ཐེག་པ་ལམ་ཞུགས་ཀྱི་བཤགས་པའི་རྩ་འགྲེལ་བསྡུས་པ་ཐར་ལམ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་རྒྱ་མཚོ་ཡི། །གསང་གསུམ་ཡོན་ཏན་ཕུང་པོ་རྡུལ་སྙེད་སྤྲིན། །རྣམ་རོལ་ཨོཎྜི་ཡ་ནའི་སངས་རྒྱས་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །གསང་ཆེན་རྒྱུད་སྡེ་ཚངས་པའི་རལ་ཀླུང་ལས། །ཉེར་བབས་ཉམས་ཆགས་སྦྱོང་བྱེད་གངྒཱའི་ཆབ། །དྲི་མེད་བཤགས་རྒྱུད་ལས་འཕྲོས་དག་བྱེད་རྒྱུན། །ཐེག་དགུའི་བཤགས་པའི་དཀའ་གནད་བརྡ་ཙམ་དཀྲོལ། །དེ་ཡང་སྤྱིར་བཤགས་བྱ་བཤགས་བྱེད་དགོས་ཆེད་སོགས་དང་། རིམ་དགུ་སོ་སོར་བཤགས་པ། ཐུན་མོང་དུ་བཤགས་པ་སྟེ་གསུམ་ལས། དང་པོ་ནི། བདག་དང་སེམས་ཅན་རྣམས་མ་རིག་པའི་དབང་གིས་ཡུལ་ལ་ཆགས་པ་བསྐྱེད་པའི་རྐྱེན་གྱི་ཕ་མའི་ཁུ་རྡུལ་ལ་རླུང་སེམས་བརྟེན་ནས་གཟུགས་སུ་གྲུབ་སྟེ་བག་ཆགས་བརྟས་པས་འཇིག་རྟེན་གྱི་འཁྲུལ་སྣང་མཐོང་ཞིང་དུག་གསུམ་གྱི་དབང་གིས་དགེ་སྡིག་གི་དོན་མ་རྟོགས་ཤིང་འཁོར་བར་འཁྱམས་པས་སྡིག་པའི་ལས་མང་དུ་བགྱིས་ཏེ་ངན་སོང་གསུམ་དུ་འགྲོ་བའི་རྒྱུ་དཔག་ཏུ་མེད་པ་ཞིག་བསགས་སོང་སྒྲུབ་པ་ཅི་ཙུག་བྱེད་ཨང་སྙམ་པའི་གནོད་འགྱོད་དྲག་པོ་དང་། དེ་ལྟར་སྤྱོད་བཞིན་པའི་སེམས་ཅན་ཐམས་ཅད་ལ་ཀུན་སློང་སྙིང་རྗེ་ཆེན་པོ་བསྐྱེད་དགོས་པའི་རྩ་ཚིག་ཏུ་བསྟན་པ་དང་། དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བསྟན་འཛིན་དགེ་བའི་བཤེས་ཀྱི་བདག་རྐྱེན་ལ་བརྟེན་ནས་དགེ་སྡིག་རྒྱུ་འབྲས་ཀྱི་བླང་དོར་ཚུལ་བཞིན་དཔྱོད་པའི་མནོ་བསམ་ལེགས་པར་ཤེས་ནས་སྐལ་བ་བཟང་པོར་སྤྱོད་པའི་སྐབས་འདིར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འགྲུབ་པར་བྱེད་པ་དམ་པའི་ཆོས་ལ་རག་ལས་ཕྱིར་དེ་དག་ཚུལ་བཞིན་སྤྱོད་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྙམ་པ་སྟེ་ཡུལ་ཁྱད་པར་ཅན་གྱི་ཕན་ཡོན་དེ་དག་དྲན་པས་སྐྱབས་སུ་འགྲོ་བའི་རྩ་ཚིག་ཏུ་བསྟན་པའོ། །གཉིས་པ་ནི། དེ་ཡང་ཐེག་པ་ལམ་ཞུགས་བཤགས་པ་འདི། དུས་ཁྲིམས་བསྲུང་བ་དགེ་བསྙེན་དང་། གཞན་འདུལ་ཁྲིམས་ལ་ཞུགས་སོ་ཅོག་མཆོག་དམན་ཐམས་ཅད་དགེ་ཚུལ་དུ་བསྡུས་ནས། བྱང་ཆུབ་སེམས་དཔའི་སྡོམ་ལྡན་དགེ་སློང་ཞེས་མིང་གི་རྣམ་གྲངས་འཆད་ཚུལ་གཞན་དང་མི་མཚུངས་བ་ཙམ་སྣང་ཡང་དོན་གྱི་གནད་ཕྱོགས་གཅིག་ཏུ་འདུ་བར་སྣང་མོད། དེ་ལྟར་དང་བའི་དད་པས་ཉ་སྟོང་དུས་ཁྲིམས་ཀྱི་སྒོར་ཞུགས་ནས