ཟབ་པ་དང་རྒྱ་ཆེའི་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་བཞི་པ།
ཟབ་པ་དང་རྒྱ་ཆེའི་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་བཞི་པ་བཞུགས་སོ། །
དེ་ཡང་མ་ཎི་དགོན་པར་སྤྲུལ་སྐུ་པདྨ་གླིང་པ་ལ་ཨྱོན་ཆེན་པོས་དངོས་སུ་ཁ་བྱང་སྩལ་བར་བརྟེན་གསོལ་འདེབས་ལས། དུས་བཟང་ཁྱད་འཕགས་ཟླ་བ་ཉ་ཡི་ནུབ། །ཟབ་དགུའི་གཏེར་གནས་སྣ་རིང་བྲག་ལོགས་ནས། །རྫོགས་ཆེན་བླ་མེད་ཨ་ཏི་གློང་གསལ་སྐོར། །ཀུན་བཟང་ཐུགས་བཅུད་གསང་བའི་ཡང་བཅུད་རྙེད། །ཅེས་པ་ལྟར་ཟབ་གཏེར་གྱི་ཐོག་མར་བུམ་ཐང་ཕྱལ་གྱི་མདའ་སྟང་ཆུ་རྒྱ་མདུང་འཁྱིལ་བའི་ས་སེང་གེ་སྣ་རིང་བྲག་གམ་མེ་འབར་མཚོར་གྲགས་པའི་གཏེར་གནས་ནས་སྤྱན་དྲངས་པའི་ཟབ་གཏེར་ཀུན་ཏུ་བཟང་མོ་གློང་གསལ་གསང་བ་སྙིང་བཅུད་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཆེན་པོས་ཕྱོགས་གཅིག་ཏུ་བསྡེབས་པའི་གློང་གསལ་གྱི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞིའི་སྤྱི་ཆིངས་ཁྱུང་ཆེན་ལྡིང་བ་ནས་རྣམ་འཇོམས་ཀྱི་ཁྲུས་དབང་། རྟ་མགྲིན་གྱི་གཏོར་དབང་། སོ་ཤིང་། དཔུང་སྐུད། ཀུ་ཤ་དང་བཅས་པའི་སྟ་གོན་སྔོན་དུ་འགྲོ་བའི་ཐམས་ཅད་ཞི་བར་བྱེད་པའི་དབང་ངམ་ཐེག་མཆོག་རིན་པོ་ཆེ་ཞེས་
ཞི་བའི་དབང་ཆོག་གི་སྟེང་ནས་ཕྱི་སྤྲོས་བཅས་བུམ་པའི་དབང་ལ། སྔོན་འགྲོ་ལེའུ་བརྒྱད་པ་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ། དངོས་གཞི་བུམ་པ། མདའ་དར་མེ་ལོང་། རལ་གྲི་མེ་ལོང་། རྨ་བྱའི་མདོངས། ཁང་བཟང་གཏོར་མ་རྣམས་ཀྱི་དབང་། སྤྱན་འབྱེད་ཀྱི་སྨོན་ལམ་དང་བཅས་ངོ་སྤྲོད་པ། ཁྲོ་བོའི་དབང་ཆོག་རིན་པོ་ཆེའི་ཐེམ་སྐས་ཀྱི་ལེའུ་བརྒྱད་པ་ནས་བཅུ་གཉིས་པའི་བར་ལྟར་གྱི་འཇུག་པ་སྔོན་དུ་བཏང་ནས། དངོས་གཞི་མདའ། ཕུར་བ། བཀྲ་ཤིས་རྫས་བརྒྱད། མར་མེ། གཏོར་མ། ཕུར་པ། ཐོད་པ། ཚིལ་ཆེན། མེ་ལོང་། རྨ་བྱའི་མདོངས། རྒྱལ་སྲིད་བདུན། ཁྲོ་བོ། བུམ་པ། དམ་རྫས། གཏོར་མ་རྣམས་ཀྱི་དབང་ངོ་སྤྲོད་དང་བཅས་པ། དབང་པོ་ཉེར་བརྒྱད་ཀྱི་དབང་ཆོག་གི་སྟེང་ནས། ཁྲོ་བོའི་དབང་ཆོག་འདིའི་བཀྲ་ཤིས་རྟགས་བརྒྱད་སོགས་བསྐུར་ཚིག་མི་གཅིག་པ་རྣམས་སྣོན་ཞིང་མཐུན་པ་མི་འདབས་པར་མཛད་སྲོལ་བཞིན་དང་། གསང་བ་རིན་པོ་ཆེ་འཁོར་ལོའི་སྟེང་ནས་སྤྲོས་མེད་གསང་དབང་ལ། ཞུ་བ། ཕྱག་རྒྱ་འབུལ་བ། མནའ་ཆུ། ལྷ་སྒོམ། སྤྱན་དབྱེ།
མཎྜལ་སྔོན་དུ་འགྲོ་བའི་དཔའ་བོའི་ཕྱག་རྒྱ་དང་མཁའ་འགྲོའི་བརྡ་རྟགས་ཀྱི་བུམ་དབང་། བྱང་ཆུབ་མཆོག་གི་དབང་། ཡབ་ཡུམ་གཉིས་མེད་ཀྱི་དབང་། རྗེས་ངོ་སྤྲོད་དང་བཅས་པ། པདྨ་འབར་བ་ཡེ་ཤེས་བརྩེགས་པའི་སྟེང་ནས་ཤིན་ཏུ་སྤྲོས་མེད་ཤེར་དབང་ལ། ཞུ་བ་རྣམ་བཞི། ཡོན་ཏན་རྣམས་སྔོན་དུ་འགྲོ་བའི་དངོས་གཞི་ཕྱག་རྒྱ་བཏད་པ། བརྡ་རྟགས་ཕྱག་རྒྱའི་དབང་། དབང་དངོས་གཞི་རྣམས། ཚིག་དབང་གི་ཡི་གེའི་སྟེང་ནས་རབ་ཏུ་སྤྲོས་མེད་ཚིག་གི་ངོ་སྤྲོད། ཞུ་འབུལ། མནྜལ། སྡོམ་གཟུང་སྔོན་དུ་འགྲོ་བའི་ཚོམ་བུའི་ཞིང་དང་འདོན་ཡོན་ལྔ་སོགས་ལ་བརྟེན་ནས་རིག་པ་གཅེར་མཐོང་དུ་ངོ་སྤྲོད་པ། ཀུན་སྣང་ཟིལ་གནོན་གྱི་སྟེང་ནས་ཐེག་དགུའི་དབང་ལ། རིགས་དྲུག་གནས་སྦྱོང་། རྟག་ཆད་མུ་བཞི་བསལ་ནས་ཉན་རང་བྱང་སེམས་ཀྲྀ་ཡོག་སྡེ་གསུམ། ཡོ་ག་རྣམ་པ་གསུམ་གྱི་དབང་དང་བཅས་པ་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། སྨིན་པར་བྱེད་པ་དབང་གི་སྐོར། སྨིན་ཟིན་གྲོལ་བྱེད་འཁྲིད་ཀྱི་སྐོར། བར་དོར་གསལ་བཏབ་པས་གྲོལ་བ་ངོ་སྤྲོད་ཀྱི་སྐོར། གཞན་ཕན་བུམ་ཆོག་འཕྲིན་ལས་ཀྱི་སྐོར། གང་ལ་གང་འདུལ་ཀྱི་ཐབས་མན་ངག་ཕྲ་མོའི་སྐོར། ལུང་བསྟན་གནས་ཡིག་གི་སྐོར་དང་དྲུག །དང་པོ་ལ། ཐེག་མཆོག་རིན་ཅེན་དབང་འཕྲེང་ལས་རིམ་བཅོ་བརྒྱད་པའི་བསྒྲིགས་རིམ་དང་རྐང་གྲངས་གསལ་བྱེད་དར་སྡིངས་པའི་གསན་ཡིག་ན་ཡང་བྱང་ཞེས་འདུག་པ་འདི་གའི་ནང་གསེས་དང་པོ་བླ་མའི་དབང་ལ་ནི་ཞེས་སོགས་ལ་ངོས་འཛིན་ནམ་སྙམ། ཐེམས་བྱང་པདྨའི་འཕྲེང་བ། ས་གནས་བརྟག་བསླང་སྦྱང་བ་སོགས་དབང་གི་སྔོན་འགྲོ་པད་མའི་ལྗོན་ཤིང་ངམ་དབང་བཞི་བདུད་རྩིའི་ཆུ་རྒྱུན་ལེའུ་བརྒྱད་པ། དབང་དང་དམ་ཚིག་ཡོད་མེད་ཀྱི་སྐྱོན་སློབ་དཔོན་དང་སློབ་མའི་མཚན་ཉིད་ཞུ་འབུལ་སྐྱབས། སེམས་
