རྫོགས་པ་ཆེན་པོའི་ཉམས་ལེན་མན་ངག་སྤར་བཅངས་མ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ། ཀུན་བཟང་མེས་པོའི་བཀའ་རྒྱུད་སྲོལ་བཙང་མ། །མཁས་དང་གྲུབ་པའི་ཡིད་འགུགས་ངེས་གསང་གི །ལམ་ཁྲིད་དེད་དཔོན་པད་འབྱུང་ཁྱེད་གཅིག་ཅེས། །གྲགས་པ་ནམ་མཁའི་ཕ་མཐར་འུར་ཞིང་སོང༌། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཉེ་ལམ་གང༌། །ཡང་ཟབ་རྫོགས་པ་ཆེན་པོ་འདི་ཡིན་ཞེས། །མཁས་གྲུབ་མང་པོའི་ལུང་རིགས་སྒྲ་དབྱངས་ཀྱིས། །དེང་དུས་འཇིག་རྟེན་ཁམས་ན་འུར་འུར་གཡོ། །མི་ནོར་ཟས་ལ་ཞེན་པ་གཏིང་ནས་ལོག །ཚེ་གཅིག་སངས་རྒྱས་ཐོབ་འདོད་གང་ཟག་ལ། །སྟོང་གསུམ་གསེར་གྱི་ཕྱུར་བུས་བཀང་བ་ལས། །གདམས་པ་འདི་ལྷག་དེ་ཕྱིར་མ་ཡེངས་ཉོན། །དེ་ལ་འདིར་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཚུལ་ལ། སྔོན་འགྲོ་དངོས་གཞི་རྗེས་སུ་དམ་ཆོས་ཇི་ལྟར་བྱ་ཚུལ་རྣམས་ཟབ་གཏེར་དང་རྒྱུད་ལྡན་བླ་མའི་ཞབས་ལ་གཏུགས་ཏེ་ཉམས་ཁྲིད་སྐྱོང་བ་ལས་ཤེས་པར་བྱ་ཞིང༌། འདིར་རྫོགས་པ་ཆེན་པོ་སོགས་ཀྱི་ངོས་འཛིན་མདོར་བསྡུས་ཤིག་བཤད་ན། དེ་ལ་རྫོགས་པ་ཆེན་པོ་གང་ཡིན་ཞེ་ན། དྲི་མ་ཐམས་ཅད་དང་བྲལ་བའི་ད་ལྟའི་རིག་པ་གསལ་སྟོང་རྗེན་པ་འདི་ལ་རྫོགས་པ་ཆེན་པོ་ཟེར། དེའི་སྒྲ་བཤད་པ་གང་ཡིན་ཞེ་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ངང་དུ་རྫོགས་པས་ན་རྫོགས་པ་ཟེར། དེ་ལས་ལྷག་པའི་འཁོར་བ་ལས་སྒྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་ཆེན་པོ་ཟེར། གཞི་ལམ་འབྲས་གསུམ་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་འཁོར་འདས་ཀྱི་བློས་མ་རེག་ཅིང་འཁྲུལ་བ་འདིས་མ་གོས་པའི་གནས་ལུགས་རྗེན་པ་འཁྲུལ་མ་མྱོང་ཞིང་ཅིར་ཡང་མ་གྲུབ་པ་ཅིར་ཡང་འབྱུང་བ་འདི་ལ་གཞི་ཟེར་བ་ཡིན། ད་ལྟའི་རིག་པ་འདི་ལྷོད་དེ་བཞག་པའི་དུས་ན་བཟང་རྟོག་ངན་རྟོག་ལུང་མ་བསྟན་པ་གསུམ་དང་བྲལ་བའི་སྟོང་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཞིག་འདུག་པ་འདི་ལ་ལམ་ཟེར་བ་ཡིན། ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་མ་རིག་པ་དང་འཁྲུལ་པ་རང་སར་དག་ནས་ཆོས་དབྱིངས་མངོན་དུ་གྱུར་པ་ལ་འབྲས་བུ་ཟེར་བ་ཡིན། ལྟ་སྒོམ་སྤྱོད་གསུམ་གང་ཡིན་ཞེ་ན། རང་གི་སེམས་འདི་ལུས་ཀྱི་ཕྱི་ནང་གང་དུ་འདུག །ཁ་དོག་དང་དབྱིབས་ཇི་འདྲ་སོགས་ཇི་ལྟ་བ་བཞིན་གཏན་ལ་ཕབ་པས་མ་རྙེད་པའི་སྟོང་པ་དེ་ལ་ལྟ་བ་ཟེར་བ་ཡིན། ལྟ་བ་དེའི་ངང་ལ་བྱིང་རྒོད་རྨུགས་གསུམ་གང་གི་ཡང་དབང་དུ་མི་གཏོང་བར་སེམས་གློད་ནས་འཇོག་པ་ལ་སྒོམ་པ་ཟེར་བ་ཡིན། སྣང་བ་གང་ཤར་ཐམས་ཅད་སྒོམ་དེས་རྒྱས་བཏབ་ནས་རྩལ་སྦྱོང་བ་ལ་སྤྱོད་པ་ཟེར་བ་ཡིན། ཞི་གནས་དང་ལྷག་མཐོང་དེ་གཉིས་ཟུང་དུ་འབྲེལ་ཚུལ་གང་ཡིན་ཟེར་ན། སེམས་ཕྱི་རོལ་དུ་འཕྲོ་བ་ཞི་ནས་ནང་དུ་ཁྲིག་གེར་གནས་པ་དེ་ལ་ཞི་གནས་ཟེར་བ་ཡིན། དེའི་ངོ་བོ་རིག་སྟོང་རྗེན་པར་ངོ་ཤེས་པ་དེ་ལ་ལྷག་མཐོང་ཟེར་བ་ཡིན། ཡང་གནས་ཐོག་ནས་ངོ་བོ་རིག་ཅིང༌། རིག་ཐོག་ནས་ཁྲིག་གེར་འདུག་པ་དེ་ལ་ཞི་ལྷག་ཟུང་དུ་འཇུག་པ་ཟེར་བ་ཡིན། མཉམ་བཞག་དང་རྗེས་ཐོབ་གཉིས་གང་ཡིན་ཟེར་ན། སྤྱིར་རང་གི་རིག་པ་སྟོང་སེང་ངེ་བ་འདི་ལ་རྩེ་གཅིག་ཏུ་འཇོག་པ་ནི་མཉམ་བཞག་ཟེར་བ་ཡིན། དེ་ལས་ལངས་ཏེ་གང་ཤར་ཐམས་ཅད་སྣང་ཡང་བདེན་མེད་སྟོང་པར་ཤེས་པ་དེ་ལ་རྗེས་ཐོབ་ཟེར་བ་ཡིན། ཁྱད་པར་རྫོགས་ཆེན་རང་ལུགས་ལ་གང་ཤར་དེ་དང་དེའི་ངོ་བོ་ཤེས་བཞིན་པའི་ངང་དུ་གནས་པ་ལ་མཉམ་བཞག་དང༌། དེ་དང་དེའི་ངོ་བོ་ཤེས་བཞིན་པའི་ངང་དུ་འགྱུ་བ་ལ་རྗེས་ཐོབ་ཟེར་བ་ཡིན། དེ་བས་ན་གང་སྣང་གི་ཐོག་ཏུ་དགེ་སྦྱོར་སྐྱོང་བ་རང་ལའང་དེའི་ངོ་བོ་སྟོང་སེང་ངེ་བར་གནས་པ་དེ་ལ་མཉམ་གཞག་དང༌། དེའི་ངང་ནས་སྤྲུལ་བསྒྱུར་སོགས་འགྱུ་བའི་ཆ་དེ་རྗེས་ཐོབ་ཡིན། རྗེས་ཐོབ་དང་རྗེས་ཤེས་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རིག་པས་རྩིས་ཟིན་པ་ལ་རྗེས་ཐོབ་དང༌། མ་ཟིན་པ་ལ་རྗེས་ཤེས་ཟེར་བ་ཡིན། སྒོམ་མཉམ་རྗེས་འདྲེས་ཟེར་བའི་དོན་གང་ཡིན་ཟེར་ན། སྣང་བ་བཟང་ངན་ཐམས་ཅད་སྤང་བླང་མེད་པར་རིག་སྟོང་རྗེན་པ་འདི་ལས་མ་གཡོས་པ་དེ་ལ་མཉམ་རྗེས་འདྲེས་ཟེར་བ་ཡིན། སྒོམ་ཉིན་མཚན་འདྲེས་ཞེས་པ་གང་ཡིན་ཞེ་ན། ཉིན་པར་སྣང་བ་འཁྲུལ་བ་མི་འཆར་མཚན་མོ་རྨི་ལམ་འཁྲུལ་བ་མི་འཆར་བའི་གཉིད་ལོག་རུང་མ་ལོག་རུང་ཉམས་ལེན་གྱི་སྟེང་ནས་མི་གཡོ་བ་དེ་ལ་སྒོམ་ཉིན་མཚན་འདྲེས་ཟེར་བ་ཡིན། བྱིང་རྒོད་རྨུགས་གསུམ་གང་ཡིན་ཞེ་ན། ལུས་སེམས་ཉོབ་ནས་རིག་པའི་གསལ་ཆ་ལྷོད་ལྷོད་པོར་གྱུར་བ་དེ་ལ་བྱིང་བ་ཟེར་བ་ཡིན། ཡུལ་ཡིད་དུ་འོང་བ་གང་ཡང་རུང་བ་ལ་དམིགས་ནས་དེ་ལ་སྲེད་པའི་རྣམ་པ་ཕྱིར་ལ་འཕྲོ་ཞིང་གནས་པའི་བར་དུ་གཅོད་པ་དེ་ལ་རྒོད་པ་ཟེར་བ་ཡིན། རང་གི་དམིགས་པ་གང་ཡིན་དེ་ལ་རྨོངས་ནས་ལུས་སེམས་གཉིས་ཀ་ལྕི་ཞིང་བཀོལ་དུ་མི་བཏུབ་པ་དེ་ལ་རྨུགས་པ་ཟེར་བ་ཡིན། དྲན་པ་དང་ཤེས་བཞིན་གཉིས་གང་ཡིན་ཞེ་ན། སྔར་ནས་ངེས་པའི་དམིགས་པ་དེ་ཉིད་བརྗོད་པ་མེད་པར་ཡིད་ལ་དུང་ངེར་གནས་པ་དེ་ལས་གཞན་དུ་མ་ཡེངས་པར་བྱེད་པ་དེ་དྲན་པ་ཡིན། མ་ཡེངས་བའི་དམིགས་ཡུལ་དེའི་རྒྱུན་སྐྱོང་བ་ལས་དེའི་ངང་ནས་ཡིན་མིན་བརྟགས་ཤིང་བསྲུང་བའི་བྱ་ར་བརྒྱུད་དེ་བྱེད་པ་ཤེས་བཞིན་ཡིན། བདེ་གསལ་མི་རྟོག་གསུམ་གང་ཡིན་ཞེ་ན། སེམས་ཁྲིག་གེར་གནས་