་བསྙེན་གནས་ཡན་ལག་བརྒྱད་ཉིན་ཞག་ཕྲུགས་གཅིག་ཏུ་ཉ་སྟོང་ཚེས་བརྒྱད་སོགས་ལ་བླང་བའི་སྡོམ་པར་ཉམས་པའི་སྐྱོན་དུ་ལྟ་བ་དངོས་སུ་མ་མཆིས་ནའང་མི་ཤེས་པའི་དབང་གི་ཚུལ་བཞིན་བསྲུང་བའི་དགེ་བསྙེན་ལ་ཉམས་པའི་བཀའ་ཆད་བྱུང་བ་ཡོད་ན་བཤགས་པ་དང་། དེ་ནས་ཡར་ལ་བློ་སེམས་བསྒྱུར་ཏེ་རྩལ་ཆེར་བསྐྱེད་ནས། ཉན་ཐོས་ཀྱི་ཟས་ཉིན་གཅིག་འཚོ་བའི་བསོད་སྙོམས་པ་དང་། ཉིན་རེ་ལ་མང་པོ་མི་ཟ་བའི་སྟན་གཅིག་པ་དང་། ཆོ་ག་བཞིན་སླར་ཡང་འདོད་པ་མི་བྱེད་པས་ཕྱིས་མི་ལེན་པ་སྟེ་ཟས་ཀྱི་སྦྱངས་ཡོན་གསུམ་དང། གོས་གསར་བ་འཕྱོར་པོ་སོགས་ཀྱི་ཞེན་འདོད་སྤངས་ཕྱིར་ཕྱག་དར་ཁྲོད་པ་དང་། སྤུ་ཅན་དང་། འཇམ་པོ་སྤང་བ་ཕྱིང་བ་དང་། གོས་ཐེབ་ལྷག་མང་བོ་མི་འཛིན་པའི་ཕྱིར་ཆོས་གོས་གསུམ་པ་སྟེ་གོས་ཀྱི་སྦྱངས་ཡོན་གསུམ། གནས་རྣམ་གཡེང་འདུ་ལོང་ཅན་སོགས་སྤངས་བ་དགོན་པ་བ་དང་། སྟེང་ནས་ཐོག་འབུབ་མཐའ་བསྐོར་བརྩིགས་པ་དང་གྱང་དང་ལྕགས་རི་སོགས་བཤམས་ཤིང་བཙན་པའི་ཞེན་པ་སྤངས་པའི་ཕྱིར་བླ་གབ་མེད་པ་དང་། ཤིང་དྲུང་པ་གཉིས། གནས་སྐྱིད་པོ་ལ་ཞེན་ཆགས་བདག་བཟུང་སྤངས་ཕྱིར་དུར་ཁྲོད་པ་སྟེ་གནས་ཀྱི་སྦྱངས་ཡོན་བཞི། ཉལ་བ་ཁོ་ན་ལ་ཞེན་པ་སྤངས་བ་ཙོག་པུ་བ་དང་། མལ་གདན་སོགས་འཇམ་པ་དང་དྲོ་བའི་བདེ་བ་སོགས་ཀྱི་རྩོལ་ཞེན་སྤངས་པ་གཞི་ཇི་བཞིན་པ་སྟེ་མལ་གདན་གྱི་སྦྱངས་ཡོན་གཉིས་རྣམས་སྡོམ་པས་སྦྱང་བའི་ཡོན་ཏན་བཅུ་གཉིས་ཀྱི་སྒོར་ཞུགས་ནས་རྟག་ཏུ་སྤྱོད་པ་ཉན་ཐོས་ཀྱི་སྡོམ་པ་མནོས་ཏེ་རྩ་བ་བཞི་དང་ཡན་ལག་དྲུག་སོགས་ཏེ་དེ་ཡང་དམན་མཆོག་གི་དབང་གིས་ཉེས་བྱས་སམ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་ལྡོག་ཕྱོགས་སོ་ཐར་གྱི་འདུལ་ཁྲིམས་རྣམས་བསྲུང་བའི་དགེ་ཚུལ་ལ་ཉམས་པ་བྱུང་ན་བཤགས་པ་དང་། རྟེན་འབྲེལ་བཅུ་གཉིས་རྒ་ཤི་ནས་མ་རིག་པའི་བར་གྱི་ལུགས་འབྱུང་དུ་ཤེས་པས་འཁོར་བའི་མཚང་རྟོགས་ཤིང་མ་རིག་པ་ནས་རྒ་ཤིའི་བར་ལུགས་ལྡོག་ཏུ་བཤིག་པས་རང་གི་ཡེ་ཤེས་སྐྱེ་བའི་ཐབས་ཀྱི་སྒོར་ཞུགས་ནས་རང་སངས་རྒྱས་ཀྱི་སྡོམ་པ་མནོས་པས། འཁོར་བའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལས་རང་བཞིན་མེད་པ་དང་། སྣང་སྲིད་ཀྱིས་བསྡུས་པའི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་སྒྱུ་མ་མིག་ཡོར་ལྟ་བུར་ཤེས་པས་གང་ཟག་གི་བདག་མེད་རྟོགས་ཤིང་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་ཏེ། རྟེན་དགེ་བའི་བཤེས་ལ་མི་ལྟོས་པར་རང་གི་རང་རིག་རྟོགས་པར་བྱེད་པའི་རང་རྒྱལ་གྱི་སྡོམ་པ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཐེག་མཆོག་ཟབ་མོ་གཞན་ཕན་མཐའ་ཡས་སྤྱོད་པར་སྐྱོ་དུབ་མེད་པའི་སྐྱེས་བུ་ཆེན་པོའི་ལམ་གྱི་སྒོར་ཞུགས་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་སྲོལ་གཉིས་གང་རུང་མནོས་ནས། ཆོ་གའི་བརྡ་ལས་བྱུང་བ་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདུན་པ་ནི་དཔེར་ན་སྐྱེས་བུ་ལམ་དུ་འགྲོ་འདོད་པ་ལྟ་བུའི་སྨོན་པ། བྱང་ཆུབ་ཀྱི་ཆེད་དུ་དེའི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པས་སྤྱོད་པའི་ཕྱིར་ལམ་དུ་ཞུགས་ནས་འགྲོ་བཞིན་པ་ལྟ་བུའི་འཇུག་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་དང་། ཆོས་ཉིད་སྤྲོས་བྲལ་གྱི་དོན་ཞི་ལྷག་གི་རྣལ་འབྱོར་གོམས་པ་ལས་མཐོང་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ་དེ་དག་གི་མི་མཐུན་ཕྱོགས་ཀྱི་རྩ་ལྟུང་ཉི་ཤུ། རྒྱལ་པོ་ལ་ངེས་པ་ལྔ། བློན་པོར་ངེས་པ་ལྔ། ལས་དང་པོ་ལ་འབྱུང་བ་བརྒྱད་དང་ཐུན་མོང་དུ་སྨོན་འཇུག་གཉིས་བཏང་བའི་ལྡོག་ཕྱོགས་ཀྱི་སྡོམ་པ་ཉི་ཤུ་དང་དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་འགལ་རྐྱེན་རང་གཞན་གྱི་སྤྱོད་པ་ཉམས་པའི་སྐྱོན་བདུན་མ་མཆིས་པ་དང་། སྡོམ་པ་མི་ཉམས་པའི་རྒྱུ་གསུམ་དང་འཕེལ་བའི་རྐྱེན་དགུ་ལ་བརྩོན་པའི་དགེ་སློང་ལ་ཉམས་པ་བྱུང་ན་བཤགས་པ་དང་། ལུས་དག་པ་ཁྲུས་དང་གཙང་སྦྲ། ངག་དག་པ་གཟུང་སྔགས་དང་བཟླས་བརྗོད་བསྟོད་པ། སེམས་དག་པ་མཚན་མེད་མཚན་བཅས་ཀྱི་ཏིང་འཛིན་ཡེ་ཤེས་སེམས་དཔའ་རྗེ་དང་དམ་ཚིག་སེམས་དཔའ་འབངས་ཀྱི་ཚུལ་དུ་སྒོམ་པ་ཐུན་མོང་དུ་གསོ་སྦྱོང་བླང་བ་སྟེ། དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ནས། ལུས་ངག་གི་བྱ་བ་གཙོ་བོར་བཏོན་པ་ཀྲྀ་ཡའི་དམ་ཚིག་མནོས་པ་ལས། དཀོན་མཆོག་ལ་དད་པ་རྡོ་རྗེ་སློབ་དཔོན་དང་མཆེད་གྲོགས་མིང་སྲིང་ལ་གུས་པ། རང་གི་ལྷ་དུས་ཚིགས་སུ་མཆོད་ཅིང་། རང་གི་སྔགས་རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་དང་། སྣོད་མིན་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་པ་སོགས་བྱ་རྒྱུད་ཀྱི་རྩ་ལྟུང་བཅུ་བཞིའི་ལྡོག་ཕྱོགས་ཀྱི་དམ་ཚིག་ལ་ཉམས་པ་བྱུང་ན་བཤགས་པ་དང་། ལྟ་བ་