མནྜལ་ཡིག་བརྒྱ་གསོལ་འདེབས་སོགས་ལེའུ་ཉི་ཤུ་དང་ཐམས་ཅད་དག་པར་བྱེད་པའི་ལུང་སྟ་གོན་བསྙེན་པ་ཁྲུས་དབང་རྣམས་ལ་ལེའུ་བཅུ་སྟེ་ཀུན་དྲིལ་སུམ་ཅུ་ཐམ་པ་ཡོད་པའི་ཞལ་གདམས་དབང་བཞིའི་སྤྱི་ཆིངས་ཁྱུང་ཆེན་ལྡིང་བ། རྩ་བའི་ཁོག་ཕུབ་མཇུག་ཆོག་རྣམས་སྟོན་པའི་སྔོན་འགྲོའི་ལས་རིམ་བཅོ་བརྒྱད་པ་ཐེག་མཆོག་རིན་ཅེན་དབང་གི་འཕྲེང་བ། དེའི་ས་བཅད་ཁ་བྱང་ཡི་གེར་བཀོད་པ་འདི་ལྟར་རོའི་མཐའ་ཅན། དེའི་ཡང་བྱང་ལྡེ་མིག་སྤྲེལ་ཟླའི་ཚེས་བརྒྱད་ཀྱི་ནང་པར་ཚ་བའི་གོང་དུ་ཟིན་བྲིས་བྱས་པ་རྣམས་སྔོན་འགྲོའི་རིམ་པ་དབང་བསྐུར་དངོས་ཀྱི་རྣམ་གྲངས་འགོར་སྐྱོབ་པ་མཐར་ཕྱིན་གསང་ལྡན་པ་ཞེས་ཡོད་པའི་རྫས་དབང་ལ་བརྟེན་པའི་དབང་པོ་ཉེར་བརྒྱད་ཀྱི་དབང་བསྐུར་འཁོར་བ་དོང་སྤྲུགས་རཏྣ་ཕ་ལ་ཨོཾ་ཨཱཿཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ་གི་མཐའ་ཅན། འགོར་བདག་འདྲ་པདྨ་འབྱུང་གནས་ཀྱི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཞེས་ཡོད་པའི་དབང་གི་རྒྱབ་ཡིག་ཁྲོ་བོའི་དབང་གི་སྒོ་འབྱེད་བར་དོ་རྩད་གཅོད་སྤོ་ཏ་ཡ་སྤོ་ཏ་ཡ་ཨ་བྷི་ཥིཉྩ་ཧཱུཾ་གི་མཐའ་ཅན། འགོར་པདྨ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་ལོ་ཞི་བའི་དབང་བསྐུར་ཐབས་ཞེས་ཡོད་པའི་ཞི་བའི་དབང་གི་རྒྱབ་ཡིག་ཡུམ་མཆོག་ཀུན་བཟང་དབྱིངས་ཕྱུག་བཞུགས་ཞེས་པ་ནས་མ་ཚང་བ། ཞི་ཁྲོ་གཉིས་པོའི་དབང་གི་ཁ་བྱང་ཡང་ཐེག་མཆོག་རིན་ཅེན་དབང་གི་འཕྲེང་བའི་ཡང་བྱང་དེའི་ནང་ན་སྤྲེལ་ཟླའི་ཚེས་བརྒྱད་ཀྱི་ཚ་བའི་གོང་ལ་བྲིས་ཟེར་བ་དེ་འདྲ་རུང་ཙམ་འདུག་ཀྱང་ལོགས་སུ་དབྱེ་མི་ཐུབ་པས་དཔྱད། བྱང་དང་བཅས་པ་འཚོ་རྒྱལ་གྱིས་མཛད་པ་དར་སྡིངས་པའི་གསན་ཡིག་ན་འདུག་ཀྱང་མ་རྙེད། ཐེག་མཆོག་རིན་ཅེན་དབང་འཕྲེང་གི་རྗེས་ཀྱི་ལས་རིམ་བཅོ་བརྒྱད་པ་ཞེས་དམ་ཚིག་གི་བསླབ་འདོམས་ཆེ་བ་ཕན་ཡོན་དགའ་སྟོན་བསྔོ་བ་སྐུ་གསུམ་མ་སྨོན་