ཤིང་སྒོམ་སྟོང་སེང་ངེ་དེ་ཀ་གཞིག་མི་ཕོད་པ་དེ་བདེ་བ་ཡིན། དེའི་ངང་ནས་རང་གི་སེམས་སྟོང་ཧད་དེ་བ་རྣམ་རྟོག་གི་དྲི་མ་མེད་ཅིང་སྟོང་སེང་གཅིག་ཏུ་འདུག་པ་དེ་གསལ་བ་ཡིན། རྣམ་རྟོག་མི་དྲན་དགུ་དྲན་གྱི་འགྱུ་བ་ཆད་ནས་སེམས་སྟོང་པ་ལས་གཞན་དུ་མི་གཡོ་བ་དེ་མི་རྟོག་པ་ཡིན། སེམས་རིག་པ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། མ་རིག་པའི་དབང་གིས་མི་འགྱུ་དགུ་འགྱུ་མི་དྲན་དགུ་དྲན་པའི་གློ་བུར་བའི་རྣམ་རྟོག་འདི་ལ་སེམས་ཟེར་བ་ཡིན། མ་རིག་པའི་སླད་མ་ཞུགས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ཞིང་གསལ་སྟོང་འཛིན་མེད་དུ་ངོ་ཤེས་པ་དེ་ལ་རིག་པ་ཟེར་བ་ཡིན། ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་ཅེས་པའི་དོན་གང་ཡིན་ཟེར་ན། ཐོག་མའི་གནས་ལུགས་གཞི་སྐྱེ་བ་མེད་པའི་སྟོང་བ་ལ་ངོ་བོ་ཀ་དག་ཟེར་བ་ཡིན། སྟོང་པ་ཉིད་དེའི་གདངས་འགག་པ་མེད་པ་དེ་ལ་རང་བཞིན་ལྷུན་གྲུབ་ཟེར་བ་ཡིན། དེའི་རྩལ་དག་མ་དག་གང་དུའང་འཆར་བ་དེ་ལ་ཐུགས་རྗེ་ཀུན་ཁྱབ་ཟེར་བ་ཡིན། དང་པོ་ལ་རིག་སྟོང་དབྱེར་མེད། གཉིས་པ་ལ་གསལ་སྟོང་དབྱེར་མེད། གསུམ་པ་ལ་སྣང་སྟོང་དབྱེར་མེད་ཟེར་བ་ཡིན། རིག་པ་གསལ་སྟོང་འཛིན་མེད་ཅེས་པའི་དོན་གང་ཡིན་ཞེ་ན། ད་ལྟའི་སེམས་འདི་འཕྲོ་འདུའི་འགྱུ་བ་ཆད་ནས་རྟོག་མེད་ཀྱི་ངང་ནས་གསལ་སེང་ངེ་བ་དེའི་ངོ་བོ་བལྟས་པས་ཅིར་ཡང་མ་གྲུབ་པའི་སྟོང་སེང་ངེ་བ་ཡིན་མིན་མེད་པར་རྗེན་ནེ་ལྷག་གེ་བ་དེ་ལ་རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། རང་བྱུང་གི་ཡེ་ཤེས་ཞེས་པའི་དོན་གང་ཡིན་ཞེ་ན། གང་སྣང་གང་ཤར་ཐམས་ཅད་ཀྱི་ངོ་བོ་གསལ་སྟོང་འཛིན་མེད་རིག་པ་རྗེན་པ་ངོ་ཤེས་པ་དེ་ལ་རང་བྱུང་གི་ཡེ་ཤེས་ཟེར་བ་ཡིན། སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཅེས་པའི་དོན་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཡིན། སྟོང་པའི་རང་གདངས་དེ་སྣང་བ་ཡིན། སྣང་བ་ལས་གཞན་པའི་སྟོང་པ་ཡང་མེད། སྟོང་པ་ལས་གཞན་པའི་སྣང་བའང་མེད་པ་དེ་ལ་སྣང་སྟོང་དབྱེར་མེད་དམ་ཟུང་འཇུག་ཟེར་བ་ཡིན། གོ་མྱོང་རྟོགས་གསུམ་གང་ཞེ་ན། ཐོས་བསམ་ལ་བརྟེན་ནས་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག་པར་གོ་བ་དེ་ལ་གོ་བ་ཟེར་བ་ཡིན། དེ་བླ་མའི་མན་ངག་ལ་བརྟེན་ནས་རྒྱུད་ཐོག་ཏུ་ཉམས་སུ་བླང་བས་རང་ངོ་ཤེས་པ་དེ་ཉམས་མྱོང་ཡིན། མྱོང་བ་དང་བྲལ་ནས་གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་དེ་རྟོགས་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་གང་ཡིན་ཞེ་ན། སེམས་ངོ་བོ་སྟོང་སེང་ངེ་བ་འདི་ལ་སྐྱེ་མེད་ཟེར་བ་ཡིན། །དེའི་གདངས་སྣ་ཚོགས་སུ་འཆར་བ་ལ་འགག་མེད་ཟེར་བ་ཡིན། གདོད་མའི་གནས་ལུགས་བློ་ལས་འདས་པ་དེ་ལ་གནས་པ་དང་བྲལ་བ་ཟེར་བ་ཡིན། སྣང་སྟོང་གང་གི་དུས་ཀྱི་རིག་པ་ཟང་ཐལ་མ་འདི་རྟོག་པའི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཟེར་བ་ཡིན། ཡུལ་མེད་ཀྱི་ཤེས་པ་རང་གསལ་ཞེས་པའི་དོན་གང་ཡིན་ཞེ་ན། ཡུལ་ཅན་ཐ་དད་ཀྱི་བདེན་འཛིན་རང་སར་གྲོལ་བ་དེ་ལ་ཡུལ་མེད་ཀྱི་ཤེས་པ་ཟེར་བ་ཡིན། ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་བ་ཞེས་པའི་དོན་གང་ཞེ་ན། ཡ་ཐ་སངས་རྒྱས་ཀྱི་ཐུགས་རྒྱུད་ནས་མ་ཐ་སོ་སོའི་སྐྱེ་བོ་ཡན་ཆད་ཀྱི་རྒྱུད་ན་ཡོད་པའི་རིག་པ་གློ་བུར་གྱི་རྐྱེན་གང་གིས་ཀྱང་མ་བཅོས་པ་དེ་ལ་ཐ་མལ་གྱི་ཤེས་པ་ཟེར་བ་ཡིན། དེ་ངོ་ཤེས་པ་ལ་སེམས་ཀྱི་གནས་ལུགས་ཤེས་པ་ཟེར། དེ་རྒྱུན་སྐྱོང་བ་ལ་ཐ་མལ་གྱི་ཤེས་པའི་རྒྱུན་སྐྱོང་ཟེར། བྱུང་གནས་འགྲོ་གསུམ་གང་ཞེ་ན། སེམས་འདི་དང་པོ་གང་ནས་བྱུང༌། བར་དུ་གང་ན་གནས། མཐར་གང་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་སྙམ་དུ་འཚོལ་བ་དེ་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་སེམས་འཚོལ་དགོས་ཞེས་པའི་དོན་ཡིན་ཅིང༌། མཐར་གང་ཡང་མ་རྙེད་པའི་སྟོང་སེང་ངེ་ཞིག་དགོས་པ་ཡིན། གནས་འགྱུ་རིག་གསུམ་གང་ཡིན་ཞེ་ན། གང་ཤར་གྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་གསལ་སྟོང་འཛིན་མེད་དུ་ངོ་ཤེས་པ་དེ་གའི་ངང་དུ་ཁྲིག་གེར་གནས་པ་དེ་གནས་པ་ཡིན། ངོ་ཤེས་བཞིན་དེ་གའི་ངང་དུ་སྤྲུལ་བསྒྱུར་སོགས་ བྱས་ཏེ་འཕྲོ་བ་དེ་འགྱུ་བ་ཡིན། གནས་ཐོག་ནས་འགྱུ། འགྱུ་ཐོག་ནས་གནས་པ་གང ་ཡིན་རུང་ངོ་བོ་གསལ་སྟོང་རྗེན་པར་ཤེས་པ་དེ་རིག་པ་ཡིན། མདོར་ན་གནས་འགྱུ་རིག་གསུམ་དོན་ལ་གཅིག་ཡིན་ཟེར་དགོས། ཡང་ན་སེམས་གཞན་དུ་མ་ཡེངས་པ་དེ་གནས་པ། མ་ཡེངས་པའི་ངང་དུ་རྣམ་རྟོག་ཤར་བ་འགྱུ་བ། དེ་ལྟར་དབྱེར་མེད་རང་སེམས་སྟོང་པ་གཅིག་པུར་ཤེས་པ་དེ་རིག་པ་ཟེར། འཁོར་འདས་དབྱེར་མེད་ཅེས་པའི་དོན་གང་ཡིན་ཞེ་ན། སེམས་ཀྱི་རྣམ་པར་སྣང་བའི་ཆ་དེ་འཁོར་བ་ཡིན། སེམས་ཀྱི་ངོ་བོ་སྟོང་པའི་ཆ་དེ་མྱང་འདས་ཡིན། འཁོར་བ་མྱང་འདས་གཉིས་རང་གི་སེམས་ཉིད་ཀྱི་ངོ་བོ་སྟོང་པའི་ངང་དུ་དབྱེ་རྒྱུ་མེད་པ་དེ་ལ་འཁོར་འདས་དབྱེ་མེད་ཟེར་བ་ཡིན། ཁ་ཕྱིར་བལྟས་དང་ནང་བལྟས་ཟེར་བའི་དོན་གང་ཡིན་ཞེ་ན། དགྲ་སྡང་བ་ལ་དགྲ་བདེན་པར་འཛིན། དེ་བཞིན་དུ་མིག་གི་ཡུལ་དུ་གཟུགས། རྣ་བའི་ཡུལ་སྒྲ། སྣའི་ཡུལ་དུ་དྲི། ལྕེ་ཡི་ཡུལ་དུ་རོ། ལུས་ཀྱི་ཡུལ་དུ་རེག་བྱ། ཡིད་ཀྱི་ཡུལ་དུ་ཆོས་ལ་སོགས་ཇི་ལྟར་སྣང་བ་བཞིན་བདེན་པར་འཛིན་པ་དེ་ལ་ཁ་ཕྱིར་བལྟས་ཟེར་བ་ཡིན། གཟུགས་སུ་སྣང་བ་ལ་ཅེར་གྱིས་བལྟས་ནས་དེ་དག་དགག་སྒྲུབ་གང་ཡང་མི་བྱེད་པར་དེ་ཀའི་ངོ་བོ་གསལ་སྟོང་རྗེན་ནེ་ལྷག་གེ་བ་དེ་ལ་མཉམ་པར་འཇོག་པ་དེ་ལ་ཁ་ནང་བལྟས་ཟེར་བ་ཡིན། ཚོགས་དྲུག་སོགས་རྣམ་རྟོག་ཐམས་ཅད་ལ་དེའི་རིགས་འགྲེའོ། །ནག་པོ་ཁ་འབྱམས་ཞེས་པའི་དོན་གང་ཡིན་ཞེ་ན། གོ་ལོ་རྟོགས་ལོ་ཙམ་ལ་དྲན་པའི་སོ་བ་ཉམས་ནས་ངོ་མ་ཤེས་པའི་རྣམ་རྟོག་འབའ་ཞིག་ལ་རྒྱ་འབྱམས་པ་བཟང་ངན་དང་ཡེངས་མེད་འཛིན་མེད་ཡིན་ཟེར་བ་ལ་ནག་པོ་ཁ་འབྱམས་ཟེར་བ་ཡིན། རིག་པ་རྗེན་ལ་བུད་ཅེས་པའི་དོན་གང་ཡིན་ཞེ་ན། འདས་པའི་སེམས་ནི་འགགས་ནས་མེད། མ་འོངས་པའི་སེམས་ནི་མ་སྐྱེས་ནས་མེད། ད་ལྟར་གྱི་སེམས་ནི་སྟོང་གསལ་རྗེན་ནེ་ལྷག་གེར་རྟོགས་པའི་ངང་ལས་མ་གཡོས་པ་དེ་ལ་རིག་པ་རྗེན་པར་བུད་ཟེར་བ་ཡིན། སྐད་ཅིག་མའི་མཚང་རིག་ཅེས་པའི་དོན་གང་ཡིན་ཞེ་ན། ད་ལྟའི་རིག་པ་དྲི་མ་མེད་པ་འདིའི་རང་ངོ་ཤེས་ནས་དེའི་རྒྱུན་སྐྱོང་བ་ལ་སྐད་ཅིག་མའི་མཚང་རིག་ཟེར་བ་ཡིན། སེམས་དང་རྣམ་རྟོག་ཉོན་མོངས་སྣང་བ་རྣམས་ཀྱི་སྟེང་དུ་སྐུ་བཞི་ཚང་ཞེས་པའི་དོན་གང་ཡིན་ཞེ་ན། སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་དེ་ཆོས་སྐུ་ཡིན། དེའི་གདངས་འགགས་པ་མེད་པ་ལོངས་སྐུ་ཡིན། དེའི་རྩལ་ཅིར་ཡང་འཆར་བ་དེ་སྤྲུལ་སྐུ་ཡིན། དེ་གསུམ་ངོ་བོ་དབྱེར་མེད་པ་དེ་ལ་ངོ་བོ་ཉིད་སྐུ་ཡིན། དེ་བཞིན་དུ་གཞན་རིགས་འགྲེའོ། །ཡང་སེམས་དང་རྣམ་རྟོག་ཉོན་མོངས་པ་སྣང་བ་རྣམས་ཀྱི་སྟེང་དུ་ཞི་ལྷག་ཟུང་འཇུག་ཚང་ཞེས་པའི་དོན་གང་ཡིན་ཞེ་ན། རྣམ་རྟོག་རིམ་གྱིས་ཤར་དུས་དེའི་ངོ་བོའི་ཐོག་ཏུ་སེམས་ཁྲིག་གེ་གནས་པ་དེ་ཞི་གནས་ཡིན། དེའི་ངོ་བོ་གསལ་སྟོང་རྗེན་པར་ངོ་ཤེས་པ་དེ་ལྷག་མཐོང་ཡིན། དེ་གཉིས་དབྱེར་མེད་པ་དེ་ཞི་ལྷག་ཟུང་འཇུག་ཡིན། དེ་བཞིན་དུ་འདོད་ཆགས་རིམ་གྱིས་སྐྱེས་པ་དེའི་ངོ་བོའི་ཐོག་ཏུ་སེམས་ཁྲིག་གེ་གནས་པ་དེ་ཞི་གནས་ཡིན། དེའི་ངོ་བོ་གསལ་སྟོང་རྗེན་པར་མཐོང་བ་དེ་ལྷག་མཐོང་ཡིན། དེ་གཉིས་དབྱེར་མེད་པ་དེ་ཞི་ལྷག་ཟུང་འཇུག་ཡིན། འདོད་ཆགས་ལམ་དུ་ཁྱེར་བའང་དེ་འདྲ་ཞིག་ལ་ཟེར་བ་ཡིན། དེས་ཉོན་མོངས་པ་གཞན་དུ་སྣང་བ་རྣམས་ལའང་རིགས་འགྲེས་སོ། །རིག་པ་རང་ངོ་འཕྲོད་པའི་ཚད་གང་ཡིན་ཞེ་ན། འདི་ལ་གསུམ་ཡོད་པ་ལས། རིམ་གྱིས་པའི་རིག་པ་རང་ངོ་འཕྲོད་པའི་ཚད་ནི། སྣང་བ་ཐམས་ཅད་སེམས་སུ་ཐག་བཅད། སེམས་ཉིད་སྟོང་པར་ཐག་བཅད། སྣང་སྟོང་གཉིས་མེད་ཟུང་འཇུག་དུ་ཐག་བཅད་ནས་ཆོས་ཐམས་ཅད་རིག་སྟོང་དབྱེར་མེད་དམ་རྗེན་པར་རྟོགས་པ་ནི་རིམ་གྱིས་པའི་རང་ངོ་འཕྲོད