས། ནང་གི་ཁུ་བ་བསྒྲངས་པ་མིག་ཏུ་བླུགས་པའམ། ཡང་ན་དུག་མོ་ཉུང་གི་ས་བོན་གྱི་སྐྱིན་པར་བྱ་སྐམས་ན་གནས་པའི་སྒོ་ང་སྔ་མ་བཞིན་དུ་བཙོས་པའི་ཁུ་བ་མིག་ཏུ་བླུགས་ན་མིག་བལྟ་བར་འགྱུར་རོ། །ཡང་ན་འབྲས་བུ་གསུམ་དང༌། ལྕགས་ཀྱི་ཕྱེ་མ་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་ཉལ་ཁར་རྟག་ཏུ་ཟོས་ན་མིག་ནད་ངོ་ཅོག་སེལ་ཅིང༌། རོ་ཙ་བར་ཡང་འགྱུར་རོ། །འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང༌། འོ་མ་དང༌། མར་གྱི་ནང་དུ་འབྲས་བུ་གསུམ་གྱི་བྱེ་མ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་ལས་ནུབ་མོ་ཞིང་རན་པར་འཐུངས་ན་ཡང་རིང་མོ་མི་ཐོགས་པར་རབ་རིབ་སེལ་ཏོ། །སྨན་ར་སྣ་དང༌། འབྲས་བུ་གསུམ་དང༌། རྩ་བ་བཅུ་པ་རྣམས་བསྐོལ་བའི་ཁུ་བ་དང༌། མར་གྱི་ནང་
དུ་སྨན་འཚོ་བྱེད་ཅེས་བྱ་བ་སྣ་བཅུ་པའི་ཕྱེ་མ་བསྐོལ་ཏོ། །མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་ཡང་རབ་རིབ་སེལ་ཏོ།། །།ད་ནི་རྣ་བའི་ནད་ཀྱི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི། རྣ་བ་གཉིས་སུ་ཟུག་ཅིང་ན་ལ་འོན་ཞིང་སྒྲ་འབྱུང་བ་དང་འཛག་པ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་ཚ་བ་འུར་འུར་པོར་འདུག་པ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་རྣ་བའི་ནང་སྐམ་ལ་དྲི་མནམ་པ་ཡིན་ནོ། །དེ་དག་གསོ་བའི་སྨན་ནི། སྨན་མུ་རཾ་ག་དང༌། ཆུ་ཤིང་དང༌། ཤི་ཀྲུ་དང༌། ལ་ཕུག་དང༌། སྒེའུ་གཤེར་རྣམས་ལས་གང་ཡང་རུང་བའི་ཁུ་བ་རྒྱམ་ཚ་དང་སྦྱར་བ་དྲོན་པོས་རྣ་བ་གང་བར་བླུགས་ལ། ནང་དུ་ཆུབ་པར་བསྒུལ་ཞིང་ཕྱིར་ཕོས་ན་རྣ་བའི་ནད་སེལ་ཏོ། །རྒྱམ་ཚ་བཏགས་པ་ཤིང་ཨརྒའི་ལོ་མ་སེར་པོའི་ནང་དུ་ཕུར་ལ། དེའི་ཕྱི་རོལ་ཏུ་ཡང༌། ཨརྒའི་ལོ་མ་རིམ་པ་བདུན་གྱིས་གཡོགས་ཏེ་མེ་མར་མུར་གྱི་ནང་དུ་བཅུག་ལ། ལོ་མ་ནང་རིམ་མ་ཚིག་ཙམ་དུ་བསྲེགས་ནས་ལོ་མ་ཕྱི་རིམ་རྣམས་ཀྱང་བོར། ནང་གི་རྒྱམ་ཚ་ཡང་བོར་ལ། ནང་རིམ་གྱི་ལོ་མ་སེར་པོ་ལ་གཤེར་བག་ཡོད་པ་བཙིར་བའི་ཁུ་བ་རྣ་བར་བླུགས་ན་ཡང་རྣ་བའི་ནད་སེལ་ཏོ། །བིལྤ་ལ་སོགས་པའི་སྡེ་ཚན་དང༌། ཐང་ཤིང་དང༌། སྒྲོན་ཤིང་རྣམས་ལས་གང་ཡང་རུང་བའི་ཤིང་བུའི་ཐོར་ཏོ་རས་ཀྱིས་དཀྲིས་ཏེ། ཏིལ་མར་གྱི་ནང་དུ་སྨྱུགས་ལ་བསྲེགས་ཏེ། འབད་དུ་བཅུག་པའི་ཁུ་བ་ཟགས་པ་དྲོན་པོ་རྣ་བར་བླུགས་ན་ཡང་རྣ་བའི་ནད་སེལ་ཏོ། །རུ་རྟ་དང༌། བུ་བྲན་ཤིང་དང༌། ཤུ་དག་དང༌། ཐང་ཤིང་དང༌། ཤུ་ཏི་དང༌། ཤིང་ཀུན་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མར་གཅིན་དང༌། ཏིལ་མར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་དྲོན་པོ་རྣ་བར་བླུགས་ན་ཡང་རྣ་བའི་ནད་ཀྱིས་ཉམ་ཐག་པ་སེལ་ཏོ། །རུ་རྟ་དང༌། ཨ་རུ་ར་ལ་སོགས་པ་བསྐོལ་བའི་ཁུ་བའི་ནང་དུ་ཤིང་མངར་དང༌། བུ་ཚངས་སྟོ་དང༌། མོན་
སྲན་སྡེའུ་དང༌། འུ་སུ་དང༌། ཕག་ཚིལ་རྣམས་བསྐོལ་ཏེ། ཕག་ཚིལ་གྱི་ཞག་ཉི་ཚེ་ལུས་པ་ལས་རྣ་བར་བླུགས་ན་ཡང་རྣ་བ་ན་ཞིང་སྒྲ་བྱུང་བ་སེལ་ཏོ། །རྣ་བ་མི་བཟད་པར་ན་ཞིང༌། སྒྲ་འབྱུང་ལ། ཆུ་སེར་འཛག་པ་ལ་བསྲོས་པ་དྲོན་པོ་དང༌། ལྕེ་མྱོང་ཚ་སྦྱར་བ་རྣ་བར་བླུགས་སོ། །ཡང་ན་ཤིང་བ་རུ་ན་དང༌། ཀ་པིཏྟ་དང༌། ཨ་མྲ་དང༌། ཛམྦཱུ་རྣམས་ཀྱི་ལོ་མའི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པའམ། ཡང་ན་སྣ་མའི་ལོ་མའི་ཁུ་བ་རྣ་བར་བླུགས་ན། རྣ་བ་ནས་རྣག་འཛག་པའི་ན་བ་སེལ་ཏེ། ཐབས་དེ་ལྟར་བྱས་པ་ལས་ཀྱང༌། རྣག་སྐམ་པོ་ནང་དུ་ལུས་པ་ལ་ནི། སྔར་ཏིལ་མར་རམ། སྨན་མར་གྱིས་སྦྱར་ཞིང་འབྱུང་དུ་བཏུབ་པར་བྱ་བའི་སྨན་སྣུམ་བག་བླུགས་པ་དང་དུགས་ཀྱིས་བདུགས་པ་རྣམས་བྱས་ནས། དེའི་འོག་ཏུ་སྐྲ་གཞར་འཇམ་པོས་རུལ་བ་བྲུ་བར་བྱའོ།། །།ད་ནི་སྣའི་ནད་ཀྱི་བྱེ་བྲག་བཤད་དེ། དེ་ལ་སྣའི་ནད་ཆམ་པ་ཞེས་བྱ་བ་ནི། ནད་གཞི་རྣམ་པ་གསུམ་ལས་འགྱུར་ཏེ། རླུང་ལས་གྱུར་པ་ནི་སྣ་ནས་འཛག་པ་སླ་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་འཛག་པའི་མདོག་སེར་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་འཛག་པ་དཀའ་བ་ཡིན་ནོ། །ནད་གཞི་ཀུན་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ལ་ཆམ་པའི་སྨན་ནི། མགོ་སྣུམ་གྱིས་བསྐུ་བ་དང༌། དུགས་བྱ་བ་དང༌། སྣར་སྨན་བླུག་པ་དང༌། སྐྱུག་སྨན་བཏང་བ་དང༌། སྨན་མར་བཏུང་བ་དང༌། ཁ་ཟས་ནི་ཚ་ཞིང་སྐྱུར་བ་བཟའ་བ་ལ་སོགས་པ་སྨན་པས་ཆོ་ག་བཞིན་དུ་བྱའོ། །ཡང་ན་ཆམ་པ་ལ་ནི་སྨན་དྲི་ཞིམ་མོ་ཅོག་སྣོད་ཁ་སྦྱར་གྱི་ནང་དུ་བསྲེགས་པའི་དུད་པ་སྤྱིའུས་དྲངས་ཏེ། ཁ་སྣར་བརྔུབ་པར་བྱའོ། །ཡང་ན་དྲི་སྣ་བཞི་ཞེས་བྱ་བ། ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་པ་ཏྲ་དང༌། ནཱ་ག་གེ་སར་རྣམས་ལྷན་ཅིག་ཏུ་སྦྱར་བའམ། ཡང་ན་ཐ་ཕེ་ནག་པོ་ཕུར་མར་འཕུར་ཏེ་སྣར་
བསྣམ་པར་བྱའོ། །ལི་ཟིར་བ་དང༌། ཏ་མ་ལ་དང༌། ཚ་བ་གསུམ་གྱི་ཕྱེ་མ་མར་དང་བུ་རམ་གྱི་ནང་དུ་བསྐོལ་ཏེ། སྦྱར་བ་ཟོས་ན་ཡང་ཆམ་པ་དང༌། གློ་རྡོལ་བ་དང༌། རྩིབ་ལོགས་ན་བ་དང༌། སྙིང་ན་བ་དང༌། མཁལ་རྐེད་ན་བ་རྣམས་སེལ་ཏོ། །བྱ་གྷྲྀ་དང༌། དནདའི་རྩ་བ་དང༌། ཤུ་དག་དང༌། ཤི་ཀྲུ་དང༌། བྱིའུ་རུག་པ་དང༌། ཚ་བ་གསུམ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་ཆུའི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་སྣར་བླུགས་ན། ཆམ་པ་ཡལ་བར་བོར་བ་ལས་སྣ་ལས་རྣག་འཛག་པའི་ལུད་སེལ་ཏོ།། །།ད་ནི་ལྕེ་ནད་ཀྱི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་ལྕེ་ནད་ནི་རྣམ་པ་གསུམ་སྟེ། རླུང་ལས་གྱུར་པའི་ལྕེ་ནད་ནི། ཁ་ཟས་ཀྱི་རོ་མི་ཚོར་ཞིང་སློ་སློ་བོར་གྱུར་པ་དང༌། འགགས་པ་དང༌། ཤྭིང་ཨ་ཤ་ཀའི་ལོ་མ་བཞིན་དུ་དམར་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་མཚན་མ་ནི། ལྕེ་རྩུབ་ཅིང་ཚ་བ་འུར་འུར་པོར་འདུག་ལ་ཙག་ཙག་ཚ་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་མཚན་མ་ནི། ལྕེ་རིལ་གྱིས་སྟུག་པོ་བེམ་བེམ་པོར་འདུག་པ་ཡིན་ནོ། །དེ་ལྟར་ལྕེ་བེམ་བེམ་པོར་གྱུར་པ་ལ་ནི། ལྕེ་བཞར་ཞིང་ནད་ཁྲག་ངན་པ་ཕྱུང་ལ་ནད་གཞི་གང་ལས་གྱུར་པ་དང་སྦྱར་ཏེ། ནད་གཞི་སོ་སོའི་སྨན་གྱི་སྡེ་ཚན་ལས་སྣར་བླུགས་པ་དང༌། མཁུར་བ་བཀང་ཞིང་ཕྱིར་དབོ་བ་དང༌། ལྕེ་ལ་བསྐུ་བ་རྣམས་ཀྱི་ཆོ་ག་བྱའོ།། །།ད་ནི་སྭོ་ན་བའི་ཆོ་ག་བཤད་དེ། སོ་ནད་ཟུག་ཅིང་ན་བ་དང༌། བརྩེ་བ་རྣམ་པ་གཉིས་ནི། རླུང་ལས་གྱུར་པ་ཡིན་ཏེ། དེ་གཉིས་ལ་ཡང༌། མར་རམ་ཏིལ་མར་རླུང་སྨན་དང་སྦྱར་བ་དྲོན་པོའམ། རླུང་སྨན་བསྐོལ་བའི་ཁུ་བ་དྲོན་པོས་ཁ་བཤལ་ཞིང་ཕྱིར་དཔོ་པའམ་ཡང་ན་པུ་ཙེ་ཤེལ་དང༌། གླ་སྒང་དང༌། ཏེ་ཛོ་བ་ཏི་དང༌། པ་ཐ་དང༌། ཡུང་དང༌། སྐྱེར་པ་དང༌། སེང་ཕྲོམ་དང༌། རུ་རྟ་དང༌། ས་མངྒ་རྣམས་ཀྱི་ཕྱེ་མས་སོ་དྲུད་ན། སོའི་དྲུད་གཡའ་བ་དང༌། སོ་ཁྲག་འཛག་པ་དང་ཟུག་ཅིང་ན་བ་རྣམས་སེལ་ཏོ། །བཅའ་ལྡན་
ཞིང་ཁ་ནས་འབྲུམ་པ་འབྱུང་བ་ནི། ཁྲག་དང་མཁྲིས་པ་འཁྲུགས་པ་ལས་འགྱུར་ཏེ། དེ་ལ་ནི་ཁྲག་དབྱུང་བ་དང༌། བཀྲུ་སྨན་བཏང་བ་དང༌། མར་དང༌། ཏིལ་མར་དང༌། སྦྲང་རྩི་དང༌། འོ་མ་དང༌། བ་གཅིན་རྣམས་ལས་གང་ཡང་རུང་བས་ཁ་བཀང་ལ་རིང་དུ་བཞག་ལ་ཕྱིར་དབོའོ། །ཡང་ན་སྣ་མའི་ལོ་མ་དང༌། སླེ་ཏྲེས་དང༌། རྒུན་དང༌། བྱི་ཚེར་དང༌། སྐྱེར་པ་དང༌། འབྲས་བུ་གསུམ་པོ་རྣམས་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བས་མཁུར་བ་བཀང་ཞིང་བྱིར་ཕོ་ན་ཚ་ལྡན་ཞིང་ཁར་འབྲུམ་པ་བྱུང་པ་སེལ་ཏོ། །རྐན་གྱི་ཕུག་ནས་ལྕེའུ་ཆུང་འདུག་པའམ་སྐྲངས་པའི་ནད་ནི། བད་ཀན་དང༌། ཁྲག་འཁྲུགས་པ་ལས་གྱུར་པ་ཡིན་ཏེ། དེ་ནི་བརྟོལ་ལ། ཚ་བ་གསུམ་དང༌། རྒྱམ་ཚ་དང༌། ཤུ་དག་དང༌། སྦྲང་རྩི་རྣམས་སྦྱར་བ་ཁར་བཞག་ཅིང་ཁུ་བ་ཕྱིར་དབོ་བས་བད་ཀན་དྲང་བར་བྱའོ།། །།ལྐོག་མའི་ནད་ཤ་ལུ་ཀ་ཞེས་བྱ་བ། ལྐོག་མའི་ནང་དུ་འབྲུམ་པ་རྒྱ་ཤུག་གི་འབྲས་བུ་འདྲ་བ་རིལ་རིལ་པོར་འབྱུང་བ་ནི། བད་ཀན་ལས་གྱུར་པ་ཡིན་ཏེ། དེའི་ཆོ་ག་ནི་གཏར་བའི་དཔྱད་མཛུབ་མོ་གཙགས་བུ་ཕྲེའུ་བཅིངས་པས་བརྟོལ་ཏེ། སྔ་མ་བཞིན་དུ་དེ་དང་འཕྲོད་པའི་སྨན་མུར་ཞིང༌། ཁུ་བ་ཕྱིར་དབོ་བར་བྱའོ། །ལྐོག་མའི་ནད་རོ་ཧི་ནི་ཞེས་བྱ་བ། ལྐོག་མའི་ནང་དུ་ཤ་ལྷག་མྱུ་གུ་ལྟར་སྐྱེ་བ་རིང་པོ་ཞིག་འབྱུང་བ་ནི་ནད་གཞི་གསུམ་པོ་རེ་རེ་དང༌། ཀུན་འདུས་པ་དང༌། ཁྲག་གི་ཉེས་པ་རྣམས་ལས་གྱུར་པ་ཡིན་ཏེ། སོ་སོའི་མཚན་མའི་སྒོ་ནས་རྟོགས་པར་བྱའོ། །དེའི་ཆོ་ག་མཆིས་ཏེ་ཆེར་སྐྱེས་ན། སྲོག་ལ་ཡང་འབབ་པར་བྱེད་པས་ན་ཆོ་ག་མྱུར་ཏེ་བྱའོ། །དེ་ལ་ཆོ་ག་ནི་དེ་དག་ཐམས་ཅད་ལ་ཡང་གཏར་ག་བྱ་ཞིང་ཁྲག་ཕྱུང་ལ། ནད་གཞི་སོ་སོ་གང་ལས་གྱུར་པའི་སྨན་སྦྱར་བས་ཁ་ན་བཞག་བཞག་ཅིང་བད་ཀན་དྲང་བར་བྱའོ། །དེ་ལས་རླུང་ལས་གྱུར་པ་ལ་ནི། རྒྱམ་ཚ་དང༌། ཁ་རུ་ཚ་དང༌། རྩབས་
རུ་ཚ་རྣམས་སྦྲང་རྩི་དང་སྦྱར་བ་ཁར་བཞག་ཅིང་ཁུ་བ་ཕྱིར་དབོ་བར་བྱའོ། །མཁྲིས་པ་དང༌། ཁྲག་ལས་གྱུར་པ་ལ་ནི། ཁ་ར་དང༌། རྨ་ཤིང་གི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཁ་ན་བཞག་ཅིང༌། བད་ཀན་ལས་གྱུར་པ་ལ་ནི། ཁྱིམ་གྱི་དུ་བ་དང༌། ཚ་བ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཁར་བཞག་ཅིང་ཁུ་བ་ཕྱིར་དབོ་བར་བྱའོ། །སྨན་ར་སྣ་དང༌། ཁ་རུ་ཚ་དང༌། ཚ་བ་གསུམ་དང༌། ཁྱིམ་གྱི་དུ་བ་དང༌། གླ་སྒང་དང༌། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ། ཁར་བཞག་ཅིང་ཁུ་བ་ཕྱིར་ཕོ་ན་ཡང༌། ལྐོག་མའི་ནད་དོ་ཅོག་འབྱོང་བར་བྱེད་དོ། །ཡང་ན་རྒྱམ་ཚ་དང༌། པ་བླ་དང༌། ལྡོང་རོས་དང༌། རྒྱ་སྐྱེགས་དང༌། སྐྱེར་པ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ཏེ་ཁར་བཞག་ཅིང་བད་ཀན་དྲང་བ་ནི། ལྐོག་མའི་ནད་རྣམས་དང༌། ཁ་ནད་རྣམས་སེལ་བའི་མཆོག་ཡིན་ནོ། །ཤིང་ཚ་དང༌། སུག་སྨེལ་དང༌། གན་དྷ་པ་ཏྲ་དང༌། ན་ལེ་ཤམ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཤིང་པ་ཏའི་ཐལ་བ་དང༌། ཤིང་ཀུ་ཤའི་ཐལ་བ་དང༌། ཚ་བ་རྣམ་ལྔ་ལ་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། དབྱི་མོ་དང༌། ཀྲུ་ཏྲུག་ཏྲེས་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་བུ་རམ་དང་ཆུ་བསྐོལ་ཏེ་ཚོས་པར་བྱས་ནས་ཕྱིར་ཕྱུང་བ་དང་སྦྱར་ཏེ། རི་ལུར་བྱས་པ་ཁར་བཞག་ཅིང་ཁུ་བ་ཕྱིར་ཕོ་ན་ཡང་ལྐོག་མའི་ནད་སེལ་ཏོ། །སྐྱེར་པའི་རྩ་བའི་ཤུན་ལྤགས་དང༌། ཏེ་ཛོ་བ་ཏི་དང༌། པི་པི་ལིང་དང༌། སྐྱེར་ཁཎྜ་རྣམས་ཀྱང་སྔ་མ་བཞིན་དུ་བུ་རམ་བསྐོལ་བ་དང་སྦྱར་ཏེ་རི་ལུར་བྱས་པ་ཁར་བཞག་ཅིང་ཁུ་བ་ཕྱིར་ཕོ་ན་ཡང་ལྐོག་མའི་ནད་རྣམས་དང་ཁར་འབྲུམ་པ་འབྱུང་བའི་ནད་རྣམས་སེལ་ཏོ། །དུག་མོ་ཉུང་དང༌། བོ་ང་དཀར་བོ་དང༌། ཐང་ཤིང་དང༌། པ་ཐ་དང༌། པུ་ཙེ་ཤེལ་དང༌། གླ་སྒང་རྣམས་བ་གཅིན་གྱི་ནང་དུ་བསྐོལ་ལ་བཞི་ཆ་ལུས་པ་བསྒྲངས་ཏེ་བཙགས་ནས་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཡང་ལྐོག་མའི་ནད་སེལ་ཏོ།། །།ད་ནི་ཀླད་པའི་ནད་ཀྱི་བྱེ་བྲག་བཤད་དེ། རླུང་
ལས་གྱུར་པའི་ཀླད་པའི་ནད་ནི། ཀླད་པ་སྟོང་པར་འདུག་པ་སྙམ་བྱེད་པ་དང་ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་ཤིན་ཏུ་ཚ་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་ལྕི་བ་བེམ་བེམ་པོར་འདུག་པ་ཡིན་ནོ། །གསུམ་ཆར་འདུས་པ་ལས་གྱུར་པ་ནི་མཚན་མ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ཀླད་པའི་ནང་ན་སྲིན་བུ་ཡོད་པའི་ནད་ནི་གཡའ་ཞིང་ཟུག་སྟེ་ན་བ་ཡིན་ནོ། །ཀླད་པའི་ནད་ཉི་མ་བཞིན་དུ་འཁོར་བ་ཞེས་བྱ་བ་ཉི་མ་ཤར་ནས་ལྡང་བ་ཉི་མ་ནུབ་ནས་ཞི་བར་འགྱུར་བ་དང༌། ཀླད་པའི་ཕྱེད་ན་བ་དང་འདི་གཉིས་ནི་རླུང་དང་མཁྲིས་པ་ལས་གྱུར་པར་ཤེས་པར་བྱའོ། །ཀླད་པའི་ནད་ཟ་འགྲམ་དུ་ཟུག་ཅིང་མི་བཟད་པར་ན་བ་ནི། རླུང་དང༌། ཁྲག་དང༌། བད་ཀན་ལས་གྱུར་པ་ཡིན་ཏེ་གསོར་མི་རུང་གི་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཀླད་པའི་ནད་ལ་ནི། རླུང་ནད་གསོ་བའི་སྨན་གྱི་ཆོ་ག་རྣམས་བྱའོ། །ཡང་ན་རླུང་སེལ་བའི་སྨན་གྱི་ཁུ་བ་ལས་གཞི་བླངས་ཏེ་སྦྱར་ཐུག་ཅེས་བྱ་བ། འབྲས་དང་ཏིལ་དང་མོན་སྲན་སྡེའུ་གསུམ་བསྲེས་པའི་ཐུག་པའམ། འབྲས་ཀྱི་འོ་ཐུག་ལ་སོགས་པས་མགོ་བསྐུ་ཞིང་དུགས་པར་བྱའོ། །ཡང་ན་པི་པི་ལིང་དང༌། རུ་རྟ་དང༌། ཤུ་ཏི་དང༌། ཨུཏྤལ་དང༌། ཙན་དན་རྣམས་ཀྱི་ཕྱེ་མ། ཤིང་ཀརྐོ་ཏའི་ཁུ་བ་དང༌། ཏིལ་མར་གྱི་ནང་དུ་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་བཙགས་པ་སྣར་བླུགས་སོ། །ཡང་ན་སྨན་གྱི་ཕྱེ་མ་དང༌། སྨན་གྱི་ཁུ་བ་རྣམས་མར་དང་སྦྱར་ཏེ་མགོར་བསྐུ་བར་བྱའོ། །ཡང་ན་ཤིང་མངར་དང༌། བ་བླ་དང༌། ར་སྣ་དང་རྩ་བ་བཅུ་པ་རྣམས་བསྐོལ་བའི་ཁུ་བ་དང༌། མར་གྱི་ནང་དུ་སྨན་འཚོ་བྱེད་ཅེས་བྱ་བ་སྨན་བཅུ་ལ་སོགས་པ་སྨན་རོ་མངར་བ་རྣམས་ཀྱི་ཕྱེ་མ་བསྐོལ་ལ་མར་ཉི་ཚ་ལུས་པ་བཙགས་པ་ལས་རན་པར་འཐུངས་ན། ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་ཏོ། །ཛི་བ་ཀ་དང༌། ཟངས་རྩི་བ་དང༌། རྒུན་དང༌། ཁ་ར་དང༌། ཤིང་མངར་དང༌།
བ་ལ་དང༌། ཨུཏྤལ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང༌། འོ་མ་ཕྱེད་མའི་ནང་དུ་བསྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་རན་པར་སྣར་བླུགས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ཀླད་པའི་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་ཀླད་པའི་ནད་ལ་ནི། བ་ལ་དག། སྟག་གི་སེན་མོ་དང༌། པུ་ཤེལ་ཙེ་དང༌། ཤིང་མངར་དང༌། ཨུཏྤལ་དང༌། ཙན་དན་རྣམས་ཀྱི་ཕྱེ་མའོ་མ་དང་ལྷན་ཅིག་ཏུ་བཏགས་ཏེ་མགོར་བསྐུའོ། །ཡང་ན་འོ་མའམ། སྨན་བསིལ་བའི་ཁུ་བ་ལ་སོགས་པ་མགོ་བོར་བླུགས་སོ། །ཡང་ན་ཤིང་ཚ་དང༌། གནྡྷ་པ་ཏྲ་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་བཙགས་ནས་སྣར་བླུགས་སོ། །ཡང་ན་རྒུན་དང༌། ཁ་ར་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ་མར་དང་འོ་མའི་ནང་དུ་བསྐོལ་ལ། མར་ཉི་ཚེ་ལུས་པ་བཙགས་ཏེ་སྣར་བླུགས་སོ། །བད་ཀན་ལས་གྱུར་པའི་མགོ་བོའི་ནད་ཀྱིས་ཉམ་ཐག་པ་ལ་ནི། སྔར་ཤིང་མ་དྷ་ཀའི་སྙིང་པོ་ཆམ་ཆོམ་དུ་བརྡུང་ས་ཏེ་བསྐོལ་བའི་ཕུར་མས་ཕུར་བས་ཀླད་པ་དུགས་ཀྱིས་བདུག་གམ། ཡང་ན་ཐང་ཤིང་དང༌། རོ་ཧི་ཤ་དང༌། ཤ་རཾ་ག་ཏ་དང༌། རྒྱམ་ཚ་དང༌། སྒྲོན་ཤིང་རྣམས་ཀྱི་ཕྱེ་མ་ཆུ་དང་ལྷན་ཅིག་ཏུ་བཏགས་པས་མགོ་བསྐུས་ལ། དེའི་འོག་ཏུ་སྨན་སྣར་བླུགས་པས་སྣ་ནས་ཆུ་སེར་དབྱུང་བར་བྱའོ། །དེ་ལ་སྣ་ལས་ཆུ་སེར་འབྱུང་བའི་སྨན་ནི། ཤུ་ཏི་དང༌། ཨེ་རཎྜའི་རྩ་བ་དང་ཤུ་དག་དང༌། རྒྱ་སྤོས་དང༌། བྱ་གྷྲིའི་འབྲས་བུ་རྣམས་ཀྱི་ཕྱེ་མ། ཏིལ་མར་དང་ཆུའི་ནང་དུ་བསྐོལ་ལ་ཏིལ་མར་ཉི་ཚེ་ལུས་པ་སྣར་བླུགས་ན། རླུང་དང་བད་ཀན་ལས་གྱུར་པའི་མིག་ནད་རབ་རིབ་དང༌། ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་ཏོ། །ནད་གཞི་གསུམ་ག་ལས་གྱུར་པའི་ཀླད་པའི་ནད་ཡོད་པ་ལ་ནི་མར་རྙིང་པ་བཏུང་བར་བྱའོ། །ཡང་ན་ནད་གཞི་གསུམ་ལ་ཕན་པའི་སྨན་གྱི་ཆོ་ག་གང་ཡིན་པ་རྣམས་ཀྱང་བྱའོ། །སྲིན་བུ་ལས་གྱུར་པའི་ཀླད་བའི་ནད་ཡོད་པ་ལ། ཚ་བ་གསུམ་དང༌། རྒྱ་སྤོས་
དང༌། ཤིག་གྲུའི་ས་བོན་རྣམས་བསྐོལ་བའི་ཁུ་བ་སྣར་བླུགས་ན་སྲིན་བུ་སེལ་ཏོ། །ཡང་ན་ཤིང་ཨ་བ་མརྒའི་འབྲས་བུ་དང༌། ཚ་བ་གསུམ་དང༌། ཡུང་དང༌། བཤའ་བ་དང༌། ཤིང་ཀུན་དང༌། བྱི་དོང་ཀ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ཏིལ་མར་གྱི་ནང་དུ་བསྐོལ་ལ། ཏིལ་མར་ཉི་ཚེ་ལུས་པ་བཙགས་ཏེ་སྣར་བླུགས་ན་སྲིན་བུ་སེལ་ཏོ། །གྲང་བའི་ནད་ཉི་མ་ཤར་ནས་ནུབ་ཀྱི་བར་དུ་ན་བ་དང་ཀླད་པའི་ཕྱེད་ན་བ་གཉིས་ལ་ནི། ཐལ་ཏྲེས་དང༌། ཤིང་མངར་དང༌། རུ་རྟ་རྣམས་ཀྱི་ཕྱེ་མ་རྩབས་སྐྱུར་པོ་དང་སྦྱར་ཏེ་མགོར་བྱུག་གོ །ཡང་ན་རླུང་དང་མཁྲིས་པ་ལ་ཕན་པའི་སྨན་བསྐོལ་བའི་ཁུ་བས་མགོར་བླུག་པར་བྱའོ། །ཁ་ཟས་ནི་ཞི་ཏིའུ་ལ་སོགས་པ་རླུང་དང་མཁྲིས་པ་ལ་ཕན་པའི་ཁ་ཟས་བཟའ་བར་བྱའོ། །སྣ་མའི་ཐལ་བ་དང༌། གླ་སྒང་དང༌། ཤིང་ཚ་དང༌། རས་བལ་གྱི་འབྲས་བུ་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་ཤིང་མངར་གྱི་ཕྱེ་མ་མར་དང་བསྐོལ་ལ་བཙགས་ཏེ་སྣར་བླུགས་ན་ཀླད་པའི་ནད་ཐམས་ཅད་སེལ་ཏོ། །ཡང་ན་བཅའ་སྒ་དང༌། བྱི་དོང་ཀ་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ། བྷྲིང་ག་རཱ་ཛ་བསྐོལ་བའི་ཁུ་བ་དང༌། མར་གྱི་ནང་དུ་བསྐོལ་བ་ལས་ཐིགས་པ་དྲུག་སྣར་བླུགས་ན་ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་སེལ་ཏོ།། །།ད་ནི་སྐྲ་དཀར་པོའི་རྩི་བཤད་དེ། པྲ་པུཎྜ་རི་ཀ་དང༌། ཤིང་མངར་དང༌། པི་པི་ལིང་དང༌། ཨུ་ཏྤལ་དང༌། ཙན་དན་རྣམས་ཀྱི་ཕྱེ་མ་སྐྱུ་རུ་ར་བསྐོལ་བའི་ཁུ་བ་དང་ཏིལ་མར་གྱི་ནང་དུ་བསྐོལ་ལ་ཏིལ་ཉི་ཚེ་ལུས་པ་སྣར་བླུགས་ན། སྐྲ་དཀར་བ་དང༌། སྐྲ་སེར་བ་མེད་པར་བྱེད་དོ། །ཡང་ན་སྨན་རམ་དང༌། ཤེ་ལུ་དང༌། ཏིལ་དང༌། བ་རུ་ར་རྣམས་ཀྱི་མར་བྷྲི་ངྒ་རཱ་ཛ་དང༌། ནི་ལི་དང༌། ཀུ་རན་དྷ་དང༌། ཤྲི་ཤ་རྣམས་ཀྱི་ཁུ་བ་དང་བསྐོལ་ཏེ་མར་ཉི་ཚེ་ལུས་པ་ལས་རྟག་ཏུ་སྣར་བླུགས་ན་སྐྲ་དཀར་མེད་པར་གྱུར། རྨ་བྱའི་མཁྲིས་པ་དང༌། པདྨའི་རྩ་བ་དང༌། ཤིང་ལ་ཀོ་དང༌། མ་ཏ་
ཡན་ཏི་དང༌། སྟོང་ཟིལ་དང༌། ཨུཏྤལ་དང༌། ནི་ལི་དང༌། བྷྲིངྒ་རཱ་ཛ་དང༌། ནག་ཚུར་རྣམས་གྱི་ཕྱེ་མ་བ་རུ་རའི་མར་དང་ཆུའི་ནང་དུ་བསྐོལ་ཏེ། བ་རུ་རའི་མར་ཉི་ཚེ་ལུས་པ་བཙགས་ལ་ཟླ་བ་གཅིག་གི་བར་དུ་ལྕགས་ཀྱི་སྣོད་དུ་བཞག་སྟེ། མགོ་ལ་བསྐུ་ཞིང་སྣར་བླུགས་ན། དེ་མ་ཐག་ཏུ་དུས་ལ་མ་བབ་པར་སྐྲ་དཀར་བ་དང༌། དུས་ལ་བ་བ་སྟེ་སྐྲ་དཀར་བ་མེད་པར་བྱེད་དོ། །ལྕགས་ཀྱི་ཕྱེ་མ་དང༌། རྒྱམ་ཚ་དང༌། འབྲས་རྣམས་རྩབས་སྐྱུར་པོ་དང༌། ཚྭ་དང༌། ཞོ་ཁ་ཆུ་རྣམས་གང་ཡང་རུང་བའི་ནང་དུ་བསྐོལ་བས་ནུབ་མོ་མགོ་ལ་བྱུགས་ལ། ནང་པར་འབྲས་བུ་གསུམ་བསྐོལ་བའི་ཁུ་བས་བཀྲུས་ན་སྐྲ་ནག་པོར་འགྱུར་རོ། །སྐྲ་འཁོར་ལིང་དུ་བྱི་བ་ལ་ནི། སྨན་སྲ་ཧ་ཏའི་ཁུ་བ་སྦྲང་རྩི་དང་སྦྱར་ཏེ་བསྐུས་ན་སྐྱེ་བར་འགྱུར་རོ། །ཡང་ན་འོལ་མ་སེའི་རྩ་བ་དང༌། འབྲས་བུ་གང་ཡང་རུང་བ་བ་གཅིན་དང་སྦྱར་བའམ། ཡང་ན་གོ་བྱེའི་ཁུ་བས་བྱུག་པར་བྱའོ། །ཤིང་པ་ཏའི་མྱུ་གུ་དང༌། བྷྲིངྒ་རཱ་ཛའི་ཕྱེ་མ་སླེ་ཏྲེས་ཀྱི་ཁུ་བ་དང་སྦྱར་ཏེ་ཉི་ཚན་གྱི་དྲོད་ཀྱིས་བསྲོས་པས་བསྐུས་ན་ཡང་སྐྲ་མི་སྐྱེ་བ་སྐྱེ་བར་འགྱུར་རོ། །མིག་ནད་ལ་ཕན་པར་འདོད་པས་ནི་རྟག་ཏུ་མར་བཏུང་བ་དང༌། འབྲས་བུ་གསུམ་གྱི་སྨན་སྦྱར་བ་དང༌། གཏར་ག་གདབ་པ་དང༌། བཀྲུ་སྨན་བཏང་ཞིང་ཁ་ཟས་སུ་འབྲས་དང༌། མོན་སྲན་སྡེའུ་དང༌། ནས་དང༌། རི་དགས་སྐམ་སན་གནས་པའི་ཤ་བཟའ་བར་བྱའོ། །མིག་སྨན་གྱི་རྒྱུད་ཀྱི་ལེའུ་རྩ་དྲུག་པ་རྫོགས་སོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ། བམ་པོ་བདུན་པ་སྟེ་ཐ་མའོ།། །།དེ་ནས་དུག་གསོ་བའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །དུག་ནི་རྩི་དུག་དང༌། སྡིག་སྦྲུལ་གྱི་ཟ་དུག་དང་རྣམ་པ་གཉིས་སོ། །དེ་ལ་རྩི་དུག་ནི་རྩ་བ་ལ་སོགས་པའི་རང་བཞིན། ཕྱི་མ་ནི་སྦྲུལ་ལ་སོགས་པ་ལས་བྱུང་བ་ཡིན་ནོ། །དུག་ལ་ཕན་གནོད་རྣམ་པ་བཅུ་ཡོད་དེ། ཡང་བ་དང༌། རོ་མི་བྲོ་བ་དང༌། ཆ་ཕྲས་ཏེ་རྩར་འགྲོ་བ་དང༌། རྩུབ་
པ་དང༌། དྲོད་ཆེ་བ་དང༌། མྱུར་བ་དང༌། ཁྱབ་པ་དང༌། བད་ཀན་སྡུད་ཅིང་འདྲེན་པ་དང༌། དྲི་སྦྱོར་བ་དང༌། རྣོ་བ་རྣམས་ཡིན་པར་བཤད་དོ། །སྦྲུལ་ནི་མགོ་ཆེ་བའི་རིགས་དང༌། ལུས་འཁྱིལ་བའི་རིགས་དང༌། ཁྲ་བོའི་རིགས་འདི་གསུམ་གྱི་བྱེ་བྲག་ལས། རླུང་གི་རང་བཞིན་ཅན་དང༌། མཁྲིས་པའི་རང་བཞིན་ཅན་དང༌། བད་ཀན་གྱི་རང་བཞིན་ཅན་དང་གསུམ་ཡོད་པར་བཤད་དེ། གོ་རིམ་བཞིན་དུ་སོ་སོར་སྦྱར་རོ། །རིགས་འདྲེས་པ་ནི་མཚན་མ་གཉིས་གཉིས་འདྲེས་པ་དང་ལྡན་པ་ཡིན་ནོ། །དེ་ལ་སྦྲུལ་མགོ་ཆེན་པོའི་རིགས་ཀྱིས་ཟིན་པ་ནི། རྨ་ཁ་གནག་པ་ཡིན་ནོ། །རླུང་ནད་ཀྱི་རྣམ་གྲངས་དང༌། མཚན་མ་ཐམས་ཅད་བསྐྱེད་དོ། །སྦྲུལ་ལུས་འཁྱིལ་བའི་རིགས་ཀྱིས་ཟིན་པ་ནི། རྨ་ཁ་ཆེ་ལ་མདོག་སེར་ཞིང་སྐྲངས་པ་ཡིན་ཏེ། མཁྲིས་པའི་ནད་གྱི་སྣ་གྲངས་དང་མཚན་མ་ཐམས་ཅད་སྐྱེད་དོ། །སྦྲུལ་ཁྲ་བོའི་རིགས་ཀྱིས་ཟིན་པ་ནི། རྨ་དབལ་སྐྱ་ཞིང༌། སྐྲངས་པ་མྱུར་དུ་འཛུབ་ཏུ་མི་བཏུབ་ལ་འབྱིལ་ཞིང་སྣུམ་པ་དང༌། ཁྲག་འཛག་པ་ཤིན་ཏུ་བསྐ་བ་རྣམས་ཡིན་ཏེ། བད་ཀན་གྱི་ནད་ཀྱི་སྣ་གྲངས་དང༌། མཆན་མ་ཐམས་ཅད་སྐྱེད་དོ། །རྒྱུ་སྐར་མཆུ་དང༌། ལག་དང༌། སྨིན་དྲུག་དང༌། སྐག་དང༌། བྲ་ཉེ་དང༌། གྲེ་དང༌། ཆུ་སྟོད་དང༌། ཁྲུམས་སྨད་རྣམས་ཀྱི་ཉིན་པར་སྦྲུལ་གྱིས་ཟིན་པ་ནི་ཤིན་ཏུ་བསྒྲིམས་ན་འགའ་ཞིག་འཆི་བར་འགྱུར་རོ། །ཚེས་བཞི་དང༌། ལྔ་དང༌། དྲུག་དང༌། དགུ་དང༌། ཉི་ཤུ་དགུ་དང༌། དུས་ཚིགས་གཉིས་ཏེ། ནམ་ལངས་ཀ་དང༌། ནམ་ཚབ་ཚུབ་དང༌། འདི་རྣམས་ཀྱི་དུས་སུ་སྦྲུལ་གྱིས་ཟིན་པ་ཡང་མི་བཟད་པ་ཡིན་པར་བཤད་དོ། །སྦྲུལ་གྱིས་ཟིན་པ་ལས། སྐྲ་འབྱི་བ་དང༌། ལུས་ཕྲུགས་སམ་བླུད་ན། རྗེས་མི་སྣང་བ་དང༌། ཤིན་ཏུ་གྲང་མོས་ཀྱང་བ་སྤུ་མི་ལྡང་ཞིང༌། གྲང་འབྲུམ་མི་འབྱུང་བ་གང་ཡིན་པ་དེ་ནི་སྦང་བར་བྱའོ། །དེ་ལ་ཐོག་མ་ཟིན་མ་ཐག་ཏུ་སྙིང་ལ་དུག་མི་འཛིན་པར་བསྲུང་
བའི་ཕྱིར་སྨྱུར་ཏེ་མར་སྦྱིན་ནོ། །དེ་ནས་གང་ཟིན་པ་བཅིང་བ་དང༌། བརྡབས་རུ་ལ་སོགས་པས་གཞིབ་ཅིང་དྲང་བ་དང༌། གར་ཟིན་པ་ཆུ་བཀོར་དུ་བཅས་པ་དང༌། རྨ་ཁ་བསྲེག་པ་དང༌། རྨ་ཁ་དང༌། ཉེན་ཀོར་ནས་གཏར་ཞིང་ཁྲག་དབྱུང་བ་རྣམས་བྱ་བར་བཤད་དོ། །དེ་ལ་སྦྲུལ་མགོ་ཆེན་པོའི་རིགས་ཀྱིས་ཟིན་པ་ལ་ནི། ནིར་རྒུན་ཐི་དང༌། ཤྭེ་ཏིའི་ཁུ་བ་འཐུངས་ན་སེལ་བར་འགྱུར་རོ། །ཡང་ན་སྲིན་བུ་བར་ཛའི་རྩ་བའི་ཕྱེ་མ་རང་གི་ཁུ་བ་དང་བརྫིས་ཏེ་སྐམས་ལ་སླར་ཡང་བརྫི་ཞིང་བསྐམ་པ་དེ་ལྟ་བུར་ལན་མང་དུ་བསྐོལ་ཏེ་བཏུང་བར་བྱའོ། །སྦྲུལ་ལུས་འཁྱིལ་བའི་རིགས་ཀྱིས་ཟིན་པ་ལ་ནི། ཤིང་བ་ཏའི་ཡལ་གའི་ཐོར་ཏོ་དང༌། བཙོད་དང༌། ཛི་བ་ཀ་དང༌། ཟངས་ཙི་བ་དང༌། ཁ་ར་དང༌། ཏཾ་བ་ལ་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་བའམ་ཆུ་བསྐོལ་ཏེ་བསྒྲངས་བ་དང་སྦྱར་བ་བཏུང་ངོ༌། །སྦྲུལ་ཁྲོ་བོའི་རིགས་ཀྱིས་ཟིན་པ་ལ་ནི། ཧ་རེ་ཎུ་ཀ་དང༌། རུ་རྟ་དང༌། རྒྱ་སྤོས་དང༌། ཚ་བ་གསུམ་དང༌། པུ་ཙེ་ཤེལ་དང༌། བོང་ང་དཀར་པོ་དང༌། ཤིང་མངར་དང༌། ཁྱིམ་གྱི་དུད་པ་རྣམས་ཀྱི་ཕྱེ་མཆུ་བསྐོལ་བ་གྲང་མོ་དང་སྦྱར་ཏེ་བཟུངས་ན་དུག་སེལ་བར་བྱེད་དོ། །སྤང་སྤོས་དང༌། ཙན་དན་དང༌། རྒྱམ་ཚ་དང༌། པི་པི་ལིང་དང༌། ཤིང་མངར་དང༌། ན་ལེ་ཤམ་དང༌། ཨུཏྤལ་དང༌། བ་ལང་གི་མཁྲིས་པ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་བཙགས་ལ་མིག་བསྐུས་ན་དུག་གིས་ཕོག་སྟེ་བརྒྱལ་བ་སླར་ལངས་པར་འགྱུར་རོ། །ཡང་ན་ན་ཀྟ་མ་ལ་དང༌། པོ་སོན་ཆ་དང༌། ཚ་བ་གསུམ་དང༌། བིལྤའི་རྩ་བ་དང༌། ཡུང་དང༌། སྐྱེར་པ་དང༌། བྱིའུ་རུག་གི་མེ་ཏོག་དང༌། འདི་རྣམས་ཕྱེ་མ་ར་གཅིན་དང་སྦྱར་ཏེ་བཙགས་པས་མིག་བསྐུས་ན་ཡང་སླར་དྲན་པར་འགྱུར་རོ། །མ་ཡུ་ར་ཀའི་ས་བོན་དང༌། ཤི་རི་ཤའི་ས་བོན་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་འམ། ཡང་ན་ནས་དང༌། པོ་སོན་ཆའི་ས་བོན་དང༌། པ་ཏ་རྣམས་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་བཙགས་པ་སྣར་བླུགས་ན་ཡང་སླར་དྲན་བར་འགྱུར་རོ། །སྨན་ཀརྐོ་ཏའི་
རྩ་བའི་ཕྱེ་མ་ར་གཅིན་གྱིས་ལན་མང་དུ་བསྒོས་ལ། རྩ་བས་དང་ལྷན་ཅིག་ཏུ་བཏགས་ཏེ་བཙགས་པ་སྣར་བླུགས་ན་ཡང་དུག་གིས་སེམས་ཉམས་པར་བྱས་པ་ལས་སླར་དྲན་པར་འགྱུར་རོ། །ཤི་རི་ཤ་དང༌། ཨ་རིཤྟ་དང༌། ནཀྟ་མ་ལ་དང༌། བ་ལ་དང༌། ཀོ་ཤ་ཏ་ཀའི་འབྲས་བུ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྷན་ཅིག་ཏུ་བཏགས་ཏེ་བཙགས་པ་ནི་དུག་སྨན་གྱི་མཆོག་ཡིན་ཏེ། བཏུང་བ་ལ་སོགས་པ་བྱས་ན་དུག་སེལ་བར་བྱེད་དོ། །ཨ་ཀོ་ཏ་དང༌། ཨ་རིཤྟ་དང༌། དྷ་དུ་ར་དང༌། སྣུ་ཧཀྵི་རི་དང༌། ཀ་རཉྫ་དང༌། ཨ་ཤོ་མ་ར་དང༌། པུ་ན་རྣ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཕ་ལི་དང༌། སྣ་མའི་མེ་ཏོག་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། ཨརྐ་རྣམས་སྦྱར་བ་ཡང་དུག་སྨན་ཆེན་པོ་ཡིན་ནོ། །རྒྱ་སྤོས་དང༌། ན་ལེ་ཤམ་དང༌། ལྡོང་རོས་དང༌། ཐང་ཤིང་དང༌། ནཀྟ་མ་ལ་དང༌། ཨརྐ་དང༌། ཡུང་དང༌། སྐྱེར་པ་དང༌། ཤི་རི་ཤ་དང༌། པི་པི་ལིང་རྣམས་སྦྱར་བ་ཡང་དུག་སྨན་ཡིན་ཏེ། དུག་སེལ་བར་བྱེད་དོ། །སྐུ་བ་རོ་ཁ་བའི་ས་བོན་བ་ལང་གི་མཁྲིས་པ་དང་ལྷན་ཅིག་ཏུ་བཏགས་པ་འདི་ནི་ཚངས་པའི་དུག་སྨན་ཞེས་བྱ་སྟེ་བཏུང་བ་ལ་སོགས་པ་བྱས་ན་དུག་ཐམས་ཅད་སེལ་ཏོ། །ཤི་རི་ཤིའི་རྩ་བ་དང༌། ཤུན་ལྤགས་དང༌། ལོ་མ་དང༌། མེ་ཏོག་དང༌། ས་བོན་རྣམ་པ་འདི་ལྔ་བ་གཅིན་དང་ལྷན་ཅིག་ཏུ་བཏགས་པའི་སྨན་འདི་ཡང་དུག་སེལ་བ་ཡིན་ནོ། །བཙོད་དང༌། སུག་སྨེལ་དང༌། ཡུང་དང༌། སྐྱེར་པ་དང༌། རྒྱ་སྐྱེགས་དང༌། སྤང་སྤོས་དང༌། ཤིང་མངར་དང༌། ཧ་རེ་ཎུ་ཀ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འདི་ཡང་དུག་སྨན་ཡིན་ཏེ། དུག་སེལ་བ་དང༌། བརྒྱལ་བ་ལས་སླར་དྲན་པར་བྱེད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་དོ། །ལན་ཚྭ་རྣམ་པ་ལྔ་དང༌། ཤིང་ཉེ་རོང་དང༌། དནྟི་མུ་ལ་དང༌། བ་ཤི་ལ་དང༌། ཚ་བ་གསུམ་དང༌། ཡུང་དང༌། སྐྱེར་པ་དང༌། བཙོད་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་དུག་
སྨན་དྭའི་ནང་དུ་བཞག་པ་ཡང་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ཙན་དན་དང༌། བ་བླ་དང༌། ལྡོང་རོས་དང༌། རུ་རྟ་དང༌། ཤིང་ཚ་དང༌། གནྡྷ་པ་ཏྲ་དང༌། སུག་སྨེལ་དང༌། གླ་སྒང་དང༌། ཡུངས་ཀར་དང༌། སྤང་སྤོས་དང༌། ཤུག་པ་དང༌། རྒྱ་སྤོས་དང༌། གུར་གུམ་དང༌། བྱེའུ་རུག་པ་དང༌། ཨེ་ཀ་ཧཱ་དང༌། སྨྱིག་རྐང་དང༌། སྤྲི་ཀ་དང༌། ཤིང་ཀུན་དང༌། བ་ལ་ཀ་དང༌། ལ་མཙྪ་དང༌། ཤུ་ཏི་དང༌། གནྡྷ་པྲི་ཡཾ་ཀུ་རྣམས་ཀྱི་ཕྱེ་མ་སྦྱར་བའི་དུག་སྨན་གྱི་མིང་ནི། ཟླ་ཤར་ཞེས་བྱ་སྟེ་དུག་ཐམས་ཅད་འཇོམས་པར་བྱེད་དོ། །ཤིང་ཉེ་རོང་དང༌། ནཱ་ག་གེ་སར་དང༌། པ་ཏ་ལི་དང༌། པི་པི་ལིང་དང༌། བཙོད་དང༌། ཀི་ནི་ཧི་དང༌། ལྡོང་རོས་དང༌། གོ་བྱི་ཏ་ར་དང༌། ན་ལེ་ཤམ་དང༌། རྒྱ་སྤོས་དང༌། ཡུང་དང༌། སྐྱེར་པ་དང༌། པོག་དཀར་པོ་དང༌། ཨ་པ་ར་ཛི་ཏ་དང༌། བྲི་ཧ་ཏཱི་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྷན་ཅིག་བཏགས་པའི་དུག་སྨན་འདིའི་མིང་ནི། ཉི་ཤར་ཞེས་བྱ་སྟེ། དུག་དང་གདོན་ཐུབ་པོ། །ཨི་ཤྭ་ར་དང༌། ཆུ་ཤིང་དང༌། ན་གི་དང༌། ཙན་དྲ་དང༌། ཤྭེ་ཏ་དང༌། མོན་སྣེའུ་དམར་རུ་དང༌། ནིརྒུནྟི་རྣམས་སྦྱར་བའམ། ཡང་ན་རེ་རེ་ཡང་རུང་སྟེ་དུག་གསོད་པའི་མཆོག་ཡིན་ནོ། །རྒྱ་སྐྱེགས་ཤིང་གི་ཐལ་བ་པ་ཆུ་དང་སྦྱར་ཏེ་བཙགས་ལ་དྲི་མ་དང་སྙིགས་མ་བོར་བའི་ནང་དུ། ཧ་རེ་ཎུ་ཀ་དང༌། རུ་རྟ་དང༌། རྒྱ་སྤོས་དང༌། ཚ་བ་གསུམ་དང༌། བྱེའུ་རུག་པ་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། སྤང་སྤོས་དང༌། ཤིང་ཀུན་དང༌། ཡུང་དང༌། སྐྱེར་པ་དང༌། ཤིང་མངར་དང༌། བྱི་དང་ག་དང་རྒྱམ་ཚ་རྣམས་ཀྱི་ཕྱེ་མ་བསྐོལ་ཏེ་གཟར་བུ་ལ་ཆགས་སུ་བཏུབ་པ་ཙམ་དུ་ཚོས་ནས། རྭའི་ནང་དུ་བཞག་པ་ལས་ནང་རེ་བཞིན་རྒྱ་ཤུག་གི་འབྲུམ་བུ་ཙམ་རེ་རེ་འབྲས་བ་ཀྲུས་པའི་ཁུ་བའམ། འོ་མའམ་ཆར་པའི་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་དུག་གི་མཐུ་ཆེན་པོ་ཡང་སེལ་ཅིང༌། གཅོང་དང༌། སྐྲེན་དང༌། དམུ་རྫིངས་དང༌། གཞང་
འབྲུམ་དང༌། གཅིན་སྙི་བའི་ནད་དང༌། དྲོད་ཆུང་བ་དང༌། རིམས་རྣམས་མེད་པར་བྱེད་དོ། །ཡང་ན་དུག་འཐུངས་པ་ལ། བ་ལང་གི་གཅི་བའི་ཁུ་བ་སྤྲང་རྩི་དང་སྦྱར་བའི་སྐྱུག་སྨན་བླུད་དེ་སྐྱུག་ཏུ་གཞུག་གོ །དུག་སྨན་གྱི་སྦྱོར་བ་མང་པོ་རྣམས་ལས་གང་གཏང་ཡང་རུང་སྟེ། ཐོག་མར་སྙིང་ལ་དུག་མི་འཛིན་པར་བསྲུང་བའི་ཕྱིར་སྨྱུར་ཏེ་མར་བླུད་པར་བྱའོ། །རྩ་བའི་དུག་དང༌། མདའ་དུག་ཅན་གྱིས་རྨས་པ་ལ་ནི། ཡུང་དང༌། རྒྱམ་ཚྭ་དང༌། སྦྲང་རྩི་རྣམས་སྦྱར་བའི་མར་མཆོག་ཏུ་བཟང་སྟེ་བཏུང་བར་བྱའོ། །ཟངས་དང༌། གསེར་གྱི་ཕྱེ་མ་ཁར་དང་སྦྲང་རྩིས་སྦྱར་བའི་ལྡེ་གུ་ཟོས་ན་དུག་སྦྱར་མ་ཤིན་ཏུ་དྲག་པོ་ཐམས་ཅད་ཀྱང་ཞི་བར་བྱེད་དོ། །སྡིག་པས་ཟིན་པ་ལ་ནི་ཤིང་ཏཱ་ལའི་ལོ་མ་དང༌། ནིམྤའི་ལོ་མ་དང༌། སྐྲ་དང༌། རས་རྙིང་པ་རྣམས་མར་དང་སྦྱར་ཏེ་བསྲེགས་པའི་དུད་པའམ། ཡང་ན་རྨ་བྱའི་སྒྲོ་འོ་མ་དང་སྦྱར་ཏེ་བསྲེགས་པའི་དུད་པས་བདུགས་པར་བྱའོ། །ཡང་ན་པ་ལ་ཤའི་ས་བོན་ཤིང་ཨརྐའི་འོ་མ་དང་ལྷན་གཅིག་བཏགས་པའི་ལྡེ་ཁུ་དང༌། ཡང་ན་པི་པི་ལིང་དང་ཤི་རི་ཤའི་འབྲས་བུ་སྦྱར་བའི་ལྡེ་གུས་རྨ་ཁར་སྐུས་ན་སྡིག་པའི་དུག་གིས་ཉམ་ཐག་པ་སེལ་ཏོ། །ཡང་ན་ལྡོང་རོས་དང༌། རྒྱམ་ཚ་དང༌། ཤིང་ཀུན་དང༌། སྣ་མའི་ལོ་མ་དང༌། བཅའ་སྒ་རྣམས་ཀྱི་ཕྱེ་མ་བ་ལང་གི་ལྕི་བའི་ཁུ་བ་དང་སྦྱར་ཏེ་བཏང་ལ་རི་ལུ་བྱས་པ་ཡང་སྡིག་པའི་དུག་གིས་ཉམ་ཐག་པ་སེལ་ཏོ། །བྱི་བའི་སོས་ཟིན་པའི་དུག་ལ་ནི། ཏིལ་གྱི་རྩ་བ་དང༌། ཀརྐོ་ཏའི་རྩ་བ་དང༌། ཏི་ལ་ཀའི་རྩ་བ་དང༌། གི་ཀ་རྣི་ཀའི་རྩ་བ་རྣམས་གྱི་ཕྱེ་མ་ཁར་དང༌། སྦྲང་རྩི་དང༌། མར་དང༌། སྦྱར་ཏེ་འཐུང་ན་བྱི་བས་ཟིན་པའི་དུག་སེལ་ཏོ། །ཡང་ན་བྱི་བས་ཟིན་པའི་དུག་ལ། ཧ་ཙ་རའི་རྩ་བའི་ཕྱེ་མ་དང༌། སྦྲང་རྩི་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བའམ། ཡང་ན་ཏི་ལ་ཀའི་མེ་ཏོག་གམ་ལོ་མ་གང་ཡང་རུང་བ་འོ་མ་དང༌། ལྷན་ཅིག་ཏུ་བཏགས་ཏེ་བཏུང་བར་
བྱའོ། །ཡང་ན་བྱི་ལའི་ཤའམ། ནེའུ་ལེའི་ཤ་གང་ཡང་རུང་བ་བཙོས་པའི་ཁུ་བ་འཐུངས་ན། བྱི་བས་ཟིན་པའི་དུག་བླ་གཉན་གྱི་ནད་དང་བཅས་པ་ཡང་མྱུར་དུ་སེལ་ཏོ། །ཁྱི་སྨྱོན་གྱིས་ཟོས་པ་ལ་ནི། ཤིང་ཨ་ཀོ་ཏའི་ཡལ་གའི་ཐོར་ཏོ་དང་རྩ་བ་བསྐོལ་ཏེ་གདུས་པའི་ཁུ་བ་སྲང་གསུམ་གྱི་ནང་དུ་ཞུན་མར་སྲང་གཅིག་བཏབ་སྟེ་འཐུངས་ན་ཁྱི་སྨྱོན་གྱིས་ཟིན་པའི་དུག་སེལ་ཏོ། །ཡང་ན་བུ་མར་དང༌། ཏིལ་བཏགས་པའི་ཕྱེ་མ་ཤིང་ཨརྐའི་འོ་མ་དང་ཏིལ་མར་གྱིས་སྦྱར་ཏེ་འཐུངས་ན་ཁྱི་སོ་གདུག་པས་ཟིན་པའི་དུག་འཚོ་དཀའ་བ་ཡང་མྱུར་དུ་སེལ་བར་བྱེད་དོ། །སྲོག་ཆགས་ཕྲ་མོའོ་ཅོག་གིས་ཟིན་པའི་དུག་སྨན་ནི། ནས་ཚིག་འཁུས་པའི་ཐལ་བ་དང༌། སྭརྩི་ཀའི་ཐལ་བ་དང༌། ཚ་བ་གསུམ་དང༌། ཤུ་དག་དང༌། ཤིང་ཀུན་དང༌། བྱི་དང་ཀ་དང༌། རྒྱམ་ཚ་དང༌། རྒྱ་སྤོས་དང༌། ཨཾ་བརྟ་དང༌། བོང་ང་དཀར་པོ་དང༌། རུ་རྟ་རྣམས་ཀྱི་ཕྱེ་མ་འབྲས་བཀྲུས་པའི་ཁུ་པར་བཏབ་ཅིང་བསྐུ་བར་བྱའོ། །ཤིང་ཉེ་རོང་གི་རྩ་བ་དང༌། མོན་སྣེའུ་དམར་རུའི་ཕྱེ་མ་ཆ་བསྙམས་ཏེ། མར་དང་སྦྱར་བ་འཐུངས་ན་ཡང་སྲོག་ཆགས་ཕྲ་མོ་ཐམས་ཅད་ཀྱི་དུག་ཤིན་ཏུ་མཐུ་ཆེ་བ་ཡང་མྱུར་དུ་སེལ་ལོ། །ཡང་ཕུག་རོན་གྱི་རྟུག་པ་དང༌། དན་ཏི་མུ་ལ་དང༌། བ་ལང་གི་སོ་དང༌། རྒྱམ་ཚ་དང༌། ཤིང་ཉེ་རོང་དང༌། ལེ་བརྒན་རྩིའི་ས་བོན་དང༌། སླུ་ཧ་ཤི་རི་དང༌། ཀྲུ་ཏྲུག་ཏྲེས་དང༌། ཀརྣི་ཀར་རྣམས་སྦྱར་བ་ཡང་སྲོག་ཆགས་ཕྲ་མོའི་དུག་སེལ་བའི་མཆོག་ཡིན་ནོ། །ཙན་དན་དང༌། ཤུག་པ་དང༌། རུ་རྟ་དང༌། རྒྱ་སྤོས་དང༌། པུ་ཤེལ་ཙེ་དང༌། པ་ཏལ་དང༌། ནིརྒུན་ཐི་དང༌། ཐལ་ཏྲེས་དང༌། ཤེ་ལུ་རྣམས་སྦྱར་བ་ནི་སྲོག་ཆགས་ཕྲ་མོས་ཁ་དུག་གོ་ཅོག་གི་དུག་སེལ་བའི་སྨན་ཡིན་ནོ། །ཀ་པིཏྠ་དང༌། པ་ཏ་ལི་དང༌། ཤེ་ལུ་དང༌། ཤི་རི་ཤ་དང༌། པུ་ན་རྣ་བ་རྣམ་གཉིས་དང༌། ཤྭེ་ཏ་རྣམ་གཉིས་དང༌། འདི་རྣམས་སྦྱར་བ་ཡང་སྲོག་ཆགས་ཕྲ་མོས་ཁ་དུག་གོ་ཅོག་གི་དུག་ཐམས་ཅད་
སེལ་བའི་སྨན་ཡིན་ནོ། །སྡིག་པས་ཟིན་པའི་དུག་མ་གཏོགས་པ་དུག་གིས་ཉམ་ཐག་པ་གཞན་ཐམས་ཅད་ལ་ནི། ཁ་ཟས་དང༌། སྨན་ལ་སོགས་པ་བསིལ་བའི་ཆོ་ག་རྣམས་བྱའོ། །དུག་གིས་ཕོག་གོ་ཅོག་ལ་ཁྲོ་བ་དང༌། ཉི་མ་ལ་འདུག་པ་དང༌། ཉིན་བར་ཉལ་བ་དང༌། ཉལ་པོ་རྣམས་བྱར་མི་རུང་ངོ༌། །དུག་གིས་ཕོག་པ་ལས་རིམས་ལ་སོགས་པའི་བླ་གཉན་གྱི་ནད་གཞན་གྱིས་ཐེབས་པ་རྣམས་ལ་ནི་སོ་སོའི་སྨན་གང་ཡིན་པ་སྨྱུར་ཏེ་གསོ་བར་བྱའོ། །དུག་གིས་ཉམ་ཐག་བ་རྣམས་ལ་ཁ་ཟས་ཀྱང་ཚ་བ་བསྐྱད་པར་མི་འགྱུར་བ་རྣམས་བཟའ་ཞིང་བཏུང་བར་བྱའོ། །དུག་གསོ་བའི་རྒྱུད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།དེ་ནས་སྨན་བཅུད་ཀྱིས་ལེན་དང༌། རོ་ཙ་བར་བྱ་བའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །དེ་ལ་སྨན་གང་སྐྲ་དཀར་བ་དང༌། ན་བ་མེད་བར་བྱེད་བ་དེ་ནི་བཅུད་ཀྱིས་ལེན་ཞེས་བྱ་བ་ཡིན་ནོ། །དེ་ཡང་ན་ཚོང་དང༌། ཕོ་གཞོན་ནུའི་ཚེའམ། ཡང་ན་བར་མའི་ཚེ་བསྒྲུབ་པར་བྱ་སྟེ། སྔར་སྐྱུག་སྨན་དང༌། བཀྲུ་སྨན་དང༌། ཁྲུས་ལ་སོགས་པས་ལུས་ཀྱི་ཕྱི་ནང་དག་པར་བྱས་ནས་བརྩམ་པར་བྱའོ། །དེ་ལ་སྒྲུབ་པའི་ཐབས་ནི། མར་དང༌། སྦྲང་རྩི་དང༌། ལྕགས་ཀྱི་ཕྱེ་མ་དང༌། སྐྱུ་རུ་རའི་འབྲས་བུའི་ཕྱེ་མ་རྣམས་སྦྱར་པས་བུམ་པ་བཀང་ལ། ལོ་ཕྱེད་ཀྱི་བར་དུ་ནས་ཀྱི་དཀྱིལ་དུ་བཞག་པ་ལས་རྒྱུན་ཏུ་བྲན་པར་ཟོས་ན། སྐྲ་དཀར་པོར་གྱུར་པ་མེད་པར་བྱེད་དོ། །ཡང་ན་ཨ་རུ་ར་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། སྐྱུ་རུ་ར་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་དང༌། ལྕགས་ཀྱི་ཕྱེ་མ་རྣམས་མར་དང་ཏིལ་མར་དང་སྦྱར་ཏེ་ཟོས་ན་རྒས་པས་མི་ཚུགས་སོ། །བྱི་དང་ག་དང༌། ས་པྟ་པརྞ་དང༌། སྐྱུ་རུ་ར་དང༌། ལྕགས་བྱི་བྱེ་མ་རྣམས་སྦྲང་རྩི་དང༌། མར་དང༌། ཏིལ་མར་རྣམས་དང་སྦྱར་བ་ཇི་སྟེ་མིས་ཟོས་ནས་གཞོན་ནུར་གྱུར་པ་དེ་ནི་ངོ་མཚར་མི་ཆེའོ། །བྱི་དང་ཀ་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང༌།
ལྕགས་ཀྱི་ཕྱེ་མ་རྣམས་མར་དང༌། ཁ་ར་དང༌། སྦྲང་རྩི་རྣམས་དང་སྦྱར་ཏེ་རྒྱུན་ཏུ་ཟོས་ན་ཡང་རྒས་པ་དང༌། སྐྲ་དཀར་པོར་གྱུར་པ་སེལ་ཏོ། །ལྕགས་ཀྱི་ཕྱེ་མ་དང༌། ཁ་ར་དང༌། བཅའ་སྒ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་དང༌། མར་དང༌། ཏིལ་མར་རྣམས་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་བླུགས་ཏེ། གཟར་བུ་ལ་ཆགས་སུ་བཏུབ་པ་ཙམ་དུ་བསྐོལ་བ་ཡང་སྨན་བཅུད་ཀྱིས་ལེན་དུ་འགྱུར་རོ། །ལྕགས་གླེབས་ཏེ་དམར་པོར་བསྲེགས་ལ་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྨྱུག་ཅིང་ཁོལ་བཅད་པར་བྱ་བ་དེ་ལྟ་བུར་ལན་མང་དུ་བྱས་པའི་ལྕགས་ཏེ་སེ་བརྡར་གྱིས་བརྡར་བའི་ཕྱེ་མ་སྦྲང་རྩི་དང་མར་དང་སྦྱར་ཏེ་ཟོས་ན་ཡང་ཚེ་རིང་བར་འགྱུར་རོ། །ཡང་ན་སྐྱུ་རུ་ར་བསྐོལ་བའི་ཁུ་བ་དང༌། མར་སྦྲང་རྩི་རྣམས་ཆ་བསྙམས་ཏེ་སྲང་བརྒྱ་བརྒྱ་དང༌། ལྕགས་ཀྱི་ཕྱེ་མ་སྲང་ཉིས་བརྒྱ་དང༌། འདི་རྣམས་སྦྱར་བ་ལྕགས་ཀྱི་སྣོད་དུ་བླུགས་ཏེ་བཞག་པ་ཡང་ཚེ་རིང་བར་བྱེད་པའི་མཆོག་ཡིན་ནོ། །དྲུབ་མར་ཆང་དང༌། འབྲས་བུ་གསུམ་གྱི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་ཏེ་ཟོས་ན་ཡང༌། གཤིན་རྗེའི་སྔ་ལྟས་སྐྲ་དཀར་པོར་གྱུར་བ་མེད་པར་བྱད་དོ། །བྱི་དང་གའི་ཕྱེ་མ་དང༌། མར་དང༌། སྦྲང་རྩི་དང༌། ལྕགས་ཀྱི་ཕྱེ་མ་རྣམས་ཆ་བསྙམས་ཏེ་སྦྱར་བ་བུམ་པའི་ནང་དུ་བླུགས་ལ། མོན་སྲན་སྡེའུའི་དཀྱིལ་དུ་བཞག་པ་ལས་རན་པར་ཟོས་ན། སྐྲ་མཐིང་གར་འགྱུར་ཞིང་སྟོབས་དང་ལྡན་པར་འགྱུར་རོ། །ཏཾ་པ་ལ་ཕྱེ་མ་སྲང་བརྒྱ་དང༌། མར་དང༌། སྦྲང་རྩི་སྲང་བརྒྱ་སྦྱར་ཏེ་ཟླ་བ་གཅིག་གི་བར་དུ་སྣོད་ཀྱི་ནང་དུ་བཞག་པ་ལས། རྒྱུན་ཏུ་ཟོས་ལ་ཁ་ཟས་འོ་མ་དང་ལྡན་པར་ཟོས་ན་སྐྲ་དཀར་པོ་མེད་པར་བྱེད་ཅིང་ཟླ་བ་བཞིན་དུ་མཛེས་པར་འགྱུར་རོ། །སྨན་པར་ཧིའི་རྩ་བའི་ཕྱེ་མ་སྲང་བརྒྱ་སྦྲང་རྩི་དང་སྦྱར་ཏེ། མཐར་གྱིས་ཟ་ཞིང་འོ་མས་ཕུལ་ལ་ཁ་ཟས་འོ་མ་དང་མར་དང་ལྡན་པར་ཟ་ཞིང༌། ནན་ཏན་དུ་བྱས་ན་ལང་ཚོ་དང་ལྡན་པར་འགྱུར་རོ། །ཡང་ན་ཟླ་བ་གཅིག་གི་བར་དུ་སྨན་བ་ར་ཧི་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་
རྩི་དང་སྦྱར་བའི་ལྡེ་གུ་ཟོས་ལ། དེའི་འོག་ཏུ་བར་ཧིའི་ཕྱེ་མ་འོ་མ་དང་བསྐོལ་ཏེ་བསྒྲངས་ལ་བཙགས་པ་འཐུངས་ན་ཡང་སྨན་བཅུད་ཀྱི་ལེན་དུ་འགྱུར་རོ། །པུ་ན་རྣ་བའི་རྩ་བ་ཞིབ་ཏུ་བཏགས་པའི་ཕྱེ་མ་སྲང་ཕྱེད་འོ་མ་བསྐོལ་ཏེ་ཕྱུང་བའི་ནང་དུ་བཏབ་སྟེ་ཟླ་བ་གཉིས་སམ་ལོ་གཅིག་གི་བར་དུ་རྒྱུན་དུ་འཐུངས་ན་ཡང་རྒ་བ་མེད་པར་འགྱུར་རོ། །ཉེ་འུ་ཤིང་དང༌། སབྟ་པརྞ་དང༌། པུ་ཤེལ་ཙེ་དང༌། པ་ཐ་དང༌། བ་ལ་དང༌། ན་ག་བ་ལ་དང༌། བི་དི་ར་དང༌། ཐལ་ཏྲེ་ས་དང༌། བྱ་གྷྲི་རྣམས་ཀྱང་རེ་རེ་ནས་བུ་ན་རྣ་བའི་ཆོ་ག་གོང་དུ་བཤད་པ་བཞིན་དུ་བྱས་ན། ཡོན་ཏན་དེ་བཞིན་དུ་འགྱུར་རོ། །ཤ་སྐྱེ་བར་འདོད་པ་ལ་ནི། ཟླ་བ་ཕྱེད་ཀྱི་བར་དུ། སྨན་ཨ་ཤོ་གནྡྷའི་ཕྱེ་མ། ཏིལ་མར་དང༌། མར་དང་འོ་མ་དང༌། ཆུ་བསྐོལ་བ་དྲོན་མོ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ནས་ཁ་ཟས་འཕྲོད་པ་བཟའ་བར་བྱའོ། །སྨན་བཅུད་ཀྱིས་ལེན་སྒྲུབ་པར་འདོད་པ་རྣམས་ཀྱིས་ནི། རྟག་ཏུ་ཁ་ཟས་འབྲས་ཞག་དྲུག་ཅུས་སྨིན་པའི་ཆན་འོ་མ་དང༌། མོན་སྲན་སྡེའུའི་ཁུ་བཅུད་དང༌། རྐང་འགྲོས་དང༌། རི་དགས་སྐམས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་བསྲེག་ཅིང་བཟའ་བར་བྱའོ། །རོ་ཙ་བར་བྱ་བའི་ཆོ་ག་ནི། ཤིང་མངར་གྱི་ཕྱེ་མ་ཞོ་གཉིས་མར་དང་སྦྲང་རྩི་དང་སྦྱར་ཏེ། རྟག་ཏུ་ཟོས་ལ་དེའི་རྗེས་ལ་འོ་མ་འཐུངས་ན་རྒན་པོ་ཡང་རོ་ཙ་བར་བྱེད་དོ། །མོན་སྲན་སྡེའུ་སྲང་རེ་རེ་ཆོ་ག་གོང་མ་ལྟར་བྱས་ན་ཡང་དེ་བཞིན་དུ་འགྱུར་རོ། །ཨཏྨ་གུབྟའི་ས་བོན་དང༌། གཟེ་མའི་རྩ་བ་དང༌། ཁར་རྣམས་ཀྱི་ཕྱེ་མ་འོ་མ་དང་སྦྱར་བའམ། ཡང་ན་སྨན་ཨུཙྪ་དེའི་ཕྱེ་མ་ཁར་དང༌། འོ་མ་དང་སྦྱར་བ་འཐུངས་ན་ཡང༌། རོ་ཙ་བར་འགྱུར་རོ། །བྱི་ད་རའི་ཕྱེ་མ་དེ་ཉིད་ཀྱི་ཁུ་བས་ལན་མང་དུ་བསྒོས་པ་བཏགས་ཏེ། མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་ནི་ཤིན་ཏུ་རོ་ཙ་བར་བཤད་དོ། །ར་དུག་པའི་ལྡག་པའི་འབྲས་བུ་འོ་མའི་ནང་དུ་ལེགས་པར་བཙོས་ཏེ་ཞུ་བར་བྱས་པའི་ནང་དུ། ཏིལ་ལན་མང་དུ་
བསྒོས་པ་ཟོས་བའི་རྗེས་ལ། འོ་མ་འཐུངས་པ་གང་ཡིན་པ་དེའི་ཕོ་མཚན་རྟག་ཏུ་བསྒྲེང་བར་འགྱུར་རོ། །ཡང་ན་མོན་སྲན་སྡེའུ་ཤུན་ལྤགས་བཤུས་ཏེ་ཞིབ་ཏུ་བཏགས་པའི་ཕྱེ་མ་འོ་མ་དང་མར་གྱི་ནང་དུ་བསྐོལ་ཏེ། ཐུག་པ་བསྐ་རབ་ཏུ་གྱུར་ནས་ཕྱུང་ལ་བསྒྲངས་ཏེ་སྦྲང་རྩི་དང་སྦྱར་བའི་རི་ལུ་ཤིང་བིལྦའི་འབྲས་བུ་ཙམ་དུ་བྱས་པ་ཉིན་གཅིག་བཞིན་དུ་ཟོས་ན་ཡང༌། ཕོ་མཚན་བསྒྲེང་ཞིང་ཉལ་པོ་ནུས་པར་འགྱུར་རོ། །འབྲས་ཕྱེའི་ནང་དུ་ཏིལ་དང༌། ཨདྨ་གུཔྟ་དང༌། མོན་སྲན་སྡེའུ་རྣམས་ཀྱི་ཕྱེ་མས་བསྲེས་ཏེ། འོ་མ་དང་སྦྲུས་པའི་ཁུ་བ་མར་གྱི་ནང་དུ་བཙོས་པ་ཟོས་ན་ཡང་ཤིན་ཏུ་རོ་ཙ་བར་བཤད་དོ། །ཁ་ཟས་དང༌། བཏུང་བ་རྣམ་པ་སྣ་ཚོགས་དང༌། རོལ་མོ་སྒྲ་སྐད་ཡིད་དུ་འོང་བ་དང༌། སྤོས་དང༌། བྱུག་བ་ལ་སོགས་པ་དྲི་ཞིམ་པོ་སྣ་ཚོགས་དང༌། མེ་ཏོག་དང༌། ཕྲེང་བ་དང༌། གོས་དང༌། རྒྱན་བཟང་པོ་ལ་སོགས་པ་ཡང་མི་རོ་ཙ་བར་བྱེད་པའི་རྒྱུ་ཡིན་ནོ། །སྨན་བཅུད་ཀྱིས་ལེན་དང༌། རོ་ཙ་བའི་རྒྱུད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།དེ་ནས་བྱིས་པའི་རྒྱུད་ཀྱི་ལེའུ་བཤད་པར་བྱའོ། །དེ་ལ་བུད་མེད་ནི་དགའ་བར་བྱ་སྟེ། གནས་དམ་པ་ཡིན་ལ། བུ་རིན་ཐང་མེད་པ་བསྐྱེད་བ་ཡིན་པས། དེའི་མོ་མཚན་ལ་ནད་བྱུང་ན་དགའ་བ་དང་བུ་འབྱུང་བ་གཉིག་མེད་པར་འགྱུར་ཏེ། དེ་བས་ན་དེ་གསོ་བའི་ཆོ་ག་བཤད་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་མོ་མཚན་གྱི་ནད་ཀྱི་མཚན་མ་ནི། མོ་མཚན་ནབ་དང༌། མདོག་རྩུབ་པ་དང༌། ཡོན་པོར་འགྱུར་བ་དང༌། མཁྲང་པ་དང༌། ཕལ་ཕལ་བྱེད་པ་རྣམས་ཡིན་ནོ། །མཁྲིས་པ་འཁྲུགས་པའི་མཚན་མ་ལས་གྱུར་པ་ནི། མོ་མཚན་ཚ་བ་འུར་འུར་པོར་བྱེད་པ་དང༌། ཁྲག་འཛག་པ་དང༌། རིམས་ཀྱིས་འདེབས་པ་རྣམས་ལས་རྟོགས་བར་བྱའོ། །བད་ཀན་འཁྲུགས་པ་ལས་གྱུར་པའི་མོ་མཚན་གཡེང་བ་དང༌། གྲང་བ་དང༌། བེམ་བེམ་པོར་འདུག་པ་དང༌། འབྲས་ཁུ་འདྲ་བར་དཀར་ཞིང༌། སྦྱིན་པོ་འབྱར་འབྱར་པོ་འཛག་པ་རྣམས་ཡིན་ནོ། །དེ་ལ་རླུང་
ལས་གྱུར་པའི་མོ་མཚན་གྱི་ནད་གསོ་བའི་ཆོ་ག་ནི། འབྲས་ཀྱི་འོ་ཐུག་གི་དུགས་སམ། མོན་སྲན་སྡེའུའི་ཆན་གྱི་དུགས་སམ། ཡང་ན་རས་མ་འཇམ་པོ་ཏིལ་མར་དྲོན་པོའི་ནང་དུ་སྨྱུགས་པའི་ནང་དུ་བཙོ་ཞེང་དུགས་བྱའོ། །མདོར་ན་རླུང་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི། སྨན་མར་བཏུང་བ་དང༌། དུགས་བྱ་བ་དང༌། སྨན་མས་བཏང་བ་རྣམས་བཟང་ངོ༌། །ཡང་ན་མོ་མཚན་གྱི་ནད་ལ་ནི། པི་པི་ལིང་གི་རྩ་བ་དང༌། ཟིན་ཐིག་ལེའི་རྩ་བའི་ཕྱེ་མ་ཆང་དང་སྦྱར་བའམ། ཡང་ན་པི་པི་ལིང་དང༌། ཨུ་བ་ཀུན་རྩི་ཀའི་ས་བོན་དང༌། ཁ་རུ་ཆྭ་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་ཏེ་བླུད་དོ། །ཕ་བོང་གི་དྲེག་པ་དང༌། འབྲས་བུ་གསུམ་དང༌། བྷ་རྒི་དང༌། ར་སྣ་དང༌། སླེ་ཏྲེས་དང༌། ཉེའུ་ཤིང་དང༌། ཡུང་དང༌། སྐྱེར་པ་དང༌། པུ་ན་རྣ་བ་དང༌། མེ་ད་དང༌། འདི་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས། མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་མར་གྱི་ཚད་ཀྱི་ནང་དུ་བསྐོལ་ཏེ་མར་ཉི་ཚེ་ལུས་པ་བཙགས་པ་ལ་རན་པར་འཐུངས་ན་ཡང་རླུང་ལས་གྱུར་པའི་མོ་མཚན་གྱི་ནད་སེལ་ཞིང༌། མཁྲིས་པ་ལས་གྱུར་པའི་མོ་མཚན་གྱི་ནང་ལ་ཡང་བཟང་ལ། བུ་ཆགས་པར་བྱེད་པའི་མཆོག་ཀྱང་ཡིན་ནོ། །མཁྲིས་པ་འཁྲུགས་པ་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི། ཁྲག་ལུད་པའི་ནད་བསལ་བའི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ། །བད་ཀན་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི། དོང་ག་ལ་སོགས་པའི་སྡེ་ཚན་གྱི་བཏུང་བ་དང༌། བཀྲུ་བ་དང༌། སྟེང་དུ་བླུག་པ་དང༌། བྱུག་པ་ལ་སོགས་པ་ཐམས་ཅད་བྱའོ། །དེ་ལྟར་མོ་མཚན་གྱི་ཉེས་པ་དང༌། ནད་མེད་པར་བྱས་ནས་བུ་ཆགས་པར་བྱ་བའི་ཐབས་ནི། སྐྱེས་པ་སྔ་ནས་སྨན་དང་ཁ་ཟས་བཟང་པོས་ལུས་བརྟ་ཞིང་ཉལ་པོ་མི་བྱ་བར་འདུག་ལ། བུད་མེད་ཟླ་མཚན་བྱུང་ནས་ཞག་བཞི་ལོན་པའི་འོག་ཏུ་ཁྲུས་བྱས་ནས་ཉལ་ན་བུ་འཆགས་པར་འགྱུར་ཏེ། དེ་ལ་ཟླ་མཚན་བྱུང་ནས་ཞག་བཞི་ལོན་པ་དང༌། ཞག་དྲུག་དང༌། བརྒྱད་དང༌། བཅུ་དང༌། བཅུ་གཉིས་ལོན་པའི་ཚེ།
ཉལ་ན་བུ་ཁྱེའུར་འགྱུར་རོ། །ཟླ་མཚན་བྱུང་ནས་ཞག་ལྔ་དང༌། བདུན་དང༌། དགུ་དང༌། བཅུ་གཅིག་ལོན་པའི་ཆོ་ཉལ་ན་བུ་མོར་འགྱུར་རོ། །དེ་ལ་སྐྱེས་པའི་ཁུ་བ་མང་ལ་བུད་མེད་ཀྱི་ཁྲག་ཉུང་ན་ནི་ཁྱེའུར་འགྱུར་རོ། །སྐྱེས་པའི་ཁུ་བ་ཉུང་ལ་བུད་མེད་ཀྱི་ཁྲག་མང་ན་ནི་བུ་མོར་འགྱུར་རོ། །ཟླ་མཚན་བྱུང་ནས་ཞག་བཅུ་ལོན་གསུམ་ལོན་ཕན་ཆད་ནི་བུར་མི་འགྱུར་རོ། །དེ་ལ་ཁྱེའུར་འགྱུར་བར་འདོད་ན། རྒྱམ་ཚ་འམ་ཤིང་པ་ཏའི་ཡལ་གའམ་རྩེ་མོ་གང་ཡང་རུང་བའི་ཕྱེ་མ་འོ་མ་དང་བཏགས་ཏེ་བཙགས་པའི་ཁུ་བ་ལས་ཐིགས་པ་བཞི་མ་ཉལ་བའི་སྔ་རོལ་ཏུ་བུད་མེད་ཀྱི་སྣ་གཡོན་པར་བླུགས་ན་ཁྱེའུར་འགྱུར་རོ། །བུད་མེད་ཟླ་མཚན་དང་ལྡན་པའི་ཚེ། ཁ་ལུང་གི་ས་བོན་ནམ། ནཱ་ག་གེ་སར་གང་ཡང་རུང་བའི་ཕྱེ་མ་མར་ཁུ་དང་སྦྱར་ཏེ་བུད་མེད་ཀྱིས་འཐུངས་ལ་སྐྱེས་པ་དང་ཉལ་ན་ཡང་བུ་ཆགས་པར་འགྱུར་རོ། །དེ་ལ་བུ་འཆགས་པའི་མཚན་མ་ནི་ནུ་མའི་ཐོར་ཏོ་མདོག་སྡོ་སྐྱ་བར་འདུག་ན་བུ་ཡོད་པར་ཤེས་པར་གྱིས་ཤིག །དེ་ལྟར་སྦྲུམ་མར་གྱུར་ནས་ལས་དྲག་ཤུལ་ཅན་དང༌། མྱ་ངན་དང༌། འཚེར་བ་དང༌། ཁྲོ་བའི་བག་བསྲུང་ཞིང་གང་ཡིད་ལ་འདོད་པ་དང་འཕྲོད་པ་རྣམས་སྦྱིན་པར་བྱའོ། །འཇིགས་ཤིང་སྐྲག་པ་དང༌། བརྡེགས་ཤིང་སྣད་པ་དང་ཁ་ཟས་དང་སྐོམ་པོ་ཚ་བ་དང་དྲོད་ཆེས་པ་ཟོས་ཤིང་འཐུངས་ན་ནི་བུ་འབྱིལ་བར་འགྱུར་ཏེ། དེ་ཡང་ཁྲག་འཛག་ཅིང་ན་བའི་མཚན་མས་ཤེས་པར་བྱས་ལ་སླར་གསོ་བའི་ཆོ་ག་བྱའོ། །དེ་ལྟ་བུ་གསོ་བ་ལ་ནི། སྨན་གྱི་ཁུ་བ་གྲང་མོ་ལུས་ལ་བླུགས་པ་དང་སྨན་གྱི་ཁུ་བ་གྲང་མོའི་ནང་དུ་འཇུག་པ་དང་སྨན་བསིལ་བའི་བག་གིས་ལུས་བྱུགས་པ་རྣམས་བཟང་ངོ༌། །གཞན་ཡང་བུ་འབྱིལ་དུ་བྱེད་པ་སླར་གསོ་བའི་སྨན་ནི། སྨན་འཚོ་བྱེད་སྣ་བཅུ་འོ་མ་དང་བསྐོལ་ཏེ་བཙགས་ལ་ཁ་ར་དང་སྦྱར་ཏེ་བླུད་དོ། །ཡང་ཙན་དན་དཀར་པོ་དང༌། བུ་ཚང་རྟོ་དང༌། རྒུན་དང༌། བུ་ཤེལ་ཙེ་དང༌། ཁ་ར་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། ཤིང་མངར་དང༌། རྒྱ་ཤུག་གི་འབྲས་བུ་དང༌། སུག་
སྨེལ་དང༌། བཙོད་དང༌། དྷ་ཏ་ཀའི་མེ་ཏོག་དང་ཁ་ར་རྣམས་ཀྱི་ཕྱེ་མ་ལྷན་ཅིག་སྦྱར་བ་དང༌། ཁ་ར་དང༌། ཨུཏྤལ་དང༌། ཤིང་མངར་དང༌། སེང་ཕྲོམ་དང༌། ཙན་དན་དཀར་པོ་དང༌། ཐལ་ཏྲེས་རྣམས་ཀྱི་ཕྱེ་མ་ལྷན་ཅིག་ཏུ་སྦྱར་བ་དང༌། སྨན་གྱི་སྦྱོར་བ་འདི་གསུམ་ལས་གང་ཡང་རུང་བ་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་ཏེ་བླུད་དོ། །ཡང་ན་སྨན་གྱི་སྡེ་ཚན་སྔར་བཤད་པའི་ནང་ནས། ཨུཏྤལ་ལ་སོགས་པའི་སྡེ་ཚན་སྨོས་པ་རྣམས་བཏགས་ལ། ཁ་ར་དང་འོ་མར་སྦྱར་ཏེ་བླུད་དོ། །ཡང་ན་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་རྣམས་ཀྱི་ལོ་མ་གཞོན་ནུ་འམ། ཡང་ན་དེ་རྣམས་ཀྱི་ཤུན་ལྤགས་ཀྱི་ཕྱེ་མ་གང་ཡང་རུང་བ་ཁར་དང་འོ་མས་སྦྱར་ཏེ་བླུད་དོ། །ཡང་ན་པདྨ་ལ་སོགས་པའི་ཆུའི་ནང་ནས་སྐྱེས་པའི་རྩ་བའི་སྨན་རྣམས་བསྐོལ་བའི་ཁུ་བ་བཙགས་པ་འབྲས་ཕྱེ་དང་ཁ་རས་སྦྱར་བའམ། ཡང་ན་རྩ་བའི་སྨན་དེ་རྣམས་འོ་མ་དང་བསྐོལ་ཏེ་བཙགས་ལ་ཁར་དང་སྦྱར་བ་བླུད་དོ། །སྦྲུམ་པའི་ཁ་ཟས་ནི་ཐོག་མ་སྦྲུམ་ནས་ཟླ་བ་གཅིག་དང༌། གཉིས་དང༌། གསུམ་ལོན་གྱི་བར་དུ་མངར་བག་དང༌། བསིལ་བའི་ཁ་ཟས་སྦྱིན་ནོ། །ཟླ་བ་བཞི་ལ་བབ་པའི་ཚེ་ནི་ཁ་ཟས་མར་དང་ལྡན་པར་སྦྱིན་ནོ། །ཟླ་བ་ལྔ་ལ་བབ་པའི་ཚེ་ནི་ཁ་ཟས་ཞུན་མར་དང་འོ་མ་དང་ལྡན་པར་སྦྱིན་ནོ། །ཟླ་བ་དྲུག་དང་བདུན་ལ་བབ་པའི་ཚེ་ནི་ཐུག་པ་བཟང་པོ་དང༌། གཟེ་མ་ལ་སོགས་པའི་སྨན་མར་རམ། སྔར་བསྟན་པས་བཏབ་པ་བླུད་དོ། །ཟླ་བ་བརྒྱད་པའི་ཚེ་ཁ་ཟས་འོ་མ་དང་ལྡན་པར་སྦྱིན་ཞིང༌། ཏིལ་མར་དང༌། ཤིང་མངར་འོ་མར་བསྐོལ་ཏེ་ཏིལ་མར་ཉི་ཚེ་ལུས་པ་བཙགས་པའི་བཅུད་མས་བཏང་ངོ༌། །དེ་ཕན་ཆད་ཀྱི་ཁ་ཟས་ནི་ཐུག་པ་དང༌། རྐང་འགྲོས་དང༌། རི་དགས་སྐམས་ན་གནས་པའི་ཤ་ཁུ་སྣུམ་ཆེ་བས་སྤག་ཅིང་ཟོས་ན་བཟང་ངོ༌། །དེ་ནས་བྱིས་པ་བཙས་ན། དེའི་ལྟེ་བ་སོར་བརྒྱད་ཙམ་ལུས་པ་བཅད་དེ། ཆུ་དྲོ་འཇམ་ཙམ་གྱིས་བྱིས་པ་བཀྲུས་ལ། ཞུན་མར་དང༌། སྦྲང་རྩི་ཆ་མི་མཉམ་པ་མང་དུ་སྦྱར་བ་ཅུང་ཟད་ཙམ་ཁར་གཞུག་
གོ །དེ་ནས་གསེར་གྱི་ཕྱེ་མ་དང༌། ཤུ་དག་དང༌། སྨན་བྲམྷི་དང༌། ཨ་རུ་ར་དང༌། རུ་རྟ་རྣམས་ཀྱི་ཕྱེ་མ་ཞིབ་མོ་ཞུན་མར་དང༌། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་གསེར་གྱི་ཕྱེ་མ། སྨན་བྲ་མྟི་བསྐོལ་བའི་ཁུ་བ་དང་སྦྱར་བ་ལས་ཉུང་ངུ་ཉུང་དུ་རྒྱུན་དུ་བྱིན་ན་བུ་དེ་ཡིད་གཞུངས་ཤིང་མདོག་བཟང་བར་འོང་ངོ༌། །བུད་མེད་བུ་མ་བྱུང་བ་དེ་ནི། ཐོག་མ་བུ་བྱུང་ནས་ཞག་གསུམ་མམ། ཞག་ལྔའི་བར་དུ་ཏིལ་མར་རམ། མར་ཁུ་ཚོད་རན་པར་བླུད་ཅིང༌། ཁ་ཟས་སྣུམ་བག་ཡོད་པ་སྦྱིན་ནོ། །ཤ་མ་འབྱུང་དུ་མི་བཏུབ་པ་ལ་ནི། པི་པི་ལིང་ལ་སོགས་པའི་སྡེ་ཚན་སྔར་བཤད་པ་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་བའམ། ཡང་ན་འབྲས་ཀྱི་རྩ་བའི་བྱེ་མ་ཞོ་གཉིས་ཙམ་བ་གཅིན་རྩབས་སྐྱུར་པོ་གང་ཡང་རུང་བ་དང་སྦྱར་ཏེ་བླུད་ན་འབྱུང་བར་འགྱུར་རོ། །ཟླ་བ་གྲངས་ཚང་ན་ཡང་འབྱུང་དུ་མི་བཏུབ་བ་ལ་ནི། ཤིང་བ་དུ་ཤ་ཀའི་རྩ་བ་དང༌། ལང་ག་ལི་དང༌། བ་ཤ་ཀ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་མར་དང་སྦྱར་བས་མོ་མཚན་དང་ལྟེ་བར་བསྐུས་ན་འབྱུང་བར་འགྱུར་རོ། །བུ་བྱུང་བའི་འོག་ཏུ་བུད་མེད་ལ་ནད་ཨ་ལ་ཀ་ཞེས་བྱ་བ་འབྱུང་སྟེ། དེའི་མཚན་མ་ནི་སྙིང་ན་བ་དང༌། ཀླད་པ་དང༌། ཀླད་པ་ཆུ་སོར་ཟུག་ཅིང་ན་བ་ཡིན་ཏེ། དེ་ལ་ནས་ཚིག་འཁུས་པའི་ཐལ་པ་མར་རམ་ཡང་ན་ཆུ་བསྐོལ་བ་དྲོན་པོ་གང་ཡང་རུང་བ་དང་སྦྱར་བའམ། ཡང་ན་པི་པི་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་རྒྱམ་ཚ་དང་སྦྱར་བའམ། ཡང་ན་འུ་སུའི་འབྲས་བུ་བསྐོལ་བའི་ཁུ་བ། བུ་མར་དང༌། ཚ་བ་གསུམ་དང་དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་པ་ཏྲ་རྣམས་ཀྱི་ཕྱེ་མ་དང་སྦྱར་ཏེ་བླུད་དོ། །ཡང་ན་བུ་བྱུང་བ་ལས་ནད་དུ་གྱུར་པ་ལ་ནི། རྩ་བ་ལྔ་སྐོལ་བའི་ཁུ་བའི་ནང་དུ་ལྕགས་དམར་པོ་བསྲེགས་པ་གཞུག་ཅིང༌། དེ་ལྟ་བུ་ལན་མང་དུ་བྱས་པའམ། ཡང་ན་ཆང་གི་ནང་དུ་སྔ་མ་ལྟར་ལྕགས་བསྲེགས་པ་བཅུག་སྟེ་བླུད་ན་ཞི་བར་འགྱུར་རོ། །བུའི་མའམ། ནུ་མ་སྣུན་པའི་མ་མས་ཁ་ཟས་དང་བཏུང་བ་ལྕི་བའི་བག་ཟོས་ཤིང་འཐུངས་
པ་དང༌། དུས་སྔ་ཕྱི་དང༌། ཚད་ཆེ་ཆུང་ཟོས་ཤིང་འཐུངས་པས་རླུང་ལ་སོགས་པའི་ནད་གཞི་གསུམ་འཁྲུགས་ནས་ནུ་ཞོ་མ་རུང་བར་གྱུར་པ་ལས་ནི་བུ་ལ་ནང་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དེ་ལ་ནུ་ཞོ་རླུང་གིས་མ་རུང་བར་བྱས་པའི་མཚན་མ་ནི། ནུ་ཞོ་ཉིད་རོ་བསྐ་ཞིང་ཆུའི་ནང་དུ་བླུགས་ན་སྟེང་དུ་འབྱུང་བར་འགྱུར་བ་ལས་རྟོགས་པར་བྱའོ། །ནུ་ཞོ་མཁྲིས་པ་ལས་མ་རུང་པར་བྱས་པའི་མཚན་མ་ནི། ནུ་ཞོ་རོ་ཚ་སྐྱུར། ནུ་ཞོ་ཆུའི་ནང་དུ་བླུགས་ན་སྟེང་དུ་སེར་པོ་ཤར་ཤར་པོར་འབྱུང་བ་ཡིན་ནོ། །ནུ་ཞོ་བད་ཀན་གྱིས་མ་རུང་བར་བྱས་པའི་མཚན་མ་ནི་ནུ་ཞོ་སྐམ་ཞིང་ཤིན་ཏུ་ལྕི་བ་འབྱར་འབྱར་པོ་ཆུའི་ནང་དུ་བླུགས་ན་ཞབས་སུ་འབྱིང་བ་ཡིན་ནོ། །ནུ་ཞོ་ནད་གཞི་རྣམས་ཀྱིས་མ་རུང་བར་གྱུར་པ་མ་ཡིན་པ་ཐ་མ་ལ་ནི་ཆུའི་ནང་དུ་བླུགས་ན་ཆུ་དང་འདྲེས་པར་གྱུར་ཅིང་མདོག་སྐྱ་བོར་འདུག་པ་ཡིན་ནོ། །དེ་ལ་ནད་གཞི་རྣམས་ཀྱིས་ནུ་ཞོ་མ་རུང་བར་བུར་པའི་ཉེས་བ་བསལ་ཞིང་སླར་གསོ་བའི་ཐབས་ནི། བུའི་མའམ། ནུ་མ་བསྣུན་པའི་མ་མ་ཐོག་མར་མར་ཁུ་བླུད་ལ། དེའི་འོག་ཏུ་པི་པི་ལིང་གི་ཕྱེ་མ་དང༌། སྦྲང་རྩི་ནིམྤ་བསྐོལ་བའི་ཁུ་བ་དང་སྦྱར་བའི་སྐྱུག་སྨན་བླུད་དེ་སྐྱུག་ཏུ་གཞུག་གོ །ཁ་ཟས་ནི་མོན་སྲན་སྡེའུའི་ཁུ་བཅུད་དང༌། ཤ་ཁུ་དང་ལྡན་པར་སྦྱིན་ནོ། །ཡང་ན་ནུ་ཞོམ་རུང་པར་གྱུར་པ་ལ་ནི་ཚོས་པར་བྱེད་པའི་སྨན། བརྒི་དང༌། ཐང་ཤིང་དང༌། ཤུ་དག་དང༌། པ་ཐ་དང༌། བོང་ད་དཀར་པོ་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་དང་ག་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བའམ། ཡང་ན་གླ་སྒང་ལ་སོགས་པ་སྡེ་ཚན་བསྐོལ་བའི་ཁུ་བ་འཐུངས་པས་སྦྱང་བར་བྱའོ། །བྱིས་པའི་རིམས་ཀྱིས་ཐེབས་པ་ལ་ནི། འབྲས་བརྔོས་པ་དང༌། སྐྱེར་ཁཎྜ་དང༌། ཁ་ར་དང༌། སྨྱིག་རྐང་དང༌། ཤིང་མངར་རྣམས་ཀྱི་ཕྱེ་མ་ཆ་བསྙམས་ཏེ། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་རིམས་ཐམས་ཅད་སེལ་ཏོ། །ཡང་ན་པི་པི་ལིང་དང༌། བོང་ད་དཀར་པོ་དང༌། བུ་བྲན་ཤིང་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་
བའམ། ཡང་ན་བོང་དང་དཀར་པོ་གཅིག་བུའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན། རིམས་དང༌། ལུད་པ་དང༌། སྐྱུག་པའི་ནད་རྣམས་སེལ་ཏོ། །འབྲས་ཡོས་དང༌། རྒྱམ་ཚ་དང༌། ཤིང་ལོང་ཀོག་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་སྐྱུག་པའི་ནད་སེལ་ཏོ། །སྨྱིག་རྐང་དང༌། སྤྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་ཡང་བྱིས་པའི་ལུད་པ་དང༌། དབུགས་མི་བདེ་བའི་ནད་སེལ་ཏོ། །འབྲས་ཡོས་དང༌། རྒྱམ་ཚོའི་ཕྱེ་མ། ཁ་ལུང་གི་ཤིང་ཐོག་གི་ཕྱེ་མས་སྦྱར་བའི་ལྡེ་གུའམ། ཡང་ན་འབྲས་ཡོས་དང༌། ཁ་ར་དང༌། རྒྱམ་ཚ་དང༌། མར་དང༌། སྦྲང་རྩི་རྣམས་སྦྱར་བའི་ལྡེ་གུ་བྱིན་ན་ཡང་སྐྱུག་པ་དང༌། སྐྱིགས་བུའི་ནད་སེལ་ཏོ། །པི་པི་ལིང་ཆེན་པོ་དང༌། དྷ་ཧ་ཀི་དང༌། སེང་ཕྲོམ་དང༌། བི་ལྔ་དང༌། བ་ལ་ཀ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་སྨན་དེ་དག་ཉིད་བསྐོལ་བའི་ཁུ་བ་བསྒྲངས་པ་སྦྲང་རྩི་དང་སྦྱར་བ་བྱིན་ན་བྱིས་པའི་དམུ་རྫིངས་དང༌། ལྟོ་བ་ཆེར་སྐྱེས་པ་སེལ་ཏོ། །ས་མཾ་ག་དང༌། །ས་མཾ་ག་དང༌། དྷ་ཏ་ཀའི་མེ་ཏོག་དང༌། ཐལ་ཏྲེས་དང༌། སེང་ཕྲོམ་རྣམས་བསྐོལ་བའི་ཁུ་བ་བསྒྲངས་ལ། སྦྲང་རྩི་དང་སྦྱར་ཏེ་བྱིན་ན་ཡང་དམུ་རྫིངས་སེལ་ཏོ། །བྱིས་པ་རྣམས་ཀྱི་མིག་ནད་དང༌། ཀུ་ཀུ་ལ་ཞེས་བྱ་བ་དང༌། བོད་ཐཀ་ཅེས་བྱ་བ་ལ་ནི། ལ་ལ་ཕུད་དང༌། བྱི་དང་ཀ་དང༌། བ་ལཾ་དང༌། ལྡོང་རོས་དང༌། སྐྱེར་པ་དང༌། རྒྱ་སྐྱེགས་དང༌། བཅག་ཡུག་སྣམ་རྣམས་ཀྱི་ཕྱེ་མའི་མིག་སྨན་བླུག་པར་བྱའོ། །ཡང་ན་ཐང་ཤིང་དང༌། བཙག་དང༌། བླ་སྒང་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་ལྟན་ཅིག་ཏུ་བཙགས་པའི་ལྡེ་གུས་མིག་གི་ཕྱི་རོལ་བསྐུས་ན་མིག་ནད་སེལ་ཏོ། །བྱིས་པའི་ཁར་འབྲུམ་པ་བྱུང་སྟེ་བཙའ་ལངས་པ་ལ་ནི། ཤིང་ཨ་ཤོ་ཐའི་ཤུན་ལྤགས་དང༌། རུ་རྟའི་ཕྱེ་མ་སྤྲང་རྩི་དང་སྦྱར་བའི་ལྡེ་གུའམ། ཡང་ན་སྐྱེར་པ་དང༌། ཤིང་མངར་དང༌། ཨརུ་ར་དང༌། སྣ་མའི་ལོ་མ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བསྐུ་བར་བྱའོ། །སྨན་གོའུ་རི་དང༌། ཤིང་མངར་དང༌། ཉེའུ་ཤིང་གི་རྩ་བ་དང༌། སེང་
ཕྲོམ་དང༌། ས་ལ་པརྞ་དང༌། པྲིཥྞ་པརྞ་དང༌། ར་ཛ་ད་ན་དང༌། ཁ་ར་དང༌། ཤུག་པ་དང༌། ཙན་དན་དང༌། རྒུན་དང༌། མེ་ཏོག་པདྨ་དང༌། ཀུ་མུ་ཏ་དང༌། ཨུཏྤལ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། མེ་ཏ་དང༌། བུ་ཚང་རྟོ་དང༌། མར་ཉེ་བ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་དང༌། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ཤུ་ན་ལྤགས་རྣམ་ལྔ་ཞེས་བྱ་བ། ཤིང་ནྱ་གྲོ་དྷའི་ཤུན་ལྤགས་དང༌། ཨུ་དུམྦ་རའི་ཤུན་ལྤགས་དང༌། ཨ་ཤྭཏྠའི་ཤུན་ལྤགས་དང༌། པླཀྵའི་ཤུན་ལྤགས་དང༌། བེ་ཏའི་སའི་ཤུན་ལྤགས་རྣམས་དང༌། རྩ་བ་ལྔ་པ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་མར་གྱི་བཞ་འགྱུར་གྱི་ནང་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི། གོའུ་རི་ལ་སོགས་པའི་སྨན་མར་ཞེས་བྱ་སྟེ། ནད་ཛྱོ་ཏི་ཀ་ཞེས་བྱ་བ་དང༌། མཁྲིས་པ་ལས་གྱུར་པའི་མེ་དབལ་དང༌། བཙའ་ནད་ཁར་འབྲུམ་པ་འོང་བ་དང༌། གདོན་གྱིས་ཟིན་པ་རྣམས་ལ་བཟང་སྟེ། རན་པར་བླུད་ན་བྱིས་པའི་ནད་དོ་ཅོག་སེལ་ཏོ། །བྱིས་པ་མཚན་མོ་གཉིད་ལོག་ཏུ་མི་བཏུབ་པར་དུ་ཞིང་ནུར་མི་བཏུབ་པ་དང༌། དྲི་མི་ཞིམ་པར་གྱུར་པ་དང༌། ལུས་དང་རྐང་ལག་གཡོབ་པ་ལ་སོགས་པའི་ཚུལ་སྣ་ཚོགས་བྱེད་དེ། སོ་འཆའ་ཞིང་སེན་མོ་འབྲད་པར་བྱེད་པ་རྣམས་ནི་གདོན་ནད་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་སྒོག་སྐྱ་དང༌། ནིམྤའི་ལོ་མ་དང༌། རྒྱ་སྐྱེགས་དང༌། སྨྱིག་མའི་ཤུན་ལྤགས་ལྷན་ཅིག་ཏུ་སྦྱར་བ་དང༌། ཡུངས་ཀར་དང༌། ནིམླའི་ལོ་མ་དང༌། སྨྱིག་མའི་ཤུན་ལྤགས་དང༌། རྒྱ་སྐྱེགས་རྣམས་ལྷན་ཅིག་ཏུ་སྦྱར་བ་དང། སྦྲུལ་གྱི་ལྤགས་པ་བརྗེས་པ་དང༌། སྒྲ་དང་ལྷ་ལ་ཕུལ་བའི་མེ་ཏོག་རྙིངས་པ་དང༌། ཡུངས་ཀར་རྣམས་ལྷན་ཅིག་ཏུ་སྦྱར་བ་དང༌། བདུག་པ་སྦྱར་བ་རྣམ་པ་འདི་གསུམ་ལས་གང་ཡང་རུང་བ་མར་དང་སྦྱར་ཏེ་བསྲེགས་བའི་དུ་བས་བདུགས་ན་གདོན་ཐམས་ཅད་སེལ་ཏོ། །ཤིང་སཔྟ་པརྞའི་ཤུན་ལྤགས་དང༌། མུརྤ་དང༌། པུ་ཙེ་ཤེལ་རྣམས་བཏགས་པའི་ཕྱེ་མ་ཆུ་དང་
སྦྱར་བས་བྱིས་པའི་ལུས་དྲིལ་ན་ཡང་གདོན་ཐམས་ཅད་སེལ་ཏོ། །མ་དྷུ་ཀའི་མེ་ཏོག་དང༌། ཤིང་ཨ་ཤྭཏྠ་དང༌། སབྟ་པརྞ་དང༌། བེ་ལུ་ཀ་དང༌། འདི་རྣམས་ཀྱི་ལོ་མ་ལྷན་ཅིག་བསྐོལ་བའི་ཁུ་བ་གྲང་མོས་ཁྲུས་བྱས་ན་ཡང་གདོན་སེལ་ཏོ། །ཡང་ན་གདོན་ཞི་བར་བྱ་བའི་ཕྱིར་ལས་ཐམས་ཅད་བྱེད་པའི་སྔགས་འདིས་གཏོར་མ་སྦྱིན་པ་དང༌། ཞི་བའི་སྦྱིན་སྲེག་གི་ལས་རྣམས་བྱ་བ་དང༌། སྔགས་ཀྱིས་སྐུད་པ་གདགས་པ་ལ་སོགས་པ་བྱའོ། །དེ་ལ་སྔགས་ནི། ན་མོ་སྤག་པ་སྟེ། ག་རུ་ཌཱ་ཡ། ན་མ་སྟ་མ་བ་ཀ་ཡ། སཏྱ་སཏྱ་ཏ་ནུ་ཏེ་སྭཱ་ཧཱ། བྱིས་བའི་རྒྱུད་ཀྱི་ལེའུ་སྟེ་ཉི་ཤུ་དགུ་པ་རྫོགས་སོ།། །།དེ་ནས་ལས་རྣམ་ལྔའི་ལེའུ་བཤད་པར་བྱའོ། །ལས་རྣམ་པ་ལྔ་ནི། སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྨན་སྣར་བླུགས་པ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་དང༌། འཇམ་རྩི་མས་བཏང་བ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་དག་གི་ཆོ་ག་བཤད་པར་བྱའོ། །དེ་ལ་སྐྱུག་སྨན་མས་བཏང་བའི་ཐབས་ནི། ཐོག་མར་སྨན་པས་ནད་པ་ལ་མར་དང༌། ཏིལ་མར་ལ་སོགས་པ་སྣུམ་བག་གང་ཡང་རུང་བའི་འཇམ་རྩི་བླུད་ལ། དེའི་འོག་ཏུ་དུགས་རྣམ་ལྔ་ཞེས་བྱ་བ་ཁྱིམ་དྲོན་པོར་ལུས་མེ་ས་བསྲོ་བ་དང༌། རྡོ་བསྲེགས་པའི་སྟེང་དུ་ཆུ་བླུགས་པའི་རླངས་པས་བདུག་ཅིང་རྡུལ་གདོན་པ་དང༌། ཉི་ཚན་གྱིས་བདུག་པ་དང༌། དུགས་ཀྱི་སྨན་བསྲོས་པའི་ཕུར་མས་དུགས་བྱ་བ་དང༌། གོས་དང༌། རྡོ་ལ་སོགས་པ་བསྲོས་པའི་དུགས་རྣམ་པ་འདི་ལྔ་གང་ཡང་རུང་བས་ལུས་ལེགས་པར་དྲོས་པར་བྱས་ནས་གོས་དྲོན་པོ་བསྐོན་ཏེ། སྐྱུག་སྨན་བཏང༌། རྐུབ་རྟེན་པུས་མོར་ཕྱིན་ཙམ་གྱི་སྟེང་དུ་འདུག་སྟེ། ཨེ་རཎྜའི་སྡོང་བུ་འམ། བྱ་སྒྲོ་ལ་སོགས་པ་འཇམ་པོས་གྲེ་བ་ནས་དཀྲུག་ཅིང་སྐྱུག་ཏུ་གཞུག་གོ །དེ་ལ་སྐྱུག་སྨན་ནི། པི་པི་ལིང་དང༌། པོ་སོན་ཆ་དང༌། རྒྱམ་ཚ་རྣམས་ཀྱི་ཕྱེ་མ་དང༌། སྦྲང་རྩི་དང༌། ཤིང་མངར་བསྐོལ་བའི་ཁུ་བ་དང་སྦྱར་བ་འདི་ནི་སྐྱུག་སྨན་གྱི་མཆོག་ཡིན་ཏེ།
དྲོན་པོར་འོག་དྲོས་ཀྱིས་གཟུང་སྟེ་བླུད་ལ་སྐྱུག་ཏུ་གཞུག་གོ །ཡང་ན་སྦྱར་དུག་ཅེས་བྱ་བ། འབྲས་དང་ཏིལ་དང༌། མོན་སྲན་སྡེའུ་གསུམ་བསྲེགས་པའི་ཐུག་བ། པོ་སོན་ཆ་དང༌། ལེགས་པར་བཙོས་པའམ། ཡང་ན་པོ་སོན་ཆའི་ས་བོན་འོ་མ་དང་སྦྱར་ཏེ་བསྐོལ་བ་འམ། ཡང་ན་པི་པི་ལིང་ལ་སོགས་པའི་སྐྱུག་སྨན་སྦྲང་རྩི་དང་ལྡན་པ་གོང་དུ་སྨོས་པ་རྣམས་པོ་སོན་ཆའི་འབྲས་བུ་ལྔ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་དྲོན་པོར་འཐུངས་ན་སྙིང་ཚིམ་པར་སྐྱུགས་པར་འགྱུར་རོ། །ཀུ་བ་རོ་ཁ་བ་དང༌། ཐང་ཤིང་དང༌། དུག་མོ་ཉུང་གི་འབྲས་བུ་དང༌། ཀྲི་ཏ་བྷ་ཏན་དང༌། དྷ་མརྒ་བ་རྣམས་ཀྱང་སྐྱུག་སྨན་ཡིན་ཏེ། སོ་སོར་པོ་སོན་ཆ་དང་འདྲ་བར་སྦྱར་རོ། །དེ་ནས་སྐྱུགས་པའི་རྗེས་ལ། མཁྲིས་པ་བྱུང་བ་དང༌། ལྟོ་དང༌། སྙིང་ཁ་དང༌། མགོ་བོ་ཡང་བར་གྱུར་ན་སྐྱུག་སྨན་ལེགས་པ་ཡིན་ནོ། །འདི་ལྟར་མ་གྱུར་པ་ནི། སྐྱུག་སྨན་མ་ལེགས་པ་ཡིན་པར་བཤད་དོ། །སྐྱུག་པའི་ཚོད་མ་རིག་སྟེ་དྲགས་ན་ནད་དུ་འགྱུར་ཏེ། དེའི་མཚན་མ་ནི། སྙིང་ག་ན་བ་དང༌། གློ་འགྲམས་པ་དང༌། མགུལ་པ་སྣང་པ་དང༌། དྲན་པ་ཉམས་ཤིང་མྱོས་པ་དང༌། ལུས་འདར་བ་དང༌། ཁྲག་སྐྱུགས་པ་རྣམས་ལས་རྟོགས་པར་བྱའོ། །དེ་ལ་སྐྱུག་སྨན་ནི། བད་ཀན་ལས་གྱུར་པའི་ནད་དང༌། ཆམ་པ་དྲག་པོ་དང༌། གཅིན་སྙི་བའི་ནད་དང༌། མཛེ་ནད་དང༌། ལྐོག་ནད་ལྷ་གོར་དང༌། དུག་འཐུངས་པ་དང༌། བསུད་པ་རྣམས་ལ་ཉམས་སྟོབས་དང་སྦྱར་ཏེ་གཏང་བར་བྱའོ། །མིག་ནད་རབ་རིབ་ཡོད་པ་དང༌། ད་མུ་རྫིངས་ཅན་དང༌། སྐྲན་དང༌། སྐོམ་པའི་ནད་དང༌། རྟུག་སྐམ་གྱི་ནད་ཀྱིས་ཉམ་ཐག་པ་དང༌། སྦྲུམ་པ་དང༌། རླུང་ནད་ཅན་དང༌། སྐྱ་རྦབ་ཀྱི་ནད་ཡོད་པ་རྣམས་ལ་ནི། སྐྱུག་སྨན་དུ་བཏང་དུ་མི་རུང་ངོ༌། །བཀྲུ་སྨན་བཏང་བའི་ཐབས་ནི། ཐོག་མར་མར་དང་ཏིལ་མར་ལ་སོགས་པ་སྣུམ་བག་གང་ཡང་རུང་བའི་འཇམ་རྩི་བླུད་ལ། དེའི་འོག་ཏུ་སྔར་བཤད་པ་
བཞིན་དུ་དུགས་ཀྱིས་ལུས་བསྲོས་ཏེ་སྐྱུག་སྨན་བཏང་ལ། དེའི་འོག་ཏུ་བཀྲུ་སྨན་བཏང༌། བཀྲུ་སྨན་བཏང་བའི་ཐབས་དེ་ལྟར་མ་བྱས་ཏེ་ཆོ་ག་ལོག་པར་བྱས་ན་ཕོ་བའི་ནད་སྐྱེད་པར་བཤད་དོ། །དེ་ལ་མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་ལྟོ་སྙིའོ། །རླུང་དང་བད་ཀན་གྱི་རང་བཞིན་ཅན་གྱི་མི་ནི་ལྟོ་སྲ་བ་ཡིན་ནོ། །ནད་གཞི་རྣམས་སྟོབས་མཉམ་པའི་ལྟོ་ནི་འབྲིང་སྟེ། དེ་དག་ལ་སྨན་གྱི་ཚོད་ཅི་རིགས་པར་དཔག་ཅིང་གཏང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ནད་ཀྱིས་ཉམ་ཐག་པའི་མི་ལ་བཀྲུ་སྨན་བཏང་བའི་ཐབས་ནི། ཤིང་ཉེ་རོང་དང༌། རྒྱམ་ཚ་དང༌། བ་བླ། སྒ་རྣམས་ཀྱི་ཕྱེ་མ་རྩབས་སྐྱུར་པོའམ། རྐང་འགྲོས་དང༌། རི་དགས་སྐམས་ན་གནས་པའི་ཤའི་ཁུ་བ་གང་ཡང་རུང་བ་དང་སྦྱར་ཏེ་བཏུང་བར་བྱའོ། །མཁྲིས་པ་ལས་གྱུར་པའི་ནད་ཡོད་པ་ལ་ནི། ཤིང་ཉེ་རོང་ཕྱེ་མ་སྨན་རོ་མངར་བ་དང༌། ཁ་བ་ལ་སོགས་པ་མཁྲིས་པའི་ནད་ལ་ཕན་པའི་སྨན་གང་ཡང་རུང་བ་བསྐོལ་བའི་ཁུ་བ་དང་སྦྱར་བའི་བཀྲུ་སྨན་གཏང་བར་བྱའོ། །བད་ཀན་ལས་གྱུར་པའི་ནད་ཀྱིས་གནོད་པར་གྱུར་པ་ལ་ནི། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་ཚ་བ་གསུམ་གྱི་ཕྱེ་མ་དང་བ་གཅིན་གྱིས་སྦྱར་བའི་བཀྲུ་སྨན་གཏང་བར་བྱའོ། །པི་པི་ལིང་དང༌། བཅའ་སྒ་དང༌། ཤིང་ཉེ་རོད་དང༌། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འདི་ནི་བད་ཀན་ལས་གྱུར་པའི་ནད་དོ་ཅོག་གི་བཀྲུ་སྨན་གྱི་མཆོག་ཡིན་ཏེ་བཟའ་བར་བྱའོ། །ཨ་རུ་ར་དང༌། རྒྱམ་ཚ་དང༌། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཆུར་བསྐོལ་བའི་ཁུ་བ་དྲོན་པོ་དང་སྦྱར་བའི་བཀྲུ་སྨན་ལྕགས་མདའ་ཞེས་བྱ་བ་འདི་ནི་ནད་དོ་ཅོག་སེལ་བའི་བཀྲུ་སྨན་གྱི་མཆོག་ཡིན་ཏེ་བཏུང་བར་བྱའོ། །ཧྭགས་སྲང་གཅིག་དང༌། ཤིང་ཉེ་རོང་གི་ཕྱེ་མ་སྲང་གཅིག་དང༌། པི་པི་ལིང་གི་ཕྱེ་མ་ཞོ་གཉིས་ཏེ་འདི་རྣམས་སྦྲང་རྩི་དང་སྦྱར་བའི་ལྡེ་གུའི་བཀྲུ་སྨན་ལས་རེན་པར་ཟོས་ན་ཡང་ནད་དོ་ཅོག་སེལ་ཏོ། །ཆ་བ་གསུམ་དང༌། དནདའི་རྩ་བ་དང༌། ཤིང་ཉེ་རོང་དང་
ཨ་རུ་ར་དང༌། ཤིང་དོང་རྣམས་ཀྱི་ཕྱེ་མ་དང༌། དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཆ་དང༌། སུག་སྨེལ་དང༌། གནྡྷ་བ་ཏྲ་རྣམས་ཀྱི་ཕྱེ་མ་བཏབ་ལ། བུ་མར་དང་སྦྱར་ཏེ། གོང་བུར་བསྒོངས་བའི་བཀྲུ་སྨན་གྱིས་ཀྱང་ནད་དོ་ཅོག་སེལ་ཏོ། དམུ་རྫིངས་ལ་སོགས་པ་ལ་ནི། ཤིང་ཉེ་རོང་དང༌། ཤིང་དོད་ཀྱི་ཕྱེ་མ། ཤིང་སྣུ་ཧའི་ལོ་མས་ལན་མང་དུ་བསྒོས་ལ། བུ་མར་དང་སྦྲང་རྩི་སྦྱར་ཏེ་དྲི་སྣ་གསུམ་གྱིས་བཏབ་པའི་ལྡེ་གུའི་བཀྲུ་སྨན་བཏང་ངོ༌། །དེ་ནས་འཁྲུས་པའི་རྗེས་ལ། བད་ཀན་བྱུང་བ་དང༌། བཀྲེས་པར་གྱུར་པ་དང༌། ལུས་ཡང་བ་དང༌། མདངས་གསལ་བར་གྱུར་ན་བཀྲུ་སྨན་ལེགས་པ་ཡིན་ནོ། །ལུས་གཡའ་བ་དང༌། ལུས་ལ་ཐིག་ལེ་ཁྲ་བོར་བྱུང་བ་དང༌། ལུས་ལྕི་བར་གྱུར་བ་རྣམས་ནི་བཀྲུ་སྨན་མ་ལེགས་པའི་མཚན་མར་ཤེས་པར་བྱའོ། །བཀྲུ་སྨན་དྲགས་པའི་མཚན་མ་ནི། ན་བ་དང༌། བརྒྱལ་བ་དང༌། གཞང་འབྲུམ་འབྱུང་བ་དང༌། རླུང་འཇུག་པ་དང༌། དྲན་པ་ཉམས་པ་དང༌། ཤ་རྗེན་བཀྲུས་པའི་ཁུ་བ་འདྲ་བ་མཐུར་དུ་འབྱུང་བ་རྣམས་ཡིན་ནོ། །དེ་ལ་བཀྲུ་སྨན་ནི། མཛེ་དང༌། གཞང་འབྲུམ་དང༌། སྲེན་བུའི་ནད་དང༌། མེ་དབལ་དང༌། དྲེག་དང་སྐྱ་སྦབ་ཀྱི་ནད་ཡོད་པ་རྣམས་ལ་གཏང་བར་བྱའོ། །ཟད་ཀྱི་ནད་ཡོད་པ་དང༌། རིད་བ་དང༌། བུད་མེད་སྒྲུམ་མ་རྣམས་ལ་ནི་བཀྲུ་སྨན་བཏང་དུ་མི་རུང་ངོ༌། །སྐྱུག་སྨན་བཏང་བ་ལས་ཧ་ཅང་མང་དུ་སྐྱུག་ཅིང་འཆད་དུ་མི་བཏུབ་པ་ལ་ནི། སྨན་པས་བཀྲུ་སྨན་ཞིམ་ཞིང་ཡིད་གར་འོང་བ་ལས་ཆུང་ཟད་ཙམ་བྱིན་ན་སྐྱུག་པ་འཆད་པར་འགྱུར་རོ། །བཀྲུ་སྨན་བཏང་བ་ལས་ཧ་ཅང་མང་དུ་འཁྲུ་ཞིང་འཆད་དུ་མི་བཏུབ་པ་ལ་ནི་སྐྱུག་སྨན་ཅུང་ཟད་བཏབ་ན་འཆད་པར་འགྱུར་རོ། །བཀྲུ་སྨན་ཧ་ཅང་དྲགས་པ་ནི། ཤུག་པ་དང༌། བུ་ཤེལ་ཙེ་དང༌། ནཱ་ག་གེ་སར་དང༌། ཅན་དན་རྣམས་ཀྱིས་ལུས་བྱུགས་པ་དང༌། ལུས་བླུགས་པ་དང་བཏུང་བ་རྣམས་བྱའོ། །སྨན་སྣར་བླུགས་པ་ཞེས་བྱ་བ་ནི།
མར་དང༌། ཏིལ་མར་རམ་སྨན་སྣར་བླུགས་པ་ཡིན་ཏེ། དེ་ཡང་མར་རམ་ཏིལ་མར་ཉི་ཚེ་སྣར་བླུགས་པ་དང༌། སྨན་མར་རམ་སྨན་གྱི་ཏིལ་མར་བླུགས་ཤིང༌། བད་ཀན་དང་ཆུ་སེར་སྣ་ནས་དྲང་བ་དང༌། སྣུམ་གྱིས་སྣའི་ནང་དུ་བསྐུ་བ་དང༌། སྨན་གྱི་ཕུར་མ་སྣ་སྒོར་བཙིར་ཞིང་བླུགས་པ་དང༌། སྨན་གྱི་ཕྱེ་མ་ལྕེའི་ནང་དུ་བླུགས་ཏེ། སྣར་བུད་པ་དང༌། རྣམ་པ་ལྔ་ཡོད་པར་ཤེས་པར་བྱ་སྟེ། སྨན་སྣར་བླུགས་པའི་རྣམ་གྲངས་དེ་དག་བཏང་བའི་ཐབས་ནི། ནད་ཐང་བའི་ཉིན་པར། ཟན་མ་ཟོས་པའི་སྔ་རོལ་དུ་ལག་པ་གཉིས་དྲག་དུ་དྲུད་པའི་དྲོད་ཀྱིས། ཁ་སྣ་དང༌། གདོང་ཐམས་ཅད་ལེགས་པར་མཉེ་ཞིང་བསྲོས་ལ། ཁ་སྣ་དང་མཚུལ་བའི་དྲི་མ་ཐམས་ཅད་དག་པར་བསལ་ནས་མགོ་སྨད་དེ་གཏང་བར་བྱའོ། །སྨན་སྣར་བླུགས་པའི་ཆོ་ག་བྱེད་པ་དེས་མགོ་བཀྲུ་བ་དང༌། ཁྲོ་བ་དང༌། ཉལ་པོ་དང༌། ཉིན་པར་གཉིད་ལོག་པ་ལ་སོགས་པ་མི་རུང་བ་རྣམས་སྤང་བར་བྱའོ། །དེ་ལ་མར་དང་ཏིལ་མར་སྣར་བླུགས་པའི་ཚོད་ནི་ཐིགས་པ་བརྒྱད་དམ། ཡད་ན་མཛུབ་མོའི་ཚིགས་པ་གཉིས་ཕན་ཆད་ལན་གཅིག་སྨྱུགས་པལ་ཅི་ཆགས་པ་སྣར་བླུགས་སོ། །ཚད་རྣམ་གཅིག་ནི། སྲང་ཕྱེད་སྣར་བླུགས་པ་ཡིན་ནོ། །ཚད་རྣམ་གཅིག་ནི་ཉམས་སྟོབས་ཆེ་ཆུང་ལས་དཔགས་ཏེ་ཐིགས་པ་བཞི་འམ་དྲུག་གམ་བརྒྱད་བླུགས་པར་བྱ་སྟེ། ཚད་ཀྱི་སྣ་གྲངས་མང་པོ་བསྟན་པ་འདི་ཀུན་ཀྱང་ནད་པའི་ཉམས་སྟོབས་ཆེ་ཆུང་དང་སྦྱར་ཞིང་གཏང་བར་བྱའོ། །སྨན་མར་རམ། ཏིལ་མར་སྣར་བླུགས་ཤིང་བད་ཀན་དང་ཆུ་སེར་སྣ་ནས་དྲང་བ་ནི་ནམ་ཚོང་ཡན་ཆད་ཀྱི་ནད་རྣམས་ལ་བཏང་བ་ཡིན་ནོ།། །།ད་ནི་སྨན་མར་གྱི་འཇམ་རྩི་དང༌། བཅུང་མས་བཏང་བའི་ཆོ་ག་བཤད་ངེ་། སྨན་མས་བཏང་བའི་དཔྱད་ནི། ལྕགས་དང་ཟངས་ལ་སོགས་པ་གང་ཡང་རུང་བ་ལས་བྱས་པའི་གཅེའུ་སྲིད་སོར་བཅུ་གཉིས་པ་ལ། གནག་གི་མཇུག་སྙིང་གི་དབྱིབས་བཞིན་དུ་བྱིན་གྱིས་ཕྲ་ཞིང་ཟླུམ་
པར་བྱས་ལ། རྩ་བ་སྦོམས་པ་ནི་ཐེ་བོང་ཤོང་ཙམ་དུ་བྱ། ཐོར་ཏོ་ཕྲ་མོ་ནི་སྲིན་ཤོང་ཙམ་ལ་འཇམ་པོར་བྱས་ཏེ། ཐོར་ཏོ་ཕྲ་མོ་ལོགས་ནས་སོར་གསུམ་གྱི་ཚུ་རོལ་དུ་ཕང་ལོ་ཙམ་ཞིག་གགས་བྱས་ལ། རྩ་བ་སྤོམ་པོ་ལོགས་ཀྱི་ཁར་ཡང་སྨན་བླུགས་པའི་སྣོད་གནག་གི་ལྒང་པ་བཟང་པོ་དམ་པོར་གདགས་ཤིང༌། ལྒང་པ་མི་འབུད་པའི་གགས་ཅི་རན་པ་ཁ་གཉིས་སུ་བཅད་ལ་དེའི་བར་ དུ་ལྒང་པའི་ཁ་བཅིང་བར་བྱའོ། །དེ་ནས་སྨན་བཏང་བའི་ཚེ་སྔར་ཁ་ཟས་ཟོས་ནས་གློ་གཡོན ་ཕྱོགས་ཀྱིས་ཉལ་ལ། རྐང་པ་གཡོན་པ་ནི་བརྐྱང༌། གཡས་པ་ནི་བསྐུམས་ཏེ། གཞང་ཁ་དང་ལྕེའུ་སྣུམ་གྱིས་བྱུགས་ལ། སྨན་ཤུ་ཏི་དང༌། རྒྱམ་ཚའི་ཕྱེ་མ་མར་རམ་ཏིལ་མར་དང༌། ཆུ་དང་ལྡན་པར་བསྐོལ་ལ། མར་ཉི་ཚེ་ལུས་པ་བཙགས་པའམ། སྨན་གཞན་ཡང་རུང་སྟེ། ཚད་སྲང་གཉིས་སམ། སྲང་གསུམ་མམ། སྲང་བཞི་མི་ཉིད་ཀྱི་ཉམས་སྟོབས་དང་སྦྱར་ཞིང་ཚོད་རན་པ་དང༌། དྲོན་པོར་མས་བཏང་ཞིང་གཅེའུ་འི་རྩེ་མོ་ནང་དུ་བཅུག་ལ། གགས་ལ་ཐུག་པར་བྱས་ཏེ། ལག་པ་ གཡོན་པས་གཅེའུའི་སྐེད་པ་ནས་དམ་དུ ་བཟུང་ཞིང་ལྒང་པའི་ནང་དུ་རླུང་མ་སོང་བར་བྱས་ཏེ། ཧ་ཅང་མི་དྲག་མི་ངལ་བ་དང༌། བར་དུ་མི་གདའ་མི་བཅད་ཅིང༌། རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་ལག་པ་གཡས་པས་ལྒང་པ་བཙིར་ལ་རླུང་ནང་དུ་མི་འགྲོ་བར་བྱ་བའི་ཕྱིར་སྨན་གྱི་ལྷག་མ་ཆུང་ཟད་ཙམ་ལུས་པར་བྱའོ། །སྨན་བཏང་ཟིན་ནས་གན་རྒྱལ་དུ་བསྙལ་ཏེ། རྐང་ལག་བཞི་ཆར་གྱེན་དུ་བཏེག་ལ་ལན་གསུམ་གྱི་བར་དུ་དྲག་ཏུ་བརྐྱང་ཞིང་བསྐུམ་པ་བྱས་ནས། ཁ་སྦུབ་ཏུ་ཟློག་སྟེ། བདག་ཉིད་ཀྱི་རྟིང་པས་རྐུབ་ཚོས་ལ་ལན་གཉིས་གསུམ་དུ་བརྡབས་ལ། དེའི་འོག་ཏུ་མི་གཞན་གྱིས་རྐང་པའི་མཐིལ་དུ་ཁུ་ཚུར་གྱིས་ལན་གཉིས་གསུམ་དུ་བརྡེགས་ནས། རོ་སྨད་སྟོད་དེ་ཉལ་དུ་གཞུག་གོ །སྨན་མར་གྱི་ཆོ་ག་འདི་ནི་ཞག་ལོན་གྱི་བར་དུ་འཁྱིལ་ཏེ་ཕྱིར་མ་བྱུང་ཡང་མི་
རུང་བར་འགྱུར་རོ། །དེ་བས་ཀྱང་ཡུན་རིང་དུ་ཕྱིར་འབྱུང་དུ་མ་བཏུབ་ན། ཕྱི་ས་འགགས་པའི་ཆོ་ག་སྔར་བསྟན་པ་བཞིན་དུ། སྨན་གྱི་རེང་བུ་མས་གཞུག་པའམ། ཡང་ན་བཀྲུ་སྨན་འཇམ་པོས་མྱུར་དུ་དབྱུང་ཞིང་སྦྱང་བར་བྱའོ། །ཇི་སྟེ་ཕྱིར་མ་བྱུང་ཡང་མི་བདེ་བའམ་ལྕི་བའི་བག་མེད་ཅིང༌། ཐ་མལ་བར་འདུག་པ་ལ་ནི་བཀྲུ་སྨན་ལ་སོགས་པ་བཏང་མི་དགོས་ཏེ། ཆུ་བསྐོལ་བའི་དྲོན་པོ་འཐུངས་པས་ཀྱང་འབྱུང་བར་འགྱུར་རོ། །དེ་ལ་མར་དང་ཕྱི་ས་འདྲེས་པར་འབྱུང་བ་ནི་སྨན་ལེགས་པའི་མཚན་མ་ཡིན་ནོ། །ཕྱི་ས་མ་འདྲེས་པར་མར་ཉི་ཚེ་འབྱུང་བ་དང་ལུས་ཚ་བར་གྱུར་པ་ནི་སྨན་མ་ལེགས་པའི་མཚན་མ་ཡིན་ནོ། །མར་ནི་མ་བྱུང་ལ་ཕྱི་ས་ནི་ཐ་མལ་པར་བྱུང་ལ། ལྟོ་མི་བདེ་བའི་བག་ཏུ་མ་གྱུར་ན་ཡང་མེའི་དྲོད་ཆེ་བས་སྨན་ཁོང་དུ་ཞུ་བར་གྱུར་པ་ཡིན་ཏེ་མི་རུང་བ་མེད་དོ། །ཁ་ཟས་ནི་སྨན་བཏང་ནས་ནམ་བཀྲེས་པར་གྱུར་ན། གདོད་ཡང་ཞིང་འཕྲོད་པའི་བག་ལས་བཟའོ། སྨན་མས་བཏང་ནས་རིང་པོ་མ་ལོན་པར་ཕྱིར་བྱུང་ན་སྨན་དོན་དུ་མ་གྱུར་བ་ཡིན་ཏེ། ཡང་ན་ཆོ་ག་སྔ་མ་བཞིན་དུ་བཟླས་ཏེ་གཏང་བར་བྱའོ། །དེ་ལ་སྨན་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བ་གཉི་ག་ཡང་རླུང་ནད་ཀྱི་བག་ཡོད་པ་ལ་གཏོང་བར་བྱའོ། །ཟད་བྱེད་ཀྱི་ནད་དང༌། མཛེ་ནད་དང༌། གཞང་འབྲུམ་དང༌། སྐྱུག་པའི་ནད་དང༌། གཅིན་སྙི་བའི་ནད་དང༌། དམུ་རྫིངས་ཡོད་པ་ལ་སོགས་པ་ལ་ནི་གཏང་དུ་མི་རུང་ངོ༌། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་ནི་སྔར་ཞག་གཉིས་གསུམ་གྱི་སྔ་རོལ་དུ་སྨན་མར་གྱི་འཇམ་རྩིམས་བཏང་ལ་བཀྲུ་སྲན་དྲག་པོ་ཉིད་མས་བཏང་བའི་ཉིན་པར་ཉི་མ་དྲོན་པོ་ལ་སྔ་དྲོ་ནས་ལུས་སྣུམ་གྱིས་བྱུག་ཅིང་མཉེ་བ་དང༌། དུགས་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་དྲོས་ཤིང་ཤ་གྲོལ་བར་བྱས་ལ། ནང་པར་ནས་ཁ་ཟས་ཀྱི་བག་མི་བཟའ་མི་བཏུང་བར་ཉི་མ་ཕྱེད་ཡོལ་ཙམ་ན་སྨན་མས་གཏང་བར་བྱའོ། །དེ་ལ་བཏང་བའི་ཐབས་ནི་གན་རྐྱལ་དུ་བསྙལ་ལ་སྨན་མར་གྱི་བཅུད་མས་བཏང་བ་བཞིན་དུ་
གཅེའུ་དང་ལྒང་པར་སྦྱར་ནས་སྨན་ཧ་ཅང་མི་ཚ་ཧ་ཅང་མི་གྲང་བར་དྲོན་པར་བྱས་ཏེ་ལྒང་པ་ལག་བས་བཙིར་ལ། ཧ་ཅང་མི་དྲག་མི་ངལ་བ་དང༌། བར་དུ་མི་གདའ་མི་བཅད་པར་རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་བཏང་ངོ༌། །དྲི་མ་བྱུང་བའི་སྣོད་དམ། ཁུང་བུ་ཡང་སྔ་ནས་དྲུང་དུ་བསྙེན་ལ། སེམས་གུད་དུ་མི་གཡེང་བར་སྨན་ལྟོ་ན་འདུག་པ་རྣམས་འབྱུང་ལ་ཐུག་གོ་སྙམ་དུ་བསམ་པ་གཏད་པར་བྱའོ། །དེ་ལ་དབྱུང་བའི་ཚོད་ནི། སྨན་མས་བཏང་ནས་ཡི་གེའི་འབྲུ་སུམ་ཅུ་དྲག་དལ་རན་ཙམ་དུ་བརྗོད་ཅིང་ཟིན་ཙམ་ན་འབྱུང་བའི་རིགས་ཏེ། ཐ་མལ་པ་ཙོག་ཅོག་པོར་འདུག་ལ་དབྱུང་བར་བྱའོ། །དེ་ནས་ནད་མ་ཕྱིན་ཏམ། མ་ཞག་པར་གྱུར་ན་བསྣན་བཟོད་དང་མི་བཟོད་མིའི་ཉམས་སྟོབས་ལས་དཔགས་ཏེ། བཟོད་པ་འདྲ་ན་སྔ་མ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་བསྣན་ཏེ་བཀྲུས་ནས། དེའི་འོག་ཏུ་ཆུ་དྲོན་པོས་ཁྲུས་བྱས་ལ། ཁ་ཟས་ཤ་ཁུ་དང་ལྡན་པ་བཟང་པོ་ཟོས་ནས། དེའི་རྗེས་ལ་ལུས་རླུང་འཇུག་པ་ལྟ་ན། དེའི་མོད་ལ་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་ཆོ་ག་སྔར་བཤད་པ་བཞིན་དུ་བའོ། །འཕྲལ་དུ་རླུང་འཇུག་པའི་དོགས་པ་མེད་ན། ཞག་གཉིས་སམ་གསུམ་གྱིས་བཅད་དེ། གདོད་མར་གྱི་འཇམ་རྩིའི་བཅུད་མས་བཏང་ངོ༌། །བཀྲུ་སྨན་དྲག་པོ་ཁོང་དུ་བཏང་བ་དེས་མ་བྱུང་ན། ཕྱི་ས་འགགས་པའི་ནད་དང༌། ཟུག་ཅིང་ནབ་དང༌། ལྟོ་སྤོ་བ་ལ་སོགས་པའི་ནད་མང་པོར་འགྱུར་ཏེ། ཉེན་ཆེ་བས་ན་དེ་ལ་ནི། དུ་འབྱུང་རན་པའི་དུས་ལས་ཡོལ་མ་ཐག་ཏུ་འཇམ་རྩི་སྣོན་པོ་མས་བཏང་བ་དང༌། བཀྲུ་སྨན་བཏུང་བ་དང༌། སྐྲག་པར་བྱ་བ་ལ་སོགས་པའི་ཆོ་ག་བྱས་ན་བཟང་ངོ༌། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་འདི་ནི་ཕན་ཡོན་ཆེ་ཞིང་ཉེན་ཡང་ཆེབས་ན་གྱ་ཚོམ་དུ་བཏང་དུ་མི་རུང་སྟེ། ཆོ་ག་དེ་ལ་མཁས་པའི་སྨན་པ་མང་པོ་ཚོགས་པས་ལེགས་པར་དཔྱད་ཅིང་གཏང་བར་བྱའོ། །དེ་ལ་བཀྲུ་སྨན་དྲག་པ་མས་བཏང་
བ་ལ་ནི། སྨན་གྱི་ཁུ་བསྲང་དྲུག་དང༌། མར་རམ་ཏིལ་མར་ཆ་གཅིག་དང༌། སྨན་གྱི་ཕྱེ་མ་སྲང་གསུམ་དང༌། རྒྱམ་ཚ་དང༌། སྦྲང་རྩི་ཅི་རན་པ་དང༌། འདི་རྣམས་ནི་སྤྱིའི་ཆོ་ག་ཡིན་ཏེ། གཞི་འདི་རྣམས་ཀྱི་སྟེང་དུ། རླུང་དང༌། མཁྲིས་པ་དང༌། བད་ཀན་གང་གི་སྨན་དུ་བཏང་བ་ལས། དེ་དག་སོ་སོའི་སྨན་འོག་ནས་འགྱུང་བ་བཞིན་དུ་བསྣན་ཏེ། སྐམ་གཤེར་སྤྱིར་སྲང་ཉི་ཤུ་རྩ་བཞི་བྱུང་བར་གྲངས་བཀང་ཞིང་ཆོ་ག་འོག་ནས་རྒྱས་པར་འབྱུང་བ་བཞིན་དུ་སྦྱར་རོ། །དེ་ལ་རླུང་ནད་བསལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ནི། རླུང་སེལ་བའི་སྨན་གང་ཡིན་པ་རྣམས་བསྐོལ་བའི་ཁུ་བ་དང༌། ཤིང་ཉེ་རོང་གི་ཕྱེ་མ་དང༌། རྒྱམ་ཚ་བྲོ་བ་ཙམ་དང༌། རྩབས་སྐྱུར་པོ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ་དྲོན་པོར་བཏང་ངོ༌། །རྒྱ་ཤུག་ལ་སོགས་པའི་སྡེ་ཚན་དང༌། རྩ་བ་བཅུ་དང༌། རྒྱ་སྲན་དང༌། ལ་ཕུག་སྐམ་པོ་རྣམས་ལས་སྣ་རེ་རེ་ཡང་སྲང་གཉིས་གཉིས་ལྷན་ཅིག་ཏུ་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཆུའི་བརྒྱད་ཆ་གཅིག་ལུས་པ་བཙགས་པ་དང༌། ཤུ་དག་དང༌། ཨུ་པ་ཀུཉྫི་ཀ་དང༌། པི་པི་ལིང་དང༌། ཤུ་ཏི་དང༌། རྒྱམ་ཚ་དང༌། གླ་སྒང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང༌། རྩབས་སྐྱུར་པོ་དང་བ་གཅིན་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ཡང་རླུང་ནད་སེལ་བར་བྱེད་དོ། །མཁྲིས་པ་བསལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་ནི། ཤིང་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དང༌། བུ་ཚང་རྟོ་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང༌། མར་དང༌། འོ་མ་དང༌། ཁ་ར་རྣམས་སྦྱར་བ་བཏང་ན་མཁྲིས་པ་སེལ་ཏོ། །བད་ཀན་སེལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་ནི། དོང་ག་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དང༌། པི་པི་ལིང་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང༌། བ་གཅིན་དང་སྦྲང་རྩི་རྣམས་སྦྱར་ཏེ་བཏང་ན་བད་ཀན་སེལ་ཏོ། །བུ་ཙེ་ཤེལ་དང༌། གླ་སྒང་དང༌། པུ་ཤེལ་ཙེ་དང༌། བཙོད་དང༌།
བ་ལ་དང༌། ར་སྣ་དང༌། བུ་ན་རྣ་བ་དང༌། བྲ་ཧ་ཏཱི་དང༌། སླེ་ཏྲེས་དང༌། ས་ལ་བརྞོ་དང༌། པྲིཥྞ་བརྞི་དང༌། དོང་ཀ་དང༌། བ་རུ་ར་དང༌། གཟེ་མ་དང༌། པོ་སོན་ཆ་རྣམས་ལས་སྲང་རེ་རེ་ལྷན་ཅིག་ཏུ་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ་ཁུ་བ་བརྒྱད་ཆ་གཅིག་ལུས་པ་བཙགས་ལ། འོ་མ་ཕུལ་བརྒྱད་དང་བསྐོལ་ཏེ། འོ་མ་ཉི་ཚེ་ལུས་པའི་ནང་དུ། གནྡྷ་པྲི་ཡཾ་ཀུ་དང༌། ཤིང་མངར་དང༌། ཤ་ཏི་དང༌། དུག་མོ་ཉུང་གི་ཤུན་ལྤགས་དང༌། བ་རུ་ར་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང༌། རྒྱམ་ཚ་དང༌། མར་དང༌། སྦྲང་རྩི་དང༌། སྲོག་ཆགས་སྐམས་ན་གནས་པའི་ཤ་ཁུ་རྣམས་ཅི་རན་པ་དང༌། འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་འདི་ནི་རླུང་དང་མཁྲིས་པ་སེལ་བ་ཡིན་ཏེ། རོ་ཙ་བར་བྱེད་ཅིང་མེ་དྲོད་ཤིན་ཏུ་བསྐྱེད་པ་དང་ན་བ་དང༌། སྐྲན་དང༌། གློ་རྡོལ་བ་དང༌། གཅོང་ཆེན་པོ་ཟ་བྱེད་ཀྱི་ནད་དང༌། གཅིན་འགག་པ་དང༌། ཕྱི་ས་འགགས་པ་རྣམས་ཀྱང་སེལ་ཏོ། །སྦྲང་རྩི་དང༌། ཏིལ་མར་ཆ་བསྙམས་ལ་དེ་གཉིས་བསྡོམས་པའི་ཚད་ཀྱི་ཀྲུ་ཏྲུག་ཏྲེས་བསྐོལ་བའི་ཁུ་བ་དང༌། ཤུ་ཏིའི་ཕྱེ་མ་སྲང་གཅིག་དང༌། རྒྱམ་ཚ་ཞོ་གཉིས་འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་འདི་ནི་ཆོ་ག་བསྲུང་མི་དགོས་ཏེ་རོ་ཙ་བར་བྱ་བ་དང༌། མེའི་དྲོད་བསྐྱེད་པ་དང༌། ཤ་སྐྱེ་བར་བྱ་བ་དང༌། ཕྱི་ས་འགག་པ་དང༌། སྲིན་བུ་དང༌། སྐྲན་རྣམས་བསལ་བ་ལ་དགེ་བ་ཡིན་ཏེ། གནོད་པའི་ཉེན་དུ་མི་འགྱུར་རོ། །སྦྲང་རྩི་དང༌། མར་དང༌། འོ་མ་དང༌། ཏིལ་མར་རྣམས་ལས་སྲང་གཉིས་གཉིས་དང༌། སྤ་མའི་འབྲས་བུ་དང༌། རྒྱམ་ཚ་ཞོ་གཉིས་གཉིས་ཏེ་འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ནི་བརྟག་པར་བྱེད་པའི་མཆོག་ཡིན་ཏེ། དེ་ལ་མར་གྱི་འཇམ་རྩིའི་བཅུད་མས་བཏང་བའི་ཚད་ནི་སྤྱིར་སྲང་གསུམ་དུ་བྱའོ། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཚད་ནི་དེའི་བརྒྱད་དུ་བྱའོ། །ཚོས་པར་བྱེད་པའི་སྨན་དང༌། བཀྲུ་སྨན་གཉིས་ལ་ནི་སྨན་གྱི་ཕྱེ་མ་སྲང་
རེ་རེ་བཏང་ངོ༌། །ཡང་ཉམས་སྟོབས་ཀྱིས་ཇི་ཙམ་ནུས་པ་དང་སྦྱར་རོ། །ཇི་ལྟར་ཤིང་གི་རྩ་བ་ཆུས་བྲན་ན། ལོ་མ་སྔོ་ཞིང་སྣུམ་པ་སྐྱེ་བ་དེ་བཞིན་དུ་མི་ལ་ཡང་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་དང༌། བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་འདི་དག་ལྟར་བཏང་ན་མདོག་སྣུམ་ཞིང་ཉམས་སྟོབས་དང་ལྡན་པར་འགྱུར་རོ། །ལས་རྣམ་ལྔའི་ལེའུ་སྟེ་སུམ་ཅུ་པ་རྫོགས་སོ།། །།ད་ནི་ཆོ་གའི་ལེའུ་བཤད་པར་བྱའོ། །སྒོག་སྐྱ་ལ་ནི་རོ་རྣམ་པ་དྲུག་ལས། སྐྱུར་བ་མ་གཏོགས་པར་མང་ར་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བ་དང༌། ལན་ཚྭའི་རོ་འདི་ལྔ་ཡང་ཡོད་དེ། དེ་ནི་ཚིམ་པ་མེད་པར་བྱེད་པ་ཡིན་ནོ། །དེ་སྨན་གཞན་དང་སྦྱར་ན་ནད་གཞི་གསུམ་ཆར་ཡང་སེལ་ཏོ། །དེ་ལ་མི་མི་ན་བ་ཉམས་སྟོབས་སྐྱེ་བར་འདོད་པས་ནི། དཔྱིད་ཟླ་འབྲིང་པོའི་ངོ་ལ་བཟའ་བར་བྱའོ། །ནད་ཡོད་པ་ལ་ནི་དུས་ཀུན་ཡང་བཟའ་བར་བྱའོ། །སྒོག་སྐྱ་ནར་སོན་ཅིང་རྡོ་གུ་གྲུང་བོར་གྱུར་ལ། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་དེ་ཉིད་ཀྱི་ཁུ་བ་ཆོ་ག་བསྲུང་བཞིན་དུ། གཟར་ཞིང་ཞོ་གཉིས་གཉིས་ཀྱིས་བསྐྱེད་དེ་བཏུང་བར་བྱའོ། །དེ་ལ་སྲང་གཉིས་སམ་བཞི་འམ། དྲུག་གི་བར་དུ་རབ་འབྲིང་ཐ་མའི་ཚད་ལས་ཉམས་སྟོབས་དང་སྦྱར་ཞིང་བཏང་བར་བཤད་དོ། །དེ་ལ་རླུང་དང་བད་ཀན་གཉིས་ལ་ནི། སྨན་པས་རྩབས་སྐྱུར་པོ་དང༌། ཚྭ་དང་ཆང་ལ་སོགས་པས་དབུལ། མཁྲིས་པ་ལ་ནི་འོ་མ་འམ། ཁུ་བ་མངར་པོ་རྣམས་ཀྱིས་དབུལ་ལོ། །ཁ་ཟས་ནི་གྲོ་ལས་བྱས་པའི་བག །སྐམ་ས་ན་གནས་པའི་བྱ་ཤ་གང་ཡིན་པ་རྣམས་ཀྱི་ཤ་ཁུ་དང་ལྡན་པར་ཟ་ཞིང༌། ཁྲོ་བ་དང༌། ཉལ་པོ་དང༌། མྱ་ངན་ལ་སོགས་པ་དང༌། སྨན་དང༌། ཁ་ཟས་མི་འཇུ་བ་རྣམས་སྤང་བར་བྱའོ། །དེའི་ཆོ་ག་ནི་ནད་ལས་དཔག་ཅིང༌། ཞག་བདུན་ནམ་བདུན་གཉིས་སམ། ཞག་བདུན་གསུམ་གྱི་བར་དུ་ཚད་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །དེ་ལ་སྒོག་སྐྱའི་ཁུ་བ་མར་དང་སྦྱར་བ་ནི་
མཁྲིས་པ་སེལ་ཏོ། །ཏིལ་མར་དང་སྦྱར་བ་ནི་བད་ཀན་དང་རླུང་སེལ་ཏོ། །ཚིལ་ལམ་རྐང་དང་སྦྱར་བ་ནི་གློ་བརྡོལ་བའམ་ཟད་བྱེད་ཀྱི་ནད་ལས་བརྟ་བར་བྱེད་དོ། །སྒོག་སྐྱ་ཞིབ་ཏུ་བརྡུངས་ལ་འོ་མ་དང་བསྐོལ་ཏེ་ཁར་དང་སྦྱར་བ་འཐུང་ཞིང༌། སྨན་ཞུ་བའི་འོག་ཏུ་ཁ་ཟས་འོ་མ་འམ་ཤ་ཁུ་དང་ལྡན་པར་ཟོས་ན། ཁྲག་ལུད་པས་ཉམ་ཐག་པ་དང༌། ཟད་བྱེད་ཀྱི་ནད་དང༌། རླུང་ནད་དང༌། དབུགས་མི་བདེ་བ་དང༌། བྱེད་དང༌། བརྗེད་བྱེད་རྣམས་སེལ་ཞིང་ཆག་གྲུགས་བྱུང་བ་དང༌། ཟུག་ཅིང་ན་བ་དང༌། སྲིན་བུའི་ནད་དང༌། ཁུ་བ་ཟད་པ་དང༌། མོ་གཤམ་རྣམས་ལ་བཟང་ངོ༌། །གཞང་འབྲུམ་ཅན་དང༌། ཚད་པ་བེའུ་སྣབས་སུ་འབྱུང་བས་ཉམ་ཐག་པ་དང༌། འབྲས་ཀྱི་ཕྲེང་བ་ཡོད་པ་དང༌། ལུས་ཤིན་ཏུ་རིད་པ་དང༌། བུད་མེད་སྦྲུམ་པ་དང༌། བུད་མེད་བུ་ནུ་བཞིན་པ་རྣམས་ཀྱིས་ནི་བཏུང་བར་མི་བྱའོ། །ཀུན་དོང་ནི་སྒོག་སྐྱ་ལས་ཆུང་ཟད་ཙམ་གྱིས་མཐུ་ཆུང་སྟེ་དེ་ཡང་ཆོ་ག་བཞིན་དུ་བཟའ་བར་བྱའོ། །རླུང་ནད་ཙམ་ལ་ནི། ཨེ་རཎྜའི་མར་ཆང་དང༌། རྩབས་སྐྱུར་པོ་དང༌། རྩ་པ་ལྔ་པ་བསྐོལ་བའི་ཁུ་བ་དང༌། སྲོག་ཆགས་སྐམས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ། བསྲོས་ལ་ཉམས་སྟོབས་དང་སྦྱར་ཞིང་ཚོད་རན་པར་བཏུང་བར་བྱའོ། །ཨེ་རཎྜའི་མར་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན། བད་ཀན་དང་མཁྲིས་པ་སེལ་ཏོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་སེལ་ཏོ། །རའི་འོ་མ་འམ། རྒུན་ཆང་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་གཅིན་སྲི་བ་དང་རྡེའུས་འགགས་པ་སེལ་ཏོ། །འོ་མ་དང་སྦྱར་ན་རླུང་སྐྲན་སེལ་ཏོ། །མིག་སེར་དང༌། སྐྱ་རྦབ་དང༌། ཚད་པར་འཁྲུ་བ་དང༌། སྐྱུགས་པ་དང༌། མཛེ་དང༌། རིམས་དང༌། བད་ཀན་ཉི་ཚེ་དང༌། ཁྲག་ལུད་པ་ཉི་ཚེ་བ་རྣམས་ཀྱིས་ནི་བཏུང་བར་མི་བྱའོ། །གོ་བྱིའི་ཆོ་ག་ནི་གོ་བྱིའི་འབྲས་བུ་ལྔ་ཆོ་ག་བཞིན་དུ་
བའི་གཅིན་གྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་ནས་མཉེས་ལ་ཚིག་མ་བོར་བའི་ཁུ་བ་གྲང་མོ་མཆུ་དང་རྐན་མར་གྱིས་བསྐུས་ཏེ་བཏུང་ཞིང་ཐབས་དེ་ལྟར་ཉིན་གཅིག་བཞིན་དུ་གོ་བྱིའི་འབྲས་བུ་ལྔ་ལྔས་བསྐྱེད། གོ་བྱིའི་འབྲས་བུ་བདུན་ཅུ་ལ་ཐུག་གི་བར་དུ་སྔ་མ་བཞིན་དུ་བཏུང༌། དེ་ནས་ཉིན་རེ་བཞིན་ལྔ་ལྔས་ཕྲི་སྟེ། འབྲུམ་བུ་ལྔ་ལ་ཐུག་ནས་སླར་ཡང་དེ་བཞིན་དུ་བསྐྱེད་ཅིང་དབྲིའོ། །སྨན་འཐུངས་པ་ཞུ་བར་གྱུར་པའི་འོག་ཏུ་ཁ་ཟས་ནི་འབྲས་ཆན་གྲང་མོ་མར་དང་འོ་མ་བསྐོལ་ཏེ་བསྒྲངས་པ་དང་ལྡན་པར་བཟའ་བྱ་སྟེ། སྨན་བཅུད་ཀྱི་ལེན་གྱི་ཆོ་ག་འདིས་ནི་ཡིད་གཞུངས་པར་བྱེད་ཅིང༌། གཉེར་མ་དང་སྐྲ་དཀར་མེད་པར་བྱེད་ལ། མཛེ་དང༌། གཞང་འབྲུམ་དང༌། ཁྲག་ཚད་དང་སྲིན་བུའི་ཉེས་པ་རྣམས་སེལ་ཏོ། །ཁུ་ཆུ་ལ་ནད་ཡོད་པར་གྱུར་པ་ཡང་སྦྱོང་བར་བྱེད་དོ། །གོ་བྱིའི་མར་ཉམས་སྟོབས་དང་སྦྱར་ཞིང༌། ཟླ་བ་གཅིག་གི་བར་དུ་རན་པར་འཐུངས་ན་ནད་ཀྱི་གནོད་པ་ཐམས་ཅད་ལས་ཐར་ཏེ། ལུས་བརྟན་པོར་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །མེ་དང་ཉི་མ་འདེ་བ་དང༌། ཉིན་པར་གཉིད་ལོག་པ་དང༌། འབྲུ་མར་དང༌། ཁ་ཟས་ལྕི་བ་རྣམས་ནི་སྤང་བར་བྱའོ། །སྨན་གྱི་མཇུག་བཅད་ནས་ཀྱང་ཇི་སྲིད་ཀྱི་བར་དུ་སྨན་བཏང་བའི་དུས་ཀྱི་ཉིས་འགྱུར་གྱི་བར་དུ་ཆོ་ག་བསྲུང་བར་བྱའོ། །མཁྲིས་པ་ཤས་ཆེ་བའི་མི་ལ་ནི། སྨན་འདི་བྱེད་པའི་ཚེ་ཁར་འབྲུམ་པ་འབྱུང་བ་དང༌། ལུས་སྐྲངས་པ་དང༌། རིམས་ལ་སོགས་པས་འདེབས་པར་འགྱུར་ཏེ། དེ་ལ་ནི་སྨན་བསིལ་བའི་ལྡེ་གུའམ་ཁུ་བ་གྲང་མོས་ལུས་བྱུག་པ་དང༌། སྟེང་དུ་བླུགས་པ་དང་བཏུང་བ་རྣམས་བྱའོ། །པི་པི་ལིང་བསྐྱེད་པའི་ཆོ་ག་ནི། འོ་མ་བསྐོལ་ཏེ་ཕྱེད་དུ་ནས་ཕྱུང་བའི་ནང་དུ། པི་པི་ལིང་འབྲུམ་བུ་ལྔ་བཏགས་ཏེ་བཏུང་ཞིང༌། དེ་ལྟར་ཞག་བཅུའི་བར་དུ་ཉིན་རེ་ཞིང་པི་པི་ལིང་འབྲུམ་བུ་ལྔ་ལྔས་བསྐྱེད་དེ་བཏུང་བར་བྱའོ། །དེ་ནས་ཉིན་རེ་ཞིང་པི་པི་ལིང་ལྔ་ལྔས་ཕྲི་སྟེ། །པི་པི་ལིང་འབྲུམ་ལྔ་ལ་ཐུག་ནས། ཡང་སྔ་མ་བཞིན་དུ་བསྐྱེད་ཅིང་ཕྲི་ལ་
ཁ་ཟས་འོ་མ་དང་ལྡན་པར་བཟའ་ཞིང་ཆོ་གས་བསྲུངས་ན། དྲེག་དང༌། སྐྱ་རྦབ་དང༌། སྐྲན་དང༌། གཞང་འབྲུམ་དང༌། དབུགས་མི་བདེ་བ་དང༌། སྐྲངས་པ་དང༌། དམུ་རྫིངས་རྣམས་སེལ་ཞིང་རིམས་ལྡང་དུབ་ཀྱིས་དུས་མི་འདྲ་བ་མེད་པར་བྱེད་དོ། །རོ་ཙ་བར་འགྱུར་རོ། །བྲག་ཞུན་གསེར་དང་ལྕགས་ལ་སོགས་པ་ལས་འབྱུང་སྟེ། དེ་དག་ནི་མཐུ་དང་ལྡན་ཞིང༌། དེ་དག་གི་མདོག་དང་འདྲ་ལ། བ་གཅིན་གྱི་དྲི་བྲོ་བ་དང༌། སྣུམ་ཞིང་ལྕི་ལ་རྡོ་མེད་པ་བཟང་སྟེ། ངེས་ཆུ་ཆུས་བཀྲུས་བ་དང༌། བ་གཅིན་གྱི་ནང་དུ་མཉེ་བས་ཆོག་བཞིན་དུ་བཏུལ་ནས། དེའི་ཕྱེ་མས་ནད་གཞི་གསུམ་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བས་ལན་མང་དུ་བསྒོ་ཞིང་བསྐམས་ལ། ནད་གཞི་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་འཐུངས་ན་ནད་དོ་ཅོག་སེལ་ཏོ། །ཆོ་ག་དེ་བཞིན་དུ་དྲུབ་མར་ཆང་གི་ཕྱེ་མ་ཡང་སྨན་བསྐོལ་བའི་ཁུ་བས་བསྒོ་ཞིང་སྦྱར་ཏེ་འཐུངས་ན་ནད་དོ་ཅོག་སེལ་ཏོ། །སྨན་འདི་གཉིས་ཀྱི་ཆོ་ག་བྱེད་པས་ཐི་བའི་ཤ་དང༌། རྒྱ་སྲན་བཟའ་བར་མི་བྱའོ། །ཨ་རུ་རའི་ཆོ་ག་ནི། ཨ་རུ་རའི་ཕྱེ་མ་རྒྱམ་ཚ་དང་སྦྱར་ན་རླུང་སེལ་ཏོ། །མར་དང་སྦྱར་ན་མཁྲིས་པ་སེལ་ཏོ། །བཅའ་སྒ་དང་སྦྱར་ན་བད་ཀན་སེལ་ཏོ། །བུ་རམ་དང་སྦྱར་ན་ནད་དོ་ཅོག་སེལ་ཏོ། །སྐྱུ་རུ་རའི་ཆོ་ག་ནི། སྐྱུ་རུ་རའི་ཁུ་བ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པའི་ཕུལ་བཅུ་དྲུག་བཙགས་ལ། བུམ་པ་སྦྲང་རྩིས་བསྐུས་པའི་ནང་དུ་བླུགས་ཏེ་ཁ་བཅད་ནས་ཡུན་རིང་དུ་བཞག་ལ། དགུན་ནམ། དགུན་སྨད་དམ་དབྱར་བཏུང་བར་བྱ་སྟེ། སྐྱེར་ཁཎྜ་དང༌། འོ་མར་སྦྱར་ན་ཁྲག་ལུད་པ་གྱེན་དུ་འབྱུང་བ་དང་མཁྲིས་པ་སེལ་ཏོ། །ཁ་ར་དང་སྦྱར་ན་སྐྱ་རྦབ་ཀྱི་ནད་སེལ་ཅིང༌། མོ་མཚན་གྱི་ཁྲག་མི་ཆོད་པ་ཆོད་པར་བྱེད་དོ། །སྦྲང་རྩིར་སྦྱར་ན་བད་ཀན་གྱི་ནད་སེལ་ཏོ། །ཚ་བ་གསུམ་དང་སྦྱང་ན་དྲོད་ཆུང་བ་ལས་དྲོད་སྐྱེད་པར་བྱེད་དོ། །སྨན་སོ་མ་རཱ་ཛ་དང་སྦྱར་ན་མཛེ་ནད་སེལ་ཏོ། །དུག་
མོ་ཉུང་གི་ཤུན་ལྦགས་དང་སྦྱར་ན་གཞང་འབྲུམ་སེལ་ཏོ། །འདི་ལྟར་བདག་གིས་ཚེའི་རིག་བྱེད་ཀྱི་རྒྱ་མཚོ་དྲང་སྲོང་གཞུང་ལ་སྐྱེས་ཀྱི་བུ་དང༌། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་གཞུང་རྣམས་བལྟས་ནས། གསོ་བའི་དཔྱད་ཀྱི་ཟེར་ཙམ་གྱི་རྒྱུད་ལེའུ་སུམ་ཅུ་རྩ་གཅིག་པོ་འདི་རྣམས་རིམ་བཞིན་ཕབ་ཅིང་སྦྱར་བ་ནི། ཕོ་བོ་ལྷ་བསྲུངས་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པས་བྱེད་དུ་བཅུག་ནས། དེའི་ཕྱེར་སྨན་དཔྱད་འདི་ཉི་མས་བསྲུངས་པས་བྱས་སོ། །ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ། ནུབ་ཕྱོགས་པ་རྟ་མཁན་བགྲོད་དཀས་བསྲུངས་བའི་བུ་ཉི་མས་བསྲུངས་པས་བྱས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཨ་ཏི་རྒྱ་ཝརྨ་དང༌། ལོ་ཙཱ་བ་བནྡེ་ཙནྡྲས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །བདག་གིས་རིག་མཆོག་གཅེས་གྲུབ་འདི་བྲིས་པས། །རླུང་མཁྲིས་བད་ཀན་ནད་གཞི་དུག་གསུམ་དང༌། །འཕྲལ་གྱི་རྐྱེན་གྱུར་ཉོན་མོངས་གསུམ་བརྒྱད་ཀྱིས། །མནར་མེད་སེམས་ཅན་མཐའ་ཡས་ཐམས་ཅད་ཀུན། །སྨན་རྣམས་བདུད་རྩིར་གྱུར་ནས་ཉམ་ཐག་པའི། །རླུང་མཁྲིས་དུག་གསུམ་ལ་སོགས་གཏན་སྤངས་ཏེ། །ས་རབ་བགྲོད་དཀའ་ལམ་གྱི་ཉེས་བསལ་ནས། །གཡུང་དྲུང་བླ་མེད་ཆེན་པོ་མྱུར་ཐོབ་ཤོག ། །