Nitartha Digital Library
Tibetan
 
previousརྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ།།next

རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ།།

དཔལ་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་དབྱེར་མ་མཆིས་པ་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །གཟོད་ནས་ཆོས་སྐུའི་ངོ་བོར་ཡེ་གྲུབ་ཕུན་སུམ་ཚོགས་མངའ་སྟོན་པ་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་བདེར་གཤེགས་རྒྱལ་བ་སྲས་བཅས་དང་། །རིག་འཛིན་རྣམས་དང་སྙན་བརྒྱུད་གསང་བའི་མཛོད་མཛིན་རྫོགས་ཆེན་བརྒྱུད་པར་བཅས་རྣམས་ལ། །རྣམ་པ་ཀུན་ཏུ་སྒོ་གསུམ་གུས་པས་མཆོད་ཅིང་ཕྱག་འཚལ་བསྟོད་དེ་གསོལ་བ་འདེབས། །ཨོ་རྒྱན་དྲི་མེད་མདངས་ལྡན་མཚོ་གླིང་ནས། །རང་བྱུང་པདྨའི་སྡོང་པོའི་གེ་སར་ལ།རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་སྐུར་བྱོན་པ། །པདྨ་སཾ་བྷས་དེ་རིང་བདག་བློ་སྐྱོངས། །སྐྱེ་མེད་རྣམ་དག་ཆོས་དབྱིངས་ཀུན་ཁྱབ་མཁའ། །འགག་མེད་མཁྱེན་བརྩེའི་ཡེ་ཤེས་རྟ་བདུན་རྒྱས། །འཁྲུལ་མེད་ཟབ་གསལ་སྙིང་པོའི་དོན་སྟོན་པ། །མཚུངས་མེད་གྲུབ་དབང་པདྨ་རིག་འཛིན་བསྟོད། །སྐུ་གསུམ་སྟོན་པའི་དགོངས་དོན་མངོན་གྱུར་ཞིང་། །དུས་གསུམ་འགྲོ་ལ་ཆོས་ཀྱི་ཆར་འབེབས་ནས། སྲིད་གསུམ་ཐར་པའི་ས་བོན་བསྐྱེད་མཛད་པ། །ཁམས་གསུམ་འགྲན་བྲལ་དཔལ་ལྡན་བླ་མར་འདུད། །གུར་གུམ་ལྷུན་པོར་ཉི་གཞོན་འབུམ་གྱིས་འཁྱུད་པའི་མདངས་མངའ་བ། །མི་ཤེས་དྲྭ་བ་གཅོད་བྱེད་ཤེས་རབ་རང་བཞན་རལ་གྲི་དང་། །བརྒྱད་ཁྲི་བཞི་སྟོང་སྙིང་པོའི་པུསྟ་ཀ་བསྣམས་མཚན་དཔེས་སྤྲས། །འཇམ་དབྱངས་མགོན་ཁྱོད་བདག་ཡིད་བཞུགས་ལ་ཐོགས་མེད་སྤོབས་པ་སྩོལ། །རྒྱལ་གསུང་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི། །སྙིང་པོར་གྱུར་པ་ཐེག་པའི་ཡང་རྩེ་མཆོག །ཟབ་ལས་ཆེས་ཟབ་རྫོགས་ཆེན་གསང་བའི་མཛོད། །མཁའ་འགྲོའི་སྙིང་ཐིག་གདམས་པ་འདིར་བཤད་བྱ། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཀུན་ཏུ་བཟང་པོའི་དགོངས་དོན་རིག་འཛིན་གྲུབ་དབང་རྣམས་ཀྱི་གཤེགས་ཤུལ། །སྐལ་པ་དང་ལྡན་པ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གླིང་དུ་ཁྲིད་པར་བྱེད་པའི་ལམ་བཟང་སྟོན་པར་བྱེད་པ་ལ་དམིགས་རྐང་སོ་སོར་ཕྲལ་ཏེ་ཉིན་རེ་བཞིན་གྱིས་ཆོས་ཐུན་གོང་མ་རྣམས་ཀྱིས་གསུང་རྒྱུན་ཕྱག་ལེན་ལྟར་མདོར་བསྡུས་དེ་བྲི་བར་བྱའོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་གྱི་གོ་འཕང་ཐོབ་པར་བྱ། དེ་ཡི་ཆེད་དུ་སྨིན་གྲོལ་གྱི་ལམ་ཟབ་ཅིང་རྒྱ་ཆེ་བ་ཉན་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་ངང་ནས་ལེགས་པར་གསན་འཚལ། དེ་ལའང་ཆོས་གསན་པའི་ཀུན་སྤྱོད་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་འདུན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །དྲི་མེད་རབ་ཏུ་དྭངས་པ་ཡིས། །གུས་པ་བསྐྱེད་དེ་རྩེ་གཅིག་བཏུད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་པ་ལྟར་། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བྲལ་བར་བྱ་ཏེ་ཉན་པར་བྱའོ། །དེ་ལའང་སྐྱོན་གསུམ་ནི། སྣོད་ཁ་སྦུབ་ཏུ་བཅུད་མི་ཡོང་བ་ལྟར་ཚིག་དོན་ལ་རྣ་བ་མི་གཏད་པ་དང་། སྣོད་དུག་ཅན་དུ་བཅུད་བླུག་ཀྱང་དུག་དང་འདྲེས་པ་བཞིན་ཆོས་ཐོས་ཀྱང་སེམས་ཉོན་མོངས་པའི་དྲི་མ་དང་བཅས་པས་ཕན་མི་ཐོག་སྟེ་ང་རྒྱལ་དང་མ་དད་པ་ལ་སོགས་པའི་སྐྱོན་གྱིས་ཉོན་མོངས་པའི་གཉེན་པོར་མི་འགྲོ་གྲོགས་སུ་འགྲོ་བ་དང་། སྣོད་ཞབས་རྡོལ་དུ་བཅུད་མི་ཆགས་པ་བཞིན་ནན་ཏན་མཐར་ཆགས་མི་བྱེད་པས་རྟོགས་པ་མི་བརྟན་པ་རྣམས་སྤངས་ཏེ་ཉན་པ་ནི། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བསྟན་པར་བྱའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལའང་ལེགས་པར་ཉན་པས་ནི་སྣོད་དུག་ཅན་གྱི་སྐྱོན་དང་བྲལ། རབ་ཏུ་ཉན་པས་ཁ་སྤུབ་ཀྱི་སྐྱོན་དང་བྲལ། ཡིད་ལ་བཟུང་བས་ཞབས་རྡོལ་གྱི་སྐྱོན་དང་བྲལ་བའོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་བསྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པས། རིགས་དང་ཡོན་ཏན་སོགས་ཆེ་ཁྱད་ཀྱི་ང་རྒྱལ་དང་། ཆོས་དང་བླ་མ་ལ་མི་དད་པ་དང་། ཆོས་ལ་དོན་གཉེར་གྱི་འདོད་འདུན་མེད་པ་དང་། མིག་དང་རྣ་བ་ཡིད་ལ་སོགས་པའི་དབང་པོ་ཡུལ་ལ་རྣམ་པར་གཡེང་བ་དང་། གཉིད་རྨུགས་ཀྱིས་སེམས་ནང་དུ་སྡུད་པ་དང་། ཉན་མི་མོས་པར་སུན་པ་དང་སྐྱོ་བ་རྣམས་སྤངས་ནས་ཉན་དགོས་པའོ། །དེ་ལ་ཡང་། གང་ཉན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ནི། ཐེག་པ་རིམ་པ་དགུ་ཡི་རྩེ་མོ་རང་བཞིན་རྫོགས་པ་ཆེན་པོ། སྡེ་གསུམ། ཀློང་དགུ། ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། བམ་པོ་ཉི་ཁྲི་ཆིག་སྟོང་། གཟེར་བུ་བརྒྱ་དང་བརྒྱད་ཅུ། འགག་དོན་བསྡུས་པ་སྟོང་ཕྲག་ཕྱེད་གཉིས། གནད་ཆེན་པོ་སྟོང་ཕྲག་གསུམ། གོལ་སྒྲིབ་ཤན་འབྱེད་ཁྲི་ཕྲག་བཞི་བཅུ། མིང་ཐོག་གི་རྒྱུད་ཁྲི་ཕྲག་གཉིས་ལ་སོགས་པ་དང་། གཞན་ཡང་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་དོན་མན་ངག་ཏུ་དྲིལ་བ་འོད་གསལ་རྡོ་རྗེ་སྙིང་པོའི་གྲོལ་བྱེད་ཀྱི་གདམས་པའི་རིམ་པ་གཏན་ལ་དབབ་པར་བྱ་བ་ལ་གསུམ་སྟེ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱ་བ། གདམས་ངག་གི་སྒོ་ནས་ཉམས་ལེན་བསྟན་པའོ། །
དེ་ལའང་ཐོག་མར་བརྒྱུད་པ་ཁུངས་བཙུན་ཞིང་གདམས་པ་ལ་ངེས་ཤེས་སྐྱེ་ཕྱིར་ལོ་རྒྱུས་མདོ་ཙམ་བཤད་པ་ཡིན་ཏེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་དང་། རྒྱུད་འཕྲུལ་གྱི་བང་མཛོད་ལས་ཀྱང་དེ་ལྟར་གསུངས་པ་དང་། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །ལོ་རྒྱུས་གསལ་བར་བརྗོད་པར་བྱ། ཅེས་སོ། །རྣ་རྒྱུད་ཐིག་ལེ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ཡང་། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་པའི་ཕྱིར། །དང་པོ་བརྒྱུད་པ་ཁུངས་ཀྱི་ལོ་རྒྱུས་གཅེས། །ཞེས་གསུངས་ཤིང་། དེ་ཡང་ཇི་ལྟར་འཆད་ན། བཏགས་གྲོལ་སྙིང་པོ་ལས། སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། ཉིད་ལས་མི་གཞན་སེམས་དཔའི་སྣོད། །བྱིན་གྱིས་རླབས་ཀྱི་བདག་ཉིད་ལས། །བཏགས་པས་གཅིག་ཤེས་ཀུན་གྲོལ་ལོ། །བཅིངས་དང་གྲོལ་བའི་མཐའ་ལས་འདས། །རྡོ་རྗེ་སེམས་དཔའི་བྱིན་བརླབས་ཀྱིས། །རང་བྱུང་དགའ་རབ་ཐུགས་ལ་ཤར། །སེང་ཧ་ཉིད་ལ་རྒྱུད་གཏད་པ། །འབྲས་བུ་ཡོངས་རྫོགས་བཏགས་གྲོལ་རྒྱུད། །ཨོ་རྒྱན་པདྨ་ཉིད་ལ་གཏད། །ལྔ་ལྡན་བུ་ལ་འདི་སྟོན་ཅིག །ཅེས་གསུངས་པ་ལྟར། དང་པོ་ནི། གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྣམ་དག་སྟུག་པོ་བཀོད་པའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་ལོངས་སྐུ་རིགས་ལྔ་ལྷུན་རྫོགས་ཀྱིས་རྣམ་པར་བཞེངས་ཏེ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་འོད་ལྔ་ལྷུན་གྲུབ་ཀྱི་བསྟན་པ། འཁོར་ཕུན་སུམ་ཚོགས་པ་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ། དུས་ཕུན་སུམ་ཚོགས་པ་གཞི་རྫོགས་འཕོ་འགྱུར་མེད་པའི་ཚེ། རང་བཞིན་གྱི་བྱིན་གྱིས་བརླབས་ཀྱིས་གསུངས། དེས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་སུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་ཚིགས་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། དེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བར་གསུངས། དེས་གཞོ་སྟོད་ཏི་སྒྲོ་བྲག་དཀར་དུ་རྡོ་རྗེ་ཕག་མོ་དང་དབྱེར་མེད་པའི་མཁའ་གྲོ་ཡེ་ཤེས་མཚོ་རྒྱལ་ལ་མངོན་སུམ་གཏན་ལ་ཕབ་ནས་གསུངས། དེ་ནས་སློབ་དཔོན་པདྨ་ཡབ་ཡུམ་གྱི་དགོངས་པ་ཟབ་གསལ་མཚོན་བྱ་དོན་གྱི་ཡེ་ཤེས་སྐལ་ལྡན་ཆོས་ཀྱི་བདག་པོ་ལྷ་ལྕམ་པདྨ་གསལ་ལ་བྱིན་བརླབ་འཕོ་བ་སྨོན་ལམ་དབང་བསྐུར་གྱི་རྒྱས་བཏབ། མཚོན་བྱེད་བརྡ་ཡི་ཚིག་བརྒྱུད་ཡི་གེར་བཀོད་དེ་མཁའ་འགྲོ་གཏེར་བདག་རྣམས་ལ་གཉེར་དུ་གཏད་ནས་དྭགས་ལུང་ཁྲ་མོ་བྲག་ཏུ་སྦས་པ་དུས་ཕྱིས་སྙིགས་མ་ལྔ་བདོ་ལྔ་བཅུ་ཁ་རལ་གྱི་སྐབས་སུ་སྨོན་ལམ་གྱི་འཕྲོ་སད་པ་སྤྲུལ་པའི་སྐུ་པདྨ་ལས་འབྲེལ་གྱིས་གཏེར་ནས་བཏོན་པའི་མཁའ་འགྲོ་སྙིང་ཐིག་རྩ་བའི་སྐོར་རྣམས་རྒྱལ་སྲས་ལེགས་པ་དང་། རིན་ཆེན་གླིང་པ་སོགས་ལ་བཀའ་བབས་ཀྱི་ཚུལ་དུ་གནང་བ་ཡིན་ཡང་། གཏེར་ལུང་ལྟར་གཏེར་སྟོན་ཉིད་བར་ཆད་རྐྱེན་དབང་གིས་སྐུ་དངོས་ཀྱི་འགྲོ་དོན་གདུལ་བྱ་འཕྲོ་ཅན་དུ་གྱུར་པ་ལས། དེའི་ཕྱི་མ་ལོངས་སྐུའི་ཞིང་ཁམས་ཉུལ་བར་ལུང་བསྟན་པ་ལྟར་ཡེ་ཤེས་ཀྱི་སྐུ་ཅན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་སོགས་མཚན་ཡོངས་གྲགས་མང་པོ་དང་ལྡན་པ་དེ་ཉིད་ལ་མཆིམས་ཕུ་རི་མོ་ཅན་དུ་པདྨ་འབྱུང་གནས་ཡབ་ཡུམ་ཀྱིས་དངོས་སུ་བྱིན་གྱིས་བརླབས་ནས་གསུངས་པའི་སྙིང་ཐིག་རྩ་བའི་ཟབ་གནད་ཀྱི་མན་ངག་རྣམས་གསལ་བར་བཀྲོལ་ཏེ། གུ་རུ་ཡེ་ཤེས་རབ་འབྱམས་ལ་གནང་། དེ་ནས་རིམ་བཞིན་མཁས་གྲུབ་བསམ་གཏན་པ། གྲུབ་ཆེན་སྦྱིན་པ་བཟང་པོ། རྫོགས་ཆེན་ཤཱཀྱའི་མཚན་ཅན། བསོད་ནམས་རིན་ཆེན། བྱ་ཁྱུང་བ་ངག་དབང་པདྨ། རྫོགས་ཆེན་བསོད་ནམས་དབང་པོ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། གྲུབ་ཆེན་པདྨ་རིག་འཛིན། དེ་ཉིད་ཀྱིས་རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་ཁྱབ་བདག་གདོད་མའི་མགོན་པོ་དང་དབྱེར་མ་མཆིས་པ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་གསོལ་ན་འདྲེན་མཆོག་དམ་པ་ནམ་མཁའ་འོད་གསལ་ཞེས་ལྷར་བཅས་འགྲོ་བའི་སྐྱབས་མགོན་དམ་པ་གང་དེར་བུམ་པ་གང་བྱོས་ཚུལ་དུ་གནང་ཞིང་། རྗེ་དམ་པ་དེ་ཉིད་ཀྱི་ཐུགས་བཅུད་གདམས་པའི་མཛོད་བཟང་གཏེར་སྒོ་ཕྱེས་ནས་སྐལ་ལྡན་རྣམས་ལ་སྨིན་གྲོལ་དུ་མཛད་པ་ལ། གོང་མ་བླ་མ་བརྒྱུད་པ་ནས་བཟུང་སྟེ་ད་ལྟ་བདག་ཅག་གི་བར་དུ་བྱིན་རླབས་ཐུགས་རྗེའི་ཆུ་རྒྱུན་མ་ཆད་ཅིང་གདམས་ངག་གི་སྣ་ཁ་མ་ལོག་དམ་སེལ་གྱི་སླད་མ་ཞུགས་པར་ལེགས་པར་བརྒྱུད་པའོ། །དེ་ཡང་བརྒྱུད་ཚུལ་མང་པོར་ཡོད་ཀྱང་འདི་ཉིད་དོན་བརྒྱུད་ཟབ་པའི་མཐར་ཐུག་ཡིན་པས་ཡིད་ཆེས་ངེས་ཤེས་བསྐྱེད་དགོས་སོ། །འདིར་བརྒྱུད་པའི་ལོ་རྒྱུས་བཤད་དགོས་པའི་རྒྱུ་མཚན་ཡང་།སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །དོན་གྱི་སྙིང་པོ་ཐག་ཆོད་པས། །གཞི་ལ་གྲུབ་པའི་ཤེས་རབ་གསུམ། ས་བོན་ཚུལ་དུ་གནས་པ་དེ། །རྐྱེན་ལས་བྱུང་བའི་ཤེས་རབ་ཀྱིས། །འབྲུ་ཡི་ཚུལ་དུ་སྨིན་པ་ཡིས། །མ་རིག་པ་ཡི་མུན་པ་སངས། །ཤེས་བྱའི་སྒྲིབ་པ་རང་དག་པས། །མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་གསུངས་པ་བཞིན་ནོ། །
དེ་ནས་དབང་གིས་སྨིན་པར་བྱེད་པ་ལ། དབང་དངོས་དང་དམ་ཚིག་བསྟན་པའོ། །དེ་ལ་ཡང་དབང་ཐོབ་པའི་ཕན་ཡོན་དང་མ་ཐོབ་པའི་ཉེས་སྐྱོན་མང་དུ་ཡོད་ཀྱང་། འདིར་མདོར་བསྡུས་དེ་བརྗོད་པ་ལ། རྒྱུད་རྣམ་བཀོད་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་གཉན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་སྒྲོལ་བར་ག་ལ་ནུས། །དབང་རྣམས་རབ་ཏུ་ཐོབ་བྱས་ན། །གསང་སྔགས་ཐམས་ཅད་མ་སྒྲུབ་འགྲུབ། །ཞེས་པ་དང་། ཐལ་འགྱུར་ལས། དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པར་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །དད་ལྡན་རང་རྒྱུད་སྨིན་པར་བྱ། །ཞེས་སོ། །རྒྱུད་གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཅེས་པ་དང་། རྒྱུད་རྟག་གཉིས་ལས། ཆོས་ལ་དབང་ཞིང་སྡོམ་གསུམ་ཐོབ། །དབང་བསྐུར་ཐོབ་ཅེས་དེ་ལ་བྱ། །ཅེས་དང་། །ཡང་དེ་ཉིད་ལས། སྐྱེ་བ་འདིའམ་བར་དོའམ །སྐྱེ་བ་བདུན་པ་ཚུན་ཆད་ལ། །མ་སྒོམ་པ་ཡང་དངོས་གྲུབ་ཐོབ། །ཅེས་པ་དང་། བདེ་གཤེགས་འདུས་པའི་རྒྱུད་ལས། དུག་ལྔའི་རྩ་བ་དབང་གིས་བཅད། །འགྲོ་བ་ལྔ་ཡི་བག་ཆགས་སྦྱོངས། །ཞེས་དང་། དབང་རིན་པོ་ཆེ་ཡི་རྒྱུད་ལས། བླ་མ་འདོད་པ་སྤངས་པ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ནས། །རིམ་པ་ཇི་ལྟར་བསྐུར་བར་བྱ། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་གསུངས་པ་ལྟར། ཐོག་མར་མ་སྨིན་པ་སྨིན་པར་བྱེད་པ་དབང་གི་རིམ་པ་ནི་སྙིང་ཐིག་རང་གཞུང་སྤྲོས་བཅས་བུམ་པའི་དབང་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་སོགས་ཀྱིས་སློབ་མའི་རྒྱུད་དག་པར་བྱེད་པ་ནི་གལ་ཤིན་ཏུ་ཆེ་བས་ངེས་པ་ཅན་དུ་དགོས་སོ། །དེ་ལྟ་བུའི་དབང་ཐོབ་ཕྱིན་ཆད་དམ་ཚིག་གི་རྣམ་བཤད་ཀྱང་མང་དུ་ཡོད་ནའང་མདོར་བསྡུ་ན། ཐལ་འགྱུར་ལས། དབང་བརྟན་པ་ཡི་དམ་ཚིག་བཤད། །བྱེ་བྲག་བརྗོད་ཀྱིས་མི་ལོང་ཡང་། །མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། །ཞེས་པའི་བསྲུང་བྱའི་དོན་ལས་མི་འདའ་བར་སྡོམ་པའི་སེམས་ས་བོན་དང་བཅས་པ་སྟེ། དབྱེ་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་པ་རྣམས་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདའ་བར་མི་སྤྱོད་པ་ཉིད་ཡིན་ཅིང་། མདོར་ན་བསྲུང་བྱའི་གྲངས་དང་དམིགས་སུ་མ་གྲུབ་པ་ཡེ་བསྲུང་བཅིངས་སྡོམ་མེད་པ་ནི་དམ་ཚིག་གི་དམ་པ་སྟེ། ཡེ་ནས་བསྲུང་མེད་ཆེན་པོ་ལ། །བསྲུང་མཚམས་རིམ་པར་བཀོད་པ་མེད། །ཅེས་དང་། བསྲུང་མཚམས་ཀུན་ལས་རྒྱལ་བ་ན། །དམ་ཚིག་ཀུན་གྱི་རྩེ་མོར་བཤད། །ཅེས་གསུངས་པ་བཞིན་ནོ། །
ད་ནི་གྲོལ་བར་བྱེད་པ་གདམས་པའི་རིམ་པ་ལ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ལའང་སྔོན་འགྲོའི་ཆིངས་སྤྱིར་བཤད་པ་དང་། དམིགས་རིམ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། འདས་རྗེས་ལས། མི་རྟག་སྙིང་རྗེ་བྱང་སེམས་སྦྱོངས། །ཞེས་དང་། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་བགྲོད། །ཅེས་གསུངས་པས། མི་རྟག་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་དངོས་བསྟན་དུ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། དེ་ཡང་མི་རྟག་པ་བསྒོམ་པའི་གཞི་དལ་འབྱོར་གྱི་མི་ལུས་ཡིན་པས་དེ་ཉིད་རྙེད་པར་དཀའ་བ་སྟེ། སེམས་ཉིད་ངལ་གསོ་ལས། དལ་དང་འབྱོར་པ་དེ་ཡང་གང་ཞེ་ན། བདག་ནི་སེམས་དམྱལ་ཡི་དྭགས་མ་སྐྱེས་ཤིང་། །དུད་འགྲོ་ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་། །མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད་པ་སྟེ། །རང་འབྱོར་དམ་པ་ལྔ་ཡང་ཚང་གྱུར་ཞིང་། །སངས་རྒྱས་བྱོན་དང་ཆོས་གསུང་བསྟན་པ་གནས། །གནས་ཕྱིར་ཞུགས་དང་གཞན་གྱི་སྙིང་བརྩེ་བ། །གཞན་འབྱོར་ལྔ་སྟེ་དལ་འབྱོར་བཅོ་བརྒྱད་པོ། །རང་ལ་ལེགས་པར་ཚང་པའི་གནས་སྐབས་འདིར། །སྙིང་ནས་བརྩོན་པས་ཐར་པ་བསྒྲུབ་པར་བྱ། །ཞེས་དང་། གཞན་ཡང་། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་ཅིང་ལུས་རྟེན་ཤིན་ཏུ་ངན་པས་ཆོས་མི་ཁོམ། འདོད་ཁམས་ཀྱི་ལྷ་རྣམས་ནི་འདོད་ཡོན་ལ་ཆགས་པས་གཡེངས་ཤིང་སྐྱོ་ཤས་ཆུང་། གཟུགས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཡང་ཏིང་ངེ་འཛིན་གྱིས་རྟག་ཏུ་མྱོས་པས་ཆོས་མི་ཁོམ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱིས་སྟོང་པར་སྐྱེས་པའམ། བྱོན་ཡང་ཆོས་མི་དར་བའི་ས་ཕྱོགས་མཐའ་ཁོབ་ཀླ་ཀློར་སྐྱེས་པ་དང་། ཆོས་དར་བའི་སར་སྐྱེས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། གླན་ལྐུག་ཏུ་གྱུར་ནས་བླང་དོར་གྱི་གནད་གང་ཡང་མི་གོ་བས་འཇུག་ལྡོག་གི་བསམ་པ་མེད་པར་སྐྱེས་པ་རྣམས་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ལ། དེ་ཡང་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པ་དང་། གཞན་བཞི་ནི་མིའི་མི་ཁོམ་པ་ཡིན་ནོ། །དེ་ཡང་སྒོ་གསུམ་མི་ཁོམ་པའི་ཚུལ་སོ་སོར་ཕྲལ་ན། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱིས་གཡེངས་ཏེ་ལུས་མི་ཁོམ་ཞིང་། ལྐུགས་པ་ནི་ཚིག་དོན་ལ་བརྡ་སྤྲོད་པའི་ནུས་པ་མེད་པས་ངག་མི་ཁོམ་ལ། ཆོས་སྤྱོད་པའི་འདུ་ཤེས་མེད་པས་ལྷ་ཚེ་རིང་པོ་དང་། འདུ་ཤེས་ཡོད་ཀྱང་སངས་རྒྱས་ཀྱིས་སྟོང་སྟེ་བསྟན་པའི་སྣང་བ་མེད་པས་མུན་པའི་བསྐལ་པ་ལ་སྐྱེས་པ་དང་། སྣང་བ་ཡོད་ཀྱང་དེ་ལ་འཇུག་པའི་བློ་མེད་པས་ཀླ་ཀློ་དང་། འཇུག་པར་འདོད་ཀྱང་སྒྲོ་སྐུར་གྱི་མཐར་ལྷུང་བའི་ལོག་ལྟ་ཅན་བཞི་ནི་ཡིད་མི་ཁོམ་པ་སྟེ་དེ་དག་ལ་ཆོས་སྒྲུབ་པའི་གནས་སམ་སྐལ་པ་མེད་ཅིང་། རང་གི་ལས་མེད་པས་བྲེལ་བའི་ཕྱིར་རོ། །སྡུད་པ་ལས། མི་ཁོམ་བརྒྱད་སྤངས་དེ་ཡི་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པས། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་ནི་དལ་བ་ཕུན་སུམ་ཚོགས་པ་བརྒྱད་ཡིན་ནོ། །འབྱོར་པའི་ཆོས་བཅུ་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། དེ་ལའང་བདག་གི་སྤྱིར་མི་ལུས་ཐོབ། དགོས་ཡུལ་དབུས་ཆོས་དར་བའི་སར་སྐྱེས། དབང་པོ་སྒོ་ལྔ་ཚང་པས་བླང་དོར་ཤེས་སུ་རུང་། མཚམས་མེད་པའི་ལས་བྱས་སམ་བྱེད་བཅུག་པ་མ་ཡིན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་དཀར་པོའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཆོས་འདུལ་བ་ལ་སོགས་པ་སྟེ་སངས་རྒྱས་ཀྱི་གསུང་རབ་ལ་དད་པ་དང་ལྡན་ཞིང་འདུན་པ་སྟེ། ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །དེ་ཡང་མི་ཁོམ་པ་བརྒྱད་ལས་ལོག་པས་དལ་བ་དང་རང་འབྱོར་ལྔ་ནི་གནད་གཅིག་གོ །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པས། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། དེའི་བསྟན་པ་མ་ནུབ་པར་གནས་པ། བསྟན་པ་ལ་རྗེས་སུ་འཇུག་པ་གཞན་ཡང་མང་དུ་ཡོད་པ། ཆོས་བྱེད་པ་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས་ཟས་གོས་སོགས་མཐུན་རྐྱེན་སྦྱོར་བ་པོ་མང་དུ་ཡོད་པའོ། །གཞན་བརྩེ་བ་ནི་དགེ་བའི་བཤེས་གཉེན་གྱིས་ཆོས་ལ་བརྩེ་བས་འདྲེན་པ་ཉིད་ཡིན་པར་བཤད་པའང་ཡོད་དོ། །དེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་གཞན་འབྱོར་རོ། །དེ་ཡང་མདོ་ལས། འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་བྱའོ། །ཞེས་གསུངས་པས། དེ་ལའང་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་པའི་ལུས་འདི་རྙེད་པར་དཀའ་བས། ད་རེས་ཆོས་ལ་འབད་དགོས་པར་འདུག་སྙམ་པ་བློ་རྩེ་གཅིག་ཏུ་དྲིལ་བར་བྱ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ཉིད་རྙེད་དཀའ་བའི་དཔེ་ནི། །རྒྱ་མཚོའི་ནང་ན་རུས་སྦལ་ཞིག་གནས་པ་དེས་ལོ་བརྒྱ་བརྒྱ་ནས་སྟེང་དུ་འོང་བ་གཉའ་ཤིང་བུག་པ་གཅིག་པ་ཞིག་རླུང་གིས་སྐད་ཅིག་ཏུ་མི་སྡོད་པར་བསྐྱོད་པའི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་སྲིད་དུ་རུང་གི །འཁོར་བ་དང་ངན་སོང་ལས་མི་ལུས་རྙེད་པ་དེ་བས་དཀའ་བར་གསུངས་ཏེ། བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུག་པ་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་པ་དང་། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་སོ། །གང་ལས་གསུངས་ན། མེ་ཏོག་གི་ཚོམ་ལས། །སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བའང་དཀའ། མིར་གྱུར་པ་དང་དལ་བ་ཕུན་སུམ་ཚོགས་པ་འགྲུབ་པའང་ཤིན་ཏུ་རྙེད་པར་དཀའ་འོ། །དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ། དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ། དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་ཀྱང་ཡོད་དེ། རྒྱ་མཚོ་ཆེན་པོ་དེ་རླུང་ཡས་ལྡང་བ་དང་མས་ལྡང་བ་ཞེས་བྱ་བ་ལྡང་ལ། རུས་སྦལ་ཞར་བ་དེ་ཡང་ལོ་བརྒྱ་བརྒྱ་ཞིག་ལན་ཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ཞིང་ཕྱིར་འབྱུང་བའི་མགུལ་བ་ཆུད་པ་སྨྲ་ཡི། ལོག་པར་ལྟུང་པ་ལས་ཕྱིར་ཡང་ཕྱིར་འགྱུར་བ་ནི་དེ་ལྟར་མ་ཡིན་ཏེ། དེ་ལྟར་ལོག་པར་ལྟུང་པ་རྣམས་ཀྱིས་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ། །ཞེས་སོ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ཀྱང་། མཚོ་དབུས་གཡེང་བའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱང་ངན་སོང་ལས། །མིར་འགྱུར་རྙེད་དཀའ་དེ་བཞིན་བརྩིགས་ངོས་ཀྱི། །ཞལ་ཞལ་ལོག་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེས་པ་དཀོན། །ཞེས་པ་ལྟར་འཁོར་བ་བརྒྱུད་ནས་འཁོར་བ་ལས། མི་ལུས་ཐོབ་པ་ནི་བརྩིགས་ངོས་ཀྱི་ཞལ་ཞལ་འཇམ་པོ་ལ་སྲན་མ་ཆགས་པ་ལས་ཀྱང་དཀའ་སྟེ། ཟླའི་སྙིང་གུར་ལས་ཀྱང་། མི་ཁོམ་བརྒྱད་ལས་ལོག་ནས་མིར་གྱུར་པའང་ཞལ་ཞལ་ངོས་ལ་སྲན་མ་ཆགས་པ་ལས་དཀའ་འོ། །ཞེས་གསུངས་སོ། །དེ་བཞིན་དུ་ཁབ་མིག་ཏུ་རས་ཡུག་མི་ཚུད་པ་དང་། མེ་ཏོག་ཨུ་དུམ་ཝ་ར་འཇིག་རྟེན་དུ་འབྱུང་དཀའ་བ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པར་དཀའ་བ་ལས་ཀྱང་དལ་འབྱོར་གྱི་མི་ལུས་ཆོས་ལྡན་རྙེད་པར་དཀའ་འོ། །སེམས་ཅན་གྱི་ནང་ནས་ངན་སོང་གསུམ་གྱི་འགྲོ་བ་ནི་ཤིན་ཏུ་མང་སྟེ་ས་ཆེན་པོའི་རྡུལ་བཞིན་དུ་མཐའ་མེད། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང་སྟེ་སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་ཤིང་། ངན་སོང་གསུམ་གྱི་ནང་ནས་ཉུང་ཤོས་དུད་འགྲོ་དང་། དེ་ཡང་བྱིངས་ནི་རྒྱ་མཚོ་ཆེན་པོར་གནས་ཤིང་བསམ་གྱིས་མི་ཁྱབ། ཁ་འཐོར་གྱིས་ཀྱང་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། ལྷ་དང་མི་ཡི་འགྲོ་བ་ནི་དེ་ལ་ལྟོས་ན་སྲིད་མཐའ་ཙམ་དང་། དེ་ལས་ཀྱང་སྤྱིར་མི་ཡི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པའི་མི་ཉུང་། ཡང་སྒོས་ཆོས་ལྡན་གྱི་མི་ལུས་ནི་སྲིད་མཐའ་ཙམ་སྟེ། དེ་ལྟར་ཉུང་བ་ཡང་སེམས་ཅན་གྱི་ནང་ན་སྡིག་པའི་ལས་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། དགེ་བ་བྱེད་པ་ནི་ཅི་ནས་ཀྱང་ཉུང་ཞིང་། དེའི་ནང་ནས་ཀྱང་མི་ལུས་སུ་འཕེན་ཐུབ་པའི་ཚུལ་ཁྲིམས་བསྲུང་པ་ཤིན་ཏུ་དཀོན་ལ། དེ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོའི་བསྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་ཀྱི་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །ཞེས་སོ། །སེམས་ཅན་སྤྱི་མཚན་ལ་བསམ་ན། །ནམ་མཁའི་དབྱིངས་དང་མཉམ་ལ། འཛམ་བུའི་གླིང་པའི་སེམས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ་མོ། །འཛམ་བུའི་གླིང་པ་གཞན་རྣམས་ཕར་ཞོག་ནགས་ཚལ་གཅིག་གམ། ཆུ་ཀླུང་གཅིག་གམ། འཁྱིལ་ཆུ་གཅིག་ན་གནས་པའི་སྲོག་ཆག་ལ་ལྟོས་ན་མི་ལུས་ཐོབ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པའི་མང་ཉུང་དང་ཚོད་མཉམ། མི་རྣམས་ལ་བསམ་ན་རྒྱ་དཀར་ནག་ལྷོ་བྱང་། མོན་ལྷོ་བལ། རྡོ་སོག་རིགས་ལ་སོགས་པའི་ཡུལ་ཚོང་འདུས་རེ་རེ་ན་འཚོགས་པ་མང་ཡང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་རྗེས་སུ་སློབ་པའི་དད་པ་ཅན་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་བས་ཀྱང་དཀོན་པར་བསམ་ལ། རང་གི་རང་ལ་སྤྲོ་བ་བསྐྱེད་དེ་དལ་འབྱོར་ཆུད་མ་ཟོས་པར་བྱའོ། །ཡུམ་བར་མ་ལས། མིར་གྱུར་པ་ཡང་རྙེད་པར་དཀའ་ན་དལ་བ་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས། ཞེས་དང་། བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམ་བརྒྱད་པོ་ལས་ལྡོག་པ་རྙེད་པར་དཀའ་འོ། །མི་ཉིད་ཐོབ་བ་ཡང་རྙེད་པར་དཀའ་འོ། །དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ་འོ། །སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ་འོ། །དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ་འོ། །སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ་འོ། །སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ་འོ། །ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང་འཕྲད་པ་ཡང་རྙེད་པར་དཀའ་འོ། །ཞེས་གསུངས་ཏེ། ད་ལམ་ཕུན་སུམ་ཚོགས་པའི་དལ་འབྱོར་རིན་པོ་ཆེ་ཐོབ་ནས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མཇལ་ཞིང་དམ་པའི་ལྷ་ཆོས་ལ་སྤྱོད་དུ་ཡོད་པའི་དུས་འདིར། ནམ་བཞག་གཏན་གྱི་འདུན་མ་དེ་ད་རེས་ལ་རག་ལས་པས།ཐར་པའི་ལམ་སྣ་ཟིན་ནས་ཞི་བའི་གླིང་དུ་བསྒྲོད་པར་བྱ་བའི་ཕྱིར། ཚེ་འདིའི་སྣང་བ་རྫས་དང་ཡོ་བྱད་འཁོར་འདབ་གཉེན་འདུན་ལ་སོགས་པ་ལ་མ་ཆགས་པར། སྒེག་མོའི་མགོ་ལ་མེ་ཤོར་བའམ། སྡར་མའི་པང་དུ་སྦྲུལ་ཞུགས་པ་ལྟར་རབ་ཏུ་འབད་པ་གཅེས་ཏེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མི་ཁོམ་པ་བརྒྱད་སྤངས་ཏེ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ནི་བརྒྱ་ལམ་དུ་ཟད་པས་ན། བག་ཡོད་པས་ལེགས་པར་བརྩོན་འགྲུས་བརྩམས་པར་གྱིས་ཤིག་ཕྱིས་འགྱོད་པ་གྱུར་ཏ་རེ། ཞེས་པ་དང་། ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། སངས་རྒྱས་འཇིག་རྟེན་སྐྱོང་བ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལས། །གལ་ཏེ་ཐར་འདོད་བག་མེད་སྤངས་བར་གྱིས། །ཞེས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་མདོ་ལས། དགེ་སློང་དག་གལ་ཏེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་བ་ཡང་རྙེད་པར་དཀའ་ན། ཅིའི་ཕྱིར་བརྩོན་འགྲུས་དང་། བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། རྒ་བ་དང་ན་བ་དང་འཆི་བ་ནི་མངོན་པར་འོང་ཞིང་། ཐུབ་པའི་བསྟན་པ་ཡང་ནུབ་པར་འགྱུར་ན། ཕྱིས་འགྱོད་པར་འགྱུར་ཏ་རེ། ཞེས་གསུངས་སོ། །གཞན་ཡང་དལ་འབྱོར་ཆོས་ལ་སྤྱོད་པའི་རིགས་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་པས། །མཁས་པ་རྣམས་ཀྱིས་རིགས་པའི་རྣལ་འབྱོར་སྤྱོད། །ཅེས་སོ། །མཐུན་རྐྱེན་ཚང་བའི་དུས་འདིར་ཆོས་ལ་བརྩོན་པར་རིགས་པ་ཡང་། དཔེར་ན་གྲུ་ཡོད་དུས་ཆུ་ཡི་ཕ་རོལ་ཏུ་བསྒྲོད་པ་དང་། རྟ་མཆོག་འཛོམ་དུས་ཤུལ་རིང་གི་ལམ་དུ་འགྲོ་བ་དང་། དྲོད་གཤེར་གྱི་ཆུ་ལུད་འཛོམ་དུས་ས་བོན་ཅི་ཐེབ་བྱེད་པ་དང་། དཔའ་བོའི་དཔུང་ཚོགས་ཡོད་དུས་དགྲ་འདུལ་བ་དང་། གསེར་དངུལ་གྱི་མུ་རྡོལ་དུས་ཅི་ལོན་བྱེད་པ་དང་། སྟོན་ཀའི་ལོ་ཐོག་སྨིན་དུས་ཅི་འདུས་བྱེད་པ་དང་། སྐྱེལ་མའི་དཔུང་ཚོགས་ཡོད་དུས་འཇིགས་པའི་ལམ་ལ་ཅི་སྒྲོལ་བྱེད་པ་དང་། གཡར་པོའི་ཀ་ཆ་ཡོད་དུས་སུ་ལས་གང་དགོས་ལ་བརྩོན་པ་ལྟར་ད་ལམ་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། སློབ་དཔོན་ཞི་བ་ལྷ་ཡི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་ནི་ཡང་དག་འབྱོར་བ་ག་ལ་སྲིད། །ཅེས་དང་། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འཁོར་བའི་ཆུ་གཏེར་ཕ་མཐའ་ཡས་འདི་ལས། །རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། གཏན་ཏུ་ཉོན་མོངས་སྡུག་བསྔལ་རྦ་ཀློང་དུ། །རབ་ཏུ་འཁྲུག་ཚེ་བདག་གིས་ཅི་ལྟར་བྱ། དེ་བས་མྱུར་དུ་བརྩོན་པའི་གོ་བགོས་ཏེ། །སེམས་དང་སེམས་བྱུང་རྙོག་པ་རབ་ཞིའི་ཕྱིར། །ཡེ་ཤེས་དྲི་མེད་འོད་གསལ་ལམ་འཛེག་སྟེ། །བྱང་ཆུབ་ལམ་ལ་བར་ཆད་མེད་པར་མཛོད། ཞེས་གསུངས་པ་ལྟར། འཁོར་བའི་རྒྱ་མཚོ་ཆེན་པོ་ཐོག་མ་དང་ཐ་མ་མི་མངོན་པར་བཟོད་པར་དཀའ་ཞིང་འཇིགས་སུ་རུང་བ་འདི་ཉིད་ལས་མིའི་ལུས་རྟེན་གྲུ་ལྟ་བུ་ཐོབ་པའི་དུས་འདིར་བརྒལ་དགོས་ཏེ། གཏན་དུ་སྐྱེ་རྒ་ན་འཆིའི་ཀློང་འཁོར་དུ་འཁྱམས་པ་ནི་བཟོད་པར་དཀའ་བས་ན། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །དེ་ལྟར་རྙེད་དཀའི་དལ་འབྱོར་ཐོབ་ནས་ད་རེས་ཐར་པའི་ལམ་སྣ་མ་ཟིན་ན། །རིན་པོ་ཆེ་གསེར་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་བས་ཀྱང་མདོ་ཆུང་བས་ན། བསམ་གཞིག་ལེགས་པར་ཐོངས་ལ་བརྩོན་པས་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དེ་ཡི་རྗེས་འབྲེལ་དུ་སྐྱབས་སུ་འགྲོ་བའི་ཁྲིད་ཀྱི་རིམ་པ་ལ་ཁྱེད་རྣམས་ཀྱིས་བསླབ་བྱ་རྣམས་ལམ་དུ་འཇུག་པར་བྱེད་པའི་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཁོ་ན་ལ་བརྩོན་དགོས་པ་ཡིན་ལ། དེ་ཡང་དང་པོ་སྐྱབས་སུ་འགྲོ་བ་ལ། སྐྱབས་ཡུལ་ངོས་བཟུང་བ་དང་། སྐྱབས་སུ་འགྲོ་བ་དང་། ཕན་ཡོན་དང་། སྤང་བྱ་དང་། བླང་བྱའི་བསླབ་བྱ་དང་ལྔའོ། །དེ་ལ་དང་པོ་སྐྱབས་ཡུལ་ལ་ཡང་། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞིའོ། །དང་པོ་ཕྱི་ཡི་སྐྱབས་ཡུལ་ནི་སངས་རྒྱས་ཆོས་དང་དགེ་འདུན་གསུམ་སྟེ། སངས་རྒྱས་ཞེས་པའི་ངེས་ཚིག་ནི་ངོ་བོ་ཡེ་སྟོང་ཀ་ནས་དག་ཅིང་གློ་བུར་གྱི་འཁྲུལ་ཚོགས་ཐམས་ཅད་སངས་པ་དང་། ཐུགས་རྗེ་ཡེ་ཤེས་ཕྱོགས་མེད་དུ་རྒྱས་ཤིང་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་ཐབས་ལ་མཁས་པའོ། །ཆོས་ལ་ཡང་གསུམ་སྟེ། བསྟན་པའི་ཆོས། བསྒྲུབ་པའི་ཆོས། ཞི་བ་དང་མྱ་ངན་ལས་འདས་པའི་ཆོས་དེ། མདོར་ན་ངོ་བོ་རྣམ་པར་དཀར་ཞིང་། རང་བཞིན་གྱི་མཚན་ཉིད་སྟོང་པར་འཛིན་པ། དབྱེ་ན་རྒྱུ་འབྲས་གཉིས་སམ། སྡེ་སྣོད་གསུམ་མམ། ཐེག་པ་དགུའོ། །དགེ་འདུན་ལ་ཡང་གསུམ་སྟེ། ཉན་ཐོས་ཀྱི་དགེ་འདུན་དང་། རང་སངས་རྒྱས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གསུམ་དུ་གསུངས་ཀྱང་། མདོར་ན་དོན་ལ་ངོ་བོ་མི་དགེ་བས་དབེན་པ། ངེས་ཚིག་དགེ་བ་ལ་འདུན་པ། དབྱེ་ན་ཕྱི་གཟུགས་བརྙན་རྟགས་ཀྱི་དགེ་འདུན། གཞན་དོན་སེམས་བསྐྱེད་ཀྱི་དགེ་འདུན། ཡང་དག་དོན་གྱི་དགེ་འདུན་ནོ། །དེ་ལྟར་ཡང་ལུང་ལས། སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཞེས་གསུངས་སོ། །ཡང་གཉིས་པ་ནང་གི་གསུམ་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལས། དེ་ཡང་། བླ་མ་ནི་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་རྣམས་དང་། ཁྱད་པར་ད་ལྟ་རང་རེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཤིང་ཞི་བདེ་ཐར་གླིང་དུ་ཁྲིད་པའི་དེད་དཔོན་རྩ་བའི་བླ་མ་དམ་པ་བརྒྱུད་པར་བཅས་པ་སྟེ། གཞན་ཡང་སྐྱོན་དང་ཡོན་ཏན་རྫོགས་པའི་སངས་རྒྱ་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ནི་བྱིན་རླབས་ཐམས་ཅད་ཀྱི་འབྱུང་གནས་སོ། །ཡི་དམ་ནི་ཞི་ཁྲོ་རབ་འབྱམས་བསྒྲུབ་པ་བཀའ་བརྒྱད། གཞན་ཡང་རྒྱུད་སྡེ་དྲུག་གི་ལྷ་ཚོགས་མ་ལུས་པ་ཐམས་ཅད་དང་ཁྱད་པར་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཁྲོ་བོ་དབང་ཆེན་རྟ་མགྲིན་དངོས་གྲུབ་ཐམས་ཅད་ཀྱི་གཏེར་མཛོད་དམ་པའོ། །མཁའ་འགྲོ་ནི་གནས་གསུམ་གྱི་མཁའ་འགྲོ་མཐའ་དག་དང་ཁྱད་པར་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་ནི་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་གཅིག་པུའོ། །གསུམ་པ་གསང་བ་ལྟར་ན་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནི། བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ་བོ། །ལོངས་སྐུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ནི། ཡེ་ཤེས་ལྔ་ལྡན་དོན་གྱི་ལྷའོ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་འཁོར་སྤྲུལ་པའི་སྐུའི་ཚོགས་ཀྱིས་བསྐོར་བ་ནི། །ཐུགས་རྗེས་འགྲོ་ལ་བརྩེ་བའི་བདག་ཉིད་ཅན་ནོ། །བཞི་པ་དེ་ཁོ་ན་ཉིད་ལ་གསུམ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ཀ་དག་སྤྲོས་པ་དང་བྲལ་ཞིང་གྲོལ་བ་ཆེན་པོ་བཞི་དང་ལྡན་པ། རང་བཞིན་ལྷུན་གྲུབ་ཡོན་ཏན་ཕུན་སུམ་ཚོགས་ཤིང་། རང་གསལ་འོད་ལྔའི་མདངས་དང་ལྡན་པའོ། ཐུགས་རྗེ་མ་འགགས་ཀུན་ལ་ཁྱབ་ཅིང་། སྣ་ཚོགས་རང་གྲོལ་འདུས་མ་བྱས་པའོ། །དེས་ན་ཡང་སྐྱབས་དམ་པ་དེ་དག་རྣམས་ཀྱི་སྐྱབས་འོག་ཏུ་ཚུད་པ་ནི་དཔེར་ན་རྒྱལ་པོའི་བཀའ་འོག་ཏུ་ཚུད་པ་ལྟ་བུ་ཡིན་ཞིང་། དེ་ལྟར་རྒྱལ་པོའི་དྲུང་དུ་སྐྱབས་ཞུས་ནས། མི་ཇི་ལྟར་ཁས་དམན་ཡང་གཞན་གྱིས་གླགས་བཙལ་དུ་མེད་པ་ལྟར། དཀོན་མཆོག་གསུམ་ལ་བློ་ངེས་པར་ཁེལ་ན། འཁོར་བའི་ཉེས་ཚོགས་ཀུན་དང་བྲལ་ནས་འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་སྟེ། དེ་ཡང་སྐྱེས་བུ་དམ་པ་འཁོར་བ་སྡུག་བསྔལ་དུ་ཤེས་ཤིང་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས། དེ་ལྟར་སྐྱབས་གནས་དགུ་ཕྲུགས་སུ་སྐྱབས་སུ་འགྲོ་སྟེ་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ཐུགས་རྗེ་དང་ལྡན་ཏེ། ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཁམས་གསུམ་ཀུན་ལ་བདེ་སྐྱིད་པ། །དེ་ཡང་དཀོན་མཆོག་གསུམ་ལས་བྱུང་། དེ་བས་བདེ་ཞིང་སྐྱིད་འདོད་པ། །རྟག་དུ་དཀོན་མཆོག་མཆོད་པར་བྱ། །ཞེས་པ་དང་། ཕག་མོའི་རྟོགས་བརྗོད་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིགས་པ་མེད་པར་ཐོབ་པར་འགྱུར། །གང་ཞིག་གསུམ་ལ་སྐྱབས་སོང་ན། །མི་དེ་ངན་འགྲོར་མི་འགྲོ་ཞིང་། །མི་ཡི་ལུས་དག་བོར་ནས་ནི། །དེ་ནི་ལྷ་ཡི་ལུས་ཐོབ་བོ། །ལྷ་ཡི་ལུས་དག་བོར་ནས་ནི། །དེས་ནི་སངས་རྒྱས་བྱང་ཆུབ་འགྲུབ། །ཅེས་པ་དང་། ངན་སོང་གསུམ་དང་ཐབས་མིན་དང་། །འཇིགས་ཚོགས་ལྟ་བ་དམན་པ་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པར་འདོད། །ཅེས་པ་དང་། ཀུན་དགའ་བོའི་ཞུས་པ་ལས། སངས་རྒྱས་ཆོས་དང་འཕགས་པ་གསུམ། །འཇིག་རྟེན་ཀུན་གྱི་སྐྱབས་ཡིན་ཏེ། །སུ་ཞིག་འཕགས་པར་འདོད་པ་རྣམས། དཀོན་མཆོག་གསུམ་ལ་སྐྱབས་སུ་འདོད། །ཞེས་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་གསུངས་པས། ད་ཁྱེད་རང་རྣམས་ཀྱིས་སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་ལིང་གིས་བཀལ་ནས་ཁྱེད་ཤེས་ཀྱི་མོས་པ་རྩེ་གཅིག་ཏུ་གཏད་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ལ། དེ་ལྟར་སྐྱབས་ཡུལ་གྱི་རྒྱུ་མཚན་ཡང་དག་པར་ཤེས་ནས་གསལ་གདབ་པ་ནི། །
ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་རྣམ་དག་ཞིང་ཁམས་མཆོག །ངོ་མཚར་བཀོད་རབ་འབར་བ་ཁྱོན་ཡངས་དབུས། །རིན་ཆེན་ཁྲི་རྐང་པད་ཉི་ཟླ་གདན་སྟེང་། །བླ་མ་ཨོ་རྒྱན་སྐུ་གསུམ་ཀུན་བཟང་ལ། །སྐྱབས་གནས་མ་ལུས་རྣམས་ཀྱིས་བསྐོར་བར་དམིགས། ། མགོནཔོ་དེ་དག་མདུན་དུ་བདག་ཉིད་བཅས། །འགྲོ་རྣམས་བྱང ་ཆུབ་བར་དུ་གུས་སྐྱབས་མཆི། །ཞེས་ཡི་གེ་གསུམ་གྱིས་དག་པར་སྦྱངས་ནས། རང་མདུན་གྱི་ནམ་མཁར་རང་བཞིན་གྱིས་རྣམ་པར་དག་པ་རྒྱ་ཆད་ཕྱོགས་ལྷུང་བྲལ་ཞིང་ལྟ་ན་སྡུག་པ་མཆོག་ཏུ་གྱུར་པ་ངོ་མཚར་རྨད་དུ་བྱུང་བའི་བཀོད་པ་ཕུན་སུམ་ཚོགས་པ་འོད་དང་འོད་ཟེར་དུ་འབར་བ་ཁྱོན་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྐང་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཨོ་རྒྱན་སྤྲུལ་པའི་སྐུ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་ལ་ཅུང་ཟད་དམར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་པས་ཀ་པ་ལ་ཡེ་ཤེས་ཀྱི་བདུད་རྩིས་དཀང་བ་ལྟེ་བའི་ཐད་དུ་འཛིན་པ། གྲུ་མོར་ཁ་ཊཱཾ་ཀ་ཐོད་མཁར་སུམ་བརྩེགས་ཌཱ་མ་རུ་དང་ཏིང་ཤག་གིས་བརྒྱན་པ་བསྣམས་ཏེ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དབུ་ལ་པད་ཞྭ་རྒོད་ལྡེམ་དར་སྣ་ལྔས་བརྒྱན་པ། སྐུ་ལ་དར་མཐིང་གི་ཕོད་ཁ། དར་དམར་གྱི་ཆོས་གོས་གསེར་གྱི་པ་ཏྲ་ཅན་ཟ་འོག་གི་བེར་ཕྱམས་གསོལ་བ། ཁམས་གསུམ་དབང་དུ་བསྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། དེ་ཡི་མདུན་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། གཡས་སུ་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་། གཡོན་དུ་ཤཱ་རིའི་བུ་ལ་སོགས་པའི་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས་རྣམས་དང་། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་དང་། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རབ་ཏུ་གང་བར་བསྐོར་ཏེ་བཞུགས་པར་དམིགས་། གཙོ་བོའི་སྤྱི་གཙུག་ཏུ་ཨོ་རྒྱན་ལོངས་སྐུ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་སྐྱིལ་ཀྲུང་མཉམ་གཞག་གི་སྟེང་ན་བུམ་པ་བདུད་རྩིས་གང་བ་བསྣམས་པ། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་པ། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་མ་དང་དབྱེར་མེད་དུ་འཁྲིལ་བ་འཁོར་དུ་ལོངས་སྐུའི་འཁོར་ཚོགས་རྒྱ་མཚོས་བསྐོར་བ། དེའི་སྤྱི་གཙུག་ཏུ་ཨོ་རྒྱན་ཆོས་སྐུ་སྐུ་མདོག་མཐིང་ཁ་ཞལ་གཅིག་ཕྱག་གཉིས་པ་ཡུམ་མཁའ་འགྲོ་དཀར་མོ་དང་སྦྱོར་བ། དེའི་སྤྱི་གཙུག་ཏུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེ་ལྟར་སྐུ་གསུམ་འཁོར་བཅས་དེ་དག་ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་ཤིང་བརྩེ་བའི་ཚུལ་དུ་བཞུགས་པར་བསྒོམ། དེ་ནས་རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་སྐྱབས་ཡུལ་རྣམས་ཀྱི་ཡོན་ཏན་དང་ཐུགས་རྗེ་དྲན་པས་མོས་གུས་ཀྱི་གདུང་ཤུགས་དྲག་པོས་མ་གྱུར་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དྲག་པོ་ལས་སྐྱབས་སུ་གསོལ་སྙམ་པས་ངག་ཏུ།
ན་མོ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །ངོ་བོ་རང་གཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་མ་ཡེངས་གསལ་བའི་ངང་ནས་བརྒྱ་སྟོང་ཁྲི་འབུམ་ཅི་ནུས་འབད་པར་བྱའོ། །དེའི་ཕན་ཡོན་གནས་སྐབས་སུ་བསམ་པ་འགྲུབ་ཅིང་ནང་པ་སངས་རྒྱས་ཀྱི་ཁོང་དུ་ཆུད་ཅིང་ཡོན་ཏན་གྱི་རྟེན་དུ་རུང་བ་དང་། མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་ཤིང་། གང་དུ་སྐྱེས་ཀྱང་བླ་མ་དང་དཀོན་མཆོག་གི་དྲུང་དུ་སྐྱེས་ཏེ་མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར་ཏེ། མདོ་སྡེ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་གསུངས་སོ། །ལུང་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་སྐྱབས་སུ་འགྲོ་བའི་ཕན་ཡོན་ནི་སངས་རྒྱས་ཀྱི་ལྗགས་ཀྱིས་ཀྱང་བགྲང་བར་མི་ནུས་པར་གསུངས། དེ་ལས་གཞན་སྐྱབས་མེད་པ་ཡིན་ནམ་ཞེ་ན། འཇིག་རྟེན་གྱི་ལྷ་དང་། ཕ་མ་དང་བུ་དང་གཉེན་འདུན་ཡུལ་གྱི་རྒྱལ་པོ་སོགས་སྐྱབས་མ་ཡིན་ཏེ། གནས་སྐབས་ཙམ་ལས་མཐར་ཐུག་གི་སྐྱོབས་པའི་ཐུགས་རྗེ་ནུས་པ་མེད་ཅིང་། དེ་དག་འཇིག་རྟེན་པ་ཡིན་པས་ལོང་བས་ལམ་བསྟན་མི་ནུས་པ་དང་མཚུངས་སྟེ། འཇིག་རྟེན་གྱི་ལྷ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་སོགས་ལྷ་ཆེན་པོ་བཞི་ཡང་དོན་གྱི་སྐྱབས་གནས་མ་ཡིན་ཏེ། ཇི་ལྟར་གསུངས་ན། རི་དང་བྲག་དང་ནགས་ཚལ་དང་། །ཀུན་དགའ་ར་དང་ལྗོན་ཤིང་དང་།མཆོད་རྟེན་དག་ལ་སྐྱབས་སོང་ན། །སྐྱབས་ཀྱི་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཁོར་བའི་གནས་ནས་ཐར་མི་འགྱུར། །སྡུག་བསྔལ་ཟུག་རྔུ་ཞི་མི་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །བདེ་ལེགས་ཐམས་ཅད་འབྱུང་ངོ་ཞེས། །ཞེས་པ་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབ་ཙམ་ན། །སུ་དག་སྐྱབས་སུ་མི་འགྱུར་ཏེ། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་པ་དང་། ལུང་ལས། གཤིན་རྗེའི་ཕོ་ཉ་བྱུང་བའི་ཚེ། །ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །གཉན་འདུན་རྩ་ལག་ཀུན་ཀྱང་མིན། །དེ་དག་ཀུན་གྱིས་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་གསུངས་པས། འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཅིང་བདེ་ཆེན་ཐར་གླིང་དུ་འདྲེན་པའི་དེད་དཔོན་མི་བསླུ་ངེས་པ་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ཁོ་ནའོ། །དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱའི་རིམ་པ་ལ་བསླབ་དགོས་ཏེ། བསླབ་བྱའི་ཆོས་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དགག་པའི་བསླབ་བྱ་གསུམ། སྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་བསྟེན་པའོ། །དེ་ཡང་བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་། སྡིག་ཅན་གྱི་གྲོགས་རྒྱུ་འབྲས་ལ་བསྐུར་པ་འདེབས་པའི་མི་དང་མི་འགྲོག་གོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྟེན་ཐ་ན་སཙྪའི་ཆགས་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་སྟི་སོགས་གུས་པར་བྱེད། ཆོས་ལ་སྐྱབས་སུ་སོང་ནས། ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་ནས་གུས་འདུད་དང་བཀུར་སྟི་སོགས་གུས་པར་བྱའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་རབ་ཏུ་བྱུང་བ་ནས། །ཐ་ན་ལྷན་པ་སེར་པོ་བཏབ་པ་ཡན་ཆད་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་དང་བཀུར་སྟི་སོགས་གུས་པར་བྱའོ། །གསུམ་པ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པ་དང་། ཐ་ནའང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་ཅིང་དུས་རྒྱུན་དུ་སྐྱབས་སུ་འགྲོ་བ་དང་། ཕྱག་འཚལ་བ་སོགས་དད་པ་དང་དག་སྣང་མོས་གུས་ཐང་ལྷོད་མེད་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་སྐྱབས་སུ་སོང་བའི་ཕན་ཡོན་དང་བསླབ་བྱ་རྣམས་དྲན་བཞིན་ཏུ་སྐྱབས་འགྲོ་ཅི་ནུས་བྱས་པས་ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། མཐར་སྐྱབས་ཡུལ་རྣམས་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་ཞིང་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱའོ། །
སྤྱི་དོན་གཉིས་པ་འཆི་བ་མི་རྟག་པའི་ལམ་ཁྱེར་བསྟན་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཉན་ནས་ཉམས་སུ་བླངས་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པའི་སྒོ་ནས་ལེགས་པར་གསན་པར་ཞུ། དེ་ཡང་སྤྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་འདོད་ཀྱི་བློ་ཡིས་ཆོས་ལ་འཇུག་པ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་དགོས་པ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། བརྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མར་བསྟེན། །ཞེས་པ་དང་། བསྟེན་བྱའི་བླ་མ་དེ་ཡང་། མཚན་ཉིད་དང་ལྡན་པ་ཞིག་ངེས་པ་ཅན་དུ་དགོས་པའང་། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་མི་དགེ་བ་སྤངས་ཤིང་དགེ་བ་ལ་སྦྱོར་བ། ཆོས་ཇི་ལྟ་བ་བཞིན་དུ་མ་ནོར་བ་སྟོན་ཞིང་བསྟན་པ་ལྟར་སྤྱོད་པ་རང་ཉིད་འཕགས་པའི་ནོར་བདུན་དང་ལྡན་ཞིང་བྱང་ཆུབ་ཚོལ་བ་ལ་གཞན་ཡང་དེ་ལ་སྦྱོར་བའོ། ཞེས་པ་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་ལྡན། །ཕྱག་གཞེས་ལོན་པས་དོན་གཉིས་བསྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་སྣང་དབང་བསྒྱུར་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབ་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་པོས་བསྟེན། །ཞེས་གསུངས་པ་ལྟར། གོང་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་བའི་གྲུབ་ཐོབ་ཀྱི་བརྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་ལོན་པས་སྙན་བརྒྱུད་ཀྱི་གདམས་པ་མངའ་བ། གོང་མའི་ཕྱག་བཞེས་མཐོང་བའི་དོན་གཉིས་སྒྲུབ་ལ་མཁས་པ། རྟག་ཏུ་སྒྲུབ་ལ་བརྩོན་པས་དངོས་གྲུབ་ཀྱི་ཚན་ཁ་ཐོབ་པ། བརྒྱུད་པའི་བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་ནུས་པ། སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་ཐར་པར་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པས་དཀོན་མཆོག་གསུམ་ཀ་ཚང་བ། རྒྱལ་བའི་བྱིན་གྱིས་རླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བས་བཀའ་བབས་ཀྱི་དམ་ཚིག་གཙང་བ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཤིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབ་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཅེས་སོ། །མཚན་ཉིད་དེ་དག་དང་ལྡན་པའི་འཆད་པ་པོ་ཆོས་ཀྱི་ཁྲི་ལ་སྐྱིལ་མོ་ཀྲུང་བཅས་ནས། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་དུ་དྲན་པས་རང་ཉིད་བསྐྱེད་རྫོགས་ཀྱི་དོན་གསལ་གདབ་ལ་བཤད་ཅིང་། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྤྲུལ་སྐུའི་ཆོས་ལ་ཤཱཀྱའི་རྒྱལ་པོ་དང་། །ལོངས་སྐུ་གསང་སྔགས་རིགས་ལྔ་རྡོ་རྗེ་འཆང་། །ཆོས་སྐུ་ནམ་མཁའ་འདྲ་བའི་ཆོས་རྣམས་ལ། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན་ཡུམ་བསམས། །ཞེས་གསུངས་པ་ལྟར། སྐབས་འདིར་འཆད་བྱའི་ཆོས་ནི་ཆོས་སྐུའི་རང་བཞིན་རྫོགས་པ་ཆེན་པོ་ཡིན་པས། རང་ཉིད་ཀུན་བཟང་ཡབ་ཡུམ་དང་ཡུམ་ཆེན་མོར་བསམ་ལ་བཤད་དོ། །དེའི་ཚེ་སློབ་དཔོན་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་རྫོགས་པའི་ཚུལ་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཚེ་འཆད་པོས་ཕ་རོལ་ཕྱིན་དྲུག་ནི། །ཚིག་དོན་ལེགས་བཤད་ཆོས་ཀྱི་སྤྱིན་པ་སྟེ། །ཉོན་མོངས་མེད་ཕྱིར་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་མེད་བཟོད་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །ཞེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་བཀྲོལ་ཏེ་ལེགས་པར་བཤད་པ་ནི་སྦྱིན་པ། འཆད་པ་ན་སྐྱོ་ངལ་དང་བཀྲེས་སྐོམ་ཚ་གྲང་ལ་སོགས་པར་བཟོད་པས་བཟོད་པ། ཉོན་མོངས་པ་དང་མ་འདྲེས་པར་འཆད་པ་ཚུལ་ཁྲིམས། འཆད་པས་མི་སྐྱོ་ཞིང་སྤྲོ་བས་བརྩོན་འགྲུས། སེམས་གཞན་དུ་མ་ཡེངས་པར་འཆད་པ་ལ་རྩེ་གཅིག་པ་སྟེ་བསམ་གཏན། གང་བཤད་པར་བྱ་བའི་གནས་སོ་སོར་འབྱེད་པ་དང་། རང་བཞིན་མེད་པར་རྟོགས་པ་ཤེས་རབ་བོ། །དེ་ལྟ་བུའི་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་ལེགས་པར་བཤད་པ་ནི་འཆད་པ་པོ་སློབ་དཔོན་གྱི་མཚན་ཉིད་དང་ཀུན་སྤྱོད་མདོར་བསྡུས་སོ། །
དེ་ནས་ཉན་པ་པོ་སློབ་མའི་རང་བཞིན་ནི་ཆོས་ཉན་པ་ལ་ཡོན་ཏན་དང་ལྡན་པའི་སྒོ་ནས་ཉན་དགོས་པ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གང་ཚེ་ལེགས་པའི་ཚུལ་གྱིས་ཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་སྐྱོན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་ཚོལ་ལ་སོགས་འཚོལ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉན། །ཞེས་སོ། །དང་པོ་གཅེས་པའི་འདུན་པ་དྲུག་བསྟན་པ་ནི། ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པར་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པར་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོགས་པ་ལ་ཚེ་རབ་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་ཚོལ་བ་སྤངས་པ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་བསམ་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བརྟེན་པར་བྱའོ། །ཞེས་སོ། དཀའ་བ་སྤྱོད་པ་དྲུག་བཟོད་པར་བསྟན་པ་ནི་དེ་ལས། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བས་ཉོན་མོངས་པ་བཟོད་པ་དང་། བཀྲེས་པ་དང་སྐོམ་པས་ཉོན་མོངས་པ་བཟོད་པ་དང་། ངན་སྨྲས་དང་བརྒྱགས་སྐད་ཀྱིས་ཉོན་མོངས་པ་བཟོད་པ་དང་། ངལ་དུབ་འགྲོ་ལས་ཀྱིས་ཉོན་མོངས་པ་བཟོད་པ་དང། ཡོ་བྱད་གཏོང་བ་དང་འཚོལ་བས་ཉོན་མོངས་པ་བཟོད་པ་དང་། གཅེས་པར་བྱ་བའི་སྲོག་ལའང་བརྡོས་ཏེ་བཟོད་པར་བྱ་བ་གཅེས་སོ། །རྐྱེན་གྱིས་མི་འགྱུར་བ་དྲུག་གི་གོ་ཆ་ནི། དེ་ཉིད་ལས། ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་དུ་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་འབད་དོ། །ཐོས་པ་མང་དུ་འཛིན་པ་དང་། ཆོས་ཀྱི་དོན་ཤེས་པ་དང་། དེ་ཉིད་སྤྱོད་པ་དང་ལྡན་པ། གཞན་ཡང་དེ་ལྟ་བུ་ལ་བརྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའོ། ཞེས་སོ། །ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི། དེ་ལས་དགེ་བའི་རྩ་བ་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་དུ་སྒྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་བཅད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ། །ཞེས་སོ། །དགོས་པ་དྲུག་སྒྲུབ་པ་ནི། འོད་སྲུང་གིས་ཞུས་པ་ལས། ཐོས་ནས་ཆོས་ཀྱི་བྱེ་བྲག་ཏུ་ཤེས་པའི་དགོས་པ་དང་། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི་དགོས་པ་དང་། གཞན་ལའང་དེ་ལྟར་བསྟན་པའི་དགོས་པ་དང་། དེ་ལྟར་བསྟན་པས་རང་གཞན་གྱིས་རྣམ་པར་གྲོལ་བ་ཐོབ་པའི་དགོས་པ་དང་། རང་དང་གཞན་གྱི་ཤེས་རབ་སྦྱོང་བའི་དགོས་པ་དང་། ཕྱོགས་བཞི་ནས་ལྷག་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་དང་། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ། །ཞེས་སོ། །འཚོལ་བ་དྲུག་ནི། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེ་ལས། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཕྱིར་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱིས་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་། འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བས། ཡོངས་སུ་འཚོལ་བ་དེ་ལྟ་བུའི་བཙལ་བར་བྱའོ། །ཞེས་སོ། སྣོད་ཀྱི་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་སློབ་མས་ཆོས་ཉན་པ་ན། རྒྱུད་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་འབྱུང་ཞེས་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མེ་ཏོག་སྟན་སོགས་འབུལ་བ་སྦྱིན་པ་སྟེ། །སྒོ་གསུམ་རབ་སྡོམ་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་པ་བཟོད་པ་སྤྲོ་བ་བརྩོན་འགྲུས་ཏེ། །མ་ཡེངས་ཐོས་པ་འཛིན་པ་བསམ་གཏན་ཉིད། །ཐེ་ཚོམ་སྒྲོ་འདོག་གཅོད་པ་ཤེས་རབ་མཆོག །ཅེས་པས། ཆོས་ཉན་པའི་ཚེ་བླ་མའི་ཆོས་ཀྱི་ཁྲི་སྟན་བཤམས་པ་དང་།མེ་ཏོག་ལ་སོགས་པས་བརྒྱན་པ་ནི་སྦྱིན་པའོ། །རང་གི་ལུས་ངག་ཡིད་གསུམ་བསྡམས་ཤིང་ཕྱོགས་དེར་སེམས་ཅན་ཕྲ་མོ་དང་ཤིག་ལ་སོགས་པ་ལ་འཚེ་བ་སྤངས་པ་ནི་ཚུལ་ཁྲིམས་སོ། །ཚ་གྲང་ལ་སོགས་བཟོད་པ་ནི་བཟོད་པའོ། །བླ་མ་ལ་གསོལ་བ་འདེབས་ཤིང་ཉན་པ་ལ་སྤྲོ་བ་ནི་བརྩོན་འགྲུས་སོ། །སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཉན་པ་ནི་བསམ་གཏན་ནོ། །ཐོས་པའི་དོན་ལ་ཐེ་ཚོམ་དང་སྒྲོ་འདོག་གཅོད་ཅིང་དགེ་སྡིག་གི་སྐྱོན་ཡོན་ལ་སོགས་པ་ངེས་པར་འབྱེད་པ་ཤེས་རབ་བོ། །དེ་ཐམས་ཅད་རང་བཞིན་མེད་ཅིང་ཉན་པ་པོ་ཆོས་དང་བླ་མ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་འདི་དག་ནི་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་བསྡམ་པ་དང་། །སེམས་ཅན་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །རྟོག་སེལ་ཕྱིར་ནི་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྒྲོལ་མ་ནི་ཉན་པ་པོ་བདག་ཉིད་སྒྲོལ་མའམ་འཇམ་དཔལ་དུ་སྒོམ་པའི་ཕྱིར་དེ་སྐད་བརྗོད་པའོ། །ཡན་ལག་དྲུག་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དོན། དེ་ཡང་ཉན་པའི་ཚེ་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡང་རང་ཉིད་འཇམ་དཔལ་བསམ་པ་ཡི། །སྙིང་ནང་ཆོས་ཀྱི་འོད་ཟེར་ཕོག་པར་བསམ། །ཞེས་གསུངས་པས། ཆོས་ཉན་པ་པོ་རྣམས་སྐྱེས་པ་ཡིན་ན་འཇམ་དཔལ་དམར་སེར་ཨུཏྤལ་ལའི་སྟེང་ན་རལ་གྲི་དང་པོ་ཏི་འཛིན་པར་བསམ་ཞིང་། བུད་མེད་ཡིན་ན་ལྷ་མོ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པར་བསམ་ལ། འཆད་པ་པོས་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་ནས་རང་རང་གི་སྙིང་ནང་དུ་ཕོག་པས་མ་རིག་པའི་མུན་པ་སངས་ཤིང་བློ་ཡི་པདྨོ་རྒྱས་པར་བསམ་ལ་མ་ཡེངས་པར་ཉན་པ་ལ་བསླབ་པར་བྱའོ། །དེ་དག་ནི་ཉན་པ་པོའི་མཚན་ཉིད་དང་དགོས་ཆེད་རྣམས་སོ། །དེ་ཡང་སློབ་དཔོན་དང་སློབ་མ་གཉིས་ཀྱི་ཐུན་མོང་དུ་བཤད་ཅིང་ཉན་པའི་ཕན་ཡོན་ནི། མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔ་འམ་གཎྜི་བརྡུང་བའི་སྒྲ། །ཐོས་ནས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཅེས་གསུངས་པ་ཡིན་ཏེ། གཞན་ཡང་ཕན་ཡོན་ཚད་མེད་པ་རྙེད་ཡོད་པས། སྐྱོན་གསུམ་དྲི་མ་དྲུག་དང་བྲལ་བའི་སྒོ་ནས་ལེགས་པར་གསན་མཛོད།
དེ་ལའང་གང་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ལ་གོང་དུ་སྨྲས་པ་ལྟར་དལ་འབྱོར་བཅོ་བརྒྱད་ཀྱིས་བརྒྱན་པའི་མི་ལུས་རིན་པོ་ཆེ་ནི་རྙེད་པར་དཀའ་བ་དང་། འཇེག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་འབྱུང་བར་དཀའ། རྒྱ་མཚོ་ཆེན་པོ་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཚུད་པ་དཀའ་བ། ཞལ་བ་དང་ལྡན་པའི་གྱང་ལོག་ལ་སྲན་མ་གཏོར་ཀྱང་མི་ཆགས་པ་སོགས་དཔེའི་སྒོ་ནས་རྙེད་པར་དཀའ་བ་དང་། འབྲུའི་ཕུང་པོ་ཆེན་པོ་སྤུངས་པའི་རྨིང་ལྟ་བུ་ནི་ངན་སོང་གསུམ་ཡིན་ཏེ། གྲངས་མང་ལ་སྡུག་བསྔལ་ཀྱང་ཆེ། འབྲུ་སྤུངས་པའི་རྩེ་མོ་ལྟ་བུ་ནི་མཐོ་རིས་ཀྱི་འཇིག་རྟེན་གསུམ་ཡིན་ཏེ། དེ་དག་གི་ནང་ནས་ཀྱང་མི་ལུས་ཆོས་ལྡན་ནི་ཆེས་ཆེར་དཀོན་ནོ། །གཞན་ཡང་ངན་སོང་གི་འགྲོ་བ་ནི་ས་གཞིའི་རྡུལ་ལྟ་བུ་ལ་མཐོ་རིས་ཀྱི་སེམས་ཅན་ནི་སེན་མོའི་སྟེང་གི་རྡུལ་གྱི་ཚོད་ཙམ་དང་། དེའི་ནང་ནའང་ཆོས་ལྡན་གྱི་སྐྱེས་བུ་ཤིན་ཏུ་དཀོན་པ་ནི། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བའི་ཚུལ་དང་། ལས་འབྲས་ལ་བསླུ་བ་མེད་ཕྱིར་སྐྱེས་ནས་ཆོས་དང་མཐུན་པར་དགེ་ལ་བརྩོན་ཞིང་། སྡིག་པ་མི་དགེ་བ་སྤངས་པས་དལ་འབྱོར་གྱི་མི་ལུས་ཐོབ་པ་ཡིན་ལ་སྡིག་པ་མི་དགེ་བ་དང་འཁོར་བའི་ཞེན་ཆགས་ཀྱི་རྒྱུ་ལས་ངན་སོང་གི་གནས་བརྒྱུད་དགོས་པས། རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་འོ། །དེ་ལྟར་དཔེ་དང་གྲངས་དང་རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བའི་དལ་འབྱོར་དེ་ཡང་འཇིག་པར་སླ་ཞིང་མི་རྟག་པའི་རང་བཞིན་ཅན་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཞལ་ནས། དེ་ལྟར་རྙེད་དཀའི་དལ་བ་ཐོབ་གྱུར་ཡང་། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །རྣམ་པར་བཏག་ན་སྙིང་པོ་འགའ་མེད་ལ། །ལྦུ་བ་རྟོལ་འདྲ་ཡིད་བརྟན་མི་རུང་བས། །ཉིན་མཚན་ཀུན་ཏུ་ངེས་པར་འཆི་བ་སོམས། །ཞེས་གསུངས་པས། དལ་འབྱོར་ཐོབ་པ་དེ་སྐད་ཅིག་ཙམ་ཡང་རྟག་ཐུབ་པ་མེད་ལ། ཆུ་ཤིང་ལྟར་སྙིང་པོ་མེད་ཅིང་། བློས་དཔྱད་མི་བཟོད་པ་ཆུའི་ལྦུ་བ་ལྟར་རེ་ཞིག་གཅིག་ཏུ་སྣང་ཡང་ཡན་ལག་དང་ཉིང་ལག་སོ་སོར་འཇིག་ཤིང་བྲལ་བའི་རང་བཞིན་ལ་བརྟག་པར་བྱ་སྟེ། །ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག་སྐྱེ་ཞིང་འཇིག་པར་འགྱུར་བ་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་བས། །དེ་བས་མྱུར་དུ་ཞི་བ་བདེ། །སྐར་མ་རབ་རིབ་མར་མེ་དང་།སྒྱུ་མ་ཟིལ་པ་ཆུ་བུར་འདྲ། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་དང་འདྲ། །ཞེས་སོ། །དེ་ལྟར་མི་རྟག་ཅིང་འགྱུར་ལ་སྙིང་པོ་མེད་པའི་ལུས་འདི་སོ་སོར་འབྲལ་ཞིང་ལྟོས་པ་མེད་པས་ཀྱང་། ལུས་ལ་ཆགས་པ་བཏང་ལ་ཉིན་མཚན་རྒྱུན་དུ་མི་རྟག་པ་ལ་བློ་གཞོལ་བར་བྱའོ། །ད་ལྟ་རང་གི་ལུས་ཞེས་རྟག་ཏུ་ང་དང་བདག་ཏུ་བཟུང་ནས་ཟས་དང་གོས་ཀྱིས་མཆོད། མཐུན་པར་རིམ་གྲོ་བསྟེན། གཞན་གྱིས་ཁ་ངན་ཅུང་ཟད་ཟེར་བ་ཙམ་ལ་ཡང་མི་དགའ་བས་ལན་དུ་སྨྲ་ཞིང་། གནོད་པ་ལས་བཟློག་ཀྱང་། འཆི་བདག་གིས་ནམ་ལེན་ཆ་མེད་པར་ལུས་སེམས་བྲལ་བའི་ཚེ། རྗེས་སུ་མི་འབྲང་བར་སྡོད་པ། དུར་བྱ་དང་ཁྱི་དང་ཝ་དང་བྱ་རྒོད་གཅན་གཟན་ལ་སོགས་པས་བཟའ་བར་བྱ་རྒྱུ་འདི་ལ་གཅེས་སྤྲས་སུ་འཛིན་པ་དང་། དེའི་ཆེད་དུ་སྡིག་པ་བྱེད་དོན་མེད་པའི་ཚུལ་ལ་ལེགས་པར་བསམ་ནས་བྲན་གཡོགས་ལྟར་དགེ་བའི་ལས་ལ་བཀོལ། ཟས་གོས་ཀྱི་གླ་རྔན་ཅི་འོས་བསྟབས་ཏེ་ཉིན་མཚན་དུ་ཆོལ་ལ་བརྩོན་པར་འོས་པ་ཉིད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕྱོགས་བཞི་ནས་རི་བོ་སྲ་བ་བརྟན་པའི་སྙིང་པོ་དང་ལྡན་པ། མ་ཞིག་མ་གས་པ་ཤིན་ཏུ་མཁྲེགས་པ། འཕེན་མེད་པ། ལྷུན་སྡུག་པ་བཞི་གནམ་ལ་རེག་ཅིང་ས་ལ་ལྡོག་སྟེ་རྩ་དང་ཤིང་དང་ཤིང་གེལ་བ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལས་ཀྱང་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ། །འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་དེ་རི་དྭགས་ཀྱི་ནང་དུ་ཞུགས་ནས། རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་དབང་བྱེད་དོ། །རི་དྭགས་དེ་ནི་སྟོབས་པོ་ཆེ་ཡི་ཁ་མི་བཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་བཟུང་སྟེ་བརྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། ཚིགས་ནི་བྱེ་ཞིང་བྲལ། ཤ་དང་ཁྲག་ནི་སྐེམ། ལུས་ནི་ནད་ཀྱིས་གདུང་། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་། སྣབ་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་གོས། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ནི་འགག སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་། བཟའ་བ་དང་། བཏུང་བ་ཐམས་ཅད་ཀྱིས་ཀླས་ལ་བོར་སྟེ། འགྲོ་བ་གཞན་དུ་འགྲོ་བར་ཆས་པ་ན། མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བའི་འཁོར་བའི་རྒྱུན་དུ་ནི་ནུབ། སྲོག་ནི་ཅུང་ཟད་གཅིག་ལུས། གཤིན་རྗེའི་མིས་ནི་འཇིགས་སྐྲགས། བྱུར་གྱི་དབང་དུ་ནི་སོང་། དབུགས་ཀྱི་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ། །ཞེས་དེ་སྐད་ཅེས་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་སྲིད་པ་ལ་ནི་འཇུག གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ལྷུང་། ནགས་ཁྲོད་སྟུག་པོར་ནི་ཞུགས། དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཆེལ། ཕ་དང་། མ་དང་། ཕུ་ནུ་དང་། སྲིང་མོ་དང་། བུ་དང་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱེ་ཧུད་ཕ། ཀྱེ་ཧུད་མ། ཀྱེ་ཧུད་བུ། ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་། དཀའ་ཐུབ་དང་། ཆོས་འབའ་ཞིག་གྲོགས་སུ་གྱུར་པ། ཆོས་མ་གཏོགས་སྐྱབས་གཞན་ནི་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་། གནས་དང་མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་དེ་ལྟ་བུའི་དུས་ན། རང་གི་མལ་ན་ཉལ་བཞིན་དུ། ཕྱི་མའི་སྣང་བ་ཉམས་སུ་མྱོངས་ཏེ་ངན་སོང་དུ་འགྲོ་ན། དེ་གནས་ལ་འཇིགས་པའི་སྣང་བ་འབྱུང་སྟེ། དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་འགྱུར་བ་མེད་དོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུས་འདི་ལྟར་བསྲུང་། ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཡུན་རིང་པོར་བཟའ་བ་དང་། བཅའ་བ་ལ་སོགས་པ་གཙང་མ་མང་པོས་ཚིམས་པར་བྱས་ཏེ་བསྐྱེད་སྐྱེད་པ་ཡང་། ཐ་མའི་མལ་ན་འདུག་པའི་སྨན་པས་བོར་ཞིང་ཐམས་ཅད་ཀྱིས་ཀླས་ལ་བོར་ནས་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱི་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བདུགས། མེ་ཏོག་དྲི་ཞིམ་པོས་བགོས་ཀྱང་གདོན་མི་ཟ་བར་དྲི་མི་ཞིམ་པར་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཀ་ཤི་ཀའི་རས་དང་། དར་ལ་སོགས་པའི་གོས་བཟང་པོས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། དྲི་མ་ཅན་གྱོན་བཞིན་དུ་འཆི་བའི་དུས་བྱེད་ཅིང་གཅིག་པུ་སྒྲེན་མོར་འགྲོ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདོད་པའི་ཡོན་ཏན་སྣ་ཚོགས་པས་དགའ་བར་བྱས་ཀྱང་དེ་ཐམས་ཅད་སྤངས་ནས་འདོད་པས་མ་ངོམ་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དང་། མེ་ཏོག་དང་། དར་གྱི་ངྷ་ལྡི་དང་། སྟན་དང་གོས་སྣ་ཚོགས་པས་འབྱོར་ཞིང་གཡས་གཡོན་དུ་སྔས་དང་བཅས་པའི་ཁྲི་ལ་ཉལ་ཡང་། བྱ་རོག་དང་། ཝ་དང་། མི་རོ་སྐྱུགས་བྲོ་བ་དག་གིས་གང་བའི་དུར་ཁྲོ་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་བར་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་གླང་པོ་ཆེ་དང་རྟའི་རྒྱབ་ལ་སོགས་པར་ཞོན་ནས་རོལ་མོའི་བྱེ་བྲག་སྙན་ཅིང་ཡིད་དུ་འོང་བས་དགའ་ཞིང་། རྒྱལ་མཚན་གདུགས་ལ་སོགས་པ་བསྒྲེངས་ལ། རྒྱལ་པོ་དང་བློན་པོ་དང་མཛའ་བཤེས་རྣམས་ཀྱིས་སྙན་པར་བརྗོད་པས་བསྟོད་ཅིང་མདུན་གྱིས་བལྟས་ཏེ་འགྲོ་ཡང་། རིང་པོར་མི་ཐོག་པར་མལ་དུ་ཤི་ནས། མི་བཞིས་བཏེགས་ཏེ། ཕ་མ་དང་ཕུ་ནུ་ལ་སོགས་པས་ལག་པ་བཏེགས་ནས་བྲང་བརྡུང་ཞིང་མྱ་ངན་གྱིས་ནོན་ཏེ་གྲོང་ཁྱེར་གྱི་ལྷོ་སྒོར་ཕྱུངས་ནས་འབྲོག་དགོན་པར་ས་ཡི་འོག་ཏུ་འཇུག་གམ། བྱ་རོག་དང་། བྱ་རྒོད་དང་། ཝ་ལ་སོགས་པས་ཟོས་ཤིང་། རུས་པ་དེ་དག་མེས་བསྲེག་གམ། ཆུར་འདོར་རམ། སའི་འོག་ཏུ་བཅུག་ཀྱང་རུང་། རླུང་དང་ཉི་མ་དང་ཆར་གྱིས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ་འཐོར་ཞིང་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ།དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པ་དེ་ལྟར་མི་བརྟན་པའོ། །ཞེས་རྒྱས་པར་གསུངས་པ་བཞིན་སྙིང་ནས་དྲན་པར་བྱས་ཏེ། ཚེ་འདིའི་སྣང་བ་གང་དང་གང་ལ་ཡང་དགོས་མེད་དུ་ཤེས་ནས་དམ་པའི་ཆོས་འབའ་ཞིག་སྒྲུབ་ལ་ཉིན་མཚན་རྒྱུན་དུ་བརྩོན་པར་བྱའོ། །གཞན་ཡང་ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་བསོད་ནམས་ཀྱི་གྲགས་པས་གནམ་ས་ཀུན་ཏུ་ཁྱབ་པ། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱི་གཙོར་གྱུར་ཞིང་འབྱོར་པ་དམ་པས་བརྒྱན་པ་ཡང་། འཆི་བའི་སྐབས་ཡོད་དེ།ལུང་ལས།ཚངས་དང་བརྒྱ་བྱིན་དྲག་པོ་མིག་སྟོང་ལྡན། །སྲེད་མེད་བུ་ཡང་མི་རྟག་ཕ་རོལ་འགྲོ། །ཉི་མ་ཟླ་བ་ཡུད་ཙམ་རོལ་པ་དང་། ས་ཆེན་གླིང་བཞིའི་འཇིག་རྟེན་སྟོངས་ལ་ལྟོས། །ཞེས་སོ། །དེ་བཞིན་དུ་བསམ་གཏན་བཞི་པའི་ལྷ་སོགས་ལྷ་དང་ལྷ་མ་ཡིན་དང་དཀའ་ཐུབ་གྲུབ་པ་དང་། རིག་སྔགས་འཆང་ཐམས་ཅད་ཀྱང་། འཆི་བའི་ཆོས་ཅན་ཏེ།འདུལ་བ་ལུང་ལས།བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུན་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྣམས་ལྟོས་མེད་ལྦུ་བ་རྡོལ་འདྲའི་ལུས། །སོ་སོར་འཇིག་ཞིང་འབྲལ་བར་སྨོས་ཅི་འཚལ། །ཞེས་སོ། གླིང་བཞིའི་དབང་པོ་འཁོར་ལོ་བསྒྱུར་བ་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་ལ་སོགས་པ་འགྲོ་བ་ཕལ་པ་ཇི་སྙེད་པ་ཀུན་ཀྱང་འཆི་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་སོ། །ད་ལྟའི་དལ་འབྱོར་སྙིང་པོའི་ལུས་འདི་ཡང་མི་རྟག་སྟེ་ཚེ་ལ་སྣོན་པ་མེད་ཅིང་བྲི་བ་དང་བཅས་པས་དབྱར་ཁའི་སྤྲིན་རུམ་འཁྲིགས་པ་ན་གློག་འགྱུ་བ་དང་། རི་གཟར་གྱི་རྦབ་དང་འབབ་ཆུ་ལྟ་བུ་ཉིན་མཚན་སྐད་ཅིག་ཐང་གཅིག་ལ་མི་སྡོད་པར་ཞག་གཅིག་སོང་གཉིས་སོང་འཆི་བ་ལ་ཇེ་ཉེ་ཇེ་ཉེར་སོང་བས་མྱུར་བར་འཆི་ངེས་ཏེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་སོ། །གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་བརྒྱད་རི་བོ་མཆོག་རབ་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་ཉི་མ་ཟླ་བ། ལྕགས་རིས་བསྐོར་བ་དང་བཅས་པ་སྟོང་གི་མཐར། སུམ་ཅུ་རྩ་གསུམ་པའི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་འདྲ་བ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་ལྟ་བུ་སྟོང་གི་མཐར་བསམ་གཏན་དང་པོའི་མཐོ་ཁྱད་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་གླིང་བཞི་ལྕགས་རི་དང་བཅས་པ་རེ་རེ་གཅིག་ནས་གཉིས་སུ་བགྲངས་ན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུའོ། །དེ་ལྟ་བུའི་འཇིག་རྟེན་ཁམས་ཡང་། དང་པོ་ཆགས། བར་དུ་གནས། མཐར་མེ་བདུན་གྱིས་བསྲེགས་ནས་ཐལ་བར་བྱས་ཏེ། དེ་ཡང་ཆུས་བཤལ། རླུང་གིས་གཏོར་བའི་མཐར་ནམ་མཁའ་གཅིག་ཏུ་གྱུར་ནས་སྔོན་མ་ཆགས་པའི་སྐབས་ལྟར་སྟོངས་པར་འགྱུར་བ་ཉིད་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདིར་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་ཕྱིའི་སྣོད་བཅུད་འཇིག་པའི་དཔེ་དེ་བཞིན་དུ། ནང་གི་ལུས་ཀྱང་འཇིག་པར་ཤེས་པ་བྱ་སྟེ། དང་པོ་སེམས་ཀྱི་ཆོས་ཉིད་ནམ་མཁའ་གཅིག་ཏུ་གྱུར་པའི་ངང་ལས་མ་རིག་པ་དང་ཀུན་ཏུ་རྟོག་པའི་རླུང་གི་གཞི་བྱས་ཤིང་ཆགས། བར་དུ་གནས། ཐ་མ་འཇིག་པ་འདི་ཡང་འདུས་པའི་ཕྱིར་བྲལ་བ། སྐྱེས་པའི་ཕྱིར་འཆི་བ། འདུས་བྱས་པས་འཇིག་པ་སྟེ། འཆི་བའི་དུས་ལ་བབ་པ་ན། ཕྱིའི་འབྱུང་བཞི་ནང་གི་འབྱུང་བཞིར་བསྡུད་པས། མེ་བདུན་དང་ཆུ་གཅིག་ཏེ་བརྒྱད་ཐལ་ནས། ནང་གི་འབྱུང་བ་འོད་གསལ་ལ་ཐིམ་པས་ནམ་མཁའ་གཅིག་ཏུ་གྱུར་པའི་སྐབས་ཡོད་དོ། །གཞན་ཡང་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་སུ་བྱོན་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་མང་པོ་དག་འཁོར་དང་བཅས་ཏེ་མྱ་ངན་ལས་འདས་ཤིང་དེ་དག་གི་བསྟན་པ་ནུབ་པའི་ཚུལ་ལ་བསམས་ནས་ཀྱང་། རང་ཅག་ཆུ་བུར་གྱི་ལུས་འདི་ལ་རྟག་པ་དང་བརྟན་པ་ནི་ལྟ་ཅི་སྨོས་ཏེ། མི་རྟག་པའི་ཚོམ་ལས།མཚན་སྟོང་གིས་འབར་བདེར་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པ་མི་རྟག་ན། །ལྦུ་བ་རྡོས་འདྲའི་ཡིད་བརྟེན་མི་རུང་བས། །རང་གི་ལུས་འདི་ངེས་པར་ཅིས་མི་འཇིག འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་སོ། །དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན།མཐོ་དམན་དྲག་ཞན་ཐམས་ཅད་མི་རྟག་པའི་ཚུལ་སོགས་དཔེ་དོན་མང་དུ་ཡོད་ཀྱང་། །མདོར་བསྡུ་ན་ད་ལྟའི་ས་སྟེང་འདི་ན་གནས་པའི་འགྲོ་བ་ཆེ་ཆུང་མཐོ་དམན་བར་མ་ཐམས་ཅད་ལོ་རྒྱའི་ནང་ན་མེད་པར་ངེས་ཏེ། ཀུན་མཁྱེན་ཆེན་པོའི་ཞལ་ནས། ད་ལྟའི་ས་སྟེང་འགྲོ་བ་འདི་དག་ཀུན། །ལོ་བརྒྱའི་ནང་ན་ངེས་པར་མེད་པར་འགྱུར། །ཞེས་གསུངས་པ་ལྟར་ལ། དེ་ཡང་ངེས་པར་འཆི་བ་དང་། ནམ་འཆི་ཆ་མེད་པ་དང་། གནས་འདིར་འཆི་ངེས་པ་མེད་པ་དང་། རྐྱེན་འདིས་འཆི་མི་ཤེས་པ་དང་། ཚེ་ལ་སྣོན་པ་མེད་པ་དང་། རྟག་ཏུ་གོད་པར་འགྱུར་བ་དང་། འཆི་བའི་རྐྱེན་མང་བ་དང་། འཚོ་བའི་རྐྱེན་ཉུང་བ་སོགས་ལ་བསམ་གཞིག་ལེགས་པར་བཏང་ལ། ཚེ་ལ་ལོང་མེད་པས་བློ་སྣ་བཏང་སྟེ་ཆོས་ལ་བརྩོན་པར་རིགས་སོ། །དེ་ཡང་སྐྱེས་པའི་ཕྱིར་ན་འཆི་བ་ངེས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་བྲལ་བ་ཡོད། །ཅེས་སོ། །དུས་ཐིངས་པ་མེད་པས་ནམ་འཆི་ཡང་མི་ཤེས་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་གཉིས་བཤེས་པ་མ་ཡིན་ནོ། །ཞེས་སོ། །ས་ཕྱོགས་གང་དུ་འཆི་ཡང་ཆ་མེད་པས་འགྲོ་འདུག་ཅི་བྱེད་པའི་ཚེ་ནའང་འདིར་འཆིའམ་སྙམ་དུ་བསམ་འཚལ་ཏེ། དཔུང་པ་བཟང་པོའི་མདོར། རིའམ་ངམ་གྲོགས་གཅོང་རོངས་གཡང་སའམ། །ཁྱིམ་མམ་ལམ་སྲང་ཆུ་བོའི་ངོགས་ཉིད་དམ། །ས་ཡི་ཕྱོགས་གང་བདག་གི་ཐ་མའི་གནས། །གཏོལ་མ་མཆིས་པ་ཉིད་དུ་ཤེས་བྱ་སྟེ། །འཇིག་རྟེན་དགའ་བ་རྣམ་པར་བཟློག་པར་བྱ། །ཞེས་སོ། །རྐྱེན་འདིས་འཆི་དང་ངེས་པ་ཆ་མེད་དེ། ལུང་ལས།ཁ་གཅིག་ཟས་ཀྱི་བརྣང་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨྲོས།དེ་བས་ངེས་པ་འགའ་མེད་དོ། །ཞེས་སོ། །སྣོན་པ་མེད་ཅིང་བྲི་བ་དང་བཅས་པས་ཀྱང་འཆི་བར་ངེས་ཏེ། མི་རྟག་པའི་གཏམ་ལས།ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་བྲི་བ་དང་བཅས་པའི། །ཀུན་ཀྱང་འཆི་བའི་ལམ་ཞུགས་ནས།གློ་བུར་ཚེ་ལ་སུ་ཡིད་བརྟོན། །ཅེས་པ་དང་།སྤྱོད་འཇུག་ལས།ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་སོ། །འཆི་བའི་རྐྱེན་མང་ལ་འཚོ་བའི་རྐྱེན་ཉུང་བས་ཀྱང་འཆི་ངེས་ཏེ།རིན་ཆེན་ཕྲེང་བ་ལས། །འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་གཅིག དེ་དག་ཉིད་ན་འཆི་བས་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག གཞན་ཡང་འཁོར་དང་ལོངས་སྤྱོད་གཉེན་དང་ཉེ་དུ་གཅེས་པའི་སྒྱུ་ལུས་དང་བཅས་པ་སྐྱུར་ཏེ་གཅིག་པུར་འགྲོ་དགོས་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། ཞེས་པ་དང་། དེར་མ་ཟད་ཕ་མ་སྤུན་ཟླ་བུ་དང་ཆུང་མ་བྲན་དང་ནོར་རྫས་རྩ་ལག་རྣམས་ཀྱང་འགྲོག་ཏུ་མེད་ཅིང་། དགེ་སྡིག་གང་བྱས་ལས་དཀར་ནག་ནི་ལུས་དང་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བཞིན་འགྲོ་དགོས་པ་ཡིན་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འདྲེས་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་། བུ་དང་དེ་བཞིན་ཆུང་མ་གསོ་བར་བྱེད། །ཤིན་ཏུ་སྡུག་བསྔལ་གྱུར་བ་འཆི་དུས་ན། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །ཇི་ལྟར་སྣ་ཚོགས་ལས་བྱས་བླངས་པ་བཞིན། །བུ་དང་ཆུང་མ་དག་ཀྱང་འདོར་བར་འགྱུར་། །བདག་ཉིད་གཅིག་པུར་སྡུག་བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཕ་མ་སྤུན་ཟླ་བུ་དང་ཆུང་མ་དང་། བྲན་དང་ནོར་དང་རྩ་ལག་རྣམས་ཀྱི་ཚོགས། །ཤི་བའི་ཕྱི་བཞིན་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་བྱིས་པ་འགྲོ། །ཞེས་སོ། །དེ་ལྟར་འཆི་བའི་དུས་ལ་བབ་ན་དམ་པའི་ཆོས་མ་གཏོགས་སྐྱབས་གཞན་མེད་པས་བརྩོན་པ་དྲག་པོའི་སྒོ་ནས་ཆོས་ལ་འབད་པར་བྱ་དགོས་ཏེ། དེ་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འཁོར་དང་ལོངས་སྤྱོད་ཉེ་བར་འབྲེལ་བའི་གཉེན། །གཟུགས་དང་ལང་ཚོ་དབང་ཕྱུག་རིགས་བཟང་ཡང་། ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དགོས་ཤིང་། །གང་གིས་མི་སྟོངས་དཀར་ནག་རྗེས་འབྲང་བ། །དེ་ཚེ་ཆོས་ལས་སྐྱབས་གཞན་འགའ་མེད་ན། །དེང་དུ་བརྩོན་པས་ཅི་ཕྱིར་འདའ་མི་བྱེད། །ཅེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གླིང་བཞིའི་བརྒྱན་པའི་རིན་ཆེན་ཕོ་བྲང་ན། །རྣམ་བཀྲ་ཡུལ་གྱི་སྣང་བ་བཀོད་ལེགས་ཀྱང་། །རྡུལ་ཕྲན་ཆ་ཤས་མེད་པར་ཞིག་གྱུར་ནས། །ཅི་ཡང་མེད་པར་རང་བཞིན་གྱུར་ལ་ལྟོས། ཉེ་བར་ལེན་པའི་ལུས་དང་ལོངས་སྤྱད་དང་། ཚེ་འདིའི་སྣང་བ་མ་ལུས་ཐམས་ཅད་ཀུན། །མི་རྟག་སྒྱུ་མའི་རང་བཞིན་བསླུ་བར་འགྱུར། །གང་ལ་བསམ་ཀྱང་སྙིང་པོ་འགའ་མེད་ལ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །ངེས་འབྱུང་སྐྱོ་ཤས་བློ་སྣ་བཏུང་མཛོད་ལ། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་སོ། །དེ་ལྟར་མི་རྟག་པ་སྒོམ་པའི་རྟགས་ཚད་བསྟན་པ་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེས་ནི་འདི་ཕྱིར་ཕན་བདེའི་ཆོས་འགྲུབ་ཅིང་། །བརྩོན་འགྲུས་དྲག་པོས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདི་བློས་ཐོང་བདག་འཛིན་འཁྲུལ་བ་འཇིག མདོར་ན་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། །ཉེས་ཀུན་མཐར་འབྱིན་ཐར་པ་དམ་པའི་རྒྱུ། །ཆོས་ཀུན་རྩ་བ་མི་རྟག་བློ་སྣ་བསྟུང་། ཞེས་དང་། གཞན་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གོམ་པའི་ཚད་ནི་འདུས་བྱས་འཇིག་པར་མཐོང་། །བརྩོན་ལྡན་འཇིགས་དང་ཚེ་འདིའི་བྱ་བ་འདོར། །སྐད་ཅིག་ཙམ་ཡང་ཐ་མལ་མི་སྡོད་ཅིང་། །ངེས་འབྱུང་སྐྱོ་ཤས་བློ་སྣ་ཐུང་བར་འབྱུང་། ཞེས་སོ། །མི་རྟག་པ་ཉིན་མཚན་དུ་བསམ་པ་ལ་སྣང་བ་གང་ཡང་འཇིག་པར་མཐོང་བས། ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེས་པ་དང་། དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེས་པ་དང་། འཁོར་བའི་སྡུག་བསྔལ་འཇིགས་སྔངས་སྐྲག་པ་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེས་པ་དང་། འཆི་བའི་ཚེ་ཅིས་ཀྱང་མི་སྟོངས་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་རྣམ་པར་སྨིན་པ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེས་པ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལ་ཡང་བློ་ལྟོས་མི་འཆའ་བ་རྣམས་ནི་མི་རྟག་པ་སྙིང་ནས་གོམས་པའི་ཚད་དོ། །དེ་ལྟར་སྒོམ་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུག་ཚོད་ཡོན་དང་བཅས་པ་སྦྱིན་པ་བས།འདུས་བྱས་མི་རྟག་པར་སེམས་པ་སྐད་ཅིག་མ་མཆོག་གོ །ཅེས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། ཞིང་རྨོ་བ་རྣམས་ཀྱི་ནང་ནས་ཀྱང་སྟོན་གྱི་ལོ་ཐོག་རྙེད་པ་མཆོག རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་གོ །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་བཟློག་པར་བྱེད་དོ། །ཞེས་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་ཞལ་ནས་ཀྱང་། དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་སྟེ། །འཁོར་བའི་ཉེས་སྤངས་ཡོན་ཏན་ངང་གིས་འདུ། །རྟག་འཛིན་ལས་གྲོལ་དགྲ་གཉེན་ཆགས་སྡང་ཞི། །དགེ་ལ་རབ་བརྩོན་ཚེ་འདི་འཁྲུལ་བར་ཤེས། །ཚོགས་གཉིས་རབ་རྫོགས་གྲགས་ལྡན་ལྷས་གཟིགས་ཤིང་། །བདེ་བར་ཚེ་ཡི་དུས་བྱེད་མཐོ་རིས་འགྲོ། །མྱུར་དུ་འཆི་མེད་བདུད་རྩིའི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་རོ། །མདོར་ན་ཚེ་འདིའི་འབྱོར་པ་ཕུན་སུམ་ཚོགས་པ་ཅི་ལྟ་བུ་ཞིག་ཡོད་ནའང་གཉིད་ཐུམ་གཅིག་གི་རྨི་ལམ་གྱི་བདེ་བ་སད་དུས་མེད་པ་ལྟར་ཡིན་པ་ལ། བསམ་གཞིག་དང་ཚེ་མི་རྟག་པར་སྒོམ་པའི་ཕན་ཡོན་གོང་དུ་བཤད་མ་ཐག་པ་དེ་དག་ཡིད་ལ་བཅག་ནས་འཆི་ཁར་འགྱོད་མེད་ཀྱི་གྲབ་ཚགས་སུ་ཚུད་པར་བྱོས་ཤིག
ད་ནི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི། མདོ་སྡེ་སྐལ་བཟང་ལས། གང་གི་སྐལ་པ་བྱེ་བ་སྟོང་ཚང་བར། །སེམས་ཅན་རྣམས་ལ་ཟག་བཅས་སྦྱིན་པ་བས། །ལ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། །དེ་ཡི་བསོད་ནམས་དཔེར་ཡང་མི་བཟོད་དོ། །ཞེས་སོ། །སྤྱིར་ན་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། རྒྱུད་ལས། བྱམས་དང་སྙིང་རྗེ་ཆོས་སྤྱིའི་ལམ། ཐེག་པ་ཆེན་པོར་འཇུག་ཕྱིར་རོ། །ཞེས་པས་འདི་ལ་བཞི་སྟེ། སྨོན་པ་དང་འཇུག་པ་དང་བསླབ་པ་དང་ཕན་ཡོན་ནོ། །དེ་ཡང་དང་པོ་སྨོན་པ་སེམས་བསྐྱེད་ནི། ཕྱོགས་བཅུའི་ནམ་མཁའ་ལ་ཇི་ལྟར་གཞལ་ཡང་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་བར་མཚམས་མེད་པར་ཁྱབ། སེམས་ཅན་དེ་རྣམས་ཐམས་ཅད་བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་དེ། དེ་དག་གི་ལྟོ་བར་ཉལ་བ་དང་ནུ་ཞོ་མ་འཐུང་བ་མེད་པས། བདག་གི་སྐྱེ་བ་ལ་གྲངས་མེད་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་བདག་གི་མ་བྱས་པ་ལ་ཡང་གྲངས་དང་མཐའ་མེད། དེ་ཡང་དྲི་མེད་བཤགས་རྒྱུད་ལས། ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལོངས། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཅིང་། །ཞེས་གསུངས་པ་ལྟར། གྲངས་དེ་ཙམ་གྱི་ཕ་མ་བྱས་རེས་བཞིན་ཚེ་འདིའི་མས་ཇི་ལྟར་སྐྱོང་པ་བཞིན་དུ། གནོད་པ་ཐམས་ཅད་ལས་སྐྱབས། བརྩེ་བའི་སེམས་ཀྱིས་ནི་བཟུང་། བྱམས་པའི་སྤྱོད་ལམ་གྱིས་བསྐྱངས་ནས། གྲངས་དང་ཚད་བཟུང་དུ་མེད་པའི་ཕན་སྒོ་དུ་མ་ནས་བཏགས་པའི་དྲིན་ཆེན་གྱི་མ་ཤ་སྟག་ཡིན་པ་ལ། ད་ལྟའི་མ་དང་སྐྱེ་བ་གཞན་གྱི་མ་ཞེས་ཉེ་རིང་དང་གདམ་ཀ་རིས་སུ་གཅོད་པ་ཅི་ལ་རིགས། དེས་ན་མ་དེ་དག་ཐམས་ཅད་འདོད་པ་ནི་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་དུག་ལྟར་དུ་དོར། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་སྨན་ལྟར་དུ་བླངས་ནས་དེ་ཁོ་ན་སྒྲུབ་པས་འཁོར་བ་ནས་འཁོར་བར་འཁོར་ཞིང་། ཉམ་ཐག་པར་གྱུར་པ་འདི་དག་སྙིང་རེ་རྗེ། བདེ་བ་དང་ལྡན་པར་བྱ། སྡུག་བསྔལ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པར་བྱས་ནས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་སྙམ་པས་ཚད་མེད་པ་བཞི་རྒྱུད་ལ་སྐྱེས་པ་ནི། སྨོན་པ་སེམས་བསྐྱེད་དེ། པདྨའི་སྙིང་གུར་ལས། སེམས་ཅན་དོན་ལ་སྨོན་བྱེད་པ། རྫོགས་པའི་སངས་རྒྱས་མྱུར་བའི་ལམ། །ཞེས་སོ། །ཡང་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་མ་འདི་དག་མ་རིག་པའི་མུན་པས་ནི་འཐོམས། ཉོན་མོངས་པས་ཡིད་དཀྲུགས་པས་མྱོས། བླང་དོར་ལྟ་བའི་མིག་དང་བྲལ། དགེ་བའི་བཤེས་གཉེན་གྱི་ལོང་འཁྲིད་ནི་མེད། ལས་སྡིག་སྤྱོད་ཀྱི་རང་བཞིན་ཁོ་ནར་སོང་བས་འཁོར་བ་དང་ངན་སོང་གི་གཡང་སར་ལྷུང་བ་འདི་རྣམས་ཡིད་ལ་དྲན་པས་བཟོད་དུ་མེད་པའི་སྙིང་རྗེ་མཆི་མ་འཁྲུགས་པ་ཙམ་གྱིས་བློ་བསྐུལ་ནས། འདི་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པར་བྱ་སྙམ་པས་བདག་བས་གཞན་གཅེས་ཀྱི་བསམ་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་བཏང་ལན་གྱི་དམིགས་པ་ཟབ་མོ་བྱ་སྟེ། རང་གི་དབུགས་ཚུར་རྔུབ་པས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཉེས་ལྟུང་རང་གི་རྒྱུད་ལ་ལེན་པ་དང་། ཕར་བཏང་བས་རང་གི་བདེ་སྐྱིད་ཡོན་ཏན་གྱི་ནུས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྨིན་ནས་སོ་སོའི་སྡུག་བསྔལ་ཐམས་ཅད་བྱང་ཞིང་གང་ལ་གང་འདོད་ཐམས་ཅད་འབྱུང་བའི་སྨོན་སེམས་བླ་ན་མེད་པ་བསྐྱེད་པར་བྱ། དེ་ཡང་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། བྱམས་དང་སྙིང་རྗེ་ལྡན་པས་འགྲོ་དོན་བརྩོན། །དགའ་དང་ལྡན་པས་ཕ་རོལ་ཆོས་ལ་སྦྱོར། །བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱངས་ཡིན། ཞེས་གསུངས་པ་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པའི་སེམས་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་ནི་ཚད་མེད་དེ། བྱམས་པའི་འཇུག་པ་ལས། གང་གིས་སྟོང་གསུམ་རིན་ཆེན་བཀང་བྱས་ཏེ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བ་བས། དེ་བས་བྱང་ཆུབ་དུ་ནི་སྨོན་བྱེད་པའི། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །གང་གི་ཞིང་རྣམས་གང་གའི་བྱེ་མ་སྙེད། །རིན་ཆེན་གང་བར་བྱས་ཏེ་སྦྱིན་པ་བྱིན། །དེ་བས་བྱང་ཆུབ་མཆོག་ཏུ་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་འཇུག་པ་ནི། པདྨའི་སྙིང་གུར་ལས། གཞན་དག་སྲིད་པར་གྲོལ་བར་བརྩོན། །སེམས་དཔས་འགྲོ་བའི་དོན་ལ་བརྩོན། ཕ་རོལ་ཕྱིན་དྲུག་སྤྱད་པར་བྱ། །ཅེས་གསུངས་པས། བསྡུ་བའི་དངོས་པོ་བཞི་དང་། སྦྱིན་པ་རྣམ་བཞི་སྦྱིན་པ་ལ་རྟག་ཏུ་བརྩོན་པར་བྱ་དགོས་པ་ཡིན་ཏེ། བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའོ། །ཆོས་ཀྱི་སྦྱིན་པ་ནི། ཆོས་བསྒྲུབ་པའི་ཡོ་བྱད་མཐུན་རྐྱེན་གང་ལ་གང་འོས་སུ་སྦྱིན་པ་དང་། ཁྱད་པར་དུ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པའི་སྒོ་ནས་ཡང་དག་པའི་དོན་སྟོན་པར་བྱེད་པ་དང་། མདོར་ན་ཀླག་ལུང་དང་། བསླབ་པ་འབོག་པ་ལ་སོགས་དབང་པོ་དང་འཚམས་པའི་ཐེག་པ་ཆེ་ཆུང་གི་ཆོས་གང་འོས་སུ་སྟེར་བ་ནི། སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་གྱུར་པའོ། །ཟང་ཟིང་གི་སྦྱིན་པ་ནི་རྒྱུ་རྫས་ལོངས་སྤྱོད་མཐའ་དག་དང་། རྟ་གླང་སོགས་རྐང་བཞིའི་རིགས། ཞིང་ཁང་བུ་དང་ཆུང་མ་མདོར་ན་གང་དགོས་པ་ཐམས་ཅད་སྦྱིན་པའོ། །གཞན་ཡང་ལུས་ཤ་ཁྲག་གི་སྦྱིན་པ་མགོ་དང་ཡན་ལག་དབང་པོ་རྣམ་ལྔ་ལ་སོགས་བཏང་བ་དང་། ནང་སེམས་ཀྱི་སྦྱིན་པ་སྙིང་རྗེ་ཚད་མེད་པ་བསྒོམ་པ་ནི་སྨོན་པ་ལྟར་རོ། །མི་འཇིགས་པའི་སྦྱིན་པ་ནི་གཞན་དག་ནད་གདོན་མེ་ཆུ་མཚོན་དང་། རྒྱལ་པོའི་འཇིགས་པ་མུ་གེས་ཉེན་པ་སོགས་མདོར་ན་འཇིགས་པ་ཐ་དག་ལ་རང་ལ་སྟོབས་ནུས་ཅི་ཡོད་ཀྱིས་བསྐྱབ་པའོ། གསུམ་པ་བསླབ་པ་ནི། བློ་གྲོས་མི་བཟད་པའི་ཞུས་པ་ལས། ཐ་བ་རབ་ཏུ་བོར་བ་འདི་ནི་སྦྱིན་པ་དག བྱམས་པ་ཡིད་དུ་འགྱུར་བ་འདི་ནི་ཚུལ་ཁྲིམས་དག བཟོད་པ་སྟོབས་བསྐྱེད་འདི་ནི་བཟོད་པ་དག སངས་རྒྱས་ཡེ་ཤེས་འདི་ནི་བརྩོན་འགྲུས་དག ཡིད་རབ་ཞི་བ་འདི་ནི་བསམ་གཏན་དག སྒྲ་ཚིག་མེད་པ་འདི་ནི་ཤེས་རབ་དག་ཅེས་གསུངས་པ་ལྟར་གྱིས་ཡང་དགེ་པ་ཆོས་བྱེད་ཀྱིས་བསྡུ་བ་དང་། སྙན་གྲགས་ཡོ་བྱད་ཀྱིས་བསྡུ་བ་དང་། མཐུན་པ་གང་འཚམས་ཀྱིས་བསྡུ་བ་དང་། སྤྱོད་པ་ཕྱིན་དྲུག་དང་འཇུག་པ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །བཞི་པ་སེམས་བསྐྱེད་པའི་ཕན་ཡོན་དང་བསོད་ནམས་དཔག་ཏུ་མེད་པ་འབྱུང་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་གསུང་པས། བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་རྣམས་ཀྱིས་རྟག་ཏུ་བསྲུང་བ་དང་། སངས་རྒྱས་ལས་ཆོས་ཐོས་པ་དང་། ནམ་ཞིག་ཚེ་འཕོས་པའི་ཚེ་ན། བྱང་ཆུབ་སེམས་ཀྱི་རྟ་ལ་ཞོན་ནས་བདེ་བར་འགྲོ་ཞིང་། མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པའི་ཕན་ཡོན་གཞལ་དུ་མེད་དོ། །དེ་ནས་སེམས་བསྐྱེད་དངོས་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པའི་མ་རྒན་འདི་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དགོད་འདོད་ནའང་དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླངས་བར་བགྱིའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པས་ངག་ཏུ་འདི་སྐད་དོ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བསྒྲལ་དང་མ་གྲོལ་གྲོལ། །དབུགས་དབྱུངས་མྱ་ངན་འདས་ལ་འགོད། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་གང་ནུས་བཟླས་སོ། །དེའི་དོན་ཡང་དེང་ནས་བཟུང་སྟེ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཐར་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚད་མེད་པ་བཞི་བསྒོམ་དགོས་ཏེ། སྙིང་རྗེ་ཚད་མེད་པ་མ་སྔུན་བུ་གསོད་པ་ལྟ་བུ་དང་། བྱམས་པ་ཚད་མེད་པ་བྱ་མོའི་སྒོ་ང་བྱེའུ་གསོ་བ་ལྟ་བུ་དང་། དགའ་བ་ཚད་མེད་པ་མ་ཡི་བུ་སྟོར་བ་ལས་རྙེད་པ་ཙམ་དང་། བཏང་སྙོམས་ཚད་མེད་པ་བྱང་ཆུབ་སེམས་དཔས་སྦྱིན་པ་བཏང་བའམ་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ་ཚད་མེད་པ་བཞི་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་བསྒོམ་པར་བྱའོ། །དེ་ཡང་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་འཚོ་ལས་མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་བ་དང་། སེམས་ཅན་ཉོན་མོངས་པའི་འཆིང་བ་ལས་མ་གྲོལ་བ་རྣམས་བདག་གིས་གྲོལ་བར་བྱའོ། །སེམས་ཅན་ཉོན་མོངས་པས་ཉམས་ཐག་པ་དབུགས་མ་དབྱུངས་བ་རྣམས་བདག་གིས་དབུགས་དབྱུངས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་བྱ་སྙམ་པའི་སེམས་སྟོབས་ཆེན་པོ་དང་ལྡན་པར་བྱའོ། །དེ་ལ་ཕན་ཡོན་མཐའ་ཡས་པ་ཡོད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་བའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་དེ། །མངོན་མཐོ་ངེས་ལེགས་ཀྱི་ཐེག་པ་མཐའ་དག་གི་གཞི་རྟེན་ཡིན་པ་དང་། ཐར་བ་ཆ་མཐུན་ཡོན་ཏན་བསོད་ནམས་ཡེ་ཤེས་ཀྱི་འབྲས་བུ་མངོན་དུ་གྱུར་པའི་དགོས་ཆེད་ཡོད་དོ། །
སྤྱི་དོན་གསུམ་པ་ལས་རྒྱུ་འབྲས་ཀྱི་ལམ་ཁྱེར་བསྟན་པ་ནི། འོ་ད་ལམ་ཡང་ཁྱེད་འདིར་འཁོད་པ་རྣམས་ཀྱིས་མ་ཡེངས་པར་བསམ་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ལ་བདག་གཞན་དོན་གཉིས་ལྷུན་གྲུབ་ཀྱི་བསམ་པ་དང་ལྡན་པའི་ངང་ནས་ལེགས་པར་གསན་འཚལ། དེ་ཡང་རྒྱལ་པོ་ཟླ་བས་ཞུས་པའི་མདོ་ལས།གསུང་དང་རྣ་བ་ཉིད་དང་ནི། །དད་དང་ཤེས་རབ་གེགས་མེད་པ། །ལྔ་པོ་འདི་དག་རྙེད་དཀའ་ཞིང་། །རྟག་ཏུ་སྟོན་པའི་གསུང་ལ་ཉོན། །ཞེས་གསུངས་པ་ལྟར་གྱི་ཡང་ཁྱེད་རང་རྣམས་ཀྱི་མ་ཡེངས་པར་རྩེ་གཅིག་ཏུ་གུས་པར་ཉན་ནས་ཉམས་སུ་ལེན་པ་ལ་བསླབ་པར་བྱའོ། །དེ་ཡང་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་ཤིང་། མཛད་པ་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས། འོ་སྐོལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐར་པ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཆེད་དུ། ཆོས་ཀྱི་ཕུང་པོ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། དེ་ཡང་བསྡུ་ན་རྣམ་པ་གཉིས་ཏེ། རྒྱུ་ལམ་དུ་བྱེད་པ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འདུས་ཏེ། དེ་ཡང་ད་ལམ་སྐབས་འདིར་ཁྱེད་རང་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་ཁྲིད་ཀྱི་རིམ་པ་ལའང་། གོང་དུ་བསྟན་པ་ལྟར། དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའ་ཡང་འཇིག་སླ་བའི་རང་བཞིན་ཅན་མི་རྟག་ཅིང་མི་བརྟན་པ་སྟེ། དེ་ཡང་སྣོད་ཀྱི་འཇིག་རྟེན་འདི་དག་གནས་སྐབས་སུ་དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་བཞིའི་འགྱུར་ལྡོག་གིས་མི་རྟག་ཅིང་། ནང་བཅུད་ཀྱི་འགྲོ་བ་རྣམས་ཀྱང་ཚེ་སྟོད་སྨད་ལ་སྐྱིད་སྡུག་དང་ཚེ་རིང་ཐུང་ལ་ངེས་པ་མེད་ཅིང་ཐ་ན་ཞག་དང་ཉིན་རེ་ལ་ཡང་མི་རྟག་ཅིང་འགྱུར་བའི་རང་བཞིན་ཅན་ནོ། །སྤྱིར་འདུས་པ་འབྲལ། བསོགས་པ་འཛད། བརྩིགས་པ་ཞིག འདུས་བྱས་ལ་སྙིང་པོ་མེད་པ་དང་། ཁྱད་པར་དུ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་ཡང་། སྐྱེ་རྒ་ན་འཆིའི་དབང་གིས་རིམ་པར་འགྱུར་བ་དང་། དེ་ཡང་རང་ལ་ཚེ་སྐལ་ཅི་ཡོད་ཀྱི་ངེས་པ་ནི་མེད་དེ། རླུང་གསེབ་ཀྱི་མར་མེ་དང་། ཚོང་འདུས་ཀྱི་མགྲོན་པོ་དང་། རྩྭ་ཁའི་ཟིལ་པ་དང་། ཆུའི་ཆུ་བུར་ལྟ་བུ་འདི་ལ་ནད་བཞི་བརྒྱ་རྩ་བཞི། གདོན་བགེགས་རྐྱེན་གྱི་འཚེ་བ་མང་པོས་འཆི་བའི་རྐྱེན་བྱས་ཏེ། བསགས་པའི་ནོར། མཛའ་བའི་གྲོགས། སྡོད་པའི་གནས། གཅེས་པའི་སྒྱུ་ལུས་ཐམས་ཅད་བོར་ཏེ། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་པར་འགྲོ་དགོས་ཤིང་། ལུས་ནི་མེ་ལ་བསྲེག་གམ་ཆུ་ལ་བསྐྱུར་རམ། ཡ་ང་བའི་གནས་དུར་ཁྲོད་བས་མཐའ་ནགས་གླིང་ཆུ་འགྲམ་རྣམས་སུ་བྱ་དང་གཅན་གཟན་གྱི་དྲུང་དུ་འཕང་། བཏགས་པའི་མིང་ཡལ། རྣམ་ཤེས་རླུང་གིས་ཁྱེར་བ་བཞིན་དུ་གཏད་མེད་དུ་འཁྱམས་དགོས་པ་ཡིན། དེ་ཡང་ཤི་ནས་ཅང་མེད་སྟོང་པར་སོང་བ་ནི་མ་ཡིན་ཏེ། སོ་སོའི་སྔོན་གྱི་ལས་འབྲས་གང་ལྟར་ཡོད་པ་དེ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགྲོ་ལ། སྔོན་དགེ་བའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་མཐོ་རིས་ཀྱི་དགའ་བདེ་དཔལ་འབྱོར་ལ་སྤྱོད་ཅིང་། སྔོན་སྡིག་པའི་འབྲས་བུ་ལ་བརྟེན་ནས་ངན་སོང་གི་སྡུག་བསྔལ་ཆེན་པོ་བཟོད་དུ་མེད་པ་འབྱུང་ཞིང་། དགེ་སྡིག་སྤེལ་མ་སྤྱད་པའི་རྣམ་སྨིན་བདེ་སྡུག་སྣ་ཚོགས་འབྱུང་བའོ། །དེ་ཡང་ལས་ཀྱི་བསགས་ཚུལ་རེ་རེ་ལ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ། རྣམ་པར་སྨིན་པའི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ་སོགས་རྣམ་སྨིན་དུ་མ་ཞིག་འཕེལ་བར་བྱེད་འདུག་པས། དེ་ཡང་སྡིག་པའི་འབྲས་བུ་ནི་སྡུག་བསྔལ་བ། དགེ་བའི་འབྲས་བུ་ནི་མཐོ་རིས་ཐར་པ། དཀར་ནག་བསླུ་བ་མེད་པས་རྒྱུ་འབྲས་ཞིབ་མོར་དཔྱད་ཅིང་བསམས་ཏེ་བླང་དོར་ལ་འབད་པར་བྱའོ། །རིན་ཆེན་ཕྲེང་བ་ལས།མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་བ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་དགེ་བ་དག །ཅེས་གསུངས་པ་ལྟར་རྒྱུ་དགེ་སྡིག་གཉིས་ལས་འབྲས་བུ་བདེ་སྡུག་སོ་སོར་སྨིན་པར་ངེས་པས། མི་དགེ་བ་བཅུ་སོགས་མི་དགེ་བ་ཕྲ་མོ་ཙམ་ཡང་སྲོག་དང་བརྡོས་ནས་སྤངས་ཤིང་། དགེ་བ་བཅུ་སོགས་དགེ་བའི་ལས་ཕྲ་མོ་ཡང་ཅི་ནུས་སུ་སྒྲུབ་པ་དང་། ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་ཀྱང་དགེ་བའི་ལམ་སྲོལ་དུ་ཅི་ཚུད་བྱའོ། །ད་ལྟ་ཡང་མཐོ་རིས་རྣམས་སུ་བདེ་སྐྱིད་དང་།ངན་སོང་གི་གནས་སུ་སྡུག་བསྔལ་བ་རྣམས་ཀྱང་རང་རང་གི་སྔོན་གྱི་ལས་འབྲས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེ་ལྟར་སྲིད་པའི་བདེ་སྡུག་མཐོ་དམན་རྣམས། །སྔོན་བསགས་ལས་ལས་འབྱུང་བར་ཐུབ་པས་གསུངས། །ཞེས་དང་། འགྲོ་བ་སོ་སོའི་རྐྱེན་ཐ་དད་པ་ལས་སྦྱར་བས། ལས་ཐ་དད་པའི་འབྲས་བུ་རྣམས་གནས་དང་ལོངས་སྤྱོད་བདེ་སྡུག་དུ་མར་སྨིན་པ་ནི། ལས་བརྒྱ་པ་ལས། ཨེ་མ་ཧོ་འཇིག་རྟེན་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྲིས། །རྐྱེན་རྣམས་ཚོགས་ནས་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་པ་དང་། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་དང་། པདྨ་དཀར་པོ་ལས། ལས་ནི་ཀུན་བྱེད་རི་མོ་མཁན་འདྲ་ཞིང་། །ལས་ནི་འདུ་བྱེད་གར་མཁན་ཉིད་དང་འདྲ། །ཞེས་པ་དང་།བྱང་ཆུབ་ཀྱི་ཚོགས་བསྡུ་བ་ལས། །རྣམ་གསུམ་ཉོན་མོངས་ཅན་དང་དེ་མེད་པ། །བསོད་ནམས་ཐར་པའི་ལས་ནི་བརྟུན་ཏེ་སྒྲུབ། །ཡིད་ཕྱིར་ལས་ཕྱིར་འགྲོ་བ་རྒྱུ་མཐུན་ཕྱིར། །ལས་ཀྱི་རྩོལ་བའང་ཆེན་པོ་ས་བོན་བཞིན། །ཞེས་སོ། །གཞན་ཡང་རིན་ཆེན་ཕྲེང་བ་ལས། སྲོག་མི་གཅོད་དང་རྐུ་སྤངས་དང་། །གཞན་གྱི་ཆུང་མ་སྤོངས་བ་དག །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམས། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱིས་ལྟ་བ་ཡོངས་སྤངས་ལ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཞེས་སོ། །དེས་ན་མི་དགེ་བས་ངན་སོང་དང་སྡུག་བསྔལ་སྐྱེད་ལ། དགེ་བས་མཐོ་རིས་དང་བདེ་འགྲོ་འཐོབ་སྟེ། དྲན་པ་ཉེར་བཞག་ལས། མི་དགེས་ངན་སོང་དག་དང་སྡུག་བསྔལ་ཐོབ། །དགེ་བ་ཡིས་ནི་བདེ་དང་མཐོ་རིས་འགྲོ། །ཞེས་སོ། །གཞན་ཡང་སོ་སོར་ཐར་པའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། ཁྱིམ་བདག་ཏོའུ་ཏ་ཡི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་གསོལ་པ། ཀྱཻ་གཽ་ཏ་མ་རྒྱུ་མཐུན་རྐྱེན་ནི་གང་གིས། སེམས་ཅན་རྣམས་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། ནད་ཉུང་བ་དང་། མདོག་སྡུག་པ་དང་། མི་སྡུག་པ་དང་། དབང་ཆེ་བ་དང་། ཆུང་བ་དང་། རིགས་བཙུན་པ་དང་། དམན་པ་དང་། ལོངས་སྤྱོད་ཆེ་བ་དང་། ཆུང་བ་དང་། ཤེས་རབ་ཆེ་བ་དང་། ཆུང་བར་འགྱུར་བ་ཇི་ལྟར་ལགས། བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་ལས་གྱུར་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ཅན། ལས་ལ་རྟོན་པ་སྟེ། དམན་པ་དང་། མཆོག་དང་། འབྲིང་པོ་དང་། མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་རྣམས་སུ་རྣམ་པར་ཕྱེའོ། །སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་དང་། ལས་ནག་པོས་ནི་སེམས་ཅན་དམྱལ་བ་དང། ཡི་དྭགས་དང་། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །ལས་དཀར་པོས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དོན་གཅིག་ཏུ་དྲིལ་ན་བདེ་འགྲོ་དང་ངན་འགྲོའི་རྒྱུ་ནི་དགེ་བ་དང་མི་དགེ་བ་གཉིས་ཁོ་ན་ལ་རག་ལས་པ་སྟེ། དེ་ལ་དགེ་བ་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་སྲིད་པའི་བདེ་འབྲས་སྐྱེད་ཙམ་ནས་ཟད་པར་གྱུར་པ་དགེ་བ་བཅུ་དང་བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ཐར་པ་དང་མ་འབྲེལ་བ་རྣམས་དང་། ཐར་པ་ཆ་མཐུན་མྱ་ངན་ལས་འདས་པའི་རྒྱུར་མཐུན་པ་རྣམས་སོ། །
དང་པོ་བསོད་ནམས་ཆ་མཐུན་དགེ་བ་བཅུ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལུས་གསུམ་ངག་བཞི་ཡིད་ཀྱི་གསུམ་དག་སྟེ། །འདི་བཅུ་བསམ་གཏན་གཟུགས་མེད་མ་འབྲེལ་ན། །འདོད་པའི་ལྷ་མིར་བདེ་འབྲས་སྐྱེད་པ་ཉིད། །ཅེས་སོ། །དེ་ལ་སྲོག་གཅོད་མ་བྱིན་ལོན་འདོད་པས་ལོག་གཡེམ་གསུམ་སྤངས་ལ། །སྲོག་བསླུ་སྦྱིན་གཏོང་སྡོམ་པ་སྲུང་བ་ནི་ལུས་ཀྱི་དགེ་བ་གསུམ་མོ། །རྫུན་དང་ཕྲ་མ་ཚིག་རྩུབ་ཀྱལ་ཀ་བཞི་སྤངས་ལ། དྲང་པོར་སྨྲ་བ་མཐུན་འགྱུར་བསྟོད་ཚིག་སྨྲ་བ་བཙུན་པ་ནི་ངག་གི་དགེ་བ་བཞིའོ། །བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་སྤངས་ལ། བསམ་བཟང་ཕན་སེམས་ཆོས་ལ་མོས་པ་ནི་ཡིད་ཀྱི་དགེ་བ་གསུམ་མོ། །དགེ་བ་བཅུ་པོ་འདི་ཉིད་སྤྱད་པས་རང་བཞིན་བསམ་གཏན་གཟུགས་མེད་བསྒོམ་པ་དང་མ་འབྲེལ་ན། རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་བདེ་བ་ལ་ལོངས་སྤྱོད་དེ་དེ་ཡང་གླིང་བཞི་གླིང་ཕྲན་གྱི་མི་དང་འདོད་ལྷ་དྲུག་པོ་ཐོབ་པའོ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསམ་གཏན་གཟུགས་མེད་དང་འབྲེལ་གོང་མ་གཉིས། །དགེ་བས་བདེ་འགྲོ་བདེ་བའི་རིགས་ཀུན་བསྐྱེད། །ཅེསདགེ་བ་བཅུ་དང་། བསམ་གཏན་བཞི་སྦྲེལ་ནས་འབྱོངས་ན་གཟུགས་ཀྱི་ཁམས་སུ་སྐྱེ་ལ། དགེ་བ་བཅུ་དང་གཟུགས་མེད་བཞི་འབྲེལ་བ་ཚད་དུ་ཕྱིན་པས་སྐྱེ་མཆེད་མུ་བཞི་ཐོབ་པའོ། །དེ་ཡང་འཕེན་བྱེད་དང་བདེ་བའི་ཆ་རྫོགས་བྱེད་ཀྱི་ལས་དགེ་བ་བཅུས་བྱེད་ལ། བསམ་གཏན་གཟུགས་མེད་ཀྱི་རགས་པའི་སེམས་སུ་འགྲུབ་པ་བསམ་གཏན་གཟུགས་མེད་བསྒོམ་པ་དེས་འགྲུབ་པར་བྱེད་དོ། །དེ་ལྟར་ན་དགེ་བས་རིགས་དག་མཐོ་རིས་སུ་སྐྱེ་བའི་ལུས་མངོན་པར་འགྲུབ་པ་ཡིན་ནོ། །དགེ་བ་བཅུའི་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མི་ཡིན་ལ། བདག་པོའི་འབྲས་བུ་ཡུལ་ལ་སྨིན་པའི་ཆ་མེ་ཏོག་དང་འབྲས་བུས་བརྒྱན་ཞིང་འཚེ་བ་མེད་པ་ལམ་བགྲོད་བདེ་བ་ལ་སོགས་པ་དང་། རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དགེ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་ཚེ་རིང་བ་དང་། ནད་མེད་པ་དང་ལོངས་སྤྱོད་དང་ལྡན་པ་ལ་སོགས་པའོ། །དེ་དག་ཆ་ཤས་དབྱེ་བ་བསྟན་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་པ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབས་དགྲ་ཟླ་མེད། དེ་ལྟར་ལུས་ཀྱི་ལས་མི་དགེ་གསུམ་སྤངས་ཏེ་དགེ་བར་སྤྱད་པས། ཚེ་རིང་བ་དང་ནོར་འབྱོར་བ་དང་། ཁྱིམ་ཐབས་རང་དབང་དང་བཅས་པ་ཐོབ་ལ། སྔ་མའི་ལུང་ལས་རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་སྟེ། །རྩུབ་མོ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །ཀྱལ་ཀ་སྤངས་པས་ཚིག་བཟུང་འོས་པར་འགྱུར། །ཞེས་པ་ལྟར། ངག་གི་ལས་མི་དགེ་བཞི་སྤངས་པ་ལས་ནི་ཀུན་གྱིས་བསྟོད་པ་དང་སྙན་པར་གྲགས་པ་དང་། མཐོང་ན་ཡིད་དུ་འོངས་ཤིང་འཁོར་འདུམ་པ་དང་། ཚིག་ཡིད་ཆེས་པའི་གནས་སུ་འཛིན་པ་ཐོབ་བོ། ཡང་ལུང་དེ་ཉིད་ལས། བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་པར་ལྟ་སྤངས་ལྟ་བ་བཟང་པོ་སྟེ། །མཐོ་རིས་འགྲོ་བའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་བླངས། །ཞེས་གསུངས་པ་ལྟར། ཡིད་ཀྱི་ལས་མི་དགེ་བ་གསུམ་སྤངས་པ་ལས། བསམ་བཞིན་དོན་ཐམས་ཅད་འགྲུབ་པ་དང་། ཕ་རོལ་གྱིས་མཐོང་ན་ཞི་ཞིང་ཡིད་དུ་འོང་བ་དང་། སྐྱེས་མ་ཐག་ནས་སྲིད་པ་དང་སྐྱེ་བ་ཀུན་ཏུ་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བ་དང་ལྡན་པའོ། །དེ་ཉིད་རིན་ཕྲེང་དུ། འཇིག་རྟེན་པའི་ནི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བ་མི་འགྱུར་རོ། །ཞེས་བཤད་པ་བཞིན་ནོ། །འདི་བཅུ་ནི་བདེ་འགྲོ་དང་བདེ་བ་འདོད་པས་སྤྱད་དོ། །ད་ནི་དགེ་བའི་མི་མཐུན་ཕྱོགས་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མི་དགེའི་ལས་བཅུ་ངན་སོང་སྡུག་བསྔལ་རྒྱུ། །ཆེ་འབྲིང་ཆུང་དུས་དམྱལ་བ་ཡི་དྭགས་དང་། །དུད་འགྲོར་ལྟུང་གྱུར་སྣ་ཚོགས་སྡུག་བསྔལ་ལྡན། །ཞེས་གསུངས་པ་ལྟར། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་འཁྱལ་བ་དང་། ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ། མི་དགེ་བ་བཅུ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། མ་བྱིན་ལོན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་ལ་སོགས། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བས། ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོ་སྟེ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །བསམ་ཆོས་ངན་ཞིང་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན་ནོ། །དེ་ལྟ་བུའི་མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུའོ། །དེ་ལ་རྣམ་སྨིན་གྱི་འབྲས་བུ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས་ཆེན་པོ་དང་། འབྲིང་དང་། ཆུང་ངུ་གསུམ་དུ་འགྱུར་ལ། དེ་ཡང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངས་དུད་འགྲོར་སྐྱེ་བ་ཡིན་ཏེ། སོ་སོའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་བ་ཡིན་ནོ། །གཉིས་པ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། །སྲོག་བཅད་པས་ཚེ་ཐུང་། རྐུས་པས་ལོངས་སྤྱོད་དབུལ། ལོག་པར་གཡེམ་པས་དགྲ་མང་། རྫུན་སྨྲ་བས་གཞན་གྱིས་སྐུར་པ་འདེབས་པ་མང་། ཕྲ་མས་གྲོགས་དང་བྲལ་ཞིང་ཀུན་དང་མི་མཐུན་པས་དགྲར་གྱུར། །ཚིག་རྩུབ་སྨྲ་བས་རྟག་ཏུ་མི་སྙན་པ་ཐོས། ཚིག་འཁྱལ་བ་སྨྲ་བས་ངག་མི་བཙུན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་རྟག་ཏུ་འཇིགས་ཤིང་བག་ཚ་བ་བསྐྱེད། ལོག་པར་ལྟ་བས་གླེན་ཞིང་གཏི་མུག་པར་འགྱུར་རོ། བྱེད་པ་རྒྱུ་མཐུན་གྱིས་སྔར་བྱས་པ་དེ་ལ་ཕྱིས་ཀྱང་དེ་བཞིན་དུ་དགའ་བའོ། །གསུམ་པ། བདག་པོའི་འབྲས་བུ་ནི། ཕ་རོལ་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་བུ་དང་སྨན་སོགས་མཐུ་ཆུང་། བརྐུ་བས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་ཆར་རྡུལ་གྱིས་འཁྲིགས། རྫུན་གྱིས་ས་ཕྱོགས་དྲི་ང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་གཡང་དང་ངམ་གྲོག་རད་རོད་དུ་འགྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་། ཚེར་མ་དང་ཚ་སྒོ་ཅན་དུ་འགྱུར། ཀྱལ་པས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར། བརྣབ་སེམས་ཀྱིས་འབྲས་བུ་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་ངུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་འཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་འདི་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །དེས་ན་མི་དགེ་བ་བཅུ་ནི་དུག་དང་འདྲ་བས་བློ་ལྡན་རྣམས་ཀྱིས་དོར་བྱར་འོས་པ་ཉིད་དེ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ལྟར་མི་དགེ་བཅུ་པོ་དུག་འདྲ་བས། །སེམས་ཤེས་རྣམས་ཀྱིས་རབ་ཏུ་སྤངས་འཚལ་ལོ། །ཞེས་མི་དགེ་བ་ནི་གང་གིས་སྤྱད་པས་འབྲས་བུ་རྣམ་སྨིན་རྩུབ་མོ་མྱོང་བའི་ཕྱིར་ངོས་ལྐོག་གང་དུ་ཡང་སྤངས་དགོས་ཏེ། ཇི་སྐད་དུ། མ་མཐོང་པ་ནི་སྡིག་པ་བྱེད་པ་དག །ཁོང་དུ་དུག་ཟོས་བདེ་བར་མི་འགྱུར་ཞིང་། །ལྷ་དང་རྣལ་འབྱོར་ཅན་དང་དེ་བཞིན་དུ། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །ད་ནི་ཐར་པ་ཆ་མཐུན་གྱི་དགེ་བ་བཤད་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཐར་པའི་ལམ་གྱིས་བྱང་ཆུབ་ཞི་བ་སྒྲུབ། །སྲིད་ལས་འདའ་བྱེད་སྡུག་བསྔལ་སྤོང་བར་བྱེད། །ཅེས་སོ། །ཐར་པའི་རྒྱུ་བྱེད་པའི་དགེ་བས་འཁོར་བ་ལས་འདའ་ཞིང་སྡུག་བསྔལ་སྤོང་བར་བྱེད་པ་ནི་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་སྟེ་མི་དགེའང་རུང་། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་ཀྱིས་དབང་བསྒྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམ་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གང་ཞིག་ཐེག་པ་གསུམ་གྱི་ལམ་ཞུགས་པའི། །འགྲོ་བ་རྣམས་ཀྱིས་ལེགས་པར་སྒྲུབ་པ་ནི། །སོ་སོའི་སེམས་བསྐྱེད་ཚད་མེད་བཞི་བསྒོམ་ཞིང་། །ཕར་ཕྱིན་དྲུག་སྤྱོད་བྱང་ཆུབ་ཕྱོགས་ཆོས་སྒྲུབ། །ཉིན་མཚན་བརྩོན་པས་དགེ་བ་འགྱུར་རྣམས་ཡིན། །ཞེས་སོ། །ཉན་ཐོས་ཀྱི་ལམ་འཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་བཞག་བསྒོམ་པ་ནས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུའོ། །རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་འབྲིང་ངོ་། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་སྒྲུབ་པ་ཆེན་པོ་སྟེ། །སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་ཆོས་སུམ་ཅུ་རྩ་བདུན་སྤྱོད་ཅིང་། ཚད་མེད་པ་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་ཉིན་མཚན་དགེ་བ་ལ་བརྩོན་པ་བསྔོ་བས་ཟིན་པ་རྣམས་ནི་ཐར་བ་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །དེ་ཡང་ཚད་མེད་བཞི་ནི། སེམས་ཅན་བདེ་བ་དང་མི་ལྡན་པ་བདེ་བ་དང་འཕྲད་པར་འདོད་པའི་བྱམས་པ། །སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་བ་དང་ལྡན་པ་དེ་དང་མི་འབྲལ་བར་འདོད་པའི་དགའ་བ། ཉེ་རིང་ཆགས་སྡང་ཅན་རྣམས་སེམས་སྙོམས་པར་སེམས་པའི་བཏང་སྙོམས་སོ། །

ཕ་རོལ་དུ་ཕྱིན་པ་དྲུག་ནི། ལན་ལ་མི་རེ་བ་རང་གི་བདོག་པ་གཞན་ལ་སྟེར་བ་སྦྱིན་པ། མི་དགེ་བའི་ཕྱོགས་སྤོངས་པ་ཚུལ་ཁྲིམས། ཕ་རོལ་གྱིས་འཚེ་བ་ལ་མི་ཁྲོ་བ་བཟོད་པ། དགེ་བའི་བྱ་བ་ལ་སྤྲོ་བ་བརྩོན་འགྲུས། སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན། ཆོས་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ་ཤེས་རབ། དེ་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངང་ནས་སྤྱོད་པ་ཕ་རོལ་དུ་ཕྱིན་པའོ། །དེ་ཡང་འོད་སྲུང་གིས་ཞུས་པ་ལས། བདག་མེད་བཟོད་པ་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད། །བསམ་པས་རྟག་ཏུ་མྱ་ངན་འདའ་ལ་གནས། །དེ་ཡི་སྤྱོར་བ་འཁོར་བར་གནས་པ་ཡིན། །ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་སོ། །ཞེས་སོ། །དེ་ཡང་དགེ་བ་གང་བྱེད་ཀྱང་། སྦྱོར་བ་སེམས་བསྐྱེད། དངོས་གཞི་རང་བཞིན་མེད་པར་རྟོགས་པ། རྗེས་བསྔོ་བ་སྨོན་ལམ་གྱི་ཟིན་ན་ཐར་པ་ཆ་མཐུན་ནོ། །དེ་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་བློ་རྫས་ནི་སྙིང་རྗེ། །ངོ་བོ་གང་དུ་ཡང་མི་དམིགས་པ་ནི་སྟོང་པ། དེ་གཉིས་བློ་རྫས་ངོ་བོ་གཅིག་པ་ལ་ལྡོག་པ་ཐབས་ཤེས་སོ་སོ་བ་ཟུང་འཇུག་གམ་དམིགས་མེད་དེ་ཉིད་སྟོང་པ་ཡིན་ལ། དམིགས་པ་མེད་པའི་སྙིང་རྗེར་གྱུར་པ་གཉིས་རོ་གཅིག་པའི་ངོ་བོ་ཐ་མི་དད་པའི་ཟུང་འཇུག་ཅེས་འདོད་པ་ཡིན་ནོ། །དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས།བརྩམ་པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད། །ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །བསྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག། །འབྲས་བུ་བླ་མེད་བྱང་ཆུབ་འགྲུབ་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ད་ནི་ལས་གྱི་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་འཁོར་བའི་རྒྱུ་འབྲས་ལ་བཟློག་ཚུལ་ངེས་པར་བསྡུ་བ་ནི། ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་གནས་དང་བདེ་སྡུག་སོ་སོར་སྣང་ཚུལ་མི་འདྲ་བ་ཅི་སྣང་བ་འདི་ཐམས་ཅད་ཀུན་གཞི་ལ་བག་ཆགས་འཁྲུལ་པ་བཞག་པས་སྣང་གཟུགས་ཏེ། དགེ་བ་བསོད་ནམས་ཆ་མཐུན་གྱི་བདེ་བའི་རིགས་ལྷ་མིར་བསྐྱེད་ལ། མི་དགེ་བས་སྡུག་བསྔལ་གྱི་རིགས་ངན་འགྲོར་བསྐྱེད་ནས། སྣང་བ་མི་འདྲ་བ་དཔག་ཏུ་མེད་ཀྱང་སྣང་ཚུལ་དྲུག་ཏུ་འདུས་པ་འདི་ཐམས་ཅད་འཁྲུལ་སྣང་ཞེས་བྱ་སྟེ། བག་ཆགས་མ་ཟད་ཀྱི་བར་དུ་སྟོངས་མི་སྲིད་པའོ། །དྲན་པ་ཉེར་བཞག་ལས། འཇིག་རྟེན་དག་ན་ཇི་ལྟར་སྣང་བ་ཀུན། །ཐམས་ཅད་རང་གི་ལས་ལས་ཉེ་བར་འབྱུང་། །ཞེས་པ་བཞིན་ནོ། །དེས་ན་ལས་ངན་སྤོངས་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས།ལས་བསག་པས་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་པས་ན་ཚུལ་བཞིན་དུ་ལས་ངན་སྤོང་བ་ལ་བསླབ་དགོས་སོ། །སེམས་ཉིད་རྟོགས་པས་ཆོག ལས་འབྲས་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མི་བྱ་སྟེ། རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པ། །མདོར་ན་མེད་པར་ལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་བ། །ཅེས་པ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་མྱ་ངན་ལས་འདས་པའི་རྒྱུ་འབྲས་ལ་ནན་ཏན་དུ་བྱ་བར་ངེས་པའི་དགེ་བའི་ཕྱོགས་བླང་དོར་དུ་དོན་བསྡུ་བ་ནི། དགེ་བའི་འབྲས་བུ་ནི་མངོན་པར་མཐོ་བའི་བདེ་བ་ཐམས་ཅད་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་། སྤྱན་དང་མངོན་པར་ཤེས་པ་རྒྱ་མཚོ་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཅི་སྙེད་པ་ཐམས་ཅད་རྒྱུ་དགེ་བ་ལས་བྱུང་བའི་འབྲས་བུ་ཡིན་པས་ཚོགས་གཉིས་བསགས་པ་ལ་འབད་པར་བྱའོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། །དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་ངན་འགྲོ་དང་། །གཉིས་ལ་མི་བརྟེན་ཐར་བ་ལགས། །ཞེས་གསུངས་པ་བཞིན་ནོ། །མྱུར་དུ་སངས་རྒྱས་འདོད་པས་དེའི་རྒྱུ་སྣང་བཅས་ཀྱི་ཕ་རོལ་དུ་ཕྱིན་པ་བསོད་ནམས་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལྔ་དང་། སྣང་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་ཚོགས་ཆོས་ཉིད་སྟོང་པ་སྒོམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། དེ་ལྟ་བས་ན་ཚོགས་འདི་གཉིས། སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟའི་དེ་ནི་རྟག་བརྟེན་མཛོད། །ཅེས་པ་བཞིན་ནོ། །དེས་ན་ཐབས་སྙིང་རྗེ་ཆེན་པོ་དང་། སྟོང་པའི་ངོ་བོ་ཤེས་རབ་དྲི་མ་མེད་པ་གཉིས་མ་བྲལ་བར་བྱ་དགོས་པ་སྟེ། སློབ་དཔོན་ས་ར་ཧའི་ཞལ་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བ་ནུས་པ་ཡིས། །འཁོར་བ་མི་གནས་མྱ་ངན་འདས་མི་གནས། །ཞེས་པ་ལ་སོགས་མདོ་རྒྱུད་ཀྱི་ལུང་དཔག་ཏུ་མེད་པ་རྣམས་ལ་ཡིད་ཆེས་པར་ཚོགས་གཉིས་དྲི་མ་མེད་པས་ངོམས་མི་ཤེས་པར་སྐལ་པ་རྒྱ་མཚོར་ཀུན་ཏུ་བསགས་པར་སྤྲོ་བའི་གོ་ཆ་ཆེན་པོར་བགོ་བར་བྱའོ། །དེ་ལྟར་ལས་རྒྱུ་འབྲས་དང་རྗེས་འབྲེལ་དུ་སྔོན་འགྲོ་ཐར་ལམ་དཀར་པོ་ལས་བྱུང་བའི་སྡོམ་བཟུང་གིས་རིམ་པ་ལ་བསླབ་པར་བྱ་བ་ནི་གསུམ་སྟེ། ཕྱི་སོ་སོར་ཐར་པའི་སྡོམ་པ་དང་།ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་། གསང་བ་རིག་འཛིན་སྔགས་གྱི་དམ་ཚིག་གསུམ་དུ་འདུས་ལ་དེ་ལའང་ཕྱི་སོ་སོར་ཐར་པའི་སྡོམ་པ་ལ་ཡང་རིགས་བརྒྱད་དེ། དགེ་བསྙེན་ཕོ་མོ་གཉིས།དགེ་ཚུལ་ཕོ་མོ་གཉིས། དགེ་སློང་ཕོ་མོ་གཉིས། བསྙེན་གནས་བར་སློབ་གཉིས་དང་བརྒྱད་དོ། །དགེ་བསྙེན་ལ་རིགས་གསུམ་སྟེ། ཚངས་པར་སྤྱོད་པ་དང་། ཡོངས་རྫོགས་དང་། སྣ་འགའ་བསྲུང་བའོ། །དེ་ལ་ཚངས་སྤྱོད་ཀྱི་བསྲུང་བྱ་ནི་རྩ་བ་བཞི་ཆང་དང་ལྔ། ཡོངས་རྫོགས་ཀྱི་བསྲུང་བྱ་སྲོག་གཅོད་མ་བྱིན་ལེན་འདོད་ལོག་རྫུན་ཆང་དང་ལྔའོ། །སྣ་འགའ་བསྲུང་བའི་བསྲུང་བྱ་ནི། རྩ་བ་དེ་དག་གི་ནང་ནས་གང་བསྲུང་བར་སྤྲོ་བ་དེ་ལ་དམ་བཅའ་བའོ། །དགེ་ཚུལ་གྱི་བསྲུང་བྱ་ནི། སྤོང་བ་བཅུ་ལ་སོགས་པའོ། །དགེ་སློང་མའི་བསྲུང་བྱ་སུམ་བརྒྱ་དྲུག་ཅུ། དགེ་སློང་གི་བསྲུང་བྱ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ། བསྙེན་གནས་ཀྱི་བསྲུང་བྱ་ཡན་ལག་བརྒྱད་པ། བར་སློབ་མའི་བསྲུང་བྱ་ཉི་ཤུ་རྩ་གཉིས་རྣམས་སོ། །མདོར་ན་དེ་དག་ཐམས་ཅད་གང་དང་གང་ཁས་ལེན་པ་དེ་ཉིད་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་བསྲུང་དགོས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། ཐོས་པས་བརྒྱགས་ཤིང་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་ཉམས་པས་ངན་འགྲོ་དེར་འགྲོ་ཤིང་། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་སོ། །འོ་ན་ཚུལ་ཁྲིམས་ཁོ་ནས་ཆོག་གི་ཐོས་པ་མི་དགོས་སོ་སྙམ་ན་དེ་ནི་མ་ཡིན་ཏེ། ཡང་དེ་ཉིད་ལས། གལ་ཏེ་ཚུལ་ཁྲིམས་དྲེགས་པས་དེ་བརྒྱགས་ཤིང་། མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་མ་ལུས་ཟད་ནས་ནི། །ཕྱི་མ་ངན་སོང་སྡུག་བསྔལ་མྱོང་བར་འགྱུར། །ཞེས་གསུངས་པས་ན།ཕྱི་སོ་ཐར་གྱི་སྡོམ་པ་རྣམས་འདུལ་བ་གཞི་དང་ལུང་བླ་མ་ཕྲན་ཚེགས་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླངས་བར་བྱའོ། །གཞན་ཡང་དེ་དག་མདོར་བསྡུ་ན། །མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཞེས་གསུངས་པ་ལྟར་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་བཞི་པོ་དེ་བསྲུང་ན་དེ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུ་མཆོག་དམ་པ་རྣམ་པར་བཞག་པ་ཡིན་ནོ། །དེ་བས་ན་ཆོས་རྣམ་པ་བཞི་བསྲུང་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །འདི་ལྟར་ཏེ་ས་ཆེན་པོ་འདི་ལ་བརྟེན་ནས་རྩི་ཤིང་དང་མེ་ཏོག་དང་། ཤིང་གེལ་བ་དང་། ནགས་ཚལ་ལ་སོགས་པ་སྐྱེའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་པོ་འདི་བསྲུང་བ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེའོ། །ཞེས་གསུངས་པ་ལྟར།རྩ་བ་བཞི་ཙམ་བསྲུང་བའི་ཕན་ཡོན་དེ་ལྟར་ན། ཁྲིམས་ཉིས་བརྒྱ་ང་བཅུ་རྩ་གསུམ་བསྲུང་བ་ལ་ཕན་ཡོན་མཐའ་ཡས་པ་ཡོད་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པའི་གཞི་རྟེན་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཁོ་ན་ཡིན་པས་འབད་པར་རིགས་སོ། །ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་ནི་གོང་དུ་བྱང་སེམས་ཀྱི་སྐབས་ལྟར་ལ། འདིར་བསྡུས་ཏེ་བརྗོད་ན། བྱམས་པའི་འཇུག་པ་ལས། གང་གིས་སྟོང་གསུམ་རིན་ཆེན་བཀང་བྱས་ཏེ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བ་བས། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པའི། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །གང་གིས་ཞིང་རྣམས་གངྒཱའི་བྱེ་མ་སྙེད། །རིན་ཆེན་གང་བར་བྱས་ཏེ་སྦྱིན་པ་བྱིན། །དེ་བས་བྱང་ཆུབ་མཆོག་ཏུ་སྨིན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་ཏུ་སྨོན་པར་བྱེད་པའི་ཕན་ཡོན་དེ་ལས་དཔག་པའི་རང་རེ་རྣམས་ཀྱིས་ཀྱང་བདག་བས་གཞན་གཅེས་ཀྱིས་ལྷག་བསམ་རྣམ་པར་དག་པས་ཐེག་པ་ཆེན་པོའི་ཆོས་ཀྱི་སྤྱོད་པ་སྤྱོད་ཅིང་མར་གྱུར་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་བློ་རྒྱ་ཆེན་པོ་བསྐྱེད་དེ་དཀའ་བ་དང་དུ་བླངས་ནས་བཙོན་པ་དྲག་པོ་ནམ་ཡང་དོར་བར་མི་བྱ་སྟེ། དབང་ཆེན་རྒྱ་མཚོ་མཐའ་ཡས་ཀྱི་རྒྱུད་ལས། སྲོག་འདོན་སྦྱིན་པ་བཏང་བ་དང་། །ཚངས་སྤྱོད་བསྲུངས་ཤིང་ཆོས་ཀྱང་སྟོན། །རྟག་ཏུ་བག་ཡོད་བརྟེན་པར་བྱ། །གཞན་ལ་ཕན་ན་རྟོག་པའང་སྣང་། །ཞེས་སོ། །གཞན་ཡང་རྒྱལ་བའི་སྲས་སུ་འགྱུར་བ་དང་། མངོན་པར་རྫོགས་པ་སངས་རྒྱས་པའི་རྒྱུ་ཁྱད་པར་ཅན་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་རག་ལས་པའི་གནད་མདོ་སྡེ་ལས། མྱུར་དུ་མངོན་པར་རྫོངས་པར་སངས་རྒྱ་བར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ་སྟེ་གཅིག་ལ་བསླབ་པར་བྱའོ། །གཅིག་གང་ཞེ་ན།བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་སོ། །ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་ཚུད་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་ཐོབ་པར་བྱེད་པའི་རྒྱུ་ཡི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བསླབ་བཏུས་ལས།སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་པས། འཁོར་བ་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མར་གྱུར་པའི་དྲིན་ཆེན་གྱི་སེམས་ཅན་འདི་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་ཏེ་འདུག་པས། འདི་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་བསལ་ཞིང་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ་བདག་གི་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་དེ་དག་གི་དོན་ཀུན་འགྲུབ་པའི་རྒྱུར་འཕངས་པ་མེད་པར་གཏོང་ཞིང་དཀའ་སྤྱད་དང་སྡུག་བསྔལ་ཐམས་ཅད་དགའ་ཞིང་སྤྲོ་བས་དང་དུ་བླང་བར་བྱ་དགོས་པ་ཡིན་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། གལ་ཏེ་གཅིག་ཐར་བྱེད་ན་དེ་བས་ཁྲེལ་བོར་མེད། །ཅེས་གསུང་པས། །གཞན་དོན་བོར་ནས་རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་གྱི་བློ་སྤངས་པ་ལ་དོན་གཉེར་དུ་བྱའོ། །དེ་ལ་སེམས་བསྐྱེད་དངོས་གཞི་སྨོན་པ་དང་འཇུག་པ་གཉིས་སོ། །དེ་ལ་སྨོན་པ་ནི། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཡིན་ཡང་། དེ་ལྟར་མ་ཤེས་པར་བདེན་འཛིན་ཨ་འཐས་པས་འཁོར་བ་ན་སྡུག་བསྔལ་མི་བཟོད་པས་རྟག་ཏུ་མནར་བའི་སེམས་ཅན་འདི་དག་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མ་བྱས་ཏེ། ཕན་བདེ་མཐའ་དག་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་སྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་རང་རེ་ལས་མེད་པར་བྱས། རང་རེའི་ཆེད་དུ་ཡང་ལུས་སྲོག་གྲངས་མེད་པར་བཏང་བའི་དྲིན་ཆེན་ཤ་སྟག་ཡིན་ཡང་། བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་དང་ནི་ལྡན། །བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པ་རྨོངས་པ་འདི་དག་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྒྲོལ་དགོས། དེ་ཡང་ད་ལྟ་བདག་ལ་དེའི་ནུས་པ་མེད་པས། ནུས་པ་དང་ལྡན་པའི་སངས་རྒྱས་དེ་ཉིད་ཐོབ་དགོས་པར་འདུག་སྙམ་པ་ནི་སྨོན་པའོ། །འཇུག་པ་ནི། དེའི་ཆེད་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསླབ་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཚོགས་གཉིས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་དང་བྲལ་ནས་ཡང་དག་པར་རྗོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།དེ་བཞིན་དི་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་དམ་བཅས་ནས་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཐུགས་ཇི་ལྟར་བསྐྱེད་པ་ལ་ཞུགས་པས་ན་འཇུག་པའོ། །དེ་ནས་དེ་དག་མི་ཉམས་པར་བསྲུང་བའི་ཚུལ་ལ།
སྨོན་འཇུག་སྤྱི་ཡི་བསླབ་བྱ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང་། སེམས་ཅན་བློས་མི་འདོར་བ་དང་། བྱང་ཆུབ་དུ་སེམས་བསྐྱེད་ནས་དེ་མི་ཉམས་པར་བསྲུང་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང་། རྒྱུན་དུ་བག་ཡོད་བརྟེན་པ་སོགས་སྒྲུབ་བྱའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་གསུམ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །
བྱེ་བྲག་ཏུ་སྨོན་པའི་བསླབ་བྱ་ནི། སེམས་ཅན་གྱི་དོན་དུ་རྫོགས་བྱང་ཐོབ་པར་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང་ས་ལམ་ལ་བསླབ་པར་བྱའོ་སྙམ་པ་ཐབས་ལ་སྨོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་བར་བྱའོ་སྙམ་པའི་ཕྲིན་ལས་ལ་སྨོན་པ་སྟེ་སྨོན་པ་གསུམ་མོ། །བླ་མ་དང་སྦྱིན་གནས་བསླུ་བ་དང་། ཐེག་པ་ཆེན་པོའི་གང་ཟག་སྨད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་སྒྱུ་བྱེད་པ་དང་། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་སྟེ། ནག་པོའི་ཆོས་བཞི་པོ་དེ་སྤོང་པ་ལ་ནན་ཏན་དུ་བྱའོ། །སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་བསྔགས་པ་བརྗོད་པ་དང་། གཡོ་སྒྱུ་སྤངས་ཏེ་ལྷག་བསམ་ལ་གནས་པ་དང་། གདུལ་བྱའི་སེམས་ཅན་རྣམས་ཐེག་པ་ཆེན་པོའི་དགེ་བ་ལ་བཀོད་པ་སྟེ། དཀར་པོའི་ཆོས་བཞི་པོ་ལ་ནན་ཏན་དུ་བསླབ་པར་བྱའོ། །འཇུག་པའི་བསླབ་བྱ་ནི་སྤངས་བྱ་དང་སྒྲུབ་བྱ་གཉིས་ལས་དཀོན་མཆོག་གསུམ་གྱི་དཀོར་རྐུ་འཕྲོག་དང་། དམ་པའི་ཆོས་སྤངས་པ་དང་། དགེ་སློང་རབ་ཏུ་བྱུང་བའི་ཡོ་བྱད་འཕྲོག་པ་སོགས་གནོད་པར་བྱེད་པ་དང་། མཚམས་མེད་ལྔ་པོ་གང་རུང་བར་བྱེད་པ་དང་། ལོག་ལྟས་རང་མི་དགེ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ནི་རྒྱལ་པོ་ལ་འབྱུང་བར་ཉེ་བ་ལྔའོ། །བློན་པོ་ལ་འབྱུང་བར་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་གོང་འདྲ་ལ། ལོག་ལྟའི་ཚབ་ལ་གྲོང་དང་གྲོང་ཁྱེར་སོགས་འཇོམས་པར་བྱེད་པ་ལྔའོ། །དེ་ནས་རིམ་བཞིན་ལས་དང་པོ་པ་ལ་འབྱུང་བ་ཉེ་བ་བརྒྱད་སོགས་སྤངས་བར་བྱའོ། །སྒྲུབ་བྱ་ནི་དེ་དག་རྣམས་སྤངས་པའོ། །དེ་དག་གི་སྤང་བླང་དང་བསྲུང་བྱ་ཉམས་པ་ནི་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་བ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཅིང་རང་རྒྱལ་དགྲ་བཅོམ་དག་ལ་འདོད་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་འཆལ་བ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པ་ལྟར་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་སྤོང་བའི་བསམ་པ་ལ་ནན་ཏན་དུ་བྱ་བ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་སྒྲུབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་མོ། །དེ་ལ་ནན་ཏན་དུ་བསླབ་པར་བྱའོ། །དེ་དག་གི་ཕན་ཡོན་ནི། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་བསླབ་བྱའོ། །གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ནི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་ལས་བྱུང་བའི་དམ་ཚིག་སྟེ། སྤྱིར་ས་མ་ཡ་འབུམ་སྡེ་ཡོད་ཀྱང་དགོས་སུ་དམ་ཚིག་ཉི་ཤུ་རྩ་ལྔ་ཕྱེ་བ་ཡིན། དེ་ཡང་བསྡུ་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་འདུས་ཏེ། ཀློང་གསལ་ལས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །དམ་ཚིག་ཐམས་ཅད་འདུས་པར་བཤད། །ཅེས་པས། སྐུ་ཡི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་མཁའ་འགྲོ་མཆེད་ལྕམ་རྡོ་རྗེ་སྤུན་དང་། སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་དང་། རང་གི་ལུས་ལ་མ་གུས་པ་དང་། །སྲོག་གཅོད་རྐུ་འཕྲོག་བརྡེག་བརྩོག་ངན་སྨྲས་ལ་སོགས་པ་དང་། དག་སྣང་ལོག་ཅིང་མི་དགེ་བའི་ལས་སྡིག་པར་གྱུར་པ་ཐམས་ཅད་མི་བྱ་བར། ཕྱི་ནང་སྣོད་བཅུད་རང་ལུས་ཐམས་ཅད་ཡི་དམ་ལྷར་མ་གྱུར་པ་མེད་པས། སྐུ་ཡི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་མཆོད་བསྟོད་པ་ལ་སོགས་པས་དག་སྣང་ཕྱོགས་མེད་དུ་བྱའོ། །གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཅི་གསུངས་པ་ལས་མི་འདའ་ཞིང་སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་རབ་ཡན་ཆོད་ལ་བརྙས་པར་མི་བྱ། འབྱུང་བ་དང་འགྲོ་བའི་སྒྲ་སྐད་ཐམས་ཅད་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ་བར་སངས་རྒྱས་ཐམས་ཅད་ཀྱི་གསུང་དུ་བསམ་སྟེ་དག་སྣང་དང་མོས་གུས་བྱའོ། །ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་སྤངས་ལ་དགེ་བ་བྱང་ཆུབ་ཀྱི་སེམས་དུས་རྒྱུན་ཆད་མེད་པར་འགྲོ་བ་ཐམས་ཅད་ལ་ཅི་ཕན་དུ་བྱའོ། །སྐུ་ཡི་དམ་ཚིག་ཏུ་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་ཞིང་། གསུང་གི་དམ་ཚིག་ཏུ་བཟླས་བརྗོད་དང་མ་བྲལ་བ། །ཐུགས་ཀྱི་དམ་ཚིག་རྫོགས་རིམ་ཀྱི་འཁོར་ལོ་ལས་མི་འདའ་བར་བྱའོ། །དེ་ལྟར་སྐུ་ཡི་དམ་ཚིག་བསྲུང་བའི་གནས་སྐབས་སུ་ལུས་ལ་ནད་མེད་ཅིང་སེམས་ཅན་ལ་ཕན་ཐོག་པས་མཐོང་ན་ཡིད་དུ་འོང་ཤིང་མཐོང་རེག་ཐམས་ཅད་དགེ་བ་ལ་འཁོད་ལ། མཐར་ཐུག་ལུས་ལ་རྡོ་རྗེའི་རྟེན་འབྱོན་ཞིང་གང་ན་བཞུགས་པ་དེར་གཞན་ལ་ཕན་པ། སྐྱེ་བ་འཕོས་ནས་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱིི་དོན་བྱེད་ཅིང་། མཚན་དང་དཔེ་བྱད་དུ་འབར་བའི་སྐུས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་ལ་མངའ་བརྙེས་པར་འགྱུར་རོ། །སྐུ་ཡི་དམ་ཚིག་ཉམས་ན་གནས་སྐབས་སུ་ཚེ་ཐུང་ཞིང་ནད་མང་ལ། མི་འདོད་པ་ཐམས་ཅད་འབྱུང་ཤིང་མཐོང་རེག་ཐམས་ཅད་འབྱུང་ཞིང་མཐོང་རེག་ཐམས་ཅད་ངན་སོང་དུ་སྐྱེ་ལ། མཐར་ཐུག་རྡོ་རྗེ་དམྱལ་བར་ལུས་ཀྱི་སྡུག་བསྔལ་ལས་ཐར་པའི་དུས་མེད་དོ། །གསུང་གི་དམ་ཚིག་བསྲུང་ན་གནས་སྐབས་སུ་ངག་སྙན་ཞིང་ཐམས་ཅད་ཀྱིས་བདེན་པར་འཛིན་པས་ལྷ་འདྲེ་མི་གསུམ་གྱིས་བཀའ་ཉན་པ། རྒྱུད་ལུང་མན་ངག་ཐམས་ཅད་ཤེས་ཤིང་ཆོས་ཀྱི་ཚིག་སྣ་ཚོགས་རང་རྡོལ་ནས། སྙན་ངག་བསྟེན་བཅོས་ཐམས་ཅད་བརྩམ་པར་ནུས་ཤིང་། གསུང་ཐོས་པ་ཐམས་ཅད་ཀྱི་གནོད་འཚེ་ཞི་ནས་བསམ་པ་ཐམས་ཅད་འགྲུབ་ཅིང་སྐྱེ་བ་གཅིག་གིས་གྲོལ་ལ། མཐར་ཐུག་གསུང་གི་སྤྲུལ་པས་འགྲོ་བའི་དོན་བྱེད་ཅིང་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པར་བསྐོར་བར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན་གནས་སྐབས་ལྕེ་འབབ་པའི་འཇིགས་པ་དང་མི་ཁ་སྡང་ཞིང་གཏམ་གྱི་ཉེས་པས་རང་གཞན་ཐམས་ཅད་ལ་གདེའི་ཚིག་ཐོས་པ་ཐམས་ཅད་ཀྱང་བཀྲ་མི་ཤིས་ཤིང་ངན་སོང་དུ་སྐྱེ། མཐར་ཐུག་ལྕེ་ལ་རྨོས་དོར་ལྔ་བརྒྱ་བཙུགས་ནས་སྡུག་བསྔལ་བར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་བསྲུང་བས་གནས་སྐབས་སུ་ཐུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ་ཞིང་། ཏིང་འཛིན་རྒྱུད་ལ་སྐྱེ་བས་འགྲོ་བའི་བསམ་པ་ལ་རང་བཞིན་གྱིས་བསམ་གཏན་ལ་གནས་པ་འབྱུང་ཞིང་། དེ་བཞུགས་པའི་གནས་དེར་ཡང་ཏིང་ངེ་འཛིན་སྐྱེ་ཞིང་ཡུལ་ཕྱོགས་དེའི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེའོ། །མཐར་ཐུག་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འཁོད་ཅིང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་ངང་དུ་མྱ་ངན་ལས་འདའ་འོ། །ཐུགས་ཀྱི་དམ་ཚིག་ཉམས་ན་གནས་སྐབས་སུ་རྒྱུ་མི་དགེ་བས་རང་གཞན་ཀུན་ལ་གནོད་ཅིང་དེས་གང་ཡིད་ལ་བྱས་པ་དེ་ཡི་བསམ་པ་མི་འགྲུབ་ལ་བཀྲ་མི་ཤིས་ཤིང་ནད་གདོན་དང་སྙིང་རླུང་ལ་སོགས་པ་འབྱུང་། མཐར་ཐུག་ངན་སོང་ལས་ཐར་བའི་སྐབས་མེད་དོ། །མདོར་ན་སྨིན་བྱེད་དབང་གི་སྡོམ་པ་རྒྱུད་ལ་གནས་པ་ལ། དམ་ཚིག་བསྲུང་དགོས་པས་མི་དགེ་བ་མཐའ་དག་ལས་ལོག་ནས་དགེ་བ་འབའ་ཞིག་སྒྲུབ་པར་བྱའོ། །གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་ལ་དམ་ཚིག་རྣམ་པར་བཀོད་པའི་རྒྱུད་སོགས་སྔ་འགྱུར་གྱི་རྒྱུད་ཐམས་ཅད་ལས་དམ་ཚིག་ཁོ་ན་གཙོ་ཆེར་དུ་གསུངས་ཡོད་པས་ས་མ་ཡ་འབུམ་སྡེ་སོགས་མཐའ་ཡས་པ་ཡོད་མོད་ཀྱང་། འདིར་ཤིན་ཏུ་བསྡུས་ཏེ་མཁའ་འགྲོ་སྙིང་ཐིག་རང་གཞུང་ལྟར་རོ། །དེ་དག་གི་སྡོམ་པ་གསུམ་གྱི་བསྲུང་བྱ་མདོར་བསྡུས་ནས། ངག་ཏུ་བརྗོད་བྱ་ནི།ཧོ།སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །སྡོམ་པ་ལ་ནི་གནས་པ་ལྟར། །བདག་གི་ལུས་ངག་ཡིད་གསུམ་གྱི། །གནོད་པ་སྤངས་ཤིང་དགེ་བ་སྒྲུབ། །དེ་དག་ནི་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སྡོམ་པ་ལ་ཇི་ལྟར་གནས་པ་དེ་བཞིན་དུ་བདག་གིས་ཀྱང་སྒོ་གསུམ་གྱི་སྒྲུབ་པར་དམ་བཅས་པས་ན་སྡོམ་གསུམ་སྤྱིའོ། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོར་ཐར་བའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུངས། །དེ་ནི་ཕྱི་སོ་སོར་ཐར་བའི་སྡོམ་པ་སྟེ། གོང་དུ་མདོར་བསྡུས་བརྗོད་པ་ལྟར་དང་རྒྱས་པ་ནི་འདུལ་བ་ལུང་ལས་བྱུང་བ་ལྟར་བསྲུང་བར་བྱའོ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། སེམས་ཅན་དོན་བྱེད་རྣམ་པ་གསུམ། །ནམ་ཡང་བདག་གིས་མི་སྤོང་ངོ་། །ཞེས་པ་ནི་ནང་བྱང་ཆུབ་སེམས་ཀྱི་བསླབ་བྱ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། གོང་དུ་རྒྱས་པར་བཤད་པ་ལྟར་ནམ་ཡང་མི་སྤོང་བར་དམ་བཅས་པའོ། །དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ། །བླ་མ་ཡི་དམ་མི་སྤང་ངོ་། །སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ། ཡང་དག་སྙིང་པོའི་དོན་ལ་འཇུག དམ་ཆོས་དཀོན་མཆོག་དམ་ཚིག་ཏུ། །ཐེག་པའི་ཆོས་རྣམས་ངོ་བོར་དྲིལ། །དགེ་འདུན་དཀོན་མཆོག་དམ་ཚིག་ཏུ། །རིག་པ་དྲི་མེད་དོན་ལ་བལྟ། །བླ་མ་ཡི་དམ་དམ་ཚིག་ཏུ། །རང་སེམས་གཙང་མ་དཔང་པོར་འཛུགས། །འདི་དག་ནི་གསང་བ་རིག་འཛིན་གྱི་དམ་ཚིག་སྟེ་སྤྱི་དང་བྱེ་བྲག་གོ། སྤྱིར་དཀོན་མཆོག་གསུམ་སྐྱབས་གནས་ཀྱི་དམ་པར་བཟུང་ཞིང་བློ་ཁྱེད་ཤེས་ཀྱི་རེ་ལྟོས་རྩེ་གཅིག་ཏུ་བཅའ་བ་ནི་གོང་གི་སྐྱབས་འགྲོའི་སྐབས་དང་ཕྱོགས་མཚུངས་སོ། །བླ་མ་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ། ཐར་བའི་ལམ་སྣ་འདྲེན་པའི་དེད་དཔོན་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་སྐྱབས་མགོན་གཅིག་པུ་ཡིན་པས་དད་པ་དང་དག་སྣང་མོས་གུས་ཐང་ལྷོད་མེད་པར་བྱ་བ་དང་། ཡི་དམ་གྱི་ལྷ་ལ་བསྙེན་བསྒྲུབ་ཚུལ་ལྡན་དུ་བྱེད་པ་རྣམས་སོ། །བྱེ་བྲག་ཏུ་སངས་རྒྱས་དཀོན་མཆོག་གི་དམ་ཚིག་ཏུ་འཇིགས་ཚོགས་ཀྱི་ལྟ་བ་དམན་པ་དང་། ཕྱིན་ཅི་ལོག་གི་ལམ་དང་ཐེག་ཆུང་ཉན་རང་གི་ལམ་མ་ཡིན་པའི་གཞི་ལམ་འབྲས་བུ་མཐར་ཕྱིན་པ་ཡང་དག་པའི་སྙིང་པོའི་དོན་ལ་འཇུག་པའོ། །དམ་ཆོས་དཀོན་མཆོག་གི་དམ་ཚིག་ཏུ་རྒྱུ་དང་འབྲས་བུའི་ཐེག་པ་སོགས་ཐེག་པ་མཐའ་དག་གི་ཆོས་རྣམས་རང་སེམས་གཅིག་པུའི་ངོ་བོར་དྲིལ་བ་སྟེ། ལུང་ལས། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་བྱང་ཆུབ་སེམས་སུ་འདུས། །ཞེས་གསུངས་པ་བཞིན་ནོ། །དགེ་འདུན་དཀོན་མཆོག་གི་དམ་ཚིག་ཏུ་རང་བབ་གཤིས་ཀྱི་རིག་པ་རང་གསལ་རྗེན་པ་རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བ་གསལ་བ་ལ་རྟོག་པ་མེད་པ། མེད་པ་ལ་འཛིན་པ་མེད་པ། སྟོང་པ་ཆད་པར་མ་ཤོར་བའི་ཡེ་བབ་རང་བཞག་གི་དགོངས་པ་ཆེན་པོ་གློ་བུར་ཀུན་བརྟགས་ཀྱི་དྲི་མ་དང་བྲལ་བའི་དོན་ལ་བལྟའོ། །བླ་མ་ཡི་དམ་གྱི་དམ་ཚིག་ཏུ་བླ་མ་ལ་མངོན་ལྐོག་མེད་པའི་དག་སྣང་། ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་སྐྱེལ་བ་རྣམས་རང་གི་རང་ལ་མ་ཁྲེལ་རྣམ་གསུམ་གྱི་གཙོ་བོ་ཡིན་པས་རང་སེམས་གཙང་མ་དཔང་དུ་བཙུགས་ནས་སྒྲུབ་པའོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་གྱི་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །བདག་ནི་དཔལ་ཆེན་རིགས་མཆོག་སྟེ། །མི་འདའ་རྡོ་རྗེའི་དམ་ལ་གནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་རྣམ་དག་ཤོག །དེ་ཡང་རིགས་ལྔ་སོ་སོའི་དམ་ཚིག་སྟེ། །མི་བསྐྱོད་པའི་དམ་ཚིག་ཏུ་ངོ་བོ་སྟོང་པ་དང་སྙིང་རྗེ། རང་བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར་སྣང་སྟོང་གི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཆང་བ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་དུས་ནམ་ཡང་སྤང་བར་མི་བྱའོ། །རིན་འབྱུང་གི་དམ་ཚིག་ཏུ། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དང་། བྱམས་པའི་སྦྱིན་པ་སྟེ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན་པའོ། །སྣང་མཐའི་དམ་ཚིག་ཏུ་ཐེག་པ་གསུམ་གྱི་ཆོས་རྣམས་བཤད་པ་སྟེ། སྤྱི་མདོ་དགོངས་འདུས་ལས།ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པས། ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས། །དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་སྔགས་ཕྱི་བ་ཀྲི་ཡ་ཨུ་པ་ཡོ་ག་གསུམ། །དབང་བསྒྱུར་ཐབས་ཀྱི་ཐེག་པ་སྔགས་ནང་པ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་གདུལ་བྱའི་བློ་དང་འཚམས་པར་གང་འོས་སུ་བཤད་པའོ། །དོན་ཡོད་གྲུབ་པའི་དམ་ཚིག་ཏུ། ཐོག་མར་རང་དོན་མཐར་ཕྱིན་པར་བྱས་ཏེ། ཟ་འདོད་རྙེད་ཚོལ་ཟང་ཟིང་དོན་གཉེར་མ་ཡིན་པའི་གཞན་ཕན་གྱི་བསམ་པ་བཟང་པོའི་བཀའ་ལུང་དབང་ཁྲིད་བསྙེན་གནས་འཕོ་ལུང་ཐ་ན་སྐྱབས་སྡོམ་ཡན་ཆད་ཀྱིས་འགྲོ་བའི་དོན་ལ་སྐྱོ་ངལ་མེད་པར་བརྩོན་པར་བྱའོ། །རྣམ་སྣང་གི་དམ་ཚིག་ཏུ། ལུས་ལྷ་ཡི་དཀྱིལ་འཁོར་ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ་དང་ནམ་ཡང་འབྲལ་བ་མེད་པར་བྱའོ། །རིགས་ལྔ་སོ་སོའི་དམ་ཚིག་དེ་དག་ལ་མི་འདའ་ཞིང་གནས་པ་དེ་ཉིད་རིགས་ཐམས་ཅད་ཀྱི་མཆོག་སྟེ། མི་སྲུང་བའི་བསྲུང་བ་ཆེན་པོ་ཡེ་བསྲུངས་རྡོ་རྗེའི་དམ་ལ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡོམ་པ་རྣམ་པར་དག་པ་སྨོན་པ་བཞིན་དུ་འགྲུབ་པའོ། །
སྤྱི་དོན་བཞི་པ་འཁོར་བའི་རང་བཞིན་སྡུག་བསྔལ་དུ་བསྟན་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་བ་དང་ཐམས་ཅད་མཁྱེན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་གསང་བླ་ན་མེད་པའི་ཁྲིད་ཀྱི་རིམ་པ་ལ་ཚུལ་བཞིན་དུ་ཉན་ནས་ཉམས་སུ་བླངས་བར་བྱའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་འཚལ། དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་ཉན་བཤད་སློབ་མའི་ཆོས་ཚུལ་ནི། སྐྱོན་རྣམས་སྤངས་ལ་གུས་པས་ཉན་པར་བྱ། །ཞེས་གསུངས་པ་ལྟར། ཆོས་ཉན་པའི་ཚེ་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་ཉེས་པ་སུམ་ཅུ་རྩ་དྲུག་རྣམས་སྤངས་ཏེ་ཉན་པར་བྱའོ། །དེ་ཡང་སྣོད་ཁ་སྦུབ་ཏུ་བཅུད་མི་ཡོང་བ་བཞིན་ཆོས་ལ་རྣ་བ་མི་གཏད་པ་དང་། ཞབས་རྡོལ་ན་བཅུད་ཟག་པ་ལྟར་ཆོས་ཐོས་ཀྱང་དྲན་པས་འདྲིས་པར་མ་བྱས་པས་བརྗེད་པར་འགྱུར་བ་དང་། དུག་ཅན་གྱི་བཅུད་གང་གིས་སྤྱད་པ་མི་བདེ་བ་ལྟར་ཉོན་མོངས་པའི་དབང་དུ་སོང་ནས་སླར་ཡང་ཐོས་པས་བརྒྱགས་པར་འགྱུར་བས་སྤང་བར་བྱ་སྟེ། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཅེས་གསུངས་ཏེ། ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུངས་ཞེས་གདམས་པ་ཡིན་ནོ། །དྲི་མ་དྲུག་ནི། ང་རྒྱལ་དང་། མ་དད་པ་དང་། དོན་གཉེར་མེད་པ་དང་། ཕྱིར་གཡེང་བ་དང་། ནང་དུ་གཉིད་སོགས་སྡུད་པ་དང་། ཉན་མི་མོས་པ་རྣམས་སོ། །ཉེས་པ་སུམ་ཅུ་རྩ་དྲུག་ནི། དྲུག་ཚན་དྲུག་ཏུ་བཤད་དེ། །བདུད་ཀྱི་ལས་དྲུག་ནི། ལེ་ལོ་དང་སྙོམས་ལས་དང་། ཆོས་དང་བླ་མ་ལ་མ་དད་པ་དང་། བླ་མ་ལ་སྲི་ཞུ་མི་འདུད་པ་དང་། བསྟན་པ་བཞིན་ཡིད་ལ་མི་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ཁྱད་དུ་གསོད་པ་རྣམས་སོ། །སྒྲིབ་པའི་ལས་དྲུག་ནི། ང་རྒྱལ་ཆེ་བ་དང་། ཆོས་སྤངས་པ་དང་། ཕྱི་རོལ་པའི་བསྟན་པ་ལ་ཉན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ་དང་། དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ་དང་།ཆོས་ལ་ལོག་པར་ལྟ་བའོ། །ཆོས་སྤང་བའི་རྒྱུ་དྲུག་ནི། ལུས་སེམས་ཚུལ་འཆོས་པ་དང་། ང་རྒྱལ་གྱིས་བླ་མ་ལ་མི་གུས་པ་དང་། ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ་དང་། ཚུལ་འཆོས་ཀྱིས་ལོག་པར་འཚོ་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ་དང་། ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ། །ཆོས་ལ་གཡེང་བའི་སྐྱོན་དྲུག་ནི། འཇིག་རྟེན་གྱི་བྱ་བྱེད་མང་བ་དང་། ཟང་ཟིང་གི་རྙེད་པ་མང་བ་དང་། བྲེ་མོའི་གཏམ་སྦྱོར་མང་བ་དང་། སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ་དང་། ལོག་པར་རྟོག་པའི་བློ་མང་བ་དང་། ལས་ངན་གྱི་དབང་གིས་ནད་གདོན་མང་བའོ། །ལོག་པར་འཁྱོགས་པའི་སྐྱོན་དྲུག་ནི། བཀའ་དྲིན་གྱི་བྱས་པ་མི་བཟོ་ཞིང་གཡོ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཆོས་སྒྲུབ་པ་དང་། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དང་། ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་བ་འཚོལ་བ་དང་། སྡིག་པའི་སློབ་དཔོན་ལ་དད་ཅིང་བསྟེན་པ་དང་། རྟོག་གེ་འཚོལ་གྱིས་ཆོས་ཀྱི་ཡོན་ཏན་མི་འཚོལ་བའོ། །ཐེག་ཆེན་ལས་གོལ་བའི་ཆོས་དྲུག་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བར་མུ་སྟེགས་ཀྱི་རྫུ་འཕྲུལ་འཚོལ་བ་དང་། འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་དང་། ཚིག་གི་ཐོས་པ་འཚོལ་ཞིང་རྣམ་པར་གྲོལ་བ་མི་འཚོལ་བ་དང་། རིག་པའི་གནས་ལ་མཁས་པར་འདོད་ཅིང་དགེ་བའི་བཤེས་གཉེན་མི་འཚོལ་བའོ། །དེ་ལྟར་སྐྱོན་གསུམ་དྲི་མ་དྲུག་ཉེས་པ་སུམ་ཅུ་རྩ་དྲུག་རྣམས་སྤངས་ཏེ་ལེགས་པའི་ཡོན་ཏན་དང་ལྡན་པའི་སྒོ་ནས་གསན་པ་ལ་བསླབ་པར་བྱའོ། །
གང་གསན་པར་བྱ་བའི་ཆོས་ནི་སྐབས་འདིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་དགོས་པ་ཡིན་ཏེ། དེ་ཡང་གོང་དུ་བཤད་པ་ལྟར་དལ་འབྱོར་གྱི་མི་ལུས་ནི་རྙེད་པར་དཀའ་ཞིང་འཇིག་པར་སླ་བས་འཆི་བ་ལས་མ་འདས་སོ། །ཤི་བ་ཙམ་དུ་མ་ཟད་ད་ལྟའི་རང་གི་ལས་དཀར་ནག་གང་ལྟར་བྱས་པ་དེ་ཡི་འབྲས་བུ་བདེ་འགྲོ་དང་ངན་འགྲོ་གཉིས་སུ་སྨིན་པ་ནི། ཆོས་འདུལ་བ་ལས། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར། དཔེར་ན་ས་བོན་གྲོ་བཏབ་ན་ནས་མི་སྨིན་པ་དང་། ནས་བཏབ་ན་གྲོར་མི་འགྱུར་བ་བཞིན་སོ་སོར་དགེ་བའི་འབྲས་བུ་ལ་བདེ་འགྲོ་དང་། སྡིག་པའི་འབྲས་བུ་ལ་ངན་སོང་དུ་སྐྱེས་སྟེ་ཟོ་ཆུན་འཁྱུད་མོ་བཞིན་དུ་འཁོར་ཞིང་ལས་སྣ་ཚོགས་ལ་སྤྱོད་ཅིང་མྱོང་དགོས་པས་དེས་ན་སྡུག་བསྔལ་གྱི་རང་བཞིན་མཐའ་མེད་ཡིན་པའང་། ཀུན་མཁྱེན་ཆོས་རྗེའི་ཞལ་ནས། འདི་ལྟར་མི་རྟག་ཁམས་གསུམ་འཁོར་བའི་ཆོས། །རྣམ་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་ཉིད་གསུམ་གྱིས། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་ཉམ་རེ་ཐག །ཅེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། སྲིད་པ་འདི་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག སྲིད་པ་འདི་ནི་སྡུག་བསྔལ་བའོ། །ཞེས་གསུངས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམ་པ་འདི་གསུམ་གྱིས་འགྲོ་བ་དྲུག་པོ་འདི་དག་གཙེས་ཞིང་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་ཡིན་ནོ། །དེ་ཡང་འདི་ལྟར་སེམས་ཅན་གྱི་ཚོགས་དག་སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་ནོན་པར་འགྱུར་ཞིང་བཟོད་གླགས་མེད་པ་ནི་ཚད་མེད་མཐའ་ཡས་ཤིག་སྟེ། རིན་ཆེན་ཕྲེང་བ་ལས། ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། སེམས་ཅན་སྡུག་བསྔལ་མཐའ་ཡས་འདོད། །ཅེས་པ་དང་། སྡུག་བསྔལ་བ་ལ་དུས་ཐུང་ཡང་། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །ཞེས་པ་དང་། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པས་མེའི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བས་གཅན་གཟན་གྱི་ཁྲོད་ན་གནས་པ་ལྟ་བུའོ། །གནོད་པ་མང་བས་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་བའི་གོ་སྐབས་དཀའ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བས་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པས་དུག་ཧ་ལ་ལྟ་བུའོ། །ཞེས་གསུངས་སོ། །དེ་ཡང་བླང་དོར་ལ་རྨོངས་པའི་དབང་གིས་རྒྱུ་འབྲས་ལ་བླང་དོར་མ་བྱས་པར་བདེ་བ་ཐོབ་པར་འདོད་ཀྱང་དེ་ཡི་རྒྱུ་དགེ་བ་ལ་མ་སྤྱད། སྡུག་བསྔལ་འདོར་བར་འདོད་ཀྱང་དེ་ཡི་རྒྱུ་མི་དགེ་བ་ལ་ནན་གྱིས་ཞུགས་ཏེ། སྡུག་བསྔལ་གྱི་རྒྱུ་ཀུན་ནས་ཉོན་མོངས་པ་དུག་ལྔའམ་དུག་གསུམ་ལ་གཙོ་ཆེར་སྤྱད་པས་ཀུན་འབྱུང་གི་མཚན་ཉིད་ལ་རྒྱུག་ཅིང་སྤྱོད་ལ། དེའི་འབྲས་བུ་སྡུག་བསྔལ་གྱི་མཚན་ཉིད་རྣམ་པ་སྣ་ཚོགས་ཅན་མྱོང་ཡང་ད་དུང་བྲེད་མ་ཤེས་པར་དང་དུ་ལེན་པས་ཆད་པ་བཅད་པའི་རྐུན་པོ་ལག་པ་བྲེག་པ་ཞིག་གིས་ཡང་བརྐུས་ཏེ་མགོ་གཅོད་པའི་ཆད་པ་ལ་ཞུགས་པ་ལྟ་བུའོ། །སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཇི་ལྟར་འཇོམས་ན། འདོད་པའི་ཡུལ་ལྔ་ལ་ཆགས་ཤིང་ཞེན་པའི་དབང་གིས་ཉོན་མོངས་པའི་མཐུ་རྒྱས་ཏེ་སྡུག་བསྔལ་ལ་འཇུག་པ་ནི། ཕྱེ་མ་ལེབ་མར་མེའི་འོད་ཀྱི་གཟུགས་འདོད་ནས་ཕྱིན་པས་ཚིག་པ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། བུང་བ་སྦྲང་རྩིའི་འབྱུང་གནས་མེ་ཏོག་ལ་འཇིབ་པས་ཀྱང་འབྱར་བའམ། ཁ་ཟུམ་ནས་ཤི་བ་དང་། ཉ་རྣམས་ཉ་པས་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོས་བསླུས་ཏེ་བསད་པ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་པས་ཤི་བ་ལྟ་བུ་སྟེ།དོ་ཧ་མཛོད་ཀྱི་གླུ་ལས།སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །ཞེས་པ་དང་།ཀྱེ་ཧོ་རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་།འདིར་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །ཞེས་སོ། །ཡུལ་ལྔ་པོ་ལས་ཉོན་མོངས་པ་སྐྱེ་ཞིང་དེ་ཡི་དབང་གིས་འཁོར་བར་མཐའ་མེད་པར་འཁྱམས་པ་འདི་ནི་དུག་ལས་ཀྱང་འཇིགས་པར་གསུངས་ཏེ། སློབ་སྤྲིང་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པ་མི་བཟད་ལྡན། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་འཐིབ་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །ཡུལ་དང་དུག་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན། །ཉེས་ན་དུག་སླ་མི་བཟད་རང་བཞིན་ཡུལ་རྣམས་ཡིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བ་ཟད། །ཡུལ་ནི་ཚེ་རབས་གཞན་དུའང་དུག་ཏུ་འགྱུར་བར་བྱེད། །དུག་ནི་དུག་དང་བསྲེས་ན་རབ་ཏུ་ཞི་བར་འགྱུར། །གསང་སྔགས་མཆོག་དང་དུག་སེལ་སྨན་གྱི་གསོ་བར་རུང་། །དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་འགྱུར་གྱིས། །དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟར་མ་ཡིན་ནོ། །ཞེས་སྲིད་པ་འདི་དག་ཕན་ཚུན་དུ་འཁོར་ཞིང་སྡུག་བསྔལ་བ་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལྷ་དང་ལྷ་མིན་དམྱལ་བ་ཡི་དྭགས་མི། །བྱོལ་སོང་རིགས་དྲུག་ཟོ་ཆུའི་འཁྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་སྡུག་བསྔལ་ཕ་མཐའ་ཡས། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། རྒྱུ་རྐྱེན་འདིས་ནི་འཁོར་བར་འགྱུར། །ཞེས་སོ། །དེ་ལྟར་འཁོར་བ་ན་འཁོར་བའི་ཚེ་ཡང་གཉེན་བཤེས་དང་། དགྲ་དང་བར་མའི་རྐྱེན་སྦྱར་བས་བདེ་སྡུག་དང་ཕན་གནོད་ཀྱི་གྲངས་མཐའ་ཡས་པས་གཉེན་དགྲར་གྱུར་པ་དང་། དགྲ་མཛའ་བོར་གྱུར་པ་སོགས་བསམ་གྱིས་མི་ཁྱབ་སྟེ། དྲི་མེད་འོད་ཟེར་གྱི་ཞལ་ནས། ཚེ་རབས་བགྲངས་ཚེ་སེམས་ཅན་རེ་རེས་ཀྱང་། །མཛའ་བཤེས་དགྲ་དང་བར་མའི་ཁུར་ཁྱེར་ནས། །བདེ་སྡུག་ཕན་གནོད་སྦྱིན་པ་གྲངས་མཐའ་ཡས། །ཕ་ཉིད་མར་གྱུར་མ་ཉིད་སྲིང་མོ་ཉིད། །དེ་ཉིད་བུར་གྱུར་ངེས་པ་མ་མཆིས་ཤིང་། །མཛའ་བོ་དགྲར་གྱུར་པ་ཡང་ཐུག་པ་མེད། །ཅེས་དང་། བཤེས་སྤྲིང་ལས། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། ན་དང་རྒས་སོགས་སྔུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛོད་ཅིག །དེ་ཡི་ཉེས་པ་ཤེས་ཀྱང་གསན་པར་མཛོད། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲ་གྱུར་པ་ཡང་བཤེས་གཉེན་དག །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་སོ། །གཞན་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འདི་ལྟར་འཇིག་རྟེན་སྔ་ཕྱིའི་ལས་བསམ་ན། །སྐྱོ་བ་བས་ཀྱང་ཤིན་ཏུ་སྐྱོ་བ་འཕེལ། །རང་ཉིད་གྲོག་སྦུར་གྱུར་པའི་ལུས་རྣམས་ཀུན། །གཅིག་པུར་བསྡོམས་ཏེ་ཕུང་པོར་བྱར་ཡོད་ན། །ལྷུན་པོ་རིན་ཆེན་བཞི་བས་ཆེས་མཐོ་ཞིང་། །ངུས་པའི་མཆི་མ་རྒྱ་མཚོ་བཞི་བས་ལྷག །སེམས་དམྱལ་ཡི་དྭགས་གྱུར་ཚེ་འཐུང་གྱུར་པའི། །ཟངས་ཞུན་རྣག་ཁྲག་མི་གཙང་ཁུ་བ་རྣམས། །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་ཆར་མི་ཕོད། །དེ་བཞིན་གཞན་རྣམས་དཔག་ཡས་ནམ་མཁའ་འདྲ། །འདོད་ཕྱིར་མགོ་དང་ཡན་ལག་བཅད་པའི་གྲངས། །འཇིག་རྟེན་རྡུལ་ཕྲན་སྙེད་ཀྱིས་ཆར་མི་ཕོད། །ཅེས་དང་། དྲན་པ་ཉེར་བཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། ངུས་པའི་མཆི་མའང་རྒྱ་མཚོ་བཞི་ཡི་ཆུ་ལས་ལྷག་གོ། དམྱལ་བ་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་དཔག་ཏུ་མེད་པ་ཞིག་འཐུང་བའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་བསྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་བབ་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པ་དག་གི་ཕྱིར་མགོ་དང་། མིག་དང་། ཡན་ལག་དང་། ཉིང་ལག་བཅད་པའང་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ས་དང་། ཆུ་དང་། མེ་དང་རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་འགྱུར་རོ། །ཞེས་དང་།བཤེས་སྤྲིང་དུ། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་བས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོར་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐོག་མཐའ་རྒྱ་ཤུགས་ཚི་གུ་ཙམ། །རིལ་བུ་བགྲངས་ཀྱང་ས་ཡི་ལང་མི་འགྱུར། །ཞེས་སོ། །དེ་ལྟར་གཟུང་བ་དང་འཛིན་པས་འཁོར་བ་རྨི་ལམ་ལྟ་བུ་འདིར་འཁྱམས་དུས་སྡུག་བསྔལ་བའི་ཆུ་བོར་བྱིང་བའི་རྣམ་གྲངས་བཤད་པ་ནི། ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞལ་ནས། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ལས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། མི་དགེས་བསྐྱེད་པ་འབྲས་བུ་མི་ཟད་པ། །རང་སྣང་ལོག་པ་རྨི་ལམ་སྣང་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་བའི་སྡུག་བསྔལ་དཔག་ཏུ་མེད། རེ་ཞིག་མདོར་བསྡུས་ལུང་བཞིན་བཤད་ཀྱིས་ཉོན། །ཞེས་གསུངས་པ་སྟེ། ལུང་རྣམ་འབྱེད་ལས།མི་གཙང་འདམ་ན་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་གསུངས་པ་ལྟར། འགྲོ་དྲུག་འཁོར་བའི་ནང་ནས་ལས་ངན་ཆེར་སྤྱོད་པའི་རྣམ་སྨིན་གྱི་སྡུག་བསྔལ་ཆེ་ཤོས་ནི་དམྱལ་བ་ཡིན་ལ། དམྱལ་བའི་ནང་ན་ཚ་བའི་དམྱལ་བའི་སྡུག་བསྔལ་ནི། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དམྱལ་བའི་གནས་ན་སྡུག་བསྔལ་དཔག་ཏུ་མེད། །ཡང་སོས་ཕན་ཚུན་མཚོན་གྱིས་འདེབས་པ་ལས། ཡང་ཡང་སྐྱེ་ཤིའི་སྡུག་བསྔལ་བཟོད་གླགས་མེད། །ཅེས་གསུངས་པས། ཚ་བའི་གནས་བརྒྱད་ཀྱི་དང་པོ་ཡང་སོས་པ་དེ་དག་ཕན་ཚུན་དགྲ་མཐོང་བ་ལྟར་ཞེ་སྡང་སྐྱེས་པའི་ལག་ཏུ་མཚོན་ཆ་སྣ་ཚོགས་རང་བྱུང་བ་བསྣུན་རེས་བྱས་ཏེ་ཤི་བ་ལས་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་སྔར་བཞིན་སོས་པས་ཡང་མཚོན་གྱིས་སྐྱེ་ཤི་འབའ་ཞིག་བྱེད་དེ། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ཡི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཅེས་སོ། །དེ་ལས་བདུན་འགྱུར་གྱིས་སྡུག་བསྔལ་བའི་དམྱལ་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཐིག་ནག་ལྕགས་ཀྱི་སོག་ལེས་གཤོག་པ་སྟེ། །བསྡུས་འཇོམས་རི་དང་གཏུན་དང་ལྗོངས་སུ་འཐག །ངུ་འབོད་ལྕགས་ཁྱིམ་འབར་བར་བསྲེགས་བྱེད་ཅིང་། །ངུ་འབོད་ཆེན་པོ་ལྕགས་ཁྱིམ་གཉིས་རིམ་བསྲེགས། །ཅེས་དང་། ལྕགས་ཀྱི་སོག་ལེ་མེ་འབར་བས་ལུས་ལ་ཐིག་ནག་པོ་བཏབ་པའི་རྗེས་སུ་གཤོག་ཅིང་འབྱར་བ་ལ་ཡང་གཤོག་པ་ནི་དམྱལ་བ་ཐིག་ནག་གོ །རིའི་བར་དང་གཏུན་དང་། །ལྗོངས་སུ་ནམ་མཁའ་ནས་ལྕགས་ཀྱི་ཐོ་བ་མེ་འབར་བས་རྩི་བཞིན་འཐག་པ་ནི། བསྡུས་འཇོམས་སོ། །ལྕགས་ཀྱི་ཁང་པ་སྒོ་མེད་ལ་མེ་འབར་བར་བསྲེགས་པ་ནི་ངུ་འབོད་དོ། །ལྕགས་ཁྱིམ་གཉིས་རིམ་དུ་བསྲེགས་པ་ནི་ངུ་འབོད་ཆེན་པོའོ། །དེ་དག་ལས་ཀྱང་བདུན་འགྱུར་གྱི་སྡུག་བསྔལ་ཆེ་བའི་ཚ་བ་ནི། །ཀུན་མཁྱེན་ཆོས་རྗེས།ཚ་བ་འདག་མེ་འབར་བའི་ས་གཞི་ལ། །པགས་པ་བཤུས་ཏེ་ཕུར་བུས་བརྒྱངས་པ་དང་། རབ་ཏུ་ཚ་བ་ཕྱི་ནང་མེས་གདུང་ཞིང་། །ཟངས་ཞུན་བསྐོལ་མས་ལུས་ཀུན་རྡུལ་དུ་བསྲེགས། །ཅེས་སོ། །དེ་ལ་ཚ་བ་ནི་ལྕགས་ཀྱི་ས་གཞི་མེ་འབར་བར་ལུས་ཀྱི་པགས་པ་བཤུས་ཏེ་པུར་དུས་བརྒྱངས་པའི་སྟེང་དུ་ཐོ་བས་བརྡུངས་ལ། རབ་ཏུ་ཚ་བ་ཕྱི་ནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི་མེ་དང་། ནང་ན་གློ་སྙིང་ལ་མེ་འབར་བའི་མེ་ཕུང་པོ་གཅིག་གིས་བསྲེག་གོ །གཞན་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་།
ཟངས་ཞུན་བསྐོལ་མ་ཁར་དབང་མེད་དུ་བླུག་པས་ལུས་རྡུལ་དུ་བུན་གྱིས་ཚིག་གོ །དེ་ཐམས་ཅད་ལས་སྡུག་བསྔལ་བདུན་འགྱུར་གྱི་ཆེ་བ་ནི་མནར་མེད་དེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མནར་མེད་ལྕགས་ཁང་འབར་བ་བཟོད་གླགས་མེད། །བརྡུངས་དང་བཙོག་དང་གཤོག་དང་ཕྱེ་མར་འཐག །འཚོད་དང་འབིག་དང་ལྕགས་ལེབ་འབར་བས་དཀྲི། །ཞེས་སོ། །སྡུག་བསྔལ་དེ་ལས་ཆེར་མནར་དུ་བྱར་མེད་པས་མནར་མེད་དོ། །ལྕགས་ཁང་མེ་འབར་བའི་ནང་དུ་གཤིན་རྗེས་ཐོ་བས་བརྡུངས་བ་དང་། དགྲ་སྟས་བཙོག་པ་དང་། སོག་ལེས་གཤོག་པ་དང་། གཏུན་དུ་འཐག་པ་དང་། ཟངས་ཆེན་ཁོལ་བར་འཚོད་པ་དང་། མདུང་དང་རྩེ་གསུམ་ལ་སོགས་པའི་མཚོན་གྱིས་འབིག་པ་དང་། ལྕགས་ལེབ་མེ་འབར་བས་ལུས་མགོ་མཇུག་ཐག་པས་འཆིང་བ་ལྟར་དཀྲི་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །གནས་དེའི་ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་ནི། ཡིད་བཞིན་མཛོད་ལས། རོ་མྱགས་འདམ་དང་ཆུ་བོ་རབ་མེད་དང་། །སྤུ་གྲིའི་ཐང་དང་རལ་གྲི་ལོ་མའི་ཚལ། །ཤལ་མའི་སྡོང་པོ་ཀུན་ནས་འཁོར་བ་ལ། །དམྱལ་བ་པ་རྣམས་སྡུག་བསྔལ་སྣ་ཚོགས་སྤྱོད། །ཅེས་སོ། །མནར་མེད་ཀྱི་ཕྱོགས་འཁོར་བ་རོ་མྱགས་ཀྱི་འདམ་རོ་རུལ་བ་ཅན་དུ་སྔར་གྱི་དམྱལ་བ་དག་སྒོ་དབྱེ་བ་ཕྱིར་ཐོན་ནས་ཞུགས་པ་ལས། སྲིན་བུ་ལྕགས་དང་ཟངས་ཀྱི་མཆུ་ཅན་མང་པོས་འབིག་ཅིང་ཤ་རུས་ཟའོ། །དེ་ལ་རྒྱ་ལམ་ཐར་བ་སྙམ་བྱེད་པས་ཕྱིར་སོང་བ་ལ། ཐལ་ཚན་གྱི་ཆུ་བོ་རབ་མེད་ཚ་བ་དེར་ཤ་རུས་འཚིགས་སྟེ། སྤྱོད་འཇུག་ལས། ཆུ་བོ་རབ་མེད་མེ་དོང་འདྲ་ནང་བྱིང་བ་དང་། །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུན་དའི་མདོགཅེས་དང་། འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་བ་ལས་མི་ཐར་ལ། །རྒྱ་ལམ་ན་ཐར་བའི་མཐར། །སྤུ་གྲིའི་ཐང་ལ་རྐང་པ་བཞག་དུས་གཤོག་ཅིང་བཏེགས་ན་སླར་འཚོབ་འགྲོ་བའོ། །རལ་གྲིའི་ཚལ་ཤིང་སྡོང་གི་ཡལ་ག་ལོ་མ་ཐམས་ཅད་རལ་གྲི་གྱུར་པས་ལུས་གཅོད་པ་དང་། ཤལ་མ་རི་ལྕགས་ཀྱི་ཐུར་མ་གྱེན་ཐུར་ལ་བསྟན་པར་འཛེག་ཅིང་འབབ་པ་དེར་ཁྱི་དང་བྱ་ལ་སོགས་པས་ཟའོ། །དེ་དག་ཕྱོགས་བཞི་ན་བཞི་བཞི་འཁོར་བར་གནས་པས་ཉེ་འཁོར་ལྷག་པ་བཅུ་དྲུག་ཅེས་བྱའོ། །བར་བསྐལ་ཕྱེད་དུ་སྡུག་བསྔལ་བར་དྲན་པ་ཉེ་བར་བཞག་པ་ལས་གསུངས་སོ། །ཉི་ཚེ་བའི་གནས་དང་གཟུགས་ལ་ངེས་པ་མེད་དེ། རྒྱ་མཚོ་དང་རི་དང་ཤིང་དང་བར་སྣང་དང་། ཁང་པ་དང་། བྲག་རི་ལ་སོགས་པ་ན། སྲོག་ཆགས་ཀྱི་གཟུགས་དག རྡོ་དང་། ཤིང་དང་། ཕྱག་མ་དང་། སྣོད་སྤྱད་དང་། སེག་དང་། རེ་ལྡེ་ལ་སོགས་པ་བཀོལ་སྤྱོད་བྱེད་པས་སྡུག་བསྔལ་མྱོང་བའོ། །དམྱལ་བ་དེ་དག་གི་ཚེ་ཚད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་ཚད་ཡང་སོས་ལ་སོགས་དྲུག་པོ་ནི། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡི། །རང་ལོ་དེ་སྙེད་བར་དུ་ཐུབ་པ་སྟེ། །རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། །མནར་མེད་བར་བསྐལ་གཅིག་ཏུ་གནས་པར་གསུངས། །ཞེས་གསུངས་པ་ལྟར། །སྔར་སྨོས་པའི་རིམ་པས་འདོད་ལྷ་དྲུག་པོའི་ཚེ་རིམ་གྱིས་ལོ་དེ་དག་གཅིག་ཏུ་སྡོམ་པ་དྲུག་པོ་ཡང་སོས་ལ་སོགས་པ་དྲུག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་དེ་སྙེད་རེ་ཐུབ་སྟེ། དཔེར་ན་རྒྱལ་ཆེན་བཞི་ཡི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །སུམ་ཅུ་རྩ་གསུམ་པས་ལོ་སྟོང་དང་། མཚེ་མས་ཉིས་སྟོང་དང་། དགའ་ལྡན་པས་བཞི་སྟོང་དང་། འཕྲུལ་དགས་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་པས་ཁྲི་དྲུག་སྟོང་ཐུབ་ཅིང་། རབ་ཏུ་ཚ་བས་བར་གྱི་བསྐལ་བ་ཕྱེད། མནར་མེད་ཀྱིས་བར་བསྐལ་གཅིག་ཐུབ་སྟེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པ་ལ་སོགས་པ་བཞིན་ནོ། །གྲང་བའི་དམྱལ་བ་ནི་དེ་དང་འདབ་འབྱོར་དུ་གནས་པར་གསུངས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གངས་དང་ཁ་བ་བུ་ཡུག་མང་བ་ཡིས། །རབ་ཏུ་སྦྲེབ་པའི་ལུས་ཅན་རྣམ་བརྒྱད་ནི། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཟེར་དང་ཀྱེ་ཧུད་སོ་འཐམ་དང་། །པདྨ་ལྟར་གས་ཨུཏྤལ་པདྨ་ཆེ། །གྲང་བའི་ཉམ་ཐག་སྡུག་བསྔལ་ཕ་མཐའ་ཡས། །ཞེས་གསུངས་པ་ལྟར། གངས་དང་ཁ་བ་བུ་ཡུག་གིས་སྦྲེབ་ཅིང་གངས་བར་ཤིན་ཏུ་གྲང་བ་ན་གནས་པ་བརྒྱད་ལས། །གྲང་བའི་ཆུ་བུར་མཐེབ་རྡོག་ཙམ་ཡོད་པ་ནི་ཆུ་བུར་ཅན་ནོ། །དེ་དག་རྡོལ་ནས་རྨར་སོང་བ་ནི་ཆུ་བུར་རྡོལ་བ་ཅན་ནོ། །ཨ་ཆུ་ཟེར་བས་ཨ་ཆུ་ཟེར་བའོ། །ཀྱེ་ཧུད་ཀྱི་སྒྲ་ཙམ་ལས་མི་ཐོན་པས་ཀྱེ་ཧུད་ཟེར་བའོ། །སྐད་མི་ཐོན་པས་རེངས་ཤིང་སོ་འཐམ་པས་སོ་ཐམ་པའོ། །ལུས་ཚལ་བ་བཞིར་གས་པས་པདྨ་ལྟར་གས་པའོ། །རྨ་དེ་དག་ཕྱི་ནང་ལོག་ནས་ཆུ་རྒྱུས་ཀྱི་གཟུགས་ཕྲ་མོས་སྦྲེལ་བས་ཨུཏྤལ་ལྟར་གས་པའོ། །ཚལ་བ་བཅུ་དྲུག་གམ་སུམ་ཅུ་རྩགཉིས་སམ་བརྒྱ་སྟོང་དུ་གས་པས་པདྨ་ཆེན་པོ་ལྟར་གས་པའོ། །དེ་དག་གི་ཚེ་ཚད་ནི། ཁལ་བརྒྱ་ཤོངས་བའི་ཏིལ་སྦྱངས་ནས། ལོ་བརྒྱར་ཏིལ་གཅིག་དབྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུ་འགྱུར། །ཞེས་པ་ལྟར། ཀོ་ས་ལའི་ཁལ་བརྒྱ་ཤོངས་བའི་ཏིལ་སྦྱངས་ནས་ཏིལ་ཉག་མ་རེ་ལོ་བརྒྱ་བརྒྱ་སོང་དུས་ཕྱིར་བོར་བས་ཏིལ་སྦྱངས་ཟད་དུས་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་ཉི་ཤུ་འགྱུར་གྱིས་རིང་བར་འདོད་དེ། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་བཞིན། །ཏིལ་གཅིག་ཕྱུངས་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་སོ། །དེ་ལ་ངན་སོང་གི་གནས་གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ནི་ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པ་ལྟར་ཡོད་དེ། དེ་ལའང་དྲན་པ་ཉེར་བཞག་ལས་རིགས་དྲུག་ཏུ་གསུངས་ཀྱང་། བསྡུ་ན་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། །ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་ལས།ཕྱིའི་སྒྲིབ་པ་ཅན་ནི། །བཀྲེས་སྐོམ་གྱིས་ཉེན་པས་ལུས་སྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ་སྐྲ་འཛིངས་པ། ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་རྒྱུག་ཀྱང་མི་རྙེད་ཅིང་། གལ་ཏེ་རྒྱངས་རིང་པོ་ནས་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་དང་ལྗོན་ཤིང་འབྲས་བུ་ཅན་ལ་སོགས་པ་མཐོང་ཡང་། དེར་ཕྱིན་པ་ན་ཟས་རྣམས་ཤུལ་ཙམ་ཡང་མེད་པར་ཡལ། ཆུ་ཀླུང་རྣམས་སྐམ་པའམ་རྣག་ཁྲག་ཏུ་གྱུར། ལྗོན་ཤིང་དང་འབྲས་བུ་མེད་པའི་སྡོང་དུམ་སྐམ་པོར་མཐོང་བ་དང་། དེ་ལྟར་མ་སོང་ཡང་སྐྱེས་བུ་མཚོན་ཆ་ཐོགས་པ་མང་པོས་འགོག་ཅིང་སྲུང་བ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར། ཟས་སྐོམ་རྙེད་ཀྱང་ཁར་མི་ཚུད་ཅིང་། ཚུད་ཀྱང་ཟས་རྣམས་འགྲམ་ཕུགས་སུ་ཤོར་ནས་ལུས། སྐོམ་རྣམས་ཁ་ཡི་དུག་གིས་སྐམ། ཅུང་ཟད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་བཟའ་བཏུང་མི་ནུས་པས་སྡུག་བསྔལ་ལོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་བཟའ་བཏུང་ཁོང་དུ་སོང་ཚད་ཀྱང་མེ་འབར་བར་གྱུར་ནས་ནང་ཁྲོལ་སོགས་བསྲེགས་པ་དང་། ལྗན་ལྗིན་ཟ་བ་ཞེས་བཤང་གཅི་དང་རྣག་ཁྲག་མཆིལ་སྣབས་སོགས་མི་གཙང་ཞིང་དྲི་ང་བ་དང་། དུག་དང་མེ་འདག་སོགས་ངན་པ་དང་དུཿཁ་བསྐྱེད་པ་ཁོ་ན་ལ་སྤྱོད་དགོས་པའོ། །དེ་ཐམས་ཅད་ཀྱང་སྤྱིར་དུས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་ཅིང་། གོས་དང་བྲལ་བའི་ཚད་པས་འཚིགས་པ་དང་། གྲང་བས་སྦྲེབ་པ་དང་། སོས་ཀ་ཟླ་བས་ཀྱང་འཚིགས་ཅིང་། དགུན་གྱི་ཉི་མས་ཀྱང་གྲང་བར་བྱེད་པ་དང་། དབྱར་དུས་སྤྲིན་ཡང་མེ་ཆར་དུ་འབབ་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམས་ཞན་པས་རུས་ཚིག་འཁྲོག་སྟེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས། འཆིང་བ་དང་། བརྡེག་པ་དང་། གསོད་པའི་འཇིགས་པ་དང་། བཏང་བ་མེད་པར་འཇིགས་སྐྲག་ཆེན་པོའི་བཀྲེས་པ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱོང་དགོས་པའོ། །ཚེ་ཚད་ཀྱི་ཁྱད་པར་མཛོད་ལས། ཟླ་བ་ཉིན་ཞག་གི་ལྔ་བརྒྱ་ཞེས་པ་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས་སོ། །ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་། ཁ་ཅིག་གི་ལོ་ཁྲི་ཡིན་པར་བཤད་དོ། །དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་འཇུར་གེགས་སོགས་ཡིན་པས་སྒྲིམས་ཏེ་བག་ཡོད་པར་བྱའོ། །དེ་ནས་ངན་སོང་གི་གནས་གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བྱིངས་དང་ཁ་འཐོར་བ་གཉིས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབ་པའི་རྟེན་དང་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། ཀླུ་རྣམས་ནི་བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེགས་ཅིང་མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་བྱུང་གི་དོགས་པས་འཇིགས་སྐྲག་གིས་སྡུག་བསྔལ་བཟོད་ཐབས་མེད། ཁ་འཐོར་མི་ཡི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་བྱུང་གི་དོགས་པས་འཇིགས་སྐྲག་གིས་རྟག་ཏུ་མནར་བས་བདེ་བ་མེད་ཅིང་བྱ་དང་གཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱིས་དབང་མེད་པར་གསོད་པ་དང་། བདག་ཏུ་བཟུང་བ་རྣམས་ཀྱི་སྤུ་བཏོགས་པ་དང་། སྣ་འབིག་པ་དང་། བརྡེག་ཅིང་བསྐུལ་བ་དང་། ཁུར་ལྕི་བས་མནར་བ་དང་། ཤ་དང་ཁྲག་དང་པགས་པ་དང་རུས་པའི་ཕྱིར་གསོད་པ་དང་། གླེན་ཞིང་གཏི་མུག་པས་བླང་དོར་མི་ཤེས་པར་འཐོམ་སྟེ་སྡུག་བསྔལ་བ་དང་། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་འདྲ་རུང་དུ་ཡོད་པའོ། །བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། ལྕགས་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་ཏེ་བཀོལ། །ཞེས་གསུངས་སོ། །ཚེ་ཚད་ནི། དུད་འགྲོ་ཚེ་ཤིན་ཏུ་རིང་བ་ནི་བསྐལ་བ་གཅིག་ཐུབ་ཅིང་། ཐུང་བ་ནི་ངེས་མེད་དུ་བཤད་དོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པ་ན། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཞག་རེ་སྡོད་པ་དང་། དགུན་འཁྱག་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་ལྗི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔགས་ནས་འཇིགས་སྐྲག་གིས་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ། །
ད་ནི་མཐོ་རིས་རྣམ་གསུམ་གྱི་འགྲོ་བ་ནི། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ཆུང་འབྲིང་ཆེན་པོར་བསགས་པ་ལས་མི་དང་འདོད་ལྷ་དང་། ཁམས་གོང་མའི་ལྷར་རིམ་པ་བཞིན་སྐྱེས་ནས་དེ་དང་དེ་ཡི་གནས་སྐབས་ཀྱི་བདེ་བ་ལ་སྤྱོད་དོ། །དེས་ན་ངན་སོང་ནི་བདེ་བའི་སྐབས་མེད་པས་བདེ་འགྲོ་ཐོབ་པའི་ཐབས་ལ་འབད་པར་བྱའོ་སྙམ་ན། འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྙིང་པོ་མེད། ངན་འགྲོ་ནི་དེ་ལྟར་སྡུག་བསྔལ་བ་མ་ཟད། མཐོ་རིས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ལ། དེ་ལ་མི་ཡི་སྡུག་བསྔལ་དང་། ལྷ་མ་ཡིན་གྱི་སྡུག་བསྔལ་དང་། ལྷ་ཡི་སྡུག་བསྔལ་དང་གསུམ་ལས།
དང་པོ་མི་ཡི་སྡུག་བསྔལ་ནི། དེ་ལ་སྤྱིར་སྐྱེ་བའི་ཚེ་མའི་མངལ་དོག་ཅིང་མུན་ནག་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བ་དེར་ཟླ་གྲངས་ནས་སྡོད་དགོས། དེ་ནས་མགོ་མཇུག་ལྡོག་སྟེ། འཇུར་མིག་ནས་དྲངས་པ་ལྟ་བུ་དང་། རེག་པ་ནི་ཚེར་ལྕག་གིས་བྲབ་པ་ལྟ་བུ་དང་། ལག་ཏུ་བླང་ཚེ་བྱེའུ་ཁྲས་འཁྱེར་བ་ལྟ་བུའི་སྡུག་བསྔལ་ཡོད་པར་འདུག དེ་ནས་རྒས་པའི་ཚེ་ཁ་དོག་ཉམས་པའི་ལུས་ཀྱི་མདངས་མི་སྡུག་པ་སྔོ་ནག་ཐལ་ཀ མགོ་དཀར། དབང་པོའི་བཀྲག་ཤོར། དབྱིབས་ཉམས་པས་སོ་དོན། ལུས་རྒུར་ཞིང་ཡན་ལག་འཁྱོག ཤ་སྐམ། པགས་པ་ལྷོད། གདོང་བྱད་གཉེར་མས་གང་། མཐུ་ཉམས་པས་ལྡང་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲས་པ་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་པ་ཉམས་པས་ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱད་དུ་མེད་ཅིང་ཀུན་གྱིས་ཡིད་དུ་མི་འོང་པའོ། །ཡང་སྔོན་ལས་འཕྲལ་རྐྱེན་གྱིས་འབྱུང་བཞི་འཁྲུགས་པས་ནད་ཀྱིས་བཏབ་པས་ཟུག་རྔུ་ལྡང་ཞིང་ལུས་རྒུད་འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་པའི་དབང་མེད། མི་འདོད་པའི་སྨན་དང་དཔྱད་སོགས་བརྟེན་ཅིང་འཆི་བར་དོགས་པའི་སྡུག་བསྔལ་མཐའ་མེད། འཆི་བའི་ཚེ་སྨན་དཔྱད་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་སྔར་འབད་པས་བསྒྲུབས་པའི་ལོངས་སྤྱོད་དབང་ཐང་འཁོར་གྲོགས་ཐམས་ཅད་དང་འཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ནས་འཆི་བར་འགྱུར་བའོ། །སྡུག་བསྔལ་བཞི་པོ་དེ་མི་སྤྱི་མཐུན་དུ་མྱོང་དགོས་པར་མ་ཟད། བྱེ་བྲག་གི་སྡུག་བསྔལ་ཀྱང་སྡུག་བསྔལ་བཞི་པོ་དེ་ཤས་ཆུང་བའི་བར་སྐབས་སུ་ལོངས་སྤྱོད་མངའ་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་ཐད་ལ་བོར་ནས་དཀའ་བ་ཇི་སྙེད་ཅིག་བྱས་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ། ཚ་གྲང་བསྐྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་པའི་སྡུག་བསྔལ། གཉེན་གྲོགས་འཁོར་འདབ་ལོངས་སྤྱོད་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན། འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་སོགས་ཟས་གོས་འདོད་པའི་ཡོ་བྱད་བཙལ་ཡང་མི་རྙེད་པས་ཕོངས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བའི་ཉོན་མོངས་ལ། །གཉིས་པ་ཚོལ་བའི་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་།བཞི་བརྒྱ་པ་ལས་ཀྱང་། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། ཐ་མལ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་ནི་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར། རང་ཅག་གིས་མངོན་དུ་གྱུར་པ་འདི་ཀས་མཚོན་པའོ། །
གཉིས་པ་ལྷ་མ་ཡིན་གྱི་སྡུག་བསྔལ་ནི། དང་པོ་ལྷ་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་མཐོང་བའི་ཚེ། དེ་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་ཡོད་ཅིང་། དུས་དུས་ན་ལྷ་དང་འཐབ་པ་ལས། ལྷ་མིན་བསོད་ནམས་མཐུ་ཆུང་བས་གསོད་པ་དང་། བརྡེགས་པ་དང་། ཡན་ལག་གཅོད་པ་དང་། འདྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་མགོ་བོ་དང་རྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་བ་མེད་དོ། །
གསུམ་པ་ལྷ་ཡི་སྡུག་བསྔལ་ལ་གཉིས་ཏེ། འདོད་པའི་ལྷ་དང་། ཁམས་གོང་མའོ། །
དང་པོ་འདོད་པའི་ལྷ་རྣམས་ནི། སྔར་འདོད་ཡོན་ལ་བག་མེད་པར་སྤྱད་པའི་བདེ་བས་བྲིད་དེ་ཚེ་ཟད་པ་མ་ཚོར་ཏེ་འཆི་འཕོ་བ་ན། ལུས་ཀྱི་མདོག་མི་སྡུག་པ་དང་། སྟེན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྡུལ་འབྱུང་བ་སྟེ། འཆི་ལྟས་ལྔ་ལྷའི་ཞག་བདུན་གྱི་གོང་དུ་འབྱུང་བ་ན་འཕོ་བའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་དང་། དེའི་ཚེ་རང་གི་ལྷ་མོ་དང་། འཁོར་རྣམས་ཀྱིས་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེ་བསྐྱེད་ཅིང་། ཁྱད་པར་ལྷ་ཡི་དཔལ་དང་འདོད་ཡོན་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ཀྱང་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ། མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས་དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱོང་དགོས་པར་ཤེས་ནས་འོག་ཏུ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་བ་སྟེ། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །སླར་ཡང་ལས་ཀྱི་དབང་གིས་ས་སྟེང་ལྟུང་། །འཁོར་ལོ་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། །གཞན་ཡང་ལྷ་བསོད་ནམས་ཆེ་བ་རྣམས་ཀྱི་འདོད་ཡོན་གྱི་དཔལ་མཐོང་བ་ན། བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ནས་སྤ་བཀོང་བར་འགྱུར་བ་དང། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ་དང་། ཁྱད་པར་རྒྱལ་ཆེན་བཞི་པའི་རིགས་དང་། སུམ་ཅུ་རྩ་གསུམ་པ་རྣམས་ལ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱི་གཅོད་པ་དང་དབྲལ་བ་དང་། གསོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད་དོ། །
གཉིས་པ་ཁམས་གོང་མའི་སྡུག་བསྔལ་ནི། གཟུགས་དང་གཟུགས་མེད་པ་དག་ན་སྡུག་བསྔལ་གྱི་སྡུག་བསྔལ་མངོན་འགྱུར་བ་མེད་ཀྱང་། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱི་མྱོས་པ་ལྟར་གྱུར་བས་སོ་སོའི་སྐྱེ་བོ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་ཏིང་ངེ་འཛིན་གྱི་རོ་མྱོང་བས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་དང་འབྲལ་མི་ཕོད་ཅིང་དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སྐྱེ་བོ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་ཏེ། སྔོན་ལས་འཇིག་རྟེན་པའི་ཏིང་ངེ་འཛེན་བསྒོམ་པའི་སྐབས་དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་ཏུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྟུང་བར་འགྱུར་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། མནར་མེད་མེ་ཡི་བུད་ཤིང་གྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་པ་ལྟར་རོ། །དེས་ན་མེ་ཆེ་ཆུང་ཅི་ཡིན་ཡང་ཚ་བ་ལས་མ་འདས་པ་ལྟར། ཁམས་གསུམ་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། གནས་གང་དུ་གནས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད། འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ནས་སྡུག་བསྔལ་གསུམ་གྱི་རང་བཞིན་ནི། སྤྱིར་འཁོར་བ་ལ་སྡུག་བསྔལ་ནི་རྒྱུ་འབྲས་གཉིས་ཏེ། དང་པོ་ནི། ལྷ་དང་མི་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་བསམ་པ་མི་དགེ་བས་ཟིན་པ་སྦྱོར་བ་སྡིག་པ་སྤྱོད་པ་རྣམས་སོ། །གཉིས་པ་ནི། ངན་སོང་གསུམ་དང་མཐོ་རིས་ཀྱི་བཀྲེན་ཕོངས་ཅན་དང་ལུས་ནད་དང་། སེམས་མྱ་ངན་གྱིས་ཟིན་པ་སོགས་སོ། །སྡུག་བསྔལ་དེ་ཡང་མདོར་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྡལ་དང་གསུམ་མོ། །དང་པོ་ནི། དཔེར་ན་རྨ་ཁར་དུག་བཏབ་པ་བཞིན་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན། གཙོ་བོར་ངན་སོང་གསུམ་ནའོ། །གཉིས་པ་ནི། དཔེར་ན་གྲང་བའི་ཚེ་མེ་ལ་བརྟེན་པ་བཞིན། ཚེ་དང་ལོངས་སྤྱོད་སོགས་ཐ་ན་བསམ་གཏན་བདེ་བ་ཚུན་ཆད་དེ་ཚོར་བ་བདེ་བ་ཐམས་ཅད་ཡིན་ཏེ་གཙོ་བོར་མི་དང་འདོད་པའི་ལྷ་རྣམས་སོ། །གསུམ་པ་ནི་དཔེར་ན་སྐོམ་ནད་ཅན་ལན་ཚྭའི་ཆུ་འཐུང་བ་བཞིན། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཏེ། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ཞིང་། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་ཐེབ་པ་ཡིན་ཏེ།གཙོ་བོར་བསམ་གཏན་བཞི་ནའོ། །དེ་ལྟར་མདོ་ལས།ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས་པའང་དེ་ལ་དགོངས་པའོ། །འདི་ལས་མ་ཐར་ན་གཞན་གཉིས་ལ་ཐར་བ་མེད་དེ་ཤིང་སྡོང་གི་རྩ་བ་མ་བཅད་ཀྱི་བར་མི་ལོག་པ་བཞིན་ཤེས་པར་བྱའོ། །དེ་ལྟ་བུའི་སྡུག་བསྔལ་གསུམ་གྱིས་བར་མེད་དུ་མནར་བས། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་སྟེ། དྲན་པ་ཉེར་བཞག་ལས།སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས།འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས།སྡུག་བསྔལ་ཅན་གྱི་འཁོར་བ་དེ་དག་ལས། །ནག་ཅན་བཙོན་དོང་ནས་འབོས་པ་ལྟར་བྱེད་དགོས། དེ་ལས་ཐར་བར་བྱེད་པའི་ཐབས་ཀྱང་ལས་འབྲས་ཀྱི་བླང་དོར་མ་ནོར་བ་བྱ་བ་དང་། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོས་བཤགས་པ་དང་། ཕྱིན་ཆད་མི་བྱ་བར་སྡོམ་པའི་དམ་བཅའ་བ་རྣམས་སོ། །དེ་ཡང་ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་གཅོད་པའི་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱངས་དགོས། དེ་སྦྱོང་བའི་ཆོ་ག་ནི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་དབང་མཆོག་རྒྱལ་པོའི་རྒྱུད་ལས། རྡོ་རྗེ་སེམས་དཔས་འདི་སྐད་གསུངས། །ཞིང་ཁམས་རྒྱལ་བ་རྒྱ་མཚོ་དགོངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ཐུགས་ཀྱི་ཡང་སྙིང་བདག་གིས་བརྗོད། །ཀུན་ནས་བྱིན་གྱིས་རླབས་པར་མཛོད། ཀྱེ་ཀྱེ་སྟོན་པ་སངས་རྒྱས་རྣམས། །དུས་གསུམ་རྒྱལ་བའི་ཡང་སྙིང་འདིས། །མཚམས་མེད་ཉེས་བྱས་རྣམ་སྨིན་བྱང་། །གསང་སྔགས་དམ་ཚིག་སོ་རུ་ཆུད། །མི་དགེ་ཕལ་པ་སྨོས་ཅི་དགོས། །གང་ཞིག་ནད་ཀྱིས་ཉེན་གྱུར་ཀྱང་། །སྡུག་བསྔལ་དེ་ལས་ངེས་པར་གྲོལ། །འགོ་བའི་ནད་རིམས་འབྱུང་བའི་ཚེ། །བདག་ཉིད་ཡི་དམ་གསལ་བ་ཡིས། །སྙིང་པོ་འདི་བརྗོད་དེས་མི་ཚུགས། །གང་ཞིག་ངན་སྔགས་མཚོན་བརྡེག་ཀྱང་། །སྙིང་པོ་འདི་བརྗོད་ཕར་ལ་བཟློག །དོན་གཉེར་ལམ་འགྲོ་འདི་བརྗོད་ན། །འཇིགས་པའི་དགྲ་ལས་ངེས་པར་གྲོལ། །གདོན་འཇིགས་བགེགས་ཀྱི་འཚེ་བའི་ཚེ། །རིག་པ་འདི་བརྗོད་གདོན་དེ་འཇིལ། །སེམས་ཅན་གང་ཞིག་བུ་འདོད་ཀྱང་། །རིག་པ་འདི་ལས་རབ་དེ་ཟིན། །ཉོན་མོངས་དབུལ་ཞིང་ཕོངས་པས་ཀྱང་། །སྙིང་པོ་འདི་བརྗོད་རིན་ཆེན་རྙེད། །གང་ཞིག་འཁོར་སྡུད་འདི་བརྗོད་ན། །སྲིད་པ་གསུམ་ཡང་འཁོར་དུ་འདུ། །ཕྲིན་ལས་རྣམ་བཞི་ངེས་པར་འགྲུབ། །ཉམས་གྲིབ་ཐམས་ཅད་དག་བྱེད་པའི། །ཡི་གེ་བརྒྱ་པ་བདག་གིས་བརྗོད། །ཉམས་ཆགས་ཐམས་ཅད་འདི་ཡིས་བསྐང་། །ཞེས་གསུངས་སོ། །གཞན་ཡང་དྲི་མེད་བཤགས་རྒྱུད་ལས། །ཡི་གེ་བརྒྱ་པ་ཞེས་བྱ་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡང་སྙིང་། ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་ལ་སོགས་པ་གསུངས་པའི་མཐར། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆགས་ཐམས་ཅད་བསྐངས་ཏེ་ངན་སོང་གསུམ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གི་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །ཡང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་རྒྱུད་ལས། ཐུགས་མཆོག་ཡི་གེ་བརྒྱ་པ་ནི། །དཔེར་ན་ཉི་མས་མུན་པ་འདུ། །ཤར་བས་སངས་པའི་བརྒྱ་བ་ཡིན། །དཔེར་ན་ནམ་མཁའ་ལྟ་བུ་ཡིན། །ཐམས་ཅད་གོ་ཡངས་རྒྱ་ཆད་མེད། །དཔེར་ན་ནོར་བུ་རིན་ཆེན་འདྲ། །ཐམས་ཅད་མི་འབྱུང་གང་ཡང་མེད། །ཡོན་ཏན་ཐམས་ཅད་རྫོགས་པ་ཡིན། །དཔེར་ན་འཛམ་བུའི་གསེར་དང་འདྲ། །གང་ལྟར་བྱས་པ་དེ་ལྟར་ཡིན། །དཔེར་ན་མུན་པར་སྒྲོན་མེ་འདྲ། །དཔེར་ན་རྒྱ་མཚོར་གཟའ་སྐར་འདྲ། །ཞེས་གསུངས་པ་ལྟར། །བྱིན་རླབས་དང་ནུས་སྟོབས་ཐུགས་རྗེ་ཁྱད་པར་ཅན་དེ་ཉིད་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བར་བྱེད་པའི་ཐབས་ལ། བདག་གི་སྤྱི་གཙུག་པད་དཀར་ཟླ་གདན་སྟེང་དུ་ཧཱུྃ་དཀར་ལས་བྱུང་རྡོ་རྗེ་སེམས། །དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམ་བཅས་རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐོར་ཚུགས་རིན་ཆེན་རྒྱན་ལྡན་གནས་གསུམ་འབྲུ་གསུམ་ཐུགས་ཀར་ཟླ་དཀྱིལ་ཧཱུྃ་དཀར་མཐར། །ཡིག་བརྒྱའི་སྔགས་འཁོར་དང་བཅས་བདུད་རྩི་བབ་པས་རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། །ཞེས་པས་རང་ཉིད་ཐ་མལ་དུ་གསལ་བའི་སྤྱི་གཙུག་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཞལ་འཛུམ་བག་དང་ལྡན་པ། །ཕྱག་གཡས་རིག་སྟོང་གི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པ་སྣང་སྟོང་གི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་སྐྲ་ཐོར་ཚུགས་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། དོ་ཤལ། དར་གྱི་སྟོད་གཡོགས་སྨད་དཀྲིས། དར་དཔྱངས་ལ་སོགས་པ་ལོངས་སྤྱོད་རྫོགས་སྐུའི་ཆས་གསོལ་བར་བསྒོམ་པའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེའི་ལྟེ་བར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་གྱེན་དུ་འགྲེང་བའི་མཐར་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བར་བསམ་ལ། དཀོན་མཆོག་སྐྱབས་སུ་བཟུང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་པོ་ཚང་པའི་བསམ་སྦྱོར་དང་ལྡན་པའི་ངང་ནས་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་པ་གཏད་དེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ནས། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡེ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བཟླས་པའི་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ཉིད་གཡས་སྐོར་དུ་དཀར་ཁྲ་ལ་ལ་འཁོར་ཞིང་འོད་ཟེར་ཕྲེང་ཐག་གི་ཚུལ་དུ་དམིགས་ལ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟར་བབ་པས་རྡོ་རྗེ་སེམས་དཔའི་སྐུ་གང་སྐུ་ལས་བདུད་རྩིའི་རྒྱུན་བབས། བདག་གི་ཚངས་བུག་ཏུ་ཞུགས་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཆུ་སྣས་སྦུར་མ་དེད་པ་བཞིན་དུ་དུད་ཁུ་དང་སོལ་ཁུ་རྣག་ཁྲག་ལ་སོགས་པའི་རྣམ་པས་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་པར་བསམ་ཞིང་ཡི་གེ་བརྒྱ་པ་བརྒྱ་སྟོང་ལ་སོགས་ཅི་ནུས་བཟླས་སོ། །རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་ཆར་བབ་པས་རང་གི་ལུས་ཤེལ་བུམ་ཞོ་ཡི་གང་བ་ལྟར་དཀར་ལྟེམ་གྱིས་གང་བར་བསྒོམ། རྡོར་སེམས་ཐུགས་ཀའི་སྔགས་ཕྲེང་དང་ས་བོན་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྡུག་བསྔལ་དང་བཅས་པ་བྱང་ཞིང་དག་ནས་བདེ་བ་དང་ལྡན་པར་བསྒོམ། མཐར་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པར་མཛད་དེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ལ་བློ་བཞག་ནས་རྗེས་སུ་བདེ་སྟོང་བརྗོད་བྲལ་གྱི་ངང་ལ་མཉམ་པར་བཞག་གོ། དེ་དང་རྗེས་འབྲེལ་དུ་དྲི་མེད་བཤགས་རྒྱུད་ལས་བྱུང་བའི་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་འདི་ལྟར་བྱའོ། །ཨོཾ་དང་པོར་བདག་དང་ཁམས་གསུམ་སེམས་ཅན་རྣམས། །ཡུལ་ལ་ཆགས་པ་བསྐྱེད་པ་མི་བགྱི་སྟེ། །ཕ་དང་མ་ལ་བརྟེན་ནས་གཟུགས་སུ་སྣང་། །རང་དབང་མེད་པར་འཇིག་རྟེན་གནས་འདིར་མཐོང་། །མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ནས། །གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས། །འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས། །ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས། །ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་པའི། །མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆི། །དྭངས་བས་ཉ་སྟོང་དུས་དྲུག་སྒོར་ཞུགས་ཏེ། །ཉ་སྟོང་ཚེས་བརྒྱད་འདུལ་ཁྲིམས་མནོས་པ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉ་སྟོང་ཚུལ་བཞིན་བསྲུང་བའི་དགེ་བསྙེན་ལ།ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་སྒོར་ཞུགས་སྟེ། །ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས། །རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཉན་ཐོས་འདུལ་ཁྲིམས་བསྲུང་བའི་དགེ་ཚུལ་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །རྟེན་འབྲེལ་བཅུ་གཉིས་སྒྲུབ་པའི་སྒོར་ཞུགས་ནས། །རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས། །འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཞིང་། །སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པ་ན། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །རང་རྒྱལ་སྡོམ་པ་བསྲུང་བའི་གང་ཟག་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐེག་ཆེན་བྱང་ཆུབ་སེམས་ཀྱི་སྒོར་ཞུགས་ཏེ། །བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ལས། །སྨོན་འཇུག་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས། སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས། དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །སྡོམ་བརྩོན་ཚུལ་ཁྲིམས་བསྲུང་བའི་དགེ་སློང་ལ། །ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ཏེ། །ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང་། །རྗོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང་། །དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་དང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཀྲི་ཡའི་དམ་ཚིག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ། །ཨུ་པ་ཡ་ཡི་དམ་ཚིག་མནོས་པ་ལས། །ཕྱག་རྒྱ་སྔགས་དང་མན་ངག་སྒྲུབ་པའི་མཐའ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ལྟ་སྤྱོད་ཨུ་པ་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཕྱག་རྒྱ་རྣམ་པ་བཞི་ཡི་སྒོར་ཞུགས་ཏེ། །ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །དཀོན་མཆོག་གསུམ་དང་དེ་འཁོར་བྱང་ཆུབ་སེམས། རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང་། །དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང་། །རང་རྟགས་ཕྱག་རྒྱ་རྟག་ཏུ་བསྲུང་བ་ལ། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཡོ་གའི་དམ་ཚིག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ཏེ། །མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ཡབ་ལྔ་དང་ནི་ཡུམ་ལྔ་སྦྱོར་བ་ལས། །རྒྱལ་བའི་དམ་ཚིག་མཆོག་ཏུ་སྲུང་བ་ལས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །མ་ཧཱ་ཡོ་ག་བསྲུང་བའི་རྣམ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ཏེ། །ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས། །ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན། །རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཆང་བྱེད་ཅིང་། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ནུ་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །དེ་ནས་ཡར་ལ་བློ་སེམས་ཆེར་བསྐྱེད་ནས། །ཁྱབ་བརྡལ་ཆེན་པོ་ཐེག་པའི་སྒོར་ཞུགས་ཏེ། །ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས། །མེད་པའི་དམ་ཚིག་དང་ནི་ཕྱལ་བ་དང་།གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱི་རྫོགས། །གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ལ། །རྒྱལ་བ་རྣམས་ཀྱི་དམ་ཚིག་མཆོག་ཏུ་གསུངས། །བསྲུང་མཚམས་མེད་པ་མེད་པའི་དམ་ཚིག་ལ། །གཟུང་དང་འཛིན་པ་མེད་པས་ཕྱལ་བ་ཡིན། །ཐམས་ཅད་སེམས་སུ་འདུས་པ་གཅིག་པུ་ཡིན། །ལྷག་མ་མེད་པ་རྫོགས་པ་ལྷུན་གྱིས་རྫོགས། །དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན། །ཨ་ཏི་ཡོ་ག་བསྲུང་བའི་རྣལ་འབྱོར་ལ། །དམ་ཉམས་བཀའ་ཡི་ཆད་པ་བྱུང་ན་བཤགས། །སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །ཚུལ་ཁྲིམས་རྣམ་པར་དག་པ་འདུལ་མཐར་ཕྱིན། །རང་དབང་མངོན་དུ་གྱུར་པ་མངོན་མཐར་ཕྱིན། །ཤེས་རབ་རྣམ་དག་མདོ་སྡེ་མཐའ་རུ་ཕྱིན། །ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་བསྲུང་མ་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཀྲི་ཡོག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན། །ལྟ་སྤྱོད་རྣམ་གཉིས་ཨུ་པ་མཐའ་རུ་ཕྱིན། །སུམ་བཅུ་ལྷ་ཡི་སྐུར་གསལ་རྣལ་འབྱོར་མཐའ། །དཔལ་མགོན་ལ་སོགས་སྲུང་མ་དམ་ཚིག་ཅན། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །ཡོ་ག་རྣམ་པ་གསུམ་གྱི་བསྲུང་བྱ་ནི། །རྩ་བ་ཡན་ལག་བསྲུང་ན་རྣལ་འབྱོར་ཆེ། །སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ། །ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ། །ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །དམ་ཚིག་ཉམས་པར་གྱུར་ན་མཐོལ་ལོ་བཤགས། །མཚན་ཉིད་སྡེ་སྣོད་གསུམ་ལ་ཐེག་པ་གསུམ། །ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ།ཐེག་པ་རིམ་པ་དགུ་ཡི་ལྷ་ཚོགས་རྣམས། །ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ། །མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་གཅོད། །དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་འགྱེད། །རྒྱུ་འབྲས་མ་སྤངས་དགེ་བ་དང་དུ་བླངས། །སྡིག་པ་མ་སྤྱད་རྣམ་པར་སྨིན་ལ་འཛེམས། །བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་འབྲེལ། །ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས། །ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས། བསྒོམ་བསྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་ལ། །དམ་ཚིག་ཉམ་ཆགས་ཐམས་ཅད་སྐོང་གྱུར་ཅིག །རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང་། །སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས། །སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། །དེ་འཁོར་བཀའ་ཡི་བསྲུང་མ་དམ་ཚིག་ཅན། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས། །འཕྲལ་གྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་བཟློག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དྲི་མེད་བཤགས་རྒྱུད་ལས་བྱུང་བའི་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་སྟེ། དང་པོ་ཆོས་སྒོར་ཞུགས་ནས་ཉ་སྟོང་བརྒྱད་གསུམ་གྱི་འདུལ་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་ནས་དགེ་བསྙེན་དགེ་ཚུལ་གྱི་རྩ་བ་བཞི་དང་ཡན་ལག་དྲུག་སོགས་བསྲུང་བྱ་རྣམས་དང་། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྣམས་ལ་སྐྱོན་དང་ཉེས་པར་གྱུར་ན་བཤགས་སོ། །དེ་ནས་རང་རྒྱལ་གྱི་སྒྲུབ་བྱའི་རྟེན་འབྲེལ་བཅུ་གཉིས་དང་། རང་རྒྱལ་གྱི་སྡོམ་པ་མནོས་ནས་འཁོར་བ་རང་བཞིན་མེད་པར་རྟོགས་ཤིང་སྣང་སྲིད་སྒྱུ་མ་ལྟར་དུ་ཤེས་དགོས་པ་ལ་ཉེས་སྐྱོན་དང་འགལ་བར་གྱུར་པ་རྣམས་བཤགས་པ་དང་། དེ་ནས་བྱང་སེམས་ཀྱི་སྒོར་ཞུགས་ནས་བྱང་སེམས་ཀྱི་སྡོམ་པ་སྨོན་འཇུག་ཀུན་རྫོབ་དོན་དམ་སོགས་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་ལ་ཉེས་སྐྱོན་དུ་གྱུར་ན་བཤགས་པ་དང་། སྔགས་ཕྱི་པ་ཐུབ་པའི་རྒྱུད་ཀྱི་དང་པོ་ཀྲི་ཡའི་སྒོར་ཞུགས་ནས་དག་པ་རྣམ་པ་གསུམ་གྱི་སྤྱོད་པ་དང་། དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་ལ་བླ་མར་འཛིན་པ་དང་། རྡོ་རྗེ་སྤུན་དང་མིང་སྲིང་ལ་དམ་ཚིག་ཚུལ་བཞིན་བསྲུང་བ་དང་། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་མ་ཉམས་པར་བསྲུང་དགོས་རྒྱུ་ལ་ཉེས་འགལ་དུ་གྱུར་ན་བཤགས་པ་དང་། གཉིས་པ་ཨུ་པ་ཡ་ཡི་ཐེག་པ་ལ་ཞུགས་ནས་ལྟ་སྤྱོད་རྣམ་པ་གཉིས་དང་། ཕྱག་རྒྱ་སྔགས་དང་མན་ངག་སྒྲུབ་པ་མཐའ་དག་ཉམས་སུ་ལེན་ཅིང་ཁོང་དུ་ཆུད་དགོས་པ་ལས་དེ་དག་ལ་ཉམས་པའི་སྐྱོན་མཆིས་ན་བཤགས་པ་དང་། གསུམ་པ་ཡོ་གའི་ཐེག་པ་ལ་ཞུགས་ནས་སྣང་སྲིད་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་དོན་དམ་སེམས་ཉིད་ཀྱི་ངང་དུ་སྦྱངས་ནས་ལམ་མངོན་པར་བྱང་ཆུབ་པ་ལྔས་ལྷ་ཡི་དཀྱིལ་འཁོར་དུ་བསྐྱེད་ནས་བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་འགུགས་བསྟིམ་བྱ་བ་དང་། རང་རྟགས་ཀྱི་ཕྱག་རྒྱ་རྟག་ཏུ་བསྲུང་དགོས་པ་ལ་མ་ཚོར་ཉམས་པར་གྱུར་ན་བཤགས་པ་དང་། ནང་པ་ཐབས་ཀྱི་རྒྱུད་གསུམ་ལས། དང་པོ་མ་ཧཱ་ཡོ་གའི་ཐེག་པར་ཞུགས་ནས་ཐབས་དང་ཤེས་རབ་གཉིས་ཀྱི་རང་བཞིན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡབ་ལྔ་དང་ཡུམ་ལྔའི་རང་བཞིན་དུ་ཤེས་ནས་རིགས་ལྔ་སོ་སོའི་དམ་ཚིག་རྣམས་བསྲུང་དགོས་རྒྱུ་ལ་མི་ཤེས་པའི་དབང་གིས་ཉེས་བྱས་སུ་གྱུར་ན་བཤགས་པ་དང་། གཉིས་པ་ཨ་ནུ་ཡོ་གའི་རྒྱུད་ཀྱི་ཐེག་པར་ཞུགས་ནས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ནས་ཕྱི་ནང་སྣང་སྲིད་འདས་མ་འོངས་ད་ལྟའི་ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་སུ་རྟོགས་ཤིང་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་དུས་རྟག་ཏུ་འཆང་བར་བྱེད་དགོས་རྒྱུ་ལ། །དེ་ལྟར་མ་རྟོགས་པའི་ཉམས་པར་གྱུར་ན་བཤགས་པ་དང་། གསུམ་པ་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་ཐེག་པར་ཞུགས་ནས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་རྫོགས་ཤིང་། སྤངས་བླང་བྱ་རྩོལ་མེད་པའི་ཆོས་ཉིད་དུ་སྐུ་གསུམ་ལྷུན་གྲུབ་ཆེན་པོ་སྟེ། རང་བྱུང་ཡེ་ཤེས་ལ་ཕྱོགས་དང་རིས་མེད་རྟག་ཆད་འཕོ་འགྱུར་མེད་པ་ལ་བཟློས་ཏེ། གཞི་ལམ་འབྲས་བུའི་ཐ་སྙད་ལས་འདས་ནས་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་དང་མི་འབྲལ་བས་ཆོས་ཉིད་ཁྱབ་བརྡལ་ཆེན་པོར་འུབ་ཆུད་ནས་འཁོར་འདས་སེམས་ལས་མེད་པར་ཐག་ཆོད། །རྟག་ཆད་ཚིག་ལས་འདས་པ་སུན་ཕྱུང་། གང་སྣང་ཐུག་འཕྲད་ཡེ་གྲོལ་དུ་དམིགས་རྙེད། རང་ཤར་ཆོས་སྐུ་ཟང་མར་གདེངས་འཆོས། སྣང་སེམས་ཆོས་ཟད་བློ་འདས་སུ་གཟེར་ཐེབས་ཏེ། ཡུལ་ཉིད་ཀྱི་རོལ་པ་ལ་ཡུལ་ཅན་ཡེ་ཤེས་ཀྱི་ཀློང་རྡོལ་བས་འཁོར་འདས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པས་ན་མ་བསྲུང་བའི་ཡེ་བསྲུང་ཆེན་པོའི་དམ་ཚིག་ཏེ། མེད་པ་དང་། ཕྱལ་བ་དང་། གཅིག་པུའི་དམ་ཚིག་རྣམས་གཞི་ལ་རྫོགས་པའི་གྲངས་དང་ཕྱོགས་ལས་འདས་ཤིང་གཟུང་དང་འཛིན་པ་མེད་པ་ཐམས་ཅད་སེམས་སུ་འདུས་པ་གཅིག་པུ་ལྷག་མ་མེད་པ་ལྷུན་གྱིས་རྫོགས་པས་བསྲུང་མཚམས་མེད་པའི་དམ་ཚིག་ཅེས་རྒྱལ་བ་རྣམས་ཀྱི་དམ་ཚིག་མཆོག་ཡིན་པ་ལ། །དེ་ལྟར་མ་རྟོགས་ཏེ་ཡིད་གཉིས་དང་ཐེ་ཚོམ་ནེར་ནུར་དུ་གྱུར་པ་བཤགས་པར་བྱའོ། །དེ་ལྟར་ཐེག་པ་རིམ་པ་དགུ་ལ་ལེགས་པར་སྦྱངས་ཤིང་དེ་དག་གི་བསྲུང་སྡོམ་ལ་ཉེས་འགལ་དུ་མ་གྱུར་ཞིང་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་བཀའ་ཆད་དང་ཉེས་སྐྱོན་སོགས་ཀྱིས་ནམ་ཡང་གོས་པར་མི་འགྱུར་རོ། །གོང་གི་བཤགས་སྨོན་རྒྱས་པ་དེ་ལྟར་མི་སྤྲོ་ན།མདོར་བསྡུས་འདི་ལྟར་བྱའོ། །
ཨོཾ་རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤངས་ལེན་བྱས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས།དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལེན་ལན་གྱིས་མ་གློན་མཐོལ་ལོ་བཤགས།མཆེད་དང་ལྕམ་བྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །བསྲུང་སྒྲུབ་རྟོགས་པར་བྱ་བ་ཐམས་ཅད་ལས། །ཉམས་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱིད། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་ལྟར་རྡོར་སེམས་བསྒོམ་བཟླས་ཀྱིས་སྡིག་སྒྲིབ་སྦྱངས་པ་དང་། སྔར་བྱས་ཀྱི་ལས་ལ་གནོང་འགྱོད་དྲག་པོས་བཤགས་སྦྱངས་ལ་འབད་ན་སྡིག་སྒྲིབ་མ་ལུས་པ་བྱང་བར་གསུངས་ཏེ། དོན་དམ་གསལ་བའི་ཚིགས་བཅད་ལས། སྒྲིབ་པ་ཀུན་རྫོབ་ཉིད་ཡིན་ཕྱིར། །སྦྱངས་ན་འདག་པར་གདོན་མི་ཟ། །ཞེས་གསུངས་པ་ལྟར། སྡིག་སྒྲིབ་བྱང་བའི་རྟགས་མ་བྱུང་གི་བར་འབད་པར་བྱའོ། །བྱང་བའི་རྟགས་ནི། ཁྲུས་བྱས་པ་དང་། ལུས་ལས་རྣག་ཁྲག་དང་འབུ་སྲིན་སྡོམ་སྡིག་ཐོན་པ་དང་། འཁྲུ་བ་དང་། སྐྱུགས་པ་དང་། གོས་རྙིང་དོར་ཞིང་གོས་གསར་གྱོན་པ་དང་། གྱེན་ལ་འཛེགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། མེ་ཏོག་གི་གླིང་ལ་ཕྱིན་པ་ལ་སོགས་པའོ། །
སྤྱི་དོན་ལྔ་པ་ཐར་བའི་ཕན་ཡོན་བསྟན་པ་ནི། འོ་ད་ལམ་ཡང་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་ལ་འཇུག་པ་བྱ་སྙམ་པའི་འདུན་པ་དང་བཅས་ཏེ་མ་ཡེངས་པ་ལེགས་པར་གསན་འཚལ། དེ་ཡང་ཚུལ་ཇི་ལྟ་བུ་དང་ལྡན་པས་ཉན་ཞེ་ན། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གང་ཚེ་ལེགས་པའི་ཚུལ་གྱིས་ཉན་བྱ་བ། །ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག ཉོན་མོངས་བཟོད་སོགས་དཀའ་བ་སྤྱོད་པ་དྲུག ཐོས་མང་གཉེར་སོགས་སྐྱོན་གྱིས་མི་འགྱུར་དྲུག སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག ཆོས་ཚོལ་ལ་སོགས་འཚོལ་བ་རྣམ་པ་དྲུག ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉོན། །ཞེས་གསུངས་པ་ལྟར། །ཆོས་སྨྲ་མའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པར་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོགས་པ་ལ་ཚེ་རབས་བརྒྱར་རྙེད་མི་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤོང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པ་འདུ་ཤེས་པ་དང་། ཉན་ཞིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བརྟེན་པར་བྱའོ། །དཀའ་བ་སྤྱོད་པ་དྲུག་བཟོད་པར་བསྟན་པ་ནི། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བའི་ཉོན་མོངས་པ་བཟོད་པ་དང་། བཀྲེས་པ་དང་སྐོམ་པའི་ཉོན་མོངས་པ་བཟོད་པ་དང་། ངན་སྨྲས་དང་རྒྱགས་སྐད་ཀྱི་ཉོན་མོངས་པ་བཟོད་པ་དང་། ངལ་དུབ་འགྲོ་ལས་ཀྱི་ཉོན་མོངས་པ་བཟོད་པ་དང་། ཡོ་བྱད་གཏོང་བ་དང་། འཚོལ་བའི་ཉོན་མོངས་པ་བཟོད་པ་དང་། གཅེས་པར་བྱ་བའི་སྲོག་ལའང་རྡོས་ཏེ་བཟོད་པར་བྱ་བ་གཅེས་སོ། །རྐྱེན་གྱིས་མི་འགྱུར་བ་དྲུག་གི་གོ་ཆ་ནི། ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་འབད་དོ། །ཐོས་པ་མང་དུ་འཛིན་པ་དང་། ཆོས་ཀྱི་དོན་ཤེས་པ་དང་། དེ་ཉིད་སྤྱོད་པ་དང་ལྡན་པ་དང་། གཞན་ཡང་དེ་ལྟ་བུ་ལ་བརྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའོ། །ཆེད་དུ་བྱ་བའི་ཁྱད་པར། དགེ་བའི་རྩ་བ་ཐམས་ཅད་སྒྲུབ་ཚུལ་ཤེས་པར་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་སྒྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ། །དགོས་པ་དྲུག་བསྒྲུབ་པ་ནི། ཐོས་ནས་ཆོས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་དགོས་པ་དང་། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི་དགོས་པ་དང་། གཞན་ལའང་དེ་ལྟར་བསྟན་པའི་དགོས་པ་དང་། དེ་ལྟར་བསྟན་པས་རང་གཞན་གྱིས་རྣམ་བར་གྲོལ་བ་ཐོབ་པའི་དགོས་པ་དང་། རང་དང་གཞན་ཀྱི་ཤེས་རབ་སྦྱོངས་པའི་དགོས་པ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་སྟེ། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ། །འཚོལ་བ་དྲུག་ནི། གཡོ་དང་སྒྱུ་མེད་པ་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པའི་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱིས་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམས་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ། །ཞེས་གསུངས་པ་ལྟར་ཡོན་ཏན་སུམ་ཅུ་རྩ་དྲུག་དང་ལྡན་པས་ལེགས་པར་གསན་ཅིང་། གང་གསན་པར་བྱ་བ་ཆོས་ཀྱི་རྣམ་གྲངས་ལ།
ཐར་བའི་ཕན་ཡོན་ལ་བསམ་སྟེ་བློ་སྦྱངས་པ་ནི། དེ་ཡང་འོ་སྐོལ་རྣམས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་མི་དགེ་སྡུག་བསྔལ་ཀྱི་ལས་མ་བསགས་པ་དང་། ངན་འགྲོ་སྣ་ཚོགས་ཀྱི་ལུས་མ་བླངས་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་པས་ན། དེ་ཕྱིར་སྡུག་བསྔལ་གྱི་ལས་ཁོ་ན་ལ་ཟད་པར་འདུག་ཅིང་། སྙིང་པོ་མེད་པའི་ལས་དེ་ལྟ་བུ་བསམ་སྟེ་སྐྱོ་ཤས་དྲག་པོ་དང་བཅས་ནས་ཐར་པ་བྱང་ཆུབ་སྒྲུབ་པའི་ལས་ལ་བརྩོན་པའི་ཕན་ཡོན་ཁོ་ན་ལ་སེམས་ཤིང་འབད་པར་བྱ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྙིང་པོ་མེད་པ་དེ་འདྲའི་འཁོར་བ་ལས། །ཐར་པའི་ཕྱོགས་ནི་མྱ་ངན་འདས་པ་སྟེ། །ཞི་བདེ་བསིལ་བའི་བདུད་རྩི་བླ་ན་མེད། །ཅེས་གསུངས་པས་འཁོར་བ་ལ་མངོན་པར་སྐྱོ་ཞིང་སྐྱོན་དང་བཅས་པས་མེའི་འོབ་བརྒལ་དཀའ་བ་ལས། །མྱ་ངན་ལས་འདས་པ་ཞི་བདེ་བསིལ་བའི་ནགས་ཚལ་ཡིད་དུ་འོང་བ་སྟོབས་དང་མི་འཇིགས་པ་སོགས་ལེགས་པའི་ཡོན་ཏན་གྱིས་འབྱོར་ཞིང་། རྒ་ཤི་མེད་པ་རྟག་པ་བརྟན་པ། སྒྲིབ་པ་མེད་པའི་གནས་བཟང་དམ་པ་དེར་རང་ཉིད་བསྒྲོད་ནས་གཞན་ཡང་དྲངས་པའི་ཐབས་ལ་བརྩོན་པར་བྱའོ། །དེ་ལ་བདག་བས་གཞན་གཅེས་ཀྱི་བསམ་པས་ཆོས་ལ་འཇུག་དགོས་ཏེ། བདག་གཞན་དོན་གཉིས་བསྒྲུབ་བའི་བསམ་པ་ཁྱད་པར་ཅན་གྱི་དགེ་བ་སྒྲུབ་པ་ལ་ཕན་ཡོན་དང་བསོད་ནམས་དཔག་ཏུ་མེད་པར་གསུངས་ཤིང་། དེ་ཡང་བཟང་པོ་སྤྱོད་པ་ལས། ལན་ཅིག་ཙམ་ཡང་དད་པ་སྐྱེས་པས་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཅེས་གསུངས་པ་ལྟར་གྱི་ཡང་དགེ་བ་བསོད་ནམས་ཆ་མཐུན་དང་ཐར་པ་ཆ་མཐུན་གཉིས་ལས། བསོད་ནམས་ཆ་མཐུན་གྱི་དགེ་བས་མངོན་པར་མཐོ་བའི་བདེ་འབྲས་ཐོབ་སྟེ། དེ་ཡང་དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་ལས། དགེ་བ་ཆུང་ངུ་བྱས་པས་མི་ཕལ་བ་རྣམས་དང་། འབྲིང་རྒྱལ་པོ་དང་ཁྱིམ་བདག་འབྱོར་བ་ཅན་དུ་སྐྱེ་བ་དང་། ཆེན་པོ་བྱས་པས་ཆོས་ལྡན་གྱི་སྐྱེས་བུའམ་འཁོར་ལོའི་བསྒྱུར་བའི་རྒྱལ་པོར་སྐྱེས་པ་དང་། དེ་ལའང་སྔོན་བསོད་ནམས་བསགས་པའི་མཐུ་ལས་བྱུང་པའི་འཁོར་ལོས་བསྒྱུར་བའིརྒྱལ་པོ་མིའི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡང་རང་བཞིན་ཤུགས་ལས་བྱུང་བ་དང་། གླིང་བཞི་ལ་དབང་བསྒྱུར་ཞིང་རིན་པོ་ཆེ་དང་འདོད་ཡོན་གྱི་ལོངས་སྤྱོད་ཆར་འབེབས་ཤིང་། འབངས་འཁོར་རྣམས་དབུལ་འཕོང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་བསྐྱབས་ཤིང་འབྱོར་པ་ཕུན་སུམ་ཚོགས་པའི་མཐུ་སྟོབས་དང་ལྡན་པ་རྣམས་ནི་སྔོན་དགེ་བ་བྱས་པའི་དོན་འབྲས་ལས་བྱུང་བ་ཡིན་ནོ། །མཐོ་རིས་ཀྱི་འགྲོ་བ་ལྷ་མིན་ཡང་རྒྱུ་དགེ་བ་སྤྱད་པའི་མཐུས་ཚེ་དཔལ་འབྱོར་བ་སྟོབས་རྩལ་རྣམས་ལྷ་དང་གནོད་སྦྱིན་ལ་འགྲན་ནུས་པའི་ཡོན་ཏན་ཡོད་ལ། རི་རབ་ཀྱི་ཁོང་སེང་དུ་རིམ་པར་གནས་པ་ལས་གསེར་གྱི་ས་གཞི་ལ་ལྷ་མ་ཡིན་གྱི་གྲོང་ཁྱེར་གསེར་ལྡན་ཞེས་པ། སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་ལྟ་ན་སྡུག་ལ་འགྲན་ནུས་པའི་ཡོན་ཏན་ཚང་ཤིང་དཔག་བསམ་གྱི་ཤིང་། བདུད་རྩིའི་ཆུ་མིག ལྷ་མ་ཡིན་གྱི་འདུན་ས་ནོར་བཟང་དང་། རྡོ་ལེབ་རབ་ཏུ་བཟང་པོ་གླང་ཆེན་གང་བརྩེགས་དང་སྐྱེད་མོའི་ཚལ་དང་། ཤིང་རྟ་དང་། རྟ་མཆོག་རབ་མྱུར། གཡུལ་གྱི་གླང་ཆེན་བཟོད་པར་དཀའ་བ། འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷུན་གྲུབ་ཏུ་འབྱུང་བ་དེ་དག་ནི་དགེ་བའི་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཡིན་ནོ། གཞན་ཡང་འདོད་པའི་ལྷ་རིགས་དྲུག་ལ་ཡང་རྒྱལ་ཆེན་རིགས་བཞི་རི་རབ་ཀྱི་བང་རིམ་བཞི་ལ་གནས་པས་སྐྱེ་བ་བརྫུས་ཏེ་སྐྱེས་ཤིང་འདོད་ཡོན་ལོངས་སྤྱོད་རང་བཞིན་གྱིས་ལྷུན་གྲུབ་ཏུ་འབྱུང་བ་དང་། སུམ་ཅུ་རྩ་གསུམ་རི་རབ་ཀྱི་སྟེང་ན་རྣམ་པར་རྒྱལ་བའི་ཁང་བཟང་གྲོང་ཁྱེར་ལྟ་ན་སྡུག་པ་ལྷ་ཡི་གཞལ་མེད་ཁང་རྣམས་བསོད་ནམས་ཀྱི་མཐུ་ལས་རང་བྱུང་ཞིང་། ས་གཞི་ཡང་རིན་པོ་ཆེ་ལས་གྲུབ་པ་དང་ཚལ་བཞི་ནི། ཤར་ཤིང་རྟའི་ཚལ། ལྷོར་རྩུབ་འགྱུར་ཚལ། ནུབ་འདྲེས་པའི་ཚལ། བྱང་དགའ་བའི་ཚལ་དང་། དཔག་བསམ་གྱི་ཤིང་དང་། བདུད་རྩིའི་ཆུ་མིག་སོགས་འདོད་ཡོན་ལོངས་སྤྱོད་བསམ་པ་ཙམ་གྱིས་འབྱུང་བ་ན། བརྒྱ་བྱིན་དང་ཉེ་དབང་སོ་གཉིས་རྣམས་ལྷ་ཡི་བུ་དང་བུ་མོར་བཅས་རང་ལོ་སྟོང་གི་བར་དུ་བདེ་སྐྱིད་ལྡན་པར་གནས་པ་ཡང་། སྔོན་གྱི་དགེ་བ་ཕུན་སུམ་ཚོགས་པ་ལས་བྱུང་བ་སྟེ། དེ་དག་ས་ལ་གནས་པའི་ལྷ་མིའི་བདེ་འབྱོར་རོ། །དེ་དག་ལས་ཀྱང་བསོད་ནམས་ཆེར་བསགས་པ་ནམ་མཁའ་ལ་གནས་པའི་འདོད་ལྷ་རིགས་བཞི་ནི་དཔག་བསམ་ཤིང་ཡིད་འགྱུར་བརྒྱན་པའི་གནས་དེར། འཐབ་བྲལ་ལྷ་གནས་བཀོད་པ་ཕུན་སུམ་ཚོགས་པ་སྐྱེ་བ་པདྨའི་སྟེང་དུ་བརྫུས་ཏེ་ཁྱེའུ་ཕོ་མོ་སྐྱེས་པ། ལྷ་མིན་དང་འཐབ་བརྩོད་བྲལ་བས་ན་འཐབ་བྲལ་ཞེས་ཀྱང་བྱ། ཕོ་མོ་གཉིས་ལྷན་དུ་སྐྱེས་བས་མཚེ་མ་ཞེས་ཀྱང་བྱ། འདོད་ཡོན་ལོངས་སྤྱོད་རྣམས་ཀྱང་ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་པ་དེ་དག་ཀྱང་། ཚོགས་བསགས་པ་ལས་ཀྱང་བྱུང་བ་ཡིན་ཞིང་། དེའི་གོང་དུ་དཔག་བསམ་མིག་མཛེས་བརྒྱན་པའི་གནས་ན་དགའ་བ་དང་ལྡན་པའི་ཆོས་བཟང་མདུན་ས་ན་རྒྱལ་ཚབ་བྱམས་མགོན་བཞུགས་ཤིང་། ཆོས་ཀྱི་སྒྲ་དང་འདོད་ཡོན་ལོངས་སྤྱོད་རང་བཞིན་ཤུགས་ལས་བྱུང་བའི་བསོད་ནམས་ཚོགས་ཆེན་དགའ་བ་དང་ལྡན་པའི་གནས་ཡོད་ལ། དེའི་གོང་དུ་དཔག་བསམ་མཐོང་མཛེས་བརྒྱན་པའི་ཞིང་དུ་འཕྲུལ་དགའི་ལྷ་རིགས་ལོངས་སྤྱོད་རྣམས་ཀྱང་ཡིད་ལ་སྤྲུལ་ནས། རང་གཞན་གཉིས་ཀ་དགའ་བ་དང་བདེ་བའི་དཔལ་ལ་སྤྱོད་པའོ། །དེའི་གོང་དུ་དཔག་བསམ་རིན་ཆེན་བརྒྱན་པའི་ཞིང་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འདོད་པའི་ཡོན་ཏན་བདེ་ལེགས་གཞན་གྱི་མཆོག་སྟེ་འདོད་ལྷ་དེ་དག་གི་འདོད་ཡོན་ལོངས་སྤྱོད་རྣམས་དགེ་བ་བཅུའི་བསོད་ནམས་ཆེ་འབྲིང་ཆུང་གསུམ་བསགས་པས་འདོད་ཁམས་མིའི་བདེ་འབྲས་དེ་དག་ཐོབ་པ་ཡིན་ནོ། །དགེ་བ་བཅུའི་བསོད་ནམས་ཚོགས་ཆེན་བསག་པ་དང་བསམ་གཏན་སྒོམ་པ་དང་འབྲེལ་བའི་ལྷ་རིགས་གཉིས་ལས་གཟུགས་ཁམས་གནས་རིས་བཅུ་བདུན་གནས་ཏེ། དེ་ཡང་བསམ་གཏན་དང་པོ་ལ་གསུམ་ལས། རིན་ཆེན་པ་ཏིང་ཀའི་ནམ་མཁའ་ལ་གནས་པའི་ཚངས་རིས་དང་། དེའི་སྟེང་དུ་ས་མི་ཀའི་ནམ་མཁའ་ལ། ཚངས་པ་མདུན་ན་འདོན་དང་། དེའི་སྟེང་དུ་ཀེ་རུ་ཛའི་ནམ་མཁའ་ལ། ཚངས་ཆེན་གྱི་ལྷ་དང་གསུམ་ནི་བསམ་གཏན་དང་པོ་སྟེ། འདོད་ཡོན་ལོངས་སྤྱོད་ཀྱི་སྲེད་པ་སྤངས་ཏེ། རྩེ་གཅིག་བསམ་གཏན་ལ་གནས་པའོ། །བསམ་གཏན་གཉིས་པ་ནི། རིན་ཆེན་དཔལ་འབར་འོད་ཀྱི་ནམ་མཁའ་ལ་འོད་ཆུང་དང་། དེའི་སྟེང་དུ་ཀེ་ཀེ་རུས་སྤྲས་པའི་ནམ་མཁའ་ལ་ཚད་མེད་འོད་དང་། དེའི་སྟེང་དུ་ཤྲི་ཀུ་ཏྲའི་ནམ་མཁའ་ལ་འོད་གསལ་ཏེ། གསུམ་ནི་བསམ་གཏན་གཉིས་པ་སྟེ། དེ་དག་རྟག་ཏུ་མི་གཡོ་བའི་ཏིང་ངེ་འཛིན་གྱི་ཉམས་མྱོང་གི་དགའ་བདེར་གནས་སོ། །བསམ་གཏན་གསུམ་པ་ནི། རིན་ཆེན་པ་ཏིང་ཀ་ལའི་ནམ་མཁའ་ལ་དགེ་ཆུང་དང་། དེའི་སྟེང་དུ་ཨིནྡྲ་ནི་ལའི་ནམ་མཁའ་ལ་ཚད་མེད་དགེ་དང་། དེའི་སྟེང་དུ་རིན་ཆེན་འོད་འབྱིན་པའི་ནམ་མཁའ་ལ་དགེ་རྒྱས་དང་གསུམ་ནི་བསམ་གཏན་གསུམ་པ་སྟེ། དེ་དག་ཉམས་མྱོང་བདེ་གསལ་མི་རྟོག་པ་དབུགས་དབྱུང་རྔུབ་མི་གོ་བར་གནས་སོ། །བསམ་གཏན་བཞི་པ་ནི། རིན་ཆེན་སྤྲིན་ཚོགས་སྟུག་པོའི་ནམ་མཁའ་ལ་སྤྲིན་མེད་དང་། དེའི་སྟེང་ན་ཀ་ལི་གས་སྤྲས་པའི་ནམ་མཁའ་ལ་བསོད་ནམས་སྐྱེས་ལྷ་དང་། དེའི་སྟེང་ན་རབ་མཛེས་རྣམ་བརྡལ་གྱི་ནམ་མཁའ་ལ་འབྲས་བུ་ཆེ་ལྷ་དང་གསུམ་སྟེ་བསམ་གཏན་བཞི་པ་འདི་བསམ་གཏན་ཡང་དག་པར་གཞུང་དང་མཐུན་པར་གསུངས། དེའི་གོང་དུ་བསམ་གཏན་ཤིན་ཏུ་གོམས་པའི་གཙང་རིས་ཀྱི་ལྷ་ལྔ་སྟེ། རིན་ཆེན་ཤེལ་ཁང་བརྩེགས་པའི་ནམ་མཁའ་ལ་མི་ཆེ་བ་དང་། དེའི་གོང་དུ་རིན་ཆེན་ཟེ་བ་སྨྱུ་གུའི་ནམ་མཁའ་ལ་མི་གདུང་བ་དང་། དེའི་གོང་དུ་རྣམ་མཛེས་ཀྱི་ནམ་མཁའ་ལ་གྱ་ནོམ་སྣང་བ་དང་། དེའི་གོང་དུ་རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ་ཤིན་ཏུ་མཐོང་བ་དང་། དེའི་གོང་དུ་རིན་ཆེན་འཆིང་བུ་རྣམ་པར་བཀོད་པའི་ནམ་མཁའ་ལ་འོག་མིན་གྱི་ལྷ་སྟེ་བསམ་གཏན་ལྷུན་གྲུབ་འཕགས་པའི་གནས་ཀྱང་གསུངས། འདི་དག་གཟུགས་ཁམས་གནས་རིས་བཅུ་བདུན་དེ་ཏིང་ངེ་འཛིན་མི་གཡོ་ཞིང་ཡོན་ཏན་མཐའ་ཡས་དེ་དག་ཀྱང་མི་དགེ་སྤངས་ཤིང་དགེ་བ་བསྒྲུབ་པའི་འབྲས་བུའོ། །དེའི་གོང་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། སྤྲིན་ཆེན་རྣམ་རོལ་གྱི་ནམ་མཁའ་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཏིང་ངེ་འཛིན་གྱིས་བསྐལ་ཆེན་ཉི་ཁྲིའི་བར་དུ་གནས་སོ། །དེའི་གོང་དུ་རྣམ་རོལ་འཁོར་ལོ་འཕྲོ་བའི་ནམ་མཁའ་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྐལ་ཆེན་བཞི་ཁྲིའི་བར་དུ་ཏིང་ངེ་འཛིན་ལ་གནས་སོ། །དེའི་གོང་དུ་རྣམ་རོལ་འཁོར་ལོ་ཅན་གྱི་ནམ་མཁའ་ལ། །ཅི་ཡང་མེད་པའི་སྐྱེ་མཆེད་བསྐལ་ཆེན་དྲུག་ཁྲིའི་བར་དུ་ཏིང་ངེ་འཛིན་ལ་གནས་སོ། །དེའི་གོང་དུ་པདྨ་རྣམ་པར་བརྩེགས་པའི་ནམ་མཁའ་ལ། ཡོད་མིན་མེད་མིན་གྱི་ལྷ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་ཏིང་ངེ་འཛིན་ལ་གནས་སོ། །འདི་དག་ནི་སྲིད་པའི་རྩེ་མོ་ཞེས་གྲགས་པས་མནར་མེད་དམྱལ་ཁམས་ཡན་ཆད་འདི་དག་སྲིད་པ་གསུམ་སྟེ། བདེ་སྡུག་ལས་ཀྱི་འབྲས་བུ་སོ་སོར་མྱོང་བས། རྒྱུ་འབྲས་ཀྱི་ལས་ལ་ཡིད་ཆེས་པར་གྱིས་ཤིག འདི་དག་སྲིད་པའི་བདེ་འབྲས་ཕུན་སུམ་ཚོགས་པ་ཡང་མངོན་པར་མཐོ་བ་ལ་ཞུགས་པའི་ཡོན་ཏན་ཡིན་ནོ། །
གཉིས་པ་ངེས་པར་ལེགས་པའི་ཐར་བ་ཆ་མཐུན་གྱི་ཐེག་པའི་ཕན་ཡོན་ཡང་མདོར་བསྡུས་གཅིག་བརྗོད་ན། སྐྱེས་བུ་དམ་པ་བློ་ཆེན་ཐེག་པ་ཆེན་པོའི་སྣོད་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་ཞུགས་པ་འཁོར་བ་ལ་ཡིད་དབྱུང་ཞིང་བདག་གཞན་དོན་གཉིས་བསྒྲུབ་པའི་བསམ་པ་སྐྱེས་པ་ལ་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། དེ་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། ཆོས་བདག་མེད་པ་ལ་མོས་ནས། དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་ལ་ཁམས་གསུམ་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཀོད་པ་བས་བསོད་ནམས་ཆེའོ། །ཞེས་གསུངས་པས། དཔེར་ན་ཡང་བསམ་པ་དེ་ཙམ་སྐྱེས་པ་ལ་ཕན་ཡོན་དེ་ཙམ་ཡོད་པར་གསུངས། རང་གི་བསམ་པ་བཟང་པོ་རྒྱུད་ལ་སྐྱེས་ནས་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དང་མཇལ་ཞིང་སྡོམ་པ་ཐོབ་ནས་ཉམས་སུ་བླངས་པ་ལ་ཡོན་ཏན་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རང་རེ་ཆོས་སྒོར་ཞུགས་པ་རྣམས་ཀྱིས་བསླབ་པ་གསུམ་གྱི་གཞི་བཟུང་ཚད་མེད་བཞི་ལ་དམ་བཅས་ནས། དགེ་བ་བཅུ་དང་ཕ་རོལ་དུ་ཕྱིན་པ་དྲུག་ལ་གཅེས་པས་ནན་ཏན་དུ་བྱས་པ་རྣམས་ལ་ཕན་ཡོན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་སྟེ། སློབ་དཔོན་ཞི་བ་ལྷ་ཡི་ཞལ་ནས་ཀྱང་། དེ་བཞིན་གཤེགས་པ་འབྱུང་བ་དང་། དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུར། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་འཁོར་བ་སྡུག་བསྔལ་གྱི་ནང་ནས་འཕགས་པ་དང་། མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་སྡིག་ཏོ་ཅན་ཟིལ་གྱིས་གནོན་པ་དང་། འཕགས་པའི་ནོར་བདུན་དང་ལྡན་ཞིང་ལྷ་མིས་མཆོད་འོས་སུ་གྱུར་པ་དང་། སྤོབས་པ་དང་། འཆད་རྩོད་རྩོམ་པའི་གནས་ལ་མཁས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མཆོག་རྙེད་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡང་དགེ་བ་དང་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ལས་བྱུང་ཞིང་། གནས་སྐབས་སུ་ཡང་ཐུན་མོང་གི་གྲུབ་པ་བརྒྱད་དང་། ཁྱད་པར་དུ་ཡང་བདག་གཞན་དོན་གཉིས་སྒྲུབ་པའི་མཐུ་སྟོབས་དང་ལྡན་ཞིང་བྱང་ཆུབ་སེམས་ཀྱི་རྟ་ལ་ཞོན་ནས་བདེ་བ་ནས་བདེ་བར་འགྲོ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། མཐར་གདོད་མ་ཆོས་ཀྱི་སྐུའམ་ཡང་ན་ལོངས་སྤྱོད་རྫོགས་སྐུ་ཐོབ་པ་དང་། ཐ་ན་ཡང་སྤྲུལ་སྐུ་ཐོབ་པར་གསུངས་ཏེ། དེ་ཡང་ཆོས་སྐུ་ནི་འཁོར་འདས་ཡོངས་ལ་ཁྱབ་པ། བདེ་བ་ཆེན་པོ་རྟག་པ་རྒྱུན་གྱི་འཁོར་ལོར་ཡེ་ནས་བཞུགས་པ་དང་། ལོངས་སྐུ་ནི་འགགས་མེད་རོལ་པ་ཆེན་པོར་དུས་གསུམ་གཡོ་བ་མེད་པར་བཞུགས་པ་དང་། སྤྲུལ་སྐུ་ནི་མཁྱེན་པ་གཉིས་ལྡན་དུ་འཁོར་བའི་སེམས་ཅན་བློས་མི་བཏང་བར་འགྲོ་བའི་དོན་མཛད་པ་སྟེ། དེ་ཡང་བླ་མེད་བྱང་ཆུབ་སྒྲུབ་པ་འདི་ཁོ་ན་རྩོལ་བས་ཉམས་སུ་བླངས་པ་ལས་འབྱུང་བར་ངེས་ཏེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དུ་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུ་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པས་ན། དེ་བཞིན་གཤེགས་པ་མངོན་དུ་གྱུར་པས་མཐར་ཐུག་དེ་བཞིན་གཤེགས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །ད་ལྟ་སྐལ་ལྡན་སྐྱེས་བུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་དེ་བཞིན་གྱི་ཐར་པ་ཕུན་སུམ་ཚོགས་པ་བྱང་ཆུབ་གསུམ་གྱི་འབྲས་བུ་ལ་ཡིད་ཆེས་ནས་རྒྱུ་ཚོགས་བསགས་ལ་བསླབ་པས་ཡོན་ཏན་མངོན་དུ་ཐོབ་པར་བྱའོ། །
དེའི་རྗེས་སུ་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ལ་འཇུག་པར་བྱ་བ་ཡིན་པས། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་སུ་ཡོད་པ་ལས། །
དང་པོ་ནི། གོང་དུ་དཀྱིལ་འཁོར་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་རྟེན་གསུམ་སོགས་རྒྱས་པར་བཤམས། དེ་ལྟར་མ་གྲུབ་ན་མདུན་གྱི་ནམ་མཁར་ཚོགས་ཞིང་བླ་མ་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་གསལ་གདབ་ལ། རིན་པོ་ཆེ་ལ་སོགས་པའི་མཎྜལ་ལག་ཏུ་བཟུང་སྟེ། བ་བྱུང་དང་དྲི་བཟང་གི་ཆུས་བྱུག་ཅིང་མེ་ཏོག་དང་བཅས་པས་བསྐོར་ལ། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་གསེར་གྱི་ས་གཞིར་བསམ་ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རི་མུ་ཁྱུད་མེ་ཏོག་ཚོམ་བུ་རིམ་པ་བཞིན་བཀོད་པའི་དབུས་སུ་རི་རབ་ནས་བཟུང་གླིང་བཞི་གླིང་ཕྲན་སོགས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བར་ཚོམ་བུ་རྣམས་བཀོད་པ་དེང་སང་གསར་རྙིང་ཡོངས་གྲགས་ཀྱི་མཎྜལ་སོ་བདུན་མ་ལྟར་ལག་ལེན་བྱས་ལ། སོ་སོའི་རྣམ་པ་གསལ་བ་ལྷ་མིའི་འདོད་ཡོན་མ་ཚང་མེད་པས་བཀང་བ་དང་། བདག་གི་ལུས་ལོངས་སྤྱོད་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་ཐམས་ཅད་ཕུལ་བར་བསམ་ཞིང་འབུལ་ལོ། །དེ་ལས་ཀྱང་བསྡུས་ཏེ་འདིར་བླ་མ་སྐུ་གསུམ་གྱི་མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི། །བླ་མ་ལོངས་སྤྱོད་རྗོགས་པའི་སྐུ་ལ་འབུལ། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ། ཨོཾ་གུ་རུ་རཏྣ་མཎྜལ་ལ་པཱུ་ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་མི་ཡི་རིན་པོ་ཆེ་གསེར་དངུལ་ཟངས་ལྕགས་གཡུ་བྱུ་རུ་་མི་མེན་མུ་ཏིག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་དངོས་སུ་འབྱོར་བ་དང་། ལྷ་ཀླུ་གནོད་སྦྱིན་ནོར་བདག་རྣམས་ཀྱི་ལོངས་སྤྱོད་ཀྱི་དགོས་འདོད་སྣ་ཚོགས་ཡིད་ཀྱིས་སྤྲུལ་ནས་སྒོ་གསུམ་གུས་པའི་སྒོ་ནས་ལྷག་བསམ་རྣམ་དག་གིས་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ་བར་བྱ། དེ་ནས་གཅེས་པའི་སྒྱུ་ལུས་འབྱུང་བ་ཆེན་པོ་བཞི་ཡི་དྭངས་མ་ཕུང་པོ་ཁམས་དང་སྐྱེ་མཆེད་དྭངས་ཤིང་དབང་པོ་སྒོ་ལྔའི་མེ་ཏོག་བཀྲ་བ། ཡན་ལག་གླིང་བཞི་གླིང་ཕྲན་གྱིས་བརྒྱན་པ། འཁོར་ལོ་ལྔ་རིན་པོ་ཆེ་ལྔས་སྤྲས་པའི་རི་རབ། ཙིཏྟ་ཡིད་བཞིན་ནོར་བུ། མགོ་གཏེར་གྱི་བུམ་པ། ཚོགས་བརྒྱད་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཛེས་པའི་གར་བསྒྱུར་བ་འདི་ལྟོས་པ་མེད་པར་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ་བར་བགྱི། ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ཀུན་ལ་ཁྱབ་པ་ཀུན་རྫོབ་ཀུན་ལས་འདས་པ། རང་བཞིན་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་རིག་པ་ཀུན་ནས་སྙོམས་པ། སྤྲུལ་པའི་སྐུའི་རིག་པ་བླ་ན་མེད་པ། མ་རིག་པའི་རིག་པ། དེ་ཁོ་ན་ཉིད་ཀྱི་རིག་པ། སོ་སོ་ཡང་དག་པའི་རིག་པ་བཞིས་བརྒྱན་པ། འཁོར་གསུམ་ཡོངས་རྫོགས་ཀྱི་མཎྜལ་ཆོས་སྐུ་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དམིགས་མེད་བློ་འདས་ཁྱབ་བརྡལ་ཆེན་པོའི་ངང་དུ་འབུལ། དེ་ལྟར་ལུས་ལོངས་སྤྱོད་དགེ་བའི་རྩ་བ་འཁོར་གསུམ་ཡོངས་རྫོགས་སུ་ཕུལ་བའི་བསོད་ནམས་གཞལ་དུ་མེད་དེ། བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་དང་། དེ་ལྟར་ཕུལ་བས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་སྟེ་མཐར་ཐུག་འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་ཐོབ་པའི་དགོས་པ་ཡོད་དེ། མཚན་བརྗོད་ལས། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཅེས་གསུངས་པ་ལྟར་གྱི་རྒྱུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པར་བྱ་དགོས་ཏེ་གནས་སྐབས་མཐར་ཐུག་གི་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་སྟེ། ཁྱེའུ་ལུང་བསྟན་པའི་མདོ་ལས།བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། བྱིས་པ་ཁྱེའུ་ཞིག་གིས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་བས་སངས་རྒྱས་ཀྱི་ཞལ་ནས། འདིའི་བསོད་ནམས་འདི་ལ་བརྟེན་ནས། འཛམ་བུའི་གླིང་ལ་དབང་བསྒྱུར་བའི་རྒྱལ་པོར་འགྱུར་ཞིང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེ་བ་བྱས་ནས་སངས་རྒྱས་པར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་ནོ། །དེ་ཡང་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་ན་ཡང་དག་པའི་དོན་རྟོགས་པར་མི་འགྱུར་རོ། །ལུང་ལས། །ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་རྟོགས་མི་འགྱུར། །ཞེས་པ་དང་། གཞན་ཡང་ཆོས་སྤྱོད་རྣམ་པ་བཅུ་སོགས་སྒོ་གསུམ་གྱི་སྒོ་ནས་ཚོགས་བསགས་པ་ལ་འབད་ན། སྔོན་གྱི་བདེ་བར་གཤེགས་པ་རྣམས་ཀྱི་གཤེགས་ཤུལ་ཡང་དག་པ་ཡིན་ཏེ། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཐོན་བྱེད་པ་དང་། །དོན་སེམས་པ་དང་སྒོམ་པ་དང་། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་གསུངས་པ་ལྟར། །སྒོ་གསུམ་གྱི་སྒོ་ནས་ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་མཎྜལ་དང་ཡན་ལག་བདུན་པ་གཞན་ཡང་མཆོད་པའི་དངོས་པོ་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་ཏེ་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་ཐོབ་པའི་དགོས་ཆེད་ཡོད་པས་རྟག་ཏུ་བརྩོན་པར་བྱའོ། །
སྤྱི་དོན་དྲུག་པ་དད་པའི་རང་བཞིན་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་བསམ་བྱ་ནི། འོ་ད་ལམ་ཁྱེད་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་གྲོལ་བྱེད་གདམས་པའི་སྒོ་ནས་ཁྲིད་པར་བྱེད་པ་ལ་ཡང་། ཇི་ལྟར་ཉན་པའི་ཚུལ་གསུམ་སྟེ། འཆད་པ་པོ་སློབ་དཔོན་གྱི་རང་བཞིན། ཉན་པ་པོ་སློབ་མའི་རང་བཞིན། ཐུན་མོང་དུ་བྱ་བའི་རང་བཞིན་ནོ། །
དང་པོ་འཆད་པ་པོ་སློབ་དཔོན་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པ་ལྟར། སྐུ་གསུང་ཐུགས་ཞི་ཞིང་ལེགས་པར་བསྡམས་པ། ཡོན་ཏན་དང་བརྩོན་འགྲུས་ཆེ་བ། ཐོས་པ་ཆེ་བ། ཁྱད་པར་དུ་ལུང་གི་གནས་ལ་མཁས་ཤིང་། ཟབ་མོའི་དོན་སྟོན་པ་ལ་མཁས་པ། སྙིང་རྗེ་ཆེ་བ། ཆོས་སྟོན་པ་ལ་དཀའ་བ་བཟོད་པ་དེ་ལྟ་བུའོ། །
གཉིས་པ་ཉན་པ་པོ་སློབ་མ་ནི། ཆོས་དང་བླ་མ་ལ་གུས་ཤིང་དོན་གཉེར་གྱི་འདུན་པ་ཁྱད་པར་ཅན་ཡོད་པས་ཆོས་ལ་སྒྲུབ་པར་ནུས་པ་སྟེ། སློན་དཔོན་ཤཱཀྱ་འོད་ཀྱི་ཞལ་སྔ་ནས། བླ་མ་ལ་གུས་ཚུལ་ཁྲིམས་ཡང་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་ལྡན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་མཚན་ཉིད་དེ་དང་ལྡན་པའི་སློབ་མས་ཀྱང་། སྣོད་ཀྱི་སྐྱོན་དང་དྲི་མ་ལ་སོགས་པས་མ་གོས་པར། དགའ་བ་དང་། གུས་པ་དང་། དད་པ་བསྐྱེད་ནས། གཉིད་རྨུགས་ལ་སོགས་པའི་སྒྲིབ་པ་དང་། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་ལ། ཚེ་འདིའི་བློ་ངན་དྲི་མ་ཅན་ལས་འདས་པས་ཐར་བ་ཁོ་ན་ལ་དམིགས་ཏེ། སེམས་ཅན་གྱི་དོན་དུ་ངས་ཆོས་འདི་ཉན་ནས་རྒྱུད་ལ་ཕན་པ་ཞིག་བྱའོ་སྙམ་དུ་མོས་པ་དང་འདུན་པ་ཁྱད་པར་ཅན་དུང་དུང་བསྐྱེད་ནས་ཉན་པས་ཐོས་པ་དྲི་མ་མེད་པའི་གཟི་བརྗིད་དུ་འགྱུར་རོ། །འདི་གལ་པོ་ཆེ་ཡིན་ཏེ་ཆོས་ལམ་དུ་འགྲོ་བ་ཡང་དང་པོའི་སྒོ་ཐོས་པ་བྱེད་ནས་མ་འཆུགས་པ་ཞིག་དགོས་པའི་ཕྱིར་རོ། །དེ་ཡང་འཕགས་པ་ཡོན་ཏན་རིན་པོ་ཆེ་ཡང་དག་པར་སྡུད་པའི་མདོ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེ་བས་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་འདི་ནི་མཉན་པར་གྱིས། ཞེས་གསུངས་པ་བཞིན་ནོ། །
གསུམ་པ་ཐུན་མོང་དུ་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་ཆོས་ཀྱི་འཆད་ཉན་ལ་བརྩོན་པར་སེམས་བསྐྱེད་ནས། སློབ་དཔོན་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཁྱབ་བདག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོར་གསལ་གདབ། སློབ་མ་འཇམ་དཔལ་ལམ་སྒྲོལ་མར་གསལ་བ་ལ། སློབ་དཔོན་གྱི་ཞལ་ནས་ཆོས་ཀྱི་འོད་ཟེར་འཕྲོས་པས་སློབ་མའི་རྣ་བ་ནས་ཚུར་ཐིམ་པར་བསམ་སྟེ། འཆད་པ་པོ་དང་ཉན་པ་པོ་གཉིས་ཀ་ཆོས་ཀྱི་ཚིག་དོན་ལ་འཇུག་པའི་ངང་ལས་མ་ཡེངས་པར་སེམས་རྩེ་གཅིག་ཏུ་ཉན་པའོ། །དེ་ཡང་འཆད་པ་པོའི་གསུངས་པ་ལ་ཕ་རོལ་དུ་ཕྱིན་པ་དྲུག་ཚང་སྟེ། ལེགས་པར་སྨྲ་བ་སྦྱིན་པ། ཉོན་མོངས་པས་སྡོམ་པའི་ཚུལ་ཁྲིམས། འཆད་པ་ལ་དཀའ་བ་མེད་པས་བཟོད་པ། འཆད་པར་འབད་པ་བརྩོན་འགྲུས། དེ་ལ་མ་ཡེངས་པ་བསམ་གཏན། དེའི་ཚིག་དོན་གསལ་བར་བྱེད་པ་ཤེས་རབ་བོ། །ཉན་པ་པོ་སློབ་མ་ལ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་ཚང་སྟེ། གདན་དང་མཎྜལ་འབུལ་བ་སྦྱིན་པ། ས་ཕྱོགས་སྤྱོད་ལམ་སྡོམ་པ་ཚུལ་ཁྲིམས། ཀུན་ལ་གནོད་འཚེ་མེད་པ་བཟོད་པ། ཆོས་དོན་གསོལ་བ་འདེབས་པ་བརྩོན་འགྲུབ། མ་ཡེངས་པར་གདམས་ངག་འཛིན་པ་བསམ་གཏན། དོགས་སེལ་སྐྱོན་ཚིག་འདྲི་བ་ཤེས་རབ་སྟེ་ཕར་ཕྱིན་དྲུག་གམ་ཡན་ལག་དྲུག་གི་རང་བཞིན་དང་ལྡན་པའོ། །དེ་ལ་བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་ནི། དེ་ལྟར་ཡང་དག་པའི་ཆོས་ལ་གང་གིས་བཤད་ན། སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འཕགས་པའི་ཕན་ཡོན་ཐོབ་སྟེ། ཚེ་རབས་ཐམས་ཅད་དུ་ཆོས་ཀྱི་མཛོད་འཛིན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པས་དགོངས་པར་འགྱུར་བ་དང་། རྟག་ཏུ་ཚེ་རབས་དྲན་པ་དང་། སངས་རྒྱས་ལས་ཆོས་ཐོས་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ལ་སོགས་པའོ། །ཉན་པས་ནི་སེམས་ཀྱི་སྒྲིབ་པ་སྦྱོང་བ་དང་། ཐེ་ཚོམ་གྱི་འཆིང་བ་གཅོད་པ་དང་། རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་བ་དང་། ཆོས་ཀྱི་གཟུངས་ཐོབ་པ་དང་། ངན་འགྲོ་ལ་སོགས་པར་ལྟུང་བར་མི་འགྱུར་བ་དང་། ལྷས་བསྲུངས་ཤིག་ནད་དང་འཚེ་བ་ཉུང་བ་དང་། མྱུར་དུ་སངས་རྒྱས་ཐོབ་པ་ལ་སོགས་ཏེ་ཤེས་རབ་ཀྱི་མིག་རྙེད་པས་འཁོར་བ་ལས་འདས་པར་འགྱུར་ཏེ། རྒྱུད་བླ་མ་ལས། ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག། །ཞེས་པ་དང་།སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་མྱུར་དུ་འདའ་བར་འགྱུར། །ཞེས་གསུངས་པ་ལྟར། ཆོས་ཀྱི་འབྱུང་ཁུངས་ནི་འཆད་ཉན་ཁོ་ན་ཡིན་པས་འཆད་ཅིང་ཉན་པ་ལ་བརྩོན་པར་བྱའོ། །
གང་འཆད་ཅིང་ཉན་པར་བྱ་བའི་ཆོས་ཀྱི་རིམ་པ་ལ། ཆོས་ཐམས་ཅད་ཀྱི་རྩ་བ་དད་པའི་རང་བཞིན་དུ་བསམ་ནས། ཐར་བའི་ལམ་དུ་བགྲོད་པ་ཁོ་ན་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་ཅིང་ཉན་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་པ་ལྟར། དད་པའི་རང་བཞིན་རྒྱས་པར་བཤད་པ་ལས། དང་པོ་དད་པའི་ངོ་བོ་ནི། སྤངས་བླང་གི་ཡུལ་ལ་འཇུག་ལྡོག་གིས་དམིགས་པའི་བློ་རབ་ཏུ་དང་པ་སྟེ། རྣམ་པ་སོ་སོར་ཕྱེ་སྟེ་དབྱེ་ན། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དང་བའི་དད་པས་ཡོན་ཏན་སེམས་རབ་དང། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་བསྒོམ་པ་ཡི། །ཆོས་མཆོག་རྣམས་ལ་ལྷག་པར་དད་པའོ། །ཞེས་གསུངས་པ་ལྟར། འདོད་པ་དང་། མོས་པ་དང་། གུས་པ་དང་། དང་བ་དང་། ཡིད་ཆེས་དང་། ངེས་པར་སེམས་པའི་དད་པ་དང་དྲུག་སྟེ། དེ་དག་ཀྱང་དབྱེ་བསྡུའི་ཁྱད་པར་མ་གཏོགས་པ་མེད་དེ །དེ་ཡང་མོས་དང་། གུས་པ་དང་། དང་བའི་དད་པ་གསུམ་ནི། དང་བའི་དད་པའི་ནང་དུ་གཏོགས་ལ། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པ་གཉིས་ནི་ཡིད་ཆེས་པའི་དད་པར་གཏོགས་པའོ། །ངེས་པར་སེམས་པའི་དད་པ་ནི། །འདོད་པ་ཉིད་དེ། ཆོས་ཀྱི་དེ་ཁོ་ན་ཉིད་འགོགས་ལམ་མ་ནོར་བ་ལ་ཞུགས་པས་སྡུག་བསྔལ་ཀུན་འབྱུང་གཉིས་འདོར་ཞིང་ཐར་པར་འདོད་པས་ཕྱིར་རོ། །དེ་ཡང་དང་པོ་འདོད་པའི་དད་པ་ནི། འཁོར་འདས་བླང་དོར་དུ་འདོད་ནས་དཀར་པོའི་ཆོས་ལ་སྤྲོ་བའི་འདོད་པ་དང་ལྡན་པས་འཁོར་བའི་སྡུག་བསྔལ་སྤངས་བ་དང་། ཐར་པ་བྱང་ཆུབ་ཐོབ་པར་འདོད་པ་དེ་གཉིས་ཀྱི་རྒྱུ་ལ་བླང་དོར་གྱིས་འཇུག་པར་འདོད་པའོ། །དཔེར་ན་ནོར་འདོད་ཅན་ནོར་འདོད་པ་ལྟར་ཆོས་འཚོལ་བར་འདོད་པ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བོར་ནས་ལམ་དང་འགོགས་པ་ལ་འཇུག་པར་བྱེད་པའོ། །དེ་ཉིད་ཀྱི་དོན་ལ་གནས་པའི་རྟགས་ནི། འཇིག་རྟེན་གྱི་བྱ་བ་ལ་མི་མོས་ཤིང་ཐོས་བསམ་ཁོ་ན་ཡིད་ལ་བྱེད་པའོ། །དེ་ཡང་དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་སོ། །མོས་པའི་དད་པ་ནི། བླ་མ་དཀོན་མཆོག་ལ་སེམས་རབ་ཏུ་དགའ་བ་དང་། ཡུལ་དེ་དག་ལ་འཇུག་པར་མོས་པ་སྟེ། བླ་མ་ལ་བརྟེན་བྱར་མོས་པ། སངས་རྒྱས་ལ་སྒྲུབ་བྱར་མོས་པ། ཆོས་ལ་ལམ་དུ་མོས་པ། དགེ་འདུན་ལ་གྲོགས་སུ་མོས་པའོ། །དཔེར་ན་བུ་མ་ཡི་ཕྱིར་འབྲང་བ་ལྟར་འཇུག་པའོ། །དེ་ཉིད་རྒྱུད་ལ་སྐྱེས་པའི་རྟགས་སུ་ཐར་ལམ་ལ་འགོད་པའི་བླ་མ་དཀོན་མཆོག་མཐོང་བ་དང་ཐོས་པ་དྲན་པ་ཙམ་གྱིས་ཡིད་གདུང་ཞིང་ངག་ཏུ་གསོལ་བ་འདེབས་པའོ། །དེའི་ཕན་ཡོན་ནི། དཀོན་མཆོག་སྒྲོན་མེའི་མདོ་ལས། སངས་རྒྱས་རྣམས་དང་ཆོས་ལ་དད་གྱུར་ཞིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་ཤིང་། གང་དུ་སྐྱེས་པ་ཡང་དེ་དང་མི་འབྲལ་བར་འགྱུར་རོ། །ཞེས་སོ། །གུས་པའི་དད་པ་ནི། དང་བ་ལ་བསྟེན་ནས་བག་ཡོད་པར་དཀའ་ཐུབ་ལས་མི་འདའ་བ་དང་། ལུས་ངག་ཡིད་གསུམ་གོང་མ་ལ་གུས་པས་ན་གུས་པའི་དད་པའོ། །དེ་ཡང་ལུས་གུས་པས་ཕྱག་དང་བསྐོར་བ་ལ་སོགས་པ་དུལ་བའི་སྤྱོད་པ་དང་། ངག་གུས་པས་བསྟོད་པ་དང་། ཞེ་ས་བསྟི་བསྟང་བྱེད་པ། སེམས་གུས་པས་མཆོད་འོས་སུ་མཐོང་ནས་ཕུ་དུད་བྱེད་པ་དང་གསུམ་མོ། །དཔེར་ན་རྒྱལ་པོ་ལ་འབངས་ཀྱིས་བཀུར་བ་ལྟར་འཇམ་དེས་ཀྱིས་བརྩོན་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་ནི། །གོང་མ་རྣམས་ཀྱི་སྤྱན་སྔར་ང་རྒྱལ་དང་ཁེངས་སེམས་གྱི་རྣམ་འགྱུར་མེད་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། ང་རྒྱལ་སྤངས་ཤིང་གུས་པའི་རྩ་བ་ཡིད། །དད་པས་ལག་པ་བཞིན་དུ་དགེ་རྩ་སྡུད། །ཅེས་པ་དང་། ཡང་དཀོན་མཆོག་སྒྲོན་མེ་ལས། བག་ཡོད་པ་ལྷུར་བྱེད་པས་དབང་པོའི་སྒོ་སྡོམ་ཞིང་རང་གི་སེམས་དུལ་བར་བྱེད། གཞན་གྱི་སེམས་ཀྱང་བསྲུང་བར་བྱེད་དོ། །དེ་ལྟར་དད་པ་དང་བག་ཡོད་པ་གཉིས་དང་ལྡན་པས་ནི་རྟག་ཏུ་ཆོས་ལ་གཞོལ་བའི་ཚེ་ཕྱི་མ་ལ་ངན་འགྲོར་མི་འགྲོ་བས་མི་འཇིགས་སོ། །ཞེས་དང་།དང་བའི་དད་པ་ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དད་པ་དང་། གཡོ་སྒྱུའི་དྲི་མ་མེད་པར་དང་བའི་དགའ་བས་སང་ངེ་བར་གནས་པ་ནི་དང་བའོ། །དེ་ཡང་ཀུན་རྫོབ་སྣང་ཆའི་དགེ་བ་ལ་དང་བ་དང་། དོན་དམ་ཤེས་རབ་ཀྱི་དགེ་བ་ལ་དྭངས་བ་དང་། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དྭངས་བའི་དད་པའོ། །དཔེར་ན་ནོར་བུ་ཆུ་དྭངས་ཀྱི་ཆུ་རྙོགས་སེལ་བ་ལྟར། བློའི་ཉེས་སྤྱོད་དྭངས་བར་བྱེད་པའོ། །དེ་ཉིད་ཀྱི་རྟགས་སྒོ་གསུམ་སྡིག་དང་མི་འདྲེ་བར་དགེ་བའི་བྱ་བ་ལ་སྤྲོབར་བྱེད་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་ཡོན་ཏན་ཡེ་ཤེས་ཁྱབ་པར་བྱེད། །ཅེས་སོ། །ཡིད་ཆེས་པའི་དད་པ་ནི། གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པ་དང་། དེའི་དོན་སྟོན་པའི་ལུང་རིགས་ཀྱི་ཚིག་དོན་མི་བསླུ་བར་ཤེས་ནས་འཇུག་པ་ཡིད་ཆེས་པའི་དད་པའོ། །དེ་ཡང་འཁོར་བའི་རྒྱུ་འབྲས་སྤངས་བྱར་ཡིད་ཆེས་པ། མྱང་འདས་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་དགོས་མེད་དུ་ཡིད་ཆེས་པའོ། །དཔེར་ན་སྟོན་གྱི་ལོ་ཐོག་ལ་ཡིད་ཆེས་པས་སོ་ནམས་ལ་འཇུག་པ་ལྟར་དགེ་བ་ལ་འཇུག་པའོ། །དེ་རྒྱུད་ལ་སྐྱེས་པའི་རྟགས་སུ་སྟོན་པ་སངས་རྒྱས། བསྟན་པ་དམ་ཆོས་ཐེག་པ་ཆེ་ཆུང་། འཁོར་དགེ་འདུན་རྣམ་གཉིས་ཏེ། དེ་དག་རྟེན་དང་བཅས་པ་ལ་ཡིད་ཆེས་པའི་ངེས་ཤེས་ཐོབ་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པས་དབང་པོ་རྣོ་ཞིང་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ཡིད་ཆེས་པ་དང་། དེ་ལ་བརྟེན་པར་བྱེད་ཅིང་མཉེས་པར་བྱེད་པའོ། །ཞེས་སོ། །ཆོས་ཟབ་མོ་ལ་ངེས་པར་སེམས་པའི་དད་པ་ནི། ངེས་དོན་ཆོས་ཉིད་ཀྱི་དོན་འདོད་པ་དང་། དེའི་དོན་མཐོང་ནས་ངང་ལ་འཇུག་པ་དང་། དོན་སྟོན་པའི་གཞུང་ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལ་ངེས་པར་སེམས་པའི་དད་པ་གསུམ་མོ། །དཔེར་ན་ས་རྡོའི་ནང་ནས་གསེར་རྙེད་པ་འཆང་བ་ལྟར་ཡང་དག་གི་དོན་ལ་གཅེས་སྤྲས་སུ་བྱེད་པའོ། །དེའི་རྟགས་སུ་ཉིན་མཚན་དུ་ཉམས་ལེན་ལས་འབྲལ་མི་ཕོད་པའོ། །ཕན་ཡོན་ནི། དཀོན་མཆོག་སྒྲོན་མེ་ལས། དད་པས་སངས་རྒྱས་གོ་འཕང་ཐོབ་པར་བྱེད། །ཅེས་པ་དང་། ཟླ་བའི་སྙིང་པོའི་མདོ་ལས། དཀོན་མཆོག་གསུམ་ལ་ངེས་པར་སེམས་པའི་དད་པ་ནི། ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་སོ། །གང་ལ་དད་པ་ཡོད་པ་དེའི་རང་བཞིན་བཤད་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །བཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན་། །ནོར་བུའི་རྒྱལ་བཞིན་ཅི་བསམ་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །ཞེས་པས་དད་པ་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པར་འཁྲུངས་པ་ནི། དཀོན་མཆོག་སྒྲོན་མེ་ལས། ས་བོན་མ་རུལ་ཡོན་ཏན་རྣམས་ཀྱི་རྒྱུ། །དད་པས་བྱང་ཆུབ་ཞིང་གི་རྣམ་པར་སྐྱེ། །དད་པས་རང་བྱུང་ཡོན་ཏན་རྣམས་ཀྱང་འཚོལ། །ཞེས་སོ། །རྒྱ་མཚོའི་གཟིངས་ལྟར་དད་པས་འཁོར་བའི་ཆུ་བོ་ལས་སྒྲོལ་ཏེ། ཆོས་བཅུ་པའི་མདོ་ལས། གང་གི་འདྲེན་པ་ངེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ནོ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་ལྟར། །ཞེས་སོ། །སྐྱེལ་མ་བཟང་པོ་དང་འདྲ་བར་དད་པས་ཉོན་མོངས་ཀྱི་དགྲ་ལས་བསྐྱབས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དད་པ་དང་ལྡན་པ་རྣམས་ནི་སངས་རྒྱས་ཀྱི་སྤྱན་སྔར་སྐྱེས་ནས། དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྟེན་པས། ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བར། གཞོན་པ་ན་ཡང་བརྩེ་བ་ལ་མི་དགའ་བས། དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བརྟེན་ཞིང་། དགེ་བའི་བསམ་པས་ཆོས་ཉན་པ་དང་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་ཀྱི་ཚིག་ལྷུར་ལེན་མི་བྱེད་དོ། །དེ་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་བལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ། །ཞེས་སོ། །དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན་པ་ཡང་། དཀོན་མཆོག་སྒྲོན་མེ་ལས། དད་པས་མི་ཁོམ་སྤངས་ཤིང་དལ་བའི་མཆོག །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཡེ་ཤེས་ཁྱད་པར་སྒོ་ནི་འཕེལ་བར་བྱེད། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཞེས་སོ། །དད་པ་འདོད་པའི་རེ་བ་འགྲུབ་པས་ནོར་བུ་དང་འདྲ་སྟེ། །དེ་ཉིད་ལས། དད་པ་གཏེར་དང་ནོར་དང་རྙེད་པའི་མཆོག། དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར། །ཞེས་སོ། །དད་པ་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པ་སྟེ། རྒྱ་མཚོས་ཞུས་པ་ལས། དད་པ་ནི་སངས་རྒྱས་ལ་སོགས་པ་ལ་མོས་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་འཇུག་པའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང་། ཡི་དམ་ཉམས་སུ་ལེན་པ་ལ་བརྟན་པའི་སྟོབས་དང་། མི་དགེ་བ་ཐམས་ཅད་སྤངས་ཏེ་ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པ་ཐོབ་བོ། །ཞེས་སོ། །དེས་ན་དད་པས་མི་ཁོམ་པ་སྤོང་ཞིང་དགེ་བ་སྡུད་པས་ན། །དད་པ་ཡོད་པའི་མི་དེ་ནི་གཞན་ལས་ཆེས་འཕགས་པས་དཀོན་པ་སྟེ། དེ་ཉིད་ལས། དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་ཁོམ་སྤོང་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་བྱེད་པ། །དེ་དག་སོ་སོའི་སྐྱེ་བོའི་ཚོགས་ན་དཀོན། །ཞེས་སོ། །དེས་ན་དད་པ་ནོར་བདུན་གྱི་དང་པོ་ཡིན་ལ། དེ་ཡོད་པ་མཆོག་ཡིན་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་དད་པ་དང་། དང་བ་དང་མོས་པ་དང་། རྙོགས་པ་མེད་པའི་སེམས་དང་ལྡན་པས། ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། མོས་པ་དང་རྟོག་པ་དང་ཡིད་ཆེས་པ་དང་ལྡན་པས། དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཤེས་ནས། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དེ། དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་། སྦྱིན་པས་ལོངས་སྤྱོད་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་དང་། ཐོས་པས་ཤེས་རབ་དང་སྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ། ཞེས་སོ། ཆོས་ཀྱི་སྐལ་བ་མེད་པའི་མི་དད་པ་ཏིལ་ཙམ་ཡང་མེད་པ་ལ་སྐྱོན་དཔག་ཏུ་མེད་དེ་མདོར་བསྡུ་ན་རྒྱ་མཚོའི་གཏིང་གི་ཕ་ཝོང་སྟེང་དུ་མི་འབྱུང་བ་ལྟར། དད་པ་མེད་ན་ཐར་བའི་སྐམ་སར་འབྱུང་བ་མི་སྲིད་དོ། གཉན་པ་མེད་པའི་གྲུས་ཕ་རོལ་ཏུ་མི་ཕྱིན་པ་ལྟར་དད་པ་མེད་ན་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་མི་སྲིད། ལག་རྡུམ་གསེར་གླིང་དུ་ཕྱིན་ཡང་ལེན་མི་ཤེས་པ་ལྟར། དད་པ་མེད་ན་ཡོན་ཏན་རྒྱུད་ལ་ལེན་མི་སྲིད། ས་བོན་མེས་ཚིག་པ་ལ་མྱུ་གུ་མི་འབྱུང་བ་ལྟར། དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་མི་སྲིད། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར། དད་པ་མེད་ན་ཆོས་ཀྱི་སྣང་བ་མཐོང་མི་སྲིད། སྤྱང་པོ་འཁོར་དོང་དུ་ཚུད་པ་ལྟར། དད་པ་མེད་ན་ཅི་བྱས་འཁོར་བའི་ལས་སུ་གྱུར་པས། ནམ་ཡང་ཐར་བ་བྱང་ཆུབ་ཐོབ་མི་སྲིད་པའི་སྐྱོན་ཡོད་དོ། ཆོས་བཅུ་པ་ལས། དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་ངོ་། ཞེས་སོ། །དེ་ཡང་དད་པ་མེད་ན་གྱོང་ཆེ་བས་དད་པ་སྐྱེ་དགོས། དེ་ལས་སྐྱེ་བའི་ཡུལ་ནི། འདོད་པའི་དད་པ་ནི་ཡུལ་འཁོར་བའི་རང་བཞིན་མཐོང་བས་སྐྱེའོ། །མོས་པའི་དད་པ་སྡིག་གྲོགས་ལ་སྐྱོ་བ་སྐྱེས་པ་ལས་སྐྱེའོ། །གུས་པའི་དད་པ་དཀོན་མཆོག་གི་རྟེན་ངོ་མཚར་ཅན་ལས་སྐྱེའོ། །དང་པའི་དད་པ་ཡུལ་མཆོག་གི་རྟེན་དང་གཏམ་རྒྱུད་ལས་སོ། །ཡིད་ཆེས་པའི་དད་པ་རྒྱུ་འབྲས་ཐོས་པ་ལས་སྐྱེའོ། །ཆོས་ལ་སེམས་པའི་དད་པ་ཟབ་མོ་ཐོས་པ་ལས་སོ། །དེ་དག་ལས་སྐྱེས་པས་ཡུལ་དེ་དག་གི་རང་བཞིན་ལ་དམིགས་སུ་བཅུག་ནས་སྐྱེར་གཞུག་གོ །བྱང་ཆུབ་སེམས་པའི་སྡེ་སྣོད་ལས། དད་པ་དང་ལྡན་པ་ཞེས་བྱ་བ་ནི། ཡུལ་གོང་མ་ལ་དད་པ་མང་བ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་།འཕགས་པ་ལ་ལྟ་བར་འདོད་པ་དང་།དམ་པའི་ཆོས་ཉན་པ་འདོད་པ་དང་། ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་ཤེས་ནས་ཡིད་ཆེས་པས་བསྟེན་པ་དང་མཉེས་པར་བྱེད་པའོ། །ཞེས་སོ། །དད་པ་འཕེལ་བའི་རྒྱུ་ནི། བླ་མ་དམ་པ་ལ་བསྟེན་ཏེ་མོས་གུས་སྙིང་ནས་བྱས་པ་ལས་འཕེལ། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་པ་ལས་འཕེལ། མདོ་རྒྱུད་ཟབ་མོ་བལྟས་པ་ལས་འཕེལ། འཆི་བ་ངེས་མེད་དུ་བསམ་པ་ལས་འཕེལ། ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་མཐོང་ཐོས་ལས་འཕེལ། ཟབ་མོའི་སྒོམ་སྒྲུབ་སྔར་བས་ཐུན་ཆེར་བྱས་པ་ལས་འཕེལ་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེ་ནི་ཉེས་པའི་སྤྱོད་པ་རྣམས་ལ་མི་འཇུག་ཅིང་། འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པས་ཕྱིར་རོ། །ཞེས་སོ། །དེ་ལྟར་ཐམས་ཅད་དམ་རེ་རེའི་སྒོ་ནས་ཉིན་རེར་གོང་དུ་སྤེལ་དགོས་སོ། །དད་པ་འགྲིབ་པའི་སྐྱོན་སྤང་བ་ནི།རང་ལ་བདུད་ཞུགས་ནས་བྱིན་གྱིས་བརླབས་པའི་རྟགས་སུ་བླ་མ་དགེ་བའི་བཤེས་ཀྱི་སྐྱོན་ལ་རྟོག་པ་དང་། །ཆོས་བྱེད་སྤྱིའི་ངན་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ་དང་། འདོད་ཡོན་རང་གར་སྤྱོད་པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་རྣམས་སོ། །དེ་བཟློག་པའི་ཐབས་ནི། བླ་མ་དང་དཀོན་མཆོག་མཆེད་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་ཆོས་བྱེད་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་པ་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་དུང་སེར་པོ་འཛིན་པ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། ཐ་མལ་བ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་སྐྱོན་དེ་དག་ལ་བདུད་དུ་ཤེས་པར་བྱའོ། །ཡུམ་ལས། བདུད་སྡིག་ཏོ་ཅན་གྱིས་ལས་དང་པོ་དག་གི་མདུན་དུ་འོངས་ནས་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་བྱེད་དོ། །ཞེས་སོ། །དད་པ་སྐྱེ་བའི་རྐྱེན་ལ་བློ་རྒྱུན་མཐུད་པར་གདམས་པ་ནི། སྐྱེ་ཤི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་དག་ཤི་བ་བགྲངས་ལ་དད་པ་བསྐྱེད་དགོས། ནད་གདོན་བར་ཆད་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱས་ལ་བསྐྱེད་དགོས། །རྐྱེན་ངན་གྱི་སྡུག་བསྔལ་བྱུང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་བྱང་ཆུབ་ཀྱི་འདྲེན་པར་ཤེས་པས་དད་པ་བསྐྱེད་དགོས །གོང་མའི་རྣམ་ཐར་ཐོས་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་དཀའ་སྤྱད་ཆོས་ལ་སྤྱོད་པས་དད་པ་བསྐྱེད་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མདོ་སྡེ་སྐྱེས་རབས་ལྟ་བུ་ཐོས་དུས་དད་པ་སྐྱེ་བས། ཐེག་ཆེན་བྱང་ཆུབ་ལ་དམིགས་ནས་དད་པ་བསྐྱེད་དགོས་སོ། །དེ་ཡང་ཉིན་རེ་བཞིན་དུ་ཐམས་ཅད་དམ་གང་རུང་རེ་རེའི་སྒོ་ནས་དད་པ་སྐྱེད་པ་གལ་ཆེ་བས། གང་ལའང་སྣུམ་དྲེད་མ་ཁྱེར་པ་གཅེས་སོ། །དེ་ལྟར་བསྐྱེད་པ་ལ་སྐྱེས་པའི་རྟགས་འཁོར་བའི་འཁྲུལ་སྣང་ལ་ཡིད་དབྱུང་བ་སྐྱུགས་ནད་ཅན་ཟས་མཐོང་བ་ལྟ་བུ། བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་གདུང་བ་བུ་ཆུང་མ་ལ་དང་བ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པས་ཆུ་ལ་གདུང་བ་ལྟ་བུ། །བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ཉམས་ལེན་ལ་སྤྲོ་བ་ཚོང་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་དུས་སུ་ཕྱིན་པ་ལྟ་བུ་བྱུང་བ་ནི་དད་པ་སྐྱེས་པའི་ཚད་ཡིན་པས་མ་ཉམས་གོང་འཕེལ་དུ་བྱ་བ་གལ་ཆེའོ། །དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་དུལ་བས་ཆོས་དང་གང་ཟག་མ་འཛོལ་པར་དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱའོ། །དེ་ཡང་དད་པ་མེད་ན་ཡོན་ཏན་གཞན་མང་ཡང་ཕན་པ་མེད་དེ། གཟུགས་མཛེས་ཀྱང་མིག་མེད་པ་དང་འདྲ་བས་དད་པ་བསྐྱེད་དོ། །དེ་ཡང་སྐད་ཅིག་འགྲིབ་ཏུ་འཕངས་པས་ཆོས་དང་བླ་མ་དང་མཆེད་གྲོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམ་ལ། མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་རྒྱུད་འདུལ་བ་གཅེས་སོ། །དེ་ལ་དད་པ་ཡིན་ཡང་ཡང་དག་པའི་དད་པ་མ་སོང་བ་དྲུག་ཡོད་དེ། ཆོས་བྱེད་ལས་དང་པོ་ལ་ཁ་ཅིག་བླ་མ་དང་འགྲོགས་ཚེ་དད་པ་ཆེ་ཆེ་ལྟར་ལ་བླ་མ་དང་བྲལ་ནས་དད་པ་མེད་པ་དང་། ཁ་ཅིག་རྐྱེན་དང་འཕྲད་དུས་དད་པ་སྐྱེ་མྱུར་ཡང་བྲལ་ནས་དད་པ་མེད་པ་དང་། ཁ་ཅིག་རང་འདོད་པའི་ཆོས་ལ་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ལ། དེ་ཐོབ་པའམ་དྲག་དུས་ཕྱོགས་ནས་སྤོང་བ་དང་། ཁ་ཅིག་དགེ་སྦྱོར་གཅིག་བྱེད་འཕྲོ་ལ་གཅིག་བྱེད་པ་བཞིན་མང་པོ་བརྩམས་ཡང་གཅིག་མགོ་མི་ཐན་པ་དང་། ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་ཕྱེད་པའི་དད་པ་མེད་པར་གང་བདེར་འཇུག་པ་དང་། ཁ་ཅིག་དད་པ་ཅུང་ཟད་སྐྱེས་ཀྱང་རྐྱེན་ཅུང་ཟད་རེས་འགྲིབ་པ་གློ་བུར་ཡེ་འདྲོག་ཅན་དེ་རྣམས་སྤོང་བར་བྱས་ལ། དང་པོ་བརྟག་ནས་ཆོས་དང་བླ་མར་བཟུང་ནས་ཕྱིས་སྐྱོ་ངལ་དང་འཕེལ་འགྲིབ་གཡོ་སྒྱུ་སོགས་མེད་པས་རྟག་ཏུ་གུས་པས་དད་པ་སྐྱེ་བར་བྱའོ། །དད་པ་ཇི་ལྟར་བསྟེན་པར་བྱ་བ་ནི། སྐྱེས་བུ་དམ་པ་དག་གིས་དང་པོ་རྟོག་དཔྱོད་ཞིབ་པས་བླ་མ་དང་ཆོས་ཡང་དག་པ་རྙེད་ནས། །འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ།འཕེལ་གྲིབ་མེད་པའི་དད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པའི་དད་པ་མ་ལྟ་བུ། མཐའ་དབུས་མེད་པའི་དད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པའི་དད་པ་གཞུ་བརྡུང་བའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོགས་པའི་དད་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པའི་དད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་ལྟ་བུ།གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ། བཅུ་དང་ལྡན་པས་བསྟེན་པར་བྱའོ། །དེ་ལྟར་བསྟེན་ཅིང་དད་པ་བསྐྱེད་པའི་ཡོན་ཏན་ཚད་མེད་པ་ཉིད་མཆིས་པ་དག་བསྡུ་ན། དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་འགྱུར་བ་དང་། འཁོར་བའི་སྡུག་བསྔལ་སེལ་བ་དང་། ཐར་པའི་ལམ་སྣ་ཟིན་པ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དང་ལྡན་ལ། སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། སྐྱེ་བ་ཀུན་ཏུ་བླ་མ་དམ་པ་དང་ཆོས་དམ་པ་དང་གྲོགས་དམ་པ་རྣམས་སྐྱེས་མ་ཐག་ནས་མཇལ་ཞིང་། ཆོས་ལ་སྤྱོད་པ་དང་དཀར་པོ་ལ་དགའ་བའི་ལྷས་བསྲུང་བ་དང་། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དུའང་བླ་མ་དང་དཀོན་མཆོག་དང་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨིས་ཤིང་བདེ་བར་སད་པ་དང་། ཅི་བསམ་པ་རྣམས་འགྲུབ་པ་དང་། བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་བདེ་བར་འདྲེན་པ་དང་། བར་དོའི་འཇིགས་པ་ཐམས་ཅད་མེད་པ་དང་། གང་དུ་སྨོན་པའི་གནས་སུ་སྐྱེ་བས་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །དེ་སྐད་དུ། འཕགས་པ་དཀོན་མཆོག་སྒྲོན་མེའི་མདོ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་སྐལ་བར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་པ་སོགས་རྒྱ་ཆེར་གསུངས་པ་རྣམས་བརྗོད་ཀྱིས་མི་ལང་བར་ཡོད་ན་ཡང་། མདོར་བསྡུ་ན། དད་པས་ནི་རིང་པོར་མི་ཐོག་པར་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་བྱ་པ་ཡིན་ཏེ། འདུལ་བ་ལུང་ལས། དགེ་སློང་དངོས་པོ་མཆོག་ཏུ་བྱ་དཀའ་བས། དད་པས་དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་། །རྗེས་མཐུན་གྲོགས་བསྟེན་སྡིག་གྲོགས་ནམ་ཡང་སྤོང་། །དམ་པའི་ཆོས་བཙལ་དེ་ཡི་དོན་བསམ་ཞིང་། །ནོར་བུ་རིན་ཆེན་འདྲ་བའི་ཚུལ་ཁྲིམས་བསྲུང་། །བྱང་ཆུབ་མཆོག་སེམས་བསྐྱེད་ལ་བརྩོན་པས་འབད། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོག་ཐོབ། །ཅེས་སོ། དེའི་ཕྱིར་སྔར་སྨོས་པའི་དད་པ་དྲུག་ལ་དམིགས་ནས་བརྒྱ་འགྱུར་དུ་བརྩོན་པ་དེ་ཡང་། དགེ་བ་བཅུ་དང་ཕ་རོལ་དུ་ཕྱིན་པ་བཅུ་དང་། ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་དང་སེམས་ཅན་གྱི་ཚོགས་ལ་དམིགས་པར་འདྲེས་པས་དད་པའི་འདབ་སྟོང་བྱེ་བར་མཛོད་ཅིག དེ་ལྟར་སྐལ་ལྡན་ཐར་འདོད་རྣམས་ཀྱིས་དད་པའི་རང་བཞིན་བསམ་ཞིང་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པར་བྱ་སྟེ། དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ཐོས་བསམ་བསྒོམ་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ལ་བསྟེན་དགོས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། བརྒལ་ཕྱིར་དེད་དཔོན་དཔལ་ལྡན་བླ་མར་བསྟེན། །ཞེས་གསུངས་པ་ལྟར་འཁོར་བ་ནི་རྒྱ་ཆེ་བས་ཐོག་མའི་ཕ་མཐའ་ཡས་པ་ཡིན་ནོ། །གཏིང་ཟབ་པས་འོག་ནས་འོག་ཏུ་ཟུག་ལ་ཐུག་པ་མེད་དོ། །ཤུགས་དྲག་པས་ལས་ཀྱི་འབབ་སྲོལ་གར་ཡང་འཇུག །བཟོད་པར་དཀའ་བས་རྦ་ཀློང་འཁྲུགས་པ་སྟེ། སྡུག་བསྔལ་གྱི་རིགས་རྣམ་པ་མང་པོས་གཙེས་པ་འདི་ལས། བླ་ན་མེད་པའི་ཆོས་ཀྱི་གྲུ་དེད་དཔོན་བླ་མའི་ཁ་ལོ་བས་བརྒྱན་པར་ཞུགས་ཏེ། ད་རེས་མི་ལུས་འདི་ཐོབ་པའི་རྟེན་འདི་ལས་འཁོར་བའི་མཚོ་ལ་བརྒལ་བར་བྱ་དགོས་ཏེ། གལ་ཏེ་མ་འབད་ན་ཕྱིས་ནི་འཁོར་བ་ངན་སོང་གི་ཀློང་དུ་ཆུད་ནས་ཐར་བའི་དུས་མེད་དོ། །དེ་ལ་ཐར་པའི་བློ་བསྐྱེད་ནས་ཆུ་ཡི་ཕ་རོལ་དུ་བརྒལ་བར་འདོད་པ་དག་ཀྱང་ཐོག་མར་གྲུ་དང་མཉེན་པ་བཟང་པོ་ལ་བརྟེན་དགོས། འཁོར་བའི་ཆུ་བོ་གཏིང་མཐའ་མེད་པ་ལས་སྒྲོལ་བ་ལ། ཆོས་ཟབ་ཅིང་བླ་མ་མཁས་གྲུབ་ཀྱི་ཡོན་ཏན་མངའ་བ་ལ་བརྟེན་པ་ནི་ཐར་གླིང་འདོད་པ་རྣམས་ཀྱི་མཆོག་ཏུ་གཅེས་པའི་མན་ངག་དམ་པའོ། །དེ་ནས་ཡང་དག་པའི་བླ་མའི་མཚན་ཉིད་ནི་རྣམ་པ་མང་ཡང་། མདོར་བསྡུ་ན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། །ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་ལ། །ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད། །ཐུགས་ནི་ཟབ་ཞི་ཀུན་མཁྱེན་ཡེ་ཤེས་མཛོད། །ཡོན་ཏན་མཐའ་ཡས་ཐོས་དང་སྙིང་རྗེ་ཆེ། །ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ། །ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན། །བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན། །འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ལ་བརྟེན། །ཞེས་གསུངས་པ་ལྟར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མང་པོས་སེམས་ཅན་ལ་ཕན་ཞིང་། ཤེས་རབ་དགོངས་པ་ནམ་མཁའ་ལྟར་ཟབ་པ། ཕྲིན་ལས་ཅི་བདེ་བརྩམས་པས་འབྲེལ་ཚད་ཐར་པའི་ས་བོན་འདེབས་ཤིང་། སྙིང་རྗེས་རྟག་ཏུ་བུ་གཅིག་པ་ལྟར་གཟིགས་ཤིང་ལུང་གི་ཡོན་ཏན་གྱིས་ཕྱུག་པས་ཐེག་པ་གང་ལ་གང་མོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་སྟེ་ཡོན་ཏན་དེ་དག་དང་ལྡན་པའི་སྟེང་དུ་ཁྱད་པར་གསང་སྔགས་ཀྱི་བླ་མའི་མཚན་ཉིད་ནི། སེམས་ཉིད་ངལ་གསོ་ལས། དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང་། །རྒྱུད་ལྡན་མན་ངག་རྒྱ་མཚོའི་ཕ་རོལ་ཕྱིན། །བསྙེན་བསྒྲུབ་ལས་སྦྱོར་ཕྲིན་ལས་མངའ་བརྙེས་ཤིང་། །ལྟ་བསྒོམ་སྤྱོད་འབྲས་ཉམས་རྟོགས་དྲོད་ཚད་ཐོབ། །བརྩེ་ཆེན་ཐབས་མཁས་གདུལ་བྱ་སྨིན་གྲོལ་འགོད། །བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་བ། །དེ་འདྲའི་མཁས་གྲུབ་དཔལ་ལྡན་བླ་མ་བསྟེན། །ཞེས་དང་། སློབ་དཔོན་ཆེན་པོ་བཱི་མ་ལས་མཛད་པའི་སྒྱུ་འཕྲུལ་དྲ་བ་མེ་ལོང་ལྟ་བུའི་བགྲེལ་བར། བླ་མ་དེ་ཡང་དཀྱིལ་འཁོར་ཕྱི་ནང་གི་དབང་རྫོགས་པར་ཐོབ་པ། སྡོམ་པ་དང་དམ་ཚིག་དག་པ། རྒྱུད་སྡེ་སོ་སོའི་དོན་ལ་མཁས་པ། བསྙེན་བསྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱངས་པ། རྟོགས་པ་ལྟ་བ་ལ་མ་རྨོངས་པ། ཉམས་མྱོང་སྒོམ་པ་ལ་འདྲིས་པ། སྣ་ཚོགས་སྤྱོད་པ་དང་འབྲེལ་བ། སྙིང་རྗེས་གདུལ་བྱ་འདྲེན་པ་སྟེ། བརྒྱད་དང་ལྡན་པའོ། །ཞེས་གསུངས་ལ། །བདག་གི་བླ་མ་ནི། དེའི་སྟེང་དུ་བརྒྱུད་པ་ལ་སེལ་མེད་ཅིང་བྱིན་རླབས་ཀྱི་ན་བུན་ཐུ་ལེ་བ་ཞིག་དང་། དགུ་ལྡན་དགོས་གསུངས་སོ། །དེ་ལྟ་བུའི་བླ་མ་ནི། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག འདི་ལྟར་དགེ་བའི་བཤེས་གཉེན་ལས་བྱུང་བའི་ཡོན་ཏན་ནི་ཚད་མེད་དེ། ཐུགས་རྗེའི་གོ་སྐབས་ཡངས་པ་ནམ་མཁའ་ལྟ་བུའོ། །གཟུངས་དང་ཏིང་ངེ་འཛིན་ཚོགས་མང་བ་གཟའ་སྐར་ལྟ་བུའོ། །སྙིང་རྗེ་དཔག་ཏུ་མེད་པ་གངས་ཆེན་མཚོ་ལྟ་བུའོ། །ཐུགས་རྗེ་ཚད་མེད་པ་ཆུ་ཀླུང་ལྟ་བུའོ། །རྣམ་པར་གཡེང་བས་མི་བསྒུལ་བ་གངས་ཀྱི་རི་བོ་ལྟ་བུའོ། །དེ་བཞིན་ཉིད་ལས་མི་གཡོ་བ་ལྷུན་པོ་ལྟ་བུའོ། །སྲིད་པ་ན་གནས་ཀྱང་ཉེས་པས་མ་གོས་པ་པདྨ་ཆེན་པོ་ལྟ་བུའོ། །བྱམས་པ་སྒྲིབ་པ་མེད་པར་སྙོམས་པས་ཕ་དང་མ་ལྟ་བུའོ། །ཡོན་ཏན་ཚད་མེད་པ་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའོ། །འཁོར་བ་ན་རྒྱུ་བ་ཐམས་ཅད་རྣམ་པར་སྒྲོལ་བས་དེ་བཞིན་གཤེགས་པ་ལྟ་བུ་སྟེ། །དེ་ལྟར་ཡོན་ཏན་གྱི་ཚོགས་ཚད་མེད་དཔག་ཏུ་མེད་དོ། །དེ་ལྟ་བུའི་ཡོན་ཏན་མངའ་བའི་བླ་མ་ནི་ཕྲིན་ལས་ཀྱི་ཚུལ་མཚུངས་པས་ཀྱང་སངས་རྒྱས་དང་མཉམ་ལ།རྒྱལ་བའི་སྤྲུལ་པ་ཡིན་པས་ཀྱང་མཉམ་པར་བཤད་དེ།རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་སོ། །དེ་ལྟ་བུའི་བླ་མ་དམ་པ་མཆོག་ཏུ་དད་པས་བསྟེན་དགོས་པ་ནི། དགོངས་འདུས་ལས། བླ་མེད་སྙིང་པོ་སྨིན་པའི་རྐྱེན། ལམ་སྟོར་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མེ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟེན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་སྦྱིན་བྱེད་པའི། །དེད་དཔོན་བླ་མེད་དམ་པ་སྟེ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་། ཡི་བཞིན་རིན་པོ་ཆེའི་མཛོད་ལས། ཇི་ལྟར་བཤད་པའི་ཡོན་ཏན་མཆོག་དག་ལས། །ཀུན་ལྡན་བླ་མ་ཨུ་དུམ་ཝ་ར་ཙམ།ཕལ་ཆེར་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། །དྲུག་ཚན་ཙམ་ལྡན་དེ་ལའང་བསྟེན་རུང་སྟེ། །སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའ་ཞིང་། །དད་དང་གུས་པ་ཆེན་པོས་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། བཤད་པའི་ཡོན་ཏན་ཀུན་ཚང་བ་ནི་མེ་ཏོག་གི་རྒྱལ་པོ་ཨུ་དུམ་ཝ་ར་ལྟར་རྙེད་པར་དཀའ་ལ། ཡོན་ཏན་ཕལ་ཆེར་ལྡན་པའང་སངས་རྒྱས་དང་མཚུངས་པ་ཙམ་སྟེ། དྲུག་ཚན་རེ་ཚང་བའང་དམ་པར་བཟུང་སྟེ་བསྟེན་བར་བྱའོ། །དེ་དག་གི་ནང་ནས་ལམ་ལ་མཁས་པ་དག་གཙོ་བོར་བསྟེན་ཏེ། ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིས་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ།དེ་ལྟ་བུའི་བླ་མ་དམ་པ་འབྲལ་མེད་དུ་བསྟེན་པར་གདམས་པའི་གཏན་ཚིག་ལ་དྲུག་ལས། དང་པོ་གཏན་བདེ་བྱང་ཆུབ་སྒྲུབ་པའི་འདུན་གྲོས་དྲི་བའི་ཡུལ་བླ་མ་ལས་གཞན་མེད་པས་ཀྱང་བླ་མ་བརྟེན་དགོས་པར་གདམས་པ་ནི། སྒྱུ་འཕྲུལ་རྒྱལ་པོ་ལས། འཁོར་བའི་འཇིགས་ལས་ངེས་སྐྱོབ་ཅིང་། །མྱ་ངན་འདས་པར་འདྲེན་པའི་མཆོག །བླ་མ་ཉིད་ལས་གཞན་ཡོད་མིན། །ཞེས་སོ། །འོ་ན་ཐབས་མཁས་ཤིང་ཐུགས་རྗེ་མངའ་བའི་སངས་རྒྱས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་བླ་མ་མེད་པར་མི་འབྱུང་བས། དང་པོ་བླ་མ་ལ་བསྟེན་པ་དེའི་ཕྱིར་ཀུན་གྱི་སྐྱབས་མགོན་བླ་མ་དེ་ཉིད་དེ། དགོངས་འདུས་ལས། སྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་སྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་སོ། །བདག་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བླ་མ་མེད་པར་མ་བྱོན་ཏེ། བླ་མ་ཁོ་ན་རྟག་ཏུ་བསྟེན་པར་རིགས་ཏེ། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བ་ཡང་དག་ངེས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་པ་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བ་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེད་དུ་ནི། །བླ་མ་མཚན་ཉིད་ལྡན་པས་བསྒྱུར། །ཞེས་སོ། །དེ་ལྟར་ཡོན་ཏན་མཆོག་དང་ལྡན་པའི་བླ་མ་ཅུང་ཟད་དྲན་པས་རྣལ་འབྱོར་བ་བསྒོམ་པ་ལས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཏེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམ་བྱས་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཐོབ། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཅེས་དང་། གཞུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་སངས་རྒྱས་ཀུན་དང་མཉམ། །བླ་མ་མི་སྤང་བླ་མ་སྒྲུབ། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་འགྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་དང་ནི་རྡོ་རྗེ་འཆང་། ཐ་དད་པར་ནི་མི་བྱ་སྟེ། །དེ་ལས་བྱུང་བའི་བདུད་རྩི་ནི། །རྣལ་འབྱོར་དེ་ཡིས་མྱོང་བར་འགྱུར། །དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་འབྱུང་། །ཞེས་དང་། དགོངས་འདུས་ལས། གང་གིས་བསྐལ་པ་འབུམ་དག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། བླ་མ་གཅིག་པུ་བསྒོམ་པ་མཆོག །ཅེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡི་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར་བླ་མའི་རྣལ་འབྱོར་དངོས་ནི། །རང་ཐ་མལ་བས་བླ་མའི་རྣལ་འབྱོར་བསྒོམ་དུ་མི་རུང་པས་ན། དེ་ཕྱིར་མ་དག་པ་སྦྱངས་ཤིང་འདི་སྐད་བརྗོད་དེ།
དངོས་འཛིན་བྲལ་བ་རང་བཞིན་སྟོང་པའི་ངང་། །རང་ཉིད་ཡི་དམ་ལྷར་གསལ་སྤྱི་བོའི་གཙུག །གེ་སར་པད་སྡོང་འདབ་མ་སྟོང་ལྡན་སྟེང་། །ཉི་ཟླའི་གདན་དབུས་བླ་མ་པདྨ་འབྱུང་། །སྐུ་གསུམ་ཀུན་བཟང་ངོ་བོར་བཞུགས་པ་ལ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད་རྣམས། །ཐོ་བརྩེགས་རྣམ་པར་སྟེང་གི་ཆ་ལ་བཞུགས། །གང་ཟག་སྙན་བརྒྱུད་གཏེར་ཆོས་སྨོན་ལམ་བརྒྱུད། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ལ་སོགས་དང་། །རྒྱ་བོད་རིག་འཛིན་གྲུབ་ཐོབ་རྩ་གསུམ་རྣམས། །ཁྲོམ་འཚོགས་ལྟར་ལ་སྤྲིན་དཔུང་འཁྲིགས་པ་བཞིན། །གཟི་བརྗིད་འོད་ཕུང་འབར་ཞིང་བཞུགས་པ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་ཨོ་རྒྱན་སྐུ་གསུམ་བཀའ་བརྒྱུད་བཅས། །རེ་ལྟོས་མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ། །གདུང་ཤུགས་དྲག་པོའི་རྩེ་གཅིག་གསོལ་བ་འདེབས། །ཅེས་སྟོང་པའི་ངང་ལས་རང་ཉིད་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཏོ། །གཡོན་ཐོད་ཁྲག ཞབས་གཉིས་འདོར་ཐབས་སུ་བསྒྲད་པ་སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་འཚེར་བ། །རལ་པ་དམར་སེར་གྱེན་དུ་བརྫེས་པ། ཞལ་གདངས་ཤིང་ལྗགས་འགྲིལ་བ། །མཆེ་བ་བཞི་བརྩིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། འབར་བའི་གར་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་མེད་དུ་འཁྲིལ་བར་གསལ་བའི་སྤྱི་གཙུག་ཏུ་གེ་སར་པདྨ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཉི་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་པདྨ་འབྱུང་གནས་སྤྲུལ་སྐུའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་བསྒོམ། དེའི་དབུ་གཙུག་ཏུ་ཨོ་རྒྱན་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་སྐུའི་ཆས་དང་ལྡན་པ། དེའི་དབུ་གཙུག་ཏུ་ཨོ་རྒྱན་ཆོས་སྐུ་སྐུ་མདོག་མཐིང་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ཡེ་ཤེས་ཀྱི་ཌཱཀྐི་མ་དཀར་མོ་འཁྲིལ་སྦྱོར་དུ་མཛད་པ་རྡོ་རྗེ་འཆང་གི་ཆ་ལུགས་ཅན། དེའི་དབུ་གཙུག་ཏུ་ཀུན་བཟང་ཡབ་ཡུམ་དང་བཅས་པ་ཐོ་བརྩེགས་ལྟར་དུ་བསྒོམ། དེ་ཡང་ཆོས་སྐུ་ལ་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། ལོངས་སྐུ་ལ་རྒྱལ་བ་དགོངས་བརྒྱུད་དང་རིག་འཛིན་བརྡའ་བརྒྱུད་ལ་སོགས་ལོངས་སྐུ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། སྤྲུལ་སྐུ་ལ་གང་ཟག་སྙན་བརྒྱུད་གཏེར་ཆོས་སྨོན་ལམ་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། རྒྱ་བོད་རིག་འཛིན་རྣམས་དང་རྩ་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་ཐམས་ཅད་ཁྲ་དཔུང་ངེ་འོད་ཐིབས་སེ་བྱིན་རླབས་འོད་ཕུང་འབར་བར་བསྒོམ་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་རང་བཞིན་སྐུ་གསུམ་གྱི་ཞིང་ཁམས་རྣམ་པར་དག་པ་ནས་ཡེ་ཤེས་པ་སྤྱན་དྲངས། གཉིས་མེད་དུ་བསྟིམ་ལ་མོས་གུས་དང་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་བྱས་ལ་གསོལ་བ་འདེབས་པ་ནི།
ཨོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྐྱེ་འགག་སྤྲོས་དང་བྲལ་བར་བྱིན་གྱིས་རློབས། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སྒྱུ་ལུས་འོད་གསལ་དུ་གྲོལ་བར་བྱིན་གྱིས་རློབས། །མཁས་པ་ཤྲཱི་སེང་ཧ་ལ་གསོལ་བ་འདེབས། །ཚད་བཞི་འཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སློབ་དཔོན་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས། །རིག་པའི་རྩལ་དབང་ཐོབ་པར་བྱིན་གྱིས་རློབས། །བཱི་མ་ལ་སོགས་རྒྱ་གར་རིག་འཛིན་བརྒྱད། །ཀ་ལྕོག་ཞང་སོགས་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་ཆོས་བདག་ལས་ཅན་ཚོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཉམས་རྟོགས་ཡེ་ཤེས་སུ་སྐྱེ་བར་བྱིན་གྱིས་རློབས། །ན་མོ་རྗེ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཉམས་དང་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་ལ་གསོལ་བ་འདེབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བ་བྱིན་གྱིས་རློབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པ་འབྱུང་བར་བྱིན་གྱིས་རློབས། །ཚངས་པའི་དབྱངས་ཀྱི་དངོས་གྲུབ་སྩོལ། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཡོན་ཏན་ཕྲིན་ལས་རྫོགས་ལ་གསོལ་བ་འདེབས། །དབང་བཞི་ཡོངས་རྫོགས་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་པདྨ་འབྱུང་གནས་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མཆོག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་འཛིན་རྗེ་འབངས་ཉི་ཤུ་ལྔ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཏེར་སྟོན་མཆོག་གཉིས་གླིང་པ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཟབ་གཏེར་དབང་ཕྱུག་བརྒྱ་རྩ་བརྒྱད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གཏེར་སྟོན་རཏྣ་གླིང་པའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རྒྱལ་སྲས་ཚེ་དབང་གྲགས་པ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྲས་མཆོག་ངག་དབང་གྲགས་པ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །རིག་འཛིན་ཀུན་དགའ་གྲགས་པ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །གར་དབང་ཀུན་དགའ་བསྟན་འཛིན་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །བླ་མ་པུཎྜ་བིདྱ་དྷ་རའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དྲིན་ཆེན་རྩ་བའི་བླ་མ་རྗེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཡི་དམ་ཞི་དྲག་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྣམས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཨེ་མ་ཧོ། རྩ་གསུམ་དཀོན་མཆོག་ཀུན་རྣམས་འདུས་པའི་བདག །འཁྲུལ་མེད་རང་བྱུང་ཡེ་སངས་རྒྱས་པའི་མགོན། །ཡོན་ཏན་ལྷུན་གྲུབ་བླ་མ་དབང་གི་རྒྱལ། །སྐྱེ་འཆི་འཇིགས་བྲལ་གུ་རུ་པདྨ་འབྱུང། བདག་གི་དད་པ་བརྟན་པོས་ཁྱེད་དྲན་ནས། གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས། །ཐུགས་རྗེ་མ་གཡེལ་བྱིན་རླབས་མཐུ་དཔུང་བསྐྱེད། །བྱིན་རླབས་དབང་དང་དངོས་གྲུབ་མ་ལུས་པ། །དུས་འདིར་དད་ལྡན་བུ་ལ་སྩལ་དུ་གསོལ། །ཚེ་འདིར་འཁྲུལ་སྣང་སྒྱུ་མ་རྫུན་ཁུངས་རྡིབས། །ངེས་འབྱུང་སྐྱོ་ཤས་རང་སེམས་རིག་པ་སད། །ཉམས་རྟོགས་ཡེ་ཤེས་རང་རིག་ངོ་བོར་རྫོགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སརྦ་སིདྡྷི་ཕ་ལ་ཨཱཿཅེས་དེ་ལྟར་རྩེ་གཅིག་ཏུ་མ་ཡེངས་གུས་པས་གསོལ་བ་གདབ་པར་བྱ་ཞིང་དབང་བཞི་ལེན་པ་ནི། སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མར་ཐིམ། །བྱིན་རླབས་ཕུང་པོ་བླ་མའི་གནས་བཞི་ལས། །འོད་ཟེར་ཡེ་ཤེས་ཨོཾ་དཀར་ཨཱཿདམར་དང་། །ཧཱུྃ་མཐིང་ཧྲཱི་ལྗང་ལ་སོགས་རྣམ་པར་བྱོན། །བདག་གི་གནས་བཞིར་ཐིམ་ནས་སྒྲིབ་བཞི་དག །དབང་བཞི་རྫོགས་ནས་དགའ་བཞི་ཡེ་ཤེས་སྐྱེས། །སངས་རྒྱས་སྐུ་བཞིའི་འབྲས་བུ་ཐོབ་གྱུར་ཏེ། །བླ་མ་སྤྱི་བོར་བྱོན་ནས་རང་ལ་ཐིམ། །ཐུགས་ཡིད་དབྱེར་མེད་གྱུར་ཏེ་རང་གི་སེམས། །མ་བཅོས་སྤྲོས་བྲལ་ཆོས་སྐུ་སྐྱེ་མེད་ཨཱཿ །ཅེས་བརྗོད་ནས་སྐྱབས་ཡུལ་ཆོས་སྐུའི་འཁོར་ཡེ་ཤེས་རྒྱ་མཚོ་ཆོས་སྐུ་ལ་ཐིམ་པ་ནི་དཔེར་ན་ཉི་མ་རྒས་པའི་འོད་ལྟ་བུར་འདུས། ལོངས་སྐུའི་འཁོར་ཐམས་ཅད་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ་པ་ནི། །དཔེར་ན་ཆུ་ཕྲན་རྒྱ་མཚོ་ལ་ཐིམ་པ་ལྟ་བུ། སྤྲུལ་སྐུའི་འཁོར་ཚོགས་ཐམས་ཅད་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ་པ་ནི་དཔེར་ན་མཚོ་ལ་ཁ་བ་བབ་པ་ལྟ་བུ། དེ་བཞིན་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཨྱོན་ཆོས་སྐུ་ཡབ་ཡུམ་ལ་ཐིམ། ཨྱོན་ཆོས་སྐུ་ཡབ་ཡུམ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་ལ་ཐིམ། ཚེ་དཔག་མེད་ཡབ་ཡུམ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ། སྐུ་གསུམ་གྱི་ངོ་བོར་རྩ་བའི་བླ་མ་དང་གཉིས་སུ་མེད་པ་པདྨ་འབྱུང་གནས་འོད་ཀྱི་ཕུང་པོ་བྱིན་རླབས་དང་ཡོན་ཏན་གྱི་གཏེར་མཛོད་དེ་ཉིད་སྐུ་གཟི་བྱིན་འོད་དུ་འབར་ཞིང་ཡེ་ཤེས་ཀྱི་དབང་མཆོག་བསྐུར་བའི་བདག་ཉིད་ཆེན་པོར་བསྒོམ་ཞིང་དབང་བཞི་ལེན་པ་ནི། བླ་མའི་སྐུའི་སྨིན་མཚམས་ནས་སྐུའི་ངོ་བོ་ཡེ་ཤེས་ཀྱི་ཨོཾ་འོད་ཟེར་དཀར་པོ་དང་བཅས་པ་འཕྲོས།རང་གི་སྨིན་མཚམས་སུ་ཐིམ།ལུས་ཀྱི་སྒྲིབ་པ་དག སྐུའི་དབང་ཐོབ། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ལུས་སྣང་སྟོང་དུ་གྲོལ། འབྲས་བུ་སྤྲུལ་སྐུ་ཐོབ་པའོ། །ཡང་བླ་མའི་མགུལ་གྱི་བུམ་པ་ནས་གསུང་གི་ངོ་བོ་ཡེ་ཤེས་ཀྱི་ཨཱཿའོད་ཟེར་དམར་པོ་དང་བཅས་པ་འཕྲོས་ནས། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག གསུང་གི་དབང་ཐོབ། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ངག་གྲགས་སྟོང་གི་འབྱུང་འཇུག་དབུ་མར་ཚུད། ངག་ལ་ནུས་པ་འབྱུང་། འབྲས་བུ་ལོངས་སྐུ་ཐོབ། ཡང་བླ་མའི་ཐུགས་ཀ་དཔལ་གྱི་བེའུ་ནས་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ག་འོད་ཟེར་མཐིང་ག་དང་བཅས་པ་རང་གི་སྙིང་གར་ཐིམ། སེམས་ཀྱི་སྒྲིབ་པ་དག ཐུགས་ཀྱི་དབང་ཐོབ། དགའ་བྲལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས། སེམས་གསལ་སྟོང་དུ་གྲོལ། རྟོགས་པ་རྒྱུད་ལ་སྐྱེས། འབྲས་བུ་ཆོས་སྐུ་ཐོབ། ཡང་བླ་མའི་ལྟེ་བ་བསྐྱེད་བྱེད་ཀྱི་འཁོར་ལོ་ནས་ཡི་གེ་ཧྲཱིཿལྗང་གུ་འོད་ཟེར་ལྗང་གུ་དང་བཅས་པ་འཕྲོས་ནས་རང་གི་ལྟེ་བར་ཐིམ། ཤེས་བྱའི་སྒྲིབ་པ་དག ཚིག་དབང་རིན་པོ་ཆེ་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ཕུང་པོ་འཇའ་འོད་དུ་གྲོལ། བཟོད་པ་ཆོས་མཆོག་གི་ཡོན་ཏན་དང་ལྡན། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའོ། །དབང་ལ་རྣམ་པ་མང་དུ་ཡོད་ཀྱང་དོན་དམ་པའི་དབང་འདི་ཡིན་བས། ཡིད་གཉིས་ཐེ་ཚོམ་མེད་པར་དད་གུས་མོས་པའི་སྒོ་ནས་མ་ཡེངས་པ་རྩེ་གཅིག་ཏུ་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །དེ་ལྟར་བླ་མ་དེ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་སྐྱོན་རྟོག་གི་བློ་ངན་སྤངས་ཏེ། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ནས་གསོལ་འདེབས་དང་དབང་བཞི་ལེན་པ་ཅི་མང་གི་མཐར། སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་རང་གི་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ལ་གནས་པར་བྱའོ། །
ཐུན་མཐའ་རྣམས་སུ་དགེ་རྩབྱང་ཆུབ་ཏུ་བསྔོ་བ་སྟེ། རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཀུན་ལ་བསྔོ། །ཡང་གསང་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །དེ་ལྟར་དུ་རྣམ་པར་དཀར་བའི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་ཀྱི་སྙིང་པོ་བསོད་ནམས་བླ་ན་མེད་པ་དེ་ཉིད་མཁའ་ཁྱབ་ཀྱི་འགྲོ་བ་ཚད་དང་གྲངས་སུ་འཛིན་པའི་དམིགས་མཐའ་དང་བྲལ་བའི་སེམས་ཅན་ཡོངས་ལ་བསྔོ་བ་དང་། སེམས་ཅན་དེ་དག་རྣམས་ཀྱང་རྒྱུ་མ་རིག་པ་ཨ་འཐས་ཀྱིས་བླང་དོར་འཁྲུལ་ཚོགས་ལས་བྱུང་བའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་གྲོལ་ནས། ཆོས་ཉིད་རིག་སྟོང་ཁྱབ་བདལ་ཆེན་པོ་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་ཞིང་། བླ་མེད་ཡང་གསང་རྡོ་རྗེ་ཐེག་པའི་དོན་ཕྱིན་ཅི་མ་ལོག་པའི་བདེན་པ་མངོན་དུ་རྟོགས་ནས། རིགས་རྣམས་ཀུན་གྱི་བདག་པོ་ཁྱབ་བདག་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་ངམ་རྒྱལ་བ་པདྨ་འབྱུང་གནས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་ཤོག ཅེས་པས་དོན་དང་ལྡན་པའི་དམིགས་འཛིན་དང་བྲལ་བའི་བསྔོ་བར་བྱའོ། །
སྤྱི་དོན་བདུན་པ་ཁྱད་པར་གྱི་སྔོན་འགྲོ་རུ་ཤན་དབྱེ་བའི་རིམ་པ་ནི། འོ་ད་ལམ་ཡང་ཁྱེད་རྣམས་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐར་པ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན་ཞིང་ཚིག་དོན་ཡིད་ལ་བཟུང་སྟེ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་ལེགས་པར་གསན་འཚལ། དེ་ཡང་གང་ཉན་པར་བྱ་བའི་ཆོས་ཀྱི་རྩ་བ་བླ་མ་དམ་པ་ལ་བསྟེན་ནས་འབྱུང་དགོས་པར་གསུངས་པ་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེ་ལྟར་ལས་འབྲས་མ་ནོར་ལེགས་པའི་ལམ། །དམ་པ་རྣམས་ལ་ཉེ་བར་བསྟེན་ནས་འབྱུང་། །ཞེས་གསུངས་པ་ལྟར། ཆོས་དང་ཆོས་མ་ཡིན་པ་དང་། དགེ་དང་མི་དགེ་བ་ལེགས་པར་ཤེས་པ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལས་འབྱུང་ཞིང་། དེ་ཡང་ཚུལ་ཇི་ལྟ་བུའི་བསྟེན་ཞེ་ན། ཀུན་མཁྱེན་ཆོས་རྗེའི་ཞལ་ནས། ཇི་ལྟར་ནད་པས་སྨན་པའི་རྒྱལ་པོ་དང་། །དམངས་ཀྱིས་རྒྱལ་པོ་འགྲོན་པོས་སྐྱེལ་མ་དང་། ཚོང་པས་དེད་དཔོན་གྲུ་བས་གཉན་པ་ལྟར། །ཉོན་མོངས་ཞི་ཕྱིར་ཉེས་ཀུན་གནོད་བྲལ་ཞིང་། །སྐྱེ་ཤིའི་འཇིགས་ཕྱིར་དོན་གཉིས་ལྷུན་གྲུབ་ཕྱིར། །སྲིད་མཚོ་བརྒལ་ཕྱིར་བླ་མ་བསྟེན་པར་བྱ། །ཞེས་གསུངས་སོ། །དེ་ཡང་ཉོན་མོངས་པའི་ནད་ཞི་བར་བྱེད་པའི་ཕྱིར་ནད་པས་སྨན་པ་བསྟེན་པ་དང་། ཉེས་པའི་འཇིགས་པ་སྐྱོབ་པའི་ཕྱིར་དམངས་ཀྱིས་རྒྱལ་པོ་བསྟེན་པ་དང་། སྐྱེ་ཤིའི་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར་འགྲོན་པོས་སྐྱེལ་མ་བསྟེན་པ་དང་། རང་གཞན་དོན་གཉིས་འགྲུབ་པར་བྱ་བའི་ཕྱིར་ཚོང་པས་དེད་དཔོན་བསྟེན་པ་ལྟ་བུ་དང་། འཁོར་བའི་ཆུ་བོ་ལས་བརྒལ་བའི་ཕྱིར་གྲུ་བས་གཉན་པ་ལྟ་བུའི་སྒོ་ནས་བླ་མ་བསྟེན་པའི་ཚུལ་བཤད་པ་ལས། དང་པོ་ནད་པས་སྨན་པ་བསྟེན་པའི་ཚུལ་གྱིས་བླ་མ་བསྟེན་པ་ནི། སེམས་ཉིད་ངལ་གསོ་ལས། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་སྟེ། །ནན་ཏན་བརྩོན་པ་སྨན་ཉིད་བསྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །བསྟེན་ཚུལ་གཞན་རྣམས་ཚུལ་དེས་དཔག་བྱས་ལ། །དག་པའི་འདུ་ཤེས་བཞི་ཡིས་བསྟེན་པར་བྱ། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱེད་ཀྱིས་བདག་ཉིད་ལ་དམངས་ཀྱི་འདུ་ཤེས་བསྐྱེད་པ་བྱའོ། །ཆོས་ལ་འཇིགས་པ་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཚོ་བ་ཉེ་བར་ཞི་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་རྒྱལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་མགྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་མི་འཇིགས་པ་སྦྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྐྱེལ་མ་དཔའ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ཚོང་ཟོང་ཉེ་བར་འདུ་བྱ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཁེ་སྤོག་འགྲུབ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་དེད་དཔོན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་གྲུ་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཆུའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་མཉན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་དགེ་བའི་བཤེས་གཉེན་ནི་རྣམ་པ་ཐམས་ཅད་དུ་སྲོག་གི་ཕྱིར་ཡང་མི་གཏོང་བ་སྟེ། དེ་ཡང་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་པ་ལྟར་དམ་པའི་ཆོས་དང་བླ་མ་ལ་དོན་གཉེར་འདོད་འདུན་དང་བཅས་པས་ལེགས་པར་གསན་པ་ལ་བསླབ་པར་བྱའོ། །དེ་ཡང་གོང་དུ་མདོ་དང་ཐུན་མོང་དུ་བྱས་པའི་སྔོན་འགྲོའི་རིམ་པ་བསམ་བྱ་རྣམ་པ་ལྔ་སྟེ། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ་དང་། ལས་རྒྱུ་འབྲས་དང་། འཁོར་བའི་སྡུག་བསྔལ་དང་། ཐར་བའི་ཕན་ཡོན་སོགས་ལ་བསམ་གཞིག་ལེགས་པར་བཏང་ནས། སྔར་ཐུན་མོང་གི་སྔོན་དུ་འགྲོ་བའི་རིམ་པ་སྦྱང་བྱ་དྲུག་ལས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། སྡོམ་པ་བཟུང་བ། སྡིག་སྒྲིབ་སྦྱོང་ཕྱིར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་བསགས་པ་མཎྜལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་རིམ་པ་རྣམས་ནི། མདོ་སྔགས་གཉིས་ཀའི་ཐུན་མོང་གི་སྔོན་འགྲོའོ། །
ད་ནི་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་སྙིང་ཐིག་གི་སྒོ་ནས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་སྔོན་འགྲོའི་རིམ་པ་ལ། འཆད་ཡུལ་གྱི་སློབ་མའི་ཚུལ་དང་མཐུན་རྐྱེན་གྱི་གཞི་བཟུང་བ། འཆད་བྱའི་གདམས་ངག་གི་ཁྲིད་ཚུལ་སྟོན་པ་གཉིས་ལས། དང་པོ་ནི། རྒྱུད་དང་མན་ངག་གི་གཞུང་ཐམས་ཅད་ནས་གསུངས་ཀྱང་། མདོར་བསྡུ་ན། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོགས་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་གསུངས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བའི་དད་པ། སྒྲུབ་བྱའི་འབྲས་བུ་ལ་ཆེས་དང་བ་འདོད་པའི་དད་པ། དེའི་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་མེད་པ་ཡིད་ཆེས་ཀྱི་དད་པ། ཉེར་འཚེའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་པའི་དད་པ་སྟེ་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཞུམ་པ་མེད་པའི་བློ་སྟོབས་ཆེ་ཞིང་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱི་དམ་བཅའ་བརྟན་པོས་ཉམས་རྟོགས་སྐྱེ་སླ་བ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་གོལ་ས་ཆོད་པ། ཟས་གོས་སོགས་སྲིད་པའི་བདེ་བ་ལ་འཛིན་ཆགས་ཀྱི་ཞེན་པ་ལོག་པས་ཚེ་འདིའི་འཁྲི་བ་ཆོད་པ། བླ་མ་དང་ལྷ་ལ་རྩེ་གཅིག་པས་ཕུ་དུད་ཆེ་བས་བྱིན་རླབས་ངང་གིས་འཇུག་པ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱིས་སྒྲོ་འདོགས་ཆོད་པས་ཟབ་མོ་སྤྱོད་པ་ལ་འཇུག་པ། ཆགས་སྡང་སོགས་ཐ་མལ་གྱི་རྣམ་པར་རྟོག་པ་ལ་མི་འཇུག་པས་སེམས་གཡེངས་བ་མེད་པའི་བརྟན་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླང་བ་ལས་མི་འདའ་བའི་སྡོམ་པ་དང་ལྡན་པ། གནས་ལུགས་ཀྱི་དོན་བསྒོམ་ཞིང་སྒྲུབ་པ་ལ་སྐྱོ་དུབ་མེད་པའི་བརྩོན་འགྲུས་ལྡན་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ནི། ཟབ་མོའི་ལམ་འདིའི་སྣོད་ཡིན་པར་གསུངས་པའི་ཕྱིར་རོ། །མཚན་ཉིད་དེ་ལྡན་གྱི་སློབ་མ་དེས་གང་དུ་བསྒྲུབ་པའི་གནས་ནི། ཀློང་གསལ་ལས། གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར། །སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱ་བའི་གནས། །ཞེས་གསུངས་པས། གནས་རང་བཞིན་ཤེས་ཤིང་སྐྱེ་བོས་རྒྱུ་འགྲུལ་དང་ཅ་ཅོ་ཉུང་བ། དགྲ་རྐུན་གྱི་འཇིགས་པ་སོགས་མེད་ཅིང་ས་ཆུ་འཕྲོད་པའི་བསམ་གཏན་ངང་གིས་འཕེལ་བ་བརྟེན་པར་བྱའོ། །གང་གི་བྱ་བའི་དུས་ནི། དེ་ཉིད་ལས་དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གསུངས་པས་དུས་དེར་བསིལ་དྲོད་སྙོམས་པས་བྱིང་རྨུགས་ཀྱི་རྐྱེན་ཉུང་ཞིང་མངོན་སུམ་གྱི་ཡེ་ཤེས་འཆར་སླ་བ་དང་ངོ་སྤྲོད་བདེ་བའི་དབང་དུ་བྱས་པའོ། །བསྟེན་པའི་གྲོགས་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔའི་ཤུགས་ཆུང་བློ་བརྟན་ཁོག་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་གསུངས་པས་ཟབ་ལམ་གྱི་སྒོ་ནས་ཉམས་ཅན་ནམ། མིན་ནའང་ཞི་དུལ་དང་ལྡན་ཞིང་དམ་ཚིག་གཙང་བ། དག་སྣང་འབྱོངས་ཞིང་ཉོན་མོངས་པ་ཤེས་ཆུང་བ། བརྩེ་སེམས་དང་ལྡན་པས་མཐུན་པའི་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པར་བསྟེན་ནོ། །ཡོ་བྱད་ཀྱི་ཁྱད་པར་ནི། ཀློང་གསལ་ལས། མེ་ཏོག་དབང་ཡོན་ཚོགས་འཁོར་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་པས། བླ་མར་འབུལ་རྒྱུའི་དབང་ཡོན། མཁའ་འགྲོ་མཆོད་པའི་གཏོར་ཚོགས་ཀྱི་རྒྱུ། ཁམས་དང་མཐུན་པའི་བཟའ་བཏུང་གི་རྫས་སོགས་ཁ་ན་མ་ཐོ་བ་མེད་ཅིང་། དེ་དག་གི་ཆེད་དུ་བྲེལ་མི་དགོས་པ་ཚོགས་པར་བྱའོ། །
གཉིས་པ་འཆད་བྱའི་ཁྲིད་ཀྱི་རིམ་པ་ལ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱ་བ། གདམས་ངག་གི་སྒོ་ནས་ཉམས་ལེན་བརྟེན་པ། རྩིས་ཆེ་བར་བཀའ་རྒྱས་གདབ་པའོ། །དེ་ཡང་ལོ་རྒྱུས་དང་དབང་ནི་གོང་གི་ཐུན་མོང་གི་སྐབས་ལྟར་ཡིན་ནའང་། འདིར་ཅུང་ཟད་བརྗོད་དེ། ཆོས་སྐུ་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་སོགས་ཞི་ཁྲོའི་དཀྱིལ་འཁོར་གྲངས་མེད་པར་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་གསུམ་མཉམ་ཉིད་ཆེན་པོར་གསུངས་ཤིང་། རྡོ་རྗེ་སེམས་དཔས་རིག་འཛིན་དང་མཁའ་འགྲོ་སོགས་རང་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་འགགས་མེད་རང་ཤར་སྒྲ་བརྙན་ལྟ་བུར་གསུངས་པ་ནི། རྒྱལ་བ་ཉིད་ཀྱིས་ཉིད་ལ་གསུངས་པའི་དགོངས་རྒྱུད་དང་། དེ་ལྟར་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་དང་། དེ་ཉིད་ཀྱིས་ཤྲཱི་སེང་ཧ་ལ། དེས་པདྨ་འབྱུང་གནས་ལ་བརྡ་དང་བརྡའི་རིམ་པས་བསྟན་པ་ནི་བརྡ་རྒྱུད་དང་། དེ་ཉིད་ཀྱིས་ཡེ་ཤེས་མཚོ་རྒྱལ་ལ་གསུངས་པ་ནི་སྙན་བརྒྱུད་དང་། སློབ་དཔོན་ཡབ་ཡུམ་གྱིས་སྐལ་ལྡན་ཆོས་ཀྱི་བདག་པོ་ལ་བྱིན་རླབས་འཕོ་བར་སྨོན་ལམ་དབང་བསྐུར་གྱི་རྒྱས་གདབ་པས། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་། སྙིང་ཐིག་གསང་བའི་ཚིག་རྒྱུད་ཡི་གེར་བཀོད་དེ་མཁའ་འགྲོ་གཏེར་བདག་ལ་གཉེར་དུ་གཏད་ནས་ཕྲ་མོ་བྲག་ཏུ་གཏེར་དུ་སྦས་པ་པདྨ་ལས་འབྲེལ་རྩལ་གྱིས་བཏོན་པ་ཤོག་སེར་ཚིག་བརྒྱུད་དང་། གཏེར་ལུང་ལྟར་གཏེར་སྟོན་ཉིད་བར་ཆད་ཀྱིས་འགྲོ་དོན་འཕྲོ་ཅན་དུ་གྱུར་པ་ལས། ལུང་བསྟན་པ་ལྟར། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སློབ་དཔོན་ཡབ་ཡུམ་གྱིས་དངོས་སུ་གསུངས་པ་སོགས་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་སྟེ། བརྒྱུད་པའི་ཁྱད་པར་དྲུག་འོང་བའི་ཆོས་ཚུལ་འདི་ནི། སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གཞན་རྣམས་སུ་རྡོ་རྗེའི་ཚིག་གི་སྦས་པའི་དོན། རྒྱུད་བཅུ་བདུན་དགོངས་འགྲེལ་དང་བཅས་པ་རྣམས་ལས་གསལ་བོར་བསྟན་ཅིང་། ཁྱད་པར་བཏགས་གྲོལ་སྙིང་པོའི་རྒྱུད་དྲུག་སངས་རྒྱས་ཀྱི་འདས་རྗེས་གསུམ།དེའི་མན་ངག་ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་མཛད་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ཚིག་གཅིག་དང་དབྱངས་གཅིག་གིས་བསྟན་པའི་ལམ་མཆོག་ཕུལ་དུ་གྱུར་པ་རྫོགས་པ་ཆེན་པོ་ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཅེས་བྱ་བ་མཚོན་བྱེད་བརྡ་ལ་བརྟེན་ནས་མཚོན་བྱ་དོན་གྱི་གནས་ལུགས་མྱུར་དུ་རྟོགས་པར་བྱེད་པ་སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པའོ། །དེ་ལྟར་ཡང་སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །ཞེས་པ་ནས། མ་བཙལ་འབྲས་བུ་རང་གིས་མཐོང་། །ཞེས་པའི་བར་དུ་གསུངས་པ་བཞིན་ནོ། །
ད་ནི་གནས་ལུགས་གཏན་ལ་དབབ་པ་ལ་གསུམ་སྟེ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ རྣལ་དུ་དབབ་པའོ། །དང་པོ་རུ་ཤན་དབྱེ་བ་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི་ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་ཀྱང་གནས་སྐབས་གློ་བུར་འཁྲུལ་བའི་སྣང་ཞེན་གྱིས་སྒྲིབ་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར་ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད། སྡུག་བསྔལ་གྱི་མྱོང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིག་བྱས་ཀྱང་དོན་མེད་པ་འབའ་ཞིག་དུ་སོང་མོད། ད་དུང་ཟིན་མེད་ཀྱི་ལས་ལ་ཞེན་ཞིང་ཆགས་པས་ཅི་ཞིག་བྱ། དེས་ན་ད་རེས་འཁོར་འདས་རུ་ཤན་འབྱེད་པར་བྱ་སྟེ། ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་ལས་སྣང་དང་རྣམ་པར་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་འཛིན་ཞེན་ལས་གྲོལ་བར་བྱ་བའི་ཕྱིར། གསང་སྔགས་ཐུན་མོང་པ་ལས་ཀྱང་། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་བླུགས་པ། །ཆུ་གཞན་གྱིས་ནི་དགུགས་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་སོགས་གསུངས་པ་དང་ཡང་གནད་གཅིག རུ་ཤན་དབྱེ་བ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ལ། འདས་རྗེས་ལས། ངེས་པར་སངས་རྒྱས་ཐོབ་འདོད་ན། །སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱངས། །ལུས་དང་ངག་དང་ཡིད་གསུམ་པོ། །རུ་ཤན་ལེགས་པར་མ་ཕྱེད་ན། །ཁམས་གསུམ་ཉིད་ལས་མི་བསྒྲོད་པའི། །སྔོན་འགྲོའི་གནད་ལ་མཁས་གྱུར་ན། །མཆོག་ཐུན་དགོངས་པ་ལ་གནས་འགྱུར། །དབེན་པའི་གནས་སུ་གཅིག་པུར་འདུག །ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱད་པ་སྤྱོད། །ཅེས་པ་དང་། ཡང་དེ་ཉིད་ལས། ངག་གི་སྔོན་འགྲོ་བྱ་བ་ནི། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ཉིད་ལ་སྤྱད། །ཅེས་པ་དང་། ཡང་སྔ་མ་ལས། །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་སྦྱངས། །ཞེས་གསུངས་པ་ལྟར། ལུས་ངག་ཡིད་གསུམ་གྱི་རུ་ཤན་དབྱེ་བར་བྱེད་པ་སྟེ། དང་པོ་ལུས་འདི་རྒྱུ་མ་རིག་པ་ལས་བསྐྱེད་པས་ན། དུས་རྒྱུན་དུ་འཁོར་བར་འཁྱམས་པ་ཡིན་པས། ད་ཕྱིན་ཆད་འཁོར་བ་ལ་མི་འཁྱམས་པར་བྱ་བའི་ཕྱིར། ལུས་ངག་ཡིད་གསུམ་འཁོར་བ་དང་ཤན་དབྱེ་བའོ། །དེ་ཡང་འཁོར་བའི་ཆ་དང་མྱང་འདས་ཀྱི་ཆ་གཉིས་ལས། ཐོག་མར་མི་མེད་པའི་རི་ལ་ཕྱིན་ཏེ། ས་ཕྱོགས་དེའི་ལྷ་ཀླུ་གཞི་བདག་རྣམས་ལ་གཏོར་མ་གཅིག་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་བསྔོས་ཏེ། བདག་ཅག་གིས་ས་ཕྱོགས་འདིར་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལགས་པས། བྱ་བ་འདི་མཐར་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་གང་ཡང་མ་གཏང་བར་བདག་གི་དགེ་བའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག་ཅེས་བཀའ་བསྒོ། དེ་ནས་འདི་སྙམ་དུ་ཡང་། དུས་འདི་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མ་ཐོབ་ཀྱི་བར་དུ་བདག་གི་ལུས་འཁོར་འདས་རུ་ཤན་དབྱེ་ནས་ད་ཕྱིར་མི་ལྡོག་པ་བྱ་སྙམ་པས་སེམས་བསྐྱེད་དེ། འགྲོ་བ་རིགས་དྲུག་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཡིད་ལ་དྲན་ཚད་བྱ་སྟེ། ལྷའི་བདེ་བ་དང་ལོངས་སྤྱོད་ཀླུ་གར་རོལ་མོ་སྣ་ཚོགས་དང་། འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱི་རྣམ་འགྱུར་རྣམས་བྱ། ལྷ་མ་ཡིན་འཐབ་རྩོད་དང་གསོད་གཅོད་དམག་འདྲེན་གཡུལ་འཁྲུགས་པ་སོགས་བདེ་སྡུག་གི་སྤྱོད་པ་སྣ་ཚོགས་དང་གཞན་མི་བླ་དཔོན་སོགས་འབྱོར་བ་ཅན་གྱི་ལོངས་སྤྱོད་བདེ་དགའི་རྣམ་པ་དང་། བར་མ་རྣམས་ཀྱི་ཚོང་སོ་ནམ་དགྲ་འདུལ་གཉེན་སྐྱོང་གི་རྣམ་པ་དང་། དབུལ་པོ་ཉམ་ཐག་པའི་ཚུལ་དང་། སྤྱི་ཁྱབ་ཏུ་སྐྱེ་རྒ་ན་འཆིའི་རྣམ་པ་དང་ཚུལ་བྱ། དེ་བཞིན་དུ་དུད་འགྲོ་གླེན་ལྐུག་བཀོལ་སྤྱོད། ཡི་དྭགས་བཀྲེས་སྐོམ་གྱིས་གདུང་བ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང་། ལུས་ཀྱི་མཆོང་རྒྱུག་འགྲོ་འདུག་སོ་སོའི་
འདིར་འཁོར་འདས་རུ་ཤན་དབྱེ་བ་ལ་རིགས་དྲུག་གི་ལུས་ཀྱི་སྤྱོད་པ་དང་། ཞི་ཁྲོའི་ལྷའི་བཞུགས་སྟངས། རིགས་དྲུག་གི་ངག་གི་སྒྲ་སྐད་སྔགས་དང་ཧཱུྃ་ཕཊ་ཀྱི་སྒྲ། རིགས་དྲུག་གི་སྡུག་བསྔལ་སེམས་ཐོག་ཏུ་ལོན་པ་སོགས་སྒོ་གསུམ་གྱི་བྱ་བ་སོ་སོར་ཕྲལ་ནས་ཆོས་ཐུན་གསུམ་དང་སྦྱངས་བྱ་སོ་སོར་བྱེད་པའི་ཕྱག་སྲོལ་ཡོད་ནའང་འདིར་ལྷན་ཅིག་བྱས་ཏེ། རྒྱས་པར་སྤྲོ་ན་སོ་སོར་མཛོད་ཅིགམཆན། རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེ་ཡི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགགས་མེད་དུ་སྤྱད་པས་ངག་དུབ་འགྱུར་བ་སྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་ལྟ་ཞིང་ངལ་གསོ། །ཡང་ལུས་ཀྱི་བདེ་བར་གཤེགས་པ་ཞི་ཁྲོའི་རྣམ་འགྱུར། ངག་སྔགས་ཀྱི་སྒྲ་སྐད་སྣ་ཚོགས་པ་དང་། ཡིད་རང་གི་ཡི་དམ་གང་ཡིན་པའི་བསྐྱེད་རིམ་མམ། བདེ་གཤེགས་ཞི་ཁྲོའི་སྐུའི་རྣམ་འགྱུར་དང་མཐུན་པ། དེ་དག་གི་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་སྐྱོང་ངོ་། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་གི་ཚིག་དོན་སྒོམ་བྱུང་གི་ཤེས་རབ་འཆར་བ་དང་། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱོང་ངོ་། དེ་དག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག། བར་ཆད་ཞི། མངོན་ཞེན་ལྡོག འགྲོ་བ་རིགས་དྲུག་གི་འཇིག་རྟེན་འཁྲུལ་བའི་བློས་བཟུང་དུ་གོ་སྟེ། སྡིག་སྒྲིབ་རྣམས་སྲབ། མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་འཚང་རྒྱ་བའི་དགོས་པ་ཡོད་དེ། གཞུང་རྩ་བར་ལུས་ངག་ཡིད་གསུམ་གྱི་རུ་ཤན་སོ་སོར་དབྱེ་བ་དང་། སྒོ་གསུམ་གྱི་སྔོན་འགྲོ་སྤེལ་ནས་བྱེད་པར་གསུངས་ཀྱང་། རུ་ཤན་དབྱེ་བ་ཁོ་ན་སུམ་ཕྲུགས་སུ་བྱས་ན་ཉམས་ལེན་གནད་དུ་འདྲིལ་ཞིང་ཆུན་ཆེ་བར་དགོངས་ནས། གོང་བཞིན་དུ་བླ་མ་རྣམས་ཀྱི་ཕྱག་ལེན་མཛད་དོ། །
སྤྱི་དོན་བརྒྱད་པ་ནང་ལྟར་འཁོར་འདས་རུ་ཤན་དབྱེ་བ་རིགས་དྲུག་སྲེག་སྦྱང་གི་རིམ་པ་ནི། འོ་ད་ལམ་ཡང་ཁྱེད་འདིར་འདུས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཐར་བ་བླ་མེད་དོན་གྱི་གནས་ལུགས་མངོན་དུ་རྟོགས་པར་བྱ་སྙམ་པའི་ཕྱིར་ན་ཡང་མ་ཡེངས་པར་རྩེ་གཅིག་ཏུ་གསན་འཚལ། དེ་ཡང་ཚུལ་ཇི་ལྟར་ཉན་ཞེ་ན། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡང་རྣམ་གཡེང་འདུ་འཛི་རྣམས་སྤངས་ལ། །ཆོས་ཀྱི་མཆོད་པ་དངོས་དང་ཡིད་མཆོད་ནས། །ཕྱག་འཚལ་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། །མ་ཡེངས་གུས་པའི་ཚུལ་གྱིས་ཉན་པར་བྱ། །ཞེས་གསུངས་པ་ལྟར། ཆོས་ཉན་པ་ནི། རྣམ་པར་གཡེང་བ་དང་། འདུ་འཛིར་གྱུར་པ་ཀུན་སྤངས་ལ་ཉན་དགོས། དེ་ཡང་འཇིག་རྟེན་གྱི་ཚོང་ལ་སོགས་པ་ནི་སྒོ་གསུམ་རྣམ་པར་གཡེང་བ་ཡིན་ལ། འཁོར་དང་ཡོ་བྱད་ནང་དུ་འདུ་བ་དང་། དེའི་དབང་དུ་སོང་བས་སྒོ་གསུམ་བྲེལ་བ་དང་འཛིངས་པ་ཞེས་བྱ་སྟེ། །ཆོས་ལ་བར་དུ་གཅོད་པའི་རྐྱེན་མེད་པའི་ཕྱོགས་སུ་འཆད་པ་པོའི་ཁྲི་བཤམས་ཏེ། དར་ཟབ་ལ་སོགས་པའི་གདན་ལ་བཞུགས་སུ་གསོལ་བ་ལ། སྤོས་དང་མེ་ཏོག་དང་མར་མེ་ལ་སོགས་པ་དངོས་སུ་མཆོད་པ་དང་། ནམ་མཁའི་དབྱིངས་སུ་བདག་པོའི་ཡོངས་སུ་བཟུང་བ་དང་། མ་བཟུང་བའི་མཆོད་པའི་སྤྲིན་ཕུང་འཁྲིགས་པར་བསམ་ལ་འབུལ་ཞིང་། རང་གི་སྒེག་ཆོས་གདུགས་དང་། མཁར་བ་དང་། མཚོན་ཆ་དང་། མགོ་གཡོགས་དང་། མཆིལ་ལྷམ་གྱོན་པ་རྣམས་སྤོང་ལ། རྒྱབ་དང་ཟུར་གྱིས་ལྟ་བ་རྣམས་མ་ཡིན་པར་སྐྱིལ་ཀྲུང་བྱེད་པའམ། ཙོག་པུར་འདུག་ལ། མིག་ཕབ་ཐལ་མོ་སྦྱར་ཏེ་འཁོད་ནས་ཆོས་ལས་སེམས་གཞན་དུ་མ་ཡེངས་པར་ཉན་པ་སྟེ། ཡུམ་བར་མ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་སྐྱེས་བུ་དམ་པ་ལ་ཆོས་ཉན་པ་དང་། བསྙེན་བཀུར་དུ་བྱའོ། །དེ་ཐོས་ནས་རྗེས་སུ་སྒྲུབ་པ་མངོན་པར་རྫོགས་པར་སངས་རྒྱ་བའི་བར་དུ་བྱའོ། །ཞེས་པ་དང་།ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་དང་། །ལྡན་བྱས་རབ་དང་གུས་པའི་ཡིད་ཀྱིས་ཉོན། །ཞེས་སོ། །ཆོས་ཉན་པའི་རྩེ་གཅིག་པ་དེའི་ཚེ་ཆོས་དང་བླ་མ་ལ་རབ་ཏུ་དང་བ་དང་གུས་པ་ཆེན་པོ་བསྐྱེད་དེ། ཡོན་ཏན་བརྒྱད་ཅུ་རྩ་བཞིར་ལྡན་པས་ཉན་ནོ། །དེ་ལ་རབ་ཏུ་དང་བ་ནི་སེམས་ཉོན་མོངས་པའི་རྟོག་པ་མེད་པར་དགའ་སྤྲོ་དང་བཅས་པས་རྩེ་གཅིག་ཏུ་དང་བ་ཡིན་ལ། གུས་པ་ནི་ངག་ཅ་ཅོ་མེད་པ་དང་། ལུས་དྲང་པོར་འདུག་སྟེ། ཐལ་མོ་སྦྱར་ཞིང་འཛུམ་པ་དང་བཅས་པ་དང་། ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་ནི། མདོའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། དེ་ཡང་འཕགས་པ་བློ་གྲོས་མི་ཟད་པའི་ཞུས་པའི་མདོ་ལས། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། དེ་བཞིན་དུ་ལྷག་པའི་རྣམ་པ་དང་།སྦྱོར་བ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་རི་མོར་བྱེད་པའི་རྣམ་པ་དང་། མཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བའི་རྣམ་པ་དང་། རིམ་གྲོ་བསྐྱེད་པའི་རྣམ་པ་དང་། ཕུ་དུད་བྱ་བའི་རྣམ་པ་དང་། རྣ་བ་གཏད་དེ་ཉན་པ་དང་། ཡིད་ལ་བྱེད་པ་དང་། མི་གཡེང་བ་དང་། གནས་པ་དང་། ཡིད་ཀྱི་ནོར་བུ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པ་གཅོང་ནད་འབྱིན་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། ཆོས་ཉན་པས་མི་ངོམ་པའི་རྣམ་པ་དང། སྟོང་པ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་བརྟེན་པའི་རྣམ་པ་དང་། གུས་པས་དགའ་བའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། ངག་ཞི་བའི་རྣམ་པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། ཚིག་ཉན་པའི་རྣམ་པ་དང་། དོན་སེམས་པའི་རྣམ་པ་དང་། ལེགས་པར་སྤྱད་པ་ཉན་པའི་རྣམ་པ་དང་། ནན་ཏན་གྱིས་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་མི་འདོད་པའི་རྣམ་པ་དང་། ཕ་རོལ་དུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། ཐབས་ལ་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་འབྲེལ་གྱི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དགེ་བ་འདུ་བྱེད་པའི་རྣམ་པ་དང་། བདེན་པས་བྱིན་གྱིས་རླབས་པའི་རྣམ་པ་དང་། ཆུད་མི་ཟོན་པའི་རྣམ་པ་དང་། རང་དབང་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་པ་དང་། རང་གི་ཕྱོགས་སྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་དང་། ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བརྟེན་པའི་རྣམ་པ་དང་། དབུལ་བ་ཚར་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། མཁས་པས་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་མོས་པར་བྱེད་པའི་རྣམ་པ་དང་། བདེན་པར་མཐོང་བའི་རྣམ་པ་དང་། ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པའི་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། རང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་ལ་མི་འགྱོད་པའི་རྣམ་པ་དང་། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་དང་། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིའོ། །ཞེས་གསུངས་སོ། །དེ་ལ་ཡོན་ཏན་དེ་དག་དང་ལྡན་པའི་སྒོ་ནས་གང་ཉན་པར་བྱ་བའི་ཆོས་ནི་གསང་སྔགས་རྡོ་རྗེ་ཐེག་པ་སྟེ། འཆད་པ་པོ་རྡོ་རྗེ་སློབ་དཔོན་བློ་གྲོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་རྒྱས་བཤད་སྤྲོ་ན་མདོ་རྒྱུད་དང་མཐུན་པར་གང་འོས་གསུངས་ཀྱང་རུང་མོད། འདི་ནས་མར་ལ་ཡི་གེ་འཇིག་གི་དོགས་ནས་དམིགས་རྐང་ཆོས་ཐུན་རྩ་ཐོའི་ཟིན་རིས་ཙམ་ལས་རྒྱས་བཤད་ནི་མ་སྤྲོས་སོ། །ལམ་ཐམས་ཅད་ཡོངས་སུ་རྫོགས་ཤིང་སངས་རྒྱས་སྐུ་གསུམ་གྱི་དགོངས་པ་མངོན་དུ་གྱུར་ནས་འཚང་རྒྱ་བར་བཤད་པའོ།མཆན། །དེ་ཡང་བྱང་ཆུབ་ལམ་སྒྲོན་ལས། སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །རང་བཞིན་སྒྲ་དོན་དབྱེ་བ་དང་། །རྣམ་བཞག་གྲངས་ངེས་མཚན་ཉིད་དང་། །ཁྱད་པར་དང་ནི་དོན་བདུན་གྱིས། །རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས། །ཞེས་གསུངས་པའོ། །དེ་ལ་དང་པོ་ཡང་དག་པར་རྗོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི། །སྤངས་བ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་སྤངས་བ་ཕུན་སུམ་ཚོགས་པ་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལམ་རྣམས་ཀྱིས་སུན་ཕྱུང་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་མ་ལུས་པ་སྤངས་པ་སྟེ། །དེ་ཡང་སྙོམས་འཇུག་གི་སྒྲིབ་པ་ལ་སོགས་པ་ནི་སྒྲིབ་པ་གཉིས་པོ་དེ་ཡི་དབྱེ་བར་ཟད་པའི་གཉིས་པོ་དེ་སྤངས་པས་ན་སྒྲིབ་པ་ཐམས་ཅད་སྤོང་པ་ཡིན་ནོ། །རྟོགས་པ་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་དང་ཐུགས་རྗེའི་རང་བཞིན་ཏེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། རྟོགས་པའི་ཆོས་ནི་ས་ལམ་བསྐྱེད་རྫོགས་ཏེ། །གཟུང་དང་ཏིང་འཛིན་ཡེ་ཤེས་སྙིང་པོ་ཅན། །ཐུགས་རྗེའི་རང་བཞིན་ཐབས་ཚུལ་དཔག་མེད་དོ། །ཅེས་གསུངས་པ་ལྟར། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ལ་ཡེ་ཤེས་ཀྱི་རྣམ་གྲངས་སོ་སོར་དབྱེ་ན་མང་དུ་སྣང་ཡང་འདིར་ཅུང་ཟད་ཙམ་བརྗོད་ན། དེ་ཡང་མདོ་དང་བསྟན་བཅོས་གཉིས་ཆར་གྱི་གཞུང་ལས་སངས་རྒྱས་ཀྱི་ཡེ་ཤེས་བཤད་ལ། ཇི་སྐད་དུ། འཕགས་པ་སྡུད་པ་ལས། དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རིག་པ་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་གསུངས་པ་དང་།ཡང་དེ་ཉིད་ཀྱི་ལེའུ་ཉེར་གཅིག་པ་ལས།བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་། གཞན་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་ཡེ་ཤེས་ལྔ་ལ་སོགས་པ་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། མ་རིག་པའི་སྐྱོན་ཐམས་ཅད་སངས་པ། ཤེས་བྱའི་ཡོན་ཏན་ཐམས་ཅད་རྒྱས་པའི་བདག་ཉིད་ཆེན་པོའོ། །འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའམ། ཤཱཀྱ་ཐུབ་པ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའང་། དགའ་ལྡན་གྱི་ལྷའི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོས་གཟིགས་པ་རྣམ་པ་ལྔར་གཟིགས་ཏེ། ཉིད་ཀྱི་ཅོད་པཎ་བྱམས་པའི་དབུ་ལ་བཞག་ནས་རྒྱལ་ཚབ་ཏུ་བསྐོས། གླང་པོ་ཆེའི་གཟུགས་སུ་སྤྲུལ་ཏེ། ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཤིང་། ཟླ་བ་བཅུ་ལོན་པ་ན་ལུམ་བི་ནའི་ཚལ་དུ་སྐུ་བལྟམས་ཚེ་ལྷ་རྣམས་ཀྱིས་ཁྲུས་གསོལ། བལྟམས་ནས་ཞག་བདུན་ན་ཡུམ་འདས་ཏེ་སྐྱེ་དགུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་བསྐྱེད་དོ། །དེའི་ཚེ་རྒྱལ་པོས་དགོས་པ་ཐམས་ཅད་གྲུབ་པས་མཚན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པར་བཏགས། དེ་ནས་ཡི་གེ་དང་། རྩིས་དང་། འཕོངས་དང་། སྒྱུ་རྩལ་ལ་སོགས་པ་སློབ་པའི་ཚུལ་བསྟན་ནས་ཕོ་བྲང་ལ་བཞུགས་པ་ལས། ཡབ་ཀྱིས་ཤཱཀྱ་ལག་ན་བེ་ཆེན་གྱི་བུ་མོ་ས་མཚོ་མ། ལག་ན་དྲིལ་བུ་སྒྲའི་བུ་མོ་གྲགས་འཛིན་མ། ཟས་དཀར་གྱི་བུ་མོ་རི་དྭགས་སྐྱེས་རྣམས་ལ་རེ་རེར་འཁོར་ཉི་ཁྲི་སྟེ། བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་ནས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་ཕོ་བྲང་ན་བཞུགས་སོ། །དེའི་ཚེ་སིལ་སྙན་གྱི་སྒྲ་ལས།སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །ཞེས་པ་དང་།འཆི་མེད་མྱ་ངན་མེད་ན་སངས་རྒྱས་ཏེ། །སྐོམ་པས་ཉམ་ཐག་བདུད་རྩིའི་ཚིམ་བྱ་ཞིང་། །ཁྱོད་ཀྱི་སྔོན་སྨྲས་ཚིག་མཐོང་དྲན་བྱས་ནས། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་བྱུང་། །ཞེས་པས་བསྐུལ་བ་དང་། ངེས་པར་འབྱུང་བར་མོས་ཏེ། འདུན་པས་ཤིང་རྟའི་ཁ་ལོ་བྱས་ནས་གྲོང་ཁྱེར་གྱི་ཕྱོགས་བཞིར་བྱོན་པ་ལས། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་དང་། དེ་ལས་ཐར་བའི་ལམ་དུ་ཞུགས་པའི་དགེ་སྦྱོང་གི་གཟུགས་སུ་ཆས་པ་མཐོང་ནས། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོད་མིན་ན། །བདག་ཀྱང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་བྱེད། །ཅེས་དེ་དག་གི་སྡུག་བསྔལ་སེམས་ཤིང་ངེས་པར་འབྱུང་བར་དམ་བཅས་ནས། ཡབ་ལ་ཕྱག་བྱས་ཏེ། བསྔགས་ལྡན་གྱི་སྟེང་དུ་ཆིབས་པས། རྟ་རྨིག་བཞི་ནས་རྒྱལ་ཆེན་བཞིས་བཏེགས་ནས་ནམ་མཁའ་ལ་བྱོན། མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད་རབ་ཏུ་བྱུང་ནས། ཡངས་པ་ཅན་ཏུ་སྒྱུ་རྩལ་ཤེས་ཀྱི་བུ་རིངས་ཕུར་ལ་ཅི་ཡང་མེད་པ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབ། རྒྱལ་པོའི་ཁབ་ཏུ་རིངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་པའི་རྩེ་མོ་མན་ཆད་ཀྱི་ཏིང་ངེ་འཛིན་བསླབ་ཅིང་བསྒོམ་པའི་ཚུལ་བསྟན། ཆུ་ཀླུང་ནཻརཉྫའི་འགྲམ་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། ལོ་གཉིས་ལ་འབྲས་ཉག་མ་རེ། གཉིས་ལ་ཆུ་ཐིགས་པ་རེ། གཉིས་ལ་ཅི་ཡང་མ་གསོལ་བར་ལོ་དྲུག་ཏུ་དཀའ་བ་སྤྱོད་པའི་ཚུལ་བསྟན་ནས་བཞུགས་སོ། །དེ་ནས་རྡོ་རྗེ་གདན་དུ་བཞུད་པའི་ལམ་ན་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་རྒྱུད་དུ་བསྲིང་བ་བསྐོལ་བ་དྲངས་ཏེ་སྐུ་ལུས་གསེར་ལྟར་གྱུར། དེ་ནས་རྩ་འཚོང་བཀྲ་ཤིས་ལྡན་ལས། རྩྭ་བསླང་ནས་རྡོ་རྗེ་གདན་དུ་བྱོན་ཏེ། རྩྭ་དེ་དག་གདན་དུ་བཏིང་ནས་སྐྱིལ་མོ་ཀྲུང་མཛད་དེ། ཇི་སྲིད་ཟག་མེད་མ་ཐོབ་བར། །དེ་སྲིད་སྐྱིལ་ཀྲུང་བཤིག་མི་བྱ། །ཞེས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བཞུགས་པ་ལས། བདུད་ཀྱིས་དམག་བྱེ་བ་དང་དུང་ཕྱུར་དྲངས་ཏེ། མཚོན་ཆ་སྣ་ཚོགས་འཕངས་པ་ན། བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། མཚོན་ཆ་སྣ་ཚོགས་མེ་ཏོག་གི་ཆར་དུ་བབ། མི་སྙན་པའི་སྒྲ་སྐད་རྣམས་བསྟོད་དབྱངས་སྙན་པའི་རང་བཞིན་དུ་གྱུར་ནས་བདུད་ཀྱི་རྒྱུད་ཐམས་ཅད་བཏུལ་བས་བདུད་དམག་རྣམས་སླར་ལོག་པ་དང་། བདུད་ཀྱི་བུ་མོ་བདུན་གྱིས་ཆགས་པའི་ཟོལ་གྱིས་བསླུ་བར་འོངས་པ་ལས། རྒན་མོ་བདུན་དུ་གྱུར་ནས་འགྱོད་བཤགས་ཕུལ་ནས་རང་རང་གི་གནས་སུ་སོང་ངོ་། །དེ་ནས་གུང་གི་ཆ་ལ་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཐོ་རེངས་ཟད་པར་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་དེ་སངས་རྒྱས་ཀྱི་བྱང་ཆུབ་བརྙེས་སོ། །དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་བར་བཞུགས་པ་ལས། བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། གཉིས་པ་ལ་འཛམ་གླིང་ཉེ་བར་བཅགས། གསུམ་པ་ལ་སྟོང་གསུམ་རིང་དུ་བཅགས། བཞི་པ་ལ་བྱང་ཆུབ་ཀྱི་ཤིང་ལ་གཟིགས། ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཀུན་ཏུ་རྒྱུ་རྣམས་བཏུལ། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་བ་རྒྱལ་པོ་བཞིས་རྡོའི་ལྷུང་བཟེད་ཕུལ་བར་བཞེས་ཏེ་གསོལ་ནས་ཤིས་པ་བརྗོད་པ་གསུངས་པའི་རྗེས་ལ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ། ཐུགས་ལས་ཆུང་ངུ་ལ་གཞོལ་བར་གྱུར་ཏོ། །དེའི་ཚེ་ཚངས་པས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། བརྒྱ་བྱིན་གྱིས་ཀྱང་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུལ་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་གི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་ལྡབ་པས་བཅུ་གཉིས་སུ་བསྐོར། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རིར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། གཞན་ཡང་ལྷ་ཀླུའི་གནས་ལ་སོགས་པ་ངེས་མེད་སྣ་ཚོགས་སུ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་རྣམས་གདུལ་བྱ་སོ་སོའི་དབང་པོའི་རིམ་པ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར། དེ་ལྟར་གདུལ་བྱ་སྐྱེ་དགུ་ལ་ལ་ནི་ལྷ་དང་མི་ཡི་བདེ་བ་ལ་བཀོད། ལ་ལ་ནི་ཐེག་པ་གསུམ་གྱི་ལམ་དང་ལས་ཀྱི་འབྲས་བུ་ལ་བཀོད། དེ་ཡང་ལྷ་མིའི་བདེ་བ་ནི་མངོན་པར་མཐོ་བའི་ཐེག་པ་ཞེས་རྒྱུ་དགེ་བ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤངས་པའི་འབྲས་བུ་སྟེ། དཔལ་ལེའུ་ལག་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་བཅུ་སྤོང་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་གསུངས་སོ། །ངེས་པར་ལེགས་པའི་ཐེག་པ་ལ་ཡང་གཉིས་ཏེ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའོ། །དེ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་པའི་ཐེག་པའོ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་དྲུག་སྟེ། ཀྲྀ་ཡ་ཨུ་པ་ཡོ་ག་གསུམ། མ་ཧཱ་ཨ་ནུ་ཨ་ཏི་གསུམ་སྟེ་རིམ་པ་དགུ་རུ་གསུངས་པ་ཡིན་ནོ། །དེ་ལྟར་གྱི་ཐེག་པ་སྣ་ཚོགས་སྟོན་པ་ཡང་། བློ་འདས་ཨ་ཏི་རྫོགས་པ་ཆེན་པོའི་དོན་ལ་འདུས་ཤིང་འདི་ཉིད་རྟོགས་པའི་ཐབས་ཁོ་ནར་གསུངས་པ་ཡིན་ཅིང་། ཀུན་བྱེད་ལས། སྤྱི་འདུས་དགོངས་པ་ཐམས་ཅད་འདུས། །རང་བཞིན་རྫོགས་པ་ཆེན་པོར་འདུས། །འདི་ཉིད་ཀུན་གྱི་སྙིང་པོ་སྟེ། །འདི་རུ་མ་འདུས་གང་ཡང་མེད། །ཅེས་གསུངས་པའི་དོན་ལ་འཇུག་པ་ནི། དེ་ཡང་ནང་ལྟར་འཁོར་འདས་རུ་ཤན་དབྱེ་བ་ལ། དབྱེ་བ་བསྟན་པ་དང་། ཇི་ལྟར་དབྱེ་བའི་ཚུལ་ལོ། །དང་པོ་ནི་ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་འཁོར་འདས་རུ་ཤན་དབྱེ་བས་ཕྱི་འཁྲུལ་པའི་རྐྱེན་སྣང་ཟད་ཀྱང་། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན། ཞེ་སྡང་སོགས་ཉོན་མོངས་པ་ཀུན་སློང་གི་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས། དེ་དང་དེའི་ནུས་པ་སད་པར་བྱས་ཏེ། འབྲས་བུ་རིགས་དྲུག་གི་འཁོར་བའི་རྒྱུན་ཆོད་པར་མི་འགྱུར་བས། དེ་ཆོད་པར་བྱ་བའི་ཕྱིར་ནང་ལྟར་འཁོར་འདས་རུ་ཤན་དབྱེ་བའོ། །གཉིས་པ་ཇི་ལྟར་དབྱེ་བའི་ཚུལ་ནི། སྦྱང་བྱ་དང་སྦྱོང་བྱེད་དང་མཚན་མ་དང་གསུམ་མོ། །