ཡོ་ག་དང་། སྤྱོད་པ་ཀྲྀ་ཡ་ལྟར་རྣམ་པ་གཉིས་སྤྱོད་ཅིང་། སྒོམ་པ་རང་ཉིད་དམ་ཚིག་པར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་གྱིས་སྒྲུབ་པའི་སྒོར་ཞུགས་ནས། ལྟ་སྤྱོད་ཆ་མཉམ་དུ་སྤྱོད་པ་ཨུ་པ་ཡའི་དམ་ཚིག་མནོས་པ་ལས་འཇུག་པའི་སྤྱོད་པ་ཕྱག་རྒྱ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་བརྟེན་ནས་ཏིང་ངེ་འཛིན་བརྟན་ཅིང་དངོས་གྲུབ་འགྲུབ་པར་བྱེད་པ། སྦྱོར་བའི་སྤྱོད་པ་སྔགས་བཟླས་བརྗོད་ཀྱི་མན་ངག་ཕྱི་ནང་གཉིས་ལ་བརྟེན་ནས་བསྙེན་ཅིང་སྒྲུབ་པར་བྱེད་པ་དང་། གྲུབ་པའི་སྤྱོད་པ་ཐུན་མོང་པ་རིག་འཛིན་སྒྲུབ་པ་དང་། ཐུན་མོང་མ་ཡིན་པ་རྫུ་འཕྲུལ་དང་མངོན་ཤེས་བསྒྲུབས་ཏེ་རིག་པ་འཛིན་པའི་ནང་དུ་འགྲོ་བ་སོགས་མཐའ་གཉིས་གང་རུང་ལ་སྤྱོད་པར་བྱེད་པའི་དམ་ཚིག་གི་རིམ་པ་ཐབས་ཀྱིས་བཟུང་བའི་ཁྱད་པར་གྱི་དགེ་བ་བཅུ་དང་། དམ་ཆོས་འཛིན་པ་སོགས་བཞི་སྟེ་ཨུ་པའི་རྩ་ལྟུང་བཅུ་བཞི་བསྲུང་བའི་རྣལ་འབྱོར་ལ་ཉམས་པ་བྱུང་ན་བཤགས་པ་དང་། སྐུ་ཕྱག་རྒྱ་ཆེན་པོ། ཐུགས་དམ་ཚིག་གི་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་སྒོམ་པ་འཁོར་བཅས་ཏེ་ཐབས་ཀྱི་རྣལ་འབྱོར་དང་སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་རྟོགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོར་ཞུགས་ནས། ནང་གི་ཏིང་འཛིན་ལ་གཙོ་བོར་འདོན་ཞིང་། གཙང་སྦྲ་སོགས་ཕྱིའི་སྤྱོད་པའང་གྲོགས་སུ་བརྟེན་པ་རྣལ་འབྱོར་སྟེ་ཡོ་གའི་དམ་ཚིག་མནོས་པ་ལས། གཙོ་བོར་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་དང་། དེའི་འཁོར་དུ་སྨོན་འཇུག་གཉིས་དང་ཚུལ་ཁྲིམས་གསུམ་སོགས་བྱང་ཆུབ་ཀྱི་སེམས་བཟུང་བ་དང་། རྡོ་རྗེ་སློབ་དཔོན་བསྙེན་བཀུར་གྱིས་བརྟེན་པ། སྤྱི་རིང་ཉེ་བ་ནང་འདྲེས་སོགས་ཀྱི་མཆེད་དང་ཕོ་མོས་དབྱེ་བའི་ལྕམ་དྲལ་དང་དབང་ཐོབ་ཚུལ་གྱི་སྤུན་དང་མཚེ་མ་ལྟ་བུའི་རྣལ་འབྱོར་གཞན་ལ་ཁྲོས་ཤིང་འཁོན་འཛིན་ཕྲག་དོག་གིས་བརྙས་ཤིང་སྐྱོན་བརྗོད་པས་མི་སྨོད་ཅིང་། རང་རྟགས་སུ་ཕྱི་རྫས་ཀྱི་རྡོ་རྗེ་དང་དྲིལ་བུ་ཚད་དང་ལྡན་པ་བཟུང་ནས་རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རྟག་ཏུ་འཛིན་པ་སོགས་ཡོ་གའི་རྩ་ལྟུང་བཅུ་བཞི་བསྲུང་བ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཕྱི་བསྐྱེད་རིམ་ལ་ལྷ་དང་རྟོག་པ་དབྱེར་མེད་ཀྱི་ཐབས་ཤེས། ནང་རྫོགས་རིམ་ལ་རྩ་དང་རླུང་དང་ཐིག་ལེ་འབར་འཛག་གི་ཐབས་ཤེས། གསང་བ་ཡབ་ཡུམ་མཉམ་སྦྱོར་གྱི་ཐབས་ཤེས་ཏེ། ཐབས་ཤེས་གཉིས་སུ་མེད་པ་རྣལ་འབྱོར་བླ་མེད་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱི་སྒོར་ཞུགས་ནས། མ་ཧཱ་ཡོ་ག་ཞེས་རྣལ་འབྱོར་ཆེན་པོའི་དམ་ཚིག་མནོས་པ་ལས། འཁོར་འདས་ཐམས་ཅད་ལྷའི་རང་བཞིན། དུག་ལྔ་ཡེ་ཤེས་ལྔ། ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔར་སྦྱོར་བ་ལས། ཤེས་དང་མི་སྤང་དང་དུ་བླང་བ་སོགས་རྒྱལ་བའི་དམ་ཚིག་མཆོག་ཏུ་བསྲུང་བ་ལ་ཉམས་པ་བྱུང་ན་བཤགས་པ་དང་། ཀུན་རྫོབ་ཐིག་ལེ་དང་དོན་དམ་བྱང་སེམས་ལ་བརྟེན་ནས་ཡུལ་དང་ཡུལ་ཅན་དབྱེར་མེད་པའི་རིག་པ་དབྱིངས་དང་ཡེ་ཤེས་ཟུང་འཇུག་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་རྟོགས་པའི་ཐབས་དོན་གྱི་རྗེས་སུ་འཇུག་པའི་སྒོར་ཞུགས་ནས། ཨ་ནུ་ཡོ་ག་ཞེས་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་མནོས་པ་ལས། ཕྱི་ནང་གི་ཐེག་པ་དང་། སྣང་སྲིད་གཉིས་བསྡུས་ཀྱི་ཆོས། འདས་མ་འོངས་ད་ལྟར་གྱི་དུས་གསུམ་ཐམས་ཅད་ཀུན་ཀྱང་རང་རིག་ཡེ་ཤེས་འགགས་པ་མེད་པ་ཀུན་ཏུ་བཟང་པོ། ཆོས་དབྱིངས་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་དང་གཉིས་མེད་མཉམ་པར་སྦྱོར་བའི་མཁའ་ཀློང་ལས་གཞན་དུ་མེད་པར་འུབ་ཆུབ་པའི་དགོངས་པ་དང་ལྡན་པས་སྤྱི་དང་བྱེ་བྲག་ཕྱི་རྫས་ཀྱི་རྡོ་རྗེ་དྲིལ་བུ་དང་ཟུང་འཇུག་གི་ཕྱག་རྒྱ་བཟུང་བ། ནང་ཐབས་ཤེས་ཡབ་ཡུམ་གྱི་ནོར་བུ་པདྨ་རྡོར་དྲིལ་དང་། ཕྱག་རྒྱ་མཉམ་པར་སྦྱོར་བ། གསང་བ་ཁམས་དཀར་དམར་གཉིས་རྡོར་དྲིལ་དང་ཕྱག་རྒྱ་འབར་འཛག དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་ཆེན་རྡོ་རྗེ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་དྲིལ་བུ་སྟེ། དེ་དག་ཟུང་དུ་འཇུག་པ་ཡེ་ཤེས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། དེ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིའི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འཆང་བ་སོགས་དམ་ཚིག་བསྲུང་བར་ཉམས་པ་བྱུང་ན་བཤགས་པ་དང་། ཆོས་དབྱིངས་ཁྱབ་གདལ་ཡངས་པ་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད་ཀྱི་གནས་ལུགས་ཡེ་ཤེས་གསུམ་ལྡན་དུ་ཡེ་ནས་བཞུགས་པ་མངོན་དུ་བྱེད་པའི་ཐབས་ཟབ་གསང་རྫོགས་པ་ཆེན་པོའི་ཐེག་པའི་སྒོར་ཞུགས་ནས། ཨ་ཏི་ཡོ་ག་ཞེས་ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་མནོས་པ་ལས། སྤྱིར་བསྲུང་མཚམས་ཅན་རིམ་གྱིས་པ་དང་། ཁྱད་པར་བསྲུང་དུ་མེད་པ་གཅིག་ཆར་བའི་ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པར་རྟོགས་པས་སྤངས་བླང་བསྲུང་མཚམས་ལས་འདས་པ་ཁྱད་པར་བཞི་ལྡན་གྱི་དམ་ཚིག་རྨད་དུ་བྱུང་བ་ཆེན་པོ་ལ་ཡིད་དཔྱོད་བློའི་བཟུང་བའི་ཉམས་ཆགས་བྱུང་ན་བཤགས་པའོ། །གསུམ་པ་ནི། སྡེ་སྣོད་གསུམ་གྱི་སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་མངོན་པའི་༼འདི་དྲངས་དོན་གྱི་མངོན་པ་སྟེ་ང་རྒྱལ་དགོངས།༽ལམ་མཐའི་རང་དབང་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་པོ་མངོན་དུ་གྱུར་བར་བྱེད་བ་དང་། མདོ་སྡེའི་ཤེས་རབ་རྣམ་དག་གྲུབ་པའི་མཐའ་བརྒྱད་དང་བྲལ་བའི་དབུ་མ་རབ་ཏུ་མི་གནས་པ་ཆེན་པོ་མངོན་དུ་བྱེད་པ་སྟེ་མཚན་ཉིད་སྡེ་གསུམ་གྱི་ལམ་འཐར་ཕྱིན་ཏུ་སྒྲུབ་པར་མ་ནུས་པས་ཕྱིའི་སྲུང་མ་ལྷ་སྲིན་སྡེ་བརྒྱད་དང་འགལ་བའི་དམ་ཚིག་ཉམས་ཆགས་བཤགས་པ་དང་། སྒོམ་གསུམ་དག་པ་གསུམ་དུ་སྤྱོད་པ་ཀྲྀ་ཡ། ལྟ་སྤྱོད་མཆོག་དམན་གཉིས་འབྲེལ་དུ་སྤྱོད་པ་ཨུ་པ། དག་པ་གསུམ་དང་མངོན་བྱང་ལྔས་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་བདུན་དུ་གསལ་བ་ཡོ་ག་སྟེ་ཕྱི་རྒྱུད་གསུམ་གྱི་དམ་ཚིག་མཐར་ཕྱིན་ཏུ་མ་བསྲུང་བས། དཔལ་མགོན་བདུན་ཅུ་སོགས་དེ་དག་གི་སྲུང་མ་དམ་ཚིག་ཅན་རྣམས་དང་འགལ་བའི་ཉམས་ཆགས་བཤགས་པ་དང་།རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་བརྒྱད་སོགས་བསྲུང་བ་རྣལ་འབྱོར་ཆེན་པོ། སྒྲུབ་པ་ལ་སོགས་པའི་སྐབས་སུ་ལྷག་པར་བསྲུང་བའི་དམ་ཚིག་ཉི་ཤུ་དང་།རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་ལྔ་ཚན་ལྔ་སོགས་ཁྱད་པར་གྱི་དམ་ཚིག་ལ་སྤྱོད་པ་ཨ་ནུ། ལྷག་པའི་དམ་ཚིག་མེད་པ། ཕྱལ་བ། གཅིག་པུ། ལྷུན་གྲུབ་སྟེ་རྣམ་བཞི་བསྲུངས་མཚམས་ལས་འདས་པར་སྤྱོད་པ་རྫོགས་ཆེན་ཏེ་དེ་དག་ལས་ཉམས་པས་ནང་བླ་མེད། གསང་བ་ཨ་ནུ་དང་། ཨ་ཏིའི་སྲུང་མ་ལྷ་སྲིན་སྡེ་བརྒྱད་དང་འགལ་བའི་དམ་ཚིག་ཉམས་ཆགས་བཤགས་པ་དང་། དེ་ལྟར་ཐེག་རིམ་དགུའི་དམ་ཚིག་རྣམས་ཀྱི་ལྟ་སྤྱོད་ཚུལ་བཞིན་འབྲེལ་བར་སྤྱོད་པ་དག་ལ་ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོའི་བཀའ་ཆད་འབེབས་པ་དང་། དབང་ཕྱུག་དམ་ཅན་རྣམས་ཀྱི་སྤྲུལ་པས་གླགས་ལྟ་འགྱེད་པའི་སྐབས་མ་མཆིས་ཤིང་། རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་ངེས་པའི་བླང་དོར་མ་ནོར་བ་དང་། བཀའ་གཞུང་རྣམ་དག་གཡས་ཆུང་ངུ་མ་བོར་ཞིང་སྔགས་ཀྱི་རྒྱུད། མཚན་ཉིད་ཀྱི་ལུང་དགོངས་འགྲེལ་གྱི་མན་ངག་རྣམས་ལ་བརྟེན་པ་དང་། དེ་དག་གི་དོན་ཀུན་རང་བཟོའི་གཟུ་ལུམ་སྤྱོད་པས་ཡལ་བར་མ་དོར་ཏེ་གཞུང་བཞིན་དང་དུ་བླང་བ་དང་། ལུས་ངག་ཡིད་གསུམ་གུས་རྟག་གི་སྦྱོར་བས། བཏུད་ནས་སྤྱིར་ཕྱི་ནང་གི་ཐེག་རིམ་དགུར་ཕྱེ་ཡང་དོན་དུ་གསང་བ་ཟབ་དོན་བླ་ན་མེད་པའི་ཐབས་མཆོག་གིས་བཟུང་བས་ན་སྔགས་ཁོ་ནར་འདུ་བའི་ཆོས་ལམ་རིམ་པ་གཉིས་ལ་ཞུགས་ཤིང་སྒོམ་པས་བོག་བཏོན་སྒྲུབ་པས་མཐར་དབྱུང་ཞིང་། དུས་ཚོད་དང་འབྲེལ་བའི་སྤྱོད་པ་གྲོགས་སུ་བརྟེན་པས་ཆོས་ཉིད་རྣལ་མའི་དོན་ལ་བློ་འབྱོར་ནས་ནུས་པ་ལ་དབང་ཞིང་ཡོན་ཏན་གྱི་འབྱོར་བས་ཕྱུག་པ་ལ། དམ་ཚིག་ཉམས་ཆགས་ཐམས་ཅད་སོར་ཆུད་པར་གྱུར་ཅིག་པའི་སྨོན་བཤགས་དང་། རྩ་བ་དང་ཡན་ལག་གི་དབྱེ་བས། ཀུན་སློང་ཉོན་མོངས་དང་། གང་འགལ་དེར་ཤེས་བཞིན་པ་དང་། ལུས་ངག་སྦྱོར་བ་དང་ཡིད་ཀྱིས་འགྲུབ་པའི་དངོས་གཞི་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་པར་ཐུན་ཚོད་ཀྱི་བར་ཆོད་པ་དང་། འདུ་ཤེས་མ་འཁྲུལ་བས་སྤྱད་པ་དང་། དེས་མགུ་བས་འགྱོད་པ་མེད་པ་དང་། བཤགས་ཚད་རང་རང་གི་དུས་ལས་འདས་པ་སྟེ། དེ་ལྟར་རྩ་བ་བཞི་ལས་གང་རུང་ལ་ཡན་ལག་བདུན་ཚང་བར་སྤྱོད་པ་ཕམ་པ་དང་། རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་པ་ལྟ་བུ་དངོས་གཞི་མ་ཚང་ཞིང་མ་བཤགས་པར་ཐུན་ཚོད་འདས་པའི་ལྟུང་བ་ཡན་ལག་གི་ལྟུང་བ་གཞན་བྱུང་བའི་ལྕི་བ་དང་ཉེས་བྱས། ཕམ་པའི་སྡེར་གཏོགས་ཡན་ལག་མ་ཚང་བ་ཉོན་མོངས་བ་ཅན་གྱི་སྦོམ་པོ། ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོ་ཉེས་བྱས་ཀྱི་ཆར་གཏོགས་རྣམས་ལ་སྐྱོན་དུ་གྱུར་པ་ཐམས་ཅད་བཤགས་པར་བགྱིས་ན་ཚངས་པར་མཛད་ནས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་མཆོག་དང་། གྲུབ་པ་དང་དབང་ཕྱུག་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་རྣམས་སྩོལ་ཞེས་འདོད་དོན་གསོལ་བ་དང་། གཙོ་བོ་ཡེ་ཤེས་ཀྱི་ལྷ་རྣམས་ལ་རྟོག་པ་མི་མངའ་ན་ཡང་། དེ་དག་གི་འཁོར་དུ་མིའི་སྐྱོན་མཐོང་ཙམ་ཡང་མྱུར་དུ་བརླག་པར་བྱེད་པའི་བཀའ་སྲུང་དམ་ཚིག་ཅན་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་པ་ཡོད་ན་བཟོད་པར་གསོལ་ཞིང་ཡུན་གྱི་སྒྲིབ་པར་འགྱུར་བ་སྦྱངས་པ་དང་། འཕྲལ་གྱི་རྐྱེན་གེགས་སུ་མཆིས་པ་ཡོད་ན་ཚངས་པ་མཆོག་གི་དངོས་གྲུབ་སྩོལ་ཞེས་པའོ། །ཟབ་དོན་རྡོ་རྗེའི་གནས་རྣམས་རྟོགས་དཀའ་ཡང་། །མོས་པ་ཁོ་ནས་ཚུལ་འདི་བརྗོད་པར་བྱས། །གང་དེའི་དགེ་བ་ཉིན་བྱེད་སྣང་བའི་དཔལ། །མ་ལུས་འགྲོ་བའི་གསོས་སུ་འགྱུར་བར་སྨོན། །ཞེས་གླང་པོ་ཆེ་རབ་འབོག་གི་བཀོལ་རྒྱུད་དྲི་མེད་བཤགས་པའི་རྒྱུད་ལས་ཁོལ་དུ་བཏོན་པ་ཐེག་པ་ལམ་ཞུགས་ཀྱི་བཤགས་པའི་རྩ་འགྲེལ་བསྡུས་པ་འདི་ཡང་ཁྲིད་འཆད་པའི་སྐབས་རང་གི་བརྗོད་པའི་ས་བོན་དུ་ཤཱཀྱའི་དགེ་སློང་ངེས་དོན་བསྟན་འཛིན་བཟང་པོས་ཨོ་རྒྱན་བསམ་གཏན་ཆོས་གླིང་ངེས་པ་དོན་གྱི་བསྟི་གནས་སུ་སྦྱར་བའོ། ། ། །མངྒ་ལཾ་དགེའོ། །#div1 ངེས་དོན་བསྟན་འཛིན་བཟང་པོའི་གསུང་ཅོག་བཞག་གསུམ་གྱིས་རིག་པ་ངོ་སྤྲད་བཞུགས།།
རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་གྱུར། །ཞེས་གསུངས་པས། རི་བོ་ཅོག་བཞག་ལུས་རྣམ་སྣང་གི་ཆོས་བདུན་ལས་མི་གཡོ་བར་འཆིང་། རྒྱ་མཚོ་ཅོག་བཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེ་བལྟ། རིག་པ་ཅོག་བཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པ་གང་གིས་ཀྱང་མ་བསླད་པ་ད་ལྟའི་ཤེས་པ་གསལ་ལ་ངོས་བཟུང་མེད་པ་རང་བབ་ཆོས་ཉིད་ཀྱི་ངང་ལ་བསལ་བཞག་མེད་པར་འཇོག་ཏུ་བཅུག་ལ། ཀྱེ་སྐལ་ལྡན་རྣམས་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་མ་ཡེངས་པར་ལྟོས་དང་། རྟོག་པ་མ་འཕྲོ། རྩེ་གཅིག་ཏུ་མ་བཟུང་། སྤངས་བླང་དང་རེ་ དོགས་ཀྱིས་མ་བསླད་པ ། གསལ་བ་ལ་འཛིན་པ་མེད་པ། དྭངས་བ་ལ་ཕྱི་ནང་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར་པ། ངང་མདངས་ལ་ངོས་ཟུང་མེད་པ། ཟང་ཐལ་ལ་ཕྱམ་བརྡལ་བ། རང་བབས་རྗེན་པ་འདི་ཉིད་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ། རང་མདངས་འཛིན་མེད་ཆེན་པོར་སྐྱོངས་ཤིག དྲི་མེད་དག་པའི་སངས་རྒྱས་ནི། རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལེ་སེང་ངེ་ཝ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་བ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་ཤར་ཡང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །