Nitartha Digital Library
Tibetan
 
previousའདས་པའི་དུས་ཀྱི་རྣམ་ཐར།next

འདས་པའི་དུས་ཀྱི་རྣམ་ཐར།

དང་པོ་ནི། སྤྱིར་ཐོག་མ་འདི་ནས་ཞེས་ངོས་བཟུང་བ་དཀའ་ཡང་། དམ་པ་འདི་ཉིད་ད་ལྟའི་རྟེན་འདི་ལ་སྤྲུལ་པའི་སྐུའི་མཚན་གྱི་ཅོད་པན་འཆང་བའི་བརྒྱུད་ཁུངས་དང་པོ་ནི། དཔལ་ས་སྐྱ་པའི་བསྟན་པའི་མཛེས་བྱེད་རྒྱན་དྲུག་ཏུ་གྲགས་པའི་ནང་ཚན། རྒྱལ་བ་མ་ཕམ་པའི་རྣམ་འཕྲུལ་དུ་གཟུར་གནས་ཡོངས་ལ་རྩོད་མེད་དུ་གྲགས་ཤིང་། དུས་དེ་ཙམ་ན་བོད་ཡུལ་དབུས་ཀྱི་འཛིན་མ་ན་འགྲན་ཟླས་དབེན་པའི་སྨྲ་བའི་སེངྒེ་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་མཁས་ཚུལ་གསུམ་གྱིས་དུས་འདའ་བར་མཛད་པས་སྤྱིར་ཞལ་སློབ་ཀྱི་ཚོགས་པ་ཆེན་པོ་སའི་རྡུལ་གྱི་གྲངས་ལས་བརྒལ་བ་དང་ཁྱད་པར་དུ་མང་ཐོས་སྡེ་སྣོད་འཛིན་པ་ཤ་སྟག་ཀྱང་ཁྲི་ཕྲག་བཞི་ཙམ་ཡོད་པ་རྣམ་ཐར་ཁ་ཅིག་ལས་འབྱུང་ལ། དེ་དག་ལས་ལྷ་དང་བཅས་པའི་སྲིད་པ་གསུམ་གྱི་ཆེ་རྒུས་རལ་པའི་ཐོར་ཚུགས་ཀྱིས་ཡང་ཡང་བཏུད་ཅིང་མི་འཇིགས་གདོང་ལྔའི་དབང་པོ་ཟུང་བཞིས་མངོན་པར་བཏེགས་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་ག་ལ་བ་དེར། རྒྱལ་བ་དེ་ཉིད་ཀྱི་སྐུ་དངོས་ཀྱིས་རང་གི་རྒྱལ་ཚབ་ཉིད་དུ་དབང་བསྐུར་ཞིང་བཀྲ་ཤིས་པའི་མེ་ཏོག་འཐོར་ལ། སློབ་ཚོགས་ཀྱིས་ཀྱང་ཀུན་མཁྱེན་ཡབ་སྲས་ཞེས་ཁྱད་མེད་དུ་བཀུར་བ་ནི། ཤར་དྭགས་པོའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་ཞེས་གྲགས་པ་དེ་ཉིད་ཡིན་ལ། དེའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་ལས་ཤིན་ཏུ་དོན་བསྡུས་པའི་ཚུལ་གྱིས་སྙིང་པོ་ཙམ་བརྗོད་ན། དོན་ལ་འཇམ་པའི་དབྱངས་དང་ཐ་མི་དད་ལ། རྣམ་པར་འཕྲུལ་བའི་དབང་དུ་བྱས་ན། འཕགས་པའི་ཡུལ་དུ་ནག་པོ་སྤྱོད་པ། ཨོ་རྒྱན་གྱི་ཡུལ་དུ་ཨིནྡྲ་བྷུ་ཏི། ཤམྦྷ་ལའི་ཡུལ་དུ་རྒྱ་མཚོའི་བློ་གྲོས་ཞེས་བྱ་བར་གྲགས་ཤིང་། སྐུ་སྐྱེ་བ་དེའི་གོང་མ་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཡིན་པར་རྗེ་ཉིད་ཀྱི་ཞལ་གྱིས་བཞེས་པར་གསུངས་ལ། དེ་ཉིད་འདི་ནས་གཤེགས་པའི་ཚུལ་བསྟན་པ་ན་བདེ་བ་ཅན་དུ་རྒྱལ་བ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་བཞུགས་པར། གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་འོད་དཔག་མེད་ཀྱིས་བསྐུལ་ནས་མིའི་འཇིག་རྟེན་དུའང་ཞལ་དངོས་སུ་བསྟན་ནས་དགེ་བའི་བཤེས་གཉེན་མཛད་པར་ཐུགས་དམ་བཅས་ཏེ་བསམ་བཞིན་དུ་སྲིད་པ་བཟུང་ཞིང་། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང་། རོང་སྟོན་ཤེས་བྱ་ཀུན་རིག་ལ་སོགས་པའི་དམ་པ་མང་པོ་བསྟེན་ནས་གསན་སྒོམ་གཉིས་ཀའི་སྐབས་སུ་ནུབ་མོ་མནལ་མཛད་པ་གཞན་གྱིས་མཚོར་མ་མྱོང་བར་གྲགས་པའི་ཐུགས་བརྩོན་དང་འབྲེལ་བས། མཁས་པའི་ཡོན་ཏན་ནི་བོད་གངས་ཅན་གྱི་ལྗོངས་ན་བཞུགས་པའི་དམ་པའི་ཆོས་ལ་མ་གསན་བྱ་བའམ་མི་མཁྱེན་བྱ་བ་ཅུང་ཟད་ཀྱང་མེད་པས་དེ་ཉིད་ཀྱིས་ན་ཀུན་མཁྱེན་ཞེས་ཡོངས་སུ་གྲགས་པ་དང་། དཔེར་མཚོན་ན་སྙེེ་ཐང་འོར་དུ། འདུས་པ་སྟོང་དང་བཞི་བརྒྱ་ཙམ་ལ་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་ཉི་ཤུ་རྩ་ལྔའི་གཞུང་ཆོས་སྤྲེལ་ནས་གནང་ཞིང་། བར་སྐབས་རྣམས་སུ་ལམ་འབྲས་སོགས་ཁྲིད་བཀའ་མི་འདྲ་བ་བདུན་སྩལ་བས་ཞག་རེར་ཆོས་ཐུན་སུམ་ཅུ་རྩ་གཉིས་རེ་བསྐྱར་ཆོས་དང་བཅས་པ་གནང་། མཚན་མོར་དབང་བསྐུར་རྗེས་གནང་སོགས་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བར་གནང་ནའང་། ཊཱིཀ་གཞུང་ཉམས་ལེན་བཤད་པ་དང་བཅས་པ་ཐུགས་ཐོག་ཁོ་ནས་གསུངས་པ་མ་གཏོགས། ཡི་གེ་གཅིག་ཀྱང་སྐུའི་ཉེ་ལོགས་ཙམ་ན་ཡང་མི་བཞུགས་པས། ཐམས་ཅད་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པར་ཁ་ཚོན་ཆོད་ཅིང་། ཕྱོགས་རྣམས་སུ་ནི་འཇམ་པའི་དབྱངས་དང་འབྲལ་བ་མེད་པས་དེའི་གསུང་ལ་ལད་མོར་མཛད་པ་གྲགས་པར་གསུངས་ལ། གྲུབ་པའི་ཡོན་ཏན་ནི། དགུང་ལོ་ཉེར་གཉིས་ཀྱི་དུས་ཙ་རི་ཏྲར་སྒྲུབ་པ་ལ་བཞུགས་དུས་ཞག་ཉི་ཤུ་རྩ་ལྔ་ནས་འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་དངོས་སུ་བསྟན་ནས་སྲིད་མཐའི་བར་དུ་དགེ་བའི་བཤེས་གཉེན་མཛད་པར་ཞལ་གྱིས་བཞེས་པ་དེའི་གཙོས། སྔ་ཕྱི་རྣམས་སུ་ཡང་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པའི་སྐུ་རིའི་གཏོས་ཙམ་སྐུ་ཟུང་དུ་རིག་མ་དང་བཅས་པ་གཟིགས་ཤིང་ལམ་འབྲས་སོགས་གདམས་པ་མང་པོ་གནང་བས་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས་པ་དང་། དེ་ནས་ཀྱང་སྐུའི་རྣམ་འགྱུར་མི་འདྲ་བ་མང་པོས་ཡང་ནས་ཡང་དུ་ཞལ་གཟིགས་ཤིང་ཆོས་གསུངས་པ་དང་། འཇིགས་བྱེད་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡང་ཡང་གཟིགས་ཤིང་། དབྱངས་ཅན་མའི་རིགས་མི་འདྲ་བ་དུ་མའང་ལན་མང་དུ་གཟིགས་ལ། གཞན་ཡང་འོད་དཔག་མེད། སྨན་བླ། སྒྲོལ་མ། བྱམས་པ། མི་གཡོ་བ་སོགས་ལྷག་པའི་ལྷ་བསམ་གྱིས་མི་ཁྱབ་པས་ཞལ་གཟིགས་ཤིང་། གཟིམས་འོག་ཏུ། ཡི་དམ་མཁའ་འགྲོ། ཆོས་སྐྱོང་གཟིགས་ཚུལ་མགོན་ཁང་ཕྱི་ནང་གི་ལོགས་བྲིས་དང་། གཟིགས་སྣང་གི་སྐུ་ཐང་རྣམས་མཇལ་བ་ལས་བརྗོད་མི་ནུས་པར་གསུངས་ཤིང་། གུར་མགོན་ལྷ་བཅུ་གཉིས་མ། རྣམ་སྲས་གཙོ་འཁོར་ལྔ། དུར་བདག་ཡབ་ཡུམ་སོགས་བཀའ་སྲུང་དམ་ཅན་རྒྱ་མཚོ་རྒྱུན་པར་གཟིགས་ཤིང་བྲན་དུ་འཁོལ་བས་དེའི་ཕྱོགས་ཀྱི་མི་མིན་གདུག་པ་ཅན་མང་པོ་དམ་ལ་བཏགས་ནས་འགྲོ་བ་དུ་མ་འཇིགས་པ་སྣ་ཚོགས་ལས་སྐྱོབ་པར་མཛད་པ་དང་། ཙ་རིའི་གཡུ་མཚོ་སོགས་གནས་དུ་མར་ལོ་མང་པོར་སྒྲུབ་པ་ལ་བཞུགས་དུས་མི་ཟས་ཆེར་མ་གསོལ་ཞིང་ལན་ཅིག་སེང་གེ་ཕུག་ཏུ་དཀའ་ཐུབ་གཙོ་བོར་མཛད་པ་ན། སྔོའི་རིགས་ཡིད་དུ་འོང་བ་ཇ་བཟང་པོའི་བྲོ་བ་འདྲ་བ་ལ་བརྗོད་མི་ཤེས་པའི་བྲོ་བ་གཞན་ཡང་ཡོད་པ། ཟོས་པ་ཙམ་གྱིས་ཐུགས་རིག་དྭངས་ཤིང་། བདེ་ཉམས་སྐྱེ་པ། འདོད་ཡོན་ཐམས་ཅད་ལ་ཆགས་པ་དང་བྲལ་བར་བྱེད་པ་ཞིག་སྐྱེས་འདུག་པ་ལ་སྒྲུབ་རྒྱགས་མཛད་པས་ཟས་སྐོམ་གཉིས་ཀའི་གོ་ཆོད་དེ། སྐུ་གཞོན་ཞིང་གཟི་མདངས་དང་སྟོབས་རྒྱས་ལ། ཐུགས་དམ་འབད་མེད་དུ་འཕེལ་བར་བྱུང་བས་གནས་དེ་ཉིད་དུ་གནས་ལུགས་དོན་གྱི་རྟོགས་པ་མངོན་དུ་གྱུར་པ་དང་། ཟས་ཡ་མཚན་ཅན་འདི་ཡུལ་དུ་ཐེགས་ཀར་ཅུང་ཟད་ཁྱེར་འགྲོ་དགོས་དགོངས་ཙ་ན། ཕེབས་ཁར་ལོ་མ་གཅིག་ཀྱང་མི་སྣང་བ་མཁའ་འགྲོས་སྤྲུལ་པ་བསྡུས་པ་ཡིན་གསུངས་པ་དང་། འོད་གསལ་གྱི་གཟིགས་སྣང་ཁྱད་པར་ཅན་མང་པོ་ཡང་། ལན་ཅིག་མནལ་ལམ་དུ་འཇམ་པའི་དབྱངས་དགེ་སློང་གི་ཆ་བྱད་ཅན་ཞིག་དང་མཇལ་བས་ཕྱག་གི་རལ་གྲི་ལས་འོད་ཟེར་འཕྲོས་པའི་སྣ་ལ་གཟིགས་པས་མངའ་རིས་ནས་རྒྱ་ནག་གི་བར་གསལ་བར་གཟིགས་པ་དང་། རྫོགས་ཆེན་གྱི་མུན་མཚམས་ཤིག་གི་སྐབས་དྭགས་ཡུལ་ཕལ་ཆེར་མངོན་སུམ་དུ་གཟིགས་ཤིང་ཞིང་གཅིག་ལ་བཙས་མ་བྱེད་པའི་མིའི་གྲངས་ཚུན་ཆད་གཟིགས་པ་དང་། ཨེ་ཝཾ་དུ་སྦྱོར་དྲུག་སྒོམ་དུས་སྟོང་གཟུགས་ཐམས་ཅད་ཨཱ་ལི་ཀཱ་ལིའི་གཟུགས་འབའ་ཞིག་ཏུ་གཟིགས་པ་དང་། པཎ་ཆེན་ནགས་རིན་ལས་སྦྱོར་དྲུག་གསན་དུས་སྡེ་གདོང་གི་མུན་ཁང་ནས་ཡར་ལུང་གི་མཐིལ་ཕལ་ཆེ་བ་དང་། རྩེས་ཐང་གི་གླིང་མཐའ་དག་གསལ་བར་གཟིགས་པ་དང་། རེས་ནི་གསལ་སྟོང་བློ་བྲལ་ནམ་མཁའ་དག་པ་ལྟ་བུའི་ངང་དུ་མི་གཡོ་བར་བཞུགས་པ་སོགས་འོད་གསལ་ལ་མངའ་བརྙེས་པ་དང་། མངོན་པར་ཤེས་པ་ཐོགས་མེད་དུ་མངའ་ཚུལ་ཡང་། ཀུན་མཁྱེན་གོ་རམས་པ་གཙང་ཕྱོགས་སུ་སློབ་གཉེར་བ་འགྲོ་བར་ཞུས་པར། མ་འོངས་པ་མཁྱེན་ཏེ། ད་རེས་བར་ཆད་གཅིག་འབྱུང་སྲིད་པས་སོས་ཀར་སོང་ཞེས་ཕེབས་པར། ད་ལྟ་ཕྱིན་ཆོག་པའི་ཞུ་ནན་བྱས་པས། དབུ་ཞྭ་ཞིག་གནང་ནས། ཅིས་ཀྱང་འགྲོ་ན་འདི་གྱོན་ལ་སོང་འདིས་ཕན་ཐོགས་པ་ཡིན་ཞེས་གསུངས་པའི་ཚེ། དབུ་ཞབས་ཀྱི་མཐིལ་ལ་རེག་པའི་སྨོན་ལམ་བཏབ་ནས། ཟླ་བོ་མེད་པར་བོང་བུ་ཞིག་ལ་ཇ་སིག་གཉིས་བཀལ་ནས་སོང་བར། འཕྲང་ཞིག་ཏུ་བོང་ཁལ་ལོག་པ་ལ་འཇུས་པས་མ་ཐུབ་པར་མི་བོང་ཁལ་གསུམ་ཆུ་འཁྲིས་སུ་ལྷུང་ནས་ཅི་བྱའི་གཏོལ་དང་བྲལ་སྐབས་སུ། དབུ་ཞྭ་ཞྭ་སེར་དེ་གཙང་པོའི་གཞུང་ལ་ཁྱེར་བ་འགྲུལ་པ་དག་གིས་མཐོང་ནས་ཞྭ་འདི་གྱོན་མི་དེ་ཆུ་ནང་དུ་ལྷུང་ཡོད་པ་གདོན་མི་ཟ་བས། དེ་ལ་ཕན་པར་བྱའོ་ཞེས་མྱུར་དུ་འོངས་ཏེ་བཙལ་བས། མི་བོང་རྣམས་ཟག་པའི་རྗེས་དེ་རིག་ནས་བལྟས་པས། མི་བོང་གཉིས་ཆུའི་འཁྲིས་ཕྱེད་ཙམ་ན་མ་ཤི་བར་འདུག་པ་མཐོང་ནས་ཐག་པའི་ཞུར་ལ་དྲངས། ཆུའི་འཁྲིས་ནས་ཐག་པ་གང་གི་ཚད་ཙམ་ན་ཕ་བོང་ཞིག་ལ་ཇ་སིག་གཉིས་པོ་ཆུའི་རླབས་ཀྱིས་ཁལ་བཀལ་བ་ལྟར་བྱས་འདུག་པ་ལ་ཞགས་པ་འཕངས་ནས་བཏོན་པས་གནོད་པ་མེད་པར་འབྲས་ཡུལ་སྐྱེད་ཚལ་དུ་བྱོན་པའི་ཚུལ་རྗེ་དེ་ཉིད་ཀྱི་དབོན་པོ་ལ་ཁྱོད་ཀྱི་ཨ་ཁུ་དེ་ལ་མངོན་མཁྱེན་ཡ་མཚན་ཅན་མངའ་བ་ཡིན་ཞེས་ཕེབས་པ་དང་། སྲ་མཁྲེགས་ཀྱི་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་པོ་བཞག་ཅིང་། སྐུ་ལ་གྲིབ་མ་མེད་པ་སྐལ་ལྡན་འགས་མཐོང་ནས་གཞན་ལ་བརྡ་སྤྲད་དེ་ཡིད་ཆེས་སུ་བྱས་ཚུལ་དང་། ཁྱད་པར་དུ་ས་བདུན་པ་མན་ཆད་ཀྱི་ཡོངས་སྦྱོང་གི་རྟགས་རྣམས་ཇི་བཞིན་མངའ་བས་དེ་ལ་བཞུགས་པར་རྩོད་མེད་དུ་གྲུབ་པའི་གྲུབ་ཐོབ་ཆེན་པོར་བཞུགས་པ་ཡིན་ནོ། །གཞན་དོན་ཕྲིན་ལས་ནི། དགུང་ལོ་བཅོ་བརྒྱད་པ་ནས་འཆད་པའི་དབུ་བཟུང་། ཞེ་ལྔ་ལ་ཤྲཱི་ནཱ་ལེནྡྲར་ཀུན་མཁྱེན་རོང་པོའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་དྲུག་ཅུ་རྩ་གཅིག་གི་བར་དུ། མདོ་རྒྱུད་བསྟན་བཅོས་མན་ངག་རིག་གནས་ལ་སོགས་པ་གངས་ཅན་ན་བཞུགས་པའི་དམ་ཆོས་ཡོད་དོ་ཅོག་གསུངས་ཤིང་། སློབ་ཚོགས་ཀྱང་། ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ། གོ་ཤཱཀ་རྣམ་གཉིས། ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ། བན་སྒར་བ་འཇམ་དཔལ་བཟང་པོ་སོགས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱོན་ཞིང་། རྩོད་པའང་སྤྱིར་ལུང་རིགས་རྣམ་དག་གིས་དེ་དང་འགལ་བ་མཐའ་དག་བཅོམ་པར་མ་ཟད། རྗེ་བཙུན་སྒྲོལ་མས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་བྱིན་པར་གྲགས་པའི་ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལྟ་བུའང་ལྷ་ས་མཁས་པ་མང་པོ་ཚོགས་པའི་དབུས་སུ་དུས་འཁོར་དང་མངོན་པའི་ལུགས་ཀྱི་རི་རབ་ཀྱི་རྣམ་བཞག་ལས་འཕྲོས་ནས་བརྩད་པས་མཁས་གྲུབ་རྗེས་ཕམ་ཁ་ཆེན་པོའི་ཁུར་བཞེས་དགོས་སོང་ཚུལ་ཞིབ་པར་རྣམ་ཐར་ལས་འབྱུང་བ་ལྟར་ཡིན་ནོ། །རྩོམ་པའི་ལེགས་བཤད་ཀྱང་བསྟན་པའི་རྒྱན་དུ་ཆེ་བ་ཤིན་ཏུ་མང་བ་དང་། དཔལ་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོ་ཀུན་མཁྱེན་རོང་པོ་ཡབ་སྲས་ལྷན་གྱིས་བཏབ་པ་དེའི་གཙོས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཤིང་། དབུས་གཙང་མངའ་རིས་མདོ་ཁམས་སོགས་ནས་རྒྱ་དཀར་ནག་ལ་ཐུག་གི་བར་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་ས་སྐྱ་པའི་བསྟན་པ་ས་ཆེན་པོའི་ཁོར་ཡུག་ཏུ་སྤེལ་བའི་མཐར་སྐུ་གཤེགས་ལ་ཉེ་བ་ནའང་ངོ་མཚར་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་སྐུ་གདུང་རིན་པོ་ཆེ་ལ། ཀྱེ་རྡོར། གུར་མགོན། སྨན་བླ། རྣལ་འབྱོར་དབང་ཕྱུག་སོགས་ཀྱི་སྐུ་དང་། རིང་བསྲེལ་མང་པོ་སྤུངས་པ་མཆོད་རྟེན་གྱི་དབྱིབས་ཅན། དབུ་ཐོད་ལ་ཨཥྚའི་ཡི་གེ་འབུར་དུ་དོད་པའི་བར་རྣམས་སུ་རིང་བསྲེལ་ཁ་དོག་སྣ་ཚོགས་པས་ཕྲ་བཏབ་པ་ལྟར་གང་བའི་ནང་ན་དབུ་ཀླད་རིང་བསྲེལ་གྱི་གོང་བུར་གྱུར་ནས་བཞུགས་པ་སོགས་མདོར་ན་ས་སྐྱ་པཎྜི་ཏ་ཆེན་པོ་མ་གཏོགས། བདག་ཉིད་ཆེན་པོ་འདི་བས་གྲོངས་རྟགས་ཡ་མཚན་ཆེ་བ་བོད་དུ་མ་བྱོན་པར་གསུངས་པ་སོགས་ངོ་མཚར་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བཤད་འདུག་ཀྱང་ཡི་གེས་འཇིགས་ནས་འདི་ཙམ་དུ་བསྡུས་སོ། །དེ་ནས་ཀུན་མཁྱེན་རོང་པོའི་ཞབས་ལ་གོང་མར་བྱས་པའི་ཐ་སྙད་ཀྱིས་རྗེ་འདིའི་བཞུགས་འཚེར་ལ་གཟིམ་ཁང་འོག་མར་གྲགས་པའི་བླ་བྲང་དུ་དམ་པ་དེ་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་རོལ་གདུལ་བྱ་འདུལ་བའི་དུས་ལས་ཡོལ་བ་མེད་པའི་དགོངས་པས་མཆོག་གི་སྤྲུལ་པའི་སྐུའི་སྐྱེ་ཕྲེང་བརྒྱུད་མར་བྱོན་པ་རྣམས་ཀྱང་མི་བར་ཁྱིས་མ་ཆོད་པའི་ཚུལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་ཡོན་ཏན་ཅན་ཤ་སྟག་བྱོན་པར་གྲགས་ཤིང་གྲུབ་ལ། དེ་དག་གི་རྣམ་པར་ཐར་པའང་ཅུང་ཟད་ཅིག་བརྗོད་པ་སྐབས་སུ་བབས་ཀྱང་དཔེ་མ་འབྱོར་ལ་མཐོང་ཐོས་ཀྱང་ངེས་ངེས་ཤིག་མེད་པས་རེ་ཞིག་བཞག་གོ། དེ་དག་ལས་སྐུ་ཕྲེང་རྗེས་མ་དམ་པ་འདིའི་སྐྱེེ་སྲིད་གོང་མར་གྱུར་པ་ནི་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཞེས་གྲགས་པ་དེ་ཉིད་ཡིན་ལ། དེ་ལ་མཁས་པའི་ཡོན་ཏན་ནི་རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་ཞབས་ཀྱིས་ཀྱང་ལེགས་བཤད་རྩོམ་པར་བསྐུལ་ཞིང་དྲི་བ་གནང་བའི་ཡུལ་མཛད་ལ། གྲུབ་པའི་འབྲས་རྟགས་ཀྱང་། གདན་ས་ནཱ་ལེནྡྲར་བཞུགས་དུས། ཨ་མདོ་བའི་གནས་བསྐོར་བ་གཉིས་ཀྱིས། དགོན་པའི་ཚོགས་དུང་བུས་ཟིན་ནས་རྗེ་འདི་ཚོགས་ལ་ཕེབས་དགོས་རྒྱུའི་ཐུགས་བྲེལ་དང་གཏུགས་ནས་འཕོ་ལུང་ཞུས་པར། ཐུགས་ཁོམ་མེད་ཚུལ་གསུངས་ཀྱང་། ཞུ་ནན་ཆེས་པས་ལྡོག་མ་བཏུབ་པར། ཐུགས་བྲེལ་ལངས་བཞིན་དུ་གཟིམས་སྐར་གྱི་ཐད་ཀྱི་ས་གཞིར་འདུག་ཏུ་བཅུགས་ནས་འཕོ་བ་མཛད་པར་ཡང་སྤར་ཟིན་མཚམས་སུ་ཉེ་གནས་ཀྱིས་ཚོགས་དུང་གྲངས་ཚང་སོང་ཞུས་པས། བླ་མའང་བྲེལ་སྟབས་ཀྱིས་བཞེངས་ནས་ཚོགས་ལ་ཕེབས། དགོང་མོར་ཚོགས་གྲོལ་རྒྱབ་དེར་མི་གཉིས་ཤི་འདུག་ཟེར་བ་གསན་པས། ད་ནངས་འཕོ་བ་ཞུ་མཁན་དེ་གཉིས་མར་ཕེབས་རྒྱུ་མ་གྲུབ་པ་རེད་གསུངས་ནས། ཐུགས་འགྱོད་དང་བཅས་ཏེ་དེ་འཕྲལ་མཆོད་གཏོར་བཤམས་ནས་ཚེ་དབང་དང་ཚེ་འགུགས་མཛད་པས་ནུབ་མོ་སྔར་བཞིན་སོས་ཏེ་ཅི་ཡང་མ་སྐྱོན་པར་རང་གནས་སུ་སོང་ཞེས་གྲགས་པ་ནི་ཚར་གཅོད་རྗེས་འཛིན་ལ་རང་བྱན་ཚུད་པའི་མཛད་པར་སྣང་ངོ་། །གཞན་ཡང་དམ་ཅན་བྲན་དུ་འཁོལ་བ་ལ་སོགས་པ་ངོ་མཚར་གྱི་ཡོན་ཏན་ཆེས་མང་པོ་མངའ་བ་ཡིན་ཞེས་ཐོས་ལ།  དེའི་སྐུ་སྐྱེ་དེ་མ་ཐག་པ་དམ་པ་འདི་ཉིད་ཡིན་ཚུལ་གྱི་རྒྱུ་མཚན་ཞིབ་པར་འོགཏུ next hit་འཆད་དོ། །གཞན་ཡང་ཧོར་ཉ་བྲག་དགོན་དུ་འཇམ་མགོན་རིན་པོ་ཆེས་ལམ་འབྲས་གནང་དུས། རྗེ་འདི་ལ། ཉ་བྲག་སྤྲུལ་སྐུ་ལ་གཞུང་རིན་ཆེན་སྣང་བའི་གསུང་བཤད་རྒྱས་པ་ཞིག་མཛད་དགོས་པའི་བཀའ་ཕེབས་གནང་བར། དེ་བཞིན་མཛད་པ་ན། སྤྲུལ་པའི་སྐུའི་ཞལ་ནས། མདངས་ང་རང་གི་རྨི་ལམ་དུ་ནངས་པར་ཁྱོད་ཀྱིས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་འཁོར་འདས་དབྱེར་མེད་ཞུ་བ་རེད་ཟེར་བ་ཞིག་རྨིས། ཁྱོད་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་འདུག་ཅེས། དེའི་སྔར་འདྲ་མཉམ་ལས་མི་མཛད་པ་ལ། དེ་ཕྱིན་ཤིན་ཏུ་དད་པོ་མཛད་འདུག་ཅེས་དང་། ཁོང་ཡང་སྐྱེ་བ་མཐོ་ལ་བར་ཆད་ཆེན་པོ་ཅན་ཞིག་ཡིན་འདུག་ཅེས། དོན་འདི་དག་རྗེའི་བཀའ་ལས་དངོས་སུ་ཐོས་པས་དེ་ལྟར་ཡིན་པར་ངེས་སོ། །ཡང་རྗེ་ཉིད་ལ་མོས་གུས་དང་ལྡན་པའི་སློབ་མ་ཞིག་ལ། ཆུ་འབྲུག་ལོའི་སྟོན་སྨད་རྨི་ལམ་དུ། ཇོ་བོ་རྗེ་དང་རྗེ་འདི་ཉིད་གང་ཡིན་མི་ཕྱེད་པའི་བླ་མ་ཞིག་སྐུ་གཤེགས་ལ་ཉེ་བའི་དྲུང་དུ་སླེབས་འདུག་པར། བསྟན་འགྲོའི་དོན་དུ་བཞུགས་པར་གསོལ་བ་བཏབ་ཀྱང་། བཞུགས་རིགས་སུ་མི་འདུག་པས། ད་འོ་ན་ཅིས་ཀྱང་མི་བཞུགས་ན། ངོ་མཚར་ཁྱད་པར་ཅན་ཞིག་བསྟན་དགོས་ཞེས་ཞུས་པ་ཞིག་བྱུང་བ་དང་། ལན་ཅིག་ཕོ་བྲང་ཆེན་པོ་པོ་ཏ་ལར། མགོན་པོ་བསོད་ནམས་མཆོག་ལྡན་གྱིས། གོང་ས་མཆོག་ལ་ལམ་འབྲས་འཆད་བཞིན་པའི་དུས་དེ་ཡིན་སྙམ་པ་ལ། སྔ་ཕྱིར་ཆོས་སོ་སོར་གསུང་བའི་གནས་ལྷ་ཁང་སོགས་དང་། དེ་སྐབས་རང་དུ་དཔོན་སློབ་གསོལ་ཇའི་བཞུགས་གྲལ་དུ་ཞུས་ལན་མཛད་ཅིང་བཞུགས་པ་དང་། ཁོ་རང་ཡང་གནས་གསར་རྗེའི་ཞབས་གྲས་ཤིག་ཡིན་སྙམ་ལ། དེའི་བར་དུ་ཁམས་བསངས་ལྟ་བུས་གོང་ས་མཆོག་གི་སྐུ་འཁོར་འགའ་དང་ལྷན་དུ་རྒྱ་སྐས་ཆེན་པོ་ཞིག་གི་འགོར་ཡོད་པར། མི་འགས་གོང་དུ་ཞུ་བ་འདྲ་དགོས་རྒྱུ་ལ་ཞུ་སྣ་སྦྲན་པ་གསོལ་བ་ཞིག་གསལ་བར་རྨིས་པར་རྗེ་ལ་འདི་དག་འབྲེལ་ཤིན་ཏུ་ཆེ་ཡང་། རང་ལ་ཉིང་འཁྲུལ་རང་མཚན་པ་ཞིག་ལས་མེད་ཕྱིར་ངེས་པ་རང་མེད་ཅེས་ཁོང་པ་ཟེར་ཡང་རྗེ་བླ་མ་དེ་དག་དང་ཐུགས་རྒྱུད་གཅིག་པར་གོར་མ་ཆག་གོ། རབ་འབྱམས་ཞིང་གི་རྒྱལ་ཀུན་གྱི། །མཁྱེན་པའི་ལང་ཚོ་གཅིག་བསྡུས་པ། །འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི། །ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །འཕགས་པའི་ཡུལ་དུ་ནག་པོ་པ༑༑ཤམྦྷ་ལ་རུ་རྒྱ་མཚོའི་བློ། །ཨཽ་ཌི་ཡ་ནར་དབང་པོའི་མཚན། །བྷངྒ་ལ་རུ་མར་མེ་མཛད། །ཁ་བ་ཅན་དུ་གྲགས་པ་འདིར། །སྔོན་ཚེ་ས་སྐྱའི་རྗེ༵་བཙུ༵ན་ཞེས། །གྲག༵ས་པའི༵་རྒྱལ༵་མཚ༵ན་སྲིད་ན་མཐོ། །ཕྱི་དུས་ཀུན༵་མཁྱེ༵ན་ཀློང༵་ཆེན༵་པ༵། །སྒྱུ་འཕྲུལ་དུ་མའི་རྗེས་ཐོགས་སུ། །སྣང་མཐའ་ཡས་པའི་བཀའ་བསྐུལ་ནས། །སླར་ཡང་གངས་ལྡན་འཛིན་མ་འདིར། །རྣམ་འདྲེན་ལྔ་པའི་སྲས་སུ་གྱུར། །དགའ་ལྡན་ལྷ་ཡི་ལྷ་གནས་ནས། །མི་ཕམ་མི་ཡི་སྲིད་པ་རུ། །ལེགས་འཕོས་ལེགས་བཤད་བྱེ་བའི་མཛོད། །སྨྲ་མཁས་སྨྲ་བའི་སེངྒེ་ནི། །ཤཱཀྱའི་བསྟན་ལ་ཤཱཀ་ཐུབ་ལྟར། །རྒྱལ་བསྟན་རྒྱལ་མཚན་སྲིད་རྩེར་བསྒྲེངས། །བརྒྱུད་འཛིན་རྒྱུ་སྐར་གྲངས་མཉམ་གྱིས། །རྒྱ་མཚོའི་གོས་ཅན་རྒྱས་པར་བཀངས། །ཁྱད་པར་སྡེ་སྣོད་རིན་ཆེན་གྱིས། །མགྲིན་པར་བརྒྱན་པའི་མང་ཐོས་ཚོགས། །ཁྲི་ཕྲག་ཆུ་གཏེར་གྲངས་ལྡན་ཞིག །ལྗོངས་འདིར་བྱུང་བ་གྲགས་པ་ལས། །ས་སྐྱོང་འཁོར་ལོས་སྒྱུར་བ་ལ། །དཔའ་བོའི་བུ་སྟོང་མངའ་མོད་ཀྱིས། །རྒྱལ་ཐབས་མཆོག་གི་ཁྲི་འཕང་ལ། །སྲས་ཀྱི་ཐུ་བོ་དབང་བསྐུར་ལྟར། །མགོན་དེའི་མི་འཇིགས་སེངྒེའི་ཁྲིར། །མགོན་པོ་ཉིད་ཀྱིས་མངའ་གསོལ་ཞིང་། །ཆོས་སྨྲའི་ཁྲི་འཛིན་མང་པོས་ཀྱང་། །ཆོས་བཞིན་གུས་པས་བཏུད་པའི་གནས། །གངས་ལྗོངས་དམ་ཆོས་ཀུན་མཁྱེན་པས། །དེ་ཡི་མཚན་གྱི་ཅོད་པཎ་འཆང་། །བདུན་པའི་ས་ཡི་སྤངས་རྟོགས་ཀྱིས། །གྲུབ་པའི་ཡོན་ཏན་མངོན་མཐོ་བ། །ཤར་ཕྱོགས་དྭགས་པོའི་པཎྜི་ཏ། །རྣམ་དཔྱོད་བཀྲ༵་ཤི༵ས་དྲ་བ་ཅན། །རྣ༵མ་གསུམ་མཁས་པའི་བྱ་བ་ལ། །ཕྱོགས་ལས་རྣམ་པར་རྒྱ༵ལ་བ་སྟེ། །ཨེ་མ་བྱམས་མགོན་ཡབ་སྲས་གཉིས། །གདོད་ནས་ཐུགས་རྒྱུད་གཅིག་པ་འམ། །སྤངས་རྟོགས་མཉམ་པ་གང་ཡིན་ཞེས། །བདག་ཅག་ཐེ་ཚོམ་འཕྲང་ལ་འཕྱན། །དེ་ཡི་ཡུལ་དབུས་སྨན་ལྗོངས་སུ། །ལྷ་བརྒྱའི་མགོན་པོ་ལྷ་ཡུལ་དུ། །མངོན་པར་གཤེགས་པའི་རྗེས་སུ་ཡང་། །རྒྱལ་བ་གཉིས་པའི་གྲགས་དཀར་བཟུང་། །ཁྱད་པར་རྩོད་ངག་རྡོ་རྗེའི་ཐོག །ལོག་རྟོག་བྲག་རིའི་གཤེད་མ་ཆེས། །དབུས་འགྱུར་འཆང་གི་འཛིན་མ་ན། །མ་བཅོམ་རྒོལ་བ་སུ་ཞིག་ཡོད། །གཞན་ལུགས་མཁས་པའི་ལག་ལྡན་དབང་། །ཤིན་ཏུ་དྲེགས་པས་མྱོས་པ་ཞིག །རྒོལ་བ་གཞན་གྱིས་མི་བརྫི་བར། །འཕགས་མས་ལུང་བསྟན་གྲགས་པ་ཡང་། །རྩོད་མེད་སྨྲ་བའི་སེང་ཆེན་འདིའི། །ལུང་རིགས་མཆེ་སྡེར་རྣོན་པོ་ཡིས། །རྣམ་དཔྱོད་ཀླད་པ་འགེམས་པ་དང་། །འཇིགས་མེད་སྤོབས་པའི་གད་རྒྱངས་བསྒྲགས། །རྒྱལ་སྲས་ཁྱོད་ཀྱིས་འཕགས་མ་ཡིས། །ལུང་བསྟན་ར་བ་ལས་འདས་ནས། །གཞན་དག་ཕམ་པ་ལ་སྦྱར་བ། །ཅུང་ཟད་རིགས་པ་ཡིན་ནམ་ཅི༑༑འོན་ཀྱང་མྱུར་མ་དཔའ་མོ་ཡིས། །དབུགས་དབྱུང་མཛད་པ་བདེན་སྲིད་ན། །རྒྱལ་བ་ཁྱོད་ཉིད་མ་གཏོགས་བའི། །རྒོལ་བ་གཞན་དག་ཡིན་པར་ངེས། །དེ་ནས་གདུལ་བྱ་འདུལ་བའི་ཕྱིར། །ཐུགས་རྗེའི་ཆུ་གཏེར་ཆེན་པོ་ལས། །ཕྲིན་ལས་དུས་ཀྱི་རླབས་འཐོར་བ། །ནམ་ཡང་ཡོལ་བ་མི་མངའ་བས། །ཡེ་ཤེས་སྒྱུ་མའི་སྣང་བརྙན་ནི། །མཁའ་ལས་ཆུ་ཟླའི་རོལ་པ་ལྟར། །གཟིམ་ཁང་འོག་མར་གྲགས་པ་ཡི། །རྣམ་པར་རྒྱལ་བའི་དགའ་ཚལ་དུ། །ལུང་དང་རྟོགས་པའི་བསུང་ཞིམ་དྲི། །མ་ཉམས་དབྱར་གྱི་ལང་ཚོ་ཅན། །སྐྱེ་ཕྲེང་ཨུ་དུམ་ཝ་རའི་ཚལ། །གཅིག་ཏུ་ཐུབ་བསྟན་མཛེས་པའི་རྒྱན། །སྙིགས་སྤྱོད་སད་ཀྱིས་མ་ཁྱེར་པར། །བསྟན་འགྲོའི་བསོད་ནམས་དྲོད་གཤེར་གྱིས། །མངོན་པར་བསྐྱེད་པ་ཇི་བཞིན་དུ། །དེང་སང་བར་དུ་གསལ་བར་གྱུར། །དེ་དག་ངོ་མཚར་ཡོན་ཏན་ནི། །ཡི་གེའི་གཟུགས་སུ་ཤར་བ་ཞིག །འདྲེན་བྱེད་འདི་ལ་བསྐལ་བའི་ཕྱིར། །བཏང་སྙོམས་མལ་དུ་རེ་ཞིག་ཀློད། །དེ་རྗེས་བྱམ༵ས་པ༵འི་བསྟན་པ་ལ། །ངག༵་གི་དབ༵ང་ཕྱུག་དངོས་བྱོན་པའི། །བསྟ༵ན་འཛི༵ན་མཆོག་གི་སྙན༵་གྲག༵ས་ནི། །ཉིན་བཞིན་སྲིད་པའི་ཁོངས་འདིར་རྒྱུ། །དེ་ཡི་མཁས་པའི་རྣམ་དཔྱོད་ཀྱིས། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱང་འཕྲོག །གྲུབ་པ་མཆོག་གི་འཁྲུལ་འཁོར་གྱིས། །བསད་དང་གསོ་བ་དུས་གཅིག་ངོམས། །བདེ་ཆེན་རྡོ་རྗེའི་ཞགས་པ་ཡིས། །མཐུ་ལྡན་སྲུང་མ་བྲན་དུ་བཀོལ། །རྣམ་བཞིའི་ཕྲིན་ལས་མྱུར་བ་ནི། །གློག་གི་ཞགས་པས་འགྲན་ནུས་མིན། །དམིགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གྱིས། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར། །དབང་འབྱོར་རྒྱལ་སྲས་ཆེེ་རྣམས་ལ༑༑གྲགས་པའི་གཏམ་དེ་མངོན་དུ་མཛད། །གཞན་ཡང་མགོ༵ན་པོ༵་གང་གི་ཞབས། །བསོ༵ད་ནམ༵ས་བརྒྱ་ལས་གྲུབ་པའི་རྡུལ། །སྤྲུལ་པ་མཆོ༵ག་གི་གཙུག་རྒྱན་དུའང་། །ཐོབ་དཀའི་དཔལ་དང་ལྡན༵་པ་སོགས། །རྣམ་མང་བསྐལ་པའི་ལྷ་ལམ་དུ། །མཁས་གྲུབ་སྐྱེས་རབས་རྒྱུ་སྐར་འཕྲེང་། །མཐའ་དག་ཕ་མཐའ་ཚོལ་བ་ན། །ཚངས་པའི་བློ་ཡང་ངལ་བའི་རྒྱུ། །ཉུང་ངུའི་ངག་གི་ས་བོན་འདིས། །བློ་ལྡན་བློ་ཡི་ཞིང་ས་རུ། །བསམ་གྱིས་མི་ཁྱབ་འཁྲུངས་རབས་ཀྱི། །ངེས་ཤེས་མྱུ་གུ་ཅིས་མི་སྐྱེ། །


previousའདས་པའི་དུས་ཀྱི་རྣམ་ཐར།next