Nitartha Digital Library
Tibetan
 
previousད་ལྟ་བའི་རྟོགས་པ་བརྗོད་པ།next

ད་ལྟ་བའི་རྟོགས་པ་བརྗོད་པ།

གཉིས་པ་ད་ལྟ་བའི་རྟོགས་པ་བརྗོད་པ་ལ་གསུམ། རིགས་སུ་འཁྲུངས་པའི་ཡོན་ཏན། སྐྱེས་ཐོབ་དང་སྦྱངས་བའི་ཡོན་ཏན། ཞར་ལས་བྱུང་བ། མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་མཛད་པ་དང་བཞི་ལས། དང་པོ་ལ་གསུམ། རིགས་རུས་གང་ལས། གནས་གང་དུ། དུས་ནམ་གྱི་ཚེ་ཇི་ལྟར་བལྟམས་པའོ། །དང་པོ་ནི། གླིང་རྗེ་གེ་སར་རྒྱལ་པོའི་ཟུར་སྲས་གེལ་པ་ཁ་ཤོ་བྱ་བའི་རིགས་ལས་མཆེད་པ་ཡིན་ཞེས་བཀའ་ལས་ཐོས་པས་དེ་ལྟར་ན་རྒྱལ་རིགས་ཡིན་ལ། བོད་འདིར་གྲགས་པའི་རུས་ཆེན་བཞི་ལས་ནི་ལྡོང་གི་བརྒྱུད་པའོ། །དེ་ལ་ནང་ཚན་གྱི་བྱེ་བྲག་དུ་མ་ཡོད་པའི་ནང་ནས་ཝ་ཤུལ་ཏེ་འགོ་ལོག་གསེར་ཐ་དང་རིགས་གཅིག་པའི་ཝ་ཤུལ་ཨ་འབུམ་ཚང་ཞེས་གྲགས་པའི་མདོ་སྨད་ཀྱི་དཔོན་རྒྱ་ཆེ་གྲས་ཤིག་གོ། དེའང་སོག་ཡུལ་ནས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བོད་ལ་དབང་བསྒྱུར་སྐབས་ཐ་ཇི་བཅུ་གསུམ་ཡོད་པར་གྲགས་པའི་ནང་ཚན་བ་ཐུ་ཐའི་ཇི་བྱ་བའི་གོ་གནས་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཤར་ཕྱོགས་གོང་མ་ཆེན་པོས། མུ་མན་གྱི་ཏོག་དང་། གསེར་གྱི་ཐམ་ཀ་སོགས་ཆེན་པོའི་ཆས་དུ་མ་གནང་ནས་མཆོད་རྟེན་ཐུའུ་སི་ཞེས་པའི་མཚན་གྱི་ཅོད་པན་བཅིངས་པ་སོགས་ཆེན་པོ་དུ་མའི་ལུང་དང་ལས་ཀས་མངོན་པར་མཐོ་བའི་དཔོན་རབས་བརྒྱུད་མར་བྱོན་པ་རྣམས་ལ་རིགས་ཀྱི་ཡོན་ཏན་ཅི་རིགས་པ་ཚང་བའི་སྐྱེས་བུ་དུ་མ་དང་། བྱེ་བྲག་ཏུ་རིགས་བརྒྱུད་དེ་ལ་སྐྱེས་སོ་ཅོག་དཔའ་རྩལ་ནི་སྟག་ལ་འགྲན་པ་ཁོ་ན་བྱུང་བ་ཡིན་པར་གསུངས་ཤིང་། ཁྱད་པར་དུ། མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་བུའང་མང་པོ་བྱོན་པ་ནི། དཔོན་བླ་ཕྲིན་ལས་རབ་བརྒྱས་བྱ་བ་ཕྱོགས་གཞན་ཞིག་ཏུ་དཔོན་སློབ་གཉིས་མུན་མཚམས་ལ་བཞུགས་པར་རྒྱགས་ཆད་དེ། བླ་མའི་ཞལ་ནས། སྡེ་གཞུང་མའི་ས་ཀྲོམ་གྱི་ཚྭ་ཆུ་དཀར་དིལ་ནས་རྒྱ་སྐོར་ཨ་ལུག་གིས་དཔོན་ཚང་དྲེའུ་དཀར་པོ་དེ་ལ་རྒྱབ་གཅིག་བཀལ་ནས་འོང་བ་འདུག་པར་འདིར་ཉི་མ་གསུམ་གྱིས་སླེབ་པར་འདུག་གསུངས་པ་དེ་བཞིན་དུ་བྱུང་བ་སོགས་དུས་འཁོར་གྱི་ཉམས་རྟོགས་མཐར་ཕྱིན་པ་དང་། ལང་གཤིས་འདྲེ་ངན་ལ་ལྕག་གིས་བྲབས་པས་མིག་ཞར་བར་གྱུར་པ་སོགས་མཐུ་སྟོབས་ཤིན་ཏུ་ཆེ་བར་གྲགས་པ་དང་། དེའི་དབོན་པོ་བླ་མ་བློ་གྲོས་དབང་ཕྱུག་སྟེ། མཚོ་ཕུ་སྒྲུབ་ཆེན་གྱི་རྣམ་ཐར་བརྩམས་པ། རྗེ་མཁྱེན་བརྩེའི་ཞབས་ཀྱི་སྤྱན་ལམ་དུ་འབྱོར་པའང་སྙན་ངག་མཁན་འགྲན་ཟླ་དང་བྲལ་བའི་བསྔགས་བརྗོད་གནང་། འདའ་ཁ་ཡང་དབུ་གཙུག་ནས་སྤོས་རེངས་ཀྱི་དུ་བ་ལྟ་བུ་ཞིག་འཐོན་ཏེ་གཤེགས་པ་སོགས་ངོ་མཚར་གྱི་ལྟས་དང་བཅས་པའོ། །དེའི་དབོན་སྙན་གྲགས་ལུང་རིགས་ཉི་མ་སྟེ་རྣམ་དཔྱོད་ཆེ་ཞིང་། མཁས་པ་ཆེན་པོར་གྱུར། དཔལ་མགོན་ཞལ་བཞི་པ་བྲན་དུ་འཁོལ་བར་གྲགས། དེའི་དབོན་རྗེ་འདི་ཉིད་ཀྱི་བར་དུ་བྱོན་པའོ། །དེ་དག་ལས་དམ་པ་འདི་ཉིད་ཀྱི་ཡབ་ནི་དེ་སྐབས་དཔོན་ཚང་ལ་བུ་མེད་སྟབས་གཟིམ་འོག་རིན་པོ་ཆེ་ལ་རིགས་བརྒྱུད་འོང་བའི་ཐབས་ཞུས་པར། ཤོག་དྲིལ་ཞིག་གནང་ནས་དབོན་མོའི་མགུལ་དུ་ཐོགས་གསུངས་པ། དེ་བཞིན་དུ་བྱས་པས་སྲས་མང་པོ་འཁྲུངས་པའི་ནང་ཚན་ཡིན་ལ། རྗེས་སུ་སྤྲུལ་སྐུ་ལུང་རིགས་སྐུ་ན་གཞོན་པའི་དུས། རྩེད་རགས་རྒོད་པ་ཞིག་ཡོད་པས། ཡུམ་གྱི་མགུལ་ནས་དེ་ཕྲལ་ཏེ་སྲུང་འཁོར་ཡིན་རྒྱུར་བྱས་ནས་གཟིགས་པས། དགྲ་ལྷའི་རྒྱལ་པོ་བྷེ་ཧ་ར། །ཁྱོད་ལ་མཐུ་དང་རྩལ་ཡོད་ན། །བསོད་ནམས་ལྡན་པའི་སྐྱེས་བུ་ཞིག །མྱུར་བ་མྱུར་བར་འདིར་ཁུག་ཅིག །ཅེས་པ་ཞིག་ལས་གཞན་ཅི་ཡང་མི་འདུག་གསུངས། དེ་ནས་བུ་ཡང་མེད་པ་ཡིན་འདུག །དེའང་སྲུང་མའི་མཚན་ལས་གྲས་པ་ཡིན་ཡང་གསུངས་ཏེ། གང་ལྟར་ཡང་། རབ་བརྟན་དབང་རྒྱལ་ཞེས་གྲགས་པ་དེ་ནི་ཕོ་རྩལ་སྣ་དགུ་ལ་མདོ་སྨད་ཀྱི་འཛིན་མ་ན་འགྲན་ཟླ་དང་བྲལ་བར་གྲགས་ཤིང་གྲུབ་པ་མ་ཟད། འབྲི་ཀློག་ཕུལ་དུ་ཕྱིན་པ་ནས་གཞུང་ལུགས་དུ་མ་ཐུགས་སུ་ཆུད་པས་སྡེ་གཞུང་མའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་ཀྱང་དང་པོའི་སློབ་དཔོན་དུ་གྱུར་པ་ཞིག་གོ། དེའི་ཁབ་ཏུ་ཨོ་ཐོག་དབོན་བཟའ་ནོར་བུ་སྒྲོན་མ་ཞེས་བྱ་བ་སྙིང་རྗེ་དང་གཏོང་ཕོད་ཆེ་ཞིང་། ཕྲག་དོག་དང་ང་རྒྱལ་ཆུང་བ། ཕོངས་པ་དང་སློང་བ་རྣམས་ཀྱི་མགོན་སྐྱབས་གཅིག་པུར་གྲགས་པ་དེ་བཞེས་པ་སྲས་མིང་སྲིང་གཉིས་འཁྲུངས་པའི་ལྷ་ལྕམ་དེ་ཡི་ཐང་སྡེ་པ་བྱ་བའི་རྒྱལ་ཕྲན་ཞིག་གི་ཁབ་ཏུ་བྱོན་པ་རྗེས་སུ་ཡུལ་འཁྱར་རྐྱེན་གྱིས་ལྷ་སར་ཕེབས་ནས་དེར་སྐུ་གཤེགས། སྲས་པོ་ནི་དམ་པ་འདི་ཉིད་དོ། །མཁའ་ལམ་མཐོར་བཞུགས་ཡེ་ཤེས་ལྷ། །རྣམ་དག་སྨོན་པའི་ཐེམ་སྐས་ལས། །ལེགས་བབས་མི་ཡི་རྗེར་གྱུར་པ། །གླིང་རྗེ་གེ་སར་རྒྱལ་པོའི་རིགས། །ཆེ་བཙན་འཛོམ་པའི་རུས་བརྒྱུད་ནི། །སྨུག་པོ་ལྡོང་ཞེས་གྲགས་པ་སྟེ། །དེ་ཡི་བྱེ་བྲག་ཝ་ཤུལ་ཞེས། །དཔལ་རྩལ་རྒྱ་སྟག་བུ་ལ་འགྲན། །རྒྱ་ཆེན་བསོད་ནམས་ཀྱིས་བསྐྲུན་པའི། །སྟོབས་འབྱོར་ལྡན་པའི་མི་དབང་ལ། །སྟོབས་ཀྱི་འཁོར་སྒྱུར་དུ་མ་ཡི། །ལུང་དང་ལས་ཀས་མངོན་མཐོ་ཞིང་། །དགེ་བཅུའི་ཁྲིམས་ཀྱི་གསེར་འཁོར་ནི། །མངའ་འབངས་གླིང་བཞིའི་མཁར་འགྲོ་བས། །འཁོར་ལོས་སྒྱུར་བའི་དཔལ་བཟུང་བའི། །མི་དབང་བརྒྱུད་མར་བྱོན་པ་རྣམས། །རྩལ་ལྡན་དཔའ་བོ་འགའ་ཞིག་གིས། །རལ་གྲིའི་འཕྲུལ་གྱི་ལས་ཐབས་ཀྱིས། །སྲོག་འཕྲོག་གཤིན་རྗེའི་སྡེ་དཔོོན་གྱི། །ཁེངས་པ་དག་ཀྱང་ཅིག་ཆར་བསྙིལ། །མཐུ་ལྡན་རིག་སྔགས་འཆང་བ་འགས། །མཐུ་སྟོབས་རྡོ་རྗེའི་མེ་བོ་ཆེས། །ལོག་འདྲེན་རྨངས་མེད་གཞོམ་པ་ན། །དུས་མཐའི་ཞུགས་ཀྱང་སྐྱེངས་པར་བྱས། །གཞན་ཏུ་ཆོས་སྲིད་ལུགས་གཉིས་ཀྱི། །རིགས་གཞུང་རྒྱ་མཚོའི་དགོངས་དོན་ལ། །ཟབ་ཅིང་རྒྱ་ཆེའི་བློ་གྲོས་ནི། །འཇིག་རྟེན་མེས་པོའི་རྗེས་སུ་སོང་། །ཁྱད་པར་མཁས་གྲུབ་ཉི་ཟླ་ཡིས། །ལུང་རྟོགས་འདབ་བརྒྱ་འཛུམ་པ་ལས། །ཐུབ་བསྟན་དབྱར་གྱི་ལང་ཚོ་རུ། །སྒྱུར་བྱེད་དམ་པའི་གདན་རབས་མང་། །དེ་ལྟར་བསྔགས་འོས་ཡོན་ཏན་གྱིས། །ལྕི་བའི་དྲི་མེད་གདུང་བརྒྱུད་ནི། །གསེར་རིའི་ཕྲེང་ལྟར་དངར་བའམ། །མུ་ཏིག་བསྟར་ལ་བརྒྱུས་འདྲ་ལས། །མ་མོའི་གཙོ་མོ་ར༵བ་བརྟ༵ན་མ། །དྲེགས་པའི་སྡེ་དཔོན་དབ༵ང་གི་རྒྱ༵ལ། །ཟུང་འཇུག་ཀུན་དགའ་གསར་པ་ཡི། །མཚན་གྱི་ཅོད་པན་འཛིན་དེ་ཡབ། །ཕོངས་པ་རྣམས་ལ་ནོ༵ར་གྱི་བུ༵། །རྨོངས་པ་ཡོངས་ལ་བླང་དོར་གྱི། །ལམ་སྟོན་སྒྲོ༵ན་མ༵་གཅིག་གྱུར་པ། །བུད་མེད་རིན་ཆེན་དེ་ནི་ཡུམ། །མ་ལ་ཡ་ལས་ཙན་དན་དང་། །ཆུ་གཏེར་ཆེ་ལས་ཡིད་བཞིན་ནོར། །འབྱུང་ཁུངས་དག་ལས་གསེར་བཞིན་དུ། །དམ་པའང་དམ་པའི་རིགས་སུ་འཁྲུངས། །གཉིས་པ་གང་དུ་འཁྲུངས་པ་ནི། ཡུལ་བྷོ་ཊའི་ལྗོངས་ཀྱི་འཛིན་མ་འདི་ལ་སྟོད་སྨད་བར་གསུམ་དུ་དབྱེ་བའི་སྨད་ལ་སྒང་དྲུག་ཏུ་གྲགས་པའི་ནང་གསེས། རྟོགས་བརྗོད་བསྐལ་བཟང་ལེགས་ལམ་ལས། །ཁམས་དང་མི་ཉག་ཡུལ་གྱི་བར། །དགེ་བའི་ལང་ཚོ་བདོ་བའི་སྤོ། །འབུར་དུ་དོད་པའི་ནུ་རྒྱས་ཅན། །དབྱིག་འཛིན་ཁེངས་ལྡན་མ་དེ་མཛེས། །ཞེས་གསུངས་པ་ལྟར། མདོ་ཁམས་སྤོ་འབུར་སྒང་གི་ཆར། ལིའུ་ཐང་གི་ཚོང་འདུས་ཆེན་པོ་དང་ཉེ་བའི་གནས། སྡེ་གཞུང་ངམ་བྱང་རེ་ཚེ་གནམ་མཚོ་ཕྱུག་མོར་གྲགས་པའི་ཡུལ་ལྗོངས་ཏེ། དེའང་བདག་ཅག་གི་སྟོན་པས་ཆོས་འཁོར་བསྐོར་བའི་གནས་ཝཱ་ར་ཎཱ་སིའང་ཕྱོགས་གཞན་ལས་མཐོ་ཞིང་གྱེན་དུ་འཕགས་པ་ཁྲིའི་དབྱིབས་ལྟ་བུར་ཡོད་པར་གྲགས་པ་དང་མཐུན་པར་ས་ཕྱོགས་འདིའང་ཕྱོགས་གང་ནས་བལྟས་ཀྱང་ཕར་རྒྱབ་ནས་ལ་ཅུང་ཟད་རེ་བརྒལ་དུས་ཚུར་ངོས་ནས་ཐུར་ཆེར་མེད་པ་ཞིག་ཏུ་སླེབས་པ་ཡིན་ལ། གཏེར་ལུང་དུ། གནམ་དང་ཉེ་བ་ལི་ཡི་མཎྜལ་སྟེང་། །ཞེས་འབྱུང་བའང་བཀའ་ལས་མཐོ་བའི་དོན་ཡིན་པར་གསུངས་ལ། དེས་ན་སྤྱི་བབས་ཁྲིའི་དབྱིབས་ལ་དེའི་སྟེང་དུའང་ལུང་པ་མང་པོ་ཕྱོགས་སུ་གྱེས་པས་པདྨ་འདབ་མ་སྟོང་ལྡན་དང་འདྲ་ཞིང་། རི་བོ་མཐོན་པོ་རྣམས་གནམ་དུ་སྙོགས་པ་ལ་རྩེ་མོ་སྤྲིན་གྱིས་མནན་པ་ལྟ་བུ་དང་། རི་ཕྲན་དུ་མ་ནི་བཀྲ་ཤིས་པའི་རྫས་དང་རྟགས་ཀྱི་དབྱིབས་སུ་བཀྲ་ཞིང་། ཡང་རི་ལུང་འགའ་ཞིག་ནི་ལྗོན་ཤིང་དང་བྲག་གི་རྒྱན་ཆས་ཀྱང་ཅི་རིགས་པ་སྒེག་ལ། ལ་ལ་ནི་གངས་ཀྱི་ལྭ་ཐོད་དང་སྨུག་པའི་དོ་ཤལ་གསར་པ་དག་འཆང་ཞིང་། དེའི་དཀྱིལ་དྲང་པོ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུ་ཆེན་པོ་དལ་གྱིས་འབབ་ལ་ལྷོ་བྱང་གི་ཕྱོགས་སོ་སོ་ནས་ཀྱང་དེར་མཐུན་གྱི་ཆུ་ཕྲན་མང་པོ་ལྷུང་ལྷུང་གི་སྒྲ་སྙན་པར་སྒྲོགས་བཞིན་གཞུང་ཆུ་དེར་འདྲེས་ཤིང་། ཕྱོགས་ཐམས་ཅད་ནི་རྩ་སྔོན་པོས་བར་མཚམས་མེད་པར་ཁྱབ་ལ། གཞུང་རྣམས་ནི་ནེའུ་གསེང་སྔོ་ལྗང་གིས་སྤྲས་པའི་བར་བར་ན་ཟླུམ་པོར་འཁྱིལ་བའི་ཆུ་མཚོ་མང་པོ་ཆེད་དུ་བཤམས་པ་འདྲ་བ། དབྱར་དུས་མེ་ཏོག་ཁ་དོག་དང་རིགས་མི་འདྲ་བ་དུ་མ་ཕྱོགས་དེར་ཁྱད་པར་དུ་བཀྲག་ཆེ་བས་ས་ཐམས་ཅད་འཇའ་ཚོན་ལྟར་བཀྲ་ལ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི་གཞི་དེར་རི་དྭགས་དང་གཡུང་དྭགས་ཀྱི་རིགས་མི་འདྲ་བ་རྣམས་བག་ཕེབས་པར་རྒྱུ་ཞིང་། མིའི་འགྲོ་བ་པ་རྣམས་ཀྱང་། རྗེ་མི་ལས། མི་ནི་མ་བཅོས་སྔོན་གྱི་མི། །སྤྱོད་པ་མ་བཅོས་དྲང་པོར་བྱེད། །ཅེས་གསུངས་པ་ལྟར། གཡོ་སྒྱུ་ཆུང་ལ། དད་གཞི་ཆེ་ཞིང་། དཔའ་རྩལ་རྒོད་པ་སོགས་ཡོན་ཏན་དུ་མས་བརྒྱན་པ་རྣམས་སྐད་སྙན་གྱིས་གླུ་དབྱངས་ལེན་པ་དང་། འབུ་སྦྲང་དང་འདབ་ཆགས་ཀྱི་རིགས་མཐའ་ཡས་པས་ཀྱང་རང་རང་གི་སྐད་ཀྱི་སྙན་འགྱུར་དུ་མ་སྒྲོགས་པས་ནི་རྣ་བའི་བཅུད་ལེན་དུ་གྱུར་ལ། ཡུལ་དེའི་དབུས་སུ་རི་བོ་བཀྲ་ཤིས་པའི་གསེར་ཉ་གཡས་སུ་འཁྱིལ་པ་ལྟ་བུའི་སྟེང་དུ་ཆོས་སྡེ་ཆེན་པོ་བཤད་སྒྲུབ་དར་རྒྱས་གླིང་ཞེས་གྲགས་པ་སྟེ། དེའང་འབྲོག་དགོན་དུ་སོང་གཤིས་གཟབ་འཕྱོར་གྱི་ཡོ་བྱད་དང་འཕྲལ་གྱི་མཛེས་ཆོས་ཀྱི་བསྒྲིགས་ལམ་རྣམས་ཆེར་མེད་སྟབས་ཕར་བལྟས་རྔམས་བརྗིད་རང་མི་ཆེ་ཡང་། དོན་ལ་གནའ་དུས་རིང་མོ་ཞིག་ནས་ད་ལྟའི་བར་རྩོད་མེད་ཡོངས་གྲགས་ཀྱི་མཁས་མཆོག་བརྒྱུད་མར་བྱོན་ཞིང་མདོ་སྔགས་རབ་འབྱམས་ཀྱི་འཆད་ཉན་འབྲུག་ལྟར་ལྡིར་ལ་གཞན་དབང་གིས་དེད་པ་ལྟ་བུ་མ་ཡིན་པར་རང་གིས་མོས་བཞིན་འདུས་པའི་བློ་གསལ་མཁས་པའི་ཁྱུ་ཚོགས་ཉིན་བཞིན་འཕེལ་ཞིང་། རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྤོང་པའང་རི་སུལ་གང་བ་ཙམ་བྱོན་ལ། དེ་དག་ཀྱང་ལུང་ཆོས་པ་རྣམས་གཞུང་དོན་གྱི་གནད་ཟིན་པས་དོན་མེད་ཀྱི་ཅ་ཅོ་ལྷུར་ལེན་དང་། རིག་པ་གླེགས་བམ་ལ་གནས་པའི་དཔེར་མ་སོང་བར་དོན་གྱི་མདོ་རྣམས་ཐུགས་ཐོག་ནས་ཤར་གྱིས་ཐོན་པ་དང་། སྒྲུབ་པ་པོ་རྣམས་ཀྱང་དབང་ཁྲིད་རྒྱ་གང་ཆེ་ལ་མཐོ་བསྙེགས་བྱས་ཀྱང་སྙིང་པོ་ངོས་བཟུང་མེད་པ་དེ་འདྲ་མ་ཡིན་པར་རང་རང་གི་ཉམས་ལེན་དེའི་དགོས་དོན་མན་ངག་དང་ལྡན་པའི་བླ་མ་ལས་བློ་དང་འཚམས་པའི་གོ་དོན་གྱི་བརྡར་ཤ་གཅོད་པ་སྔོན་དུ་བཏང་ནས་དངོས་གཞིའི་དུས་སུའང་བདག་ཅག་ལྟ་བུའི་གཅན་གཟན་རིར་ཉལ་གྱི་དཔེར་མ་སོང་བར་དཀའ་ཐུབ་དང་སྤྲོས་མེད་གཙོ་བོར་མཛད་པས་ཉམས་རྒྱུད་ལ་སྐྱེས་ཏེ་ལམ་སྣ་ཟིན་པ་སོགས་ཕལ་ཆེར་མངོན་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་མང་དུ་སྣང་ཞིང་། མ་ཟད་འཕྲལ་གྱི་བྱ་ཆ་ཆོས་སྤྱོད་ཀྱི་འདོན་བསྒྲིགས་རྣམས་ཀྱང་མཁས་པ་དཔང་བཞག་གིས་བློ་རྒྱུགས་སྤྲོད་ལེན་དར་སྟབས་ཚིག་གི་སྒྲ་དག་ཅིང་ཕྱག་ལེན་གྱི་ཁུངས་བཙུན་པ་ལ་མཆོག་དམན་ཐམས་ཅད་ཆབས་གཅིག་པ་མ་གཏོགས། འགའ་ཞིག་ཏུ་ངན་ཤེད་གང་ཆེའི་འཐེན་ཁྱེར་གྱིས་ཚིག་སྒྲ་དང་ཕྱག་ལེན་ར་ལུག་བསྲེས་པའི་འབའ་སྒྲ་ལྟར་ངེས་ངེས་ཅི་ཡང་མེད་པ་དེ་འདྲ་གཏན་མེད་ལ། མདོར་ན་ལུང་རྟོགས་དབང་བཙན་དུ་བྱས་ན་ཆོས་སྡེ་ཆེན་པོ་འདི་ཉིད་དུས་དེང་སང་ཙམ་ན་སའི་སྟེང་འདིར་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཆོས་གྲྭ་ཆེན་པོ་དེ་ནས་ཤར་ཕྱོགས་སུ་འགྲོ་ལམ་ཙམ་བརྒལ་བ་ན། མེ་ཏོག་དང་འབྲས་བུས་བརྒྱན་པའི་ལྗོན་ཤིང་གི་རིགས་མི་འདྲ་བ་བཅུ་ཕྲག་ལྷག་ཙམ་དང་། ཁྱད་པར་དུའང་སཱ་ལའི་ལྗོན་ཤིང་གིས་ཕྱོགས་ཐམས་ཅད་དོག་པོར་གཏམས་པའི་གསེབ་རྣམས་སུ་དཔའ་རྩལ་དང་མཆེ་སྡེར་གྱིས་བརྒྱན་པའི་གཅན་གཟན་གྱི་རྒྱལ་པོ་རྣམས་ཀྱིས་འཇིགས་སུ་རུང་བའི་ངར་སྐད་དུ་མས་ཨོ་རྒྱན་མཁའ་འགྲོའི་གླིང་དང་མཚུངས་ཤིང་། སྤུ་སྡུག་དང་གཤོག་རྩལ་ངོམ་པའི་འདབ་ཆགས་མཐའ་ཡས་པས་ཕྲ་སྦོམ་འདེགས་འཇོག་འགྱུར་ཁུགས་མ་ངེས་པའི་མགྲིན་སྙན་གྱི་རོལ་མོ་ཕན་ཚུན་འགྲན་པ་བཞིན་དུ་འཁྲོལ་བས་ནི་འཆི་མེད་དབང་པོའི་སྐྱེད་ཚལ་དང་འདྲ་ལ། དལ་གྱིས་འབབ་པའི་ཆུ་ཀླུང་ཆེན་པོ་རིན་པོ་ཆེ་སུ་ཝརྞའི་བྱེ་མ་འདྲེན་ཞིང་འབབ་པའི་གཡོན་ཟུར་ས་གཞི་པདྨའི་དབྱིབས་སུ་བཀྲ་ཞིང་། གནམ་སྔོན་གདུགས་ཀྱི་རྩིབས་ལྟར་ཕུབ་ལ། ལོགས་ཐམས་ཅད་ས་འཛིན་གྱི་ཕྲེང་བས་མཛེས་པར་བསྐོར་ཞིང་། ལ་ལ་དག་ཏུ་རིན་པོ་ཆེའི་གཏེར་ཁ་དུ་མ་རང་བྱུང་དུ་བརྡོལ་བ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མས་བརྒྱན་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མ་སྐལ་བཟང་རྒྱ་མཚོའི་ཞབས་ཀྱིས་བཅགས་ཤིང་ཡུན་དུ་བཞུགས་པར་གྲགས་པའི་གཙང་སྐུ་ཞེས་བྱ་བའི་གནས་སུའོ། །མགོན་པོ་གང་དུ་བལྟམས་པའི་གནས། །སྡེ་བཞིའི་ནོར་འཛིན་ཡངས་པའི་ལྗོངས། །དགེ་བཅུའི་དཔལ་གྱིས་གཞུང་མཛེས་པ། །མེས་པོས་ཆེད་དུ་སྤྲུལ་ལམ་སྙམ། །འཛིན་མ་དེ་ཡི་དབྱིབས་ཀྱིས་ནི། །ཝཱ་ར་ཎཱ་སིའི་དཔལ་བཟུང་ཞིང་། །ཡིད་འོང་ཡུལ་གྱི་འབྱོར་པས་ཀྱང་། །འཆི་མེད་གནས་ལ་ཅོ་འདྲི་མཁན། །ས་གཞི་ནོར་བུའི་ཁྲི་འཕང་སྟེང་། །ལུང་པ་འདབ་སྟོང་པདྨའི་དབྱིབས། །དུས་བཞི་སོ་སོའི་རང་མདོག་གིས། །ཞི་ཁྲོ་དུ་མའི་གདན་གཟུགས་འཆར། །སྔོ་ལྗང་རྩྭ་ཡི་མྱུ་གུ་ཡིས། །བར་མཚམས་མེད་པར་གཏམས་པ་ན། །གཡུ་ཡི་མེ་ལོང་གསར་པ་འམ། །མརྒད་ཞུན་མ་འཁྱིལ་བ་བཞིན། །ས་འཛིན་མཐོན་པོའི་རྩེ་མོ་ནི། །སྤྲིན་ལམ་དབྱིངས་སུ་སྙེགས་པ་ན། །ཆུ་འཛིན་གསར་པའི་ལག་པད་ཀྱིས། །དེ་ན་སྡོད་ཅེས་བཀག་པ་འདྲ། །རི་ཕྲན་དུ་མའི་རང་གཟུགས་ནི། །བཀྲ་ཤིས་རྫས་དང་རྟགས་སུ་ངོམ། །ལྷུང་ལྷུང་སྙན་པའི་ཆབ་སྒྲ་ཡིས། །གྲགས་སྟོང་སྐྱེ་མེད་ཆོས་སྒྲ་སྒྲོགས། །དཀར་དམར་འདབ་བརྒྱའི་མཚར་སྡུག་གིས། །མངོན་པར་བཀྲ་བའི་དུས་ཀྱི་ཚེ། །འཛིན་མ་དེ་ཡི་ཁ་དོག་ནི། །དབང་གཞུ་གསར་པའི་རྗེས་སུ་འགྲོ། །དབུས་ནས་དལ་འབབ་ཀླུང་ཆེན་ནི། །ལྟོ་འཕྱེ་བསྒྱིངས་ནས་འགྲོ་བ་ལ། །ཕྱོགས་ཀྱི་ཆུ་ཕྲན་དུ་མ་ནི། །ཀླུ་ཕྲན་འདུད་པའི་ངང་ཚུལ་བཞིན། །སྣ་ཚོགས་རི་དྭགས་གཡུང་དྭགས་རྣམས། །བག་ཕེབས་བདེ་བར་རྒྱུ་བ་དང་། །རྐང་དྲུག་བུ་དང་འདབ་ལྡན་ཚོགས། །ཡིད་འཕྲོག་ཟློས་གར་ཅི་ཡང་བསྒྱུར། །མི་རྣམས་མ་བཅོས་སྤྱོད་པའི་གཞིར། །དད་པའི་རྩ་བ་བརྟན་པ་ལ༑༑དཔའ་རྩལ་ལ་སོགས་ཡོན་ཏན་གྱི། །ཡལ་འདབ་སྟོང་གིས་ཉེ་བར་སྤྲས། །ཨོ་རྒྱན་རྗེ་དང་ཁྱད་པར་དུ། །དྲན་པ་ནམ་མཁའི་དམ་གནས་མཁན། །ཀྲོམ་ཆེན་ལྷ་ཡི་དགེ་བསྙེན་ཆེ། །བརྗིད་ཆགས་ལྷུན་པོའི་ངང་ཚུལ་བཟུང་། །སྨྱུག་མ་ཅན་ཞེས་གྲགས་པ་ཡི། །གདེངས་ཅན་དབང་པོ་རོལ་པའི་གནས། །གནམ་སྔོན་འདི་ཡི་དུམ་བུ་ཞིག །འཛིན་མ་དེ་རུ་འཕོས་པ་འདྲ། །སྟོབས་ལྡན་མ་ཧཱ་རོ་ཥ་ཞེས། །རི་བོ་གཡང་གི་གཏོར་མའི་དབྱིབས། །རྩེ་མོ་དགུང་སྔོན་དབྱིངས་སུ་བསྙེགས། །དམ་ལྡན་ཡོངས་ལ་བུ་ལྟར་འགོ། དེ་སོགས་ལེགས་བྲིས་གདེངས་ཅན་གྱི། །མཐུ་ལྡན་དཀར་ཕྱོགས་སྐྱོང་བ་འགས། །ལྗོངས་འདིའི་ལེགས་ཉེས་སྟངས་འཛིན་ནི། །སྐད་ཅིག་གཡེལ་བའི་གོ་སྐབས་བྲལ། །ཡུལ་ལྗོངས་དེ་ཡི་དབུས་སུ་ནི། །རི་བོ་གསེར་ཉ་ལྟ་བུའི་སྟེང་། །བཤ༵ད་སྒྲུབ༵་དར༵་རྒྱས༵་གླིང༵་ཞེས་པ། །དོན་ལྡན་མཚན་གྱི་སྙན་གྲགས་ཅན། །སྲིད་པ་འདི་ཡི་དཔལ་འབྱོར་ནི། །ཆོས་སྡེ་དེ་དང་མི་མཛའ་བས། །ཤཱཀྱའི་སྲས་ཀྱི་རྗེས་འབྲངས་པའི། །ཡང་དག་བརྟུལ་ཞུགས་ལ་གནས་ཀྱང་། །ལུང་དང་རྟོགས་པའི་དམ་ཆོས་ཀྱི། །བླ་ན་མེད་པའི་ཆོས་འབྱོར་ནི། །དེང་སང་ཙམ་ན་ས་སྟེང་འདིར། །འགྲན་ཟླ་བྲལ་བའི་རྣམ་ཐར་བཟུང་། །རིང་མོ་ཞིག་ནས་ད་ལྟའི་བར། །རྩོད་མེད་མཁས་པའི་ཁྱུ་མཆོག་འགས། །མདོ་སྔགས་གཞུང་བརྒྱའི་འཆད་ཉན་ནི། །དབྱར་རྔ་བཞིན་དུ་ཕྱོགས་དེར་ལྡིར། །བློ་གསལ་མཁས་པའི་འདུ་ཚོགས་ནི། །པདྨའི་ཚལ་དུ་བུང་བ་བཞིན། །དེ་དག་རྣམས་ཀྱི་བློ་གྲོས་ཀྱང་། །ཡར་ངོའི་ཟླ་བའི་དཔལ་བཞིན་ནོ། །དམ་པའི་མན་ངག་ས་བོན་ནི། །སེམས་ཀྱི་ཞིང་ས་ལ་བཏབ་ནས། །ཤུགས་དྲག་བརྩོན་པས་སྐྱོང་བ་ལས། །ཉམས་རྟོགས་འབྲས་བུས་རྒྱུད་ཕྱུག་པའི། །ཡང་དག་སྒྲུབ་པ་པོ་རྣམས་ཀྱིས། །དབེན་པའི་རི་སུལ་དོག་པོར་གྱུར། །དེ་དག་སྤངས་རྟོགས་ཡོན་ཏན་ནི༑༑ལེགས་ལྡན་དཔྱིད་ཀྱི་དགའ་སྟོན་དང་། །དགྱེས་མཛད་ཁྲོས་པ་འཁོར་བཅས་དང་། །གཏུམ་ཆེན་དཔལ་མགོན་ཞལ་བཞི་པ། །རྡོ་རྗེ་རབ་བརྟན་རྗེ་ཁོལ་ཟུང་། །སྤྲུལ་པའི་ཆོས་རྒྱལ་དཔོན་བློན་སོགས། །སྲུང་མ་རྒྱ་མཚོའི་ཚོགས་རྣམས་ནི། །ལུང་རྟོགས་བསྟན་པའི་རང་འོད་བཞིན། །རྣམ་བཞིའི་ཕྲིན་ལས་སྲིད་པ་འདིར། །མྱུར་བ་གཞན་གྱིས་དཔེར་མི་བཟོད། །མིང་དང་གཟུགས་ཀྱི་སྟོང་འུར་ནི། །མཆིལ་མའི་ཐལ་བ་བཞིན་བོར་ནས། །ལུང་དང་རྟོགས་པའི་ཡོན་ཏན་ཅན། །བསྟེན་ཅིང་བཀུར་བའི་སྦྱིན་བདག་མང་། །མཁས་པའི་ཞབས་སེན་རིན་ཆེན་ནི། །ས་དེར་ཕྱིན་པ་ཙམ་ཉིད་ནས། །དེད་དཔོན་མཁས་པས་ནོར་བུ་བཞིན། །དད་གསུམ་སྤྱི་བོའི་རྒྱན་དུ་མཆོད། །དེ་ལས་ཉིན་བྱེད་འཆར་བའི་ཕྱོགས། །ཚ་ལམ་གཅིག་ཙམ་བརྒལ་བ་ན། །མེ་ཏོག་འབྲས་བུ་གཡུར་ཟ་བའི། །རྐང་འཐུང་བཅུ་ཕྲག་ལྷག་ཙམ་དང་། །ཁྱད་པར་སཱ་ལའི་ལྗོན་ཤིང་གིས། །ཕྱོགས་ཀྱི་ཁོར་ཡུག་གཏམས་པ་ནི། །ཆར་སྤྲིན་སྟུག་པོ་འཁྲིགས་པ་བཞིན། །ནགས་ཀླུང་དེ་ཡི་གསེབ་རྣམས་སུ། །གཅན་གཟན་རྒྱལ་པོ་དུ་མ་ཡིས། །གཏུམ་པའི་ངར་སྐད་སྒྲོགས་པ་ནི། །གནས་ཡུལ་དུར་ཁྲོད་ཆེན་པོའམ། །འཇིགས་རུང་མཁའ་འགྲོའི་གླིང་དང་མཚུངས། །སྤུ་སྡུག་གཤོག་རྩལ་མཐའ་ཡས་ལ། །རབ་སྙན་སྐད་ཀྱང་སྣ་ཚོགས་པའི། །གཉིས་སྐྱེས་དབང་པོ་གྲངས་མེད་ཀྱིས། །མགྲིན་སྙན་རོལ་མོ་འཁྲོལ་བ་ན། །སུམ་རྩེན་གནས་ཀྱི་སྐྱེད་མོ་ཚལ། །དེ་ཡི་ཡིད་འོང་མཛེས་མ་དང་། །མཐོ་རིས་སིལ་སྙན་བཅས་པ་རྣམས། །གནས་དེར་ངེས་པར་འཕོས་སམ་སྙམ། །དལ་འབབ་གསེར་གྱི་བྱེ་མ་འདྲེན། །གནམ་སྔོན་གདུགས་ཀྱི་རྩིབས་ལྟར་ཕུབས། །ཕྱོགས་ཕྱོགས་རིན་ཆེན་གཏེར་ཁ་བརྡོལ། །ས་གཞི་པདྨའི་གདན་སྟེང་དུའོ། །གསུམ་པ་དུས་ནམ་གྱི་ཚེ་ཇི་ལྟར་བལྟམས་པ་ནི། ཟླ་ཚེས་སོགས་ཀྱི་ངེས་པ་མི་གསུངས་ཀྱང་སྤྱིར་ཤིང་མོ་བྱ་ཡི་ལོ་མགོ་ཙམ་ལ་སྐུ་འཁྲུངས་པ་ཡིན་ལ་དེ་དུས་ངོ་མཚར་གྱི་ལྟས་གཞན་ཡང་ཡོད་ཚོད་ལ་མ་ཐོས་ཤིང་། དེ་འཕྲལ་ཉེ་སྐོར་དེ་ནས་སྟག་རྒྱུག་པ་ཡིན་ཞེས་བཀའ་ལས་ཐོས་སོ། །འོ་ན་དེ་ཉིད་ཇི་འདྲ་ཞིག་ཡིན་སྙམ་ན། ཆེས་ཐུན་མོང་མ་ཡིན་པའི་ངོ་མཚར་ཆེན་པོ་ཡིན་ཏེ། དེའང་བྱཱ་གྷྲ་ཞེས་པ་དོན་ལ་སྦྱར་ན་མཚན་མ་དང་བྲལ་བ་ལ་འཇུག་པར་གསུངས་པས་གཟུང་འཛིན་ལས་འདས་པའི་སྐྱེས་བུ་ཆེན་པོ་ཉིད་དུ་བརྡ་ཐབས་ཀྱིས་མཚོན་པ་ཡིན་ཏེ་རྒྱུད་དང་མན་ངག་ཁུངས་མ་རྣམས་ནས་སྟག་ཤམས་ཀྱི་དག་པ་བཤད་པ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་ནས་ཁུ་བོ་བླ་མ་ལུང་རིགས་ཉི་མས། བཙོག་གྲིབ་ཀྱིས་མ་ཕོག་པར་གྱིས་ཤིག་པའི་ཞལ་ཏ་དང་། མཚན་འཇམ་དཔལ་རྒྱལ་མཚན་དུ་གསོལ། དུས་ཕྱིས་འཕྲལ་གྱི་བརྗོད་བདེ་ལ་ཨ་འཇམ་ཞེས་གྲགས་པའང་། མཚན་དེ་ཉིད་བསྡུས་པར་བརྗོད་པའི་དོན་ཅན་དུ་སྣང་ངོ་། །ཡང་རྗེ་འདི་གཟིམ་འོག་གོང་མ་དེའི་སྤྲུལ་པའི་སྐུ་འཁྲུལ་མེད་ཡིན་པའི་རྒྱུ་མཚན་ནི། སྤྱིར་དམ་པ་དེ་ཉིད་སྡེ་གཞུང་མ་འདི་ལ་སྔོན་ནས་ལས་སྨོན་གྱི་འབྲེལ་པ་ཡོད་ཕྱིར། དང་པོ་ཨ་མདོ་དང་འདི་གཉིས་ཆིབས་བསྒྱུར་གང་དུ་གནང་ལ་མནལ་ལྟས་བརྟག་པས། བྱང་ཕྱོགས་ན་ཞིང་ཆེན་པོ་ཞིག་ལ་སྙེ་མ་ཐར་ཐོར་ལས་མེད་པ་དང་། ཤར་གྱི་ཕྱོགས་ན་ཞིང་ཆུང་ངུ་ཞིག་ལ་ལོ་ཐོག་གིས་ཁྲིག་མེར་གང་བ་ཞིག་ཤར་བས་སྡེ་གཞུང་དུ་ཕེབས་རྒྱུར་སོང་བར་གསུངས་ལ། དེ་ནས་བཟུང་ལན་བཞིའི་བར་དུ་ཕེབས། ཡོན་མཆོད་འབྲེལ་བ་ཟབ་གཤིས་རྗེས་མའི་དུས་ཡར་ཕེབས་པ་ན་མཆོད་ཡོོན་གཉིས་ཀས་ཐུགས་འཕྲེང་པོ་གནང་། དབོན་པོ་ཨོ་རྒྱན་སྐྱབས་ཀྱིས་ཀྱང་ཉིད་ནམ་གཤེགས་པ་ན་ཡུལ་འདིར་ཐུགས་རྗེས་གཟིགས་ནས་འཁྲུངས་དགོས་ཚུལ་ཞུས་པར་ཞལ་བཞེས་གནང་ཞིང་། བླ་མས་ཀྱང་དཔོན་ཚང་སྦྲ་རྒན་ནང་ནས་དར་དཀར་གྱི་གཡབ་མོ་དང་། ཉིད་ཀྱིས་ཆིབས་ཁ་བསྒྱུར་བ་ལན་གསུམ་གྱི་བར་བྱེད་དུ་བཅུག་ནས་རྟེན་འབྲེལ་བསྒྲིག་པས། རྗེས་མའི་དུས་ཆིབས་པ་འགྱེལ་བས་ད་རྟེན་འབྲེལ་འགྲིགས་བྱུང་གསུངས་ནས་གདན་སར་ཕེབས་པས་སྔར་ནས་ཉིད་ཀྱི་རྣམ་ཐར་ཞལ་གསུངས་མར། དུས་ད་དུང་དྲུག་ཅུ་རྩ་དགུའི་བར། །སྡོད་ཟེར་བའི་ལུང་བསྟན་ཞིག་ནི་ཡོད། །རྐྱེན་བར་ཆད་མེད་ན་དེ་ལགས་ཏེ། །དགྲ་དམ་སེལ་བྱུང་ན་སྐད་ཅིག་ཡིན། །ཞེས་གསུངས་པ་ལྟར། དམ་སེལ་ཞིག་གིས་ཐུགས་སུན་ཏེ་ཁམས་ཕྱོགས་སུ་གཏན་ཕེབས་ཡིན་རྒྱུར་མཛད་ནས་ཕེབས་པས་སྒོ་ལ་ཕྱི་རྒྱབ་ཏུ་སྐུ་གྲིབ་ཅིག་གི་རྐྱེན་གྱིས་གཤེགས་པ་དང་། དེའི་རྗེས་ཐོགས་སུ་རྗེ་འདི་ཉིད་འཁྲུངས་པ་ཡིན་འདུག་ལ། དེའང་ལོ་ཤས་ནས་དབུས་ཕྱོགས་ཀྱི་འགྲུལ་པ་འགས། བླ་མ་ལུང་རིགས་མདུན་དུ། གཟིམ་འོག་སྤྲུལ་སྐུ་གདན་སར་ཁྲི་འདོན་མཛད་ཚུལ་གྱི་ཞུ་འཕྲོས་ཕུལ་བར། བླ་མའི་ཞལ་ནས་ང་རང་གིས་དཔོོན་ཚང་གི་འདི་ག་ཡིན་རྒྱུར་བྱས་པ་ཡིན་ཀྱང་། དེ་འདྲ་རེད་སོང་། ད་མི་སྐྱོན་འུ་ཅག་གི་སྤྲུལ་སྐུ་འདི་ཡིན་ཞེས་གསུངས་པ་ལ་བརྟེན་ནས་དམ་པ་དེ་ལ་མངོན་ཤེས་མངའ་བར་གྲགས་པས་དེ་ནས་བཟུང་སྤྲུལ་པའི་སྐུའི་མཚན་འཆང་ཞིང་། དུས་ཕྱིས་སྒ་སྟོན་འཇམ་མགོན་རིན་པོ་ཆེ་དང་། མཁན་ཆེན་གཞན་ཕན་སྣང་བ་གཉིས་ཀས་ཀྱང་ཞལ་མཐུན་པའི་ལུང་བསྟན་ཡང་ཡང་གནང་། རྗེ་ཉིད་ཀྱིས་ཀྱང་དེ་ལྟར་ཡིན་པ་ལ་ཞལ་བཞེས་ངེས་ངེས་ཁོ་ན་མཛད་དོ། །ཁྱད་པར་དུ་བཀའ་ལས་གོང་མ་དེ་སྤྱིར་མདོ་སྔགས་གཉིས་དང་ཁྱད་པར་དུ་ཤེར་ཕྱིན་དང་ལམ་འབྲས་གཉིས་ལ་ཤིན་ཏུ་མཁས་པ་ལ་ཁོ་བོ་ལའང་ད་ལྟ་དེ་གཉིས་དྲན་པ་གསོས་པ་ལྟ་བུའི་ལས་སླ་མོ་ཞིག་འདུག །རྫོགས་ཆེན་དུ་དཔེ་ཆ་སྦྱངས་དུས་ཀྱང་དེའི་སྔར་བླ་མ་ཟླ་འོད་སྐྱོར་དཔོན་ཡིན་པ་ལ་ཤེར་ཕྱིན་ལ་ཐུག་དུས་ཁོང་གིས་མི་ཤེས་པར་འདུག་གསུངས་ནས་ང་རང་གིས་སྐྱོར་དཔོན་བྱས་པ་ཡིན་ཞེས་ཕེབས་པ་དང་། ད་ལྟ་གདན་ས་ན་བཞུགས་པའི་སྤྲུལ་སྐུ་འདི་ཉིད་སྡེ་གཞུང་དུ་ཆིབས་བསྒྱུར་གནང་དུས། རྗེ་ཉིད་རི་ཁྲོད་དུ་བཅད་རྒྱ་དམ་སྐབས་ཡིན་པས། སྤྲུལ་པའི་སྐུ་རྗེའི་དྲུང་དུ་མཇལ་ཁ་ལ་སང་ཕེབས་རྒྱུའི་ནུབ་མོར་མནལ་ལམ་དུ་མི་ཞིག་གིས་དྲུང་དེར་བུ་རམ་སྒོར་མོ་བརྒྱ་དང་བརྒྱད་བརྩིས་ཏེ་འདི་སྐྱེ་བ་སྔོན་མ་ཁྱོད་ཀྱི་ཡིན། བར་སྐབས་སུ་གྲྭ་པ་ཞིག་གི་ལག་ཏུ་ཤོར་བས་ད་ཁྱེད་རང་གི་ཉར་ཚགས་ཀྱིས་ཞེས་པ་ཞིག་གསལ་པོ་བྱུང་བར། དེ་ཅི་འདྲ་ཞིག་ཡིན་དགོངས་པ་ན། ནངས་པར་སྤྲུལ་པའི་སྐུས་གཟིམ་འོག་གོང་མའི་ཕྱག་ཕྲེང་ཡིན་གསུངས་ནས་བོ་དྷིའི་ཕྲེང་བ་གཡུའི་ཕྲ་ལྡན་བརྒྱ་རྩ་བརྒྱད་པ་ཞིག་ཕྱག་རྟེན་དུ་ཕུལ་བྱུང་བ་དེ་ལ་བལྟ་བ་ཡིན་འདུག་ཅེས་འདི་ཡང་བཀའ་ལས་དངོས་སུ་ཐོས་སོ། །ཡང་ཉིད་ཀྱི་སློབ་མ་དགེ་བཤེས་ཤེས་རབ་ཆོས་མཆོག་དབུས་ནས་རྐང་གཏད་ཀྱི་རྗེའི་དྲུང་དུ་ཕེབས་པར་ཆོས་བསྒུགས་ཀྱི་ཚུལ་དུ་ཞལ་མ་མཇལ་བར་ཟླ་བ་གཅིག་ཙམ་བཞུགས་པ་ན། ནུབ་ཅིག་མཚན་ལམ་དུ་ནངས་པར་ཁྱོད་ཀྱིས་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་མཇལ་བ་ཡིན་གསེར་གྱི་འཁོར་ལོ་གཅིག་ཕུལ་དགོས་ཟེར་བ་བྱུང་བར། དེའི་ནངས་པར་རྗེའི་དྲུང་དུ་ཤོག་གསུངས་པའི་འབོད་མཁན་བྱུང་། ཁོང་དེ་ཉིད་དངོས་ཡིན་འདུག་ཅེས་དེ་ལས་ཐོས་ལ། འཁོར་ལོ་ཕུལ་ཟེར་བ་ཅི་ཡིན་མི་ཤེས་ཞེས་གསུངས་ཀྱང་དད་པ་ཁོར་མོ་ཡུག་ཏུ་བྱ་དགོས་པའི་དོན་ཡིན་ནམ་སྙམ་མོ། །གཞན་ཡང་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་ཡང་སྲིད་འཁྲུལ་མེད་དུ་ངེས་པའི་གསུངས་རིགས་བདག་དང་། བཀྲ་ཤིས་ཆོས་ལྡན། དབུ་རྒན་ཟླ་བ་སོགས་དུ་མ་ལ་རྗེ་ཉིད་ཀྱིས་ཕེབས་པར་ཐོས་ཤིང་། ཁྱད་པར་དུ་བཀྲ་ཤིས་ཆོས་ལྡན་གྱིས། འཇམ་མགོན་བླ་མའི་དྲུང་དུ། འུ་ཅག་གི་སྤྲུལ་སྐུ་རིན་པོ་ཆེ་འདི་རྟོགས་པ་ཅི་ཙམ་ཡིན་ཞུས་པར། ཞལ་སྔ་ནས། ལྗགས་བརྐྱངས་པར་མཛད་དེ། འ་འི་ས་བདུན་པ་ཡིན་ཞེས་གསུངས་ཚུལ་དེ་ཉིད་ལས་ཐོས་པ་འདི་ཡང་ཀུན་མཁྱེན་བཀྲ་རྣམ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བའི་གསུངས་རིགས་སུ་མངོན་ནོ། །དེས་ན་འཁྲུལ་བ་ཅུང་ཟད་ཀྱང་མེད་ལ། ད་དུང་ནཱ་ལེནྡྲར་ཕེབས་དུས་སོགས་རྒྱུ་མཚན་འགའ་རེ་རིམ་བཞིན་འཆད་པར་འགྱུར་རོ། །རྐང་འཐུང་གསར་པའི་ཁམས་ཉིད་དང་། །འདབ་ལྡན་དབང་པོ་འགྲོགས་པའི་ལོར། །ཞག་གི་ཕུང་པོ་མང་ཙམ་ཞིག །སྔོན་གྱི་ས་ལ་གཤེགས་པའི་དུས། །ཟག་མེད་ཡུམ་གྱི་ཆུ་གཏེར་ལས། །ཡོངས་རྫོགས་བསྟན་པའི་སྣང་བྱེད་ཁྱོད། །འགྲོ་འདིའི་བསོད་ནམས་མཁའ་དབྱིངས་སུ། །མཚན་དཔེའི་ཉིན་བྱེད་གསར་པ་འཆར། །ལུམྦཱའི་ཚལ་ནི་ཉམས་དགའ་བར། །སྲིད་གསུམ་མགོན་པོ་བལྟམས་པ་ན། །ང་ནི་སྲིད་ལས་འདས་པ་ཞེས། །ཉིད་ཀྱི་ཚངས་དབྱངས་གསུང་གིས་བསྒྲགས། །སཱ་ལའི་ཤིང་ཆེན་རྒྱས་པ་རུ། །མགོན་ཁྱོད་འཁྲུངས་པའི་དུས་ཀྱི་ཚེ། །རྒྱ་སྟག་ཁྲ་བོས་བརྡ་ཐབས་ཀྱིས། །སྲིད་ལས་འདས་པའི་གསང་བ་བསྙད། །གཞན་དུ་རྒྱལ་དང་རྒྱལ་སྲས་ལ། །ངོ་མཚར་ཡོན་ཏན་ཐ་དད་ཞིག །གཟུར་གནས་བློ་ཡིས་ཡུན་རིང་དུ། །བརྟགས་ཀྱང་རྙེད་པར་ནུས་མ་ཡིན། །སྒྲིབ་མེད་སྤྱན་མངའ་ཁུ་བོ་རྗེས། །ཟླ་མེད་དམ་པའི་ཡང་སྲིད་དུ། །འཁྲུལ་མེད་ངོས་འཛིན་ལེགས་གནང་ཞིང་། །དོན་ལྡན་མཚན་གྱི་ཅོད་པན་བཅིངས། །འདི་ན་རྣམ་མང་ཐོས་པའི་བུ། །དབུལ་པོའི་ཁྱིམ་དུ་སྐྱེས་པ་ལྟར། །དམ་པའི་ཡང་སྲིད་ཕལ་མོ་ཆེ། །ལུང་རྟོགས་ནོར་གྱི་དབུལ་བ་ན། །གོང་མའི་ཡོན་ཏན་མ་ལུས་པ། །གཟུགས་སྐུ་འདི་ལ་ཀུན་རྫོགས་པས། །རྒྱུ་འབྲས་བསླུ་བ་མེད་པའི་ཆོས། །ཁྱོད་གཅིག་ཁོ་ནས་སྲིད་འདིར་ངོམ། །གཉིས་པ་ལ་གཉིས། སྐྱེས་པས་ཐོབ་པ་དང་། སྦྱངས་བ་ལས་བྱུང་བའོ། །དང་པོ་ནི། སྤྱིར་རྣམ་བྱང་གི་དབང་པོ་ལྔ་རབ་འབྲིང་ཐ་མར་གྱུར་པ་ལས་གང་ཟག་རབ་འབྲིང་ཐ་མར་འཇོག་དགོས་པས། རྗེ་འདི་ལ་ནི་དེ་དག་སྐྱེས་པས་ཐོབ་པའི་ཚུལ་གྱིས་ཤིན་ཏུ་གསལ་ཞིང་བརྟན་པ་མངའ་བ་ཡིན་ཏེ། དེ་ཡང་དད་པ་ནི་ཆུང་ངུའི་དུས་ནས་རང་བཞིན་གྱིས་སྤངས་བླང་འཛོལ་མེད་དུ་སྤྱོད་ལ། འབྲི་ཀློག་ཕུལ་མཁན་གྱི་སློབ་དཔོན་རྣམས་ལའང་གུས་པས་བཀུར་ཞིང་། དགེ་བཤེས་དབང་གྲུབ་དེར་བཞུགས་ནས་སྐུ་ཡོན་ཅུང་ཟད་རེ་བསླབ་པར་བྱིས་པའི་གཅེས་མིང་གིས་ཨ་བླ་མ་ཞེས་འབོད་པར་མཛད་ལ་ཤིན་ཏུ་གུས་པས་བཀུར་བ་ལས་འདྲ་མཉམ་གྱི་ལུགས་གཏན་མི་མཛད་དེ། དེའི་དུས་གསུང་རྩོམ་གནང་བ་འགའ་ཞིག་ཏུའང་ཨ་བླ་མ་ཞེས་པའི་ཚིག་ཟུར་ཅན་གྱི་ཆེ་བརྗོད་སོགས་འདུག །ཁྱད་པར་དུ་བྱམས་མགོན་གྱི་གསེར་སྐུ་ཞིག་བཞུགས་པ། བཀའ་ལས། ཁོ་བོ་ཆུང་ངུའི་དུས་བྱམས་མགོན་ལ་ཤིན་ཏུ་དད་པོ་ཞིག་ཡོད་ཀྱང་བྱིས་པ་ཆུང་སྟབས་གཅེས་པ་དང་དད་པ་ནོར་ནས་སྐུ་བརྙན་འདི་ཉིན་མོ་རྩེད་མོའི་གྲལ་དུ་ཁྱེར་ནས་བཞུགས། མཚན་མོ་རུམ་ནང་དུ་བཅུག་ནས་ཉལ་བ་ཡིན་ཞེས་གསུངས་ལ། བྱིས་པ་རང་ག་བ་ལ་དེ་འདྲའི་བག་ཆགས་ག་ལ་ཡོད། བརྩོན་འགྲུས་ནི། དེ་དུས་ནས་གཅིག་ཏུ་དགེ་བའི་ལས་ལ་སྤྲོ་ཞིང་ཐུགས་སྟོབས་ཕུལ་དུ་ཕྱིན་པས་གཉིད་རྨུགས་ལེ་ལོ་སོགས་རྒྱང་དུ་བསྲིང་བ་ཞིག་ཡིན་འདུག་སྟེ། བཀའ་ལས། ང་རང་མི་ཞིག་ལ་གཉིད་མི་དགོས་པའི་ཡོན་ཏན་ཞིག་ཆུང་ངུའི་དུས་ནས་ཡོད་ཅེས་ཡང་ཡང་ཕེབས་ལ། ཡང་ཁོ་བོ་གཞོན་པའི་དུས་དཔོན་ཚང་དུ་ཐར་ཆོག་བཙུགས་འདུག་པར་ཉིན་མཚན་བར་མེད་དུ་འདོན་དགོས་རྒྱུ་ལ་ལ་ཕལ་ཆེར་གྱིས་གཉིས་གསུམ་ལས་མ་འཁྱོལ། ཕྲན་གྱིས་ཉིན་མཚན་རིལ་པོ་དགུ་ལ་གཏན་མ་གཉིད་དེ་ནས་ལངས་བཞིན་དུ་གཉིད་སོང་འདུག་ཅེས་གསུངས་ཤིང་། དུས་ཕྱིས་ཀྱང་ནམ་གུང་ཅུང་ཟད་ལས་མནལ་མི་མཛད་པ་ནི་རྒྱུན་པར་ཡིན་ནོ། །དྲན་པ་ནི། དགུང་ལོ་གསུམ་གྱི་དུས་དཔོན་ཚང་ཞལ་ངོ་རྣམས་དབུས་ཕེབས་གནང་ནས་ཡུམ་ལྷ་སར་སྐུ་གཤེགས་པ་ལ། འདའ་ཁར་བུ་འདི་རབ་ཏུ་བྱུང་ནས་ཆོས་བསྒྲུབ་ཏུ་བཅུག་པ་ཞིག་མ་འཕྱུགས་ཞེས་གསུངས་པའི་ཞལ་ཆེམས་གནང་བར། ཕྱིས་སུའང་བཀའ་ལས། མ་བརྗེད་ཨ་མའི་ཞལ་ཆེམས་སྙིང་ལ་ཆོངས། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་ནས་མར་ལམ་དགེ་རྒན་དབྱངས་སྙན་བྱ་བས་སྐྱོང་བཞིན་བྱོན་པས། ལམ་ཁ་ཞིག་ན་ཆུ་མགོ་ཞིག་འདུག་པར་རྗེ་འདིས་དགེ་རྒན་གྱི་རུམ་ནས་མ་གི་ཆུ་འདི་དྲོན་མོ་རེད་འདུག་གསུངས། ཅིས་ཤེས་ཞུས་པས། ཨ་མ་ངེད་གཉིས་ཡར་ལམ་ལག་པ་བཀྲུས་པ་ཡིན་གསུངས་པས་ངོ་མཚར་དུ་གྱུར་ཏེ། དེར་བྱོན་ནས་བལྟས་པས་དེ་བཞིན་དུ་འདུག་པར། སྙིང་རྗེ་བ་ལྟ་བུ་དང་ངོ་མཚར་བ་ཅིག་ཆར་དུ་བྱུང་ཞེས་དེ་ཉིད་ཀྱིས་རྗེ་ཉིད་ལ་ཞུས་པ་བཀའ་ལས་ཐོས་སོ། །ཡང་སྐབས་གཞན་དུ། དེ་དུས་ཡར་ལམ་གང་ནས་ཕེབས་པའི་ལམ་དང་མཛད་སྤྱོད་ཐམས་ཅད་ཐུགས་དྲན་གསལ་པོ་ཡོད་ཚུལ་ཡང་། དགེ་རྒན་ཨ་བསོད་སོགས་འགའ་ལ་རྗེ་ཉིད་ཀྱིས་ཕེབས་འདུག་པ་དེ་དག་ལས་ཐོས་སོ། །ཏིང་ངེ་འཛིན་ནི། བཀའ་ལས་རྨི་ལམ་འདི་སྦྱངས་གོམས་ཅི་ཡང་མ་དགོས་པར་ང་རང་ལོ་གསུམ་གྱི་དུས་ནས་རང་ཟིན་ལ་ཡོད་པ་ཡིན། དགའ་ལྡན་དུ་འགྲོ་སྙམ་ནས་ནམ་མཁའ་ལ་འཕུར་བ་མང་དུ་བྱས་ཀྱང་སླེབ་པ་ཙམ་མ་བྱུང་། ལན་ཅིག་དཔོན་ཚང་གི་སྦྲ་རྒན་གྱི་ཁ་ཚབ་ལ་ཐོགས་ནས་གཉིད་སད་པ་ལྟ་བུ་ཞིག་བྱུང་། དེ་ལ་དཔགས་ན་དཔོན་ཚང་འདིས་ཀྱང་ཅུང་ཟད་འཆིང་བ་ཡིན་ནམ་སྙམ། ད་ནི་དཀོར་གྲིབ་ཀྱིས་བསྒྲིབས་ནས་དེ་འདྲ་མི་འདུག་ཅེས་མཇུག་སྦས་པའི་ཚུལ་དུ་གསུངས་སོ། །ཤེས་རབ་ནི། བྱིས་པའི་དུས་ནས་ཐུགས་རབ་ཤིན་ཏུ་གསལ་བས་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན་ཅིང་། དགུང་ལོ་དྲུག་བདུན་ནས་ཀྱང་གསུང་རྩོམ་ཐར་ཐོར་དང་། དགུ་པ་ལ་སྙན་ངག་དཔེར་བརྗོད་ཐོར་བུ་མཛད་པའང་ཤིན་ཏུ་སྙན་འགྱུར་ཅན་དང་། བཅོ་ལྔ་པ་ལ་སྤྱོད་འཇུག་ཤེར་ལེའི་དོན་འགྲེལ་ཉུང་ངུ་ཞིག་བརྩམས་པ་གནང་བ་མཁས་པས་དཔྱད་བཟོད་པ་ཡིན་ལ། བཀའ་ལས་ཁོ་བོ་ལོ་བཅུ་བཞིའི་དུས་ཨ་ཁུ་བླ་མ་དེ་སྐུ་གཤེགས། དེ་ནས་གྲྭ་ཚང་གིས་མྱ་ངན་བསལ་བའི་ཕྱིར་ཁྱེད་རང་མྱུར་དུ་ཁྲི་ལ་བཞག་དགོས་གསུངས་ནས་ནངས་པར་སྒྲུབ་མཆོད་འཚོགས་རྒྱུའི་དེ་རིང་དེར། ལམ་དུས་སྔར་ནས་ཤེས་པ་ལ་ཀྱེ་རྡོར་དབང་ཆུ་བློ་ལ་བཟུང་བ་ཉི་མ་གཅིག་གིས་བྱང་པོ་ཞིག་ཟིན་དེ་ང་རང་གི་སྐྱེས་ཐོབ་ཀྱི་ཤེས་རབ་ཡིན། དུས་ཕྱིས་ཚར་ལུགས་མཁའ་སྤྱོད་མའི་ཆོ་ག་དེ་མར་མེ་ཀོང་བུ་ཆུང་ཆུང་ཞིག་གི་ཡུན་ལ་བཟུང་བ་ཡིན་དེ་ལྷག་པའི་ལྷས་བྱིན་རླབས་ཡིན་ཞེས་དངོས་སུ་ཕེབས་སོ། །ཡང་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་སྙིང་རྗེ་ཆེན་པོ་བཅོས་མིན་དུ་མངའ་བས། སྐུ་ན་ཕྲ་བའི་དུས་ནས་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་མཐོང་ཐོས་བྱུང་ཙ་ན་སྤྱན་ཆབ་དབང་མེད་དུ་གཡོ་བ་དེ་འདྲ་མང་དུ་མཛད་པ། གཅིག་ལ་དཔེར་མཚོན་ན། སྤྲུལ་སྐུ་ལུང་རིགས་མདུན་དུ་ཞབས་འབྲིང་པ་འགའ་དང་། བླ་མ་དཔལ་ལྡན་བཅས་བཞུགས་པར། སྔ་མོར་བླ་མ་དེའི་ཕ་དེ་བོད་པས་བཙན་བཟུང་བྱས་ཏེ་ཁྲིད་སོང་བས་ལམ་བར་ནས་ཉག་ཆུའི་ནང་དུ་མཆོངས་ཤོར་བར་དེ་འདྲའི་གསུང་གླེང་མཛད་པས་རྗེ་འདིས་སྔར་གསན་མ་མྱོང་བས་དེ་འཕྲལ་བཤུམས་པས། བླ་མ་དེ་ཡི་ཞལ་ནས། འདི་ཚོས་དགའ་བ་ལ། བྱིས་པ་ཆུང་ངུ་ལ་འདི་འདྲའི་སྙིང་རྗེ། ང་ནི་རང་གི་ཕ་རྒན་ཡིན་ཀྱང་། ད་ནི་ཡུན་རིང་སོང་བས་ངུ་རྒྱུ་རང་མི་འདུག་ཅེས་གསུངས་ཤིང་ངོ་མཚར་དུ་འཛིན་པ་དང་། ཁུ་བོ་བླ་མས། རྗེ་འདི་ཉིད་དབུ་གདུགས་ལྟར་ཕུབས་ལ་ཆེ་བའི་མཚན་བཟང་མངའ་བ་ཞིག་ཡོད་པར། རང་གི་དཔོན་པོར་སོང་གཤིས་འཕྲལ་སྐད་བརྙས་ཚིག་ལྟ་བུའི་མགོ་ཆེ་ཞེས་འབོད་པ་གནང་སྲོལ་ཡོད་འདུག་པར། མགོ་ཆེ་འདི་ངུ་བའི་རྒྱུ་མཚན་གང་ཡིན་བརྟག་དགོས་ཞེས་གསུངས་ལ༑དེ་ཡང་བཀའ་ལས་ཁོང་གི་གསུང་རིགས་དེ་ནི། མི་དེ་ངེད་ཀྱི་མངའ་ཁུལ་དུ་གཏོགས་པ་ཡིན་པས་དེ་ལྟར་མ་འོས་སྙམ་ནས་ཞེ་སྡང་གིས་ངར་ངུ་དང་། སྙིང་རྗེ་སྐྱེས་པ་གང་ཡིན་བརྟགས་དགོས་གསུངས་པ་ཡིན་ཀྱང་། དེ་དུས་ང་རང་ལ་དེ་འདྲའི་སྐྱོན་ཡེ་མེད། སྙིང་རྗེ་ཁོ་ན་ཡིན་ཞེས་ཕེབས་སོ། །དབུ་ལ་བཀྲ་ཤིས་གདུགས་ལྟར་ཕུབས་པ་དེ། །རང་གི་ཕྱོགས་ལ་བསྟོད་པར་གྱུར་དོགས་ནས། །ཚོགས་སུ་བརྗོད་པར་མ་བཟོད་སྤྲུལ་པའི་སྐུས། །བརྙས་ཚིག་ཟོལ་གྱིས་མངོན་པར་བསྟོད་དམ་སྙམ། །ཡང་དབེན་གནས་ཉམས་དགའ་བ་གཟིགས་པ་ཙམ་གྱིས་ཐུགས་འཕྲོག་སྟེ་བདག་འདི་ལྟ་བུ་ལ་ནམ་ཞིག་ན་གནས་པར་འགྱུར་སྙམ་དུ་ཐུགས་སྨོན་མཛད་པ་ཡིན་ཏེ། དེ་ཡང་། དགུང་ལོ་བདུན་གྱི་དུས་རྫ་ཆུ་ཁར་མང་དགེ་རྡོ་རྗེ་འཆང་གི་རི་ཁྲོད་མཇལ་བའི་ཚེ་ཐུགས་དད་གཏིང་ནས་གཡོས་ཏེ། རང་དབང་མེད་པར་བཤུམས་པས་གྲྭ་རྒན་འགའ་ཞིག་སྐུ་འཁོར་དུ་ཡོད་པ་རྣམས་ཀྱིས། ལ་ལས་དད་པ་དང་། འགའ་རེས་མཚར་སྣང་སྐྱེ་བའང་འདུག་ཅེས་བཀའ་ལས་ཐོས་སོ། །གཞན་ཡང་བྱིས་པའི་དུས་ཉིད་ནས་གཤིས་བཟང་ཞིང་། རང་རྒྱུད་འཇམ་པ། ཆགས་སྡང་ཆུང་ཞིང་སྙིང་སྟོབས་ཆེ་བ། སྨྲ་བ་མཁས་ཤིང་གསུང་གསང་ཟབ་པ། སེར་སྣ་ཆུང་ཞིང་གཏོད་ཕོད་ཆེ་བ། རྒྱུད་དྲང་ཞིང་མཆོག་དམན་ཐམས་ཅད་ལ་ཕན་འདོགས་འབའ་ཞིག་མཛད་པ་སོགས་སྔོན་དུས་ཀྱི་རྒྱལ་སྲས་ཆེན་པོ་རྣམས་ཀྱི་རྣམ་ཐར་མ་སྦས་པར་གསལ་བ་ཞིག་གོ། མ་ལ་ཡ་ཡི་རྐང་འཐུང་ནི། །ཐ་དད་དོན་མཐུན་མང་པོ་ཡིས། །ཕྱོགས་ཕྱོགས་ཀུན་ཏུ་ཁྱེར་ན་ཡང་། །དྲི་བཟང་ཉམས་པར་འགྱུར་བ་མེད། །དམ་པའི་ལྗོན་པ་འདི་ཡང་ནི། །སྐྱེ་བའི་སྲིད་པ་མང་འདས་ཀྱང་། །དེ་ཡི་ལུང་རྟོགས་བསུང་ཞིམ་ནི། །ཉམས་པ་མེད་པའི་ཚུལ་ལ་ལྟོས། །སྐྱེ་བའི་སྡོང་བུ་བཟུང་ཙམ་གྱིས། །བླང་དོར་དག་པའི་པདྨོ་ལ། །བླ་མ་རྣམས་དང་ལྷག་པའི་ལྷ། །མི་ཕྱེད་གུས་པའི་འདབ་སྟོང་བཞད། །མི་ཕམ་མགོན་པོའི་ཡེ་ཤེས་ནི། །ས་ལེ་སྦྲམ་གྱི་སྣང་བརྙན་དུ། །མངོན་པར་སྤྲུལ་པའི་སྒྱུ་ཐབས་ཀྱིས། །ཉིད་ཀྱི་རྩེ་གྲོགས་བྱོན་པར་ངེས། །གཉིད་རྨུགས་ལེ་ལོའི་དགྲ་ཚོགས་ནི༑༑སྲིད་པ་དུ་མར་འཁོན་པའི་ཕྱིར། །ཁྱོད་ཉིད་མཐོང་བ་ཙམ་ཉིད་ནས། །དེ་དག་རིང་དུ་འབྲོས་པར་ཟད། །ཡང་དག་དགེ་བའི་ལས་ལམ་ལ། །སྤྲོ་བ་དམ་པའི་བརྩོན་འགྲུས་ནི། །ཁྱོད་དང་ཡུན་རིང་མཛའ་བའི་ཕྱིར། །ད་ལྟ་བློ་དང་ལྷན་ཅིག་སྐྱེས། །དོན་ཀུན་གྲུབ་པ་བལྟམས་པ་ནས། །ཉིན་ཞག་མེ་ཡི་གྲངས་སོང་ཚེ། །སྒྱུ་འཕྲུལ་ཆེན་མོའི་སྤྲུལ་པ་ནི། །ལྷ་ཡུལ་ལྷ་ལ་བསྡུས་པ་ལྟར། །རྒྱལ་བའི་སྲས་ཁྱོད་འཁྲུངས་པ་ནས། །བགྲང་བྱ་གསུམ་ཙམ་འདས་པ་ན། །ཡུམ་མཆོག་ཌཱ་ཀཱིའི་དབང་མོ་དེ། །རང་བཞིན་དག་པའི་དབྱིངས་སུ་གཤེགས། །ཆབ་ཀྱི་རེག་བྱར་སྒྲོ་བཏགས་ནས། །མི་བརྗེད་གཟུངས་དང་སྤོབས་པ་སོགས། །བླ་ན་མེད་པའི་ཡོན་ཏན་འགའ། །སྐལ་བ་ལྡན་ལ་ཁྱོད་ཀྱིས་བསྙད། །དུས་གསུམ་གཏོགས་པའི་ཆོས་ཐམས་ཅད། །མཁྱེན་པའི་སྐད་ཅིག་ལ་རྫོགས་ན། །ཕྱོགས་རེའི་གསུང་གསང་འདི་འདྲ་བ། །རྫུན་དུ་སྨྲ་བར་མི་འགྱུར་རམ། །མནལ་ལམ་འོད་གསལ་སྤྲུལ་བསྒྱུར་ནི། །མ་འབད་ངང་གིས་འབྱུང་བའི་ཕྱིར། །དེ་ཡི་ཤིང་རྟ་ལ་ཆིབས་ནས། །དགའ་ལྡན་ལན་མང་བགྲོད་ཅེས་པ། །དྲི་མེད་རྣམ་ཐར་གཙང་མ་འདི། །གཡོ་མེད་དྲང་པོར་གསུངས་ན་ནི། །སྐལ་མེད་བདག་གི་བློ་ཡུལ་དུ། །ཤོང་བ་མིན་པའི་ཐུགས་དོགས་ཀྱིས། །དོན་གྱི་དངོས་པོ་གཅིག་ཉིད་ལ། །ལ་ལ་གསལ་དང་འགའ་ཞིག་ནི། །ཤིན་ཏུ་སྦས་པའི་ཚུལ་གྱིས་ནི། །རྗེས་སུ་དཔག་པ་བསྐྱེད་པར་དགོངས། །འཛམ་གླིང་རྒྱན་མཆོག་ཐོགས་མེད་ཞབས། །བཅུ་གཉིས་ལོ་ཡི་སྒྲུབ་ཐབས་ཀྱིས། །ལན་ཅིག་དགའ་ལྡན་ཕེབས་ཞེས་པའི། །གཏམ་བསྙད་དེ་ལ་ངོ་མཚར་ཅི། །འོད་གསལ་གཤོག་རྩལ་ལ་བརྟེན་ནས། །ནམ་འདོད་དུས་ཀྱི་སྐད་ཅིག་ལ། །དགའ་བ་བརྒྱ་ལྡན་ཞིང་མཆོག་ཏུ། །བྱོན་པའི་གབ་ཚིག་འདི་ཀོ་མཚར། །སྐྱེ་བས་ཐོབ་པའི་ཤེས་རབ་ཀྱང་། །སྲིད་ཞིའི་ཕ་རོལ་སོན་པའི་ཕྱིར། །ད་གདོད་ལྷག་པའི་ལྷས་བྱིན་པའི། །ཟབ་རྒྱས་ཐུགས་རབ་ཡོད་པར་འགལ། །འོན་ཀྱང་ཆོས་ཅན་མཐའ་ཡས་ཤིང་། །ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །གང་ལྟར་བཤད་ཀྱང་མི་འགལ་བ། །བདེན་སྟོང་སྒྱུ་མའི་ཁྱད་ཆོས་སོ། །དད་བའི་རྩ་བ་བརྟན་པ་ལ། །དྲན་དང་བརྩོན་པའི་ཡལ་འདབ་ཅན། །ཏིང་འཛིན་མེ་ཏོག་ཤེས་རབ་ཀྱི། །འབྲས་བུ་ཕུན་སུམ་ཚོགས་པ་འདི། །མི་སྦྱིན་སྐྱེས་དང་སྦྱིན་སྐྱེས་ཀྱི། །རྩོད་པའི་དྲི་མས་མ་གོས་ལ། །འཕྲལ་ཡུན་ཕན་དང་བདེ་བ་ཡི། །དགོས་རྒུ་འབྱུང་བ་ངེས་པའི་ཕྱིར། །སྔོན་མེད་བསྟན་འཛིན་ཡོངས་འདུའི་དབང་། །ཐུབ་བསྟན་འཆི་མེད་ཡུལ་ལྗོངས་ན། །ཁྱོད་ཉིད་ཁོ་ན་མ་གཏོགས་པར། །དཔེར་འོས་སྲིད་པའི་ཁོངས་འདིར་མེད། །དབེན་པའི་གནས་ལ་དད་པའི་རྩལ། །ཉམ་ཐག་འགྲོ་ལ་སྙིང་རྗེའི་ཤུགས། །བློ་ཆེན་བྱེ་བའི་བློ་རྩལ་རྫོགས། །གཞོན་ནུའི་སྐུ་ཅན་དེར་ཕྱག་འཚལ། །གཉིས་པ་སྦྱངས་པ་ལས་བྱུང་བ་ལ་གསུམ། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ། དམ་པའི་ཡོན་ཏན་མཁས་བཙུན་བཟང་གསུམ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་མོ། །དང་པོ་ལ་གསུམ་ལས། དང་པོ་ཐོས་པ་ནི། རྒྱལ་བ་ཉིད་ཀྱི་རྒྱལ་ཚབ་ཏུ་ངེས་པའི་རིས་མེད་ཀྱི་དམ་པ་མང་པོ་ཚུལ་བཞིན་དུ་བསྟེན་ཏེ། མདོ་སྔགས་རིག་གཞུང་གསར་རྙིང་རིས་མེད་ཀྱི་ཆོས་ལ་མང་དུ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་པ་ཡིན་ལ། དེའང་རྗེ་འདི་ཉིད་ཀྱིས་བཀའ་ཆོས་གསན་པའི་དགེ་བའི་བཤེས་གཉེན་གྱི་གྲངས་ནི། ཞལ་སྔ་ནས་བཅུ་ཕྲག་གཉིས་ཀྱི་ཡོངས་འཛིན་དམ་པ་ལ་ཞེས་གསུངས་ཀྱང་དེའི་རྗེས་སུའང་འགའ་རེ་ཡོད་འདུག་པས་བཅུ་ཕྲག་གཉིས་ལྷག་ཙམ་ཞིག་བཞུགས་པ་ཡིན་ལ། དེ་དག་ལས་ཀྱང་རྩོད་མེད་ཀྱི་མཁས་གྲུབ་ཆེན་པོ་བཞི་དང་། བཀའ་དྲིན་འགྲན་ཟླ་དང་བྲལ་བ་གཅིག་གོ། དེ་རྣམས་ལས་གསན་པ་མཛད་ཚུལ་ནི། རྗེ་འདི་ཉིད་ལ་ཡི་གེའི་ཕྱི་མོ་སོགས་ཀློག་ཡིག་དང་པོར་སློབ་པའི་སློབ་དཔོན་ཡང་གསང་བདག་བློ་གཏེར་དབང་པོ་ཡིན་ལ་དེ་ནས་བཟུང་ཐུགས་རབ་ཆེ་བས་འབྲི་ཀློག་ཚེགས་མེད་དུ་མཁྱེན་ཞིང་། བསྒྲིགས་འདོན་སོགས་ཀྱང་སྔ་ཕྱི་ཅི་རིགས་པར་ཞར་ལ་མཁྱེན་པ་ལས་ཆེད་དུ་རྩོལ་བ་ཆེར་མ་དགོས་སྟབས། དགུང་ལོ་དྲུག་བདུན་ནས་གསན་སྦྱངས་ཀྱི་དབུ་ཚུགས་པ་ཡིན་ལ། དེ་ཡང་ཐོག་མར་ཆོས་རྗེ་འདུལ་འཛིན་ཆེན་པོ་དགེ་བཤེས་བསྟན་འཛིན་དབང་གྲུབ་དཔོན་ཚང་དེར་བཞུགས་ནས། དག་ཡིག་ལེགས་བཤད། སྤྱོད་འཇུག་ལེ་བཞི་སོགས་དེ་དུས་ཀྱི་ཐུགས་ཚོད་དང་བསྟུན་པའི་ཕྲན་ཚེགས་ཀྱི་གསན་པ་དུ་མ་དང་། དེ་རྗེས་དགུང་གྲངས་ཅུང་འཕར་བ་ན་དགེ་ཚུལ་གྱི་བསླབ་པ་བཞེས་པའི་མཁན་པོ་ཞུས་ཤིང་། དེ་དང་རྗེས་འབྲེལ་བསླབ་བྱ་ཆེ་ཆུང་སོགས་མང་དུ་གསན་པ་ཡིན་ནོ། །བཀའ་ལས་དེ་དུས་དམ་པ་དེ་ཉིད་རང་ལ་ཐུགས་ཉེ་ཞིང་བླང་དོར་རྣམས་ཇི་བཞིན་བསྟན་པའི་ཞལ་ཏ་དང་། གསུང་ཆོས་སྙིང་ལ་སྨིན་པ་ཁོ་ན་སྩལ་བས་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ཞེས་ཕེབས་སོ། །ཁུ་བོ་སྤྲུལ་པའི་སྐུ་ལུང་རིགས་ཉི་མའི་ཞལ་སྔ་ནས། སུམ་རྟགས། སྙན་ངག་མེ་ལོང་། དབུ་མ་རྒྱན་སོགས་གསན་ཞིང་། ཁྱད་པར་དུ་བཀའ་ལས་དེ་དུས་རང་རེ་ཕྱོགས་ཞེན་ཅུང་ཆེ་བས་ས་སྐྱ་པ་སྣང་བ་སེམས་སུ་བསྒྲུབ་པས་དེའི་ལུགས་ཀྱི་དབུ་མའི་གཞུང་དབུ་མ་རྒྱན་ཡིན་ཟེར་བ་ཐོས་ནས་དེ་ལ་ནན་ཏན་དུ་སྦྱངས་ཀྱང་ཕྱིས་བསམ་དུས་དེ་ཁོ་ན་གཙོ་ཆེ་བའི་ངེས་པ་མི་འདུག །ད་དུང་ཐལ་འགྱུར་བའི་གཞུང་འདི་རྣམས་གཙོ་ཆེ་བར་འདུག་ཅེས་ཕེབས་སོ། །རྒྱལ་སྲས་སེམས་དཔའ་ཆེན་པོ་འཇམ་དབྱངས་སྙན་གྲགས་ཀྱི་དྲུང་ནས། སྤྱོད་འཇུག །མདོ་རྩ༑སྡོམ་རིགས་གཉིས། སྐྱེས་རབས་སོགས་མང་དག་ཅིག་གསན་ཞིང་། ཐུགས་དད་ཤིན་ཏུ་ཆེ་བས་བཀའ་བཞིན་བསྒྲུབ་པ་ཡིན་ཏེ་སྐབས་ཤིག །རྗེ་ཉིད་ཀྱིས་གོས་ཆེན་སྐུ་སྟོད་སྲམ་ཤན་ཞིག་གསོལ་ནས་དྲུང་དུ་ཕེབས་པར། བླ་མས་ཐུགས་མི་དགྱེས་པའི་ཚུལ་གྱིས་སྤྱན་ཟུར་གྱིས་གཟིགས་ནས་ཁྱོད་ཀྱིས་ནི་དེ་ཡག་སྣང་སྐྱེས་འདུག །ང་རང་གིས་བལྟས་ཚེ་དེ་ལས་བཙོག་པ་ཞིག་མ་བྱུང་ཞེས་གསུངས་པར། དེ་འཕྲལ་གནས་སུ་ཕེབས་ནས་སྲམ་དེ་བསྐྲད་པས། རྗེས་སོར་བླ་མས་འ་འི་ད་ཁ་མང་མི་ཉན་པར་འདུག །ཨ་འཇམ་གྱིས་དེ་ཙམ་བརྩི་བཀུར་བྱེད་པ་ཞེས་ཐུགས་ཤིན་ཏུ་དགྱེས་སྐད་འདུག་ཅེས་བཀའ་ལས་ཐོས་སོ། །རྗེས་སུ་བླ་མ་དེ་ཉིད་འགོ་ནད་དྲག་ལ་མི་བཟད་པས་འཕྱི་དུག་ཞེས་གྲགས་པ་དེས་བསྙུང་སྟེ་གཤེགས་པ་ནའང་རྗེ་འདི་ཉིད་ཀྱིས་གསན་འཕྲལ་དྲུང་དུ་བཅར་བས་དེ་ལྟར་མི་དགོས་མ་མཛད་གསུངས་ཀྱང་མ་བཟོད་པར་བསྙུང་གཡོག་སོགས་འཛེམ་མེད་དུ་མཛད་པར། བཀའ་ལས། དང་པོ་ནི་བླ་མ་དེ་ཤིན་ཏུ་ཕངས་པས་རང་འཆི་བ་ལ་གཏན་མི་འཚེར་བར་བྱུང་བས་འཛེམ་པ་འདྲ་ཡེ་མ་བྱས། དེ་ཉིད་གཤེགས་ཤོར་བའི་རྗེས་སུ་འ་འི་ད་ང་ཡང་འཆི་རན་པ་ཡིན་སྙམ་པའི་འཇིགས་ཞུམ་མེ་པ་ཞིག་འདུག་ཅེས་ཐོས་སོ། །ལམ་འབྲས་ཁོག་ཕུབ་ལས། བོད་འདིར་བླ་མའི་དོན་དུ་སྐུ་སྲོག་བཏང་ནུས་པ་སེ་སྨོན་ལམ་ཤེས་རབ་ལས་མ་བྱུང་གསུངས་པར། རྗེ་འདིས་ཀྱང་དངོས་སུ་བཏང་འདུག་པ་ནི་ཆེས་ངོ་མཚར་ཆེ་བ་སྨོས་མ་དགོས་སོ། །བླ་མ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་ཁོང་ཁྲོ་དང་སེར་སྣ་གཏན་མི་མངའ་ཞིང་། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་མངའ་བ་ཡིན་ཞེས་བཀའ་ལས་ཐོས་སོ། །གོང་སྨོས་གསུམ་པོ་དེ་དག་ལས་སྨིན་གྲོལ་དང་རྗེས་གནང་གི་རིགས་ཀྱང་ཅི་རིགས་པ་གསན་པ་ཡིན་ནོ། །ཡང་དེ་དུས་ཕན་བདེ་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན་སྡེ་གཞུང་མ་དང་མཆོད་ཡོན་འབྲེལ་བའི་དུས་ཡིན་པས། དེའི་ཞལ་སྔ་ནས། སྨིན་བྱེད་ཀྱི་ཐོག་མར། དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དབང་དང་། ལམ་དབང་། མགོན་པོ་ཁྲོ་བཅུའི་རྗེས་གནང་། མཁའ་སྤྱོད་མའི་བྱིན་རླབས་སོགས། བསྒྲིག་ཆོག་སྐོར་དང་། ཞལ་འདོན་ལ་ཉེ་བར་མཁོ་བའི་ཕ་ཆོས་རིགས་སྨིན་གྲོལ་རྗེས་གནང་ཤིན་ཏུ་མང་པོ་ཞིག་གསན་པ་ཡིན་ལ། དེའི་སྐབས་ཤིག་མནལ་ལམ་དུ་གཡུ་ཀ་ཊ་ོར་གང་རྙེད་པ་རྨིས་པའང་དེ་མ་ཐག་མཁན་རིན་པོ་ཆེ་ལ་འབུལ་སྙམ་པ་ལས་རང་གིས་བདག་གིར་བྱེད་འདོད་མ་སྐྱེས་ཞེས་ཕེབས་སོ། །དམ་པ་དེས་ཀྱང་རྗེ་འདི་ཉིད་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་ཕན་ཁང་བླ་བྲང་ལ་ཕུལ་དགོས་པའི་བཀའ་ལུང་ཕེབས་པ་ན། ཡབ་རྗེས་དབང་ཞུས་ཟིན་པའི་ཇི་ཕེབས་ལྟར་བྱེད་པར་ཞལ་གྱིས་བཞེས། དྲུང་ནས་ཀྱང་རྗེ་འདི་ལ་ན་བཟའ་སྣེ་ཚང་གཅིག་དང་། དཔོན་ཚང་ལ་རྒྱ་དངུལ་རྡིལ་ཚད་གཅིག་གནང་སྟེ། རེ་ཞིིག་གི་བར་ཞབས་དྲུང་གི་མཚན་འཆང་ཞིང་། དེ་རྗེས་གྲྭ་ཚང་གིས་དེ་ལྟར་བྱེད་རྒྱུ་མེད་ཚུལ་གྱི་ནན་ཞུས་ཧ་ཅང་ཆེས་སྟབས་དྲུང་ནས་ཀྱང་བཏང་སྙོམས་སུ་འཇོག་པ་ལས་འོས་མ་བྱུང་བ་ཡིན་འདུག་གོ༑བཀའ་ལས་དེ་དུས་གྲྭ་ཚང་གིས་དེ་ལྟར་མ་ཞུས་ན་ད་ཚོད་ངོར་པའི་མཁན་རབས་ཀྱི་གྲལ་དུ་ཚུད་ཙམ་ནི་ངེས་པར་སོང་ཚོད་དུ་འདུག །རང་རེ་ལ་སྙིང་པོ་མེད་ན་དགའ་རྒྱུ་རང་ཅི་ཡང་མི་བདོག་ཅེས་ཕེབས་སོ། །ཡང་ཁུ་བོ་སྤྲུལ་པའི་སྐུ་དང་ལྷན་ཅིག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་དྲུང་དུ་ཕེབས་ནས་ནཱ་རོ་ཆོས་དྲུག་གི་སྐོར་ཡོངས་སུ་རྫོགས་པ་གསན་པས། བཀའ་ལས། དེ་དུས་རང་ཅག་ན་ཕྲ་བ་ཡིན་ཡང་ད་དུང་དེའི་རྣམ་པ་དེ་དག་གསལ་པོར་དྲན་འདུག་ཅེས་ཕེབས་པ་ཐོས་སོ། །མཁས་དབང་བླ་མ་ཟླ་འོད་ལས་གཞུང་འགའ་གསན་ཞིང་བླ་མ་དང་མཆེད་གྲོགས་གཅིག་འདུས་ཀྱི་ཐུགས་མཐོང་ཆེན་པོ་གནང་བ་ཡིན་ནོ། །ཡང་གསང་བདག་བློ་གཏེར་ཞབས་ནི་ཐོག་མར་མཇལ་དུས་ནས་ཐུགས་ཤིན་ཏུ་དགྱེས་པོ་རང་གནང་ཞིང་། སྲས་པོ་འདི་ལ་མཇལ་དར་ཡིན་གསུངས་ནས་ཚན་པ་འགའ་རེ་གནང་འདུག་ཅེས་བཀའ་ལས་ཐོས་ལ། དོན་ལ་རིགས་དང་རིགས་བདག་ཏུ་འབྲེལ་བའི་ངོས་འཛིན་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་ངོ་མཚར་ཅན་གྱི་མཚོན་བྱེད་དུ་ངེས་པར་གདོན་མི་ཟའོ། །དེ་རྗེས་དགུང་གྲངས་བཅུ་གཅིག་གི་དུས། ཞལ་སྔ་ནས། དཔོན་ཚང་ལ་སྲས་པོ་འདི་ང་ལ་དགོས། ང་རང་གིས་ཡོངས་འཛིན་གྱི་ཁུར་བླངས་ཏེ་སློབ་གཉེར་མཐར་ཕྱིན་པ་ཞིག་བྱེད་འོང་། དེ་ནས་སུ་ལའང་མཁོ་བ་གཅིག་འོང་ཞེས་ཕེབས་པར། དཔོན་ཚང་དང་། ཁྱད་པར་དུ་རྗེ་འདིའི་ཁུ་བོ་ཨ་ལྷུན་གྱིས་རྡོ་རྗེ་འཆང་འདི་ལ་མི་ཕྱེད་པའི་དད་པ་མངའ་བས་བཀའ་བཞིན་ཕུལ། རྡོ་རྗེ་འཆང་གིས་ཀྱང་ཞལ་བདག་མཛད་ཅིང་སྡེ་དགེའི་ཕྱོགས་སུ་ཆིབས་བསྒྱུར་གནང་བ་ན་སྐུ་རྗེས་འབྲངས་ཏེ་བླ་བྲང་དེ་ཉིད་ཀྱི་ཞལ་ངོ་མཛད་ནས་རེས་འགའ་ཙམ་མ་གཏོགས་ཕལ་ཆེར་སྐུ་བཅར་ཞུས་ཤིང་འབྲལ་མེད་དུ་བསྟེན་པ་ཡིན་ལ། དེ་ཡང་བཀའ་ལས། ང་རང་ལ་དེ་དུས་རྡོ་རྗེ་འཆང་གིས་རེས་བཀའ་བཀྱོན་དྲག་ཏུ་གནང་། རེས་ནི་དཔོན་པོའི་བུ་གཡོག་ཏུ་བཀོལ་བ་འདི་འདྲ་སྙིང་རྗེ་ཞེས་ཕྱག་གིས་མགོ་ལ་བྱུགས་བྱུགས་མཛད་ནས་ཤིན་ཏུ་ཐུགས་བརྩེ་བའི་རྣམ་པའང་མང་དུ་མཛད་དེ་བཀའ་དྲིན་འཁོར་ཐབས་མེད་པའོ་ཞེས་ཡང་ཡང་གསུངས་སོ། །དེ་ནས་དགུང་ལོ་བཅུ་བཞིའི་དུས་གྲྭ་ཚང་གི་བླ་མ་སྐུ་གཤེགས་སྟབས་ཚུར་མ་གནང་ཐབས་མེད་ཀྱི་ནན་ཞུས་བྱས་པས་མར་གནང་བའི་ལུགས་སུ་མཛད་པ་ཡིན་ལ། དེ་རྗེས་ཀྱང་སྐུ་བཅར་ཡུན་རིང་ཞུས་ཤིང་ཆོས་གསན་པའང་མང་དུ་མཛད་པ་ཡིན་ནོ། །དེ་དག་གི་རིང་སྔ་ཕྱིར་བསྡོམས་པའི་གསན་གྲངས་ནི། རྡོ་རྗེ་འཆང་དེ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ཆུ་ཀླུང་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་གསང་ཆོས་ཀྱི་རྒྱ་མཚོ་ཆེན་པོ་རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པས་གྲགས་པའི་གླེགས་བམ་སོ་གཉིས་ཀྱི་ནང་དུ་བཞུགས་པའི་སྨིན་གྲོལ་རྒྱུད་ཀྱི་བཤད་བཀའ་རྒྱབ་རྟེན་བཀླག་ལུང་དང་བཅས་པ་ཡོངས་རྫོགས་ལས་རྡོ་རྗེ་ཕྲེང་བ་མ་གཏོགས་པ་དང་། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོས་བསྒྲིགས་གནང་སྒྲུབ་ཐབས་ཀུན་བཏུས་བློ་གཏེར་ཞབས་ཀྱིས་ཞལ་བསྐང་བཅས་པོད་བཅུ་བཞིའི་སྨིན་གྲོལ་ལུང་བཅས་ཆ་ཚང་དང་། ཡབ་ཆོས་གསུང་ངག་རིན་པོ་ཆེའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པའི་པོད་བཅུ་བདུན་གྱི་དབང་ཁྲིད་ལུང་བཅས་ཡོངས་རྫོགས་དང་། གོང་བཤད་ཀྱི་ཆོས་ཚན་དེ་དག་ཏུ་མ་འདུས་པའི་ཆོས་སྐྱོང་སྐོར་གྱི་རྗེ་གནང་ཐུན་མིན་མང་པོ་དང་། རྡོ་རྗེ་འཆང་ཉིད་ཀྱིས་ཕྱག་མཆན་གནང་བའི་པོད་ཆེན་གྱི་མཆན་འགྲེལ་རྣམས་ཀྱིས་གཙོས་གསུང་འབུམ་ཕལ་ཆེ་བའི་བཤད་ཁྲིད་ལུང་བཅས་དང་། ཁྱད་པར་དུ་བཀའ་གདམས་བློ་སྦྱོང་གི་འགྲེལ་པ་ཆེ་ཆུང་གཞུང་ཕྲན་དང་བཅས་པ་ཡོངས་རྫོགས་ཀྱི་ཁྲིད་ལུང་གང་འོས་ཐམས་ཅད་མཛད་རྗེས་སུ་ཉིད་ཀྱི་ཕྱག་དཔེའང་གནང་ནས་ཆོས་འདིའི་བདག་པོ་ཁྱེད་རང་ཡིན་ཞེས་མངའ་གསོལ་བ་ཡིན་ནོ། །དེ་ནས་བཟུང་རྗེ་འདིས་ཀྱང་ཉམས་བཞེས་ཀྱི་མཐིལ་དུ་གནང་ཞིང་ཐུགས་ཉམས་སུ་མྱོང་བ་དང་འབྲེལ་བའི་བཀའ་ཁྲིད་རྒྱས་འབྲིང་བསྡུས་གསུམ་གདུལ་བྱའི་བློ་དང་འཚམས་པར་ཕྱོགས་ཐམས་ཅད་དུ་སྤེལ་བས་དུས་ཕྱིས་ཆོས་འདིའི་བདག་པོ་གཅིག་པུར་བཞུགས་པ་དེ་ག་ཡིན་ནོ། །ཡང་དེ་དག་དང་དུས་འགྱངས་ཙམ་ཡིན་ཀྱང་འདི་ཉིད་ལས་གསན་པ་རྣམས་ཕྱོགས་གཅིག་ཏུ་སྨོས་ན། དེ་ཡང་རྗེ་འདི་ཉིད་རྫོགས་ཆེན་ནས་སྐུ་ཡོན་རྫོགས་ལ་ཉེ་བའི་དུས། མཁན་རིན་པོ་ཆེ་གཞན་ཕན་སྣང་བའི་དྲུང་དུ། སྒ་སྟོན་འཇམ་མགོན་རིན་པོ་ཆེ་གདན་འདྲེན་ཞུ་རྩིས་ཡིན་པའི་གསུང་འཕྲོས་ཤིག་ཕུལ་པས། ཞལ་སྔ་ནས། རྗེ་འདི་ལ་ཁྱེད་ཀྱིས་འཇམ་དབྱངས་བློ་གཏེར་དབང་པོ་ཡུན་དེ་ཙམ་བསྟེན་པ་ལ། ད་བླ་མ་གཞན་དྲངས་ཅི་དགོས་ཞེས་ཕེབས་པར། རྗེ་འདིས་ཐུགས་ལ་གང་དྲན་དྲང་ཞུས་ཀྱི་ཚུལ་གྱིས། དབང་ལུང་གི་ཐོབ་རྒྱ་མི་ཆུང་ཡང་། ད་དུང་ཕ་ཆོས་སྐོར་ལ་སྒྲོ་འདོགས་ཆོད་ངེས་ཀྱི་གོ་བ་ཞིག་དོན་དུ་གཉེར་བ་ཡིན་ཚུལ་ཞུས་པས། ཁྱོད་ཀྱིས་དཔོན་སློབ་རིན་པོ་ཆེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་དམ་གསུངས་པར། རང་གི་མི་ཡི་བླ་མ་ཞིག་ལ་བསྟན་འགྲོར་ཕན་བཞེད་ཀྱི་ལྷག་བསམ། དབང་ཁྲིད་ཀྱི་ཕྱག་བཞེས་སོགས་གང་ཐད་ནས་འགྲན་ཟླ་དང་བྲལ་བ་ཞིག་ལས། སངས་རྒྱས་དངོས་རང་བསམ་མ་ཤེས་ཞུས་པས། དེ་འཕྲལ་ཞལ་ནས་ད་ཁྱོད་ཀྱིས་གོ་མ་བཅད། ང་རང་གིས་དུས་འཁོར་གྱི་དབང་ཞུ་དུས་ཡེ་ཤེས་པ་བབས་ནས་བཟུང་མཇུག་མ་རྫོགས་ཀྱི་བར་དུ་དུས་ཀྱི་འཁོར་ལོར་དངོས་སུ་མཐོང་། དེ་ནས་བཟུང་རྨི་ལམ་དུ་ནམ་མཇལ་ནའང་མི་སྔོན་པོ་སྦྲུལ་གྱི་ག་ཤ་ཅན་ཞིག་ཏུ་མཇལ་བ་ཡིན། ཁོང་གསང་བའི་བདག་པོ་དངོས་ཡིན། ད་ཁྱོད་རང་སོང་ལ་རྡོ་རྗེ་འཆང་སྒ་སྟོད་དུ་བཞུགས་ཡོད་འདུག་པས་བཤགས་པ་གྱིས། ཕྱིན་ཆད་སངས་རྒྱས་དངོས་ཀྱི་འདུ་ཤེས་ཟུངས་ཞེས་ཅུང་དྲག་ལ་གནད་དུ་སྨིན་པ་ཞིག་ཕེབས་པས། དེ་འཕྲལ། རྗེ་འདི་ཉིད་དཔོན་གཡོག་བཞི་ལ་ཆིབས་པ་གཉིས་ལས་མེད་པས་ཅུང་འོ་བརྒྱལ་ཡང་། ལམ་བར་གྱི་སྐུ་ངལ་ཁྱད་དུ་བསད་དེ་བྱོན་པས་སྐྱེ་དགུ་དོན་གླིང་དུ་རྡོ་རྗེ་འཆང་བཞུགས་པ་དང་མཇལ། རྗེ་འདིས་ཐུགས་ཡུས་དང་བཅས། བླ་མ་གཞན་དགས་གསུངས་ཚུལ་རྣམས་རྒྱས་པ་སྙན་སྦྲོན་དུ་ཕུལ་ནས། ཉིད་སངས་རྒྱས་དངོས་རང་ཡིན་འདུག་པར། ང་རང་གིས་དེ་ལྟར་མ་ཤེས་ད་བཤགས་པ་བྱེད་དགོས་ཞེས་དྲག་ཏུ་བཤུམས་པས། རྡོ་རྗེ་འཆང་གི་བཀའ་ལས། དེ་འདྲ་མི་དགོས། གཞན་དགའ་ཁོ་རང་གང་འདྲ་གསུངས་པ་ཡིན་ན་མ་གཏོགས། འུ་ཅག་གི་བར་ལ་དམ་ཚིག་གི་ཉེས་པ་ཕྲ་མོའང་མེད། ཁྱེད་འདིར་ཕེབས་པ་དེ་ཤིན་ཏུ་ལེགས་ཞེས་གསུངས་ཀྱང་། དེ་ལྟར་བྱེད་ཆོག་པའི་གསོལ་བ་བཏབ་ནས་དགུན་གྲང་བའི་དུས་གཟིམས་སྐར་གྱི་ཐད་ཀྱི་ཕྱི་རོལ་བླ་གབ་མེད་པ་ནས། སྐྱབས་གནས་ཀུན་འདུས་ཚིག་བཞི་རེ་དང་ཕྱག་རེ་སྦྲགས་ནས་ད་སྔོན་མཉམ་འགྲོགས་ཤོར་བ་ལ་ཐུགས་འགྱོད་དྲག་པོ་གནང་སྟེ་སྤྱན་ཆབ་ཆར་ལྟར་བབས་བཞིན་ཕྱག་དང་ཞལ་འདོན་ཁྲི་ཁ་ཤས་ཤིག་སོང་བ་དང་། དེ་འདྲ་མི་དགོས་པའི་ཚུལ་ལན་འགར་ཕེབས་ཀྱང་མ་མཛད་ཐབས་མེད་ཀྱི་གསོལ་བ་ཁོ་ནར་བཏབ་པས། བཀའ་གདམས་མཆོད་རྟེན་ཞིག་གནང་སྟེ། ཞལ་ནས། འོ་ན་ད་ཅིས་ཀྱང་མི་ཉན་ན་འདི་ང་རང་ཡིན་པར་བསྒོམ་ལ་ཀུན་དཔལ་ཁང་པའི་ནང་ནས་ཚུར་ཕྱག་འཚོལ་ཅིག །དེ་ནས་ཡང་དེ་ལྟར་བྱེད་པར་ང་རང་གིས་སྙིང་རྗེ་ནས་མི་བཟོད་པར་འདུག་ཅེས་གསུངས་པར། དེ་རྗེས་ལྷག་མ་རྣམས་བཀའ་གནང་བཞིན་མཛད་དེ་ཕྱག་དང་གསོལ་འདེབས་སྦྲགས་པ་འབུམ་ཕྲག་གཅིག་འགྲོ་ངེས་སུ་མཛད། ད་སྨིན་གྲོལ་གྱི་སྐོར་འགངས་ཆེ་རིགས་ཡང་བསྐྱར་ཞིག་གི་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པས། ཐུགས་དགྱེས་པའི་རྩེ་མོར་སོན་ཏེ། ལམ་འབྲས་སློབ་བཤད་ཀྱི་སྨིན་གྲོལ་ཡོངས་རྫོགས་ཤིག་གནང་། ཁྱད་པར་དུ་ནུབ་གཅིག་སྲོད་ལ་ཉེ་གནས་མངགས་ནས་སྤྲུལ་སྐུ་གཅིག་པུ་ད་ལྟ་རང་མདུན་ཤོག་གསུངས་ཟེར། སྐུ་རྐྱང་ལ་ཕེབས་པས་གཟིམས་ཆུང་འགག་ནས་ཆབ་དྲངས་ཞབས་ལྷྭམ་ཕུད་དུ་བཅུག་སྟེ་དྲུང་དུ་ཕེབས་འཕྲལ་གསང་ཁྲིད་ལྷ་དགུའི་རྗེས་གནང་ཞིག་བསྒྲུབས་ཟིན་འདུག་པ་གནང་། དེ་ཞོག་འཕྲལ། ཁྲིད་ཀྱི་དབུ་བཙུགས་ཏེ། མགོན་པོའི་གསང་ཁྲིད་རྒྱས་པ་ཞིག་ཞུ་བ་ལ་མ་ལྟོས་པར་བཀའ་དྲིན་གྱིས་བསྐྱངས། དེ་ཉིད་རྫོགས་པའི་དུས་ཀྱང་ཞལ་སྔ་ནས། ཁྱོད་ཀྱི་ཚེ་རབས་ཀྱི་ལྷ་གུར་ཞལ་གཉིས་ཡིན། མགོན་པོའི་སྐོར་དེ་ང་རང་ལས་ལྷག་མ་མེད་པར་ཐོབ། ཞལ་དེ་ཡོངས་རྫོགས་དགོས་ཚེ་ང་ལ་འཚུབ་འགྱུར་ཆེ་བ་འདུག །ནང་ཆེན་རྒྱལ་པོ་ལ་ལན་ཅིག་གནང་བས་རྟ་དྲེལ་ཕལ་ཆེར་ཟད་སོང་། བསམ་གཏན་བློ་གྲོས་ལ་ང་རང་གིས་ཡི་གེ་བསྐུར་དེ་ནས་ཞུས་དང་ཁྱད་མེད། རྒྱལ་བཙན་གཉིས་ཀྱང་ཕ་མེས་བརྒྱུད་སྲུང་ཡིན་པས་གསོལ་ཁ་མ་ཆག་པར་གྱིས། ཁྱོད་ཀྱི་ཁུ་བོ་ལུང་རིགས་ཉི་མས་རྒྱལ་བཙན་ལ་སྐྱོན་དུ་བལྟས་ཏེ་གསོལ་མཆོད་ཚུལ་མཐུན་མ་བྱས་པས་ཁོང་མཁས་པ་ཆེན་པོ་ཡིན་ཡང་སྐུ་ཚེ་ཐུང་ཙམ་དུ་སོང་བ་ཡིན་ཞེས་སོགས་ལུང་བསྟན་དང་ཞལ་ཏ་མཐིལ་ཕྱིན་པ་གནང་། ད་ཁྱོད་རང་མཁས་ལ་མདོ་ཅན་ཞིག་ཏུ་སོང་འདུག །ང་རང་གི་བསམ་པ་ཡོངས་སུ་རྫོགས་པ་ཡིན་ཞེས་སོགས་ཐུགས་དགྱེས་རབ་ཀྱི་རྩེ་མོར་སོན་པའི་གསུང་གསང་ཁོ་ན་ཕེབས་པ་ཡིན་ཞེས་བཀའ་ལས་ཐོས་སོ། །ཡང་དེ་དུས་བླ་མ་ཟླ་འོད་དང་རྗེ་འདི་གཉིས་ལ་གྲྭ་པ་གཉིས་ཡོད་པ་ལའང་རྡོ་རྗེ་འཆང་གིས་ཆེད་དུ་ཕེབས་པར། ལུང་པ་འདིའི་ཆུ་སྡུག་པོ་ཡིན་གཤིས་ཁྱེད་གཉིས་ཀྱིས་ཤིན་ཏུ་ཁོལ་ཐུབ་པར་གྱིས་རེམ། ཁོང་རྣམ་པ་གཉིས་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཡིན་སྟབས་སྐུ་ལུས་ནད་གཞི་ཅན་དུ་སོང་ན་ཤིན་ཏུ་ཕངས་པ་ཡིན། མེ་ཤིང་ཅི་སོང་གི་རིན་པ་ང་རང་གིས་སྤྲད་ཆོག་གསུངས་འདུག་གོ། རྗེ་འདིས་ཀྱང་རྒྱ་ཐེར་གྱི་སྐུ་གཟན་ཤིན་ཏུ་སྤུས་ལེགས་སོགས་དེ་དུས་ཕྱག་ན་ཡོད་རྒུ་ཅོག་ཕུལ། གསུང་གི་ཟུར་རེ་ཡང་། མོས་གུས་ཀྱི་སྣོད་ལས་བོ་ཟག་མེད་པར་མཛད་ཚུལ་ཡང་། རྡོ་རྗེ་འཆང་གིས་གསུངས་འཕྲོས་ལ། ད་ང་རང་རྒན་པོ་མྱུར་དུ་འཆི་བ་ཞིག་བྱུང་ན་མཚམས་སྦྱོར་གང་འདྲས་འགྲོ་སྙམ་ཙ་ན། སུ་ལའང་གདེང་ཁེལ་རང་མི་འདུག །བློ་སྦྱོང་གི་འཕོ་བ་འདི་ཅུང་དྲག་གམ་སྙམ་ཞེས་གསུངས་པར། རྗེ་འདིས་དེ་འཕྲལ་དེ་ང་རང་ལ་ཆེད་དུ་གདམས་པ་ཡིན། ཁོང་ལ་དེ་འདྲ་ག་ལ་ཡིན་སྙམ་པ་བྱུང་ཞེས་བཀའ་ལས་ཐོས་སོ༑༑ཕེབས་ཁར་ཆིབས་པ་དེ་གནང་བས་མི་ལེན་ཞུས་ཀྱང་དགོངས་པ་མ་ཁྲོལ་བར་རྫོགས་ཆེན་བར་ཁྲིད། དེ་ནས་བླ་མའི་ཆིབས་པ་ལེན་དུ་མི་རུང་སྙམ་ནས་ཡར་བསྐུར་བ་རིང་མིན་རྡོ་རྗེ་འཆང་སྐུ་གཤེགས་པའི་ཚུལ་བསྟན་སོང་སྟབས་ཕྱག་ཏུའང་མ་འཕྲོད་ལས་ཆེ་འདུག་རྗེས་སོར་བརྟགས་དུས་རྟེན་འབྲེལ་ལའང་ཅུང་གནོད་དམ་སྙམ་པ་ཞིག་བྱུང་ཞེས་ཐུགས་ཅུང་འགྱོད་ཚུལ་དང་བཅས་བཀའ་ལས་ཐོས་སོ། །དེ་ལྟར་བཤགས་པ་བྱས་པ་དེ་ནས་བཟུང་སངས་རྒྱས་ཀྱི་འདུ་ཤེས་སྐད་ཅིག་ཀྱང་འབྲལ་མ་མྱོང་འཇིགས་སྐྲག་སོགས་གློ་བུར་དུ་བྱུང་ཚེའང་དང་པོར་གོམས་པའི་དབང་གིས་བླ་མ་གཞན་མི་དྲན་པར་རྡོ་རྗེ་འཆང་འདི་ཉིད་ཁོ་ན་དྲན་པ་ཡིན་ཞེས་གསུངས་ལ། ཐུགས་རྗེ་བྱིན་རླབས་ཀྱི་ངོས་ནས་ཀྱང་། བཀའ་ལས། ཐ་ན་ཟན་རིལ་ཆེ་ཙམ་ཞིག་མིད་པ་ལ་ཐོགས་ཀྱང་རྡོ་རྗེ་འཆང་འདི་དྲན་པ་ཡིན། དེས་དེ་མ་ཐག་ཐོགས་མེད་དུ་འགྲོ་བ་ཡིན་ཞེས་ཉམས་མཚར་ལྟ་བུ་དང་སྦྲགས་ནས་ཕེབས་ཀྱང་དོན་ལ་དངོས་གནས་རང་ཡིན་པར་སྣང་ངོ་། །རྒྱས་པར་འོག་ཏུ་འཆད་དོ། །ཡང་རྡོ་རྗེ་འཆང་ལས་ཆོས་གསན་པ་ལ་ཁས་ལེན་མང་པོ་དགོས་པའི་ཕྱག་སྲོལ་འདུག་པར། རྗེ་འདིས་བདག་འཁོས་དམན་སྟབས་འཆད་ཉན་རྒྱ་ཆེན་གྱི་ཁས་ལེན་མི་འགྲུབ་པས་མཐར་ཉེས་པའི་རྒྱུ་ལས་མི་འདུག་པར་སྒྲུབ་པ་གཙོ་བོར་བྱེད་འོང་བས་དེ་ལུགས་དགོངས་པས་ཁྲོལ་དགོས་ཞུས་པར། དང་པོར། བཀའ་ཅུང་བཀྱོན་པར་གནང་། དེ་རྗེས་རྗེ་འདིས་བཤུམས་བཞིན་ཞུས་པས་སྙིང་རྗེ་ཁག་མེད། ད་ཁས་ལེན་རང་མི་དགོས། ཁྱེད་རང་ལོ་བཞི་བཅུ་ཞེ་སྟོད་དུ་སོང་དུས། འདུག་མི་བཅུག་པ་ཞིག་བྱུང་ན་དེ་དུས་ང་རང་གི་ཚིག་འདི་མ་བརྗེད་གསུངས། རྗེས་སོར། བླ་མ་གཞན་དགའ་རིན་པོ་ཆེ་ལ་དེ་འདྲ་ཕེབས་ཚུལ་ཞུས་པས། རྡོ་རྗེ་འཆང་གི་ལུང་བསྟན་ལ་འཁྲུལ་བ་མེད། ད་ཁྱེད་ལ་དེ་འདྲ་ཞིག་ངེས་པར་འོང་ཞེས་གསུངས་པ་ལ། བཞི་བཅུ་རང་ལ་ནི་མ་བྱུང་ཡང་ལྔ་བཅུའི་ནང་སྐོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས། དཔལ་ས་སྐྱ་པ་ཆེན་པོ་བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་གི་ཞལ་སྔ་ནས་གདན་ས་ཆེན་པོར་ཕེབས་དགོས་ཚུལ་གྱི་བཀའ་ཤོག་སྔ་ཕྱིར་གཉིས་ཙམ་ཕེབས་ཡོད་འདུག་པར་བཀའ་ལན་ཡང་རིམ་བཞིན་ཕུལ། རྗེས་མ་དེ་ལ་གསེར་ཅུང་ཟད་ཀྱི་རྟེན་དང་བཅས་ཚིགས་བཅད་མཛད་དེ་ཕུལ་བའི་ཚིག་ཟུར་ལ་སྤྲང་པོ་བདག་ཅེས་པ་ཞིག་ཡོད་པས་ང་ལ་བཀྲ་ཤིས་ཆོས་ལྡན་གྱིས་གསེར་ཡོད་པའི་སྤྲང་པོ་དེ་མི་འགལ་ལམ་ཞེས་ཉམས་མཚར་ཡང་བྱེད་འདུག་ཅེས་གསུངས་ལ། ལུང་བསྟན་དེ་དེ་ཉིད་ཡིན་ནམ་སྙམ་ངེས་པ་རང་ཡང་མི་འདུག་ཅེས་བདག་ལ་ཕེབས་སོ༑༑འོ་ན་མི་གྲུབ་པ་དེ་ཅི་ཡིན་སྙམ་ན། དགོངས་བརྟགས་མ་ཆུད་པ་ཡིན་ནམ་སྙམ་སྟེ། རྟེན་འབྲེལ་ཞིག་གི་གནད་ཀྱིས་འགྲོ་རྒྱུ་མ་གྲུབ་ལ། གདན་ས་དེར་ཆོས་འདི་འབུལ་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་སྙིང་ནས་བདོག་ཅེས་གསུངས་སོ། །ཡང་ཉིད་ཀྱི་སྐུ་དབོན་དབྱིག་དགའ་ལ་དེའི་རྗེས་ཙམ་ནས་ང་རང་སླེབས་པ་ཡིན་པས་བླ་མ་རིན་པོ་ཆེ་ཆོས་འདི་ང་ལ་བཅོལ་ནས་གཏན་འདུག་ཏུ་མ་བཅུག་ལ་ཆོས་ཀྱང་མང་པོ་བཤད་རྒྱུར་སོང་བས་ལུང་བསྟན་དེ་འདི་ཡིན་ནམ་སྙམ་ཞེས་གསུངས་འདུག་ཅེས་བདག་ལ་གསུངས་སོ། །འོན་ཀྱང་ཕྲན་མི་རེངས་གཅིག་པུ་ཞིག་ལ་ལུང་དུ་བསྟན་ཐང་པའང་མི་གདའ་བས་གང་ཡིན་ཏིག་ཏིག་ཅིག་མ་ངེས་སོ། །རང་ཉིད་ཚུར་མཐོང་གིས་བློས་བསམ་ཚོད་ལ། སྤྱིར་སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་མཛད་དགོས་ཚུལ་ལུང་དུ་བསྟན་པ་ལྟ་བུ་ལ་རྗེའི་སྒྲུབ་པའང་ཅུང་ཡུན་རིང་དུ་སོང་བས་བཞི་བཅུ་དང་ལྔ་བཅུའི་སྐོར་ལའང་འགལ་བ་མེད་པ་ཡིན་ལ། བཞུགས་མི་བཅུག་པའི་དོན་དུ་གཉེར་མཁན་དེ་ཡང་གང་ཟག་གཅིག་ལྟ་བུ་ཞིག་མིན་པར་དུས་དེ་ཙམ་ན་རྗེ་འདིའི་འགྲོ་དོན་གྱི་དབུ་ཚུགས་པ་ཡིན་པས་སྔ་ཕྱིར་སྐལ་ལྡན་མཐའ་ཡས་པ་ཞིག་གི་རེ་འདོད་བསྐང་བ་དེ་དག་ཡིན་བྱས་ཀྱང་མི་འགལ་ལ་ལེགས་པ་ཞིག་ཨེ་འདུག་སྙམ་སྟེ་རྣམ་རྟོག་ལ་སྙིང་པོ་རང་མེད་དོ། །རྗེ་ཉིད་ཀྱི་ཐུགས་ལ་ནི་གང་ཡིན་གསལ་བར་མཁྱེན་པ་གོར་མ་ཆག་ཀྱང་གསུང་གསལ་མི་མཛད་པ་ཡིན་ནོ། །གང་ལྟར་ཡང་། རྡོ་རྗེ་འཆང་གི་ལུང་བསྟན་ལ་འཁྲུལ་བ་མེད་ལ་རྗེ་འདིས་ཀྱང་དེ་བཞིན་དུ་བསྒྲུབ་ལ་འགྲུབ་པ་ཞིག་ཡིན་པར་ཤེས་པར་བྱའོ། །ཡང་རྗེ་འདིས་དཔོན་སློབ་རིན་པོ་ཆེ་འདི་ཉིད་ལ་དང་པོར་རྡོ་རྗེ་འཆང་དངོས་ཀྱི་འདུ་ཤེས་ཅུང་མ་བྱུང་བར་རྗེས་སོར་བྱུང་ཚུལ་སོགས་ནི་དྲང་བའི་དོན་ཙམ་ཡིན་པར་མངོན་ཏེ་རྗེ་འདི་ལྟ་བུས་རྡོ་རྗེ་འཆང་དེ་འདྲ་ལ་ཡིན་ཚུལ་མ་མཁྱེན་པ་ཞིག་མི་སྲིད་པའི་ཕྱིར་རོ། །འདི་འདྲ་སྔོན་གྱི་དམ་པ་རྣམས་ལའང་ཡོད་དེ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ལྟ་བུས་ཀྱང་། དང་པོར། ཆོས་རྗེ་ཚར་པ་ཟེར་བ་དེ་རྟ་ཞོན་བེར་གྱོན་ཁྱི་ཁྲིད་པའི་བླ་མ་སྒྲོབ་ཅན་ཞིག་མ་གཏོགས་སློབ་མ་འཁྲིད་པའི་བཤེས་གཉེན་དམ་པ་ཞིག་ཨེ་ཡིན་ནམ་བསམ་པ་བྱུང་ཞེས་རྣམ་ཐར་ལས་བྱུང་བའི་ཕྱིར་རོ། །ཡང་དེ་དང་རྗེས་འབྲེལ་རྡོ་རྗེ་འཆང་དེའི་སློབ་ཚོགས་རྣམས་ལས་ཀྱང་གསན་པ་ཇི་ལྟར་མཛད་ཚུལ་ནི། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་ལས་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་རྫོགས་གསན། རྗེ་ཉིད་ཀྱིས་ཡུམ་གྱི་ཕྱག་འཕྲེང་གསེར་དང་བྱེ་རུའི་རྒྱན་ལྡན་ལེགས་པོ་ཞིག་ཡོད་པ་དེ་ཕུལ་བ་ཡིན་ནོ། །དེ་ཡང་བཀའ་ལས་སྔར་ལྷུན་གྲུབ་སྟེང་གི་ཡང་རྩེར་མཁས་པ་མང་པོ་བཞུགས་ཤིང་ཁྲོམ་ཆེན་པོ་ཚོགས་པའི་དབུས་སུ་རྡོ་རྗེ་འཆང་གིས་བླ་མ་འདི་ལ་ཐོག་བབས་སུ་ཆོས་གཏམ་ཞིག་གྱིས་ཕེབས་པར་དང་པོར་དཀའ་བའི་ལུགས་སུ་མཛད་དེ་ཅུང་བཞུགས་ཡང་ཡང་ཕེབས་པ་ན་ཆོས་གཏམ་རྒྱས་ལ་ངོ་མཚར་བ་ཞིག་མཛད་སོང་བར་འདི་མཁས་པ་ཟེར་ན་འདི་འདྲ་ཞིག་རེད་སྙམ་པ་བྱུང་གསུངས། ཡང་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ལོ་ཙཱའི་རྣམ་འཕྲུལ་དུ་གྲགས་པ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་བློ་གྲོས་ལས་སྒྲུབ་བཏུས་སྐོར་གྱི་རྗེས་གནང་མང་པོ་སོགས་སྨིན་གྲོལ་རྗེས་གནང་དུ་མ་ཞིག་གསན་ཡོད་འདུག་ཀྱང་ཞིབ་པར་མ་ཐོས་སོ། །བཀའ་ལས་དེ་དུས་དམ་པ་དེ་ཉིད་ཅུང་གཏུམ་པའི་ཚུལ་སྟོན་ལྟ་བུ་ལ་རང་རེ་ཡང་ལོ་ཉུང་གཤིས་དགོད་སྐྱེན་པ་དེ་འདྲའི་རྐྱེན་གྱིས་དབང་འགྲིམས་དུས་སྤྱི་བོར་རྡོ་རྗེ་འཇོག་པ་དང་སྦྲགས་ནས་ན་ངེས་པ་རེ་བརྡུང་བར་མཛད་པ་ཡིན་ལ་ཕྱིས་སུ་བླ་མ་རིན་པོ་ཆེ་དག་ཞལ་འཕྲོས་མཛད་པར། སྤྲུལ་སྐུ་དེ་སྔ་མོར་དགོད་སྐྱེན་པ་ཞིག་ཡོད་ངས་རྡོ་རྗེས་མང་དུ་བརྡུང་མྱོང་། ད་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཏུ་སོང་ཡོད་འདུག་ཅེས་གསུངས་འདུག་ཚུལ་དང་། ཡང་བླ་མ་རིན་པོ་ཆེས། ལམ་འབྲས་ཀྱི་དོན་རྣམས་སྨོན་ལམ་དུ་དྲིལ་བ་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་བརྩམས་འདུག་ཅེས་གསུངས་པར། མཁན་རིན་པོ་ཆེས་ངོ་མཚར་ཆེ། དེ་ང་རང་གི་སྤར་དུ་བརྐོ་དགོས་ཞེས་ཕེབས་པར། བླ་མ་རིན་པོ་ཆེས་ང་ལ་དཔེ་མེད་ཁོང་གིས་གཞན་ལ་བསྟན་རྒྱུ་མིན་གསུངས་ནས་ང་རང་ཁོ་ན་ལ་གཅིག་བསྟན་ཏེ་དེ་རྒྱབ་ཕར་ཁྱེར་སོང་གསུངས་པས། འ་འི་ས་སྐྱ་ཚང་ལ་ལས་མི་ཤེས་འགའ་རེས་ཤེས་ཀྱང་བསྟན་དུ་མི་རུང་བ་དེ་འདྲ་ཞེས་ཅུང་བཀྱོན་པའི་ཚུལ་མཛད་ཀྱང་དོན་ལ་ཤིན་ཏུ་དགྱེས་འདུག་ཅེས་བླ་མ་རིན་པོ་ཆེས་གསུངས་ཞེས་བཀའ་ལས་ཐོས་སོ། །ཡང་དགོན་ཆེན་བླ་མ་ངག་དབང་དོན་ལྡན་བྱ་བ་ལས། མགོན་པོའི་བེ་བུམ་པོད་བདུན་སོགས་ཆོས་སྐྱོང་རྣམས་ཀྱི་བེ་བུམ་གྱི་ལུང་གསན་པ་ཡིན་འདུག་ཀྱང་། གཞན་རྣམས་ཞིབ་པར་མ་ཐོས་སོ། །ཡང་ལམ་འབྲས་དང་པོར་གསན་དུས་དམིགས་ཁྲིད་ཀྱི་སྐྱོར་མགོ་འཛིན་མཁན་བྲག་ར་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་ཉི་མ་ཡིན་འདུག་ལ། དེའང་དམ་པ་དེ་ཉིད་རྡོ་རྗེ་འཆང་གི་ཐུགས་སྲས་ཆེ་གྲས་དང་། རྗེ་འདི་ནི་བླ་བྲང་ནང་གི་ཞལ་ངོར་སོང་གཤིས་ཐུགས་འབྲེལ་ཆེ་ཞིང་ཐུགས་ཉེ་བ་ཞིག་ཡིན་འདུག་སྟེ། བཀའ་ལས། དེ་དུས་བྲག་ར་རིན་པོ་ཆེས་དམིགས་ཁྲིད་འདྲ་འཛིན་དུས། རླུང་འཛིན་པ་དང་། འཁྲུལ་འཁོར་མཛད་པ་ན་ལག་ལེན་གྱི་སྐོར་ལ་རང་རེ་བྱིས་པར་སོང་བས་ཁོང་ལ་ལྟད་མོ་བལྟས་ནས་རང་གིས་དེ་ལྟར་བྱེད་རྒྱུ་མི་གྲུབ་པར་ཡེངས་འགྲོ་བའི་བྱང་ཞིང་གོམས་པ་ངོ་མཚར་ཅན་ཞིག་འདུག །ཟབ་དོན་ཐུན་མིན་ནི་ང་རང་གིས་དེ་དུས་དེ་འདྲ་གོ་བའི་ནུས་པ་མེད་པས་ཇི་འདྲ་ཡིན་མི་ཤེས། ཁྱད་པར་རང་རེ་ལ་ཐུགས་ཉེ་ཞིང་འགྲོགས་ཡུན་རིང་སྟབས་ཅི་འདྲ་ཞུས་ཀྱང་ཆོག་པ་ཞིག་ཡིན། རྗེས་སོར་ཡུལ་གྱི་བསྐལ་བས་མ་མཇལ་བ་མ་གཏོགས་ཤིན་ཏུ་དད་པོ་ཡོད་གསུངས་སོ། །དེ་ལས་དབང་ལུང་ཀྱང་འགའ་རེ་གསན་ཡོད་འདུག་ཀྱང་གང་གསན་རྗེས་མ་གསུངས་པའམ། རང་གིས་བརྗེད་ངེས་པ་གང་ཡིན་ཡང་དྲན་ལམ་ན་མི་བདོག་གོ། ཡང་བེར་ཚང་པཀྵིའི་རིགས་འཁྲུངས་ཆོས་རྗེ་མཁས་གྲུབ་རྒྱ་མཚོ་བྱ་བ་རྒྱུད་བཏུས་ཡོངས་རྫོགས་ཀྱི་བསྙེན་པ་མཐར་ཕྱིན་པར་གྲགས་ཤིང་འཇམ་དཔལ་ཞི་ཁྲོ་ལ་ཐུགས་དམ་གྱི་མཐིལ་དུ་གནང་བས་ཨ་ར་པ་ཙ་དུང་གཅིག་གསུངས་པ་དེ་ཉིད་ལས་སྤྱིར་སྨིན་གྲོལ་མང་པོ་དང་ཁྱད་པར་དུ་འཇམ་དཔལ་ཞི་ཁྲོའི་སྐོར་རྫོགས་པར་གསན་ཞིང་། བཀའ་ལས་དམ་པ་དེ་ཉིད་འདའ་ཁར་ཡང་། ཁོ་བོ་ཆེད་དུ་སོང་འཇམ་དབྱངས་ཀྱི་རྗེས་གནང་ཞུས་པས་དགྱེས་ཚོར་ཆེན་པོ་གནང་། ང་རང་སོང་རྒྱབ་ཀྱང་ཞལ་ནས་ང་རང་གིས་ཚེ་འདིར་འབད་པ་ཅི་ལོན་བྱས་པ་དེ་འཇམ་པའི་དབྱངས་ཡིན་དེ་འཆི་ཁར་སྤྲུལ་སྐུ་ལ་ཕུལ་རྒྱུ་ལོན་པ་འདི་རྟེན་འབྲེལ་བཟང་ལ་སེམས་ཚིམ་པ་ཞིག་བྱུང་ཞེས་གསུངས་འདུག་ཟེར་ཞེས་བཀའ་ལས་ཐོས་སོ། །ཡང་རྗེ་མཁྱེན་བརྩེ་དབང་པོ་དང་བློ་གཏེར་ཞབས་གཉིས་ཀའི་དངོས་སློབ་མ་ཧཱ་ཀཱ་ལ་དུང་གཅིག་གསུངས་ཤིང་སྒྲོལ་མ་ལའང་ཡི་དམ་དུ་བྱེད་པ་ཁྲོཾ་ཐར་བླ་མ་བསྟན་འཕེལ་ལས་མགོན་པོའི་དབང་གསན་ཞིང་། ཡང་ཁྲོཾ་ཐར་བླ་མ་གཞན་ཞིག་ལས་མདོ་མང་གི་ལུང་གསན་པ་ཡིན་ནོ། །ཡང་ཁང་སར་མཁན་ཆེན་དམ་པ་རིན་པོ་ཆེ་དང་རྫོགས་ཆེན་ནས་ཆོས་གྲོགས་སུ་སོང་ཞིང་རྗེ་འདིས་མཁན་རིན་པོ་ཆེ་དེའི་སྐྱོར་དཔོན་ཡང་མཛད་ཡོད་འདུག་ལ་ཕན་ཚུན་ཆོས་གསན་བཞེས་ཀྱང་ཅི་རིགས་ཡོད་ཚོད་ལ་དེའི་ཚུལ་མ་ཐོས་སོ། །གསང་རྒྱུད་རྒྱ་མཚོའི་ཆོས་ཚུལ་རྣམས། །སྙིགས་སྤྱོད་མུན་པའི་སྒྲིབ་གཡོག་གིས། །ཕྱོགས་བསླད་མགྲོན་པོ་ཇི་བཞིན་དུ། །ཕྱོགས་ཕྱོགས་འཐོར་བར་གྱུར་པའི་ཚེ། །རྒྱལ་ཀུན་བཀའ་ཡི་སྡུད་པོ་ཆེ། །བསམ་བཞིན་སྲིད་པར་བཟུང་བ་ལ། །འཇ༵མ་དབྱང༵ས་བློ༵་གཏེ༵ར་དབ༵ང་པོ༵་ཞེས། །མཚན་སྙན་ཅོད་པཎ་འཆང་བ་དེས། །སྨིན་གྲོལ་ཆུ་ཀླུང་མ་ལུས་པ། །ལེགས་བཤད་ཤུལ་ལམ་བདེ་བ་ནས། །གསང་མཛོད་རྒྱ་མཚོ་ཆེར་བསྡུས་པ། །གྲུབ་གཉིས་རིན་ཆེན་བྱེ་བའི་གནས། །གླེགས་བམ་བཅུ་ཕྲག་གསུམ་ཉིད་ལ། །གཉིས་ཀྱིས་ལྷག་པའི་གྲངས་ལྡན་གྱི། །སྨིན་གྲོལ་རྒྱུད་ཀྱི་བཤད་བཀའ་དང་། །རྒྱབ་རྟེན་ལུང་བཅས་ཡོངས་སུ་རྫོགས། །དེ་ནས་བཟུང་སྟེ་མགོན་ཁྱོད་ཀྱང་། །གསང་བདག་གཉིས་པའི་གྲགས་པ་སྙན། །ཟག་མེད་ཐུགས་ཀྱི་གཞལ་མེད་ཁང་། །གསང་རྒྱུད་རྒྱ་མཚོའི་མཛོད་དུ་གྲུབ། །ཡབ་ཆོས་གསུང་ངག་རིན་པོ་ཆེ། །ཕྱོགས་བསྒྲིགས་གླེགས་བམ་བཅུ་བདུན་གྱི། །ཟབ་རྒྱས་ཁྲིད་བཀའ་གཙོར་གྱུར་པའི། །དབང་ལུང་ཆ་ལག་བཅས་པ་ཆོས། །གཞན་ཡང་རིས་མེད་རྒྱལ་བསྟན་གྱི། །སྣང་བྱེད་ཉི་མ་གཅིག་པུ་པ། །སྙིགས་མའི་དུས་འདིར་འཇམ་པའི་དབྱངས། །མཁྱེན་བརྩེའི་སྒྱུ་འཕྲུལ་ངོམ་པ་དེས། །རབ་འབྱམས་ལྷ་ཡི་སྒྲུབ་ཐབས་ནི། །དཀོན་ལ་ཁུངས་བཙུན་ཕན་ཆེའི་རིགས། །ཕྱོགས་གཅིག་བསྡུས་པའི་པུསྟ་ཀ། བཅུ་ཕྲག་གཅིག་ལ་བཞི་ལྷག་པའི། །རྗེས་གནང་ཁྲིད་དང་ལུང་བཅས་པ། །ཆོས་ཚན་གཉིས་སུ་མ་འདུས་པའི། །ཆོས་སྐྱོང་སྐོར་གྱི་ཐུན་མིན་གྱི། །རྗེས་སུ་གནང་བ་མང་དག་གསན། །རྡོ་རྗེའི་གསུང་གི་གསང་བ་ལས། །ལེགས་འཁྲུངས་ལེགས་བཤད་ཕལ་མོ་ཆེ། །ཐུགས་སྲས་ཁྱོད་ཀྱི་ཐུགས་མཚོ་རུ། །ཆུ་གཏེར་ཆེ་ལ་ནོར་བུ་བཞིན། །ཁྱད་པར་འོད་མི་འགྱུར་བ་དང་། །པད་དཀར་འཆང་བ་དངོས་སྣང་བ། །མཉམ་མེད་ཇོ་བོ་ཡབ་སྲས་ཞེས། །གྲགས་པ་རབ་འབྱམས་ཞིང་གི་རྒྱན། །ཉམས་ལེན་གདམས་པའི་བཀའ་བབས་ནི། །བསྟན་པ་འདི་ལ་ཟླ་མེད་པའི། །བརྒྱུད་འཛིན་བཀའ་གདམས་རིན་པོ་ཆེའི། །ཐུགས་བཅུད་སྒྲོ་སྐུར་བྲལ་བའི་ཆོས། །མཆོག་འབྲིང་དམན་པའི་སྐྱེས་བུ་ཡི། །བློ༵་ཡི་དྲི་མ་སྦྱོང༵་བྱེད་དུ། །རྒྱལ་བ་ཀུན་གྱིས་ལེགས་བསྔགས་ཤིང་། །རྒྱལ་སྲས་ཡོངས་ཀྱིས་ཉམས་ལེན་མཐིལ། །ཉམས་ཁྲིད་དགོངས་པས་བྱིན་ཕབ་རྗེས། །རིན་ཐང་བྲལ་བའི་གླེགས་བམ་བཅས། །ཡན་ལག་དྲུག་ཅུའི་གསུང་གསང་གིས། །ཆོས་འདིའི་བདག་པོར་མངོན་དབང་བསྐུར། །ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་པས། །ལྷ་ཆོས་བདུན་ལྡན་བསྟན་པ་ཡི། །ཡང་སྙིང་ཟབ་ཆོས་རིན་པོ་ཆེའི། །བཤད་སྒྲུབ་ཉིན་བྱེད་ལྗོངས་འདིར་འཆར། །མགོན་ཁྱོད་ཐུགས་རྗེའི་གཏེར་ཆེན་དེའི། །རིགས་དང་རིགས་བདག་གང་རུང་ཞིག །སྙིགས་དུས་ཆོས་འདིས་གསལ་བྱེད་དུ། །བསམ་བཞིན་བྱོན་ལ་ཐེ་ཚོམ་ཅི། །མགོན་དེའི་སློབ་ཚོགས་བཅས་པ་ལས། །རྒྱུ་འབྲས་ཐེག་པའི་དམ་ཆོས་ནི། །ཇི་སྙེད་གསན་པའི་གྲངས་ཀྱི་མཐའ། །ཡི་གེའི་ཡུལ་ལས་བརྒལ་བ་ཙམ། །རྒྱལ་ལས་རྒྱལ་བའི་ཐུགས་མཚོ་རུ། །བབས་པའི་ངང་ཚུལ་དེ་མ་གཏོགས། །ཚུར་མཐོང་བློ་ཡིས་ཚེ་ཐུང་འདིར། །མཚན་ཙམ་བགྲངས་ཀྱང་ངལ་བའི་རྒྱུ། །གདོད་ནས་རྣམ་མཁྱེན་རྒྱལ་ཐབས་ལ། །དབང་བསྒྱུར་དམ་པ་ཁྱེད་ལྟ་བུས། །རྡོ་རྗེ་འཆང་དབང་དེ་ཉིད་ལ། །ཐ་དད་གཟིགས་པ་ག་ལ་ཞིག །འོན་ཀྱང་བདག་ཅག་འགྲོ་ཁམས་འདིའི། །དམན་པའི་བློ་གྲོས་གཞིག་པའི་ཕྱིར། །རྗེ་དེ་རྫོགས་པའི་སངས་རྒྱས་སུ། །སྒྲུབ་པའི་གཏན་ཚིག་ངོམ་པར་ཟད། །གསང་བདག་བླ་མའི་ཞབས་དྲུང་དུ། །གསང་འཛིན་དབང་པོ་ཁྱོད་ཉིད་ཀྱིས། །གསང་ཆེན་ཐེག་པའི་ཆོས་ཚུལ་གྱི། །གསང་བ་ཡོངས་སུ་རྫོགས་པའི་དུས། །འགྲུབ་མེད་ཐུགས་དམ་མ་བཅས་ཀྱང་། །བསླུ་མེད་ལུང་གི་ཅོད་པན་ནི། །འཁྲུལ་མེད་སྲས་མཆོག་ཁྱོད་ཉིད་ཀྱི། །སྤྱི་བོར་བཅིངས་པའི་དགོངས་དོན་བཞིན། །ས་འཛིན་དཀར་པོའི་ཆོས་གྲྭ་ནས། །ངག་གི་དབང་པོའི་སྒྱུ་འཕྲུལ་མཆོག །བདག་ཆེན་མཐུ༵་སྟོབ༵ས་དབ༵ང་ཕྱུག༵་དེས། །བཀའ་ལུང་ཉིན་བྱེད་དང་པོར་ཤར། །འཇ༵མ་དབྱང༵ས་ཆོས༵་ཀྱི༵་ཟླ་བ་ལ། །བློ༵་གྲོས༵་ཆ་རྫོགས་དེའི་གཙོས་པའི། །སྐལ་ལྡན་རྒྱུ་སྐར་ཕྲེང་བ་བཅས། །སྔ་ཕྱི་ངེས་མེད་རིམ་བཞིན་དང་། །སྣང་བྱེད་ཟུང་གི་ཟླ་མིན་ཀྱང་། །དད་གསུམ་རང་འོད་འབྱིན་པ་ལ། །པ་སངས་ལྟར་དཀར་བདག་ཀྱང་ནི། །ལུང་དོན་གྲལ་མཐར་སྐྱེས་པ་ཙམ། །དེ་ལས་དང་པོ་རྟེན་འབྱུང་གི། གནད་གསང་དུ་མའི་བྱེད་པ་ཡིས། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡང་། །རེ་ཞིག་ངལ་བསོས་ལྟར་སོང་བར། །མ་ཧཱ་བྷོ་ཊའི་ལྗོངས་འདི་ན། །འཁྲུལ་མེད་གདུང་གི་རྒྱལ་སྲས་ཆེ། །ཞབས་སེན་བཀོད་པའི་བསྐལ་བཟང་དུས། །རྟེན་འབྲེལ་ཚང་ལ་དགོང་སམ་སྙམ། །ཡང་ངེས་པར་གྲུབ་པའི་དབང་ཕྱུག་ཨ་འཛོམ་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་དྲུང་དུ་ས་ཐག་ཀྱང་ཉེ་བས་ལན་གྲངས་ཤིན་ཏུ་མང་པོ་ཕེབས་ནས་ཡུན་རིང་པོར་བསྟེན་པ་ཡིན་ལ་གསང་ཆེན་རྙིང་མའི་རིང་ལུགས་ལས་བརྒྱུད་པའི་བཀའ་གཏེར་དག་སྣང་དང་འབྲེལ་བའི་སྨིན་གྲོལ་ལུང་བཅས་བསམ་གྱིས་མི་ཁྱབ་པ་ཞིག་གསན་པར་གསུངས་ཀྱང་རེ་རེ་ནས་ཞིབ་པར་མི་གསུངས་ལ། གཙོ་བོར་གྱུར་པ་ནི། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཐུགས་བཅུད་འཇའ་ལུས་འཕོ་ཆེན་གྱི་སྐུ་བརྙེས་པའི་སྐྱེས་མཆོག་བྱ་ཁྱུ་འཕུར་བ་ལྟར་གཤེགས་པའི་ལམ་སྲོལ། རྟོགས་ལྡན་གྱི་རྒྱལ་པོ་དེ་ཉིད་ཀྱི་ཉམས་ཁྲིད་ཕྱག་བཞེས་ཀྱིས་བརྒྱན་པའི་སྔོན་འགྲོ་བསགས་སྦྱང་ནས་དངོས་གཞིའི་ཐུགས་ངོ་སྤྲད་པའི་བར་ཐུགས་རྒྱུད་ལ་སྨིན་ངེས་ཀྱི་བཀའ་དྲིན་བསྐྱོངས་བ་དང་བསྟུན། རྗེ་འདིས་ཀྱང་དད་བརྩོན་དྲག་པོས་ཐད་སོ་ཐད་སོར་ཆུད་ཟོས་སུ་མ་བཏང་བར་བསྒོམ་པས་ལམ་རྟགས་ཀྱང་དེ་འཕྲལ་དུ་འཆར་ནས་རྟོགས་པའི་ཡང་རྩེར་སོན་པ་ཞིག་ཡིན་ཏེ། དེ་ཡང་བཀའ་ལས། སེམས་ངོ་འདི་ཨ་འཛོམ་དང་བླ་མ་གཞན་དགའ་གཉིས་ཀ་ལས་ཐོབ་ཀྱང་དམ་པ་དེ་གཉིས་སྤངས་རྟོགས་ལ་ཁྱད་ཡོད་སྙམ་པ་རང་མི་བདོག་ཀྱང་། གྲུབ་ཐོབ་དང་པཎྜི་ཏའི་ཚུལ་སྟོན་ཡིན་ནམ་བྱིན་རླབས་གྱི་ཟིལ་དེ་ཨ་འཛོམ་རིན་པོ་ཆེ་ཆེ་བ་ལྟ་བུར་བྱུང་ལ་སེམས་ངོའང་སྟན་ཐོག་དེར་འཕྲོད་བྱུང་སྙམ་པ་ཞིག་བྱུང་ཞེས་ཐོས་སོ། །དམ་པ་འདི་ཉིད་ནི་གྲུབ་ཐོབ་འཁྲུལ་མེད་ཡིན་གསུངས་ནས་ཐུགས་མཐོང་ཤིན་ཏུ་ཆེན་པོ་མཛད་པ་ཡིན་ཏེ། དབུ་སྐྲ་གཞན་ལ་གནང་བར་རྗེས་སོར་དམ་སེལ་ཤོར་ན་རང་ཡལ་དུ་འགྲོ་བ་ཡིན་ཚུལ་དང་། ཀཿཐོག་སྐུ་འབུམ་དུ་འཇའ་ལུས་འབུམ་ཕྲག་གཅིག་གྲུབ་ཟེར་བ་ཨེ་བདེན་ནམ་སྙམ་ངས་མཉམ་བཞག་གིས་བལྟས་པས་བདེན་པར་འདུག །འོན་ཀྱང་འཕོ་ཆེན་རྐྱང་བ་རང་ནི་མིན་འདུག་ལུས་རྡུལ་ལྟར་དེངས་པའང་མང་དུ་འདུག་གསུངས་པ་དང་། སྐབས་ཤིག་རྗེ་འདི་ལ་སྐུ་ཚེའི་གེགས་ཤིག་བྱུང་བར་ཚེ་དབང་མཛད་དུས་ཀྱང་ཚེ་མདའ་སོར་བཞི་ཙམ་རིང་དུ་སོང་བ་མངོན་སུམ་དུ་གཟིགས་ཚུལ་བཀའ་ལས་ཐོས་སོ། །ཡང་བླ་མ་རྟོགས་ལྡན་རང་སློབ་མ་སྐལ་ལྡན་འཛོམས་པའི་དུས་སུ་གསུང་གི་ཟུར་རེ་ལའང་གོ་མྱོང་ཆེན་པོ་རེ་ཡོད་པར་འདུག་སྟེ། ལན་ཅིག་སྐུ་མདུན་དུ་ཕེབས་པས། ཞལ་སྔ་ནས། ཁ་སང་འདི་ན་རྫོང་མགོ་མཁན་པོ་བྱུང་བར། ཁྱོད་ཀྱིས་ང་ལ་དད་པ་ཇི་ཙམ་ཡོད་དྲིས་པས། སངས་རྒྱས་ཀྱི་འདུ་ཤེས་ཡོད་ཟེར། བརྫུན་མ་ཟེར། ང་འདྲ་བའི་རྒན་པོ་ནད་རོ་ཞིག་ལ་དེ་འདྲ་ག་ལ་ཡོད་བྱས་པས། སངས་རྒྱས་ལའང་སྐྱེ་རྒ་ན་འཆིའི་ཚུལ་སྟོན་ཡོད་ཟེར། ཁྱེད་ཅག་དཔེ་ཆ་བ་འདི་ཚོས་དེ་འདྲ་མང་པོ་ཟེར་ཤེས་འདུག་ཀྱང་། ཁྱོད་ཀྱིས་ང་ལ་སངས་རྒྱས་ཀྱི་འདུ་ཤེས་རང་མེད་ཡོད་ན་ངས་ལྷྭམ་འདི་ལག་ཏུ་ཐོགས་ནས་སེངྒེ་འདི་ཞེས་བཤད་པ་མང་པོ་ཞིག་བྱས་ན། ཁྱོད་ཚོས་ཁོ་རང་གི་ཅི་ཟེར་བ་ཡིན་ན་མ་གཏོགས་འདི་ལྷམ་ལས་སེང་གེ་ག་ལ་ཡིན་སྙམ་པ་ལས་མེད་ཅེས་བྱས་པ་ཡིན་ཞེས་ཕེབས་པར་དེ་དུས་བརྟག་དཔྱད་ཆེར་མ་བྱུང་ཡང་། རྗེས་སུ་བསམས་དུས་འདི་དེ་འདྲ་ཞིག་ལོས་ཡིན། སྣང་སྲིད་ཀྱི་ཆོས་འདི་ཐམས་ཅད་གཞི་མེད་རྩ་བྲལ་བདེན་སྟོང་སྒྱུ་མའི་ངོ་བོར་གནས་པ་ལ་བླ་མ་སངས་རྒྱས་གསུང་གིས་གང་ལྟར་གསུངས་ཀྱང་འགལ་མེད་ཀྱི་གནད་གོ་ནས་ཅི་གསུང་ཚད་མར་འཛིན་པའི་མོས་གུས་ཞིག་མ་སྐྱེས་ན། ཁ་མཁས་ཀྱི་ལུང་རིགས་ཁྱེར་ཏེ་བསྒྲུབ་པ་ཙམ་ལས་སྙིང་པོ་མེད་པའི་དོན་གཏིང་ནས་རྟོགས་པ་ཞིག་བྱུང་ཞེས་བཀའ་ལས་ཐོས་སོ། །བདག་ཅག་ལྟ་བུ་ལ་འདི་འདྲ་ཞིག་གསུངས་ན་སྙན་གྱི་གོང་འོག་གང་རུང་ལས་བུ་གར་ཡེ་འཛུལ་ཚོད་དུ་མི་འདུག་གོ། ཡང་དེ་ཉིད་ཀྱི་ཞལ་སྔ་ནས་ང་རང་གིས་ཁྱོད་ལ་གསང་སྔགས་རྙིང་མའི་ཆོས་འདི་བུམ་པ་གང་བྱོར་བྱས་པར་ད་འདིའི་དོན་ཁོ་ན་གཅིག་ཏུ་བསྒོམ་ན་ཚེ་འདིར་འཇའ་ལུས་མ་འགྲུབ་ན་ངས་ཁྱོད་བསླུས་པ་ཡིན་ཞེས་པའི་ཞལ་བཞེས་གནང་ཞིང་། རྗེས་སོར་འཇུ་པ་མཁས་མཆོག་མི་ཕམ་རྒྱ་མཚོའི་དངོས་སློབ་པྲ་པ་རྣོ་ཐིག་ཅན་ཞིག་ལ་པྲ་ཕབ་པར་དེ་ལྟར་བྱས་ན་ཅི་འགྱུར་ལ། འོད་གསལ་ཐེག་པའི་རྩེ་མོ་ཡིས། །ཚེ་འདིར་ཟུང་འཇུག་འཇའ་ལུས་འགྲུབ། །བྱ་བ་དང་། ས་སྐྱ་པའི་རྐང་ཨེ་ཟིན་ལ། ལྷག་བསམ་བསྟན་པའི་རྒྱལ་མཚན་འཛིན། །འགྲོ་དོན་མཁའ་ལ་ཉི་ཤར་འབྱུང་། །བྱ་བའི་ཡི་གེ་བབས་ཡོད་འདུག་ལ། བླ་མ་གཞན་དགའ་རིན་པོ་ཆེའི་ཞལ་ནས་ཀྱང་། ཁྱེད་ལ་ང་རང་གིས་རྙིང་ཆོས་ཐམས་ཅད་རྫོགས་པ་ཞིག་བྱེད་ཆོས་འདི་ལ་ལས་འབྲེལ་ཆེ་ངེས་ཡིན། སྐྱེ་སྲིད་གོང་མ་གཟིམ་འོག་རིན་པོ་ཆེ་དེ་མི་འགྱུར་ནམ་མཁའི་རྡོ་རྗེ་སྐུ་ཤིན་ཏུ་བགྲེས་དུས་རྫོགས་ཆེན་དུ་ཕེབས་ནས་རྙིང་ལུགས་བཀའ་མའི་སྐོར་རྣམས་སྤྱན་ཚབ་ཡན་ཆད་བཙུགས་ནས་རྫོགས་པར་གསན་པ་ཡིན་ཞེས་ཕེབས་ལ། བཀའ་ལས་ང་རང་བླ་མ་དེ་དག་དང་རྙིང་མའི་ཆོས་འདི་ལ་བསླུ་མེད་ཀྱི་ཡིད་ཆེས་ཤིག་འདོག་ལ་དེ་དུས་ས་སྐྱ་པའི་ཆོས་ཀྱི་ཆེ་བའང་དེ་ཙམ་ཞིག་མ་མཐོང་གོང་ཡིན་ཀྱང་གྲྭ་ཚང་འདི་ས་སྐྱ་པའི་ཆོས་སྡེར་སོང་གཤིས་མགོ་འགྱུར་ལུས་འགྱུར་ཞིག་ཏུ་སོང་ན་ལུགས་གཉིས་ཀ་ནས་མི་ལེགས་སྙམ་ནས་དམ་པ་དེ་དག་ལའང་ཐབས་མཁས་དང་བསྟུན་ནས་དགོངས་པས་ཁྲོལ་བ་འབའ་ཞིག་ཞུས་པ་ཡིན་ཞེས་ཐོས་སོ། །ཡང་རྟོགས་ལྡན་གྱི་རྒྱལ་པོ་དེ་ཉིད་ཀྱི་རྡོ་རྗེ་གསུམ་གྱི་སྲས་མཆོག་ཨ་འགྱུར་རིན་པོ་ཆེའི་དྲུང་ནས་ཀྱང་སྔ་ཕྱིར་སྨིན་གྲོལ་གྱི་རིགས་འགའ་དང་རྒྱུད་གསང་སྙིང་གི་བཤད་བཀའ་བཅས་གསན་ཞིང་དམ་པ་འདི་ཉིད་དང་པོར་འབྲུག་པ་རིན་པོ་ཆེའི་ཞལ་ནས་ཀྱང་འཁྲུལ་ཞིག་ཅིག་ཡིན་གསུངས་པའི་བཀའ་གནང་བྱུང་ཞིང་བླ་མ་དེའི་རྒྱལ་ཚབ་ཡིན་གསུངས་ནས་ཐུགས་དད་ཆེར་མཛད་པའང་མ་ཟད་དེའི་བརྒྱུད་པ་དང་ཕྱོགས་སུ་གཏོགས་པ་རྣམས་ལའང་གུས་པར་མཛད་པ་ཡིན་ཏེ། ཨ་འཛོམ་རིན་པོ་ཆེའི་ཡུམ་གྱིས་གནང་བའི་འབུ་རས་ཀྱི་དབུ་དཀྲིས་ཤིག་འདུག་པའང་བརྒྱ་ཕམ་ན་དབུ་ལ་གསོལ་ཞིང་དད་པའི་རྟེན་དུ་མཛད་པ་དང་། ཡུམ་ཅིག་ཤོས་ཀྱི་སྲས་ལུམ་མོ་འདྲ་ཕྱིས་སུ་སྣང་ཚུལ་ལ་སྤྲང་པོར་སོང་ཞིང་། དམན་པར་སྣང་བ་རྣམས་ལའང་རྒྱང་ནས་གཟིགས་ཚེ་དབུ་ཞྭ་ཕུད་པ་སོགས་གནང་བ་ཡིན་ནོ། །གངས་ལྗོངས་འགྲོ་བའི་སྐྱབས་གཅིག་པུ། །མཚོ་སྐྱེས་བླ་མའི་རྒྱལ་ཚབ་མཆོག །རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར། །འགྲོ༵་འདུ༵ལ་དཔ༵འ་བོ༵་རྡོ༵་རྗེ༵་ལས། །བཀའ་གཏེར་དག་སྣང་དང་འབྲེལ་བའི། །སྨིན་གྲོལ་ལུང་བཅས་མཐའ་ཡས་དང་། །ཟབ་གནད་དུ་མས་བརྒྱན་པ་ཡི། །ཞལ་གྱི་གདམས་པའང་མང་གསན་ཞིང་། །ཁྱད་པར་གསང་ཆེན་རྙིང་མ་པའི། །ཟབ་ལམ་ཐེག་རྩེའི་གཤོག་རྩལ་གྱིས། །གྲུབ་ཐོབ་འདབ་ལྡན་ཁྱུ་ཚོགས་ལྟར། །དུས་གཅིག་འཕུར་བའི་གྲགས་སྙན་ཅན། །ངོ་སྤྲོད་རྡོ་རྗེའི་གསང་ལམ་ནས། །དགོངས་པའི་བྱིན་ཆེན་ཕབས་པའི་ཚེ། །འོད་གསལ་ཆོས་སྐུ་རྗེན་པ་རུ། །རྟོགས་གྲོལ་དུས་མཉམ་མངོན་དུ་མཛད། །ཐེག་པའི་ཤིང་རྟ་འདིར་ཞོན་ན། །གཟུགས་སྐུ་དབྱིངས་སུ་མ་བསྡུས་པར། །འཇའ་ལུས་འཕོ་ཆེན་དྭངས་མའི་སྐུར། །འགྱུར་བའི་ལུང་བསྟན་རྒྱལ་རྔ་བརྡུངས། །འོན་ཀྱང་ཡེ་ཤེས་སྐུ་ཅན་ཁྱོད། །བསྐྱར་ཏེ་བསྒྲུབ་པའི་འབྲས་བུ་ལ། །དོན་དུ་གཉེར་བ་མི་མངའ་བས། །ཐུགས་ལས་ཆུང་བའི་ཚུལ་དུ་བཞུགས། །ཡང་ན་ས་བསྟན་ཡོངས་ཀྱི་སྲོག །ཁྱོད་ཉིད་ཁོ་ནར་ངེས་པའི་ཕྱིར། །དེ་ཉིད་གཞན་དུ་འཕོས་ན་ནི། །བསྟན་འདི་འཚོ་བ་མིན་པར་དགོངས། །གང་ལྟར་ཡིན་ཡང་མགོན་ཁྱོད་ཀྱིས། །དྲི་མ་མེད་པའི་རིང་ལུགས་འདིའི། །སྲོག་གི་རྩ་བ་བཟུང་བ་ཡི། །བཀའ་དྲིན་བསྐྱངས་པ་འདི་གཅིག་པུས། །དེང་སང་དུས་ན་ས་སྟེང་འདིར། །ས་སྐྱའི་རྗེས་འཇུག་ཡོད་རྒུ་ཡིས། །ཉིན་མཚན་དུས་དྲུག་ཕྱག་འཚལ་ཡང་། །བཀའ་ཡི་དྲིན་ལ་འཁོར་ཐབས་ཅི། །ཡང་དགུང་གྲངས་ཉི་ཤུ་རྩ་གྲངས་སྐོར་རྗེ་མཁྱེན་བརྩེའི་ཞབས་ཀྱི་སྨྱུག་འཛིན་དབང་པོ་ལྔ་རིག་སྨྲ་བ་བླ་མ་ཚེ་རིང་བཀྲ་ཤིས་མདུན་དུ་ཕེབས་ནས་སྒྲ་ཀ་ལཱ་པའི་ས་རིས་ཡོངས་རྫོགས་ཞིབ་རྒྱས་ཤིག་གསན་པས་སྒྲ་ལ་ཕུལ་དུ་ཕྱིན་པའི་མཁྱེན་པ་མངའ་བ་ཡིན་ཏེ་བཀའ་ལས། དེ་དུས་དམ་པ་དེ་ཉིད་སྒྲ་ལ་ཤིན་ཏུ་བྱང་པོར་འདུག །རང་རེའང་བློ་གྲོས་ཅུང་གསལ་སྟབས་སྒྲ་འདི་ཤེས་སྙམ་པར་བདོག །ཚར་བའི་དུས་ཀྱང་བླ་མའི་ཞལ་ནས་རང་རིག་གནས་སྐོར་འདི་ལ་གཞན་དང་མི་འདྲ་བའི་ངེས་ཤེས་ཤིག་ཡོད་ད་སྔོན་བློ་གསལ་ཤེས་ངེས་ཤིག་ལ་རྫོགས་པར་བཤད་སྙམ་ཡང་དེ་འདྲ་ཆེར་མ་རྙེད། ཟླ་འོད་ཁྱོད་གཉིས་རིག་པ་དཔེ་མེད་ཅིག་འདུག་པས་སྒྲ་འདི་ཇི་བཞིན་ཤེས་སོང་། ད་དུང་རིག་གནས་སྐོར་སྦྱངས་པ་ལ། སང་ཕོད་ང་རང་འཆི་ཨེ་འགྲོ་སྙམ། མ་སོང་ན་ཅིས་ཀྱང་བྱོན་ཤོག་ཅེས་ཕེབས་བྱུང་ཡང་ཕྱི་ལོར་གཤེགས་སོང་བ་ཡིན་ཞེས་ཐོས་སོ། །ཡང་དགུང་ལོ་ཉེར་བརྒྱད་ཀྱི་དུས་སྡེ་གཞུང་མའི་དགོན་ཡུལ་རྣམས་ལ་གསང་སྟེ་བྲོས་ཐབས་སུ་རྗེ་ཉིད་དབོན་སློབ་བཞི་རྫོགས་ཆེན་དགོན་རུ་དམ་ཤྲཱི་སེང་གི་ཆོས་གྲྭ་ཆེན་པོར་ཕེབས་ནས། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བའི་དྲུང་དང་མཇལ། དེ་ནས་བཟུང་གསང་སྟབས་སུ་ཅུང་རེ་ཡར་མར་བྱོན་བཞུད་མཛད་པ་མ་གཏོགས་ལོ་དྲུག་ལྷག་ཙམ་ལ་ཕལ་ཆེར་སྐུ་ལ་རྒྱུན་བཅར་མཛད་ཅིང་། རྗེས་སོར་མཁན་ཆེན་ཉིད་དབེན་པ་བསྟེན་རྒྱབ་རྒྱ་ཕུ་རི་ཁྲོད་དུའང་ལན་འགའ་ཕེབས་པ་སོགས་ཡུན་རིང་ཞབས་པད་བསྟེན་ནས་ཆོས་གསན་པའང་། རྒྱལ་བསྟན་རིན་པོ་ཆེའི་ལུས་ལྟ་བུ་སྡེ་སྣོད་གསུམ་དང་འབྲེལ་བའི་གཞུང་ལུགས་དེང་སང་བཤད་པའི་རྒྱུན་བཞུགས་པ་གཞུང་ཆེན་བཅུ་གསུམ་དུ་གྲགས་པ་ཆ་ལག་དང་བཅས་པ་མཁན་ཆེན་ཉིད་ཀྱིས་ཕྱག་མཆན་གནང་བའི་སྟེང་ནས་བཤད་ཁྲིད་ཡོངས་རྫོགས་ཤིག་དང་། དེ་ལས་འགའ་རེ་ནི་ཡང་བསྐྱར་གྱིས་ལན་གཉིས་གསུམ་གསན་པའང་ཡོད་འདུག་ལ། ས་སྐྱ་པའི་རང་གཞུང་སྐོར་ཡང་རྒྱུད་བཤད་སྔོན་འགྲོ་ཚུལ་བཞི་ཚང་བ་ལ་སྤྱི་ལྗོན་བརྟག་གསུམ། རབ་དབྱེ་སོགས་ཆེ་ཆུང་དུ་མ་དང་། རྙིང་ཆོས་ཀྱང་། རིག་པའི་རྩལ་དབང་སོགས་དབང་རྗེས་གནང་འགའ་དང་ཡེ་ཤེས་བླ་མ་སོགས་ཉམས་ལེན་གྱི་སྐོར་ཡང་མང་དུ་གསན་པ་ཡིན་ནོ། །དེ་ཡང་དང་པོར་སྤྱོད་འཇུག་གསན་དུས་དྲོད་ཅུང་བབས་པའི་དུས་ནངས་མོར་ཆོས་ཐུན་ཚོགས་ཚེ་ཁ་བ་མཐོ་གང་ཙམ་བབས་འདུག་པར་གྲོལ་ཙ་ན་རྗེས་མེད་དུ་སོང་འདུག་པ་དེ་ཙམ་གྱི་ཡུན་ལ་མཆན་འགྲེལ་ལྡེབ་གཉིས་རེ་ཙམ་ལ་གསུང་བཤད་ཞིབ་ལ་རྒྱས་པ་རྒྱལ་སྲས་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ཚིག་རེ་རེའི་སྟེང་དུའང་བདེན་གཉིས་བྱང་ཆུབ་ཀྱི་སེམས་ཆ་མཉམ་དུ་སྟོན་པའི་ངོ་མཚར་ཅན་འཕྲོས་དོན་དང་བཅས་པ་སྩལ་བས། འ་འི་ངེས་པར་བྱང་ཆུབ་སེམས་དཔའ་བྱ་བའི་བླ་མ་དང་དེའི་ཉམས་སུ་བཞེས་རྒྱུའི་ཆོས་དེ་དག་འདི་རང་ཡིན་པར་འདུག་སྙམ་དུ་ཆོས་དང་བླ་མ་ལ་ཐུགས་དད་གཏིང་ནས་གཡོས་པར་གསུངས་ཏེ། བཀའ་ལས། དེ་དུས་བདག་ཆོས་དང་བླ་མས་ཡིད་དབང་མེད་དུ་འཕྲོག་ནས་ཉིན་རེ་བཞིན་ཆོས་ཐུན་ལ་མ་ངུས་པ་མེད་པ་ལྟ་བུ་ཡིན་ཞེས་ཐོས་ཏེ་དེ་ནས་བཟུང་གཞུང་བཟང་འདི་ཉིད་ཐུགས་ཉམས་སུ་བསྟར་རྒྱུའི་གཙོ་བོར་མཛད་པ་ཡིན་ནོ། །དང་པོར་ཕེབས་དུས་གསོལ་ཆས་ཀྱང་ཅུང་དཀོན་ལ་སྤུས་ཀྱང་གཙང་རྒྱུ་མེད་པ་ཞིག་གསོལ་དགོས་བྱུང་བར་དེའི་རྗེས་ཙམ་ན་ཡབ་རྗེའི་དྲུང་ཕེབས་ནས་མཐུན་རྐྱེན་ཕོངས་མེད་ཞིག་ཕྱག་འཛིན་གནང་ཡོད་འདུག་པར། བཀའ་ལས། དེ་དུས་བླ་མ་གཞན་དགས་ཀྱང་ཕ་མ་ཆོས་ལྡན་གྱི་བུར་སྐྱེས་བྱ་བ་དེ་ཁྱོད་རང་ཡིན་འདུག་དེ་ཙམ་གྱི་གྲོགས་བྱེད་པ་ཞེས་གསུངས་ཚུལ་ཕེབས་སོ། །ཡང་ཐུགས་ཟིན་དང་རྣམ་དཔྱོད་ཀྱང་སློབ་མའི་གཙོ་བོར་གྲགས་པ་ཞིག་ཡིན་འདུག་སྟེ། རྗེའི་ཞལ་ནས་ཀྱང་བླ་མ་གཞན་དགའ་རིན་པོ་ཆེ་འདི་སློབ་གྲྭ་ཕལ་ཆེར་གྱིས་མཁས་པ་ཡིན་སྙམ་པ་ལས། གྲུབ་པ་ཡིན་སྙམ་པ་མི་འདུག་ཀྱང་ང་རང་གིས་དང་པོ་ནས་སེམས་དཔའ་ཆེན་པོ་ཞིག་བསམ་བཞིན་དུ་བྱོན་པའི་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཆེན་པོར་ངེས་པའི་འདུ་ཤེས་གཏིང་ནས་ཡོད། དེར་མ་ཟད་མིའི་ཐད་ནས་ཀྱང་། མཁྱེན་རྒྱ་ཆེ་ལ༑འདྲ་མིན་གྱིས་བསྒྱུར་དཀའ་ཞིང་། ཐུགས་སྒམ་ལ་གསུང་གསང་ཟབ་པ་སོགས་ཕོ་རབ་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཞིག་ཡིན། ང་རང་ལའང་སྐྱིད་སྡུག་ལེགས་ཉེས་ཅི་འདྲ་ཞིག་བྱུང་ཡང་སྦ་གསང་མེད་པར་ཞུས་པས་བླ་མ་དེས་ཀྱང་ཐ་ན་འཕྲལ་གྱི་སྤྱོད་ལམ་ཚུན་ཆད་ཀྱང་ཕས་བུ་ལ་བསླབ་པ་བཞིན་བཀའ་ལུང་གནད་སྨིན་ཁོ་ན་བསྩལ་ལ་ཐུགས་ཡིད་གཅིག་འདྲེས་ཟེར་བའི་དཔེ་ལྟར་སོང་ཞིང་། བླ་མའི་ཞལ་ནས་ང་རང་ཚེ་སྨད་ལ་འབོ་གངས་དཀར་དུ་འགྲོ་བའི་དུས་ཤིག་འོང་དེ་དུས་སྡེ་གཞུང་ནང་ནས་ལམ་བྱས་ཏེ་འོང་བ་ཡིན་རོག་རམ་ཅི་དགོས་ནི་ཁྱོད་ལ་ཟེར་ཆོག་པ་འདུག་ཅེས་ཕེབས་པར། བདག་གིས་ཀྱང་དེ་ལྟར་ཅིས་ཀྱང་བཀའ་དྲིན་སྐྱོང་གྲུབ་ཞུ། ཞབས་ཏོག་གང་དགོས་སྒྲུབ་ཆོག་ཅེས་ཞུས་ཤིང་། དགའ་ཚོར་ཤིན་ཏུ་ཆེན་པོ་བྱུང་ཡང་དགོངས་གཞི་གང་ཡིན་མི་ཤེས་ཕེབས་རྒྱུ་གྲུབ་པ་ཞིག་མ་བྱུང་ཞེས་དང་། ཡང་དང་པོར་བདག་རྫོགས་ཆེན་དུ་སླེབས་ཚེ་ཧ་ཅང་ནང་རྒྱུས་མེད་སྟབས། བླ་མ་ལ་གསོལ་ཆས་ཀྱིས་ཕོངས་ཚུལ་ཡེ་མ་རྟོགས་ལ་རྗེས་ནས་ཟེར་དུས་དེ་སྐབས་ཅུང་དཀོན་ཙམ་དུ་ཡོད་འདུག་དེ་དུས་ཆེར་ཕུལ་རྒྱུ་མ་རེད། ཕྱིས་སུ་ནི་འབུལ་བ་ཞབས་ཏོག་ཅུང་ཟད་རེ་བྱས་ཀྱང་དེ་དུས་སྐུ་བསོད་རྒྱས་སྟབས་མཁོ་བ་རང་མ་བྱུང་ཞེས་ཐུགས་འགྱོད་ཅུང་གནང་ཚུལ་དང་བཅས་བཀའ་ལས་ཐོས་སོ། །སྒ་སྟོན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་། ང་རང་དང་པོར་མདོ་སྨད་དུ་འགྲོ་དུས་རྫོགས་ཆེན་སྐོར་ནས་ཤེས་ལྡན་གཟུར་གནས་འདྲ་ལ་ད་ལྟ་བླ་མ་གཞན་དགའི་སློབ་མའི་ནང་ནས་སུ་མཁས་ཞེས་ཡང་ཡང་དྲིས་པས། སྡེ་གཞུང་སྤྲུལ་སྐུ་དང་། གསེར་ཁ་ཆོས་གྲགས་གཉིས་མཁས་ཟེར་བ་ཐམས་ཅད་ཞལ་མཐུན་པར་འདུག །འུ་ཅག་གི་སྤྲུལ་སྐུ་འདི་བླ་མ་གཞན་དགའི་སློབ་གྲལ་ནས་ཀྱང་དེ་ཙམ་གྱི་མཁས་པ་ཆེན་པོ་ཞིག་ཡིན་ཞེས་རྗེ་ཉིད་ཀྱིས་ཁོ་བོ་ལ་དངོས་སུ་ཕེབས་སོ། །ཡང་མཁན་ཆེན་བླ་མ་དེ་ཉིད་ཀྱི་ཐུགས་སྲས་ཀྱི་ཐུ་བོ་མཁས་དབང་གསེར་ཁ་ཆོས་གྲགས་ལས་ཀྱང་གཞུང་སྐོར་འགའ་གསན་ཞིང་བླ་མར་བཀུར་ལ་ཕན་ཚུན་ཐུགས་ནང་མཐུན་པོ་རང་ཡོད་འདུག་པས། ལན་ཅིག་བླ་མ་དེའི་ཞལ་ནས་ཁ་ཕོ་ཡང་ཆེ་སྟེ་ཆོས་ཀྱང་ཕྱག་རྫོགས་འདི་དག་ཟབ་ངེས་སུ་འདུག །ས་སྐྱ་པ་ལ་བསྐྱེད་རིམ་རང་རྒྱུད་པ་ཞིག་ལས་མེད་པའི་ཞལ་འཕྲོས་གནང་བར། རྗེ་འདིས་དང་པོར་ལེགས་སོ་བྱ་བ་ཙམ་ལས་གཞན་མ་ཞུས་ཀྱང་། ཡོད་ན་གསུངས་དགོས་ཚུལ་གསུངས་པར། ཟབ་གསལ་གཉིས་མེད་ཀྱི་བསྐྱེད་རིམ་སྦྱང་གཞི་སྦྱོང་བྱེད་ཇི་བཞིན་དུ་སྦྱར་བའི་གསུང་འཕྲོས་རགས་རིམ་ཙམ་གནང་སྟེ། རྙིང་མའི་དག་རྫོགས་སྨིན་གསུམ་གྱི་གནད་སོགས་དང་ཁྱད་པར་མེད་ཚུལ་གསུངས་པ་ན། མཁས་པ་ཆེན་པོ་དེས་ཀྱང་། འ་འི་ཁྱེད་རང་བཤད་མཁས་པས་མིན་ན་ཤིན་ཏུ་ཟབ་པར་འདུག །ཆོས་ལ་རྒྱུས་མེད་པ་འདི་ལས་སྡུག་པ་མི་འདུག །ད་ཕྱིན་སྒ་པ་བླ་མ་ཕེབས་བྱུང་ན། ང་རང་གིས་ལམ་འབྲས་ཤིག་ཞུ་དགོས་གསུངས་པར། དམ་པ་རྣམས་ནི་དམ་བཅའི་ཁུར་མི་འདོར་བ་ཡིན་པས་རྗེས་སུ་འཇམ་མགོན་རིན་པོ་ཆེས་མི་ཉག་ནས་ལམ་འབྲས་གསུངས་སྐབས་དམ་པ་འདིས་ཀྱང་ཡོངས་རྫོགས་ཞུས་པ་ཡིན་འདུག་ལ། དེ་དུས་རྗེ་འདི་ཉིད་བསྙུང་བས་ལྕི་བ་ཞིག་གི་སྟབས་དེའི་ཐག་ཉེ་ཞིག་ཏུ་གཟིམ་གུར་ཕུབས་ནས་མིའི་འགྲུལ་བཅད་ནས་བཞུགས་པར། ཉེ་གནས་ལ་ཆོས་གྲགས་ཀྱིས་སྐུ་བཅར་ཨེ་འོང་གི་གསུང་འཕྲིན་བྱུང་བས། དེ་འཕྲལ་ཕེབས་ཆོག་པའི་གསུང་ལན་གནང་བར། གདན་འཛོམ་པའི་དུས། གསེར་ཁ་བླ་མས། ལམ་འབྲས་ཐོབ་པ་ནི་སྐལ་བ་བཟང་ཡང་། ཆོས་ལ་རྒྱུས་ཆུང་། བླ་མ་ལ་ཞལ་འདྲིས་མེད་སྟབས་ཞུ་མི་སྤོབས་པར་འདུག །གཞན་ཡང་འདྲི་ཡུལ་འདྲ་མིན་འདུག་པས་དོན་གོ་བ་མ་བྱུང་། ཁྱད་པར་དུ་ལྟ་བའི་སྐབས་སུ་སྣང་བ་སེམས་སུ་བསྒྲུབ་པ་འདི་སེམས་ལ་མི་བདེ་བ་ཆེན་པོ་བྱུང་གསུངས་པར། རྗེ་འདིས་དེ་ལྟར་མིན་སྣང་བ་སེམས་སུ་བསྒྲུབ་པ་དེ་སྒོམ་སྤྱོད་དང་ཀུན་རྫོབ་ཀྱི་སྐབས་ལས་ལྟ་བ་དངོས་ལ་སྤྲོས་བྲལ་ལམ་བརྗོད་བྲལ་ཐུན་མིན་སྔགས་ཀྱི་ཁྱད་ཆོས་དང་བཅས་པ་ཡིན་ཚུལ་ཞིབ་པར་ཕེབས་པས། མཁས་དབང་དེས་ཀྱང་། འོ་ན་དེ་དག་གནད་གཅིག་ཡིན་འདུག་ཤིན་ཏུ་གོ་རྒྱུ་ཆེན་པོ་བྱུང་། འདི་ལོ་ཁྱེད་བསྙུན་པ་དེ་བདག་ལ་ཤིན་ཏུ་ཕངས་པར་བྱུང་། དེ་མིན་ན་རེ་རེ་བཞིན་འདི་ལྟར་དྲི་ཆོག་པ་ཞིག་ཡོད་ཅེས་དགྱེས་ཚོར་ཆེན་པོ་མཛད་འདུག་ཚུལ་བཀའ་ལས་ཐོས་སོ། །རྗེ་མཁྱེན་བརྩེའི་ཞབས་ཀྱི་དངོས་སློབ་ཧར་ཆེན་བྲག་དཀར་དུ་མི་ལོ་ལྔ་བཅུ་ཙམ་ལ་སྙིང་ཏིག་ཁོ་ན་རྩེ་གཅིག་ཏུ་བསྒོམས་པའི་གྲུབ་བརྙེས་པ་མདོ་སྔགས་བྱ་བ་དེ་རྫོགས་ཆེན་དུ་ཕེབས་པ་ལས་ཀྱང་། འཕོ་བའི་ཁྲིད་སོགས་རྙིང་སྐོར་གྱི་གདམས་པ་འགའ་ཞིག་གསན་པ་ཡིན་ཞེས་གསུངས་སོ། །ཡང་རྫོགས་ཆེན་མཁན་པོ་གྲུབ་པའི་དབང་པོ་ལྷ་སྒང་དང་མཁས་པའི་ཁྱུ་མཆོག་ཐུབ་སྙན་རྣམ་གཉིས་དང་ཡང་ཐུགས་འབྲེལ་ཆེ་ཞིང་ཕན་ཚུན་དག་སྣང་གང་ཆེ་གནང་བ་ཡིན་འདུག་སྟབས་ཆོས་གསན་བཞེས་མཛད་ཡོད་པར་ངེས་ཀྱང་དེའི་ཚུལ་མ་ཐོས་སོ། །སྐབས་ཤིག་སེར་ཤུལ་དགོན་དུ་ཚོགས་ཆེན་དབུ་མཛད་བཀྲ་རྣམ་ལས། གསང་འདུས་རིམ་ལྔའི་མཐའ་དཔྱོད་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་འཐོར་བུའི་སྐོར་མང་བ་ཞིག་གསན་ཞིང་། ཁ་ནར་མཆོག་སྤྲུལ་ལས་ཀྱང་དེ་འདྲའི་རིགས་འགའ་གསན་པ་ཡིན་ནོ། །འདམ་བུའི་རྒྱུན་གྱི་ཆོས་གྲྭ་ནི། །གངས་ཁྲོད་བྱེད་དུ་འཕོས་པ་བཞིན། །རུ་དམ་ཤྲཱི་སེང་གྲགས་པ་ཡི། །མང་ཐོས་མཁས་པའི་འབྱུང་གནས་དེར། །གཞན་ཕན་ཐུགས་ཀྱི་ཆུ་གཏེར་ལས། །ལེགས་འཁྲུངས་སྡེ་སྣོད་རིན་ཆེན་གྱི། །ཆོས་ཚུལ་རྒྱ་མཚོའི་འོད་སྣང་ཅན། །མཁན་ཆེན་སྨྲ་བའི་ཉི་མ་ལས། ཤཱཀ་ཐུབ་བསྟན་པའི་མཁའ་དབྱིངས་སུ། །ཟབ་དང་རྒྱ་ཆེའི་སྣང་བྱེད་ཟུང་། །འདྲེན་བྱེད་ཤིང་རྟ་ཆེན་པོ་རུ། །རྩོད་མེད་གྲགས་པའི་འཕགས་མཆོག་གཉིས། །འཛམ་གླིང་འདི་ན་བསྟན་པའི་ལུས། །མཛེས་བྱེད་རྒྱན་དྲུག་རྗེས་འབྲངས་བཅས། །ངེས་པར་རྒྱལ་དང་མི་གཉིས་ཀྱང་། །བསམ་བཞིན་རྒྱལ་བསྟན་སྐྱོང་བའི་ཚུལ། །ཡོན་ཏན་ས་འདིས་ཐེག་དཀའ་ཞིང་། །སྙན་གྲགས་ནམ་མཁའི་མཐའ་ལས་བརྒལ། །བཀའ་དྲིན་གཞལ་བར་མི་ནུས་པའི། །འཕགས་མཆོག་དེ་དག་ལས་འོངས་ཤིང་། །ཡོངས་རྫོགས་རྒྱལ་བའི་བསྟན་པ་ལ། །ཡོངས་གྲགས་སྡེ་སྣོད་རིན་པོ་ཆེ། །མཚན་ཙམ་ཐོས་པས་དཔྱོད་ལྡན་གྱི། །སྙིང་ལ་བསླུ་མེད་དཔལ་སྟེར་བ། །དེང་སང་བཤད་པའི་རྒྱུན་བཞུགས་པར། །གཞུང་ལུགས་ཆེན་པོ་བཅུ་གསུམ་ལ། །ཕྱོགས་མཐུན་ལེགས་བཤད་མང་དང་བཅས། །གཅིག་ཏུ་བསྟན་ལ་གཅེས་པ་རྣམས། །སྙིགས་དུས་འདི་ན་ས་ལོ་ཙཱ། །ཆོས་སྟོན་བཤེས་གཉེན་ཚུལ་བཟུང་བ༑༑མཁན་ཆེན་བླ་མའི་ཕྱག་མཆན་གྱིས། །ལེགས་པར་བཀྲལ་བ་མཐའ་དག་དང་། །གཞན་ཡང་ས་རྙིང་སོ་སོ་ཡི། །སྨིན་གྲོལ་བཤད་བཀའ་དུ་མ་དང་། །སྙིང་པོ་དོན་གྱི་ངོ་སྤྲོད་སོགས། །གླེགས་བམ་རི་བོའི་གཏོས་མཉམ་གསན། །རྗེ་དེའི་སློབ་ཚོགས་བགྲང་ཡས་ལས། །ཉི་ཟླ་ལྟ་བུར་གྲགས་པ་ཡི། །བསྔགས་འོས་བསྔགས་པའི་གླིང་བུ་ནི། །རྡོ་རྗེའི་གསུང་གི་གསང་བས་བསྒྲགས། །རྒྱལ་དང་རྒྱལ་སྲས་ཁྱེད་གཉིས་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་དུ། །གནས་སྐབས་ཐུགས་ཡིད་གཅིག་འདྲེས་ཀྱི། །བརྩེ་བའི་ཟོལ་འདིས་རྗེས་སུ་དཔོག །ཡང་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་འཛམ་གླིང་མཁས་པའི་གཙུག་རྒྱན། དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་སྙན་པར་གྲགས་པའི་བདག་ཉིད་ཆེན་པོ་དེ་ཉིད་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་མེ་རོ་གསོ་བའི་ཕྱིར་བསམ་བཞིན་དུ་བྱོན་པའི་མཁས་གྲུབ་ཆེན་པོ་སྒ་སྟོན་འཇམ་མགོན་རིན་པོ་ཆེ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ནི། གཡོན་རུ་གཏེར་སྟོན་འཆི་མེད་ཀྱི་གཏེར་ལུང་དུ། །ཀུན་དགའ་རྒྱལ་མཚན་སྤྲུལ་པ་ནི། །བློ་གྲོས་མིང་ཅན་གདོང་སྨེ་ཅན། །ཞེས་འབྱུང་བར་བྱང་སེམས་ཀྱི་མཚན་ལ་བློ་གྲོས་གཞན་ཕན་ནོར་བུ་ཞེས་གསོལ་བ་དང་། །ཞལ་གདོང་ལ་སྨེ་བ་ཡོད་པའི་རྒྱུ་མཚན་གྱིས་དམ་པ་འདི་ཉིད་ཆོས་རྗེའི་རྣམ་འཕྲུལ་དུ་བསྟན་པའི་ལུང་བསྟན་འཁྲུལ་མེད་ཡིན་ཚུལ་རྗེ་བླ་མ་མཆོག་སྤྲུལ་རིན་པོ་ཆེའི་བཀའ་ལས་ཐོས་ལ། འཇམ་མགོན་རིན་པོ་ཆེ་འདི་ཉིད་དང་། །རྗེ་འདི་གཉིས་ནི་ཚར་ཆེན་ཡབ་སྲས་ཀྱི་རྣམ་ཐར་དུ་དམ་པ་དེ་དག་རྣམ་པ་ཐ་དད་དུ་སྣང་ཡང་དོན་ལ་ངོ་བོ་གཅིག་པ་ལྟ་བུའི་གསུང་འཕྲོས་གནང་འདུག་པ་དང་མཐུན་པར། རིགས་དང་རིགས་བདག་གམ་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོར་ཐ་མི་དད་པ་ཞིག་ཡིན་ངེས་སུ་འདུག་ཀྱང་། དེ་འདྲ་དམན་པའི་བློ་མིག་ཏུ་ཆུད་དཀའ་བས་སྣང་ཚུལ་ཙམ་གྱིས་དབང་དུ་བྱས་ན་ཡང་གྲངས་མེད་པའི་སྐྱེ་ཕྲེང་དུ་མར་ཡབ་སྲས་སུ་འབྲེལ་བ་ཞིག་ནི་གདོན་མི་ཟ་སྟེ། དེ་ཡང་བླ་མ་རིན་པོ་ཆེ་ལ་དམ་སེལ་སོང་བ་ཞིག་རྗེ་འདི་དང་འཕྲད་པས་སྔར་གཏན་གཟིགས་མ་མྱོང་བ་ཞིག་ཡིན་ཡང་དེ་འཕྲལ་སྐུ་ལ་གྲིབ་གཅིག་བཞེས་སོང་བར་རྗེས་སུ་དྲིས་དུས་དེ་ཡིན་པར་ཤེས་བྱུང་གསུངས། ཡང་རྗེ་འདི་ལ་དམ་སེལ་སོང་བ་ཞིག་འཇམ་མགོན་རིན་པོ་ཆེའི་མདུན་དུ་སླེབ་པའི་ཚེ་གསོལ་དཀར་ནང་དུ་འབྲས་དྲངས་པ་ཕྱེད་ཙམ་ནག་པོར་སོང་བའི་ལོ་རྒྱུས་འདུག་ལ་ཐུགས་རྗེ་དང་མོས་གུས་དམ་ཚིག་སོགས་སྒོ་དུ་མ་ནས་རྒྱུ་མཚན་རྒྱས་པ་ནི་འཆད་འགྱུར་གྱི་སྐབས་སུ་རྟོགས་པར་བྱའོ། །མ་ཟད་དུས་ཕྱིས་རྗེ་ཉིད་ཀྱི་བླ་མ་རིག་འཛིན་ལ་འཇམ་མགོན་རིན་པོ་ཆེ་དང་བླ་སློབ་ཏུ་འབྲེལ་བའི་སྐུ་ཕྲེང་དྲུག་ཡིན་ལ། དེ་ཡང་ས་སྐྱ་པ་ཤ་སྟག་ཡིན་ཚུལ་ཕེབས་ཡོད་འདུག་པ་དེ་ཉིད་ལས་ཐོས་སོ། །དེའང་ད་ལྟའི་དབང་དུ་བྱས་ན། དང་པོར་རྡོ་རྗེ་འཆང་གི་མདུན་དུ་སྒ་སྟོད་དུ་ཕེབས་པ་དང་ཞོར་སྦྲགས་ཀྱིས་འཛིན་མདར་ཕེབས་ནས་ཡབ་ཚང་ལ་བཅར་ཏེ། ཞལ་མཇལ་ཞིག་དང་གདན་འདྲེན་གྱི་སྙན་གསན་ཕུལ་བར། མཇལ་ཁ་མ་བྱུང་ཡང་། མ་འོངས་པའི་ལུང་བསྟན་དང་སྦྲགས་ནས་ཕེབས་རྒྱུའི་ཞལ་བཞེས་སྦས་པའི་ཚུལ་དུ་གནང་ཚུལ་འཇམ་མགོན་རིན་པོ་ཆེའི་རྣམ་ཐར་ལས་ཤེས་ལ། རྗེས་སོར་བང་མི་ཡང་ཡང་བཏང་སྟེ་སྙན་སྒྲོན་ཕུལ་བར་དང་པོར་ཅུང་དཀའ་ཙམ་དུ་མཛད། །ལན་གཅིག་མི་གྲུབ་པར་ཐག་ཆོད་མཛད་པའི་བཀའ་ཤོག་ཅིག་ཀྱང་གནང་། དེ་ནས་ཕལ་ཆེར་སྤྲོས་པ་ཆོད་པ་ལྟ་བུར་སོང་བ་ལ་རྗེ་འདིས་ད་དུང་ཐུགས་བརྩོན་མ་འདོར་བར་འབད་པ་ཡིན་ནོ། །དེའང་ས་ཐག་རིང་སྟབས་བང་མིའི་གླ་སོགས་ལ་དངོས་རྫས་ཆེན་པོ་སོང་ཡོད་འདུག་ཀྱང་རྗེ་ཉིད་ཀྱི་ན་བཟའ་སོགས་བཙོངས་ནས་ཕངས་མེད་མཛད་ཚུལ་ཡང་། བཀའ་ལས། དེ་དུས་བླ་མ་རིན་པོ་ཆེ་ཕེབས་དཀའ་བས་ཕལ་ཆེར་སྒྱིད་ལུག་པ་དང་། བང་མིའི་གླ་འདྲ་དོན་མེད་ཡིན་སྙམ་པ་མང་པོ་འདུག་ཀྱང་ང་རང་གིས་བླ་མ་ཁོ་ན་བསམ་པ་ཡིན་པས་དོན་ལ་འདྲ་སྙམ་ནས་གོས་འདྲ་བཙོང་ནས་གླ་ཆར་བྱས་པ་ཡིན་ཞེས་ཐོས་སོ། །དེ་རྗེས་ཞལ་བཞེས་ཐག་ཆོད་གནང་བའི་ཚེ་རྗེ་འདིའི་འཁོར་དུ་སྡེ་གཞུང་མའི་སེར་སྐྱ་མང་དུ་ཁྲིད། རྟ་ཁལ་མང་པོ་དང་བཅས་སྒ་སྟོད་ཕྱོགས་སུ་ཕེབས་པའི་དུས་ཀྱང་། །ངོ་བོ་ནི་འཇམ་མགོན་རིན་པོ་ཆེས་ལྷ་དང་བླ་མ་ལ་གནང་བ་ཞུས་ཤིང་བྱིན་རླབས་ཀྱི་མཚན་མ་བསྒུག་པ་ལྟ་བུ་ཡིན་ཚུལ་དེ་ཉིད་ཀྱི་རྣམ་ཐར་ལས་གསལ་ཡང་། རྣམ་པ་ནི་ཐུགས་ཚགས་ལྷོད་པ་དང་། མཐུན་རྐྱེན་མ་འབྱོར་བ་ལྟ་བུའི་སྙད་འདོགས་ཀྱིས་ཡུན་རིང་བསྒུག་དགོས་པར་བྱུང་ཞིང་། དེའང་འཇམ་མགོན་བླ་མ་ནི་ཆོས་ཀྱི་འབྱོར་པས་རྡོ་རྗེ་འཆང་དུ་དངོས་སུ་བཞུགས་པ་མ་གཏོགས། འདིར་སྣང་གི་འབྱོར་པ་ནི་གྲྭ་རྐྱང་དཀྱུས་མ་རང་དུ་སོང་གཤིས་ཐ་ན་ཆིབས་སྒ་ཡན་ཆད་གཞི་ནས་བསྒྲུབ་དགོས་འདུག་པར་རྗེ་འདིས་ཐམས་ཅད་ཚགས་སུ་ཚུད་པའི་ཞབས་ཏོག་བསྒྲུབ་པ་ཡིན་ནོ། །དང་པོར་མཇལ་དུས་ཤེར་ཕྱིན་གྱི་དྲི་བ་འགའ་ཞིག་གནང་འདུག་པའང་རྟེན་འབྲེལ་གྱི་གནད་ཞིག་ཡིན་ཚུལ་ཕྱིས་སུ་གསུངས་ཞེས་དང་། དེ་དུས་འཇམ་མགོན་རིན་པོ་ཆེའི་སྐྱེད་ཡུམ་དབང་མོ་དེ་བགྲེས་མོ་ཞིག་བཞུགས་པ་ལའང་ཕྱག་འཚལ་ཕྱག་དབང་ཞུས་པ་ཡིན་ཞེས་བཀའ་ལས་ཐོས་སོ། །དེ་མཚམས་ནས་མར་ཆིབས་བསྒྱུར་གནང་དུས་ལམ་བར་ནས་དེ་སྐབས་ཕྱ་འཕྲེང་གི་ཇག་ཆོམ་གྱིས་ཕྱོགས་ཐམས་ཅད་གང་བའི་དུས་ཡིན་པས་ཐུགས་དོགས་ཤིན་ཏུ་ཆེ་སྟབས་ལུང་ཕུ་དང་རི་རྩེ་བརྒྱུད་ནས་གསང་ལམ་འབའ་ཞིག་ནས་ཕེབས་དགོས་བྱུང་བར་དཔོན་སློབ་རྣམས་ལ་འོ་བརྒྱལ་ཆེན་པོ་རང་བྱུང་ཡང་ཉེ་ཞོ་མེད་པར་ཆོས་གྲྭ་ཆེན་པོར་ཕྱག་ཕེབས། །དེ་དུས་དུས་འཁྲུགས་དེའི་དབང་གིས་ཆིབས་བསུ་དང་སེར་ཕྲེང་གི་སྤྲོས་པ་མ་གྲུབ་ཀྱང་། མཆོད་རྟེན་ཞིག་གསོས་བྱེད་པའི་ཆོས་འཁོར་བཙུགས་པ་དང་མཉམ་དུ་བླ་མ་ཕེབས་པ་དུས་འགྲིགས་བྱུང་བས་ཕྱོགས་དེར་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བའི་རྟེན་འབྲེལ་ཐུན་མིན་དུ་ཡབ་སྲས་གཉིས་ཀས་ངོས་འཛིན་གནང་བར་དེ་རྗེས་བསླུ་མེད་ཀྱི་འབྲས་རྟག་རིམ་བཞིན་ངོམ་པ་དེ་ཀ་ཡིན་ནོ། །དེ་ནས་གསུང་ཆོས་འཆད་པའི་ཚེ་སྔ་མོར་ནག་སྒར་དུ་སོང་གཤིས་ཁྲི་འདྲ་མེད་པ་ལ་བླ་མ་འཇམ་སྙན་གྱིས་གནས་བརྟན་གྱི་ཁྲི་ཡིན་གསུངས་ནས་ཤིང་ཁྲི་ཞིག་གསར་བཞེངས་མཛད་ལ། མ་འོངས་པ་ན་འདིའི་སྟེང་དུ་སྐྱེས་བུ་དམ་པར་བཞུགས་ནས་ལམ་འབྲས་འཆད་པ་ཞིག་ཨེ་འོང་ཅི་ཤེས་ཞེས་གསུངས་པའི་ལུང་བསྟན་ལྟར་ཁྲི་དེའི་སྟེང་དུ་བཞུགས་པ་ཡིན་ནོ། །དེའང་ཆོས་ཁྲི་ལ་ཕེབས་པའི་དུས་སྤོས་སྣ་རྒྱ་གླིང་སོགས་ཆེན་པོ་ལ་འོས་པ་རྣམས་ཀྱི་གྲབས་མཛད་པ་ན་ཞལ་སྔ་ནས་བདག་གྲྭ་རྐྱང་དཀྱུས་མ་རང་ཡིན་དེ་འདྲ་མི་དགོས་ཞེས་ཕེབས་ཀྱང་རྗེ་འདིས་སྤྱིར་ཆོས་ཀྱི་ཆེ་བ་ཡིན་ཞིང་། གང་ཟག་ཀྱང་ཁྱེད་ལ་མ་འོས་ན་སུ་ལ་འོས་ཞེས་ཞུས་ནས་དེ་ལྟར་མཛད་ལ། གསུངས་རྒྱུའི་ཆོས་ནི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཟབ་པའི་ཁྱད་པར་བཅུ་གཅིག་དང་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་གདམས་ཟབ་དྲི་མ་མེད་པའི་ལམ་སྲོལ་ལ་ཚོགས་སློབ་གཉིས་སུ་གྲགས་པའི་ནང་ཚན། ཁའུ་བྲག་རྫོང་པའི་བཞེད་གཞུང་ཐུན་མིན་ཟབ་མོ་སློབ་བཤད་ཀྱི་ཁྲིད་ཚུལ་ཤར་བླ་མའི་འཆད་ཐབས་ལྟར་ཉམས་ཁྲིད་ཕྱག་བཞེས་ཀྱིས་བརྒྱན་པའི་སྨིན་གྲོལ་ལུང་བཅས་ཡོངས་རྫོགས་དང་། གཞན་ཡང་སྨིན་གྲོལ་ཤིན་ཏུ་མང་པོ་གསན་ཀྱང་སྔ་ཕྱི་ཕྱོགས་བསྡོམས་སུ་སྤྲོའོ། །དེ་སྐབས་རྒྱུ་དབང་བསྐུར་བའི་སྟ་གོན་གྱི་ནུབ་མོར་རྗེ་འདིའི་མནལ་ལམ་དུ། ཚེ་དཔག་མེད་ཀྱི་སྐུ་ཆེན་པོ་ཞིག་མཐོང་ཞེས་བཀའ་ལས་ཐོས་ལ། དེ་ནི་དེའི་བཤད་པ་ལས། རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་མཚོ་དཔག་མེད་ཐོབ། །ཅེས་བྱུང་བ་དེ་རྗེ་འདི་ལ་བསླུ་མེད་དུ་སོང་འདུག་པར་མ་ཟད། ཁྱད་པར་དུ་ཚེ་དཔག་ཏུ་མེད་པ་གཟིགས་པ་དེའང་ཚུལ་སྟོན་ལ་སྐུ་གེགས་མང་ཞིང་སྐུ་ཚེ་ཐུང་ཙམ་ལས་མེད་པ་ཞིག་རིང་མོ་ནས་ཕེབས་འདུག་པ་ལ་ཇེ་འགྱངས་ལྟ་བུའི་དེང་སང་གི་མིའི་ཚོད་ཀྱིས་ཐུང་རྒྱུ་ཙམ་མེད་པ་ཞིག་ཏུ་བཞུགས་སོང་བ་དེའི་རྟེན་འབྲེལ་གྱིས་ཡིན་ནམ་སྙམ་མོ། །ཡང་སྐབས་དེར། འཇམ་མགོན་རིན་པོ་ཆེས་མཁན་པོ་དང་། བྱམས་པ་བློ་གྲོས་ཕུན་ཚོགས་ཀྱིས་ལས་སློབ་མཛད་ནས། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རྗེ་འདི་ཉིད་ཀྱི་གཙོས་མང་པོ་ཞིག་བསྙེན་པར་རྫོགས་པར་མཛད་ལ། རྗེ་འདིའི་མཚན་ལ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དུ་གསོལ། །དེའི་ནུབ་མོ་འཇམ་མགོན་རིན་པོ་ཆེའི་མནལ་ལམ་དུ། བསྟན་པ་ལ་དགའ་བའི་ལྷ་རྣམས་དགྱེས་པ་ཁྱད་པར་ཅན་བསྐྱེད་དུ་གསོལ་ཞེས་ཕྱོགས་རྣམས་སུ་མེ་ཏོག་འཐོར་བ་ཞིག་བྱུང་ཚུལ་བཀའ་ལས་ཐོས་སོ། །དབུ་སེམས་གཉིས་ཀྱི་ཆོ་གས་སེམས་བསྐྱེད་གནང་སྟེ་བྱང་སེམས་ཀྱི་མཚན་ལ་བློ་གྲོས་གཞན་ཕན་ཟླ་བ་ཞེས་གསོལ་ཞིང་། དེ་ནས་ཆོས་རྣམས་རྫོགས་པའི་དུས་ཀྱང་། རྗེ་འདིས་དངུལ་གྱི་མནྜལ་ཕྲ་ལྡན། དངུལ་བུམ་ཆ། བ་སོའི་ཌ་མ་རུ་སོགས་སྤུས་ལེགས་ལ་མཁོ་ཆེ་བའི་མཆོད་ཆ་སོགས་འབུལ་ཆེན་གྱ་ནོམ་པར་ཕུལ། གཞན་ཡང་དགོན་ཡུལ་ཐམས་ཅད་ཀྱིས་རང་རང་གི་འབྱོར་པ་དང་བསྟུན་པའི་ཆེ་ཕྲ་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་། ཡང་རྗེ་འདིས་དབུ་མཛད་སྐྱ་སེར་མང་པོ་ཞིག་གིས་དཔོན་སློབ་རྣམས་སྒ་ཁོག་བར་ཆིབས་སྐྱེལ་ཞུས་ཤིང་དེ་དང་བཅས་པའི་ལན་གྲངས་བཞི་ཙམ་ལྗོངས་འདིར་གདན་དྲངས་པ་དེ་ཐམས་ཅད་ལ་བཞུགས་པའི་རིང་ཞབས་ཏོག་དང་སྲི་ཞུ་ཟླ་མེད་པ་ཁོ་ན་དང་། ཕེབས་དུས་འབུལ་ཆེན་བཏེགས་པ་དང་། རྗེ་ཉིད་ཀྱིས་མགོ་འཛིན་གནང་ནས་ཆིབས་བསུ་སྐྱེལ་སོགས་ཐུགས་དགྱེས་ངེས་ཀྱི་ཞབས་ཏོག་ཁོ་ནར་བསྒྲུབས་ཤིང་། དེར་མ་ཟད་རྗེ་ཉིད་སྒ་ཁོག་ཏུ་ཕེབས་པའང་ངེས་པ་རང་མ་ཐོས་ཀྱང་ལན་བཅུ་སྐོར་ཙམ་ཡིན་སྙམ་པ་བདོག །དེའང་མ་ངེས་པར་ཟླ་ཤས་དང་། ལོ་རེ་ཙམ་ལྟ་བུར་སྐུ་ལ་བཅར་བཞུགས་མཛད་པ་དང་། ཧོར་ཁོག་དང་མི་ཉག་སོགས་སུ་ཆིབས་བསྒྱུར་གནང་སྐབས་ཀྱང་དེར་ཕེབས་ནས་འཇམ་མགོན་རིན་པོ་ཆེ་ཡུན་ཇི་ཙམ་བཞུགས་པ་དེ་ཙམ་དུ་བཞུགས་པ་སོགས་དུས་རིང་པོའི་བར་དུ་ཞབས་པད་འབྲལ་མེད་དུ་བསྟེན་པ་ཡིན་ལ། བསྟེན་ཚུལ་ཡང་། དོན་ཡོད་རྣམ་པ་བཞི་དང་། མཉེས་པ་གསུམ་གྱི་མཆོད་པས་ཐུགས་ཟིན་ངེས་མཛད་པ་ཡིན་ཏེ། དེའང་སྐུའི་སྒོ་ནས་ནི་ནམ་བླ་མའི་དྲུང་དུ་ཕེབས་པ་ན་གུས་ཕྱག་འཚལ་བ་སྔོན་དུ་འགྲོ་བ་མ་གཏོགས་ཐོལ་གྱིས་འཛུལ་བ་དེ་འདྲ་མི་སྲིད་ལ། མཚན་བརྗོད་པ་དང་ཕྱག་ཐལ་མོ་སྦྱར་བ་དུས་མཉམ་དུ་མཛད། རེས་སྤྱན་ཆབ་གཡོ་བའང་དེ་མཚུངས་སུ་གནང་། ཆིབས་བསུ་སྐྱེལ་སོགས་ཀྱི་དུས་སུའང་མི་ཆེན་གྱི་ཁུར་འཛིན་མི་མཛད་པར་གང་དགའ་བའི་འགན་དང་དོ་གལ་ཐམས་ཅད་རྗེ་ཉིད་ཀྱིས་བཞེས་པར་མ་ཟད། དཔོན་སློབ་ཀྱི་ཕྱོགས་ལ་དགོས་ཆ་ཕྲ་མོ་རེ་ཞུས་ཀྱང་རྗེ་རང་ཉིད་ཧར་གྱིས་བཞེངས་ནས་ཕེབས་པ་མ་གཏོགས་གཞན་འདྲ་བཏང་བའི་ཡལ་ཡོལ་དེ་འདྲ་གཏན་མི་མཛད་ལ། འཇམ་མགོན་རིན་པོ་ཆེ་མ་ཐང་དེའི་གྲྭ་རིགས་ཀྱི་སར་ཕེབས་ཀྱང་དམན་ས་ཁོ་ནར་བཞུགས་ནས། རྗེ་ཉིད་གཡོག་ཏུ་ཞལ་གྱིས་བཞེས་ཤིང་། དང་པོའི་དུས་སྐུ་སྲོག་དང་བསྡོས་པ་ལྟ་བུའི་མཚོན་སྔ་ཕྱི་རྣམས་སུའང་འོ་བརྒྱལ་ཆེན་པོ་བྱུང་ཡོད་འདུག་ལ། ཁྱད་པར་དུ་རྗེས་མའི་དུས་རྟེན་བཞེངས་ཀྱི་རྒྱུ་གསེར་ཉོ་དགོས་པ་ལ་དེའི་འགན་བཞེས་ཏེ་ལི་ཐང་ཕྱོགས་སུའང་རྗེ་ཉིད་ཕེབས་ཤིང་། འབུལ་བར་བྱུང་བའི་ཕྱག་རྫས་ཀྱི་རིགས་ཉོ་ཚོང་ཡན་ཆད་དེ་འདྲ་ཤེས་མཁན་རྣམས་དང་སྦྲགས་ནས་ཅི་འདྲ་བྱུང་འདུག་གཟིགས་པ་ལ་ཕེབས་ཤིང་། རྗེ་རང་གི་ཡོ་བྱད་རྣམས་ནི་ལམ་ཁའི་རྡོ་བ་བཞིན་དུ་གར་འཐོར་གང་བརླག་ཅིག་ལས་ཐུགས་ཞེན་གཏན་མི་མངའ་བ་ཡིན་ཀྱང་། བླ་མའི་ཕྱག་རྫས་ཁབ་དང་སྐུད་པ་ལྟ་བུ་ལའང་ཐུགས་ཆགས་ཆེན་པོ་གནང་བ་ཡིན་ནོ། །ཡར་ལམ་ཡང་རྫ་ཆུ་ཁར་ནམ་ཟླ་དགུན་དུ་སོང་ཞིང་གྲང་ངད་ཆེ་ལ་ཁ་བ་ཆེན་པོ་བབས་པས། འབྲོག་པའི་སྦྲའི་ཀ་བ་ཉོས་ནས་མེ་ཤིང་བྱེད་དགོས་པ་བྱུང་བར། དང་པོར་འཇམ་མགོན་རིན་པོ་ཆེ་དཔོན་སློབ་དང་། རྗེ་ཉིད་ལ་ཞོགས་ཇ་དྲངས་ཀྱང་། རྗེས་སོར་རྗེ་འདི་ལ་དེའང་མེད་པར་སོང་བ་དང་། ཞབས་ཁ་བས་འཕྱིད་པ་སོགས་དཀའ་སྤྱད་ཆེན་པོ་རང་བྱུང་ཡང་ཐུགས་སྤྲོ་བཞིན་དང་དུ་ལེན་པར་མཛད་ཅིང་། དེ་འདྲའི་སྐབས་སུའང་རྗེ་ཉིད་གཡོག་གི་སར་བཞུགས་ཤིང་འགན་ཐམས་ཅད་ཀྱི་ཁུར་བཞེས་པས་དེ་ལྟར་སོང་བ་མ་གཏོགས། འཇམ་མགོན་རིན་པོ་ཆེ་འཁོར་བཅས་ལ་ནི་རྗེ་ཉིད་དཔོན་གཡོག་ཐམས་ཅད་ཕྱོགས་བསྒྲིལ་གྱིས་སྐུ་ངལ་ཁྱད་དུ་བསད་དེ་ཞབས་ཏོག་ལྷོད་མེད་དུ་བརྩོན་པས་སྤྱིར་གྲང་ལྷགས་སོགས་ཅི་བྱ་བྲལ་བ་འགའ་ཞིག་མ་གཏོགས་འོ་མི་བརྒྱལ་བ་མཛད་ལ། དེ་དུས་འཇམ་མགོན་རིན་པོ་ཆེས་ཀྱང་རྗེ་འདི་ལ། །འ་འི་འདི་ཙམ་གྱི་དཀའ་སྤྱད་ལ་ངས་ཁྱོད་རང་སྙིང་མི་རྗེ་འདི་འདྲ་ལམ་དུ་ཁྱེར་ཚུལ་ཤེས་པས་གྲོགས་སུ་འགྲོ་བ་ཡིན། དེ་ལྟར་མི་ཤེས་པ་འདི་རྣམས་སྙིང་རེ་རྗེ་ཞེས་ཕེབས་ཚུལ་བཀའ་ལས་ཐོས་སོ། །དེ་དུས་གདན་སར་ཕེབས་པ་ན་ཆིབས་པ་ཞིག་གནང་བ་མ་བླངས་པས། མཐུ་ཆེན་འཇམ་དཔལ་བསྟན་འཛིན་གྱིས་རས་གཞི་གནང་སྟེ། འཇམ་མགོན་བླ་མས་བཞེངས་སུ་བཅུག་ནས་སྐུ་ཚེ་ཧྲིལ་པོར་ཐུགས་དམ་གྱི་རྟེན་དུ་མཛད་པའི་མགོན་པོ་ལྷ་བརྒྱད་ཀྱི་བྲིས་སྐུ་ཁྱད་པར་ཅན་དེ་གནང་ནས་སྤྱིར་བཀའ་བསྒོ་རྒྱས་པ་དང་བྱེ་བྲག་ཏུ་བླ་མ་མལ་ལོ་ཙཱ་བས་འཁོན་ས་སྐྱ་པའི་རྗེས་སུ་བརྫངས་པ་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོ་འདིའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་མཛོད་ཅིག་ཅེས་པའི་བཀའ་བསྒོ་དང་བཅས་ཏེ་བཀའ་དྲིན་བསྐྱངས་པས་རྗེ་འདི་ཡང་ཐུགས་དགྱེས་ལ་ཚིམ་པས་སྤྱན་ཆབ་འཁྲོ་ལེ་བ་ཞིག་ཏུ་བྱས་ནས་ཕེབས་པར་བདག་ཉིད་ཀྱིས་མཐོང་ཞིང་ཐོས་སོ། །གསུང་གི་སྒོ་ནས་ཀྱང་། འཕྲལ་སྐད་བརྗོད་བདེར་བྱས་པའི་མཚན་གྱི་འབོད་ཕྱོགས་ཙམ་པའང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དང་བདག་ཅག་གི་བཀའ་དྲིན་ཅན་ཞེས་པ་ལྟ་བུ་ལས་རྗེན་གཅེར་དུ་འབོད་པ་མི་སྲིད་ལ། སྔ་ཕྱིར་བླ་མའི་སྐུ་བསྟོད་རྒྱས་བསྡུས་དང་གདུང་དབྱངས་ཀྱི་རིགས་ཀྱང་མང་དུ་བརྩམས་པར་གནང་། ཆོས་འཆད་པའི་སྐབས་སུའང་ཕལ་ཆེར་བླ་མའི་ཡོན་ཏན་དང་རྣམ་ཐར་ལ་སྦྱར་བ་མང་ཞིང་། རང་གའི་ཞལ་འཕྲོས་གནང་བ་རྣམས་ཀྱང་ཕལ་ཆེར་བླ་མའི་ལོ་རྒྱུས་དང་འབྲེལ་བ་ཤིན་ཏུ་མང་པོ་གསུངས། བླ་མའི་གསུང་གིས་བསྐུལ་ནས་འཆད་སྤེལ་མཛད་པ་སོགས། མདོར་ན་གསུང་གི་ཕྲིན་ལས་ཀྱིས་ཕྱོགས་ཐམས་ཅད་དུ་བླ་མའི་ཡོན་ཏན་སྒྲོགས་པའི་ཐབས་ཚུལ་ཁོ་ན་ལྷུར་ལེན་པར་མཛད་དོ། །ཐུགས་ཀྱི་སྒོ་ནས་ནི་བསམ་རྒྱུ་བསྒོམ་རྒྱུ་བླ་མ་ལས་མེད་པ་ཞེས་པའི་དོན་ཇི་བཞིན་དུ་མངའ་བ་ཡིན་ཏེ། ཡི་དམ་མང་པོའི་ཞལ་འདོན་གྱི་རིགས་བླ་མའི་རྣལ་འབྱོར་ཁོ་ན་ལས་མི་འདའ་བར་གསུངས་ཤིང་། ལན་གཅིག་རྗེས་གཏོར་བསྔོས་གྲུབ་འཕྲལ་ཁོ་བོ་ཞབས་དྲུང་དུ་སོང་བས། བཀའ་ལས། ད་རེས་མི་སྐྱོན་པར་འདུག་ཆོས་སྐྱོང་གཞན་རྣམས་སྨོས་ཅི་དགོས། རྒྱལ་བཙན་སོགས་ཀྱང་བླ་མ་འབའ་ཞིག་གི་རྣམ་རོལ་དུ་མཐོང་བ་ཞིག་བྱུང་འདུག་ཅེས་ཕེབས་སོ། །ལན་ཅིག་འཇམ་མགོན་རིན་པོ་ཆེའི་མདུན་ཞུ་ཤོག་ཅིག་གི་ནང་དུ་བདག་ལ་བླ་མ་དྲན་ཙ་ན་སྟན་ལ་འདུག་བཞིན་དུའང་ལུས་པོ་ཚུགས་མི་ཐུབ་པ་དང་འོ་དོད་དྲག་པོ་འབོད་པ་སྙམ་བྱེད་པའི་ཉམས་ཤིག་བྱུང་ཚུལ་ཕྱག་བྲིས་ཕུལ་བའང་མཐོང་ངོ་། །ཡང་ལམ་ཟབ་ཀྱི་ཐུགས་དམ་ལ་བཞུགས་ནས་གསོལ་འདེབས་གནང་བའི་ཚེ་དབེན་པར་སོང་དུས་དྲིན་ཅན་རྩ་བའི་བླ་མ་ཞེས་ངུ་མ་དབྱངས་ཀྱི་གསུང་གསང་མཐོན་པོས་དྲག་ཏུ་འབོད་པར་གནང་བའི་ཚེ་དྲེད་པོ་བདག་ལྟ་བུའང་སྐྱོ་ཆད་དེ་དང་ཚ་ཟིང་ངེ་འགྲོ་བ་དེ་འདྲ་མང་དུ་མཛད་པ་ཡིན་ནོ། །དེ་དག་ཀྱང་མཚོན་པ་ཙམ་སྟེ། དོན་ལ་སྔ་མོ་ནས། ལམ་འབྲས་སྨོན་ལམ་དུ། སྐྱབས་གནས་ཐམས་ཅད་བླ་མའི་ངོ་བོར་མཐོང་། །དགེ་སྦྱོར་ཐམས་ཅད་བླ་མའི་ལམ་དུ་ཤར། །འཁོར་འདས་ཐམས་ཅད་བླ་མའི་རོལ་བར་ཤེས། །སྣང་སྲིད་བླ་མར་འཆར་བར་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་དེ་དག་ཇི་བཞིན་ཐུགས་རྒྱུད་ལ་ལྡན་པར་གདོན་མི་ཟའོ། །ལོངས་སྤྱོད་ཀྱི་སྒོ་ནས་ནི། དང་པོའི་འབུལ་ཆེན་བཏེགས་པ་ནས་བཟུང་སྔ་ཕྱི་བར་གསུམ་དུ་དཔོན་ཚང་བླ་རབས་གོང་མ་རྣམས་ཀྱི་སྐུ་དུས་ནས་ཡོད་པའི་མཆོད་ཆ་ན་བཟའ་སོགས་ཐམས་ཅད་ལས་རྗེས་མའི་དུས་སྐུ་འགག་གཅིག་ཕུལ་བ་དེས་རྫོགས་པར་གསུངས་པ་དང་། རྗེ་ཉིད་ཀྱི་ཕྱག་ཏུ་བྱུང་ཚད་དང་མདོར་ན་ཡོད་རྒུ་ཅོག་ཕུལ་བ་ཡིན་ལ། ཆིབས་བསྒྱུར་རྗེས་མའི་དུས་སུ་ནི། །བདག་ཉིད་ཆེན་པོའི་ལམ་ཟབ་ཀྱི་ཁྲིད་ལས། ལག་སྟོང་དུ་མི་མཇལ་པ་གདམས་ངག་ཡིན་ཞེས་གསུངས་པའི་དོན་བཞིན། མར་བྱོན་པ་ནས་བཟུང་གདན་སར་མ་ཕེབས་ཀྱི་བར་ཐམས་ཅད་དུ་ནམ་སྐུ་དྲུང་དུ་ཕེབས་པ་ན་བུ་རམ་སྒོར་མོ་རེ་ཙམ་དང་། རྒྱ་དངུལ་ཊམ་གཅིག་ལྟ་བུ་དང་དར་བཅས་ཆུང་མཐར་བྱས་པའི་ཕྱག་རྟེན་དང་བཅས་པ་མ་གཏོགས་ཕྱག་སྟོང་གཏན་མི་མཛད་ལ་འོ་ན་གྲངས་ཉུང་ཙམ་ཕེབས་པ་ཡིན་ནམ་སྙམ་ན། ཉིན་རེ་ལའང་ལན་གྲངས་དུ་མར་ཕེབས་པ་མང་ཞིང་ལན་རེ་ནི་མ་ཕེབས་པ་མེད་པ་ལྟ་བུ་ཡིན་ནོ། །དངོས་མཇལ་ཕྱི་མའི་དུས་རྗེ་འདིས་དངུལ་གྱི་འབུལ་བ་གཏོས་ཆེན་ཕུལ་བས། འཇམ་མགོན་རིན་པོ་ཆེའ་ིཞལ་ནས་ཀྱང་། ངའི་ཁྱོད་ལ་འབྱོར་པ་མེད་པ་མ་གཏོགས་ཡོད་ན། རྗེ་ག་ཡ་དྷ་ར་དང་ལོ་ཆེན་འབྲོག་མིའི་ལོ་རྒྱུས་བཞིན། གསེར་སྲང་ལྔ་བརྒྱ་ཡོད་ན་ཡང་དུས་གཅིག་ཏུ་འབུལ་ཐུབ་ངེས་རེད་ཅེས་ཐུགས་ཤིན་ཏུ་དགྱེས་ཚུལ་གནང་འདུག་ཅེས་བཀའ་ལས་ཐོས་སོ། །མཉེས་པ་གསུམ་ལས། རབ་སྒྲུབ་པའི་མཆོད་པ་ནི། འཇམ་མགོན་རིན་པོ་ཆེ་འདི་ཉིད་བསྟེན་པ་དང་། སྒྲུབ་པ་ཉམས་ལེན་གྱི་དབུ་བཙུགས་ནས། །སྔོན་དུས་ཆོས་སྲོལ་མ་ཉམས་པའི་དུས་ཀྱི་ཕྱག་ལེན་བཞིན་རྩེ་གཅིག་ཏུ་བསྒོམས་པ་ལས་བྱུང་བའི་རྟོགས་འབུལ་སྔོན་དུ་འགྲོ་བས་ཐུགས་ཡུལ་དུ་བདེ་མིན་གྱི་རིགས་བྱུང་ཚད་སྙན་སྦྲོན་ཕུལ་བ་ལ། བླ་མ་རིན་པོ་ཆེ་ནས་ཀྱང་ཐུགས་ཚོད་རིམ་འཕར་དང་བསྟུན་པའི་གདམས་ངག་གི་གནད་རྣམས་ཇེ་རྒྱས་ཇེ་ཟབ་ཏུ་གནང་ཞིང་གེགས་སེལ་བོགས་འདོན་སོགས་གང་དགོས་ཀྱི་བཀའ་དྲིན་བསྩལ་བས་རྟོགས་ཚད་རྗེ་དང་མི་གཉིས་པའི་གོ་འཕང་ལ་བཞུགས་པ་མཐུན་སྣང་དུ་གྲུབ་པ་ནི་གཟུར་གནས་ཡོངས་ལ་གྲགས་པ་ཡིན་ནོ། །འབྲིང་ལུས་ངག་གི་ཞབས་ཏོག་དང་། ཐ་མ་ཟང་ཟིང་གི་མཆོད་པ་གཉིས་ནི་གོང་བཤད་དེ་དག་གིས་རྟོགས་ནུས་པ་ཡིན་ནོ། །དེ་ལྟར་བསྟེན་ཚུལ་མ་ཉམས་པས་ཡུན་རིང་ཞབས་པད་བསྟེན་པ་ལས་བྱུང་བའི་ཆོས་གསན་པའི་རྣམ་གྲངས་རགས་བསྡུས་ཙམ་སྨོས་ན། སྨིན་བྱེད་ཀྱི་སྐོར་ལ་དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་། བིར་སྲུང་། ལམ་ཟབ་ཕྱི་ནང་། མཁའ་སྤྱོད་བྱིན་རླབས་སོགས་ཆག་མེད་དང་འབྲེལ་བ་རྣམས་ནི་ནམ་མཇལ་རེས་ཀྱིས་གསན་པ་ཡིན་པས་ཤིན་ཏུ་གྲངས་མང་པོ་དང་། རྡོ་རྗེ་འཇིགས་བྱེད་ཚར་ངོར་གྱི་ལུགས་གཉིས། གསང་འདུས་འཕགས་ལུགས། ཡེ་ཤེས་ཞབས་ལུགས། བདེ་མཆོག་ནག་པོའི་ལུགས། ཀུན་རིག །མི་འཁྲུགས་པ། ཚེ་དཔག་མེད་སོགས་ཤིན་ཏུ་མང་པོ་དང་། རྗེས་གནང་གི་ཚོགས་ཀྱང་སྤྱི་དང་བྱེ་བྲག་ལ་མཁོ་ཆེ་བའི་རིགས་སྔ་ཕྱི་བར་གསུམ་དུ་གསན་པ་རྣམས་བསྡོམ་ན་སྒྲུབ་བཏུས་ཕལ་ཆེར་སོང་བ་ཙམ་དང་། ཁྱད་པར་དུ་མགོན་པོའི་སྐོར་དཀྱིལ་འཁོར་ལྔའི་དབང་བཀའི་གཙོས། བཀའ་བབས་བཞི་དང་འབྲེལ་བའི་རྗེས་གནང་གི་རིགས་སོགས་མ་ལུས་པ། འཇམ་མགོན་བླ་མས་མཐུ་ཆེན་འཇམ་དཔལ་བསྟན་འཛིན་གྱི་དྲུང་ནས་བུམ་པ་གང་བྱོར་གསན་པ་རྣམས། རྗེ་འདིས་གཅིག་ཀྱང་མ་ལུས་པ་གསན་པ་ཡིན་ཏེ་བཀའ་ལས། མགོན་པོའི་སྐོར་འདི་བླ་མ་རིན་པོ་ཆེས་མཐུ་ཆེན་འཇམ་དཔལ་བསྟན་འཛིན་ལས་བུམ་པ་གང་བྱོར་གསན་པ་དེ་ཐམས་ཅད་བདག་གིས་ཐོབ་པ་ཡིན་འདི་ལ་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བ་ཡིན་ཞེས་ཡང་ཡང་ཕེབས་སོ། །ཁྲིད་སྐོར་ཡང་། གཙོ་བོར་གྱུར་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཡོངས་རྫོགས་གཅིག་ལས་མ་གསན་ཀྱང་ཕྱོགས་གཞན་རྣམས་སུ་འཇམ་མགོན་རིན་པོ་ཆེས་ལམ་འབྲས་གནང་དུས་ཀྱང་རྗེ་འདི་ཕེབས་ནས་དབེན་པ་ཞིག་ཏུ་བཞུགས་ཏེ་ཐུགས་དོགས་མ་ལུས་པ་བཅད་པས་ཆོས་ཉན་གཞན་རྣམས་ལས་ཀྱང་ལྷག་པའི་གོ་རྟོགས་ཁོ་ནར་བྱུང་བ་ཡིན་འདུག་ཅིང་། གཞན་ཡང་གསུང་ངག་ཚོགས་བཤད། མཁའ་སྤྱོད་མ། མགོན་པོའི་ཕྱི་ཁྲིད་ལན་གྲངས་མང་པོ་དང་། མགོན་པོའི་གསང་ཁྲིད་ལན་གཉིས། ཐུགས་རྗེ་ཆེན་པོ་ཚོམ་བུ་ལུགས་དང་། སྒྲོལ་དཀར། འཇིགས་བྱེད་ཚར་ལུགས། ངོར་ལུགས་ཀྱི་ཁྲིད་སོགས་ཤིན་ཏུ་མང་པོ་དང་། ལམ་འབྲས་པོད་ཡོངས་རྫོགས་ཀྱི་གཙོས་ལུང་གི་སྐོར་ཡང་མཐའ་ཡས་པ་ཞིག་གསན་པ་ཡིན་ནོ། །མདོར་ན་ཡབ་ཆོས་དང་འབྲེལ་བའི་སྨིན་གྲོལ་ལུང་གསུམ་བཞུགས་སོ་ཅོག་མ་གསན་པ་ཆེར་མེད་པ་ལྟ་བུ་ཞིག་ཡིན་ཀྱང་སྔར་གཟིམ་ཁང་དང་མཉམ་དུ་གསན་ཡིག་ཕལ་ཆེར་མེ་ལ་ཤོར་སྟབས་ཞིབ་པར་བརྗོད་པའི་རྔོ་མ་ཐོགས་སོ། །སྔོན་གྱི་དམ་པ་རྣམས་ཀྱིས་ཀྱང་བླ་མ་མང་པོ་བསྟེན་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་བའི་མཆོག་རྩ་བའི་བླ་མ་གཅིག་ལ་བཟུང་བའི་ཕྱག་སྲོལ་འདུག་པ་བཞིན་རྗེ་འདིས་ཀྱང་གོང་དུ་སྨོས་པའི་བཤེས་གཉེན་ཇི་སྙེད་ལས་བཀའ་དྲིན་ཟླ་མེད་ཀྱི་རྩ་བའི་བླ་མ་སྐྱབས་གནས་གཅིག་ཆོག་རྒྱལ་པོ་ནི་འཇམ་མགོན་རིན་པོ་ཆེ་འདི་ཉིད་ལ་མཛད་པ་ཡིན་ལ། དེའི་རྒྱུ་མཚན་ཡང་། རྗེ་འདི་ཉིད་ནི་རིང་མོ་ཞིག་ནས་གོམས་པ་མཐར་ཐུག་པའི་དབང་གིས་སམ། དེད་དཔོན་མཁས་པས་ནོར་བུ་བཞིན་དུ། མཁྱེན་དཔྱོད་ཟླ་མེད་པའི་སྟོབས་ཀྱིས་ཇི་སྙེད་ཀྱི་ཆོས་ལ་སྦྱངས་པ་མཛད་ཀྱང་ཆོས་འདིའི་ཆེ་བ་ཁོ་ན་གཟིགས་པ་ཞིག་ཡིན་འདུག་པས། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཀྱི་སྐོར་འདི་རྣམས་ལ་དང་པོར་སྒྲོ་འདོགས་མ་ཆོད་པའི་དུས་སུ་ནམ་ཞིག་ན་འདིའི་དོན་མཐའ་དག་རྟོགས་པ་ཞིག་འོང་སྙམ་དུ་སྐོམ་པས་ཆུ་འདོད་པ་ལྟར་དུང་ངེ་བ་ཞིག་དང་། བར་དུ་གོ་དོན་སློང་བའི་དུས་སུ་ཚིགས་བཅད་རེ་རེའི་དོན་ཇི་བཞིན་དུ་མཁྱེན་པ་ལའང་དབང་གི་རྒྱལ་པོ་རྙེད་པ་ལས་ཀྱང་ཐུགས་མཐོང་ཆེ་བ་ལྟ་བུར་མཛད་པ་དང་། མཐར་ལེགས་བཤད་མཐའ་དག་གི་དགོངས་དོན་ཚུལ་བཞིན་དུ་རྟོགས་པའི་དུས་སུ་བླ་མའི་བཀའ་དྲིན་དང་ཟབ་ཆོས་ཀྱི་ཆེ་བས་ཐུགས་འཕྲོག་ཅིང་དེ་དག་གི་རྗེས་སུ་ཤོར་བ་ལྟ་བུ་ཞིག་ཡིན་འདུག་པས། དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ། དབང་ལུང་གི་མཁྱེན་རྒྱ་དང་མདོ་ཕྱོགས་སྐོར་གྱི་གསན་སྦྱངས་རྣམས་གྲུབ་རྗེས་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཀྱི་རྐང་བཟུང་བ་ལ་གཅིག་ཏུ་ཐུགས་མོས་ལྷུར་ལེན་པའི་སྐབས་སུ། འཇམ་མགོན་བླ་མ་འདི་ཉིད་དོན་ལ་ཆོས་ཀྱི་རྗེ་དང་གཉིས་སུ་མེད་ཀྱང་དྲང་དོན་དུ་རྣམ་ཐར་ལས་འབྱུང་བ་ལྟར་ཡུན་རིང་པོ་སྒྲུབ་པའི་དཀའ་སྤྱད་དྲག་པོ་དང་འབྲེལ་བས་དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་ཡབ་ཆོས་ཀྱི་སྐོར་མཐའ་དག་ལ་ཉམས་མྱོང་ཚད་མའི་གཏེར་ཁ་ནང་ནས་བརྡོལ་ཏེ་གྲུབ་པ་མཆོག་གི་གོ་འཕང་མཐོན་པོར་གཤེགས་པ་དུས་མཉམ་དུ་བྱུང་བ་ནི་ལས་སྨོན་རྟེན་འབྲེལ་གྱི་གནད་གསང་དུ་མའི་འཕེན་པས་ཡབ་སྲས་སུ་འབྲེལ་བ་ཡིན་ཞིང་རང་ལུགས་ཀྱི་གྲུབ་མཐའ་ཐུན་མིན་འདི་དག་ལ་མཁྱེན་དཔྱོད་འགྲན་ཟླས་དབེན་པར་གྲགས་ཤིང་གྲུབ་པ་དེ་ཉིད་འཇམ་མགོན་རིན་པོ་ཆེའི་བཀའ་དྲིན་ཡིན་པས་སོ། །དེ་ཡང་བཀའ་ལས། དང་པོར། བླ་མ་རིན་པོ་ཆེ་འདིར་ཕེབས་དུས་བླ་མ་ཟླ་འོད་ཁོང་སྔར་ནས་མཁས་པ་ཆེན་པོར་སོང་བས། རང་ལུགས་ཀྱི་ཡིག་ཆ་འདྲ་ལ་གཟིགས་ནས་ཨཱཥྚའི་བཞི་བཤད་དེ་བརྩམས་པ་མཛད་པར་བདག་ཀྱང་རང་ལུགས་ཀྱི་ཆོས་འདི་དག་ལ་འདི་ལྟ་བའི་རྩོམ་འཆད་བྱེད་པ་ཞིག་ནམ་ཞིག་ན་འོང་། དེ་ལྟར་བྱུང་ན་འདིར་སྣང་གི་འཁོར་ལོས་སྒྱུར་བའི་དཔལ་ཐོབ་པ་ལས་ཀྱང་ངེས་པར་དགའ་སྙམ་པའི་འདུན་པ་དྲག་པོ་རྒྱུན་ཆགས་སུ་ཡོད་པ་ཡིན་ཀྱང་། ད་ལྟ་བལྟས་ཚེ་རང་ཡང་གོ་ཡུལ་དེ་ལས་ལྷག་ཙམ་དུ་སོང་འདུག་པ་འདི་འཇམ་མགོན་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་ཕེབས་པར་ཐོས་སོ། །དེའང་མུས་ཆེན་སེམས་དཔའ་ཆེན་པོའི་ཞལ་སྔ་ནས། ངེད་ལ་བླ་མ་དུ་མ་ཡོད་པའི་ནང་ནས་ཆོས་རྗེ་རིན་པོ་ཆེ་ཀུན་དགའ་བཟང་པོ་དེ་ཤིན་ཏུ་སྐུ་དྲིན་ཆེ་བ་གཅིག་བྱུང་ཞེས་དང་། དེའི་རྒྱུ་མཚན་དུ་རང་ལུགས་ཀྱི་བླ་མ་གོང་མའི་བཀའ་སྲོལ་གྱི་གྲུབ་མཐའི་གནད་གསང་ཇི་བཞིན་དུ་རྟོགས་པ་དེ་བཀོད་པ་དང་མཐུན་པ་ཡིན་ནོ། །དེས་ན་འཇམ་མགོན་རིན་པོ་ཆེ་འདི་ཉིད་ལ་སློབ་ཚོགས་མཐའ་ཡས་པ་ཞིག་བཞུགས་ཀྱང་བླ་མ་བསྟེན་ཚུལ་ཇི་བཞིན་མ་ནུས་པའི་དབང་གིས་བདག་ཅག་ཕལ་ཆེར་གྱིས་གསང་གསུམ་རྒྱང་མཇལ་ཞིག་ལས་ཞིབ་པོ་རང་མ་བྱུང་ཡང་རྗེ་འདིས་ནི་བཤད་ཚོད་དང་མཐུན་པ་ཁོ་ནས་དུས་རིང་པོར་བསྟེན་ཚུལ་མ་ཉམས་པས་སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་ལ་ཚུལ་བཞིན་སྦྱངས་པའི་གོ་ཡུལ་དང་། རྩེ་གཅིག་ཏུ་བསྒོམ་པ་ལས་བྱུང་བའི་ཉམས་མྱོང་གི་གནད་རྣམས་ལ་ཐུགས་དོགས་བྱུང་ཚད་དེ་འཕྲལ་སྐུ་དྲུང་དུ་ཞུས་ཤིང་དྲུང་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་དང་བཅས་དཔྱིས་ཕྱིན་པའི་གསུང་ལན་གནང་བ་ལ་ཟིན་བྲིས་ཕྱག་བསྟར་མཛད་པའང་ཤིན་ཏུ་མང་པོ་བཞུགས་ལ། དེ་དག་ཀྱང་ཕལ་ཆེར་ནི་བདག་ཅག་འདྲ་བས་མི་ཚེ་ཧྲིལ་པོ་ལའང་དེ་འདྲ་དྲན་མི་སྲིད་པ་ལྟ་བུའི་ཟབ་དོན་རྗེན་གཅེར་དུ་སྟོན་པ་རིན་ཆེན་གསེར་གྱི་ཡང་ཞུན་ལྟ་བུ་ཤ་སྟག་ཏུ་སྣང་ལ། སྐབས་འགར་ནི་འཕྲལ་གྱི་སྤྱོད་ལམ་གྱི་བྱ་བ་མཛད་ཚུལ་དང་སྐབས་མིན་ཐོག་བབས་སུ་བྱུང་བའི་གསུང་རིགས་དགོངས་གཞི་ཁྱད་པར་ཅན་ཡོད་པ་གཞིར་བཅས་པ་དེ་འདྲའང་ཅུང་ཟད་རེ་བཞུགས་པ་ཡིན་ནོ། །སྔ་ཕྱིར་ཅུང་མི་འདྲ་བའི་གསུང་རིགས་ཕེབས་པ་རྣམས་ཀྱང་དང་པོར་འདི་གསུངས་དེ་རྗེས་འདི་གསུངས་ཞེས་བླ་མ་ས་སྐྱ་པ་ཆེན་པོས་ཞང་དགོན་པ་པའི་གསང་རྒྱུན་གཞུང་བཤད་རྣམས་ལས་དེ་ལྟར་མཛད་འདུག་པ་ལྟར་ལས་སྔ་ཕྱི་འགལ་བའི་དོགས་སློང་སོགས་གཏན་མི་མཛད་པ་ཡིན་ནོ། །དེ་ཡང་ཞུ་བ་པོ་དང་གསུངས་པ་པོ་གཉིས་ཀ་རྡོ་རྗེའི་ཐུགས་མངའ་བ་ཡིན་པའི་ཕྱིར་གསུང་གསང་གི་གནད་རེ་རེས་ཀྱང་ཐེ་ཚོམ་གྱི་འཆིང་བ་བརྒྱ་ཕྲག་ཅིག་ཅར་དུ་བཅད་ནས་ཟབ་དོན་གྱི་རྟོགས་པ་དེ་དང་གྲངས་མཐུན་དུ་བསྐྱེད་ནུས་པ་ཁོ་ན་ཡིན་ཏེ། གཅིག་ལ་དཔེར་མཚོན་ན། རྗེ་འདིས་ས་སྐྱ་པའི་སྔགས་གཞུང་མང་པོ་ལ་དཔེ་གཟིགས་མཛད་པའི་ཚེ་སྦྱང་གཞི་སྦྱོང་བྱེད་སྦྱར་ཚུལ་ལ་རིམ་དང་ཅིག་ཆར་གཉིས་སུ་འདུག་པར་བླ་མ་སོ་སོའི་བཞེད་པ་ཡིན་ནམ་ཇི་ལྟར་ཡིན་དགོངས་ནས་དམ་པ་འགའ་ལ་ཞུས་ཀྱང་ཐད་སོ་ཙམ་གྱི་གསུང་ལན་ལས་ཁ་ཚོན་ཆོད་པོ་ཞིག་མ་བྱུང་བར་རྗེས་སོར་འཇམ་མགོན་རིན་པོ་ཆེ་དང་འཕྲད་ཕྱིན་དོན་དེ་ཞུས་པས་ཚོགས་སློབ་ཀྱི་ཁྱད་པར་ཡིན་ཞེས་ཕེབས་པར་གསུངས་དེ་ཁོ་ནས་ཀྱང་སྔགས་གཞུང་མང་པོ་ལ་ཐེ་ཚོམ་གྱི་མདུད་པ་རང་གྲོལ་དུ་སོང་བ་ཡིན་ཞེས་བཀའ་ལས་ཐོས་སོ། །དོན་འདི་ནི་ཁ་ཆེ་པཎ་ཆེན་ལ། ཆོས་ཀྱི་རྗེས། ཚད་མའི་གཞན་སེལ་གྱི་གནད་ཞུས་པའི་ཚེ། ཙམ་ཙམ་མང་པོ་ངས་མི་ཤེས། །སྔོན་པོ་དོན་ལ་ཡོད་ཅེས་པ་དང་ཚུལ་མཚུངས་པ་ཡིན་ནོ། །དེས་ན་སྙན་བརྒྱུད་སྐོར་རྣམས་ལ་དང་པོར་ཟབ་གནད་ཐུན་མིན་རྡོ་རྗེའི་ཚིག་རྐང་ལྟ་བུ་རེ་འཇམ་མགོན་བླ་མས་གསུངས་ལ། དེ་རྗེས་བླ་མ་གོང་མའི་གསུངས་དང་མདོ་རྒྱུད་མང་པོ་དང་སྦྱར་བའི་རྒྱས་སྤྲོས་ཀྱི་ཡན་ལག་རྣམས་ནི་རྗེ་འདིས་མཛད་པ་མང་ཞིང་། ལ་ལ་ནི་རྗེ་ཉིད་ལ་ཉམས་མྱོང་ཚད་མའི་འབྲས་རྟགས་ཀྱི་ཐུགས་ལ་འཁྲུངས་པའང་མང་དུ་ཡོད་པ་ཡིན་ལ། དེ་དག་གང་ཡིན་ཀྱང་བླ་མ་ལ་མ་ཞུས་པར་རང་གི་ཡིན་རློམ་མཛད་པ་གཏན་མི་སྲིད་ལ། ཞུས་པའི་ཚེ་ནའང་དེ་ཁོ་ན་ཡིན་ཤིན་ཏུ་ངོ་མཚར་ཆེ། ད་འོ་ན་ད་དུང་ང་ལ་འདི་འདྲ་ཞིག་ཟེར་རྒྱུ་ཡོད་ཅེས། གཅིག་གི་རྟོགས་པ་ཕུལ་བའི་ཚེ་གཅིག་ཤོས་དེའི་དགའ་སྟོན་དུ་གནང་བ་ལྟ་བུ་འབའ་ཞིག་གིས་ཟབ་མོའི་གནད་གསང་མཐའ་དག་གསན་པར་འདུག་གོ། ཡང་ཐུགས་ཉམས་དང་མནལ་ལམ་དུ་དོགས་གནས་བྱུང་བ་རྣམས་ཀྱང་དྲུང་དུ་ཞུ་འབུལ་མཛད་པ་ན་བསླུ་མེད་ཀྱི་ལུང་བསྟན་ཁོ་ན་སྩོལ་བ་ཡིན་འདུག་སྟེ། དཔེར་མཚོན་ན༑ཐར་ལམ་དགོན་དུ་སྐུ་དྲུང་ནས་མར་ཆོས་རའི་ནང་དུ་ཕེབས་དུས་སྔར་རིང་མོ་ཞིག་ནས་ལྔ་ལམ་དུ་སོང་བའི་གྲྭ་པ་ཞིག་ཡར་འོང་གིན་འདུག་པར་སྒོ་ནང་དུ་འཕྲད་པ་འདུག་དགོངས་ཙ་ན་རང་ཡལ་དུ་སོང་དེ་འཕྲལ་ཕྱིར་སློག་གིས་སྐུ་དྲུང་དུ་ཕེབས་ནས་དེ་ཚུལ་ཞུས་པས་ཅི་ཡང་མི་སྐྱོན་མཐོང་སྣང་གི་ཉམས་འདྲ་ཡིན་འོང་གསུངས་པ་དེ་བཞིན་ཡིན་འདུག་ཅེས་དང་། རྗེ་འདི་ཉིད་སྐུ་གེགས་ཤིན་ཏུ་ཆེ་བ་ཞིག་གི་དུས་སུ་རྟ་མགྲིན་གྱི་ལྗགས་བསྙེན་གནང་སྐབས་ཕྱེད་ཙམ་ན་ཇེ་འཚུབ་ཏུ་སོང་བར། མཐར་མི་ཕྱིན་པ་ཡིན་ནམ་དགོངས་ནས་བླ་མ་རིན་པོ་ཆེར་ཞུས་པས་དེ་མཐར་ཕྱིན་པ་དང་བར་ཆད་བཟློག་པར་ངས་ཁག་ཐེག་ཅེས་ཕེབས་པའང་དེ་བཞིན་དུ་སོང་པ་དང་། ལན་ཅིག་མནལ་ལམ་དུ་བརྩོན་འགྲུས་ཟེར་བ་ཞིག་གིས་སྟ་རེས་ཡབ་ཀྱི་དབུ་ལ་བརྒྱབ་པ་ཞིག་རྨིས་པར་ཅུང་རྩུབ་པ་ཡིན་ནམ་དགོངས་ནས་སྐུ་མདུན་དུ་ཞུས་པ་ན་དེ་ཉིད་ཀྱི་བརྩོན་འགྲུས་བརྩམས་ནས་བར་ཆད་བཟློག་ཐུབ་པའི་རྟགས་སུ་འདུག་ཅེས་ཕེབས་པའང་དེ་བཞིན་ཡིན་འདུག་ཅེས་གསུམ་པོ་འདི་དག་ཀྱང་བཀའ་ལས་ཐོས་སོ། །མདོར་ན་རྗེ་འདིས་ནི་ལུགས་གཉིས་ཀ་ནས་ཐུགས་བཞེད་ཆེ་ཕྲ་གང་ཡོད་ཐམས་ཅད་འཇམ་མགོན་རིན་པོ་ཆེ་འདིའི་སྤྱན་སྔར་མ་བཅོས་ལྷུག་པར་ཞུ་འབུལ་མཛད་ལ་བློ་ལྟོས་ཀྱི་ཡབ་རྗེ་དང་སྐྱབས་གནས་གཅིག་ཆོག་ཁོ་ནར་བཟུང་བ་ཡིན་ཏེ། སྔར་ཞུ་ཤོག་ཚིགས་བཅད་མ་ཞིག་གི་ནང་དུ་། ཕ་ནི་ཁྱོད་ཡིན་བྱིན་རླབས་བསླུ་བ་མེད། །བུ་ནི་ང་ཡིན་མོས་གུས་ཐང་ལྷོད་མེད། །ཆོས་ནི་དེ་ཡིན་ཉམས་ལེན་དེ་ཀ་རང་། །ཞེས་ཕུལ་བ་བཀའ་ལས་ཐོས་ལ། ཡང་། སངས་རྒྱས་དངོས་དང་འདྲ་བའི་མཁས་གྲུབ་ཀྱི། །བླ་མ་མང་པོས་རྗེས་སུ་བཟུང་ན་ཡང་། །སྐུ་དྲིན་གཞན་དང་མཚུངས་པ་མ་མཆིས་པ། །རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་ཁྱོད་ལགས་སོ། །ཞེས་སོགས་གསུངས་པ་ལྟར་རོ། །འཇམ་མགོན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་། བཀའ་བཞིན་བསྒྲུབ་པ་དང་། མོས་གུས་དང་མཁྱེན་དཔྱོད་རབ་ཀྱི་མཐར་སོན་པའི་ཚད་དུ་འཛིན་ཅིང་ཐུགས་སྲས་ཡོངས་ཀྱི་ཐུ་བོར་དགོངས་པ་ཡིན་ཏེ། སློབ་ཚོགས་དང་སྦྱིན་བདག་འདྲ་ལ་རྗེ་འདིའི་ལོ་རྒྱུས་རེ་གསུངས་ཙ་ན། དབུ་བསྒྲིལ་བ་དང་ཞལ་ཉེད་པ་དང་། སྒ་པའི་འཕྲལ་སྐད་ཀྱི་ཕོ་དེ་ཞེས་དང་། འ་འི་ཞེས་གསུང་གསང་དྲག་པོར་འབོད་པ་སོགས་སྐུ་དང་གསུང་གི་རྣམ་པ་ཡང་གཞན་དུ་འགྱུར་བའི་ཚུལ་མཛད་པའི་དགྱེས་ཚོར་ཆེན་པོ་ཞིག་རྟག་ཏུ་གནང་གིན་འདུག་པ་ནི་སྐུ་དྲུང་དུ་རྒྱུན་བཅར་ཞུ་མཁན་རྣམས་ལ་རྒྱུས་ཡོད་པ་ཡིན་ལ། དེར་མ་ཟད། ཡུལ་ཁོག་མི་གཅིག་མི་རུ་སྐྱེས་གྱུར་ཀྱང་། །ལས་ཀྱི་དབང་གི་ཕ་བུར་འབྲེལ་བའི་ཕྱིར། །ང་ཡི་སྙིང་གཏམ་ཡི་གེར་བྲིས་པ་འདི། །ཁྱོད་ཀྱིས་མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། ཞེས་དང་། སྙིང་ནས་གཅེས་པའི་བུ་མཆོག་ཁྱོད་ཉིད་ཀྱིས། །ཞེས་པ་ལ་སོགས་པ་ཤིན་ཏུ་ཉེ་ཚིག་གནང་བའི་ཞལ་གདམས་ཆེ་ཆུང་དུ་མ་དང་། བཀའ་ཤོག་རྣམས་སུའང་། སྙིང་གི་བུ་དང་། བུ་མཆོག་ཅེས་གསུངས་པ་ཁོ་ན་ཕེབས་པ་ཡིན་ལ། འཇམ་མགོན་བླ་མ་ལ་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཀྱང་མཆོག་དམན་གྱི་ཡུལ་གཞན་ལ་ཡིག་བསྐུར་གྱི་ཐོབ་ཐང་དང་བསྟུན་པ་ཞིག་མ་གཏོགས་འདི་འདྲའི་ཉེ་ཚིག་སུ་ལའང་མི་གནང་བས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་རྒྱུ་མཚན་འདི་ཉིད་ཁོ་ནས་ཀྱང་རྗེ་འདི་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་དེའི་ཐུགས་སྲས་ཀྱི་ཐུ་བོ་དང་། འཁྲུལ་མེད་ཀྱི་རྒྱལ་ཚབ་མཆོག་ཏུ་ངེས་པ་འདྲེན་ནུས་པ་ཡིན་ནོ། །དེར་མ་ཟད་འཇམ་མགོན་བླ་མའི་ཞལ་སྔ་ནས། རྗེ་འདི་ལ་ཁྱེད་བདག་གི་སློབ་མ་ཡིན་པ་འདི་ང་ལ་འཇམ་དབྱངས་བླ་མས་གནང་བ་ཡིན་ཞེས་ཕེབས་ཚུལ་ཡང་རྗེའི་བཀའ་ལས་ཐོས་སོ། །ཡང་བྱིན་རླབས་ཀྱི་རྟེན་དང་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་དག་མཚོན་བྱེད་དུ་གནང་སྐྱེས་ཀྱང་། གོང་བཤད་མགོན་ཐང་ཁྱད་དང་ཅན་དེའི་གཙོས་པའི་སྔ་ཕྱིར། རྗེ་ཉིད་ཀྱི་བཅད་རྒྱའི་དུས་ཀྱི་དབུ་སྐྲ་ཡོངས་རྫོགས། ཕྱག་གྲངས་མེད་འཚལ་དུས་ཀྱི་ཕྱག་ལག་གི་ཤ་ཟེགས་བསྡུས་པའི་ཐུམ་པོ་ཆེ་ཙམ། མཎྜལ་འབུམ་ཕྲག་བཅུ་ལྷག་ཙམ་ཕུལ་བའི་ར་གན་དང་ཤིང་གི་མཎྜལ་ཆེ་ལེགས། ཉིད་ཀྱི་དང་པོའི་བུམ་པ་ཟངས་བུམ། རྒྱུན་དུ་གསོལ་བ་བཞེས་བྱེད་ཀྱི་དངུལ་གྱི་རྣལ་ཟེ་སོགས་དུ་མ་བསྩལ་ཞིང་། ཁྱད་པར་དུ་ཞལ་མཇལ་ཕྱི་མའི་དུས་མགོན་པོའི་གསང་ཁྲིད་ལྷ་དགུའི་རྗེས་གནང་ཞིག་གནང་ནས་དེ་གྲུབ་འཕྲལ་འཇམ་མགོན་རིན་པོ་ཆེ་ཉིད་ཀྱི་དབུ་ཞྭ་ས་ཞུ་ཤིན་ཏུ་སྤུས་ལེགས་དེ་དབུ་ནས་ཕུད་དེ་ཤུབས་དང་བཅས་པ་དང་། གསང་ཁྲིད་གྱི་རྗེས་གནང་དང་། ཀྱེ་རྡོར་རྒྱུ་ལམ་གྱི་དབང་ཡིག་བཅས་སྩལ་ནས་ཆོས་འདི་དག་གི་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཞེས་པའི་གཟེངས་བསྟོད་དང་བཅས་ཏེ་གནང་བ་ཡིན་ནོ། །གངས་ཅན་བསྟན་པའི་ཤིང་རྟ་ཆེ། །ས་སྐྱའི་འཇམ་མགོན་ཡབ་སྲས་ཀྱི། །ཡབ་ཆོས་སྙན་བརྒྱུད་རིན་པོ་ཆེ། །སྐལ་ངན་དུས་ཀྱི་འགྱུར་བ་ཡིས། །སྒྲུབ་པའི་ཉིན་བྱེད་ནུབ་རིར་ཡིབས། །བཤད་པའི་མཚམས་སྤྲིན་འོད་དང་བྲལ། །ཐ་དད་ཟེར་སྤྲོས་རྒྱུ་སྐར་གྱི། །རང་འོད་ཕྲ་མོ་འབྱིན་པའི་དུས། །ཡང་སྲིད་ཉེར་ལྔར་འཇམ་དབྱངས་ཀྱིས། །རྗེས་བཟུང་དྲང་བའི་དོན་ཙམ་སྟེ། །དོན་ལ་འཇམ་པའི་དབྱངས་ཉིད་དང་། །གཉིས་མེད་ལྔ་རིག་པཎྜི་ཏ། །གཟུགས་གཞན་ཟློས་པའི་གར་བསྒྱུར་བར། །མི་འགྱུར་རྟགས་ཀྱི་མཚན་མར་བཅས། །པདྨ་སཾ་བྷའི་རྣམ་འཕྲུལ་དེས། །དྲི་མེད་ལུང་གི་མངའ་གསོལ་ཡང་། །སྤྲུལ་གཞི་སྤྲུལ་པ་ཐ་དད་པར། །སྣང་བ་དེ་ཡང་དབྱེར་མེད་དུ། །བསྒྲུབ་པའི་ཟོལ་དུ་ཞུགས་པ་ལས། །འཇམ་དབྱངས་བླ་མ་དངོས་སུ་གྲུབ། །ཉམས་མྱོང་ཚད་མའི་ལྡེ་མིག་གིས། །མཐའ་དག་རྡོ་རྗེའི་ཐེག་པ་ཡི། །བབ་གསང་སྒོ་བརྒྱ་འབྱེད་པ་ལ། །གསང་བའི་བདག་པོའི་རྣམ་ཐར་བཟུང་། །ཤུགས་དྲག་བརྩེ་བས་དྲངས་པ་ཡིས། །སྐལ་ལྡན་སློབ་མའི་ཚོགས་རྣམས་ལ། །ཡང་ཡང་འདོམས་པའི་ཐུགས་རྗེ་ནི། །པད་དཀར་འཆང་བའི་རྗེས་སུ་འགྲོ། །ཁྱད་པར་གསུང་ངག༵་དབ༵ང་བཞིའི་ལམ། །ཆེས་ཟབ་གདམས་པའི་རྒྱལ་པོ་ཡི། །ལེག༵ས་བཤད་རྒྱ་མཚོའི་གཏེར་གྱུར་པའི། །འགྲན་བྲལ་རྡོ་རྗེ་འཛིན་པ༵་བྱོན། །མགོན་དེའི་མཚན་དཔེའི་མེ་ཏོག་ནི། །གཟིགས་མོའི་ཡུལ་དུ་མ་བྱུང་ཡང་། །གྲགས་སྙན་སྣ་མའི་བསུང་ཞིམ་ཞིག །གཟུར་གནས་རླུང་གིས་ཁྱེར་བ་ན། །སྐུ་ལ་བདེ་བའི་མཆོག་འཕེལ་ཞིང་། །ཐུགས་ལ་སིམ་པའི་དཔལ་རྒྱས་ཏེ། །གཅིག་ཏུ་ཕྱོགས་དེར་བསྙེན་པ་ནི། །ཡང་ཡང་སྐྱེ་བར་གོམས་པའི་མཐུ། །ཚོགས་གཉིས་དག་པའི་རང་གཟུགས་ནི། །མྱུར་མགྱོགས་བྱ་མ་རྟ་ཡི་འཕྲུལ། །ས་བཅུ་ལམ་ལྔའི་ཤུལ་ལམ་རྣམས། །མྱུར་དུ་འདུམ་པའི་ཚུལ་ལ་ཞུགས། །མི་སྲུན་དམག་གི་དཔུང་ཆེན་གྱིས། །ཡབ་སྲས་འདི་དག་འཚེ་འགྱུར་ཞེས། །ས་འཛིན་ཇི་སྙེད་དཔུང་བསྒྲིལ་ཏེ། །བར་སྣང་མཐོངས་ལ་བཏེགས་པ་བཞིན། །མ་བསྒྲིགས་རྟེན་ཅིང་འབྲེལ་འབྱུང་གིས། །མ་འགགས་རི་མོ་གསར་པ་ནི། །བསུབ་ཏུ་མེད་པའི་དགེ་མཚན་གྱི། །འབྲས་རྟགས་དེང་སང་བར་དུ་འཆར། །དམ་པ་ཉིད་དང་དམ་པའི་ཆོས། །ལུང་བསྟན་ལུང་གིས་བསྔགས་པའི་ཁྲིར། །ཞབས་སེན་ཞབས་ཀྱིས་བཀོད་པའི་ཚེ། །གསང་ཆེན་བསྟན་པའི་སྲོག་རྩ་ཚུགས། །མ་དག་པ་དང་ཉམས་སྣང་དང་། །དག་པ་འབྲས་བུའི་གནས་ཚུལ་རྣམས། །བཟང་ངན་བར་མའི་རྨི་ལམ་བཞིན། །གནད་སྨིན་རང་ངོ་འཕྲོད་པའི་རྗེས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །སང་ཙམ་ཞུགས་པའི་དུས་ཀྱི་ཚེ། །ཚེ་མཐའ་ཡས་པའི་སྣང་བརྙན་ཆེ། །འོད་གསལ་ཡུལ་དུ་གསལ་བར་གཟིགས། །གཟུགས་སྐུའི་ལྗོན་པ་འདི་ཉིད་ལ། །ཡོན་ཏན་ལོ་འདབ་འབུམ་ཕྲག་གིས། །མངོན་པར་ཕྱུག་པའི་དྲི་མེད་ལུང་། །སྟོབས་བཅུ་མངའ་བས་རིང་ནས་བསྒྲགས། །ཁྱད་པར་བདག་སོགས་གདུལ་བྱ་ཡི། །བསོད་ནམས་ཞིང་མཆོག་སྒྲིབ་བྱེད་པའི། །དུས་མིན་ཉི་བུའི་དཔུང་ཚོགས་རྣམས། །དེ་ནས་ཆོས་ཀྱི་དབྱིངས་སུ་བསྐྲད། །སུམ་ཅུ་རྩ་བདུན་བྱང་ཆུབ་ཆོས། །ཟབ་གསལ་གཉིས་སུ་མེད་པ་ཡི། །དག་པ་མཆོག་གི་གྲོང་མོ་ཆེར། །འགགས་མེད་འཆར་བ་དེ་ཉིད་དུ། །རྡོ་རྗེ་འཛིན་པའི་དབང་པོ་དེས། །རྡོ་རྗེའི་སྲས་ཀྱི་ཐུ་བོ་ཁྱེད། །རྡོ་རྗེའི་གསུང་གི་གསང་བ་ཡིས། །རྡོ་རྗེའི་དབང་བཞི་བསྐུར་བའི་ཚེ། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཤེལ་གྱི་ཁམས། །འགྲོ་བློའི་ཚོན་གྱིས་སོ་སོ་རུ། །སྣང་བའི་དེ་བཞིན་གཤེགས་ཀུན་གྱིས། །དག་བྱེད་གཞན་ལས་ཁྱད་འཕགས་པའི། །ལུས་སེམས་སྐུ་དང་ཡེ་ཤེས་སུ། །སྒྱུར་བྱེད་བདུད་རྩིའི་ཆུ་རྒྱུན་གྱིས། །རྡོ་རྗེ་སྐུ་མཆོག་ཡོངས་སུ་གཏམས། །མེ་ན་ཀ་དང་གདེངས་ཅན་གྱི། །ཡིད་འོང་མཛེས་མས་མི་མཚོན་པའི། །སྟོང་གཟུགས་སྒྱུ་མའི་ལང་ཚོ་ལ། །མ་འགགས་མཚན་དཔེ་གསར་པ་ཅན། །ཡེ་ཤེས་རིག་མའི་ཚོགས་རྣམས་ནི། །སྙན་འགྱུར་སྟོང་གི་གླུ་དབྱངས་ཀྱིས། །རྣམ་མཁྱེན་ཐུགས་ཀྱང་གཡོ་བྱེད་ན། །འཁོར་འདས་དངོས་གཞན་ལྟ་ཅི་སྨོས། །རྒྱལ་ཀུན་མཁྱེན་བརྩེའི་ནུས་པའི་གར། །རིགས་ཀྱི་བྱེ་བྲག་སོ་སོ་ཡི། །ཉེ་བའི་སྲས་ཀྱི་ཚུལ་བཟུང་བ༑༑བགྲང་ཡས་སེམས་དཔའི་ཚོགས་བཅས་ཀྱིས། །བཀྲ་ཤིས་དབྱར་རྔ་ལྡིར་བཞིན་དུ། །སྲིད་ཞིའི་དགེ་ལེགས་མ་ལུས་པ། །ཆུ་སྐྱེས་གསར་བའི་སྣང་བརྙན་ཅན། །དུང་ལྟར་དཀར་བ་ཆར་དུ་བསྙིལ། །གཉིས་མེད་ཡེ་ཤེས་ཆེན་པོའི་འཕྲུལ། །རྣམ་འགྱུར་དྲག་ཆེན་རྔམས་པའི་གཟུགས། །མཚན་རྟོག་བདུད་སྡེའི་གཤེད་མ་ཆེ། །འཇིགས་རུང་ཁྲོ་ཚོགས་དུ་མ་ཡིས། །ཞལ་དམར་གནས་ས་གྲལ་བ་ལས། །ཧཱུྃ་ཕཊ་འབྲུག་སྒྲ་འབུམ་གྱིས་སྒྲས། །དྲག་ཤུལ་བགེགས་ཀྱི་དཔུང་ཚོགས་ཀྱང་། །ཆོས་དབྱིངས་ཆེན་པོའི་ཕ་མཐར་བསྐྲད། །ཡིད་འཕྲོག་ལྷ་མོ་མཐའ་ཡས་ཀྱིས། །ཡིད་འཛིན་ལག་པའི་པདྨོ་རུ། །འཁོར་དང་མྱ་ངན་འདས་པ་ལ། །སྣང་བའི་འདོད་ཡོན་ཡོད་རྒུ་ཅོག །གཅིག་ཏུ་བསྡུས་པའི་རང་གཟུགས་ལས། །ཕྱི་ནང་གསང་བའི་སྤྲིན་འཕྲོ་བ། །ཡེ་ཤེས་དག་པའི་འདྲེན་བྱེད་ཀྱང་། །གཟིགས་བ་མྱུར་བའི་མཆོད་པས་མཆོད། །རྣམ་བཞིའི་དཀྱིལ་འཁོར་སོ་སོ་ཡི། །གཞི་ལམ་འབྲས་བུའི་གདན་གསུམ་པོ། །རོ་གཅིག་ཕྱག་རྒྱ་ཆེན་པོའི་ངང་། །རྡོ་རྗེའི་ས་ཡི་དབང་མཆོག་རྫོགས། །སྟོན་མཆོག་དེ་ནི་རྡོ་རྗེ་འཛིན། །མགོན་ཁྱོད་ཨིནྡྲ་བྷུ་ཏི་དང་། །གནས་མཆོག་ཨོ་ཌི་ཡ་ན་ཞེས། །གྲགས་པའི་གཏམ་དེ་སྲིད་ན་སྙན། །བཀའ་བསྟན་ཚད་མའི་གངས་ཀྱི་རིར། །ཉམས་མྱོང་ཚད་མའི་དཀྱིལ་འཁོར་ཅན། །རྗེ་བཙུན་ཉིན་བྱེད་དབང་པོ་ཡི། །གསུང་གི་ཚ་ཟེར་གྱིས་བྲན་པས། །དབང་བཞི་ལྡན་པའི་ཆུ་བོ་ལ། །བྱིན་རླབས་བརྒྱུད་པའི་ཕྲེང་བ་ཅན། །འཁྲུལ་མེད་གདམས་པའི་རིན་ཆེན་གྱིས། །མོས་གུས་ཆུ་གཏེར་ཡོངས་གང་བ། །ཟབ་མོའི་ཆོས་སྐུ་རྗེན་པར་སྟོན། །མདོ་རྒྱུད་རྒྱ་མཚོའི་དགོངས་དོན་རྒྱས། །ཟུང་འཇུག་ཐབས་མཁས་བགྲང་ལས་འདས། །དུས་གསུམ་རྒྱལ་ཀུན་དགོངས་པའི་མཐིལ། །མ་གཅིག་ཌཱཀི་དབང་མོ་དེའི། །བྱིན་རླབས་ཞལ་རླངས་མ་ཡལ་ཞིང་། །ཕ་གཅིག་དཔལ་ལྡན་བི་རུ་པས། །མཉམ་ཉིད་རྟོགས་པའི་ཕྱག་རྗེས་ཅན། །བཀའ་དྲིན་གཞལ་དཀའི་ས་སྐྱ་པ། །བླ་ཆེན་བརྩེ་བ་ཆེན་པོ་སོགས། །ཟབ་མོའི་ཆོས་འདིའི་བརྒྱུད་པ་ཀུན། །རྫོགས་སངས་རྒྱས་ལས་དམིགས་སུ་མེད། །འཁྲུལ་མེད་སྦྱངས་པའི་མཁས་དབང་ལ། །ཟབ་དོན་རང་ཞལ་སྟོན་པ་དང་། །ཇི་བཞིན་བསྒོམ་པའི་སྐལ་ལྡན་ལ། །སངས་རྒྱས་ལག་རྩེར་གཏོད་ནུས་པ། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་ཀྱི། །ཡང་སྙིང་ཟབ་ཆོས་རིན་པོ་ཆེ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོ་རུ། །མཆོད་པའི་སྐལ་བཟང་ཐོབ་ཙམ་གྱིས། །རྒྱུད་གསུམ་ལྷན་ཅིག་སྐྱེས་པའི་ཆོས། །འབྲལ་མེད་རྡོ་རྗེའི་རྒྱས་བཏབ་པ། །ཆེས་ཟབ་སྙིང་པོའི་སྙིང་པོ་ནི། །མངོན་སུམ་བཞིན་དུ་གཏད་པའི་ཚེ། །གནས་ལུགས་དབྱིངས་ཀྱི་རང་བཞིན་དང་། །སྒྲིབ་བྲལ་ཡེ་ཤེས་ཆེན་པོ་གཉིས། །དབྱེར་མེད་གཅིག་ཏུ་སིམ་པ་ལས། །འབྲས་དུས་ཆོས་སྐུའི་དགོངས་པ་བརྙེས། །སྣོད་བཅུད་རྟེན་དང་བརྟེན་པ་འདི། །ལྷ་དང་གཞལ་མེད་ཁང་ཆེན་དུ། །ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་གྱིས། །དག་པའི་སྣང་བ་འབྱམས་སུ་ཀླས། །རང་བྱིན་བརླབས་པའི་ཐབས་མཁས་ཀྱིས། །ནང་གི་དེ་ཉིད་མཐོང་བའི་ཚེ། །རེ་དང་དོགས་པའི་འཆིང་བ་ཀུན། །རང་སར་གྲོལ་བའི་རང་ཞལ་ངོམ། །ཨེ་ཝཾ་མཉམ་པར་སྦྱར་བ་ལས། །ཟུང་འཇུག་དགའ་བཞིའི་ཀློང་ཡངས་སུ། །འཁོར་འདས་སྤྲོས་ཚོགས་མ་ལུས་པ། །བདེ་བ་ཆེན་པོའི་རང་གནས་སྙོགས། །རྡོ་རྗེའི་གསང་ལམ་ཐུན་མིན་ཕྱིས། །ཕྲ་རགས་མཚན་འཛིན་རྟོག་པའི་ཚོགས། །བདེ་སྟོང་ངོ་བོ་ཉིད་ཀྱི་སྐུར། །གདོད་ནས་བསམ་བཞག་བྲལ་བར་རྟོགས། །དབང་བཞིའི་ལམ་མཆོག་རེ་རེར་ཡང་། །བཅུ་གཅིག་ཆེ་བས་སྤྲས་པ་ཡི། །ཟབ་ལམ་གདམས་པའི་སྒྲ་བོ་ཆེར། །གནས་སྣང་མཐུན་པའི་སྐལ་བས་ཕྱུག །ལྷུན་གྲུབ་གནས་འགྱུར་འགལ་མེད་ཀྱི། །རྟག་ཆད་བྲལ་བའི་མྱུར་ལམ་གྱིས། །སྐུ་དང་ཡེ་ཤེས་དཔག་ཡས་ཀྱིས། །བླ་མེད་འབྱོར་པའི་ངོ་མཚར་བཟུང་། །ཕྱོགས་ཟླའི་རྣལ་འབྱོར་ཟབ་མོ་ཡིས། །མཁའ་ལ་སྤྱོད་པའི་གྲོང་ཁྱེར་དུ། །ལྷན་སྐྱེས་དགའ་མ་འགྲོགས་པའི་ཐབས། །ནཱ་རོ་ཏ་པའི་ཐུགས་བཅུད་དང་། །ཁྱད་པར་ལྷག་པའི་ལྷ་མཆོག་དེར། །བཀའ་བབས་ཆེན་པོ་གཞིས་གཙོས་པའི། །ཟབ་གནད་སྒྲུབ་སྐོར་མཐའ་དག་གི། སྨིན་གྲོལ་བུམ་པ་གང་བྱོར་དང་། །ཕྱི་ནང་སྤྲོས་ཚོགས་མ་ལུས་པ། །གསང་བའི་དེ་ཉིད་ལ་བསྡུ་ཞིང་། །ཡང་གསང་ནག་པོའི་ཐུགས་ཐིག་གིས། །བརྗོད་བྲལ་ཆོས་སྐུའི་ཞལ་མཐོང་བ། །ཙིཏྟའི་ཟུང་དུ་གྱུར་པ་ཡི། །རཀྟ་དྭངས་མའི་རྗེས་འགྲོ་བ། །མཐུ་ཆེན་དཔའ་བོའི་ཞལ་སྒོ་ལས། །དངོས་རྒྱན་གདམས་པ་ཡོངས་སུ་རྫོགས། །ཨེ་མ་རྡོ་རྗེ་འཛིན་པ་ནས། །དྲིན་ཅན་བླ་མ་ཡབ་སྲས་བར། །ཡེ་ཤེས་མགོན་པོའི་ཞལ་གཟིགས་པའི། །བརྒྱུད་ལྡན་བརྒྱུད་པ་འདི་འདྲ་སུ། །ཟབ་ཟབ་མང་པོ་སྟོང་འུད་དང་། །སྙན་སྙན་དུ་མ་བྲག་ཅ་སྟེ། །གསང་ལས་ཆེས་གསང་འདི་འདྲ་བ། །སྲིད་ན་སྲིད་པ་ཙམ་དུ་ཟད། །མདོར་ན་རྒྱུད་སྡེ་བཞིས་བསྡུས་ཤིང་། །བརྒྱུད་འཛིན་གོང་མའི་ཕྱག་བཞེས་ཀྱིས། །བརྒྱུད་པ་འདི་ཉིད་ལས་འོངས་པའི། །བརྒྱུད་སྲོལ་མཐའ་དག་ཡོངས་སུ་རྫོགས། །ཡབ་གཅིག་དེ་ལ་མི་མངའ་བའི། །ཡབ་ཆོས་སྙན་བརྒྱུད་དེ་གང་ཞིག །སྲས་མཆོག་ཁྱོད་ཀྱིས་མ་གསན་པའི། །སྲས་སློབ་གཞན་ལ་བརྒྱུད་པ་གང་། །དོན་ཡོད་རྣམ་བཞིའི་མཆོད་སྤྲིན་གྱིས། །ཟག་མེད་ཐུགས་ཀྱང་གཏིང་ནས་མཉེས། །སྙན་བརྒྱུད་ཚད་མའི་གསུང་གསང་གིས། །གང་ཐུགས་སྤྲོས་པ་གཏན་དུ་ཆོད། །ཐུགས་དོགས་འཆིང་བ་ཅུང་དམ་ཚེ། །གསུང་ལན་རིགས་པའི་རལ་གྲིས་བཅད། །སྦྱང་གཞིའི་ལྕགས་མཁས་ཇི་སྙེད་ལ། །ཞལ་གདམས་གསེར་འགྱུར་རྩི་ལས་ཟབ། །བར་ཆད་བགེགས་ཀྱིས་འཚེ་བ་ན། །རྡོ་རྗེའི་སྲུང་འཁོར་རྔམས་ལ་བརྗིད། །ཐུགས་ཉམས་མནལ་ལམ་མཚན་ལྟས་རྣམས། །རྣོ་ཐིག་མཁྱེན་པའི་ལམ་དུ་དྲངས། །རྨོད་གླང་ལྟ་བུར་གཉའ་སྦྲེལ་བའི། །བསྟེན་ཚུལ་ཉམས་པའི་དཔོན་སློབ་འགས། །སྙིགས་མའི་རང་རྟགས་ངོམ་པའི་ཚེ། །ཡབ་སྲས་འདི་དག་རྗེས་སུ་དྲན། །ཡང་སྙིགས་དུས་ཀྱི་ཐ་མ་འདིར། །ཚུལ་བཞིན་མི་བསྟེན་སློབ་མ་དང་། །ཤར་རྒྱུགས་བྱེད་པའི་སློབ་དཔོན་གྱིས། །བསྟན་པ་ལྡེམ་པོར་གྱུར་པ་ན། །ཇི་བཞིན་འཆད་པའི་མཁྱེན་དཔྱོད་དང་། །ཚུལ་བཞིན་བསྟེན་པའི་མོས་གུས་རྣམས། །ཀུན་ལ་སློབ་པར་བྱ་བའི་ཕྱིར། །འདི་དག་ཆེད་དུ་བྱོན་ནམ་སྙམ། །སྙན་བརྒྱུད་ཚད་མའི་འཆད་ཉན་གྱིས། །བསྟན་པ་གསལ་བ་ཙམ་མ་ཟད། །མཉེས་པ་གསུམ་གྱི་མཆོད་སྤྲིན་གྱིས། །ཡུན་རིང་བསྟེན་པ་འདིས་ཀྱང་ངོ་། །སྣ་ཚོགས་ཞིང་དུ་ནོར་བཟང་བུ། །སྤོས་ལྡན་གྲོང་ན་རྟག་ཏུ་ངུ་། །གངས་ལྗོངས་འདི་ན་རྗེ་ཉིད་རྣམས། །བཤེས་གཉེན་བསྟེན་པའི་རྣམ་ཐར་མཉམ། །ཀུན་གཟིགས་ཞིང་དུ་འཇམ་པའི་དབྱངས། །དཔལ་ལྡན་ས་སྐྱར་བདག་ཉིད་ཆེ། །སྒ་སྟོན་ས་དྷུའི་མཚན་ཙན་རྣམས། །སྤངས་དང་རྟོགས་པའི་ཡོན་ཏན་མཚུངས། །མཚན་གྱི་ཆུང་ཙམ་བརྗོད་པས་ཀྱང་། །རྣམ་མཁྱེན་དད་པའི་གདུང་ཤུགས་གཡོ། །ཡེ་ཤེས་འདྲེན་བྱེད་ཆུ་ཡིས་གཏམས། །གཟུགས་སྐུའི་ཕྱག་སོར་ཐུགས་ཀར་ཟུམ། །ཕ་མཐའ་བྲལ་བའི་ཡོན་ཏན་དང་། །བཀའ་དྲིན་དྲན་པའི་ཉེ་ཚིག་བཅས། །དམ་པ་འདི་ཡིས་གང་གསུངས་པ། །ལད་མོ་ཇི་བཞིན་ཤེས་པ་ཉུང་། །རྒྱལ་སྲས་ཁྱོད་ཀྱི་ཡོན་ཏན་འགའ། །རྒྱལ་དབང་དེ་ཡིས་བསྙད་པའི་ཚེ། །རྡོ་རྗེ་གསུམ་གྱི་རྣམ་འགྱུར་ཡང་། །གཞན་དུ་འགྱུར་བའི་ཆེ་བས་བསྔགས། །ཡིད་བཞིན་ནོར་མཆོག་སྨ་ཕབ་པའི། །རྟེན་འབྱུང་མཚོན་པའི་སྐྱེས་བཟང་འགའ། །ཁྱོད་ཉིད་ཁོ་ན་ལ་སྩལ་བས། །སྲིད་ཞིའི་འབྱོར་པས་ཕྱུག་པར་མཛད། །ཁྱད་པར་སྙན་བརྒྱུད་གླེགས་བམ་དང་། །རིགས་ཀུན་བདག་པོར་མཚོན་པའི་ཞྭ། །སྟབས་གཅིག་གནང་བའི་གསུང་གསང་གིས། །རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཛད། །ས་ཆེན་རྡུལ་ལས་མང་བ་ཡི། །ཇི་སྙེད་སློབ་ཚོགས་དེ་དག་ལས། །རྡོ་རྗེའི་སྲས་ཀྱི་མཚན་སྙན་ནི། །གཅིག་གིས་བཟུང་བའི་གྲགས་པ་དཀར། །མདོར་ན་ཡབ་སྲས་འདི་དག་གི། ཐུགས་རྗེ་མོས་གུས་ལས་བརྩམས་པའི། །ངོ་མཚར་གཏམ་གྱི་ཕ་མཐའ་ནི། །སྲས་བཅས་རྒྱལ་བས་ཀྱང་མི་རྫོགས། །ཡང་དགུང་གྲངས་སུམ་ཅུ་སོ་ལྔ་པར་འཇམ་མགོན་རིན་པོ་ཆེ་དང་། བླ་མ་གཞན་དགའ་རིན་པོ་ཆེ་གཉིས་ཀས་ཞལ་མཐུན་པར་ཡང་སྲིད་སྔ་མའི་གདན་ས་འཕན་པོ་ནཱ་ལེནྡྲར་ཕེབས་ན་བསྙུང་བབས་ལྕི་བ་ཞིག་ཡོད་པ་དེ་ལའང་ཕན་ངོ་ཆེ་བ་དང་། བསྟན་འགྲོར་ཕན་པའི་ཕྲིན་ལས་ཆེར་རྒྱས་པའི་ལུང་བསྟན་སྩལ་ནས་བཀའ་བཞིན་ཆིབས་བསྒྱུར་གནང་བར། དེ་འཕྲལ་ནས་བསྙུང་ཁམས་ཇེ་དྭངས་དང་། ལྷ་སྲུང་རྣམས་ཤིན་ཏུ་དགྱེས་ཚུལ་གྱིས་ཆུ་ལ་བུད་པ་སོགས་གལ་ཆེ་དུས་གྲྭ་པ་རྣམས་ཀྱི་རྨི་ལམ་དུའང་སྡོང་གྲོགས་མཛད་ཚུལ་གྱི་རྟགས་ཅི་རིགས་པ་རྨིས་པ་སོགས་བྱུང་བ་ཡིན་འདུག་ལ། གདན་སར་ཕེབས་ཏུ་ཉེ་བ་ན་རྗེ་འདིས་རྟེན་འབྲེལ་ཞིག་བརྟག་དགོས་དགོངས་ཙ་ན། བུད་མེད་གཞོན་ནུ་མ་ཞིག་བྱུང་བར་ཁྱོད་ཀྱི་མིང་ལ་ཅི་ཟེར་གསུངས་པར། གཟི་བརྗིད་དཔའ་མོ་བྱ་བ་ཡིན་ཟེར། དེ་འཕྲལ་པི་ཝང་ལེན་མཁན་ཞིག་ཀྱང་བྱུང་བར། བཀའ་ལས་གོང་མ་དེའི་ལྷག་ལྷ་དབྱངས་ཅན་མ་ཡིན་པས་རྟེན་འབྲེལ་ལེགས་སྙམ་པ་བྱུང་ཞེས་ཕེབས་སོ། །དེ་ནས་གཟིམ་འོག་བླ་བྲང་དུ་དང་པོར་ཕེབས་པས་རྗེ་འདི་ནི་རྟག་ཏུ་དམན་ས་བཟུང་བས་ཡིན་ལུགས་རྣལ་མ་དྲང་མོ་གསུངས་པར་སྡེ་གཞུང་མའི་གྲྭ་རྒྱུན་འདྲ་ཡིན་པས་གནས་ཚང་ཞིག་གཡར་རོགས་ཞུས་པར། སྤྲུལ་པའི་སྐུ་བཞུགས་མི་འདུག་ཀྱང་། ཕྱག་མཛོད་པས། རྟ་རའི་ནང་དུ་བཞུགས་གསུངས་པ་བཞིན་མཛད་པར། གྲྭ་པ་གཉིས་ཅུང་ཡིད་མ་རངས་པའི་སྐབས་སུ། བཅོ་བརྒྱད་ཁྲི་ཆེན་དེའི་བླ་མ་གཟིམ་འོག་གོང་མ་དེ་ཡིན་འདུག་པར་དེའི་སྔ་ནུབ་མནའ་ལམ་དུ་མི་ཞིག་གིས་ནངས་པར་ཁྱོད་ཀྱི་རྩ་བའི་བླ་མ་དེ་ཕེབས་འོང་བར་འདུག་གུས་པར་གྱིས། བླ་བྲང་སྟེང་ནས་ལུག་གཅིག་བཤས་སོང་ཟེར་མཁན་ཞིག་བྱུང་བར། ནངས་པར་ཐེ་ཚོམ་དུ་གྱུར་ཏེ་སྔར་ནས་ཁམས་ཕྱོགས་སུ་སྤྲུལ་སྐུ་ཞིག་བཞུགས་སྐད་གསན་པ་དང་དེ་རིང་ཁམས་པའི་གྲྭ་རྒྱུན་འདྲ་ཨེ་བྱུང་ལྟོས་ཞེས་བཀའ་ཕེབས་གནང་བས། དགོང་མོའི་དུས་དེ་ལུགས་གསན་ནས་འདྲི་མཁན་བཏང་བྱུང་བར་གྲྭ་པ་གཉིས་ཀྱིས་ཡིན་ལུགས་དྲང་པོར་སྨྲས་པས། བསུ་བ་དང་བཅས་དེ་འཕྲལ་བཅོ་བརྒྱད་བླ་བྲང་དུ་གདན་དྲངས་ཏེ། ཁྲི་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་། རྗེ་འདི་ལ་མནལ་ལམ་དུ་བྱུང་ཚུལ་རྣམས་ཞུས་ནས། སྐྱབས་རྗེ་གོང་མ་དེའི་ཡང་སྲིད་འཁྲུལ་མེད་དུ་ཐུགས་ངེས་འདྲོངས་པའི་གསུང་ཁོ་ནར་ཕེབས། དེའི་དབང་གིས་དེར་བཞུགས་རིང་ཞབས་ཏོག་དང་གུས་བཀུར་འགྲན་མེད་མཛད་པ་ཡིན་འདུག་ལ། ཡང་དམ་པ་དེས་ལུག་གཅིག་བཤས་ཟེར་བ་དེ་ཅི་འདྲ་ཡིན་གསུངས་པར། དེའི་ནུབ་མོར་གཟིམ་འོག་ཕྱག་མཛོད་གློ་བུར་དུ་སྐུ་གཤེགས་སོང་ཟེར་དེ་ལུག་ལོ་པ་ཡིན་འདུག་པས་ནངས་པར་སྔར་ལས་ཀྱང་ཐུགས་ངེས་འདྲོངས་པ་ལྟ་བུར་མཛད་ཚུལ་བཀའ་ལས་ཐོས་སོ། །ཕྱག་མཛོད་དེས་ཀྱང་མ་མཁྱེན་པ་ལྟ་བུ་ཞིག་ལས་ཆེད་དུ་བརྙས་ཐབས་ནི་མིན་ངེས་ཡིན་སྙམ་པ་ལ་འོན་ཀྱང་ཡང་སྲིད་གདན་སར་ཕེབས་པ་ལ་གུས་བཀུར་མ་གྲུབ་པའི་བཀའ་ཆད་ལྟ་བུའི་སྣང་ཚུལ་དུ་སོང་འདུག་གོ། ད་ེདུས་ཚད་མ་རིགས་གཏེར། ལེགས་བཤད། ལྟ་ཁྲིད། ལམ་དུས་སོགས་མདོ་སྔགས་ཀྱི་གཞུང་ཆེ་ཕྲ་དུ་མའི་གསུང་བཤད་དང་། བཀླག་ལུང་སོགས་མཆོག་དམན་ཐམས་ཅད་ལ་གང་ལ་གང་དགོས་ལྟ་བུར་མཛད་པས་ཕན་ཐོགས་མི་ཆུང་ཙམ་བྱུང་ཡོད་འདུག་ཀྱང་ཕྲིན་ལས་ཧ་ཅང་རྒྱས་ལ་གནད་སྨིན་ཞིག་མ་བྱུང་བ་ནི་དམ་པ་དེ་དག་གི་ལུང་བསྟན་ལ་འཁྲུལ་པ་མེད་ངེས་ལགས་ཀྱང་། རིང་ནས་ལོག་སྨོན་གོམས་པ་འགས་བར་ཆད་ཀྱི་བྱེད་པ་དང་། ཡང་བཀའ་ལས། དེ་དུས་རང་རེ་གདན་ས་དེར་ཅུང་ཡུན་བསྲིང་དགོས་རྒྱུ་ལ་ཕ་རྒན་གྱིས་འགོར་རྒྱུ་མེད་པའི་ནན་ཏན་ཆེར་བྱས་པ་དང་། དེ་ལྟར་མིན་ན་དེ་རྗེས་རིང་ཞིག་ནས་སོང་ན་ལུང་བསྟན་ལྟར་ཡིན་པར་ངེས་ཤིང་། དེ་དུས་ཕྲིན་ལས་ཅུང་དུས་ལ་མ་བབ་པ་ལྟ་བུ་ཡིན་འདུག་སྙམ་པ་བྱུང་ཞེས་དང་། ད་ལན་གཅིག་སོང་ན་ཕན་ཐོགས་ངེས་སུ་འདུག་འགྲོ་རྒྱུ་གྲུབ་མིན་ཆ་མེད་ཅེས་དང་། བཅོ་བརྒྱད་ཁྲི་ཆེན་དེ་ང་རང་ལ་སྐུ་དྲིན་ཆེ་སྟབས། དབོན་པོ་ཞབས་དྲུང་དེ་ལ་ཕན་ཞིག་ཐོགས་ན་སྙམ་པ་བདོག་ཅེས་ཡང་ཡང་ཕེབས་འདུག་ལ། ཁོ་བོ་ཅག་སྐུ་འཁྲིས་ན་ཡོད་དུས་ཀྱང་རྗེ་འདི་ལ་ཕྱོགས་ཐམས་ཅད་ནས་གདན་འདྲེན་གྱི་སྙན་ཞུས་འབུལ་མཁན་རྣམས་ཀྱི་ནང་ནས། ཞབས་དྲུང་འདི་བའི་བཀའ་ཤོག་ལན་འགའ་བྱུང་བ་དེ་རྣམས་གཏིང་ནས་ཐུགས་གཉེར་ཆེན་པོ་ཡོད་ངེས་སུ་འདུག་སྙམ་པའི་གསུང་རིགས་ཁོ་ན་ཕེབས་འདུག་ལ། རྗེ་འདིས་ཀྱང་གོང་ལྟར་ཐུགས་ལ་བཏགས་འདུག་པས་ན་རྟེན་འབྲེལ་ཞིག་འགྲིགས་ལས་ཆེ་སྙམ་པ་བྱུང་ཡང་། དེ་འདྲའི་ངང་ལ་བསྟན་འགྲོའི་བསོད་ནམས་ཕྲ་བར་སོང་ངོ་། །དེ་དུས་ལྷ་སར་ཕེབས་ནས་ཇོ་བོ་རིན་པོ་ཆེའི་མདུན་དུ་རྗེ་ཉིད་ཀྱིས་སྨོན་ལམ་གསར་བརྩམས་ཞིག་ཀྱང་མཛད་ནས་མཆོད་ཚོགས་དང་བཅས་ཕྱག་དང་ཞབས་བསྐོར་ཐུགས་སྨོན་རྣམས་ཐུགས་ཚིམ་པར་མཛད། གདན་ས་ཆེན་པོ་ནས་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ངག་དབང་དྲག་ཤུལ་ཕྲིན་ལས་རིན་ཆེན་དབུས་སུ་ཆིབས་བསྒྱུར་གནང་བ་དང་དུས་འགྲིགས་བྱུང་བས། རྗེ་འདིས་ཞབས་སྤྱི་བོས་བླངས་ས་སྐྱ་པའི་ཞལ་ངོ་མཇལ་བ་འདི་ཙམ་ལས་ཡོང་དཀའ་དགོངས་ནས་ཐུགས་སྨོན་གནང་བ་ཡིན་ཚུལ་བཀའ་ལས་ཐོས་ལ། བླ་མ་དགེ་འདུན་ཟེར་བ་སྔར་སྡེ་གཞུང་དུ་ཕེབས་མྱོང་བ་ཞིག་ཞབས་གྲས་ཀྱི་གཙོ་བོར་བཞུགས་འདུག་པར་དེས་མཚམས་སྦྱར་ནས་བདག་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་ཐུགས་ཤིན་ཏུ་དགྱེས་པོ་རང་གནང་ཞིང་གང་ཞུས་ཐམས་ཅད་འབྱུང་བ་ཞིག་ཡིན་འདུག་ལ། གཞན་ལ་གནང་བའི་ཞོར་ལ། ལམ་ཟབ་དང་། བིར་སྲུང་གི་ཆོས་འབྲེལ་གསན་ཞིང་། ཁྱད་པར་དུ་གདུང་སྲས་སྐུ་མཆེད་སྐུ་ན་ཆུང་ངུར་བཞུགས་པ་གཉིས་དགེ་འཕེལ་སྤྲུལ་སྐུའི་མདུན་དུ་ལུང་ཞིག་གསན་བཞིན་བཞུགས་འདུག་པར་རྗེ་འདིས་མཇལ་བ་ལ་ཕེབས་པས། མཇལ་མ་ཐག་སྐུ་ལུས་འདར་ཞིང་དྲག་ཏུ་གཡོ་བ་ཞིག་བྱུང་བ་དེ་སྐུ་ཆེན་དེའི་ཟིལ་ལྟ་བུ་ཡིན་ནམ་སྙམ་པ་བྱུང་། རྗེས་སོར་དྲིས་པ་ནའང་བདག་ཆེན་དེ་བཟང་པོ་ཞིག་བྱུང་འདུག་ཟེར་བ་ཐོས་ཞེས་ཕེབས་སོ། །དེ་ནི་སྒྲོལ་མའི་སྐྱབས་མགོན་རིན་པོ་ཆེ་ངག་དབང་ཀུན་དགའ་རིན་ཆེན་ཡིན་འདུག་གོ། ལྷ་ལྡན་ལྷ་ཡི་སྐྱེད་ཚལ་དུ། །ལྷ་མཆོག་ཤཱཀྱ་མུ་ནེ་ལ། །མཆོད་པའི་སྤྲིན་དང་སྨོན་པའི་ཤུགས། །ཀུན་ཏུ་བཟང་པོའི་རྗེས་འགྲོ་མཛད། །གདན་ས་ཆེན་པོའི་ཁྲི་འཛིན་དང་། །ལུང་རྟོགས་བསྟན་པའི་སྣང་བྱེད་ཁྱོད། །ལྷན་ཅིག་གསེར་ཞལ་འཛོམས་པའི་ཚེ། །དགེས་པའི་ཞལ་འཛུམ་འགྲན་པ་བཞིན། །གཟུགས་སྐུ་འདར་བའི་སྒྱུ་ཐབས་ཀྱིས། །འཁོན་སྟོན་མཆོག་གི་ཡོན་ཏན་དང་། །ཉིད་ཀྱིས་འབྱུང་འགྱུར་མཁྱེན་པ་རྣམས། །ཐབས་ཀྱིས་འགྲོ་ལ་སྒྲོགས་པར་ཟད། །གཞན་དུ་སྟོབས་བཅུ་མངའ་བ་ཁྱོད། །སྟོབས་ལྡན་གང་གིས་མདུན་སར་ཡང་། །སྟོབས་ཉམས་ཞུམ་པས་གཡོ་བ་ནི། །ཤེས་བྱ་འདི་ལ་སྲིད་མ་ཡིན། །ཡང་སྲིད་གོང་མའི་གདན་ས་དེར། །ཡང་དག་བཤེས་གཉེན་ཁྱོད་ཕེབས་ཚེ། །ཡིན་ལུགས་ངེས་པའི་རྟེན་འབྲེལ་གྱི། །དགེ་མཚན་སྣང་བ་འབྱམས་སུ་ཀླས། །ཡང་། འཇམ་མགོན་བླ་མའི་ཐུགས་སྲས་ཀྱི་ཐུ་བོ་མཁྱེན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དཔལ་བཟང་པོ་དང་རྗེ་འདི་གཉིས་ནི་ཕན་ཚུན་བླ་མར་བཀུར་བ་ཡིན་ཏེ། སྔོན་འཇམ་མགོན་རིན་པོ་ཆེ་བཞུགས་དུས་ནས་རྗེ་འདིས་མཁྱེན་སྤྲུལ་རིན་པོ་ཆེ་ལས་དུས་འཁོར་འགྲེལ་ཆེན་གྱི་བཤད་ལུང་སོགས་དབང་ཆོས་མང་དུ་གསན་ཞིང་། དེ་རྗེས་ས་སྟག་ལོར་འཇམ་མགོན་བླ་མ་རྫོང་གསར་བར་ཆིབས་སྐྱེལ་མཛད་དུས། མཁྱེན་སྤྲུལ་རིན་པོ་ཆེས་ཡུན་ཅུང་བཞུགས་དགོས་ཚུལ་ཕེབས་པར། ད་རེས་བླ་མའི་ཞབས་ཏོག་གི་བྱ་བས་བྲེལ་སྟབས་ལོང་མེད་ཚུལ་ཞུས་པས། རྗེས་སོར་ཅིས་ཀྱང་ཕེབས་ཐུབ་པ་ཞིག་མཛད་དགོས་པའི་བཀའ་ལུང་གནང་བ་དང་། དེ་རྗེས་འཇམ་མགོན་རིན་པོ་ཆེ་ཞིང་གཞན་དུ་གཤེགས་རྗེས། རྗེའི་ཞལ་ནས་ཀྱང་། ད་ནི་བདག་ལ་བླ་མ་དམ་པ་འདི་ཕྱིའི་སྐྱབས་གནས་སུ་འོས་པ་མཁྱེན་སྤྲུལ་རིན་པོ་ཆེ་འདི་ལས་གཞན་མེད་ཅེས་ཕེབས་འདུག་ལ། སྔར་གྱི་བཀའ་དང་། དེ་རྗེས་བཀའ་ཤོག་ཀྱང་ལན་འགར་ཕེབས་ཤིང་། རྗེ་ཉིད་ཀྱིས་ཀྱང་ཞལ་མཇལ་གྱི་ཐུགས་འདུན་དྲག་པོ་ཡོད་འདུག་པས་ཆུ་རྟ་ལོར་སྟོན་དུས་ཕེབས་ནས་མི་རིང་བ་ཞིག་བཞུགས། མཁྱེན་སྤྲུལ་རིན་པོ་ཆེ་ལ། གཞུང་བཤད་སྲས་དོན་མ་དང་། འཁོར་འདས་དབྱེར་མེད་ཀྱི་ཟབ་གནད་ཐུན་མིན་སོགས་འགའ་ཕུལ། ཉིད་ཀྱིས་ཀྱང་རྩ་གསུམ་དྲིལ་སྒྲུབ་སོགས་འགའ་ཞིག་གསན་ནོ། །དེའི་ཕྱི་ལོ་དཔྱིད་ཀར་ཕེབས་དགོས་ཚུལ་གྱི་བཀའ་ལུང་གནང་བ་ལ་དེ་བཞིན་དུ་ཆིབས་བསྒྱུར་གནང་། ཟླ་བ་གཅིག་ལྷག་ཙམ་བླ་བྲང་དེར་བཞུགས་ནས། རིན་པོ་ཆེ་ལ་སྒྲུབ་ཐབས་རྒྱ་མཚོ་ཡོངས་རྫོགས་ཤིག་དང་། ཐུགས་དམ་ཉམས་བཞེས་མཛད་རྒྱུ་ཡིན་གསུངས་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་ཀྱི་དབང་ཁྲིད་ལུང་བཅས་ཆ་ཚང་། མཁའ་སྤྱོད་གདོང་ཀཾ་ཁྲིད། རབ་འབྱམས་པའི་མཚན་བརྗོད་འགྲེལ་པའི་ལུང་། ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་སོགས་ཕུལ། རྗེ་ཉིད་ཀྱིས། ཀྱེ་རྡོར་རྒྱུ་ལམ་གྱི་དབང་། མཁའ་སྤྱོད་བྱིན་རླབས། ཁྲོ་བཅུའི་རྗེས་གནང་སོགས་གསན་ཁྱད་པར་དུ་བདག་ཅག་འགྲོ་ཁར་ཆིབས་སྒ་བརྒྱབས་ཚར་དུས་རྗེ་འདི་སྐུ་རྐྱང་ལ་དྲུང་དུ་ཕེབས་པར་རྟེན་འབྲེལ་གྱིས་མཚན་བརྗོད་ཀྱི་ལུང་ཞིག་ཞུ་སྙམ་པ་ལ། ད་གྲུབ་མ་སོང་ཞུས་པས། དེ་ལ་མི་གྲུབ་རྒྱུ་ཅི་ཡོད། ད་དཔེ་ཆ་མི་གྲུབ་གསུངས་ནས། ཐུགས་ཐོག་ནས་ནོར་འཁྲུལ་མེད་པའི་བཀླག་ལུང་ཚར་གཅིག་ཤར་གྱིས་མཛད་བྱུང་། འ་འི་འཇམ་དཔལ་གཞོན་ནུ་དངོས་སུ་འདུག་གསུངས་པའི་དགྱེས་ཚོར་ཆེན་པོ་གནང་བཞིན་ཕེབས་འདུག །དེ་དུས་དམ་པ་འདི་གཉིས་ཕན་ཚུན་དག་སྣང་འགྲན་པ་བཞིན་མཛད་ཚུལ་ཡང་། རྗེ་འདི་གཟིམ་ཆུང་དུ་ཕེབས་ཙ་ན་རིན་པོ་ཆེ་ཡང་སྐུ་བཞེངས་པ་གནང་། དང་པོ་རྗེས་གནང་འབུལ་བའི་དབུ་ཚུགས་པའི་ཚེ། རིན་པོ་ཆེས་ཕྱག་མཛད་པར་རྩོམ་པ་ན། རྗེ་འདི་ཉིད་ཁྲི་ལས་བྲོས་ཐབས་སུ་སྨ་རྒྱབ་ཕྱོགས་སུ་བྱོན། དེ་ནས་ཁྲི་ལ་ཕྱག་གསུམ་མཛད། དེ་ཕྱིན་ཕྱག་འཚལ་བའི་སྤྲོས་པ་མི་གནང་། རྗེས་འབྲོང་ནས་ཀྱི་མེ་ཏོག་ཀྱང་ཕྱག་ཏུ་འབུལ་བ་ལས་དབུ་ལ་འཇོག་པར་མི་མཛད། ཉིན་གཅིག་ཐུགས་ཡེངས་པ་གཅིག་ལ། དབུ་ཐོག་ཏུ་བཞག་མཛད་པར། འ་འི་གསུང་ནས་སྐུ་ལུས་འཕར་བར་མཛད་པས། དྲུང་ནས་ཀྱང་གུས་པ་དང་བཅས་ཏེ་བཞད་པ་གནང་། ཁོ་བོ་ཡང་དགོད་བྲོ་བ་ཞིག་བྱུང་། ཕར་ཕེབས་དུས་དེ་ཙམ་ཞིག་ཨེ་དགོས་ན། ཞུས་པར་བཀའ་ལས། གཞན་སྟོབས་འབྱོར་གྱིས་དྲེགས་པའི་མི་ཆེན་ཞིག་ཡིན་ན་ཁོ་བོ་བ་སྤུ་ཡང་མི་གཡོ་སྟེ། འདི་པ་རང་གི་རིགས་བདག་ལ་དབང་འབུལ་དགོས་པ་དེ་ཤིན་ཏུ་སྐྲག་ལ་འཚེར་བ་ཞིག་འདུག་ཅེས་ཕེབས་སོ། །རིན་པོ་ཆེས་ནི་ཚོམ་བུ་སོགས་ཐམས་ཅད་བྱིན་རླབས་ཀྱི་རྟེན་དུ་ཐུགས་ཚགས་དམ་པོར་གནང་བར་མ་ཟད་དབང་ཁང་གི་མདོ་རྒྱན་གྱི་སྲུབ་བར་དུ་མེ་ཏོག་འཐོར་བའི་འབྲས་འབྲུ་རེ་གཉིས་འཁྱར་བའང་ཁབ་ཀྱི་རྩེས་བླངས་ཏེ་ཞལ་དུ་གསོལ་བ་གནང་། དེ་བཞིན་དུ་རྗེ་འདིའི་ཞབས་ལྷམ་བོར་སོང་བར། རིན་པོ་ཆེས་བདག་སྐུ་མདུན་དུ་ཤོག་གསུངས་ནས། ཞབས་ལྷམ་གསར་པ་ཞིག་གནང་སྟེ། འདི་བདག་གིས་གྱོན་མ་མྱོང་དྲི་མ་ཅན་ཡིན་ན་ག་ལ་རུང་འདི་གསོལ་རོགས་ཞུས་ཞེས་ཕེབས་པར། དེ་བཞིན་ཞུས་པ་ན། རིན་པོ་ཆེའི་ན་བཟའི་རིགས་བདག་གིས་གྱོན་པར་མི་འོས་ཞེས་བཀའ་ཡང་བསྐྱར་ཞིག་མ་གནང་གི་བར་དུ་གཏན་མི་གསོལ་བར་འདུག་གོ། ཡང་མེ་ཕག་ཧོར་ཟླ་དགུ་པའི་ནང་ཆིབས་བསྒྱུར་གནང་བར། ཞལ་ལུང་བདུད་རྩིའི་ཐིགས་པ་བརྩམས་པ་གནང་འཕྲལ་ཡིན་པས་དེའི་བཤད་ལུང་སོགས་ཕུལ། བཀའ་ལས། རིན་པོ་ཆེས་ཀྱང་ཐུགས་དགྱེས་པ་ཆེན་པོ་གནང་ཞིང་། འདི་ང་རང་གིས་སྤར་དུ་བཀོད་འོང་གསུངས་འདུག་དེ་སྔོན་ཀུན་གཞིའི་ཡིག་ཆུང་ལ་ལྐོག་ལབ་ཟ་ཟིར་བྱུང་བ་དེས་སུན་ནས་དེ་འདྲ་མི་དགོས་ཞེས་ཞུས་ཚུལ་དང་། རིང་ལུགས་འདིའི་སྲོལ་བསྟུན་གྱི་ལམ་ཟབ་དང་སྦྱར་ནས་སྤྲོས་མེད་ཁོ་ན་ཉམས་བཞེས་མཛད་ཚུལ་ཞིག་ཁོ་བོས་ངག་ལམ་ནས་བསྙད། རྗེ་ཉིད་ཀྱིས་ཀྱང་ཕྱག་བྲིས་གནང་སོང་ཞེས་ཕེབས་སོ། །ཡང་རིན་པོ་ཆེས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དེ་ཅི་འདྲ་ཞིག་ཡིན་ཕེབས་པར་ང་རང་གི་མཉམ་བཞག་བྱས་ནས་འདི་འདྲ་ཞིག་ཡིན་ཞུས་པས། ཞལ་སྔ་ནས་ཀྱང་འོ་དེ་འདྲ་ཞིག་ལོས་ཡིན་གསུངས་པའི་ལན་གནང་འདུག་གསུངས། དེ་རྗེས་ལྕགས་ཡོས་ལོར་ཕེབས་ནས་ཟླ་བ་གཅིག་ལྷག་ཙམ་བཞུགས་ཡོད་འདུག་པར་ལན་ཕྱི་མ་འདི་གཉིས་ལ་ཆོས་གསན་བཞེས་སོགས་ཞིབ་པར་ཁོ་བོས་མ་ཐོས་སོ། །དེ་ལྟར་ནམ་ཕེབས་རེས་ཀྱིས་རིན་པོ་ཆེའི་དྲུང་གིས། སྐུ་གསུང་ཐུགས་རྟེན་འགངས་ཆེན་རེས་གཙོས་པའི་ན་བཟའ་སོགས་མཁོ་ལ་གནད་སྨིན་གྱི་འབུལ་བ་དང་ཁྱད་པར་དུ་ཆོས་གསན་དུས་ནི་སྔ་ཕྱི་དྲོར་འབུལ་ཐེངས་གཉིས་རེ་ཙམ་ཡང་མཛད་པ་ཡིན་ནོ། །རྗེའི་དྲུང་ནས་ཀྱང་དེ་སྐབས་ཕྱག་ན་གང་ཡོད་ཀྱི་གསེར་དངུལ་སོགས་འབུལ་བ་གཟབ་པ་དེ་མཛད་པ་ཡིན་ནོ། །དེ་ཡང་དམ་པ་འདི་གཉིས་ནི་འཇམ་མགོན་བླ་མའི་ཐུགས་སྲས་ཉི་ཟླ་ལྟར་གྲགས་པ་གཉིས་ཡིན་པས་གཞན་ཕལ་ཆེར་དེ་འདྲའི་འདྲ་མཉམ་གྱི་ལུགས་སུ་སོང་ཙ་ན་རང་རང་གི་ས་ན་དྲང་བོར་བསྲོང་པ་ལས་མེད་པ་ལ་རྗེ་འདི་གཉིས་ནི་ཕན་ཚུན་བླ་མར་བཀུར་ཞིང་ཆོས་གསན་བཞེས་དང་གུས་པའི་འདུད་ཕྱག་རེས་མོས་ཀྱིས་གནང་བ་ཁོ་ནས་ཀྱང་དམ་པའི་ཁྱད་ཆོས་ཐུན་མིན་ངོམ་པར་གདོན་མི་ཟའོ། །གདོད་ནས་སྤངས་རྟོགས་མཐར་ཕྱིན་པས། །ད་དུང་སློབ་པའི་བཤེས་གཉེན་འགའ། །དགོས་པའི་རྒྱུ་མཚན་མ་མཐོང་ཞིང་། །ལུང་དང་རིགས་པས་མི་འགྲུབ་ཀྱང་། །ལས་སྨོན་རྟེན་ཅིང་འབྲེལ་འབྱུང་གིས། །ཚུར་མཐོང་འགྲོ་བའི་སྣང་ངོ་རུ། །སློབ་དང་སློབ་པ་པོ་ཉིད་དུ། །བསྟན་པ་དེ་ཡི་དབང་བྱས་ན། །ས་སྟེང་འདི་ཡི་རྒྱན་གྱུར་བའི། །འཁྲུལ་མེད་ཡོངས་འཛིན་དམ་པ་ནི། །བཅུ་ཕྲག་ཐབས་ཤེས་གྲངས་ལྡན་ལས། །ཅུང་ཟད་བརྒལ་བའི་ཞབས་པད་བསྟེན། །གསར་རྙིང་སོ་སོའི་གྲུབ་མཐའ་ལ༑༑མཁས་དང་གྲུབ་པའི་དབང་པོ་ཞེས། །རྩོད་མེད་ཉི་ཟླ་ལྟར་གྲགས་པའི། །འགྲན་ཟླ་བྲལ་བའི་སྐྱེས་མཆོག་བཞི། །ཁྱད་པར་རིག་དང་རིགས་བདག་གམ། །དབྱིངས་དང་ཡེ་ཤེས་གདུལ་བྱའི་ངོར། །ཐ་དད་སྣང་ཡང་ཐུགས་རྒྱུད་ནི། །གཅིག་པར་ངེས་པའི་འདྲེན་མཆོག་གཅིག །ཁྱོད་ཀྱི་ཀློག་པའི་སློབ་དཔོན་ཡང་། །གསང་བའི་བདག་པོ་ཉིད་ཡིན་ན། །ཆོས་ཚུལ་འདོམས་པའི་བཤེས་གཉེན་གཞན། །རྒྱལ་བ་དངོས་ལ་ཐེ་ཚོམ་ཅི། །འཇམ་མགོན་བླ་མའི་ཡེ་ཤེས་ཀྱི། །ཆོས་སྐུའི་ཀློང་དུ་རོ་གཅིག་ཀྱང་། །སྒྱུ་འཕྲུལ་དྲ་བའི་གཟུགས་ཀྱི་སྐུ། །སོ་སོར་སྟོན་པའི་མཆོག་སྤྲུལ་ཟུང་། །ཕན་ཚུན་ཐུགས་སྣང་དག་པ་ནི། །དགུང་ཟླ་གསར་པའི་རྗེས་འགྲོ་ཞིང་། །ལུང་དང་རྟོགས་པའི་ཡོན་ཏན་ནི། །འཛིན་མ་འདི་ལ་འགྲན་ཟླས་དབེན། །གཉིས་པ་བསམ་པས་སྒྲོ་འདོགས་བཅད་ཚུལ་ནི། ཐོབ་ཐོབ་ཀྱི་རྣམ་གྲངས་མང་བ་ཙམ་མིན་པར་གོང་སྨོས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་དེ་དག་ལྷ་དང་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་འབྲེལ་དྲི་མ་མེད་པའི་རྣམ་དཔྱོད་ཀྱིས་སྦྱང་གོམས་ཕུལ་དུ་ཕྱིན་པ་ཁོ་ན་མཛད་པ་ཡིན་འདུག་སྟེ། འདུལ་བ་མདོ་རྩ་གསན་ཟིན་པའི་རྗེས་སུ། ཟླ་བ་ཧྲིལ་པོ་གསུམ་བཞི་ཙམ་ལ་དེ་ཁོ་ན་སྦྱངས་པ་དེ་འདྲ་ལན་བཞི་ཙམ་དཔེ་གཟིགས་མཛད་ཅིང་དེ་དུས་དང་། སྤྱིར་དཔེ་སྦྱངས་མཛད་པའི་སྐབས་ཐམས་ཅད་དུ་ཅུང་མཁྱེན་དཀའ་བ་ལྟ་བུར་བྱུང་དུས་གདུང་ཤུགས་ཀྱིས་གསོལ་བ་བཏབ་ནས་དབུ་རྩིག་ངོས་སོགས་ལ་བརྒྱབ་སྟེ་དྲག་ཏུ་བཤུམས་པ་དེ་འདྲ་ལན་མང་མཛད་པ་དང་དེ་མ་ཐག་གསལ་བར་ཤེས་འོང་ཚུལ་འཇམ་མགོན་རིན་པོ་ཆེ་ལ་རྗེ་ཉིད་ཀྱིས་ཞུས་འདུག་པ་བདག་ལ་འདུལ་བ་ལ་ལྟོས་གསུངས་པའི་བཀའ་ལུང་དང་མཉམ་དུ་འཇམ་དགོན་མཆོག་གིས་དངོས་སུ་ཕེབས་སོ། །དེ་བཞིན་དུ་མངོན་པ་མཛོད་ལ་ཡུན་རིང་གཟིགས་རྟོག་མཛད་པས། བཀའ་ལས། མཛོད་འགྲེལ་མཆིམས་ཆེན་འདིའི་དོན་མ་ལུས་པར་རང་གི་བློ་ལ་ཡོད་པ་ཡིན་ཞེས་ཕེབས་སོ། །ཕར་ཕྱིན་ལ་དེ་བས་ཀྱང་རིང་བར་སྦྱངས་པས། རོང་ཊཱིཀ་གི་པུསྟི་དེའི་ཚིག་དོན་གཉིས་ཀ་ཐུགས་ལ་བཞུགས་ཡོད་འདུག་པ་མར་མེ་ཀོང་བུ་ཆུང་ཙམ་རེའི་ཡུན་ལ་དོན་གཙོ་བོར་མཛད་ནས་ཐུགས་བསམ་བསྐོར་ཙ་ན་ཡོངས་རྫོགས་རེ་འགྲོ་བ་འདུག་ཅེས་པའང་བཀའ་ལས་ཐོས་སོ། །གཞུང་སྐོར་གཞན་དག་ལའང་ཆེས་གོམས་པ་ཁོ་ན་གནང་ཡོད་འདུག་ལ་ཁྱད་པར་དུ་དབུ་མའི་སྤྱི་དོན་ལ་ཡུན་རིང་བསམ་པ་གནང་བས་རྟོགས་པ་སྐྱེས་ཚུལ་ཞིག་ཀྱང་འདུག་མོད་འོག་སྒོམ་པའི་སྐབས་སུ་འཆད་དོ། །སྔགས་ཕྱོགས་རྒྱུད་དང་མན་ངག་གི་སྐོར་རྣམས་ནི་སྒྲུབ་པ་དང་ཞོར་སྦྲགས་ཀྱིས་བསམ་བསྒོམ་སྤེལ་མར་མཛད་ནས་སྐུ་ཚེ་ཕལ་ཆེར་འདའ་བ་ལྟ་བུའི་ཚུལ་གྱིས་ཐུགས་གོམས་གནང་བར་ཉམས་མྱོང་དང་གོ་བ་དག་ཀྱང་འདྲེས་མར་སྐྱེ་བ་ཞིག་བྱུང་བ་ཡིན་འདུག་ལ། ཐུགས་དོགས་ཀྱི་རིགས་ཀྱང་དེ་འཕྲལ་དོགས་སེལ་གྱི་བཀའ་འདྲི་ཡང་ཡང་ཞུས་ཚུལ་སོགས། གོང་དུ་བླ་མ་བསྟེན་ཚུལ་སྨོས་པས་ཀྱང་ཅི་རིགས་པ་རྟོགས་ནུས་ཤིང་། དེའང་ཅུང་ཟད་བརྗོད་ན་རང་ལུགས་ཀྱི་རྒྱུད་དང་མན་ངག་གཉིས་ལས། རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་འདི་རིང་བརྒྱུད་བཤད་པའི་རྒྱུན་ཙམ་ཡང་མི་བཞུགས་པར་སོང་བ་ལ། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་ཞབས་ཀྱི་བཀའ་དྲིན་ལས་ཉེ་བརྒྱུད་ཐུན་མིན་བྱིན་རླབས་ཀྱི་ཚན་ཁ་དང་བཅས་པའི་སྐལ་བཟང་ཞིག་བྱུང་བར་རྡོ་རྗེ་འཆང་བློ་གཏེར་དབང་པོས་བཤད་རྒྱུན་དེ་ཉིད་ལན་མང་སྩལ་ཞིང་དག་ལྡན་མཚན་ཅན་ཕྱག་བསྟར་གནང་བ་སོགས་གསང་བདག་དངོས་ཀྱི་ཕྲིན་ལས་མཛད་པ་ལ་བསྙོན་དུ་ཅི་ཞིག་ཡོད་དེ་དམ་པ་དེ་ཉིད་བསྟན་པ་ཡོངས་རྫོགས་ཀྱི་ཐུགས་ཁུར་ཆེ་ཞིང་མཛད་སྒོ་ཧ་ཅང་མང་སྟབས་སོགས་ཀྱིས་སྤོམ་མེ་བ་ཞིག་ལས་གསུང་བཤད་ཞིབ་པ་རང་གནང་ཚོད་དུ་མི་འདུག་ལ། མཁན་ཆེན་གཞན་ཕན་སྣང་བ་ཡང་སྤྱིར་སྨྲ་བའི་སེངྒེ་ཆེན་པོར་བཞུགས་པ་སྨོས་མ་དགོས་ཀྱང་ཆོས་འདིའི་རིགས་སུ་འཁྲུངས་པ་མ་ཡིན་པའི་གནད་ཀྱིས་དེ་ཙམ་ཞིབ་པ་རང་མ་བྱུང་འདུག་ཀྱང་རྗེ་འདིས་རང་ལུགས་ཀྱི་ཡིག་ཆ་ཁུངས་ཐུབ་རྣམས་ལ་གཟིགས་རྟོག་ཕུལ་དུ་ཕྱིན་པ་མཛད་ནས་མན་ངག་གི་ཟབ་གནད་རྣམས་འཇམ་མགོན་རིན་པོ་ཆེར་དོགས་སེལ་དཔྱིས་ཕྱིན་པར་ཞུས་པ་དེ་དག་གིས་སྤྱན་ཕྱེ་བ་ལྟ་བུར་གྱུར་ཏེ་མདོར་ན་ཉམས་མྱོང་དང་བྱིན་རླབས་མཁྱེན་དཔྱོད་སོགས་རྟེན་འབྲེལ་དུ་མའི་བྱེད་པས་རྒྱུད་བཤད་ཐབས་ཀྱི་མན་ངག་རྣམས་ཀྱི་དགོངས་པར་སོང་ངེས་ཀྱི་གསུང་བཤད་ཤིན་ཏུ་ཞིབ་རྒྱས་ཀྱིས་གཞུང་དོན་མཐར་ཆགས་ཚིག་གཅིག་ཀྱང་མ་ལུས་པའི་གོ་བ་རྣམ་དག་བསྐྱེད་པར་བྱེད་པའི་འཆད་སྲོལ་དང་། སྤྱི་ལྗོན་གཉིས་ལའང་ཚིག་ཉུང་ལ་གནད་དོན་ཟབ་པས་གཞུང་དོན་གྱི་དཀྱུས་ཚིག་རྣམས་གསལ་བའི་སྒྲོན་མེ་ལྟ་བུར་གྱུར་པའི་ཕྱག་མཆན་གྱི་བཀའ་དྲིན་བསྐྱངས་ཤིང་། ཡིག་ནོར་འཆོས་པ་སོགས་འཆད་ཉན་གྱི་སྲོལ་དུ་ཚུད་ངེས་ཤིག་མ་བྱུང་གི་བར་དུ་འབད་པར་མཛད་པ་ཡིན་ལ། མན་ངག་ཐམས་ཅད་ཀྱི་རྩ་བ་གཞུང་བཤད་རྣམས་དང་དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་སྲས་དོན་མ་འདི་ཡིན་པས་འདི་ཉིད་ཀྱང་གོང་བཤད་ལྟར་བཤད་ཁྲིད་ཀྱི་རྒྱུན་ཙམ་ལས་གོ་དོན་ལོངས་པ་ཞིག་མ་བྱུང་ཞིང་། ཁྱད་པར་སྒ་སྟོན་འཇམ་མགོན་རིན་པོ་ཆེ་མན་ངག་འདིའི་བདག་པོར་བཞུགས་པ་ཡིན་ཀྱང་། ཧོར་ཉ་བྲག་སྤྲུལ་སྐུས་ཉིད་ཀྱིས་འདིའི་དོན་ཡོངས་སུ་རྫོགས་པ་གསུང་བཤད་ཞིབ་པར་ཕེར་བ་ཞིག་དགོངས་མིན་གྱི་ཞུ་ཤོག་ཕུལ་བར་ཆོས་འདིའི་ལུགས་ཀྱིས་བླ་མ་ཚུལ་བཞིན་དུ་བསྟེན་ཏེ་རིམ་པར་བརྒྱུད་དགོས་པ་དེ་འདྲའི་ལུགས་ལས་ཉམས་པའི་ཐུགས་དོགས་དང་། ཐུབ་ཆོད་ཀྱི་གསུང་རིགས་ལྟ་བུར་དགོངས་ནས་གནས་སྐབས་དགོངས་པ་ཅན་གྱི་གསུང་གིས་དེ་འདྲ་མི་ཤེས་ཞེས་པའི་བཀའ་ལན་གནང་ཚུལ་རྗེའི་བཀའ་ལས་ཐོས་ལ། གཞན་སློབ་ཚོགས་ཕལ་ཆེར་གྱིས་ཀྱང་ཁྲིད་ཡིག་སོགས་རྒྱུན་པར་མཐོང་གོམས་ཅན་ཚོ་མ་གཏོགས་འདི་འདྲའི་རྩ་བ་ལ་སྙེགས་མཁན་ཆེར་མ་བྱུང་བར་འདུག་ལ། དམ་པ་འགས་ཅུང་འབད་པར་མཛད་ཀྱང་གོ་ཡུལ་ལམ་མེ་བ་རེ་ཞུས་པ་རྣམས་ལ་དེར་མཐུན་གྱི་ལན་གནང་བ་ཞིག་ལས་མེད་ལ། རྗེ་འདིས་སྒོམ་པའི་ཉམས་མྱོང་དང་། མཁྱེན་དཔྱོད་ལས་བྱུང་བའི་གོ་མྱོང་ཟུང་འབྲེལ་གྱི་ཚུལ་གྱིས་དབུ་ཞབས་གྱི་དོན་མ་ལུས་པ་ལ་གལ་འགགས་ཆེ་བའི་ཐུགས་དོགས་གང་ཡོད་སྐབས་དང་བསྟུན་ནས་ཞུས་ཤིང་འཇམ་མགོན་མཆོག་གིས་ཀྱང་བཀའ་ལན་དཔྱིས་ཕྱིན་པ་ཁོ་ན་བསྩལ་ལ། ཡིག་ནོར་རྒྱུན་འབྱམས་འཆོས་པར་མཛད་ཅིང་གླེགས་བམ་འདི་ལ་འཆད་ཉན་ཕེར་ངེས་ཀྱི་བཀའ་དྲིན་བསྐྱངས་པ་ཡིན། དེས་ན་རང་རེའི་བསྟན་པའི་སྙིང་པོའང་རྒྱུད་དང་མན་ངག་འདི་དག་ཙམ་དུ་ཟད་པར་དཔྱོད་ལྡན་ལ་ཞུ་མི་འཚལ་བ་ཡིན་པས་འདི་དག་ལ་གོ་དོན་ཚད་དུ་ལོངས་པའི་ཕྱག་རྗེས་ཤིག་གནང་བ་འདི་ཁོ་ནས་རྗེ་འདི་ཉིད་རིང་ལུགས་འདི་ལ་བཀའ་དྲིན་ཆེས་ཆེ་བ་ཞིག་ཡིན་ནོ། །དེ་བཞིན་དུ་རང་ལུགས་རྗེ་བཙུན་གོང་མ་དང་དེའི་རྗེས་འབྲང་ཚད་ཐུབ་ཚར་ངོར་གྱི་སྐྱེས་ཆེན་རྣམས་ཀྱི་གསུང་སྐོར་སྙིང་པོར་གྱུར་པ་རྣམས་ལ་ཁ་འདོན་སྐོར་ཞེས་པའི་ཐ་སྙད་གནང་ཞིང་རྒྱུན་པར་དབུ་སྔས་ལ་བསླན་ནས་བཞུགས་པར་མཛད་ལ། ཁྱད་པར་ཆོས་རྗེའི་གསུང་ཐུབ་པ་དགོངས་གསལ་དང་། རབ་དབྱེ་སོགས་ནི་རྗེ་འདིའི་བཤད་པའི་གྲུབ་མཐའ་དང་། སྒོམ་པའི་ཉམས་ལེན་གྱི་མཐིལ་དུ་མཛད་ཅིང་གཞན་ལའང་དེ་བཞིན་དུ་འདོམས་པར་མཛད་པ་ཡིན་ལ། གཞུང་ལུགས་འདི་དག་རྒྱལ་བའི་དགོངས་པ་ཐུན་མིན་ཡིན་ཕྱིར། བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བའི་ཚུལ་ཡང་། བཀའ་ལས། ཁོ་བོ་སྔ་མོ་ཞིག་དཀར་མོ་སྟག་ཚང་གི་རི་ཁྲོད་དུ་འདུག་དུས་མཁན་པོ་ཀུན་བསོད་ཀྱིས་མཛད་པའི་ཤེར་ལེའི་སྤྱི་དོན་སོགས་དབུ་མའི་སྐོར་ལ་བལྟ་རྟོགས་འདྲ་བྱེད་བཞིན་པའི་དུས་ནུབ་ཅིག་རྨི་ལམ་དུ་མི་ཞིག་གིས་ཡིག་ལྡེབ་གཅིག་བསྟན་ནས་འདི་ཐུབ་པ་དགོངས་གསལ་གྱི་ལྡེབ་གཅིག་ཡིན་གླེགས་བམ་དེ་ཡོངས་རྫོགས་ལས་འདི་དགའ་ཟེར་མཁན་ཞིག་བྱུང་དེ་ནས་བལྟ་འཕྲོ་བཅད་པ་ཡིན་ཞེས་ཐོས་སོ། །ཡང་སྔ་མོར་རི་ཁྲོད་རྣམས་སུ་བཅད་རྒྱ་ཤིན་ཏུ་དམ་པོར་མཛད་དུས་ཐུན་མཚམས་སུ་མདོ་འདོན་པའི་ཚབ་ཏུ་ཉིན་རེ་བཞིན་གཞུང་ལུགས་མི་འདྲ་བ་བཅུ་གཅིག་རེའི་རྩ་བ་ཐུགས་ཐོག་ནས་ཞལ་འདོན་གནང་བ་ཡིན་ཞེས་བཀའ་ལས་ཐོས་སོ། །སྤྱིར་མདོ་སྔགས་ཀྱི་གཞུང་ལུགས་ཇི་སྙེད་སྦྱངས་པ་དེ་ཐམས་ཅད་ཀྱི་རྩ་བ་ཕལ་མོ་ཆེ་བྱང་ཞིང་ཆུབ་པ་ཞིག་ཐུགས་ལ་བཞུགས་པ་ཤ་སྟག་ཡིན་ནོ། །ཐོབ་ཐོབ་རྣམ་གྲངས་ལ་འཆེལ་ནས། །ཟབ་མོའི་དོན་གྱི་དེ་ཉིད་ནི། །ཤུལ་རིང་མགྲོན་པོའི་ཡུལ་སྣང་བཞིན། །གཏད་སོ་མེད་པ་འགའ་མཐོང་ཡང་། །བླ་མ་ལྷ་ཡི་བྱིན་རླབས་དང་། །དྲི་མ་མེད་པའི་མཁྱེན་དཔྱོད་མཐུ། །གུས་རྟག་སྦྱོར་བའི་བརྩོན་འགྲུས་རྣམས། །ཕན་ཚུན་འགྲན་པའི་རྣམ་ཐར་གྱིས། །ཇི་སྙེད་སྦྱངས་པའི་ཆོས་ཚུལ་རྣམས། །ཇི་མི་སྙམ་དུ་མི་འདོར་བར། །ཇི་ལྟར་གནས་པའི་ཟབ་མོའི་དོན། །ཇི་བཞིན་མཁྱེན་པའི་མཁྱེན་པ་མངའ། །སྟོན་དང་བསྟན་པ་ཟུང་འཇུག་ཏུ། །ཚངས་དབྱངས་གསུང་གིས་ལེགས་བསྔགས་པ། །དྲི་མེད་ཆོས་འདུལ་རིན་པོ་ཆེ། །ཤཱཀྱའི་སྲས་ཀྱི་ཕ་ནོར་མཆོག །དེང་སང་གོ་སླ་དོན་མེད་ཅེས། །ཆེས་ཆེར་བླུན་རྣམས་སྨོས་ཅི་དགོས། །རིགས་སྨྲ་རློམ་པ་ཡོངས་ཀྱིས་ཀྱང་། །བཞི་མདོའི་རྩ་བཞིན་འདོར་བ་ན། །དགག་སྒྲུབ་བསླབ་པའི་བཅས་མཚམས་ནས། །སྲོག་ལས་གཅེས་པའི་མགོན་ཁྱོད་ཀྱིས། །དེ་དག་བསྟན་པའི་གཞུང་འདི་ཡང་། །དེ་བཞིན་གཅེས་པའི་དགོངས་གཏད་ཀྱིས། །འདུལ་བ་མདོ་ཡི་བརྗོད་བྱའི་དོན། །ཁྲིམས་ལྡན་འབུམ་གྱི་དགོངས་དོན་བཞིན། །སྒྲོ་སྐུར་འབྲལ་བའི་ཟབ་དོན་རྣམས། །མཁྱེན་ལྡན་ཁྱོད་ཀྱིས་དོན་བཞིན་མཁྱེན། །སྡེ་སྣོད་གསུམ་པའི་ཉིན་བྱེད་ནི། །རྒྱལ་བ་གཉིས་པའི་ཤིང་རྟས་དྲངས། །རྒྱས་འགྲེལ་ཟླ་ཤེལ་དབང་པོ་ནི། །མཆིམས་སྟོན་མཁྱེན་པའི་མཁའ་ལ་ཤར། །འཁྲུལ་མེད་དོན་གྱི་གཟུགས་བརྙན་ནི། །གང་གི་ཐུགས་མཚོར་འཕོས་པའི་མོད། །མི་ཤེས་མུན་པ་བསལ་བ་དང་། །ལྷན་ཅིག་ལེགས་བཤད་ཆུ་གཏེར་རྒྱས། །འཕགས་བཞིའི་ཡུམ་གཅིག་སྦས་པའི་དོན། །སྐབས་བརྒྱད་ལུས་ཀྱི་དངོས་པོ་ལ། །བདུན་ཅུའི་ཡོན་ཏན་གྱིས་ཕྱེ་བའི། །ཆོས་ཚུལ་བླ་ན་མེད་པ་ལ། །ས་བཅུའི་དབང་ཕྱུག་བྱམས་མགོན་རྗེ། །དངོས་དང་རྣམ་པར་འཕྲུལ་བ་ཡིས། །རིམ་བཞིན་མཛད་པའི་རྩ་འགྲེལ་ཟུང་། །དཔང་མཐོར་བརྩེགས་པའི་གླེགས་བམ་གང་། །ཚིག་དོན་ཆེ་ཕྲ་མ་ལུས་པ། །ཐུགས་ཀྱི་མཛོད་དུ་ལེགས་བཞུགས་ནས། །ཐུང་ངུའི་དུས་ཀྱི་ཡུན་ལ་འང་། །དོན་བཟང་བསྐྱར་བའི་ངོ་མཚར་ནི། །བདག་ཅག་སོ་སྐྱེའི་རིགས་སྐྱེས་པའི། །དཔྱོད་ལྡན་རློམ་པ་བརྒྱ་ཕྲག་གིས། །རྣམ་དཔྱོད་དེ་ཡི་རྣམ་པར་ཡང་། །བློ་ལ་འཆར་བ་དཀའ་བའི་གནས། །ཤིན་ཏུ་མཉམ་པར་བཞག་པ་ལས། །ནམ་ཡང་གཡོ་བ་མི་མངའ་མོད། །གཞན་སྣང་བཞེངས་པར་སྣང་རྗེས་སུ། །གཞུང་ལུགས་ཆེན་པོ་བཅུ་གཅིག་ནི། །སྒྲིབ་བྲལ་ཐུགས་ཀྱི་འཛིན་མ་དང་། །གསལ་དག་སྙན་པའི་གསུང་མཚོ་ལས། །ལེགས་འཁྲུངས་ཚིག་གི་པདྨོའི་ཕྲེང་། །ཉིན་བཞིན་དགོད་པའི་ངོ་མཚར་བཟུང་། །རིང་ལུགས་མཆོག་འདིའི་ཤིང་རྟ་ཆེ། །གོང་མ་བརྒྱུད་འཛིན་བཅས་པའི་གསུང་། །ཤིན་ཏུ་གུས་དང་ཉེ་ཚིག་གིས། །ཡན་ལག་མཆོག་གིས་འདུད་ཕྱོགས་བཞུགས། །ཤིང་རྟ་ཆེ་གཉིས་དགོངས་པའི་དོན། །འཇམ་དབྱངས་བླ་མས་བསྡེབས་པའི་བཅུད། །སྐལ་ལྡན་ཡོངས་ཀྱི་ཚོགས་ཆོས་སུ། །ལེགས་གྲགས་ལེགས་བཤད་རིན་པོ་ཆེ། །གཞུང་ལུགས་འདི་ཡི་དུམ་བུ་ཡང་། །གཞན་ལུགས་སྨྲ་བའི་གླེགས་བམ་ལས། །ཁྱད་པར་འཕགས་བའི་ངོ་མཚར་གཏམ། །འོད་གསལ་དག་པའི་སྙན་དུ་བརྒྱུད། །རྣམ་གསུམ་སྡོམ་པའི་རྣམ་བཞག་ལ། །སྐྱོན་དང་ཡོན་ཏན་རབ་དབྱེ་བའི། །ལེགས་པར་བཤད་པའི་ཆ་དེར་ཡང་། །སྲིད་ཞིའི་འབྱོར་བས་གཞལ་དཀའ་བ། །ཡོངས་རྫོགས་བསྟན་པའི་གླེགས་བམ་དང་། །བཀའ་བསྡུ་བཞི་པའི་མཚན་སྙན་ཅན། །དམ་ཆོས་འདི་ཡི་མིང་གིས་ཀྱང་། །གཅིག་ཏུ་ཐུབ་བསྟན་མཛེས་པའི་རྒྱན། །འཆད་ན་གྲུབ་མཐའི་ཕ་གཅིག་དང་། །བསྒོམ་ན་རྟོགས་པའི་མ་ཡིན་ཞེས། །བརྒྱུད་འཛིན་འཁྲུལ་མེད་ཁྱོད་ཀྱི་གསུང་། །རྗེས་འབྲང་གཞན་ལ་དཀོན་པར་སྣང་། །ཆེས་ཟབ་རྒྱུད་དང་མན་ངག་གི། གཞུང་བཟང་དབང་གི་རྒྱལ་པོ་ཟུང་། །སོམ་ཉིའི་དྲི་མ་ཀུན་སྦྱངས་ནས། །ལེགས་བཤད་རྒྱལ་མཚན་རྩེར་མཆོད་དེ། །གྲུབ་གཉིས་རིན་ཆེན་དུ་མའི་ཆར། །ལྷུག་པར་སྩོལ་བར་མཛད་པ་ཡི། །ཐུན་མིན་ཕྱག་རྗེས་འདི་ཁོ་ནས། །རིང་ལུགས་འདི་ལ་བཀའ་དྲིན་ལྕི། །དཀའ་བའི་གནད་ལ་ཞུགས་པའི་ཚེ། །གཞན་དག་ཕྱི་ཡི་ཡུལ་དུ་འཁྱམས། །རྣམ་རྟོག་གྲོགས་སུ་བསྙེན་པ་ལས། །གཅིག་སྟེང་གཉིས་བརྩེགས་འོ་རེ་བརྒྱལ། །ཁྱོད་ཀྱིས་བླ་མ་ལྷག་པའི་ལྷ། །སྟོབས་བཅུ་མངའ་བའི་ཐུགས་རྒྱུད་བསྐུལ། །མོས་གུས་གདུང་བའི་ཡུས་བཟུང་བས། །ཇི་བཞིན་མཁྱེན་པ་ངོ་མཚར་ཆེ། །གསུམ་པ་སྒོམ་པ་ལ་གསུམ། རྒྱུ་སྒོམ་པས་ཉམས་སུ་བཞེས་ཚུལ། འབྲས་བུའི་ཡོན་ཏན་རྒྱུད་ལ་འཁྲུངས་ཚུལ། མཐར་ཐུག་གི་རྟོགས་པ་ཇི་ཙམ་དུ་ཞལ་གྱིས་བཞེས་ཚུལ་ལོ། །དང་པོ་ནི། རྗེ་འདིས་དགུང་གྲངས་སོ་བཞི་ཙམ་ནས་རི་ཁྲོད་འགྲིམ་བའི་དབུ་བཙུགས་པ་ཡིན་ལ། དེ་ནས་བཟུང་གོང་བཤད་ལྟར་བླ་མའི་དྲུང་དུ་སྐུ་བཅར་ཞུས་པ་སོགས་ལོ་རེ་ཟླ་ཤས་ལྟ་བུ་ལ་ཡར་མར་ཕེབས་བཞུད་ཅུང་ཟད་རེ་མ་གཏོགས་སྐུ་ཚེ་ཧྲིལ་པོ་དབེན་རིར་རྫོགས་པ་ཡིན་ལ། དེ་ཡང་སྒྲ་སྟོད་འཛིན་མདའི་རི་ཁྲོད། རྨེ་ཤོད་དཀར་མོ་སྟག་ཚང་། ཁྲོམ་ཁོག་བྲག་དཀར་ཁྱུང་ཆེན། ཉག་རོང་དུ་གཏོགས་པའི་བཞག་ཁོག་གི་ཆར། འབོར་དང་། རྡོ་འཛོམ། གཙང་ཆེན་གོས་ལ་སོགས་པ་ཡུལ་ངེས་མེད་ཀྱི་རི་ཁྲོད་རྣམས་དང་། སྡེ་གཞུང་རང་གི་སའི་ཆར་ཡང་བཀྲ་ཤིས་ཆོས་ལུང་། དབུ་དུམ། ད་ལྟའི་ཧ་རོའི་མགུལ་སོགས་མང་པོར་བཞུགས་མ་མྱོང་བ་མེད་པ་ལྟ་བུ་ཞིག་ཡིན་ནོ། །དེ་དག་རྣམས་སུའང་ཉུང་མཐའ་རྣམས་ལ་ཞག་འདུན་ཕྲག་ཁ་ཤས་དང་། འབྲིང་རྣམས་ལ་ཟླ་བ་ལྔ་དྲུག་སྐོར། འགའ་ཞིག་ཏུ་ལོ་འཁོར་དང་ལོ་ཤས་སོགས་ཅི་རིགས་པ་སོང་ཞིང་། དེ་རྣམས་ལས་ཡུན་རིང་ཤོས་ནི་རྡོ་འཛོམ་དང་ད་ལྟའི་རི་ཁྲོད་གཉིས་ཡིན་པར་མངོན་ཏེ་སྔ་མ་ལ་ལོ་བཅུ་སྐོར་དང་། ཕྱི་མ་ལ་ལོ་བདུན་ཙམ་སོང་བ་ཡིན་ནོ། །གཟིམ་ཁང་ཡོད་པའང་གནས་གསུམ་ཙམ་སྟེ། བཀྲ་ཤིས་ཆོས་ལུང་། རྡོ་འཛོམ། ད་ལྟའི་འདིའོ། །དེ་ལས་སྔ་མ་ནི་དང་པོ་ནས་ཡོད་པ་ལྟ་བུ་ཞིག་ཡིན་ནམ་གསར་བཞེངས་གང་ཡིན་མ་ངེས་ཀྱང་ཤིན་ཏུ་སྤྲོས་མེད་ཞིག་ལས་ཡོད་ཚོད་དུ་མི་འདུག་ལ། བར་མ་ནི་རྗེ་ཉིད་སྒ་སྟོད་ལ་ཕེབས་རྗེས་སྐུ་དབོན་དབྱིག་དགས་ལྐོག་བཞེངས་མཛད་པར། སྔ་མ་ལས་སྤྲོས་པ་ཅུང་རྒྱས་ཙམ་དང་། ཕྱི་མ་ནི་རྗེ་འདི་ཨ་འཛོམ་སྒར་དུ་བཞུགས་དུས་རྗེ་ཉིད་ལ་མ་ཞུས་པར་ཕྱག་མཛོད་དགེ་རྒན་ཨ་བསོད་ཀྱིས་གྲྭ་ཚང་དང་བགྲོས་ནས་ལྷག་བསམ་ཅན་རྣམས་ཀྱིས་བཞེངས་པ་སྔ་མ་དག་ལས་སྤྲོས་པ་ཡང་ཅུང་ཆེ་བ་ལྟ་བུ་ཡིན་ལ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་རྣམ་ཐར་ལྟར་རྗེ་འདི་ཁང་ལས་སོགས་ལ་ཐུགས་ཡེ་མི་དགྱེས་པས་ལྐོག་བཞེངས་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །སྨོས་མ་ཐག་པ་དེ་དག་མ་གཏོགས་གཞན་ཕལ་ཆེར་དབུ་གུར་ནག་ཚང་ཁོ་ན་ཕུབ་སྟེ་རི་སུལ་ངེས་མེད་འགྲིམས་པའི་ཐུགས་སྟོབས་ལྷུར་བཞེས་གནང་བ་ཡིན་ལ། གྲོགས་ཀྱང་དང་པོའི་དུས་བླ་མ་བློ་གྲོས་དང་མཉམ་དུ་གཟིམ་ཚང་ཡར་མར་ཕུབ་སྟེ་བཞུགས་པ་ཡུན་ཅུང་དང་། དེ་ཉིད་མཁའ་སྤྱོད་དུ་གཤེགས་རྗེས་རྗེ་ཉིད་གཅིག་པུ་ཡང་ཡུན་རིང་སོང་ཞིང་དེའི་རྗེས་ཐོགས་ཙམ་ནས་སྐུ་དབོན་དབྱིག་དགའ་ཡུན་རིང་ཐུང་ཅི་རིགས་པར་བཞུགས་པ་དང་། དེ་རྗེས་ཁོ་བོ་སླེབ་ནས་ཉེ་གནས་ཀྱི་ཁུལ་འདྲ་བྱེད་པའང་ཡུན་ཅུང་ཟད་དང་། སྐུ་ཚེའི་སྨད་ད་ལྟའི་གདན་སར་བཞུགས་པ་དང་། གོང་བཤད་དེ་དག་གི་བར་རྣམས་སུ་འཆད་ཉན་ཀྱང་ཅི་རིགས་པ་གནང་སྐབས་ནི་མང་པོ་དང་ཡང་ལྷན་དུ་བཞུགས་པ་སོགས་ཆེར་མ་ངེས་ལ། མདོར་ན་གྲོགས་ཡོད་དུས་ཀྱི་དབང་དུ་བྱས་ནའང་དང་པོར་བླ་མ་བློ་གྲོས་ནི་རྗེས་སོར་སྤྱན་བསྒྲིབས་པའི་དུས་རྗེ་ཉིད་ཀྱིས་ཕར་གཡོག་མཛད་པ་མ་གཏོགས་ཚུར་ནི་ལྟ་ཅི་སྨོས། བདག་ཅག་རྣམས་ལུགས་གཅིག་པ་ལྟ་བུ་ཡིན་འདུག་ཁོ་བོ་ཅག་གི་དུས་རེས་ནི་བཅད་རྒྱ་དམ་པོར་གནང་དུས་ཉིད་ཀྱིས་གསོལ་ཇ་བསྐོལ་ཆུ་ལེན་པར་མཛད། རང་རེའང་རང་ཉིད་ཀྱི་ནག་ཚང་དུ་དཔེ་བལྟས་འདྲ་བྱེད་པ་མ་གཏོགས་ཞབས་ཏོག་ཅི་ཡང་བྱར་མེད་པ་དང་། རེས་ནི་རྗེ་ཉིད་གསུང་བཅད་གནང་ནས་དེ་དག་བདག་གིས་བསྒྲུབ་དགོས་པ་དང་། སྐབས་འགར་ཉིན་གུང་ཆོས་ཐུན་ཀྱང་དེ་གཉིས་ཆག་མེད་དུ་གནང་བ་སོགས་ངེས་པ་ཆེར་མེད་པ་ཡིན་ཞིང་། གང་ལྟར་ཡང་སྐུ་བཅར་རྒྱུན་པར་ཞུ་མཁན་གྱི་གཡོག་པོ་ཞིག་ནི་དེ་དུས་གཏན་མེད་པ་ཡིན་ནོ། །ཁྱད་པར་དུ་དགུང་ལོ་བཞི་བཅུ་ཞེ་གྲངས་ནས་ལྔ་བཅུའི་ནང་སྐོར་ལ་སླེབ་པའི་བར་བགྲང་བྱ་བཅུ་སྐོར་ཞིག་ཏུ་བཅད་རྒྱ་ཤིན་ཏུ་དམ་པོར་གནང་བ་ཡིན་ལ། དེ་དུས་དཔོན་ཚང་གི་ཞིང་པ་ཚེ་དབང་ཟེར་བའི་མི་རྒན་དད་གཞི་ཆེ་ལ་ཚུགས་ཐུབ་པ་རྗེ་ཉིད་ཀྱིས་ཀྱང་ཉེ་གནས་ལ་ཐུགས་དགྱེས་པའི་ཚད་དུ་མཛད་པ་ཞིག་ཡོད་པ་དེ་ལ་ཞག་དང་ཟླ་བ་འདི་ཙམ་ན་ཤོག་ཅེས་དུས་ཆད་མཛད་ནས་དེ་དུས་ཁོ་བྱུང་བ་དང་ཞབས་ཏོག་ཅི་དགོས་བྱས་ནས་ཁོ་རང་གྲོང་ཡུལ་དུ་སོང་རྗེས། རྗེ་ཉིད་གཅིག་པུར་གྲོགས་མེད་དུ་བཞུགས་པ་ཡིན་ལ། གནས་སྤོ་བ་ནའང་སྐུའི་ཆ་རྐྱེན་དུ་གཏོགས་པའི་བཅའ་ལག་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཚེ། འབྲོག་པའི་མར་སྒམ་ཞིག་གི་གང་ལས་མེད་པ་དེ་ཉིད་ཀྱི་སྐུ་རྒྱབ་ཏུ་བསྣམས་ཤིང་། ཚེ་དབང་གིས་གཟིམ་ཚང་གི་སྐོར་དེ་ཁྱེར་བས་དེ་ནས་ཅི་ཡང་ལུས་རྒྱུ་མེད་པ་ཞིག་ཡིན་ཞེས་བཀའ་ལས་ཐོས་ལ། གསོལ་ཆས་ནི་སྐབས་བསྟུན་གྱིས་ཡབ་གཞིས་དཔོན་ཚང་ནས་འབུལ་བ་ཡིན་འདུག་གོ། གཞན་སྡེ་དགོན་གྱི་དོན་སྐོར་སོགས་སྙན་ཞུས་ཕྲ་མོ་རེ་ཡང་མི་གསན་པར་གསུང་བཅད་ཁོར་ཡུག་ཏུ་གནང་བ་ཡིན་ཏེ་སྐབས་ཤིག །བླ་མ་ཆོས་འཕེལ་ལ་ཞུ་དོན་ཞིག་བྱུང་བར། ཕྱོགས་གཞན་གྱི་མི་ལ་གསུང་འབྱོན་པ་ཡང་སྲིད་སྙམ་ནས་ཉག་རོང་བའི་གྲྭ་པ་ཞིག་བཏང་བས། རྗེ་འདི་ཆུ་ལེན་ལ་ཕེབས་པ་དང་ཐུག་པ་ཁོང་གིས་ཕྱག་འཚལ་བཞིན་བསྡད་པ་ཅི་ཡང་མི་གསུང་བར་ཆུ་བླངས་ནས་བཞུགས་གནས་སུ་ཕེབས་སོང་བས་ཞུ་བའི་སྐབས་མ་རྙེད་པ་ལྟ་བུ་ཡིན་ནོ། །སྐུ་ཉིད་ཀྱིས་ཉིན་གུང་གསོལ་ཇ་ལན་རེ་བསྐོལ་ཞིང་དེ་དུས་ཀྱང་སྣོད་ཀྱི་ནང་ནས་སྐྱོག་ཆུང་གིས་བཅུས་ཏེ་ལམ་ཇ་བསྐོལ་བ་ལྟ་བུ་ཞིག་ལས་གསོལ་ལྡིར་འདྲ་ཅི་ཡང་མེད་པ་ཡིན་ལ་དེ་འདྲ་ཡུན་རིང་མཛད་པས་རྗེས་སོར་ཡིད་ལྷུང་ལྷ་རྒྱལ་དགོན་དུ་རྒྱང་ཙམ་བཞུགས་དུས་བླ་མ་ནོར་བུ་དབང་རྒྱལ་ནས་དེ་ཚུལ་གཟིགས་པས་ཐུགས་ཧ་ལས་པ་དང་ཉམས་མཚར་བ་ལྟ་བུར་མཛད་ཅིང་། འདིར་བཞུགས་རིང་གསོལ་ཇ་དང་མེ་ར་སོགས་ཅི་དགོས་ང་རང་ལ་ཡོད་འདི་ནས་ཁྱེར་གསུངས་སོ། །སྒྲུབ་པ་ལ་ཐུགས་བརྩོན་མཛད་ཚུལ་ཡང་། སྤྱིར་རྗེ་འདི་ཉིད་གཉིད་རྨུགས་ལེ་ལོའི་བདུད་ལས་རྒྱལ་བ་ཡིན་པས་ཉིན་མཚན་བར་མེད་དུ་ཐུགས་བརྩོན་དྲག་པོར་མཛད་པ་སྨོས་ཀྱང་ཅི་ཞིག་དགོས་ཏེ་ཁྱད་པར་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་ཆེད་དུ་ཐུགས་ཉམས་སུ་བསྟར་བའི་དུས། བཀའ་ལས། དེ་དུས་ང་རང་མི་ལོ་ཧྲིལ་པོ་གསུམ་ལ་སྐ་རགས་བཀྲོལ་ནས་གཏན་ཉལ་མ་མྱོང་ཞེས་དངོས་སུ་བདག་ལ་ཕེབས་སོ། །ཡང་ཐུན་ལ་བཞུགས་པའི་ཚེ་ཐུགས་ཡེངས་མ་ཡེངས་ཚོད་བགམ་པའི་ཕྱིར་གཞུང་གི་རྩ་བ་བསྡུས་པའི་པོད་ཆུང་ཞིག་ཡོད་པ་དེ་དབུ་ཐོག་ཏུ་བཞག་ནས་བསྒོམས་པས་དང་པོར་ཅུང་གཡོ་ཞིང་རྗེས་སོར་ཐུན་ལས་མ་བཞེངས་ཀྱི་བར་དུ་གཡོ་འགུལ་གཏན་མེད་པ་ཞིག་བྱང་བ་ཡིན་ཞེས་ཀྱང་བཀའ་ལས་ཐོས་སོ། །དེ་སྐབས་ཤེར་ཕྱིན་གྱི་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་སུ་གསུངས་པའི་རྐང་པ་འདེགས་པའང་ཤེས་ཤིང་། འཇོག་པའང་ཤེས་ཞེས་པ་དེ་རྗེ་ཉིད་ལ་ཇི་བཞིན་ཡོད་ཚུལ་ཡང་བླ་མ་རིག་འཛིན་ལ་ཕེབས་པ་དེ་ལས་ཐོས་སོ། །ཡང་རྗེ་ཉིད་ཚུལ་བསྟན་དུ་སྐུ་ལ་བསྙུན་གཞི་མང་ཙམ་ཞིག་ཡོད་པའང་འཇམ་མགོན་རིན་པོ་ཆེས། དེའི་རྒྱུ་མཚན་ཅི་ཡིན་མདོ་སྡུད་པར་དཔེ་མོ་ཞིག་གཟིགས་པས། དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་། །ཞེས་པ་དེར་བབས་འདུག་ཚུལ་ཡང་བཀའ་ལས་ཐོས་སོ། །ཡང་དང་པོའི་དུས་ཐུན་དང་། རྗེས་སོར་ཐུན་མཚམས་རྣམས་སུ་བྲམ་ཟེ་སྒྲ་མཁན་གྱི་ལོ་རྒྱུས་ལྟར་ཐུགས་རྟོག་བཟང་ངན་ལ་རྟོག་པའི་ཕྱིར་སྐུ་མདུན་དུ་རྡེའུ་དཀར་ནག་སྤུངས་ནས་དྲན་ཤེས་བརྟན་པོས་ནང་གི་ཐུགས་རྟོག་བཞིན་འཇོག་པར་མཛད་པ་ན་དང་པོར་ནག་པོ་མང་། དེ་རྗེས་གྲངས་མཉམ་དང་། དེ་ནས་དཀར་པོ་ཤིན་ཏུ་མང་ཞིང་། མཐར་དཀར་པོ་འབའ་ཞིག་ཏུ་སོང་ཚུལ་ཡང་བཀའ་ལས་ཐོས་སོ། །དེའང་གཅིག་པུར་བཞུགས་པ་ན། མཚན་མོར་སྒྲ་མི་སྙན་པ་ཐོས་པ་སོགས་འདྲེ་འཇིགས་ཀྱི་རྔམས་ཟིལ་ཆེ་བ་དང་། ཉིན་པར་ཆོམ་རྐུན་པ་ཡིན་ནམ་སྙམ་པའི་ཐུགས་དོགས་སྐྱེ་ཡུལ་རྒྱང་ནས་གཟིགས་པ་དང་། ཁྱད་པར་དུ་ནགས་ཀླུང་སྟུག་པོ་བར་མཚམས་མེད་པའི་དབུས་སུ་བཞུགས་པ་ན་གནས་དེར་གཅན་གཟན་གྱི་རིགས་ཤིན་ཏུ་མང་ཞིང་། གཟིག་དུ་མས་གཟིམས་ཚང་གི་མཐའ་བསྐོར་ནས་རུས་པ་བྱིན་པ་མུར་ཞིང་ཁ་བ་ཅུང་ཟད་བབས་དུས་ནངས་པར་གཟིམས་ཚང་གི་མཐའ་མར་སྡེར་རྗེས་ཀྱིས་གང་བ་ཞིག་བྱས་འདུག་པ་སོགས་འཇིགས་སུ་རུང་བ་གང་བྱུང་ཡང་ལྷ་དང་བླ་མ་ལ་ཐུགས་གཏད་གཅིག་ཆོག་མཛད་ནས་བ་སྤུ་ཙམ་ཡང་མི་གཡོ་བའི་དཔའ་གདེང་བསྐྱེད་མཛད་ཚུལ་ཡང་བཀའ་ལས། དེ་དུས་ང་ལ་གྲོགས་མེད་སྙམ་པའི་ཡ་ང་བག་ཚ་གཏན་མི་འདུག་ལྷ་དང་བླ་མ་བློ་གཏད་ཐུབ་ངེས་ཀྱི་གྲོགས་རྣམས་དང་རྒྱུན་དུ་འབྲལ་བ་མེད་པའི་ངེས་ཤེས་ཤིག་བདོག་ཅེས་ཕེབས་སོ། །མདོར་ན་དེ་སྐབས་ནས་བཟུང་ཡུན་ཤིན་ཏུ་རིང་པོར་བློ་ཕུགས་ཆོས་ལ་གཏད་པ་སོགས་གྲུབ་ཐོབ་གོང་མའི་གཏང་ས་བཞི་པོ་མཐར་འཁྱོལ་ངེས་ཤིག་མཛད་པ་ཡིན་ནོ། །དུས་ཕྱིས་ད་ལྟའི་རི་ཁྲོད་དུ་བཞུགས་དུས་གཟིམས་ཁང་དང་ཆ་རྐྱེན་ཕྱི་ནང་གི་སྐུ་འཁོར་འདྲ་སོགས་རྗེ་ཉིད་ལ་ལྟོས་ན་ཅུང་སྤྲོས་པ་རྒྱས་པ་ལྟ་བུ་བ་ཞིག་བྱུང་ཡང་འབད་རྩོལ་ཅུང་ཟད་ཀྱང་མི་མཛད་པའི་ཁར་འབུལ་བ་བྱུང་བ་ཕལ་ཆེར་མི་བཞེས་ལ་བཞེས་དགོས་བྱུང་བ་རྣམས་ལའང་ཐུགས་མི་བདེ་བ་གནང་བཞིན་དུ་ནང་དུ་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་ཕྱུག་པའི་སྟོབས་ཀྱིས་ཕྱིར་ནས་མི་བཞེས་ཀྱང་དངོས་རྫས་ཆར་ལྟར་འབབ་ཅིང་དེ་འཕྲལ་ཕངས་མེད་དུ་བཏང་ཡང་དེ་མ་ཐག་འབད་མེད་དུ་འདུ་བ་སོགས་དབྱར་དུས་ཞོད་པའི་ཆར་རྒྱུན་ལྟ་བུའི་ཚུལ་དུ་འདུག་པ་ནི་དངོས་པོའི་གཤིས་ཀྱི་ཆེ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་རྟགས་ཐུན་མིན་མངོན་དུ་གྱུར་པ་ཡིན་པས་ཚུལ་འདི་ལྟ་བུ་ལ་དཔྱོད་ལྡན་སུ་ཞིག་ལོག་པར་བལྟ། ནང་དུ་ཞེན་འཛིན་གྱིས་མ་བཅིངས་ན་ཕྱིའི་སྣང་ཆ་རྒྱས་ལ་སྤྲོས་པ་ཞིག་སྣང་ཡང་མི་འཆིང་བ་དང་། བྱ་བ་བྲལ་བ་ལ་མི་གནོད་པའི་ཚུལ་ཡང་། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །ཞེས་དང་། རྗེ་མཁྱེན་བརྩེའི་ཞབས་ཀྱིས་ཀྱང་། ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། །རྨི་ལམ་དུ་ཡང་མ་དྲན་ཞིང་། །ཚེ་འདི་བློ་ཡིས་ཐོང་བ་ཡིས། །བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། །ཞེས་གསུངས་པ་ལྟར་རོ། །འོ་ན་སྒྲུབ་ཚུགས་དེ་ལྟ་བུ་དང་ལྡན་པས་སྒྲུབ་པ་དངོས་གང་ལ། ཇི་ལྟར་ཉམས་བཞེས་མཛད་སྙམ་ན། སྤྱིར་རྗེ་འདི་ཉིད་ཀྱིས་གསན་བསམ་སྒོམ་པ་བླ་མ་བསྟེན་ཚུལ་སོགས་ཐམས་ཅད་ཀྱི་སྐབས་སུ་སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་བཞུགས་གྲལ་ཟིན་ངེས་ཤིག་ལས་དེང་དུས་ཀྱི་མིག་ལྟོས་ངན་པའི་ཁྲལ་མཇལ་གྱིས་ལས་སླ་དང་། དོད་པོ་ཙམ་གཏན་མི་གནང་བས་དམིགས་པས་སྐྱོན་སྔགས་བཟླ་ཞེས་རྒྱ་གཞུང་རྣམས་སུ་གསུངས་པ་ལྟར་རྩེ་གཅིག་ཏུ་བསྒོམ་པ་ཁོ་ན་གཙོ་བོར་མཛད་པ་ལས་གྲངས་བསོགས་གཙོ་བོར་མཛད་པ་མ་ཡིན་ཡང་། ཞར་ལས་བྱུང་བའི་ཚུལ་དུ་ཅུང་ཟད་སྨོས་ན། ཀྱེ་རྡོར་ཀྱི་གཞི་བསྙེན་དེ་སྔ་མོར་ས་སྐྱ་དགོན་བྱ་བའི་དགོན་ཆུང་ཞིག་ཏུ་མཛད་པ་ཡིན་འདུག་ལ། རྟ་མགྲིན་ལ་སྒ་ཁོག་ཏུ་ལྗགས་བསྙེན་ལོ་འཁོར་ཙམ་གནང་ཞིང་། མཁའ་སྤྱོད་མ་དང་ཁྱུང་ཁྲ་ལའང་ལྗགས་བསྙེན་ལན་གྲངས་དུ་མ་མཛད་ལ། གཞན་ཡི་དམ་སོ་སོའི་ལྗགས་བསྙེན་དུ་མ་གནང་བ་རྣམས་རྟགས་མཚན་བྱུང་ཚུལ་དང་བསྟུན་ནས་འོག་ཏུ་འཆད་དོ། །ཁྱད་པར་དུ་ལམ་ཟབ་ཀྱི་ཉམས་བཞེས་གོང་བཤད་ལྟར་གནང་དུས་བགྲང་བྱ་གསུམ་གྱི་ཡུན་ལ། སྐྱབས་གནས་ཀུན་འདུས་ཤོ་ལོ་ཀ་དེ་འབུམ་ཕྲག་བདུན་ཅུ་ཐམ་པ་སོང་ཞེས་ཕེབས། དེ་རྗེས་ཀྱང་རྒྱུན་པར་འདི་ག །མགོན་པོའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ཁོ་ན་ལ་ཆེད་དུ་ཐུགས་བརྩོན་གནང་བས་འདའ་ཁར་འབུམ་ཕྲག་དགུ་བཅུའི་ནང་ཙམ་སོང་བ་མང་པོ་ལ་གསུངས་ཡོད་འདུག་གོ། གཞན་ཡང་ཕྱག་དང་མཎྜལ་འབུམ་བཞི་སྟན་ཐོག་གཅིག་ཏུ་བསྐྱལ་ཞིང་། རྒྱུན་པར་ཡང་མཎྜལ་ནི་ཆག་མེད་དུ་འབུལ་ལ། དེ་དུས་ཀྱང་རྗེས་སོར། འཇམ་མགོན་བླ་མས་གནང་བའི་ཤིང་གི་མཎྜལ་ཆེ་ལེགས་དེ་ལ་རྗེ་ཉིད་ཀྱིས་གསེར་དངུལ་གྱི་ལྕགས་རི་ཤིན་ཏུ་སྤུས་ལེགས་ཕུལ་བ་དེ་ཡོད་པ་མ་གཏོགས་སྔ་མོར་ཤིང་གི་མཎྜལ་ཆེན་པོ་བརྒྱར་ཁྲུ་གང་ཙམ་ཡོད་རིས་འགའ་ཡོད་པར་བདག་ཅག་དཔོན་སློབ་གསུམ་ཙམ་གྱིས་བླ་མཆོད་མཛད་པའི་དུས། ནས་དཀར་དང་གྲོ་གང་རུང་སྤུས་ལེགས་ཀྱི་མཆོད་འབུལ་མཎྜལ་དེ་རྣམས་ཀྱི་སྟེང་དུ་རྗེ་ཉིད་ཀྱིས་དབུ་མཛད་གནང་སྟེ། ཚིག་རེ་ཤིན་ཏུ་དལ་འདོན་མཛད་པ་དང་། མཉམ་དུ་ཚོམ་བུ་རེ་བཀོད་ཟིན་པ་དང་དེའི་དབྱིབས་སོགས་གང་ཡིན་པ་དེ་བསྒོམ་དུ་བཅུག་ནས་ཅུང་ཟད་རེ་བཞུགས། ཡང་ཚིག་གཅིག་གསུངས་དེའི་ཚུལ་གྱིས་ཚོམ་བུ་སོ་བདུན་རྫོགས་པ་དང་། དེ་ནས་ཕྱུར་བུར་སྤུངས་པའི་ཅི་ཤོང་མཛད་པར་འབོ་གང་ཙམ་གྱི་ལྕིད་ཡོད་པ་དེ། གང་གི་མཆོད་རྫས་གསུངས་བའི་ཡུན་ལ་བར་སྣང་དུ་བཏེགས་ཏེ་འབུལ་བར་མཛད། ཡང་མཆོད་འབྲུ་གསར་པ་བརྗེ་བ་ལས་དེ་ཉིད་ཡང་འབུལ་བྱེད་པ་གཏན་མི་མཛད་ལ། དེ་ཙམ་གྱི་ཕྱག་བཞེས་ཀྱིས་ཀྱང་། ཉམས་ལེན་བྱ་བ་འདི་འདྲ་རང་ཡིན་འདུག་སྙམ་པ་དཔྱོད་ལྡན་ཡིད་དབང་ཚིམ་པ་ཞིག་པ་འདུག །གཞན་དུ་དཀྱུས་མ་དང་མ་མཐུན་སྟབས་བྲེལ་མགོ་སེ་སོང་བ་ཞིག་མཛད་མཁན་བྱུང་ཡང་གད་མོ་ཤོར་བ་ལས་མི་འདུག་གོ། འདོད་གསོལ་གྱི་རིགས་ཀྱང་རྗེའི་དགོངས་པས་དཔྱད་པའི་འཕྲལ་ཡུན་ཐམས་ཅད་ཀྱི་དོན་ཚང་བ་ཁོ་ན་མཛད་དོ། །ཡིག་བརྒྱའང་སྔ་ཕྱིར་འབུམ་ཕྲག་ལོངས་པ་ཤིན་ཏུ་མང་པོ་ཞིག་སོང་ཡོད་པའི་གསུང་རིགས་འདུག་ཀྱང་ཏིག་ཏིག་མ་ངེས་སོ། །བཅད་རྒྱ་ཤིན་ཏུ་དམ་པའི་དུས་དམིགས་བསལ་སོ་སོའི་ལྗགས་བསྙེན་གནང་སྐབས་མ་གཏོགས་གཞན་ཕལ་ཆེར་རྒྱུན་པར་ཉམས་བཞེས་མཛད་ལུགས་གཅིག་པ་ལྟ་བུར་སྣང་བས་དེའི་ཚུལ་ནི། ནངས་པར་ནམ་ཀྱི་སུམ་ཆའམ་བཞི་ཆ་ལུས་པ་ལྟ་བུ་ཤིན་ཏུ་སྔ་མོར་བཞེངས་ཏེ། དུས་དྲན་དང་། ངག་བྱིན་རླབས། རྡོ་རྗེའི་གོ་ཁྲབ་སོགས་ཆ་ལག་འགའ་ཞིག་གི་མཐར། ལམ་དུས་རྒྱས་པ་སྦྱང་གཞི་སྦྱོང་བྱེད་སོགས་ཀྱི་དམིགས་རྣམ་གྱི་སྤྲོས་པ་ཤིན་ཏུ་རྒྱས་པ་ལ་སྔ་མོར་ཡུན་རིང་འགོར་བ་ཡིན་འདུག་ཀྱང་། དུས་ཕྱིས་ཏིང་ངེ་འཛིན་གྱི་རྩལ་འབྱོངས་པའི་སྟོབས་ཀྱིས་ཅི་ཡང་འགོར་རྒྱུ་མེད་པ་ཞིག་ཡིན་འདུག་སྟེ། བཀའ་ལས། ང་རང་གིས་ད་རེས་ལམ་དུས་འདོན་དུས་ཆོས་ཀྱི་འབྱུང་གནས་ཞེས་སོགས་དྲག་ལ་མྱུར་བའི་ཤར་འདོན་བྱས་ནའང་། རྣམ་ཐར་སྒོ་གསུམ་དང་བྱང་ཕྱོགས་སོ་བདུན་སོགས་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དང་བཅས་པ་ཐམས་ཅད་སྐད་ཅིག་ལ་འཆར་བ་འདུག་ཅེས་དངོས་སུ་ཕེབས་སོ། །ལམ་དུས་དེ་རྗེས་འབྲིང་པོ་གཅིག་དང་བསྡུས་པ་གཉིས་ཏེ། ཐུན་བཞི་རེ་མཛད་ཚུལ་ཡང་བཀའ་ལས་ཐོས་སོ། །དེ་ནས་སྔ་ཕྱི་གང་འོས་རྣམས་སུ་མདོར་ན་ཆག་མེད་གཞན་རྣམས་དང་བཅས་པའི་སྒྲུབ་ཐབས་རིགས་མི་འདྲ་བ་བཅོ་ལྔ་ཙམ་གྱི་ཉམས་བཞེས་ཉིན་རེ་བཞིན་གནང་བ་ཡིན་འདུག་ལ། དེ་ཐམས་ཅད་ཀྱང་མོས་གུས་ཀྱི་དབང་དུ་བྱས་ན། བླ་མའི་རྣལ་འབྱོ་ཁོ་ན་ལས་མི་འདའ་བ་ཡིན་ཏེ། སྐྱབས་གནས་ཐམས་ཅད་བླ་མའི་ངོ་བོར་མཐོང་། །ཞེས་སོགས་གསུངས་པ་ལྟར་རོ། །ལྟ་བའི་དབང་དུ་བྱས་ན། འཁོར་འདས་དབྱེར་མེད་ལས་མི་གཡོ་བ་ཡིན་ཏེ། བཀའ་ལས། ཁྱུང་ཁྲའི་བདག་བསྐྱེད་ལྟ་བུ་ལའང་སྦྲུལ་རིགས་ལྔ་ཞལ་དུ་གསོལ་བ་དེ་དུག་ལྔ་དང་ཡེ་ཤེས་ཀྱི་ཁྱུང་གི་སྤང་གཉེན་གྱི་གོ་དོན་ཇི་བཞིན་སོང་ཤེ་ན་འཁོར་འདས་དབྱེར་མེད་ཀྱི་ཟབ་གནད་ཆེ་ཤོས་ཤིག་ཡིན་ཞེས་བླ་མ་རིན་པོ་ཆེས་གསུང་འདུག་པ་དེ་བཞིན་ངེས་པར་ཡིན་འདུག །ཆོས་འདིས་མ་ཁྱབ་པའི་ཉམས་ལེན་ཞིག་གཏན་མེད་པ་ཡིན་ཞེས་ཕེབས་སོ། །ཐུགས་བསྐྱེད་ཀྱི་དབང་དུ་བྱས་ན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གཅིག་གིས་བསྡུས་པ་ཁོ་ན་ཡིན་ཏེ་ཐེག་ཆེན་གྱི་ཉམས་ལེན་མ་ལུས་པ་དེ་ལས་འདའ་ས་མེད་པ་ཞིག་དགོས་པའི་གསུང་གསང་ཡང་ཡང་ཕེབས་པས་ཤེས་སོ། །གཞན་ཡང་སོ་སོའི་སྒེར་ཆོས་སོགས་ཟབ་གནད་ཀྱི་ཁྱད་པར་ཕྲ་མོ་ཤིན་ཏུ་མང་པོ་དང་བཅས་པ་ཞིག་ཡིན་འདུག་ཀྱང་དེ་དག་སྤྲོ་བའི་སྐབས་མིན་ནོ། །ཐུན་མཚམས་རྣམས་སུའང་ཁྲུས་དང་། གསོལ་ཟས་བཞེས་པ། སྤྱོད་ལམ་སོགས་གང་མཛད་ཐམས་ཅད་རང་རང་གི་རྣལ་འབྱོར་དེས་ཟིན་ངེས་ཁོ་ན་མཛད་པ་ཡིན་ནོ། །དེ་དག་གི་སྔ་ཕྱི་ཇི་ལྟར་རིགས་པར་དཔལ་ནཱ་ལེནྡྲའི་ཕྱག་ལེན་དང་འབྲེལ་བའི་གཏོར་བསྐང་རྒྱས་བསྡུས་འཚམས་པ་རེ་གསུངས། དགོངས་མོའི་དུས་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཆོས་སྤྱོད་འགའ་དང་། སྲོད་ཐུན་གྱི་རྗེས་སུ་ནམ་གྱི་སུམ་ཆའམ་རེས་ནི་ཕྱེད་ལ་ཉེ་བའི་དུས་ལྟ་བུའི་གཟིམས་ཁར་མི་གཞན་ཏེེ་འཁོར་ཏུ་ཡོད་ན་ལྐོག་གསུང་དང་དབེན་པར་སོང་ཚེ་ཌ་མ་རུ་ཆེན་པོ་འཁྲོལ་ཞིང་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ཉམས་ལེན་གནང་བ་ཡིན་ལ། དེ་ཡང་བཀའ་ལས། གཅོད་བྱེད་དུས་ཙུབ་རེ་ཙམ་ལ་ལུས་དངོས་སུ་བཏང་བ་དང་ཁྱད་པར་ཅི་ཡང་མི་འདུག་སྙམ་པའང་འབྱུང་རྒྱུ་འདུག་ཅེས་ཕེབས་པར་དེ་ལ་དཔག་ན་འདི་སྐོར་གྱི་རྟོགས་ཚད་ཀྱང་མང་པོ་ཡོད་པར་མངོན་ཡང་དེ་ཙམ་ལས་མ་ཐོས་སོ། །དེ་ནས་ཉལ་བའི་རྣལ་འབྱོར་གྱིས་གཟིམས་ཤིང་སང་སྔ་མོར་ལྡང་བའི་རྣལ་འབྱོར་གྱིས་བཞེངས་པའི་བར་ཏེ། མདོར་ན་ཉིན་མཚན་ཁོར་ཡུག་ཏུ་མཉམ་རྗེས་ཀྱི་རྣལ་འབྱོར་གང་མཛད་ཐམས་ཅད་སྤྲོས་མེད་དང་ཟུང་འབྲེལ་གྱི་ཚུལ་གྱིས་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལས་ནམ་ཡང་གཡོ་བ་མེད་པ་ཡིན་ལ། དེའང་དུས་ཕྱིས་གཞན་ངོར་ཇི་ལྟར་སྣང་ཡང་ཉིད་ཀྱི་རང་སྣང་ལ་ཉམས་ལེན་ལས་མི་གཡོ་ཞིང་གྲོགས་སུ་འགྲོ་བ་ཞིག་ཡིན་ངེས་སུ་འདུག་སྟེ། བཀའ་ལས། ང་རང་སེམས་ཤིན་ཏུ་འཚུབ་ནས་གཞན་གྱིས་ཞེ་སྡང་དྲག་ཏུ་ལངས་འདུག་སྙམ་པ་ལྟ་བུའི་དུས་སུའང་རང་ངོ་འཕྲོད་པ་ལ་དེ་དུས་ཟབ་ངེས་རེད་ཅེས་དངོས་སུ་ཕེབས་པ་ཡིན་པས་དེས་མཚོན་ནས་རྣམ་པ་ཇི་ལྟར་སྣང་ཡང་ངོ་བོ་ཉམས་ལེན་ལས་མ་གཡོས་པར་ཤེས་པར་ནུས་སོ། །སྤྱིར་ཡང་དམ་པ་རྣམས་ལ་རང་རེའི་སྣང་ཚུལ་དེ་ཉིད་ཀྱིས་གནས་ཚུལ་ཇི་བཞིན་དུ་རྟོགས་པར་མ་ངེས་པ་ཡིན་འདུག་སྟེ། ཚར་ཆེན་རྡོ་རྗེ་འཆང་ཡང་ཞབས་ཅུང་ཟད་བསྙུན་པའི་ཚུལ་བསྟན་ཚེ། འཁྲུལ་ཞིག་དཀོན་མཆོག་བཟང་པོར་ཞུ་ཤོག་ཕུལ་བའི་ནང་དུ། བདག་ཀྱང་ལུས་བསམ་གཏན་གྱི་ཁང་བུའི་སྒོ་མི་ཐོན་ཀྱང་སེམས་ལ་བདེ་ཆེན་གྱི་ཡེ་ཤེས་མནོན་པས་མི་ནོན་པ་ཁོར་ཡུག་ཏུ་ཡོད། ཅེས་ཕེབས་ཚུལ་རྣམ་ཐར་ལས་བྱུང་བ་བཞིན་ནོ། །དེ་དག་ནི་སྤྱི་བབས་ཙམ་གྱི་ཉམས་བཞེས་མཛད་ཚུལ་ལོ། །བྱེ་བྲག་ཏུ་རྗེ་འདིའི་ལྷག་ལྷ་ཐུན་མིན་ནི་ཀྱེ་རྡོར་དང་མགོན་པོ་གཉིས་ཡིན་ལ། དེ་ལས་ཀྱང་མཐར་ཐུག་པ་ནི་མགོན་པོ་འདི་ཉིད་ལ་མཛད་པ་ཡིན་ནོ། །དེའང་དང་པོར་མགོན་པོའི་བླ་མའི་རྣལ་འབྱོར་ཙམ་ལའང་འཚུབ་ཤིན་ཏུ་ཆེ་བས་མ་འཆུན་པ་ལྟ་བུས་ལོ་གསུམ་ལ་ལམ་ཟབ་གཙོ་བོར་མཛད་དགོས་པའང་དེ་ཡིན་ཞེས་ཕེབས་པར་སྒྲ་ཇི་བཞིན་པ་ཡིན་ནའང་དང་པོར་འཚུབ་ཆེ་བ་དེ་ལྷ་འགོ་བའི་རྟགས་ཡིན་པ་བླ་མ་གོང་མའི་གསུང་ལས་འབྱུང་བ་ཡིན་ལ། ཡང་ན་དགོངས་པ་ཅན་གྱི་གསུང་སྟེ་སྐུ་ཚེའི་སྟོད་སྨད་དུ་ཐུགས་དགོངས་མཐོ་དམན་གྱི་ཚུལ་བསྟན་པའི་དུས་སྐབས་སོ་སོའི་དུས་འདི་གཉིས་རང་རང་གི་ཉམས་ལེན་དེ་འབྲེལ་ཆེ་བ་ཞིག་ཀྱང་ཡིན་པས་དེའི་ཚུལ་དང་བསྟུན་པར་ངེས་སོ། །སྤྱིར་ཡང་རྗེ་འདིས་དང་པོར་སྤྲོས་བཅས་ཐབས་ཀྱི་ཆ་རྣམས་གཙོ་བོར་མཛད་ལ་དེ་ལ་བརྟེན་ནས་སྤྲོས་མེད་ཀྱི་ཉམས་མྱོང་སྐྱེས་ཚེ་རྗེས་སུ་ལྟ་བ་གཙོ་བོར་མཛད་པར་མངོན་ཏེ། བཀའ་ལས། ང་རང་གི་དང་པོར་མདོ་རྒྱན་དང་སྤྱོད་འཇུག་སོགས་རྒྱ་ཆེན་སྤྱོད་པའི་ཉམས་ལེན་དང་སྔགས་ལམ་གཉིས་གནད་གཅིག་ཏུ་དྲིལ་ནས་བསྒོམས་པས་དེ་སྐབས་དེ་དག་ལ་བློ་ཅུང་འབྱོངས་པ་ལྟ་བུ་ཞིག་བྱུང་ཡང་བླ་མ་རིན་པོ་ཆེ་ལ་ཞུས་ལན་བྱས་པའང་ལྟ་བ་དམན་པའི་སྙད་དོགས་ལྟ་བུར་གསུངས་འདུག་ཅེས་དང་། ཡང་དེ་སྐབས་ལན་ཅིག་རྨི་ལམ་དུ་བླ་མ་ཚུལ་ཁྲིམས་བྱུང་བར་ངེད་གཉིས་ཀུན་རྫོབ་སེམས་བསྐྱེད་ལ་བརྩད་པས་ང་རང་རྒྱལ། དོན་དམ་སེམས་བསྐྱེད་ལ་བརྩད་པས་ཁོང་རྒྱལ་སོང་བ་ཞིག་རྨིས་པ་དེ་ཡང་དེའི་རྟགས་སུ་འདུག་ཅེས་ཕེབས་སོ། །དུས་ཕྱིས་ནི་བཀའ་ལས་ལྟ་བ་མཐོ་རུ་སོང་དུས་ཁྱད་དུ་བསད་པ་གཞིར་བཅས་ཀྱང་སྤྱིར་སྒོམ་སྤྱོད་ལ་གཏད་སོ་དང་བྲལ་བའི་གུ་ཡངས་པོ་ཞིག་མི་འབྱུང་བའི་ཐབས་མི་འདུག་ཅེས་དང་། རྒྱུན་པར་ཡང་ཡང་དུ་གསུང་འཕྲོས་འདྲའི་འཕྲོ་ལ་ལྟ་བའི་འཕྲོས་པ་རེ་བྱུང་ཚེ། ད་འདི་བཞིན་རེད་འདི་ག་རེད་སོགས་ཇི་ལྟར་མཛད་ཀྱང་དེ་ལས་མི་གཡོ་བའི་གསུང་གསང་དང་། ཆོས་འཆད་པ་སོགས་ཀྱི་དུས་ཀྱང་ལྟ་བ་ཁོ་ན་རྩལ་དུ་འདོན་པའི་གསུང་བཤད་ཤིན་ཏུ་མང་པོ་ཞིག་ཕེབས་པར་ཐོས་སོ། །དེའི་རྗེས་སུའང་བདག་གིས་དངོས་མཇལ་མ་བྱུང་བ་ནས་ལོ་འགའ་སོང་བར་ཉིད་ཀྱི་སློབ་ཚོགས་སྡེ་སྣོད་འཛིན་པ་མང་པོ་ལ། ད་ལྟ་བ་གསར་དུ་རྟོགས་འདོད་ཀྱི་བློ་གཏན་མེད་ཅེས་དང་། ཟས་བཟའ་བ། གཏམ་སྨྲ་བ། ཆགས་སྡང་སོགས་ཇི་འདྲ་སྐྱེས་ཀྱང་ད་རེས་ལྟ་བའི་ངང་ལས་གཡོ་བ་གཏན་མེད་ཚུལ་དུ་མ་གསུངས་འདུག་ཀྱང་རེ་རེ་ནས་མ་སྤྲོས་སོ། །ཉམས་བཞེས་ཀྱི་ཚུལ་དེ་དག་ནི་ཆོས་དང་གང་ཟག་མ་འཛོལ་ཞིང་། བསྟན་པའི་གོ་རིམ་མ་ལོག་ལ་སྲས་བཅས་རྒྱལ་བ་དགྱེས་ངེས་ཀྱི་ཕྱག་བཞེས་རྨ་མེད་པ་ཡིན་ནོ། །འོ་ན་ལྷ་དེ་གཉིས་གཙོ་བོར་མཛད་པའི་རྒྱུ་མཚན་ཅི་ཞེ་ན། རྗེ་འདི་ནི་ས་སྐྱ་པའི་བསྟན་འཛིན་འཁྲུལ་མེད་ཡིན་གཤིས་གསུང་ངག་རིན་པོ་ཆེའི་ཉམས་ལེན་དང་འབྲེལ་བའི་དཔལ་དགྱེས་པ་རྡོ་རྗེ་ནི་རང་རེའི་ལྷག་ལྷ་དང་ཡབ་ཆོས་ཐུན་མིན་ཡིན་ལ། མགོན་པོ་ནི་དེའི་ཡང་སྙིང་ལྟ་བུའི་ཆེས་ཟབ་པར་བཤད་པ་དང་། རིང་མོ་ཞིག་ནས་ལས་བསགས་པའི་ལྷ་ཡིན་པ་དང་། བླ་མ་རྣམས་ཀྱིས་ལུང་དུ་བསྟན་པ་སོགས་རྒྱུ་མཚན་དུ་མ་ཡོད་པ་ཡིན་ནོ། །དེ་ཡང་བླ་མའི་རྣལ་འབྱོར་གཙོ་བོ་ལ་སྤྱིར་ཆོས་ཐམས་ཅད་དང་བྱེ་བྲག་ཏུ་ལུགས་འདིའི་ཕྱི་ནང་གསང་གསུམ་གྱི་ཉམས་ལེན་མ་ལུས་པ་ཚང་བ་ཞིག་མཛད་ནས་དེ་ཉིད་ལ་ཆིག་དྲིལ་གནང་ཞིང་། དེར་མཐུན་གྱི་གསོལ་འདེབས་གྲངས་བསོགས་མཛད་རྒྱུ་ཞིག་ཀྱང་། འཇམ་མགོན་བླ་མ་ཡབ་སྲས་བཀའ་བགྲོས་ཏེ་མཛད་པའི་བྱིན་རླབས་ཀྱི་ཚན་ཁ་ཆེ་ལ་ཚིག་དོན་གྱི་གནད་ཟབ་པ་ཞིག་བཞུགས་པ་དེ་ཡིན་ནོ། །འོ་ན་ལྷ་དེ་དག་ལའང་བསྒོམ་བཟླས་གཙོ་བོར་མི་བྱེད་པར་བླ་མའི་རྣལ་འབྱོར་ཁོ་ན་གཙོ་བོར་མཛད་པ་ཅི་ཞེ་ན། རྗེ་འདི་ཉིད་དབང་པོ་ཡང་རབ་ཀྱི་གང་ཟག་ཚེ་འདིར་གྲུབ་མཐའ་སྙོགས་པའམ་སངས་རྒྱས་ངེས་ཡིན་པས། དེའི་ཆོས་སྐལ་ནི་ཟབ་མོ་བླ་མའི་ལམ་འདི་ཉིད་ཡིན་ཚུལ་གོང་མ་བརྒྱུད་འཛིན་དང་བཅས་པས་གསུངས་ཤིང་། རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་ཀྱང་། ལམ་ཟབ་བླ་མ་ཞེས་རྡོ་རྗེའི་གསུང་གིས་བསྔགས་པ་དེ་ཡིན་པས། བློ་རབ་ལ་ཆོས་རབ་འཚམས་ཟེར་བའི་དཔེར་སོང་བ་ཡིན་ནོ། །མདོར་ན་རྗེ་ཉིད་ཀྱིས། མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་མོའི་ལམ་ལ་ཡིད་ཆེས་ནང་ནས་རྙེད། །ཡེངས་མེད་བསྒོམ་པ་ཆུ་བོའི་རྣལ་འབྱོར་གྱིས། །ཚེ་འདིར་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་མཚན་ཉིད་རྗེ་ཉིད་ལ་ཇི་ལྟ་བ་བཞིན་ལྡན་པ་ཡིན་ཞིང་། ཐུགས་ཉམས་སུ་བཞེས་ཚུལ་ཡང་དེ་བཞིན་ཡིན་ལ། གྲུབ་འབྲས་ཀྱང་དེ་ལྟར་ཡིན་ཚུལ་འོག་ཏུ་འཆད་དོ། །དེ་དག་ནི་སྒྲུབ་པ་ཉམས་བཞེས་མཛད་ཚུལ་མདོར་བསྡུས་རགས་པ་ཙམ་སྟེ་ཞིབ་ཏུ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་མངོན་ནོ། །སྔོན་ཚེ་རྒྱལ་བའི་དབང་པོ་དེས། །ཟས་གཙང་རྒྱལ་པོའི་སྲིད་སྤངས་ནས། །བསྔགས་ལྡན་བཞོན་པ་ལ་ཆིབས་ཏེ། །འཇིག་རྟེན་སྐྱོང་བ་བཞིས་བཏེགས་ནས། །འཆི་མེད་དུ་མའི་འཁོར་དང་བཅས། །འདབ་ལྡན་ཡོངས་ཀྱི་ཤུལ་ལམ་ནས། །རྣམ་དག་མཆོད་རྟེན་དབང་པོའི་དྲུང་། །སྐད་ཅིག་ཉིད་ལ་གཤེགས་ཞེས་ཐོས། །དེང་དུས་མི་ཡི་དབང་པོ་ཁྱོད། །ས་གཞི་སྐྱོང་བའི་རྒྱལ་སྲིད་ཀྱི། །འབྱོར་བ་དུ་མའི་ཁྱད་པར་རྣམས། །མེ་འོབས་ལྟ་བུར་རྗེས་དགོངས་ནས། །བྱང་ཆུབ་སེམས་ཀྱི་རྟ་རྒྱལ་ལ། །བློ་ལྡོག་རྒྱལ་ཆེན་བཞིས་བཏེགས་ཏེ། །དམ་ཅན་སྲུང་མའི་འཁོར་དང་བཅས། །ཆགས་མེད་ལམ་ནས་དབེན་པར་གཤེགས། །རབ་མཐོ་རྫ་བྲག་གངས་ཀྱི་སྤོ། །འཇིགས་རུང་དུར་ཁྲོད་ཆེན་པོ་དང་། །ཡིད་འོང་སྤངས་ལྗོངས་ནགས་ཀྱི་ཚལ། །སྲ་མཁྲེགས་རྡོ་རྗེའི་བྲག་ཁུང་སོགས། །ངེས་མེད་རི་བོའི་སུལ་རྣམས་སུ། །གྲོགས་མེད་གཅིག་པུར་རྒྱུ་བ་ན། །དོགས་མེད་བག་ཡངས་སྤྱོད་པ་ནི། །འཇིགས་མེད་གདོང་ལྔའི་དབང་པོ་བཞིན། །མ་རུངས་འདྲེ་སྲིན་གདུག་པ་རྣམས། །མི་སྙན་སྐད་དང་བཤུག་གླུ་འཚེར། །གཏུམ་པོའི་གཅན་གཟན་དུ་མས་ནི། །ངར་སྐད་རི་ལུང་འདར་བ་ཙམ། །འཕྲོག་བྱེད་ཆོམ་རྐུན་སྡེ་ཚོགས་ཀྱིས། །ཕྱོགས་ཕྱོགས་རྣམས་སུ་ཉུལ་བ་སོགས། །སྣ་ཚོགས་འཇིགས་རྐྱེན་དུ་མ་ནི། །ཉམས་སད་ཚུལ་དུ་འདུས་པའི་ཚེ། །བློ་གཏད་ཐུབ་པའི་ལྷ་གྲོགས་རྣམས། །འབྲལ་མེད་རྒྱུན་དུ་བཞུགས་སྙམ་པའི། །དོན་མཐུན་ཐུགས་རྟོགས་འདི་འདྲ་བས། །ཡང་དག་ཆོས་པའི་ཁྱད་ཆོས་ངོམས། །བླ་མ་ཡི་དམ་ལྷ་ཡི་ཚོགས། །མཁའ་ལ་སྤྲིན་གྱི་རྗེས་འགྲོ་ཞིང་། །མྱུར་མགྱོགས་དམ་ཅན་སྲུང་མའི་སྡེ། །བྲན་གཡོག་ཚུལ་དུ་གདོན་མི་ཟ། །འཁོར་འདས་མཉམ་ཉིད་རྟོགས་པ་ཡི། །རང་གནས་རྫོང་ལ་བཞུགས་ཙ་ན། །སྟོང་གསུམ་བདུད་སྡེ་དགྲར་ལངས་ཀྱང་། །བ་སྤུ་གཡོ་བའི་གོ་སྐབས་ཕྲ། །འབུམ་ཕྲག་རི་བའི་གོས་སྤངས་ནས། །ཧྲུལ་པོའི་ན་བཟའ་སྐུ་ལ་གསོལ། །རོ་བརྒྱ་ལྡན་པའི་ཟས་བོར་ཏེ། །ངན་དོན་ཙམ་གྱི་ཞལ་ཟས་སྤྱོད། །ཆེན་པོར་འོས་པའི་གྲོགས་སྤངས་ནས། །འགྲོགས་ན་གཅིག་ཏུ་བདེ་བ་ཡི། །ནགས་ཚལ་ལྗོན་པ་དུ་མ་དང་། །འདབ་ཆགས་རི་དྭགས་གྲོགས་སུ་བསྙེན། །རྒྱལ་རིགས་སཱ་ལ་ལྟ་བུར་འཁྲུངས། །ལུགས་གཉིས་དཔལ་གྱིས་འབྱོར་བའི་སྲས། །བང་མཛོད་རྒྱབ་ཁུར་ལ་བསྡུས་པ། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྟོག་ངན་སོ་སྐྱེ་ལ་ལ་ཡིས། །མཚར་དུ་མི་འཛིན་རང་བློའི་སྐྱོན། །ཡེ་ཤེས་གཟིགས་པ་མཆོག་གི་ངོར། །བརྒྱ་ཕྲག་མཛེས་པས་འདི་མི་མཚུངས། །ཆོག་ཤེས་དམ་པའི་བདེ་བ་ནི། །དབང་པོས་ཀྱང་ནི་རྙེེད་དཀའ་བ། །ཉིད་ཀྱི་བར་མེད་སྤྱོད་པ་འདིས། །མགོན་ཁྱོད་ཐུགས་འདོད་ཆེ་བར་འཁུམས། །བླ་མེད་ཡོན་ཏན་འདི་ལྟ་བུ། །བླ་མར་གྲགས་པ་གཞན་ལ་དཀོན། །བླ་ན་མཐོ་བ་རློམ་ན་ཡང་། །བླ་གཟུགས་དྲེད་པོ་ལས་གཞན་ཅི། །རི་བོ་ཀུན་གྱི་བུར་བྱས་ཤིང་། །ན་བུན་གསར་པའི་གོས་གྱོན་ལ། །བཅོས་མའི་འཆིང་བ་མ་ལུས་པ། །ཁྱུ་མཆོག་དབང་པོས་འདམ་ལྟར་བརྫིས། །བེ་ཕུར་སྤང་ལ་བཏབ་པ་བཞིན། །གང་བཞུགས་གནས་ལས་མི་གཡོ་ལ། །འདབ་ཆགས་ཕྱོགས་སུ་འཕུར་པ་བཞིན། །གནས་དེ་ལ་ཡང་ཆགས་མི་མངའ། །ལྷོ་གོས་གཏམ་ལ་གྱོང་བསྐུར་ཞིང་། །ཐུག་འཕྲད་སྣང་བ་ལམ་དུ་ཁྱེར། །འཆི་ནུས་ཐོག་འགེལ་ཞེ་བཅད་ཀྱིས། །གཏད་ས་བཞི་པོ་མཐའ་རུ་འཁྱོལ། །ཕྱི་དུས་ནང་འབྱོར་རྒྱས་པའི་ཚེ། །ཕྱི་འབྱོར་འདུ་བ་མི་འཁྲུལ་བས། །ཞོད་པའི་དུས་ཀྱི་ཆར་ཆུ་བཞིན། །ཡང་ཡང་བཏང་ཡང་ཡང་ཡང་འདུ། །དམན་ས་བཟུང་ཡང་མཐོན་པོར་བཀུར། །ཟང་ཟིང་བཀག་ཀྱང་སྐུ་རྗེས་འབྲང་། །གྲགས་སྙན་སྦས་ཀྱང་ཕྱོགས་ཀུན་ཁྱབ། །དེ་སོགས་རྟེན་འབྲེལ་བརྗོད་ལས་འདས། །ཞེན་འཛིན་འཆིང་བ་འདི་མེད་ན། །འཆི་མེད་དབང་པོའི་དཔལ་ཐོབ་ཀྱང་། །འཆིང་བྱེད་ཕྲ་བའི་ཕྲ་བ་ཡང་། །མེད་ཅེས་རྒྱལ་དང་རྒྱལ་སྲས་བཞེད། །བྱ་བ་ཀུན་དང་བྲལ་བཞིན་དུ། །བྱ་བ་བྱས་པའི་མདོ་དོན་ཅན། །བྱར་མེད་ཆོས་སྐུའི་མཁའ་དབྱིངས་སུ། །བྱ་བཞིན་རྟོགས་པའི་གཤོག་རྩལ་སྦྱངས། །དྲང་པོར་བསྲོང་བའི་རྡོ་རྗེའི་སྐུ། །གདོད་ནས་གནས་པའི་ཕ་བོང་དང་། །སྨྲ་བ་བཅད་པའི་འགགས་མེད་གསུང་། །རྒྱུད་ཐག་ཆད་པའི་པི་ཝང་བཞིན། །རྩེ་གཅིག་གནས་པའི་རྟོག་མེད་ཐུགས། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །ཆུ་བོ་འདྲེས་པ་དེ་ཡང་ནི། །ཏིང་འཛིན་དེ་ཡི་རྗེས་སུ་སོང་། །བདེ་ཆེན་འཁོར་ལོའི་ཡང་སྟེང་དུ། །པུསྟ་ཀ་ཡི་དབུ་རྒྱན་ཅན། །སྔོན་མེད་དྲང་སྲོང་ཆེན་པོ་དེ། །དྲན་བཞིན་འདུད་ཕྱག་ལན་བརྒྱར་བརྩེགས། །རྨོངས་སྒོམ་འཕྱི་བ་ཚང་ཉལ་དང་། །ཆགས་ལྡན་གཅན་གཟན་རིར་ཉལ་སོགས། །ལོག་ལམ་དེ་དག་རྒྱང་བསྲིང་ནས། །སྒོམ་ཆེན་རྒྱལ་པོ་སེང་ལྟར་བརྗིད། །སྤྲོས་བྲལ་ལྟ་བ་མཁའ་ལྟར་དག །རྩེ་གཅིག་སྒོམ་པ་རི་ལྟར་བརྟན། །རྣམ་དག་སྤྱོད་པ་དུང་ལྟར་དཀར། །ཟུང་འཇུག་ལྕགས་དང་གསེར་རྩི་བཞིན། །ཐུན་མིན་མན་ངག་རྒྱ་མཚོ་ལ། །ཉམས་མྱོང་ཚད་མས་དབང་འབྱོར་བར། །མཐུ་སྟོབས་དབང་ཕྱུག་གཉིས་པ་དང་། །མཆོག་སྲེད་དངོས་ཀྱི་རྣམ་ཐར་བཟུང་། །ཟབ་མོའི་ལམ་གྱི་ཟབ་ཁྱད་ཀྱིས། །གཏིང་མཐའ་མེད་པའི་འཁོར་བ་འདི། །སྐྱོན་བྲལ་སྐུ་དང་ཡེ་ཤེས་སུ། །སྐད་ཅིག་བསྒྱུར་ལ་དཀའ་ཚེགས་བྲལ། །རྩེ་གཅིག་དད་པའི་གདུང་ཤུགས་ཀྱིས། །སྐྱབས་གཅིག་བླ་མ་བསྒྲུབ་པ་ལས། །ཕ་གཅིག་ཡིད་བཞིན་ནོར་བུ་དང་། །ཕྱོགས་གཅིག་མཚུངས་པ་སྲིད་ན་དཀོན། །ཕྱོགས་དུས་སྐྱབས་གནས་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྐུར་བསྟན་ནས། །དེ་ཉིད་སྣ་ཚོགས་གཟུགས་ཅན་དུ། །སླར་ཡང་འཆར་བའི་ངོ་མཚར་ཅན། །དྲི་མེད་རྒྱུད་སྡེའི་ལུང་མང་དང་། །ཚད་མར་གྱུར་པའི་མན་ངག་ཚོགས། །དངོས་སྟོབས་རིགས་པའི་གྲུབ་དོན་རྣམས། །དགོངས་པ་གཅིག་པའི་ཐབས་ལམ་ལ། །བགྲང་བྱ་གསུམ་གྱི་བར་དག་ཏུ། །ན་བཟའི་འཆིང་བ་རྣམ་རྗེས་སུ། །དེ་ཉིད་བགྲོལ་བར་མཛད་པ་ན། །སྲིད་ལས་གྲོལ་བ་ཅིས་མི་དཔོག །སྙིང་སྟོབས་འདི་འདྲ་ཐོས་ཙམ་གྱིས། །སྙིང་མེད་བདག་ཅག་སྙིང་ཡང་འདར། །སྙིང་པོའི་དམ་ཆོས་ཐོས་བཞིན་དུ། །སྙིང་རུས་མེད་པ་འདི་རེ་སྐྱོ། །དེང་ནས་ཐུགས་ཡིད་རོ་གཅིག་པའི། །མཉམ་ཉིད་རྟོགས་པ་མ་ཐོབ་པར། །སྐྱབས་གནས་གཅིག་ཆོག་བླ་མ་རྗེས། །སྐད་ཅིག་འབྲལ་མེད་སྐྱོང་དུ་གསོལ། །གཉིས་པ་འབྲས་བུའི་ཡོན་ཏན་རྒྱུད་ལ་སྐྱེས་ཚུལ་ལ་གཉིས་ཏེ། རྟོགས་པ་རྒྱུད་ལ་སྐྱེས་ཚུལ། ལྷ་དང་བླ་མས་བྱིན་བརླབས་ཚུལ། མངོན་ཤེས་ཐོགས་མེད་མངའ་ཚུལ་ལོ། །དང་པོ་ནི། བཀའ་ལས་མཚོན་བྱེད་དཔེའི་ཡེ་ཤེས་དེ་སྔ་མོ་ནས་སྐྱེས་བྱུང་བ། ཕ་རྒན་ལ་དེ་ལུགས་བཤད་པས། དེ་འདྲ་མ་གསུངས། ཨ་རྡོ་ཞིང་ཕེབས་དེས་ཀྱང་དེ་འདྲ་ཞིག་གསུང་འདུག་པར་བར་ཆད་ཀྱིས་ཁྱེར་སོང་གསུངས་པས་ཁོ་ཕོ་རབ་ཡིན་གཤིས་ལོས་བདེན་རྗེས་སོང་བརྟག་དུས་དེ་འདྲ་ལ་སྙིང་པོ་ཅི་ཡང་མི་འདུག་ཅེས་བདག་དང་བླ་མ་ཀུན་བཟང་གཉིས་ཀ་ལ་སྔ་ཕྱིར་གསུངས་པ་དོན་གཅིག་ཏུ་སོང་བ་ཡིན་ནོ། །ཡང་བཀའ་ལས། སྔར་རི་ཁྲོད་དུ་དང་པོར་འདུག་དུས་བླ་མ་བློ་གྲོས་ཀྱིས། ཐུགས་འདི་རྩེ་གཅིག་ཏུ་ཟུང་འདི་མ་ཟིན་ན་ཕན་པ་མེད་ཅེས་གསུངས་པར། བྱ་དང་རི་དྭགས་རྣམས་ཟུང་ཟེར་བ་ལྟ་བུ་ཞིག་ལས་མི་འདུག་ཀྱང་དེང་སྐབས་སེམས་འདི་གར་བཞག་གར་གཏོང་ལ་རང་དབང་ཐོབ་པ་ཞིག་བྱུང་ཞེས་དང་། ཡང་དེ་དུས་ཤིན་ཏུ་བསྒྲིམས་ཏེ་རྩྭ་སྔོན་པོ་འདི་སྐྱ་བོ་དང་། སྐྱ་བོ་འདི་སྔོན་པོར་སོང་དུས་བདག་གི་རྒྱུད་འདི་གཅིག་འགྱུར་རམ་སྙམ་པར། བླ་མས་དེ་འདྲ་ཞིག་གིས་ཀྱང་མི་འགྱུར་ཏེ་ཉིན་གཅིག་ནམ་འགྱུར་མ་ཤེས་པར་འགྱུར་བ་ཞིག་འོང་། ཞེས་གསུངས་པ་ཁོང་ཐུགས་ཤིན་ཏུ་མང་པོ་བྱུང་ཞེས་ཕེབས་པར། འདི་དག་ཀྱང་རྟོགས་པ་རྒྱུད་ལྡན་གྱི་གསུང་རིགས་སུ་མངོན་ནོ༑༑ཡང་དགུང་ལོ་བདུན་གྱི་དུས་དགེ་བཤེས་དབང་གྲུབ་ཀྱིས་འབྱུང་འདུལ་གྱི་བསྙེན་པ་གྱིས་གསུངས་པར། དམིགས་པ་འདྲ་ཅི་ཡང་མི་ཤེས་ཞུས་པས། སྒྲ་ཙམ་ལ་སེམས་གཏོད་ལ་སྡོད་གསུངས་པ་དེ་བཞིན་མཛད་པས་ཞག་བདུན་ལ་ཉམས་དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུའི་ཐུགས་ཉམས་སྐྱེས་ཚུལ་བླ་མ་རིག་འཛིན་སོགས་ལ་ཕེབས་འདུག་གོ། ཡང་མི་རྟོག་པའི་ཡེ་ཤེས་ཐུགས་རྒྱུད་ལ་བཞུགས་ངེས་ཀྱི་གསུང་རིགས་འགའ་ཡང་ཕེབས་པ་ཡིན་ཏེ། ལན་ཅིག་ཐར་ལམ་དགོན་དུ་བཞུགས་དུས་སྲོད་ཀྱི་དུས་རྗེ་འདི་མཉམ་བཞག་ལ་བཞུགས་སུ་ཉེ་བ་ན། མི་མིན་གྱི་ཆོ་འཕྲུལ་ཡུལ་འགའ་ཞིག་ཏུ་བཙོ་ཞེས་གྲགས་པ་དམར་འབར་བ་དེ་འདྲ་ཞིག་གཟིམ་སྐར་ནང་ནས་ཐལ་བྱུང་དུ་འཛུལ་ཏེ་སྐུའི་ཕྲག་གོང་དུ་བབས་པས་དེ་འཕྲལ་མཉམ་བཞག་མཛད། དལ་གཅིག་ནས་བཞེངས་ཙ་ན་ཁོ་ཡང་རྗེས་མེད་དུ་ཡལ་ཞིང་སྐུ་ལ་ཅི་ཡང་མ་གནོད་པ་ཡིན་འདུག་ལ། ནངས་པར་འཇམ་མགོན་རིན་པོ་ཆེ་ལ་དེ་ཚུལ་ཞུས་པས། ཞལ་སྔ་ནས་མདངས་ང་ལའང་དེ་བཞིན་དུ་བྱུང་ཡང་གནོད་མ་ནུས། ཁོ་མདུན་ཐད་ཀྱི་དགོན་ནང་འདིར་བབས་སོང་སྙམ་པ་ཞིག་བྱུང་བས་གཞན་ཞིག་ལ་ཅུང་གནོད་ལས་ཆེ་གསུངས་པར་ཇི་ཕེབས་ལྟར་ཕྱོགས་དེའི་གྲྭ་པ་ཞིག་ལ་གྲིབ་ཕོག་འདུག་པར་དེའི་ཉིན་པར་ཕ་རོལ་ཏུ་གཤེགས་ཚུལ་བཀའ་ལས་ཐོས་སོ། །ཡང་སྐབས་ཤིག་འཛི་མདའི་རི་ཁྲོད་དུ་བཞུགས་དུས་རྗེ་འདིས་སྣང་གསལ་གྱི་ངོགས་སུ་བུ་རམ་རྡོག་གཅིག་གསོལ་བཞིན་བཞུགས་པ་ན་མདུན་དེར་བན་རྒན་རྭ་ཅན་ཞིག་ཐོལ་གྱིས་གཟིགས་བྱུང་བ་དང་། མཉམ་པར་བཞག་སྟེ་ཅུང་ཟད་ཅིག་ནས་བཞེངས་པ་ན་ཞལ་འགྲམ་དུ་རྡོག་རྡོག་གཅིག་འདུག་པར་ལྗགས་ཀྱིས་འཕུལ་བའི་ཚེ་མངར་བའི་རོ་བྱུང་བ་དག་གདོད་རྗེས་སུ་དྲན་པ་བྱུང་ཞེས་ཀྱང་བཀའ་ལས་ཐོས་སོ། །ཡང་ཨ་འཛོམ་སྒར་དུ་བཞུགས་དུས་ཉིན་གུང་ཡོལ་ཙམ་ན་བུ་རམ་ཞིག་གསོལ་བཞིན་བཞུགས་པར་མདུན་དེར་འདྲེ་རྒན་སྐྲ་དཀར་པོ་ཅན་ཞིག་ཐོལ་གྱིས་བྱུང་བར་དང་པོར་སྐུ་འཕར་བ་ཞིག་མཛད། དེ་ནས་ན་བཟའི་ཕུ་དུང་གཅིག་བརྒྱབ་ཏེ་མཉམ་བཞག་མཛད་པས་རྟོག་མེད་ཀྱི་ངང་ལ་ཡུན་རིང་སོང་བས། དེ་ལས་བཞེངས་དུས་བུ་རུམ་གྱི་རོ་བྱུང་བ་ན་དེའི་གོང་གི་གཟིགས་སྣང་སོགས་ཐུགས་དྲན་བྱུང་ཚུལ་ཡར་བླ་མ་རིག་འཛིན་ལ་ཕེབས་འདུག་གོ། འདི་དག་ཀྱང་གང་ལ་མཉམ་པར་བཞག་ཚུལ་ང་རང་ལ་མ་གསུངས་ཀྱང་ཕྱི་མ་ནི་རྣམ་པ་གསལ་ཞིང་། སྔ་མ་གཉིས་ཀྱི་ཚེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་པའི་ངང་ལ་བཞག་པས་རྟོག་མེད་དུ་ཡུན་རིང་སོང་འདུག་པ་མར་མེ་སོགས་ལས་ཤེས་ཞེས་བླ་མ་ཆོས་འཕེལ་དང་ཨ་རིན་ལ་གསུངས། ཡང་དེ་དག་དང་རྗེས་འབྲེལ་ལན་ཅིག་བཀྲ་ཤིས་ཆོས་ལུང་གི་གཟིམ་ཁང་དུ་བཞུགས་པའི་སྲོད་ཀྱི་དུས་ཤིག་ལ་ཀི་སྒྲ་དི་རི་རི་བྱས་ནས་རྟ་པ་མང་པོ་གཟིམ་ཁང་གི་སྒོ་རྩར་རྒྱུག་བྱུང་བར་ཅི་ཡིན་དགོངས་ནས་བཞེངས་ཏེ་སྒོའི་ནང་དུ་ཕེབས་ནས་ཉན་རྣ་མཛད་པས་ཁོང་ཚོས་ད་ཅི་འདྲ་བྱེད་སོགས་ཤུབ་བུར་སྨྲ་བ་དང་སྡེ་གཞུང་མའི་མི་སྐད་ངོ་ཤེས་པ་ཞིག་ཀྱང་ཡོད་པ་ལྟ་བུར་གསན་རྗེས་རིང་ཞིག་ནས་ཉམས་དེ་ལས་སད་པ་ན་གཟིམ་མལ་ནས་བཞེངས་པ་སོགས་གཏན་མཛད་མི་འདུག་པས་འཁྲུལ་སྣང་ལྟ་བུར་སོང་འདུག་པ་དེ་འཕྲལ། བླ་མ་བློ་གྲོས་མར་ཙམ་ན་བཞུགས་ཡོད་པའི་དྲུང་དུ་ཕེབས་ནས། དེ་ཚུལ་ཞུས་པས་ཞལ་ནས་དོ་ནུབ་ལྷ་འདྲེའི་དཔུང་ཆེན་པོ་བྱུང་། ང་རང་གིས་ལྷའི་ང་རྒྱལ་གྱིས་དེད་པས་ཁྱི་དམར་པོ་ཞིག་ནག་སྒར་སྟེང་ཕར་ཤེད་དུ་འཛུལ་ཤོར་གཞན་རྣམས་རིང་དུ་བསྐྲད་ཡོད་གསུང་ཚུལ་དང་། ཡང་ལན་ཅིག་གཟིམ་ཚང་ནས་ནང་ནས་ནམ་སྨད་ཡར་བཞེངས་ཏེ་ཞལ་འདོན་གསུངས་ཉེ་བའི་དུས། ཆོན་ཐག་ལ་ཐོགས་བཞིན་ལྡིར་སྒྲ་དར་བཅས་ཏེ་གཅིག་བྱུང་བར་ཅི་ཡིན་དགོངས་ཙ་ན། མི་ཞིག་བྱུང་ནས་ནག་ཚང་གི་སྒོ་གྱེན་དུ་བཏེགས་ཏེ་ཅུང་ཟད་གཅིག་བལྟས་ནས་དེ་ནས་ཕར་སོང་དུས་རང་ཡལ་ལྟ་བུ་ཞིག་ལས་སྒྲ་ཅི་ཡང་མི་འདུག་དེ་ཡང་ལྷ་འདྲེ་ཞིག་ཡིན་འདུག་ཅེས་བཀའ་ལས་ཐོས་སོ། །མི་ཉག་ཏུ་འཇམ་མགོན་རིན་པོ་ཆེས་ལམ་འབྲས་གསུངས་གྲུབ་པའི་དགའ་སྟོན་ཚོགས་འཁོར་གྱི་ཚེ་བར་ཐག་རིང་ཙམ་དང་། གནས་ཁང་གི་ནང་དུ་བཞུགས་བཞིན་ཉམས་ཀྱི་གཟིགས་སྣང་ལ་གཙུག་ལག་ཁང་གི་སྒོ་ཕྱེས་ཏེ། ཉིད་ལ་ཚོགས་ཀྱི་སྐུ་སྐལ་ཁྱེར་འོང་བ་དང་མཉམ་དུ་བྱི་ལ་ནག་པོ་ཞིག་རྗེས་འབྲངས་འདུག་པ་མངོན་སུམ་ལྟ་བུར་གཟིགས་བཞིན་བྱུང་ཞིང་། ཚོགས་སྐལ་ཉེ་གནས་བརྒྱུད་ནས་སྐུ་མདུན་དུ་སླེབ་པ་ནའང་དེ་བཞིན་འདུག་པར། ཉིད་ཀྱིས་མ་གསོལ་བར་ཞབས་གྲས་རྣམས་ལ་གནང་ཚུལ་དང་། ཁོང་རྣམས་ལ་ཅི་ཡང་མི་གནོད། ང་རང་ལ་དེ་དུས་རྟོགས་པའི་འགྲོས་དང་མཐུན་པའི་བར་ཆད་བྱེད་མཁན་ཞིག་ཡིན་པར་འདུག་ཅེས་ཕེབས་སོ། །ཡང་སྔོན་དུས་བླ་མ་སེ་སྟོན་ཀུན་རིག་གི་དྲུང་དུ་ཆོས་རྗེ་ས་སྐྱ་པ་ཆེན་པོ་མཇལ་བ་ལ་ཕེབས་པའི་ཚེ་དང་པོར་མི་མཁྱེན་པ་ལྟ་བུ་དང་དེ་རྗེས་གྲོགས་རྣམས་ཀྱིས་ལོ་རྒྱུས་ཞུས་ཙ་ན་ང་རང་གི་རླུང་ལྟས་དེ་ལ་དཔགས་ན་དེ་ཙམ་ངེས་པར་ཡིན་ཐང་། མི་གཤིན་གསོན་འཕྲད་པའི་དུས་བྱུང་བྱ་བ་ལ་སོགས་པ་ཐུགས་གཙིགས་སུ་མཛད་ཚུལ་གསུངས་པ་སོགས་གནའ་དུས་ཀྱི་གསང་སྔགས་པ་རྣམས་ནང་གི་རླུང་ལ་དབང་འབྱོར་པས་ཕྱི་རོལ་གྱི་ལྟས་སོགས་མཁྱེན་ཚུལ་མང་པོ་འབྱུང་བ་བཞིན། རྗེ་འདི་ལའང་མངའ་བ་ཡིན་ཏེ། གནས་གང་དུ་བཞུགས་ཀྱང་འཕྲོད་མིན་དང་། འགྲུལ་པ་བཟང་ངན་སུ་འོང་། སྤྱི་དང་བྱེ་བྲག་གི་སྐུ་རིམ་འདྲའང་གནད་དུ་སོང་མིན། ཉིད་ལ་སྐུ་གེགས་ཆེ་ཆུང་སོགས་རླུང་ལྟས་ལ་བརྟེན་ནས་ལུང་དུ་བསྟན་པ་ཆེས་མང་ཞིང་དེ་བཞིན་དུ་བསླུ་བ་མེད་པ་ཡིན་ཚུལ་རྗེའི་ནང་འཁོར་ཕལ་ཆེར་ལ་རྒྱུས་ཡོད་པ་ཡིན་ནོ། །དེ་ལ་དཔགས་ན་ནང་དུ་རླུང་ལ་དབང་འབྱོར་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཚོད་ལ་དེ་འདྲ་ཐུགས་སྒམ་སྟབས་ཅི་ཡང་མ་ཐོས་སོ། །སྐབས་ཤིག་བཞག་སར་ཁ་ལུང་གཙང་སྦྲུལ་ན་བཞུགས་དུས་བར་ཐག་ཉིན་ལམ་གཅིག་ཙམ་ཡོད་ཀྱང་ནངས་པར་ཞོགས་ཇ་སྐབས་གཟིགས་སྣང་ལ་སྡེ་གཞུང་མའི་ས་ཆ་ཡར་མར་ཐམས་ཅད་དང་། སྔར་གྱི་བཞུགས་གནས་བཀྲ་ཤིས་ཆོས་ལུང་གི་ཁང་ཤུལ་སོགས་གསལ་བར་གཟིགས་པ་ཞིག་བྱུང་ཚུལ་རྗེ་ཉིད་ཀྱིས་བླ་མ་ཤེས་རབ་ཆོས་མཆོག་དང་། ཀུན་དགའ་བསྟན་འཛིན་གཉིས་ཀ་ལ་མཐུན་པར་གསུངས་སོ། །ལན་ཅིག་རྡོ་འཛོམ་མམ་རྗེ་ཉིད་ཀྱིས་འཆི་མེད་གྲུབ་པའི་ནགས་ཚལ་དུ་མཚན་གསོལ་བའི་རི་ཁྲོད་དེར་བཞུགས་སྐབས་ཁོ་བོ་ཉེ་གནས་ཡིན་པ་ལ་སྐབས་འགར་རྗེའི་ཞལ་ནས། དེང་སྐབས་རིག་པ་ཤིན་ཏུ་དྭངས་པ་ཞིག་འདུག །ད་ལྟ་ཙམ་འཆི་ཡང་འགྱོད་པ་མི་འདུག་ཅེས་ཡང་ཡང་ཕེབས་པར། དམན་བུ་རང་ཉིད་ཉམས་ལེན་ལ་རྒྱུས་མེད་ཅིང་རྨོངས་ཚབས་ཆེ་སྟབས། རང་གཟུགས་སྣང་དྭངས་པས་ཆོས་ལམ་དུ་འགྲོ་བ་ལྟ་བུ་ཞིག་ལས་གོ་རྒྱུ་མ་བྱུང་ལ། ཡང་ལན་ཅིག་ད་རེས་སེམས་ཤིན་ཏུ་དྭངས་ཤིང་ལྷ་དང་ཡེ་ཤེས་གང་བསྒོམས་ཀྱང་ཁྲིགས་སེ་འོང་བ་ཞིག་བྱུང་འདུག །སྔ་མོར་བཅད་རྒྱ་དམ་སྐབས་འདི་འདྲ་ཞིག་བྱུང་བར། བར་སྐབས་སུ་འུར་ཟིང་གིས་ཁྱེར་སོང་ཡང་ད་ལྟ་དེ་ལས་ལྷག་ཙམ་དུ་སོང་འདུག །ཅེས་དངོས་སུ་ཕེབས་པས། ད་གདོད་འ་འི་དེ་འདྲ་ཞིག་ཡིན་འདུག་སྙམ་དུ་ཚ་ཟིང་ངེ་བ་དང་། དགའ་ལ་དད་པ་ཞིག་བྱུང་བ་ཡིན་ནོ། །ཡང་དེ་སྐབས་ཉིན་གཅིག་གསུང་འཕྲོས་ཤིག་གི་ཞར་བྱུང་དུ། ང་རང་གིས་བྱས་པའི་ལམ་འབྲས་བསྟོད་པར། བླ་མའི་ཐུགས་ཟིན་གསུང་ངག་གདམས་པའི་བཅུད། །ལེགས་པར་མྱོང་ནས་དབེན་པའི་རི་ཁྲོད་དུ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ། །སྐལ་བཟང་དེ་ལས་སྐྱིད་པ་སུ་ཞིག་ཡོད། །དུག་ལྔ་འཁྲུགས་ཀྱང་ཡེ་ཤེས་སྐྱེ་བའི་རྒྱུ། །བདུད་དཔུང་ལྷགས་ཀྱང་དངོས་གྲུབ་སྩོལ་བའི་གྲོགས། །འཁྲུལ་སྣང་ཤར་བ་ལྷ་དང་ཡེ་ཤེས་སུ། །མཐོང་བ་དེ་ཡང་དེ་ལ་རིང་མི་འགྱུར། །སྲིད་རྩ་དྲུངས་འབྱིན་དགེ་སློང་དེ་ཡིན་ཏེ། །འབྲེལ་ཚད་དོན་ལྡན་རྒྱལ་བའི་སྲས་པོའང་དེ། །བདེ་ཆེན་བདུད་རྩིའི་ཆང་ལ་རྟག་རོལ་བའི། །རིག་པ་འཛིན་པའི་དེད་དཔོན་དངོས་ཀྱང་དེ། །ཞེས་པའི་བར་ཤོ་ལོ་ཀ་གསུམ་པོ་འདིའི་དོན་དེ་དག་སྔ་མོར་བཅད་རྒྱ་དམ་དུས་རང་ཉིད་ལ་ཇི་བཞིན་ཚང་བར་རློམ་ནས་གཞན་ལ་ཡང་འདི་འདྲ་ལོས་ཡོད། འདི་བཞིན་བྱུང་ན་སྐྱིད་པ་འདུག་སྙམ་ནས་སྨྲས་པ་ཡིན་ཞེས་ཕེབས་པས་རྣམ་པར་དཔྱོད་པ་དང་ལྡན་པ་རྣམས་ཀྱི་འདི་དག་གི་དོན་གྱི་རོ་མྱོང་ཚེ་རྣམ་ཐར་གྱི་འགངས་ཆེ་ཤོས་སུ་འདུག་པར་ཞུ་ཅི་འཚལ། ཡང་ཀུན་མཁྱེན་བསོད་ནམས་སེང་གེའི་ཞབས་ཀྱིས་མཛད་པའི་དབུ་མའི་སྤྱི་དོན་ལ་སྔ་ཕྱི་མང་པོར་གཟིགས་རྟོག་ཕུལ་དུ་ཕྱིན་པར་གནང་ཞིང་ཁྱད་པར་དུ་བཀའ་ལས་ཁོ་བོ་ཨ་འཛོམ་སྒར་པའི་ཡང་རྩེར་འདུག་སྐབས་ཐུན་མཚམས་རྣམས་སུ་འདི་ལ་དཔེ་བལྟས་ཡུན་རིང་བ་རེ་བྱས་ནས་ཁང་ཆུང་དེ་ལ་བསྐོར་བ་བྱེད་པ་སོགས་ཀྱི་དུས་སུ་རི་ལུང་སོགས་མིག་ལམ་དུ་འཆར་བ་ན་སྣང་ཞིང་སྲིད་པའི་དངོས་པོ་འདི་དག་གདོད་ནས་སྟོང་བཞིན་ད་ལྟ་འགག་མེད་དུ་འཆར་བ་འདི་འདྲ་ལ་ཕུ་ཞིག་བཏབ་པས་ཀྱང་གཞི་མེད་དུ་རང་སར་ཡལ་བ་ལ་བློ་ཐག་ཆོད་པའི་ངང་ནས་འཛིན་སྟངས་ཐམས་ཅད་ཞིག་ལ་བརྗོད་མ་ཤེས་པ་ལྟ་བུ་ཞིག་བྱུང་བར་ད་གདོད་དབུ་མའི་དོན་གཏིང་ནས་གོ་བ་ཡིན་འདུག་སྙམ་ནས་ཀུན་དགའ་བསྟན་འཛིན་སོགས་ལའང་དེ་ལུགས་བཤད། ད་ང་རང་གིས་འདིའི་དོན་འདི་ཕྲིན་ལས་ཆོས་འཕེལ་ལ་གཅིག་འཕྲོད་དགོས་ཞེས་བྱས་པར་རྗེས་སོར་བལྟ་དུས་དེ་དབུ་མའི་རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན་འདུག་ཅེས་དངོས་སུ་ཕེབས་སོ། །གཞན་ཡང་རྩ་འཇུག་སོགས་དབུ་མའི་སྐོར་ནམ་གཟིགས་པ་ན་སྐུའི་ཉེ་སྐོར་གྱི་གཟིམ་མལ་དང་ཁང་ཁྱིམ་སོགས་རང་སྟོང་དུ་སོང་ནས། གང་ལའང་རྟེན་ས་མེད་པ་ལྟ་བུའི་ཐུགས་ཉམས་འབྱུང་ཚུལ་བླ་མ་རིག་འཛིན་ལ་གསུངས་འདུག་གོ། མཁས་དབང་ཆོས་འཕེལ་ལའང་རྗེ་ཉིད་ཀྱིས་རྒྱུད་བླ་གསུངས་དུས་གཞུང་དེ་དང་རྗེ་ཉིད་དབྱེར་མེད་དུ་གྱུར་པ་ལྟ་བུའི་ཐུགས་ཉམས་འཁྲུངས་ཚུལ་ཕེབས་སོ། །ཡང་སྔ་མོ་ནས་བཀའ་ལས། བླ་མ་རིན་པོ་ཆེས་ང་ལ་མགོན་པོའི་གསང་ཁྲིད་ཀྱི་དོན་གྱི་ཟབ་གནད་འདི་དག་ཇི་བཞིན་བསྒོམ་པ་ཞིག་བྱུང་ན། འཚུབ་ཤིན་ཏུ་ཆེ་ཞིང་འཆུན་དཀའ་བས་སྦྱོར་ལམ་གྱི་རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་འདི་ལ་ཆེད་དུ་མ་བསྒོམ་ཞེས་གསུངས་པ་ཡིན་ཚུལ་ཕྲན་ལ་ཡང་ཡང་ཕེབས་པར། དེ་རྗེས་ཤིང་སྤྲེལ་ལོར་ཁོ་བོ་ཡར་འོང་ལ་ཉེ་བའི་དུས། ད་ལོར་ང་རང་གིས་གནད་དུ་ཆེ་བ་དེ་སྒོམ་པ་ཡིན་གསུངས་ནས་གྲྭ་ཚང་ལ་སྐུ་རིམ་གྱི་རྟེན་དུ་ཕྲུག་གཟན་ལེགས་པོ་ཞིག་ཕུལ་ཞིང་། མཁྱེན་སྤྲུལ་རིན་པོ་ཆེའི་མདུན་དུའང་རྒྱ་དངུལ་རྡིལ་ཚད་གཅིག་ཕྲན་ལ་བསྐུར་ནས་སྤྱིར་སྐུ་གེགས་ཞི་བ་དང་། ཁྱད་པར་དུ་བསྙེན་པ་གལ་ཆེན་ཞིག་མཛད་པ་ལ་ཆེད་དུ་སྐྱབས་དམིགས་ཀྱི་བཀའ་དྲིན་སྐྱོང་དགོས་ཚུལ་གྱི་གསུང་འཕྲིན་དང་བཅས་བསྒོ་ལག་གནང་། དེ་དུས་བཀའ་ལས། ང་རང་ལ་བླ་མ་རིན་པོ་ཆེས་ཚེ་འདིར་གྲུབ་མཐའ་སྙོགས་པའི་ལུང་བསྟན་ཞིག་ཡོད། དེ་ལྟར་ཡིན་ཚེ་ད་ཙམ་ན་རྗེ་བཙུན་ཆེན་པོས། ཚེ་འདི་དང་མཐོང་ལམ་ལ་དར་ཡུག་གིས་ཆོད་པ་ཙམ་ལས་མེད་ཚུལ་གསུངས་འདུག་པར་དེ་ལྟ་བུ་ཞིག་དགོས་རྒྱུ་ལ་དེ་འདྲ་ཞིག་ཀྱང་མི་འདུག །མདོར་ན་གྲུབ་མཐའ་ཇི་ལྟར་མི་སྙོགས་སྙམ་པ་དང་། ཅིའི་ཕྱིར་སྙོགས་སྙམ་པ་གཉིས་ཀ་མ་རེད་ཅེས་ཞིབ་པར་ཕེབས་ལ་དེ་དུས་སྔ་ཕྱི་བར་གསུམ་གྱི་གསུང་རིགས་དེ་དག་གུང་བསྒྲིགས་ནང་སྦྱོར་ལམ་གྱི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས་ཟིན་ནས་མཐོང་ལམ་དུ་ཕེབས་པའི་མྱུར་ལམ་ལ་ཆེད་དུ་ཐུགས་རྩོལ་གནང་བ་ཡིན་འདུག་སྙམ་པ་ཞིག་བྱུང་བ་ཡིན་ནོ། །དེ་རྗེས་ལོ་གཅིག་ཙམ་ནས་བཀྲ་ཤིས་ཆོས་ལྡན་མཇལ་བ་ལ་ཕེབས་པར། ཉམས་མཚར་ལྟ་བུའི་ཚུལ་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་རྟོགས་པ་མཉམ་བྱས་ཀྱང་འགལ་བ་མེད་གསུངས་འདུག་པར་ཁོང་གིས་དེ་ལུགས་བདག་ལ་གསུང་མོལ་བྱུང་བས་དེ་སྦྱོར་ལམ་ལས་ཀྱང་བཟོད་པ་ཐོབ་པའི་ཞལ་བཞེས་གནང་འདུག་སྙམ་པ་ཞིག་གསལ་ལེ་བ་བྱུང་ཏེ་རྗེ་བཙུན་ཆེན་པོའང་དྲང་དོན་དུ་དེ་འདྲའི་རྟོགས་རིགས་ཅན་དུ་བགྲང་འདུག་པས་སོ། །སྤྱིར་དངོས་གནས་རང་ལས་ཆེས་དམའ་ཚད་ཅིག་མ་གཏོགས་སུ་ལའང་གསུང་ཚོད་དུ་མི་གདའོ། །དེ་རྗེས་མེ་ཕག་ལོར་ཁོ་བོ་སྐུ་བཅར་ཕྱི་མའི་དུས་ཞབས་དྲུང་དེའི་ཟུར་གཅིག་ཏུ་བསྡད་ཡོད་པ་ལ་ཉིན་གཅིག་རྗེའི་དཔེ་སྒམ་དུ་བྱི་བ་འཛུལ་ནས་དེ་ཉིད་ཕུད་པའི་ཕྱིར་ཕྱག་དཔེ་རྣམས་ཚུར་བླངས་ནས་ཉེ་གནས་སོགས་ཞབས་གྲས་རྣམས་འུར་ཆོམ་དང་བྲེལ་ཟིང་བྱེད་འདུག་པར། ངས་ཀྱང་དེར་འགྲོ་འདུན་གྱིས་འོངས་ཙ་ན། ཕྱི་རོལ་ཆོས་ར་དེའི་ནང་དུ་འབོལ་ཉིས་བརྩེགས་ཀྱི་བཞུགས་གདན་ཞིག་གི་སྟེང་དུ་རྗེ་ཉིད་ཉི་མ་ལ་བཞུགས་འདུག་པར། བདག་ལ་གཟིགས་ནས་ཁྱོད་རང་དེར་འགྲོ་མི་དགོས་འདི་ན་ཤོག་གསུངས་པར། བཀའ་གནང་བཞིན་སྐུ་མདུན་གྱི་ཁྲིས་དེར་བསྡད་པ་ན། གསུང་གླེང་འགའི་མཐར། སྐུ་དྲང་པོར་བསྲང་ནས་མཉམ་བཞག་ཅིག་མཛད་དེ། བཀའ་ལས། ད་འདི་འདྲ་བྱེད་དུས། མགོན་པོའི་བླ་མའི་རྣལ་འབྱོར་རེ་བསྒོམ་པ་ན་ངོས་བཟུང་དང་མཐའ་དབུས་ཅི་ཡང་མེད་པ་ཞིག་རེད་ཅེས་ཕེབས་ནས་དལ་གཅིག་མཉམ་བཞག་མཛད། ཡང་བཀའ་ལས། ལམ་ཟབ་རེ་བསྒོམ་ཚེ་ཚུར་ངོས་བཟུང་ཞིག་ཡོད་པ་སྙམ་བྱེད་པ་ཞིག་རེད་ཅེས་ཕེབས་ནས་ཡང་མཉམ་བཞག་ཅུང་ཟད་མཛད་འདུག་པར། ལེགས་སོ་བྱ་བ་ཙམ་ལས་ཅི་ཡང་ཞུ་མ་སྤོབས་ལ་ཞུས་ཀྱང་རྗེ་འདིའི་ལུགས་ཀྱིས་མཐའ་འདེད་རྒྱུ་རང་མེད་ལས་ཆེ་སྙམ་དེ་དུས་དམན་བུ་རང་ཡང་རྗེ་འདིའི་བཀའ་དྲིན་ཁོ་ནས་སྔར་ནས་ཟབ་མོའི་གསང་གནད་ལ་གོ་ཐོས་ཀྱི་རྒྱུས་ཅུང་ཞིག་ཡོད་པས་ལྷ་དང་བླ་མ་དབྱེར་མེད་དེ་དག་གི་ཡིན་ལུགས་ཇི་བཞིན་ཐུགས་རྒྱུད་ལ་མངོན་དུ་གྱུར་ཟིན་པའི་གསུང་གསང་ཐུན་མིན་ལ་གོ་དོན་གནད་དུ་ཁེལ་བ་ཞིག་སྐྱེས་ཤིང་། འ་འི་དེ་རིང་རྗེས་རྟོགས་པ་ངོ་མཚར་ཅན་ཞིག་བདག་ལ་ངོམ་པར་གནང་འདུག་བཀའ་དྲིན་རེ་ཆེ་སྙམ་པས་ཡིད་དགའ་ལ་ཚིམ་པའི་མཐར་ཐུག་པ་ཞིག་བྱུང་བ་ཡིན་ནོ། །རྗེས་སུ་བརྟགས་དུས་སྔོན་གྱི་གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་ཀྱང་སློབ་མ་སྐལ་ལྡན་ལ་དགོངས་པས་བྱིན་ཆེན་ཕབས་ཤིང་རྟོགས་པ་རྒྱུད་ལ་བཙན་ཐབས་སུ་འཕོ་བར་མཛད་པ་བཞིན། རྗེའི་ཞལ་སྔ་ནས་ཀྱང་དེ་དུས་དེ་འདྲ་གཅིག་གི་དགོངས་གཏད་ཀྱིས་བཀའ་དྲིན་སྐྱོང་བ་ཡིན་ངེས་སྙམ་པ་བྱུང་ཡང་། རང་ཉིད་ལ་དད་པ་དང་སྐལ་བ་མེད་པ་ཁོ་ནས་ད་དུང་སྐམ་ཏོག་གེར་ལུས་པ་འདི་ཀ་ཡིན་ནོ། །ཡང་ཉིན་གཅིག་ས་སྐྱ་བླ་མ་ངག་ཆོས་ཀྱིས་རྗེ་འདིའི་ཞལ་ཚོམ་འཐོག་པའི་ཞབས་ཏོག་ཞུ་བ་གཅིག་གི་དུས་མཉམ་བཞག་ལྟ་བུ་ཞིག་མཛད་ནས་བཀའ་ལས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་འདི་ད་ཁྱོད་ཀྱང་སྣང་ལ་དེའི་ངང་ལས་ཀྱང་མ་གཡོས་པ་འདི་རེད་འདི་རེད་ཅེས་ལན་འགའ་གསུངས་པར་ཁོང་སྐྲག་པ་ལྟ་བུ་ཞིག་བྱུང་ཞེས་དེ་ཉིད་ལས་ཐོས་སོ། །ཡང་དེང་སྐབས་ལམ་དུས་གསུངས་པ་ན་ཐ་མལ་གྱི་སྣང་བ་གཏན་མི་འདུག་ཅེས་དང་། སྣོད་བཅུད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་གྱིན་འདུག་ཅེས་སོགས་ལྡོག་པ་ཐ་དད་ཀྱི་ཚུལ་ལྟ་བུ་བླ་མ་ཀུན་དགའ་བསྟན་འཛིན་དང་རིག་འཛིན་གཉིས་ལ་སོ་སོར་ཕེབས་ཡོད་འདུག་ཀྱང་དོན་ལ་དག་སྣང་ལ་མཉམ་རྗེས་མེད་པའི་དོན་དུ་སྣང་ངོ་། །རིང་ནས་ཆོས་སྐུ་ལེགས་བརྙེས་པས། ད་གདོད་ས་ལམ་རིམ་བགྲོད་ནས། །ཡོན་ཏན་རྒྱུད་ལ་སྐྱེས་པའི་ཚུལ། །དྲང་དོན་ལས་ཀྱང་ཆེས་དྲང་དོན། །འོན་ཀྱང་གོ་འཕང་མཐོར་གཤེགས་ནས། །སྐལ་མཉམ་གདུལ་བྱ་སྨིན་པའི་ཕྱིར། །མིག་འཕྲུལ་སྒྱུ་མའི་རོལ་རྩེད་འདི། །སྤངས་རྟོགས་མཐར་ཕྱིན་སྤྱི་ཡི་ལུགས། །ཀུན་མཁྱེན་ཡེ་ཤེས་ཟླ་བའི་གཟུགས། །འགོག་མེད་ཐུགས་མཚོར་ཤར་བ་ཡང་། །སྙིང་པོ་མེད་པའི་གསུང་གསང་འདིས། །དོན་གྱི་རྟོགས་པས་ལྕི་བར་དཔོག །མི་མིན་འདུག་པའི་ཆོ་འཕྲུལ་མེས། །མི་མཆོག་ཁྱོད་ལ་རྒོལ་བའི་ཚེ། །མི་རྟོག་ཡེ་ཤེས་མེ་ཆེན་གྱིས། །མི་མངོན་དབྱིངས་སུ་དེངས་པར་མཛད། །ཡང་གཅིག་མི་སྡུག་གཟུགས་བསྟན་པ། །ཡེ་ཤེས་གཟིགས་པས་ཁྱབ་ཙམ་གྱིས། །དེ་ཡང་དེ་ཡི་ངང་བཞིན་ལས། །སྤངས་བླང་བྲལ་བ་འདི་རེ་མཚར། །ཟབ་མོ་ནང་གི་རླུང་ལྟས་ཀྱིས། །མ་འདྲེས་ཕྱི་ཡི་ལྟས་མཁྱེན་པ། །སྔོན་དུས་སྔགས་འཆང་དབང་པོ་འགའི། །རྗེས་སུ་བྱོན་ལ་ཅི་ཞིག་བསྙོན། །དོན་འདི་རྡོ་རྗེའི་ལུས་དཀྱིལ་ལ། །དབང་འབྱོར་ཡོན་ཏན་བསམ་ཡས་པ། །སྐལ་མེད་ཡོངས་ཀྱི་རྣ་ལམ་དུ། །བསྐལ་དོན་སོང་བ་ཅིས་མི་རྟོགས། །རབ་དྭངས་ཐུགས་ཀྱི་མཁའ་དབྱིངས་སུ། །དག་པའི་གཟུགས་བརྙན་འབུམ་འཆར་བ། །གསང་འོས་གསང་གཏམ་འདི་འདྲ་ཡང་། །ཐུགས་བརྩེས་ཐུགས་ལ་བཏགས་པའི་ཚེ། །ལྷ་རྣམས་དགའ་བའི་རྣམ་དཔྱོད་ཅན། །ཐུགས་སྲས་ཡོངས་ཀྱི་ཐ་ཆུང་གིས། །ཞབས་ལྷམ་སྣ་ལ་སྒུ་པ་ལས། །མཐོན་པོའི་མཁའ་ལ་ཅིའི་ཕྱིར་དགྱེ། །དེ་རྗེས་ཐུགས་ཉམས་དག་པའི་གཟུགས། །རྣམ་གསལ་ཕྱབ་ག་སོར་གྱིས་བསྟན་པས། དགའ་ལ་བག་ཚ་སྤུ་ཟིང་བའི། །སེམས་ཉམས་དུ་མ་ད་གདོད་འཆར། །སྲིད་རྩ་དྲུངས་འབྱིན་དགེ་སློང་དང་། །འབྲེལ་ཚད་དོན་ལྡན་རྒྱལ་བའི་སྲས། །རིག་འཛིན་ཡོངས་ཀྱི་དེད་དཔོན་ཞེས། །རང་གི་རང་བཞིན་བརྗོད་པར་གསུངས། །རྣམ་དཔྱོད་རོ་འཛིན་མ་ཉམས་པས། །རྣམ་ཐར་འདི་ཡི་རོ་མྱང་ན། །རྣམ་གསུམ་ཡོན་ཏན་འདི་དག་ལས། །རྣམ་གྲངས་གཞན་དག་ངལ་བའི་རྒྱུ། །འཇིགས་མེད་སྨྲ་བའི་སེང་ཆེན་དེས། །མཐའ་བྲལ་དབུ་མའི་གཞུང་ཀུན་ལས། །ཟབ་རྒུ་བསྡུས་པའི་སྤྱི་དོན་ལ། །ཡང་ཡང་སྦྱངས་པ་དེ་ཡི་མཐར། །མ་འགགས་སྣང་སྲིད་དངོས་པོ་འདི། །གཞི་མེད་རྨི་ལམ་སྒྱུ་མ་བཞིན། །ཞལ་གྱི་ཕུ་ཙམ་བཏབ་པས་ཀྱང་། །རང་སར་ཡལ་བའི་ཐུགས་ཉམས་ཤར། །ལོག་སྤྱོད་བརྒྱ་ཕྲག་གིས་མྱོས་ཀྱང་། །རྣམ་ཀུན་ཐུགས་བརྩེས་མ་དོར་བས། །བགོ་སྐལ་བུ་ལ་གནང་དགོས་ཞེས། །བཀའ་དྲིན་འཁོར་བའི་ཕ་མཐའ་ཅི། །གྲུབ་མཆོག་བླ་མའི་ཞལ་ལུང་ལས། །གྲུབ་པའི་སྐྱ་རེངས་ཤར་བའི་ཚེ། །གྲུབ་ཐོབ་བརྒྱུད་པའི་གདམས་ཟབ་འདིས། །གྲུབ་མཐའ་སྙོགས་པའི་ལུང་བསྟན་སྙན། །གང་ཚེ་ཟབ་མོའི་ལམ་མཆོག་འདིའི། །ཟབ་དོན་བསྒོམ་ལ་ཞུགས་པའི་ཚེ། །དེ་ཚེ་རྡོ་རྗེའི་ས་མཆོག་གི། །ཡོན་ཏན་མ་ལུས་ཉེ་བར་རྟོགས། །སྔགས་གཞུང་རྒྱ་མཚོའི་དགོངས་དོན་ལ། །མཁས་པར་གྲགས་པ་འདི་མ་ཟད། །བཟོད་ཐོབ་ཡོན་ཏན་གྱིས་ཀྱང་ནི། །རྗེ་བཙུན་རྗེ་ཡི་རྗེས་སུ་སོང་། །བསགས་མཁས་བྱི་བ་སྨུག་ཆུང་ཁོར། །དཔེ་མང་མཛོད་དུ་ཞུགས་པ་ན། །ཇི་སྙེད་གླེགས་བམ་ཕྱིར་བྱོན་ཏེ། །མངོན་སུམ་ཉིད་དུ་མཇལ་བ་བཞིན། །རྗེ་འདིའི་ཐུགས་ཀྱི་གསང་མཛོད་དུ། །ལེགས་བཞུགས་རྟོགས་པའི་རྒྱལ་པོ་འགའ། །གསུང་གི་ལམ་ནས་མངོན་སུམ་དུ། །མཇལ་བའི་དུས་སྟོན་གསར་པ་འཆར། །དགྱེས་མཛད་ཞི་ཁྲོའི་ལྷ་མཆོག་ཟུང་། །ཞལ་ཕྱག་ཅན་གྱི་ཞལ་གཟིགས་ལས། །རྣམ་པ་སྟོང་གིས་ཁྱད་འཕགས་པའི། །རང་བཞིན་རང་ཞལ་གཟིགས་པའི་ཚུལ། །གསང་ལས་ཆེས་གསང་རྡོ་རྗེའི་ཚིག །ཟབ་ལས་ཆེས་ཟབ་ཌཱ་ཀིའི་སྙིང་། །མཆོག་ལས་ཆེས་མཆོག་དཔའ་བོའི་སྲོག །ཐུགས་སྙིང་རྗེན་པར་བདག་ལ་བསྟན། །སྐྱབས་ལ་དད་པའི་གདུང་ཤུགས་བྲལ། །ཆོས་ལ་ཉམས་ལེན་འཆིང་ཐག་ཆད། །ཚོགས་གཉིས་བསགས་པའི་ལག་རྗེས་ཕྲ། །མ་དག་སྐྱོན་གྱི་གོང་བུ་བདག །དད་དང་སྐལ་པ་ལས་འཕྲོ་སོགས། །མུ་གེའི་དུས་ཀྱི་སློང་ཟས་བཞིན། །ཡོད་ལ་མེད་ཙམ་འདིས་མ་གཏོགས། །རྟོགས་གྲོལ་དུས་མཉམ་ཐེ་ཚོམ་མེད། །དེ་འདྲའི་སྐལ་བ་ལས་བྱོལ་ནས། །ཤེས་རྒྱུད་རྡོ་བ་སྐམ་པོ་ལ། །རྟོགས་པའི་ཆུ་ཡིས་མ་བརླན་པར། །ད་དུང་ལུས་པ་འདི་སྐྱོ་འོ། །འོན་ཀྱང་སྐྱེ་སྲིད་དུ་མ་རུ། །ཞབས་ནས་འདྲེན་པ་ཆེས་མང་ཡང་། །དབུ་ནས་འདྲེན་པ་མ་དོང་བཞིན། །འབྲེལ་བའི་རློམ་པ་ཅུང་ཟད་བདོག །རྡོ་རྗེའི་གསུང་གི་ཟུར་རེ་ཡང་། །ལེགས་བཤད་འབུམ་གྱི་ལྕི་བ་གང་། །སྙིང་དང་མཛའ་བའི་སྐལ་བཟང་འདི། །རྗེ་བཙུན་རྒྱལ་པོ་ཁྱོད་ཀྱི་དྲིན། །སླད་མའི་དུས་ཀྱང་བྱང་ཆེན་པར། །ལས་མཐའ་ལོག་པའི་ལས་ངན་བདག །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རེ་ས་གཞན་ན་མེད་དོ་ཀྱེ། །གཉིས་པ་ལྷ་དང་བླ་མས་བྱིན་གྱིས་བརླབས་ཚུལ་ལ་གཉིས་ཏེ། བླ་མ་དང་ལྷ་མཆོག་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཀྱི་མཚན་མ་བརྙེས་ཚུལ། ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ་ཚུལ་ལོ། །དང་པོ་ནི། འདི་དག་ལ་དུས་སྔ་ཕྱིའི་ངེས་པ་ཆེར་མེད་ཀྱང་བརྗོད་པ་གཙོ་བོར་བྱས་ན། བཀའ་ལས། ཁོ་བོ་དབུས་ནས་མར་འོངས་དུས་སྡེ་དགེའི་ས་ཆར་སླེབས་པའི་ཚེ་རྡོ་རྗེ་འཆང་བློ་གཏེར་དབང་པོ་ཞིང་གཞན་དུ་གཤེགས་ནས་ལོ་མང་པོ་ཞིག་སོང་བ་ཡིན་ཀྱང་དེ་དུས་ཞལ་མངོན་སུམ་དུ་བསྟན་ནས། བརྡ་ཚིག་གི་སྒོ་ནས་ལུང་བསྟན་མང་པོ་ཞིག་མཛད་པ་དེ་དག་ཕྱིས་སུ་མི་བསླུ་བར་བྱུང་བས་དེ་རྡོ་རྗེ་འཆང་དངོས་ཡིན་པ་ལ་འཁྲུལ་པ་མི་འདུག་ཅེས་ཕེབས་པར། དེ་ཉིད་ཞིབ་པར་གསུངས་པའི་བཀའ་དྲིན་ཞིག་ཞུས་པ་ན། ཅང་མི་གསུངས་པར་མཉམ་བཞག་མཛད་ནས་བཞུགས་པས། དེ་ནས་ཞུ་བའི་སྤོབས་པ་རང་མ་བྱུང་ལ། དེ་རྗེས་ཁོ་བོ་སྐུ་བཅར་ཕྱི་མའི་དུས་ཐུགས་ཤིན་ཏུ་བརྩེ་བ་གནང་འདུག་པར་རྗེའི་རྣམ་ཐར་ཞིག་གི་བཀའ་དྲིན་ཞུས་པར་གསུང་དུ་མ་བཞེད་ཀྱང་དེ་ཉིད་སྔར་སྤྱི་སྡོམ་སོང་ཚར་སྟབས་ཆེད་དུ་ཞུས་ན་གསུང་ངམ་སྙམ་ཏེ་ད་དུང་ལན་གཅིག་མཇལ་དུས་རྣམ་ཐར་ཡོངས་རྫོགས་ཤིག་གི་བཀའ་དྲིན་ཞུ་སྙམ་པ་ལས་དེ་ཁོ་ན་ཆེད་དུ་ཞུ་བ་ཡང་མ་བྱུང་ངོ་། །ཡང་ལན་ཅིག་རྗེ་འདིའི་མནལ་ལམ་དུ་མི་འགའ་ཞིག་གིས་ད་འགྲོ་ད་འགྲོ་ཟེར་ནས་རྗེ་ཉིད་ཁྲིད་སོང་བ་བླ་ཆེན་མི་ཆེན་མང་པོ་དང་བཅས་པའི་སྒར་ཆེན་པོ་ཞིག་གི་ནང་དུ་ཕེབས་འཕྲལ་ཕྱག་འཚོལ་ཟེར་བར། དེ་མ་ཐག་བྲག་གཡབ་འདྲེ་ངན་ཡིན་པར་མཁྱེན་ནས་དཔོན་སློབ་རྡོ་རྗེ་འཆང་དང་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པས་སྒར་དེ་འཇའ་ཡལ་བ་ལྟར་སོང་བ་ཡིན་འདུག་ལ། དེའི་རྗེས་ཞག་ཁ་ཤས་ནས་དཔོན་ཚང་ལ་ཅུང་གནོད་པ་ཞིག་བྱུང་ཚུལ་བཀའ་ལས་ཐོས་སོ། །སྐབས་ཤིག་གླིང་གཤིས་དང་ཕྱོགས་ཉེ་བའི་རི་ཁྲོད་ཅིག་ཏུ་བཞུགས་སྐབས། རྗེ་ཉིད་ཀྱི་སྐུའི་གཉེན་དུ་བརྩི་བའི་བྱིས་པ་ཆུང་ངུ་ཞིག་གིས་འོ་མ་རྫེའུ་གང་ཁྱེར་ནས་ཕུལ་བྱུང་བར་ཁོ་ལ་ཇ་ཞིག་གནང་ནས་དེ་འཐུང་བའི་བར་ལ་གསུང་གླེང་འདྲ་བྱེད་བཞིན་པ་ན་བར་ཐག་རྒྱང་ཙམ་ཡོད་ཀྱང་ཁོའི་ཕོར་པའི་ནང་ནས་ཆུ་ཐིགས་གཅིག་འཕགས་ནས་གསོལ་ཞལ་དུ་ལྷུང་སོང་བ་གཟིགས་པས་དེ་ལ་ལེགས་རྒྱུ་མི་འདུག་གསོལ་མི་ཉན་དགོངས་པའི་ཚེ་ཐུགས་ཡེངས་པ་གཅིག་ལ་གསོལ་ཟིན་འདུག །དེ་འཕྲལ་མི་བདེ་བ་ཞིག་བྱུང་། དེ་ནས་དེ་ཉིད་སོང་རྗེས་མགུལ་གྱི་གྲེ་བ་འགགས་པ་ལྟ་བུའི་བསྙུང་ཚབས་ཤིན་ཏུ་ཆེན་པོ་བྱུང་བར་རྡོ་རྗེ་འཆང་གི་དབུ་སྐྲ་ཉག་མ་གཅིག་བཞེས་པས་དེ་འཕྲལ་སྒྲེགས་པ་གཅིག་བྱུང་བ་ན་འགེགས་བྱེད་དེ་མངོན་སུམ་དུ་བླངས་པ་ལྟ་བུར་གྱུར་ཏེ་བསྙུན་ལས་གྲོལ་ཚུལ་དང་། དེ་ཉིད་གླིང་གཤིས་པའི་འདྲེ་ངན་དེ་ཡིན་འདུག་ཅེས་བཀའ་ལས་ཐོས་སོ། །རྡོ་འཛོམ་དུ་བཞུགས་དུས་ལན་ཅིག་རྒྱ་དམག་གི་འུར་ཟིང་ཆེན་པོ་བྱུང་བར། ད་བྲོས་པ་ལས་འོས་མི་འདུག་དགོངས་ནས་དེའི་གྲབས་མཛད་པའི་ནུབ་མོར་མནལ་ལམ་དུ་འཇམ་མགོན་བླ་མ་ཕེབས་ནས་ཞལ་ངོ་ཅུང་ནག་པ་ལྟ་བུ་ཞིག་མཛད་དེ་སྡོད་སྡོད་ཅེས་ལན་འགའ་གསུངས་པ་ཞིག་བྱུང་བར་དེའི་ཕྱི་ཉིན་ནས་བཤོལ་བ་གནང་བས་ལུང་བསྟན་ལྟར་བྲོས་མ་དགོས་པ་བྱུང་བ་ཡིན་ཚུལ་ཡང་བཀའ་ལས་ཐོས་སོ། །འཇམ་མགོན་རིན་པོ་ཆེ་འདི་ཉིད་ནི་ཡབ་སྲས་ཐུགས་ཤིན་ཏུ་ཉེ་ཞིང་ཐུགས་འབྲེལ་ཟབ་པའི་རྩ་བའི་བླ་མ་གཅིག་ཆོག་རྒྱལ་པོ་ཡིན་པའི་ཕྱིར། ཞིང་གཞན་དུ་གཤེགས་ཟིན་པའི་རྗེས་སུའང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ཚུལ་སོགས་ཡོད་པར་ངེས་ཀྱང་དེ་འདྲ་ཅི་ཡང་མ་ཐོས་ལ། རྡོ་རྗེ་འཆང་དང་འཇམ་མགོན་རིན་པོ་ཆེ་གཉིས་ཀ་ལ་གསོལ་བ་བཏབ་པས་བར་ཆད་ཞི་བ་དང་བྱིན་རླབས་ཀྱི་མཚན་མ་བྱུང་ཚུལ་ནི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་འདུག་ཀྱང་དེ་ཐམས་ཅད་དྲན་ལམ་དུ་ཆུད་པ་ཞིག་མ་བྱུང་ལ་ཅུང་ཟད་དྲན་རིགས་ཀྱང་མ་སྨོས་ཤིང་མངོན་མཚན་ཆེ་རིགས་འགའ་དཔེའི་ཚུལ་དུ་བཀོད་པའོ། །ཡང་ལྷག་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་དངོས་གྲུབ་ཀྱི་མཚན་མ་བརྙེས་ཚུལ་ལས་གཙོ་བོར་གྱུར་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ནི། རྗེ་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱི་ཞལ་སྔ་ནས་ཨ་འཇམ་འདི་ལ་བར་ཆད་འདྲ་ཆེ་དུས་སྐུ་རིམ་གཞན་མི་དགོས་མགོན་པོ་ལ་བསྙེན་པ་སྐྱོལ་ཞེས་ཕེབས་པ་ཡིན་འདུག་པས་དམ་པ་དེ་ཉིད་ཀྱང་སྒྲིབ་མེད་དུ་གཟིགས་པ་ཞིག་ཡིན་པར་གོར་མ་ཆག་གོ། དེས་ན་བཀའ་ལུང་བཞིན་དེ་དུས་ནམ་སྔ་ཕྱིར་ལྗགས་བསྙེན་ལན་གཉིས་མཛད་པར་གཉིས་ཀ་ལ་ནག་ཚང་ནང་གཏོར་སྒམ་དུ་གཏོར་མ་བཅའ་བཟོ་གྲུབ་ནས་བཞུགས་གྲབས་ཀྱི་ཚེ་བྱ་རོག་ནང་དུ་འཛུལ་ནས་ཟོས་ཤིང་ཡང་བཟོ་བྱེད་དགོས་པ་བྱུང་བ་དང་། ལན་ཅིག་ཁོང་རྣམས་ཀྱིས་བྱ་རོག་དེ་བཟུང་འདུག་པ་ཡིན་ཞེས་ཀྱང་བཀའ་ལས་ཐོས་སོ། །འདི་ནི་སྐྱེས་བས་ཐོབ་པའི་ཚུལ་དུ་ལྷ་འགོ་ཞིང་མ་བསྒྲུབས་ཀྱང་འགྲུབ་པའི་རྟགས་སུ་འདུག་གོ། དེའི་རྗེས་སུ་རྡོ་རྗེ་འཆང་དང་འཇམ་མགོན་རིན་པོ་ཆེ་རྣམ་པ་གཉིས་ཀས་ལྷག་པའི་ལྷ་མཆོག་ཏུ་ལུང་བསྟན་ཅིང་རྗེ་ཉིད་ཀྱིས་ཀྱང་། སྐུ་ཚེ་ཧྲིལ་པོར་ཆིག་དྲིལ་མཛད་པས་རྟགས་མཚན་ཕྲ་མོ་ཤིན་ཏུ་མང་པོ་ཞིག་ཡོད་འདུག་ཀྱང་དེ་ཐམས་ཅད་བརྗོད་ཀྱིས་མི་ལངས་ལ་དགོས་པའང་ཆུང་སྟེ། འཆད་འགྱུར་གྱི་རྟགས་གཅིག་ལ་ཐམས་ཅད་འདུས་པ་ཡིན་ནོ། །ཁྱད་པར་དུ་དབེན་པར་བཞུགས་པའི་ཚེ་བྱ་རོག་གཉིས་ཡོད་པ་དེ་ཡང་ཡ་མཚན་པ་ཞིག་ཡོད་དེ། ཁོ་བོ་དྲུང་དུ་ཡོད་དུས་ཉིན་རེ་བཞིན་ཆག་མེད་དུ་འོངས་པར་ནངས་གཅིག་མ་འོངས་ན་དེའི་ཉིན་འགྲུལ་པ་ཞིག་འོངས་པར་ཐག་བཅད་ཆོག་པ་དང་། གྲིབ་ཅན་འགའ་ལ་དེའི་རྗེས་སུའང་ཞག་ཤས་མི་འོང་ལ། ཉིད་ལ་སྐུ་གེགས་ཆེ་ཞིང་བསྙུན་ལ་ཉེ་བའི་དུས་ལྟ་བུར་ཡང་མི་འོངས་པའམ་འོངས་ཀྱང་གཏོར་མ་མི་ལེན་ཞིང་། དེ་རྗེས་ནམ་འོངས་བ་དང་གཏོར་མ་ལེན་པ་ན་བསྙུན་ལས་གྲོལ་བ་སོགས་ཆེས་ངོ་མཚར་ཆེ་བ་ཡིན་ལ། དང་པོར་བཀའ་ལས། བྱ་རོག་འདི་ངོ་མཚར་ཆེ་བ་ཞིག་ཡོད་ཅེས་རང་ལ་ཕེབས་པར། དེ་ལ་དག་དེ་ཙམ་མཚར་རྒྱུ་ཨེ་ཡོད་ན་སྙམ་པ་བྱུང་ཡང་རྗེས་སོར་དྲེད་པོ་རང་ལ་དེ་འདྲའི་མིག་མཐོང་བྱུང་ཚུན་འདི་དག་ངེས་པར་ཆོས་སྐྱོང་དངོས་ཡིན་འདུག་སྙམ་པ་འབའ་ཞིག་བྱུང་ངོ་། །ལན་ཅིག་གཏོར་མ་ལ་བཙོག་གྲིབ་ཤོར་བས་གཏན་མི་ཟ་བར་ཡང་བཅའ་བྱེད་དགོས་བྱུང་སྐབས་དེ་རྗེས་ཉམས་སད་པའི་ཕྱིར་གཏོར་གསོས་གཙང་བཙོག་གཉིས་པོ་ལག་པ་གཡས་གཡོན་དུ་ཐོགས་ཏེ་རེས་མོས་ཀྱིས་འཕངས་པའི་ཚེ་གཙང་མ་དེ་ཁོ་ན་བླངས་ནས་གཅིག་ཤོས་ཐམས་ཅད་བསྐྱུར་འདུག །ཅེས་དང་། བཅད་རྒྱ་ཤིན་ཏུ་དམ་དུས་ཆུ་ལེན་ལ་བྱོན་པ་ན་སྐུ་རྒྱབ་ཀྱི་ན་བཟའི་མཐའ་མ་ནས་དམ་དུ་བཟུང་ཞིང་འཐེན་མཁན་ཞིག་བྱུང་བར་ཕྱི་མིག་གིས་གཟིགས་པས་བྱ་རོག་གི་མཆུས་བཟུང་ཞིང་འཐེན་པར་འདུག་དེ་འདྲ་ལན་འགའ་བྱུང་བར་སྡོད་ཚུགས་དགོས་པའི་དོན་དུ་སྣང་ཞེས་དང་། ལན་ཅིག་བླ་མ་ཟླ་འོད་བྱོན་བྱུང་བར་ཁོང་ང་རང་གི་བླ་མ་ཡིན་ཞིང་དག་སྣང་ཆེ་བས་དོགས་པ་མེད་ཀྱང་ཞག་ཉི་ཤུ་ལ་བྱ་རོག་མ་འོངས། དེ་ནས་བླ་མ་ཆོས་འཕེལ་བྱུང་བར་རང་གི་སློབ་མ་ཡིན་ཞིང་དེ་ཙམ་གྱི་དག་སྣང་ཆེ་རྒྱུ་ཡང་མེད་ལ་མགོན་ཐང་རྙིང་པ་གཅིག་ལ་གོང་ཤམས་གསར་བརྗེ་བྱེད་དུ་བཅུག་པ་དེའི་ཉིན་བྱ་རོག་ཡོང་བས་ཆོས་སྐྱོང་དགྱེས་པའི་རྟགས་ཡིན་ཞེས་ཐུགས་མཉེས་པར་མཛད། དེ་ལ་དཔོག་ན་གྲུབ་མཐའ་འདི་ལའང་ཅུང་བལྟ་རྒྱུ་འདུག་སྙམ་པ་བྱུང་ཞེས་གསུམ་པོ་འདི་དག་ཀྱང་བཀའ་ལས་ཐོས་སོ། །དུས་གཅིག་བཀའ་ལས། དེང་སྐབས་ལྷ་མོ་འདི་ཅུང་འཁྲུགས་འདུག་ཅེས་ཕེབས་པར་དེའི་ཕྱི་ཉིན་ནས་མོ་བྱ་དེས་གཏོར་མ་གཏན་མི་ཟ་བ་ཞག་འགའ་བྱས་པར། དྲུང་ནས་ཆེད་དུ་བསྐང་བཤགས་མཛད་པས་གཏོར་མ་ལེན་པ་བྱུང་ངོ་། །སྤྱིར་བྱ་རོག་འདི་མགོན་པོའི་མན་ངག་གི་སྐོར་ལས་ཀྱང་གཏོར་ལེན་ནག་པོའི་ཕྲ་བརྟགས་ཞེས་པ་ཞིག་ཀྱང་འབྱུང་བར་གསུངས་ལ། སྔོན་དུས་མ་གཅིག་ཞྭ་མའི་རྣམ་ཐར་དུའང་བྱ་རོག་གིས་གཏོར་མ་མི་ཟ་བ་ལྟས་ཆེན་པོར་བགྲངས་འདུག་པས་ཧམ་ཅན་འགའ་ཞིག་གིས་འདི་ལྟ་བུའི་དམན་ཤོས་ཀྱང་བྲིས་འདུག་དགོས་པའི་ཐུགས་ཁྲེལ་མི་གནང་བ་ཞུ། ཡང་ལན་ཅིག་མནལ་ལམ་དུ་བླ་མ་རིན་པོ་ཆེས་བསྐུར་བ་ཡིན་ཟེར་བའི་མགོན་པོའི་སྐུ་ཤིན་ཏུ་ངོ་མཚར་ཅན་ཞིག་ཕྱག་ཏུ་ཕུལ་བྱུང་བ་དང་། ལན་ཅིག་རྗེ་ཉིད་ཀྱི་དབུ་ཐོག་ནས་ཡར་ཙམ་ན་མགོན་པོའི་བེ་བུམ་གྱི་པོད་རྣམས་བརྩེགས་ནས་བཞུགས་པར་ལྷུང་ལ་ཁད་པ་ལྟ་བུ་ཞིག་བྱུང་བ་དེ་དག་རིམ་པ་ལྟར་སྐུ་དང་གསུང་འགྲུབ་པའི་རྟགས་ཡིན་ཚུལ་བླ་མ་ཨ་འཇམ་དང་སྒྲུབ་བརྩོན་ངག་དབང་དགེ་ལེགས་གཉིས་ཆར་ལ་མཐུན་པར་གསུངས་འདུག་གོ། ཡང་ལན་ཅིག་འཇམ་མགོན་རིན་པོ་ཆེ་སྡེ་གཞུང་དུ་བཞུགས་དུས་རྗེ་འདི་ལ་སྐུ་གེགས་ཤིན་ཏུ་ཆེ་ཚུལ་ཕེབས་པས་སྐུ་རྗེས་འབྲངས་ཏེ་ཐར་ལམ་དགོན་དུ་བྱོན་པ་ན་དེར་ཡང་སྐུ་གྲིབ་ལྟ་བུས་བསྙུང་བས་ཤིན་ཏུ་ལྕི་ཞིང་རེས་བརྒྱལ་བ་ལྟ་བུར་གྱུར་ཏེ་ཡུན་རིང་པོར་ཐུགས་དྲན་མི་རྙེད་པ་ཡང་ལན་འགར་སོང་ཙ་ན་འདི་འདྲ་ཞིག་ལ་འཆི་བ་ཡིན་འདུག་དགོངས་ནས་བླ་མ་ཚུལ་ཁྲིམས་དེར་བཞུགས་པ་དྲུང་དུ་བོས་ཏེ་དྲན་མེད་དུ་སོང་བ་འདི་འདྲ་གཅིག་ལ་འཆི་ཨེ་འགྲོ་སྙམ་པས་འདི་ལྟར་གྱིས་ཞེས་ཞལ་ཆེམས་ཀྱི་ལུགས་ལྟ་བུ་གསུངས་ནས་བླ་མ་རིན་པོ་ཆེའི་མདུན་དུ་ཞུ་སྒོ་བཀག་ཀྱང་དེ་འཕྲལ་ཞུས་སོང་སྟབས་སྐུ་དྲུང་དུ་བྱོན་གསུངས་པར་བཀའ་གནང་ལྟར་ཕེབས་པས་ཁྱོད་གཏན་མི་སྐྱོན་འདི་ན་ནམ་ཕེབས་པ་ན་ང་ལ་མགོན་པོའི་སྣང་བ་རེ་ཆད་མེད་དུ་ཤར་བས། མ་ཧཱ་ཀཱ་ལས་བུ་བཞིན་དུ་སྐྱོང་འདུག་ཅེས་ཕེབས་ཚུལ་བཀའ་ལས་ཐོས་སོ། །ཡང་འཆད་འགྱུར་གྱི་གཟིགས་སྣང་དང་མགོན་སྐུ་བཞེངས་ཚུལ་འདི་དག་འོག་གི་འདིའི་རིགས་སོ་སོའི་སྐབས་འཆད་པར་འོས་མོད་གཅིག་ཏུ་འདིར་ཡང་འབྲེལ་ཆེ་ཞིང་བརྗོད་བདེ་བའི་ཕྱིར་འདིར་སྨོས་ན། སྐུ་འདའ་ཁའི་སྔར་ལྕགས་ཡོས་ལོར་རྫོང་སར་ནས་མར་ཕེབས་ཞོར། འཛིང་རྣམ་རྒྱལ་མགོན་ཁང་དུ། ཆོས་རྗེ་ཁུ་དབོན་གྱིས་བཞེངས་པའི་མགོན་པོ་མཇལ་བའི་ཚེ། བཀའ་ལས། ད་རེས་མགོན་པོ་འདི་སྔར་དང་མི་འདྲ་བར་དམར་པོ་ཞིག་ཏུ་མཐོང་བྱུང་གསུངས་པས། མགོན་བླ་ནས་མེ་སྟག་འཕྲོ་བ་ཡིན་ནམ་ཞུས་པར། མིན་སྐུ་མདོག་དམར་པོ་རང་རེད། དབང་གི་རྟགས་ཡིན་ཞེས་བཀྲ་ཤིས་ཆོས་ལྡན་ལས་ཐོས་པ་འདི་ནི་དེའི་སྔར་ལོའམ་དེ་ལོ་གང་རུང་ཞིག་ཏུ་གྲུབ་མཐའ་སྙོགས་ཚུལ་བསྟན་ཡོད་ཚོད་དུ་འདུག་པས་རང་སྣང་དབང་འདུས་ཀྱི་རྟགས་མཐུན་མིན་དུ་མངོན་ནོ། །ཡང་ལན་ཅིག་རྫོང་གསར་དགོན་དུ་རྗེ་མཁྱེན་བརྩེའི་ཞབས་ཀྱི་དབང་ཁང་དུ་སྒ་སྟོན་རིན་པོ་ཆེ་ཇོ་བོ་ག་ཡ་དྷ་ར་ནས་བརྒྱུད་པའི་ལམ་འབྲས་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང་དེ་མཛད་པའི་ཚེ་རྗེ་འདི་ཉིད་རྗེས་ཙམ་ལས་མ་བྱོན་པས་གྲལ་མགོར་ཕེབས་མ་ཐུབ་པར་གྲལ་དཀྱིལ་དེར་བཞུགས་པས་ལྷ་བསྐྱེད་ཚར་བའི་རྗེས་སུ་འཇམ་མགོན་བླ་མས་ཡུན་རིང་པོར་རྗེ་འདི་ལ་གཟིགས་པ་གནང་བར་དེ་རྗེས་གྲོལ་ནས་གཟིམས་ཆུང་དུ་ཕེབས་དུས་སྐུ་དྲུང་དུ་བྱོན་པ་ན། འ་འི་ཕ་བཟང་གི་བུ་ད་གོ་ཆོད་འདུག །དེ་རིང་ཁྱོད་མགོན་པོའི་སྐུ་རྒྱན་ཆ་ལུགས་ཞལ་ཕྱག་ཡོངས་སུ་རྫོགས་པ་ཞིག་ཏུ་བཀྲ་ལམ་མེར་བཞེངས་འདུག་པ་ལ་ང་རང་གིས་ཡུན་རིང་པོར་མཇལ་བ་ཡིན་ཞེས། ཐུགས་གཏིང་ནས་མཉེས་པའི་དཔེ་མེད་ཀྱི་དགྱེས་ཚོར་ཆེན་པོ་གནང་འདུག་ཅེས་རྗེ་ཉིད་ཀྱིས་བཀའ་ལས་ཐོས་ཏེ། འདི་ནི་ཡབ་སྲས་གཉིས་ཀའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དུ་སྣང་ངོ་། །རྗེས་སོར་ཕྲན་ཆུང་ལ་མགོན་པོའི་སྐོར་གྱི་དབང་རྗེས་གནང་རྣམས་བཀའ་དྲིན་སྩལ་དུས་ཀྱང་རྗེས་གནང་འདི་ཐམས་ཅད་ཀྱི་རྗེས་སུ་བྱེད་ང་རང་ལ་བླ་མ་རིན་པོ་ཆེས་གཟིགས་སྣང་ཞིག་བྱུང་གསུངས་པ་དེ་འདི་ཡིན་ཞེས་ཕེབས་ལ་གཉེར་བཀྲ་ཤིས་ཆོས་ལྡན་ལའང་འདི་བཞིན་གསུངས་འདུག་ཅིང་གཞན་ཡང་ཐུགས་ཟིན་རེ་གཉིས་ལ་གསུངས་ཡོད་ཚོད་དུ་གདའ། ཁྱད་པར་དུ་འཇམ་མགོན་བླ་མའི་ཞལ་སྔ་ནས། མཁྱེན་སྤྲུལ་རིན་པོ་ཆེ་ལའང་དེ་འཕྲལ་འདི་བཞིན་ཕེབས་འདུག་པས་ལེགས་པར་བསམ་ན་རྣམ་པར་ཐར་པ་འདི་གཅིག་པུས་ཆོག་པར་འདུག །དོན་འདི་ནི། བདག་ཉིད་ཆེན་པོའི་རྣམ་ཐར་གསོལ་འདེབས་ལས། བསམ་པ་དག་པའི་གདུལ་བྱ་འགའ་ཞིག་གིས། །འཇམ་པའི་དབྱངས་སུ་མིག་གིས་མཐོང་གྱུར་ཅིང་། །ཞེས་གསུངས་པ་དེ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །ཡང་རྗེ་བླ་མ་ཞིང་གཞན་དུ་གཤེགས་རྗེས། འཇམ་མགོན་མཁྱེན་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། རྗེའི་སྐུ་ཚད་ལས་མི་ཆུང་བའི་མགོན་པོའི་སྐུ་ཞིག་བཞེངས་ན། བོད་ཁམས་སྤྱི་དང་བྱེ་བྲག་སྡེ་གཞུང་མ་ལ་ཕན་ངེས་ཀྱི་ལུང་བསྟན་བསྩལ་བར། བཀའ་བཞིན་སྒྲུབ་པར་རྩོམ་ཚེ། དང་པོར་གྲུབ་མཐའ་མི་གཅིག་པའི་ཕྱོགས་ཤིག་ཏུ་ལྷ་བཟོ་འབོད་ཕྱིར་བཏང་གྲབས་ཀྱི། ལན་གསུམ་དུ་བང་མི་དེ་དག་ལ་སང་ཉིན་འགྲོ་ཟེར་དུས་གློ་བུར་དུ་ནད་རེ་ཕོག་ནས་རྣམ་རྟོག་ལངས་པ་ཞིག་ཏུ་གྱུར། དེ་རྗེས་འཛིང་དཔལ་འཛོམ་དགོན་དུ་ལྷ་བཟོ་ཕུན་ཚོགས་ནོར་བུ་ཞུ་བ་ཞིག་བཞུགས་རྒྱུའི་ཐག་ཆོད་ནས་དེར་སོང་བར། དེ་ཡང་མགོན་པོ་ཕྱི་ནང་གི་དབང་ཁྲིད་ཐོབ་ཅིང་བསྙེན་སོང་ཡིན་འདུག་པར། ཁོང་ལ་སྔ་མོ་ནས་རྗེ་བླ་མ་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱི་བཀའ་ལས། བདག་གིས་མ་འོངས་པར་མགོན་སྐུ་ཞིག་བཞེངས་རྒྱུའི་རེ་བ་ཡོད་པས། དེ་ལྟར་སོང་ཚེ་ཁྱོད་རང་འབྱོན་དགོས་ཞེས་དེ་འདྲའི་གསུང་འཕྲོས་ལན་གསུམ་གྱི་བར་དུ་བསྩལ་བྱུང་བར། དེ་ཉིད་ད་ལྟའི་འདི་ཡིན་འདུག་གསུངས་ནས་དགྱེས་བཞིན་བྱོན་པས། ཤིང་རྟ་ཟླ་བ་ལྔ་པའི་ཉེར་བརྒྱད་ལ་ཕེབས་ནས་ཉེར་དགུར་དབུ་བཟུང་རྒྱུ་ལས་གཞན་ཆེད་དུ་ཅིའང་མ་གཏད་བཞིན། ཞལ་ཤེས་ཀྱི་ཡི་གེར། རབ་ཟླ་བ་བཅུ་གཉིས་པའི་ཉེར་དགུ། གཟའ་མིག་དམར། སྐར་མ་མགོ། དེ་གསུམ་འགྲིགས་ན་ཕུན་སུམ་ཚོགས་པ་གསུངས་པ་ལྟར་དེའི་ཉེར་དགུའི་ཉིན་གཟའ་སྐར་དེ་དག་འཛོམས་སྟེ་ཡུན་རིང་བསྒུག་ནས་བསྒྲིགས་པ་ལྟ་བུར་སོང་ཞིང་། དེ་ནས་ཕྱག་ལེན་ཞིབ་རྒྱས་ཀྱིས་མགོན་སྐུ་ཐོག་ཚད་ཅིག་མཐར་ཐུན་མོང་དང་ཐུན་མིན་གྱི་རབ་གནས་བཅས་གྲུབ་ནས་ཆོས་སྡེའི་མགོན་ཁང་དུ་བཟོ་ཁྱད་ཀྱི་སྤུས། བྱིན་རླབས་ཀྱི་ཟིལ་ཤིན་ཏུ་ཁྱད་འཕགས་སུ་བཞུགས་པ་འདི་འབྱུང་འགྱུར་སྒྲིབ་མེད་དུ་མཁྱེན་པ་ཙམ་དུ་མ་ཟད་རྗེ་འདི་ཉིད་མགོན་པོ་དངོས་ཡིན་པའི་རྒྱུ་མཚན་དུའང་ཆེས་ཆེ་བར་སྨོས་མ་དགོས་ཤིང་། མཁྱེན་སྤྲུལ་རིན་པོ་ཆེའི་ཆེ་བར་ཡང་མངོན་ནོ། །ཡང་འཇམ་མགོན་རིན་པོ་ཆེ་དང་པོར་ཕེབས་དུས། རྗེ་འདིས་ཤེས་རབ་ཀྱི་ལྷ་གང་བསྒྲུབ་ཅིག་ཐུགས་ལ་འདོགས་པར་ཞུས་པས། ང་རང་གིས་བལྟ་འོང་གསུངས་པར། སྤྲུལ་སྐུའི་ཤེས་རབ་ཀྱི་ལྷ་གང་ཡིན་དགོངས་པའི་ངང་འོད་གསལ་ལ་ལམ་འབྲས་སྲས་དོན་མ་ཞིག་གི་དབུ་ལྷ་དབྱངས་ཅན་མ་བཞུགས་པ་ཞིག་མི་ཞིག་གིས་བསྟན་བྱུང་བས་ཁྱོད་ཀྱིས་དབྱངས་ཅན་མ་འདི་ལྷག་ལྷར་ཟུངས་དང་ལམ་འབྲས་ཀྱི་དོན་ཇི་བཞིན་རྟོགས་པའི་ཤེས་རབ་ཟབ་མོ་ཞིག་སྐྱེ་བ་ལ་ཐེ་ཚོམ་མེད་ཅེས་ཕེབས་པས། དེ་འཕྲལ་དགོན་ནང་རྡོ་འབུམ་གསེབ་དེར་ནག་ཚང་ཕུབ་སྟེ་བསྙེན་པ་ལ་བཞུགས་པར་དང་པོའི་ནུབ་མོ་ནས་བཟུང་ཞག་བདུན་ཕྲག་དེ་ཐམས་ཅད་ལ་མནལ་ལམ་དུ་གླིང་ཚང་རྒྱལ་པོ་ཡབ་ཡུམ་གཉིས། ཉིད་ཀྱི་གཟིམ་ཚང་ལ་བསྐོར་བ་བྱེད་པ་ལ་རྒྱལ་པོ་དེ་བཏང་སྙོམས་པའི་ཚུལ་དང་། བཙུན་མོས་རྗེ་ཉིད་ལ་དགའ་བའི་རྣམ་འགྱུར་མང་པོ་དང་བཅས་ནང་དུ་འོང་འདོད་པ་ལ་ནག་ཚང་དེ་ལ་བཙོག་པར་བལྟ་བའི་ཚུལ་གྱིས་དངོས་སུ་འོངས་པ་ཞིག་ཀྱང་མ་བྱུང་བ་ཁོ་ན་རྨིས་པ་ཡིན་འདུག་པར། དེ་ཇི་ལྟར་ལགས་ཞུས་པས། འཇམ་དཔལ་སྨྲ་སེང་ཡབ་ཡུམ་ཡིན་རྒྱུ་ལ་ཁོ་བོས་ཡུམ་ཉིད་སྒེར་དུ་བསྒྲུབ་པ་ཡིན་པས་དེའི་ལུགས་སུ་གོ་ཡང་ནག་ཚང་ཕུབས་པ་དེ་མི་ལེགས་པ་ཡིན་འདུག་སྙམ་པ་བྱུང་ཞེས་བཀའ་ལས་ཐོས་སོ། །དེ་ཕྱིན་ལྗགས་བསྙེན་ནམ་བཞུགས་ལ་ན་བཟའ་སློག་གོས་སྤངས་པའི་གསར་པ་དང་། གུར་ཕུབ་པ་སོགས་གཙང་སྦྲ་ཕུལ་ཕྱིན་མཛད་པ་ཡིན་ནོ། །ཡང་ལན་ཅིག་ལྗགས་བསྙེན་གནང་དུས། མནལ་ལམ་དུ་བུད་མེད་འཕྱོར་མོ་ཞིག་གིས་རྗེ་ཉིད་ཀྱི་དབུ་ཐོག་ཏུ་དར་ལྗང་ཁུ་ཞིག་དཔྱངས་སོང་བར། དེ་ནི་ཀུན་རིག་གི་རིན་ཆེན་མཛེས་བུམ་མའི་ནང་གི་མཛེས་ཤིང་ཡིད་འོང་སོགས་ནས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ཞེས་པ་དེ་ལྟ་བུའི་རྟགས་སུ་ངེས་ཚུལ་རྗེ་ཉིད་ཀྱིས་སྐུའི་མཆེད་ཟླ་བླ་མ་ཀུན་དགའ་བསྟན་འཛིན་ལ་གསུངས་པ་དེ་ཉིད་ཀྱི་གསུངས་ལས་ཐོས་སོ། །ལན་ཅིག་ཧ་རོའི་མགུལ་དེར་བསྙེན་པ་གནང་བ་ན་ཞོག་ལ་ཉེ་བའི་དུས་ཁོ་བོ་ལ་ད་རེས་ཀྱི་བུམ་ཆུ་འདི་བྱིན་རླབས་ཡོད་ངེས་ཤིག་ཡིན་རིལ་བུ་དྲིལ་ནས་ཐམས་ཅད་ལ་འགྱེད་དགོས་གསུངས་པར་གྲོལ་འཕྲལ་དམ་སེལ་ཅན་གྱི་འགྲུལ་པ་ད་གཏུགས་དགོས་བྱུང་བ་དེས་ལན་པ་ཡིན་ནམ་བདག་ཅག་བསོད་ནམས་དམན་པས་ཡིན་ཆ་མེད་དེ་བུམ་པ་འདྲིལ་ནས་བུམ་ཆུ་དེ་ལྷག་མ་མེད་པར་ཆུད་ཟོས་སུ་སོང་བ་ཡིན་ནོ། །ཡང་ལན་ཅིག་བསྙེན་དུས་མནལ་ལམ་དུ་ཁང་སྒོ་ཞིག་ནས་ཞུགས་ཏེ་བྱོན་པར་གླིང་ཚང་རྒྱལ་མོ་ལྟ་བུའི་བུད་མེད་ཅིག་གིས་ལེགས་བཤད་གོང་མའི་དགོངས་རྒྱན་གྱི་པུསྟི་ཞིག་གཏད་ནས་འདི་ལ་ཞུ་དག་གྱིས་དང་། ངས་སྤར་དུ་བརྐོ་འོང་གསུངས་པ་ཞིག་བྱུང་བར་བླ་མ་རིན་པོ་ཆེ་ལ་ཞུས་པས་རྗེ་ཉིད་ཀྱི་གསུང་ཐམས་ཅད་རྗེ་བཙུན་གོང་མའི་གསུང་གི་རྒྱན་དུ་འགྱུར་བའི་བརྡ་ཡིན་པའི་ལུང་བསྟན་གནང་ཚུལ་ཡང་བླ་མ་དུ་མ་ལ་ཕེབས་འདུག་པ་དེ་དག་ལས་ཐོས་སོ། །ཡང་རྨེ་ཤོད་དུ་ལྗགས་བསྙེན་མཛད་པ་ན་གསུང་ཐུན་ལ་བཞུགས་བཞིན་དུ་མདུན་ཐད་ཀྱི་བར་སྣང་དུ་ཡི་གེ་མང་པོར་བཀྲ་ལམ་གྱིས་ཤར་བ། གཞན་རྣམས་ཆེར་མ་ཟིན་ལ། རྡོ་རྗེ་དབྱངས་ཅན་མ་བྱ་བ་དང་། རྡོ་རྗེ་ཡང་ཡིན་ལ། འཛིན་པ་ཡང་ཡིན་ཞིང་། ཆེན་པོ་ཡང་ཡིན་ཞེས་པ་ཞིག་འདུག་ཅེས་བདག་ལ་ཕེབས་ཤིང་། ཕྱིས་སུ་ས་སྐྱ་བླ་མ་ངག་ཆོས་ལའང་དེ་བཞིན་དུ་གསུངས་འདུག་གོ། དེ་ལྟར་བྱིན་རླབས་ཀྱི་མཚན་མ་བརྙེས་ཚུལ་གོང་སྨོས་དེ་དག་ཙམ་དུ་མ་ཟད། བསྟོད་པ་ལས་ཀྱང་། གང་གི་བྱིན་རླབས་སྐྱ་རེངས་དང་པོའི་གཟིས། །སྙིང་ལ་རབ་དགའ་བྱིན་པ་འདིས་བསྐུལ་ནས། །ཞེས་སོགས་གསུངས་པ་ལྟར་རོ། །དངོས་སུ་ཞལ་བསྟན་ཅིང་རྗེས་སུ་བཟུང་བ་ལའང་ཐེ་ཚོམ་མི་འདུག་སྙམ་པ་ཞིག་གསུངས་ཏེ། ལན་ཅིག་འབོར་གྱི་རི་ཁྲོད་ཅིག་ཏུ་ལྗགས་བསྙེན་མཛད་པ་ན་བུམ་ཆུ་དེ་གཞོན་ནུ་མ་ཞིག་གིས་ལེན་དགོས་འདུག་པར། བླ་མ་བློ་གྲོས་ཀྱིས་ཁོང་གིས་དེ་ལྟར་བསྒོམ་ནས་ལེན་འོང་དེས་ཆོག་ངེས་ཡིན་གསུངས་ནས་མདོ་སྡུད་པ་ཞལ་འདོན་མཛད་བཞིན་ཆུ་ལེན་ལ་ཕེབས་པས་ཡར་གནས་སུ་འཁོར་མ་ཐག །བླ་མས། ཆུ་ཡི་ཐིགས་པ་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །ཞེས་པའི་མཚམས་དེར་སླེབས་པས་ཐུགས་བསམ་ཞིག་བསྐོར་ཏེ་ཚིག་མཚམས་ཀྱི་རྟེན་འབྲེལ་དེ་ལ་དཔག་ན་ད་རེས་མི་འགྲུབ་ཀྱང་རིམ་གྱིས་འགྲུབ་བྱ་བ་གཅིག་ཏུ་ངེས་འདུག་ཅེས་གསུངས་པ་དེ་བཞིན་དུ་སོང་བ་ཡིན་ཞེས་ཕྲན་ལ་ལན་འགར་ཕེབས་པར་དེ་ལ་དཔག་ན་མངོན་སུམ་དུ་རྗེས་སུ་བཟུང་བ་ལ་ཐེ་ཚོམ་མི་འདུག་ཀྱང་དེའི་ཚུལ་ནི་ཇི་བཞིན་མ་ཐོས་སོ། །ཡང་རིག་བྱེད་མའི་ལྗགས་བསྙེན་མཛད་པ་ན་མནལ་ལམ་འོད་གསལ་གྱི་ངང་ནས་རྒྱ་ནག་གི་ཡུལ་གྲུ་མ་ལུས་པ་དུས་གཅིག་ཏུ་གཟིགས་པ་སྙམ་བྱེད་པའི་མཐའ་དང་མུ་མེད་པའི་སྨུག་དུང་ངེ་བ་དང་། སྡེ་དགེའི་ཁྲོ་བྲིལ་ཁྲོམ་མན་ཆད་ཀྱི་མདོ་སྨད་ཕལ་ཆེར་ཤིན་ཏུ་གསལ་བར་གཟིགས་ཤིང་དེ་ཡན་ཆད་སྨུག་པ་ཞིག་གིས་བསྒྲིབས་པའི་གཟིགས་སྣང་བྱུང་བར། བཀའ་ལས་གང་སྣང་བའི་ས་ཕྱོགས་དེ་ཐམས་ཅད་དང་རང་གི་ཕྲིན་ལས་འཇུག་རུང་ཞིག་ཡིན་འདུག །ཅེས་དང་། རྗེས་སོར་སྡེ་དགེའི་ཕྱོགས་ཀྱི་སྣང་ཚད་དེ་ནི་ཇི་བཞིན་དུ་སོང་མཁྱེན་སྤྲུལ་རིན་པོ་ཆེ་ལ་ཆོས་འདྲ་ཕུལ་རྒྱུ་སོང་བ་འདི་ཡིན་འདུག་ཅེས་ཕེབས་ལ། དེར་མ་ཟད་དེའི་རྗེས་སུ་དེ་ཕྱོགས་ཀྱི་མཁས་པ་ཆེན་པོ་ཕལ་ཆེར་གྱིས་གཙོས་མཆོག་དམན་དུ་མས་ཀྱང་ཆོས་གསན་རྒྱུ་གྲུབ་ཡོད་འདུག་པ་དེ་དག་དང་བཅས་པའང་ཡིན་ནམ་སྙམ་མོ། །མདོ་སྨད་ཀྱི་ཕྱོགས་གཞན་ནི་སྡེ་གཞུང་མ་རང་གི་ཆོས་སྡེའི་གཙོས་བཤད་སྒྲུབ་ཚད་ལྡན་ཕེར་ངེས་ཀྱི་སློབ་ཚོགས་མང་དུ་བཞུགས་པས་ལུང་བསྟན་དེའི་དགོངས་དོན་དུ་སོང་ངེས་སུ་འདུག་གོ། ཡང་བཀའ་ལས། ཁྱད་པར་རྒྱ་ནག་གི་ཡུལ་འདི་ལ་བདག་ལས་འབྲེལ་ཆེ་བ་ཞིག་བདོག་ཅེས་ལན་འགར་ཕེབས་པར་འོ་ན་དེ་འདྲའི་བཀའ་དྲིན་ཞིག་ཅིས་ཀྱང་སྐྱོང་དགོས་ཞུས་པས་བཀའ་ལས། ད་ང་རང་ལོ་གྲངས་མཐོན་པོར་སོང་། རྩོལ་བ་བྱས་ན་དེ་འདྲ་རེ་འགྲུབ་པ་སྲིད་ཀྱང་སོ་མི་བསོད་པ་ལས་མི་འོང་། ལ་ལས་ཕྲིན་ལས་མ་རྒྱས་ན་ཆོས་ཀྱིས་ཅི་བྱེད་ཟེར་མཁན་འདུག་སྟེ། རང་ཉིད་སངས་རྒྱས་པ་ཞིག་བྱུང་ན་ཕྲིན་ལས་དེ་ཀ་ཡིན། དེའི་ཚེ་འགྲོ་དོན་བྱ་ཡུལ་མེད་པ་དང་། མི་འགྲུབ་སྙམ་པ་མི་འདུག་ཅེས་གནད་དུ་བརྡེགས་པ་རེ་ཕེབས་པ་དེ་ལ་དཔག་ན་ཉིད་ཀྱིས་ཐུགས་རྩོལ་མི་མཛད་པས་ལན་པ་ཡིན་ནམ་སྙམ་པ་ཞིག་ཀྱང་གདའ། གང་ལྟར་ཡང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་ལོ་རྒྱུས་ལྟར་ད་ལྟ་རྟེན་འབྲེལ་གྱི་གནད་ཅུང་མ་ཚང་བས་སློབ་བརྒྱུད་ལྟ་བུས་སམ། རྗེ་ཉིད་ཀྱི་ཡང་སྲིད་དང་སྤྲུལ་པ་ལྟ་བུས་འདུལ་བ་སོགས་གང་ཡིན་གྱི་མཐའ་བརྟགས་པ་དཀའ་ཡང་དོན་དེ་ལ་བསླུ་བ་མེད་པར་ངེས་སོ། །ཡང་དེ་སྐབས་ནུབ་གཅིག་མནལ་ལམ་དུ་བུད་མེད་ཅིག་གིས་བྱེ་རུའི་ཕྲེང་བ་ཞིག་རྗེ་ཉིད་ལ་བྱིན་པ་རྨིས་པར། རྗེས་སོར་ཀླུ་ལྡིང་མཁན་ཆེན་སྐྱབས་རྗེ་རྒྱལ་སྲས་རིན་པོ་ཆེའི་བྱེ་རུའི་ཕྱག་ཕྲེང་དེ་སྒ་སྟོན་འཇམ་མགོན་རིན་པོ་ཆེར་ཕུལ་བར་དེའི་ཕྱག་ནས་རྗེ་འདི་ལ་གནང་བ་ཡིན་འདུག་པས་འདི་ལ་དཔག་ན་མཁན་རིན་པོ་ཆེ་དེའི་ཡང་སྲིད་དཔལ་ས་སྐྱའི་གདུང་སྲས་རིན་པོ་ཆེ་ཁམས་ཕྱོགས་སུ་ཆིབས་བསྒྱུར་གནང་གྲུབ་པ་དང་། རྗེ་འདི་ལས་ཆོས་གསན་བཞེད་ཀྱི་ཐུགས་གཉེར་མངའ་ཚུལ་ཐོས་པས་ངེས་པར་རྟེན་འབྲེལ་གྱི་གནད་ཅིག་ཡོད་འདུག་སྙམ་པ་བྱུང་ཡང་ས་སྐྱ་པའི་བསྟན་པ་ལ་གེགས་ཆག་ཆེ་བའི་དབང་གིས་རྟེན་འབྲེལ་མ་འགྲིགས་པ་ལྟ་བུར་སོང་ངོ་། །འཆད་འགྱུར་གྱི་ལོ་རྒྱུས་འདི་རིག་བྱེད་མའི་རྟགས་མཚན་དང་རྗེས་འབྲེལ་དུ་གསུངས་པས་དེ་སྐབས་དབང་གི་ཐུགས་དམིགས་ཞིག་མཛད་པ་ཡིན་ནམ་སྙམ་པ་འདུག །དེ་ཡང་སྡེ་གླིང་འཁྲུགས་ལ་ཉེ་བའི་དུས་སུ་རྗེའི་མཚན་ལམ་དུ་ཆུ་ཆེན་པོ་ཞིག་གི་ཟམ་ཁ་ནས་རྗེས་སོར་གྲི་ཁར་འཆི་འགྲོ་རྒྱུའི་མི་དེ་དག་ཕལ་ཆེར་ཡོད་པ་སྙམ་བྱེད་པ་དེ་ཚོ་རྗེ་ཉིད་ཀྱིས་ཐབས་འདྲ་བྱས་ཀྱང་མ་ཕན་པར་ཆུ་ནང་དུ་ལྷུང་སོང་བ་ལ་མི་གཞན་ཞིག་གིས། ཁྱོད་ལ་རིག་བྱེད་མའི་གོང་བསྙེན་དེ་མེད་པས་ལན་ཟེར་མཁན་ཞིག་བྱུང་བར་དེ་ཡོད་ན་འཁྲུགས་པ་དེ་ཞི་ནུས་པ་ཡིན་ནམ་སྙམ་ཞེས་བཀའ་ལས་ཐོས་ལ། སྤྱིར་འཁྲུགས་པ་དེ་ནི་སེམས་ཅན་དེ་དག་རང་རང་གི་ལས་སྣང་བཟློག་ཏུ་མེད་པ་ཞིག་ཡིན་པར་མངོན་ཏེ། འཇམ་མགོན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་བྱ་རྒྱུ་ཡོད་ལ་བྱ་ཐབས་ཀྱང་མཁྱེན་བཞིན་དུ་ཐུགས་བྲེལ་གྱིས་ལོང་མ་བྱུང་བ་ལྟ་བུར་རྣམ་ཐར་དུ་གསུངས་འདུག་པས་ཤེས་སོ། །ཡང་སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་བྱམས་པ་བློ་གྲོས་ཕུན་ཚོགས་ཞུ་བ། རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་བཟུང་ཞིང་འཕགས་ས་ཐོབ་པ་ལ་ཉེ་བའི་རྟོགས་པ་མངའ་བ། རྗེ་འདིའི་བླ་སློབ་མཆེད་གྲོགས་ཐམས་ཅད་འདུས་པ་ཐུགས་གཙིགས་སུ་ཆེ་བ་ཞིག་ཡོད་པ་དེའི་མནལ་ལམ་དུ་སྤྲུལ་སྐུ་ཨ་འཇམ་གྱི་ཚེ་རབས་སྔོན་གྱི་ལྷ་ཡིན་ཟེར་བའི་བྲིས་ཐང་ཆེན་པོ་ཞིག་གི་གང་བཞུགས་འདུག་པར། གཞན་རྣམས་ཆེར་མ་ངེས་ལ་སྤྱན་རས་གཟིགས་དང་རིག་བྱེད་མ་གཉིས་ཤིན་ཏུ་གསལ་པོར་འདུག་ཅེས་གསུངས་ཚུལ་བཀའ་ལས་ཐོས་སོ། །ཡང་ཁོ་བོ་གཅིག་པུ་ལ་མགོན་དཀར་གྱི་རྗེས་གནང་སྩལ་བའི་དུས། བཀའ་ལས། ང་རང་གིས་འདིའི་བསྙེན་པ་བྱེད་པའི་དུས་སུ་སྤྲིན་ལག་པ་དྲུག་པ་ཞིག་མཐོང་ཞེས་ཐོལ་བྱུང་དུ་ཕེབས་པར་བརྫུ་བག་ཙམ་ལས་མགོན་པོ་ཡིད་བཞིན་ནོར་བུ་དངོས་གཟིགས་པ་ལ་ཐེ་ཚོམ་མི་འདུག་སྙམ་པ་བྱུང་ངོ་། །བླ་མའི་བླ་མ་དམ་པ་དང་། ལྷ་ཡི་ལྷ་རུ་གྲུབ་ཟིན་ཀྱང་། །ད་གདོད་སྒྲུབ་པ་ལ་ཞུགས་པས། །དེ་དག་རང་ཞལ་གཟིགས་པའི་ཚུལ། །བསྟན་པ་འདི་ཡི་མིག་རྒྱན་དང་། །ཐར་འདོད་ཡོངས་ཀྱི་ཤུལ་ལམ་དང་། །འཇིག་རྟེན་མཐུན་པར་འཇུག་པ་སྟེ། །དགོས་དོན་འདི་དག་གཟིགས་པར་སྣང་། །བོད་ཡུལ་དབུས་ཀྱི་ཡུལ་ལྗོངས་ནས། །མདོ་ཁམས་སྡེ་དགེའི་འཛིན་མ་རུ། །ཞབས་སེན་དགོས་འབྱུང་ནོར་གྱི་བུ། །བསྟན་འགྲོའི་རྒྱན་དུ་བཀོད་པའི་ཚེ། །གསང་བདག་དབྱེར་མེད་བླ་མ་རྗེ། །འཇམ་མགོན་བློ་གཏེར་དབང་པོ་ཞེས། །སྙན་གྲགས་སྲིད་པའི་ཁོངས་འདི་ལས། །བརྒལ་བར་དོགས་པའི་སྐྱེས་མཆོག་དེ། །དཔལ་ལྡན་ཀ་ལཱ་པ་གྲོང་དུ། །ཕེབས་ནས་བགྲང་བྱ་མང་སོང་ཡང་། །ཡེ་ཤེས་སྒྱུ་མའི་སྣང་བརྙན་ཞིག །མགོན་པོ་འདི་ལ་དངོས་སུ་གཟིགས། །ཉི་ཤུ་རྩ་བཞིའི་ཡུལ་ལྗོངས་ཀྱི། །དཔའ་བོ་ཌཱ་ཀིའི་གསང་སྐད་ཀྱིས། །འབྱུང་འགྱུར་དངོས་པོ་དུ་མ་ཞིག །རྡོ་རྗེའི་ལུང་གིས་གསལ་བར་བསྟན། །ཕྱི་ནས་བསླུ་མེད་རིགས་པ་འདིས། །རྡོ་རྗེ་འཆང་དུ་མི་འཁྲུལ་ཞེས། །ཇི་བཞིན་མིན་པའི་རྗོད་བྱེད་ནི། །དོན་བཟང་འདི་ཡི་ཤུབ་ཏུ་ངེས། །དེ་ཉིད་ཞིབ་པར་ཞུས་པའི་ཚེ། །གསུང་གསང་ཆོས་སྐུའི་ཀློང་དུ་ཀློད། །དགོངས་པ་མཉམ་བཞག་དོན་ལ་ཕྱོགས། །བདག་ཅག་སྤོབས་པ་མེད་པར་བྱས། །གནས་དང་གནས་མིན་མཁྱེན་པ་ནི། །སྟོན་མཆོག་འདི་ལ་མངའ་བའི་ཕྱིར། །བདག་ཅག་ཆོས་དེའི་སྣོད་མིན་ཞེས། །ངེས་པར་དགོངས་པ་གདོན་མི་ཟ། །འོན་ཀྱང་དངོས་མཇལ་ཕྱི་མ་ལ། །ཐུགས་བརྩེ་བརྒྱ་ཡིས་སྐྱོང་བའི་དུས། །དེ་ཉིད་ཁོ་ན་ཞུས་ན་ནི། །ཅུང་ཟད་གསུངས་པ་སྙམ་ན་ཡང་། །རྟག་འཛིན་གདོན་གྱིས་བློ་གྲོས་བསླད། །ཡུན་རིང་འགྲོགས་པའི་དུས་ཤེས་འཁྲུལ། །རེས་འགར་བརྗེད་ངེས་རྐུན་པོས་ཁྱེར། །ཕལ་ཆེར་གཡེངས་པའི་གྲོང་དུ་འཁྱམས། །སྔོན་གྱི་བསགས་རྒྱབ་པད་རྩ་ལྟར། །ཕྲ་བའི་དམན་པ་བདག་འདྲ་ལ། །ཡོན་ཏན་རི་བོ་འདེགས་བཟོད་པའི། །བསོད་ནམས་དེ་འདྲ་ག་ལ་ཡོད། །འོན་ཀྱང་མདོར་བསྡུས་གསེར་གྱི་ཞུན། །སྒྲོ་སྐུར་གཡའ་དང་བྲལ་བ་འདི། །དམ་པའི་ཞལ་གྱི་གཏེར་ཁ་ལས། །ཁོ་བོའི་སྒྲ་འཛིན་བུ་གར་བརྒྱུད། །མགོན་དེའི་བརྒྱུད་འཛིན་ལུང་རྟོགས་ཀྱི༑༑ཆོས་སྤྱན་མངའ་བ་ཇི་སྙེད་ལ། །གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ནོངས་པའི་དྲི་མ་སྦྱོང་དུ་གསོལ། །འཇིགས་རུང་དྲི་ཟའི་གྲོང་ཁྱེར་དུ། །གསང་བདག་ཐུགས་དང་བསྲེས་པའི་ཚེ། །དེ་དག་རང་འཇོམས་གཤེད་མ་ཆེ། །ཆེད་དུ་དྲངས་པ་ལྟ་བུར་སོང་། །ཡང་གཅིག་གདུག་ཅན་ཤ་ཟའི་བུས། །གསུང་ལམ་བཅད་ལ་ཉེ་བ་ན། །དབུ་སྐྱེས་ཉག་མ་གཅིག་པུ་ཡང་། །གནམ་ལྕགས་ཐོག་གི་དཔལ་ལས་ཆེ། །འོད་གསལ་དག་པའི་མེ་ལོང་དུ། །གཟུགས་བརྙན་ཚུལ་གྱིས་འཇམ་མགོན་རྗེའི། །གཟུགས་སྐུའི་ཞལ་གྱི་དཀྱིལ་འཁོར་ནི། །འགྱུར་མེད་མདངས་ཀྱིས་ཅུང་སྤྲས་ཤིང་། །དཔུང་ཆེན་དམག་གི་འུར་ཟིང་གིས། །བྲོས་ཐབས་གཤེགས་སུ་ཉེ་བ་ན། །སྡོད་ཅེས་རྡོ་རྗེའི་གསུང་དབྱངས་ཀྱིས། །བཞུགས་པར་བསྐུལ་ལ་བསླུ་བ་ཅི། །རྡོ་རྗེ་འཆང་དབང་རྣམ་གསུམ་གྱིས། །རྡོ་རྗེ་འཛིན་དེའི་ལྷག་པའི་ལྷ། །རྡོ་རྗེ་ནག་པོ་ཆེན་པོ་ཞེས། །རྡོ་རྗེའི་ལུང་དོན་གཅིག་ཏུ་བབས། །བསྐལ་མང་བསྒྲུབ་ཀྱང་འགྲུབ་དཀའ་བའི། །ཁྲོ་ཆེན་བྱེ་བའི་སྡེ་དཔོན་དེ། །སྐྱེ་བས་ཐོབ་པའི་ངང་ཚུལ་གྱིས། །ལྷན་ཅིག་སྐྱེས་པའི་ལྷ་རུ་འགོ། བ་ལིང་བཅའ་བཟོ་གྲུབ་མ་ཐག །སྔགས་དང་ཕྱག་རྒྱས་ལྟ་ཅི་སྨོས། །གཙང་སྦྲའི་ཆབ་ཀྱང་མ་བྲན་པར། །སྤྲུལ་པའི་ཕོ་ཉས་མྱུར་བར་རོལ། །ཟས་ལ་སྲེད་པ་མ་ཡིན་ཞིང་། །མ་བྱིན་ལེན་པར་མི་མཛད་ཀྱང་། །མ་བསྔོས་བཞིན་དུ་གསོལ་བ་འདི། །མ་བསྒྲུབ་འགྲུབ་པའི་རྟགས་སུ་ཆེ། །དམ་ཚིག་ལྡན་པའི་མཆོད་གཏོར་ལ། །དམ་ཅན་ཆགས་པ་རྟེན་འབྲེལ་མཐུ། །ཉམས་པའི་གཏོར་མ་རི་ཙམ་ཡང་། །དབང་བཅུ་ལྡན་ལ་དགོས་པ་ཅི། །གཏོར་ལེན་ནག་པོའི་ཟོལ་གྱིས་ནི། །ཡེ་ཤེས་མགོན་པོ་ལྕམ་དྲལ་ཟུང་། །འབྲལ་མེད་རྒྱུན་དུ་འགྲོགས་པ་ལ། །བརྫུ་བག་ཙམ་ལས་སོམ་ཉི་བྲལ། །རང་གཞན་གྲུབ་མཐའི་ཤན་འབྱེད་དང་། །གཙང་བཙོག་གཏོར་མའི་དབྱེ་བ་དང་། །དག་དང་མ་དག་རྒྱུ་འགྲུལ་སོགས། །མཁྱེན་ལྡན་ཇི་བཞིན་ལུང་དུ་བསྟན། །མ་གཅིག་འཁྲུགས་པ་གསུང་མ་ཐག །འདབ་ལྡན་ནག་མོ་དེ་ཁྲོས་པས། །ད་གཟོད་དེ་གཉིས་གཅིག་པ་རུ། །རྨོངས་པས་ཀྱང་ནི་རྗེས་སུ་རྟོགས། །སྐྱབས་མཆོག་དེ་ཡིས་བསྐུར་ཞེས་པའི། །སྣང་སྟོང་སྐུ་ཡི་སྣང་བརྙན་དང་། །ནང་གི་རི་དབང་མཐོན་པོའི་སྟེང་། །གྲགས་སྟོང་གསུང་གི་གླེགས་བམ་བརྩེགས། །འཁོར་འདས་ཆོས་རྣམས་མ་ལུས་པ། །རང་སྣང་ཉིད་དུ་འདུས་པའི་རྟགས། །དབྱིངས་ཀྱི་རང་མདོག་དཔའ་བོའི་སྐུ། །དབང་གི་མདངས་ལྡན་ཆེན་པོར་གཟིགས། །བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་རུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡི། །ཞབས་པད་འཁོར་ལོའི་རེ་ཁཱ་ཅན། །ཡང་ཡང་བཀོད་པའི་གཞལ་མེད་ཁང་། །བཀྲ་ཤིས་སྟོང་གིས་བྱིན་ཆགས་པ། །འཆི་མེད་གྲུབ་པའི་དགའ་ཚལ་དུ། །རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་ཅན། །འཇམ་མགོན་སཱི་དྷུའི་མཚན་ཅན་གྱིས། །རབ་ཁྲོས་ནག་པོ་ཆེན་པོ་ལ། །རྒྱུད་རྒྱལ་མ་དྲོས་ལས་འོངས་པའི། །གྲུབ་གཉིས་རིན་ཆེན་ཕྱེ་མ་ཅན། །བཀའ་བབས་ཆུ་ཀླུང་རྣམ་བཞི་ལས། །མན་ངག་རྒྱ་མཚོ་ཆེན་པོ་དང་། །འབྲལ་མེད་བསྟན་སྲུང་ཡིད་བཞིན་ནོར། །བྱིན་རླབས་ཚན་ཁ་གཞན་དག་ལས། །ཁྱད་པར་དུ་མས་ཁྱད་འཕགས་ཤིང་། །པཎ་ཆེན་སྤྲིན་འཛིན་ཞབས་ཉིད་ལས། །ལོ་ཆེན་འབྲོག་མི་ལ་བརྒྱུད་པ། །གཏུམ་ཆེན་དཔའ་བོ་གཅིག་པ་ཡི། །རྗེས་གནང་ཆོ་ག་བསྐྲུན་པའི་ཚེ། །བླ་མ་ལྷ་ཡི་སྤྱན་ལམ་དུ། །མཐུ་ཆེན་དཔའ་བོའི་སྐུར་བཞེངས་ཏེ། །འཇིགས་རུང་གར་དགུའི་ཉམས་ལྡན་གྱི། །ཐུན་མོང་མིན་པའི་མཆོད་སྤྲིན་སྤྲོས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱང་ནི། །དག་པའི་གཟིགས་མོར་རིང་ཞིག་འབྱམས། །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་ལ་རྡོ་རྗེའི་གླུ་གར་བསྒྱུར། །དེའི་རྗེས་ཁྱབ་བདག་བླ་མ་དེས། །ཚངས་དབྱངས་སྐྱེ་བ་ལྔ་པ་ནས། །ལེགས་སོའི་བཀྲ་ཤིས་དབྱངས་སྙན་ནི། །རབ་འབྱམས་ཞིང་ཀུན་ཁྱབ་པར་བསྒྲགས། །ཞིང་མཆོག་དེ་དག་ལ་བཞུགས་པའི། །སྲས་དང་བཅས་པའི་རྒྱལ་ཀུན་གྱིས། །མཐུན་འགྱུར་མེ་ཏོག་དཀར་པོ་ནི། །ཕྱོགས་དེར་ངེས་པར་ཆར་དུ་བསྙིལ། །དེ་ནས་བཟུང་སྟེ་འཛིན་མ་དེར། །ཕན་བདེའི་འབྱུང་གནས་བཤད་སྒྲུབ་ཀྱི། །དགེ་ལེགས་ཡར་ཟླ་ལྟར་འཕེལ་བའི། །དགེ་མཚན་དེང་སང་བར་དུ་བྱུང་། །མགོན་ཁྱོད་མགོན་པོ་ཉིད་ཡིན་སླད། །ཞབས་ཟུང་གང་དུ་བཀོད་པའི་གནས། །མི་འགྱུར་རྡོ་རྗེའི་བྲག་རྫོང་ཞེས། །བདག་ཡིད་ཐེ་ཚོམ་འཕྲང་ལས་བརྒལ། །གདོད་ནས་ལྷ་རུ་བཞུགས་པ་ཁྱོད། །ལྷ་སྐུར་བཞེངས་ལ་ངོ་མཚར་ཅི། །ནོར་འཛིན་མ་དེས་ཡོན་ཏན་ལྕིད། །འདེགས་པར་ནུས་པ་འདི་ཀོ་མཚར། །རྣམ་གསུམ་ཆོས་གོས་གསོལ་བ་དང་། །རྒྱུད་གསུམ་དྲེགས་པའི་སྡེ་དཔོན་གཉིས། །སྐད་ཅིག་དུས་ལ་མི་འགལ་བ། །བསམ་མི་ཁྱབ་པའི་རྣམ་ཐར་རོ། །རྣམ་གྲངས་འདི་ཡིས་དཔེར་བྱས་ན། །ཐ་དད་གདུལ་བྱའི་སྣང་ངོ་རུ། །གང་འདུལ་སྤྲུལ་པའི་རྣམ་རོལ་ནི། །རྣམ་མཁྱེན་ཡུལ་ལས་འདས་པར་མངོན། །གཟིགས་པ་དག་པའི་སྤྱན་ལམ་དུ། །ས་སྐྱ་པཎ་ཆེན་འཇམ་པའི་དབྱངས། །མགོན་ཁྱོད་ཡེ་ཤེས་མགོན་པོ་སྟེ། །གཞན་དུ་ཁྱད་པར་ཕྲ་བས་དབེན། །དེ་ནི་མཁྱེན་པའི་བདག་པོ་དང་། །ཁྱོད་ནི་མཐུ་སྟོབས་དབང་ཕྱུག་སྟེ། །དེ་དག་མཆོག་དང་དམན་པ་ཞེས། །དཔྱོད་ལྡན་སྟོང་གིས་འབྱེད་མི་ནུས། །མང་མང་བརྗོད་པས་ཅི་ཞིག་བྱ། །ཟབ་ཟབ་རྣམ་ཐར་འདི་གཅིག་པུ། །ངེས་ངེས་ཡིད་ལ་བསམས་པའི་ཚེ། །ཡང་ཡང་སྐྱབས་དེ་རྗེས་སུ་དྲན། །སྔ་ཕྱིའི་དུས་ནི་སོ་སོ་ལ། །འཁྲུལ་མེད་ལུང་དོན་གཅིག་ཏུ་གྱུར། །སྐུ་དང་སྐུ་བརྙན་ཐ་དད་ཀྱང་། །མགོན་པོའི་ཞལ་སྐྱིན་མགོན་པོར་སྣང་། །གནས་མིན་ལས་བཟློག་གནས་དང་སྦྱོར། །མ་བསྒྲིག་གཟའ་སྐར་ཇི་བཞིན་འགྲིགས། །མ་བཞེངས་མགོན་པོ་རང་བཞིན་གྱིས། །གྲུབ་པ་ལྟ་བུའི་ངོ་མཚར་རྫོགས། །ཨ་ཧོ་བསླུ་མེད་སྤྱན་མངའ་དེས། །དུ་དུང་གངས་ལྗོངས་བསྟན་དང་འགྲོ། །མི་གཏོང་དགེ་མཚན་འདི་འདྲ་ལ། །གཅིག་ཏུ་དད་སྤྲོ་སྙིང་ནས་འཕེལ། །འཇམ་དབྱངས་བླ་མའི་དགྱེས་ཞལ་ལས། །ཚངས་སྲས་ལྷག་པའི་ལྷས་ཟུང་དང་། །ཤིན་ཏུ་རྟོགས་དཀའ་རྡོ་རྗེའི་ཚིག །ཇི་བཞིན་མཁྱེན་པའི་ལུང་བསྟན་བརྙེས། །ཁྱོད་ཀྱིས་ལྷ་མོ་བསྒྲུབས་པ་ན། །དེ་ཉིད་ཡབ་དང་བཅས་པ་ཡིས། །ཡང་ཡང་བསྐོར་ཞིང་ཁྱོད་བསྙེན་པས། །གང་གིས་གང་ཞིག་སྒྲུབ་པ་འཁྲུལ། །འོན་ཀྱང་ནང་དུ་ཕེབས་བཞེད་ལ། །གནས་ཀྱི་གྲིབ་དེས་ནོངས་སོ་ཞེས། །གསུང་ཟེར་ཕྲ་མོ་འདི་ཁོ་ནས། །བསྒྲུབ་བྱ་སྒྲུབ་བྱེད་སོ་སོར་ཕྱེད། །ལེགས་པར་བཤད་པའི་རིན་ཆེན་ཕྲེང་། །གོང་མའི་དགོངས་པ་མཛེས་པའི་རྒྱན། །ཤེས་བྱ་ཀུན་ལ་ཐོགས་མེད་པའི། །ལུང་བསྟན་དབང་བསྐུར་རིམ་བཞིན་སྩལ། །ཤེས་རབ་ཆུ་བོ་མ་ལུས་པ། །དག་བྱེད་གཅིག་ལ་འདུས་པ་དེ། །བསོད་ནམས་དམན་པའི་གཞན་དབང་གིས། །རྒྱ་ཆེན་འཛིན་མའི་གཞི་ལ་ཐིམ། །ས་གཞི་འདི་ཉིད་རྨོངས་ཆེས་པས། །ཤེས་རབ་ཆུ་དེ་དོན་གཉེར་རམ། །ཡང་ན་ལྷ་མོ་བརྟན་མ་ཡིས། །སྤྲུལ་པའི་ཐབས་ཀྱིས་ཁྱེར་བར་ཟད། །རྨད་བྱུང་རྡོ་རྗེ་འཛིན་པ་ལ། །ཆེན་པོའི་ཡོན་ཏན་མཆོག་མངའ་ཞེས། །མ་སྒྲིབ་མཁའ་ཡི་ཤོག་བུ་རུ། །མ་བྲིས་ཡི་གེའི་གཟུགས་སུ་ཤར། །སྲིད་གསུམ་སྒྲ་དབྱངས་གཅིག་བསྡུས་པའི། །ངག་གི་དཔལ་མོ་དེས་ཀྱང་ནི། །ཁྱོད་ཀྱི་བསྔགས་པ་བརྗོད་བྱེད་ན། །དངོས་གཞན་འདུད་པར་སྨོས་ཅི་འཚལ། །འདི་ན་མཁས་དང་གྲུབ་པའི་ཚོགས། །དབྱངས་ལྡན་བསྟོད་པ་ལ་ཞུགས་ཀྱང་། །ལྷ་མོ་དེ་ནི་ཁྱོད་ཉིད་ཀྱིས། །བསྟོད་བསྔགས་བརྗོད་ལ་གཅིག་ཏུ་བྲེལ། །རིམ་གྱིས་འགྲུབ་པའི་ལུང་བསྟན་དེ། །ཇི་བཞིན་ཐོག་ཏུ་བབས་ཞེས་པས། །ཡིད་འོང་ཚངས་སྲས་དགྱེས་པའི་ཞལ། །གཟིགས་པར་ངེས་པའི་གཏན་ཚིགས་ཟབ། །རིག་བྱེད་དགའ་མའི་གསང་བ་གསུམ། །བདག་ཏུ་བཞེས་པའི་འོད་གསལ་ལ། །དཀྱུས་རིང་སྤྱན་གྱི་ཟུར་མདའ་ནི། །སྟོང་འཁུན་རྒྱལ་ཁམས་ཡོངས་ལ་ཕོག །འོན་ཀྱང་དབང་བཅུ་མཐར་ཕྱིན་གྱི། །གོ་འཕང་མཆོག་དེར་མ་ཕྱིན་པར། །ཟ་ཟི་གཞན་དག་རྩྭ་བཞིན་དུ། །བོར་བའི་གསུང་འདི་གཞན་ལས་འཕགས། །གསེར་དང་བོང་བ་མཉམ་པ་ལ། །ཟང་ཟིང་འབྱོར་བས་ཅི་ཞིག་བྱ། །ཟག་མེད་ཆོས་ལ་དབང་འབྱོར་ན། །ཕྲིན་ལས་མཁའ་ལྟར་ཡངས་པར་དགོངས། །མ་ཧཱ་ཙི་ནའི་མཆོད་གནས་ཀྱང་། །ཐོབ་བཞིན་འདོར་བར་བྱེད་པ་ནི། །སྔོན་དུས་བླ་མ་དམ་པ་དང་། །དེང་སང་རྗེ་ཡི་རྣམ་ཐར་ལགས། །བདག་ཅག་ཆོས་བརྒྱད་དོན་གཉེར་འགས། །རང་འདོད་ཕུགས་བཅུག་བྱ་བ་ལ། །ཕྲིན་ལས་བཏགས་པ་འདི་འདྲ་བ། །རྗེ་དེས་ལམ་གྱི་དུག་ཏུ་མཁྱེན། །འཇམ་དཔལ་སྤྲུལ་པ་ཁྱོད་ཉིད་ཀྱི། །རང་གནས་ཤར་གྱི་ཕྱོགས་ཤིག་ན། །ས་འཛིན་རྩེ་མོ་ལྔས་མཚན་པའི། །ཡུལ་གྲུ་དེ་དང་འབྲེལ་ཟབ་ལ། །རྟེན་ཅིང་འབྲེལ་འབྱུང་མཐུ་བཙན་པས། །སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས། །གང་གིས་ཇི་ལྟར་འདུལ་བ་སོགས། །འདི་ནི་མཐའ་མིན་དགོངས་པའོ། །གྲངས་མེད་ཌཱཀྐའི་གཙོ་མོ་དེ། །གཟུགས་གཞན་ཟློས་པའི་སྨིན་ལེགས་མས། །རབ་དམར་དབང་གི་ཞགས་པ་ནི། །ཕྱག་ཕྲེང་ཟོལ་གྱིས་ཁྱོད་ལ་གཏད། །ཁྱོད་ཀྱི་བླ་མ་ཡི་དམ་གཉིས། །དབྱེར་མེད་སྒྲུབ་པའི་འབྲས་རྟགས་ཀྱིས། །འོད་གསལ་ཡུལ་དུ་ལྷ་མོས་བྱིན། །མངོན་སུམ་ཉིད་དུ་རྗེ་ཡིས་གནང་། །ངར་ལྡན་སྟག་སེང་ལྟ་བུའི་བུ། །སྡེ་གླིང་ཟུང་གི་དཔའ་བོའི་ཚོགས། །རྣོ་དབལ་མཚོན་གྱི་རང་འོད་ཀྱིས། །བར་སྣང་བཀྲ་བཞིན་ཆས་པ་ན། །ཡིད་ཅན་དེ་དག་རང་རང་གི། ལས་ཀྱི་བསྒོ་སྐལ་ལ་སྤྱོད་པ། །སྟོབས་བཅུ་ལྡན་པས་མི་བཟློག་ཀྱང་། །ཐུགས་རྗེའི་རང་རྩལ་སྦྱངས་པར་ཟད། །དེ་ལྟ་མོད་ཀྱི་རྒྱལ་སྲས་རྣམས། །གནས་མིན་ཡུལ་ལའང་སྨོན་པའི་ཕྱིར། །རྨད་བྱུང་ཐུགས་བསྐྱེད་དེ་གོམས་པས། །ཐ་མར་གྲུབ་འབྲས་མངོན་དུ་མཛད། །འདི་ཕྱིའི་ཟུག་རྔུ་བཟོད་དཀའ་བའི། །ལས་ངན་དེ་འདྲ་རྒྱུན་བཅད་པས། །གྲངས་མེད་བསྐལ་པའི་ཚོགས་གཉིས་ནི། །སྐད་ཅིག་འདུམ་པར་སྨོས་ཅི་དགོས། །ཡུལ་གྲུ་དེ་དག་ལ་གནས་པའི། །མཆོག་དམན་སྐྱེ་བོ་ཐམས་ཅད་ཀྱིས། །སྐྱེས་མཆོག་འདི་ཡི་བཀའ་དྲིན་ནི། །སྲིད་མཐའི་བར་དུ་གཞལ་བར་དཀའ། །དམ་པའི་འོད་གསལ་ཨཱ་དཪྴར། །ལེགས་འཆར་རྗེ་འདིའི་སྔོན་གྱི་ལྷ། །མང་པོའི་དབུས་ན་ཉི་ཟླ་ལྟར། །ཆེས་ཆེར་གསལ་བ་གཉིས་སུ་བསྔགས། །ཕྱག་དྲུག་མགོན་པོའི་གཟིགས་སྣང་ལ། །ཆུ་འཛིན་ལག་པ་དྲུག་པ་ཞེས། །ཤིན་ཏུ་གབ་ཚིག་འདི་འདྲ་བས། །དཔལ་ལྡན་དཎྜིའི་རྗེས་སུ་སྙོགས། །རང་སྣང་དག་པའི་རང་བཞིན་ལ། །ལྷ་ཚོགས་ལྷུན་གྱིས་གྲུབ་བཞིན་དུ། །ཕྱོགས་རེ་བསྡུས་པའི་ཕྱོགས་ཙམ་འདི། །ངན་རྟོགས་ངན་གོམས་བདག་གིས་ཉེས། །སྣང་ཞིང་སྲིད་པའི་ཆོས་འདི་དག །རྡོ་རྗེ་གསུམ་དུ་དག་པ་ལས། །སྐལ་མེད་བདག་གི་ཆོས་སྐལ་དུ། །ཐུགས་བརྩེའི་ཐུགས་ཀྱིས་བཟུང་འདིའོ། །གཉིས་པ་སྲུང་མ་བྲན་དུ་འཁོལ་བའི་ཚུལ་ནི། བསྟན་སྲུང་ཡོངས་ཀྱི་སྡེ་དཔོན་རྡོ་རྗེ་ནག་པོ་ཆེན་པོ་ནི་རྗེ་འདིའི་ལྷག་པའི་ལྷ་གཙོ་བོར་མཛད་དེ་ཡི་དམ་ལྟར་དུ་སྒྲུབ་པ་གནང་ཚུལ་གོང་དུ་སོང་ལ་གཞན་རྣམས་རིམ་བཞིན་བརྗོད་ན། ལྷ་མོ་རྡོ་རྗེ་རབ་བརྟན་མ་འདི་ཆོས་དང་རིགས་བརྒྱུད་ཀྱི་སྲུང་མར་སོང་སྟབས་རྒྱུན་པར་གཏོར་བསྐང་ཆག་མེད་དང་མཐུན་རྫས་བསགས་པ་སོགས་ཐུགས་གཙིགས་སུ་མཛད་ཅིང་། ལན་ཅིག་ལྷ་མོའི་སྒེར་སྒྲུབ་གནང་བའི་མནལ་ལམ་དུ། དཔོན་ཚང་སྟེང་དུ་བུད་མེད་འགས་ཆུ་ལེན་འདུག་པར། འདི་དག་ལྷ་མོའི་རྟགས་ཞིག་ཡིན་ནམ་དགོངས་ཙ་ན། གཞན་ཞིག་གིས་འདི་དག་གཡོག་མོ་ཡིན་ཟེར་མཁན་ཞིག་བྱུང་བར་དེ་ལ་དཔག་ན་ཆོས་སྐྱོང་འདི་དག་དང་པོར་འཁོར་འགྲུབ་པ་ཡིན་པས་དེ་ཙམ་འགྲུབ་པ་ཡིན་ནམ་སྙམ་ཞེས་བཀའ་ལས་ཐོས་ཀྱང་དམན་ཚད་ཞིག་ལས་མི་གསུངས་པ་ཡིན་པར་ངེས་སོ། །གཞན་ཡང་ངེས་མེད་རྣམས་སུ་མནལ་ལྟས་དང་འབྲེལ་བ་འགའ་རེ་གསུངས་ཀྱང་བརྗེད་འདུག་གོ། འཇམ་མགོན་རིན་པོ་ཆེས་རྗེ་འདིའི་སྐུ་རིམ་དུ་ཕྲིན་བཅོལ་གནང་བའི་དུས་མནལ་ལམ་དུ་ལྷ་བརྒྱད་ཀ་དུས་མཉམ་དུ་གཟིགས་ཚུལ་དེའི་རྣམ་ཐར་དུ་བཀོད་ཟིན་པ་ལྟར་རོ། །ཡང་འཇམ་མགོན་བླ་མས་འོད་གསལ་གྱི་ངང་ནས་མིའི་རྣམ་པར་བྱུང་བའི་ཆོས་སྐྱོང་དྲུག་ལ་རྗེ་འདི་ཉིད་སྲུངས་ཤིག་པ་དང་། གཉིས་ལ་དེ་དག་ལ་ཐུགས་དྲན་བསྐུལ་ཅིག་པའི་བཀའ་བསྒོ་གནང་ཚུལ་གསུངས་པའང་ཐད་སོར་བལྟས་ན་ལྷ་བརྒྱད་དུ་འབྲེལ་ཆགས་པ་ལྟ་བུ་ལ་དེ་དག་མིན། དེ་སྐབས་ཞལ་དང་། དུར་བདག་སོགས་ཆོས་སྐྱོང་དྲུག་གི་རྗེས་གནང་མཛད་ཡོད་འདུག་པ། སྔ་མ་དེ་དག་དང་ཕྱི་མ་ནི་མགོན་པོ་ལྕམ་དྲལ་ཡིན་ཚུལ་བཀའ་ལས་ཐོས་སོ། །རྗེ་ཉིད་ཀྱི་མཛད་པའི་ཕྲིན་བཅོལ་དུ་ཐུན་མིན་གྱི་ཚིགས་བཅད་གཅིག་འཇུག་པ་གསུངས་པའང་། རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ཡི། །མནལ་དང་འོད་གསལ་འདྲེས་པའི་སྤྱན་སྔ་རུ། །རྣལ་འབྱོར་བདག་ལ་སྲུང་སྐྱོབ་མཛད་པ་ཡི། །ཞལ་བཞེས་དུས་ལ་བབ་པོ་ས་མ་ཡ། །ཞེས་འདོན་དགོས་པ་ཡིན་ཚུལ་བཀའ་ལས་ཐོས་སོ། །རྗེ་རང་གི་མནལ་ལྟས་དང་འཇམ་མགོན་བླ་མའི་ཞལ་སྔ་ནས་ཀྱང་དེང་སྐབས་པུ་ཏྲ་འདི་ཁྱོད་ལ་ཅུང་འཁྲུགས་འདུག་གསུངས་ནས་དེའི་ཟུར་བཀའ་མཛད་པའི་དུས་སྲོད་ལ་ཉེ་བ་ཡིན་པས་ཐང་ཞིག་ཏུ་སྒར་བརྒྱབ་ཡོད་པས་དེའི་ཉེ་སྐོར་ཀྱི་རྩྭ་གསེང་རྣམས་ནས་མེ་དམར་ཤ་ར་ར་འབར་བ་ཞིག་ཞབས་གྲས་རྣམས་ཀྱིས་ཀྱང་གཟིགས་པ་བྱུང་བར་འཚུབ་ཡིན་འདུག་གསུངས་ཀྱང་། འདི་རིགས་ལ་འཕྲལ་དུ་འཚུབ་པ་ལྟ་བུ་དེ་ཡང་ཕུགས་འགོ་བའི་རྟགས་ཡིན་པ་བླ་མ་གོང་མ་རྣམས་བཞེད་པ་ལྟར་ཡིན་ནོ། །ཡང་མཛད་པ་གལ་ཆེན་ཞིག་གི་དུས་སྔོན་དུ་ཞག་ལྔ་བཅུ་ལ་གསོལ་འདེབས་གནང་བ་དེ་མཚམས་ནས་མནལ་ལམ་དུ་འཇམ་མགོན་བླ་མ་མཇལ་ཞིང་དངོས་སུ་གཟིམ་ཁང་ནང་ནས་པུ་ཏྲ་བྲེལ་སྟབས་ཀྱིས་ཕར་ཚུར་བྱོན་བཞུད་མཛད་པ་དང་། ནང་དུ་དུ་བ་མང་པོ་འཐིབས་པ་ཞིག་བྱུང་བར་ལེགས་པའི་ལྟས་སུ་དགོངས་ནས་དེ་བཞིན་དུ་མཛད་ཚུལ་རྗེ་ཉིད་ཀྱིས་བླ་མ་རིག་འཛིན་ལ་ཕེབས་པ་དེ་ལས་ཐོས་སོ། །ཡང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་དཔོན་བློན་གཉིས་ཀྱང་དཔལ་འདམ་བུའི་རྒྱུན་གྱི་ཆོས་གྲྭས་བར་སྐབས་ཤིག་ནས་བསྟེན་པའི་སྲོལ་ཆགས་པ་དང་རྗེ་ཉིད་ཀྱིས་ཀྱང་ཡབ་མེས་བརྒྱུད་པའི་སྲུང་མ་ཡིན་པས་གཏོར་བསྐང་ཆད་མེད་དུ་གནང་བ་ཡིན་ཞིང་། ཕྲིན་ལས་མྱུར་ལ་འགོ་བའི་རྟགས་མཚན་ཆེས་ཆེ་བ་ཡིན་འདུག་ལ། ཧ་ཅང་རྩལ་ཆེ་སྟབས་ཞི་བར་འགྱུར་བའི་ཐབས་ཁོ་ན་མཛད་པ་ཡིན་འདུག་སྟེ་རྗེ་ཉིད་སྐུ་རྐྱང་གིས་གཏོར་བསྐང་གནང་ཚེ་སྤྱན་འདྲེན་གྱི་དབུར་ཚིག་བདུན་གསོལ་འདེབས་རེ་གསུངས་སྲོལ་འདུག །དེ་ཡང་བཀའ་ལས་བླ་མ་རིན་པོ་ཆེས་ཆོས་སྐྱོང་འདི་དག་ལ་ཐུགས་དགྱེས་ཚུལ་མི་གནང་བས་སྔར་ལོ་གཅིག་གཉིས་རེའི་མཚམས་ནས་ཁྲི་ཚར་བསགས་པ་སོགས་བྱེད་པ་ཡིན་ཀྱང་དེ་བཅད་པ་ཡིན། རྡོ་རྗེ་འཆང་གིས་མ་བཅད་གསུངས་པའི་བཀའ་གནང་བ་ལ་བརྟེན་ནས་རྒྱུན་པར་ཆད་མེད་དུ་གསོལ་བ་འདི་ཀ་ཡིན་པས་རྣམ་པ་གཉིས་ཀའི་བཀའ་སྒྲུབ་ཡོད་ཅེས་ཕེབས་སོ། །འདི་དག་དང་འབྲེལ་བའི་རྟགས་ཀྱང་། ཆོས་རྒྱལ་ཆེན་པོ་ནི། འཇམ་མགོན་རིན་པོ་ཆེ་དང་པོར་ཕེབས་དུས། མཚན་མོ་ཞག་འགར་གཟིམས་གཏན་མ་ཁུག་པར། རྒྱལ་པོས་བྱེད་པ་ཡིན་ཚུལ་རྗེ་འདི་ལ་གསུང་འཕྲོས་མཛད་པས། རྗེ་འདིས་དེའི་ནུབ་མོ་རྒྱུན་བསྐང་གི་དུས་སུ་ཐུགས་ཡུས་ཆེན་པོ་དང་བཅས་ང་རང་གིས་ཐར་ལམ་གྱི་གྲོགས་སུ་སྲུང་མ་ཁྱེད་ཅག་བསྟེན་པ་ཡིན་ལ། དེའི་རྒྱུའི་གཙོ་བོ་མཚན་ལྡན་གྱི་བླ་མ་བསྟེན་པ་ལ་བར་ཆད་བྱེད་ན། ཁྱེད་ཅག་སྒྲུབ་པའི་དགོས་པ་ཇི་ལྟར་འགྱུར་ཞེས་པ་ལ་སོགས་པ་གནད་བསྐུལ་གྱི་ཕྲིན་བཅོལ་གནང་བའི་ཚེ། དེའི་ནུབ་འཇམ་མགོན་བླ་མ་གཟིམ་ལ་ཉེ་བའི་དུས། གཟིགས་སྣང་དུ་གྲྭ་པ་ཞིག་བྱུང་སྟེ་བཞིན་ཤིན་ཏུ་གསལ་བར་བསྟན་ནས་ཞལ་འགྲམ་ལ་ལག་པ་གཉིས་ཀྱིས་བྱུགས་པ་ཞིག་བྱས་ནས་སོང་བར་དེ་འཕྲལ་འོད་གསལ་ལ་ཞུགས་པ་དུས་མཉམ་དུ་སོང་ནས་ནངས་པར་སྐུ་བཞེངས་ཕྱི་བ་ཞིག་སོང་ཚུལ་རྗེ་ཉིད་ཀྱིས་མཁན་བླ་མ་མཁྱེན་རབ་ལ་ཕེབས་པར་དེའི་ཞལ་ལས་ཁོ་བོས་ཐོས་སོ། །ཡང་ལན་ཅིག་མནལ་ལམ་དུ་རྗེ་ཉིད་ཀྱི་མདུན་དུ་རྒྱལ་པོ་བེ་ཀར་བཞུགས་འདུག་པར་ཞལ་སྔ་ནས། གཟིམ་འོག་སྤྲུལ་སྐུ་འདི་འཁྲུལ་མེད་ཨེ་ཡིན་གསུངས་པས། ཅུང་མི་འདོད་པའི་རྣམ་འགྱུར་དང་བཅས་ཏེ་ལོས་ཡིན་ལོས་ཡིན་ཟེར། འོ་ན་ང་སུའི་སྤྲུལ་པ་ཡིན་གསུངས་པས། མི་ཤེས་མི་ཤེས་ཟེར་བ་དང་། དེ་འཕྲལ་དུ་རི་རྩེ་ཡ་གི་ནས་མེ་དཔུང་ཆེན་པོ་ཞིག་དམར་རིལ་གྱི་འདྲིལ་བྱུང་བར་དེར་སླེབས་པ་དང་དེའི་ནང་དུ་གནོད་སྦྱིན་ཙིའུ་དམར་པོ་མངོན་སུམ་དུ་བཞུགས་འདུག་པས་ཟིལ་མ་བཟོད་པ་ལྟ་བུའི་སྤྱན་འབྱེད་འཛུམ་ཞིག་མཛད་པ་ན་ཡལ་སོང་ཞེས་ས་སྐྱ་དགེ་བཤེས་ངག་ཆོས་ལ་གསུངས་པ་དེའི་གསུང་ལས་ཁོ་བོས་ཐོས་སོ། །འོ་ན་གོང་གི་རྒྱལ་པོའི་ལན་དེའི་དོན་ཅི་ཡིན་སྙམ་ན། མཁྱེན་བཞིན་རྨེད་པ་མཛད་པ་ལ་དེར་མཐུན་གྱི་ལན་གསོལ་པ་ཡིན་ནོ། །ཁྱད་པར་དུ་ཆོས་རྒྱལ་ཆེན་པོའི་བློན་ཆེན་གནོད་སྦྱིན་ཙིའུ་དམར་པོ་འདི་ནི་རྗེ་ཉིད་ལ་ཐུགས་ཤིན་ཏུ་ཉེ་ཞིང་སྐུ་ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་དུ་འགྲོགས་ནས་མ་བཅོལ་ཡང་ཕྲིན་ལས་སྒྲུབ་པ་ཞིག་ཡིན་ཏེ་སྔོན་སྒ་རྗེའི་ཕྱོགས་སུ་སྐུ་རྟེན་པ་ཆོས་སྐྱོང་དངོས་སུ་བབས་རྒྱུ་ཡོད་པའི་ངོ་མཚར་ཅན་ཞིག་བྱུང་བར། སྡེ་གཞུང་དུ་དྲངས་ནས་སྐུ་ཕབས་མཛད་པ་ན། ཆོས་སྐྱོང་གིས་རྗེ་འདི་ལ་གུས་པ་དང་བཅས་པས། བདག་གི་ཤེས་པ་སྨྱོའམ་འཁྲུལ་གྱུར་ཀྱང་། །བློ་མཆོག་ཁྱོད་དང་འབྲལ་བར་མ་གྱུར་ཅིག །ཅེས་པ་ནས་འུ་ཅག་སྔོན་གྱི་སྐྱེ་ཕྲེང་དུ་མར་འགྲོགས་ལ་ད་དུང་འབྲལ་བ་མེད་ཚུལ་གྱི་དོན་ཅན་དུ་འདུག་པའི་ཚིགས་བཅད་བཅུ་སྐོར་ཞིག་གི་མཐར། ལུས་སྲོག་འབེན་བཙུགས་བྲག་ཕུག་ཞྭ་ལྟར་གྱོན། །དམ་ཉམས་དགྲ་དང་བགེགས་ལ་ངས་མི་སྟེར། །ཞེས་དངོས་སུ་གསུངས་ཚུལ་རྗེ་སྐྱོ་བསངས་ཤིག་གི་དུས་ཤར་གྱིས་གསུངས་བྱུང་བར་བདག་གིས་བསྒྲིམས་ན་ཟིན་རྒྱུ་ལ་སེམས་ཡེངས་པ་གཅིག་དང་ཐུག་པས་འདི་ཙམ་ལས་མ་ཟིན་ལ་རྗེས་སོར་བསྐྱར་ཞུ་བྱེད་སྙམ་ཀྱང་དེ་འདྲ་ལ་ཐལ་སོང་ངོ་། །དེ་དུས་སྐུ་བབས་མང་པོ་མཛད་པའི་བསྐང་གསོ་གསུངས་དུས། གྲྭ་པ་འགའ་ཡོད་ན་ཚར་གྲངས་དུ་མ་སོང་དུས་ཀྱང་བབས་དཀའ་བ་ཙམ་དང་། བླ་མ་ཟླ་འོད་བཞུགས་ན་དེ་ལས་ཆེས་བབས་སླ་བ་དང་། རྗེ་ཉིད་བཞུགས་ན་ནི་སྤྱན་འདྲེན་གྱི་རོལ་མོ་བརྡུང་བ་ཙམ་ནས་དབུ་སིག་དང་ཞབས་བརྡེབ་མཛད་ནས་ཚར་གཅིག་པོ་དེའང་རྫོགས་ལོང་མེད་པ་བབས་ཚུལ་དང་། བབས་ཟིན་དུས་ཀྱང་དྲག་རྩལ་ཆེས་ཆེ་བས་གཞན་ལ་ཅུང་སྨྲ་ལུགས་བཟང་ངན་ལའང་མདུང་གིས་བསྣུན་པ་སོགས་མཛད་པར། རྗེས་བཀའ་གང་གནང་ལ་དབུ་རྨོག་གི་རྩེ་ཅུང་སྒུ་བའི་གུས་པ་དང་བཅས་པས་ལན་ཡང་གསལ་པོར་འབུལ་བའི་ཚུལ་རྫུན་མི་གསུངས་སྙམ་པའི་གྲྭ་རྒན་འགའི་ངག་ནས་ཐོས་སོ། །ཡང་སྔ་མོར་རྫོགས་ཆེན་དུ་བྲོས་ཐབས་སུ་གཤེགས་པའི་ཚེ་ཁྲོཾ་ཁོག་གི་ས་སྟོང་ཞིག་ཏུ་ཕེབས་པ་ན་རྟ་རྒོད་གཅིག་ལ་ཁལ་བཀལ་བ་དེ་སྒ་སྟན་དང་བཅས་པ་བསྒྱུར་ནས་ཕྱིར་ཕྱོགས་སུ་ཤོར་སོང་བར་ཞབས་འབྲིང་པ་འགས་དེད་པ་དང་། རྗེས་དེ་འཕྲལ་ཙི་དམར་གྱི་གསོལ་ཁ་གནང་བས་སྤྱན་གྱིས་སླེབ་ས་དེར་བསྡད་སོང་བ་གཟིགས་པར་ང་རང་མིག་འཁྲུལ་བ་ཡིན་ལས་ཆེ་དགོངས་ཀྱང་ཁོང་ཚོས་བཟུང་ནས་ཁྲིད་བྱུང་བར་ཅིས་བསྡད་བྱུང་གསུངས་པས། མི་ཤེས་རྒྱུག་བཞིན་པར་ལྷོད་ཀྱིས་སྡོད་པ་ཞིག་བྱུང་ཟེར། ད་དུང་རྟ་དེ་འདར་བཞིན་པར་གཟིགས་ཚུལ་བཀའ་ལས་ཐོས་སོ། །ལན་ཅིག་རྡོ་འཛོམ་དུ་བཞུགས་སྐབས་རྗེ་ཉིད་བཅད་རྒྱ་དམ་ལ་ཞབས་ཏོག་རྣམས་ཁོ་བོས་སྒྲུབ་དགོས་པ་དང་འགྲུལ་པའང་ང་ཅན་དུ་སླེབས་འོང་བ་ཞིག་གི་དུས་སུ་སྔར་ཁྲོཾ་ཁོག་ཏུ་རྒྱལ་བཙན་གྱི་བྲིས་སྐུ་བྲི་རྒྱུ་གནང་འདུག་པར་དེ་བྲིས་ཟིན་ནས་དེ་ནུབ་འགྲུལ་པ་ཞིག་གིས་ང་རང་ལ་སྤྲད་བྱུང་བ་དེ་ན་བཞག་པས་དེའི་ཚུལ་མི་དགོངས་བཞིན་དུ་ནངས་པར་སྔ་མོ་སྐུ་མདུན་དུ་ཞོགས་ཇ་དྲངས་དུས། བཀའ་ལས། འུ་ཅག་ལ་བར་ཆད་གཅིག་འབྱུང་བ་ཡིན་ནམ་གསུངས། ཅི་ལགས་ཞུས་པས། མདངས་ང་རང་གི་རྨི་ལམ་དུ། གནོད་སྦྱིན་ཆེན་པོ་ཕེབས་པ་རེད་ཟེར་ནས། རྗེ་བྲག་འཐབ་པའི་ས་ཕྱོགས་འཇིགས་སུ་རུང་བ་ཞིག་ནས་མེ་ལྕེ་གནམ་ས་གཉིས་ཀྱི་བར་དུ་མི་ཤོང་བ་ལྟ་བུ་ཞིག་བྱུང་སྐུ་དངོས་ནི་མཐོང་སྙམ་པ་མི་འདུག་ཅེས་ཕེབས་པར། འོ་ན་མདངས་རྗེའི་བྲིས་ཐང་དེ་ཉིད་ང་ལ་སྤྲད་བྱུང་བས་དེ་འདྲ་མིན་ནམ་ཞུས་པས། འོ་ན་དེ་ཡིན་ཁོ་དྲག་རྩལ་ཆེ་ཟེར་བ་རེད་གསུངས་སོ། །ཡང་ལན་ཅིག་ས་ཕྱོགས་གཞན་གྱི་རི་ཁྲོད་ཅིག་ཏུ་རྗེ་ཉིད་གཅིག་པུར་གཟིམ་ཚང་ཕུབ་ནས་བཞུགས་པའི་ཚེ་སྐུ་ལ་བསྡོ་བ་དང་། ནོར་ལ་འཕྲོག་པ་ལྟ་བུ་མིན་འདུག་ཀྱང་། མ་རུངས་པ་འགའ་ཞིག་གིས་ཆེད་དུ་བརྙས་པ་ཆེན་པོ་བྱས་པ་ལ་གཞན་ཅི་ཡང་མ་མཛད་ཀྱང་། དེ་འདྲ་ཅུང་མ་འོས་དགོངས་ནས་ཐུགས་ཡི་ཆད་པ་དང་བཅས་ཏེ་བཞུགས་པས་དེའི་ནུབ་མོར་མནལ་ལམ་འོད་གསལ་གྱི་ངང་དུ། གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཞིག་ལ་ཁྲབ་རྨོག་གི་གཟི་བྱིན་གྱིས་གནམ་ས་འགེངས་པ་ལྟ་བུར་བྱས་ཏེ་མངོན་སུམ་དུ་བྱུང་བར་མི་སྲུན་པའི་གཙོ་བོ་དེ་ལ་བཙན་མདུང་གིས་དྲག་ཏུ་བསྣུན་པ་ན། རྗེ་ཉིད་ཀྱིས་འ་འི་ཞེས་གསུང་གིས་དྲག་ཏུ་འབོད་པ་གནང་འཕྲལ་འོད་གསལ་ལས་སད་པས་དེ་ཉིད་ཤིན་ཏུ་མ་ལེགས་སྙམ་དུ་དགོངས་ཡོད་འདུག་ཀྱང་རིང་པོར་མ་ཐོགས་པར་དེ་འཁོར་དང་བཅས་པ་ལ་རྟགས་མཚན་མངོན་དུ་གྱུར་པ་ཡིན་ཚུལ་བཀའ་ལས་ཐོས་སོ། །དེར་མ་ཟད་རྗེ་ཉིད་ཀྱི་ཐུགས་ལ་མི་འཕྲོད་པའི་འགྱུར་བ་ཅུང་ཟད་ཤར་ན་ཡང་དེ་འཕྲལ་རྟགས་སྟོན་པ་ཡིན་འདུག་སྟེ། བཀའ་ལས། འདི་འདྲའི་དུས་སེམས་མ་ལྷོད་ན་ཆོས་སྐྱོང་གིས་རྟགས་བསྟན་ཡོང་། སེམས་ལྷོད་དེ་དྲན་པས་ཟིན་ན་ངག་ནས་དྲག་པོར་སྨྲས་ཀྱང་ཅིའང་མི་གནོད། ཅེས་ཡང་ཡང་ཕེབས་སོ། །ལན་ཅིག་རྡོ་འཛོམ་དུ་གཉེར་བཀྲ་ཤིས་ཆོས་ལྡན་སྐུ་བཅར་ཞུ་བ་ལ་བྱུང་བར་རྟ་དྲེལ་འགའ་འདུག་པ་དགོང་མོ་ཞིག་ཏུ་བོར་སོང་བ་ལ་གྲོགས་གཅིག་དང་ང་རང་བཅས་བཙལ་དུ་སོང་བར་མཚན་མོ་ཇག་པས་མེ་མདའ་འཕངས་ནས་དེ་འུར་བསད་རྟ་དྲེལ་དེད་ཤོར་བར། ངེད་ཅག་གིས་ད་རེས་ལྷ་རྟགས་ཤིག་མེད་ན་གཏན་མི་རུང་ཞེས་ཧུ་ཐུག་གི་ཞུ་བ་ཕུལ་བས་རྗེས་ཞི་བའི་དགོངས་གཏད་ཞིག་གནང་བ་ཙམ་གྱིས། དེའི་མཚན་མོར་མནལ་ལམ་དུ་མགོན་པོ་ལྷ་བརྒྱད་དང་རྒྱལ་བཙན་གཉིས་གསལ་བར་གཟིགས་ཤིང་ཁྱད་པར་གནོད་སྦྱིན་ཆེན་པོ་ཟིལ་མི་བཟོད་པ་ལྟ་བུ་བྱུང་བར་གསུངས། དེ་ནས་བཟུང་ཁ་ཆར་དྲག་པོ་ཆད་མེད་དུ་བབས་ཏེ་སྡེ་གཞུང་མའི་སའི་རྐེད་པ་བཅད་ནས་འགྲོ་དགོས་རྒྱུ་ལ་བར་ཐག་དེ་ཙམ་མེད་ཀྱང་ཁོང་རྣམས་ཉིན་མཚན་གསུམ་ཙམ་འགོར་ཞིང་འཆི་ལ་ཁད་དུ་གྱུར་པའི་མཐར་ས་དེ་འདས་སུ་ཉེ་བ་ན་རུ་བ་འགའ་ཚུར་འོང་བ་དང་ཐུག་ནས་དེ་ལུགས་མི་ཤེས་ཀྱང་། སྤྱིར་ཇག་པ་ཡིན་པར་ཤེས་ཏེ་བཟུང་ནས་རྟ་དྲེལ་ལག་ཆ་དང་བཅས་པ་ཐམས་ཅད་འཕྲོག་འདུག་པ་རྗེས་སུ་ཡིན་ཚུལ་གོ་ནས་ཞུ་འཕྲིན་ཕུལ་བྱུང་བར་རྗེ་འདིས་ནི་ལེན་མཁན་རྣམས་ལ་ཉིད་ཀྱིས་བྱ་དགའ་ཅུང་གནང་བ་མ་གཏོགས་དེ་དག་ལག་ཆ་དང་བཅས་ཏེ་རང་གནས་སུ་བཏང་བར་མཛད་པ་ཡིན་ནོ། །དེ་ཡང་ལ་ལས་རྒྱལ་བཙན་སོགས་བྲན་དུ་འཁོལ་བ་ལ་དེ་ཙམ་མཚར་རྒྱུ་ཅི་ཡོད་སྙམ་ན། ཆོས་རྒྱལ་ཆེན་པོ་ནི་དམ་ཅན་པུ་ཏྲ་དང་ཐུགས་རྒྱུད་གཅིག་པ་ལྟ་བུ་ཆོས་སྐྱོང་གི་ལོ་རྒྱུས་ཁུངས་མ་རྣམས་ལས་གསུངས་ལ། ཙིའུ་དམར་པོ་ནི་རྟ་མཆོག་རོལ་པའི་སྤྲུལ་པར་བཤད་པས་སུས་ཀྱང་བཀོལ་དུ་བཏུབ་པ་ཞིག་ག་ལ་ཡིན། གཞན་དུ་མི་རེངས་རེ་རེ་ཙམ་བྲན་དུ་བཀོལ་བ་ལའང་གླ་ལྟོ་སོགས་འོ་བརྒྱལ་ཆེན་པོ་དགོས་པ་འདུག་ན། མཐུ་དང་རྩལ་དུ་འཛོམ་པའི་སྲུང་མ་ཁྱད་པར་ཅན་འདི་དག་ཅིའི་ཕྱིར་ན་བྲན་དུ་མི་བཀོལ། དེས་ན་ཆེས་ངོ་མཚར་ཆེ་བ་ཡིན་ནོ། །ཡང་རེས་འགར་ཆོས་སྐྱོང་རྣམས་མངོན་སུམ་དུ་གཟིགས་པ་ཡིན་ནམ་སྙམ་པའི་གསུང་རིགས་ཀྱང་འགའ་རེ་གནང་འདུག་སྟེ། ལན་ཅིག་མགོན་པོ་དང་རྒྱལ་པོ་གང་གི་རུ་འདྲེན་ཡིན་མ་ཤེས། སྐྱེས་པ་སྟག་ཆས་ཅན་ཞིག་ཁྲོས་འདུག་པས་འུ་ཅག་གིས་སྐུ་རིམ་བྱེད་དགོས་པར་འདུག་ཅེས་ཕེབས་སོ། །ཕྲན་དང་པོར་ཉེ་གནས་བྱེད་དུས་ང་ལ་ཆོས་སྐྱོང་གཉན་པོ་ཡོད། ཁྱོད་ཀྱིས་གཏོར་མ་གསོ་བ་སོགས་ཀྱི་དུས་གཟབ་དགོས་གསུངས་པར། རང་ཡང་དེ་སྐོར་ལ་ཐུག་དུས་ཚ་ཟིང་ངེ་བ་འདུག་ལ། དེའི་རྗེས་ཙམ་ལ་བཀྲ་ཤིས་ཆོས་ལྡན་ལའང་ཕྲིན་ཆོས་འདི་ཆོས་སྐྱོང་གིས་ཅི་འདྲ་བྱེད་དགོངས་པའི་ཐུགས་དོགས་ཡོད་ཚུལ་ཕེབས་འདུག་ལ། རྗེས་སོར་ཡུན་རིང་སོང་དུས་ནི། བཀའ་ལས་ཁྱོད་ང་རང་གི་ཆོས་སྐྱོང་འདི་རྣམས་དང་མཐུན་པོ་རང་ཡོད་འདུག་པ་འདི་ཤིན་ཏུ་ལེགས་ཞེས་ཡང་ཡང་ཕེབས་ཤིང་གཞན་ལའང་དེ་ལུགས་གསུངས་འདུག །གསོལ་ཁ་གསུངས་བའི་དུས་སུ་ང་ལ་འདི་འདྲའི་སྲོག་གཏད་འདྲ་གང་ཡང་མེད་ཞུས་ཀྱང་ཅི་ཡང་མི་སྐྱོན་གསུངས་ནས་ནམ་གསུངས་ལ་ཚོགས་དགོས་པ་བྱུང་བ་ཡིན་ནོ། །དེའང་རང་ངོས་ནས་དམ་ཅན་དགྱེས་པའི་སྤྱོད་པ་ཅུང་ཟད་ཙམ་མེད་ཀྱང་སྲུང་མ་འདི་དག་གི་སྐུ་བརྙན་སོགས་གང་དུ་མཇལ་ཡང་སྐྱབས་སུ་མཆི། བླ་མའི་ཆོས་སྐྱོང་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་སྙམ་པའི་དྭངས་སིང་ངེ་བ་ཞིག་ལས་འདི་དག་འཇིག་རྟེན་པ་ཡིན་ང་ལ་གནོད་འོང་སྙམ་པ་སོགས་ཡེ་མི་འཆར་བ་ཡིན་པས་དེ་འདྲའི་རྟེན་འབྲེལ་ཞིག་ཡིན་ལས་ཆེ་སྙམ་པ་འདུག་གོ། ཡང་སྐུ་མདུན་དེར་ཅ་ཁ་མི་སྣང་བར་སྦས་མཁན་ཞིག་རྒྱུན་པར་ཡོད་དེ་ཅ་ལག་ཆེ་ཕྲ་གང་རུང་རེ་བོར་ནས་ཇི་ལྟར་བཙལ་ཡང་མི་རྙེད་ལ་རྗེས་སོར་དེ་ཉིད་དུ་ཡོད་པ་ཤིན་ཏུ་མང་སྟེ་གཅིག་ལ་དཔེར་མཚོན་ན་ལན་ཅིག་སྒ་ཁོག་ཏུ་ཕེབས་ཁར་ཚ་རུའི་རིང་འགགས་མནབས་རྒྱུ་ལ་ད་ལྟ་རང་བཞག་ཡོད་པར་གཏན་མི་རྙེད་པས་དེ་ནས་རྗེ་ཉིད་ཡར་ཙམ་ཆིབས་སྐྱེལ་ཞུས་ཞིང་མར་སླེབ་འཕྲལ་སྔར་གྱི་དེ་ཀ་ན་འདུག་པ་སོགས་དེ་འདྲ་ཆེས་མང་ལ་དེ་ཡང་བཀའ་ལས་འུ་ཅག་གི་ཅ་ཁ་སྦས་མཁན་ཞིག་འདུག་པ་འདི་ཆོས་སྐྱོང་ཡོད་པའི་རྟགས་ཡིན་ཤིན་ཏུ་ལེགས། སྔར་རིན་པོ་ཆེ་བཞུགས་དུས་ཨ་འཛོམ་བླ་བྲང་ལའང་དེ་འདྲ་ཞིག་ཡོད་དེ་ད་མི་འདུག་ཅེས་སྲས་ཨ་འགྱུར་གྱིས་གསུངས་འདུག་ཅེས་ཕེབས་སོ། །ཇི་སྐད་སྨོས་པ་དེ་ལྟའི་ཚུལ་གྱིས་སྲུང་མ་བྲན་དུ་འཁོལ་བ་ཡིན་ཡང་གཏོར་ཟོར་དང་དྲག་བསྐུལ་གཏན་མི་གནང་སྟེ། བཀའ་ལས། ང་རང་ལ་ཆོས་སྐྱོང་ཅུང་ཟད་ཡོད་པ་འདི་མི་ཚེ་ཧྲིལ་པོར་རྦད་མ་མྱོང་བས་ཡིན། རྟག་ཏུ་རྦད་མཁན་རྣམས་ལ་འདི་འདྲ་མེད་ཅེས་ཕེབས་པར་ཐོས་སོ། །ཡང་འདི་དག་དང་རྗེས་འབྲེལ་ཡུལ་དེའི་གཞི་བདག་གི་གཙོ་བོ་ཀྲོམ་ཆེན་ཧ་དིལ་དུ་གྲགས་པ་འཇམ་མགོན་རིན་པོ་ཆེས་ཁོང་ཤན་ལ་བོ་ཆེ་ཡིན་པར་བྱས་ཀྱང་མི་འགལ་གསུངས་ལ་ཨོ་རྒྱན་རིན་པོ་ཆེའི་ གཏེརསྲུང ་ཡིན་པས་སྔ་མོར་བཀའ་ལས་གྲུབ་མཐའི་བབས་འདྲ་ཡིན་ནམ་གཞི་བདག་འདི་བླ་མ་ཟླ་འོད་ལ་ཤིན་ཏུ་དགྱེས་པར་འདུག །ང་ལ་དེ་ཙམ་དགྱེས་རྒྱུ་རང་མེད་ཅེས་ཕེབས་ལ། རྗེས་སོར་ལན་ཅིག་རྗེ་ཉིད་དཔོན་གཡོག་ཁ་ཤས་བཅས་གསོལ་མཆོད་ལ་ཕེབས་པའི་ཚེ་དེའི་ཉིན་ལྷ་བསང་བཏང་ཞིང་དབྱར་ཞོད་པའི་དུས་ཡིན་པས་དེ་ནུབ་ཆར་དྲག་པོ་ཆད་མེད་དུ་བབས་པར་ཕྱི་ཉིན་ད་དུང་བསང་སྟེགས་ཀྱི་སྟེང་དུ་དུ་བ་འཕྱུར་འདུག་པ་ལ་བལྟས་པས་མེ་དེ་ལྟར་ལྷག་འདུག་ཟེར་དེའི་ནང་དུ་བསང་རྫས་ཕུལ་ཆོག་པ་ཞིག་བྱུང་ཡོད་འདུག་པར་མར་ཕེབས་འཕྲལ་བཀའ་ལས། ད་རེས་གཞི་བདག་འདི་དགྱེས་པའི་མཚན་མ་ཡང་དག་པ་ཞིག་བྱུང་དེ་ཤིན་ཏུ་ལེགས་པ་ཡིན་ཞེས་ཕེབསསོ། །རྒྱུན་པར་ཡུལ་དེར་བཞུགས་ཚེ་ཡང་སྒེར་གསོལ་ཆག་མེད་དུ་གསུངས་འདུག་གོ། ཡང་ཀླུ་མཚོ་སྨྱུག་མ་ཅན་ཞེས་གྲགས་པ་སྔར་ཡབ་རྗེ་རྒྱས་བཙོན་དུ་བཟུང་བའི་དུས་ཆར་ཆེན་པོ་ཕབས་ནས་ཐར་བར་མཛད་པ་ཡིན་གསུངས་པ་དང། ད་ལྟའི་སྒྲུབ་གནས་ཀྱི་རྒྱབ་རི་མ་ཧཱ་རོ་ཥ་གྲགས་པའང་། བཀའ་ལས་སྔར་ཡར་ལུང་དཔོན་རིན་པོ་ཆེ་ཕེབས་དུས་རི་འདི་གཡང་གི་གཏོར་མའི་དབྱིབས་སུ་འདུག །ཕྱོགས་འདིའི་དཔལ་འབྱོར་ལ་ཕན་པ་ཡིན་གསུངས་ཚུལ་དང་། པྲ་ཕབ་པས་ཀྱང་སྒྲུབ་གནས་འདི་ལ་འགོ་ཚུལ་བབས་འདུག་ཅེས་རྗེའི་བཀའ་ཉན་ཡིན་ཚུལ་གྱི་དགྱེས་པ་གནང་སྟབས་གོང་དུའང་འདི་དག་ལ་བསྟོད་ཚིག་འདྲ་སྦྱར་བ་དེས་ཡིན་ནོ། །མ་གཅིག་ལྷ་མོ་བསྒྲུབ་པའི་དུས་ཀྱི་ཚེ། །བཀའ་ཡི་ཁོལ་མོ་གདོང་ཅན་རྣམ་གཉིས་སོགས། །དངོས་གྲུབ་ཆུ་བོ་ལེན་པའི་མཚན་ལྟས་ཀྱིས། །མཐར་ཐུག་གཙོ་མོ་ཉིད་ཀྱང་འགྲུབ་པར་ངེས། །རྡོ་རྗེ་འཆང་དེས་རྡོ་རྗེའི་བཀའ་བསྒོས་པས། །རྡོ་རྗེ་ནག་པོ་ལྕམ་དྲལ་དྲེགས་བྱེད་བརྒྱད། །རྡོ་རྗེའི་རིག་འཛིན་མཆོག་གི་འོད་གསལ་དུ། །རྡོ་རྗེའི་སྐུ་མཆོག་རྔམ་པའི་རང་ཞལ་བསྟན། །མནལ་ལམ་འོད་གསལ་ངང་ནས་འཇམ་མགོན་རྗེས། །ཐབས་ཤེས་དྲེགས་པའི་སྡེ་དཔོན་ཆེ་གཉིས་དང་། །མཐུ་ཆེན་བསྟན་སྲུང་དྲུག་ལ་བཀའ་བསྒོས་པས། །དམ་ཅན་དེ་དག་དམ་པ་ཁྱོད་ཀྱི་བྲན། །གསང་བའི་ལས་མཁན་མོན་བུ་པུ་ཏྲ་ཆེ། །རྣམ་འགྱུར་གཞན་ནི་བྲན་བཞིན་འཁོལ་མོད་ཀྱི། །རྣམ་པ་དེ་ཉིད་ཅུང་ཟད་ཁྲོས་པ་ན། །ཟུར་གྱི་བཀའ་དབང་གསན་པའི་སྲོད་ཀྱི་དུས། །སྔོ་ལྗང་མྱུ་གུའི་ཕྲེང་བ་དང་འཐབ་པའི། །རབ་འབར་ཕྲིན་ལས་མེ་ཡི་སྤུ་གྲིའི་གཟུགས། །རྡོ་རྗེའི་སྤྱན་ལྡན་ཉིད་ལ་སྨོས་ཅི་དགོས། །བྲན་དང་བཅས་པའི་མིག་ལ་གསལ་བར་མཐོང་། །ཡང་གཅིག་གལ་ཆེན་མཛད་པར་གཞོལ་པ་ན། །གཏུམ་ཆེན་ནག་པོའི་བཀའ་སྡོད་མོན་གྱི་བུ། །དགྱེས་པའི་ཕྲིན་ལས་བསྒྲུབ་ལ་བྲེལ་བའི་ཚུལ། །སྒྲིབ་མེད་སྤྱན་གྱི་ལམ་དུ་མངོན་སུམ་གཟིགས། །ཆུ་འཛིན་སྟུག་པོ་ལྟ་བུའི་དུ་བའི་སྤྲིན། །བསམ་གཏན་ཁང་བུའི་མཁའ་ལ་འཁྲིགས་པ་ལས། །ཚུལ་དེར་དགེ་ལེགས་ཤིས་པའི་ཆར་རྒྱུན་གྱིས། །འབྱོར་པ་ངེས་པའི་མཚན་ལྟས་ལེགས་པར་མཁྱེན། །མཐུ་ཆེན་རྡོ་རྗེ་འཛིན་དེའི་འོད་གསལ་ཡང་། །གཡེལ་བར་ནུས་པའི་འཇིགས་རུང་བྷེ་ཧ་རར། །ཐུགས་ཡུས་དང་བཅས་ཕྲིན་ལས་བཅོལ་བའི་ཚེ། །མངོན་སུམ་ཉིད་དུ་རྗེ་ལ་འོད་གསལ་ཕུལ། །ཡང་གཅིག་མཚན་ལམ་དུས་སུ་ཞབས་དྲུང་དེར། །ཆོས་རྒྱལ་ཆེན་པོ་མངོན་སུམ་བཞུགས་པ་ལ། །མཁྱེན་བཞིན་བཀའ་ཡི་དྲི་བ་འགའ་གནང་བར། །དེར་མཐུན་ལན་གྱི་སྤྲོས་པ་ཕུལ་བའི་མོད། །རི་བོའི་རྩེ་ནས་མེ་དཔུང་དང་འགྲོགས་པའི། །ཙིའུ་དམར་པོ་ཤུགས་དྲག་མདུན་དེར་ཕེབས། །ལས་མཁན་ཆེན་པོ་དྲེགས་པའི་རང་གཟུགས་དེ། །འབྱེད་འཛུམ་སྤྱན་གྱིས་ཆོས་སྐུར་བསྲེས་སམ་སྙམ། །རབ་འཇིགས་དགྲ་ལྷའི་རྒྱལ་པོ་ཙི་དམར་རྗེས། །རབ་མཐོ་རྨོག་གི་དར་ཕྲུ་སྒུར་བཞིན་དུ། །འབྲལ་མེད་སྨོན་པའི་གུས་ཚིག་སྔོན་འགྲོ་བས། །ཡང་ཡང་སྐྱེ་བར་འགྲོགས་པའི་རྟོགས་བརྗོད་སྨྲེང་། །ལུས་སྲོག་འབེན་བཙུགས་བྲག་ཕུག་ཞྭ་ལྟར་གྱོན། །དམ་ཉམས་དགྲ་ལ་མི་སྟེར་ཞལ་གྱིས་འཆེས། །སྐུ་དང་གྲིབ་མ་ཇི་བཞིན་འབྲལ་མེད་ཀྱིས། །བཞེད་རྒུའི་ཕྲིན་ལས་གློག་ལས་མྱུར་བར་བསྒྲུབས། །བྲོས་ཐབས་ཆོས་ཀྱི་ལམ་དུ་གཤེགས་པ་ན། །དམུ་རྒོད་རྟ་ཡིས་རང་རྟགས་བསྟན་པའི་ཚེ། །མི་མཆོག་ཁྱོད་ཀྱི་གསུང་གིས་བསྐུལ་མ་ཐག །མི་སྣང་བཞིན་དུ་བཙན་གྱི་ཤན་པས་བཟུང་། །དམ་ཡེ་དབྱེར་མེད་བསྟིམ་པར་མ་བྱས་བཞིན། །དམ་ལྡན་དགྱེས་པའི་ཆོ་འཕྲུལ་ཡེ་ཤེས་མེས། །འཇིགས་རུང་རྫ་བྲག་འཐབ་པའི་ས་ཕྱོགས་ནས། །རབ་ཡངས་གནམ་སའི་བར་ཐག་འགེངས་པར་གཟིགས། །གྲོགས་མེད་གཅིག་པུར་བཞུགས་པའི་ཚེ། །ཁྲེལ་མེད་ཞིང་བཅུ་ཚང་བ་འགས། །མི་འོས་ཆེད་དུ་བརྙས་པ་ལ། །ཅུང་ཟད་ཐུགས་ཆད་གྱུར་པའི་ཚེ། །འོད་གསལ་དག་པའི་འཆར་སྒོ་ལ། །པདྨའི་ཁྲོ་ཆེན་རྟ་མཆོག་དཔལ། །ཡང་གསང་ཁྲོས་པའི་ལས་མཁན་ཆེ། །གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །དུས་མཐའི་མེ་ལས་ཆེས་དམར་པའི། །རབ་འཇིགས་དཔལ་པོའི་གཟི་བྱིན་ནི། །སྲིད་གསུམ་དྲེགས་བྱེད་ཐམས་ཅད་ཀྱི། །རྔམས་བརྗིད་གཅིག་ཏུ་བསྡུས་པ་བཞིན། །དྲག་གཏུམ་རྡོ་རྗེའི་ཤུགས་འཆང་བའི། །རྩལ་ལྡན་དཔུང་པའི་འཁྲུལ་འཁོར་གྱིས། །རྣོ་དབལ་བཙན་མདུང་དམར་པོ་ནི། །ཉམས་པའི་སྲོག་རྩར་བསྣུན་པའི་མོད། །སྒྲིབ་གཉིས་བག་ཆགས་བཅས་སྤངས་པས། །སྲིད་ལས་འདས་པའི་མགོན་ཁྱོད་ཀྱང་། །སྲིད་པ་འདི་ཡི་ཚུལ་བསྟན་ནས། །སྔངས་ཤིང་སྐྲག་པའི་བརྫུ་ལ་ཞུགས། །དེ་རྗེས་ཐུགས་རྗེའི་གཏེར་ཆེན་ཁྱོད། །ཐུགས་ལ་འགྱོད་པའི་མེ་འབར་ཡང་། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་མཐུ། །རྒྱལ་བས་ཀྱང་ནི་འགོག་མི་ནུས། །རིང་མིན་མ་རུངས་དཔུང་བཅས་རྣམས། །འཇིགས་རུང་མཚོན་ཆའི་གསང་ལམ་ནས། །ཆོས་དབྱིངས་ཆེན་པོའི་སར་བགྲོད་པའི། །རྟགས་མཚན་མངོན་སུམ་གསལ་བར་གྱུར། །བསྐལ་མང་དཀའ་སྤྱད་མ་དགོས་པར། །བདེ་ཆེན་ཐུགས་ཀྱི་ཐིག་ལེ་རུ། །སྐད་ཅིག་མངོན་སངས་རྒྱ་ངེས་པས། །ཨེ་མ་དེ་དག་སྐལ་བ་བཟང་། །མ་བསྐུལ་བཞིན་དུ་དམ་ཅན་གྱིས། །ཕྲིན་ལས་རྣམ་བཞི་སྒྲུབ་པ་འདི། །ཁྱོད་ཉིད་ཁོ་ན་མ་ཡིན་ཏེ། །སྲུང་མ་བྲན་འཁོལ་སྤྱི་ཡི་ཆོས། །དམ་པ་འདི་ཡི་བཀའ་ཉན་པའི། །དམ་ཅན་སྲུང་མ་དེ་དག་ཀྱང་། །ཚོམ་བུ་གཅིག་ཏུ་འཚང་རྒྱ་བའི། །འབྱོར་པས་ཕྱུག་ལ་རིང་མི་འགྱུར། །གང་ཐུགས་འགྱུར་བའི་ཆར་སྤྲིན་འཁྲིགས་ཙམ་གྱིས། །དེ་ཡི་རང་རྩལ་སྲུང་མའི་གློག་འོད་འཁྱུག །རྔ་རོལ་འུར་ཆེམ་ཚིག་རྩུབ་དྲག་བསྐུལ་གྱིས། །རྟག་ཏུ་རྦད་མཁན་ཕལ་ཆེར་ཀྱེ་མ་ཧོ། །མི་སྲུན་ཆོམ་རྐུན་སྡེ་ཡིས་གཙེས་པའི་ཚེ། །རྨད་བྱུང་སྙིང་རྗེ་དང་འགྲོགས་དགོངས་གཏད་ཀྱིས། །དྲག་པོའི་ཕྲིན་ལས་ཁ་ཆར་གཟུགས་བཟུང་ནས། །ཉམས་པ་དེ་དག་ཉམ་ངའི་གནས་སུ་བཀོད། །དེ་རྗེས་རྩལ་ལྡན་དཔའ་བོ་འགའ་ཞིག་གིས། །ལག་ཆ་ནོར་བཅས་འཕྲོག་ནས་བཟུང་མོད་ཀྱི། །གནོད་ལན་ཕན་པས་འཇལ་བ་རྒྱལ་སྲས་ཀྱི། །གཡར་དམ་དྲག་པོས་རང་རང་གནས་སུ་བཏང་། །དུས་གསུམ་དུས་མེད་རྟོགས་པ་ཁྱེད་འདྲ་བས། །རྒྱུད་གསུམ་དྲེགས་པ་གཟིགས་ལ་ངོ་མཚར་ཅི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེ་རྣམས་དང་། །གསང་གསུམ་མཛད་པར་བཅས་པ་ཐ་མི་དད། །སྲོག་གཏད་ཙམ་ཡང་ཐོབ་པར་མ་གྱུར་ལ། །འདི་དག་ཁོ་ན་ཆེད་དུ་མ་བསྒྲུབ་ཀྱང་། །བཅོས་མིན་རྗེ་ལ་མོས་པའི་དད་པ་དེས། །དྲེགས་བྱེད་སྲུང་མའི་ཚོགས་ཀྱང་དགྱེས་པར་ངེས། །མི་སྣང་འགྲོགས་པའི་སྲུང་མ་འགས། །ཡོད་ཅེས་བརྡ་ཐབས་བསྟན་པའི་ཕྱིར། །ཡོ་བྱད་སྦས་པའི་སྐུ་རྩེད་ཀྱིས། །བདག་ཅག་ཅོ་འདྲི་བྱས་པ་མང་། །དཀར་ཕྱོགས་དགྱེས་པའི་མཚན་མ་ནི། །མེ་ཆུ་ལྷན་ཅིག་གནས་བཞིན་དུ། །གནོད་བྱ་གནོད་བྱེད་དང་བྲལ་བའི། །རིགས་པའི་ལམ་དང་འགལ་བ་བསྟན། །སྟོན་མཆོག་འདི་ཡི་ཡོན་ཏན་ཚོགས། །བསྟན་པའི་ཆོས་ཀྱི་ཟབ་ཁྱད་དང་། །བསྟན་སྐྱོང་སྲུང་མའི་ཕྲིན་ལས་རྣམས། །ངོ་མཚར་རྒྱལ་བསྟན་འདི་ཡི་རྒྱན། །གསུམ་པ་མངོན་ཤེས་ཐོགས་མེད་དུ་མངའ་ཚུལ་ནི། དེ་འདྲ་ཡོད་སྐད་མཛད་ནས་གསུངས་པ་ལྟ་ཅི་སྨོས། ཆེད་དུ་ཞུས་ཀྱང་མི་གསུང་བར། རེས་འགའ་ཐོག་བབས་སུ་གསུངས་པའམ། རེས་ནི་མོ་ལུང་འདྲ་ལ་སྙད་བཏགས་ཀྱི་ཚུལ་གྱིས་གསུངས་པ་ལ་ཤིན་ཏུ་རྣོ་ཐིག་ཅན་མངོན་མཁྱེན་རང་ལས་མི་འཁྲུལ་པ་ཆེས་མང་སྟེ། དེ་ཡང་ཕྱོགས་ཙམ་སྨོས་ན། ས་གླང་ལོར་མདོ་སྨད་ཀྱི་ཕྱོགས་སུ་ས་གཡོ་ཚབས་ཆེན་བྱུང་དུས་སྐུའི་མཆེད་ཟླ་ཞིང་གཤེགས་དེ་སྐུ་དྲུང་དུ་ཕེབས་པར་ས་གཡོ་དུས་བཟང་ངན་འགྱུར་ཞིང་། རྩྭ་དུག་སོགས་གཞན་དུ་འཕོ་འགྲོ་ཟེར་བ་རེད་སོགས་དེ་སྐོར་གྱི་ལོ་རྒྱུས་འགའ་གསུངས་པར་རང་གི་ཡིན་སྙམ་པ་ལས་མེད་ཀྱང་རི་ཁྲོད་དེ་ནས་དགོན་ནང་དུ་སླེབ་དུ་ཉེ་བ་ནས་དྲག་ཏུ་གཡོས་ཚུལ་དེ་ཉིད་ལས་ཐོས་སོ། །ཡང་རྗེ་ཉིད་ལ་དད་གཞི་ཆེ་བའི་བན་རྒན་ཞིག་དགེ་བསྐོས་ཡིན་པར། ཡུལ་དེའི་ལུགས་ལ་ཁྲི་འདོན་གྱི་དུས་སུ་གཏམ་བཤད་དགོས་པས་ཁོང་གི་དེ་མི་རེད་སྙམ་ནས་སྒ་ཁོག་ཏུ་ཕེབས་ཁར་རྗེས་སྐྱབས་འོག་ནས་མ་འདོར་ཞེས་ནན་ཞུས་བྱས་པར། དེ་རྗེས་མར་ལམ་རྒྱ་སྡེའི་སར་ཕེབས་དུས་བཀའ་ལས་ཞབས་གྲས་རྣམས་ལ་དེའི་གཏམ་བཤད་དེ་ལེགས་པོ་ཞིག་རེད་སོང་ཟེར་གསུངས་པས་སུས་ཟེར་ཞུས་པར། བྱ་རོག་ཅིག་གིས་ཟེར་གསུངས། རྗེས་སོར་བཀའ་གནང་བཞིན་ལེགས་པོ་ཞིག་དང་། དུས་ཚོད་ཀྱང་དེའི་སྔ་ཉིན་ཙམ་ལ་བཤད་པ་ཡིན་པ་ཐོག་ཁེལ་དུ་བྱུང་འདུག་པས་ངོ་མཚར་དུ་འཛིན་དགོས་པ་ཞིག་བྱུང་ངོ་། །ཡང་དམན་བུ་རང་ཉིད་སྒ་ཁོག་ཏུ་ཡར་འོང་སྐབས་ལན་གཉིས་ལས་སྔ་མ་ལ་རྟ་དེ་ལ་ངན་ཙམ་འདུག་པར་གསོལ་ཁ་འདྲ་གཟབ་ན་མཐའ་ངན་དུ་ཨེ་འགྱུར་ཕེབས་པར་རྗེས་སོར་རྒྱང་དང་བསྡོང་ནས་བྲོས་ཤོར་བས་མི་ལོན་པར་ཐག་ཆོད་པའི་མཐར་ཁུག་པ་ཙམ་བྱུང་ཞིང་། ཕྱི་མ་ལ་དགྲ་ངོ་ཤིན་ཏུ་ཆེ་འདུག་ང་རང་གིས་གཟབ་འོང་གསུངས་པར་ཇག་པས་རྗེས་དེད་བྱས་ནས་ལྷ་ངོ་ཁོ་ནས་སྐྱོབ་པ་མ་གཏོགས་བཅོམ་ཚར་འདུག་ཟེར་བ་ཞིག་བྱུང་ངོ་། །གྲའུ་དཔོན་ཚང་ལའང་དགོངས་བརྟགས་ཀྱི་ཟོལ་དུ་འདི་ལོར་དཔོན་རྒན་སེར་སྐྱ་གང་རུང་ཞིག་གཤེགས་ངེས་རེད་གསུངས་པར་དེ་བཞིན་དུ་གྱུར་སོང་བ་དང་། ཉིད་ཀྱི་ཞབས་གྲས་དགེ་རྒན་ཞིག་རོང་དུ་ཕེབས་ཁར་ད་རེས་མ་འགྲོ་ནན་གྱིས་ཕེབས་ཀྱང་མི་འགྲོ་དབང་མེད་ལྟ་བུས་སོང་བས་ཚུར་འཁོར་མ་ཐུབ་པར་དེར་གྲོངས་སོང་བ་དང་། སྡེ་གླིང་འཁྲུགས་ལ་ཉེ་བའི་དུས་སུ་སྡེ་གཞུང་མ་ལན་ཅིག་དམག་ལ་ཆས་པ་ན། གཞན་ངོར་ས་གཡོས་པ་མིན་འདུག་ཀྱང་རྗེས་ཁོ་བོའི་ནག་ཚང་དང་གདན་སོགས་ཆེས་གཡོ་བ་ཞིག་བྱུང་ད་སྡེ་གཞུང་མ་ལ་ལེགས་པོ་འོང་ཚོད་དུ་མི་འདུག་ཅེས་ཕེབས་པ་ཡིན་ཚུལ་ཤེས་རབ་ཆོས་མཆོག་ལ་གསུངས་པ་དེ་ཉིད་ལས་ཐོས་སོ། །ཡང་འཁྲུགས་བཞིན་པའི་དུས་སྡེ་གཞུང་མ་ལ་བྱད་ཁ་ཤིན་ཏུ་ཆེན་པོ་ཡོད་འདུག་པར་འཇམ་མགོན་རིན་པོ་ཆེའི་ཐུགས་རྗེས་ཅུང་ཟད་བཟློག་ཟིན་པའི་རྗེས་སུ་རྗེ་ཉིད་རོང་དུ་བཞུགས་པར་གནས་ཚུལ་ཅི་ཡང་མི་དགོངས་བཞིན་ནངས་གཅིག་བཀའ་ལས། ད་འདི་ཚོ་ལ་ཟེར་རྒྱུ་ནི་གཏན་མི་འདུག་བྱད་ཁ་ཚུར་ལོག་སོང་། ད་ནངས་ང་རང་གི་ཐུན་གྱི་སྒང་ལ་གླིང་གཤིས་ཕྱོགས་ནས་བྱ་རྒོད་གཅིག་འཕུར་བྱུང་བ་པང་འདིར་ལྷུང་སོང་སྙམ་པ་ཞིག་ཤར་ཞེས་ཕེབས་པར། དེའི་ཞག་འགའ་ནས་ཕར་དགྲ་བརྒྱབ་སྟེ་མི་བསད་ནོར་དེད་འདུག་ཚུལ་ཐོས་བྱུང་ཞེས་སྐུ་དཔོན་དབྱིག་དགའི་གསུང་ལས་ཐོས་སོ། །ཡང་བླ་མ་ཀུན་བཟང་འདི་གཞན་རྣམས་ཀྱིས་གཞན་ཞིག་གི་སྤྲུལ་སྐུ་ཡིན་རྒྱུ་བྱེད་འདུག་ཀྱང་ང་རང་གིས་ཨ་འཛིའི་རྣམ་དགའ་ཡིན་སྙམ་ཞེས་བདག་ལ་ཕེབས་སོ། །དེའང་མཁྱེན་དཔྱོད་སོགས་གང་འབྲད་ནས་ཤིན་ཏུ་འབྲེལ་ཆགས་པ་འདུག་སྙམ་མོ། །ཕྲན་ལ་འུ་ཅག་སྐྱེ་བ་དུ་མར་འགྲོགས་པ་ཡིན་ཞེས་ཡང་ཡང་ཕེབས་ལ། གཞན་དག་ལའང་དེ་ཚུལ་གསུངས་འདུག་ཅིང་། ཁྱད་པར་དུ་བླ་སར་གཉེར་པ་ལ་ཕྲིན་ཆོས་ངེད་གཉིས་སྐྱེ་བ་དུ་མར་འགྲོགས་པ་ཡིན་གཤའ་གི་ཞེས་འབྲོག་པའི་འཕྲལ་སྐད་ཀྱིས་གསུངས་པར་སྣང་ངོ་། །དེའང་རང་ལ་དམ་པ་འདི་ལྟ་བུ་དང་ཡང་སྲིད་དུ་མར་འགྲོགས་པའི་ཞད་ཙམ་ཡང་མི་འདུག་ཀྱང་རྗེའི་གསུང་ལ་བསླུ་བ་མི་མངའ་བས་དེ་བཞིན་གཤེགས་པ་དང་ལྷས་བྱིན་བཞིན་དུ་གནས་སྐབས་དེ་དག་ཏུ་རྗེ་ཉིད་ཀྱིས་ཐུགས་བརྩེས་མ་དོར་བ་མ་གཏོགས་རང་ངོས་ནས་སྐུ་ཞབས་འདྲེན་མཁན་འབའ་ཞིག་ཡིན་པར་གདོན་མི་ཟའོ། །ཡང་ཁོ་བོ་བླ་མ་ཡབ་སྲས་ཀྱི་ཞབས་གྲས་ནས་དང་པོར་མར་འགྲོ་དུས་ཀྱང་ལམ་བར་ནས་ནངས་གཅིག་ཁལ་བཀལ་བའི་དུས་ང་རང་ལ་རྗེས་ངས་ཕ་རྒན་དེ་སྙིང་རྗེ་བ་འདུག་ཅེས་ཕེབས་ལ། དེ་འཕྲལ་རིན་པོ་ཆེའི་གྲྭ་འཁོར་གྱི་ནང་དུ་ཕེབས་སོང་བར་དེ་དག་ལའང་དེ་ལྟར་གསུངས་འདུག་པ་ནས་དེའི་ཕྱི་ཉིན་ཡབ་རྗེ་གཤེགས་པའི་གཏམ་ངན་ཞུ་མཁན་བྱུང་ཞིང་། དེ་ནས་དང་པོར་ཐུགས་འགྱོད་ཆེར་མཛད་པ་ལྟ་བུ་ལ་ཕྱི་ཉིན་ཐུར་གཟུར་མོ་ཞིག་ཏུ་བབས་དུས་ཆིབས་པ་སྔོན་དུ་ཁྲིད་སོང་བ་དང་། རྗེ་ཉིད་རི་ངོས་དེར་ཡུན་རིང་བ་ཞིག་མཉམ་གཞག་མཛད་ནས་ཕེབས་བྱུང་བར་ཉིད་ཀྱིས་ཐུགས་བརྩེ་ཆེ་བའི་གྲྭ་རྒན་ཞིག་ཡོད་པ་དེ་ལ་ད་ཕ་རྒན་དེ་མི་སྐྱོན་པར་འདུག་ཅེས་ཕེབས་ཚུལ་དེའི་གསུང་ལས་ཐོས་ལ་དེ་ནས་ཐུགས་འགྱོད་ཀྱང་སངས་པ་ལྟ་བུར་སོང་ངོ་། །རྗེས་སོར་ཡབ་ཡུལ་དུ་བྱོན་ཚར་དུས་ལན་གཅིག་བཀའ་ལས། རྨི་ལམ་དུ་ཕ་རྒན་དེ་དང་འཕྲད་བྱུང་བར་ཁྱེད་ལ་ངས་ཕན་འདྲ་ཨེ་ཐོགས་བྱས་པས་ད་སྔོན་བསྐུར་བ་ཐམས་ཅད་འཕྲོད་ད་ཡང་འཕྲོད་པར་འདུག་ཅེས་དགའ་དགའ་ལྟར་བྱེད་པ་ཞིག་རྨིས་པས་ཅུང་ཕན་ཐོགས་པ་ཡིན་ནམ་ཞེས་བདག་ལ་ཕེབས་སོ། །ཕྲན་མེ་གླང་ལོར་དང་པོར་མཇལ་དུས་ཀྱང་བཀའ་ལས། སྔར་དང་པོར་སྒ་ཁོག་འདི་ཡུལ་ཤིན་ཏུ་འཇམ་པོ་འདི་འདྲ་ངོ་མཚར་ཆེ་སྙམ་པ་ཞིག་ཡིན་ཡང་། ད་དཔའ་བོ་ལ་གཙིགས་སུ་ཆེ་བ་ཞིག་བྱུང་འདུག་པས་དམེ་འཁྲུགས་རིམ་པར་ལང་ས་རེད་ཅེས་གསུངས་པའང་ལུང་བསྟན་དུ་སོང་ངོ་། །ཡང་ཧོར་ཁོག་ཏུ་འཁྲུགས་པ་ལངས་ཉེ་བའི་སྐབས་ཉ་བྲག་བླ་བྲང་དུ་བཞུགས་དུས་ལམ་དུས་གསུངས་བཞིན་པའི་ཉམས་སྣང་ལ་ཕོ་བྲང་དེ་ཡུན་རིང་བ་ཞིག་འདར་ནས་དེ་རྗེས་བསྡད་བྱུང་བར་དུས་རྒྱུན་ལས་དམའ་བ་ཞིག་ཏུ་སོང་འདུག་པའི་གཟིགས་སྣང་དེ། བཀའ་ལས་སྤྱིར་དེ་འདྲ་ཟེར་རྒྱུ་ཤིན་ཏུ་འཚེར་བ་འདུག་ཀྱང་སྤྲུལ་སྐུ་དེ་དྲིན་ཆེ་བས་ཅུང་ཨེ་ཕན་སྙམ་ནས་ང་ལ་དེ་ལྟར་བྱུང་བས་བལྟ་རྒྱུ་ཞིག་ཡོད་ལས་ཆེ་ཉིད་ཀྱིས་ཐུགས་ལྷོད་གནང་དགོས་འདིའི་མཐར་གང་ངན་ཞིག་ཏུ་འགྲོ་བར་ངེས་འདུག་ཞུས་པས་ཐུགས་ཤིན་ཏུ་ཆེས་པ་ལྟ་བུ་ལ་བྱ་རྒྱུ་རང་མེད་པ་ཞིག་ཏུ་སོང་། དེ་ཡང་ལས་དབང་འདྲ་ཡིན་ངེས་སུ་འདུག་ཅེས་ཕེབས་སོ། །སྐུ་དཔོན་དབྱིག་དགའ་གྲེ་ཐོགས་ཀྱིས་བསྙུན་དུས། དང་པོར་བཀའ་ལས། ཤ་དུམ་གཅིག་བྱ་རོག་གིས་ནམ་མཁར་ཁྱེར་བ་ལ། ང་རང་གིས་གར་སྟབས་གཅིག་བྱས་ཏེ་མར་བླངས་པས། གཞན་ཞིག་ན་རེ། ཁྱོད་ཐབས་ལ་མཁས་དྲག་པས་ཡིན་གྱིས། དེ་འདྲ་ལེན་མི་སྲིད་ཟེར་བ་ཞིག་རྨིས་པས་ད་ལྟ་ཅུང་དྭངས་ངོ་ལ་ཕུགས་ཡུན་རིང་ཚོད་དུ་མི་འདུག་གསུངས་པ་དེ་བཞིན་དུ་གྱུར། ཡང་འཛིང་རྣམ་རྒྱལ་མགོན་ཁང་ལ་བསྐོར་ཚད་ཞོག་གསུངས་ནས་བྱོན་པས། དེ་དུས་རྡོ་འཛོམ་དུ་བཞུགས་པ་ལ་ལན་ཅིག་བཀའ་ལས། དེ་ལ་ཟེར་རྒྱུ་མི་འདུག་བསྐོར་ཚད་དེ་མ་བཞག་པར་ངེས་ཏེ། མདངས་རྨི་ལམ་དུ་རྟ་ཞིག་ལ་རྩྭ་རྒྱབ་གཅིག་བཀལ་ནས་སླེབ་འདུག་པར་རྨིས། དེ་ལས་སླ་བྱས་པའི་རྟགས་ཡིན་གསུངས་པར། དེ་འདྲ་ཅུང་ཨེ་ཡིན་ན་སྙམ་ཀྱང་། ཞག་ཤས་ནས་མར་ཕེབས་ཚར་སྐད་ཐོས་བྱུང་། དེ་རྗེས་རི་ཁྲོད་དེར་ནམ་འོངས་མི་དགོངས་བཞིན་དུ། ནངས་གཅིག་རྗེས། དབྱིག་དགའ་དེ་སྙིང་རྗེ་མདང་སྐྱུགས་འདུག་པ་མངོན་སུམ་དུ་མཐོང་འདུག་ཅེས་ཕེབས་པར། དེའི་ཉིན་གུང་བྱོན་འདུག་པས་དང་པོར་ང་ཅན་དུ་ཕེབས་ནས་དྲི་རྨེད་འདྲ་བྱས་པར་སྔར་ཅུང་དྭངས་སོང་ཡང་། མདངས་རྫ་དཀར་མར་བསྡད་པས་དྲག་ཏུ་སྐྱུགས་པ་ཞིག་བྱུང་། བཀའ་དྲིན་ཅན་ལ་ཞུ་མི་དགོས་གསུངས་པས། ང་རང་ཚ་ཟིང་ངེ་བ་ཞིག་བྱུང་བ་ཡིན་ནོ། །འབྲུག་ལོར་སྒ་ཁོག་ཏུ་སྐུ་བཅར་ཞུས་ནས་མར་ཕེབས་དུས། ཁོ་བོ་རོང་དུ་རི་ཁྲོད་སྲུང་མཁན་ཡོད་པར། འཇམ་མགོན་བླ་མར་ཞབས་བརྟན་ཕུལ་ནས་ལོ་གཉིས་བཞུགས་རྒྱུའི་ཞལ་བཞེས་བྱུང་འདུག་སྐད་ཀྱི་རྒྱང་གྲགས་བྱུང་བར། རྗེ་དང་དངོས་མཇལ་གྱི་དུས་དེ་ཚུལ་ཞུས་པས། དེ་ལྟར་གྲགས་ཀྱང་སང་ཕོད་གཤེགས་འགྲོ་ལས་ཆེ་འདུག་དེར་མ་གཤེགས་ན་ལོ་ཤས་བཞུགས་ངེས་གསུངས་པས་དེ་བཞིན་དུ་ཕྱི་ལོར་གཤེགས་སོང་བ་ཡབ་སྲས་བཀའ་བགྲོས་པ་ཡིན་ནམ་རྗེའི་མངོན་མཁྱེན་གང་ཡིན་རྔོ་མ་ཐོགས་སོ། །ཡང་སྒ་ཁོག་ནས་གྲའུ་བེ་ཧུ་བྱམས་རྒྱམ་སྐུ་གཤེགས་སོང་བ་དེའི་ཞག་ཤས་ནས་དེ་ཚུལ་གསུངས་པར། ཉིད་ལ་སུས་ཞུས་བྱས་ཙ་ན་ང་ལ་ཟེར་མཁན་ཞིག་བྱུང་གསུངས་པ། ཟླ་ལམ་ལྷག་གིས་ཆོད་པའི་ས་ཡིན་ཀྱང་སྒྲིབ་མེད་དུ་དགོངས་འདུག་པ་དང་། ལན་ཅིག་བཀྲ་ཤིས་ཆོས་ལྡན་ལ་འཇམ་མགོན་བླ་མས་རྗེས་ཉིད་ལ་གནང་བའི་ཞལ་གདམས་ཕྱག་བྲིས་ཞིག་ཡོད་པ་དེ་ཆེད་དུ་བཙལ་ནས་གནང་བར་དེའི་ནང་དུ། རྒྱུན་གྱི་དབང་པོའི་ཆོས་གྲྭ་སྐྱོང་དགོས་ཚུལ་ཡོད་པ་འདི་ཇི་ལྟར་ལགས་ཞུས་པས། ང་དྭགས་པོ་བཀྲ་རྣམ་པའི་ཡང་སྲིད་ཡིན་པའི་ལོ་རྒྱུས་ཤིག་ཡོད་དེས་ཡིན་ཕེབས་པར། དེ་ཚུན་ཁོང་གིས་དོན་དེ་ཤེས་བཞིན་པ་ལ། དེའི་རྣམ་ཐར་ཅུང་མ་ཚང་བ་ཞིག་རང་ག་རྩོལ་མེད་དུ་ལོན། དེའི་པར་གར་བཞུགས་རྟོགས་ནས་དབུས་མགྲོན་ལ་ཆེད་དུ་བསྒོ་ལག་མཛད་པས་དཔེ་ཆ་ཚང་བ་ལོན་འདུག་པ་ད་ལྟ་རྗེའི་རྣམ་ཐར་འདི་བྲི་དུས་ཀྱང་འདས་པའི་རྟོགས་བརྗོད་བལྟ་ཡུལ་དཔེ་དེ་མེད་ན་མི་རྙེད་པར་འདུག་པས་དེ་ཡང་འབྱུང་འགྱུར་མཁྱེན་པའི་ལུང་བསྟན་རང་དུ་ངེད་ཅག་གཉིས་ཀ་ལ་ཡིད་ཆེས་པ་བྱུང་ཞིང་། དེ་དག་ལ་སོགས་པ་རེས་རྒྱུ་མཚན་ཕྲ་མོ་འདྲ་ལ་བརྟེན་པ་ལྟ་བུ་དང་། རེས་ཐོལ་བྱུང་དུ་ཕེབས་པ་སོགས་ཀྱིས་དོན་ལ་ཡེ་མི་འཁྲུལ་བའི་ཏིག་ཏིག །ཁོ་ན་བྱུང་བའི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཚུལ་སྐུ་དྲུང་དུ་དེ་རྒྱུན་བཅར་ཞུ་མཁན་རྣམས་ལ་རྒྱུས་ཡོད་པ་ཡིན་ལ་དེ་ཐམས་ཅད་བརྗོད་ཀྱིས་མི་ལངས་ཤིང་དགོས་པའང་ཆུང་བས་གང་དྲན་རགས་བསྡུས་འགའ་ཞིག་དཔེའི་ཚུལ་དུ་བཀོད་པའོ། །དེ་ལྟར་དུས་གསུམ་མཁྱེན་ཅིང་གཟིགས་པའི་གོ་འཕང་ལ་བཞུགས་བཞིན་དུ་གཞན་ངོར་ཅི་ཡང་མི་མཁྱེན་པར་བརྫུས་ནས་མོ་པྲ་མཁན་བྱུང་ཚད་བོས་ཏེ་སྤྱི་དང་བྱེ་བྲག་གི་དོན་མང་པོ་དྲི་བ་བཀོད་མཛད་པར། ལོག་ལྟ་ཅན་འགའ་རེས་ཉིད་ལ་མཁྱེན་པ་མེད་པར་ངེས་སྙམ་པའང་ཡོད་ལས་ཆེ་སྟེ་དེ་ནི་དེ་ལྟར་མིན་པར་ཉིད་ཀྱིས་རྗེན་པར་གསུངས་དུ་མ་བདེ་བར་སྙད་འདོགས་ཀྱི་རྟེན་ཞིག་དགོས་པ་ཡིན་འདུག་སྙམ་པ་སྣང་སྟེ་སྐུ་མདུན་དུ་དེ་ལྟར་བྱས་པ་རྣམས་རྣོ་ཐིག་ཆེ་བར་ཡོངས་སུ་གྲགས་པའི་ཕྱིར་རོ། །སྔོན་བྱུང་ཡང་ལྷ་གཅིག་ཇོ་བོ་རྗེ་དང་། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལྟ་བུས་ཀྱང་བོད་ལ་ཕན་ཐོགས་མིན་དང་། ལྷ་འདྲེ་ཐུལ་མིན་སྒྲོལ་མ་དང་འོད་ཟེར་ཅན་སོགས་ཀྱི་སྒོ་ནས་པྲ་ཕབ་པའི་ལོ་རྒྱུས་འདུག་པ་བཞིན་ནོ། །ཡང་རྫུ་འཕྲུལ་དུ་མངོན་པའང་གཞན་དུ་ཕེབས་པའི་དུས་དེ་རིང་ལམ་གྱི་བར་ཐག་དེ་ཙམ་ལ་དུས་རིང་ཐུང་འདི་ཙམ་དགོས་སྙམ་པ་ལ་འཁོར་དང་བཅས་པ་ཅུང་ཟད་རེས་སླེབ་སོང་བ་ཡིད་མི་ཆེས་པ་ལྟ་བུ་བྱུང་ཚུལ་ཡང་ཞབས་འབྲིང་པ་འགའི་གསུང་ལས་ཐོས་པ་དང་། ས་སྐྱ་བླ་མ་བག་ཆོས་ཀྱི་ནག་ཚང་ནང་དུ་རྩོམ་འདྲ་བྱས་པའི་ཤོག་དྲིལ་གཉིས་བཞག་ཡོད་པ་ལ་རྗེའི་མདུན་ཅོག་སྟེང་དེར་ཐོན་འདུག་པར་ཁོང་སྐྲག་ནས་རི་ཁྲོད་པ་རེ་རེ་བཞིན་རྩད་བཅད་པས་གཅིག་གིས་ཀྱང་ཕུལ་མི་འདུག་ལ། ཉིད་ཀྱང་དེར་བྱོན་མི་འདུག་པས་ངོ་མཚར་ཆེ་བ་ཞིག་བྱུང་ཞེས་དེའི་གསུང་ལས་ཐོས་སོ། །འདི་འདྲ་འགའ་རེ་སྔ་མོ་ཡང་ཟེར་རྒྱུ་འདུག་པ་ཡིན་ཏེ་བརྗེད་ངེས་ཀྱིས་ཁྱེར་སོང་ཚར་འདུག་གོ། དུས་གསུམ་དུས་ཀྱིས་བསྡུས་པ་ཡི། །ཆོས་ཅན་ཆོས་ཉིད་བཅས་པ་ཀུན། །བློ་མཆོག་དེ་ཡི་བློ་གྲོས་ཀྱིས། །སྐད་ཅིག་གཅིག་ལ་གཅིག་པར་མཁྱེན། །སྣང་བ་ཇི་སྙེད་རང་སྣང་དང་། །ཚད་མ་ཐམས་ཅད་མངོན་སུམ་པ། །ཡུལ་དང་ཡུལ་ཅན་མི་ཕྱེད་པའི། །གོ་འཕང་དེ་ནི་སྔོན་བརྙེས་ཀྱང་། །ད་དུང་གསུང་ཟེར་ཕྲ་མོ་ཡིས། །བདག་ཅག་འདྲིད་པར་བྱེད་པ་འདི། །ཞལ་རྫུན་ཉིད་ལས་གཞན་མིན་ཡང་། །མཁས་རྣམས་དྲང་དོན་མིང་གིས་བསྒྲགས། །སོ་ནམ་མཁས་པའི་ཡོན་ཏན་གྱིས། །འཁོར་ལོས་བསྒྱུར་ལ་བསྔགས་མིན་ལྟར། །ཆུང་ངུའི་ཡོན་ཏན་འདི་འདྲ་བས། །རྗེ་ལ་བརྗོད་པར་མི་འགྱུར་མོད། །རྒྱ་ཁབ་མིག་དང་རྗེས་མཐུན་པའི། །བདག་དང་བདག་འདྲའི་སོ་སྐྱེ་ལ། །མཁྱེན་པའི་སྐུད་པ་ཕྲ་མོ་ཡང་། །སྣོད་ཀྱི་གོ་སྐབས་དག་དང་འཚམས། །འཇིག་རྟེན་ལྷ་ཡིས་རློམ་པ་དང་། །འོལ་ཚོད་རྫུན་གྱིས་རྗེས་དཔག་དང་། །གསལ་ཉམས་ཕྲ་མོའི་སྟོང་འུད་སོགས། །ལམ་ལོག་དེ་དག་རིང་སྤངས་ནས། །ཟག་མེད་ཡོན་ཏན་དང་འབྲེལ་བའི། །ཐོགས་མེད་མངོན་པར་ཤེས་པ་ནི། །དཔག་མེད་མངའ་བ་ངེས་ན་ཡང་། །རྒྱ་མཚོའི་གཏིང་གི་ནོར་བཞིན་སྦེད། །ཇི་སྙེད་ཤེས་བྱའི་གནས་ཐམས་ཅད། །མ་སྒྲིབ་ས་ལེར་མཁྱེན་བཞིན་དུ། །སྣ་ཚོགས་མོ་པྲ་མཁན་རྣམས་ལ། །བླང་དོར་གསར་དུ་འདྲི་བ་སྐད། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་མཐུ། །ཁྱད་དུ་བསད་པ་མི་འོས་ཞེས། །བདག་ཅག་མ་རིག་བློ་ཅན་ལ། །རྗེ་དེས་རྗེས་སུ་འདོམས་པའམ། །ཡང་ན་རྣམ་པ་ཀུན་མཁྱེན་གྱི། །ཆོས་སྐུའི་ཐུགས་དང་དབྱེར་མེད་པའི། །གང་གསུང་རྗེན་པར་ཤོར་དོགས་ནས། །སྒྲིབ་བྱེད་ཚུལ་འདི་ཟབ་པར་དགོངས། །ལྷ་གཅིག་དཱིཔཾ་ཀ་ར་དང་། །རྒྱལ་དབང་པདྨ་རྒྱལ་པོ་སོགས། །དུས་གསུམ་མཁྱེན་ཅིང་གཟིགས་རྣམས་ཀྱང་། །བརྫུ་བག་འདི་འདྲ་བརྟེན་པར་སྣང་། །མཁྱེན་ཟབ་གསེར་གྱི་ཡང་ཞུན་ནི། །ཐུགས་ཀྱི་འཛིན་མར་ལེགས་སྦས་ཀྱང་། །རང་འོད་ཁ་དོག་སེར་པོའི་མདངས། །རེས་འགར་འཕྲོ་བ་འདི་དག་ཡིན། །དེ་ཡང་དྲན་པའི་སྐྱེས་བུ་འདིས། །ཕལ་ཆེར་རང་གར་བོར་བ་དང་། །ཅུང་ཟད་ཚགས་སུ་ཚུད་པ་ཡང་། །ཡི་གེའི་ལམ་དུ་སྤྲོས་པས་ངལ། །ཆུ་ཐིགས་གཅིག་གི་རོ་མྱང་བས། །རླན་གྱི་རང་བཞིན་རྟོགས་པ་བཞིན། །མདོར་བསྡུས་ཐིགས་པ་འདི་ཀོས་ཀྱང་། །མཁྱེན་པའི་ཆུ་གཏེར་རྗེས་སུ་དཔོག །གསུམ་པ་མཐར་ཐུག་གི་རྟོགས་པ་ཇི་ཙམ་དུ་ཞལ་གྱིས་བཞེས་ཚུལ་ལ་གཉིས་ཏེ། དགོངས་ཏེ་གསུངས་པ་དང་། སྒྲ་ཇི་བཞིན་པའོ། །དང་པོ་ནི་ལན་ཅིག་རྡོ་འཛོམ་རི་ཁྲོད་དུ་བཞུགས་དུས། བཀའ་ལས། ང་གཟིམ་འོག་རིན་པོ་ཆེའི་སྤྲུལ་སྐུ་འཁྲུལ་མེད་ཡིན་པར་ངེས་ཤིང་དེ་ཉིད་འཕགས་པ་ཡིན་ལ། བདག་སོ་སྐྱེ་ཡིན་ཀྱང་འགལ་བ་མེད་དེ་སྤྲུལ་པ་ལ་བཟང་ངན་སྣ་ཚོགས་ཡོད་དུ་རུང་བས་སོ། །ཞེས་ཕེབས་པར་དེ་འཕྲལ་འོ་ད་གོ་བྱུང་སྙམ་པ་སྐྱེས་ཏེ་ཚུལ་སྟོན་ལ་དེ་འདྲ་རུང་བ་གཞིར་བཅས་ཀྱང་དོན་ལ་དེ་ལྟར་མི་སྲིད་པར་གོ་བའི་ཕྱིར་རོ། །གཉིས་པ་ནི། ས་བྱི་ལོར་བདག་དངོས་མཇལ་རྗེས་མའི་དུས་རྗེའི་རྣམ་ཐར་ཞིག་གི་བཀའ་དྲིན་སྐྱོང་ཐབས་ཞུ་འབུལ་བྱས་པར། ད་ལྟ་ཅུང་དུས་ལ་མ་བབས་པས་ད་དུང་བདག་ཅག་འཕྲད་ཨེ་འོང་། ཅིས་ཀྱང་མ་འཕྲད་ཅིང་དུས་ལ་བབ་ན་ཡི་གེ་ཞིག་བསྐུར་འོང་ཞེས་ཕེབས་པར་རྗེས་སོར་ལྕགས་ཡོས་ལོར་གཉེར་པའི་གདོང་ལ་ཤོག་རྒྱ་གཅིག་གི་ནང་དུ་བཀའ་ཤོག་ཆེ་ཆུང་གཉིས་འདུག་པར་ཆེ་བ་དེ་ལ་སྤྱི་བབས་ཀྱི་གསུང་འཕྲོས་དང་ཆུང་བ་དེ་ཉིད་ལ་འདི་ལྟར་འདུག་སྟེ། བུ་ལ་སྤྲིངས་པ་ཕྲན་ལ་སྔར་སྐྱེས་མ་མྱོང་བའི་ཉམས་མྱོང་ལེགས་པོ་ཞིག་ཤར། ཡུན་བསྲིངས་ནས་བསྒོམ་ན་སྣང་སྲིད་དག་མཉམ་ཆེན་མོ་ལ་སྤྲོ་བ་གཏིང་ནས་སྐྱེས་པ་ཞིག་འདུག་རུང་ས་ཐག་རིང་ནས་ཡི་གེ་ལ་བྲི་མ་ཕོད་པས་དུས་ལ་བབས་ནས་ཕ་བུར་འཕྲད་ན་ཞུ་ཆོག་པས་དེ་ལུགས་མཛོད། ས་མཱ་ཡ། རྒྱ་རྒྱ་རྒྱ། ཨ་འཇམ་ནས་བྲིས་ཞེས་གསུངས་པའི་མཐར་ཕྱག་ཐམ་ཅན་ཞིག་གནང་འདུག་པ་འདི་གྲུབ་མཐའ་སྙོགས་ཟིན་པའི་ཞལ་བཞེས་དངོས་སུ་གནང་བ་ཡིན་ཏེ་སྤྱིར་སྔ་མོ་ནས་སྐུ་ཚེ་འདིར་མདོ་འགགས་གཅིག་པོ་དེར་སླེབ་མི་སླེབ་ཀྱི་གསུང་རིགས་ཤིག་མ་གཏོགས་ཉམས་རྟོགས་གཞན་ཚོ་ཆེད་དུ་རང་མི་གསུངས་པ་ཡིན་ཞིང་ཁྱད་པར་དུ་སྦྱོར་ལམ་བཟོད་པ་མན་ཆད་ཀྱི་རྟོགས་པ་བརྙེས་ཚུལ་གོང་བཤད་ལྟར་ཡིན། ཚིག་དོན་གྱི་རོ་མྱང་ན་ཡང་། སྔར་སྐྱེས་མ་མྱོང་བ་ཞེས་པས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་ཞེས་པ་དངོས་བསྟན་དང་། སྣང་སྲིད་དག་མཉམ་ཆེན་མོ་ནི། གྲུབ་མཐའ་དང་པོའི་དངོས་གཞི་རང་ཡིན་པས་ཅུང་ཟད་ཀྱང་མི་འཁྲུལ་བ་ཡིན་ནོ། །ཡུན་བསྲིངས་ནས་བསྒོམ་ན་སོགས་དངོས་མ་དང་ཅུང་མི་མཐུན་པའི་སྒྲིབ་གཡོག་འགའ་རེ་འདུག་པ་ནི་ས་ཐག་རིང་དུ་ཡི་གེ་བྲི་མ་ཕོད་པ་དང་། ངོས་འཕྲད་བྱུང་ནས་གསུངས་རྒྱུ་ཡོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་ཕྱིན་གྱི་ཉམས་མྱོང་ཞིག་ཡིན་ན་སྔར་ནས་རྟོགས་པའི་དབང་ཕྱུག་ཏུ་བཞུགས་ཤིང་བདག་ཅག་ལ་རྒྱུས་ཀྱང་ཅི་རིགས་པ་ཡོད་པས་ཡིག་ལམ་དུ་མི་གནང་ལ། དམ་ཚིག་དང་བཅས་པའི་རྒྱ་རིམ་པ་གསུམ་གྱི་དགག་དགོས་པའི་དོན་མེད་པ་ཡིན་ཞིང་། དེས་ན་སྔར་ཡིག་ལམ་དུ་བསྐུར་འོང་གསུངས་རྒྱུ་དེའང་རྗེ་ཉིད་ཀྱི་ཐུགས་བཞེད་དང་རྣམ་ཐར་གྱི་གཙོ་བོ་ནི་འདི་གཅིག་པུ་ཡིན་པས་འདི་ཉིད་ཡིན་པར་གོར་མ་ཆག་གོ། དེའི་གོང་ས་གླང་ལོར་ཟླ་བ་གསུམ་ཙམ་ལ་སྐུ་མཚམས་བཅད་རྒྱ་མཛད་དེ་བཞུགས་པ་དེ་གྲོལ་དུས་བླ་མ་རིག་འཛིན་ལ་བཀའ་ལས། ང་ལ་བླ་མ་རིན་པོ་ཆེས་ལུང་བསྟན་གནང་བ་ཐམས་ཅད་ཀྱི་ནང་ནས་གཅིག་མ་གཏོགས་བྱུང་ཟིན། གཅིག་པོ་ཚེ་འདི་ལ་གྲུབ་མཐའ་སྙོགས་པར་གསུངས་པ་དེ་ཡིན། དེ་ཡང་ད་འབྱུང་བར་ངེས་འདུག་གཞན་ལ་མ་བཤད་ཅེས་ཕེབས་ཚུལ་དེའི་གསུང་ལས་ཐོས་སོ། །ཁྱད་པར་དུ་དེའི་རྗེས་ཙམ་ནས་བླ་མ་ཨ་འཇམ་ལ་རྗེ་ཉིད་ཀྱིས་ཁྱོད་རང་ཧོར་ཁོག་ལ་འཁྱམས་ཤུལ་དུ་ང་ལ་བླ་མ་རིན་པོ་ཆེའི་ལུང་བསྟན་དེ་དངོས་སུ་བྱུང་ཞེས་ཡང་ཡང་ཕེབས་ཚུལ་དེ་ཉིད་ལས་ཐོས་པས་དོན་འདི་ལ་ཐེ་ཚོམ་ཕྲ་མོ་ཙམ་ཡང་དགོས་པ་མ་ཡིན་ནོ། །ཡང་རྗེ་ཉིད་ཀྱིས་སྔར་འཇམ་མགོན་རིན་པོ་ཆེ་ལན་ཕྱི་མ་མཇལ་བའི་དུས་སུ་མགོན་པོའི་སྐོར་གྱི་ཐུན་མིན་གྱི་ཟབ་གནད་མང་པོ་ཞུས་ལན་མཛད་པར་ཐུགས་ཤིན་ཏུ་དགྱེས་པ་གནང་ཞིང་ད་ཕྲན་གྱིས་འདིའི་སྐོར་གྱི་ཟབ་གནད་ཐམས་ཅད་ཤེས་པ་ཡིན་ནམ་ཞུས་པར་དེ་ཅུང་མིན་གསུངས་པས། འོ་ན་གང་མ་ཤེས་པ་དེ་ཉིད་བཀའ་དྲིན་སྐྱོང་ཐབས་ཞུས་པར། ད་ཁྱོད་ཀྱིས་འདི་ཙམ་ཤེས་པས་ནམ་ཞིག་ན་ཐམས་ཅད་ཤེས་འོང་གསུངས་ཞེས་བདག་ལ་ཕེབས་ཤིང་། ལྕགས་ཡོས་ལོར་གཉེར་བཀྲ་ཤིས་ཆོས་ལྡན་ལའང་དེ་བཞིན་ཡིན་པས་ད་ལོ་ཁོ་བོས་དེ་ཤེས་བྱུང་ཞེས་ཕེབས་འདུག་ལ་རྗེས་སོར་གྲྭ་ཚང་ཚོགས་སུའང་དེ་བཞིན་དུ་གསུངས་ཚུལ་ཐོས་པ་འདི་ཡང་ཤེས་མ་ཤེས་ཞེས་མིང་འདོགས་བསྒྱུར་བ་མ་གཏོགས་དོན་ལ་རྟོགས་པ་ཡིན་ནམ་ཡང་ན་ཐུན་མིན་གྱི་རྟོགས་པ་སྣ་གཅིག་གིས་གོ་ཡུལ་གྱི་མདུད་བརྒྱ་གྲོལ་བ་ལྟ་བུ་གང་ཡིན་ཀྱང་རྟོགས་པའི་ཁྱད་ཆོས་ཞིག་ཡིན་པ་གདོན་མི་ཟའོ། །ངེས་པར་འཕགས་པའི་སྤྲུལ་པར་ཞལ་བཞེས་བཞིན། །ངོ་བོ་སོ་སྐྱེའི་ཚུལ་ལས་མ་འདས་ཞེས། །དགོངས་པ་ཅན་གྱི་གསུང་གི་གསང་བ་འདིས། །མགོན་ཁྱོད་འཕགས་པར་ངེས་པའི་ངེས་ཤེས་སྐྱེས། །དོན་ཡོད་རྣམ་བཞིའི་བསྙེན་པའི་ལག་རྗེས་མེད། །རྩེ་གཅིག་དམ་ཆོས་ཉམས་སུ་མ་ལོན་ཀྱང་། །རིང་ནས་ཕ་བུར་འབྲེལ་བའི་མཐུ་ཁོ་ནས། །ནམ་ཡང་ཐུགས་རྗེ་ཆེན་པོས་མ་བསྐྱུད་པས། །ཇི་བཞིན་གྲུབ་མཐའ་སྙོགས་པའི་བཀའ་ཡི་ཕྲིན། །རྩིབས་སྟོང་འཁོར་ལོས་མཚན་པའི་ཕྱག་ཉིད་ཀྱིས། །དངོས་སུ་བྲིས་པའི་རྡོ་རྗེའི་རྒྱ་ལྡན་ཞིག །ཞབས་སེན་རིན་ཆེན་བཀོད་པའི་གནས་སུ་ཕེབས། །གང་གསུང་ཉིན་བྱེད་དབང་པོ་འདི་ཤར་ཚེ། །སོམ་ཉིའི་མུན་པ་ཕྲ་མོའི་གོ་སྐབས་ཅི། །བཅོས་མིན་དད་པ་གསུམ་གྱི་པདྨོ་ཡང་། །འདབ་བརྒྱ་ཕྱོགས་སུ་གྲོལ་ལ་སུ་ཡིས་འགོག །འཁྲུལ་མེད་མདོ་རྒྱུད་རྒྱ་མཚོའི་གཞུང་ལམ་བཞིན། །དྲི་མེད་ས་ལམ་རིམ་པ་ལེགས་བགྲོད་ནས། །ཚེ་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེའི་སར། །གཤེགས་པའི་ངོ་མཚར་སྲིད་འདིར་ཤོང་བ་དཀའ། །རིམ་བཞིན་གོམ་པ་འདོར་བ་མ་བྱས་པར། །རི་རྩེར་ཕྱིན་པ་རྨི་ལམ་ལས་གཞན་མིན། །དེ་བཞིན་ཡང་དག་ས་ལམ་མ་བརྒྱུད་པར། །གྲུབ་བརྫུས་ཕལ་ཆེར་དེ་ཡི་སྤུན་ཟླར་ངེས། །གྲུབ་མཐའ་དང་པོའི་སྐྱ་རེངས་གསར་བའི་མདངས། །སྒྲིབ་བྲལ་ཐུགས་ཀྱི་མཁའ་ལ་ཤར་བའི་གཏམ། །ཕྱོགས་འདིར་ཐོས་པ་དེ་ནས་རིང་སོང་བས། །ད་ཚོད་མངོན་སངས་རྒྱས་ལ་འགལ་བ་ཅི། །ཟག་མེད་ཆོས་ལ་དབང་འབྱོར་ཡོན་ཏན་ནི། །མཐའ་དག་བདག་གི་ཡུལ་ལས་འདས་མོད་ཀྱང་། །ཟབ་མོའི་མན་ངག་དག་ལས་བྱུང་བ་བཞིན། །མོས་བློའི་ཡུལ་དུ་ཅུང་ཟད་རྗེས་དྲན་ཚེ། །རིང་ནས་བསྒྲུབ་པའི་གྲུབ་འབྲས་མཐར་སྙོགས་པས། །སྒོ་གསུམ་ཡུལ་སྣང་བཅས་པའི་ཆོས་ཐམས་ཅད། །གསང་གསུམ་རྡོ་རྗེ་གསུམ་དུ་ལེགས་ཤར་བའི། །མཉམ་ཉིད་དག་པའི་གཟིགས་སྣང་འབྱམས་སུ་ཀླས། །སྔོན་དུས་ཤུལ་རིང་སྲིད་པའི་བྱེད་སྤྱོད་ལ། །སྐྱུགས་བྲོ་ངོ་ཚ་རྨི་ལམ་ལྟ་བུ་དང་། །ད་ལྟའི་རྟོགས་པས་དགའ་ལ་གཡང་ཟ་ཞིང་། །འཁྲུལ་སྣང་འགྲོ་ལ་སྙིང་རྗེའི་མཆི་མ་དཀུ། །ཐོགས་བཅས་རི་དང་རྩིགས་པ་འདི་དག་ལ། །ཐོགས་མེད་འོད་ལུས་ཐལ་བྱུང་འགྲོ་བ་ནི། །བདག་ཅག་བདེན་ཞེན་ཅན་ལ་ཆེས་དཀའ་ཡང་། །གནས་ཚུལ་གཟིགས་པ་རྣམས་ལ་འདི་ཀོ་སླ། །ཞལ་ཕྱག་སྤྲོས་པ་ཅན་གྱི་མིག་ཡངས་མ། །གང་དང་མཉམ་པར་སྦྱར་བ་དེ་སྤངས་ཀྱང་། །རྩོལ་མེད་བདེ་བསྐྱེད་ཡེ་ཤེས་སྨིན་ལེགས་མས། །འབྲལ་མེད་འཁྱུད་པའི་དགའ་སྟོན་རྒྱུན་མི་ཆད། །རྒྱལ་ཀུན་འདུ་བའི་རིན་ཆེན་ཕོ་བྲང་བཞི། །དུས་གསུམ་ཆོས་ཀྱི་འབྱུང་གནས་སྐུ་གསུམ་གནས། །མ་བཅོས་རྡོ་རྗེའི་གྲོང་གི་ལྟད་མོ་འགའ། །ཟབ་མོ་ནང་གི་སྤྱན་གྱིས་མངོན་སུམ་གཟིགས། །གཟུང་འཛིན་བཞོན་པར་གྱུར་པའི་ལས་ཀྱི་རླུང་། །ཕྱི་ནང་སོར་གྱི་གཞལ་བའི་ཐབས་ཤེས་གྲངས། །རང་བཞིན་གནས་པ་ཆེན་པོར་ཐིམ་པ་ལས། །ཕྲ་རགས་རྟོག་པའི་ཚོགས་ཀྱང་དེ་རྗེས་སོང་། །བརྒྱ་ཕྲག་དུ་མའི་ས་ཡི་ཡོན་ཏན་གྱིས། །གྲངས་མེད་ཞིང་གི་ཐ་གྲུ་ཡངས་པ་ན། །མིག་འཕྲུལ་སྒྱུ་མའི་ཟློས་གར་ལས་ལྷག་པས། །མ་ལུས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤྲོ། །སྟོང་གསུམ་ཡུངས་འབྲུར་སྡུད་དང་དེས་ཀྱང་ནི། །དེ་དག་འགེངས་པར་ནུས་པའི་ཆོ་འཕྲུལ་དང་། །སྣ་ཚོགས་འདོད་པའི་ཡོན་ཏན་ཆེས་མང་པོ། །ཞེན་མེད་རྒྱན་དུ་ཤར་བའི་དུས་སྟོན་དང་། །མི་འགྱུར་བདེ་ཆེན་རྟགས་ཀྱི་རྒྱལ་པོ་ནི། །འགྱུར་མེད་བདེ་བའི་བཅུད་ཀྱིས་བརྟས་པ་ལས། །ཉམས་མེད་ལང་ཚོ་དང་བའི་གཟི་བྱིན་གྱིས། །མཁའ་ལམ་གྱེན་དུ་སྙོགས་པའི་ངང་ཚུལ་བཟུང་། །བདེ་སྐྱོང་འཁོར་ལོ་ཡངས་པའི་བར་དག་ཏུ། །བདེ་ཆེན་ཀུནྡ་དཀར་པོའི་དྭངས་མ་ནི། །བདེ་མཆོག་ནང་གི་བདུད་རྩིས་གཏམས་པ་ལས། །བདེ་བསྐྱེད་འོ་མའི་རྒྱ་མཚོ་འཕྱུར་བ་བཞིན། །སྣ་ཚོགས་གྲུབ་མཐའི་མཁས་མང་ཞལ་མཐུན་པར། །གཉིས་ཆོས་དུ་མའི་སྤང་བླང་རྫུན་པོ་ཆེ། །གཉིས་མེད་མཉམ་པའི་རང་ཞལ་གཟིགས་ཙམ་གྱིས། །བསལ་བཞག་བྲལ་བ་དོན་གྱི་རྟོགས་པས་ལྕི། །བཅུ་གསུམ་རྡོ་རྗེའི་ས་ཡི་རྒྱལ་ཐབས་ལ། །འདོད་ན་ཞག་གྲངས་ཐེབས་པ་དེར་བཞུགས་པས། །ཆོས་རྗེའི་ཆོས་ཀྱི་གྲུབ་འབྲས་འདི་འདྲ་བ། །སྙིགས་དུས་སྙིང་མེད་ཆོས་པ་གཞན་ལ་དཀོན། །མདོར་ན་ཚུལ་འདིའི་བསྡགས་འོས་མཐའ་དག་ནི། །སྟོང་གསུམ་ནོར་འཛིན་དག་པའི་ཤོག་བུ་ལ། །ཇི་སྙེད་ནགས་ཚལ་སྨྱུ་གུས་བྱས་པ་དང་། །ཆུ་གཏེར་ཆེན་པོའི་སྣག་གིས་འབྲིར་མི་ལོངས། །ཨེ་མ་གསོན་དང་ཡབ་གཅིག་བདག་གི་སྐྱབས། །ཡང་དག་རྟོགས་པའི་མཁའ་དབྱིངས་མཐོན་པོ་ནས། །བརྒྱ་ཕྲག་འཆིང་བས་བཅིངས་པའི་བུ་ངན་ལ། །བྱིན་རླབས་རྟོགས་པའི་ཕ་ཕོགས་མ་འགྱངས་ཤིག །གསུམ་པ་དམ་པའི་ཡོན་ཏན་ལ་མཁས་བཙུན་བཟང་གསུམ་ལས། དང་པོ་ནི་གོང་དུ་སོང་ལ། གཉིས་པ་བཙུན་པའི་ཡོན་ཏན་ལ། ཉན་ཐོས་ལུགས་ཀྱི་སོ་སོར་ཐར་པའི་དབང་དུ་བྱས་ན་བསླབ་ཚིགས་སྔ་མའི་སྐབས་སུ་དེའི་སྤང་བླང་དང་ཁྱད་པར་དུ་ཞུགས་ལ་ཡོངས་རྫོགས་དགེ་སློང་གི་སྡོམ་པ་བཞེས་པ་ནས་བཟུང་ཕམ་ལྷག་སོགས་ཆེན་པོ་རྣམས་ལྟ་ཅི་སྨོས་འབྲིང་དང་ཆུང་ངུ་ལྟ་བུ་ལའང་ཤིན་ཏུ་བརྩོན་པས་བླང་དོར་མཛད་པ་ཡིན་ཏེ། སྐུ་ཆོས་རྣམ་གསུམ་འབྲལ་མེད་དང་། སྔར་སྒྲུབ་པའི་དཀའ་སྤྱད་ཀྱིས་བརྟུལ་ཟིན་པས་སྐུ་ལུས་ཤིན་ཏུ་ཞན་པ་ཡིན་མོད། དགུང་གྲངས་དྲུག་ཅུའི་ནང་སོན་དུས་ཀྱང་བསྙུན་ཁམས་འཁྲུགས་པའི་དུས་སོགས་རེས་འགའ་མ་གཏོགས་ཕྱི་དྲོའི་ཟས་གཏན་མི་གསོལ་ཞིང་། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ལྟ་བུ་ལའང་། བཀའ་ལས། དགེ་བཤེས་ཞིང་ཕེབས་དེས་ཡོད་པར་སྨྲ་བའི་ལུགས་ལས་མི་འབྱུང་ཡང་སྡེ་པ་གཞན་གྱི་འདུལ་བ་ལས་འབྱུང་བའི་ཕྱིར་སྐ་རགས་སོགས་ཀྱིས་ཉལ་ས་བསྐོར་ན་ཁྱད་གསོད་ཀྱི་ཉེས་པ་ཁེགས་ཞེས་གསུངས་ནས་དེ་ལྟར་མཛད་འདུག་པས་འདི་འདྲ་ཡང་ངེས་པར་བྱེད་དགོས་ཞེས་དང་། ཉམས་ལེན་ཞིག་ལ་འདུལ་བ་འདི་ལས་བློ་ཁེལ་ལ་སོས་གཙང་པ་མེད་ཚུལ་ཕེབས་ལ་དུས་ཀྱི་དབང་གིས་ཤིན་ཏུ་བསྲུང་དཀའ་བ་རྣམས་ཀྱང་དུས་དྲན་སོགས་ཐབས་སྣ་ཚོགས་ཀྱིས་ཉེས་ལྟུང་གིས་མ་གོས་པར་མཛད་པ་ཡིན་ལ། ཁྱད་པར་དུ་རྐང་གྲངས་ཀྱི་བསྲུང་སྡོམ་དག་པ་ཙམ་དུ་མ་ཟད་སྡོམ་པའི་ངོ་བོ་ངེས་འབྱུང་དུ་གསུངས་པར་འཁོར་བ་མཐའ་དག་ལ་ཐུགས་ཞེན་གཏིང་ནས་ལོག་པའི་ངེས་འབྱུང་བཅོས་མིན་མངའ་བ་ནི་རྗེ་འདི་ལྟ་བུ་དེང་སང་ས་སྟེང་ན་དཀོན་པའི་ཚོད་ཡིན་པས། དེས་ན་ལྷ་དང་བཅས་པའི་འཇིག་རྟེན་གསུམ་གྱིས་ཕྱག་བྱ་བར་འོས་པའི་འདུལ་འཛིན་ཆེན་པོར་བཞུགས་པ་ཡིན་ནོ། །བྱང་སྡོམ་གྱི་དབང་དུ་བྱས་ན་སྤྱིར་ལྷན་སྐྱེས་ཀྱི་སྙིང་རྗེ་ཆེན་པོ་བཅོས་མིན་མངའ་ཞིང་ལུགས་གཉིས་ཀྱི་ཆོ་གས་ཐུགས་བསྐྱེད་ཟིན་པ་ནས་བཟུང་དེ་དང་དེའི་རྩ་བ་དང་ཡན་ལག་གི་ཉེས་པ་ཕྲ་མོ་ཚུན་ཆད་བསྲུང་བ་དང་། ཁྱད་པར་དུ་བསླབ་བྱའི་གཙོ་བོ་ཉམས་ལེན་གྱི་སྲོག་ཤིང་གཅིག་པུ་པ་བདག་གཞན་བརྗེ་བའི་ཐུགས་འཁྲུལ་མེད་མངའ་བ་ཡིན་ཏེ། སྡེ་གཞུང་མ་རྒྱ་དམག་གིས་གཙེས་པ་དང་། གླིང་གཤིས་དང་ཐུག་དུས་སོགས་མང་པོར་འདི་རྣམས་ལ་ཕན་ན་ང་རང་ཁོང་ཚོའི་ལག་ཏུ་སྤྲད་བཞག་དགོངས་པ་བཅོས་མིན་སྐྱེས་ཚུལ་དུ་མར་ཕེབས་ལ། འོ་ན་དེ་འདྲ་དེ་ཕྱོགས་ཞེན་མིན་ནམ་སྙམ་ན་སྤྱིར་དེ་ལྟར་དུ་འགྲོ་བའི་སྐབས་སྲིད་ཀྱང་ཐུགས་བསྐྱེད་ཀྱིས་ཟིན་པས་རྗེ་འདི་ལྟ་བུ་ལ་དེ་འདྲའི་གནས་མེད་དེ་སྔོན་དུས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་རང་གི་སྡེར་གཏོགས་པའི་ཕན་པར་འོས་པ་དེ་དག་གི་ཆེད་དུ་སྐུ་སྲོག་བཏང་བ་སོགས་མཛད་པའི་ལོ་རྒྱུས་མང་སྟེ་དཔེར་ན་སྤྲེའུའི་རྒྱལ་པོའི་སྐྱེས་རབས་བཞིན་ནོ། །ཡང་བཀའ་ལས། ནམ་འཆི་བའི་ཚེ་གྲེ་ཐོགས་འདིས་འཆི་རྐྱེན་བྱས་ན་དགའ་འདུག །ཡུན་རིང་པོར་སྡུག་བསྔལ་གྱིས་མནར་བས་བྱང་ཆུབ་ཀྱིས་སེམས་སྦྱོང་བ་ལ་ཕན་ངེས་བྱེད་ཅེས་བདག་ལ་ལན་དུ་མར་ཕེབས་ཤིང་། དུས་ཕྱིས་ཤིག་དུས་འགྱུར་ཚབས་ཆེན་བྱུང་ན་ཅི་འགྱུར་གྱི་འཕྲོས་པ་ཞིག་གི་དུས་སུ། ཞལ་སྔ་ནས་མུ་གེ་འཆི་ན་དེ་ཉིད་ལམ་དུ་ཁྱེར་ཚུལ་ཞིག་ཀྱང་ཤེས་པས་ཐུབ་ངེས་ཡིན་ཞེས་བླ་མ་ཀུན་དགའ་བསྟན་འཛིན་སོགས་ལ་ཕེབས་པར་ཐོས་ཏེ། དེས་ན་དམ་པ་འདིའི་ཐུགས་སྟོབས་ནི་རྒྱལ་སྲས་ཀྱི་ཁྱུ་མཆོག་ཆེན་པོ་རྣམས་ཀྱི་རྗེས་སུ་གཤེགས་པ་ལས་བདག་ཅག་ལྟ་བུས་ཡིད་སྨོན་གྱི་ཡུལ་དུའང་བྱ་དཀའ་བར་སྣང་ངོ་། །ཡང་གནོད་ལན་དུ་ཕན་འདོགས་པ་ནི་རྗེ་འདིའི་ཐུགས་དམ་གྱི་མཐིལ་དུ་གནང་བ་ཡིན་ཏེ། དཔེར་མཚོན་ན་སྔོན་རྫོགས་ཆེན་དུ་བཞུགས་དུས་དགོན་པས་ཅུང་མི་འཚམས་པ་ཞིག་མཛད་པས་རྗེས་སོར་ལི་ཐང་ཕྱོགས་སུ་ཚོང་པ་འོངས་དགོས་རྒྱུ་ལ་ཁོང་ཚོ་སྐྲག་ནས་བླ་མ་གཞན་དགའི་བཀའ་ཐོག་བླངས་ཏེ་བྱུང་བར། རྗེ་འདིས་གྲོ་གསོས་གཟབ་པར་གནང་ཞིང་རོགས་རམ་གང་དགོས་མཛད་པ་དང་། རྗེས་སུ་ལྷ་ཁང་མེ་ལ་ཤོར་དུས་ཀྱང་རྟ་གཅིག་གནང་བས་དེ་ཕྱོགས་ཐམས་ཅད་དགའ་དད་གུས་གསུམ་འཛོམ་པ་ཞིག་ཏུ་སོང་བ་དང་། སྡེ་གཞུང་མའི་ཉེས་པས་བོད་དམག་གིས་སྡེ་དགེའི་རི་ཁྲོད་ནས་རྗེ་ཉིད་བུ་གཏེ་ལ་བཟུང་སོང་བར་ཉིད་ལ་དད་པའི་སྡེ་དགེའི་མདུན་བློན་ཞིག་གིས་དེ་ལྟར་གྱིས་ཟེར་མཁན་ཁྲོཾ་ཁོག་གི་མི་ཆེན་ཞིག་ཡིན་ཚུལ་ནང་ཞུས་བྱས་པས་ངོས་ཟིན་ཀྱང་སྡེ་གཞུང་མའི་ཕོ་ཤེད་ཀྱིས་དེ་ལ་གནོད་ངེས་རེད་འདུག་དགོངས་ནས་ཡབ་རྗེ་སོགས་ལ་ཟུར་ཙམ་ཡང་མ་གསུངས་པར་གསང་རྒྱ་མཛད་ཚུལ་བདག་ལ་ཕེབས་ཤིང་། བཀའ་ལས་ང་རང་གིས་ཡང་ཡང་བརྟགས་ཚེ་བདག་ཤཱཀྱའི་དགེ་སློང་དང་། བྱང་ཆུབ་སེམས་དཔའ་ཞེས་བརྗོད་ཀྱང་ངོ་མི་ཚ་བ་འདུག་གསུངས་ནས་ཐུགས་ཁོམ་ཡོད་མེད་རེ་མ་གཏོགས་འདུལ་བའི་མཁན་སློབ་དང་། བྱང་སེམས་ཀྱི་སྡོམ་པ་གནང་བ་ལ་འཛེམ་དོགས་ཆེར་མི་མཛད་པ་ཡིན་ནོ། །ཡང་བཀའ་ལས། གཞན་ཉམས་ལེན་མཐོ་ཤོས་རྣམས་རང་རེ་ལྟ་བུས་ཅི་འགྱུར་ཆ་མེད་ཀྱང་། བྱང་ཆུབ་ཀྱི་སེམས་འདི་རྣམ་རྟོག་བཟང་ངན་བཅོས་བསྒྱུར་བྱེད་པ་ཙམ་ཡིན་པས་སུས་ཀྱང་ནུས་སྙམ་ལ། འདི་ཁེ་ཆེ་ལ་ཉེན་ཆུང་བའི་ཆོས་ཡིན་ཞེས་དང་། རྗེ་ཉིད་རི་ཁྲོད་སོགས་སུ་བཞུགས་དུས་བསམ་པ་བཟང་པོ་བྱུང་མ་བྱུང་གི་ལོ་རྒྱུས་དང་། གཞན་མཆོག་དམན་ཐམས་ཅད་ལ་ཞལ་ཏ་གནང་དུས་ཀྱང་ཐུགས་བསྐྱེད་དང་བསམ་པ་བཟང་པོ་དགོས་ཚུལ་ཁོ་ན་ཕེབས་པ་སོགས་ལྷ་གཅིག་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་དང་མི་གཉིས་ཤིང་གཞན་ཕན་ཐུགས་མཆོག་བཅོས་མ་མ་ཡིན་པ་མངའ་བས་རླབས་ཆེན་སྤྱོད་པ་རྒྱ་མཚོ་ལ་རང་དབང་འབྱོར་བའི་རྒྱལ་སྲས་ཆེན་པོར་གྱུར་པ་ཞིག་གོ། སྔགས་སྡོམ་གྱི་དབང་དུ་བྱས་ན་སྐྱེ་འཕྲེང་དུ་མར་རྟོགས་པའི་བརྟུལ་ཞུགས་ཀྱིས་མྱོས་པ་ཞིག་ཡིན་ཚུལ་གོང་སོང་ལྟར་ལ། སྐུ་ཚེ་འདི་ལ་ཡང་སྨིན་བྱེད་ཚད་ལྡན་ནོས་པ་ནས་བཟུང་ཉེས་ཚོགས་འབད་པས་བསྲུང་ཞིང་། དང་པོར་གོ་ཡུལ་ལྟར་སྟོན་པའི་ཁྱེར་སོ་གསུམ་དང་མ་བྲལ་ལ། དེ་ནས་རིང་མིན་ཉམས་མྱོང་རྒྱུད་ལ་སྐྱེས་པས་ནོར་བུ་རྙེད་ཚེ་དབུལ་བའི་འཇིགས་པ་ལ་གྲོལ་བ་ལྟ་བུ་དང་། དུས་ཕྱིས་ནི་ལྷ་སྔགས་ཡེ་ཤེས་ལས་ནམ་ཡང་མི་གཡོ་བ་ནས་གྲུབ་འབྲས་མཐར་ཕྱིན་པའི་བར་དུ་ཡིན་ཞིང་། དེས་ན་རིང་ལུགས་འདིའི་སྐྱེས་ཆེན་གོང་མ་རྣམས་དང་ཞལ་མི་གཉིས་པའི་རྡོ་རྗེ་འཛིན་པ་ཆེན་པོར་ཚད་མས་གྲུབ་པ་ཡིན་ནོ། །མདོར་ན་འདུལ་མདོ་སྔགས་གསུམ་གྱི་སྡེ་སྣོད་རྒྱ་མཚོའི་དགོངས་དོན་ལ་ནི་རང་བྱན་ཚུད་པའི་མཁྱེན་པ་མངའ་ཞིང་། སྟོན་དང་བསྟན་པ་འདི་དག་ལ་གཅིག་ཏུ་གུས་ཤིང་སྤྲོ་བ་ནི་འགྲན་ཟླས་དབེན་ལ། དྲན་ཤེས་ཀྱིས་མནལ་ལམ་དུའང་བག་མེད་དུ་མི་འཆོར་ཞིང་། སྨིན་གསུམ་ཤས་ཆེ། སྒྲིབ་གསུམ་ཤས་ཆུང་བས་མ་འབད་ཀྱང་དུག་གསུམ་གྱི་སྤྱོད་ངན་རང་བཞིན་གྱིས་ཁེགས་པ་ལྟ་བུར་བཞུགས་པས་ཉེས་ལྟུང་གི་འབྱུང་སྒོ་བཞི་དང་བྲལ་བའི་ཕྱིར་ངེས་པ་དོན་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ནོ། །དེས་ན་དེང་སང་ལ་ལ་སྲུང་སྡོམ་དག །གོང་མ་ལ་མཐོ་སྙད་འདོགས་པ་དང་། འགའ་རེས་མཐོ་སྐད་ཀྱིས་འོག་མ་ཁྱད་དུ་བཤད་པ་དེ་འདྲ་མ་ཡིན་པར་བསྟན་པ་ཡོངས་རྫོགས་ཀྱི་བཙུན་པ་ཆེན་པོ་དང་། དེ་དག་གྲུ་བཞི་ལམ་ཁྱེར་གྱིས་ཐུགས་ཉམས་སུ་བཞེས་པས་བསྟན་པའི་བདག་པོ་དང་། ཁམས་གསུམ་ཀྱི་སྐྱབས་གནས་གཅིག་པུར་ངེས་པའོ། །གསུམ་པ་བཟང་པོའི་ཡོན་ཏན་ལ། འགལ་རྐྱེན་ཆོས་བརྒྱད་སྤངས་ཤིང་། མཐུན་རྐྱེན་བྱང་སེམས་བཅོས་མིན་གྱིས་ཅི་བྱས་གཞན་དོན་ལས་མི་གཡོ་བ་ཞིག་ཡིན་ཏེ་དེ་དག་རིམ་པར་བརྗོད་ན། དང་པོ་ཆོས་བརྒྱད་སྤངས་ཚུལ་ནི། རྙེད་མ་རྙེད་མགོ་སྙོམས་པ་མ་ཟད་མ་རྙེད་པ་ལ་དགྱེས་པ་ལྟ་བུ་ཡིན་ཏེ་ཡོན་བདག་གི་སྒོ་དྲུང་དུ་ཕར་སྙེགས་ནས་མཐུན་འཇུག་མཛད་པ་ལྟ་ཅི་སྨོས། འོ་བརྒྱལ་ཅི་ཡང་མ་དགོས་པར་ཕུལ་ཆོག་པའི་སྐབས་རྙེད་པ་ཙམ་ལའང་དགའ་བ་བསྒོམ་ནས་དངོས་རྫས་བསམ་གྱི་མི་ཁྱབ་པ་ཞིག་འབུལ་མཁན་འདུག་པར་ཕྱེད་བཞེས་ལ། ཕྱེད་མི་བཞེས་པ་ལྟ་བུ་ཞིག་མང་ཞིང་རེས་འབུལ་ཆེན་བྱུང་བ་ལ་འདི་འདྲ་ལས་ངན་ཆེས་པས་ཡིན་གསུངས་ཤིང་ཞལ་ངོ་གནག་པ་མཛད་པའང་མང་དུ་མཐོང་ལ། དེ་ཡང་དེ་འཕྲལ་གཏོང་བའི་གྲབས་མཛད་པ་ཞིག་ལས་མེད་པ་ཡིན་ནོ། །དེ་ཡང་བཀའ་ལས་ནང་ནས་ཨེ་རྙེད་ཀྱི་རེ་བ་ནམ་ཞིག་པ་ན་ཕྱི་ནས་ཡོ་བྱད་ཆར་ལྟར་བབས་འདུག་ཅེས་ཐུགས་མྱོང་གི་ཚུལ་གྱིས་ཕེབས་སོ། །ཁྱད་པར་དུ་གཤིན་རྫས་ནི་སྔ་མོ་བཅད་རྒྱ་དམ་པོ་གནང་དུས་སྐོར་ལ་ཆེས་ཕྲ་བའི་ཕྲ་བ་ཡང་མི་བཞེས་པར་བཙན་དུག་བཞིན་དུ་འཛེམ་པར་མཛད་པ་ཡིན་འདུག་ལ། དུས་ཕྱིས་བཅད་རྒྱ་ཡངས་སྐབས་རྣམས་སུ་རོ་མགོར་ཕེབས་པ་སོགས་ལྟ་ཅི་སྨོས་ཏེ་སྐུ་དྲུང་དུ་འབུལ་མཁན་ཅུང་ཟད་རེ་བཞེས་པ་རྣམས་ཀྱང་ཞིང་དག་པ་རེར་འགྲོ་ངེས་མཛད་པ་ལས་ཉིད་ཀྱིས་ཉེར་སྤྱད་མཛད་པའི་ཕྱག་སྲོལ་གཏན་ནས་མེད་པ་ཡིན་ནོ། །དེ་བཞིན་དུ་ཕྱག་རྫས་རིགས་ཉིད་ཀྱིས་ཕུགས་འཛིན་གྱིས་ཁེ་བསྐྱེད་འདོད་པའི་ཚོང་དང་བུན་སོགས་མཛད་པ་མི་སྲིད་ལ། གཞན་ཆོས་པའི་ཟོལ་ཅན་གྱིས་དེ་འདྲ་ཞུ་མཁན་ལའང་གནད་དུ་བརྡེགས་པ་རེ་ཕེབས་པ་ཡིན་ཏེ། དཔེར་མཚོན་ན་ཁོ་བོ་ཞལ་མཇལ་ཕྱི་མའི་དུས་སྒྲུབ་པ་ཡུན་རིང་ཞིག་གི་འདུན་སྨོན་ལ་འབྱོར་བ་ཆུང་སྟབས་རྒྱགས་ཀྱིས་འདང་དཀའ་སྙམ་པས་སྐྱེད་ཁ་ཞིག་བཏང་བ་ཞུས་པར། ཁྱོད་ཀྱི་དེ་འདྲ་དེ་རྒྱ་བོད་གང་གིའང་ཆོས་སྒྲུབ་ལུགས་མ་རེད་གསུངས་པ་སོགས་བཀའ་བཀྱོན་པ་གནང་བ་ལྟ་བུའོ། །རི་ཁྲོད་དུ་བཅད་རྒྱ་ཅུང་ཡངས་སྐབས་རྣམས་སུ་ཞལ་འཇལ་མཁན་མང་པོ་ལ་གཟིམ་ཁང་གི་ཕྱི་རོལ་ཏུ་མཇལ་ཁ་གནང་བ་ན་ཕྱག་རྟེན་ཕུལ་ཚད་གང་དགར་བོར་བས་དངུལ་དང་དར་སོགས་ཀྱིས་ཉེ་སྐོར་རྣམས་བཀང་ནས་ཉེ་གནས་ཀྱིས་མཐོང་མ་མཐོང་ཉར་ཚགས་བྱས་མ་བྱས་སོགས་ལ་ཐུགས་ཞེན་དང་གསུང་ཆུང་ཕྲ་མོ་ཙམ་ཡང་མི་ཕེབས་ལ། དེས་ན་བྱ་བྲལ་དང་ཀུན་སྤངས་ཞེས་པའི་མཚན་ཉིད་དེ་ངེས་པར་དམ་པ་འདི་ལ་མངའ་བ་ཡིན་ནོ། །བསྟོད་སྨད་ལས་འགའ་རེས་ཉིད་ལ་ཅུང་སྨད་པ་ལྟ་བུ་ཟེར་སྐད་གསན་ན་དོན་དེའི་གཞི་ཕྲ་མོ་ཡོད་པ་ཞིག་ཡིན་ཚུལ། འ་འི་བདེན། དེས་སེམས་ལ་ཤིན་ཏུ་ཕན་པར་བྱུང་གདམས་ངག་ཡིན་གསུངས་ནས་ཐུགས་དགྱེས་པོ་གནང་ལ། བདེ་སྡུག་ཀྱང་རོ་མཉམ་པས། ན་བཟའ་ཧ་ཅང་འཕྱོར་པོ་མི་གསོལ་ཞིང་། གསོལ་ཟས་ཤིན་ཏུ་ཞིམ་པ་ཆེད་དུ་མི་གཉེར་ལ་གཞན་གྱིས་ཞུས་ཀྱང་། རྒྱལ་སྲས་ཐོགས་མེད་ཀྱི་ལོ་རྒྱུས་གསུངས་ནས་འདི་འདྲ་བརྒྱགས་ཆེའི་ལུགས་རེད་དགོས་མེད་ཡིན་གསུངས་ནས་ཅུང་ཟད་ལས་མི་བཞེས་ལ། དཔེར་ན་སྔར་གང་བྱུང་ལས་མེད་པ་ལ་དུས་ཕྱིས་ད་ལྟའི་གནས་སུ་རང་འཐག་འདྲ་ཉར་ཚགས་བྱས་ནས་ཉེ་གནས་རྣམས་ཀྱིས་གསོལ་ཞིབ་ཅུང་སྤུས་ལེགས་རེ་བྱས་པའང་གོང་བཞིན་གསུངས་ནས་ཐུགས་ལ་མི་འཕྲོད་པའི་ཚུལ་ལན་འགར་བདག་ལ་ཕེབས་སོ། །དགའ་མི་དགའ་སོགས་གང་བྱུང་རོ་སྙོམས་ཀྱིས་ལམ་དུ་ཁྱེར་བ་ལས། སྒེར་དེད་མི་མཛད་ལ། དེ་ལྟར་ཆོས་བརྒྱད་རིང་དུ་སྤངས་སྟབས་བླ་དཔོན་ཆེན་པོའི་སར་བཞུགས་ཀྱང་གསེར་ཞྭ་དང་རྟ་སྡོམ་སོགས་གཏན་མི་མཛད་ཅིང་། ཕྱག་དམ་དེ་ཡང་སྔ་མོའི་ཐེལ་མཚལ་བརྗེ་མ་གྲུབ་པས་དམར་པོར་མཛད་པ་ཙམ་མ་གཏོགས། གྲྭ་རྐྱང་དཀྱུས་མའི་ཆ་ལུགས་ཞིག་ལས་གཏན་མི་མཛད་ལ། ཡུལ་གཞན་དུ་ཕེབས་པ་སོགས་ཀྱི་དུས་ང་སྡེ་གཞུང་སྤྲུལ་སྐུ་རེད་མ་ཟེར་གསུངས་ནས་མི་ནག་ཅན་བཞིན་དུ་གསང་རྒྱ་མཛད་དེ་ཕེབས་པར་ཡིན་སྐད་ཐོས་ནས་སྔོན་བསྒུག་རྗེས་དེད་ཀྱིས་མང་པོས་བསྙེན་ཅིང་བཀུར་བ་དང་། མི་སྟོབས་འབྱོར་ཅན་ཞིག་གིས་དྲུང་དུ་འབུལ་བ་འདྲ་བྱུང་ཡང་ཕྱག་མདུད་གཅིག་གི་ལན་ཡང་མེད་ལ། དེ་འདྲ་ལ་ཡིག་ལན་ཡང་ཆེར་མི་གནང་ཞིང་བདག་ཅག་གིས་མཐུན་འཇུག་ཕྲ་མོ་དགོས་ཚུལ་ཞུས་པ་ལའང་གནད་དུ་བརྡེགས་པ་རེ་ཕེབས་ཤིང་། དམན་པ་རྣམས་ཀྱིས་ཡང་གཅིག་ཕུལ་ན། དེའི་ལན་དུ་དེ་བས་ཆེ་ཙམ་གནང་བ་དང་། ངན་སློང་སྤྱི་ལའང་སྐུའི་ན་བཟའ་ཕུད་དེ་སྦྱིན་པ་སོགས་ལྷག་པར་བརྩེ་ཞིང་། ཐུན་མཚམས་རྣམས་་སུ་སྐུ་མདུན་དུ་བཅར་མཁན་འདྲ་ཞུས་ཚེ་དང་པོར་སྐུ་དྲང་པོར་བསྲང་ཡོད་པ་ལ་གློས་ཕེབས་ཏེ་ཉལ་ནས་ད་དེ་ཤོག་གྱིས་གསུངས་ནས་དེ་ལྟར་དུ་བཞུགས་པར། འ་འི་འདི་པ་ནི་གོ་ལྡོག་འདི་འདྲ་མི་གཞན་ཚོའི་བླ་མ་ནི་མཇལ་མཁན་བྱུང་ཞུས་ཙ་ན། ཡར་བཞེངས་པ་ལ་སྙམ་པའང་མང་དུ་བྱུང་བ་ཡིན་ནོ། །རེས་འགར་ཅ་ལག་བྱིས་པའི་རྩེད་ཆས་ལྟ་བུ་རེ་ལའང་ཐུགས་ཞེན་མཛད་ཚུལ་གྱིས་ཕྱག་གིས་བསྣམས་སྐུ་རུམ་དུ་བཅུག་པ་སོགས་དང་། ཉིད་ལ་བསྟོད་ཚུལ་ཞུས་པ་ན་ཅི་འདྲ་ཟེར་གསུངས་ནས་ཆེད་གཉེར་མཛད་པ་ལྟ་བུར་སྣང་ཡང་ཚུལ་སྟོན་ཁོ་ན་སྟེ་ཆེད་དུ་གཉེར་ན་རྗེ་འདི་ལྟ་བུས་བོད་གངས་ཅན་ཙམ་གྱི་ཆེ་རྒུ་མཐའ་དག་གི་རིགས་བདག་ཏུ་བཞུགས་ནས་རྣམ་ཐོས་ཀྱི་བུར་འགྲན་པ་ལྟ་བུའི་སྐུ་བསོད་དང་བསྟོད་བསྔགས་ཀྱི་རོལ་མོས་ས་ཆེན་པོ་འདི་གང་བ་ཙམ་ཞིག་བཞེད་ནའང་ངེས་པར་འགྲུབ་བཞིན་དུ། དེ་འདྲའི་ཐུགས་ཞེན་གཏན་ནས་དོར་ཏེ་བྱ་བྲལ་གྱི་ངང་ཚུགས་སྐུ་སྲོག་ལས་ཀྱང་གཅེས་པའི་རྟགས་ཀྱིས་ཤེས་སོ། །གཉིས་པ་ནི། རྗེ་ཉིད་ཀྱི་མཛད་པ་དང་འབྲེལ་བ་གང་ཐད་ནས་ཐབས་མཁས་ཁོ་ནས་འདུལ་བ་མ་གཏོགས་བླ་དཔོན་གྱི་ཐོབ་ཐང་གིས་བཙོན་བཟུང་ལྕགས་བྲབས་ཀྱི་དྲག་ལས་གཏན་མི་སྲིད་ལ་དཔའ་རྩལ་དང་སྟོབས་འབྱོར་གྱིས་དྲེགས་པའི་མི་ཆེན་མང་པོའང་སྐུ་དྲུང་དུ་སླེབས་ནས་གསུང་ཟེར་ཕོག་པ་ཙམ་གྱིས་ཞི་དུལ་གྱི་གནས་ལ་བཀོད་པ་དང་། སྔར་སྡེ་གླིང་གི་གྱོད་བསྒྲིག་དུས་དེའི་གོང་ཕན་ཚུན་དཔའ་གཏམ་གྱི་ང་རྒྱལ་འགྲན་པ་ལས་དོན་རྩ་ཨེ་འགྲིགས་ཀྱི་རེ་འདུན་གཏན་མེད་པ་ལྟ་བུ་ལ་རྗེ་འདིས་གསུང་གསང་ཕེབས་ཕྱིན་ཐམས་ཅད་ཀྱི་ངན་ངར་དེ་འདྲ་ཞི་ནས་གང་གསུངས་བསྒྲུབ་པས་ཞིག་བྱུང་བ་དང་། ཁྱད་པར་དུ་ལན་ཅིག་གླིང་གཤིས་མགོ་པ་རྣམས་ཀྱིས་དཔོན་རྒན་ལ་ལེ་ལན་བདས་ཏེ་ཁྱོད་ཀྱིས་བཤད་མི་ཐུབ་པར་འདུག །ཁོང་ཚོ་འགྲོ་ཟེར་ནས་ཁོང་རྣམས་དཔུང་བསྒྲིལ་གྱིས་བྱུང་བར། རེ་རེ་བཞིན་གཏམ་ངོམ་ལྟ་བུ་བྱེད་འདུག་པར་རྗེ་འདིས་ཕན་ཚུན་གཉིས་ཀ་ལ་ལྷག་བསམ་ཁོ་ནས་འདི་འདྲའི་འོ་བརྒྱལ་མཛད་པ་མ་གཏོགས་རང་ཕྱོགས་འཐེན་འཁྱེར་མེད་ཚུལ་སོགས་དྲང་གསུང་བརྗིད་ལ་ཟས་པ་ཧུར་བསྡུས་ཤིག་ཕེབས་པས་ཁོང་རྣམས་ཀྱི་བསམ་ངན་མེ་འབར་བ་ལ་ཆུ་བླུགས་པ་བཞིན་དུ་སོང་ནས་ཅི་ཡང་སྨྲ་མི་ནུས་ཤིང་ཆོས་ཀྱི་བག་ཆགས་ཡོད་པ་འགའ་རེ་སྤྱན་སྔ་དེ་ནས་ངུས་ངུས་ཤིང་ཐམས་ཅད་ཀྱིས་གང་གསུངས་སྒྲུབ་པར་ཁས་བླངས་པ་ཡིན་འདུག་ལ། སྤྱིར་འཁྲུགས་པ་དེ་ནི་ཕན་ཚུན་གཉིས་ཀར་མི་བཞི་བཅུ་ནང་སྐོར་བསད་ཅིང་། ནོར་འཕྲོག་བཅོམ་སོགས་ལོ་དགུའི་རིང་ལ་ལས་ངན་གྱི་རྒྱུ་འབྲས་ཚབས་པོ་ཆེ་ལ་སྐྱོང་པ་ལ་ཡུལ་གྲུ་དེ་དག་གི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་དགོངས་དེ་སྐུ་སྲོག་ལྟོས་མེད་ལྟ་བུའི་ཐུགས་སྟོབས་ཀྱིས་འདུམས་པར་མཛད་པ་ཡིན་ལ། དེའང་རྒྱུ་ལས་ངན་གྱིས་བྱས། རྐྱེན་འདྲེ་ངན་གྱིས་དཀྲུགས། ངོ་བོ་ངན་སོང་ལས་ཐུབ་ལྟ་བུར་སོང་ཡོད་འདུག་པར། རྗེ་འདི་ལྟ་བུ། སྐྱབས་གནས་ཀྱི་བྱིན་རླབས། ཆོས་སྐྱོང་གི་ཕྲིན་ལས། ཐུགས་བསྐྱེད་ཀྱི་འཕེན་པ་སོགས་ཐབས་མཁས་ཐུགས་རྗེ་མཐའ་དག་འཛོམས་པ་ཞིག་མ་གཏོགས་སུས་ཀྱང་མི་འགྲིགས་པ་ཡིན་ནོ། །གཞན་ཡང་དེས་མཚོན་ནས་སྤྱི་དང་བྱེ་བྲག་གི་ཁ་མཆུ་ཆེ་ཕྲ་མི་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་འགྲིགས་སླ་ལ་མཐའ་གཙང་བ་ཁོ་ནས་འདུམས་པར་མཛད་པའང་བྱང་སེམས་བཅོས་མིན་མངའ་བའི་མཐུ་སྟེ། བཀའ་ལས། ངས་ཁ་མཆུ་ཆེ་ཕྲ་མང་པོ་ཚེགས་ཆུང་ངུས་འགྲིགས་པ་དང་། མི་ཆེན་ང་རྒྱལ་ཅན་རྣམས་རང་གི་གང་སྨྲས་ལས་གཞན་དུ་མི་འཆོར་བ་ལྟ་བུ་འདི་འགའ་རེས་སྡེ་གཞུང་སྤྲུལ་སྐུ་མི་ཐབས་མཁས་པས་རེད་ཟེར་ཏེ། དེ་གཏན་མིན་བླ་མ་དཀོན་མཆོག་གི་བྱིན་རླབས་དང་། བསམ་པ་བཟང་པོ་ཅུང་ཟད་རྒྱུད་ལ་སྐྱེས་པས་ཡིན་ཞེས་ཡང་ཡང་ཕེབས་སོ། །ལ་ལས་མི་ཆེན་གཞན་གྱི་ལུགས་ལྟར་ཉིད་ལའང་རང་འདོད་ཞིག་ཡོད་ངེས་སྙམ་མིའང་ཡོད་ལས་ཆེ་སྟེ་དེ་འདྲའི་དོན་གྱིས་དངུལ་ཊཾ་གཅིག་ཀྱང་འབུལ་མཁན་གྱིས་འབུལ་སྙམ་པ་དང་། བཞེས་མཁན་གྱིས་བཞེས་དགོས་པ་མེད་པས་ཐུགས་རྗེས་གཞན་དོན་ལ་དགོངས་པ་ཁོ་ན་ཡིན་ཞིང་། སྤྱི་དང་བྱེ་བྲག་ཆེ་ཕྲ་གང་ཐད་ནས་རང་ཕྱོགས་དང་འབྲེལ་བ་ཐམས་ཅད་ལ་གྱོང་དང་བུབས་ཁ། གཞན་ཕྱོགས་སུ་སྣང་བ་རྣམས་ལ་ཁེ་དང་རྒྱལ་ཁ་གནང་བ་ནི་ཕྱག་བཞེས་ཀྱི་སྲོལ་དུ་ཆགས་པ་ཞིག་མཛད་ལ། དེའང་ནུས་མེད་འཇམ་དལ་དུ་སོང་བས་མི་ངོར་འདེགས་མ་ཐུབ་པ་ལ་ཆོས་རྒྱུས་ཆུང་བ་འགས་བྱང་སེམས་སུ་སྒྲོ་བཏགས་པ་ལྟར་མིན་པར། རྗེ་འདི་ནི་མི་ཆོས་ཀྱི་ཐད་ནས་ཀྱང་ཕ་ོརབ་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཞིག་ཡིན་པས་དང་པོར་འདི་ཡིན་དེ་མིན་གྱི་བརྡ་དོན་ཐམས་ཅད་བཀྲོལ་ནས་ཕ་རོལ་པོ་ཅི་ཡང་སྨྲར་མེད་པའི་གནས་ལ་བཀོད་དེ། རྗེས་སོར་ཕམ་ཁ་རང་གིས་བཞེས་པ་ཡིན་ལ། བཀའ་ལས་ཀྱང་། ནུས་པ་ཡོད་བཞིན་དུ་ཕམ་ཁ་ལེན་དགོས་པ་ཡིན་མ་ནུས་པས་བྱང་ཆུབ་སེམས་དཔར་མི་འགྲོ་ཞེས་ཕེབས་སོ། །གླིང་གཤིས་པས་དཔོན་ཚང་ཁང་པ་ཞུགས་ལ་སྤར་དུས་རྗེའི་རྟེན་གསུམ་དང་། ཕྱག་དཔེ་འགངས་ཆེན་མང་པོ་ཐལ་བར་སོང་རྗེས་སོར་གླིང་གཤིས་དཔོན་རྒན་ནས་ཁོང་ཚོའི་ཕྱོགས་ལའང་གནོད་ངེས་པས་དེ་དག་དང་པོ་ཉིད་ནས་ཚབ་མ་ཡོང་ངེས་ཀྱི་ཐེབས་རྩ་བཤགས་པ་དང་བཅས་པ་ཞིག་བྱེད་འོངས་ཚུལ་ཞུས་ཡོད་འདུག་ཀྱང་། རྗེས་དེ་འདྲ་ལྟ་ཅི་སྨོས། མཚོན་པ་ཙམ་ཞིག་བཞེས་ཏེ་དེའང་སྡེ་གཞུང་མའི་སྤྱི་ཕན་མཛད་པ་ལས། ཉིད་ཀྱིས་ཅུང་ཟད་ཙམ་ཡང་མ་བཞེས་པ་ཡིན་ནོ། །དེ་ལྟར་མཛད་པ་ལ་རྒྱུས་ཅན་དུ་སོང་ཙ་ན་རྗེས་སོར་གླིང་གཤིས་པ་རྣམས་ཀྱང་སྡེ་གཞུང་མ་དང་མཉམ་གྱིས་དད་པའི་ས་ལ་བཀོད་པ་ཡིན་ནོ། །དེ་དག་དང་འབྲེལ་བར་མཆོག་ཏུ་དུལ་བའི་བདག་ཉིད་ཅན་དུ་ཡང་བཞུགས་པ་ཡིན་ཏེ། སྐྱེས་རབས་དང་། སྔོན་གྱི་དམ་པ་རྣམས་ཀྱི་རྣམ་པར་ཐར་བའི་གསུང་འཕྲོས་གནང་བ་དང་། དཔེ་གཟིགས་པའི་ཚེ། ཕྱག་ཐལ་མོ་སྦྱར་ནས་དྲག་ཏུ་བཤུམ་ཞིང་རང་ཡང་སྡོད་མི་ཚུགས་པ་ལྟ་བུར་མཛད་ལ། རི་ཁྲོད་དུ་ཐུན་མཚམས་དང་སྐྱོ་བསང་གི་དུས། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་རྣམས་ལས་ཟབ་རྒྱས་ཀྱི་དོན་ལྷག་པར་བསྟན་པའི་ཚིགས་བཅད་ཅི་རིགས། ཁྱད་པར་དུ་སྤྱོད་འཇུགགི་བསམ་གཏན་ལེའུ་གཙོ་བོར་གྱུར་པ་དང་། རྗེ་མི་ལའི་མགུར་གསུང་དབྱངས་སྙན་པོས་གསུངས་ཙ་ན། རྒྱུན་པར་སྤྱན་ཆབ་དང་འབྲལ་མེད་ཡིན་ཞིང་། བཀའ་ལས། གཅིག་པུར་འདུག་དུས་སེམས་ལ་མི་བདེ་བ་བྱུང་བའི་ཚེ། ཆོས་གང་ལས་ཀྱང་མགུར་འབུམ་དང་སྤྱོད་འཇུག་འདི་དག་ཟབ་ངེས་རེད། འདི་དག་བཏོན་ཚེ་རྣམ་རྟོག་གཞན་ནུབ་ནས་སྐྱོ་ཤས་དང་དད་པ་དུང་ངེ་ཡོང་བ་འདི། ཚིག་སྙན་པ་ཙམ་གྱིས་མིན་པར་བྱིན་རླབས་ཆེ་བས་ཡིན་འདུག་ཅེས་ཕེབས་ཤིང་། སེམས་ཅན་དམན་པ་རྣམས་སྡུག་བསྔལ་གྱིས་མནར་ཚུལ་དང་། སྟོབས་འབྱོར་ཅན་འགའ་རེ་ང་རྒྱལ་གྱིས་ཁེངས་པ་དང་། ལས་ངན་བསགས་ཚུལ་གསན་པ་ན་གསུང་གླེང་གི་འཕྲོ་རྦད་ཀྱིས་ཆད་དེ། སྤྱན་ཆབ་བསིལ་བའམ། ཤུགས་རིང་འབྱིན་པ་སོགས་མཛད་ལ། བཀའ་ལས། བླ་མ་བློ་གྲོས་ཀྱིས། སྡུག་བསྔལ་གྱིས་མནར་བཞིན་པ་འདི་ཚོ་ལས་ཀྱང་། ཁེངས་སེམས་གྱིས་ལས་ངན་བསོག་པ་འདི་རྣམས་ལ་ལྷག་པར་སྙིང་རྗེ་བ་འདུག་གསུངས་པ་ཆོས་གྱི་གནད་གཏིང་ནས་གོ་བའི་གསུང་རང་དུ་གདའ་སྟེ། སྔ་མའི་ལས་ངན་ནི་འཛད་བཞིན་པ་ཡིན་ལ། ཕྱི་མ་དེ་ཚོས་བསགས་བཞིན་པ་ལ་ད་དུང་ཡིན་རློམ་ཆེན་པོ་སྐྱེ་བས་སོ། །ཞེས་ཡང་ཡང་ཕེབས་ཏེ་ཀུན་མཁྱེན་ཆེན་པོའི་བསྟོད་པར། སྲས་བཅས་རྒྱལ་བའི་ཡོན་ཏན་དྲན་པའམ། །མགོན་མེད་འགྲོ་བའི་སྡུག་བསྔལ་གཟིགས་པའི་ཚེ། །དད་དང་སྙིང་རྗེའི་རྦ་རླབས་ཆེར་གཡོ་བ། །མཆོག་ཏུ་དུལ་བའི་མགོན་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར་ཡིན་ལ། དེར་མ་ཟད། རྗེ་ཉིད་སྤངས་རྟོགས་ཡོངས་རྫོགས་ཀྱི་གོ་འཕང་ལ་བཞུགས་བཞིན་ཡོན་ཏན་ཐམས་ཅད་ས་འོག་གི་གཏེར་བཞིན་སྦས་ནས་དམན་ས་བཟུང་ཞིང་དམན་ཚུལ་ཁོ་ན་མཛད་ལ། གཞན་གྱིས་གོ་ཡུལ་རྣམ་དག་སྣ་རེ་ཙམ་ཞུས་པ་ལའང་། འ་འི་དེ་འདྲའི་གོ་བ་ལ། མཁས་པ་ལ་ཞེས་བསྔགས་བརྗོད་ཆེན་པོ་གནང་བར། སྐབས་ཤིག་བླ་མ་ཨ་འཇམ་གྱི་ཞལ་ནས། འུ་ཅག་གི་སྤྲུལ་སྐུ་རིན་པོ་ཆེ་དང་། སྲས་ཨ་འགྱུར་གཉིས་ཀྱི་མདུན་དུ་སུ་སླེབས་ཀྱང་། མཁས་པ་དང་བཟང་པོ་འབའ་ཞིག་ལས་མི་འདུག་པ་ལ་ཞེས་ཉམས་མཚར་ལྟ་བུས་གསུངས་པར་ཁོང་ཐུགས་ཤིན་ཏུ་མད་སྙམ་པ་བྱུང་བ་ཡིན་ནོ། །མདོར་ན་ཚར་ཆེན་རིན་པོ་ཆེས། རྗེ་རྡོ་རིང་པ་ལ། གཅིག་ཤེས་ཀུན་མཁྱེན་གྱི་མཁས་པ། །སྡོམ་གསུམ་མཐར་ཕྱིན་གྱི་བཙུན་པ། །དོན་གཉིས་ལྷུན་གྲུབ་གྱི་བཟང་པོ། །ཞེས་གསུངས་པ་དེ་དག་ཇི་བཞིན་དུ་རྗེ་འདི་ལ་མངའ་བ་ཡིན་ནོ། །ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཉེས་ལྟུང་ཆེན་པོ་སྲོག་དང་བསྡོས། །འབྲིང་དང་ཆུང་ངུ་བརྩོན་པས་བསྲུང་། །ཧ་ཅང་དཀའ་བར་ཐབས་དང་སྦྱར། །སྲིད་པས་བསྡུས་པའི་དངོས་ཀུན་ལ། །མཁྲིས་ནད་ཅན་ལ་བཙོ་ཟན་བཞིན། །གཏིང་ནས་ངེས་པར་འབྱུང་བའི་ཐུགས། །མཆོད་འོས་མཆོག་དང་གཉིས་སུ་མེད། །གང་དུ་ཞབས་བཅགས་འཛིན་མ་ཡི། །རྡུལ་དེའང་བཀྲ་ཤིས་བྱེ་བའི་གཏེར། །ལྷ་མིའི་དབང་པོ་དུ་མ་ཡི། །གཙུག་རྒྱན་མཆོག་གིས་ཐོབ་དཀའི་གནས། །རིས་མེད་འགྲོ་བ་འདི་ཀུན་ལ། །དམིགས་མེད་སྙིང་རྗེ་ཆེར་གོམས་པས། །ཐུགས་མཆོག་བསྐྱེད་པ་ཙམ་ཉིད་ནས། །ལྕགས་དང་གསེར་འགྱུར་རྩི་བཞིན་འདྲེས། །རང་དོན་དུག་ལྟར་ལེགས་གཟིགས་ནས། །བདེ་དགེ་མི་མཐུན་ཕྱོགས་བཞིན་བཏང་། །གཞན་དོན་བདུད་རྩི་ལྟ་བུ་དང་། །སྡིག་སྡུག་ནོར་བཞིན་བདག་གིར་བཞེས། །ལྟོས་བཅས་འགྲོ་ལ་ཕན་སྲིད་ན། །གཅེས་པའི་སྲོག་ཀྱང་གཏོང་ནུས་པ། །རྒྱལ་སྲས་དཔའ་བོ་ཐམས་ཅད་ཀྱིས། །ཐུགས་སྟོབས་སེམས་དཔའ་ཁྱོད་ཀྱིས་དཔུང་། །ཁེ་དང་རྒྱལ་ཁ་སྦྱིན་བྱ་དང་། །གྱོང་དང་བུབ་ཁ་བླང་བྱ་སོགས། །འཇིག་རྟེན་ལས་ལྡོག་མཛད་པ་ཡིས། །ཚོགས་གཉིས་མྱུར་དུ་འདུམས་པར་མཛད། །སྣང་གྲགས་རིག་པའི་འཆར་སྒོ་འདི། །ལྷ་སྔགས་ཡེ་ཤེས་ཆེན་པོར་དག །མཚན་རྟོག་ཕྲ་བའི་ཕྲ་བ་ཡང་། །རྒྱུ་བའི་གོ་སྐབས་རིང་ནས་བཅད། །རྒྱུ་འབྲས་ཆོས་ལ་རང་བྱན་ཚུད། །དེ་ཡི་བསླབ་ལ་གཅིག་ཏུ་གུས། །མནལ་ལམ་དུ་ཡང་དྲན་ཤེས་བརྟན། །ངན་རྟོག་ཉོན་མོངས་ཆུང་བའི་ཕྱིར། །ངེས་པར་འབྱུང་བའི་ཚུལ་ཁྲིམས་དང་། །བཅོས་མིན་གཞན་ཕན་སེམས་མཆོག་འབྱོངས། །ཀུན་ཁྱབ་དག་སྣང་ཆེན་པོས་ཕྱུག །སུམ་ལྡན་རྡོར་འཛིན་ཡོངས་ཀྱི་གཙོ། །ཆོས་བརྒྱད་དུག་གི་ལྗོན་པ་ནི། །གོམས་པའི་རྩ་བ་མི་བརྟན་ལ། །རོ་སྙོམས་རྟོགས་པའི་རལ་གྲི་ཡིས། །ཆ་བཅས་དེ་དག་རྩད་ནས་སྤངས། །རྣམ་དག་བྱང་ཆུབ་ཐུགས་མཆོག་གིས། །གདུལ་དཀའ་འགྲོ་བ་འདི་རྣམས་ལ། །འདུལ་བྱེད་ཐབས་མཁས་ཚོགས་ཀྱང་ནི། །དེ་དང་རྗེས་སུ་མཐུན་པར་བསྟན། །དམན་ལ་སྙིང་རྗེའི་ཆུ་རྒྱུན་འབབས། །མཆོག་ལ་དད་པའི་རྦ་རླབས་གཡོ། །ཞི་དུལ་ངང་པའི་སྡེ་དཔོན་ཁྱོད། །ཐར་འདོད་འདབ་བཟང་བྱེ་བའི་མགོན། །མཁས་དབང་དུ་མའི་གཙུག་གི་ནོར། །སྡོམ་བརྩོན་ཡོངས་ཀྱི་ཁྱུ་མཆོག་དང་། །མ་འདྲིས་འགྲོ་བའི་གཉེན་གཅིག་པུ། །བསྟན་འགྲོའི་གཙུག་རྒྱན་དམ་པར་བཞུགས། །གསུམ་པ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས། དང་པོ་ནི། སྤྱིར་རྗེ་འདིས་སྒྲུབ་པ་གཙོ་བོར་མཛད་དེ་ཆོས་འཆད་པ་ཆེར་མ་མཛད་ཀྱང་། ལ་ལས་སྤྲུལ་སྐུ་ཨ་འཇམ་གྱིས་ཆོས་མ་བཤད། གཞན་དོན་གཏན་མ་མཛད་ཟེར་མཁན་འདུག་མོད། དེ་ཡང་མིན་ཏེ། བཤད་བཤད་མཛད་མཛད་ཟེར་བ་རྣམས་ཀྱིས་དོ་ཟླ་མིན་པར་མཛད་པའི་མཛད་གོ་ཆོད་པ་ཞིག་ཡིན་ལ་དེའི་ཚུལ་ཅུང་ཟད་བརྗོད་ན། རྗེ་འདིས་རིག་གནས་ཀྱི་སྐོར་ནི་ཚུར་གསན་པ་དེ་མ་གཏོགས་ཕར་འཆད་རྒྱུ་མ་གྲུབ་ལ། རྒྱལ་བསྟན་རིན་པོ་ཆེའི་ལུས་ལྟ་བུར་དགོངས་ནས་མདོ་སྔགས་གཉིས་གཙོ་བོར་མཛད་པ་ལས། མདོ་སྐོར་ལ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། མདོ་སྡུད་པ་རྩ་བ་དང་། དེ་ཉིད་མངོན་རྟོགས་རྒྱན་དང་སྦྱར་བའི་བཤད་པ་དབུ་མ་རྒྱན། ཇོ་བོའི་ཆོས་ཆུང་སྐོར་འགའ་ཞིག །བདག་ཉིད་ཆེན་པོའི་གསུང་སྡོམ་རིགས་གཉིས། ཐུབ་པ་དགོངས་གསལ། ལེགས་བཤད། རོང་སྟོན་ཆེན་པོའི་ཤེར་ཕྱིན་སྒོམ་རིམ། ཀུན་མཁྱེན་བསོད་ནམས་སེང་གེའི་དབུ་མའི་སྤྱི་དོན། བཀའ་གདམས་བློ་སྦྱོང་སྐོར་ཡོངས་རྫོགས། སྐྱེས་རབས་སོ་བཞི་པ། ཡང་རྒྱལ་སྲས་དཔལ་སྤྲུལ་རིན་པོ་ཆེའི་གསུང་འདི་ཉམས་ལེན་ལ་གནད་ཆེ་གསུངས་ནས་ཐུགས་དད་པོ་གནང་བས་དེའི་གསུང་མདོ་མཐོང་སོགས་འགའ་ཞིག་སྟེ་མདོར་ན་བཀའ་དང་བསྟན་བཅོས། རྒྱ་བོད་ཀྱི་དམ་པ་རྣམས་ཀྱི་གསུང་རིགས། གཞུང་ལུགས་ཆེ་ཆུང་ལྔ་བཅུ་སྣེ་ཟིན་ལ་གསུང་བཤད་ལན་རེ་གནང་བ་ཡིན་ཞིང་། དེ་དག་ལས་ཀྱང་། ཤེར་ཕྱིན། རྒྱུད་བླ། སྤྱོད་འཇུག །སྡོམ་རིགས། ཐུབ་དགོངས། དབུ་མའི་སྤྱི་དོན། ཕར་ཕྱིན་སྒོམ་རིམ་སོགས་མང་ཤོས་རྣམས་ལན་ལྔ་རེ་དང་། ཉུང་ཤོས་རྣམས་གསུམ་རེ་ཙམ་སོང་ཡོད་འདུག་ལ། གཞན་ཡང་ལན་གྲངས་སོང་བ་འགའ་ཡོད་ཚོད་ལ་ཆེར་མ་ངེས་ཤིང་། ཁྱད་པར་དུ་བློ་སྦྱོང་གི་སྐོར་ནི་གྲངས་ཤིན་ཏུ་མང་པོ་གསུངས་ཏེ། རྩ་བ་དང་། སྙན་བརྒྱུད་ཆེན་མོ། སྐབས་འགར་དེའི་ཡང་འགྲེལ་རྒྱས་པ་ལེགས་བཤད་ཀུན་འདུས། སྒ་རབ་འབྱམས་པའི་འགྲེལ་པ་བཅས་སུམ་སྦྲགས་མཛད་པ་སོགས་མདོར་ན་ཆོས་འདིའི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པ་ཡིན་ནོ། །གཞུང་སྐོར་ཀྱི་ཡིག་ཆ་མཆན་འགྲེལ་ཡང་ཁ་ཤས་དང་། ཕལ་ཆེར་བོད་འགྲེལ་དང་། རྩ་བ་ཤས་ཆེ་ཙམ་གྱི་སྟེང་ནས་འཆད་ལ་ཤེར་ཕྱིན་ནི་རོང་ཊཱིཀ་འབའ་ཞིག་གོ། །དེ་དག་དང་འབྲེལ་བར་ལུགས་གཉིས་ཀྱི་ཆོ་གའི་སྒོ་ནས་སེམས་བསྐྱེད་པའང་མང་ཙམ་དང་། དགེ་ཚུལ་སློང་གི་སྡོམ་པ་འབོག་པ་ནི་ངེས་པར་རང་མི་ཤེས་ཀྱང་རྟག་ཏུ་མཛད་པ་ཡིན་པས་གྲངས་ཤིན་ཏུ་མང་པོ་སོང་བ་ཡིན་ནོ། །སྔགས་སྐོར་ལ་སྨིན་གྲོལ་བཤད་བཀའ་གསུམ་ལས། དང་པོ་སྨིན་བྱེད་ནི། ཐོག་མའི་དུས་དབང་ལ་ཤིན་ཏུ་ཐུགས་དོགས་མཛད་དེ། བཀའ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ཟེར་དུས་དེ་ལ་རྟོགས་པ་ཞིག་མེད་ན་ཤིན་ཏུ་སྐྲག་པར་འདུག་ཅེས་གསུངས་ཤིང་ཁོ་བོ་ཞབས་དྲུང་དེར་ལོ་གསུམ་ཙམ་སོང་བར་རྗེས་གནང་ཞིག་ཀྱང་མ་ཐོབ་ལ། ལན་ཅིག་སྦྱིན་བདག་ཅིག་ཀླུ་ནད་ཀྱིས་ཟིན་ནས་ཁྱུང་ཁྲའི་རྗེས་གནང་ཞིག་མཛད་དུས་དཀའ་བ་ཙམ་ལ་ཚུད་པ་བྱུང་དེ་དུས་བླ་མ་ཀུན་བཟང་ཡང་བཞུགས་པས་ངེད་གཉིས་ལ་དེ་གྲོལ་དུས། རྗེའི་ཞལ་ནས། ད་དེ་རིང་རྟེན་འབྲེལ་ལེགས། སྔོན་ཚར་ཆེན་རྡོ་རྗེ་འཆང་གི་མདུན་ནས། མེ་ཏྲི་དོན་གྲུབ་རྒྱལ་མཚན་གྱིས་ཞལ་གདོང་བརྙན་ཅན་གྱི་རྗེས་གནང་དང་པོར་གསན་པས་མཐུ་སྟོབས་ཀྱི་རྟེན་འབྲེལ་འགྲིགས་པ་ཡིན། ཁྱེད་གཉིས་ཀྱིས་ཀྱང་ང་ལས་ཁྱུང་གི་རྗེས་གནང་དང་པོར་ཐོབ་པ་འདི། བུ་སེངྒེ་ཁྱུང་གི་ཕྲུ་གུ་བཞིན། །སློབ་མ་བས་ཡང་སློབ་བཟང་། །བྱ་བ་ཡིན་པས། གཉིས་ཀ་ཁྱུང་ཆེན་འདྲ་བ་རེ་གྱིས་ཤོག་ཅེས་ཕེབས་སོ། །དེ་རྗེས་ལྕགས་སྦྲུལ་ལོ་ཙམ་ནས་དབང་ཅུང་ཟད་གསུངས་ཤིང་། ཆུ་རྟ་ལོ་ནས་བཟུང་། མཁྱེན་སྤྲུལ་རིན་པོ་ཆེ་ལའང་དབང་ཕུལ་ཞིང་། ཁོ་བོས་ཀྱང་མང་པོ་ཞུས་པས་དབང་མང་པོ་ཞིག་གསུངས་ལ་བཀའ་ལས། ཉམས་མཚར་ལྟ་བུས་མཁྱེན་བརྩེ་རིན་པོ་ཆེ་དང་། ཁྱེད་རང་གཉིས་ཀྱིས་ང་ལ་འདི་འདྲ་ཞིག་ལོབ་ཏུ་བཅུག་པ་ཡིན་ཞེས་གསུངས་ཤིང་། ཁྱད་པར་མེ་ཁྱི་ལོར་རྗེ་ཉིད་ཨ་འཛོམ་སྒར་དུ་བཞུགས་དུས་ད་ལྟའི་གཟིམ་ཁང་གསར་བཞེངས་ལ་སློབ་མ་ཉེར་ལྔ་བསྒྲིག་ཏུ་རུང་བའི་དབང་ཁང་བཅས་ཡོད་སྐད་གསན་པ་དང་། སྒ་ཁོག་ནས་བླ་སར་གཉེར་པས་བླ་མ་ཞིག་གཤེགས་དེའི་དགོངས་རྫོགས་སུ་གསེར་དངུལ་གྱི་མཆོད་ཆ་ཤིན་ཏུ་སྤུས་ལེགས་ཡོངས་རྫོགས་ཕུལ་བ་དེ་གཉིས་དུས་འཛོམ་དུ་སོང་བས་དབང་བསྐུར་བའི་རྟེན་འབྲེལ་ཤིན་ཏུ་འགྲིགས་བྱུང་གསུངས་ནས་དེ་ཕྱིན་བཅད་རྒྱ་དམ་པ་དང་། ཐུགས་བྲེལ་ལ་མ་ཐུག་ན། ཞུ་མཁན་བྱུང་ཚད་ལ་མི་གསུངས་བ་ཆེར་མེད་པ་ལྟ་བུ་ཞིག་ཏུ་སོང་བ་ཡིན་ནོ། །དེས་ན་ཀྱེ་རྡོར་རྒྱུ་ལམ། མཁའ་སྤྱོད་བྱིན་རླབས་མགོན་པོ་སོགས་རང་ལུགས་ཀྱི་ཆག་མེད་དང་འབྲེལ་བ་རྣམས་ནི་ངེས་པ་རང་མ་ཤེས་ཀྱང་ཆེས་མང་པོ་ཞིག་སོང་བར་མངོན་ལ། ཁྱད་པར་དུ་མགོན་པོའི་སྐོར་ནི་དཀྱིལ་འཁོར་ལྔའི་དབང་གིས་གཙོས་རྗེ་ཉིད་ཀྱིས་བླ་མ་རིན་པོ་ཆེ་ལས་གསན་ཚད་ཚར་གཅིག་གསུངས་ཤིང་། གཞན་ཡང་རྗེས་གནང་གི་རིགས་རྐྱེན་སེལ་དང་ཉམས་ལེན་ལ་མཁོ་བ་ཤིན་ཏུ་མང་པོ་དང་། དེ་ལས་ཀྱང་རྗེ་འདི་ལ་ཉམས་ལེན་དོན་གཉེར་ཁོ་ནས་ཞུ་མཁན་ཆེས་མང་ངོ་། །གྲོལ་བྱེད་ཁྲིད་སྐོར་ལ། གསུང་ངག་རིན་པོ་ཆེ་ནི་ཁྲིད་ཆ་ལག་དང་བཅས་པ་སྔ་ཕྱི་ངེས་མེད་དུ་རིམ་གྱིས་གསུངས་པའི་རྒྱས་པ་ཞིག་བདག་ལ་བཀའ་དྲིན་བསྐྱངས་ཤིང་། བསྡུས་ཙམ་ཞིག་ལྷ་འབྲི་ས་སྐྱ་བླ་མས་ཞུས་ངོར་དེ་དང་བཅས་པ་འགའ་ལ་གསུངས་པ་སྟེ། དེང་སང་གི་ལམ་འབྲས་འཆད་ལུགས་ལྟར་བྱས་པའི་ཚར་གཉིས་ཡིན་ལ། གཞན་གཞུང་བཤད་ལ་ཐུགས་གཙིགས་ཤིན་ཏུ་ཆེ་ཞིང་སྔོན་དུས་ལམ་འབྲས་ཟེར་བ་འདི་རང་ཡིན། མན་ངག་ཐམས་ཅད་ཀྱི་གཏེར་ཁ་འདི་ན་ཡོད་ཅེས་དང་། བླ་མ་གཞན་དགའ་རིན་པོ་ཆེའི་ཞལ་ནས་ཀྱང་། ཁོང་གིས་ས་སྐྱ་པའི་ལམ་འབྲས་ཀྱི་ཁྲིད་ཡིག་རྣམས་མཇལ་ཚེ་གདམས་ངག་འདུག་སྙམ་པ་མ་བྱུང་ལ། སྲས་དོན་མ་འདི་གཟིགས་པ་ན་ངེས་པར་འདི་ལས་ཟབ་པའི་གདམས་པ་མི་འདུག་སྙམ་པ་བྱུང་ཞིང་། བླ་མ་ས་སྐྱ་པ་ཆེན་པོ་དང་། ཀུན་མཁྱེན་ཀློང་ཆེན་པ་གཉིས་སྤྱིར་གདམས་ངག་གི་གསུངས་ཚུལ་སོ་སོ་བ་ལྟ་བུ་ལ། མདོ་འགགས་འདྲ་རེ་རེར་སླེབ་དུས་གནད་གཅིག་ཏུ་སོང་འདུག །འ་འི་གྲུབ་ཐོབ་ཟེར་ན་དེ་འདྲ་ལ་ཟེར་བ་ཡིན་གསུངས་ནས་ཤིན་ཏུ་བསྔགས་བརྗོད་ཆེན་པོ་མཛད་ཚུལ་ཡང་བཀའ་ལས་ཐོས་སོ། །དེ་ཡང་དང་པོར་གཉགས་མ་གཙོ་བོར་མཛད་རྒྱུའི་གཞུང་དེ་ཐུགས་ལ་བཞེས་ཡོད་འདུག་པར། དེ་རྗེས་འཇམ་མགོན་བླ་མས་སྲས་དོན་མ་བཟང་ཞེས་ཕེབས་པ་ལ་བརྟེན་ནས་དེ་ཉིད་གཙོ་བོར་མཛད་པས། དེའང་སྔ་མ་ལན་གཉིས་དང་། ཕྱི་མ་ལན་བདུན་ཏེ་སྡོམ་དགུ་ཙམ་སོང་སྙམ། དེ་དང་རྗེས་འབྲེལ་པོད་སེར་གྱི་གསུང་བཤད་ཚར་གཅིག །ཡང་པོད་སེར་དམར་གཉིས་ཀའི་ནང་ནས་གཅེས་བཏུས་འཁོར་འདས་དབྱེར་མེད་རྩ་འགྲེལ། དབང་བཞི་ངོ་སྤྲོད། རྟེན་འབྲེལ་ཡིག་ཆུང་། བླ་མའི་རྣལ་འབྱོར་གྱི་ཁྲིད་རྣམས་དང་། རྗེ་ཉིད་ཀྱི་གསུང་སྐོར་འགངས་ཆེ་རིགས། རྣམ་བཤད་ཉི་ཟེར་བཅས་ཀྱི་གསུངས་བཤད་ལན་མང་དང་། ཟླ་ཟེར་དང་། བདག་མེད་བསྟོད་པ་རྩ་འགྲེལ། དབང་ཆུ་མཛེས་རྒྱན། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་རྣམས་ཚར་རེ། མཁའ་སྤྱོད་དང་། མགོན་པོའི་ཕྱི་ཁྲིད་རྣམས་ལན་གསུམ་བཞི་རེ། མགོན་པོའི་གསང་ཁྲིད་ནི་དམ་དོགས་ཤིན་ཏུ་ཆེ་ཞིང་ཆིག་བརྒྱུད་ཁོ་ན་མཛད་པ་ལན་བཞིའོ། །གཞན་ཡང་ཁྲིད་སྐོར་ཆེ་ཕྲ་འགའ་གསུངས་ཡོད་ཚོད་དུ་འདུག་ཀྱང་མ་ཐོས་པའམ་ཇི་བཞིན་དྲན་ལམ་དུ་མི་འདུག་པས་གཙོ་ཆེ་བ་དེ་ཙམ་ལ་བསྡུས་སོ། །རྒྱབ་རྟེན་རྒྱུད་ཀྱི་བཤད་བཀའ་སྔོན་འགྲོ་ཚུལ་བཞི་དང་བཅས་པ་ལ་སྤྱི་ལྗོན་བརྟག་གསུམ་དུ་གྲགས་པ་དེ་དག་ཡོངས་རྫོགས་ཚར་བདུན། མཛེས་རྒྱན་གཉིས་དང་བརྟག་གཉིས་རྩ་བ་སྦྱར་བ་བཅས་བགྲངས་ན་དགུ་ཙམ་མོ། །རྡོ་རྗེ་གུར་ཚར་གཅིག་དང་། གཞན་ཡང་བཀླག་ལུང་གི་སྐོར་ཡང་ཤིན་ཏུ་མང་བ་ཞིག་གསུངས་ཀྱང་དེ་ཐམས་ཅད་བྲི་བར་མ་ནུས་སོ། །འོ་ན་དེ་ལྟ་བུའི་ཆོས་དེ་དག་གང་དུ་གང་ལ་ཇི་ལྟར་གསུངས་ཤེ་ན། ནཱ་ལེནྡྲ་དང་། རྫོང་གསར་གཉིས་གོང་བཤད་ལྟར་ལ། ཐར་ལམ་དུ་རྒྱུད་བཤད་ཚར་གཅིག །བློ་སྦྱོང་དང་གཞུང་བཤད་གཉགས་མ་གསུངས་པ་མ་གཏོགས། གཞན་ཐམས་ཅད་སྡེ་གཞུང་མའི་དགོན་དང་། ཕལ་ཆེར་རི་ཁྲོད་རྣམས་སུ་གསུངས་པ་ཡིན་ནོ། །ཉན་པ་པོའང་རི་ཁྲོད་རྣམས་སུ་གསུངས་པ་ན་དང་པོ་ཤེས་རབ་ཆོས་མཆོག་གཅིག་པུ་ལ་རེས་གྲོགས་འགའ་རེ་དང་། དེའི་རྗེས་སུ་བདག་གཅིག་པུ་ལ་སྐབས་སྐབས་སུ་གྲོགས་རེ་རེ་ཙམ་ཡོད་པ་མང་ལ། ཡང་རྒྱུད་དང་གཞུང་བཤད་གསུང་དུས་ལྔ་བཅུ་རྐང་སྐོར་སོགས་མང་པོ་ཡོད་པའང་འགའ་དང་། དུས་ཕྱིས་ད་ལྟའི་བཞུགས་གནས་ནས་ཆོས་ཀྱང་ཐུན་མོངས་པའི་རིགས་གསུང་དུས་བརྒྱ་ཕྲག་ལོངས་པ་དུ་མ་དང་། ཆུ་འབྲུག་ལོར་རྒྱུད་བཤད་སོགས་མང་པོ་གསུངས་པ་ལ་བརྒྱ་ཕྲག་ལས་བརྒལ་བ་འདུག་ཟེར་བ་སོགས་ཆེར་མ་ངེས་པ་ཡིན་ནོ། །ཇི་ལྟར་གསུངས་ཚུལ་ཡང་དམ་པ་འདི་ནི་འཆད་པ་པོ་འགྲན་ཟླ་དང་བྲལ་བ་ཡིན་ཏེ། དེའང་དབང་གསུངས་པའི་ཚེ་ནི་སློབ་མ་མཆོག་དམན་གྱི་བློ་དང་བསྟུན་པའི་བརྡ་སྤྲོད་རྒྱས་བསྡུས་མཚམས་པ་རེར་འཕྲལ་སྐད་ཀྱིས་གསུངས་པ་སྔོན་དུ་བཏང་ནས། དེ་ནས་ཀྱང་སྐབས་སུ་དེ་འདྲ་རེ་གསུང་སྲོལ་ཡོད་པས་ཧ་ཅང་རྨོངས་པ་ཞིག་མིན་ན། ནོར་བ་མེད་པའི་དབང་བཞི་ལོངས། །ཞེས་གསུངས་པའི་དོན་ཅན་དུ་འགྲོ་བ་ཆེས་མང་ངོ་། །ཁྲིད་སོགས་གསུང་བཤད་གནང་བའི་དུས་ཀྱང་། དངོས་པོ་གང་ལ་སྦྱར་ཡང་བཏུབ་པ། རྒྱས་བསྡུས་ཇི་ལྟར་བྱས་ཀྱང་འཚམས་པ། ཚིག་གཅིག་ལ་དོན་མང་པོ་སྤྲོ་ཞིང་། དོན་མང་པོའང་ཚིག་གཅིག་གི་སྟེང་དུ་བསྡུས་ལ། བཤད་བྱའི་ཆོས་དེ་ཉིད་ལས་མ་འཆུགས་བཞིན་དུ་དངོས་ཤུགས་དུ་མའི་བྱེད་པས་ཟབ་དོན་མང་པོ་གཏེར་ནས་འདོན་པ་ལྟ་བུ་མཛད་པའི་ཚེ། བདག་ཅག་ལྟ་བུས་རང་གི་ནི་བསྐལ་པར་བཙལ་ཡང་དེ་འདྲ་མི་རྙེད་ལ། རྗེའི་གསུང་གིས་བརྡ་སྤྲད་པའི་ཚེ་ནི་ཡིན་མིན་གྱི་ཐེ་ཚོམ་མི་དགོས་པར་དོན་དེ་རྗེན་པར་གོ་ནུས་པ་སོགས་མན་ངག་ལ་རང་དབང་འབྱོར་བའི་རྟགས་ཐུན་མིན་མངའ་བ་ཡིན་ནོ། །དེའང་སྤྱིར་གསང་སྔགས་འདི་ནི་ཉམས་ལེན་དང་མན་ངག་ཁོ་ནས་གོ་དོན་སློང་དགོས་པའི་ཚུལ་ཡང་། སྔོན་དུས་ཀྱང་བླ་མ་ཞང་དགོན་པ་པའི་ཞལ་སྔ་ནས། རྡོ་རྗེ་ཐེག་པ་འདི་ལ་སྒོམ་པ་རང་གཙོ་ཆེ་བར་འདུག །ངེད་གཉིས་ཀྱིས་ཀྱང་གཅུང་གིས་ཐོས་པ་གཙོ་བོར་བྱས། ང་རང་གིས་སྒོམ་པ་གཙོ་བོར་བྱས་པ་དོན་ལ་གོ་བ་དེར་རང་ཆེ་བྱུང་ཞེས་ཕེབས་པའི་ལོ་རྒྱུས་ལྟར་ཉམས་མྱོང་དང་ལྡན་པའི་མན་ངག་མེད་ན། ཇི་ཙམ་གྱི་སྤྲོས་སྤྲོས་ཞིག་མཛད་ཀྱང་རྒྱང་མིག་གིས་བལྟས་པ་ལྟ་བུ་ཞིག་ལས་གོ་དོན་འདི་ཡིན་གྱི་རྡོག་རྡོག་ཅིག་གཏན་མྱོང་རྒྱུ་མེད་པ་ཡིན་འདུག་ཅིང་། དེ་དང་ལྡན་ན་ཚེགས་ཆུང་ངུས་དོན་ཐམས་ཅད་གང་དུ་དྲིལ་ཡང་བཏུབ་པ་ཞིག་ཡིན་འདུག་པས་སྔགས་ཆོས་ཀྱི་གོ་དོན་ཇི་བཞིན་འཆད་པ་ལ་ས་ཆེན་པོ་འདིར་འགྲན་ཟླས་དབེན་པ་ཡིན་ཞིང་། གཞན་ལས་ལོ་ཟླ་མང་པོ་ཉན་པ་ལས་ཀྱང་། རྗེ་འདི་ལས་ཅུང་ཟད་སྦྱངས་པ་བློ་སྐྱེད་ཆེ་བ་ཡིན་ཏེ། སྔོན་དུས་ཀུན་མཁྱེན་རོང་སྟོན་ཆེན་པོས་ཐེག་ཆེན་ཆོས་རྗེ་ལས་ལམ་འབྲས་ཉན་ཆོས་ཞུས་པ་ལས་ས་བཟང་པ་ཀུན་དགའ་བཟང་པོའི་ཇ་གྲལ་གྱི་གཏམ་དེ་གོ་བ་ཆེ་བྱུང་ཞེས་གསུངས་པའི་ལོ་རྒྱུས་ལྟར་འགྲོ་ངེས་ཡིན་ནོ། །དེས་ན་དེང་སང་གངས་ཅན་གྱི་ལྗོངས་འདིར་རང་ལུགས་ཡབ་ཆོས་སྙན་བརྒྱུད་སྐོར་གྱི་གསང་ཆེན་ཟབ་མོའི་སྨིན་གྲོལ་ལ་གོ་དོན་གྱི་སྒོ་ནས་འཆད་པ་པོ་ཞིག་བཞུགས་སོ་ཅོག་འཇམ་མགོན་ཡབ་སྲས་གཉིས་ཆར་རམ་གང་རུང་ཞིག་དང་མ་འབྲེལ་བ་གཅིག་ཀྱང་མེད་པ་ཡིན་ལ། དེ་ལས་ཀྱང་གསང་ཆེན་སློབ་བཤད་ཀྱི་སྐོར་མཐར་ཐུག་པ་རྣམས་ནི་དད་བརྩོན་སྐལ་བའི་ཁྱད་པར་གྱིས་རྗེ་འདི་ཉིད་ཁོ་ན་ལ་བཀའ་བབས་ཤིང་དམ་པ་འདིས་ཀྱང་གདུལ་བྱ་ལ་རྗེས་སུ་བརྩེ་བས་ཚད་མ་བཞི་དང་འབྲེལ་བའི་ཕྱག་སྲོལ་གྱིས་སྐལ་ལྡན་ལ་ཇི་ལྟར་རིགས་པ་སྤེལ་ཞིང་། ལེགས་པར་བཤད་པའི་ཚོགས་ཀྱང་མང་དུ་མཛད་པ་དེ་ལྟར་ཡིན་མོད་ཀྱི་དེ་དག་གི་ཚུལ་ཁོ་བོས་བསྐྱར་ཟློས་ཀྱིས་འབུར་དོད་ཅི་ཞིག་དགོས་ཏེ་དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་རྗེའི་གསུང་ཚོགས་དེ་དག་མཇལ་བས་རྟོགས་ནུས་པ་ཡིན་ནོ། །དོན་དེ་ལ་འདི་སྐད་ཅེས་བྱ་སྟེ། འཛམ་བུས་མཚན་པའི་གླིང་འདི་ན། །ཆུ་ཀླུང་ཇི་སྙེད་འབབས་པ་དང་། །དེས་བསྐྱེད་སྨན་དང་ནགས་ཚལ་སོགས། །མ་དྲོས་བདག་པོའི་མཐུ་དཔལ་ལྟར། །དེང་དུས་ཡབ་ཆོས་སྙན་བརྒྱུད་ལ། །གོ་དོན་འཆད་པོ་ཇི་སྙེད་པ། །ཡབ་སྲས་འདི་དག་ཁོ་ན་དང་། །འབྲེལ་བའི་མཐུ་ལས་གཞན་དུ་མིན། །ཁྱད་པར་ཡང་གསང་སློབ་བཤད་ནི། །དད་བརྩོན་སྐལ་བའི་ཁྱད་པར་གྱིས། །ཕ་ནོར་བུ་ཡི་བགོ་སྐལ་བཞིན། །ཐུགས་སྲས་ཐུ་བོ་འདིས་བཟུང་ཞིང་། །གདུལ་བྱའི་འགྲོ་ལ་རྗེས་བརྩེ་བས། །ཚད་མ་བཞི་ལྡན་ཕྱག་སྲོལ་གྱིས། །ལེགས་པར་སྤེལ་ཞིང་ལེགས་བཤད་ཀྱང་། །སྲིད་ན་རྙེད་དཀའ་མང་དུ་བསྐྲུན། །དཔྱོད་ལྡན་གཟུར་གནས་ཚོགས་རྣམས་ཀྱིས། །དེ་དག་ལེགས་པར་མཇལ་བྱོས་དང་། །བསྟན་དང་དེ་འཛིན་འདི་དག་གི། ཡིན་ལུགས་ད་གཟོད་ངེས་པར་འགྱུར། །ཞེས་ཀྱང་རང་བབས་ཉམས་མཚར་རོ། །ཡང་མདོ་ཕྱོགས་འཆད་པའི་ཚེ་འང་དོན་གྱི་མདོ་ཐུགས་ཐོག་ཏུ་བཞུགས་པའི་སྟོབས་ཀྱིས་ཚིག་གི་སྤུ་ཟིན་གྱི་བཤད་པ་ཙམ་མ་ཡིན་པར་འདི་ནས་འདིའི་བར་ལ་སྤྱི་བབས་ཀྱི་གོ་དོན་འདི་འདྲ་ཡིན་ཞེས་པའི་འཛིན་བདེ་ལ། ཡིད་འཕྲོག་པ་དང་། ཡང་སྐབས་སུ་གཞུང་དོན་འདི་ཙམ་ལ་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གོ་དོན་འདི་འདྲ་ཡོད་གསུངས་པའི་མན་ངག་གི་གསུང་བཤད་རྒྱས་པ་རེ་ཡང་གནང་ཞིང་། ཁྱད་པར་དུ་སྤྱོད་འཇུག་གསུངས་དུས། ཞལ་སྔ་ནས། ལས་དང་པོ་པ་ལ་དེ་འདྲའི་ཆ་ཅི་ཡོད་མ་གཏོགས། བླ་མ་མཚན་ལྡན་ལས་ཐོས་བསམ་མཐར་ཕྱིན་པ་ཞིག་གིས། གཞུང་འདི་ལ་མན་ངག་གིས་གོ་དོན་ཚུལ་བཞིན་དུ་སློབ་ཤེས་ན། མདོ་སྔགས་གཉིས་ཀྱིས་བསྡུས་པའི་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་བསྟན་པར་བྱས་ཀྱང་མི་འགལ་ལ། དེ་ཡང་ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། བྱ་བ་དེ་ཡིན་པས་རང་རེའི་ལམ་འབྲས་ལྟར་ཉམས་མྱོང་ཚད་མས་འཆད་དགོས་པ་འདུག་གསུངས་ནས་ཐུགས་མྱོང་ནས་འབྲེལ་བར་བདག་ལྟ་བུའི་སྤྱོད་འཇུག་འཆད་མཁན་གྱི་ཁུར་བཞེས་པ་རྣམས་ཀྱི་མནལ་ལམ་དུའང་བྱུང་མ་མྱོང་བའི་ཟབ་རྒྱས་ཀྱི་གསུང་བཤད་བསམ་གྱིས་མི་ཁྱབ་པ་གནང་པ་ཡིན་ཏེ། མདོར་ན་ཆོས་འདིའི་བཤད་སྒྲུབ་ལ། སྔོན་དུས་ཐུགས་རྗེ་ཆེ་དངོས་དངུལ་ཆུ་ཐོགས་མེད་ཞབས་དང་། དུས་ཕྱིས་རྒྱལ་སྲས་དཔལ་སྤྲུལ་རིན་པོ་ཆེ་རྣམས་ཀྱི་རྗེས་སུ་སྙེགས་ངེས་ཡིན་ནོ། །སྤྱིར་གསུངས་ཐམས་ཅད་ཉམས་ལེན་ལ་གཙོ་བོར་སྦྱར་བ་དང་། མདོ་སྔགས་གཉིས་ཀྱང་རང་ལྡོག་མ་འདྲེས་པའི་སྒོ་ནས་ཉམས་ལེན་གྱི་ཁྱེར་སོར་དགོངས་དོན་གཅིག་ཏུ་འབབས་པའི་གསུངས་བཤད་ཁོ་ན་གནང་བ་ཡིན་ནོ། །དེའང་ཚུལ་འདི་དག་ནི་ཉམས་ལེན་གདམས་པའི་བཀའ་བབས་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་སྔ་ནས་ཕར་ཕྱིན་འཆད་དུས་ཀྱང་ང་རང་གིས་མཁྱེན་ཚོད་ཅིག་བཤད་དམ། གཞུང་གིས་ཐོབ་ཚད་ཅིག་བཤད་གསུངས་པར་ཕྱི་མ་ལྟར་ཞུས་པས་ཞུ་བ་ནོར་བ་ཡིན་པའི་ལོ་རྒྱུས་གསུངས་པ་ལྟར་མན་ངག་དང་ལྡན་པ་རྣམས་ལ་དཀྱུས་ཚིག་དེ་ཙམ་མིན་པར་གོ་བ་ཆེས་ཟབ་པ་མང་པོ་ཡོད་པ་གཞིར་བཅས་ཤིང་། ཡང་ཇོ་བོ་རྗེས་སྡོམ་པ་གསུམ་པོའང་གང་ཟག་གིས་ཉམས་སུ་ལེན་དུས། ཀུན་སྤྱོད་འདུལ་བ། ཀུན་སློང་བྱང་སེམས། དེ་དག་གི་ངོ་བོ་དག་སྣང་ལས་མི་འདའ་བར་དགོས་ཚུལ་གསུངས་པ་དང་། དཔལ་བརྩེ་བ་ཆེན་པོས་ཀྱང་དབང་བཞི་ངོ་སྤྲོད་ཀྱི་འགྲེལ་བར། ཆགས་པ་ལྟ་བུའི་ཉོན་མོངས་པ་གཅིག་སྤོང་བྱེད་དུའང་སྡོམ་པ་གསུམ་གྱི་ཉམས་ལེན་ཚང་ཚུལ་གསུངས་པ་སོགས་དང་དགོངས་པ་གཅིག་པས། རྗེ་འདིས་མདོ་ཕྱོགས་ཀྱི་གཞུང་འཆད་དུས་ཀྱང་སྔགས་དང་འབྲེལ་བ་ལྟ་བུར་མཛད་པ་ནི་ཉམས་ལེན་གྱི་བཀའ་བབས་བརྙེས་པའི་དབང་གིས་ཡིན་ལ། སྔོན་དུས་པཎ་ཆེན་གཞུང་བརྒྱ་པ་ཡང་། རྗེ་འདི་དང་གསུང་རིགས་མཐུན་པར། མདོ་སྔགས་གཉིས་སྟབས་གཅིག་ཏུ་ཉམས་ལེན་ལ་དྲིལ་བ་ཞིག་བཞུགས་པར་མངོན་ཏེ། དེས་མཛད་པའི་བྱམས་སྨོན་གྱི་འགྲེལ་པར། མཐར་ཐུག་བྱམས་པའི་གདན་ཉིད་དུ་སངས་རྒྱ་བ་ཡིན་ནོ། །ཞེས་གསུངས་འདུག་པས་ཤེས་སོ། །ཡང་ཚིག་དོན་རེ་རེའི་སྟེང་དུའང་བློ་མཆོག་དམན་གྱིས་གོ་ཚུལ་དུ་མ་གསུངས་པ་ལ་བརྟེན་ནས་དེ་དག་རང་རང་གི་བསམ་པ་བསྐང་བར་ནུས་པ་དང་། གསུངས་རིགས་ཀྱང་ཞལ་གསལ་བས་ཆོས་གྲོལ་ནས་ལྷྭམ་གྱོན་པ་སོགས་ཀྱི་དུས་ནས་དེ་རིང་གི་ཆོས་ཐུན་དེའི་དོན་འདི་ལྟར་ཡིན་འདུག་ཅེས་ལས་དང་པོ་པ་དག་གིས་ཀྱང་འུར་ཆེམ་མེ་བཤད་རྒྱུ་ཡོད་པ་སོགས་ཆེས་ངོ་མཚར་བའི་ཁྱད་ཆོས་དུ་མ་མངའ་བ་ཡིན་ནོ། །ཡང་ཆོས་གྲྭ་བཙུགས་ཟེར་བ་ལྟ་བུའི་རྔམས་ཆེན་མིན་ཀྱང་གྲྭ་ཚང་ནམ་ཚོགས་ལ་ཞལ་འདོན་གང་ཡིན་གྱི་བབས་དང་བསྟུན་པའི་གསུང་ཆོས་འཕྲོས་དོན་དང་བཅས་པ་གནད་སྨིན་ཁོ་ནར་བསྩལ་བས་ཅི་ཡང་སྦྱངས་མ་མྱོང་བ་རྣམས་ཀྱང་ཆོས་རྒྱུས་དང་གོ་གནད་ལ་གཞན་དུ་ཡུན་རིང་སྦྱངས་པ་ལས་ཀྱང་ཆེ་བ་ལྟ་བུ་ཡིན་པ་སོགས་གོང་དུ་ཆོས་སྡེའི་ཁྱད་ཆོས་སྨོས་པ་རྣམས་ཀྱང་ཕལ་ཆེར་རྗེ་འདིའི་བཀའ་དྲིན་ལ་བརྟེན་ཅིང་བྱིན་རླབས་ལས་བྱུང་བ་ཁོ་ན་ཡིན་ནོ། །མ་ཟད་སྐྱེས་ཕོ་མོའི་ཁྲོམ་ཚོགས་སྟོང་ཁ་ལོངས་པ་སོགས་མང་པོ་ལ་དེར་མཐུན་གྱི་ཆོས་གསུངས་དུས་ཀྱང་ཐམས་ཅད་ཀྱིས་ཆོས་ཀྱི་གནད་རྗེན་པར་གོ་ནས་རང་དབང་མེད་པའི་དད་པ་སྐྱེས་ཏེ་ཕལ་ཆེར་ལ་དུས་དེ་མ་ཐག་ཐར་པའི་ས་བོན་ཐེབས་སོང་སྙམ་པ་མང་ཞིང་། དེ་རྗེས་ཀྱང་དེ་འདྲའི་མཐུ་ལ་བརྟེན་ནས་རང་རང་གི་བློ་ཚོད་དང་མཐུན་པའི་ཆོས་ཕྱོགས་སུ་གཞོལ་བ་ཤིན་ཏུ་མང་བས་དེ་སང་གི་ཕལ་ཆེ་བ་ལྟར་འགྲིགས་འགྲིགས་མཛད་པ་ཞིག་མིན་ཀྱང་སྔོན་དུས་མདོ་སྡེའི་ལོ་རྒྱུས་ལྟར་ཉུང་ངུ་ཞིག་གིས་ཀྱང་རྒྱུད་ལ་སྐྱེས་ངེས་ཁོ་ན་མཛད་པ་ཡིན་པས། དེ་ལྟར་ན་ཆོས་འཆད་པའི་མཛད་པའང་ཆེས་ཆེན་པོ་གནང་བ་ཡིན་ནོ། །རྩེ་གཅིག་སྒྲུབ་ལ་གཞོལ་བ་ལས། །ཏིང་འཛིན་གྲུབ་པ་གྲགས་མོད་ཀྱི། །མདོ་སྔགས་གཞུང་བརྒྱའི་འཆད་ཉན་གྱིས། །རྒྱལ་བསྟན་གསལ་བ་སུ་ཡིས་རྟོགས། །བས་མཐའ་ཡངས་པའི་ཆོས་གྲྭ་རུ། །སྦས་པ་དོན་གྱི་མཁས་དབང་དེ། །ཉམས་ལེན་གཙོ་བོའི་དམ་ཆོས་ཀྱིས། །དོན་ལ་རྟོན་པའི་སློབ་ཚོགས་སྡུད། །མཚན་ཉིད་ཐེག་པ་དང་འབྲེལ་བའི། །གཞུང་ལུགས་བཅུ་ཕྲག་ལྔ་ཙམ་གྱི། །ལེགས་བཤད་ཟླ་སྣང་འཆར་བའི་ཚེ། །གཅིག་ཏུ་ཐུབ་བསྟན་དཀར་བར་མཛད། །ནོར་འཁྲུལ་མེད་པའི་སྨིན་གྲོལ་ནི། །ཟང་ཟིང་མེད་པར་འཆད་པ་ལས། །གངས་ཅན་ནོར་འཛིན་ཡངས་པ་འདི། །འཁྲུལ་མེད་རྡོར་འཛིན་སྟོང་གིས་བརྒྱན། །འཆད་མཁས་འཆད་པོ་བརྒྱ་ཕྲག་གིས། །ཟབ་དོན་ཟབ་མོ་མ་དཔོག་པའི། །གསང་ཆེན་གསང་བའི་མན་ངག་རྣམས། །ཆོས་རྗེས་ཆོས་ཀྱི་དོན་བཞིན་བཀྲལ། །དྲི་མེད་རྒྱུད་དང་མན་ངག་གི། །དགོངས་དོན་ཇི་བཞིན་འཆད་པ་ལ། །མཐུ་སྟོབས་མགོན་དང་མི་གཉིས་ཤིང་། །བརྩེ་ཆེན་རྒྱལ་བའི་རྒྱལ་ཚབ་དངོས། །འོག་མིན་གནས་སུ་མ་སླེབ་ལ། །རྡོ་རྗེ་འཛིན་དང་མ་མཇལ་ཡང་། །སྟོན་དང་བསྟན་པ་འདི་གཉིས་ནི། །དེ་དག་དང་ཡང་ཐ་མི་དད། །ཟབ་ཅིང་རྟོགས་དཀའི་གནས་རྣམས་ལ། །དྲི་མེད་བློ་གྲོས་ཞུགས་པའི་ཚེ། །ས་སྟེང་མཁས་པའི་རྣམ་དཔྱོད་ཀུན། །ཁྱོད་ལ་གཅིག་ཏུ་བསྡུས་པ་བཞིན། །སྐལ་བཟང་བློ་གསལ་ཚོགས་དབུས་སུ། །ལེགས་བཤད་དགའ་སྟོན་འགྱེད་པ་ན། །ཡན་ལག་དྲུག་ཅུའི་སྙན་འགྱུར་ཀུན། །གསུང་དབྱངས་དེ་ལ་རྫོགས་སམ་སྙམ། །གཞན་དུ་ལོ་ཟླར་སྦྱངས་པ་ལས། །གསུང་ཟེར་ཕྲ་མོ་འདི་ཟབ་པ། །མཁས་དང་གྲུབ་པ་གང་གི་མཐུ། །ཡིན་ཞེས་བདག་ཅག་འཕྱང་མོ་ཉུག །གསུང་དབྱངས་གཅིག་གི་བྱེད་པ་ལས། །རབ་འབྲིང་ཐ་མའི་བློ་གྲོས་བཞིན། །ཐ་དད་གོ་བའི་ཚུལ་འདི་འདྲ། །འཕྲུལ་ཐབས་སྟོང་ལས་མཚར་བར་རྟོགས། །མདོར་ན་བརྗོད་བྱ་ཟབ་ལ་རྒྱས། །རྗོད་བྱེད་སྙན་ལ་བརྗིད་པ་དང་། །བྱིན་རླབས་ཚན་ཁ་ཆེ་བ་སོགས། །ཁྱད་འཕགས་ཡོན་ཏན་བསམ་མི་ཁྱབ། །གཉིས་པ་རྩོད་པ་ནི། སྤྱིར་གསུང་ཆོས་འཆད་པ་སོགས་ཀྱི་དུས་རང་གཞན་སྡེ་པའི་ལོག་རྟོག་དང་ཕྱི་དུས་ཀྱི་སྒྲོས་ངན་སོགས་བཀག་པའང་ཡིན་མོད་ཀྱི། ཁྱད་པར་དུ་ལེགས་བཤད་ལྷ་ཡི་རྔ་ཆེན་ལས་མཁས་པ་བློ་གྲོས་རིན་ཆེན་བྱ་བས་རྙིང་ལུགས་ཀྱི་གདམས་ངག་གིས་ཁོག་ཕུབ་སྟེ་ས་ལུགས་ཀྱི་ལམ་འབྲས་ཞེས་མིང་འདོགས་བསྒྱུར་བ་ལ། རང་གཞན་གྱི་ལུགས་སོ་སོར་ཕྱེ་ནས་བཟློག་ཏུ་མེད་པའི་ལུང་རིགས་ཤིན་ཏུ་མང་པོ་གསུངས་པ་རྣམས་དང་། དེའི་ཞར་ལ་ཀུན་མཁྱེན་ཀླུ་སྒྲུབ་རྗེའི་ཁྲིད་ཡིག་ལ་དགོངས་པའི་གནད་གསང་མ་རྟོགས་པར། མཐའ་གཞན་དུ་དོགས་པའི་ལོག་རྟོག་ལ་འཁྱོག་པོ་བསྲོང་བའི་ཚུལ་དུ་གསུངས་པ་རྣམས་སོ། །དེ་དང་འགའ་རེས་རྗེ་འདིས་ཀླུ་སྒྲུབ་རྗེའི་ཁྲིད་ཡིག་བཀག་འདུག་གསུངས་པ་ནི་དགྲ་ཟིན་མ་ཕྱེད་པའི་གསུང་སྟེ། ལེགས་པར་བརྟགས་ན་རྗེ་ཉིད་ཀྱིས་ཁྲིད་ལ་ཞབས་ཏོག་དང་། ཉམས་ལེན་ལ་ཞུ་དག་ཆབ་གཅིག་ཏུ་སྒྲུབ་པར་གསུངས་པ་ལྟར་ཡིན་ཏེ་ཁྲིད་ཡིག་དེ་ཉིད་ཡོངས་གྲགས་རྣམས་དང་ཅུང་མི་མཐུན་པའི་གནད་ཆེ་ཤོས་གཉིས་སུ་སྣང་སྟེ། ཀུན་གཞིའི་ངོ་བོ་ལྷན་སྐྱེས་ཡེ་ཤེས་ལ་འཆད་པ་དང་། དྭངས་སྙིགས་བྱེ་ཚུལ་གསུངས་པའོ། །དེ་ལས་དང་པོ་ནི་རྒྱུད་གསུམ་རོ་གཅིག་ཏུ་བསྲེས་ནས་སྒོམ་པའི་དུས་དེ་ལྟར་ཡིན་པ་ལ་འགལ་བ་མེད་པས་དེ་ལ་དགོངས་ཞེས་པ་སྟེ། འོ་ན་ཀླུ་སྒྲུབ་རྗསེ་ངོ་བོ་ངོས་བཟུང་དུས་ནས་གསུངས་པ་མིན་ནམ་ཞེ་ན། དེ་ནི་དོན་འདྲ་སྟེ། ཐུགས་བཞེད་དེ་ལྟར་བྱུང་བའི་རྒྱུ་མཚན་ཡང་། རྒྱུ་རྒྱུད་དུ་སྣང་བའི་ཆོས་འདི་དག་གནས་ཚུལ་ལ་འབྲས་དུས་ལྷན་སྐྱེས་ཡེ་ཤེས་ལས་མ་གཡོས་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་ནོ། །གཉིས་པའང་ཡུལ་ལ་དེ་ལྟར་མེད་ཀྱང་ཡུལ་ཅན་གྱིས་རྟོགས་མ་རྟོགས་ལ་དྭངས་སྙིགས་འབྱེད་པ་ལེགས་ཚུལ་རྗེ་བཙུན་རིན་པོ་ཆེའི་ལུང་གི་རྒྱབ་རྟེན་ཕུལ་ཏེ་གསུངས་པའི་ཕྱིར་རོ། །དེ་དག་ཀྱང་དེ་ལྟར་ཡིན་པར་གསལ་ཏེ་ཀླུ་ཁྲིད་དེ་ཉིད་གྱིས། ཀུན་གཞིའི་རྟེན་རྒྱས་པར་ན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དོ་ཞེས་དང་། བློ་མཆོག་དམན་ལ་ལྟོས་པའི་ཐུན་མོང་དང་ཐུན་མིན་ངོ་སྤྲོད་དང་། གཉིས་འཛིན་གྱི་རྙོག་མ་དྭངས་མ་དྭངས་སོགས་གསུངས་པ་ལ་ཞིབ་ཏུ་དཔྱད་པས་ཤེས་པར་ནུས་སོ། །དེས་ན་མཁྱེན་ཀླུ་གཉིས་ཀྱི་དགོངས་པ་འགལ་མེད་དུ་ཡང་སྒྲུབ་པ་ཡིན་ཏེ། མཁྱེན་བརྩེའི་ཞབས་ཀྱིས་ཀྱང་ཀུན་གཞིའི་ངོ་བོ་སེམས་ལ་གསུངས་ཀྱང་གནས་ཚུལ་ཡེ་ཤེས་ཡིན་པ་དང་། རྟོགས་མ་རྟོགས་ལ་དྭངས་སྙིགས་སམ་མཆོག་དམན་དུ་འཇོག་པ་ལ་མི་བཞེད་པའི་གནད་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གཞན་དུ་ན་གཅིག་གིས་ལྷན་སྐྱེས་ཡེ་ཤེས་དང་དོན་དམ་དུ་གསུངས་ལ༑གཅིག་ཤོས་ཀྱིས་སེམས་དང་ཀུན་རྫོབ་དུ་གསུངས་པ་སོགས་འགལ་མེད་དུ་གང་གིས་སྒྲུབ། འདི་དག་རྒྱུད་དང་མན་ངག་གི་དོན་ལ་གོ་ཡུལ་ལེགས་པོ་ཞིག་ཡོད་ན་དོན་གྱི་གནད་ལ་འགལ་བ་མེད་དེ། ཉོན་མོངས་ལ་ཡེ་ཤེས་དང་ཡེ་ཤེས་ལ་ཉོན་མོངས་ཀྱི་མིང་གིས་བཏགས་པ་མང་དུ་སྣང་བ༑འཁོར་འདས་དབྱེར་མེད་དང་། རྒྱུ་འབྲས་རྒྱས་གདབ་ཀྱི་གནད་ལེགས་པར་རྟོགས་ན་ཕྱོགས་གཅིག་ལ་ཨ་འཐས་དགོས་པ་མ་ཡིན་ནོ། །དེས་ན་རྗེ་འདིའི་ལེགས་བཤད་ཉིད་ལས་ཀྱང་། ཀུན་གཞི་རྒྱུ་རྒྱུད་ལ་འཆད་པའི་ཚེ་ཀུན་རྫོབ་དོན་དམ་གྱི་ཆ་གཉིས་ཡོད་ཀྱང་། བསྒོམ་པའི་ཚེ་བདེན་གཉིས་ཡ་བྲལ་དུ་མ་ཤོར་བ་ཞིག་གནད་དུ་ཆེ་བར་སེམས་སོ། །ཞེས་གསུངས་པའི་རྡོ་རྗེའི་གསུངས་འདི་ཉིད་ཁོ་ནས་ཀྱང་འདི་དག་འགལ་མེད་དུ་སྒྲུབ་པ་ཡིན་ནོ། །འོ་ན་དང་པོ་ཉིད་ནས་གནས་སྣང་སོ་སོར་དགོངས་པ་མི་གསུངས་བར་གསུང་ཚོགས་དུ་མ་སྤྲོས་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལྟར་བྱས་ཚ༑ེདེ་ལས་ཀྱང་གནས་ཚུལ་རྩལ་དུ་བཏོན་པ་དེ་ཟབ་པར་རློམ་ཞིང་ཕལ་མོ་ཆེ་དེའི་རྗེས་སུ་འབྲངས་བར་འགྱུར་ལ་དེ་ལྟར་ན་རང་ལུགས་ཀུན་གཞིའི་ཡིག་ཆུང་གིས་གཙོས་པའི་རྗེ་བཙུན་གོང་མའི་གསུང་རབ་རྣམས་སུ་སྣང་གྲགས་ཀྱི་ཆོས་འདི་དག་ཉིད་འཁོར་འདས་དབྱེར་མེད་ཀྱི་ཚུལ་དུ་ལམ་དང་འབྲས་བུར་འགྱུར་དགོས་པ་ལ་དགོངས་ནས་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་མཛད་ནས་རྒྱུ་རྒྱུད་ངོས་བཟུང་བ་གནད་མ་ཟིན་ན་དེ་ཉིན་ཞིག་ལ་གཞན་ལུགས་དང་ཆེས་ཉེ་བས་ལེགས་བཤད་དེ་དག་གི་གཞུང་འཛུགས་པར་དགོངས་སོ། །དེའི་ཚེ་འོ་ན་ཀླུ་སྒྲུབ་རྗེས་གསུངས་པ་དེ་རྣམས་ས་ལུགས་གཏན་མིན་ནམ་ཞེ་ན། ཁོང་གི་ལུགས་དེ་ཡང་སྐབས་འདི་དག་རྩལ་དུ་བཏོན་ནས་བཤད་པ་ཡིན་པས། རང་ལུགས་ཉིད་ལས་མི་འདའ་བའི་ཚུལ་དུ་བསྒྲུབ་པ་ཡིན་ནོ། །མདོར་དྲིལ་ན་སྣང་ཚུལ་གཙོ་བོར་མཛད་ཀྱང་གནས་ཚུལ་ལས་མ་གཡོས་པར་ཤེས་དགོས་ལ། གནས་ཚུལ་རྩལ་དུ་བཏོན་ཀྱང་སྣང་ཚུལ་ཁྱད་གསོད་དུ་མ་ལུས་པ་ཞིག་དགོས་པ་ནི་གནད་ཀྱི་དོན་ཡིན་པ་དེས་ན་གནད་ཟིན་ན་གཅིག་ཏུ་འགྲོ་ལ་ཕྱོགས་རེར་ཞལ་འཛིན་མཛད་པ་ཡང་མི་སྲིད་དོ། །ཡང་ལ་ལས་ཀུན་མཁྱེན་ཆེན་པོའི་སྡོམ་གསུམ་ཁ་བསྐང་གི་ལུང་གིས་དོགས་སློང་བྱེད་པའང་འདུག་མོད་དེ་ཡང་མིན་ཏེ། སྤྱིར་དབུ་མ་དང་གསང་སྔགས་ཏེ་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་འདི་དག་གི་ལུགས་ལ་དོན་གྱི་གནད། ཆོས་ཐམས་ཅད་ཟུང་འཇུག་ལས་མི་འདའ་ཡང་གནས་སྐབས་སུ་ལྡོག་པས་འཇོག་ཚུལ་ཐ་དད་དུ་སྣང་སྟེ་ཆོས་ཅན་གསལ་བའི་ཆ་མ་ལུས་པ་ཆོས་ཉིད་གདོད་ནས་སྟོང་པ་ལས་ནམ་ཡང་འགྱུར་བ་མེད་པ་ལ་དགོངས་ནས། གཞི་རྒྱུད་བདེ་གཤེགས་སྙིང་པོ་འདུས་མ་བྱས་སུ་གསུངས་པ་འདི་ནི་མདོ་ལུགས་གཙོ་བོར་གྱུར་པའི་ཐེག་པ་ཐུན་མོང་བའི་གཞི་སྟེ། ཆོས་ཀྱི་རྗེས། མདོ་ལས་བདེ་གཤེགས་སྙིང་པོ་ནི། །འདུས་མ་བྱས་སུ་གསུངས་ཕྱིར་རོ། །ཞེས་དང་། ཁ་བསྐང་ལས་ཀྱང་། འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །ཞེས་སོགས་གསུངས་ཀྱི། འདི་ནི་དཔལ་ལྡན་བིཪྺ་པས་ཞེས་མ་གསུངས་སོ། །ཡང་རང་བཞིན་སྟོང་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱི་ནང་གི་ཆོས་ཅན་ཐམས་ཅད་ཀྱི་སྤྲུལ་གཞི་རང་སེམས་གསལ་ཙམ་འགགས་མེད་དུ་ཤར་བ་ལ་ཐབས་དང་། ཀུན་རྫོབ་ཀྱིས་སྒྲས་གསུངས་ས་གཙོ་ཆེ་བ་དེ་ཉིད་གསང་སྔགས་སྤྱི་དང་ཁྱད་པར་དུ་གསུང་ངག་རིན་པོ་ཆེའི་ལུགས་ཀྱི་ཀུན་གཞི་རྒྱུ་རྒྱུད་དེ། བདག་ཉིད་ཆེན་པོས། རྒྱུད་དང་ལམ་དང་འབྲས་བུ་ཡི། །དབྱེ་བ་ཐམས་ཅད་ཀུན་རྫོབ་ཡིན། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཁོག་ཕུབ་ལས་ཀྱང་འདི་དང་མཐུན་པར་གསུངས་སོ། །རྒྱུ་མཚན་ཡང་། གསང་སྔགས་འདི་མདོ་ལས་ཁྱད་ཆོས་བཞིས་འཕགས་ཚུལ་གསུངས་པའང་ཐབས་ཀྱིས་ཡིན་གྱི། ལྟ་བས་མ་ཡིན་པར་ཆོས་ཀྱི་རྗེས་གསུངས་ལ། སྔགས་སྤྱི་ལས་ཀྱང་ལམ་འབྲས་འདི་ལ་མྱུར་ལམ་གྱི་ཟབ་ཁྱད་དུ་མ་ཡོད་པར་བཞེད་པའང་ནང་དང་གསང་བའི་རྟེན་འབྲེལ་ཐུན་མིན་སོགས་ཐབས་ཀྱིས་བསྡུས་པ་ཤིན་ཏུ་མང་ལ། དེ་དག་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མྱུར་དུ་འདྲེན་པ་ལ་དེའི་ཁྱད་ཆོས་སུ་གསུངས་པ་ཡིན་ནོ། །དོན་འདི་ལ་དགོངས་ནས་རབ་དབྱེ་ལས་ཀྱང་། གསང་སྔགས་རང་གི་ཐབས་མཁས་དེ་དག་མེད་ན་ལྟ་བ་རྐྱང་པའི་ངོས་ནས་ཇི་ལྟར་བཟང་ཡང་དབུ་མ་ལས་ལྷག་པ་མེད་ཚུལ་དང་། དེའི་ལུགས་ཀྱིས་སངས་རྒྱ་བ་ལ་གྲངས་མེད་དུ་མ་འགོར་བར་གསུངས་པ་ཡིན་ནོ། །དེས་ན་རྒྱུ་རྒྱུད་ཀྱི་དུས་ནས་ལམ་གྱི་ཐབས་མཁས་ཀྱི་མྱུར་ལམ་དེ་དག་ངོ་སྤྲོད་དུ་རུང་བ་ཞིག་ལ་ངོས་བཟུང་ནས། ལམ་དང་འབྲས་བུའང་དེ་དང་རྣམ་པ་མཐུན་པ་ཞིག་འབྱུང་བ་སོགས་རྒྱུ་མཚན་ཆེས་མང་ཡང་། བདག་ཉིད་ཆེན་པོས་བྱེ་བྲག་ཏུ་གསང་སྔགས་ཀྱི་གནད་གཏན་ལ་དབབ་པ་གསང་ཆེན་ཡིན་པས་ཁོ་བོས་ལོགས་སུ་བཤད་པར་བལྟའོ། །ཞེས་གསུངས་པ་དང་ཚུལ་མཚུངས་པ་ཡིན་ནོ། །དེང་སང་མདོ་ཕྱོགས་ལ་ཐུགས་གོམས་ཆེ་ཞིང་སྔགས་ལ་ཆོས་རྒྱུས་ཅུང་ཆུང་བ་ཕལ་མོ་ཆེས་བདེ་གཤེགས་སྙིང་པོ་དག་སྔགས་ཀྱི་རྒྱུ་རྒྱུད་ཀྱང་ཡིན་དགོས་པས་དེ་གཉིས་དོན་གཅིག་ཏུ་འདུ་བ་ཡིན་ནམ་དགོངས་པ་ནི་ཅུང་མིན་ཏེ། མདོ་སྔགས་གཉིས་རྒྱུ་རྒྱུད་ལ་ཁྱད་པར་མེད་ན་ལམ་དང་འབྲས་བུ་ལའང་མེད་དགོས་པ་ལས་དེ་དག་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པའི་རྟགས་ཀྱིས་དང་པོ་ལའང་ཡོད་པར་གྲུབ་སྟེ། རྒྱུ་ལ་ཁྱད་ཞུགས་པས་འབྲས་བུ་ལ་ཁྱད་ཞུགས་པ་རྟེན་འབྲེལ་གྱི་ཆེ་བ་རིགས་པ་སྨྲ་བའི་སྤྱི་ལུགས་ཡིན་པས་སོ། །འདི་དག་གི་ལུང་སྦྱོར་ནི་རྗེའི་ལེགས་བཤད་དུ་རྒྱས་པར་བཞུགས་པས་བསྐྱར་ཟློས་མ་དགོས་སོ། །ཁ་ཅིག་གིས་སྟོང་རྐྱང་འདུས་མ་བྱས་ཁོ་ན་གཞི་རྒྱུད་དུ་བཞེད་པ་ནི། རྟག་རྫས་དང་དངོས་མེད་དམ། མཐའ་ཐམས་ཅད་དང་བྲལ་བ་གསུངས་ན་ཡང་རྒྱུ་འབྲས་ལས་ཀྱང་གྲོལ་དགོས་པ་སོགས་རྒྱུ་མཚན་འགའ་ཡོད་ལ། གནས་ཚུལ་གཏན་མ་ངེས་པའི་འདུས་བྱས་དང་ཀུན་རྫོབ་རང་རྐྱང་དུ་ཁས་བླངས་ནའང་སྐྱོན་ཡོད་མོད་ཀྱི་གོང་དུ་བཤད་པ་དེ་འདྲ་ལ་སྐྱོན་གྱི་གོ་སྐབས་མེད་ལ། འགའ་རེས་སྐྱོན་སྤོང་གི་ཚུལ་དུ་གཉིས་ཀ་ཡིན་གསུངས་པ་ནི་དོན་ལ་ཟུང་འཇུག་ཡིན་པས་སྐྱོན་མེད་ཀྱང་ཚིག་གི་བརྗོད་ཚུལ་ལ། ཁྱོད་ཀྱི་རིང་ལུགས་འདིར་ལུས་སེམས་རྟེན་དང་བརྟེན་པ་རྒྱུ་རྒྱུད་དུ་བཞེད་པ་འདི་ཀུན་རྫོབ་དོན་དམ་མམ་འདུས་བྱས་འདུས་མ་བྱས་གང་ཡིན་ཟེར་ན། གཉིས་ཀ་ཡིན་པའང་ཅུང་མི་རུང་སྟེ། རིགས་ཤེས་ཚད་མའི་ངོར་བདེན་གཉིས་གཅིག་པ་བཀག་པའི་ཐ་དད་དུ་གསུངས་པས་སོ། །དེས་ན་རང་ལུགས་ནི་ལེགས་བཤད་དེ་ཉིད་ལས་གསུངས་པ་ལ་བཅོས་བསྒྱུར་ཕྲ་མོ་ཙམ་ཡང་དགོས་པ་མ་ཡིན་ནོ། །ཡང་དག་རིགས་པའི་མེ་ཆེན་གྱིས། །རང་གཞན་སྡེ་པའི་ལོག་རྟོག་གི། ཚང་ཚིང་མཐའ་དག་རྨངས་མེད་བསྲེག །སྒྲོས་ངན་དྲང་པོའི་སྲོལ་དུ་བཙུད། །གཞན་ལུགས་གདམས་པའི་དངོས་པོ་ལ། །རང་ལུགས་མིང་འདོགས་བསྒྱུར་བ་གང་། །ངང་པས་ཆུ་ལས་འོ་མ་བཞིན། །རང་གཞན་ལུགས་མཆོག་སོ་སོར་ཕྱེས། །ལོག་རྟོག་དེ་ཡི་ལེ་ལན་ལ། །ལུང་རིགས་འབུམ་གྱི་གཟི་བྱིན་ནི། །བ་མོའི་ཚོགས་ལ་ཉི་ཟེར་བཞིན། །སྨྲ་ངན་དེ་ཡི་གཤེད་དུ་སོང་། །མང་ཐོས་མཁས་པའི་ལེགས་བཤད་ལ། །རང་གར་སྨྲ་བ་ཕལ་མོ་ཆེ། །གནས་སྣང་གཞན་དུ་གྱུར་པ་ན། །དེ་དག་མཐུན་པའི་བཀའ་དྲིན་བསྩལ། །མཁས་དང་གྲུབ་པའི་ཁྱུ་མཆོག་ཟུང་། །འགལ་མེད་བཞེད་དགོངས་གཅིག་ཏུ་བསྒྲུབ། །རྗེས་འབྲངས་སྐལ་ལྡན་མ་ལུས་པའི་། །ཉམས་ལེན་དག་ཐེར་ཞིབ་པས་མཛད། །དགྲ་ཟིན་སོ་སོར་མ་ཕྱེད་པར། །འོལ་ཚོད་མུན་པར་མདའ་འཕེན་བཞིན། །སྒྲུབ་དང་དགག་པ་ནོར་བའི་གཏམ། །འཛེམ་མེད་སྨྲ་བ་འགའ་ཐོས་ཀྱང་། །ལྐོག་ལབ་ཤུབ་བུའི་བཟླས་པ་ནི། །དམ་པར་སྨོད་ཅིང་དམ་ཆོས་སྤངས། །རང་ཚུལ་བླུན་པོར་མཚོན་པ་དང་། །ཚབས་ཆེན་ངན་འགྲོ་ལས་གཞན་ཅི། །ས་སྐྱའི་འཇམ་མགོན་ཡབ་སྲས་ཀྱི། །རྗེས་འབྲངས་ཡིན་པ་ཁས་འཆེ་ཞིང་། །དེ་ཡི་དྲི་མེད་ལེགས་བཤད་རྣམས། །ཇི་བཞིན་དཔང་པོར་བཞག་ན་ནི། །ལུང་དང་རིགས་པའི་རང་ལམ་ནས། །འདི་ལ་ལན་གྱི་སྤྲོས་པས་དབེན། །སྣ་ཚོགས་ཟེར་སྒྲོས་ཀུན་བསྡུས་ནས། །སྨྲ་བ་རྣམས་ལ་ཅི་ཆ་ཡོད། །དེང་སང་འགལ་མེད་འགལ་བར་སྒྲུབ། །ཆོད་མེད་ཆོད་པའི་ཞལ་ཕོ་སྒྲོགས། །དགག་བྱ་མེད་པར་འགོག་བྱེད་འཕེན། །དེ་འདྲ་ལུང་རིགས་ཡུལ་ལས་འདས། །ས་སྟེང་ལུང་གི་རྒྱ་མཚོ་ཆེ། །རིགས་པའི་ཉི་མ་གཅིག་པུ་ལ། །རྒོལ་ངན་ཆུ་ཕྲན་མེ་ཁྱེར་ཀྱིས། །འགྲན་པར་གྲགས་པ་ཆེས་ངོ་མཚར། །རྒྱལ་བསྟན་གངས་ཀྱི་རི་བོའི་སྤོར། །མཁས་དང་གྲུབ་པའི་ལུས་སྟོབས་རྒྱས། །ལུང་དང་རིགས་པའི་གཡུ་རལ་ཅན། །སྨྲ་བའི་སེང་གེ་རྒྱལ་གྱུར་ཅིག །གསུམ་པ་རྩོམ་པ་ནི། སྤྱིར་སྐུ་ན་ཕྲ་བའི་དུས་ནས་རྩོམ་གཤིས་སྙན་ལ། བརྗོད་དོན་ཟབ་པ་ཞིག་ལྷན་སྐྱེས་སུ་ཡོད་འདུག་པར་མ་ཟད་ཐུགས་སྦྱངས་དང་འབྲེལ་བའི་ཚེ་རིམ་གྱི་ཇེ་བཟང་དུ་སོང་རྗེས་སྒོམ་པ་ལ་ཞུགས་པའི་དུས་སུ་ནི་ལྷག་པའི་ལྷས་བྱིན་གྱིས་བརླབས་པས་བརྗོད་བྱ་རྗོད་བྱེད་ཐམས་ཅད་བཟང་ཞིང་། རྩོམ་སྒོ་ཡངས་པ་སོགས་དཔེ་མེད་དུ་སོང་བ་ཡིན་ཏེ། བཀའ་ལས། སྔར་བཅད་རྒྱ་དམ་དུས་རིག་པ་དྭངས་སྐབས་རྩོམ་པ་འདྲ་བྱེད་དུས་རྩོལ་བ་ཅི་ཡང་མི་དགོས་པར་ཚིག་སྔ་མ་བྲི་བའི་བར་ལ་རྗེས་མ་རྣམས་སྐྱུགས་པ་ལྟ་བུ་ཞིག་བྱུང་བས། དགོངས་གཏེར་ཡིན་བྱས་ཀྱང་མ་ཆོག་པ་མེད་པ་ལྟ་བུར་འདུག །འོན་ཀྱང་འདི་འདྲ་བར་ཆད་ཡིན། དེ་ཙམ་ཞིག་དགོས་པ་མེད་སྙམ་ནས་ལམ་འབྲས་སྨོན་ལམ་སོགས་འགའ་ཞིག་ལས་ཆེར་མ་བྲིས་ཞེས་ཕེབས་སོ། །སྤྱིར་གསུང་རིགས་རྣམས་སུས་ཞུས་པ་དེ་ལ་དེ་འཕྲལ་དུ་གནང་བ་ལས་མ་དཔེ་ཐུགས་ཉར་མཛད་པ་ལྟ་བུ་གཏན་མི་གནང་བས། མང་པོ་ཞིག་འཐོར་སོང་ཚོད་དུ་འདུག་ཀྱང་ད་ལྟ་བཞུགས་པ་རྣམས་དང་། བོར་ཀྱང་རྣ་ཐོས་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བརྗོད་ན། ལམ་འབྲས་སྨོན་ལམ་དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ་སྟེ་འདི་ནི་སྔར་ལམ་ཟབ་ཀྱི་བཅད་རྒྱ་ལོ་གསུམ་དུ་གནང་བ་དེའི་དུས་རྗེ་ཉིད་ཀྱི་འདོད་དོན་གསོལ་འདེབས་སུ་མཛད་པར་སྟོད་ཆའི་ཚིགས་བཅད་རྣམས་ཉིད་ལ་སྤང་བྱ་གང་ཤས་ཆེ་བའི་གཉེན་པོར་ཚིགས་བཅད་རེ་རིམ་པས་བསྣན་པས་མང་ཙམ་སོང་བ་དང་། ཁྱད་པར་དུ་ལུས་དཀྱིལ་གྱི་དོན་དེ་དེའི་མཚམས་སུ་སླེབ་དུས་མནལ་སོང་བར་འོད་གསལ་གྱི་ངང་ལ་དེ་འདྲ་ཞིག་བརྩམས་འདུག་ཅེས་བཀའ་ལས་ཐོས་ལ། དེས་ན་གཞུང་འདི་བྱིན་རླབས་ཀྱི་ཚན་ཁ་ཆེས་ཆེ་བ་ཡིན་ཞིང་། སྒ་སྟོན་འཇམ་མགོན་རིན་པོ་ཆེའི་བཀའ་ལས་ཀྱང་། ང་རང་གིས་འདི་འདྲ་ཞིག་བརྩམས་ན་བརྗོད་བྱ་འདི་བཞིན་ཐོན་ཏེ་རྗོད་བྱེད་མི་ཐོན་ངེས་པ་ཡིན་ཞེས་རྗེ་ཉིད་ལ་ཕེབས་འདུག་ཅིང་། མཁྱེན་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་། བླ་མའི་རྣལ་འབྱོར་གྱི་དོན་འགྲེལ་དང་། འདི་གཉིས་ཞིབ་པར་གཟིགས་པས། ལེགས་བཤད་འདི་འདྲ་མཇལ་རྒྱུ་ཡོད་པ་དལ་འབྱོར་དོན་ལྡན་དུ་འདུག་དགོངས་པ་འཁྲུངས་ཚུལ་བཀའ་ཤོག་ཏུ་ཕེབས་ལ། ཁོ་བོ་སྐུ་བཅར་བར་མའི་དུས། ཁམས་བྱེའི་ཆོས་གྲྭར་ཁང་དམར་མཁན་པོ་རིན་ཆེན་བཞུགས་འདུག་པར་སྐུ་དྲུང་དུ་བོས་ནས། གསུང་འཕྲོས་ལ། ང་རང་རྫོགས་ཆེན་དུ་དཔེ་ཆ་སྦྱངས་སྐབས་མཁན་པོ་རྣམ་པ་གཉིས་ཀས། སྡེ་གཞུང་སྤྲུལ་སྐུ་དེ་གནའ་དུས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་རྗེས་སུ་སྙོགས་པ་ལས། དེང་སང་གི་མཁས་པ་སུས་ཀྱང་འགྲན་པར་མི་ནུས་ཞེས་གསུངས་པར། ཁོང་རྣམས་ཐུགས་ནང་མཐུན་པོ་ཡིན་པས་བསྔགས་བརྗོད་མཛད་པ་ཨེ་ཡིན་སྙམ་ཡང་། ད་ལྟ་བསྟན་བཅོས་འདི་མཇལ་བའི་ཚེ་ངེས་པར་དེ་བཞིན་ཡིན་འདུག །ད་མཆོག་སྤྲུལ་དེ་དང་མཇལ་དཀའ་བས་འདིའི་ལུང་ཞིག་དགོས་ཞེས་གསན་པར་མཛད། དེ་བཞིན་དུ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ལྷ་ཁང་མཁན་ཆེན་བཟང་པོ་ལགས་ཀྱིས་ཀྱང་བསྟོད་བཀུར་བསྔགས་གསུམ་མཛད་འདུག་ཚུལ་ཐོས་པ་སོགས་མཁས་གྲུབ་སུ་ཞིག་གི་སྤྱན་ལམ་དུ་འབྱོར་ཡང་བསྔགས་པའི་ཡེ་གེས་ལྕི་བ་ཞིག་ཡིན་ནོ། །ལམ་དུས་ཐུན་མིན་གྱི་དོན་འགྲེལ་བདུད་རྩིའི་ཐིགས་པ། འཁོར་འདས་དབྱེར་མེད་ཀྱི་ཟབ་གནད་ཀུན་ལ་མེད་པའི་ཁྱད་ཆོས། བླ་མའི་རྣལ་འབྱོར་གྱི་དོན་འགྲེལ། མགོན་པོའི་བླ་མའི་རྣལ་འབྱོར་རྒྱས་བསྡུས་གཉིས། ཉམས་མགུར་རྒྱས་བསྡུས་གཉིས་ལས། རྒྱས་པ་དེ་སྔ་མོར་ཤོག་དྲིལ་ཐུགས་ཉར་མཛད་དུས་ཅུང་རེ་བར་ལམ་ནས་འཐོར་སོང་བས་སྐབས་འགར་སྔ་ཕྱིའི་བབས་ཆེར་མི་འགྲིགས་པ་ཞིག་བཞུགས་སོ། །བསྟོད་ཚོགས་ཀྱི་སྐོར་ལ་འཇམ་མགོན་རིན་པོ་ཆེའི་སྐུ་བསྟོད་དང་། ཞབས་བརྟན་ཚན་པ་བཞི། རྗེ་བླ་མའི་རྣམ་ཐར་ངོ་མཚར་ནོར་ཕྲེང་། བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་གཉིས། བློ་གཏེར་ཞབས་ཀྱི་སྐུ་བསྟོད། ཐུབ་བསྟོད། ཆོས་རྗེའི་བསྟོད་པ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་བསྟོད་པ། ས་འཇམ་སྔགས་སྒྲུབ་ཀྱི་བརྒྱུད་འདེབས། དབྱངས་ཅན་མའི་བསྟོད་པ་རྒྱས་བསྡུས་ལྔ། མགོན་པོའི་བསྟོད་པ་གཉིས། མཁའ་སྤྱོད་བསྟོད་པ་རྒྱས་བསྡུས་གཉིས། རིག་བྱེད་མའི་བསྟོད་པ་གཉིས་རྣམས་སོ། །དཀའ་འགྲེལ་གྱི་སྐོར་ལ། ཀུན་གཞིའི་ཡིག་ཆུང་ལེགས་བཤད་ལྷ་ཡི་རྔ་ཆེན་སྟེ། འདི་ཡང་འཇམ་མགོན་བླ་མས་རྩོམ་པར་བསྐུལ་མ་གནང་ཞིང་ཞུ་དག་མཛད་པར་ཞལ་གྱིས་བཞེས། སྤྱན་ལམ་དུ་ཕུལ་དུས་བསྔགས་བརྗོད་ཀྱི་ཕྲེང་བ་ཤིན་ཏུ་མང་པོ་དང་མཉམ་དུ་མཚན་འདོགས་པ་གནང་བ་ལས་བཅོས་བསྒྱུར་ཕྲ་མོ་ཙམ་ཡང་མ་དགོས་པ་ཡིན་ནོ། །གཞན་ཡང་། ཆོས་གྲྭ་ཆེན་པོ་རྟ་ནག་ཐུབ་བསྟན་གྱི་མཁན་ཆེན་གདན་ས་པ་མི་ཕམ་ངག་གི་དབང་ཕྱུག་གི་དྲུང་དུ། གཉེར་བཀྲ་ཤིས་ཆོས་ལྡན་གྱིས་འདིའི་དཔེ་ཆ་ཕུལ་སྐབས། དེའི་གསུངས་ལས་ད་རུང་འདི་འདྲའི་དཔེ་ཆ་འགའ་ལོན་ན་དགོས། ང་རང་གིས་ཐོས་ཚོད་ལ་སྤྲུལ་པའི་སྐུ་དེས་བསྟན་དོན་ཆོས་བཤད་རང་ཆེར་མ་མཛད་ཟེར་འདུག་སྟེ། ལེགས་བཤད་འདི་འདྲ་བརྩམས་པ་ལས་བསྟན་དོན་ཆོས་བཤད་ཆེ་བ་ད་ཅི་ཞིག་ཡོད་པ་ཡིན་ཞེས་སོགས་ཀྱི་བསྔགས་བརྗོད་དང་ཐུགས་དགྱེས་པ་བསམ་གྱིས་མི་ཁྱབ་པ་མཛད་འདུག་ཚུལ་ཐོས་སོ། །དབང་བཞི་ངོ་སྤྲོད། ཕྱག་ཆེན་མིག་ཐུར། སྤྱི་ལྗོན་ཕྱག་མཆན་ཅན་དྲང་ངེས་བརྒྱད་ཀྱི་འགྲེལ་པ་རྣམས་སོ། །ལག་ལེན་སོགས་ཀྱི་སྐོར་ལ། འདུལ་བའི་ལག་ལེན་རིན་ཆེན་སྒྲོན་མེ། དབྱངས་ཅན་མའི་དངོས་གྲུབ་ལེན་ཆོག་འདི་ནི་གསང་རྒྱ་ཧ་ཅང་ཆེ་བས་སྐུ་ཆིངས་ལ་ཤོག་དྲིལ་བྱས་ནས་འདོགས་པར་གནང་བས་བོར་སོང་བ་མ་གཏོགས་སྐུ་ཚེ་ཧྲིལ་པོའི་གསུང་རྩོམ་གྱི་ནང་ནས་འདི་ལས་སྙན་འགྱུར་ཆེ་བ་མ་བྱུང་ཞེས་ཕེབས་སོ། །འཕོ་བའི་གསོལ་འདེབས་ཉུང་ངུ་། དུས་དྲན་རྣམས་སོ། །ཞལ་གདམས་ཀྱི་སྐོར་ལ། རྗེ་ཉིད་ལ་གདམས་པ། བླ་མ་ཀུན་བཟང་ལ་གདམས་པ། བླ་མ་བློ་གྲོས་ལ་གདམས་པ་ལྔ། བླ་མ་དཔལ་ལྡན་ལ་གདམས་པ། དོན་གླིང་མཁན་བསམ་གཏན་ཕྲིན་ལས་དང་ཐར་ལམ་དབུ་མཛད་བཀྲ་ཤིས་ཟུང་ལ་གདམས་པ། བླ་མ་ཤེས་རབ་ཆོས་མཆོག །བླ་མ་ཐར་ལི། ཚུལ་ཁྲིམས། ཨ་དོན། བཀྲ་ཤིས་ཆོས་ལྡན། མི་དབང་གདུགས་དཀར་རྣམས་ལ་གདམས་པ་རེ་རེ། ངོས་རང་ལ་གདམས་པ་གཉིས། བློ་སྦྱོང་སྨོན་ལམ། དབུ་མའི་སྨོན་ལམ། མར་མེའི་སྨོན་ལམ་རྣམས་སོ། །གསོལ་འཕྲིན་གྱི་སྐོར་ལ། མགོན་པོ་གཙོ་བོར་གྱུར་པའི་ཆོས་སྐྱོང་སྤྱིིའི་ཕྲིན་བཅོལ་དང་། མངའ་གསོལ། བྲམ་གཟུགས་ཀྱི་བསྐང་བ། རྒྱལ་བཙན་གྱི་གསོལ་ཁ། བཀྲ་ཤིས་ཀྱི་ཚིགས་བཅད་འགའ་དང་བཅས་པ་རྣམས་སོ། །ལོངས་སྤྱོད་འཁོར་ལོའི་ཆུ་གཏེར་དུ། །དབྱངས་ཅན་ངང་མོ་རོལ་པ་ལས། །ལེགས་པར་བཤད་པའི་སྐད་སྙན་ནི། །ཏམྦུ་ར་ཡི་དབྱངས་སུ་འཇོ། །དོན་ཟབ་སྙན་པའི་ཚིག་གིས་སྟོང་། །སྙན་ཚིག་དོན་དང་བྲལ་བ་སྟེ། །མཐའ་གཉིས་གནས་ལ་བཞུགས་པ་ཡི། །སྨྲ་བ་དེ་དག་ངལ་བསོས་ཤིག །བརྗོད་དོན་ཟབ་པའི་གཏིང་མཐའ་ནི། །ཆུ་གཏེར་ཆེན་པོས་མི་མཚོན་ལ། །རྗོད་བྱེད་སྙན་པའི་སྙན་འགྱུར་ཡང་། །རྒྱུད་མང་སྟོང་གིས་བསྐྲུན་ནུས་མིན། །ཟབ་དོན་མན་ངག་བསྟན་པའི་གཞུང་། །ལྷ་དང་བླ་མའི་ཐུགས་བཅུད་དང་། །རིང་ལུགས་འདི་ཡི་སྲོག་གི་ཟུངས། །ཡིད་བཞིན་ནོར་ལས་ལྷག་པ་མང་། །སྐྱབས་གནས་མཆོག་གི་ཡུལ་རྣམས་ལ། །སྣ་ཚོགས་བསྟོད་པའི་སྐོར་རྣམས་དང་། །དཀའ་བའི་གནད་ཀྱི་འགྲེལ་པ་དང་། །མཁོ་བའི་ལག་ལེན་དུ་མར་བཅས། །ཐར་པ་འདོད་པ་མང་པོ་ལ། །ཤུལ་ལམ་མཚོན་པའི་ཞལ་གདམས་ནི། །ཟབ་རྒྱས་ལང་ཚོ་གསར་བ་ཅན། །ངོ་མཚར་མིག་གི་དགའ་སྟོན་མང་། །སྤྱི་དང་བྱེ་བྲག་སྲུང་མ་ལ། །བསྐང་ཕྲིན་མངའ་གསོལ་ཆོ་ག་དང་། །བཀྲ་ཤིས་དགེ་ལེགས་ཆར་འབེབས་པའི། །ཚིགས་བཅད་དུ་མས་བཀྲ་ཤིས་སོ། །གསུམ་པ་ཞར་ལས་བྱུང་བ་ལ་གསུམ། གསང་གསུམ་གྱི་རྟེན་བཞེངས་ཚུལ། རྣམ་དཀར་གྱི་དགེ་བསྐུལ་མཛད་ཚུལ། རང་ཉིད་རྗེ་འདི་དང་འབྲེལ་ཚུལ་ལོ། །དང་པོ་ནི། སྔ་མོར་ཆོས་སྡེ་དེར་གཙུག་ལག་ཁང་ཀ་བ་ཉེར་བཞི་ཡོད་པ་ཁང་ཕྲན་དང་བཅས་པ། རྗེ་ཉིད་ཀྱིས་བཞེངས་གྲུབ་ནས་ལོ་བཅུ་སྐོར་སོང་བ་ན་གྲྭ་ཚང་རྒྱས་སྟབས་མི་ཤོང་བ་དང་། འབྱུང་འགྱུར་གྱི་རྟེན་འབྲེལ་འགའ་གཟིགས་ནས་ཆུ་འབྲུག་ལོར་ཡང་བཞེངས་ཀྱི་ཐུགས་འདུན་གནང་སྟེ་གྲྭ་ཚང་དང་བཀའ་བགྲོས་ཤིང་སྦྱིན་བདག་རྣམས་ལའང་བཀའ་ལུང་སྩལ་ནས་ཐེབས་རྩ་འབུལ་མཁན་བསམ་གྱིས་མི་ཁྱབ་པ་བྱུང་བར་བཅས་དེ་སྐོར་གྱི་དགོས་ཆ་མཐའ་དག་ཚགས་སུ་ཚུད་པ་མཛད་ནས་ཞིང་གཞན་དུ་གཤེགས་སོང་བར་འདུག་ཀྱང་། དེ་རྗེས་སྦྲུལ་ལོར་སྐུའི་མཆེད་ཟླ་ཉེ་གནས་རྣམས་ཀྱི་དབུས་མཛད་དེ་བླ་གྲྭ་ལྷན་རྒྱས་ཀྱིས་དགོངས་པ་བསྐང་བའི་ཐབས་སུ་བཞེངས་པ་འདི་ནི། རྗེ་ཉིད་ཀྱིས་མཛད་པ་དང་ཁྱད་པར་མེད་པས་དེའང་། གཙུག་ལག་ཁང་ཆེ་ཆུང་གཉིས་ལ་ཀ་བ་སོ་དྲུག་དང་། ཉེར་བཞི་ཅན། མགོན་ཁང་། གཞན་ཡང་རུང་ཁང་། ལག་མཛོད་ཆོས་ར་སོགས་ཆོས་སྡེ་ཆེན་པོ་ལ་འོས་པའི་ཁང་ཕྲན་ཆ་ལག་དང་བཅས་པ། དེ་དག་གི་ནང་དུའང་སྔར་བཞེངས་པའི་སྐུ་རྟེན་གྱི་གཙོ་བོ་ཐུབ་དབང་མི་ཚད་ཙམ་གྱི་གཙོས་ཟངས་གསེར་གྱི་ཁྲི་སོགས་ལའང་རིན་པོ་ཆེའི་ཕྲ་ལྡན་ཤིན་ཏུ་སྤུས་ལེགས། ཆུང་བ་རྣམས་མདའ་ཚད་ནས་ཆེ་བ་རྣམས་མི་ཚད་ཀྱི་བར་ཡོད་པའི་སྐུ་བརྙན་ཉི་ཤུ་སྐོར་དང་། འཇམ་མགོན་བླ་མའི་དབུ་སྐྲ་བསྲེས་ནས་རྗེ་ཉིད་ཀྱིས་དབུ་འདྲེན་མཛད་དེ། བླ་གྲྭ་ཐམས་ཅད་ཀྱིས་ཆོས་རྗེ་ས་པཎ་གྱི་སྐུ་འབུམ་ཕྲག་གཉིས་ཙམ་བཞེངས་པ་དང་། དེའང་སྐུ་འདྲ་ཕལ་ཆེར་ལ་གསེར་གསོལ་ཞིང་། ཡང་ཡུལ་ཁོག་གཞན་ལ་དབུ་སྐྲ་གནང་སྟེ་ཉིད་ཀྱིས་དགེ་བསྐུལ་མཛད་པ་སོགས་བསྡོམས་ན་ཆོས་རྗེའི་སྐུ་འབུམ་ཕྲག་ཉི་ཤུ་རྩ་གཉིས་ཙམ་སོང་ཞིང་། ལོགས་བྲིས་ཀྱི་ལྷ་ཚོགས་དང་། ཐུགས་དམ་རྟེན་གྱི་བྲིས་ཐང་མང་པོ་དང་བཅས་པ་བཞེངས་སོ། །གསུང་རྟེན་རྒྱལ་བཀའ་རིན་པོ་ཆེ་ཉིད་ཀྱིས་ཚར་གསུམ་དང་། གཞན་ལ་དབུ་འདྲེན་གནང་བ་ནི་ཆེས་མང་པོ་ཡོད་དེ་རྗེ་ཉིད་ཀྱི་སྐུ་རིང་ལ་ཡུལ་ཁོག་དེར་བཀའ་འགྱུར་ཚར་བརྒྱ་ཕྲག་ལྷག་ཙམ་གདན་དྲངས་ཡོད་འདུག་པ་དུས་ཕྱིས་ཐམས་ཅད་ལ་ཉིད་ཀྱིས་གྲོགས་མཛད་པ་ཡིན་ཞིང་། སྣག་སྤར་རིགས་ནི། ས་སྐྱ་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ་སོགས་གསུང་འབུམ་གྱི་སྐོར་དང་། རྒྱུད་བཏུས། སྒྲུབ་བཏུས་སོགས་སྨིན་གྲོལ་ཕྱོགས་བསྡུས་ཀྱི་སྐོར་དང་། མདོ་སྔགས་ཀྱི་གཞུང་འགྲེལ་སྣ་ཚོགས་སོགས་པོད་བརྒྱ་ཕྲག་མང་པོ་དང་། བྲིས་མ་མགོན་པོད་མེ་འབར་མ། ཁ་སྐོང་། ཡང་སྐོང་སོགས་དང་། སྤྱི་ལྗོན་གྱི་ནང་ན་བཞུགས་པའི་མདོ་སྔགས་ཀྱི་ལུང་ཕྱོགས་གཅིག་ཏུ་བསྡུས་པའི་གསེར་གྱི་གླེགས་བམ། ཐུགས་རྟེན་དུ་ཆོས་རྗེའི་སྐུ་མང་པོ་བཞུགས་པའི་མཆོད་རྟེན་ཆེན་པོ་དེའི་གཙོས། ཡང་བཞེངས་མཛད་པ་སོགས་སྨོས་ན་མཆོད་རྟེན་ཆེན་པོ་བཞི་ཙམ་དང་། གསེར་ཟངས་ཀྱི་མཆོད་རྟེན་མདའ་ཚད་སོགས་འགའ་དང་། དེ་དང་རྗེས་འབྲེལ་ཡང་སྟེང་དུ་ཆོས་སྐྱོང་ཐམས་ཅད་ཀྱི་རུ་མཚོན་གྱི་རྒྱལ་མཚན། ནང་དུ་རྟེན་གཏོར་ཆ་ཚང་སོགས་གསར་དུ་བཞེངས་པ་རྣམས་སོ། །གཉིས་པ་རྣམ་དཀར་གྱི་དགེ་བསྐུལ་མཛད་ཚུལ་ནི། ཆོས་ལུང་སོགས་གནང་སྐབས། རེས་རྗེ་ཉིད་དངོས་སུ་ཕེབས་ཤིང་སྐབས་འགར་གཞན་ལ་བཀའ་ལུང་སྩལ་ནས་གྲོགས་དན་མཛད་དེ། གྲྭ་ཚང་གིས། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་འབུམ་ཕྲག་མང་པོ་དང་། ཡི་དམ་རིགས་མི་འདྲ་བ་དུ་མའི་བསྙེན་པ་སྟབས་གཅིག་ཏུ་མཛད་པ་དང་། སེར་སྐྱ་ཐུན་མོང་དུ་སྔ་ཕྱིར། མ་ཎི། སིདྡྷི། སྒྲོལ་མ་སོགས་དུང་ཕྱུར་མང་པོ་དང་། ཁྱད་པར་དུ་མར་མེ་མང་པོ་ཕུལ་ནས་བཟང་སྤྱོད་འབུམ་ཕྲག་དུ་མ་སོགས་མཉམ་དུ་བསགས་པ་དང་། སྨྱུང་གནས་མང་ཚོགས་ཏེ་དེ་དག་གི་དུས་སུ་མི་མང་དུས་སྟོང་ཁ་ལོངས་པ་ཡིན་ལ། འཇམ་མགོན་རིན་པོ་ཆེའི་དུས་མཆོད་ལའང་། རྗེ་ཉིད་ཀྱི་དབུར་མཛད། བླ་གྲྭ་སུམ་བརྒྱ་ཡན་མང་ཚོགས་དང་། གཞན་འདོན་ཤེས་མཁན་མང་པོ་དང་བཅས། ཐེག་ཆེན་གསོ་སྦྱོང་བླངས་ཏེ། རྟེན་གྱི་དྲུང་དུ་མཆོད་སྤྲིན་བློས་མི་འཁྱུད་པ་དང་། དགེ་འདུན་ལ་མང་ཇ་གསོལ་ཚིགས་སོགས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས། བླ་མཆོད་དང་འབྲེལ་བཟང་སྤྱོད་མང་པོ་བསགས་པ་སོགས་རང་ཕྱོགས་རློམ་པ་སྐྱེ་ལ་གཞན་ཕྱོགས་ཀྱིས་ཡིད་སྨོན་ཤོར་བ་ལྟ་བུའི་དགེ་རྒྱུན་ཆེན་པོའི་ཕྱག་སྲོལ་བཙུགས་པ་དང་། ས་བྱི་ལོར་སྐུ་གེགས་ཆེ་ཚུལ་བསྟན་པ་ན་གསོད་ངེས་མང་པོའི་གཙོས་ཚེ་ཐར་སྟོང་ཕྲག་དུ་མ་དང་། དེའི་གོང་ཙམ་ནས་ནོར་ལུག་འབུལ་བ་བྱུང་བ་ཐམས་ཅད་ཚེ་ཐར་མཛད་པས་ཤིན་ཏུ་གྲངས་མང་པོ་སོང་འདུག་སྟེ། བཀའ་ལས་ཀྱང་སྔར་དང་པོར་ང་རང་རྒྱུ་ཆ་ཆུང་སྟབས་གྲྭ་ཚང་ལ་དགོས་ཆ་འདྲས་མ་བདེ་ནས་ནོར་ལུག་འབུལ་མཁན་བྱུང་བ་རྣམས་བཙོང་དགོས་བྱུང་བ་དེ་འདྲས་དགེ་རྩར་ཨེ་འགྱུར་མི་ཤེས་རྗེས་སོར་ཚེ་ཐར་འབའ་ཞིག་ཏུ་བཏང་བ་དེས་ཡིད་ཚིམ་པ་ཞིག་བྱུང་ཞེས་ཕེབས་ལ། སྔ་མོར་ཆོས་སྐྱོང་ལ་དམ་བསྒྲགས་དང་བཅས་ལོ་གསུམ་གྱི་རིང་། རི་རྒྱ་དམ་པོར་མཛད་པ་དང་ནད་གདོན་གྱིས་ཉེན་པ་ལ་དེར་མཐུན་གྱི་ཐུགས་རྗེས་བསྐྱངས་པ་སོགས་འགྲོ་བ་མང་པོ་མི་དང་མི་མིན་གྱི་འཇིགས་པ་ལས་སྐྱོབ་པར་མཛད་ལ། ངན་སློང་ལ་སྦྱིན་གཏོང་དང་། ལྷག་པར་དཀོན་མཆོག་མཆོད་པ་ལ་གཙང་སྦྲ་དང་རྒྱུ་ཆ་ཕུལ་དུ་ཕྱིན་པར་མཛད་པ་ཡིན་ཞིང་། རྗེ་ཉིད་ཀྱི་གསོལ་རྒྱུའི་ཞལ་མངར་གྱི་རིགས་ཕུལ་ཚད་གཏན་མི་གསོལ་བར་གཏོར་མ་འབའ་ཞིག་མཛད་ལ། དེས་ན་གཏོར་མའང་ཞིམ་བཅུད་ཁོ་ན་བསྡུས་པ་འདི་འདྲས་ཚོགས་ཀྱང་ལོས་རྫོགས་སྙམ་པ་ཤ་སྟག་གོ། ལྷ་ཁང་དང་གྲྭ་ཚང་ལ་དགོས་པའི་འཕན་གདུགས། རྒྱལ་མཚན། རྔ་རོལ། ཉེར་སྤྱོད་ཀྱི་སྣོད། དུང་། བརྒྱ་ཀོང་། གྲལ་གདན་སོགས་མང་པོ་ཕུལ་བ་དང་། ཁྱད་པར་དུ་མར་མེ་ནི་རྗེ་ཉིད་ཀྱི་ཕྱག་རྫས་ཀྱི་འགྲོ་ཡུལ་དང་། ཉེ་གནས་རྣམས་ཀྱིས་ཀྱང་ཕྱག་ལས་ཀྱི་མཐིལ་དུ་མཛད་པ་ཡིན་ཏེ། ཉིན་རེར་བཅུ་ཕྲག་རེ་ཟུང་དང་། བརྒྱ་མཆོད་སོགས་རྒྱུན་པ་དང། ཁྱད་པར་གྱི་དུས་རྣམས་སུ་ཤིན་ཏུ་མང་པོ་དང་བཅས་པ་བསྡོམས་ན་འབུམ་ཕྲག་ལས་བརྒལ་བ་སོང་ཚོད་དུ་འདུག །བདག་ཅག་ལའང་དྲི་མས་མ་གོས་པ་མ་གཏོགས། དཀོན་མཆོག་མཆོད་པ་ལ་རྒྱུ་ཆ་གཙང་སྦྲ་ལེགས་པ་དགོས་ཚུལ་ཁོ་ན་ཕེབས་པ་ཡིན་ནོ། །གཞན་ཡང་རྒྱལ་བཀའ་རིན་པོ་ཆེ་ཚར་མང་དུ་བསྒྲོགས་པ་དང་། འདུ་ཁང་གསར་བཞེངས་སྐབས་རྟེན་རྩའི་ཞལ་འདེབས་འབུལ་བ། ལས་བྱེད་པ། རྟ་ཁལ་སོགས་དང་། སྲོག་ཆགས་ཆེ་ཆུང་ཇི་སྙེད་པ་ཤི་བ་སོགས་ཐམས་ཅད་ལ་ཐུགས་སྨོན་རྒྱ་ཆེན་མཛད་དགོས་པའི་རྒྱུ་མཚན་གསུངས་ཤིང་དེ་དག་གི་ཆེད་དུ། རྗེ་ཉིད་ཀྱང་ཚོགས་སུ་བྱོན་ཏེ། བླ་གྲྭ་ཉིས་བརྒྱ་ལྷག་ཙམ་གྱིས་ཀུན་རིག་བསྙེན་རྒྱས་ཀྱི་མཚམས་ཉིན་བདུན་ལ་མཛད་པ་སོགས། མདོར་ན་དང་པོར་འཇམ་མགོན་རིན་པོ་ཆེ་གདན་དྲངས་པ་ནས་བཟུང་བླ་མའི་ཞབས་ཏོག །གསང་གསུམ་གྱི་རྟེན་བཞེངས། མང་ཚོགས་མཉམ་འདོན། ཐུགས་སྨོན་རླབས་ཆེན་གནང་བ་སོགས་རྗེ་ཉིད་ཀྱི་མཛད་པ་ཇི་སྙེད་པ་ལ། ཡུལ་དེའི་མཆོག་དམན་ལྟོས་བཅས་ཐམས་ཅད་ཀྱང་འབྲེལ་དུ་བཅུག་ནས་རང་རང་གི་བསམ་སྦྱོར་དྲག་ཞན་ཆེ་ཆུང་གི་རྟེན་འབྲེལ་ཞིག་མ་གཏོགས། རྗེ་ཉིད་ཀྱི་ངོས་ནས་ནི་རྒྱལ་བའི་ཕྲིན་ལས་དངོས་སུ་མཛད་པས་འབྲེལ་ཚད་དོན་ལྡན་ཞེས་གྲགས་པའི་མཚན་དོན་དང་ལྡན་པ་ཞིག་ཏུ་བཞུགས་པ་ཡིན་ཞིང་། ཡུལ་གྲུ་དེའི་མཆོག་དམན་ཐམས་ཅད་ཀྱིས་ཀྱང་ས་ཕྱོགས་གཅིག་ཏུ་སྐྱེས་པ་ལ་དེ་འདྲའི་དད་མོས་མཐོང་འཇོག་རང་རེ་ཚོས་མིག་མཐོང་རྣ་ཐོས་གྱུར་མ་མྱོང་བའི་ཚོད་ཡིན་ལ། ད་དུང་བླ་མ་གཤེགས་ཀྱང་དམ་ཚིག་ལ་གཤེགས་རྒྱུ་མེད་པས་རྗེའི་ཕྲིན་ལས་ཀྱི་རྒྱུན་དང་ཕྱོགས་གཏོགས་སོགས་ལའང་གུས་བཀུར་སྔར་བཞིན་མཛད་པར་ཡུལ་དེའི་སྐྱེ་བོ་ཐམས་ཅད་ལ་རི་སུལ་གྱི་བན་རྒན་སྙིགས་མ་པ་དེས་བསམ་དཀར་གྱི་ཞུ་བ་བཅོས་མིན་ལགས་ཤིང་། དེ་ལྟར་བྱུང་ན་སླད་ཆར་ཡང་བདེ་ཞིང་སྐྱིད་ལ་ཆོས་འབྱོར་རྒྱས་པ་ཞིག་འབྱུང་བ་ལ་མི་བསླུ་བ་ཡིན་ནོ། །གསུམ་པ་རང་ཉིད་རྗེ་འདི་དང་འབྲེལ་ཚུལ་ནི། དམན་བུ་རང་ཉིད་རང་ལོ་ཉེར་བཞིའི་དུས་འཇམ་མགོན་བླ་མའི་དྲུང་དུ་ལམ་འབྲས་ཞུ་བཞིན་ཡོད་པར་རྗེ་འདི་དང་མཇལ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བཀླག་ལུང་གི་ཆོས་འབྲེལ་ཞིག་ཞུས། དེ་རྗེས་ཉིན་གཅིག་འཇམ་མགོན་རིན་པོ་ཆེའི་མདུན་དུ་དངོས་མཇལ་བྱུང་བར་འཇམ་མགོན་མཆོག་གིས་བདག་ལ་གཟིགས་ནས་རྗེ་འདི་ལ་ཁོང་བློ་གསལ་རིག་པ་ཅན་ཞིག་ཡིན་འདུག །མདོ་སྔགས་ཐམས་ཅད་ཁྱོད་ལས་ཐོབ་པ་ཞིག་གི་རེ་བ་ཡིན་གསུངས་འདུག་པས། རྗེས་ཀྱང་ལེགས་སོ་ཙམ་ཕུལ། ང་རང་གིས་རང་གསེན་བུམ་པ་ལས་མི་བདོག་མོད། རྗེས་སོང་ལུང་བསྟན་དུ་སོང་ཞིང་། དེ་རྗེས་མི་རིང་བ་ཞིག་ནས་ཐོས་བསམ་རྒྱ་ཆེན་ཞིག་གི་རེ་འདུན་བྱུང་བར་སྟོད་སྨད་ཀྱི་ཆོས་གྲྭ་དུ་མར་འཇམ་མགོན་བླ་མ་ལ་དགོངས་བརྟགས་ཞུས་པར། གཞན་ལའང་མི་ལེགས་རྒྱུ་མི་འདུག་སྟེ། ཁྱོད་འདྲ་བ་ཞིག་སྤྲུལ་སྐུ་དེ་དང་གཅིག་འཕྲད་ན་སྙམ་ཞེས་ཕེབས་པར། དེ་ཕྱོགས་སུ་དགྲ་དོགས་ཆེ་བ་དང་སྤྲུལ་པའི་སྐུ་ཡང་ཆོས་ལ་དམ་དོགས་ཆེ་སྐད་ཐོས་པས་ཅི་འགྱུར་གྱི་ལན་དུ། ཆོས་ཐོབ་པའི་ཁག་ང་རང་གིས་ཐེག །ད་མོ་ཞིག་འདེབས་གསུངས་ནས་བཏབ་པས་ཕྱག་གི་མཐེ་བོང་གྱེན་དུ་བསླང་བ་དག་གཅིག་སྟེང་དུ་གཅིག་བརྩེགས་ཏེ་བསྟན་ནས་འདི་འདྲ་ཞིག་རེད། ད་དེར་ཐག་ཆོད་ཅེས་ཕེབས་པས་དེ་ནས་དེ་ལྟར་ཡིན་རྒྱུ་ལ། ཕྱི་ལོར་འཇམ་མགོན་རིན་པོ་ཆེ་ཉིད་སྡེ་གཞུང་མས་གདན་འདྲེན་གྱི་སྙན་སྒྲོན་ཕུལ་འདུག་པ། དེ་གདོང་འགྲོ་རྒྱུའི་གྲོས་རྐང་ཚུགས་པར། རྗེ་འདི་ཉིད་ནམ་འབྱོན་མི་ཤེས་བཞིན་དུ་སྐབས་ལྟ་བུའི་ཕྱིར་བདག་ཐར་དགོན་དུ་སོང་བས་རྗེ་བླ་མ་ཕེབས་པ་དང་། བདག་དེར་སླེབས་པ་དུས་འགྲིགས་ནས་དེ་འཕྲལ་མཇལ་བར། སྔོན་གྱི་དམ་པ་འགའི་རྣམ་ཐར་ལྟར། དཔོན་སློབ་ཞལ་བྱང་གཟིགས་ལྷོར་བསྟན་གྱི་ཚུལ་དུ་བྱུང་། དེ་ནས་བཟུང་བླ་མའི་བཀས་རྗེས་ཀྱང་ཕྲན་ཆུང་རྗེས་འཛིན་གྱི་མགོ་ཚུགས་ཤིང་། སྔ་ཕྱིར་སྡེ་གཞུང་དུ་ལན་ལྔ་སོང་ཞིང་མི་ལོ་བཅུ་ཕྲག་ཙམ་ལ་ཞབས་པད་བསྟེན་ཁུལ་ལ་ཕག་ལོར་ཞལ་མཇལ་ཕྱི་མའི་དུས་སྔར་ལས་ཀྱང་ཐུགས་ཤིན་ཏུ་བརྩེ་བ་གནང་ཞིང་ལོ་ཤས་འདུག་རྒྱུའི་རེ་འདུན་ཆེ་ཡང་། སྒྲུབ་པ་ཞིག་གྱིས་ཤོག་གསུངས་པའི་བཀའ་ལུང་ཕེབས་ཤིང་རང་ཡང་དེ་དུས་དེ་ལ་ཞེ་མ་འགྲས་པས་གསར་མོས་ཆེ་སྟབས་དེ་འདྲའི་རྐྱེན་གྱིས་ལོང་སྐབས་མ་བྱུང་བར་ཕྱི་ལོ་དེར་ཡར་འོང་དུས་འགྲོ་ཁ་རང་དུ་མགོན་པོའི་རྗེས་གནང་ཞིག་ཞུས་རྗེ་ཉིད་སྐུ་འཁོར་དང་བཅས་པས་ཡར་ཙམ་བསྐྱལ་རྗེས་ཡུན་རིང་དེར་བཞུགས་ནས། གཟིགས་འདུག་པས་སེམས་སྐྱོ་བ་ལ་བཟློག་ཏུ་མེད་པ་ཞིག་བྱུང་ཡང་རྟེན་འབྲེལ་ལ་གནོད་གསུངས་པས་དང་པོར་དྲག་ཏུ་ངུས་ཀྱང་རྗེས་སོར་ཤིན་ཏུ་བསྒྲིམས་ཏེ་ལམ་དུ་ཞུགས་ནས་ཅུང་ཟད་སླེབ་དུས་ཉེ་གནས་ཀྱིས་རྗེས་དེད་མཛད་དེ་མགོན་སྐུ་དང་སྲུང་འཁོར་འདྲ་སྒྲུབ་རྒྱུ་བཞག་ཡོད་པ་ལྷག་སོང་བ་དང་རྗེས་རྡོར་དྲིལ་ཞིག་གནང་བ་དེ་དག་སྤྲད་བྱུང་བས་རྟེན་འབྲེལ་ཅུང་ལེགས་པ་ཡིན་ནམ་སྙམ་པ་ཞིག་བྱུང་སྟེ། དེ་ནི་ལས་ངན་བདག་གི་དངོས་མཇལ་ཕྱི་མར་སོང་ངོ་། །འོན་ཀྱང་ད་དུང་མོས་གུས་དང་དམ་ཚིག་གི་འབྲེལ་ཐག་འདི་མ་ཆད་ན་རྗེ་དང་འབྲལ་མེད་ཀྱི་རློམ་སེམས་གཅིག་བདོག་ཅིང་བདག་ཉིད་ལྟོས་བཅས་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་འཛིན་པར་སྔ་ཕྱི་དུ་མར་ཞུས་པས་དེ་བཞིན་མཛད་པའི་ཞལ་བཞེས་ཡང་ཡང་གནང་བ་ཡིན་ནོ། །མ་ལུས་རྒྱལ་ཀུན་གསང་གསུམ་རྡོ་རྗེའི་གར། །འགྲོ་འདིའི་སྣང་ངོར་གཟུགས་སུ་ཤར་བ་གང་། །རྣམ་མང་བསོད་ནམས་ཞིང་དུ་ལེགས་བསྐྲུན་ནས། །བསམ་ཡས་མཆོད་སྤྲིན་བཅས་ཏེ་བཞུགས་སུ་གསོལ། །རྒྱལ་སྲས་སྤྱོད་མཆོག་རྒྱ་མཚོ་ཆེན་པོ་རུ། །ལེགས་བྱས་ཆུ་ཀླུང་མཐའ་དག་ལེགས་བསྡུས་ནས། །ཐར་མཆོག་ནོར་གྱིས་གཏམས་པའི་བང་མཛོད་ལ། །ཐུགས་བསྐྱེད་གདེངས་ཅན་དབང་པོ་ཡང་ཡང་རོལ། །མདོ་སྨད་ས་ཡི་ཐིག་ལེ་ན། །མདོ་རྒྱུད་མན་ངག་ཀུན་མཁྱེན་པའི། །མཁས་མཆོག་སྨྲ་བའི་སེང་གེ་དེ། །མཁས་དབང་ཡོངས་ཀྱི་གཙུག་ན་མཛེས། །མདོ་སྟོད་སྐྱུ་རའི་ཡུལ་གྲུ་ནས། །མདོ་མེད་སྤྲང་པོ་བདག་ཀྱང་ནི། །དམ་ཆོས་དོན་གཉེར་ཁོ་ནའི་བློས། །དམ་པ་དེ་ཡི་དྲུང་དུ་བསྙེགས། །མཁས་མཁས་མང་པོའི་ཆོས་གྲྭ་རུ། །ཟབ་ཟབ་དམ་ཆོས་འགའ་ཐོས་ཀྱང་། །གང་གསུང་ལེགས་བཤད་དྲི་བཞོན་གྱིས། །ཕལ་ཆེར་སྤུན་པའི་གྲངས་སུ་བྱས། །སྐྱབས་ཀྱི་སྐྱབས་མཆོག་དེ་ཉིད་ལས། །སྙིང་པོའི་སྙིང་པོར་གྱུར་པའི་ཆོས། །ལེགས་གསུང་ལེགས་པར་ཐོས་པའི་ཚེ། །ལེགས་བཤད་གཞན་ལ་རེ་བ་ལྷོད། །རྗེ་འདིའི་བཀའ་དྲིན་ལ་བརྟེན་ནས། །རྗེས་སུ་གདམས་པས་རྒྱུད་ཕྱུག་ཀྱང་། །ལོག་རྟོག་བརྒྱ་ཡི་གཞན་དབང་གིས། །ལོག་ལམ་ཁོ་ནར་འཁྱམས་ཞིང་གོལ། །ཡབ་རྗེ་དེ་ཡི་རྣམ་ཐར་ལ༑༑ཡིད་གཉིས་མེད་པའི་དད་པ་འདི། །ཅོལ་ཆུང་བདག་གི་བསོད་ནམས་ཏེ། །སེམས་ཀྱི་གཏད་སོ་འདི་བདོག་གོ། བཞི་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་མཛད་པ་ནི། སྤྱིར་སྔ་མོ་ནས་བསྙུན་ཚབས་ཤིན་ཏུ་ཆེན་པོའི་ཚུལ་འགའ་བསྟན་པའི་དུས་ད་ཇི་ལྟར་འགྱུར་སྙམ་པ་དུ་མ་དང་། ཁྱད་པར་དུ་ཨ་འཛོམ་སྒར་པའི་ཡང་རྩེར་བསྙུན་པའི་ཚུལ་བསྟན་དུས་སྨན་པས་ཕྱག་རྩ་བསྡུས་ཟིན་ཟེར་ཞིང་ཞལ་ཆེམས་ཞུ་དགོས་པ་བྱུང་ཡང་། རྗེ་ཉིད་ཀྱི་ཐུགས་རྗེ་དང་ནུས་མཐུ་ཁོ་ནས་ཚུར་ཕེབས་པ་ཡིན་ལ། ཡང་ས་བྱི་ལོར་ཉིད་ཀྱིས་ཀྱང་ཐུགས་སྣང་རྩུབ་ཚུལ་ལྟ་བུ་དང་། ཕྱོགས་མཐའ་དག་ནས་མོ་ལུང་འཚུབ་ཆ་ཆེ་སྐད་མཐུན་པར་བྱུང་ལ། ཁྱད་པར་དུ་པྲ་ཕབ་པར། བྱི་གླང་མཚམས་སུ་རཱ་ཛའི་ཁ་རླངས་འཐབ། །གླང་གི་ལོ་ལ་གསེར་གྱི་ཉི་མ་བསྒྲིབ། །ཨཱ་ཡུར་སིདྡྷི་ཀཱི་ལའི་སྒྲུབ་པ་གནད། །ཕྱོགས་མེད་གནས་སུ་བཛྲ་ཏིཥྛ་ལྷན། །ཞེས་བབས་པར་ལོ་དེར་གཤེགས་འགྲོ་རྒྱུ་ལ་སྐུ་རིམ་དང་རྟེན་འབྲེལ་གྱི་སྒོ་དུ་མ་བསྒྲིགས་པ་གནང་སོང་བས་བདག་ཡར་འོངས་ཁར་རྗེ་ཉིད་ཀྱིས་ང་རང་སང་ཕོད་གླང་ལོར་ཟླ་བ་གསུམ་པ་ལ་མ་ཤི་བར་འདུག་ཟེར་ན། དེ་ནས་ལོ་ཤས་འདུག་འགྲོ་གསུངས་པ་དེ་བཞིན་དུ་ཡིན་འདུག་པ་སོགས་འཆི་བདག་གི་བདུད་ལས་རྒྱལ་བའི་འབྲས་རྟགས་མང་དུ་བསྟན་པ་ཡིན་ཞིང་། ཁྱད་པར་དུ་དེ་སྐབས་ནི་རྟོགས་པའི་རྩལ་ཆེན་རྫོགས་པའི་ཚུལ་བསྟན་ཡིན་ལ། ཞལ་སྔ་ནས་ཀྱང་ད་རེས་ལྟ་བའི་གདེང་ཚད་ལ་བལྟས་ན། སྐྱེ་འཆིའི་འཁྲུལ་སྣང་གིས་བརྫི་མི་ནུས་པར་འདུག །ཅེས་བླ་མ་རིག་འཛིན་ལ་ཕེབས་ཚུལ་དེ་ཉིད་ལས་ཐོས་པས། འཕགས་ས་བརྙེས་པ་ལ་བསྙོན་དུ་མེད་ཅིང་། དེ་ལྟར་ན། རྒྱུད་བླར། འཕགས་པས་རྒ་དང་འཆི་བ་དང་། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་ཡིན་མོད་ཀྱི་འོན་ཀྱང་། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཞེས་པ་ལྟར་ཡིན་པར་ངེས་ལ། སྣང་ཚུལ་དེ་ཉིད་དང་མཐུན་པར་ཅུང་ཟད་བརྗོད་ན། ཆུ་འབྲུག་ལོར་སྐུ་གེགས་ཆེ་ཚུལ་དང་ལོ་དེའི་ཧོར་ཟླ་གསུམ་པའི་ཉེར་དགུ་ཕན་ཆད་མི་བཞུགས་པའི་ཚུལ་ཕྱག་མཛོད་གེ་རྒན་ཨ་བསོད་ལ་གསུངས་པ་དེ་ཉིད་ལས་ཐོས་ལ། དེ་རྗེས་བླ་མ་མང་པོས་ཞབས་བརྟན་ཕུལ་བ་ནའང་རྟེན་འབྲེལ་འགྲིགས་མིན་མངོན་ལྐོག་ཅན་དུ་གསུངས་ཡོད་འདུག་ལ། དེའི་རྗེས་སུ་མང་པོ་ཞིག་ལ་དབང་གསུངས་པའི་ཚེ་མཐར་གྲུབ་དུས་མཎྜལ་དེ་བསྡུས་པ་ཞིག་གྱིས་ཞེས་ཕེབས་ཡོད་འདུག་པར་བླ་མ་ཆོས་འཕེལ་ཡང་དེར་བཞུགས་པས་ཁོང་གིས་དེ་ལྟར་མ་མཛད་པར་སོ་བདུན་མ་ཞིག་དང་ཞབས་བརྟན་གསོལ་འདེབས་ལན་གསུམ་དུ་ཕུལ་བས་རྗེས་སོར་རྟེན་འབྲེལ་ཤིན་ཏུ་ལེགས། ད་བདག་ལོ་གཅིག་འདུག་ངེས་གསུངས་ནས་དཔོན་ཚང་ཡང་དབུས་མགྲོན་ལ་ཕེབས་རྒྱུའི་ཞལ་བཀོད་གནང་། དེ་ཡང་མགྱོགས་སྐོར་གྱི་ཟླ་བ་དགུའི་མཚམས་ནས་སླེབ་པ་གྱིས་གསུངས་པ་ཞིག་ཕེབས་ཡོད་འདུག་ལ་ཕྲན་ཆུང་ལའང་ཆུ་སྦྲུལ་ལོར་སྐུ་དྲུང་དུ་ཤོག་གདམས་ངག་གི་འཕྲོ་འདྲའང་ཡོད་ཅེས་པའི་བཀའ་ལུང་སྩལ་བར། དེ་བཞིན་དུ་འགྲོ་འདུན་ལ་དེ་ལྟར་གྱུར་སོང་བ་ཡིན་ལ། འོ་ན་དེ་ཉིད་ཇི་ལྟར་ཡིན་སྙམ་ན། འུ་ཅག་གི་སྣང་ཚུལ་འདི་ལ་ངེས་པ་རང་མེད་སྟབས། སྔོན་གྱི་དམ་པ་རྣམས་ལའང་འདི་འདྲ་སྣང་སྟེ་ཚར་ཆེན་རྡོ་རྗེ་འཆང་ཡང་། རྗེ་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར་དུ། དེའི་ཚེ་རྗེ་བླ་མའི་གསུང་ལས། ད་ལོ་དོག་ཆ་ཆེན་པོ་ཡོད་ཟེར་བ་འདུག་ཀྱང་ད་ལོ་དྲུག་ཅུ་རྩ་དྲུག་པ་ཡིན་ཏེ། ད་ལོ་རང་མི་འཆི་བ་ཙམ་ཡོང་ལས་ཆེ་གསུངས་པ་ཞིག་ཡོད་ནའང་གཤེགས་པ་དེ་གློ་བུར་དུ་སྐུ་ཚེའི་བར་ཆད་ཀྱི་རྣམ་པ་ཞིག་བྱུང་ངམ་སྙམ། ཞེས་གསུངས་འདུག་པ་དམ་པ་འདི་དག་ལ་བར་ཆད་ཀྱིས་ཚུགས་པའི་ཚོད་མིན་མོད། བདག་ཅག་གི་ལོག་ཤེས་དབང་བཙན་དུ་བྱས་པའི་སྣང་ཚུལ་ཙམ་ཡིན་ལ། འདི་འདྲས། མཁྱེན་རྟོགས་ཞན་པར་རྗེས་སུ་དཔག་ན། འཁྲུལ་པ་རྟགས་སུ་བཀོད་ནས། ཉིང་འཁྲུལ་གྱི་སྒྲིབ་བྱེད་ཚོལ་བའི་ཚོད་དུ་འདུག་གོ། ཡང་ལོ་དེའི་ཟླ་བ་བརྒྱད་པའི་ནང་། ཁྲོོཾ་ཁོག་ཏུ་སིདྡྷིའི་དགེ་བསྐུལ་ལ་ཕེབས་པར། སྔར་གངས་ཐན་མང་པོ་འབབས་པ་ཆད་ནས་ཆར་པར་གྱུར། སྔོན་བྱུང་མ་མྱོང་བ་ལྟ་བུའི་མེ་ཏོག་མང་པོའང་ཕྱོགས་དེར་བཀྲ་བ་སོགས་ཀྱི་ངོ་མཚར་དང་། ཚུར་ལམ་བྱ་ལུང་ཁོག་ནས་ཕེབས་དུས། ཉེ་གནས་ལ། བླ་མ་བློ་གྲོས་དབང་ཕྱུག་གི་སྐུ་གདུང་འཇོག་ས་ཡ་གི་ན་རེད་གསུངས་ཏེ། རི་གཤམ་ནས་ཡར་རྒྱང་བསྟན་མཛད་འདུག་ཚུལ་ཐོས་པ་དེ་ནི་རིང་མིན་ཕེབས་པའི་གསུངས་རིགས་སུ་མངོན་ནོ། །ཡང་རྗེ་ཉིད་སྐྱེ་བ་བདུན་པ་ཡིན་ཚུལ་དང་། དེའི་མཚན་ཉིད་སྐད་སྙན་པ་དང་། ཚེས་བཅོ་ལྔའི་ཟླ་བའི་འོད་ལ་གྲིབ་མ་བདུན་འཆར་བ་དང་། གཞན་ཡང་མཚན་ཉིད་ལྔ་དྲུག་ཙམ་གསུངས་པ་དེ་དག་ཁོང་ལ་ཇི་ལྟ་བ་བཞིན་ཡོད་ཚུལ་བླ་མ་ཨ་འཇམ་ལ་གསུངས་པ་དེ་ཉིད་ལས་ཐོས་ལ་དེ་ཡང་འདི་ལྟར་ཡིན་པ་ལ་ཐེ་ཚོམ་མེད་པ་ཡིན་པས་དེ་ཉིད་རྗེན་པར་གསུངས་པ་དེ་བརྡ་དོན་ཞིག་ཡིན་ནམ་སྙམ་མོ། །ཡང་དག་པའི་གཟིགས་སྣང་ཁྱད་པར་ཅན་མང་པོའང་བྱུང་བར་མངོན་ཏེ། དེ་སྐོར་ཞིག་ལ་ཉིད་ཀྱི་སློབ་མ་སྒྲུབ་བརྩོན་པ་དགེ་ཚོགས་ཀྱིས་ཞལ་ཚོམ་འཐོག་པའི་ཞབས་ཏོག་ཞུ་བཞིན་པ་ལ་ཁོང་གཉིད་དུ་ཡུར་ཞིང་། རྗེ་ཉིད་ཀྱང་དང་པོར་མནལ་གྲབས་ལྟ་བུ་ལ། ཁོང་དེ་འཕྲལ་སད་ནས་མཇལ་ཙ་ན། མདུན་ཐད་ཀྱི་བར་སྣང་དེར་ཅེར་གྱིས་གཟིགས་ནས་བཞུགས་འདུག་པར། དེ་ནས་བཞད་པ་གནང་སྟེ་གསུང་ལས། བསོད་ནམས་རྩེ་མོ་ངེད་ཅེས་ཕེབས་པ་ལ་ཁོང་གིས་གཞན་ཞུ་མ་སྤོབས་ཀྱང་དེ་ཉིད་གཟིགས་པ་ལ་ཐེ་ཚོམ་མི་འདུག་པའི་ཚུལ་དེ་ལས་ཐོས་སོ། །ཡང་ལྷ་ཁང་གི་ཤིང་ཆ་ཡི་ཚེ་ཁོག་ནས་བཅད་དུས། དེར་སེ་བ་ལྟག་ནག་བྱ་བའི་གཞི་བདག་བཙན་པོ་ཞིག་ཡོད་སྟབས་དང་པོར་འཁུ་ལྡོག་གི་རྟགས་མཚན་མང་དུ་བྱུང་ཡོད་འདུག་པར། དེ་རྗེས་བཀའ་ལས་དེ་ལ་དབང་བསྐུར་ནས་དམ་ལ་འདོགས་དགོས་ཚུལ་ཕེབས་ཤིང་། སྐབས་འགའ་རེ་དེ་འདྲ་ནུས་མིན་གྱི་གསུངས་རིགས་འགའ་རེ་ཕེབས་ཡོད་འདུག་ཀྱང་དོན་ལ་དེ་ནས་བཟུང་བར་ཆད་རྣམས་ཞི་ནས་དེ་སྐོར་གྱི་དགོངས་བཞེད་ལྷུན་གྲུབ་ཏུ་སོང་ཡོད་འདུག་པས་དང་པོའི་བཀའ་ལུང་བཞིན་དབང་བསྐུར། དམ་བཞག་མཛད་པ་ལ་ཐེ་ཚོམ་མི་འདུག་ཅིང་། ཤིང་དེ་དག་གི་ཁྲོད་དུ་གཞན་དང་གཏན་མི་འདྲ་བ་རྫབ་རེད་ཟེར་བའི་ཀ་རིང་གཉིས་འདུག་ཚུལ་ཐོས་པ་གཞི་བདག་གི་ཕུལ་བ་ཡིན་ངེས་སྙམ་པའང་གདའའོ། །དེ་ནས་ཆུ་འབྲུག་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ལ་སྦྱིན་བསྲེག་ཞིག་གི་དབུར་བཞུགས་པར་བཅུ་བདུན་ནས་ཚད་རིམས་ལྟ་བུའི་སྐུ་ཁམས་ཅུང་འཁྲུགས་ཚུལ་བསྟན་པ་ན། དེའི་ནུབ་མོར་མནལ་ལམ་དུ་དྭགས་པོ་ཟླ་འོད་གཞོན་ནུ་ཁང་པ་ཞིག་གི་ནང་དུ་བཞུགས་འདུག་པའི་མདུན་དུ། མཆོག་ཟུང་གཉིས་བྱོན་བྱུང་བར། རྗེ་ཉིད་ཀྱིས་སུས་སུ་ལ་ཕྱག་འཚལ་འོང་དགོངས་ཙ་ན། མོའུ་འགལ་བུས་དྭགས་པོ་ལ་ཕྱག་མཛད། ཤཱ་རིའི་བུས་མི་མཛད་པར་འདུག །ཐུགས་ལ་ཤེས་རབ་ཅན་གྱི་མཆོག་ཡིན་པས་ཡིན་ནམ་དགོངས་པ་བྱུང་ཚུལ་བླ་མ་ཆོས་འཕེལ་སོགས་དུ་མ་ལ་ཕེབས་ཡོད་འདུག །དེ་སྐབས་ཤིག་ཏུ་ཁོང་གི་སྐུ་གོང་མ་ཡང་དམ་སེལ་གྱིས་གཤེགས་སོང་། ཁོང་ཡང་དེ་འདྲས་གཤེགས་འགྲོ་ཚུལ་གྱི་ལུང་བསྟན་ཞིག་འདུག་ཅེས་འགའ་ལ་ཕེབས་པར་ཐོས་ཤིང་། སྔ་མོར་ཁོ་བོ་ལ་ཡང་དེ་བཞིན་དུ་ཕེབས་སོ། །དེ་ནས་དགུང་གྲངས་དྲུག་ཅུ་རེ་བརྒྱད་དུ་སོན་པ་ཆུ་ཕོ་འབྲུག་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་དུས་ཆེན་གྱི་མཚན་མོར་ནམ་གྱི་གུང་ཡོལ་ཙམ་ན་སྐུ་གཤེགས་ཚུལ་བསྟན་སོང་བ། དེའི་ནམ་སྨད་རུ་ནང་ནས་གྲྭ་པ་འགའ་རེ་སྐུ་རིམ་ཚོགས་ལ་འོངས་སྐབས་རི་ཁྲོད་ཀྱི་ཐད་ཀྱི་ནམ་མཁའ་ན་འོད་ཆེན་པོ་ཞིག་མཐོང་ཡོད་འདུག་ལ། དེའི་སྔ་ནུབ་མཚན་མོར་གཟིམ་ཁང་གི་སྟེང་དུ་བྱ་རོག་མང་པོ་ཡང་བབས་འདུག་པ་དང་། དེའི་ཕྱི་ཉིན་བྱ་རྒོད་མང་པོ་གཟིམ་ཆུང་གི་སྟེང་ཕྱོགས་སུ་ལྡིང་སྐོར་བྱེད་པ་དང་། རི་ཁྲོད་དང་ཕྱོགས་རྣམས་སུ་འཇའ་འོད་ཁ་དོག་སྣ་ཚོགས་ཤར་བ་དང་། ས་གཡོ་བ་སོགས་ཅི་ཡིན་མ་ངེས་པའི་ལྡིར་སྒྲ་ཆེན་པོ་གྲགས་པ་དང་། ཁྱད་པར་དུ་ཉིན་དྲུག་གི་མཚན་མོ་སྲོད་ཀྱི་དུས་སུ་བླ་མ་ཨ་འཇམ་དང་། ལྷ་རྗེ་ཨ་རྡོ་རབ་བརྟན་སོགས་མང་པོ་དང་། སྒོ་དངུལ་ན་གནས་པའི་རུ་བ་རྣམས་དང་བཅས་པས་ནམ་མཁའ་ནས་རོལ་མོའི་སྒྲ་ཤིན་ཏུ་མང་པོ་ཐོས་པ་དང་། ཐུགས་དམ་མ་གྲོལ་གྱི་བར་དུ་སྐུ་གདུང་ན་བཟའ་དྲོན་པོ་གཉིས་ཀྱི་ནང་དུ་བཞུགས་ཡོད་པ་དང་། རྗེས་སོར་དེ་ཉིད་བླང་ཟིན་པའི་སྐབས་དེ་དག་ཏུ་མ་རུལ་མ་ཁེངས་པར་བཞུགས་ཡོད་འདུག་པ་དང་། བྱང་སེམས་མང་དུ་འབབས་པ་སོགས་ངོ་མཚར་གྱི་ལྟས་མང་པོ་ཡོད་པ་ཡིན་འདུག །དེའང་ཞག་བདུན་དུ་གསང་རྒྱ་མཛད་དེ། དེའི་ཁོངས་སུ་མཁྱེན་སྤྲུལ་རིན་པོ་ཆེ་དང་། ཨ་འཛོམ་སྲས་ཨ་འགྱུར་བཅས་ལ་མཆོད་བསྔོ། ཐུགས་དམ་འདོགས་ཀྱི་རྟེན་མྱུར་འབུལ་དང་། སྐུ་གདུང་ཅི་བྱེད་ཐུགས་བློ་ཞུ་རྒྱུ་སོགས་མཛད། དེ་ནས་རྗེ་ཉིད་ཀྱི་སློབ་མ་ཉམས་དང་རྟོག་པའི་དབང་ཕྱུག་སྤྲུལ་པའི་སྐུ་ཨ་རིག་དང་། སྡེ་གཞུང་མ་རང་གི་བླ་མ་རྣམས་དང་བཅས་པས་རི་ཁྲོད་དུ་ཉིན་གསུམ་དུ་གདུང་མཆོད་ཕུལ་ཞིང་། དེ་རྗེས་དགོན་ནང་དུའང་གདན་དྲངས་པའི་གོང་དུ་ལམ་བར་དེར་བྱ་རོག་མང་པོ་གྲལ་བསྒྲིགས་ནས་གང་འདུག་ཚུལ་དང་། དེ་ནས་གཙུག་ལག་ཁང་དུ་གྲྭ་ཚང་སོགས་ཀྱིས་ཉིན་བཅུ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། ཉིན་བཞིའི་མཚམས་ནས་རྗེ་ཉིད་ཀྱིས་ཨ་འཛོམ་རིན་པོ་ཆེ་ལ་སྔ་མོ་ནས་ནམ་གཤེགས་པ་ན་བླ་མ་བློ་གྲོས་དབང་ཕྱུག་གི་ས་མིག་གི་སྟེང་དུ་སྐུ་གདུང་ཅུང་ཟད་ཞོག་གཞན་བྱ་ལ་བྱིན་ཞེས་པའི་གསུང་འཕྲོས་མཛད་པ་དང་། བདག་ལའང་། ང་རང་གི་ལུས་འདི་སྦྱིན་པ་བཏང་བཞག་སྙམ་པ་ཞིག་ངེས་པར་ཡོད་ཀྱང་དེ་འདྲ་མ་གྲུབ་ཅེས་ཕེབས་ལ། རི་ཁྲོད་དེ་ནས་ཀྱང་བླ་མ་ཨ་འཇམ་སོགས་འགའ་ལ་སྔ་མོ་ནས་ནམ་ཞིག་ན་སྐུ་ལུས་འདི་གཞན་ལ་སྦྱིན་པ་བྱེད་དགོས་དགོངས་པ་ལ་དེ་འདྲ་མ་གྲུབ་ཀྱང་གཤེགས་པའི་ཚེ། བྱ་སྦྱིན་བྱས་ན་ལེགས་ཚུལ་ཕེབས་ཡོད་འདུག་པ་ལྟར། བྱ་ལུང་གི་ཡང་རྩེ་གདན་དྲངས་ནས་བླ་མ་ཆོས་འཕེལ་སོགས་བླ་མ་མང་པོས་གདུང་ས་གཟིགས་པ་ན་ཐུགས་ཐག་མ་ཆོད་པའི་དུས་སུ། ནམ་མཁའ་ནས་བྱ་རོག་ཞིག་གིས་ལྕི་བ་སྐམ་པོ་ཁུ་ཚུར་ཙམ་ཞིག་སྡེར་མོའི་བར་དུ་བཟུང་ནས་ས་ཐོག་ཏུ་བསྐྱུར་བྱུང་བས་དེར་བཞུགས་རྒྱུའི་ཐུགས་ཐག་ཆོད་ནས། གསོལ་ཇ་བསྐོལ་བའི་ཚེ་རྒོད་ཆེན་པོ་ཞིག་ས་མིག་དེར་བབས་ནས་མདུན་ཕྱོགས་ནས་རྒོད་མང་པོས་གུས་འདུད་ལྟ་བུའི་ཚུལ་དུ་ཡུན་རིང་ཚོགས་འདུག་པར་སྐུ་ཤ་བྱ་སྦྱིན་མཛད་ཅིང་གདུང་རུས་རྣམས་སྦྱིན་བསྲེག་གི་ཞུགས་ལ་ཕུལ་བ་ཡིན་འདུག་པ། དེའང་སྐུ་ཤ་གདུང་རུས་ན་བཟའ་ས་ཕྱོགས་དང་བཅས་པ་དེ་ཐམས་ཅད་ལ་དྲི་བཟང་གིས་ཁྱབ་པ་དང་ཁྱད་པར་དུ་གདུང་རུས་དཀར་སེར་སྔོ་ལྗང་གི་ཁ་དོག་སྣ་ཚོགས་སུ་འདུག་པར་གསུངས་ཤིང་། གདུང་རུས་ལ། སྟོན་པའི་སྐུ་དང་། མཁའ་སྤྱོད་མའི་སྐུ་རང་བྱོན་ཤིན་ཏུ་གསལ་བ་ཡོད་འདུག་ལ། གཞན་ཡང་ངོ་མཚར་བ་དུ་མ་ད་དུང་རིམ་བཞིན་འབྱོན་ངེས་སུ་འདུག་གོ། དེའང་སྔ་མོ་ནས་རྗེ་ཉིད་ཀྱིས་དགེ་ཚོགས་ལ་བྱ་ལ་བྱིན་ན་ལུས་འདི་ལ་ཤ་ཆེར་མེད་ཀྱང་དེ་ལ་སྣོན་པ་ཞིག་ལོས་དྲག་གསུངས་ཡོད་འདུག་པར། འདི་ལོ་སྐུ་ལུས་ཉིས་ལོག་ལྟ་བུའི་ཇེ་ཆེ་དང་། ཚོ་ཞིང་སྣུམ་པ་ཞིག་ཏུ་སོང་ཚུལ་ཐོས་པའང་ཆེས་ངོ་མཚར་ཆེ་བ་ཞིག་ཡིན་པར་ངེས་ཤིང་། དེ་རྗེས་མཁྱེན་འཛོམ་གཉིས་ཀྱི་མདུན་དུ། མཆོད་བསྔོའི་རྟེན་སྤོམ་མཐོ་ཕུལ་བ་སོགས་ཡུལ་ལུགས་ལྟར་གྱི་དགོངས་རྫོགས་རྣམས་ཚུལ་བཞིན་བསྒྲུབ་པ་དང་། བླ་གྲྭ་ལྔ་བཅུ་ཙམ་གྱིས་གདུང་རུས་ཉིན་ལྔ་ལ་སྒྲུབ་ནས་དགོན་ནང་དུ། ནང་རྟེན་ཐུབ་སྐུ་མི་ཚད་ཙམ་ཞིག་དང་། གཞན་རྣམས་མདའ་གང་གི་ཚད་ཀྱི་བླ་མ་རིན་འབྱུང་། སྤྱན་རས་གཟིགས། ཨོ་རྒྱན་རིན་པོ་ཆེ། རྗེ་ཉིད་ཀྱི་འདྲ་སྐུ། མགོན་པོའི་སྐུ་རྣམས་གསེར་ཟངས་ལས་གྲུབ་པ་དང་། རི་ཁྲོད་དུ་ཟངས་གསེར་གྱི་མཆོད་རྟེན་འདོམ་ཕྱེད་ལྷག་ཙམ་ལ་ཕྲ་གདན་གྱི་ཟར་ཚགས་དངུལ་གྱིས་བྱས་ཤིང་ཕྲ་མང་པོ་བཏབ་པ་བཅས་ཤིན་ཏུ་སྤུས་ལེགས་དང་། དཔོན་ཚང་གིས་དངུལ་གྱི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་ཕྲ་ལྡན་ཁྲུ་གང་ཙམ་ཞིག་དང་། ཕྱི་རྟེན་གདུང་རུས་ལས་སྤར་བའི་མགོན་པོའི་སྐུ་འབུམ་ཐེར་གཅིག་ལྷག་ཙམ་བཞུགས་པའི་ཕྱི་རྟེན་ཁང་བརྩེགས་གསུམ་ཙམ་ཞིག་དང་། གཟིམ་ཆུང་གི་བཞུགས་མལ་དུ་སྐུ་ཚབ་སྨན་འདམ་ལས་གྲུབ་པའི་འདྲ་སྐུ་ཉིད་ཀྱི་སྐུ་ཚད་དང་མཉམ་པ་བཅས་བཞེངས་ཏེ་བཞུགས་སུ་གསོལ་བ་དང་། དེ་ལོ་ནས་བཟུང་དུས་མཆོད་རྒྱས་སྤྲོས་མཛད་གྲུབ་པ་བཅས་དམ་པའི་ཉི་མ་དབྱིངས་སུ་གཤེགས་ཀྱང་ད་དུང་ཤུལ་བཞུགས་རྣམས་ཀྱིས་ཕྱག་ལས་ཀྱི་མཐུན་དཔེ་ཟླ་བ་ཞུན་མའི་མདངས་ལ་འགྲན་པ་ཞིག་གནང་འདུག་པ་ནི་བཀའ་དྲིན་ཆེས་ཆེ་བ་ཡིན་ནོ། །ཕྱི་ནང་གཟུང་འཛིན་འཇུག་པ་དབྱིངས་སུ་དག །ཀུན་བཏགས་བདུད་བཞིའི་དཔུང་ཚོགས་རང་སར་ཡལ། །འཆི་མེད་ཆོས་སྐུ་བརྙེས་པའི་མགོན་དེ་ལ། །འཆི་བ་ཞེས་བྱའི་སྒྲ་ཡང་སྲིད་མ་ཡིན། །དེས་ན་དེ་འདྲའི་དུས་སྐབས་ལན་མང་དུ། །བདག་སོགས་གདུལ་བྱ་ཡལ་བར་མ་འདོར་བར། །ཡེ་ཤེས་སྤྱན་རྒྱང་ཞིང་འདིར་བསྲིངས་པ་ཡི། །བཀའ་དྲིན་ཐུགས་རྗེས་ཁྱད་པར་རྗེས་སུ་དྲན། །རང་སྣང་ལོག་པའི་སྐྱོན་ལྡན་ཁྭ་ཏའི་མཆུས། །དམ་པའི་མཛད་བཟང་པད་ཚལ་ལ་བགོས་པས། །དྲི་བསུང་གཞན་དུ་གྱུར་པའི་གནས་ཚུལ་འདིས། །རང་ཞེ་རང་ལ་ཁྲེལ་བའི་དུས་སྐབས་བྱུང་། །སྔོན་མེད་ཆུ་སྐྱེས་བཀྲ་དང་གངས་ཀྱི་ཐན། །ཞི་བསིལ་ཆར་དུ་གྱུར་ཅིང་གཟུགས་སྐུའི་གདུང་། །གང་དུ་འཇོག་པའི་གནས་ཀྱང་ལུང་བསྟན་ལ། །དག་པ་མཆོག་གི་གཟིགས་མོའང་མང་ཞིག་གསུངས། །སྟོང་ཆེན་བདེ་བས་འཁྱུད་པའི་རང་མདངས་སུ། །རབ་བཀྲ་མཚན་དཔེའི་སྐུ་ཡང་ལེགས་བསྡུས་ནས། །ཕྱི་ནང་གསང་བའི་ཞིང་མཆོག་དུ་མ་རུ། །རྣམ་པ་དེ་དང་རྗེས་སུ་མཐུན་པར་གཤེགས། །ཕྱོགས་ཀུན་དབང་པོའི་གཞུ་ཡི་བླ་བྲེ་བྲེས། །ས་ཆེན་འདི་ཡང་མྱ་ངན་འཁུན་སྒྲ་འབྱིན། །དཔའ་བོ་ཌཱ་ཀཱི་བསམ་ཡས་གཟུགས་གཞན་གྱིས། །སྐྱེལ་དང་བསུ་བའི་རྣམ་འཕྲུལ་རྣམ་མང་བསྟན། །འཆི་མེད་རིགས་ཀྱི་ལྷ་བུ་དུ་མ་དང་། །བདེ་ཆེན་ལང་ཚོས་མྱོས་པའི་ཌཱ་ཀིའི་ཚོགས། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཁའ་ལམ་ཀུན། །མངོན་པར་བཀང་བ་སྐལ་ལྡན་ཡོངས་ཀྱིས་ཐོས། །བསོད་ནམས་བརྒྱ་ལས་གྲུབ་བའི་སྐུ་ཡི་གདུང་། །དབྱིག་འཛིན་གང་དུ་བཞུགས་ལ་འདམ་པ་ན། །རྡོ་རྗེ་སྲིན་པོ་བྱ་ནག་གཟུགས་ཅན་གྱིས། །ཕུན་ཚོགས་འདོད་རྒུའི་ས་མིག་མངོན་སུམ་བསྟན། །སེམས་ལྡན་ཡོངས་ཀྱིས་ཆགས་པར་བྱ་བའི་གནས། །རྙེད་དཀའི་ལུས་ཀྱང་སྦྱིན་པའི་གཡར་དམ་འདིས། །མཁའ་མཉམ་འགྲོ་ལ་ཐུགས་བརྩེ་རྗེས་དཔོག་ན། །ལྟོས་བཅས་ཀུན་ལ་བརྩེ་བ་མེད་དམ་ཅི། །ཆེ་ལ་སྣུམ་པར་གྱུར་བའི་སྐུ་ལུས་ནི། །ཉིས་འགྱུར་སྣང་བ་ཕལ་གྱི་ཐུན་མོང་སྟེ། །གཞན་དུ་འཁོར་འདས་མགྲོན་རིགས་ཇི་སྙེད་ལ། །གང་འདོད་མཆོད་སྦྱིན་ཕ་མཐའ་བཀླས་པར་རྟོགས། །མ་བསྒྲུབ་མཁའ་སྤྱོད་གྲུབ་པའི་རྫས་མཆོག་འདིས། །མཁའ་ལ་རྒྱུ་བས་གཙོར་བྱས་ཡིད་ཅན་ཚོགས། །རིང་མིན་གཉིས་མེད་རྡོ་རྗེའི་གྲོང་ཁྱེར་དུ། །བགྲོད་པའི་གསང་ལམ་འདི་ཡང་ངོ་མཚར་གནས། །མ་ལ་ཡ་ཡི་ནགས་སུ་མ་སྐྱེས་ལ། །ཆེད་དུ་སྦྱར་བས་བྱུགས་པ་མ་ཡིན་ཀྱང་། །ལྷན་སྐྱེས་གདུང་གི་བསུང་ཞིམ་གང་ཡིན་དེས། །འཇིག་རྟེན་བཟང་རྒུའི་དྲི་མཆོག་སྨ་ཡང་ཕབ། །ཆོས་ཀུན་བདེན་བཞིས་བསྡུས་པ་ནང་གི་གཟུགས། །རིག་པའི་ཞུགས་ཆེན་འབར་བ་ཆེན་པོའི་ཀློང་། །དབྱེར་མེད་འཐབ་པའི་འཕྲུལ་ལས་ཡེ་ཤེས་ལྔའི། །རང་མདངས་རྗེན་པར་བཀྲ་བའི་ངོ་མཚར་མཛེས། །མཁའ་ལ་སྤྱོད་པ་འོག་མིན་ཞིང་གི་གཙོ། །ཁ་སྦྱོར་བདུན་ལྡན་ལྷན་སྐྱེས་ལོངས་སྐུ་དང་། །སྤྲུལ་པ་མཆོག་གི་ཞིང་འདིའི་ཐུབ་བསྟན་གྱི། །བདག་པོར་མཚོན་ཕྱིར་དེ་དག་གསལ་བར་འཁྲུངས། །ཕྱོགས་དུས་རྒྱལ་ཀུན་ཉིད་ལས་གཞན་མིན་ཕྱིར། །དེ་དག་ཀུན་གྱི་གསང་བ་གསུམ་གྱི་འཕྲུལ། །སྲིད་འདིའི་བསོད་ནམས་སྐལ་བའི་ཕ་མཐའ་དང་། །མཉམ་པའི་རྟེན་གསུམ་ད་དུང་འབྱོན་པར་ངེས། །སྐྱེས་མཆོག་ཁྱོད་ཀྱི་རྣམ་ཐར་ཕལ་མོ་ཆེས། །སྐྱེ་རྒུ་ཡོངས་ལ་དགའ་བའི་དཔལ་སྦྱིན་མོད། །གནས་སྐབས་ངོ་མཚར་གཏམ་གྱི་ཕྲེང་བ་འདི། །སློབ་ཚོགས་ཡོངས་ཀྱི་སྙིང་གི་ཚེར་མར་གྱུར། །ཀྱེ་མ་ཀྱི་ཧུད་ཡོངས་རྫོགས་བསྟན་འགྲོ་ཡི། །སྣང་བྱེད་ཉི་མ་གཅིག་པུ་དབྱིངས་སུ་གཤེགས། །འུར་རྒྱང་ཅན་གྱིས་ས་སྟེང་གང་ན་ཡང་། །ཕན་བདེའི་དགའ་སྟོན་འགྱེད་པའི་གོ་སྐབས་ཕྲ། །རྗེས་དེ་འཕགས་ཆོས་ཡོན་ཏན་ངོམ་བཞིན་དུ། །ལྟར་སྣང་སྒྲུབ་པས་བྲེལ་བའི་སྙིང་མེད་བདག །དགྱེས་ཞལ་འཇའ་ལྟར་ཡལ་བའི་དེང་གི་དུས། །སྙིང་ཁུང་དགུན་གྱི་ཆུ་ལས་གྲང་བ་བྱུང་། །ཡིད་འོང་གཟུགས་སྐུའི་སྣང་བ་ནུབ་པ་ནས། །འདྲེན་བྱེད་སྟོན་མོའི་དགའ་སྟོན་ད་ནི་ཆད། །ལེགས་བཤད་གསུང་གི་གསང་བ་དེ་མེད་ན། །སྲིད་གསུམ་སྙན་རྒུ་སྒྲ་འཛིན་གཙེར་བའི་རྒྱུ། །སྐྱབས་དང་གཉེན་གཅིག་ཞིང་ཁམས་གཞན་དུ་ཤོར། །སྣང་བ་དགྲར་ལངས་འགལ་རྐྱེན་དུ་མས་གཙེས། །ཡིད་ལ་དམ་ཆོས་འདོད་ཀྱང་ཆོས་མིན་སོང་། །ལས་ངན་བདག་གི་ལས་བསྐོས་འདི་ཅི་ཞིག །རྒྱལ་བ་གཉིས་པ་ཆོས་ཀྱི་ཁྲིར་འཛེགས་ཏེ། །མཁས་དང་གྲུབ་པའིི་སློབ་ཚོགས་ཀྱིས་བསྐོར་ནས། །ཟབ་གསང་ལེགས་བཤད་འདོམས་པའི་དུས་ཀྱི་ཚེ། །འདུ་ཤེས་ལོག་པ་བདག་ལ་སྐྱིད་སྣང་ཆུང་། །ད་ཙམ་དྲིན་ཅན་བླ་མ་གཞན་དུ་གཤེགས། །སློབ་ཚོགས་མཐའ་ཡས་བཤད་སྒྲུབ་སོ་སོར་གཞོལ། །དྭ་ཕྲུག་གཅིག་པུ་དབེན་པར་གནས་པ་ན། །ཡིད་ལ་ཡིད་སྐྱོ་འཕེལ་ཡང་བྱ་ཐབས་ཅི། །ལུང་རྟོགས་ཆོས་འབྱོར་རྒྱ་མཚོའི་འགྲམ་ངོགས་སུ། །ཉམས་ལེན་ཐིགས་གཅིག་ཁ་སྒོར་མ་སོང་བར། །འགྱོད་བཞིན་སྐོམ་གྲིར་འཆི་བའི་རྨོངས་པ་བདག །ཡིད་ཀྱི་གཏད་སོ་པད་སྣལ་ལས་ཀྱང་ཕྲ། །འོན་ཀྱང་དམ་པའི་མགོན་དེས་རྗེས་བཟུང་ཞིང་། །དམ་ཚིག་གནས་ལ་འགྱུར་བ་ཆེས་མེད་པས། །གདུང་བའི་ཡུས་ཀྱིས་གསོལ་འདེབས་ལ་དབང་བ། །འདི་ཙམ་ཁོ་ནས་སེམས་ཀྱི་ངལ་གསོ་ཐོབ། །


previousད་ལྟ་བའི་རྟོགས་པ་བརྗོད་པ།next