དང་པོ་ནི་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ལུས་ངན་སྣ་ཚོགས་བླངས་ཤིང་ལས་ངན་བག་ཆགས་སྣ་ཚོགས་བསགས་པ་དེ་སྦྱངས་དགོས་པ་ཡིན་ཏེ། དེ་ཡང་འདས་རྗེས་ལས།ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་གསུངས་པ་དང་། ལུས་འདི་མ་རིག་འཁྲུལ་པ་ལས་གྲུབ་པས། །དེའི་དབང་ལུས་ལ་རིགས་དྲུག་ས་བོན་ཏེ། །ཞེས་སོ། །ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་རྐང་མཐིལ་དུ། །ཨ་སུ་ཎི་ཏྲི་པྲེ་དུ་གནས། །ཞེས་གསུངས་པས་ས་བོན་དེ་རྣམས་མ་དག་པ་ལ་བརྟེན་ནས། དུས་རྟག་ཏུ་རིགས་དྲུག་གི་གནས་སུ་འཁྱམས་ཤིང་། ཁམས་གསུམ་འཁོར་བའི་སྡུག་བསྔལ་མྱོང་བའི་ས་བོན་རྣམས་དག་པར་བྱ་ཞིང་ལུས་ངག་ཡིད་གསུམ་འཁྲུལ་པའི་རྒྱུ་དང་ས་བོན་དག་པར་བྱ་བའི་ཕྱིར་འཁོར་བ་དང་རུ་ཤན་དབྱེ་བར་བྱ་སྟེ། རང་གི་སྦྱི་བོར་ལྷའི་ས་བོན་ཨ་དཀར་པོ་བག་ཆགས་དང་བཅས་པ། །མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ་བག་ཆགས་དང་བཅས་པ། སྙིང་གར་མིའི་ས་བོན་ཎི་སྔོ་སྐྱ་བག་ཆགས་དང་བཅས་པ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་བག་ཆགས་དང་བཅས་པ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ཁུ་བག་ཆགས་དང་བཅས་པ། རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་བག་ཆགས་དང་བཅས་པ་གསལ་བ་རྣམས་ལའང་སོ་སོའི་བག་ཆགས་ཐམས་ཅད་འདུས་ཤིང་ཐིམ་པར་བསྒོམ་མོ། །དེ་ཡང་མ་དག་པའི་དུས་ན་ལས་དང་ཉོན་མོངས་པས་བྱས་པ་བག་ཆགས་གང་ཡིན་ཡི་གེ་དྲུག་པོའི་སྟེང་དུ་བསོགས་ཏེ། ཞེ་སྡང་གིས་ལས་བྱས་པའི་འཁོར་ཁོང་ཁྲོ་ལ་སོགས་པ་ནི་དུ་ཡི་སྟེང་དུ་བསོག་གོ །འདོད་ཆགས་པྲེ། ང་རྒྱལ་ཨ་དང་ཎི། ཕྲ་དོག་སུ། གཏི་མུག་ཏྲིའི་སྟེང་དུ་བསོག་གོ །དེ་ལྟར་ཡང་བཱི་མ་ལ་ཡི་གསང་ཐིག་གི་འགྲེལ་བར། དེ་ཡང་ལྷ་དང་མི་གཉིས་སུ་སྐྱེ་བའི་ཁ་ཟིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས་ས་བོན་ཨ་དང་ཎི་ལ་བསོག་གོ །བྱོལ་སོང་དང་ལྷ་མ་ཡིན་དུ་སྐྱེ་བའི་ཁ་ཟིན་ནི་ཀུན་གཞིའི་རྣམ་པར་ཤེས་པས་བྱས་ནས་ས་བོན་སུ་དང་ཏྲི་ལ་བསོག་གོ །ཡི་དྭགས་དང་དམྱལ་བར་སྐྱེ་བའི་ཁ་ཟིན་ནི་སྒོ་ལྔའི་རྣམ་པར་ཤེས་པ་དང་ཉོན་མོངས་ཅན་གྱི་ཡིད་ཀྱིས་བྱས་ནས་ས་བོན་པྲེ་དང་དུ་ལ་བསོག་གོ །འདི་ལྟར་གནས་པ་དེ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་རྒྱུད་དུ་གནས་སོ། །ཞེས་གསུངས་པ་ལྟར་དུག་ལྔ་སེར་སྣ་དང་བཅས་པའི་བག་ཆགས་ཉོན་མོངས་ཀྱི་ས་བོན་སྦྱངས་གཞིའོ། །གཉིས་པ་དེ་ཉིད་སྦྱོང་བར་བྱེད་པའི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དུ་བསྐྱེད་པར་བྱ་སྟེ། འདས་རྗེས་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་གསུངས་པ་ལྟར་གྱི། །སྤྱི་བོར་སྐུའི་ས་བོན་ཨོཾ་དཀར་པོ་རང་འོད་དང་བཅས་པ། །མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་རང་འོད་དང་བཅས་པ། སྙིང་ཁར་ཐུགས་ཀྱི་ས་བོན་ཧཱུྃ་སྔོན་པོ་རང་འོད་དང་བཅས་པ་གསལ་གདབ། དེ་ཡང་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། རྟོགས་པའི་དུས་ན་ཡེ་ཤེས་ཀྱི་རང་རྩལ་དགེ་བ་རྣམས་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་སྟེང་དུ་བསོག་གོ །དེ་ལའང་སྐུ་དང་འབྲེལ་བར་ལྷ་བསྒོམ་པ་ལ་སོགས་ཨོཾ། སྔགས་བཟླས་པ་ལ་སོགས་པ་ཨཱཿརྣམ་པར་མི་རྟོག་པ་བསྒོམ་པ་ལ་སོགས་པ་ཧཱུྃ་གི་སྟེང་དུ་བཞག་པས་སྦྱང་གཞིའི་ཡི་གེ་དང་དེའི་སྟེང་གི་བག་ཆགས་དག་པར་བྱེད་དོ། །ཞེས་གསུངས་པ་ལྟར། རང་གི་ངག་ནས་ཨོཾ་ཨཱཿཧཱུྃ་ཞེས་བཟླས་པའི་དུས་སུ་གནས་གསུམ་ཡི་གེ་གསུམ་ལས་ཡེ་ཤེས་ཀྱི་མེ་ཁ་དོག་སུམ་ལྡན་དུ་འབར་བས། རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་ཐུལ་བསྲེག་ནས་མི་གནས་པར་བྱས་ཏེ། ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས་ནས། སླར་ཡང་རིགས་དྲུག་གི་གནས་ཐམས་ཅད་དུ་འོད་ཟེར་གྱིས་ཁྱབ་ཅིང་རིགས་དྲུག་སོ་སོའི་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། རང་གཞན་གྱི་འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླས་པར་བྱའོ། །དེ་ལྟར་རིགས་དྲུག་ས་བོན་ཡི་གེ་དྲུག་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡི་གེས་སྦྱངས་ནས། འཁོར་བ་བདེ་སྡུག་གི་ལས་སྣ་ཚོགས་པའི་སྒྲོག་ལས་གྲོལ་ནས་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ། །གསུམ་པ་དེ་ལྟར་སྦྱངས་པས་སྡིག་སྒྲིབ་དག་པའི་རྟགས་མཚན་གྱི་རིམ་པ་ནི། ལུས་ཀྱི་སྒྲིབ་པ་བྱང་བའི་རྟགས་སུ། ཁྲུས་བྱ་བ་དང་། གོས་དྲི་མ་མེད་པ་གྱོན་པ་དང་། ལུས་ཤེལ་གྱི་གོང་བུ་ལྟར་འགྱུར་བ་སོགས་འབྱུང་ངོ་། །ངག་གི་སྒྲིབ་པ་བྱང་བའི་རྟགས་ནི། དུང་འབུད་པ་དང་། རོལ་མོ་དང་། སྔགས་སྒྲ་སྒྲོག་པ་དང་། གྲེ་ལྕེ་བདེ་བ་ལ་སོགས་བ་མང་དུ་འབྱུང་། ཡིད་ཀྱི་སྡིག་སྒྲིབ་བྱང་བའི་རྟགས་སུ། དབང་པོ་གསལ་བ། ཤེལ་དང་ནོར་བུ་དང་གཏེར་སོགས་རྙེད་པ་དང་། དགེ་སྦྱོར་ལ་སྤྲོ་བ་སོགས་མདོར་ན་ལུས་ངག་ཡིད་གསུམ་ཐ་མལ་གྱི་མངོན་ཞེན་རྣམས་འགག་ཅིང་བདེ་ལེགས་ཡོན་ཏན་ཀྱི་མཚན་མ་རྣམས། རབ་དངོས། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་འབྱུང་བར་འགྱུར་རོ། །དེ་ལྟར་རྟགས་མཚན་སྣ་རེ་ཙམ་མ་བྱུང་གི་བར་དུ་ཡང་ཡང་འབད་པར་བྱའོ། །དེ་ཡང་དབང་ཉེ་བར་རྟོགས་པ་ལས། །ལུས་དང་ངག་ཡིད་རྣམ་པ་གསུམ། །རུ་ཤན་དབྱེ་བ་སུས་བྱས་པས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་དོ། །ཞེས་གསུངས་སོ། །དེ་ལྟར་གྱི་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་མ་ཕྱེད་ན། འཁོར་བའི་རྒྱུ་ཡོད་ཅིང་གོང་གི་ཡོན་ཏན་དེ་རྣམས་ལས་ལོག་པའི་སྐྱོན་ཡོད་དོ། །ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེས་ན། །ཁམས་གསུམ་ལུས་ངག་ཡིད་གསུམ་ཀྱང་། །འབྲེལ་བར་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བཤད། །ཅེས་གསུངས་པས།དེ་བཞིན་དུ་བརྩོན་པར་བྱའོ། །
སྤྱི་དོན་དགུ་པ་སྒོ་གསུམ་གྱི་སྔོན་འགྲོའི་རིམ་པ་ལ་ཐོག་མར་ལུས་ཀྱི་སྔོན་དུ་འགྲོ་བ་རྡོ་རྗེའི་འདུག་སྟངས་ལམ་ཁྱེར་ནི། འོ་ད་ལམ་ཡང་ཁྱེད་རྣམས་མ་ཡེངས་པར་རྩེ་གཅིག་ཏུ་གུས་པའི་ཚུལ་གྱིས་ལེགས་པར་གསན་འཚལ། དེ་ཡང་དམ་པའི་ཆོས་ཚུལ་བཞིན་དུ་ཉན་ཅིང་ཐོས་ནས་ཉམས་སུ་ལེན་དགོས་པ་ཡང་། །སྐྱེས་རབས་ལས།ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཕྲོག་ནོར་གྱི་མཆོག །ཀུན་ནས་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ། །འདྲེན་པ་རྣམས་ཀྱིས་སྔགས་དང་དྲེགས་པ་སེལ། །ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། དུལ་ཞིང་རབ་ཏུ་གསལ་བས་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་འགྱུར། །སྨྲ་ལྕེ་བདེ་གྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པས་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །སྡེ་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཡང་རྩེ་གཅིག་ཏུ་ཉན་པའི་ཕན་ཡོན་ནི། རྣམ་བཤད་རིག་པ་ལས། དད་པས་ཉན་པ་གང་གིས་ནི། །མཐོ་རིས་དགའ་བའི་བསོད་ནམས་དང་། གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྡོལ་བར་འགྱུར། །ཞེས་པ་དང་། དེ་ཉིད་ལས།བཅོམ་ལྡན་འདས་ཀྱིས་ཆོས་ཉན་པའི་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐམས་ཅད་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤངས་པ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཆོས་བཤད་པ་པོ་དེས་ཀྱང་བཤད་པའི་ཕན་ཡོན་ནི། སངས་རྒྱས་ལ་མཆོད་པའི་མཆོག་ཏུ་གྱུར་བ་དང་། སེམས་ཅན་ལ་སྦྱིན་པའི་མཆོག་ཏུ་གྱུར་པ་དང་། བསོད་ནམས་འཕེལ་ཞིང་མངོན་ཤེས་ཐོབ་པར་འགྱུར་བ་གསུམ་ལས། མཆོད་པའི་མཆོག་ཏུ་གྱུར་པ་ནི། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོག་འགྱུར་གྱི། །མེ་ཏོག་བྱུགས་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་གསུངས་སོ། །སྦྱིན་པ་མཆོག་ཏུ་གྱུར་པ་ནི། །བྱམས་པ་སེང་གེ་སྒྲའི་མདོ་ལས། །གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་ཀྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་བར་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིག་བཅད་སྦྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིག་བཅད་སྦྱིན་པ་སྙིང་རྗེའི་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་པས་ན་ཡང་། བསོད་ནམས་འཕེལ་ཞིང་མངོན་ཤེས་ཡང་དཔག་མེད་ཐོབ་པར་གསུངས་ཏེ། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་དང་། སེང་གེ་སྒྲའི་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་ནི་ཟག་པ་ཟད་པ་མངོན་པར་ཤེས་པའི་རྣམ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་ཡང་བཤད་པ་དེ་ཉན་ནས་ཡིད་ལ་བཟུང་བ་ནི་དཔག་ཏུ་མེད་པའི་ཕན་ཡོན་ཡོད་པར་གསུངས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་བསྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བདེ་བྱང་ཆུབ་དེར་སངས་རྒྱས། །དེ་ལ་ཡང་བཤད་ཅིང་ཉན་པའི་ཚུལ་ལ་གསུམ་གྱིས། དང་པོ་སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚུལ་དང་། གཉིས་པ་དགྲ་བཅོམ་པས་ཆོས་གསུངས་པའི་ཚུལ་དང་། གསུམ་པ་པཎྜི་ཏས་ཆོས་གསུངས་པའི་ཚུལ་དང་གསུམ་ལས། དང་པོ་སངས་རྒྱས་ཀྱིས་ཆོས་གསུངས་པ་ནི། ཆོ་འཕྲུལ་གསུམ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་འོད་འགྱེད་པ་དང་། ཤིང་ཏ་ལ་བདུན་གྱི་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་པ་ལ་སོགས་སྐུའི་ཆོ་འཕྲུལ་ཚད་མེད་པ་བསྟན་པས་གདུལ་བྱ་དད་ཅིང་འདུན་པར་མཛད་ནས། ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གདུལ་བྱའི་རིགས་དང་བསམ་པ་དང་། བག་ཉལ་མ་ལུས་པ་མངོན་པར་ཤེས་པས་གཟིགས་ཏེ། དེ་དང་མཐུན་པ་ཆོས་བསྟན་པར་དགོངས་ནས་འཁོར་གྱི་རྒྱུད་བྱིན་གྱིས་རླབས་པ་ནི་ཐུགས་ཀྱི་ཆོ་འཕྲུལ་ཏེ་རྒྱུད་དག་ཅིང་ལས་སུ་རུང་བར་བཀོད་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གདུལ་བྱའི་མོས་པ་བཞིན་ཆོས་ཀྱི་ཆར་འབེབ་པར་མཛད་པས་འགྲོ་བ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བ་མཛད་དོ། །འདི་ཆོ་འཕྲུལ་རྣམས་ལས་མཆོག་ཏུ་བཤད་དེ། མཛོད་ལས། ཆོ་འཕྲུལ་རྣམས་ལས་བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་མཐུན་ཕྱིར་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། །ཞེས་སོ། །ཆོ་འཕྲུལ་གསུམ་གྱི་འཐད་པ་ནི། །རྫུ་འཕྲུལ་གྱིས་གདུལ་བྱ་དང་བར་བྱེད་དེ་མ་དད་པ་ཆོས་ཀྱི་སྣོད་མ་ཡིན་པའི་ཕྱིར་རོ། །དེ་ཡང་སྤྱོད་འཇུག་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོག་དང་། གདུགས་དང་མཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལའང་མིན། །ཞེས་སོ། །ཀུན་ཏུ་བརྗོད་པས་སེམས་ལས་སུ་རུང་བ་དང་རྒྱུད་སོ་སོར་མཁྱེན་ནས། རྗེས་སུ་བསྟན་པས་མོས་པ་དང་སྐལ་བ་ཇི་ལྟ་བ་བཞིན་སྟོན་ཏེ། དེ་ལྟ་མ་ཡིན་ན་ཆོས་དེས་གདུལ་བྱ་ལ་ཕན་མི་ཐོགས་ཏེ་ནད་དང་སྨན་འཛོལ་བ་ལྟར་སླར་ལ་དུག་ཏུ་འགྱུར་བའི་ཕྱིར་རོ། །ཡང་སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མ་ཡིན་པར་སྦྱར་བྱས་ན། །བདུད་རྩི་དུག་ཏུ་འགྱུར་བ་བཞིན། །ཞེས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀྱང་གདུལ་བྱ་རྣམས་ཀྱི་གོ་རིམ་དང་སྦྱར་ཏེ་གསུངས་པའོ། །དེ་ལ་གང་གསུངས་པའི་ཆོས་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཞེས་གསུངས་པ་བཞིན། ཐོག་མ་དང་བར་མ་དང་ཐ་མར་དགེ་བ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་ཉམས་པ་མེད་པས་དགེ་བའོ། །དོན་བཟང་པོ་ནི་ཕྱིན་ཅི་མ་ལོག་པའི་བརྗོད་བྱ། ཚིག་འབྲུ་བཟང་པོ་ནི་གོ་བར་བྱེད་པའི་བརྗོད་བྱེད། མ་འདྲེས་པ་ནི་གཞན་དང་ཐུན་མོང་མ་ཡིན་པ། ཡོངས་སུ་རྫོགས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ། །ཡོངས་སུ་དག་པ་ནི་རང་གི་ས་ཡི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་ངོ་བོ་ཉིད་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་ས་གཞན་ཉོན་མོངས་ཀྱི་བག་ཉལ་སྤངས་བས་རྒྱུད་རྣམས་གྲོལ་བའོ། །དེ་ཡང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དེ། །ཅེས་གསུངས་པས། གསུངས་རབ་ལ་ལུང་གི་ཆོས་ཟེར། ལམ་དང་མྱ་ངན་ལས་འདས་པ་བསོད་ནམས་མཆོག་གི་གཞི་གསུམ་ལ་རྟོགས་པའི་ཆོས་ཟེར་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་དྲི་མ་ལས་གྲོལ་བ་དག་པ་གཉིས་དང་ལྡན་པ་རྟོགས་པར་བྱ་བ་ཡིན་ལ། ཡུལ་ཅན་སྣང་མེད་ཀྱི་ཤེས་རབ་རྟོགས་པར་བྱེད་པ་སྟེ། །རྟོགས་བྱ་རྟོགས་བྱེད་ཀྱིས་བསྡུས་པ་ལས། ཐ་སྙད་པའི་བློ་ངོ་ན་རྟོགས་པའི་ཆོས་ཞེས་བྱའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་ཞེས་ཀྱང་བྱའོ། །དེ་ལྟ་བུའི་དམ་པའི་ཆོས་ལའང་ཐེག་པའི་བྱེ་བྲག་ལམ་གྱི་འཇུག་སྒོ་མཐའ་ཡས་པ་ཞིག་ཡོད་མོད་ཀྱང་། ཀུན་གྱི་སྙིང་པོ་དོན་གྱི་མཐར་ཐུག་ནི་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཚེ་གཅིག་ལ་བྱང་ཆུབ་སྒྲུབ་པའི་ཐབས་ལམ་ཁྱད་པར་འཕགས་པའི་སྒོ་ནས་ཁྲིད་པར་བྱེད་པའོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུང་པས། དེ་ཡང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། དང་པོ་གདན་འབོལ་བའི་སྟེང་དུ་རྐང་མཐིལ་གཉིས་སྤྲད་དེ་ལུས་དྲང་པོར་བསྲངས། རྐང་པའི་སོར་མོ་བཅུ་ས་ལ་བཙུགས། །པུས་མོ་གཉིས་ཕྱིར་བརྒྱངས། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ཏེ། གྲུ་མོ་གིས་ཐད་སོར་ཕྱིར་བརྒྱངས། མགྲིན་པས་ཨོལ་མདུད་ནོན་པར་བྱས། ཉ་བཞི་ཤུགས་ཕྱུང་ནས་སྒྲིམས། ཡར་རྩེ་མར་རྩེ་གཉིས་རྡོ་རྗེའི་ར་གསུམ་པ་འདྲ་བ་ལ་ཉིན་མཚན་འབད་པ་ནི་ལུས་རྡོ་རྗེའི་འདུག་སྟངས་སོ། །དེ་ཡང་དམིགས་པ་ནི་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་འགྱུར་རོ། །དེའི་ཚེ་ལུས་རང་བབས་སུ་ཁྲེས་སེ་སྐྱུར་ལ་སེམས་རྟོག་མེད་ཀྱི་རང་ངོ་སྐྱོང་ངོ་། །དེ་ཡང་ལུས་ཀྱི་སྤྱོད་པ་བྱས་པས་རུ་ཤན་འབྱེད་པ་གལ་ཆེ་སྟེ། བཀོད་པ་ཆེན་པོ་ལས། གང་གི་རུ་ཤན་འབྱེད་འདོད་པས། །ལུས་ཀྱི་བྱ་བ་རང་ལོག་ཕྱིར། །དེ་ལྟར་གོང་དུ་བཤད་པ་ཡིས། །ཕྱི་ནི་ཡང་དག་དེ་ལྟར་རོ། །འདི་ཉིད་བཟློག་པའི་དུས་ལ་ཡང་། །གནས་པ་མེད་པ་ཁམས་གསུམ་དུ། །ལུས་ནི་འཇུག་པ་མ་ཡིན་ནོ། །དེ་ཡང་གོང་གི་རྡོ་རྗེའི་འདུག་སྟངས་ཀྱི་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ལ། མར་རྩེ་གསུམ་ནི་སྐུ་གསུམ་མཚོན་ཞིང་། རྐེད་པ་གཅིག་ཏུ་འདྲིལ་བ་ནི་ཉམས་ལེན་ཁྲེག་ཆོད་ཐོད་རྒལ་གཉིས་ངོ་བོ་གཅིག་པ་ལམ་དུ་བྱེད་པ་མཚོན་པའོ། །དེ་ལྟར་ལུས་ཀྱི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་། ཁྱད་པར། མཐར་ཐུག་གོ །དང་པོ་ལུས་ཀྱི་སྡིག་པ་མ་ལུས་པ་འདག་པ་དང་། ལུས་རྡོ་རྗེ་མེ་འབར་བ་ལྟར་མཐོང་བས་ལུས་ཀྱི་གདོན་བགེགས་དང་བར་ཆད་ཞི་བ་དང་། ལུས་ཀྱི་ཞེན་པ་ལྡོག་པའི་དགོས་པ་ཡོད་དོ། །གཉིས་པ་དེ་ལྟར་ཞེན་པ་ལོག་པས་ཕྱིན་ཆད་འཁོར་བར་མི་འཇུག་ཅིང་ལུས་སྤྲུལ་པའི་སྐུར་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་ལུས་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གདོད་མའི་གནས་སུ་མྱ་ངན་ལས་འདའ་བའི་དགོས་པ་ཡོད་དོ། །དེ་ལྟ་བུའི་དགོས་ཆེད་རྣམས་ཡིད་ལ་བཞག་ནས་བརྩོན་འགྲུས་དྲག་པོས་ཉིན་དང་མཚན་དུ་ཡང་ཡང་འབད་པར་བྱའོ། །
སྤྱི་དོན་བཅུ་པ་ངག་གི་སྔོན་དུ་འགྲོ་བ་ལ་རྒྱས་འདེབས་རིམ་པ་ནི། འོ་ད་ལམ་ཡང་ཁྱེད་འདིར་འདུས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཚུལ་བཞིན་དུ་ཉན་ནས་ཉམས་སུ་ལེན་པར་བྱ་སྙམ་པའི་ཐུགས་བསྐྱེད་རིན་པོ་ཆེ་མཛད་ནས་གསན་འཚལ། དེ་ཡང་ལུང་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་དང་། ཆོས་ཉན་པ་ལ་དགའ་བ་དང་དུ་ལེན་པའི་སྒོ་ནས་ཉན་ཚུལ་ཡང་། མདོ་སྡེ་མཛངས་བླུན་ལས་གསུངས་པ་ལྟར། སྔོན་རྒྱལ་པོ་བྱི་ལིང་གར་ལིང་ཞེས་བྱ་བས་ཆོས་ཚིག་བཞི་པ་གཅིག་རྣ་བར་ཐོས་པར་བྱ་བའི་ཕྱིར་དུ། ལུས་ལ་ལྕགས་གཟེར་སྟོང་བཏབ་པའི་ལོ་རྒྱུས་དང་། རྒྱལ་པོ་ཀ་ན་ཤི་ན་ས་ལི་ཞེས་བྱ་བས་ཆོས་ཚིག་བཞི་པ་གཅིག་ཐོས་པར་བྱ་བའི་ཕྱིར་དུ། ལུས་ལ་མར་མེ་སྟོང་བཙུགས་པའི་ལོ་རྒྱུས་ལ་སོགས་པ་དཀའ་བ་དཔག་ཏུ་མེད་པ་སྤྱོད་ནུས་པ་ཡིན། འོ་སྐོལ་ལ་ད་ལྟ་ཐེག་པ་ཆེན་པོའི་ཆོས་ཟབ་ལ་རྒྱ་ཆེ་བ་ལ་དཀའ་བ་མེད་པར་ཐོས་པ་བྱ་རུ་ཡོད་པ་འདི་ཨ་རེ་དགའ་སྙམ་དུ་བསམ་ལ། ཆོས་ཉིན་མཚན་བར་མ་ཆད་དུ་གསུངས་ཀྱང་དགའ་བ་དང་སྤྲོ་བས་ཉན་འཚལ། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་གསུངས་པས། འོ་སྐོལ་དུས་ཐ་མ་ཡུལ་མཐའ་འཁོབ་ཏུ་ཆོས་ཉན་ཞིང་ཐོས་པའི་སྐལ་བ་དང་ལྡན་པ་ཤིན་ཏུ་དཀའ་བ་ཞིག་གདའ། ཆོས་ལ་གོ་བ་ཆེར་མ་བྱུང་ཡང་། ཆོས་ཀྱི་སྒྲ་རྣ་བར་ཐོས་པ་ཙམ་ལ་ཡང་ཕན་ཡོན་མང་པོ་ཡོད་དེ།
སྔོན་དགེ་སློང་ཨུ་པ་ཀུ་ཏེ་ཞེས་བྱ་བས་ཆོས་འཆད་པའི་སྒྲ་ཁྱི་མོ་གཅིག་གི་རྣ་བར་ཐོས་པས་ཁྱི་མོའི་སྒྲིབ་པ་སྲབ་ནས། ཁྱི་མོ་ཚེའི་དུས་བྱས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པའི་ལོ་རྒྱུས་དང་། ཡང་དགེ་སློང་གཅིག་གི་བྲང་ཁང་ག་གིའི་དྲུང་རྩ་ན་བྱ་ཐི་བ་གཅིག་ཉལ་ཞིང་ཡོད་པས། དགེ་སློང་དེས་ཐོ་རངས་འཕགས་པ་སྡུད་པ་ཞལ་ཐོན་མཛད་པ་བྱ་ཐི་བའི་རྣ་བར་ཐོས་པ་ལ་དེར་སྡུད་པ་རེས་ཕྱེད་ཐོན་ཙམ་ན་ནམ་ལངས། རེས་སུམ་ཉིས་ཐོན་ཙམ་ན་ནམ་ལངས་ཀྱིན་འཕུར་ནས་འགྲོ་བས། འཕགས་པ་སྡུད་པའི་ཆོས་ཀྱི་སྒྲ་རྣ་བར་ཐོས་པ་ཙམ་གྱིས་བྱ་ཐི་བ་དེའི་སྒྲིབ་པ་སྲབ་ནས་བྱ་དེ་ཤི་མ་ཐག་མི་ལུས་ཐོབ་སྟེ་དཀོན་མཆོག་གསུམ་ལ་དད་པ་ཞིག་བྱུང་ནས་རབ་ཏུ་བྱུང་། སྔར་གྱི་འཕགས་པ་སྡུད་པ་རྣ་བར་ཐོས་ཚད་བློ་ལ་བཟུང་མ་དགོས་པར་བལྟས་པ་ཙམ་གྱིས་ཤེས་པ་ཞིག་བྱུང་སྐད་དོ། །དེ་ལྟར་དུད་འགྲོའི་རྣ་བར་ཆོས་ཀྱི་སྒྲ་ཐོས་པ་ཙམ་ལ་ཕན་ཡོན་དེ་ལྟ་བུ་ཡོད་ན། རང་རེ་མིར་གྱུར་པ་ནི། སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་ཡིན། །གསུངས་པ་ལྟར་འཆད་ཉན་ཀྱི་སྣོད་དུ་རུང་ཞིང་། ཉམས་སུ་ལེན་བྱར་ཡོད་པ་ནི་ཤིན་ཏུ་སྐལ་བ་བཟང་པོའོ། །དེ་ལ་ཆོས་འཆད་ཐབས་ཀྱི་ཚུལ་གསུམ་གྱི་དང་པོ་སངས་རྒྱས་ཀྱི་ཆོ་འཕྲུལ་གསུམ་ལ་བརྟེན་ནས་ཆོས་གསུང་ཚུལ་སྔ་ལྟར་དང་།
འདིར་དགྲ་བཅོམ་པས་ཆོས་གསུངས་པའི་ཚུལ་ནི། ཉན་པ་པོའི་སྣོད་དག་པ། འཆད་པ་པོའི་ངག་དག་པ། གསུང་རབ་ཀྱི་བརྗོད་བྱ་དག་པ་དང་གསུམ་ལ་བརྟེན་ནས་འཆད་དོ། །འཆད་པ་པོས་མངོན་ཤེས་ཀྱིས་བརྟགས་པས་ཆོས་ཀྱི་སྣོད་ཡིན་མ་ཡིན་ཤེས་ཏེ། སྣོད་དང་ལྡན་པ་ཉིད་གདུལ་བྱའི་ཡུལ་དུ་བྱས་ནས། ངག་དག་པ་རྣ་བར་སྙན་ཞིང་ངག་ཚིག་དྲི་མ་མེད་པས་མཚམས་སྦྱར་ཏེ། ཆོས་ཀྱི་དོན་དག་པ་ནོར་བ་དང་འཁྲུལ་བ་མེད་པར་ཐར་བར་འདྲེན་པའི་སྒྲའི་རྣམ་གྲངས་ལ་སོགས་བསྟན་པས་དོན་དུ་འགྱུར་བའོ། །འོ་ན་ཆོ་འཕྲུལ་གསུམ་ལ་བརྟེན་ནས་མི་འཆད་པ་ཅི་ཡིན་ཞེ་ན། ཉན་ཐོས་རྣམས་མི་ཤེས་པའི་རྒྱུ་བཞི་ཡོད་པས་འཆད་པར་མི་ནུས་པའི་ཕྱིར་རོ། །རྒྱུ་བཞི་ནི། ཡུལ་གྱི་བསྐལ་བས་མི་ཤེས་ཏེ། ཡུལ་ཧ་ཅང་ཐག་རིང་དྲགས་པ་ན་འདུག་པས་མི་ཤེས་པ་མོའུ་གལ་གྱི་བུས་མ་གར་སྐྱེས་མ་ཤེས་པ་ལྟ་བུའོ། །དུས་ཀྱི་བསྐལ་བས་མི་ཤེས་ཏེ་དུས་ཧ་ཅང་སྔ་དྲགས་པས་ན་ནམ་བྱུང་མི་ཤེས་པ་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་བའི་ས་བོན་མ་ཤེས་པ་ལྟ་བུའོ། །མཚན་ཉིད་ཀྱི་བསྐལ་བས་མི་ཤེས་ཏེ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཇི་ལྟར་ཡིན་པ་དང་། འབྲས་བུ་ཐུག་མེད་ཀྱི་རྒྱུ་ཇི་ལྟར་ཡིན་པ་ལ་སོགས་པ་སྟེ། མདོ་ལས། རྨ་བྱའི་མདངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཐ་དད་རྣམས། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་སོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་ཏེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པ་རིག་པ་བཞི་ལ་སོགས་པ་བྱང་ཆུབ་ཆེན་པོའི་ཆོས་མ་ཐོབ་པས། ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སོགས་པ་ཀུན་ནས་སྒོའི་ཆོས་ཀྱི་རྣམ་གྲངས་བལྟ་བ་ལ་མི་དབང་བའི་ཕྱིར་ཏེ། རྒྱུད་བླའི་འགྲེལ་པ་ལས། མདོར་བསྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་བཞག་སྟེ། བཞི་གང་ཞེ་ན། འདི་ལྟར་ཏེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཞེས་གསུངས་པ་ལྟར་རོ། །སྤྱིར་ཉན་ཐོས་ཀྱི་ཐེག་པ་ནས་བརྩམས་ཏེ། ཨ་ནུ་ཡོ་ག་མན་ཆད་ཀྱི་ཐེག་པ་བརྒྱད་ནི་ཨ་ཏི་ཡོ་གའི་ལམ་གྱི་གཞིའམ་ལམ་སྟེགས་ཀྱི་ཚུལ་ཙམ་ཡིན་ལ་ཨ་ཏི་ཡོ་ག་ནི་ལམ་དངོས་དང་འབྲས་བུ་ཉིད་ལ་སྦྱོར་བར་བྱེད་པ་སྟེ། སྐབས་འདིར་ཨ་ཏི་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་ལས། ངག་གི་སྔོན་དུ་འགྲོ་བ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། རྒྱས་གདབ་པ་དང་རྩལ་སྦྱངས་ཉིད། །གཉེན་བཙལ་ལམ་དུ་ཞུགས་པ་ཡིས། །ཞེས་གསུངས་པས། དང་པོ་ལ་གཉིས་ཀྱི་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དབེན་པར་ལུས་གནད་ཆོས་བདུན་བཅས་ཏེ། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསྒོམ་པ་གསལ་སྣང་ཐོན་པར་བྱས་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ནས་ཧཱུྃ་གི་གླུ་སྙན་ལ་རིང་བར་བླངས་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་མང་པོ་ཐོལ་ཐོལ་བྱུང་། སྣ་བུག་གཡས་ནས་ཐོན། ཕྱི་ཡི་སྣང་བ་ཐམས་ཅད་ཧཱུྃ་གི་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་འཆར་བ་ནི་རྒྱས་ཐེབ་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །དེ་ནི་ཕྱི་སྣང་བ་ལ་རྒྱས་འདེབས་པའི་རིམ་པའོ། །དེ་ཡང་འདས་རྗེས་ལས།རྒྱས་གདབ་གནད་ལ་ཞག་གསུམ་བྱ། །ཞེས་གསུངས་པས།ཕྱི་སྣང་བ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པ་གཉིས་སོ་སོར་ཕྱེ་སྟེ་ཆོས་ཐུན་གཉིས་སུ་མཛད་སྲོལ་ཡོད་ཀྱང་གཉིས་ཀ་ལྷན་ཅིག་པར་བྱེད་པས། དེ་ལ་སྦྱངས་སྐབས་སུ་སྔ་གྲོ་ཕྱི་གྲོའམ་སྔར་ཉིན་ཕྱིར་ཉིན་དུ་སོ་སོར་ཕྲལ་ཏེ་སྦྱང་བར་བྱའོ། །
དེ་ནས་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། གོང་ལྟར་དབེན་པར་ལུས་གནད་བཅས་ཏེ་སྙིང་ཁའི་ཧཱུྃ་སྔོན་པོ་ལས་ཧཱུྃ་ཡིག་འཕྲོས་པས་སྣ་བུག་གཡས་ནས་ཐོན། །ཕྱི་རོལ་ཧཱུྃ་གི་མེར་གྱི་གང་བ་རྣམས་རང་གི་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་། ངག་ཏུ་ཧཱུྃ་ཅི་མང་བརྗོད་པའི་མཐར་རླུང་བཟུང་། ལུས་ཧཱུྃ་གི་རོང་ངེ་གང་བར་རྩོལ་མེད་དུ་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ནི་ནང་ཕུང་པོ་ལ་རྒྱས་ཐེབ་པའི་གནད་ཡིན་ནོ། །དེས་ནི་ནང་ཤ་ཁྲག་བརྡོས་པའི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ཕྱི་ནང་གི་རྒྱས་འདེབས་གཉིས་ཀྱི་སྐབས་སུ་དབྱངས་རྟ་སྙན་པའི་ཧཱུྃ་ཤིན་ཏུ་རིང་བར་རླུང་དང་ཤེས་པ་ཧཱུྃ་གསུམ་བསྲེས་ནས་བརྩོན་པ་དྲག་པོས་བཟུང་བར་བྱའོ། །
སྤྱི་དོན་བཅུ་གཅིག་པ་རྩལ་སྦྱང་གི་ལམ་ཁྱེར་ནི། འོ་ད་ལམ་ཡང་འདིར་འདུས་ཤིང་ཚོགས་པའི་འདུས་པ་རྒྱ་མཚོ་ཐམས་ཅད་བསམ་པ་ཕྱོགས་གཅིག་པས་བདག་གཞན་འགྲོ་བ་མཐའ་དག་རྣམ་པ་ཐམས་ཅད་མཁྱེན་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཚུལ་བཞིན་དུ་གསན་ནས་ཉམས་སུ་ལེན་པར་བྱའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་ལེགས་པར་གསན་འཚལ། དེ་ཡང་ཆོས་ཐོས་པ་དང་ཉན་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། སྔོན་བྱུང་གི་གཏམ་རྒྱུད་དང་སྦྱར་ན། དགེ་སློང་ཆོས་སྨྲ་བ་གཅིག་ནེའུ་ཁ་ཞིག་ན་ཆོས་འཆད་པའི་རྩར་དེ་ན་སྦལ་བ་གཅིག་ཡོད་པའི་རྣ་བར་ཆོས་གྱི་སྒྲ་ཐོས་པ་ལ། དུས་གཅིག་གི་ཚེ། གནག་རྫི་དགའ་བོ་བྱ་བ་ཆོས་ཉན་དུ་སོང་ནས། ཁོའི་ཤེས་བཞིན་གྱིས་མ་ཟིན་པར་མཁར་བ་ཨོམ་ཚུགས་བྱས་པས་སྦལ་བ་བརྫིས་ནས་ཤི་བས། སྔར་ཆོས་ཐོས་པ་དང་། དེའི་ཚེ་ཆོས་ཀྱི་སྒྲ་རྣ་བར་ལྷངས་ལྷངས་ཡོད་པའི་འཕྲོ་ལ་ཤི་བའི་སྟབས་ཀྱིས་སྦལ་བ་དེ་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས། དེར་སྐྱེས་པ་དང་གནས་གསུམ་ལ་རྟོག་པ་བྱུང་སྟེ། གང་ནས་སྐྱེས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པ་དང་གསུམ་ལ་བརྟགས་པས། སྔར་སྦལ་བ་གཅིག་ཏུ་ཡོད་པ་ལ་ཆོས་ཀྱི་སྒྲ་རྣ་བར་ཐོས་པ་ཙམ་གྱིས་ལྷར་སྐྱེས་པར་རྟོགས་ནས་ལྷའི་མེ་ཏོག་མང་པོ་ཁྱེར། ལྷའི་བུ་མང་པོ་དང་བཅས་པས་སངས་རྒྱས་ལ་ཕྱག་འཚལ་དུ་ཕྱིན་པས་སངས་རྒྱས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་གསུངས་པས། ལྷའི་བུ་དེས་བདེན་པར་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ཆོས་ཀྱི་སྒྲ་ཐོས་པ་ཙམ་གྱིས་ཀྱང་སྒྲིབ་པ་བྱང་ཞིང་ཕྱི་མ་ལ་ཆོས་ཀྱི་གཞི་འཇོག་པ་ཡིན། །དེས་ན་ཐོས་བསམ་ལ་ནན་ཏན་ཡང་དང་ཡང་དུ་བྱ་བ་གལ་ཆེ་སྟེ། མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པར་སྤངས། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་པ་བཞིན་དམ་པའི་ཆོས་ལ་ཐོས་པ་ཕྱོགས་མེད་དུ་བྱེད་པ་ནི་གནད་དམ་པའོ། །དེ་ཡང་སངས་རྒྱས་ཀྱི་ཆོས་གསུངས་ཚུལ་དང་། དགྲ་བཅོམ་པས་ཆོས་གསུངས་ཚུལ་སྔར་བཤད་པ་ལྟར་རོ། །པཎྜི་ཏས་ཆོས་གསུངས་པའི་ཚུལ་ལ་གཉིས་ལས། དཔལ་ནཱ་ལནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ནི། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་འཆད། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔས་འཆད་དོ། །ཕུན་སུམ་ཚོགས་པ་ལྔ་ལ། གནས་དང་། སྟོན་པ་དང་། ཆོས་དང་། འཁོར་དང་། དུས་ཕུན་སུམ་ཚོགས་པའོ། །འདི་དག་ཀྱང་ལོངས་སྤྱོད་རྫོགས་པའི་ཞིང་དང་། སྤྲུལ་པའི་གནས་ཀྱིས་མངོན་པར་འདུ་མ་བྱས་པ་དང་། བྱས་པ་གཉིས་སུ་བསྟན་ཏོ། །ལོངས་སྐུ་གཞིར་གནས་ཀྱི་ཞིང་མངོན་པར་འདུ་མ་བྱས་པ་ལ། གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད། །ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ་འབའ་ཞིག། འཁོར་ཕུན་སུམ་ཚོགས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ།དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོའོ། །གཉིས་པ་འདུ་བྱས་པ་ནི་བཀའ་འཁོར་ལོ་གསུམ་གྱི་རིམ་པས། འཁོར་ལོ་དང་པོ་ལ། གནས་ཕུན་སུམ་ཚོགས་པ་ཝཱ་ར་ན་སི་དྲང་སྲོང་ལྷུངས་བ་རི་དྭགས་མི་འཇིགས་པ་སྦྱིན་པའི་ནགས། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞི། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་སོ། །འཁོར་ལོ་བར་པ་ལ།གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི། །སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བཀའ་རྒྱས་འབྲིང་བསྡུས་གསུམ་སྡེ་ཚན་དྲུག་ཏུ་གཏོགས་པ། འཁོར་ཕུན་སུམ་ཚོགས་པ་གཉིས་ལས། ཐུན་མོང་གི་འཁོར་ཤ་རིའི་བུ་དང་། མཽངྒལ་གྱི་བུ་དང་། རབ་འབྱོར་ལ་སོགས་པ་དགེ་སློང་ལྔ་སྟོང་ཙམ་དང་། སྐྱེ་དགུའི་བདག་མོ་སོགས་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དགེ་བསྙེན་མ་ས་ག་ལ་སོགས་པ་དགེ་བསྙེན་དང་། དགེ་བསྙེན་མའི་ཚོགས་རབ་ཏུ་མང་པོ་རྣམས་དང་། ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས། དེད་དཔོན་དམ་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ལོ་བཅུ་གཉིས་སུ་ཟླ་བ་གཉིས་ཀྱིས་མ་ཆོག་པའི་བར་དུ་གསུངས་སོ། །འཁོར་ལོ་ཐ་མ་ནི། གནས་ཕུན་སུམ་ཚོགས་པ་ལྷའི་གནས་དང་། ཀླུའི་གནས་དང་། རྒྱལ་པོའི་ཁབ་དང་། གྲོང་ཁྱེར་པདྨ་ཅན་ལ་སོགས་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པའོ། །ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་རྣམ་གྲངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་སོགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ལོ་སུམ་ཅུ་རྩ་གཉིས་བར་དུ་གསུངས་སོ། །དེ་དག་ནི་ལོངས་སྤྱོད་རྫོགས་པའི་ཞིང་དང་། སྤྲུལ་པའི་གནས་ཀྱི་ཁྱད་པར་མངོན་པར་འདུས་བྱས་པ་དང་མ་བྱས་པ་རྣམས་སོ། །འདིར་ཆོས་ཀྱི་སྐུའི་སྟོན་པ་ཚོམ་བུ་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་ལོངས་སྤྱོད་རྫོགས་ཏེ། གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དཔག་ཏུ་མེད་ཅིང་དམིགས་སུ་མི་ཚུད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཛད་པ་མ་ལུས་པ་ལྷུན་གྱིས་གྲུབ་པར་མཛད་ཅིང་། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་ཆར་ལོངས་སྤྱོད་རྫོགས་པ་དང་དེའི་རྩལ་ལས་ལྷུན་གྱིས་གྲུབ་པ་རྡོ་རྗེ་འཆང་འབུམ་ཕྲག་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་ཆོས་ཉིད་ཀྱི་རྡོ་རྗེ་སུས་ཀྱང་འདུ་མ་བྱས་པར་རང་བྱུང་འོད་གསལ་གྱི་དགོངས་པ་ཆེན་པོ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པས་ཚིག་དང་ཡི་གེ་ལས་འདས་པར་རང་བྱུང་རང་ཤར་དུ་གསུངས་ཏེ། སངས་རྒྱས་སྲས་གཅིག་གི་རྒྱུད་ལས།སྟོན་པ་ཀུན་བཟང་ཡབ་ཡུམ་གྱིས། །རང་བཞིན་ཀློང་ནས་བཀའ་སྩལ་པ། །གནས་ལུགས་རང་སྣང་འཁོར་རྣམས་གསོན། །ཉག་ཅིག་རང་བྱུང་ཡེ་ཤེས་འདི། །སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན། །ཞེས་གསུངས་པ་ལྟར་རོ། །བསྟན་བཅོས་ལ་རྩིས་མགོ་ཡན་ལག་ལྔ་ནི། མཛད་པ་པོ་གང་གིས་མཛད་པ། ལུང་གང་ནས་བཏུས་པ།ཕྱོགས་གང་དུ་གཏོགས་པ། དོན་སུ་ཡི་ཆེད་དུ་མཛད་པ། དབུ་ནས་ཞབས་སུ་བསྡུས་པའི་དོན་བསྟན་པ་དང་ལྔའོ། །
དེ་ལྟར་བཀའ་དང་བསྟན་བཅོས་རྒྱུད་དང་མན་ངག་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་ཆོས་སྐུའི་བསྟན་པ་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་ལ། ངག་གི་སྔོན་དུ་འགྲོ་བའི་དང་པོ་རྒྱས་འདེབས་ཀྱི་རིམ་པ་སོང་ཞིང་། གཉིས་པ་རྩལ་སྦྱང་གི་རིམ་པ་ལ་གཉིས་ཏེ། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་པའོ། །
དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་པ་ནི། དབེན་པའི་གནས་སུ་ལུས་གནད་དྲང་པོར་བཅས་ཏེ། སྙིང་གར་ཧཱུྃ་སྔོན་པོ་ཞིག་གསལ་བར་བསྒོམ། ངག་ནས་ཧཱུྃ་དྲག་པོ་ཐུང་ལ་ངར་དང་ལྡན་པ་བརྗོད་པས་སྙིང་ཀའི་ཧཱུྃ་ལས་ཧཱུྃ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཕྱི་རོལ་གྱི་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམས་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཕར་ཐལ་ཚུར་ཐལ་ཐལ་བྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་མཐར་ཧཱུྃ་རིང་གཅིག་དང་མཉམ་དུ་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ཟང་ཐལ་གྱིས་སོང་བར་བསམ་ལ་ངལ་གསོའོ། །དེ་ལྟར་རྩ་སྦྱངས་པའི་རྟགས་ནི་སང་སེང་ངམ་ཁྲལ་ཁྲོལ་ལམ་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པ་སྙམ་བྱེད་པ་ནི་རྩལ་འབྱོང་བའོ། །དེའི་དགོས་པ་ནི། སྔར་ཕན་ཆད་སྣང་བ་འདི་བདེན་བདེན་རྟག་རྟག་པོར་བཟུང་ནས་རང་བཞིན་མེད་པར་མ་ཤེས་ལ། ཕྱིན་ཆད་སྣང་བ་རང་བཞིན་མེད་པར་འབྱོང་བའི་དགོས་པ་ཡོད་དོ། །དེ་ལ་བརྟེན་ནས་དངོས་གཞིའི་དུས་སུ་སྣང་བ་ལ་བདེན་ཞེན་མི་སྐྱེ་བའི་གདེངས་ཐོབ་པའོ། །
དེ་ནས་གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་པ་ནི། ལུས་གནད་གོང་ལྟར་བཅས་ལ། ངག་ནས་ཧཱུྃ་ཞེས་དྲག་ཏུ་བརྗོད་པས་ཧཱུྃ་ཡིག་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བ་མཚན་ཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཐལ་ཐལ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་མཐར་ཧཱུྃ་རིང་གཅིག་དང་མཉམ་དུ་ལུས་ཕྱི་ནང་ཐམས་ཅད་ཁྲོལ་མ་ལྟར་སོང་བར་བསམ་ལ་ངལ་གསོའོ། །དེ་ལྟར་དམིགས་པ་ཐེབ་བའི་རྟགས་ནི་ལུས་ཀྱི་ཤ་ཁོལ་བུར་འཕར་ཞིང་ན་བ་དང་། ཁྲལ་ཁྲོལ་སང་སེང་དུ་གྱུར་བར་སྙམ་པ་དང་། ལུས་ཆུ་ཟླ་ལྟར་རང་བཞིན་མེད་པར་སྙམ་པའི་ཉམས་འཆར་ན་འབྱོང་བའོ། །དགོས་པ་ནི། སྔར་ཕན་ཆད་ཕུང་པོ་ལ་ཞེན་ཅིང་ཆགས་པས་ང་བདག་ཏུ་བཟུང་སྟེ་ལུས་རང་བཞིན་མེད་པར་མ་རྟོགས་པ་ལས། ཕྱིན་ཆད་ལུས་རང་བཞིན་མེད་པར་ཤེས་པའི་དགོས་པ་ཡོད་དོ། །དེ་ལ་བརྟེན་ནས་དངོས་གཞིའི་དུས་སུ་ལུས་ལ་ན་ཚ་སྡུག་བསྔལ་ཅི་བྱུང་ཡང་བདག་འཛིན་མེད་ཅིང་། བདག་མེད་དུ་ཤེས་པས་ལུས་ལ་ཆགས་ཞེན་དང་བྲལ་བའི་གདེངས་ཐོབ་ཅིང་ནད་གདོན་གྱིས་མི་ཚུགས། མཐར་ཐུག་ཕུང་པོ་འཇའ་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་པས་བརྩོན་འགྲུས་དྲག་པོས་འབད་པར་བྱའོ། །
སྤྱི་དོན་བཅུ་གཉིས་པ་གཉེན་བཙལ་གྱི་ལམ་ཁྱེར་ནི། འོ་ད་ལམ་ཁྱེད་རྣམས་མ་ཡེངས་པར་རྩེ་གཅིག་གུས་པ་དང་བཅས་པས་ལེགས་པར་གསན་འཚལ། དེ་ལ་ཆོས་ཉན་པའི་ཀུན་སྤྱོད་ནི་ཐེག་པ་ཆེ་ཆུང་ནས་ཇི་ལྟར་བྱུང་བ་བཞིན་གསན་པ་ལ་བསླབ་པར་བྱ་སྟེ། དེ་ཡང་སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཕྲོག་ནོར་གྱི་མཆོག །ཀུན་ནས་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། ཐབས་ཚུལ་མན་ངག་བསྟན་པ་གྲོགས་ཀྱི་མཆོག །ཡ་རབ་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་དུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་བ་ཉི་མའི་འོད་དང་འདྲ། །འདྲེན་པ་རྣམས་ཀྱིས་སྔགས་དང་དྲེགས་པ་སེལ། །ཞེས་གསུངས་པ་དང་། གཞན་ཡང་དམ་པའི་ཆོས་ཀྱི་ཆེད་དུ་དཀའ་བ་དང་དུ་བླངས་ཏེ་བརྩོན་པ་དྲག་པོས་ནན་ཏན་དུ་བསྒྲུབ་དགོས་པ་ཉིད་དེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས།ཐོག་མེད་དུས་ནས་ཉེ་བར་གོམས་པ་ཡི། །ཡིད་མཁར་ཉོན་མོངས་གདུང་བ་ཞི་བྱའི་ཕྱིར། །ནོར་བཟང་རྟག་ཏུ་ངུ་བཞིན་ཆོས་ཚོལ་བས། །སྐྱོ་ངལ་སྤངས་ལ་དགེ་བའི་བཤེས་གཉེན་བརྟེན། །ཞེས་གསུངས་པ་ལྟར། ལས་དང་ཉོན་མོངས་པ་མེད་པར་མ་གྱུར་གྱི་བར་དུ། དེ་དག་ཞི་བར་བྱ་བའི་ཕྱིར་རང་བས་ལྷག་པའི་བླ་མ་
བསྟེན་དགོས་ཏེ་ཡོན་ཏན་ལྷག་པར་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །དེ་ཚུལ་ཡང་། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཚོང་དཔོན་ནོར་རབ་ཏུ་བརྟན་པའི་བུ་ནོར་བཟང་གིས་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་སོང་སྟེ་རྟག་ཏུ་ཆོས་འཚོལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ལུང་བསྟན་ཅིང་བྱིན་གྱིས་བརླབས་པའི་བླ་མ་ལྔ་བཅུ་རྩ་བཞི། དེ་དག་གི་གདམས་པའི་རྗེས་སུ་བསྟན་པའི་བླ་མ་ལྔ་བཅུ་རྩ་བཞི་སྟེ་བརྒྱ་རྩ་བརྒྱད་བསྟེན་པའམ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཚོལ་བའི་ཚེ་ལུས་བཙོང་སྟེ། ཚོང་དཔོན་གྱི་བུ་མོ་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཤིང་རྟར་ཞུགས་ཏེ་ཤར་ཕྱོགས་སུ་གྲོང་ཁྱེར་སྤོས་ལྡན་དུ་སོང་ནས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་ནས་བསྙེན་བཀུར་བ་བཞིན་འབད་དེ།ལྷུར་བླངས་པར་བྱའོ། །
དེ་ལའང་གདོད་མའི་གཞི་འཁོར་བ་དང་མྱང་འདས་གང་ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སྔོན་རོལ་ནས། ཡུལ་ཆོས་ཀྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་སྟོང་ལ་གོ་འབྱེད་པ་ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ། དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་བའི་གཏིང་ལྟ་བུ། གསལ་ལ་སྒྲིབ་པ་མེད་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུ། ངོ་བོ་སྟོང་པ་རང་བཞིན་ཐུགས་རྗེ་གདངས་འགགས་པ་མེད་པར་བཞུགས་པ་ནི་གདོད་མའི་གནས་ལུགས་སོ། །དེའི་ངང་ལ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞིས་རྟ་བྱས་ཏེ་ཐུགས་རྗེ་རིག་པའི་སྙིང་པོ་ཕྱིར་གསལ་དུ་གཡོས་པ་ལས། ངོ་བོའི་ཆ་ལས་གོ་འབྱེད་པའི་ཡུལ་ལ། རང་བཞིན་གྱི་ཆས་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་ཤར་དུས། ཐུགས་རྗེའི་ཆས་ཡུལ་འབྱེད་པའི་ཤེས་རབ་དཔྱོད་བྱེད་དུ་སྐྱེས་པའི་སྐད་ཅིག་ལ་རང་ཤར་དུ་ཤེས་པས་རང་ངོ་ཤེས་ཏེ་གདོད་མའི་གཞི་ཐོག་དེ་ཉིད་དུ་རང་གྲོལ་བ་ནི་ཀུན་ཏུ་བཟང་པོ་གཞི་ནས་མངོན་པར་བྱང་ཆུབ་པའོ། །འདི་ཡི་དུས་ན་ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུའི་ཞིང་ཁམས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་རང་རིག་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་བདག་ཉིད་བཞུགས་པས་མཚན་མ་རིས་ཅན་གྱི་རྣམ་པའི་ཞལ་ཕྱག་ཏུ་གྲུབ་པ་ནི་མེད། དེ་འཆར་གཞིའི་གདངས་མ་འགགས་པ་ལས་རང་བཞིན་དང་ཐུགས་རྗེའི་སྣང་བ་འདུ་འབྲལ་མེད་པ་ཙམ་དུ་གནས་སོ། །དེའི་ཚེ་སྟོན་པ་ཕུན་སུམ་ཚོགས་པ་རང་ཤེས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དང་། ཆོས་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུས་བཞིའི་འཕོ་འགྱུར་མེད་པའི་རང་བཞིན་ཀུན་ཏུ་བཟང་མོའི་བདག་ཉིད་གཉིས་སུ་མེད་པ་ཉིད་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ་སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེ་འཕོ་འགྱུར་མེད་པའི་ངང་ལས་མི་གཡོ། མི་འབྱུང་། མི་གནས། མི་ལེན། མི་འདོར། མི་བསྐྱོད་པ་ཉིད་དུ་བཞུགས་སོ། །དེ་ལྟར་གདོད་མའི་གཞི་ལ་རང་སྣང་འོད་གསལ་གྱི་ཞིང་ཁམས་སུ་བཞེངས་ཏེ། སྐུ་གསུམ་གྱི་སྣང་བ་མ་ལུས་པ་རྫོགས་པར་མཛད་པ་ནི་ཞི་བ་ཆོས་ཀྱི་སྐུ་ཡི་གནས་ལུགས་སོ། །དེ་ཉིད་ཆོས་སྐུ་ལ་བྱ་བ་དང་བྱེད་པའི་ཡུལ་ལས་འདས་པའི་རྩལ་དང་མཚོན་པའི་རིས་མེད་དོ། །ལོངས་སྐུ་དང་སྤྲུལ་སྐུ་ལས་རྣམ་པར་འཕྲུལ་ཏེ། འགྲོ་བའི་གནས་དང་། སྟོན་པའི་བྱོན་ཚུལ་ནི། དེ་ནས་ཟབ་པ་ལོངས་སྐུའི་སྣང་ཆའི་རྩལ་ལས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུར་བྱོན་པ་ནི། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་སྣང་ཏེ། གནས་ཕུན་སུམ་ཚོགས་པ། རྣམ་དག་སྟུག་པོ་བཀོད་པ། སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད་གངས་ཅན་མཚོའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཁོར་ལོ་རིན་པོ་ཆེའི་ཁོང་སེང་ལས་པདྨའི་སྡོང་པོ་ཆེན་པོའི་ཟེ་བ་དང་། ཕྲུམ་ཕྲུམ་དང་། སྙིང་པོ་རྣམས་ཀྱི་སྟེང་ན་སྟོང་གསུམ་གྱི་འཇིག་རྟེན་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་དབུས་སྙིང་པོ་ལ་གནས་པའི་བཅུ་གསུམ་པ་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་གླིང་བཞི་རི་རབ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལེགས་པར་བཀོད་པ་འདི་ཉིད་གནས་སོ། །དེ་ལྟར་བརྩེགས་མའི་འཇིག་རྟེན་དེ་དག་ཀྱང་ཡས་མན་དུ་རྒྱ་ཐེབ་བརྩེགས་པ་ལྟ་བུ་ལ། ཕན་ཚུན་དུ་ཟ་འོག་གི་གུར་ཁྱིམ་བཀྲམ་པ་ལྟ་བུ་ན། སྟོན་པ་དང་། བསྟན་པ་དང་། འཁོར་དང་། ཆོས་དང་། དུས་ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དཔག་ཏུ་མེད་པས་བརྒྱན་པའོ། །ཞབས་ཀྱི་སྐྱིལ་མོ་ཀྲུང་མན་ཆད་ལ་ཞིང་ཁམས་ཆེན་པོ་བཅུ་དྲུག་གནས་པ་ན་ཡས་མན་དུ་རིན་པོ་ཆེའི་གདུགས་རྣམ་པར་བརྩེགས་པ་ལྟ་བུ་ལ། ཕན་ཚུན་འབྲུའི་ཕུང་པོ་དཔག་ཏུ་མེད་པ་བཀྲམ་པ་ལྟ་བུ་གང་ལ་གང་འདུལ་གྱི་སྟོན་པ་དང་ཆོས་ཀྱིས་བརྒྱན་པའོ། །བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ཐམས་ཅད་ལས་འཇིག་རྟེན་གྱི་ཁམས་གངས་ཆེན་མཚོའི་དབྱིབས་དང་། རྣམ་པ་དཔག་ཏུ་མེད་པས་བརྒྱན་པ་ན་རྣམ་པར་སྣང་མཛད་གངས་ཆེན་མཚོ་བཞུགས་པ་ཐམས་ཅད་ལས་སྔ་མ་བཞིན་དུ་འཇིག་རྟེན་གྱི་ཁམས་གངས་ཆེན་མཚོ་རྣམ་པར་བཀོད་པ་ན། ཡང་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་སྔ་མ་བཞིན་བཀོད་པ་སྟེ། འཇིག་རྟེན་དང་སྟོན་པས་ནམ་མཁས་གར་ཁྱབ་པ་སྣང་བ་ན་སེམས་ཅན་ཡང་དེ་ཙམ་དུ་ཁྱབ་པ་རྣམས་འདུལ་བའི་ཕྱིར་སྣང་བ་ཁོ་ནར་ཟད་དོ། །དེ་བཞིན་དུ་ཤར་ཕྱོགས་སུ་རྡོ་རྗེ་མི་བསྐྱོད་པ་དང་། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་དང་། ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་དང་། བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་རྣམས་སོ་སོའི་ཕྱག་མཚན་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྒྱ་གྲམ་རྣམས་ཀྱི་ཁོང་སེང་ནས་པདྨའི་སྡོང་པོ་ལ་རྡོ་རྗེས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དང་། པདྨ་བརྩེགས་པའི་འཇིག་རྟེན་གྱི་ཁམས་དང་། ལས་རབ་གྲུབ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་སྔ་མ་བཞིན་གནས་པས། ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་སེམས་ཅན་གྱི་ཁམས་ཀྱིས་རྣམ་པར་ཁྱབ་པ་ཐམས་ཅད་དུ། དེ་བཞིན་གཤེགས་པ་དེ་དག་གིས་ཁྱབ་ཅིང་གང་ལ་གང་འདུལ་གྱི་སྟོན་པ་དང་། འཁོར་དང་ཆོས་ལ་སོགས་ཕྱི་མའི་མུ་མཐར་ཐུག་པ་ཐམས་ཅད་དུ་གནས་པ་ནི་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་གཅིག་སྟེ། དཔལ་ཀུན་ཏུ་བཟང་པོ་གཞི་ཐོག་ནས་བྱང་ཆུབ་པ་དེ་ཡི་གདུལ་ཞིང་ཆེན་པོ་གཅིག་ཏུ་ལྷུན་གྱིས་གྲུབ་པ། སེམས་ཅན་ཐམས་ཅད་འཁོར་བ་ལས་མ་གྲོལ་གྱི་བར་དུ་བཞུགས་ནས་སྐུ་གསུང་ཐུགས་མི་ཟད་པ་བརྒྱན་གྱི་འཁོར་ལོ་འཇིག་རྟེན་དང་བསྐལ་བ་ཆེན་པོ་དེ་དག་ཏུ་གང་གིས་འདུལ་བའི་སངས་རྒྱས་ཀྱི་རྣམ་པ་དང་། ཆོས་དང་དགེ་འདུན་དང་དྲང་སྲོང་དང་། བྲམ་ཟེ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི་རྣམ་པར་སྤྲུལ་ནས་རང་བཞིན་ཤུགས་ཀྱི་མཛད་པས་འཁོར་བ་སྟོང་པར་མཛད་པ་ནི། ཚངས་ཆེན་ལ་བརྟེན་པའི་འཇིག་རྟེན་ཞེས་བྱ་སྟེ་འདུལ་བྱེད་ཀྱི་སྟོན་པ་རྣམ་པར་དག་པས་ཁོལ་བུར་སེམས་ཅན་གྱི་དོན་བྱེད་པའོ། །འཇིག་རྟེན་གྱི་ཁམས་དང་སྟོན་པ་ཉིད་གནས་པའི་ཡུན་ལ་སེམས་ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་བཏུལ་ཏེ། མཐར་རྡོ་རྗེའི་སྙིང་པོའི་ཐེག་པར་བཀོད་ནས་སེམས་ཅན་གཅིག་ཙམ་ཡང་མི་གནས་པར་སངས་རྒྱས་པ་ན་ཀུན་ཏུ་བཟང་པོའི་མཛད་པ་མཐར་ཕྱིན་ཏེ། ཚངས་ཆེན་གྱི་བསྐལ་བ་ཆེན་པོ་སྟོངས་པ་ཞེས་བྱའོ། །དེ་ལྟར་གངས་ཆེན་རིགས་ལྔ་སངས་རྒྱས་དེ་དག་གི་བསྟན་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་སུས་ཀྱང་བཀོད་པ་མེད་པར་རང་སྣང་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རྔ་སྒྲ་རྒྱུན་མི་འཆད་པའོ། །དུས་ཕུན་སུམ་ཚོགས་པ་ནི་ཆོས་ཉིད་འགྱུར་བ་མེད་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་རྣམས་སོ། །དེ་ལྟར་ཚངས་ཆེན་གྱི་བསྐལ་བ་ལ་རྣམ་དག་སྟུག་པོ་བཀོད་པའི་ཞིང་ན་བཞུགས་པའི་སྟོན་པ་གངས་ཆེན་མཚོ་ཇི་སྙེད་པ་དེ་དག་ཀྱང་མཛད་པ་སུམ་ཅུ་རྩ་དྲུག་གི་ངོ་བོར་བཞུགས་ཏེ། འདི་དག་ཀྱང་བཟུང་བའི་ཡུལ་དུ་ནི་མ་ཡིན་ལ། མཁྱེན་པའི་ཆ་ཙམ་ལ་དགོངས་པའོ། །དེ་ལྟར་ལོངས་སྐུ་ལས་རྒྱལ་བ་སྤྲུལ་པའི་སྐུར་བྱོན་པ་ནི་རང་བྱུང་གི་ཡེ་ཤེས་དཔྱོད་ཕྱིར་ཁ་ཕྱིར་བལྟས་པ་ལས་འགྲོ་བ་འདུལ་བྱེད་དུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཞི་བ་དང་ཁྲོ་བོའི་རང་བཞིན་སྣ་ཚོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཏུ་རང་བྱུང་སྟེ་སྟོན་པ་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ་པའོ། །བསྟན་པ་ཕུན་སུམ་ཚོགས་པ་ནི་རང་བཞིན་རྗོགས་པ་ཆེན་པོ་འོད་གསལ་བའི་དགོངས་པའོ། །འཁོར་ཕུན་སུམ་ཚོགས་པ་ནི་རང་གི་ཐུགས་རྗེ་ལས་འགྲོ་བ་འདུལ་བྱེད་དུ་སྤྲུལ་པ་ཕྱག་ན་རྡོ་རྗེ་ལ་སོགས་པའོ། །དུས་ཕུན་སུམ་ཚོགས་པ་ནི་གཉིས་མེད་རང་སྣང་ཆེན་པོའི་དུས་ནའོ། །གནས་ཕུན་སུམ་ཚོགས་པ་ནི་ཡེ་ཤེས་སྟུག་པོ་བཀོད་པའི་ཞིང་ནའོ། །སྟོན་པས་ཆོས་གསུང་ཚུལ་ནི་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་སོ། །དེ་དག་གིས་སྐུ་གསུམ་ཇི་ལྟར་འཆར་བའི་ཚུལ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་སྤྱིར་བསྟན་ནས། དེ་ལྟར་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་མཆོག་ཏུ་གྱུར་པ་ནི་རྫོགས་པ་ཆེན་པོའི་ཁྲིད་ཀྱི་རིམ་པ་ལ། གསུམ་པ་གཉེན་བཙལ་བ་ནི། མདུན་དུ་ཤིང་རིང་ལྟ་བུའི་དམིགས་རྟེན་མཚན་མ་གང་ཡང་རུང་བ་གཅིག་བཙུགས་ལ་ལུས་གནད་དང་ལྡན་པས་ངག་གིས་ཧཱུྃ་སྙན་ཞིང་རིང་པོར་བརྗོད་པས་སྙིང་ཁའི་ཧཱུྃ་ལས་ཧཱུྃ་གི་ཕྲེང་བ་བར་མ་ཆད་པར་བྱུང་། དམིགས་རྟེན་གྱི་རྩ་བ་ནས་རིམ་པར་གྲུ་གུ་ལྟར་ཁྲིལ་ཁྲིལ་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དེ་ཉིད་ལ་ཤེས་པ་གཏད་དེ་དལ་ཅིག་ལྷོད་ལ་ངལ་གསོ།དེས་ནི་ཤེས་པ་ལམ་མེ་བ་གཅིག་འོང་ངོ་། །དེ་ནས་ཡང་ཧཱུྃ་ཞེས་བརྗོད་པས་རིམ་བཞིན་ཧཱུྃ་གི་ཐག་པ་བཤིག་ནས་ཕྱིར་བཀྲོལ་བ་དེ་ཉིད་ནང་དུ་བསྡུས་ཏེ་རང་གི་སྙིང་ཁའི་ཧཱུྃ་ལ་ཐིམ་པར་དམིགས་ལ་ངལ་གསོ།ཡང་གནས་རི་མཐོན་པོ་དང་དེའི་རྩེ་མོའི་ཞིང་དང་ཁང་ཁྱིམ་དང་། ཤིང་སྡོང་པོ་ལ་སོགས་པ་རྣམས་ལ་སྔ་མ་བཞིན་ཏུ་དཀྲི་ཞིང་བཀྲོལ་བར་བྱ་བ་དང་། ཡང་མདུན་དུ་ཧཱུྃ་རིང་གཅིག་ལ་དམིགས་ཏེ། དེ་ལ་ཧཱུྃ་གི་ཐག་པ་དཀྲི་བཀྲོལ་གོང་བཞིན་བྱས་པའི་མཐར་ཤེས་པ་རང་མལ་དུ་བཞག་ནས་དལ་ཅིག་བློ་ངལ་གསོ་ཞིང་གློད་ལ་བཞག རྟགས་ནི་ལུས་ངག་ཡིད་གསུམ་ཞེན་པ་རང་ལོག་ནས་བསམ་བརྗོད་དང་བྲལ་བ་འབྱུང་ངོ་། །དགོས་པ་ནི་རླུང་སེམས་ཧཱུྃ་གསུམ་གཅིག་ཏུ་གྱུར་ནས་འགྲོ་ལྡོག་སྦྱངས་པ་བྱས་པས་སྔར་ཕན་ཆད་རིག་པ་ལ་རང་དབང་མ་ཐོབ་པ་དེང་ཕྱིན་ཆད་རང་དབང་ཐོབ་ཏེ།
དངོས་གཞིའི་དུས་སུ་རིག་པ་གར་ཡང་བསྒྱུར་དུ་གཏུབ་པའི་དགོས་པ་ཡོད་དོ།
།རྒྱས་པར་འདིར་གཉེན་བཙལ་བ་དང་། ལམ་དུ་ཞུགས་པ་གཉིས་སོ་སོར་ཕྲལ་ཏེ་ཆོས་ཐུན་གཉིས་མཛད་པའི་ཕྱག་སྲོལ་ཡོད་པས།དེ་བཞིན་དུ་མཛོད་ཅིག མཆན། དེ་ནས་བཞི་པ་ལམ་དུ་ཞུགས་པ་ནི། ལུས་གནད་སྔར་ལྟར་བྱས་ལ་རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོ་ཁྲུ་གང་བའི་རྣམ་པ་ཅན་དུ་བྱས་ལ། ངག་ནས་ཧཱུྃ་ཞེས་སྙན་ལ་ཤིན་ཏུ་རིང་བར་བརྗོད་ཅིང་། གོང་གི་ཧཱུྃ་ཡིག་དེ་ཉིད་མདུན་ནས་ཕར་ལ་སྲིན་འགྲོས་ལྟ་བུའི་ལམ་དུ་ཞུགས་ནས་སོང་སྟེ་འཁྱོགས་མཚམས་སུ་ཅུང་ཟད་རེ་ངལ་གསོ་ཞིང་རྒྱངས་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་ཧཱུྃ་རིང་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ངལ་གསོ། སླར་ཡང་ཆུ་ཡི་གཞུང་དང་རི་ལ་སོགས་པ་དང་སྔར་ཕྱིན་ཚད་ཀྱི་ཡུལ་རྣམས་སུ་ཡང་འགྲོ་ཞིང་འོང་བ་ལ་སེམས་བཟུང་། གཞན་ཡང་ལུང་པ་ཤིན་ཏུ་རིང་བ་འབབ་ཆུའི་རྒྱུན་དལ་གྱིས་འབབ་ཅིང་། ཤིང་དང་བྲག་དང་ནགས་འཐུག་པོས་གཏིབ་པ། ཆུ་འགྲམ་རྣམས་ན་ཁྲུས་ཀྱི་རྫིང་བུ་དང་། ནེའུ་སེང་དང་། ཤིང་ལྗོན་པ་དང་། མེ་ཏོག་ལ་སོགས་པ་སྣ་ཚོགས་པ་ཡོངས་སུ་རྒྱས་པ། བྱ་དང་རི་དྭགས་དུ་མ་གནས་པར་རང་ཉིད་ཧཱུྃ་གི་རྣམ་པ་ཅན་གཅིག་པུར་ཟླ་མེད་པར་འགྲོ་ཞིང་། སྐབས་སྐབས་སུ་ཆུ་དང་མེ་ཏོག་ལ་སོགས་པ་ཡོད་པའི་སར་ངལ་གསོ་ལ་དམིགས་པ་གཏད་དེ་ཧཱུྃ་གི་གླུ་རིང་ལ་སྙན་པ་བླང་ངོ་། །དེ་ལྟར་བྱས་པས་འཁོར་བ་ལ་སྐྱོ་ཤས་དྲག་པོ་གཏིང་ནས་སྐྱེ་བ་དང་། ཆོས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང་། ཤེས་པ་འབོལ་ཞིག་པ་འབྱུང་ངོ་། །དེས་ནི་རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །
དེ་ལྟར་ངག་གི་སྔོན་འགྲོ་བྱས་པའི་དགོས་པ་གཉིས་ཏེ། ཐུན་མོང་དང་མཆོག་གོ། དང་པོ་ནི། ངག་གི་མངོན་ཞེན་བཟློག་པ་དང་། ངག་གི་བར་ཆད་ཞི་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་ངག་གི་སྡིག་པ་མ་ལུས་པ་འདག་པའོ། །མཆོག་གི་དགོས་པ་ནི། ངག་འཁོར་བར་འཁྱམས་པ་མི་འཇུག་པ་དང་། ངག་ལོངས་སྐུར་གྲོལ་བ་དང་། དེ་གཉིས་ཀྱི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །
སྤྱི་དོན་བཅུ་གསུམ་པ་སེམས་ཀྱི་སྔོན་དུ་འགྲོ་བའི་ལམ་ཁྱེར་ནི། འོ་ད་ལམ་ཡང་ཁྱེད་འདིར་ཚོགས་ཤིང་འདུས་པ་རྣམས་ཀྱིས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་གྲོལ་བྱེད་གནད་ཀྱི་མན་ངག་ཟབ་མོ་དོན་གྱི་གནས་ལུགས་མངོན་སུམ་དུ་སྟོན་པའི་དོན་ཁྲིད་ཁྱད་པར་ཅན་གྱི་ཆོས་ལ་འཇུག་པར་བྱ་སྙམ་པའི་སྒོ་ནས་མ་ཡེངས་པར་གསན་འཚལ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་རྟེན་ནི་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་ཏེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དགེ་བའི་བཤེས་དང་དགེ་གྲོགས་བསྟེན་པ་ཡིས། །དགེ་ཚོགས་འཕེལ་ཞིང་འབྲས་བུ་བདེ་བ་ཐོབ། །སྲིད་ན་མི་འཇིགས་ཕན་བདེ་དཔག་མེད་ཅིང་། །འགྲོ་བའི་དོན་གཉིས་འབྱོར་པ་མཐའ་ཡས་འགྲུབ། །འདི་ནི་རྣམ་འདྲེན་རྒྱལ་བའི་སྤྲུལ་པ་སྟེ། །སྙིགས་མའི་དུས་སུ་དེ་ལྟར་སྣང་བ་ཡིན། །དེ་བས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སྐྱེས་བུ་དམ་པ་རྣམས་ལ་བསྟེན་པར་བྱ། །ཞེས་དང་། ཆོས་དྲན་འགྲོ་བའི་མདོ་ལས། དགེ་བའི་གྲོགས་ལ་བསྟེན་པ་ནི་དྲན་པ་དང་ཤེས་བཞིན་རྣམ་པར་དག་ཅིང་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོ། །ཡུམ་བར་མ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞེས་པ་དང་། སྡུད་པར། བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་བསྟེན་པ་ལ་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བ་ནི། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། ལྷའི་བུ་དགེ་བའི་བཤེས་གཉེན་བསྟེན་ཅིང་བཀུར་སྟི་བྱས་པ་ན་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དག་པ་མཐོང་བ་ཡིན་ནོ། །སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དམ་པ་ཐོབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བ་ཡིན་ནོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པ་འགྲུབ་པ་ཡིན་ནོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར།གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པ་བླ་ན་མེད་པ་སྔར་བྱོན་གྱི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ཅུང་ཟད་གླེང་ན། རྒྱ་གར་ཆོས་ཀྱི་འབྱུང་གནས་རྡོ་རྗེ་གདན་གྱི་ནུབ་བྱང་ཨོ་རྒྱན་ཐོར་ཅོག་གི་ཡུལ་ངྷ་ན་ཀོ་ཤའི་གླིང་ཞེས་བྱ་བ་ན་བཀྲ་ཞིས་བདེ་བྱེད་བརྩེགས་པ་ཞེས་བྱ་བའི་གཙུག་ལག་ཁང་ལ་གཙུག་ལག་ཁང་ཕྲ་མོ་སྟོང་ཕྲག་དྲུག་བརྒྱ་དང་བརྒྱད་ཀྱིས་བསྐོར་བའི་བར་ན། གསེར་གྱི་ཐག་པ་ལ་དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས་ཤིང་མི་ཁྱིམ་འབུམ་ཕྲག་སུམ་ཅུ་རྩ་གཉིས་དང་ལྡན་པ་ན། རྒྱལ་པོ་ཨུ་པ་ར་ཛཱ་དང་བཙུན་མོ་འོད་ལྡན་མ་གཉིས་ཀྱི་སྲས་མོ་སུ་ངྷརྨ་ཞེས་བྱ་བའི་དགེ་སློང་མ་ཞིག་དེ་ལས་དཔག་ཚད་གཅིག་འདས་པའི་ནུབ་ཕྱོགས་གསེར་གྱི་བྱེ་མ་བདལ་བའི་རྒྱ་མཚོའི་གླིང་ན་གདན་ལ་བཞུགས་པའི་རྨི་ལམ་ན་ཤེལ་ལས་གྲུབ་པའི་མི་དཀར་པོ་གཅིག་གིས་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་ཞིག་སྤྱི་བོར་བཞག་ནས་དབང་བསྐུར་བས་སྟོང་གསུམ་འཇིག་རྟེན་འོད་དུ་གསལ་བ་དུས་གཅིག་ལ་མཐོང་བ་རྨིས་སོ། །དེ་ཉིད་གཡོག་མོ་ལ་གསུངས་པས་ཉིད་ལ་སངས་རྒྱས་ཀྱི་སྲས་གཅིག་འཁྲུངས་པའི་ལྟས་ལགས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་རྩིབ་མ་གཡས་པའི་གོ་བར་ནས་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་བལྟམས་པ་དང་། ཡུམ་གྱིས་སྨྲས་པ། ཕ་མེད་བུ་འདི་འདྲེ་བས་གཞན་པ་སུ། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། །འདི་ལྟར་འབྱུང་བའི་དཔེ་ནི་སུས་མཐོང་མེད། །འདི་ནི་ལོག་སྲིད་འགྲོ་བས་བཅས་གྱུར་སྡིག་རེ་ཆེ། །ཞེས་བརྗོད་ནས་ཐལ་བའི་ཁུང་བུར་བོར་བ་ལས་བར་སྣང་ལས་ལྷ་རྣམས་ཀྱི་སྐུ་ཁྲུས་གསོལ་ཞིང་། །མགོན་པོ་ཆེན་པོ་བཅོམ་ལྡན་འདས། རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་སྐྱབས་པ་དང་། ནམ་མཁའི་རྡོ་རྗེའི་དེང་བདག་གསོལ། །ཞེས་བཀྲ་ཤིས་བརྗོད་ཅིང་མཁའ་འགྲོ་རྣམས་ཀྱིས་མཆོད་པའི་སྤྲིན་གཏིབ་ཏེ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཙནྡན་དང་གུར་གུམ་གྱི་ཆར་འབེབས་བ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྔ་བོ་ཆེ་བརྡུང་བ་དང་། དུང་འབུད་པ་དང་། རྒྱལ་མཚན་འཛིན་པ་དང་། བ་དན་སློང་བ་དང་། དྲང་སྲོང་རྒྱལ་པོ་རྣམས་ཀྱིས་ཀྱང་སྨན་དང་སྤོས་སྣ་ཚོགས་ཀྱི་སྤྲིན་ཕུང་གཏིབ་པ་མཐོང་ནས་སླར་བླངས་ནས་བཟོད་པར་གསོལ་ཏེ་སྤོས་ཆུ་དང་འོ་མས་བཀྲུས་ཏེ་གསོས་པས་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་ཆེར་བསྐྱེད་དོ། །དེ་ནས་ལོ་བདུན་ནས་ཆོས་ཀྱི་ཚིག་དོན་ལ་མ་བསླབ་པར་ཐུགས་སུ་འཁྲུངས་ཏེ། ཡུམ་ལ་པཎྜི་ཏའི་གནས་སུ་ཆོས་ཀྱི་གཏམ་གླེང་དུ་འགྲོ་བའི་སྐབས་དབྱེ་བར་ཞུས་པས་གནང་སྟེ། རྒྱལ་པོ་ཨུ་པ་རཱ་ཛའི་དྲུང་དུ་བྱོན་ནས་པཎྜི་ཏ་རྣམས་དང་མཇལ་བར་ཞུས་ཏེ་བྱོན་ནས་ཕན་ཚུན་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ལ་ཕེབས་པས་པཎྜི་ཏ་རྣམས་ཀྱིས་ཕྱག་འཚལ་ཏེ་ཞབས་སྤྱི་བོར་བླངས་ནས་སློབ་དཔོན་ཆེན་པོ་པྲ་བྷ་ཝ་ཞེས་བྱ་བར་མཚན་གསོལ་ཏོ། །རྒྱལ་པོ་ཡང་ཤིན་ཏུ་དགྱེས་ཏེ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་མཚན་གསོལ་ཏོ། །ཡུམ་གྱི་ཐལ་བའི་ཁུང་བུར་བོར་ཡང་མ་གཤེགས་པས་སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ཅེས་མཚན་གསོལ་ཏོ། །ཡུལ་མི་རྣམས་ཀྱིས་བསྒྲངས་ཀྱང་མ་གཤེགས་པ་ངོ་མཚར་ཆེ་ཞེས་བརྗོད་ནས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བར་མཚན་གསོལ་ཏོ། །དེ་ནས་བྱང་ཕྱོགས་ཉི་མ་རབ་ཏུ་སྣང་བྱེད་ལ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ་བསྟན་ནས་འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཏེ་གནས་པ་ལས། རི་བོ་དེ་ཉིད་ལ་མེ་ཏོག་གི་ཆར་འབེབས་ཤིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ། །ཞེས་པའི་སྒྲ་སྐབས་སུ་བྱུང་བས་དེ་དང་ཧ་ཅང་ཡང་མི་རིང་པ་ན་མུ་སྟེགས་ཀྱི་རྒྱལ་པོས་འདི་ཡི་རྒྱུ་ཅི་ཡིན་ཞེས་གྲོང་ཁྱེར་ཀུན་ཏུ་དྲིས་པས་བ་ལང་རྫི་བོ་གཅིག་ན་རེ་བྲག་རིའི་དྲུང་ན་དྲང་སྲོང་ཞིག་མཉམ་པར་བཞག་པའི་འཁོར་མེ་ཏོག་གི་ཆར་འབབ་ཅིང་རྣ་བར་རྭ་དུང་བུས་ཀྱང་མི་སད་པ་གཅིག་འདུག་པ་དེ་ཡིན་ལས་ཆེ་ཟེར་རོ། །དེའི་ཚེ་རྒྱལ་པོས་གཤེད་མ་ལ་བགོས་ནས་སློབ་དཔོན་གྱི་དྲུང་དུ་འོང་བ་དང་རེངས་ཏེ། སློབ་དཔོན་ཡང་ཏིང་ངེ་འཛིན་ལས་བཞེངས་ནས་སྤྲིན་པའི་གསེབ་ལ་ལམ་བྱུང་སྟེ་གཤེགས་པ་མཐོང་ནས་ཐམས་ཅད་དད་དེ་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ། ལྟ་བ་ལོག་པ་དོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །དེ་ནས་སྔར་གྱི་སངས་རྒྱས་ཀྱི་གསུངས་པའི་སྡེ་སྣོད་དང་ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས་རི་བོ་མ་ལ་ཡ་རིན་པོ་ཆེའི་རྣམ་པར་སྤུངས་པའི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ་ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་རྣམས་འདུ་བའི་བྲག་ཕུག་ཏུ་བཞུགས་སོ། །དེ་ནས་རྡོ་རྗེ་གདན་གྱི་བྱང་ཤར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིག་རྟེན་དང་ལས་ལ་གྲུབ་པའི་མཁའ་འགྲོ་མི་སྲུན་པ་སྣ་ཚོགས་ཀྱིས་གང་ཞིང་གསེར་གྱི་མཆོད་རྟེན་ཁྲི་འཕངས་ལྔ་པ་དྲིལ་བུ་འཆར་སྣའི་སྒྲ་སྒྲོག་ཅིང་དབུས་ན་དག་བྱེད་ཀྱི་མཚོ་ཡོད་པར་སློན་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད་དགོངས་པ་མཛད་ཅིང་བཞུགས་སོ། །དེའི་ཚེ་རྒྱ་ནག་པོའི་གྲོང་ཁྱེར་ཤོ་འཁྱམ་ནག་པོ་ན་ཁྱིམ་བདག་དགེ་ལྡན་བཟང་པོ་དང་ཡུམ་སྣང་གསལ་ལྡན་མའི་སྲས་ཤྲཱི་སེང་ཧ་ཞེས་བྱ་བ་འཁྲུངས་ཏེ། ལོ་བཅོ་ལྔ་ན་སློབ་དཔོན་ཧ་ཏི་བྷ་ལའི་དྲུང་དུ་སྒྲ་དང་ཚད་མ་དང་རྩིས་ལ་སོགས་པ་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པར་བསླབས་ནས་གྲོང་ཁྱེར་གསེར་ལྡན་དུ་འགྲོ་བའི་ལམ་ཁར་ནམ་མཁའི་དཀྱིལ་ནས་འཕགས་པ་སྤྱ་རས་གཟིགས་བྱོན་ནས་ལུང་བསྟན་པ། ཀྱཻ་སྐལ་ལྡན་ཚེ་གཅིག་གིས་འབྲས་བུ་ངེས་པར་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག་ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་འབྲས་བུ་གསང་སྔགས་ཉིད་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་ལོ་བདུན་དུ་སྔགས་ཕྱི་ནང་གི་དོན་ལ་ཐོས་པ་བྱའོ་སྙམ་ནས། རི་བོ་རྩེ་ལྔའི་ཤར་ཕྱོགས་ན་རྡོལ་བའི་སློབ་དཔོན་བྷེ་ལ་ཀིརྟི་ལ་སྔགས་ཕྱི་ནང་གི་རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པར་བསླབས་ཏེ་རེ་ཞིག་སྔ་དྲོའི་ཚེ་ཁྲུས་ཀྱི་རྫིང་བུར་ཞུགས་པ་ན་ཐུགས་རྗེ་ཆེན་པོས་ཡང་སྔ་མ་བཞིན་དུ་ལུང་བསྟན་ནས་མི་སྣང་བ་ན་རྒྱ་གར་ནི་ཤིན་ཏུ་བགྲོད་པར་དཀའ། རྐང་མགྱོགས་སྒྲུབ་ལ་འགྲོ་སྙམ་ནས་ལོ་གསུམ་སྒྲུབ་པས་གྲུབ་པའི་འོག་ཏུ་རྐང་མགྱོགས་ཀྱི་རྫུ་འཕྲུལ་ས་ལ་ཁྲུ་གང་གིས་མ་རེག་པར་བྱོན་ཏེ། ཉིན་མཚན་དགུ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ་ནས་ཕྱག་འཚལ་ཏེ་ཞབས་སྤྱི་བོར་བླངས་ཤིང་བདག་རྗེས་སུ་འཛིན་པར་ཞུས་པས་གནང་སྟེ་ཉི་ཤུ་རྩ་ལྔར་ཐིག་ལེ་མཆོག་གི་རྒྱུད་ལུང་མན་ངག་དང་བཅས་པའི་དབང་ཁྲིད་ཞུས་ནས་ཉམས་སུ་བླངས་པས་འོད་གསལ་ཆུའི་ཟླ་བ་ལྟ་བུའི་ལུས་ཐོབ་ནས་མཆོག་གི་དངོས་གྲུབ་མཉེས་པར་གྱུར་ཏོ། །དེའི་ཚེ་དུར་ཁྲོད་ན་གནས་པའི་མཁའ་འགྲོ་མ་རྣམས་དང་ཞིང་སྐྱོང་བ་ལང་ཀ་ཆེན་པོ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་བསྟན་པ་སྐྱོང་བར་ཁས་བླངས་ནས། །གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པ་གཏིབས་སོ། དེ་ནས་སློབ་དཔོན་ཆེན་པོ་དཔལ་གྱི་སེང་གེ་ཉིད་དུར་ཁྲོད་དེ་ལས་ནུབ་བྱང་དུ་དཔག་ཚད་གསུམ་འདས་པ་ན་དུར་ཁྲོད་ཆེན་པོ་རྩུབ་འགྱུར་གྱི་ཚལ་ཞེས་བྱ་བ་ཉིན་བཞིན་དུ་རླུང་འཚུབ་ལ་མཚན་བཞིན་དུ་མེ་འབར་བ་འཇིག་རྟེན་གྱི་མ་མོ་དང་མཁའ་འགྲོ་མང་པོ་རྣམས་རྒྱུ་བ་དགའ་བྱེད་ཀྱི་མཆོད་རྟེན་དང་། འཇིག་རྟེན་པའི་ལྷ་དགའ་བྱེད་དབང་ཕྱུག་གི་གནས་ཡོད་པར་བྱོན་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་པའི་ཕྱིར་བཞུགས་སོ། །དེའི་སྐབས་སུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་རྫུ་འཕྲུལ་གྱིས་བྱོན་ཏེ། སློབ་དཔོན་ཤྲཱི་སེངྷ་ལ་ཕྱག་དང་བསྐོར་བ་མཛད་ནས་རྗེས་སུ་བཟང་བར་ཞུས་པས་གནང་སྟེ། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་སེམས་ཀློང་མན་ངག་གི་སྐོར་མཐའ་དག་གནང་བ་རྣམས་ཀྱི་གནད་མཁའ་འགྲོ་སྙིང་ཐིག་ཏུ་གཏན་ལ་ཕབ་ནས་མཁར་ཆེན་བཟའ་མཚོ་རྒྱལ་ལ་གནང་བའི་གདམས་པ་ཁྱད་པར་ཅན་གྱི་སྒོ་ནས་ཁྲིད་པར་བྱེད་པ་ལ། ད་ལམ་གྱི་སྐབས་སུ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། འགྱུ་བྱེད་རླུང་དང་འདྲ་བའི་རིག་པའམ་སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་དང་པོ་གང་ནས་བྱུང་སེམས་འདི་ཡོད་ནས་བྱུང་ངམ་མེད་ནས་བྱུང་། སྣང་བ་ལས་བྱུང་ངམ་སྟོང་པ་ལས་བྱུང་། ཕྱི་སྣོད་ལས་བྱུང་ངམ་ནང་བཅུད་ལས་བྱུང་། ཕྱི་འབྱུང་བ་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ལས་རྡུལ་ཕྲན་དུ་བཤིགས་ནས་བཙལ་བས་མི་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་མགོ་དང་ཡན་ལག་སོ་སོར་བཙལ་ནས་རྙེད་དམ། གལ་སྟེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེ་དམིགས་ཨེ་རྙེད། མདོར་ན་འཚོལ་བྱའི་སེམས་ལ་ཕར་དཔྱད། ཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་རྩད་གཅོད་ཅིང་བསྐྱར་རོ། །གཉིས་པ་གནས་ས་ལ་བརྟགས་པ་ནི། ད་ལྟའི་ཤེས་རིག་གི་ངོ་བོ་འདི་ཕྱི་སྣོད་ལ་གནས་སམ། ནང་བཅུད་ལ་གནས་སམ། རང་གི་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན། །བརྟགས་ཅིང་དཔྱད་པས་དེ་དག་གང་དུ་ཡང་མ་གྲུབ་ན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས་ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པ་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོ་ས་ལ་བརྟགས་པ་ནི། དྲན་རིག་རླུང་དང་འདྲ་བ་འདི་ད་ལྟ་ཝལ་གྱིས་ཤར་མ་ཐག་ལ་ཡལ་གྱི་སོང་བ་སྙམ་བྱེད་པ་འདི་གང་དུ་འགྲོ། ཕྱི་སྣོད་དང་ནང་བཅུད་དུ་འགྲོའམ། སྣང་བ་དང་སྟོང་པ་ཡོད་པ་དང་མེད་པ་སོགས་གང་དུ་འགྲོ་བ་ལ་བརྟགས་པས་འགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བས་འགྲོ་བའི་ཡུལ་དང་། འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་ལྟར་སེམས་ཀྱི་སྔོན་འགྲོ་བྱས་པ་ལ་དགོས་པ་གསུམ་སྟེ། ཐུན་མོང་དང་མཆོག་དང་མཆོག་རབ་བོ། །དང་པོ་ནི། སེམས་ཐ་མལ་གྱི་མངོན་ཞེན་ལྡོག་པ་དང་། སེམས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི་བའོ། །གཉིས་པ་ནི། སེམས་འཁོར་བར་འཇུག་མི་སྲིད་པ་དང་། སེམས་ཆོས་ཀྱི་སྐུ་གཉིས་སུ་མེད་པར་གྲོལ་བར་འགྱུར་བའོ། །གསུམ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར་ཏེ་འགྲོ་དོན་མཁའ་ཁྱབ་ཏུ་འབྱུང་བའོ། །དེ་ལྟར་ཡང་ཀློང་གསལ་ལས། ལུས་ངག་ཡིད་གསུམ་སྔོན་འགྲོ་ནི། །ཐུན་མོང་ཁྱད་པར་མཐར་ཐུག་གི། དགོས་པ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དང་། ཡང་བཤད་མ་ཐག་པའི་དགོས་པ་སྔ་མ་གཉིས་ཐུན་མོང་། ཕྱི་མ་མཆོག་ཏུ་བྱས་ནས་གཉིས་སུ་ཡང་བཤད་དེ། །ཐལ་འགྱུར་ལས། འདི་ལ་དགོས་པ་རྣམ་པ་གཉིས། ཐུན་མོང་མཆོག་གི་དབྱེ་བས་བརྟགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་མཆོག་དང་ཐུན་མོང་གི་དགོས་པ་རྣམས་ཡིད་ལ་བཞག་པས་བྱུང་གནས་འགྲོ་གསུམ་བརྟག་པ་ལ་ནན་ཆགས་མཐར་ཐོན་པར་བྱའོ། །
སྤྱི་དོན་བཅུ་བཞི་པ་རྣལ་དུ་དབབ་པའི་རྣམ་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་ངང་ནས་ལེགས་པར་གསན་འཚལ། །
དེ་ཡང་རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུ་མན་ངག་མཐའ་དག་གི་དོན་གཅིག་དྲིལ་སྟོན་པ་ཁ་ཆེའི་པཎ་ཆེན་བཱི་མ་ལ་མི་ཏྲས་གསང་བ་སྙིང་ཐིག་ཏུ་གཏན་ལ་ཕབ་པ་རྒྱ་ཆེ་བ་བཱི་མའི་སྙིང་ཐིག་ཏུ་གྲགས་པ་དང་། དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་སྙིང་ཐིག་གཏན་ལ་ཕབ་པ་ཟབ་པ་པདྨའི་སྙིང་ཐིག་ཏུ་གྲགས་པ་དང་། གོང་མ་བསྡུས་འགྲེལ་དང་འོག་མ་ལ་རྒྱས་བཀོད་དུ་ཀུན་མཁྱེན་ཀློང་ཆེན་པས་མཛད་པ་ལ། ཡང་ཐིག་ཡིད་བཞིན་ནོར་བུའམ་བླ་མ་སྙིང་ཐིག་ཏུ་གྲགས་པ་དང་། མཁའ་འགྲོ་ཡང་ཐིག་སྟེ་བཀའ་གཏེར་སྡོམ་པས་སྙིང་ཐིག་ཡ་བཞིར་གསུངས་པ་ལས། འདི་ནི་ཟབ་གསང་མཁའ་འགྲོ་སྙིང་ཐིག་ཞེས་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་རྒྱུད་ལས་མན་ངག་ཏུ་བསྡུས། མན་ངག་ལག་ལེན་དུ་བཏབ་ནས་སྐལ་ལྡན་རྣམས་ལ་གནང་བའོ། །དེ་ལ་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ལ་སྤྲོས་ཏེ་ཅུང་ཟད་ཙམ་གླེང་ན། ཨོ་རྒྱན་གྱི་ཡུལ་རིན་ཆེན་འབར་བའི་གྲོང་ཁྱེར་ན་བཻ་ཌཱུཪྱའི་ཕོ་བྲང་ཕྱི་ནང་ཤིན་ཏུ་རྣམ་པར་དག་པ་ནོར་བུ་སྒྲོན་མའི་སྣང་བས་ཁྱབ་པ་ན། རྒྱལ་པོ་ཨིནྡྲ་བོ་ངྷི་དེ་ཉིད་བཙུན་མོ་བརྒྱ་རྩ་བརྒྱད་དང་ལྷན་ཅིག་ཕྱི་ནང་གི་བློན་པོས་བསྐོར་ཏེ་བཞུགས་པ་ལ། སྲས་མི་མངའ་བས་དབྱར་ར་བའི་ཚེས་བཅོ་ལྔ་ལ་དཀོན་མཆོག་མཆོད་དེ། མདོ་སྡེ་ཆོས་ཀྱི་སྤྲིན་བཏོན་ནས་སྦྱིན་གཏོང་གི་ཁང་པ་བརྩིགས་ཤིང་སྐྱེ་དགུ་རྣམས་ལ་སྦྱིན་པ་བརླབས་པོ་ཆེ་བཏང་བས་ལོ་མང་ཞིག་ལོན་པ་ན་དཀོར་མཛོད་ཐམས་ཅད་ཟད་ཀྱང་སློང་མོ་རྒྱུན་མ་ཆད་ནས་ལས་སུ་བསྐོས་པའི་མི་རྣམས་ཀྱིས་ད་ནི་བང་བཛོད་ཁང་ཐམས་ཅད་ཟད་པས་ཁྱེད་ཅག་ལ་སྦྱིན་རྒྱུ་མེད་དོ་ཞེས་སྨྲ་བ་དང་། གློ་བུར་དུ་ལྷག་པ་ཁ་གཅིག་གིས་སྨྲས་པ། བདག་ཅག་རྣམས་ལ་མ་བྱིན་ན་སྔར་བྱིན་པ་ཐམས་ཅད་དོན་མེད་ཞེས་བརྗོད་པས་རྒྱལ་པོའི་གསན་ཏེ་ཟད་མི་ཤེས་པའི་ཐབས་དྲིས་པས་ཕྱིའི་རྒྱ་མཚོའི་གླིང་ན་ཀླུའི་བུ་མོ་མཛེས་ལྡན་མ་ལ་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་ཡོད་དེ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་སྙིང་རྗེ་ལྡན་པས་བསླང་ན་སྟེར་བར་འགྱུར་རོ། །ཞེས་ཐོས་ནས་ཕྱིའི་རྒྱ་མཚོ་ལས་ནོར་བུ་ལན་མང་དུ་བླངས་པའི་དེད་དཔོན་ཞིག་དང་ལྷན་ཅིག་ཏུ་འགྲོ་བར་གྲོས་པ་ལ། བློན་པོ་རྣམས་ཀྱིས་མི་བཞུད་པར་གསོལ་ཀྱང་མ་གནང་སྟེ། ཚོང་པ་ལྔ་བརྒྱའི་འཁོར་དང་ལྷན་ཅིག་ཏུ་གཟིངས་ཀྱི་ནང་དུ་གཤེགས་སོ། །དེ་ནས་ཉིན་ཞག་འགའ་སོང་བ་ན་རིན་པོ་ཆེའི་གླིང་ནོར་བུ་སྣ་ཚོགས་ཀྱི་ཕྱེ་མ་བདལ་བར་ཕྱིན་ཏོ། །དེ་ཉིད་དུ་འཁོར་རྣམས་བཞག་སྟེ་རྒྱལ་པོ་དང་དེད་དཔོན་གཉིས་གྲུ་ཆུང་ངུར་ཞུགས་ནས་ཉིན་ཞག་འགར་སོང་བ་ལས། དངུལ་གྱི་རི་དང་། བཻ་ཌཱུཪྱའི་རི་སོགས་འདས་ཏེ་སོང་བའི་མཚམས་ན་སེར་པོ་ཞིག་སྣང་ནས་དྲིས་པས། འདི་ནི་གསེར་གྱི་རི་ཡིན་བདག་ཅག་དོངས་པའི་གནས་ལགས་སོ། །ཞེས་སྨྲས་ཏེ་སོང་བ་ལས།རི་དེའི་དྲུང་ན་གསེར་གྱི་བྱེ་མ་བདལ་བའི་ས་གཞིའི་མཚམས་སུ་བསླེབས་པ་དང་། དེད་དཔོན་གྱིས་སྨྲས་པ་རིའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་བུ་བརྩེགས་པ་ཞིག་ཡོད་དོ། །དེའི་སྒོ་དྲུང་ན་རྡོ་རྗེའི་གཏུན་བུ་གཅིག་ཡོད་ཀྱིས་དེ་ཡིས་སྒོ་བརྡུང་ལ་སེམས་ཅན་ལ་ཕན་པའི་ཕྱིར་ནོར་བུ་འདོད་དོ། །ཞེས་བརྡ་སྦྱར་ནས་ཅི་ཡང་མི་སྨྲ་བར་བཞུགས་ཤིག་དང་ཀླུའི་བུ་མོ་བརྒྱས་ནོར་བུ་འབུལ་དུ་འོང་གིས་དེ་དག་ལ་ཅི་ཡང་མ་སྨྲ་ཞིག་དེ་ནས་ཀླུའི་བུ་མོ་མཛེས་ལྡན་མས་ནོར་བུ་འབུལ་དུ་འོང་གིས་དེ་ཉིད་མྱུར་དུ་ལོང་ལ་གོས་ཀྱིས་དྲིལ་ཏེ་སྤྱི་བོར་བསྣོམ་ལ་བྱོན་ཅིག ཅེས་ལེགས་པར་གདམས་ཏེ་སོང་བ་ལས། སྔར་དེད་དཔོན་གྱིས་སྨྲས་པ་བཞིན་ཀླུའི་བུ་མོ་མཛེས་ལྡན་མ་སྔོན་མོ་ཤིན་ཏུ་མཛེས་ཤིང་ལྟ་བས་མི་ངོམས་པ་ཞིག་ཕྱིར་བྱུང་ནས་སྤྱི་གཙུག་གི་ནོར་བུ་ཕུལ་བ་བླངས་ཏེ་མྱུར་བར་ལོག་ནས་དེད་དཔོན་དང་ལྷན་ཅིག་རང་གི་འཁོར་ཡོད་པའི་གླིང་དེར་ཕྱིན་ནས་ཁ་ལོ་བསྒྱུར་ཏེ་འོང་བ་དང་།རྒྱ་མཚོའི་གླིང་ཞིག་ན་པདྨའི་སྡོང་པོ་མཛེས་པའི་སྟེང་ན་ཁྱེའུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་མཐོང་བ་ལ་དེའི་དྲུང་དུ་སོང་ནས་རྒྱལ་པོས་སྨྲས་པ། ཁྱེའུ་ཁྱེད་ཀྱི་ཕ་དང་རིགས་ནི་གང་། མིང་ནི་ཅི། ཡུལ་དང་ཟས་ནི་གང་། འདིར་དོན་ཅི་སྤྱོད་དྲིས་པས། ཁྱེའུས་སྨྲས་པ། ཕ་ནི་རང་རིག་ཀུན་ཏུ་བཟང་། མ་ནི་ཆོས་དབྱིངས་ཀུན་བཟང་མོ། །རིགས་ནི་དབྱིངས་རིག་གཉིས་སུ་མེད། །མིང་ནི་པདྨ་འབྱུང་གནས་དཔལ། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད། ཟས་ནི་གཉིས་སྣང་རྟོག་པ་ཟ། །དུས་གསུམ་རྒྱལ་བའི་སྤྱོད་པ་བྱེད། །ཅེས་གསུངས་པས། རྒྱལ་པོ་དགྱེས་ཏེ་སྤྲུལ་པའི་སྐུ་ཞིག་ཡིན་པར་འདུག་པས་བདག་གི་བུར་གསོལ་བ་གདབ་བོ་སྙམ་ནས་སྨྲས་པ། བདག་གི་མཆོད་གནས་དང་སྲས་སུ་གཤེགས་པར་གསོལ་བས་དེ་ལྟར་བགྱིའོ། །ཞེས་གནང་བ་དང་པདྨའི་སྡོང་པོ་བཅད་དེ་ཁྱེའུ་དེ་ཉིད་ནོར་བུ་རིན་པོ་ཆེ་དང་བཅས་པ་རང་གི་འཁོར་གྱིས་བསྐོར་ཏེ། ཨོ་རྒྱན་གྱི་ཡུལ་དུ་ཕྱིན་པ་དང་། ཕོ་བྲང་འཁོར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས་ཏེ་རྒྱལ་པོས་ནོར་བུ་ལ་གསོལ་བ་བཏབ་པས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་གདུགས་བྱུང་བར་རྒྱལ་བུ་བཞུགས་ཏེ་རྒྱལ་སྲིད་ལ་མངའ་གསོལ་བས་པདྨ་རྒྱལ་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོས་ནོར་བུ་ལ་གསོལ་བ་གདབ་ཅིང་སྨོན་ལམ་བཏབ་པས་དགོས་འདོད་ཀྱི་ཆར་ཆེན་པོ་བབས་པས་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་ནས་རྒྱལ་པོ་ཨིནྡྲ་བོ་ངྷིས་ནོར་བུ་ལས་དགོས་འདོད་བྱུང་བས་སུ་ཅི་འདོད་པ་རྣམས་ལོངས་ཤིག ཅེས་བརྗོད་ནས་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་མཆོད་པས་མཆོད་ནས་རྒྱལ་པོས་ཁྲུས་བྱས་ཕྱག་དང་ཐལ་མོ་སྦྱར་ནས་ངས་རྙེད་པའི་ནོར་བུ་འདི་ཡང་དག་པ་ཡིན་ན་སེམས་ཅན་རྣམས་ལ་ཅི་འདོད་པ་དེ་ཡི་ཆར་ཕོབས་ཤིག ཅེས་བརྗོད་པས་ཕྱོགས་བཞི་ནས་རླུང་ལངས་ཏེ་ཡུལ་འཁོར་གྱི་མི་གཙང་བ་ཐམས་ཅད་ཕྱགས་ཏེ་ཆར་ཟིམ་བུ་བབས་པས་རྡུལ་མི་ལྡང་བར་མནན་ཏེ། དང་པོ་ཁ་ཟས་རོ་བརྒྱའི་ཆར་བབས། དེ་ནས་གོས་ཀྱི་ཆར་བབས། དེ་ནས་ནོར་གྱི་ཆར་བབས་པས་གང་ལ་ཅི་འདོད་པའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས་དབུལ་ཕོངས་དང་བྲལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་རྒྱལ་སྲིད་བཟུང་བས་སེམས་ཅན་གྱི་དོན་མི་འབྱུང་བར་དགོངས་ནས། རྒྱལ་པོ་དང་བློན་པོ་རྣམས་སུན་ཕྱུང་བའི་ཕྱིར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། ཁ་ཊྭཱྃ་ཀ་ཕྱག་ནས་ཤོར་བའི་ཚུལ་གྱིས་ནང་བློན་ཆེན་པོའི་བུའི་མགོ་ལ་བསྣུན་ནས་ཤི་བར་གྱུར་པ་དང་། རྒྱལ་པོའི་ཁྲིམས་ལ་སུས་འདས་ཀྱང་ཆད་པའི་ལས་གཅོད་པའི་བློན་པོ་ཀུན་འཚོགས་ཏེ་རྒྱལ་པོ་ལ་གསོལ་བ་ལྷ་རྒྱལ་བུར་མངའ་གསོལ་ཡང་བློན་པོའི་བུ་ཉེས་མེད་བསད་པས་གསལ་ཤིང་རྩེ་ལ་སྐྱོན་པར་འཚལ་ཞུས་ཏེ། རྒྱལ་པོ་ནན་གྱིས་བཅོས་ཀྱང་མ་ཉན་པར་འོ་ན་སྐྱུགས་པར་བྱའོ་ཞེས་གསུངས་པས་ལེགས་སོ་ཞེས་བརྗོད་དོ། །དེ་ནས་རྒྱལ་པོ་ཐུགས་མ་བདེ་བཞིན་དུ་སློབ་དཔོན་ལ་གསུངས་པ། རིན་ཆེན་མཚོ་དཀྱིལ་བདྨའི་སྡོང་པོ་ལ། །ཕ་དང་མ་མེད་རང་བྱུང་སྤྲུལ་པའི་སྐུ། །བརྟུལ་ཞུགས་སྤྱོད་པས་བློན་པོའི་ཕྲུག་གུ་བསྐུམ། །བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད། །གསོད་ལ་སྐྱུགས་པར་གནང་བས་གང་དགར་བཞུད། །ཅེས་བརྗོད་པ་དང་། སློབ་དཔོན་གྱིས་གསུངས་པ།འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་། །ཡབ་དང་ཡུམ་གྱིས་རྒྱལ་སྲིད་ཉིད་ལ་བཀོད། །ཡུལ་ལ་ཞེན་མེད་སྐྱུགས་ཀྱང་འཇིགས་པ་མེད། །སྐྱེ་ཤི་གཉིས་མེད་བསད་ཀྱང་འཇིགས་པ་མེད། །རྒྱལ་སྲིད་གཉན་པས་སྐྱུགས་ཀྱང་ཤིན་ཏུ་ལེགས། །ཡབ་ཡུམ་དག་ཀྱང་ཡུན་དུ་བདེ་བར་བཞུགས། །ལས་ཀྱི་འབྲེལ་བས་ཕྱི་ནས་མཇལ་བར་ངེས། །ཞེས་བརྗོད་ནས་ཕྱག་འཚལ་ཏེ། ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་དུར་ཁྲོད་བསིལ་པའི་ཚལ་མི་མ་ཡིན་དང་གཅན་གཟན་མ་རུང་པ་རྣམས་ཀྱིས་གང་བ་དེར་བཞུགས་སོ། །ཡུལ་དེའི་མི་ཤི་ཚད་དུར་ཁྲོད་དེར་སྐྱེལ་བས་རོ་ཟས་དང་རོ་གོས་ལ་ལོངས་སྤྱོད་ཅིང་། བརྟུལ་ཞུགས་མཛད་པས་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས་ཏེ། པདྨ་ཐོད་ཕྲེང་རྩལ་ཞེས་མཚན་གསོལ་ཏོ། །དེ་ནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་དུ་སྤྱོད་པ་མཛད་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་མས་དབང་བསྐུར་བྱིན་བརླབས། སོ་སའི་གླིང་དུ་ཞི་བ་འཚོས་དབང་བསྐུར་ཞིང་མཁའ་འགྲོ་མ་རྣམས་ཀྱིས་བསྟོད་ཏོ། །རྒྱ་མཚོའི་གླིང་དུ་བྱོན་ནས་མཁའ་འགྲོ་མ་བཞི་དབང་དུ་བསྡུས། རྡོ་རྗེ་ཕག་མོས་དབང་བསྐུར་ཞིང་རྒྱུད་དང་གདམས་པ་མཐའ་དག་གསུངས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཐམས་ཅད་འགྲུབ་ཅིང་དབང་དུ་མཛད་ནས་རྡོ་རྗེ་དྲག་པོ་རྩལ་ཏེ་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཆེན་པོ་བརྙེས་སོ། །དེ་ལྟར་གྲུབ་པ་ཐོབ་ཅིང་ཆོས་ཐམས་ཅད་ལ་མངའ་བརྙེས་ཏེ་རང་བཞིན་སྤྲུལ་པའི་སྐུ་ཆེན་པོར་བཞུགས་ཀྱང་འགྲོ་བའི་ཁམས་དང་མོས་པ་སྣ་ཚོགས་པས་དེ་དག་སློབ་དཔོན་མེད་པས་མི་དད་པ་ལྡོག་པའི་ཕྱིར་རྒྱ་གར་གྱི་མཁས་གྲུབ་རྣམས་ལས་ཐོས་བསམ་མཛད་པའི་ཚུལ་ནི། དེ་ནས་ཟ་ཧོར་གྱི་སློབ་དཔོན་ཆེན་པོ་པྲ་བྷ་ཧ་སྟིའི་དྲུང་དུ་རབ་ཏུ་བྱུང་སྟེ་ཤཱཀྱ་སེང་གེར་མངའ་གསོལ་ནས་ཕྱི་ནང་གི་ཆོས་མཐའ་དག་མ་ལུས་པར་མཁྱེན་པར་མཛད་ཅིང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་ཡོ་ག་ཚེའི་རིག་འཛིན་ལ་མངའ་བརྙེས་སོ། །རྒྱ་གར་ལྷོ་ཕྱོགས་སུ་ཀླུ་སྒྲུབ་སྙིང་པོ་ལ་སྒྲ་དང་ཚད་མ་ནང་གི་དེ་ཁོ་ན་ཉིད་སོགས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་མ་ལུས་པར་གསན་ནས་མཁྱེན་པར་མཛད་ཅིང་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་དཔག་ཏུ་མེད་པའི་ཞལ་གཟིགས་སོ། །དེ་ནས་མུ་སྟེགས་པ་དང་རྩོད་པ་མཛད་པས་མུ་སྟེགས་པ་ཕམ་ནས་ནགས་ཚལ་དུ་མཐུ་བྱས་པ་ན་རྫུ་འཕྲུལ་གྱིས་ནགས་ལ་མེ་སྦར་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་པས་སེང་གེ་སྒྲ་སྒྲོགས་ཞེས་མཚན་གསོལ་ཏོ། །དེ་ནས་དགེ་སློང་མ་ཀུན་དགའ་མོའི་དྲུང་དུ་དབང་བསྐུར་བར་ཞུས་པས་ཞལ་དུ་གསོལ་ནས་གསང་བའི་པདྨོར་བཏོན་ཏེ་ཕྱི་ནང་གསང་བའི་དབང་དང་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་སོགས་པདྨ་གསུང་གི་སྒྲུབ་སྡེ་གསན་ཅིང་གྲུབ་པ་བརྙེས། འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔར་སྒྱུ་འཕྲུལ་དྲྭ་བ་ལ་སོགས་འཇམ་དཔལ་གྱི་རྒྱུད་ལུང་མན་ངག་རྣམས་གསན། ཧཱུྃ་ཀ་རའི་དྲུང་དུ་ཧེ་རུ་ཀ་གལ་པོའི་རྒྱུད་སོགས་ཡང་དག་ཐུགས་ཀྱི་རྒྱུད་ལུང་། པྲ་བྷ་ཧ་ཏིའི་སྤྱན་སྔར་རྡོ་རྗེ་ཕུར་པའི་ཆོས་སྡེ་མཐའ་དག་དང་། སངས་རྒྱས་གསང་བའི་དྲུང་དུ་གསང་བའི་སྙིང་པོ་ལ་སོགས་པ་ཞི་ཁྲོ་སྒྱུ་འཕྲུལ་གྱི་རྒྱུད་དང་། སློབ་དཔོན་རྡོ་རྗེ་མི་འགྱུར་ལ་བདུད་རྩི་ཡོན་ཏན་གྱི་རྒྱུད། ངྷ་ན་སང་སྐྲི་ཏ་ལས་སྲིད་པ་མ་མོའི་རྒྱུད། རམྦུ་གུ་ཡར་དམོད་པ་དྲག་སྔགས་དང་འཇིག་རྟེན་མཆོད་བསྟོད་ཀྱི་རིམ་པ་སྟེ་རྒྱུད་སྡེ་མཐའ་དག་གསན་ཞིང་མཁྱེན་པར་མཛད་ནས་བསྒྲུབ་པས་དཀྱིལ་འཁོར་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས་ཤིང་སློབ་དཔོན་ཆེན་པོ་བློ་ལྡན་མཆོག་སྲེད་དུ་མཚན་གསོལ། གཞན་ཡང་འཛམ་བུའི་གླིང་ན་ཇི་སྙེད་པའི་ཆོས་མ་ལུས་པར་མཁྱེན་པར་མཛད་ནས། ས་ཡི་སྟེང་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་གྲུབ་པ་བརྙེས་ཏེ། རྒྱ་གར་ཤར་ནུབ་ལ་སོགས་པའི་ཕྱོགས་གང་དང་གང་དུ་བཞུད་པ་ཐམས་ཅད་དུ་ཉི་མའི་ཟེར་ལ་བཅིབས་ནས་གཤེགས་པས་ཉི་མ་འོད་ཟེར་ཞེས་མཚན་གསོལ། ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མནྡྷ་ར་བ་དབང་དུ་མཛད་ནས་ནགས་ལ་བཞུགས་པ་ལས་འགྲོ་བ་འདུལ་བའི་དུས་ལ་བབ་པས། ཡབ་ཡུམ་གཉིས་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པས་མི་རྣམས་མ་དད་དེ་དགེ་སྦྱོང་གི་གཟུགས་ཅན་འདིས་རྒྱལ་པོའི་རིགས་བསླད་ཅིང་སངས་རྒྱས་ཀྱི་བསྟན་པར་རྨ་ཕྱུང་བས་དུར་ཁྲོད་དུ་བསྲེགས་ཤིག་ཟེར་ནས་ཐམས་ཅད་ཀྱིས་ཙནྡན་ཁུར་རེ་དང་ཏིལ་མར་ཁལ་རེ་རོ་རས་ཡུག་རེས་དྲིལ་ནས་བསྲེགས་པས་ཞག་དགུར་དུ་བ་མ་ཆད་ནས་བལྟས་པས་མེ་ལྕེ་ཕྱིར་འབར་ནས་རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཚིག་ཅིང་། ཏིལ་མར་རྒྱ་མཚོ་འཁྱིལ་བའི་དབུས་ན་པདྨའི་སྡོང་པོ་ལ་ཡབ་ཡུམ་གཉིས་བཞུགས་པ་མཐོང་ནས་འགྱོད་དེ་བཤགས་པ་བྱས་ནས་རྗེས་སུ་བཟུང་བར་ཞུས་པས་གྲོང་ཁྱེར་གྱི་མེ་ཞི་ཞིང་ཆོས་གསུངས་པས་ཐམས་ཅད་ཀྱིས་ཆོས་མིག་རྡུལ་དང་བྲལ་བ་རྙེད་ནས་པདྨ་འབྱུང་གནས་ཞེས་བསྟོད་ཅིང་འདུད་དོ། །དེ་ནས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་ན་སྔར་གྱི་མི་ཀུན་གྱི་ངོ་ཤེས་ཏེ་བློན་པོའི་བུ་གསོད་པ་དེ་གནོད་པ་སྐྱེལ་དུ་བྱུང་གི་བསྲེགས་ཤིག ཅེས་བསྒྲགས་ཏེ་སྔ་མ་བཞིན་བསྲེགས་པས་ཞག་ཉི་ཤུ་རྩ་གཅིག་ཏུ་དུ་བ་མ་ཆད་ནས་བལྟས་པས་སྔ་མ་ལྟར་འདུག་པ་མཐོང་ནས་བཟོད་པར་གསོལ་ནས་པདྨ་ཐོད་ཕྲེང་རྩལ་ཞེས་བསྟོད་ཅིང་རྗེས་སུ་བཟུང་བར་ཞུས་པས་ལོ་བརྒྱད་བཞུགས་ཏེ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་ཆོས་གསུངས་ཨོ་རྒྱན་གྱི་ཡུལ་ཁམས་ཐམས་ཅད་ཆོས་ལ་བཀོད། རྒྱལ་པོ་ཨིནྡྲ་བོ་ངྷི་འཁོར་ཚོམ་བུ་དང་བཅས་པས་གྲུབ་པ་ཐོབ་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རྡོ་རྗེ་ཕག་མོས་ལུང་བསྟན་པ། །སྐལ་ལྡན་འབྲས་བུ་ཚེ་གཅིག་ངེས་པའི་ལུང་། །གང་དང་མི་འདྲ་ཀུན་གྱིས་མ་རྟོགས་པ། །ཤྲཱི་སེང་ཧ་རྡོ་རྗེའི་ཐུགས་ལ་གནས། རྩུབ་འགྱུར་ཚལ་དུ་དགོངས་པ་རྙེད་པར་འགྱུར། །ཞེས་གསུངས་པ་དང་། སྐད་ཅིག་གིས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོར་རྫུ་འཕྲུལ་གྱིས་བྱོན། སློབ་དཔོན་ཆེན་པོ་ཤྲཱི་སེང་ཧ་ལ་ཕྱག་དང་བསྐོར་བ་མཛད་ནས་རྗེས་སུ་བཟུང་བར་ཞུས་པས་གནང་སྟེ། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་སེམས་ཀློང་མན་ངག་གི་སྐོར་མཐའ་དག་གསུངས་ཤིང་། ཁྱད་པར་དུ་ཕྱི་ནང་གསང་བའི་སྐོར་མ་ལུས་པ་གསན་དུས། ཡང་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་མཐོང་ཞིང་། ཆོས་སྐུའི་ཞིང་ཁམས་སུ་སངས་རྒྱས་པའི་གདམས་ངག་གཅིག་གནང་བར་ཞུ་འཚལ་གསོལ་པ་དང་། ཤྲཱི་སེང་ཧས་གསུངས་པ། རིགས་ཀྱི་བུ་ཤིན་ཏུ་ལེགས་ཀྱིས་ཆོས་ཐམས་ཅད་ཀྱི་ཡང་རྩེ། ལྟ་བ་ཐམས་ཅད་ཀྱི་ཞེ་ཕུག ཐེག་པ་ཐམས་ཅད་ལས་འདས་ཤིང་མཁའ་འགྲོ་ཐམས་ཅད་ཀྱི་སྙིང་ཐིག་གསང་བ་བས་ཀྱང་ཆེས་གསང་བའི་དོན།འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་ཆེན་པོ་སེམས་ལས་འདས་པ།ཡིད་དང་བྲལ་བ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པ། ཡིན་མིན་གྱི་མཐའ་ལ་མི་གནས་ཤིང་ལྟ་བསྒོམ་བསྐྱེད་རྫོགས་ཀྱི་ཡུལ་ལས་འདས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རིག་འཛིན་ཆེན་པོ་རྣམས་ཀྱི་ཉེ་ལམ། མཐར་ཐུག་པའི་མན་ངག་བླ་ན་མེད་པ་ལོ་གསུམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་གདམས་པ་ཞིག་ཡོད་ཀྱི་བསྟན་པར་བྱ་ཞེས་གསུངས་ནས། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་དབང་དང་། དེའི་ཉམས་ལེན་མན་ངག་གི་ཡི་གེ་རབ་ཏུ་མང་པོ་དང་། དེའི་རྒྱབ་བརྟེན་དུ་སྒྲ་ཐལ་འགྱུར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་བཅོ་བརྒྱད་ཡོངས་སུ་རྫོགས་པར་གསུངས་ཤིང་བསྟན་པ་གཏད་དེ། ལོ་ཉི་ཤུ་རྩ་ལྔའི་བར་དུ་གདམས་པ་ཐོས་བསམ་མཛད་ཅིང་བཞུགས་སོ། །དེ་ནས་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་ལོ་གསུམ་ཉམས་སུ་བླངས་པས་སྐྱེ་ཤི་གཉིས་སྤངས་ཆུ་ཡི་ཟླ་བ་ལྟ་བུའི་སྐུ་གྲུབ་ནས་རྫུ་འཕྲུལ་གྱིས་གནས་རྣམས་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་གྱི་འགྲོ་བ་རབ་ཏུ་མང་པོ་ལ་ཕན་པར་མཛད་ཅིང་། ཁྱད་པར་དུ་རྒྱ་གར་གྱི་རྒྱལ་པོ་ངྷརྨ་པ་ལའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་། མཚན་མོ་དུར་ཁྲོད་བསིལ་བའི་ཚལ་དང་། སོ་ས་གླིང་དང་། རབ་ཏུ་སྣང་བྱེད་དང་། དགའ་བྱེད་དང་། བྷ་སིང་དང་། འཇིགས་བྱེད་ལ་སོགས་པར་བྱོན་ཏེ། མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། །དེའི་ཚེ་བོད་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་དམ་པའི་ཆོས་ཀྱི་གདམས་པ་རྒྱ་ཆེར་གནང་སྐབས་ཡང་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་འདི་རྣམས་གསུངས་སོ། །
སྐབས་འདིར་རྣལ་དུ་དབབ་པ་ལ་གཉིས་ལས། རྣལ་དབབ་དངོས་དང་། སོར་འཇུག་པའོ། །དང་པོ་རྣལ་དུ་དབབ་དགོས་པ་བསྟན་པ་དང་ཇི་ལྟར་དབབ་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ལུས་ངག་ཡིད་གསུམ་འབྱུང་འཁྲུགས་པ། དེ་དག་གྲོལ་བྱེད་རྣལ་དུ་དབབ། ཅེས་གསུངས་པས། གོང་དུ་ལུས་ངག་ཡིད་གསུམ་གྱི་སྔོན་དུ་འགྲོ་བའི་ལས་བྱས་པས་ཆད་པ་ངལ་གསོ་བ་སྟེ། རྟོག་རྩེ་པའི་ཞལ་སྔ་ནས། དུབ་པ་སེམས་ཉིད་མགྲོན་པོ་དག སྤྲོས་དང་བྲལ་བར་ངལ་གསོ་ཞིང་། །སོ་མ་གཉུག་མ་རང་བབ་ངང་།མ་བཅོས་ཕྱག་རྒྱ་ཆེན་པོའོ། ཞེས་སོ། །གཞན་ཡང་རྩ་ཁམས་འབྱུང་བ་འཁྲུགས་པས་ལུས་ངག་ཡིད་གསུམ་འཁྲུགས་ཞིང་དེ་ཁོ་ན་ཉིད་ཀྱི་དགེ་སྦྱོར་ལ་མི་འཇུག་པས་ངལ་གསོ་ཞིང་སྒོ་གསུམ་རྣལ་དུ་དབབ་པ་ནི། འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་པས། དེ་ཡང་འཁོར་བའི་ཆོས་སྤངས་བྱའི་རྣམ་རྟོག་དང་། གཉེན་པོའི་ཆོས་དགེ་བའི་རྣམ་རྟོག་གང་ཤར་ཡང་རྣམ་པ་གང་གསལ་བ་དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམ་པས་རྣམ་པར་རྟོག་པ་གནས་འགྱུར་ནས་རྣམ་པར་མི་རྟོག་པར་འགྱུར་ཏེ། དཔེར་ན་ཆུ་རྙོགས་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་པས་དྭངས་པར་འགྱུར་བ་བཞིན་ནོ། །དེ་ཡང་རྟོག་པ་ནན་གྱིས་བཀག་ན་སེམས་མི་གནས་པའི་ཁར་སླར་གེགས་སུ་འགྲོ་ཞིང་ཏིང་ངེ་འཛིན་སྐྱེ་དཀའ་བར་དགོངས་ནས། མདོ་སྡེ་རྒྱན་ལས་ཀྱང་། གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །དེ་ཡིས་རྣམ་གྲོལ་འགྱུར་དེས་ན། །དེ་ཡང་དེ་དག་ལས་ངེས་འབྱུང་། །ཞེས་དང་། རྟགས་གཉིས་ལས། ཆགས་པས་འཇིག་རྟེན་འཆིང་གྱུར་ན། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་ཐབས་ལ་མཁས་པར་གསུངས་པ་དང་། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་འགྲུབ། །དེ་ལྟ་བས་ན་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་དབུས་མཐའ་ལས་ཀྱང་གསུངས་པ་བཞིན་ཏེ། དེ་ལྟར་སྔར་བཤད་པའི་འཁོར་འདས་རུ་ཤན་དབྱེ་བ་སོང་། ཐ་མལ་གྱི་སྣང་བ་བག་ཆགས་སོགས་ཀྱི་ཞེན་སྣང་རགས་པ་བློ་ལ་འཆར་བདེ་བ་རྣམས་དང་། དེ་ནས་ནང་གི་ཤན་འབྱེད་དང་རྒྱས་གདབ་རྩལ་སྦྱངས་སོགས་ཕྱེ་བ་རྣམས་ལ་རིམ་གྱིས་བསྡུས་པའི་དབང་ཤེས་གཞན་དུ་མ་ཡེངས་པར་འཆར་ཞིང་། དེས་ཡིད་ཤེས་ཚོགས་དྲུག་གཅིག་ཏུ་འདུས་ཤིང་ཡུལ་གཞན་ལ་འཕྲོ་བའི་སེམས་ཉེ་བར་ཞི་བར་བྱེད། དེ་ནས་ཆོས་འདུས་མ་བྱས་པ་དང་འབྲེལ་བ་ཡུལ་དྲུག་དམིགས་པའི་རྟེན་དེ་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤངས་བྱ་དང་གཉེན་པོའི་མཚན་མ་གང་ལ་ཡང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང་། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་པའི་ཕྱིར་རྣལ་དུ་དབབ་པའོ། །གཉིས་པ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནས། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་གསུངས་པས། བདེ་བའི་མལ་དུ་ལུས་སེམས་དཔའི་སྐྱིལ་ཀྲུང་ངམ་ཙོག་པུ་གང་བདེར་རང་བབས་སུ་ལུས་ཀྱི་ཆ་རྣམས་ཀློད་དེ། །སྒུལ་བསྐྱོད་མེད་པར་བདེ་བར་ཀློད་དེ་གནས་པར་བྱའོ། །ངག་སྨྲ་བརྗོད་བཟང་ངན་ཅི་ཡང་མི་སྨྲ་ཞིང་དབུགས་ཀྱི་རྒྱུ་བ་ཟོ་ཀློད། ཅ་ཅོ་མེད་པར་བཟླས་བརྗོད་སོགས་སྤངས་ལ་རླུང་ཡང་བཟོ་བཅོས་མེད་པར་བཞག་གོ །སེམས་མི་དགེ་བ་དང་ལུང་མ་བསྟན་ལ་སོགས་དུས་གསུམ་རྟོག་པའི་རྗེས་ཕྱིར་མི་སྤྲོ། གཞན་ཡང་དགེ་བའི་ཆར་གཏོགས་པའི་རྣམ་པར་རྟོག་པ་ཙམ་ཡང་བཏང་ནས་རང་བབས་སུ་འཇོག་སྟེ་ཆུ་མ་རྙོགས་ན་དྭངས་པ་ལྟར་སྒོ་གསུམ་གཞི་ཐོག་ཏུ་དྭངས་པར་འགྱུར་བས་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་རྟགས་ནི། ལུས་རྣལ་དུ་ཕེབས་ན་ལུས་སྒུལ་བསྐྱོད་བྱེད་སྙིང་མི་འདོད་པ་འབྱུང་། ངག་རྣལ་དུ་ཕེབས་ན་སྨྲ་སྙིང་མི་འདོད་པ་འབྱུང་། ཡིད་རྣལ་དུ་ཕེབས་པས་འཕྲོ་འདུས་རྟོག་པ་ཐམས་ཅད་རང་སར་དག་ནས་འགྲོ་སྟེ། རྟགས་དེ་ལྟར་མ་བྱུང་གི་བར་དུ་འབད་དེ་ཉམས་སུ་བླངས་སོ། །དེ་ལྟར་ཡང་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་གསུངས་པ་དང་གནད་གཅིག་གོ །དེ་ལྟར་རྣལ་དུ་ཕེབས་པའི་ཕན་ཡོན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་དབབ་པ། འབྱུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ལ། གནས་སྐབས་དང་མཐར་ཐུག་གི་དགོས་ཆེད་གཉིས་ལས། གནས་སྐབས་སུ་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་ཅིང་འབྱུང་བ་མི་འཁྲུགས་པ་སྟེ། ནད་རྐྱེན་མི་འབྱུང་ཞིང་བསམ་གཏན་གྱི་ངང་ལ་རང་བཞིན་གྱིས་གནས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རང་སོར་གནས་པས་བྱང་སེམས་རྒྱས་པའི་དགོས་པ་ཡོད་དོ། །ངག་རྣལ་དུ་ཕེབས་པས་བརྗོད་པའི་ཚིག་རང་དག་སྟེ་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །སེམས་རྣལ་དུ་ཕེབས་པས་རྟོག་པ་ཐམས་ཅད་རང་སར་གྲོལ་ནས་རང་བཞིན་རྫོགས་པ་ཆེན་པོ་བསམ་བརྗོད་ལས་འདས་པའི་ངང་དུ་རང་བབས་སུ་གནས་པའི་དགོས་པ་ཡོད་དོ། །མཐར་ཐུག་མཆོག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་འཛིན་པ་རང་དག་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ཡང་ལུས་རྣལ་དུ་ཕེབས་པས་སྤྲུལ་པའི་སྐུ་ལ་རེག་པ་ཡིན་ནོ། །ངག་རྣལ་དུ་ཕེབས་པས་ལོངས་སྤྱོད་རྫོགས་པའི་སྐུ་ལ་རེག་པ་ཡིན་ནོ། །ཡིད་རྣལ་དུ་ཕེབས་པས་ཆོས་ཀྱི་སྐུ་ལ་རེག་པ་ཡིན་ནོ། །དེ་ལྟར་ལུས་ངག་ཡིད་གསུམ་དབྱེར་མེད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ངང་ལ་གནས་པ་ཡིན་ནོ། །དེ་ཡང་འདས་རྗེས་ལས།རིགས་ཀྱི་བུ་ལུས་ཀྱི་དལ་བ་ལ་བརྟེན་ནས་སྤྲུལ་པའི་སྐུ་ལ་རེག་པ་ཡིན་ནོ། །ངག་གི་དལ་བ་ལ་བརྟེན་ནས་ལོངས་སྐུ་ལ་རེག་པ་ཡིན་ནོ། །སེམས་ཀྱི་དལ་བ་ལ་བརྟེན་ནས་ཆོས་སྐུ་ལ་རེག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རྣལ་དུ་མ་ཕེབས་ན་གོང་གི་ཡོན་ཏན་དེ་རྣམས་ལས་བཟློག་པའི་སྐྱོན་ཡོད་དོ། །དེ་ལྟར་གོང་གི་རྣལ་དུ་ཕེབས་པའི་རྟགས་རྣམས་མ་བྱུང་གི་བར་དུ་བརྩོན་པར་གྱིས་ཤིག
སྤྱི་དོན་བཅོ་ལྔ་པ་སོར་འཇུག་པའི་རིམ་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་གདམས་པ་རྣམས་ཉན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་ལེགས་པར་གསན་འཚལ།
དེ་ཡང་ཇི་སྐད་དུ། ཐང་ཡིག་ལས།མིག་གི་དབང་པོས་ཆོས་སྨྲའི་ཞལ་ལ་བལྟ། རྣ་བའི་དབང་པོས་མ་ཡེངས་གསུངས་ལ་ཉན། །ཡིད་ཀྱི་དབང་པོས་ཚིག་བཟུང་དོན་ལ་བརྟགས། །ཞེས་གསུངས་པ་ལྟར།སྒོ་གསུམ་མ་ཡེངས་པར་དོན་གཉེར་འདོད་འདུན་དང་བཅས་པས་ཉན་པ་ལ་བསླབ་པར་བྱའོ། །
དེ་ལ་སྐབས་འདིར་སྙིང་ཐིག་གི་གཏེར་འབྱུང་ལས་སྤྲོས་པས་བོད་འདིར་ཆོས་ཀྱི་བྱུང་ཚུལ་ཅུང་ཟད་བརྗོད་ན། གངས་ཅན་བོད་ཀྱི་ལྗོངས་འདིར་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དུ་བྱིན་གྱིས་བརླབས་ནས་འཕགས་པའི་སྤྲུལ་པ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་བསྡེབས་པ་ལས། བོད་ཀྱི་མི་དང་ཡུལ་གྲུ་རྣམས་ཆགས་པ་ལས། སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རྒྱ་གར་ནས་རྒྱལ་རིགས་ནམ་མཁའ་ལས་བབས་པའི་བོད་ཀྱི་རྗེ་ཡི་སྔ་བ་གཉའ་ཁྲི་བཙན་པོ། དེའི་གདུང་རབས་གནམ་ལ་ཁྲི་བདུན་ས་ལ་ལེགས་དྲུག་སིལ་མ་བདུན་ཚིགས་ལ་བཙན་ལྔ་རིམ་པར་བྱོན་པ་ལས། རྒྱལ་པོ་ཐོ་ཐོ་རི་སྙན་བཙན་ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་དུས། རྒྱ་གར་དུ་རྒྱལ་པོ་ཛ་ཡི་ཁང་སྟེང་དུ་ཏནྟྲ་སྡེ་བཅོ་བརྒྱད་ཆར་བབས་པའི་དུས་སུ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ལས་བོད་ཀྱི་ཆོས་སྐལ་ལ་ཉི་མ་ཤར་བ་དང་དུས་མཉམ་དུ་ཟ་མ་ཏོག་སྤང་སྐོང་ཕྱག་རྒྱ་དང་། ཙིནྡྷ་མ་ཎིའི་སྐོས་ཕོར་རྣམས་འཇའ་འོད་ཀྱི་གུར་ཕུབ། མེ་ཏོག་གི་ཆར་བབས། །ཕུན་སུམ་ཚོགས་པའི་ལྟས་བཟང་པོ་དང་བཅས་པས་ཕོ་བྲང་ཡུམ་བུ་བླ་སྒང་དུ་བབས། ཡི་གེ་དང་དགེ་བའི་སྲོལ་མེད་པས་དོན་མ་ཤེས། རྒྱལ་རབས་ལྔ་ནས་འདི་ཡི་དོན་ཤེས་པ་འབྱུང་བའི་ལུང་བསྟན་ཐོབ་ནས། གཉན་པོ་གསང་བའི་མཚན་གསོལ་ནས་རྒྱལ་པོའི་གཙུག་ཏུ་འཆང་བ་ལས། དམ་པའི་ཆོས་ཀྱི་དབུ་བརྙེས། དེའི་རྒྱལ་རབས་ལྔ་ནས་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོས་དེའི་དོན་རྣམས་དགོངས་ཤིང་། རྒྱ་གར་ནས་མདོ་རྒྱུད་འགའ་ཞིག་བསྒྱུར་ཞིང་དགེ་བ་བཅུའི་སྲོལ་གཏོད། དེ་ནས་རྒྱལ་རབས་བཞི་ན་རྒྱལ་པོ་ཁྲི་སྡེ་གཙུག་རྟེན་དང་བཙུན་མོ་གྱིམ་ཤིང་ཀོང་ཇོ་གཉིས་རིན་པོ་ཆེའི་ཁྲི་ལ་གཟིམས་པའི་རྨི་ལམ་དུ་རྒྱ་ནག་པོའི་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱེའུ་ཞིག་བྱུང་ནས་བཙུན་མོའི་ལྷུམས་སུ་ཞུགས་པ་རྨིས་ཏེ་རྒྱལ་པོ་ལ་བཤད་པས། ཧ་ཤང་མངོན་ཤེས་མཁན་ཞིག་བཞུགས་པ་ལ་དྲིས་པས། སྲས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་ཅིག་འཁྲུངས་པའི་ལྟས་ལགས་པས་རིམ་གྲོ་ཆེར་སྐྱེད་ཅིག་ཅེས་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་རྟའི་ལོ་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱི་ཉིན་པར་སྐུ་བལྟམས་པའི་བཙས་སྟོན་རྒྱ་ཆེན་པོ་མཛད་ནས་མཚོ་ཆེན་པོའི་པདྨ་ལྟར་ཆེར་བསྐྱེད་པ་ལོ་དུས་སུ་ཞབས་འཛུགས་པ་དང་། མཚན་གསོལ་བའི་དགའ་སྟོན་གྱི་ཚེ་མིང་ཅི་གདགས་བཀའ་བགྲོས་པ་ལས། རྒྱལ་བུ་ཉིད་བཞེངས་ནས་གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག་མགོ་ནག་ཡོངས་ཀྱི་སྤྱི་རྗེ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལགས་སོ་ཞེས་གསུངས་པས། བོད་འབངས་ཐམས་ཅད་ཡ་མཚན་སྐྱེས་ནས་ཕྱག་འཚལ་ཞིང་འདུན་ཏོ། །དེ་ནས་དགུང་ལོ་བཅུ་གསུམ་ལ་ཡབ་དགུང་དུ་གཤེགས་ནས་རྒྱལ་སྲིད་ལ་མངའ་གསོལ་ཞིང་བཞུགས་པ་ལ། བློན་པོ་ཆེན་པོ་མ་ཞང་གྲོམ་པ་སྐྱེས་དབང་ཆེ་བས་ཆོས་དར་དུ་ནི་མ་གཏུབ། ཐམས་ཅད་བོན་ལ་བཀོད་ནས་ཆབ་འཛིན་པའི་ཚེ་རྒྱལ་པོ་ཐུགས་མ་བདེ་ནས། བློན་པོ་ཆེན་པོ་འགོས་ལ་བོད་ཐམས་ཅད་ཆོས་ལ་འགོད་པའི་ཐབས་དྲིས་པས། འགོས་ཀྱི་མཆིད་ནས་དེ་ཤིན་ཏུ་ལེགས་པས་རྒྱལ་པོ་སྐུ་ཆག་ཆེ་བས་གླུད་དུ་བློན་པོ་གཉིས་ལོ་གསུམ་ཆད་པར་བཅུག་ན་ཕན་ཞེས་སྒྲོག་ཏུ་གཞུག་གིས། དེ་དུས་དེ་ལྟར་མཛད་པར་ཞུ་ཞེས་གླེང་ནས་མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་སྒྲོགས་སུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་བསྒྲགས་པའི་ཚེ། །རྒྱལ་པོས་བློན་འཁོར་བསགས་ནས་ང་ཡི་གླུད་འགྲོ་ནུས་པ་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་ངས་གཅིག་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་མར་ལངས་ཏེ་ངས་ཀྱང་འགྲོ་བ་ཞུ་ཟེར་རོ། །དེ་ནས་སྟོད་ལུང་བྲང་མདར་ཆད་པ་བརྩིགས་སྟེ་ལོ་གསུམ་གྱི་ཡོ་བྱད་དང་བློན་པོ་ཆེན་པོ་གཉིས་བཅུགཕྱིས་ནི་འགོས་རྒན་ཚུར་བཏོན། མ་ཞང་ཆད་པས་སྒོ་བཅད་དེ་བསྲུང་མི་བཞག གཞན་ཡང་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཕྱོགས་གཞན་དང་གཞན་དུ་བཏང་། དེ་ནས་འགོས་དང་རྒྱལ་པོ་བཀའ་བགྲོས་ཏེ་གཙུག་ལག་ཁང་བཞེངས་པའི་ཐབས་བྱས་ནས་བློན་འབངས་ལ་འདམ་ཀ་བཀུར་ཏེ་གྲོས་བྱས་པས་གཙུག་ལག་བྲེ་ཞབས་ཙམ་བཞེངས་པར་འཆམས་ཏེ། མཁན་པོ་ཞི་བ་འཚོ་གདན་འདྲེན་པར་བཏང་བས་མཁན་པོས་ཞལ་ནས་ཁྱེད་རེ་འཕྱིས་ངས་ལོ་དགུ་བརྒྱ་བསྒུགས་པ་ལས་ད་བར་མ་བྱུང་། རྒྱལ་པོ་བཙས་པའི་ཚེ་ཡང་ངའི་སོ་མེད་པ་ལས་གཅིག་པོ་འདི་ཕྱིས་སྐྱེས་སོ། །ཞེས་གསུངས་ཏེ། བོད་ཡུལ་དུ་བྱོན་པས་རྒྱ་བློན་ཀུན་གྱིས་བསུ་བ་མཛད་ནས་གཙུག་ལག་ཁང་བརྩིགས་པའི་རྨང་འདིང་བ་ན་ལྷ་འདྲེ་རྣམས་ཀྱིས་བརྩིགས་སུ་མ་སྟེར་བས་སློབ་དཔོན་པདྨ་སྤྱན་དྲངས་ནས་ས་འདུལ་མཛད་ན་གཙུག་ལག་ཁང་འབྱོངས་པར་མཁན་པོས་ལུང་བསྟན་པ་ལྟར་རྒྱ་གར་གྱི་ཡུལ་ནས་རྒྱལ་པོ་ངྷརྨ་པ་ལའི་མཆོད་གནས་སུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ། མཐུ་དང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་བཞུགས་པ་དེ་སྤྱན་དྲངས་ནས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས། སློབ་དཔོན་གྱིས་ཧེ་རུ་ཀའི་གར་དང་རྡོ་རྗེའི་འགྲོས་ཀྱིས་ས་བཏུལ་བས་ཕྱི་བཞིན་རྨང་བཏིང་བས་ཕྱིའི་ལྕགས་རི་མུ་ཁྱུད་རྡོ་རྗེའི་འགྲོས་ཟུར་མང་རིས་སུ་བྱུང་ངོ་། །དེའི་ཚེ་ལས་དཔོན་ཆེན་པོ་བཞི་བསྐོས་ཏེ། ཕྱོགས་བགོས་ནས་རྒྱ་གར་ནག ཞང་ཞུང་སུམ་པ། ལྷོ་བལ་གར་ལོག ལི་མང་ཡུལ་ལ་སོགས་པའི་བཟོ་བོ་མཁས་པ་མང་པོས་ཉིན་པར་བཞེངས་ཤིང་། མཚན་མོ་ལྷ་སྲིན་སྡེ་བརྒྱད་ཀྱིས་ལས་དཔོན་བྱས་ཏེ་མི་མ་ཡིན་པ་རྣམས་ཀྱིས་བཞེངས་པས་ཉིན་བརྩིགས་པ་བས་ནུབ་བརྩིགས་པས་མཐོ་ཞིང་། རི་མོ་དང་ཞིང་བཟོ་དང་། ལྡེར་བཟོ་ཡང་མཚན་མོའི་ལེགས་པ་བྱུང་། དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླའི་གླིང་གཉིས་དང་ཇོ་མོ་གླིང་གསུམ་སོགས་ཕྱི་རྟེན་དང་། ནང་རྟེན་རྣམས་ལེགས་པར་གྲུབ་ནས་མཁན་པོ་བོ་ངྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་ཀྱིས་རབ་ཏུ་གནས་པ་མཛད་ཚེ་ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་མི་ལོ་བཅུ་གསུམ་དུ་བཀྲ་ཤིས་པའི་དགའ་སྟོན་དང་ལྟད་མོའི་རིགས་མཐའ་དག་བགྱིས་ཏེ་རྒྱལ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་ཉི་མ་ཤར་བར་གྱུར་ཏོ། །དེ་ནས་མཁན་སློབ་གཉིས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བཀའ་རྒྱ་ཆེ་བ་རྣམས་གནང་ཞིང་རྗེ་འབངས་ཐམས་ཅད་སྨིན་པར་མཛད། གཞན་ཡང་རྒྱ་གར་ནས་པཎྜི་ཏ་མང་པོ་སྤྱན་དྲངས་ཤིང་མཁན་སློབ་རྣམ་གཉིས་དང་བཅས་པས་མདོ་སྔགས་ཀྱི་ཆོས་རྒྱ་ཆེ་ཞིང་གྲངས་མང་བར་བསྒྱུར་ཞིང་གཏན་ལ་ཕབ་པར་མཛད་དོ། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱུད་ལ་བརྟེན་པའི་སྒྲུབ་ཐབས། སྒྲུབ་ཐབས་མན་ངག མན་ངག་ལག་ལེན་དུ་གདབ་ནས་རྗེ་འབངས་འཁོར་བཅས་སྨིན་པར་མཛད་ཅིང་རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་ས་སྟེང་ཐམས་ཅད་གཏེར་གྱིས་བཀང་། དེའི་ཚེ་སློབ་དཔོན་པདྨ་མཁར་ཆེན་བཟའ་མཚོ་རྒྱལ་ཡབ་ཡུམ་གཉིས་གཞོ་སྟོད་ཏི་གྲོ་བྲག་ཏུ་སྒྲུབ་པ་ལ་བཞུགས་པའི་ཚེ་ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་མཚོ་རྒྱལ་ལ་བསྐུལ་བ། སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུའི་ཐུགས་ལ་ཚེ་འདི་ཉིད་ལ་གདོས་བཅས་ཀྱི་ཕུང་པོ་མི་སྣང་བར་ལོ་གསུམ་གྱིས་སངས་རྒྱས་པའི་གདམས་པ་མངོན་སུམ་མཁའ་འགྲོ་སྙིང་ཐིག་གི་མན་ངག་ཟབ་མོ་བཞུགས་པས་གསོལ་བ་ཐོབ་ཅིག ཅེས་ལུང་བསྟན་ཏོ། །དེའི་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད་དེ་ཞུས་པ། སློབ་དཔོན་ཆེན་པོ་ལགས། ཚེ་འདི་ཉིད་ལ་ཕུང་པོ་མི་སྣང་བར་སངས་རྒྱ་བའི་གདམས་པ་མངོན་སུམ་སྙིང་ཐིག་གི་མན་ངག་གདམས་པ་གནང་བར་ཞུ་འཚལ། ཞེས་གསོལ་བ་བཏབ་སྟེ་ཕྱག་དང་བསྐོར་བ་གྲངས་མེད་པ་མཛད་དུས་སློབ་དཔོན་ཆེན་པོའི་གསུངས་པ། མཚོ་རྒྱལ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་ལེགས། སྔར་དང་མི་འདྲ་བའི་གདམས་པ་ཐེག་པ་རིམ་དགུ་ཀུན་ལས་འདས་པའི་རྩེ་མོ། གནད་མཐོང་བས་བློས་བྱས་ཀྱི་ལྟ་སྒོམ་འཇིག་པ། འབད་མི་དགོས་པར་ས་ལམ་རྫོགས་པ། བཅོས་བསྒྱུར་དང་གཉེན་པོ་མི་དགོས་པར་ཉོན་མོངས་པ་རང་སར་གྲོལ་བ། རྒྱུས་མ་བསྐྱེད་པར་འབྲས་བུ་རང་ལ་རྫོགས་པ། ལྷུན་གྱིས་གྲུབ་པའི་དགོངས་པ་སྐད་ཅིག་ལ་འཆར་བ། གདོས་བཅས་ཤ་ཁྲག་གི་ཕུང་པོ་ཚེ་འདི་ཉིད་ལ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བ། འོག་མིན་གྱི་གནས་སུ་ལོ་གསུམ་གྱིས་བགྲོད་ནས་ཆོས་སྐུ་ལྷུན་གྲུབ་ཆེན་པོའི་ཞིང་དུ་གཏན་སྲིད་ཟིན་པར་བྱེད་པའི་གདམས་པ་ཡོད་ཀྱིས་བསྟན་པར་བྱའོ་གསུངས་ནས། ཚོགས་ཁང་ཆེན་མོར་ཞི་ཁྲོ་དོན་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཇོ་མོ་མཁར་ཆེན་བཟའི་ཐོག་དྲངས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་གཅིག་ལ་དབང་བསྐུར་ནས་ཁྲིད་པར་མཛད་ནས་རྒྱུད་བཅུ་བདུན་ཀློང་གསལ་ཉི་མའི་རྒྱུད་དང་བཅྭོ་བརྒྱད་དེའི་མན་ངག་རབ་ཏུ་མང་པོ་དང་བཅས་པ་རྣམས་གསུངས་སོ། །དེ་ནས་དེ་རྣམས་ལས་རྒྱུད་རབ་ཏུ་རྒྱས་པའི་མན་ངག་རྣམས་གཅིག་ཏུ་བྱས་ཏེ་སློབ་དཔོན་ཉིད་ཀྱིས་མཛད་པ་ཀུ་སུ་ལུའི་སྐོར་རྣམས་གཅིག་ཏུ་ཕྱེས་ཏེ་སོ་སོར་སློབ་དཔོན་དང་མཚོ་རྒྱལ་གཉིས་ཀྱིས་ཡི་གེར་བྲིས་ཏེ་དཀར་ཆག་ལ་མནན་ནོ། །དེའི་ཚེ་རྒྱལ་པོས་སྤྱན་དྲངས་ནས་སློབ་དཔོན་དང་རྒྱལ་པོ་ཡབ་ཡུམ་སྲས་རྣམས་མཆིམས་ཕུར་གཤེགས་ཏེ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་མཛད་པའི་དུས་སུ་བཙུན་མོ་དམ་པ་འབྲོམ་ཟ་བྱང་ཆུབ་སྨན་ལ་འཁྲུངས་བའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཞེས་བྱ་བ་དགུང་ལོ་བརྒྱད་ལོན་པ་ཞིག་ཤི་བས་ལྷ་སྲས་བུ་མོའི་རོ་ལ་གཟིགས་ཤིང་བཤུམས་ཏེ་དོག་ས་ལ་འགྱེལ་བ་དང་། མཚོ་རྒྱལ་གྱིས་དར་དཀར་གྱི་སླེའུའི་བསླངས་ཏེ་ཙནྡན་གྱིས་ཆུས་གཏོར་བ་དང་བརྒྱལ་སངས་ཏེ། སློབ་དཔོན་གྱིས་བཀའ་བསྩལ་བ། ཀྱེ་མ་མངའ་བདག་རྗེ། སྤྱིར་འཇིག་རྟེན་གྱི་བྱ་བ་རྨི་ལམ་དང་འདྲ། འདུས་བྱས་ཀྱི་མཚན་ཉིད་སྒྱུ་མ་ཡིན། རྒྱལ་སྲིད་མདང་གི་རྨི་ལམ་འདྲ། ནོར་འབངས་རྩྭ་ཁའི་ཟིལ་བ་འདྲ། ཚེ་མི་རྟག་ཆུ་ཡི་ཝུ་བ་འདྲ། འདུས་བྱས་ཐམས་ཅད་འཇིག་པ་ཡིན། འདུས་པའི་ཐ་མ་འབྲལ་བས་ན། འདུས་བྱས་ཐམས་ཅད་འདི་དང་འདྲ། རྟག་ཅིང་བརྟན་པ་གཅིག་ཀྱང་མེད། མི་རྟག་རྟག་པར་མི་འཛིན་པར། སྐྱེ་མེད་ཆོས་སྐུའི་དོན་ལ་སྦྱངས། །ཞེས་གསུངས་ཤིང་གཞན་ཡང་དུས་ཕྱི་མར་འབྱུང་འགྱུར་གྱི་ལུང་བསྟན་མང་པོ་དང་། ལྷ་ལྕམ་པདྨ་གསལ་གྱི་སྔ་ཕྱིའི་སྐྱེ་འཕྲེང་མང་པོ་རྒྱལ་པོ་ལ་གསུངས་པའི་མཐར་ཚུལ་ཁྲིམས་རྡོ་རྗེ་དང་དྲི་མེད་འོད་ཟེར་དུ་ལུང་བསྟན་ཞིང་ཟབ་ཆོས་སྙིང་ཐིག་གི་བདག་པོར་བཀའ་གཏད་ནས་ཟབ་གཏེར་དུ་སྦས་པ་བཞིན་ཀུན་མཁྱེན་ཚུལ་རྡོར་བས་གཏེར་ནས་སྤྱ་དྲངས་ཤིང་དྲི་མེད་འོད་ཟེར་གྱིས་རྒྱ་ཆེར་སྤེལ་བར་མཛད་པའོ། །
དེ་ལྟ་བུའི་གདམས་པའི་སྒོ་ནས་འཁྲིད་པར་བྱེད་པ་ལ་སྐབས་འདིར་སོར་གཞུག་བསྟན་པ་དང་གཞུག་པའི་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་འཇུག །ཅེས་གསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་བར་མ་རྩུབ་མོའི་རྐྱེན་གྱིས་རིམ་པ་བཞིན་ཁྲིིད་ནས་གོམས་པ་ལ་བསླབ་པར་བྱ་བ་ཡིན་ཏེ། རལ་གྲིའི་འཁྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། །གཉིས་པ་གཞུག་པའི་ཚུལ་ནི། ལུས་ངག་ཡིད་གསུམ་ལྟ་སྟངས་ཀྱིས་སོར་གཞུག་ན་གནས་ལུགས་ཁྲེགས་ཆོད་ཀྱི་དོན་རྟོགས་པར་འགྱུར་བས། འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུང་པས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ལུས་གནད་ཆོས་བདུན་དང་ལྡན་པ་སྟེ། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག སྒལ་ཚིགས་དྲང་པོ། ལྕེ་ཡ་རྐན། དབུགས་དལ་བ། མིག་སྣ་རྩེ། མགྲིན་པ་ཡུད་ཙམ་དགུགས་ཏེ་མཉམ་པར་གཞག་གོ །དེ་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལུས་ནི་ཆོས་བདུན་རི་རྒྱལ་ལྟ་བུ་ལ། །ཞེས་གསུངས་པ་ལྟར་ལུས་དང་དབང་པོ་རྣམས་མི་འགུལ་ཞིང་མི་གཡོ་བ་སྟེ། དེ་ཡང་མིག་མི་འགུལ། རྣ་བ་སྣ་ལྕེ་ལུས་ཡིད་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་རྟོག་ཚོགས་གང་བྱུང་ཡང་རྗེས་ཕྱིར་མི་འབྲང་། ངག་སྨྲ་བའི་རྒྱུན་བཅད་དེ། རླུང་གི་འགྲོ་འོང་རང་ཞུགས་སུ་དལ་བར་བཞག མིག་སྣ་རྩེ་ལ་ཧྲིག་གེ་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་སྡུད་པར་རང་སོར་བཞག་པས་རྐྱེན་སྣང་རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གེ་བསྒྱུར་ནས་ཧད་པོར་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལ་ལ་མ་འགག་པ་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། ཀློང་གསལ་ལས། བོ་ངྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལས་ལངས་ཏེ་གོམས་པ་གྱ་ཚོམ་སུ་དོར། མིག་གཡོ་ཞིང་བལྟ། ངག་ཧ་ཧ་ཧི་ཧི་ཞེས་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུང་སྟེ་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཡེ་ཤེས་ཀྱང་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང་། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་པས་དེ་ལྟར་ཉན་ཐོས་ཀྱི་ལྟ་སྟངས་མིག་རྩེ་སྣ་རྩེ་སེམས་རྩེ་གསུམ་རྩེ་གཅིག་ཏུ་དྲིལ་ལ། གཡོ་འགུལ་མེད་པར་རང་སོར་བཞག་པས་ལུས་ངག་ཡིད་གསུམ་མི་གནས་པ་རང་བཞིན་དུ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ལྟ་སྟངས་མིག་བར་སྣང་ལ་ཧྲིག་གེ་བསྒྱུར་ཧད་པོར་བལྟ་ཞིང་སྒོ་གསུམ་རང་བཞིན་དུ་བཞག་པས་གནས་པ་བརྟན་པར་བྱེད། ཁྲོ་བོའི་ལྟ་སྟངས་གོང་ལྟར་དུ་བྱས་པས་བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང་། དེ་དག་གནས་སྐབས་སུ་བདེ་གསལ་མི་རྟོགས་པའི་ཉམས་དང་ལྡན་པས་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན་ནོ། །མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་པ་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །འདས་རྗེས་དོན་ཁྲིད་ལས་སྔོན་འགྲོ་གཞན་རྣམས་སྔར་ལྟར་བྱས་ནས། རྣལ་དབབ་སོར་འཇུག་དངོས་གཞིའི་ཁོངས་སུ་བསྡུས་ཏེ་གསུངས་པ་ནི་བཞག་ཐབས་ཀྱི་རྩ་བ་ལྟ་བུ་ཡིན་པས་སྐབས་སུ་བབས་པར་འགྱུར་མོད། འདིར་ནི་ཁྲིད་གཞུངས་གཞན་རྣམས་དང་མཚུངས་པར་བྱས་སོ། །དེ་ལྟར་སྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་སྒོམས། སུན་ཅིང་མི་སྤྲོ་ན་སྒོམ་གེགས་སུ་འགྱུར་ཏེ། རྟ་གདོང་འདྲོག་ཅན་བཞིན་ཕྱིས་སྒོམ་གྱི་སྣ་སུན་ནས་ངན་ལོང་དུ་འགྲོ་བས་ཅུང་ཟད་ངལ་གསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པར་བྱའོ། །སྔོན་འགྲོ་དང་དངོས་གཞིའི་ས་བཅད་ཀྱི་ཡིག་ཆུང་འདི་ཨོ་རྒྱན་གཏེར་བདག་གླིང་པས་མཛད་པའི་ཁྲིད་ཡིག་ལས་བྱུང་བའོ། །
སྤྱི་དོན་བཅུ་དྲུག་པ་དངོས་གཞི་རྟོགས་པ་རྩད་བཅད་པ་དང་མཚང་བཙལ་བའི་རིམ་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱའོ། །དེའི་ཆེད་དུ་ཟབ་གསང་བླ་ན་མེད་པའི་ཁྲིད་ཀྱི་རིམ་པ་ལ་ཚུལ་བཞིན་དུ་ཉན་ནས་ཉམས་སུ་བླང་བར་བྱའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་འཚལ། །དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ནས་ཉན་བཤད་སློབ་མའི་ཆོས་ཚུལ་ནི། སྐྱོན་རྣམས་སྤངས་ལ་གུས་པས་ཉན་པར་བྱ། །ཞེས་གསུངས་པ་ལྟར། ཆོས་ཉན་པའི་ཚེ་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་ལ་སོགས་པ་སྤངས་ཏེ་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་སྤེལ་ལ་གུས་པ་དང་བཅས་པས་གསན་པ་ལ་བསླབ་པར་བྱའོ། །
དེ་ཡང་གོང་གི་གཏེར་བྱུང་ལོ་རྒྱུས་ཀྱི་འཕྲོས་ལས་ལྷ་ལྕམ་པདྨ་གསལ་གྱི་ཕྱི་མའི་སྐྱེ་འཕྲེང་ཅུང་ཟད་བརྗོད་ན། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་ཆེན་པོ་ལ་ཕྱག་དབུ་ཐོད་བུད་བུད་བཙལ་ནས་གསེར་སྐྱོག་གཡུས་བཀང་ནས་སློབ་དཔོན་ལ་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས། བདག་གི་བུ་མོ་འདིས་མི་ལུས་ནམ་ཐོབ། ཆོས་གང་ལ་སྤྱོད། དེས་ན་སྐྱེ་བ་དུ་ན་སངས་རྒྱས། འགྲོ་དོན་གང་དུ་སྤྱོད། ཅེས་ཞུས་སོ། །སློབ་དཔོན་གྱིས་གསུངས་པ། ཡབ་རྒྱལ་པོ་གསོན་ཅིག ལས་ངན་དེ་རྣམས་བྱང་ནས་བསྒྲག་གྲོང་གསར་དུ་བུད་མེད་དབང་པོ་ཚང་ལ་དད་པ་དང་ལྡན་པར་སྐྱེས་ནས་ངའི་གདམས་པ་དང་ལས་འབྲེལ་ཐོགས་པ་ཙམ་དུ་འབྱུང་ངོ་། །དེ་ནས་ལྷོ་ལ་ཡག་ཏུ་བུ་མོ་སྤྲེལ་ལོ་མ་ཤེས་རབ་ཆེ་བ་གཅིག་ཏུ་སྐྱེས་ནས་མངའ་བདག་སྐུ་ཡི་སྤྲུལ་པ་ཉང་རལ་གྱིས་རྗེས་སུ་བཟུང་ནས་ལམ་ཟིན་པར་འགྱུར་རོ། །དེ་ནས་གཡས་རུ་གྲོང་དམར་དུ་སྐྱེས་པའི་ལུས་ཐོབ་སྟེ་སྔར་རབ་ཏུ་བྱུང་བའི་བག་ཆགས་ཀྱིས་དེར་ཡང་རབ་ཏུ་བྱུང་སྟེ་ངའི་སྤྲུལ་པ་ཆོས་དབང་དང་འཕྲད་ནས་གདམས་པ་བྱིན་པས་རིག་པའི་ངོ་བོ་མཐོང་སྟེ་མཁའ་འགྲོས་རྗེས་སུ་འཛིན་པར་འགྱུར་རོ། །སྐྱེ་བ་དེའི་འོག་ཏུ་རྡོ་དང་མོན་བོད་ཀྱི་མཚམས་འབྲི་ཐང་ཞེས་བྱ་བར་སྐྱེས་ཏེ་སྔ་མའི་བག་ཆགས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ། །དེའི་ཚེ་འཁའ་འགྲོ་མ་རྣམས་ཀྱིས་བར་ཆད་བསྲུང་ཞིང་ལུང་བསྟན་ནས་ང་ཡི་ཟབ་གཏེར་དང་འཕྲད་དེ་གཏེར་སྒོ་གསུམ་འབྱེད་པར་འགྱུར་རོ། །དེའི་དུས་སུ་སྙིང་ཐིག་ཟབ་མོའི་གདམས་ངག་དང་འཕྲད་ཀྱང་འགྲོ་དོན་མི་འབྱུང་སྟེ་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་དུས་ཡིན་ནོ། །དེའི་ཚེ་ང་ཡི་ཟབ་ཆོས་ཀྱི་བདག་པོར་གྱུར་ནས་ལས་དང་ལྡན་པ་དང་མི་ལྡན་པའི་སློབ་མ་བདུན་འབྱུང་སྟེ་དེ་རྣམས་ལས་གདུལ་བྱ་ལས་ཅན་རྣམས་བདེ་བ་ཅན་དུ་སྐྱེ་ཞིང་ལས་མེད་ལ་ལ་ངན་སོང་དུ་སྐྱེའོ། །དེ་དུས་མཁའ་འགྲོས་ལུང་བསྟན་ཅིང་མཚན་དང་ལྡན་པའི་སློབ་མ་ཉི་ཤུ་རྩ་གཅིག་འབྱུང་། ཁྱད་པར་དུ་ཟབ་མོ་སྙིང་ཐིག་གསན་པའི་གཏེར་འདིའི་བདག་པོ་བསྒྲག་ཟུང་མཁར་གྱི་བུ་མོ་སྤྲེལ་ལོ་མ་ལུས་འཕྲ་ལ་རྣམ་བཞག་ཚང་བ། ཤེས་རབ་ཆེ་ལ་ཆོས་ལ་མོས་པ། ཡིད་དུ་འོང་ཞིང་སོ་ཞོ་ཡོད་པ། སྨིན་མཚམས་ན་སྨེ་བ་པདྨ་དང་འདྲ་བ་ཡོད་པ། མཚོ་རྒྱལ་གྱིས་བྱིན་གྱིས་བརླབས་པ་ཞིག་འབྱུང་བས་དེ་ལ་གདམས་པ་རྣམས་བྱིན་ན་ཁ་རག་གི་ཕུར་ལྷག་མེད་ལ་སངས་རྒྱ་ཞིང་དར་ཆ་ཡང་བག་ཙམ་འབྱུང་ངོ་། །དེ་མིན་འགྲོ་དོན་མི་འབྱུང་ཞིང་ཐམས་ཅད་ཀྱི་བསམ་པ་བསྒྱུར་པས་དེ་ལ་མོས་པ་ཤིན་ཏུ་ཉུང་ངོ་། །དེ་ཡང་འབྲེལ་ཚད་དོན་དང་ལྡན་པས་ཐར་བའི་ལམ་སྣ་ཟིན་པར་འགྱུར་རོ། །དེའི་ཚེ་ཚད་དགུང་ལོ་ལྔ་བཅུ་རྩ་དགུ་སྟེ་ཚེའི་སྒྲུབ་པ་བྱས་ན་དར་ཅིག་ཕྱི་ནུར་ཞིང་གཞན་དུ་བར་ཆད་ཀྱིས་ལྔ་བཅུ་རྩ་དགུའི་གོང་དུ་འདའ་བའང་སྲིད། དེ་ནས་དམ་སེལ་གྱིས་འདའ་བའི་ཚུལ་སྟོན་པས་དམ་སེལ་བཤགས་པ་ལ་འབུངས། དེ་ལྟར་བྱས་ན་དགུང་ལོ་ཚད་དུ་བཞུགས་པས་དེའི་དུས་སུ་མཁའ་འགྲོ་སྡེ་ལྔས་བྱིན་གྱིས་བརླབས་པའི་བུད་མེད་གཅིག་འབྱུང་སྟེ། དེས་ཕྱག་རྒྱ་བྱས་པས་ཚེ་ལ་གསོས་ཐེབས་ཏེ་ཚེ་ཚད་ལས་ལྷག་པར་བཞུགས་སོ། །དེ་དུས་ཟབ་གཏེར་རྣམས་བུམ་ཐང་སྨད་དུ་སྐྱེལ་ལོ། །གལ་ཏེ་མ་འཁྱོལ་ན་སྔར་གྱི་གཏེར་ཤུལ་ལམ་ལྷ་འདྲེ་མི་འཕོ་བའི་བྲག་ལ་སྦས་ན་སྐྱེ་བ་ཕྱི་མར་ཐོབ་པར་འགྱུར་རོ། །སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ལོ། །དེ་ནས་བུམ་ཐང་ཐར་བ་གླིང་དུ་སྐྱེས་ནས་ལོ་བཅོ་ལྔ་ན་བུམ་ཐང་སྨན་ཀྱི་བྲག་སེང་གེ་འདྲ་བ་ལ་སྙིང་ཐིག་གི་རྒྱུད་མན་ངག་དང་བཅས་པ་ཐོན་ནས་འགྲོ་དོན་བྱེད་དོ། །དེ་ནས་གཏེར་སྒོ་མང་བར་འབྱེད་ཅིང་རྫུ་འཕྲུལ་ཡ་མ་ཟུང་བསྟན་ཏེ་བུད་མེད་ཀྱི་ལུས་བཟུང་བའི་མཁའ་འགྲོ་ལྔས་ཡུམ་བྱས་ནས་འགྲོ་དོན་འདུ་བར་འགྱུར་རོ། །དྲི་མེད་འོད་ཟེར་ཞེས་བྱར་གྲགས་ཏེ་རྟ་མགྲིན་གྱི་སྤྲུལ་པ་སྲས་ཟླ་བ་གྲགས་པ་ཞེས་བྱ་བ་གཅིག་ཀྱང་འཁྲུངས་ཤིང་། སློབ་མའང་ཟབ་མོ་གནད་ཀྱིས་ཐེབས་པ་བརྒྱ་རྩ་བརྒྱད། ཆོས་ཀྱི་འབྲེལ་བ་སྟོང་རྩ་བརྒྱད། འགྲོ་དོན་ནུས་པ་སུམ་ཅུ་འབྱུང་ངོ་། །སྤྱིན་བདག་ལ་སོགས་ཟས་ནོར་གྱི་འབྲེལ་བ་ནི་ཤིན་ཏུ་མང་ངོ་། །དེའང་ལྷོ་བྲག་དང་མཁར་ཆུ་ལ་རྫོགས་ཆེན་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་དོ། །དེ་དུས་ལྷོ་བྲག་གི་བྲག་སེང་གེའི་གདོང་པ་ཅན་ནས་སེམས་ཕྱོགས་ཀྱི་ཆོས་སྡེ་ཐམས་ཅད་ཐོན་པར་འགྱུར་རོ། །མོན་མཁར་སྟེང་ནས་བདག་གི་ངན་སྔགས་ཟབ་མོ་ཚོ་ཐོན་ཞིང་འཆིམས་ཕུ་འདི་ཉིད་དུ་སྦེད་པའི་ལྷ་ལྕམ་མོ་རང་གི་ཟབ་བེར་བསྲུབ་མེད་དང་། གཡུ་གུང་རི་ཁ་དམར་དང་གཟི་མཆོང་སྤེལ་མའི་ལན་ཚར་དང་དངུལ་དཀར་གྱི་མེ་ལོང་རྒྱངས་གསལ་དང་། ཨོ་རྒྱན་བདག་གི་ཆོས་གོས་གསེར་གྱི་ཧ་རིས་ཅན་དང་། ཐོད་པ་སྨུག་འཁྲེགས་ལེ་ཁ་བའི་ནང་དུ་ཚེ་གཅིག་གི་སངས་རྒྱ་བའི་ཆོས་དབང་བཞིའི་གདམས་པ་རྒྱུད་དང་བཅས་པ་སྦས་པས་འདི་རྣམས་ལྷ་ལྕམ་སྐྱེ་བ་འཕོས་ཏེ་བུམ་ཐང་དུ་སྐྱེས་པའི་དུས་སུ་ཐོན་ནས་འགྲོ་དོན་དཔག་ཏུ་མེད་པ་བྱས་ཏེ་སྐྱེ་བ་དེ་ལ་མངོན་པར་རྫོགས་པ་སངས་རྒྱས་ནས་ལོངས་སྐུའི་ཞིང་དུ་འགྲོ་དོན་བྱེད་ཅིང་སྐྱེ་བ་མི་ལེན་ནོ། །ཟངས་མདོག་དཔལ་རིར་རྒྱལ་པོ་ཉིད་དང་། མཚོ་རྒྱལ་དང་ལྷ་ལྕམ་དང་། པདྨ་འོ་སྐོལ་ཞལ་མཇལ་གསུངས་སོ། །དེར་རྒྱལ་པོ་དགྱེས་ཏེ་ཕྱག་དང་བསྐོར་བ་མང་པོ་མཛད་ནས་སློབ་དཔོན་ཆེན་པོ་ལགས། འཁོར་བའི་ཆོས་ལ་སྙིང་པོ་མི་གདའ་བས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ་ནམ་ཕུག་སངས་རྒྱས་པའི་གདམས་ངག་ཅིག་ཞུ་འཚལ་ཞུས་པས། །སློབ་དཔོན་གྱིས་རྒྱལ་པོ་ལ་ཡང་གསུངས་པ། ཨེ་མ་ཧོ། མངའ་བདག་རྒྱལ་པོ་ཆེན་པོ་ཡང་གསོན་ཅིག །འཇིག་རྟེན་ཆོས་ལ་སྙིང་པོ་མེད་པས་ན། །མུ་མཐར་འཁོར་ཞིང་ཡང་ཡང་སྡུག་བསྔལ་བས། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་མཛོད། །ཡུལ་གྱི་སྙིང་པོར་ཆོས་དབྱིངས་སྐྱེ་མེད་བཟང་། །གནས་ཀྱི་སྙིང་པོར་ནགས་ཁྲོད་དབེན་པ་བརྟེན། །དགོན་པའི་སྙིང་པོར་ཆོས་ཉིད་སྟོང་གསལ་ལྟོས། ཁང་པའི་སྙིང་པོར་སེམས་ཉིད་གཉུག་མར་ཞོག །ཅེས་པ་ལ་སོགས་པའི་ཞལ་གདམས་སྙིང་པོ་དྲིལ་བ་མང་དུ་གསུངས་ཤིང་། སླར་ཡང་། ལྟ་བའི་སྙིང་པོར་སྟོང་གསལ་འགྱུར་མེད་ལྟོས། །བསྒོམ་པའི་སྙིང་པོར་སེམས་ཉིད་ཅི་བཞིན་ལྟོས། །སྤྱོད་པའི་སྙིང་པོར་གཉིས་འཛིན་འཁྲུལ་པ་གཞིག །འབྲས་བུའི་སྙིང་པོར་མ་རྩལ་ལྷུན་གྱིས་གྲུབ། །དེ་ལྟར་མཛད་ན་འདིར་བདེ་ཕྱི་མར་སྐྱིད། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་པས། རྒྱལ་པོ་དགྱེས་ཏེ་ཕྱག་དང་བསྐོར་བ་མང་དུ་མཛད་དོ། །དེ་ནས་ལྷ་ལྕམ་གྱི་ཟ་བེར་གདམས་ངག་དང་བཅས་པ་བསེ་སྒྲོམ་བ་གམ་སྨུག་པོར་བཅུག་སྟེ་གཏེར་དུ་སྦས་ནས་ལྷ་ལྕམ་ཉིད་དང་འཕྲད་པའི་སྨོན་ལམ་བཏབ་ནས་སློབ་དཔོན་གྱིས་ལྷ་ལྕམ་གྱི་རོ་ཡི་སྙིང་གར་ཤེས་རབ་མཚལ་གྱི་ནྲྀ་གཅིག་བྲིས་ཏེ་རྣམ་ཤེས་བཀུགས་པས་དབུགས་བྱུང་སྟེ་སྨྲ་ཤེས་པ་བྱུང་ངོ་། །དེ་ནས་མཁའ་འགྲོ་སྙིང་ཐིག་གི་དབང་བསྐུར་ཏེ་གསང་མཚན་པདྨ་ལས་འབྲེལ་དུ་བཏགས་ཤིང་བུ་མོས་དཔེ་སྒྲོམ་སྤྱི་བོར་བཟུང་ནས་མ་འོངས་པའི་དུས་སུ་ཆོས་འདི་དང་འཕྲད་དེ་སེམས་ཅན་ལ་ཕན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་སློབ་དཔོན་གྱིས་ལྷ་ལྕམ་ལ་ཚེ་སྔོན་གྱི་ལས་སད་པ་དང་ཡབ་སྲས་སློབ་དཔོན་དང་བཅས་ཏེ་འཕྲད་དོ། །ཞེས་གསུངས་ནས་སླར་རྣམ་ཤེས་དོན་པ་དང་རོ་དེ་ཉིད་དུ་བསྲེགས་པའི་ཚུལ་བསྟན་ཅིང་བུ་མོའི་སྒྲིབ་པ་སྦྱངས་ཕྱིར་སློབ་དཔོན་གྱི་རྣམ་ཤེས་སྐད་ཅིག་ལ་ཨོ་རྒྱན་དུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་དོ། །ཡང་སྐད་ཅིག་ལ་བྱོན་ཏེ་གསུངས་པ། མཚོ་རྒྱལ་ཇི་ལྟར་བྱུང་བ་འདི་རྣམས་དཀར་ཆག་ལ་ཐོབ་ཅིག་ཟབ་གཏེར་གྱི་ཟླ་ལ་སྦས་པས་ཕྱིས་མོ་རང་དང་འཕྲད་དུས་ཡིད་ཆེས་པའི་དགོས་པ་ཡོད་དོ་གསུངས་ནས་ཇོ་མོས་ཡི་གེར་བཏབ། སྙིང་ཐིག་གསང་བའི་གདམས་པ་འདི་རྣམས་སྤེལ་ལམ་སྦེད་པར་བྱ་ཞུས་པས་སློབ་དཔོན་གྱི་ཞལ་ནས་འདི་རྣམས་ད་ལྟ་སྤེལ་བའི་དུས་ལ་མ་བབ་པས་གཏེར་དུ་སྦེད་དགོས། ལྷ་ལྕམ་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་པས་མོ་ཡི་ཆོས་སྐལ་ཡིན་མོད། ད་སྟེ་ལོ་འགའ་ན་སློབ་དཔོན་ཆེན་པོ་བཱི་མ་ལ་མི་ཏྲ་འབྱོན་པས་ཁོང་གི་གདུལ་བྱ་དུས་ལ་བབ་ཏེ་སྙིང་ཐིག་གི་བསྟན་པ་རྒྱས་པར་འགྱུར་རོ། །བདག་གི་མཁའ་འགྲོ་སྙིང་ཐིག་གི་བསྟན་པ་འདི་སྙིང་ཐིག་སྔ་འགྱུར་འཆལ་ཏེ་ནུབ་ཏུ་ཉེ་བའི་དུས་སུ་བསྟན་པ་ནུབ་ཁར་གསལ་ཏེ་རྒྱས་ལ་དྲག་པ་ཡུན་ལ་མར་མེ་འཆི་ཁར་གསལ་བ་ལྟ་བུ་འབྱུང་ངོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་ནས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་སོ། །དེ་ལྟར་སློབ་དཔོན་ཆེན་པོས་ལུང་བསྟན་པ་བཞིན་ལྷ་ལྕམ་པདྨ་གསལ་ཉིད་རིམ་གྱིས་སྐྱེ་བ་བརྒྱུད་པ་ལས། ཚེ་ལོ་ལྔ་བཅུ་ཁ་རལ་ཏེ་མི་རྣམས་ཕལ་གྱིས་བཞི་བཅུ་རྩ་ཤས་ལས་མི་ཐུབ་པའི་དུས་ན། གསལ་རྗེ་གངས་ཀྱི་ཤར་ཕྱོགས་ལྕགས་སྦྲམ་འབར་བ་ལྟ་བུའི་ཡུལ་དུ་སྤ་རྒང་བ་རིན་ཆེན་རྡོ་རྗེ་ཞེས་བྱ་བར་སྐྱེས་དྭགས་པོ་དང་ལུང་ཁྲ་མོ་བྲག་ནས་ཟབ་གཏེར་རྣམས་གླང་གི་ལོ་ལ་གདན་དྲངས་ཏེ་གནས་པ་ལས་དེ་དུས་ཉམས་སུ་མ་བླངས་པར་འཁྱམས་པས་མཁའ་འགྲོའི་བཀའ་ཆད་ཀྱིས་ཚེའི་ཚད་མཐར་མ་སྐྱོལ་བར་གཤེགས་སོ། །དེ་ཡང་ཞུས་ལེན་གསེར་འཕྲེང་ལས། སྐྱེ་བ་དེ་འདས་ནས་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་ཞེས་གསུང་པའི་དོན་ཐོག་ཏུ་བབས་ཏེ། མངོན་སུམ་འོད་གསལ་གྱི་སྣང་བ་ལྔ་ལྡན་འོད་ཀྱི་དཀྱིལ་འཁོར་བསྒོམ་པའི་རྣལ་འབྱོར་བ་རྣམས་ལམ་སྣང་བའི་འོག་མིན་དུ་གནས་པའོ། །དེ་ནས་གཡུ་རུ་གྲ་ཡི་ཕུ་སྟོད་གྲོང་ཞེས་བྱ་བར་ཡབ་སློབ་དཔོན་བསྟན་པ་སྲུང་བ་དང་། ཡུམ་འབྲོམ་ཟ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ལོ་བདུན་ནས་ཀློག་བྱང་བར་ཤེས་ཏེ། བདེ་གཤེགས་འདུས་པ་དང་ཕུར་བ་དང་། གུ་རུའི་ལས་བྱང་ཕྲིན་བསྒྲུབ་དང་བཅས་པ་ལ་སྦྱངས་པས་ལོ་བཅུ་ནས་ཤེས་པར་གྱུར་ཅིང་རྩིས་དང་མདོས་ལ་སོགས་པ་ཡང་བསླབ་བོ། །དེ་ནས་ལོ་བཅུ་གསུམ་ནས་རབ་ཏུ་བྱུང་སྟེ། མཁན་པོ་བསམ་འགྲུབ་རིན་ཆེན་གྱི་དྲུང་དུ་དམ་པའི་ཆོས་འདུལ་བ་ལ་སྦྱངས་ཤིང་། འདུལ་བ་ལུང་དང་། སོ་སོ་ཐར་བའི་མདོ་དང་འོད་ལྡན་ལ་སོགས་པ་རྣམས་ལ་གསན་པ་མཛད་དེ། དེ་ནས་བཟུང་སྟེ་མཚན་ཉིད་ཀྱི་གཞུང་དང་དབུ་མ་ལ་འཇུག་པ། གཞན་ཡང་རྒྱུད་དང་མན་ངག་ལམ་འབྲས་སྦྱོར་དྲུག་ཞི་བྱེད་གཅོད་ཡུལ་ཕྱག་ཆེན་རྫོགས་ཆེན་སེམས་ཕྱོགས་ཇོ་བོའི་ཆོས་སྐོར་བཀའ་མདམས་ལུགས་དང་། གཞན་ཡང་ཐུན་མོང་གི་སྒྲུབ་སྡེ་སྣ་ཚོགས་པ་སློབ་དཔོན་དུ་མ་ལས་གསན་ཞིང་ཐོས་བསམ་སྒོམ་པ་ལ་ལེགས་པར་སྦྱངས་ཤིང་ཐུགས་སུ་ཆུད་ནས་རྣམ་པ་ཐམས་ཅད་མཁྱེན་པར་མཛད་དོ། །ཁྱད་པར་དུ་བླ་མ་དམ་པ་ཀུ་མ་ར་ཛའི་དྲུང་དུ་རྫོགས་པ་ཆེན་པོ་སྙིང་ཐིག་གི་དབང་ཁྲིད་རྒྱུད་ལུང་མན་ངག་དང་བཅས་པ་དུ་མ་དང་། གུ་རུའི་གཏེར་ལུང་ཕྲན་ཚེག་མང་པོའི་དོན་གསན་ཅིང་ཐུགས་ཉམས་སུ་བཞེས་སོ། །དེ་ནས་ཤིང་མོ་ཡོས་ཀྱི་ལོའི་དགུན་ཞིག་མཆིམས་ཕུའི་རི་ལ་སྒྲུབ་པ་མཛད་ཅིང་རི་མོ་ཅན་གྱི་གནས་སུ་སྐལ་ལྡན་ཕོ་མོ་བརྒྱ་ལ་གསང་བ་སྙིང་ཐིག་གི་དབང་ཁྲིད་བྱེད་དུས་གློ་བུར་དུ། མཁའ་འགྲོ་བཀའ་སྲུང་མང་པོ་བབ་ཏེ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྒོ་འབྱེད་པར་བསྐུལ་ནས། རྣམ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་སྟེ་འཁོར་དུས། མཁའ་འགྲོའི་འདུ་བ་དཔག་ཏུ་མེད་པ་དེ་ན་ཡོད་པ་རྣལ་འབྱོར་བ་ཀུན་གྱིས་མཐོང་ཞིང་མཚན་མོ་ཕྱོགས་ཀུན་ཏུ་མཁའ་འགྲོའི་རང་སྒྲ་དི་རི་རི་བ་དང་། རོལ་མོའི་སྒྲ་མང་པོ་ཡང་ཐོས་ཤིང་། རྣལ་འབྱོར་ཕོ་མོ་ཀུན་གཉིད་དུ་སོང་བྱས་པའི་རྨི་ལམ་མེད་ཅིང་མ་སོང་བྱས་པའི་སད་རྒྱུ་ཡང་བྱུང་སྟེ། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཉིན་མཚན་འཁོར་བར་གནས་པ་ཟླ་བ་གཅིག་ཏུ་བྱུང་ཞིང་། ངོ་སྤྲོད་ཀྱི་དུས་སུ་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་དང་། ལྔ་ལྡན་ཡེ་ཤེས་ཀྱི་འོད་ཀྱང་ཀུན་གྱིས་མཐོང་ཞིང་། ཁྲིད་པའི་དུས་དང་རྒྱབ་ཆོས་ཐམས་ཅད་ཀྱི་ཚེ་ནམ་མཁའ་འཇས་ཁེངས་པ་ཟླ་བ་གཅིག་ཏུ་བྱུང་ངོ་། །གཞན་ཡང་སྙིང་ཐིག་གི་བཤད་འགྲེལ་ཆེན་མོ་མཁའ་འགྲོ་ཡང་ཐིག་ཏུ་གྲགས་པའི་བསྟན་བཅོས་མཛད་པའི་ཚེ་ན་ཡ་མཚན་པའི་ལྟས་དུ་མ་བྱུང་ཞིང་སྙིང་ཐིག་གི་སྒོ་ནས་དབང་ཁྲིད་གདམས་པ་དང་བཅས་པས་འགྲོ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་པ་ཆེས་མང་ངོ་། །དེ་ལྟ་བུའི་བརྒྱུད་པ་ལས་བྱུང་བའི་གདམས་པ་ཁྱད་པར་གྱི་སྒོ་ནས་ཁྲིད་པར་བྱེད་པ་ལ།
དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ། ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ལམ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་གཉིས། དང་པོ་ལ་གནས་ལུགས་གཏན་ལ་འབེབས་པ་དང་། རིག་པའི་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་སྟེ། བཏགས་གྲོལ་སྙིང་པོའི་དོན་ཁྲིད་ལས། དང་པོ་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟག ཞེས་གསུངས་པས། ཐོག་མར་དབེན་པའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པ་སྟེ། དེ་ཡང་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། ལག་པ་གཉིས་ལྟེ་འོག་མཉམ་བཞག་གི་ཕྱག་རྒྱ། དཔུང་པ་རྒོད་གཤོག་ལྟར་བརྒྱངས། སྒལ་ཚིགས་མདའ་ལྟར་བསྲངས། མིག་སྣ་རྩེ་ལ་ཕབ། །ལྕེ་ཡ་རྐན་ལ་སྦྱར། འགྲིན་པ་ཡུད་ཙམ་འགུགས། ལུས་དགྱེ་རྒུ་འཁྱག་འཁྱོག་མེད་པ། དཔེར་ན་ལྷ་ཁང་ནང་ལ་མདར་སོ་བཞག་པ་བཞིན། དབང་པོ་རྣམས་རང་ལུགས་སུ་ལྷོད་པ། མིག་གཡས་གཅུས་དང་གཡོན་གཅུས་མེད་པ། ཚབ་ཚུབ་ཁྱག་ཁྱོག་མེད་པ། ཧར་ཧར་གདངས་ཆེ་བ་མ་ཡིན། བཙུམ་པ་མ་ཡིན། ཁ་མིག་བཀྲ་ལམ་མེ་བ་དབང་པོའི་སྒོ་རྣམས་མ་འགགས་པ། ལུས་ཀྱི་ཆ་ནས་ཀློད་པ། སོག་མའི་ཕོན་ཐག་གཤིགས་པ་བཞིན། འབོལ་ཤིག་གེ་གནས་པར་བྱ་སྟེ། བདེ་དང་ལྷོད་དང་ཡང་དང་གསུམ། ཕྱི་འབྱུང་བཞི་ལུས་ཀྱི་ལྷོད་ཐབས་ཡིན་ཏེ། ཀློང་གསལ་ལས། ལུས་མི་འགུལ་བ་དལ་བར་བྱ། །ངག་ནི་མི་སྨྲ་རང་སར་བཞག །སེམས་ནི་མི་འཕྲོ་ངང་ལ་ཀློད། །མིག་གཉིས་ཟིམ་བུས་མཁའ་ལ་གཏད། །ཁ་ནི་ཡུད་ཙམ་གདངས་པ་ལས། །སོ་ཡི་བར་དུ་ནས་ཐར་ཙམ། །སྒོ་གསུམ་རླུང་གིས་དལ་བ་ལས། །ཡུད་ཙམ་ཕྱིར་ལ་འདུར་བའོ། །ཡང་དེ་ཉིད་ལས། སེམས་ནི་དྲན་བསམ་མི་སྤྲོ་ཞིང་། །མིག་གཉིས་སྣ་ཡི་རྩེ་ལ་གཏད། སྣ་ཡང་སེམས་ཀྱི་རྩེ་ལ་གཏད། །གཅིག་ཏུ་དྲིལ་ལ་མཉམ་པར་བཞག །ཅེས་དེ་ལྟར་མཉམ་པར་བཞག་པའི་ཚེ་ན་གཞག་བྱ་འཇོག་བྱེད་ཀྱི་ངོ་བོ་ཇི་ལྟར་བརྟག་པར་བྱ་སྟེ། དང་པོ་རྩད་བཅད་པ་ནི། དེ་ལྟར་བཟང་ངན་སྐྱིད་སྡུག་གི་བྱེད་པ་པོ་བྱ་བྱེད་ཐམས་ཅད་ཀྱི་གཞི་སྒོ་གསུམ་ལ་རག་ལས་པས། དེ་ཡང་ལུས་ངག་ཡིད་གསུམ་པོ་གཙོ་གང་ཆེ་བར་འདུག་ལེགས་པར་བརྟག་པས་ལུས་ཀྱི་བདེ་སྡུག་གྲང་དྲོ་བརྒྱག་ལྟོག་དང་། ངག་གི་བཟང་ངན་གྱི་སྨྲ་བརྗོད། ཡིད་ཀྱི་སྒོ་ལྔའི་འཛིན་པ་བཟང་ངན་གྱི་བླང་དོར་སོགས་གང་ས་ནས་གཙོ་གང་ཆེ་བར་འདུག་བརྟགས་ཤིང་དཔྱད། གཞན་ཡང་འཁོར་བར་འཁྱམས་མཁན་དང་སངས་རྒྱས་སུ་འགྱུར་བ་པོ་དེ་གང་། བདེ་སྡུག་གི་རྟེན་དང་དགག་སྒྲུབ་བྱེད་པ་པོ་དེ་སུ། སྐྱེ་བ་སྔ་ཕྱི་བརྒྱུད་ནས་ལས་བཟང་ངན་དགེ་སྡིག་གི་འབྲས་བུ་ལས་བདེ་སྡུག་སོ་སོར་མྱོང་མཁན་དེ་ལུས་ངག་ཡིད་གསུམ་སོ་སོར་ནས་བསམ་གཞིག་ལེགས་པར་བཏང་ལ་སོ་སོར་རེད་དམ། གསུམ་ཀ་ཚོགས་པ་གཅིག་གིས་བྱེད་བརྟགས་ཤིང་དཔྱད་པས་དེ་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཐག་ཆོད་པ་བྱུང་ན་རྐུན་པོ་ངོས་ཟིན་པ་ལྟ་བུའོ། །ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་གྱི་གཞི། །ཞེས་དང་།གསང་བ་སྙིང་པོ་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱིརྩ་བ་ཡིན། །ཞེས་དང་།དོ་ཧ་ལས་ཀྱང་།སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འགྲོ་བར། །ཞེས་སོགས་གསུངས་པའང་དོན་འདི་ལ་དགོངས་པའོ། །གཉིས་པ་མཚངས་བཙལ་བ་ནི། དེ་ལྟར་འཁོར་འདས་ཐམས་ཅད་ཀྱི་རྩ་བ་སེམས་འདིའི་དབྱིབས་ཁ་དོག་མཚན་མ་ལ་བརྟག་དགོས་པ་སྟེ། དེ་ཡང་ཟླུམ་པོ་དང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། ནར་མོའི་གཟུགས་ཅན་སོགས་དངོས་པོར་འཛིན་དུ་རུང་བ་དང་མི་རུང་བར་བརྟག་དཔྱད་ལེགས་པར་བཏང་། དེ་བཞིན་དུ་དཀར་སེར་དམར་ལྗང་མཐིང་ཁ་སོགས་ཁ་དོག་ལ་བརྟག་པ་དང་། གཞན་ཡང་སེམས་དང་ལུས་ངག་ཡིད་གསུམ་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག དགའ་མི་དགའ་སྙན་མི་སྙན་སྐྱིད་སྡུག་སྣ་ཚོགས་སུ་བྱུང་དུས་སེམས་དང་དེ་དག་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག གཅིག་ན་སེམས་ལ་ཁ་དོག་ཡོད་པར་འགྱུར་ཏེ་ལུས་དང་གཅིག་པའི་ཕྱིར་རོ། །ཐ་དད་ན་སོ་སོར་གང་ལ་འདུག་བརྟགས་ཤིང་དཔྱད་པས་གཅིག་དང་ཐ་དད་གང་དུ་ཡང་གྲུབ་པ་མེད་པས་ལུས་རྡུལ་ཕྲན་ཆ་མེད་དང་རྗེས་མེད་རང་ཡལ། སེམས་བྱ་ལམ་རྗེས་མེད་དུ་སོང་བ་ནི་སེམས་ཀྱི་མཚངས་རིག་པ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་སྐྱེ་འགག་དང་རྟག་ཆད་ལ་སོགས་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བ། ཅི་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཧྲིག་གེ་བ། ཇི་ལྟ་བ་བཞིན་བརྗོད་པའི་ཡུལ་ལས་འདས་པ་ཉིད་འཁྲུལ་པའི་མཚན་མ་ལས་གདོད་ནས་གྲོལ་བའི་ཕྱིར། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག།ཅེས་པ་ལྟར་རོ། །གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། དེ་ལྟར་གཞིའི་མཚངས་མ་རྙེད་ཀྱང་བདག་མེད་པ་བདག་ཏུ་འཛིན་པའི་སེམས་ཀྱི་ངོ་བོ་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། མཐར་གང་དུ་འགྲོ། དེ་ཡང་ཇི་ལྟར་བྱུང་། ཇི་ལྟར་གནས། ཇི་ལྟར་འགགས་སོགས་བརྟགས་ཤིང་དཔྱད་པར་བྱའོ། །དེ་ཡང་ཀློང་གསལ་ལས། དེ་ནས་སེམས་ཀྱི་གནས་པ་ཅི། །ཡོད་དམ་ཞེ་ན་དངོས་པོ་སྟོང་། །མེད་དམ་ཞེ་ན་བརྟག་དཔྱད་གསལ། །སྟོང་གསལ་ངོས་བཟུང་བྲལ་བའོ། །ཞེས་དེ་ལྟར་སེམས་རང་གནས་སུ་བཞག་ཅིང་སེམས་ཕྱི་ནང་གི་གནས་ས་བཙལ་ཀྱང་གནས་མཁན་གྱི་ངོ་བོ་མ་རྙེད་ཀྱང་རྣམ་པར་རྟོག་པ་མི་འཕྲོ་དགུ་འཕྲོ་འདི་འདས་མ་འོངས་ད་ལྟར་རྗེས་སུ་འབྲང་བས་ཤེས་པ་འགྱུ་འགྱུ་བ་འདི་ཇི་ལྟར་འགྱུ་གང་དུ་འགྲོ་འགྲོ་མཁན་གྱི་ངོ་བོ་ཡོད་ནས་འགྲོའམ་མེད་ནས་འགྲོ། མེད་ནས་འགྲོ་ན་འགྲོ་མཁན་དོན་མ་མཆིས། འགྲོ་མཁན་གྱི་ངོ་བོ་བྱེད་པ་པོ་དེ། འགྲོ་བ་ལྷ་མི་ལྟར་དུ་འགྲོའམ། ས་ལ་འཛུལ་ལམ། གནམ་ལ་འཕུར་རམ། འགྲོ་བ་རིགས་དྲུག་གི་གཟུགས་ལྟར་འགྲོའམ། མཚན་མ་ཁ་དོག་ཆེ་ཆུང་ཇི་ལྟར་འདུག་བརྟག་པ་ནི་སེམས་ཚོལ་གྱི་མན་ངག་གལ་པོ་ཆེ་ཡིན་པས་ནན་ཏན་དུ་བྱས་ཏེ་ཉིན་མཚན་དུ་འབད་ནས་བརྟག་པར་བྱའོ། །དེ་ཡང་སེམས་ཀྱིས་སེམས་ཚོལ་པ། སེམས་ཀྱིས་སེམས་འདུལ་བ།སེམས་ཀྱི་མཚངས་བཙལ་བ། །སེམས་ཀྱི་ཁང་བུ་བཤིགས་པ། སེམས་ཀྱི་རྫུན་ཁུང་སྡིབ་པ་ཞེས། དཔེར་ན་བདེན་རྫུན་ཁྲིམས་རར་གཏུག་པ་བཞིན་དུ་ཕུ་དེད་མདའ་དེད་ཕུབ་ཐོག་ཏུ་མདུང་སྒྲིལ་བའམ་ཁབ་མིག་ཏུ་སྲད་བུ་འཛུད་པ་བཞིན་སེམས་ཀྱི་མཚན་ཉིད་ཞིབ་མོར་བརྟག་པར་བྱའོ། །དེ་ཡང་སེམས་ཀྱིས་སེམས་འདུལ་བ་རྡོས་རྡོ་བཅགས་པ་ལྕགས་ཀྱིས་ལྕགས་གཅོད་པ་བཞིན་ནོ། །དེ་ལྟར་གོང་དུ་བརྟགས་ཤིང་དཔྱད་པས་མཚན་མ་དངོས་ཅན་གང་དུ་ཡང་མ་གྲུབ་པའི་ལྟ་བྱེད་ཀྱི་གཉེན་པོས་སླེབ་ཚེ་བལྟ་བྱའི་ཡུལ་ཉིད་རང་བཞིན་སྟོང་པ་རྩ་བྲལ་དུ་དག་པས་སྡོང་པོ་རྩ་བ་བཅད་ན་ལོ་འདབ་ངང་གིས་སྐམ་པ་བཞིན། །ལྟ་བྱེད་ཀྱི་རིག་པ་ཉིད་ཀྱང་འདི་ཞེས་མི་མཚོན་པ་སོ་སོ་རང་རིག་གི་ངོ་བོ་གདོད་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར། དེའི་ཚེ་གནས་ན་གནས་པའི་ངོ་བོ་ལ་བལྟ་ཞིང་། འཕྲོ་ན་འཕྲོ་བའི་ངོ་བོ་ལ་བལྟས་པས་རིག་བྱ་རིག་བྱེད་དང་བྲལ་བའི་རང་རྩལ་འགག་མེད་ཀྱི་རིག་པ་རང་བབས་སུ་བསྐྱངས་པས་ཡེ་སྟོང་ཀ་དག་གི་གནས་ལུགས་མངོན་དུ་གྱུར་པ་སྟེ། བཏགས་གྲོལ་ལས། ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། གཞན་ཡང་། ཀུན་གཞི་རྣམ་པར་དག་ཤེས་ན། །གཞི་དོན་མངོན་གྱུར་རང་སར་གྲོལ། །ཞེས་གསུངས་པ་བཞིན་ནོ། །འོ་ན་བྱུང་གནས་འགྲོ་གསུམ་སྔར་ཡང་བྱུང་བས་སོ་སྙམ་ན། སྔ་མ་ནི། ཡུལ་ལ་བརྟགས་ནས་མ་གྲུབ་པར་གཏན་ལ་འབེབས་བྱེད་ཡིན་ལ། འདིར་ནི་ཡུལ་ཅན་ལ་བརྟག་ནས་ངོ་བོའི་ཐོག་ཏུ་འབེབས་པ་ཡིན་ནོ། །ཞེས་ཆོས་རྗེ་ཀུན་མཁྱེན་པས་གསུངས་པ་ལྟར་སྔ་མ་ནི་སེམས་གཞི་མེད་རྩ་བྲལ་དུ་གཏན་ལ་འབེབས་པ་དང་།ཕྱི་མ་ནི་ཕབ་པའི་དོན་ལ་མཉམ་པར་འཇོག་པའི་གནས་ལུགས་སྟོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་བརྟག་དཔྱད་ཞིབ་མོས་ཡང་དང་ཡང་དུ་ནན་ཏན་མཐར་ཆགས་སུ་མཛོད་ཅིག།
སྤྱི་དོན་བཅུ་བདུན་པ་རིག་པའི་རྩལ་དབང་དང་ངོ་སྤྲོད་ཀྱི་རིམ་པ་ལ་འཇུག་པ་སྟེ། གོང་དུ་སྤྲོས་བཅས་བུམ་དབང་བསྐུར་ནས་ཁྲིད་ཀྱི་རིམ་པ་དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ། ལུས་ཀྱི་སྔོན་འགྲོའི་འདུག་སྟངས་བར་དུ་སྦྱངས་པ་དང་། དེ་ནས་སྤྲོས་མེད་གསང་དབང་བསྐུར་ནས་ངག་གི་སྔོན་འགྲོ་རྣམས་དང་། དེ་རྗེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས་སེམས་ཀྱི་སྔོན་དུ་འགྲོ་བ་དང་། དེ་ནས་ཚིག་དབང་བསྐུར་ལ་རྟོག་པ་རྩད་བཅད་དང་མཚངས་བཙལ་ལ་སྦྱངས་པ་བྱ་བ་སྟེ་འདི་དག་ནི་ཀུན་མཁྱེན་ཆོས་རྗེས་ཕྱག་ལེན་མཁའ་འགྲོ་ཡང་ཐིག་ལས་གསུངས་ལྟར་ཡིན་པས་དེ་ལྟར་དགོས་པ་དང་། སྐབས་འདིར་ངོ་སྤྲོད་ཀྱི་གོང་དུ་རྩལ་དབང་བསྐུར་བར་གསུངས་ཏེ། གོང་གི་སྤྲོས་བཅས་བུམ་དབང་སོགས་དབང་ཁྲིད་བསྒྲགས་མར་མ་གྲུབ་ན་སྐབས་འདིར་ཁྱད་པར་རིག་པའི་དབང་ལྔ་བསྐུར་སྲོལ་ཡང་ཡོད། གང་ལྟར་རྩལ་དབང་ས་བཅད་ཙམ་བརྗོད་པར་བྱ་སྟེ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་དམ་པའི་ཆོས་གསན་ཅིང་ཉམས་སུ་བླང་བར་བགྱི་སྙམ་པའི་ཐུགས་བསྐྱེད་དང་བཅས་པས་གསན་འཚལ། དེ་ཡང་ལུང་ལས། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་བ་བརྒྱར་ཡང་རྙེད་མི་འགྱུར། །ཞེས་གསུངས་པ་ལྟར། སྒོ་གསུམ་གུས་པ་དང་བཅས་པས་ཉན་པ་ལ་བསླབ་པར་བྱའོ། །དེ་ཡང་མ་གུས་པ་དང་། མ་དད་པ་དང་། ལུས་ངག་ཡིད་གསུམ་སྒེག་ཆོས་ཀྱི་སྤྱོད་པ་ལྡན་པ་རྣམས་ལ་ཆོས་བཤད་པའི་ཡུལ་མ་ཡིན་ཏེ། སྤྱོད་འཇུག་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོག་དང་། །གདུགས་དང་མཁར་བ་མཚོན་ཐོགས་དང་། མགོ་བོ་དཀྲིས་པ་དག་ལའང་མིན། །ཞེས་པས་ཚུལ་མིན་གྱི་བྱ་བ་རྣམས་སྤངས་ཚུལ་དང་ལྡན་པས་དམ་པའི་ཆོས་དང་བླ་མ་ལ་དོན་གཉེར་དད་འདུན་དང་བཅས་པས་ཉན་དགོས་པའོ། །
སྐབས་འདིར་རིག་པའི་རྩལ་དབང་བསྐུར་བར་བྱ་བ་སྟེ། དེ་ཡང་གོང་དུ་རྟོག་པ་རྩད་བཅད་དང་། མཚངས་བཙལ་བ་རྣམས་ལ་གོ་ཡུལ་དུ་མ་ལུས་པར་ཉམས་ལེན་ཆིག་དྲིལ་དུ་བྱས་ཤིང་གནས་ཚུལ་གྱི་ཞུན་ཐར་ཆོད་པ་རྣམས་ལ་རྩལ་དབང་དང་ངོ་སྤྲོད་ཀྱི་རིམ་པ་རྣམས་བྱེད་པ་ཡིན་ལ། དེ་ལྟར་མ་ཡིན་པའི་ཚིག་ཙམ་གྱིས་ཤེས་སྨོན་དུ་རེ་ནས་ཐོས་ལོར་སོང་བ་རྣམས་ལ་བསྟན་ཀྱང་ཕན་པ་ཆེན་པོ་མི་འགྲུབ་སྟེ། ཕལ་པོ་ཆེ་ལས། དཔེར་ན་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡི་དགའ་བྱེད་ཀྱང་། །བདག་ཉིད་ཀྱིས་ནི་མ་ཐོས་པ། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་བུ་རམ་མངར་བའི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །མྱོང་བས་རོ་ནི་མྱོང་བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །བསྒོམ་པས་རོ་ནི་མྱོང་བར་འགྱུར། །ཞེས་པས་ཡང་དག་པའི་ཡེ་ཤེས་རྒྱུད་ལ་འབྱོར་བ་རྣམས་ལ་གདམས་ངག་ཚངས་སྤྲུགས་སུ་གདབ་དགོས་པ་ལས། སྙིང་ཐིག་རང་གཞུང་ནས་གསུང་པ། དེ་ནས་ཀུན་བཟང་ཡབ་ཡུམ་གྱིས། །སྨིན་བྱེད་རིག་པའི་རྩལ་དབང་བཤད། །ཅེས་པས། །སྔོན་འགྲོ་དངོས་གཞི་རྗེས་གསུམ་དང་ལྡན་པའི་བཀའ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བ་ལ། དེ་ཉིད་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །སྐལ་བ་ལྡན་པའི་སློབ་བུ་ལ། །རབ་འབྱམས་དབང་བསྐུར་གསུམ་དུ་བསྟན། །ཞེས་གསུངས་པ་ལྟར་རང་གཞུང་ལས་བྱུང་བ་བཞིན་རྩལ་དབང་བསྐུར་བར་བྱའོ། །དེ་ཡང་རིག་པའི་རྩལ་དབང་ཞེས་པའི་དོན་ནི་རང་གི་རིག་པ་དྲི་མ་མེད་པ་ཡེ་སངས་རྒྱས་པའི་སྙིང་པོ་རང་ལ་ཡེ་ནས་གནས་པ་བླ་མས་བསྟན་པ་ཙམ་གྱིས་ཡང་དག་པའི་དོན་ལ་རང་ངོ་རང་གིས་ཤེས་ཤིང་གང་ཤར་རིག་པའི་རྩལ་དུ་གྲོལ་ཞིང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པའི་རྩལ་དུ་ངོ་ཤེས། རང་རིག་པ་རང་ལ་དབང་ཐོབ་ཙམ་ན་དབང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་གཞུང་ལས། ཏི་ལ་མངོན་སུམ་རྩལ་དབང་ཐོབ། །ངང་མདངས་རང་བཞིན་བདག་ཉིད་ཐོབ། །རིག་པའི་རྩལ་དབང་མ་ཐོབ་ན། །འདུས་བྱས་ཆོ་གས་གྲོལ་མི་སྲིད། །ཅེས་པས་རིག་པའི་རྩལ་དབང་སེམས་ཀྱིས་མ་ཐོབ་ན་གང་ཟག་དེ་ལ་རིན་པོ་ཆེ་སྣ་ལྔའི་དཀྱིལ་འཁོར་མང་པོ་བསྟན། བུམ་ཆུའི་གཞལ་དུ་བསྐུར། ཅོད་པཎ་གྱི་ཐིབས་སུ་བཅུག། ཚོགས་འཁོར་ཀྱི་འདམ་དུ་བཙུད་ཀྱང་རིག་པ་རྩལ་གྱི་དབང་མ་ཐོབ་ན་སངས་རྒྱས་པ་ཉིད་དུ་མ་སོང་སྟེ། ཀློང་གསལ་ལས། རབ་འབྱམས་རིག་པའི་དབང་མེད་ན། །འདུས་བྱས་དབང་གིས་སྨིན་མི་སྲིད། །ཅེས་པས། དེ་ལྟར་རིག་པའི་རྩལ་དབང་ཐོབ་ན་མ་རིག་པའི་སྒྲིབ་པ་ཐམས་ཅད་དབང་གིས་དག་ཅིང་བོག་འབྱིན་པར་བྱེད་དོ། །ཡང་ན་ཁྱད་པར་རིག་པའི་དབང་ལྔ་བསྐུར་བ་ལ་གཉིས་ལས། དེ་མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་དང་གཉིས་ལས། དང་པོ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་མཎྜལ་ཕུལ་བས་རིག་པ་མེ་ལོང་ལྟ་བུའི་དོན་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ལ་གཉིས་ལས། སྨིན་བྱེད་རིག་པའི་རྩལ་དབང་ནི། གནས་ལྔར་ཡི་གེ་བཀོད་པའི་འཕྲོ་འདུ་ལས་བཟླས་པ་བྱ་བ་ནི།
སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ། ལྟེ་བར་སྭཱ་སེར་པོ། གསང་གནས་སུ་ཧཱ་ལྗང་གུ་རྣམས་བཀོད་པར་བྱའོ། །མཆན། འཁོར་ལོ་ལྔ་སྐུ་ལྔ་ཡེ་ཤེས་ལྔར་གསལ་བས། ཉོན་མོངས་པ་ལྔ་དག་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རྩལ་དབང་གིས་འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་བས་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་དགོས་པ་ཡོད་དོ། །གསུམ་པ་རྗེས་དགའ་སྟོན་བྱས་པས་བླ་མ་མཁའ་འགྲོ་མཉེས་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་དགོས་པ་ཡོད་དོ། །གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་ནི། སྣང་བ་བཞིའི་དོན་ལ་གོམ་པར་བྱེད་པའོ། །ད་ནི་རིག་པའི་རང་ངོ་སྤྲད་པ་ནི། །བྱིན་རླབས་འཕོ་བའི་ཐབས་ཀྱིས་ངོ་སྤྲད་པ། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ། ཉམས་མྱོང་བསྒོམ་པའི་ཐོག་ཏུ་ངོ་སྤྲད་པ་དང་གསུམ་མོ། །དང་པོ་ནི། ཚོགས་འཁོར་རྒྱ་ཆེ་བཤམས་པས་མཆོད་ཅིང་གསོལ་བ་བཏབ་ལ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། ལུས་གནད་ལེགས་པར་བཅའ་དགོས་པ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཞི་གནས་ལུས་ངག་ཡིད་གསུམ་དལ་བས་འགྲུབ། །དེ་ཡང་ཆོས་ཀུན་རང་བཞིན་མཉམ་པའི་ངང་། །དམིགས་པ་རབ་ཞི་གཙོ་བོའི་ཡན་ལག་ཡིན། །དམིགས་པ་གཅིག་ལ་སེམས་འཛིན་འཁོར་གྱི་ཚུལ། །ཞེ་གསུངས་པས། འདི་ལྟར་ཏིང་འཛིན་རྣམ་པར་མི་རྟོག་པ་ནི་སྒོ་གསུམ་དལ་བས་འགྲུབ་སྟེ། ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་དལ། རླུང་དལ་བས་ཁམས་དལ། འཁོར་ལོ་བཞིའི་འདབ་མ་ལ་སོགས་པ་རང་གནས་སུ་སྡོད་པས། སེམས་གནས་ཀྱི་ཞི་གནས་ངང་གིས་འགྲུབ་སྟེ། སེམས་ཀྱི་རྟེན་ཁམས་དྭངས་མ་མི་གཡོ་བར་ས་གཅིག་ཏུ་སྡོད་པའི་ཕྱིར་རོ། །དེ་ལྟར་དལ་བུས་བསྒོམ་དུས་སེམས་སྤྲོ་བསྡུ་མེད་པའི་རང་བཞིན་དེ་ཉིད་ཞི་གནས་ཀྱི་ངོ་བོ་དང་གཙོ་བོ་ཡིན་ལ། དེ་བརྟན་པར་བྱ་བའི་དོན་དུ་དམིགས་ཡུལ་གཅིག་ལ་སེམས་བཟུང་བས་ཅུང་ཟད་མི་རྟོག་པར་འཁོར་གྱི་ཚུལ་དུ་གནས་སོ། །དེའང་གཤིས་ཀྱི་སེམས་འདིའི་རང་བཞིན་གང་ནས་ཀྱང་མ་འོངས་མི་འགྲོ་མི་གནས་པའི་རང་ལུགས་ཕྱམ་ཆལ་ལེ་བ་ཞིག་ཏུ་རྒྱུན་དུ་ཡོད་དེ། གསལ་དྭངས་ཕྱེད་པའི་ཆ་དེ་ནི་ལྷག་མཐོང་། གནས་ཆ་དེ་ནི་ཞི་གནས། གཉིས་སུ་མེད་པ་ཟུང་འབྲེལ་ཞེས་སྨོས་ཏེ་ཡོད་ནི་སེམས་ཅན་ཀུན་ལ་དུས་རྟག་ཏུ་ཡོད་ཅིང་། གསལ་བ་ནི་ངང་གིས་མི་གཡོ་ངལ་སོས་པ་ལ་སོགས་པའི་དུས་སུ་ངོ་འཕྲོད་པ་སླ་བ་ཡིན་ནོ། །རྣལ་འབྱོར་པས་ནི་འཕྲོས་སམ་གནས་ཀྱང་རང་བབས་སུ་བཅོས་སླད་མེད་པའི་ཞི་ལྷག་ཤེས་པས་གྲོལ་བ་ཡིན་ནོ། །ངོ་སྤྲོད་དངོས་ལ་འཇུག་པ་ནི། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས་སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་སྩོལ། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་ཏེ། རྩ་བརྒྱུད་བླ་མ་དམ་པ་རྣམས་ཀྱི་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་རློབས་ཤིག ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ཅིགབྱས་ལ། བླ་མས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག ཅེས་སོགས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕེབས་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་བྲལ་གྱི་ངང་ལ་ཤེས་པ་ལྷོད་ནས་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་ཤེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་ཀློད་པས་རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས་མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་ལ་བསལ་བཞག་མེད་པ་རང་བབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་ཉམས་མྱོང་བོགས་ཆོད་དུ་སྐྱེ་བ་ལ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །
གཉིས་པ་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ནི། དོན་ཁྲིད་ལས། དེ་ནས་རྣམ་རྟོག་སེམས་སུ་ངོ་སྤྲད། སེམས་སྟོང་པར། སྟོང་པ་སྣང་བར། སྣང་སྟོང་གཉིས་མེད་དུ། གཉིས་མེད་རང་གྲོལ་དུ། དུག་ལྔ་རང་གྲོལ་དུ། ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་དོ། ཅེས་རྣམ་གྲངས་བདུན་དུ་བསྟན་པ་ལས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་བཞག་པ་ལས། རྣམ་གྲངས་ཀྱི་ཆོས་གང་ཡང་རུང་བ་ཞིག་ཡིད་ལ་ཝལ་གྱིས་འཆར་དུ་བཅུག་ནས། འདི་ལྟར་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་རང་གི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས་ཕྱི་རོལ་ན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གཞི་གཅིག་ལའང་རིགས་དྲུག་སོགས་ལས་མི་མཐུན་པའི་འགྲོ་བ་སོ་སོ་ལ་སྣང་བ་རིས་མེད་ཐ་དད་དུ་སྣང་བ་དང་། སྐྱེས་བུ་གཅིག་ཉིད་ཀྱང་རྣམ་རྟོག་ཐ་དད་པས་དགྲ་གཉེན་དུ་མར་ངེས་པའི་ཕྱིར་སེམས་ལ་རྣམ་རྟོག་ཇི་ལྟར་ཤར་ཡང་སེམས་ཉིད་ལས་མི་གཡོ་ཞིང་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཕྱིར་རྣམ་རྟོག་སེམས་སུ་ཐག་ཆོད་པ་སྟེ། དེ་ཡང་སེམས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས་གཟིགས་པར་མི་འགྱུར་འགྱུར་ན་མཚན་ཉིད་མཚོན་པར་བྱེད་པ་རྣམ་རྟོག་ལམ་མེར་འཆར་བ་འདི་ལས་ཅི་ཞིག ཀློང་གསལ་ལས། སེམས་ཀྱི་དྲན་བསམ་རིག་པའི་རྩལ། །སྣང་ཤེས་དག་ཏུ་འགྱུར་བ་ཀུན། །རིག་པ་དག་ལས་ལོག་པ་མེད། །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི། སེམས་དེ་ཡང་། ཡོད་མེད་སྐྱེ་འགག་རྟག་ཆད་ལ་སོགས་པ་གང་དུ་ཡང་མ་གྲུབ་ཅིང་། སྤྲོས་པ་ཐམས་ཅད་དང་བྲལ་བས་འདི་ཞེས་མཚོན་དུ་མེད་པའི་ཕྱིར། སྟོང་པ་ཉིད་དུ་ཐག་ཆད་པ་སྟེ། རྒྱུད་ལས། འགྱུ་བྱེད་ཉིད་ལ་ཚུར་བལྟས་པས། མ་སྤངས་རང་གྲོལ་སིལ་བུ་འདྲ། །ཞེས་དང་།བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མ་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྱ་རང་བྱུང་ཡེ་ཤེས་སོ། ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། ངོ་བོ་སྟོང་པ་ཉིད་ལ་འགྱུར་བ་མེད་ཀྱང་། རང་རྩལ་མ་འགགས་པའི་འཆར་སྒོ་ཅིར་ཡང་སྣང་བའི་ཕྱིར། རྒྱུད་ལས། འགགས་མེད་རྩལ་ནི་ཅི་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་དང་། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ཡང་སྣང་བ་ཡང་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་རང་རྩལ་ཆུའི་ཟླ་གཟུགས་བཞིན་སྣང་སྟོང་གཉིས་མེད་སོ་སོ་རང་གི་ངོ་བོར་གནས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པའི། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི་རིག་པ་ཧྲིག་གེ་བ་སྤྲོས་བྲལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ནས། སྐུ་གསུམ་གྱི་དབྱིངས་སུ་རང་གྲོལ་བ་སྟེ། ཕྲ་བཀོད་ལས། རྗོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། ཅེས་གསུངས་པ་ལྟར་རོ། །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། །ཞེ་སྡང་ལ་སོགས་དུག་ལྔའི་རྣམ་པར་རྟོག་པ་གང་ཤར་ཡང་དེ་ཉིད་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཞེ་སྡང་མ་སྤངས་གསལ་སྟོང་ཡེ་ཤེས་སུ་རང་གྲོལ། དེ་བཞིན་དུ་འདོད་ཆགས་བདེ་སྟོང་དང་། གཏི་མུག་མི་རྟོག་པ། ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མའི་ངོ་བོ་རྣམས་སུ་འཆར་ཞིང་ཡེ་ཤེས་ལྔའི་ངང་དུ་གྲོལ། དེས་མཚོན་ནས། རྩ་བའི་ཉོན་མོངས་པ་ལྔ་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་སོགས་མི་དགེ་བའི་རྟོག་པ་གང་སྐྱེས་ཀྱང་ཐམས་ཅད་རང་ཤར་རང་གྲོལ་དུ་ཤེས་པར་བྱ་སྟེ། ཀློང་གསལ་ལས། ཉག་གཅིག་འཁོར་འདས་ཀུན་ཀྱི་གཞི། །རང་བྱུང་ཡེ་ཤེས་རང་ལས་བྱུང་། །དེ་ཤེས་ཡེ་ཤེས་ཙམ་དུ་བརྗོད། །ཅེས་གསུངས་པ་ལྟར་རོ། །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་བཞིན་དུ་གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་གྱི་སྣང་བ་དང་རྟོག་པ་ཕྲ་རག་གང་ཤར་ལ་བལྟས་པས་རང་བཞིན་མེད་པ་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །མདོར་ན་གང་ཤར་གྱི་རིག་པ་བཅིང་གྲོལ་ལས་འདས་པའི་རང་བཞིན་སྤྲོས་བྲལ་ཀ་དག་གི་དབྱིངས་སུ་རང་གྲོལ་བས། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་གནས་ལུགས་མཐར་ཕྱིན་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་ནས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གི་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་གྲོལ། ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་ཡང་སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲད་པ་དང་། འགགས་མེད་དུ་གཏན་ལ་ཕབ་ནས་ཐག་གཅིག་ཐོག་ཏུ་བཅད་པ། གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱངས་པ་ཞེས་གསུངས་པ་རྣམས་ཀྱང་བཤད་མ་ཐག་པའི་དོན་ལས་གཞན་མེད་དོ། །
གཉིས་པ་ཉམས་མྱོང་བསྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ། རང་གནས་བསམ་གཏན་གྱི་ངང་ལ་ངོ་སྤྲད་པ་དང་། རག་མདངས་ཡེ་ཤེས་ཀྱི་རོལ་པ་ལ་ངོ་སྤྲད་པའོ། །དང་པོ་ནི། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱིས་རང་བཞིན་ལས། ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་གསུང་པས། རི་བོ་ཅོག་བཞག་ལུས་རྣམ་སྣང་གི་ཆོས་བདུན་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་བཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེ་བལྟ། རིག་པ་ཅོག་བཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་འཇོག་ཏུ་བཅུག་ལ། ཀྱེ་སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་དང་། རྟོག་པ་མ་འཕྲོ། རྩེ་གཅིག་ཏུ་མ་བཟུང་། སྤངས་བླང་དང་རེ་དོགས་ཀྱིས་མ་བསླད་པ། གསལ་བ་ལ་འཛིན་པ་མེད་པ། དྭངས་བ་ལ་ཕྱི་ནང་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་པ། ངང་མདངས་ལ་ངོས་བཟུང་མེད་པ། ཟང་ཐལ་ལ་ཕྱམ་བརྡལ་བ། རང་བབས་རྗེན་པ་འདི་ཉིད་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ། རང་མདངས་འཛིན་མེད་ཆེན་པོར་སྐྱོངས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལེ་སེང་ངེ་ཝ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་བ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་ཤར་ཡང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་པས། སེམས་གསལ་དྭངས་ཀྱི་ངང་ལ་གནས་པ་དེ་ཉིད། ཕཊ་ཅེས་ཡེངས་ལ་བོར་བའི་རྐྱེན་གྱིས་སྔར་གྱི་མི་རྟོག་པའི་གདངས་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དེར་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཞི་འཕྱལ་བ་གཅིག་འཆར་ཏེ། འདི་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེས་པར་གྱིས་ཤིག འདི་ངོས་བཟུང་ཕན་ཆད་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་སུ་ཡང་རང་རིག་རང་བབས་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱིས་འཆར་ཏེ། འདི་ཁོ་ན་ལ་རྩོལ་མེད་ལྷུན་གྲུབ་ཀྱི་སྒོམ་པ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ལ་ཅུང་ཟད་བརྟན་པ་ཐོབ་ནས་སྤྱོད་ལམ་འཇམ་རྩུབ་བར་མ་རང་ཉམས་དང་སྦྱར་བའི་རྐྱེན་གྱིས་བསམ་གཏན་དང་བསྲེས་པས་བྱ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་ཤར་ཏེ། མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་རྩིས་མེད་པར་ཐམས་ཅད་རིག་པའི་རང་མདངས་ཆོས་ཟད་ཀ་དག་གི་དགོངས་པ་ལ་ཟློས་པའོ། །དེ་ལྟར་ཡང་ཐལ་འགྱུར་ལས།ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དེ། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཅེས་གསུངས་པ་བཞིན་ནོ། །
གཉིས་པ་རང་མདངས་ཡེ་ཤེས་ཀྱི་རོལ་པར་ངོ་སྤྲད་པ་ལ་གསུམ་ལས། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ་ནི། སྒོ་གསུམ་རང་བབས་སུ་ལྷུག་པར་བཞག་ལ། དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སྤྲོས་ནས་ཆམས་ཀྱིས་བཞག་པས་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མའི་གནས་ལུགས་ལ་རང་སོར་གནས་པ་རྒྱ་མཚོ་ལ་རླབས་ཞི་བས་དྭངས་ལ་མི་གཡོ་བར་གནས་པ་བཞིན་ཏེ། རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་གསུངས་ཤིང་། དེའི་ཚེ་སེམས་སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུ་སྟེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་ཕྱིར། ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཅིང་། །ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་སོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་པའོ། །ཞེས་སོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་བར་ངོ་སྤྲོད་པ་ནི། སེམས་གསལ་ལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་གང་ཤར་གྱི་སྣང་བའི་སྟེང་དུ་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བསྐྱངས་པས་རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་ལས་མ་གཡོས་པ་ལྟར། གང་ཤར་གྱི་རྟོག་པ་ཆོས་ཉིད་ཀྱི་རོལ་པ་ལས་མི་གཡོ་བ་སྟེ། ཕྲ་བཀོད་ལས། འགགས་མེད་རྩལ་ནི་ཅིར་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་པ་མེད། །དེ་ཕྱིར་མ་གྲོལ་པ་ཡང་ཅི། །ཞེས་པ་དང་།ཤར་དུས་ཉིད་ནས་གཉེན་པོ་ལ་མི་ལྟོས་པ་རང་གྲོལ་བ་སྦྲུལ་མདུད་བཞིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཕྲོ་གནས་གཉིས་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་མི་རྟོག་པའི་ངང་ལས་མ་འགགས་པའི་རྣམ་རྟོག་སྣ་ཚོགས་སུ་ཤར་ཡང་དགག་སྒྲུབ་བླང་དོར་མེད་པ་རང་བབས་སུ་བཞག་པས་ཆོས་ཉིད་ངང་དུ་མི་གཡོ་བར་གནས་ཤིང་གནས་པའི་རང་རྩལ་འགགས་མེད་དུ་འཕྲོ་བའི་ཕྱིར་འཕྲོ་བ་དང་གནས་པའི་རང་བཞིན་གཉིས་སུ་མེད་པ་རྒྱ་མཚོ་ལ་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ངང་དུ་ཞི་ཞིང་དབྱེར་མི་ཕྱེད་པ་ལྟར། རྣམ་རྟོག་ཇི་ལྟར་ཤར་ཡང་ཐོལ་སྐྱེས་ཐོལ་ནུབ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བའི་ཕྱིར་དེ་ལྟར་ཤེས་པར་བྱ་སྟེ། རྨད་བྱུང་ལས།ཇི་ལྟར་རྒྱ་མཚོ་རྦ་རླབས་ལྟར། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་དང་།དོ་ཧ་ལས་ཀྱང་། ཇི་སྲིད་སེམས་ལས་རྣམ་འཕྲོས་པས། །དེ་ཉིད་མགོན་པོའི་བདག་ཉིད་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་གསུངས་པ་བཞིན་ཏེ། །དེ་ལྟར་ཡང་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་སེམས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡིན་པས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བའི་ཕྱིར། གནས་པ་མི་བསང་། འཕྲོ་བ་མི་དགག མཉམ་པ་མི་སྒྲུབ་སྟེ། ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པའི་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལ་ངོ་སྤྲད་པའོ། །དེ་ཡང་། སྔར་སྐབས་དེ་དང་དེར་བསྒོམ་བྱའི་དོན་ལ་རིག་ཐོག་ཏུ་ཉམས་མྱོང་སྐྱེས་པ་དེ་ཉིད་ངོ་སྤྲོད་བཏབ་པས་གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོགས་ཆོད་ན་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་རིམ་གྱིས་བརྟན་པ་ཐོབ་པར་འགྱུར་ཞིང་། ཡང་དུས་དེར་བསྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་ན་སྐབས་འདིར་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས་སྔར་བཤད་པའི་དམིགས་རིམ་རྣམས་སླར་ཡང་འབད་པས་བསྒོམ་ཞིང་། ཕྱིས་ཉམས་མྱོང་སྐྱེས་ཚུལ་གྱི་ཐོག་ཏུ་ངོ་སྤྲོད་སྦྱར་ནས་བསྟན་ཅིང་ཉམས་སུ་བླངས་པས་རིམ་གྱིས་དོན་ལ་མྱོང་བའི་སྣེ་ཟིན་པར་འགྱུར་རོ། །དེ་ལྟར་ཡང་ཀུན་བྱེད་ལས། གཉིས་དང་གཉིས་མེད་དག་པའི་ཡེ་ཤེས་ནི། །བསྒོམ་དང་མི་བསྒོམ་མིང་དུ་བཏགས་པ་སྟེ། །ཞེས་སོ། །སྒོམ་པས་འཐད་པར་རང་ཤར་རང་གྲོལ་དུ་མ་སོང་བའི་ཚེ་ཐ་མལ་རང་གའི་རྟོག་པ་ཡིན་པས་ན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ་ལས། ཁྱད་པར་རྣམ་རྟོག་ངན་པས་སྲིད་པར་འཁྲིད། །དེ་ཕྱིར་གྲོལ་བྱེད་བསམ་གཏན་ཐབས་ལ་བརྟེན། ཕྱི་ནས་ཤེས་རབ་མཐའ་གྲོལ་ཀློང་ཡང་འཆར། །ཞེས་དང་། དེ་ཡང་རྣམ་པར་རྟོག་པས་འཁོར་བར་ལྟུང་བ་ནི། ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱེད་ནི་རྟག་ཏུ་མྱ་ངན་འདས། །ཞེས་དང་། དཀོན་བརྩེགས་ལས། རྟོག་པས་འཁོར་བ་སྲིད་པའི་དགོན་པར་འཁྱམས། །རྟག་ཏུ་ལས་དང་ཉོན་མོངས་འདུ་བྱེད་ཅིང་། །སྡུག་བསྔལ་བརྒྱ་ཕྲག་མངོན་པར་བསྒྲུབ་པར་བྱེད། །ཅེས་སོ། །དེ་ལྟ་བུའི་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསྒོམ་པས་དུས་ཕྱིས་ཆོས་ཐམས་ཅད་ཡོངས་སུ་གྲོལ་བའི་ཤེས་རབ་འཆར་བར་ངེས་པ་ཡིན་ནོ། །དེ་ཡང་དམིགས་བསམ་ཆོས་ཉིད་དུ་འདས་པས་ཀུན་རྟོག་དབྱིངས་སུ་ཐིམ་ནས་ཆོས་སྐུར་རོ་མཉམ་གྱི་དགོངས་པ་འོད་གསལ་རྫོགས་ཆེན་པོ་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་དཔེ་དོན་མཚོན་འདས་ཆེན་པོར་འཆར་ཏེ། ཀུན་བྱེད་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་། །ཆོས་སྐུ་ཁྱབ་པ་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཞེས་པ་དང་། ངོ་མཚར་རྨད་བྱུང་རོལ་པ་འདི། བྱ་བྲལ་ནམ་མཁའ་བཞིན་དུ་གནས། །ཅིར་ཡང་མི་དམིགས་གཏི་མུག་ལས། །དེ་མ་ཐག་ཏུ་རང་ལས་བྱུང་། །ཞེས་པ་དང་། དོ་ཧ་ལས། བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ། །སྨྲ་རུ་མི་གཏུབ་དེ་ནི་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལའང་བསྟན་ནུས་སམ། །ཞེས་པ་དང་། ཏིང་འཛིན་དམ་པའི་མདོ་ལས། བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །ཕྱོགས་མེད་ལྟ་བའི་ཉམས་མྱོང་འབྱུང་། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་གསུངས་སོ། །དེ་ལྟར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བ་དེའི་ཚེ། །རྣལ་འབྱོར་པ་དེས་བླང་དོར་སྣང་བ་དང་སྟོང་པ། ཡོད་པ་དང་མེད་པ། སྲིད་པ་དང་ཞི་བ། ཤེས་དང་ཤེས་བྱ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་ཞིང་། གཞན་ཡང་ཕྱི་ནང་གི་ཆོས་ཅན་སྒྱུ་མའི་དཔེ་བརྒྱད་ཆོས་ཉིད་རང་བཞིན་གྱིས་མ་སྐྱེས་པས་ངོ་བོ་ཐ་མི་དད་པས་སྣང་སྟོང་ཕྱམ་གཅིག་ཏུ་མཐོང་བ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། སྣང་དང་སྟོང་པ་ཐམས་ཅད་ཕྱམ་གཅིག་ལ། །ཡོད་དང་མེད་པ་ཀུན་གྱི་མཐའ་ལས་འདས། །སྲིད་དང་ཞི་བ་གཉིས་སུ་མི་རྟོག་པ། །ཤེས་དང་ཤེས་བྱ་གཅིག་པའི་ངོ་བོ་ཉིད། །མཉམ་དང་མི་མཉམ་མེད་པའི་ཆོས་མཐོང་ངོ་། །ཞེས་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ཁོང་ནས་འཆར། །ཞེས་གསུངས་པ་ལྟར། །སེམས་ཉིད་ཡོད་མེད་ཀྱི་མཐའ་དང་འདས་པ་དྭངས་གསལ་ལེ་བའི་ཡེ་ཤེས་འཁོར་འདས་གཉིས་མེད་ཀྱི་རོལ་པར་འཆར་བའོ། །དེ་ལྟ་བུའི་ཚེ་མཉམ་བཞག་ཡེངས་མེད་སྤྲོ་བསྡུ་མེད་པར་རང་སོར་བཞག་པས་དེངས་བ་སྤྲིན་ཡལ་བ་ལྟ་བུ་ལྟ་བའི་ངང་དེར་མ་ཡེངས་པར་མཉམ་པར་བཞག་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་བསྒོམ་ཅིག །རྟོགས་པས་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཞེས་པ་དང་། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགགས་པ་མེད་པའི་ངང་དུ་ཞོག །ཅེས་སོ། །གཞན་ཡང་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། །ཡེངས་མེད་སྤྲོ་བསྡུ་བྲལ་བར་བཞག་པ་ནི། །སེམས་ཉིད་མ་སྐྱེས་མཁའ་ལྟར་དག་པའི་ངང་། །སེམས་བྱུང་མི་དམིགས་སྤྲིན་ཚོགས་དེངས་པ་བཞིན། །ཡེངས་མེད་སྤྲིན་དང་བྲལ་བའི་ཤེས་པ་ཡིས། །ཇི་བཞིན་ངང་ལ་ཡེ་བཞིན་མཉམ་པར་བཞག །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་སྐབས་འདིར་ཤེས་པར་བྱ་བ་ནི། དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ་སྤྱིར་བསམ་གཏན་གྱི་གེགས་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། བརྗེད་དང་བྱིང་དང་རྒོད་པ་དང་། འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔ་ཡིན་ནོ། །ཞེས་དང་། དེའི་གཉེན་པོ་ནི། དེ་སྤོང་འདུ་བྱེད་རྣམ་པ་བརྒྱད། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་དང་རྟོགས་པ་དང་། །དེ་སྤོངས་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་རྗེ་བཙུན་བྱམས་པས་གསུངས་པ་ཉིད་འདིར་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་། གང་ལ་མཉམ་པར་བཞག་པའི་ཚེ་སྔར་ལས་རྣམ་རྟོག་མང་དུ་སོང་བ་དང་། ཡང་རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང་། རས་མི་གནས་པ་དང་གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེག་པ་ཞིག་འབྱུང་བས། དེ་གསུམ་ག་ཡང་གནས་པར་རྩོམ་པ་ཡིན་ཞིང་། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེག་པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པའི་མཐར་ཀྱང་རྟོག་པ་མཐུ་བརྡུག་ནས་གནས་པའི་རང་སོ་ཟིན་པ་ཞིག་འོངས་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་བབ། །ཅེས་པ་ལྟར་རོ། །དེ་ཡང་གནས་འགྱུ་ལྟོས་བཞག་ཅན་མ་ཡིན་པའི་ཕྱིར། ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་ཞིང་སྐྱེ་འགགས་རྟག་ཆད་ལས་འདས་པའི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགགས་མེད་ཀྱི་སྣང་བ་གུ་ཡང་ཆད་དེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་ངོ་ཡེངས་མེད་དུ་བསྐྱངས་པ་ལས་གནས་ལུགས་ཀྱི་རྟོགས་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་སྒྲིམ་ཤིང་ལྟ་སྟངས་སྟོད་ཤེས་པ་ལ་ངར་བཏགས། རིད་པ་ཧུར་བསྟོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་སྨད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས་ལྷོད་ལ་རང་བབས་སུ་འཇོག་གོ། ཡང་། སྐབས་རེ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། །ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱི་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་ན་བྱིང་རྒོད་གཉིས་སོགས། སྒྲིབ་པ་ལྔ་ཡི་དབང་དུ་མ་ཤོར་བར་བརྩོན་པས་བསྒྲུབ་དགོས་པ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ཇི་ལྟར་སྒྲུབ་པ་ཐབས་ཀྱི་ཡན་ལག་ཀྱང་། །གཉིད་རྨུག་རྒོད་འགྱོད་ཐེ་ཚོམ་སྒྲིབ་པ་ལྔ། །སྤངས་ཏེ་ཞི་ལྷག་ཟུང་འབྲེལ་ཚུལ་གྱིས་བསྒྲུབ། །གཉིད་རྨུག་གཉིས་ཀྱིས་ཞི་གནས་རབ་ཏུ་སྒྲིབ། །རྒོད་འགྱོད་གཉིས་ཀྱིས་ལྷག་མཐོང་རྣམ་པར་གཡེངས། །ཐེ་ཚོམ་གཉིས་ཀའི་གནོད་བྱེད་མི་མཐུན་ཕྱོགས། །ཞེས་སོ། །འདིར་རྣལ་འབྱོར་སྤྱོད་པ་པ་དག་གིས་བསམ་གཏན་ལ་སྒྲིབ་པ་ནི་ལྔ་སྟེ། ཡང་དག་པའི་ཞི་གནས་གསལ་དྭངས་བྱེད་པ་ནི་གཉིད་དང་རྨུགས་པས་བྱིང་བར་བྱེད་ལ། ལྷག་མཐོང་དྭངས་ལ་རྩེ་གཅིག་པ་ནི་རྒོད་པ་དང་འགྱོད་པས་འཕྲོ་བར་བྱེད་ཅིང་། ཐེ་ཚོམ་གཉིས་ཀའི་དུས་སུ་མི་འགྲུབ་པའི་རྒྱུའོ། །གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་ནང་དུ་བསྡུད་ལ། རྨུག་པ་ནི་ཡུལ་མི་གསལ་བའི་ཤེས་པ་ལུང་མ་བསྟན་པ་དང་། རྒོད་པ་ནི་ཡུལ་གྱི་ཕྱིར་སེམས་འཕྲོ་བ་ཡིན་ལ། འགྱོད་པ་ནི་བྱ་བ་འགའ་ཞིག་ཡིད་ལ་བཅག་པས་མངོན་པར་མི་དགའ་བའི་ཤེས་པ། ཐེ་ཚོམ་ནི་གཉིས་བཅས་ཀྱི་བློས་ཟིན་མེད་པའི་བྱ་བ་སྒྲུབ་པ་ལ་བར་དུ་གཅོད་པའོ། །འདི་དག་སྤངས་བླང་དགོས་པ་ཉིད། །བཤེས་སྤྲིང་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུག་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད་། །ཅེས་སོ། །དེ་ཡང་རྒོད་འགྱོད་གཉིས་གཅིག་གཉིད་རྨུག་གཉིས་གཅིག འདོད་པ་ལ་འདུན་པ། གནོད་སེམས་ཐེ་ཚོམ་སྟེ་ལྔའོ། །དེ་ཡང་གཡེང་ན་ཞི་ལྷག་སོ་སོར་རྩལ་སྦྱངས། །བྱིང་ན་བསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེ་ལ་རྩལ་སྦྱངས་བོགས་འདོན་གྱི་གནད་ཡིན་ནོ། །ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུངས་ལས་སོ། །དེ་བཞིན་བོགས་ཐོན་ཞིང་གོལ་ས་དང་བྲལ་བའི་ཚེ་དངོས་པོ་དངོས་མེད་གང་ལ་ཡང་མི་རྟོག་པའི་ཀུན་རྟོག་མ་ལུས་པ་སེམས་གཞི་ཡི་ངང་དུ་ཐིམ་པས་སེམས་མི་གཡོ་ཞིང་བརྟན་པ་ན་འཁོར་བ་ལས་གྲོལ་ཏེ་གཉིས་འཛིན་བདག་གཞན་དུ་ཞེན་པ་མེད་པའི་བླ་ན་མེད་པའི་ཆོས་སྐུའི་ལུས་སྤྲོས་བསམ་བརྗོད་འདས་ཆེན་པོ་ཐོབ་པར་འགྱུར་ཏེ། དོ་ཧ་ལས། དངོས་དང་དངོས་མེད་ཡོངས་སུ་དཔྱད་པས་ན། །དེར་ནི་འགྲོ་བ་མ་ལུས་རབ་ཏུ་ཐིམ་འགྱུར་རོ། །གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་དེར། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ན། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། །ཞེས་པ་དང་། ཀུན་བྱེད་ལས། ཀྱཻ་ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོ་ལ། །སྒོ་གསུམ་མ་རྩོལ་བཅོས་ཤིང་དམིགས་མི་བྱེད། །ཡིད་ལ་མི་བྱེད་མཚན་མའི་རྗེས་མི་འབྲང་། །རང་བྱུང་ཡེ་ཤེས་བདེ་བའི་དོན་ལ་བཞག །འདི་ནི་རང་བྱུང་འོད་གསལ་དགོངས་པ་སྟེ། །ཀུན་བྱེད་རྒྱལ་པོའི་དགོངས་པའི་ཕྲིན་ལས་སོ། །ཞེས་སོ། །དེ་ལྟར་མཉམ་པར་བཞག་པ་ན་ཤིན་ཏུ་སྤྲོས་པ་དང་བྲལ་བ་སྟོང་གསལ་མཐའ་དབུས་མེད་པའི་ཉམས་འཆར་བ་སྟེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེ་ཚེ་རང་བཞིན་གཅིག་སྟེ་གདོད་མའི་ངང་། །གཟུང་དང་འཛིན་པ་མི་དམིགས་ཆོས་ཀྱི་སྐུ། དྲི་མེད་འོད་གསལ་ཉི་མའི་སྙིང་པོ་ནི། །བདེ་གསལ་མི་རྟོག་མཐའ་དབུས་མེད་པ་འཆར། །ཞེས་གསུངས་པ་བཞིན་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་ལ་བརྟན་པ་ཐོབ་ཅིང་ཆོས་སྐུ་རྒྱལ་པོའི་གཏན་སྲིད་མ་ཟིན་གྱི་བར་དུ་ཐུན་བཞིའི་རྣལ་འབྱོར་གྱིས་ཉམས་སུ་ལེན་པར་བྱ་སྟེ། ཐོ་རངས་དང་སྔ་དྲོ་དང་། ཕྱི་དྲོ་དང་། སྲོད་དང་བཞིའོ། །དེ་དག་གི་ཐུན་མགོར་སྐྱབས་འགྲོ་སེམས་བསྐྱེད་དང་། ཐུན་གཞུང་རྣམས་སུ་བདེན་མེད་སྒྱུ་མ་ལྟ་བུའི་ངང་ནས་མཉམ་བཞག་དང་རྗེས་ཐོབ་ཀྱིས་གོམས་ཤིང་ཚག་ཏུ་ཚུད་པར་བྱའོ། །ཐུན་མཐར་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་ཅིང་མཉམ་རྗེས་གཉིས་མེད་སྣང་སྟོང་རོལ་པ་ཆེན་པོར་བལྟའོ། །ཐུན་མཚམས་རྣམས་སུའང་སྒོ་གསུམ་རྣམ་གཡེངས་དང་དོན་མེད་ཀྱི་བྱ་བར་མི་འཇུག་ཅིང་། ཆོས་སྤྱོད་བཅུའི་དུས་འདའ་བར་བྱེད་པ་སྟེ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས།ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་།འཆད་དང་ཁ་ཏོན་བྱེད་པ་དང་། །དོན་སེམས་པ་དང་བསྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་འདི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པ་བཞིན་དེ་དག་ཀྱང་ཉམས་མྱོང་སྐྱེ་བའི་རྒྱུར་འགྱུར་བས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །ཅེས་པ་དེ་དག་ནི་ཁྲེག་ཆོད་ཀྱི་རིམ་པའོ། །ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་ཀྱི་རིམ་པ་བྱེད་པར་སྤྲོ་ན། གཏེར་སྟོན་རིན་པོ་ཆེའི་ཁྲིད་ཡིག་གམ། རྗེ་བླ་མ་གོང་མས་མཛད་པའི་ཁྲིད་ཡིག་སོགས་ལ་བལྟ་ཞིང་སྙིང་ཐིག་ཡང་ཐིག་རྣམས་དང་སྦྱར་ཏེ་སྤེལ་བར་བྱའོ། །སརྦ་མངྒ་ལམ།། །།
མཇུག་བྱང་། དེ་ལྟར་ཟབ་ཅིང་རྒྱ་ཆེན་སྨིན་གྲོལ་ལམ། །མཁའ་འགྲོ་སྙིང་ཐིག་བཀའ་གསང་རྨད་བྱུང་གི། །བཏགས་གྲོལ་དང་ནི་འདས་རྗེས་དོན་ཁྲིད་ཀྱི། །ཀ་དག་ཁྲིད་ཡིག་བལྟས་གསལ་བཀླག་ཆོག་འདི། །དད་ལྡན་བློ་གསལ་རྙིང་མའི་རྣལ་འབྱོར་པ། །བླ་མ་པདྨ་སེང་གེས་བསྐུལ་བའི་ངོར། །ཨོ་རྒྱན་སངས་རྒྱས་གཉིས་པས་ཞབས་བཅགས་གནས། །དཀར་ཕྱོགས་གནས་བདག་རྡོ་རྗེ་གཡུང་དྲུང་ཞོལ། །དབེན་ཞིང་ཉམས་དགའ་སྨན་ལྗོངས་ནགས་ཚལ་རྒྱས། །བསམ་གཏན་སྒྲུབ་པའི་ཆོས་གྲྭ་དར་བའི་གླིང་། །ཕུན་ཚོགས་ལྔ་ལྡན་དགེ་བའི་བསྟི་གནས་སུ། །ཤཱཀྱའི་བསྟན་ལ་རབ་བྱུང་དགེ་བློ་ཅན། །ཐེག་མཆོག་སྙིང་པོར་མོས་པ་ལམ་བྱེད་པ། །བྱ་བྲལ་འདུ་ཤེས་གསུམ་པས་སྦྱར་བ་སྟེ། །གསང་སྔགས་སྦ་འོས་གསལ་བཀོད་ཉེས་པ་དང་། །ཕྱག་ལེན་ས་བཅད་གོང་འོག་སྐྱོན་སོང་ན། །བླ་མ་ལྷ་དང་མཁའ་འགྲོ་ཆོས་སྲུང་ཚོགས། །ཁྱད་པར་སྲོག་སྒྲུབ་དྲང་སྲོང་ཤན་དམར་དང་། །རྡོ་རྗེ་གཡུ་སྒྲོན་ལྡང་ལྷར་བཅས་ལ་བཤགས། །འཕྲལ་གྱི་རྐྱེན་དང་ཡུན་སྒྲིབ་མ་གྱུར་ཅིག །ལྷག་བསམ་དག་པས་སྒོ་གསུམ་དགེ་བསྐུལ་ཞིང་། །གསང་སྔགས་ལམ་བཟང་བསྟན་པའི་དགེ་རྩ་དང་། །གཞན་ཡང་འདུས་བྱས་འདུས་མ་བྱས་པ་ཡི། །བྱས་དང་བྱེད་འགྱུར་དགེ་ཚོགས་རྒྱ་མཚོ་རྣམས། །འགྲོ་ཀུན་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོ། །འདི་ལྟར་ལེགས་བྱས་དགེ་བའི་བསོད་ནམས་ཀྱིས། །བདག་དང་སྲིད་མཚོར་འཁྱམས་པའི་འགྲོ་བ་རྣམས། །རྙེད་དཀའི་དལ་འབྱོར་རྟེན་བཟང་འདི་ཉིད་ལ། །མི་རྟག་སྐྱོ་ཤེས་དྲན་པའི་བརྩོན་འགྲུས་ཀྱིས། །ལོང་མེད་རྒྱུད་སྐྱེས་ལས་འབྲས་ཡིད་ཆེས་ནས། །ཐོས་བསམ་བསྒོམ་པས་ཉིན་མཚན་འདའ་བར་ཤོག །རྒྱལ་ཁམས་ཀུན་ཏུ་ལོ་ཕྱུགས་ལེགས་པ་དང་། །མི་ནད་ཕྱུག་ནད་དུས་འཁྲུགས་ཀུན་ཞི་ནས། །བསམ་སྦྱོར་ཆོས་དང་མཐུན་པ་ཡོངས་འགྲུབ་སྟེ། །དགེ་ལེགས་ཞི་བདེའི་དཔལ་ལ་སྤྱོད་པར་ཤོག །རྒྱལ་བསྟན་སྤྱི་དང་པདྨ་ཀ་རཱ་ཡི། །རིང་ལུགས་འཛིན་པའི་འདུས་སྡེ་ཐམས་ཅད་ཀྱིས། །འཆད་ཉན་བཤད་སྒྲུབ་བསྟན་པ་དར་རྒྱས་ནས། །ལུང་རྟོགས་དམ་པའི་མཛོད་ལ་དབང་འབྱོར་ཤོག །རང་བྱུང་པདྨའི་ཐུགས་བཅུད་བླ་མེད་ཆོས། །ཡང་གསང་སྙིང་ཐིག་བསྟན་པ་དར་རྒྱས་ཤོག །འབྲེལ་ཐོག་མཐོང་ཐོས་གྱུར་པའི་འགྲོ་བ་རྣམས། །སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་གི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་ཞེས་བྱ་བའི་ཟབ་ཁྲིད་འདི་དམངས་ཁྲོད་དུ་རྫོགས་ཆེན་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོའི་གསུངས་ཡིན་པར་གྲགས་ཆེར་ཡང་། གོང་དུ་གཞུང་ནས་འབྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་མཐུན་པར་རྫོགས་ཆེན་ཆོས་འབྱུང་ཆེན་པོ་སོགས་ལས་གསུངས་པ་བཞིན་རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གྱིས་མཛད་པར་བཟུང་ན་ཁུངས་བཙུན་ཅིང་དོན་ལ་གནས་པ་སྙམ། ཞེས་དཔེ་བསྐྲུན་བྱེད་པོས་སོ།
ཨོཾ་སྭ་སྟི། གང་ཞིག་དྲན་པས་གནས་སྐབས་མཐར་ཐུག་གི། །དགེ་ལེགས་ཡོན་ཏན་མ་ལུས་རབ་གྲུབ་པ། །མཉམ་མེད་རྒྱལ་བ་ཆོས་དང་དགེ་འདུན་ཏེ། །རིན་ཆེན་རྣམ་གསུམ་གྲགས་པས་དགེ་ལེགས་སྩོལ། ༡ །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །བསྟན་པའི་མངའ་བདག་མཁན་ཆེན་ཞི་བ་འཚོ། །གངས་ཅན་ཕན་བདེའི་མངའ་བདག་ཁྲི་སྲོང་རྗེ། །མཚུངས་མེད་མགོན་པོ་གསུམ་ལ་གསོལ་ཕྱག་འཚལ། ༢ །རྒྱལ་ཀུན་མཁྱེན་རབ་བདག་པོ་འཇམ་པའི་དབྱངས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པད་དཀར་འཆང་། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་རྡོ་རྗེ་འཛིན། །རིགས་གསུམ་སེམས་དཔས་སྲིད་འདིར་བཀྲ་ཤིས་མཛོད། ༣ །གྲགས་སྙན་གདུགས་དཀར་གཅིག་གིས་ས་སྟེང་ཀུན། །མངོན་མཐོར་བྱེད་པ་གྲུབ་དབང་རྫོགས་ཆེན་པ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་ཀྱི་རྡུལ། །ས་གསུམ་ཀུན་དགར་བྱེད་པས་ཤིས་གྱུར་ཅིག། ༤ །འདི་ན་ཐར་དང་ཐམས་ཅད་མཁྱེན་པའི་ལམ། །དོན་གཉེར་སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ཀྱིས། །དོན་ཀུན་ཡིད་བཞིན་རྗེས་སུ་འཇོ་བ་ཡི། །སྔོན་འགྲོའི་ངག་འདོན་ཐར་ལམ་དཀར་པོ་ཞེས། ༥ །གྲུབ་དབང་རྫོགས་ཆེན་པ་དེས་རྡོ་རྗེའི་གསུང་། །ལེགས་བསྒྲིགས་མཐོང་ཐོས་དྲན་རེག་དོན་ལྡན་ཉིད། །མཐའ་ཡས་གདུལ་བྱའི་བསོད་ནམས་ཞིང་གི་ཁྱོན། །དགེ་བའི་འབྲས་བུར་རྒྱས་པར་འགེངས་པའི་ཕྱིར། ༦ །གང་འདིར་མཁྱེན་པའི་བློ་དང་བརྩེ་བའི་ཤུགས། །སྟོན་ཀའི་ཟླ་བ་ལྟ་བུར་རབ་གསལ་བ། །སྤྲུལ་པའི་སྐུ་མཆོག་གང་གི་ཐུགས་བསྐྱེད་ལས། །ངོ་མཚར་སྤར་གྱི་གཞི་རུ་ལེགས་པར་བསྒྲུབ། ༧ །བསོད་ནམས་དགེ་བའི་འབྲས་བུ་ཅི་ཡང་རུང་། །རླབས་ཆེན་བྱང་ཆུབ་སེམས་དང་དམིགས་མེད་བློས། །ལེགས་པར་བཟུང་བ་གང་ཞིག་མཐའ་ཡས་པའི། །འགྲོ་བའི་མཆོད་སྡོང་བྱང་ཆེན་འབྲས་བུར་ངེས།༨།དེ་ཕྱིར་དགེ་ཚོགས་དྲི་མེད་ཟླ་འདྲ་བ། །བླ་མེད་འབྲས་བུར་བསྔོས་པའི་ཐབས་མཁས་དང་། །རང་བཞིན་དམིགས་པ་མེད་པའི་ཤེས་རབ་ཀྱིས། །ཀུན་ཏུ་བཟང་པོའི་རྗེས་སུ་བསྔོ་བགྱིད་ན།༩།རབ་དགེ་དྲི་མེད་གང་དེས་འགྲོ་བ་ཀུན། །བྱང་ཆུབ་མཆོག་གི་ལམ་ལ་འཇུག་པ་དང་། །བར་ཆད་བདུད་ཀྱི་ཚོགས་ལས་རྣམ་རྒྱལ་ནས། །ཐེག་ཆེན་ལམ་གྱི་ཡོན་ཏན་རྫོགས་པར་ཤོག ༡༠ །སྙིགས་མར་གྱུར་པའི་སྐྱེ་དགུའི་ཉེས་ཚོགས་རྒྱུན། །སྟོན་གྱི་མིག་སྨན་མདངས་ཅན་ལྟར་བདོ་བ། །དེ་ཀུན་དགེ་ཚོགས་ཉི་མའི་སྣང་བ་ཡིས། །རྨང་མེད་རབ་ཞི་བདེ་སྐྱིད་དཔལ་འཕེལ་ཤོག ༡༡ །ལྗོངས་འདིར་བཤད་སྒྲུབ་བསྟན་པ་རིན་ཆེན་དང། །འགྲོ་བ་ཀུན་གྱི་ཕན་བདེའི་གཉེན་གྱུར་པ། །སྤྲུལ་པའི་སྐུ་མཆོག་ཟུང་གིས་མཚོན་པ་ཡི། །བསྟན་འཛིན་ཚོགས་ཀུན་བསྐལ་བརྒྱར་འཚོ་གཞེས་ཤོག ༡༢ །ཐེག་པ་གསུམ་དང་རིག་འཛིན་སྡེ་སྣོད་དང་། །ཁྱད་པར་སྡེ་གསུམ་རྫོགས་པ་ཆེན་པོ་ཡི། །བཤད་སྒྲུབ་ཉི་ཟླའི་སྣང་བས་འཛམ་གླིང་ཀུན། །ཡོངས་ཁྱབ་བཀྲ་ཤིས་དཔལ་དུ་འབར་བར་ཤོག ༡༣ །གང་ན་བསྟན་པ་རིན་ཆེན་གུས་མཆོད་ཅིང་། །བསྟན་འཛིན་རྣམས་ལ་མཐུན་པ་སྒྲུབ་པ་ཡི། །བསྟན་པའི་སྦྱིན་བདག་ཚོགས་ཀྱི་ཚེ་བསོད་དང་། །དཔལ་འབྱོར་དབྱར་གྱི་ཆུ་ལྟར་གོང་འཕེལ་ཤོག ༡༤ །གངས་ཅན་འདི་དང་འཛམ་གླིང་གིས་མཚོན་པའི། །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མཚོན་སོགས། །མི་ཤེས་རྒུད་པ་མིང་ཡང་མི་གྲགས་པར། །བདེ་སྐྱིད་ཆོས་འབྱོར་རྟག་ཏུ་འཕེལ་གྱུར་ཅིག ༡༥ །མ་ལུས་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་བྱིན་རླབས་ཐོགས་མེད་རྗོ་རྗེའི་སྟོབས། །དེ་ཡིས་གང་འདིར་ཇི་ལྟར་སྨོན་པ་ཡི། །རེ་འབྲས་མཐའ་དག་ཡིད་བཞིན་འགྲུབ་གྱུར་ཅིག ༡༦ །ཁྱད་པར་བསྟན་འགྲོའི་དོན་ལ་ཐུགས་བསྐྱེད་ཀྱི། །ཕྲིན་ལས་རབ་དཀར་སྤར་འདི་བསྒྲུབ་པ་པོ། །སྤྲུལ་པའི་སྐུ་མཆོག་ཉིད་ཀྱི་ཐུགས་བཞེད་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པ་ཉིད་གྱུར་ཅིག ༡༧ །ད་དུང་དུ་ཡང་བསྐལ་པའི་མུ་སྙེད་དུ། །རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་རྒྱུན། །ཆུ་ཀླུང་རྣམ་བཞིའི་འགྲོས་ལྟར་ཆད་མེད་ཅིང་། །བསྟན་འགྲོའི་ཕན་བདེ་ཕྱོགས་མཐར་སྤེལ་གྱུར་ཅིག ༡༨ །མདོ་རྒྱུད་རིག་གནས་བཅས་པའི་གཞུང་ལུགས་ཀྱི། །ཆོས་ཀྱི་རྔ་ཆེན་ལེགས་པར་སྒྲོག་པ་ཡི། །ཆོས་སྡེ་ཆེ་འདིར་ཆོས་དང་སྲིད་ཀྱི་དཔལ། །ཐམས་ཅད་ཡིད་བཞིན་ལྷུན་གྱིས་གྲུབ་གྱུར་ཅིག ༡༩ །རྒྱལ་བའི་བྱིན་རླབས་ཡེ་ཤེས་ཉི་མ་ཆེ། །རྟག་བརྟན་བྱང་ཆུབ་ནམ་མཁའི་མུར་ཁྱབ་པ། །དེས་ནི་དེང་འདིར་སྲིད་དང་ཞི་བ་ཡི། །བཀྲ་ཤིས་འདོད་དགུ་ཕུན་ཚོགས་འབྱུང་གྱུར་ཅིག ༢༠ །ཅེས་པ་འདི་ནི་བསླབ་གསུམ་ཡོན་ཏན་གྱི་དབང་ཕྱུག་དགེ་མང་སྐུ་ཞབས་སྤྲུལ་བའི་སྐུ་རིན་པོ་ཆེ་ཐུབ་དབང་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་གྱིས་སྔོན་འགྲོ་ཐར་ལམ་དཀར་པོའི་སྤར་འདི་བསྒྲུབ་པའི་ཚེ། སྤར་བྱང་ཚིག་བཅད་ཉི་ཤུའི་གྲངས་ལྡན་དགོས་ཞེས་ལྷ་རྫས་དང་བཅས་ཏེ་བཀའ་བསྩལ་པ་བཞིན་ལྔ་རིག་སྨྲ་བ་མི་ཕམ་རྣམ་པར་རྒྱལ་བས་འཕྲལ་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾཾ།། །།


previousརྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཐར་ལམ་བགྲོད་བྱེད་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ།།next