་པའི་ཚད་ཡིན། རིམ་གྱིས་བསྒོམ་པ་མིན་པར་བླ་མས་རིག་པ་ངོ་སྤྲད་ཙམ་ཉིད་ནས་གང་སྣང་རིག་སྟོང་རྗེན་པར་རྟོགས་པ་དེ་ཅིག་ཆར་བའི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། ཚེ་འདིར་ཡུན་ཐུང་ཞིང་ལེ་ལོ་ཆེ་བས་རིག་སྟོང་རྗེན་པར་མངོན་དུ་མ་གྱུར་ཀྱང་བར་མ་དོའི་དེའི་རྟོགས་པ་གཤའ་མ་ཞིག་འཆར་བ་དེ་ཐོད་རྒལ་གྱི་རིག་པ་རང་ངོ་འཕྲོད་པའི་ཚད་ཡིན། སྣང་བ་ཐམས་ཅད་སེམས་ཡིན་ནམ་མ་ཡིན་ཞེ་ན། དྭགས་པོ་བཀའ་བརྒྱུད་པ་འགའ་ཞིག་གི་བཞེད་པ་ལྟར། སྣང་བ་སེམས་སུ་འདོད་པ་རྙིང་མ་ཁ་ཅིག་ཡིན་གྱི། རང་ལུགས་ལ་སྣང་བ་སེམས་མ་ཡིན་སེམས་ཙམ་འདོད་དགོས་ལ། དེའི་རྒྱུ་མཚན་སྣང་བ་ཐམས་ཅད་སེམས་ཀྱིས་བཏགས་པའི་བཅོས་མ་ཡིན་པའི་གནད་ཀྱིས་སོ། །རྣམ་རྟོག་ཆོས་སྐུ་ཡིན་ནམ་མ་ཡིན་ཞེ་ན། དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱིས་རྣམ་རྟོག་ཆོས་སྐུར་འདོད་ཀྱང༌། ངེད་རང་རྫོགས་ཆེན་པ་རྣམས་གྱིས་དེ་མི་འདོད། འོན་ཀྱང་རྣམ་རྟོག་ལྷག་གེར་སྐྱེ་དུས་ངོ་བོ་ལ་བལྟས་པས་རྣམ་རྟོག་དེ་ཕར་ཡལ་མ་དགོས། ཚུར་སྒོམ་ལ་བཙུད་མ་དགོས་པར་རྣམ་རྟོག་ལམ་མེ་བ་དེ་ཀ་ངོས་བཟུང་མེད་པར་རིག་སྟོང་རྗེན་པར་འདུག་པ་དེ་ལ་རྣམ་རྟོག་ཆོས་སྐུར་ཤར་བ་ཟེར་ཞིང༌། དེ་ལྟ་བུ་རྫོགས་ཆེན་པས་ཀྱང་ཁས་ལེན་དགོས། སྣང་བ་དང་ཉོན་མོངས་སྒོམ་དུ་ཤར་བའི་དོན་ཡང་དེ་དང་འདྲའོ། །སེམས་ཅན་ཐམས་ཅད་གདོད་མ་ནས་སངས་རྒྱས་ཡིན་ཟེར་བའི་དོན་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་ཆོས་ཀྱི་དབྱིངས་དེ་བསྒོམ་པས་བཟང་དུ་མ་སོང༌། མ་བསྒོམ་པས་ངན་དུ་མ་སོང༌། དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ། འཁོར་འདས་ཀྱི་རྒྱ་མ་ཆད། ཕྱོགས་རིས་ཀྱི་སྤྲོས་པས་དབེན་པ་དེ་ལ་གཞི་ཟེར་བ་ཡིན། དེ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པས། དེ་ལ་དགོངས་ནས་སེམས་ཅན་ཐམས་ཅད་གདོད་མ་ནས་སངས་རྒྱས་ཡིན་གསུངས་ཤིང༌། དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་ཟེར་བའི་དོན་ཡང་དེ་ལྟར་ཡིན། གཞི་ལམ་འབྲས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ངོས་འཛིན་གང་ཡིན་ཞེ་ན། ཐོག་མའི་གནས་ལུགས་ཆོས་ཀྱི་དབྱིངས་དེ་སེམས་ཅན་ཐམས་ཅད་ལ་ཡོད་པས་བདེ་གཤེགས་སྙིང་པོ་གནམ་གང་གི་ཟླ་བ་ལྟ་བུ་དེ་གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཡིན། ཚོགས་སྦྱོར་ནས་རྒྱུན་མཐའི་ཚུན་ཆད་ལམ་གྱི་རྟོགས་པ་ཚེས་གཉིས་ཀྱི་ཟླ་བ་ནས་བཅུ་བཞིའི་བར་ལྟ་བུ་དེ་ཀ་ལ་ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡིན། སྤངས་བྱ་མ་ལུས་སྤངས་ཤིང་ཡོན་ཏན་མཐའ་དག་རྫོགས་པ་བཅོ་ལྔའི་ཟླ་བ་ལྟ་བུ་དེ་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གང་ཡིན་ཞེ་ན། སྟོང་པ་ཉིད་ཀྱི་རྟོགས་པ་མཐར་ཕྱིན་ནས་ཆོས་ཀྱི་དབྱིངས་དེ་ཡེ་ཤེས་ཀྱི་ངོ་བོར་ཤར་བས་ཆོས་ཐམས་ཅད་དེའི་ངོ་བོར་ཞི་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་སྐུ་ཡིན། ཡེ་ཤེས་སྤྲོས་མེད་དེ་ཉིད་ཟག་མེད་ཀྱི་བདེ་བར་ཡེ་ཤེས་ཀྱི་ལོངས་སྤྱོད་དུ་གསལ་བ་དེ་ལོངས་སྐུ་ཡིན། དེའི་གདངས་འགག་པ་མེད་པ་སྨོན་ལམ་ཐུགས་རྗེས་རང་གཟུགས་སུ་སྣང་བ་དེ་སྤྲུལ་སྐུ་ཡིན། དངོས་གཞི་རྫོགས་པ་ཆེན་པོའི་སྒོམ་ཚུལ་གང་ཡིན་ཞེ་ན། ད་ལྟའི་རིག་དྲི་མ་མེད་པ་གསལ་སྟོང་འཛིན་མེད་འདི་ཁ་ཡན་དུ་ཀློད་ཅིང་རྣམ་རྟོག་སྣང་བ་གནས་འགྱུ་གང་ལ་ཡང་བཟང་ངན་དགག་སྒྲུབ་འདོར་ལེན་དཔྱད་པ་མི་བྱ་བར་རིག་སྟོང་རྗེན་པར་སྐྱོང་བ་འདི་རྫོགས་ཆེན་གྱི་སྙིང་པོ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཐུགས་བཅུད་དགོངས་པ་བླ་ན་མེད་པ་ཡིན་ཏེ། འདིའི་གནད་ཤེས་ན་སྒོམ་ལར་མི་འོང་བའི་དོན་མེད། ཀློང་ཆེན་རབ་འབྱམས་པའི་ཞལ་ནས། ཚོགས་དྲུག་ཡུལ་ལ་སྣང་བ་ཕར་འཆར་རམ། རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ། གང་ཡིན་ཡང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ ངན་རྟོག་དུ་ཤར་ཡང་རང་གསལ་དུ་རྗེན་ནེ། བཟང་རྟོག་དུ་ཤར་ཡང་མཐར་གྲོལ་དུ་སེང་ངེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ། ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་དུ་མ་ཞུགས་པར་ས་ལེ་སེང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མིན་ན་ཕར་ཞོག ཡིན་ན་ངོ་བོ་ཆོས་སྐུ་མ་ཡིན་པ་མི་སྲིད་པས་ངོ་ཤེས་པར་བྱའོ། །ཞེས་ཤེས་པ་རྐྱེན་དྲག་པོས་བསླད་དེ་དུག་ལྔ་ལྟ་བུ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་བཟུང་དུས་ཡེ་ཤེས་ལྷག་གེར་གསལ་ལ། ཤེས་པའི་སྟེང་དུ་དགའ་བ་དང༌། མི་དགའ་བ་དང༌། བར་མ་དང༌། བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པ་འཆར། རིག་པ་འཕྲོ་འདུ་མེད་པ་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་སེང་ངེ་བའི་གསལ་གདངས་རྗེན་པ་མ་ཡེངས་པར་ཕྱ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་ཤར་དུས་ཀྱང་གང་ཤར་ལ་བལྟ་བ་དེ་སྒོམ་དུ་འདོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་ལ་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་སྒོམ་པའི་ངོ་བོ་ཡིན་སྙམ་ན་འཁྲུལ་བར་འགྱུར་རོ། །སེམས་གནས་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་ལ། དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན། འདིར་གང་གི་དུས་ཡིན་ཡང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་བར་འདི་རང་ལ་བསྐྱངས་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན། ཁྲེགས་ཆོད་ཀྱི་དོན་རིག་པ་རྗེན་ལ་བུད་ནས་ས་ལེར་སྐྱོང་བ་དེ་ལ་ཟེར་བའི་གནད་ཁོ་ན་གལ་ཆེ་བ་ཡོད་པས་ངོ་ཤེས་པར་བྱའོ། །ཞེས་གསུངས་ཤིང༌། བསམ་གཏན་ངལ་གསོའི་འགྲེལ་བ་ཤིང་རྟ་རྣམ་དག་ལས་ཀྱང༌། གེགས་གང་བྱུང་ཡང་ངོས་བཟུང་ལ། བླ་མ་ལ་མོས་གུས་ཀྱི་གསོལ་འདེབས་བཅས་པ་དྲག་ལ་བྱིན་ཕེབས་ པ་ཞིག་བྱས་ནས་གེགས་དེ་གང ་ནས་བྱུང་གང་ལ་གནོད་བརྟགས་པས་དེ་རྣམས་མ་རྙེད་པའི་རིག་པ་ཟང་ཐལ་རྗེན་པ་དེ་སྟོང་སེང་ངེར་འདུག་དུས་ཐམས་ཅད་རིག་པའི་རང་མདངས་སུ་གྲོལ་དེ་བར་ཆད་དངོས་གྲུབ་ཏུ་ཤེས་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་གང་ཤར་ཅི་སྣང་སྐྱོན་ཡོན་དུ་གྱུར་ཚད་ཐམས་ཅད་རིག་པའི་རོལ་བ་ལས་གཞན་མེད་དེ། བདེ་ཡང་རིག་པ། སྡུག་ཀྱང་རིག་པ། ན་ཡང་རིག་པ། དགའ་ཡང་རིག་པ་ཁོ་ན་མ་གཏོགས་པ་གང་ཡང་མེད་པས་གནད་འདི་གོ་ན་སྐྱིད་པ་ཞིག་ལགས་སོ། །ཁོ་བོའི་གེགས་ཐམས་ཅད་འདིས་བསལ་བས་ཤིན་ཏུ་སྐྱིད་པ་བྱུང་ངོ༌། །གེགས་དང་མི་མཐུན་པ་ཅི་བྱུང་ཡང་དགེ་སྦྱོར་དུ་ཧྲིལ་གྱིས་འགྲོ་བ་ཞིག་རྣལ་འབྱོར་པ་ལ་དགོས་པ་ལགས་སོ། །ཞེས་གསུངས་སོ། །མདོར་ན་མིག་གི་མཐོང་བ་དང༌། རྣ་བས་ཐོས་པ། སྣས་སྣོམ་པ། ལྕེས་མྱོང་བ། ལུས་ཀྱིས་རེག་པ། ཡིད་ཀྱིས་དྲན་པ་སོགས་གང་སྣང་གང་ཤར་གྱི་ཆོས་ཐམས་ཅད་སྣང་བ་ལ་བཟང་ངན་འབྲིང་གསུམ་གང་འདྲ་ཞིག་སྣང་ཡང་གནས་ལུགས་ངོ་བོ་རིག་སྟོང་རྗེན་པར་གནས་པ་འདི་ཤེས་ན་ཉམས་ལེན་གྱི་མུ་གེ་མི་སྡང༌། གནས་ལུགས་ཡེ་དག་གང་ཤར་སྒོམ་གྱི་ཡོ་ལངས་སུ་འཆར་བ་འདི་རྫོགས་པ་ཆེན་པོའི་གསང་ཚིག་རིག་པ་འཛིན་པ་རྣམས་ཀྱི་ཁྱད་ཆོས་བླ་ན་མེད་པའོ། ཁྲེགས་ཆོད་ལས་བརྩམས་པའི་གལ་ཆེན་རྣམས་བཤད་ཟིན་ཏོ། །ཅེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་པདྨ་རིག་འཛིན་གྱིས་སྦྱར་བའོ། །དགེའོ། །དགེའོ། །དགེའོ། །ཛ་ཡནྟུ། བཀྲ་ཤིས། སརྦ་མདྒ་ལཾ། ། ། །
མན་ངག་འདི་ཉིད་སྔར་དུས་ཤིང་པར་དུ་མ་འཁོད་པས་ལག་བྲིས་མ་དཔེ་རྣམས་ཚིག་དོན་གཉིས་ཆར་སྐྱོན་ཅན་ཁོ་ན་སྣང་ཞིང༌། ད་ལམ་ཁོ་བོ་ཅག་གི་རིགས་བདག་མཚུངས་མེད་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོའི་ཕྱག་དཔེ་ཁྲིད་རྒྱུན་བཅས་བསྩལ་བ་ལ་གཞི་བྱས་ཤིང༌། ཡང་དུ་དཔེ་བསྡུར་ཞུ་དག་གི་ཁུར་ལེན་པ་པོ་ནི་དམ་པའི་མཚན་གྱི་ཅོད་པན་འཆང་བ་བསྟན་འཛིན་ལུང་རྟོགས་ཉི་མའོ། །