ལམ་བདེ་ལེགས་ཀུན་འབྱུང་བཀྲ་ཤིས་རིགས་འཛིན་ཆུ་རྒྱུན་མ་སོགས་སྟོན་པ་མཇུག་ཏུ་ཐེམས་བྱང་དང་བཅས་པ་རྫོགས་མཐར་ནམ་ཞིག་དུས་ཀྱི་མཐའ་མ་བྱུང་བའི་ཚེ་ཞེས་པ་ནས་མ་ཚང་བ། འགོར་བདག་འདྲ་པདྨ་འབྱུང་གནས་ཀྱིས་ཨ་ཏི་གསང་བའི་སྙིང་བཅུད་ལས་ཞེས་ཡོད་པའི་ཐེག་པ་རིམ་དགུའི་དབང་བསྐུར་བ་ཀུན་སྣང་ཟིལ་གནོན་ཨ་ནུ་སེམས་ཀྱི་དབང་ལུང་ཐོབ་པར་ཤོག་ཨ་བྷི་ཥིཉྩ་ཧཱུཾ་གི་མཐའ་ཅན། འདི་སྟ་གོན་གྱི་རྗེས་ལ་བསྐུར་བ་ཁ་བྱང་ལས་བཤད་ཀྱང་ཕྱག་ལེན་ལ་མི་མཛད། བཤད་མ་ཐག་པ་རྣམས་སྤྱིར་བུམ་དབང་དུ་གཏོགས་ཀྱང་བུམ་དབང་བྱེ་བྲག་པ་ཟུར་དུ་བསྐུར་བ་ཐམས་ཅད་ཞི་བར་བྱེད་པ་ཕྱི་སྤྲོས་བཅས་བུམ་པའི་དབང་དངོས་གཞི་ཞི་བའི་དབང་ཆོག་ཐེག་མཆོག་རིན་ཅེན་རྫོགས་བྱང་དང་ཟོ་ར་ར་སྐྱེས་ཀྱི་སྲུངས་ཤིག་གི་མཐའ་ཅན་དང་། དབང་ཆོག་གསལ་བའི་སྒྲོན་མེའམ་ཁྲོ་བོ་རིན་ཅེན་ཐེམ་སྐས་ཞེས་པ་ཁྲོ་བོའི་དབང་ཆོག་ལེའུ་ཞེ་དྲུག་པ་རྗེས་ཀྱི་ལེའུ་གཉིས་དང་ཞེ་བརྒྱད་པའོའི་མཐའ་ཅན། སྤྲོས་མེད་ནང་གི་གསང་དབང་རིན་ཅེན་ཐེག་མཆོག་ཅེས་པ་སྤྲོས་མེད་གསང་དབང་བསྐུར་ཐབས་ལེའུ་བཅུ་བཞི་པ། པདྨ་འབར་བ་ཡེ་ཤེས་བརྩེགས་པ་ཞེས་པ་ཤིན་ཏུ་སྤྲོས་མེད་ཤེར་དབང་བསྐུར་ཚུལ་ལེའུ་བཅུ་གཉིས་པ། འགོར་ཐིག་ལེ་ཉག་གཅིག་མཐའ་དབུས་བྲལ་ཞེས་ཡོད་པའི་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་བསྐུར་ཐབས་རིག་པའི་རྩལ་དབང་ས་ནི་བཅུ་གཅིག་ཀུན་ཏུ་འོད་ཅེས་པའི་མཐའ་ཅན། དབང་གི་ཆ་ལག་དབང་བཞིའི་སྔོན་དུ་འགྲོ་བ་ཞི་བ་བྱང་ཆུབ་སེམས་ཀྱི་ལས་བྱང་རིན་པོ་ཆེའི་འཕྲེང་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་སོ་སོར་ལས་རིམ་བདུན་གྱིས་སྟོན་པ། འགོར་དཔལ་ལྡན་པདྨ་དབང་གི་སྐུ་ཞེས་ཡོད་པའི་ཁྲོ་བོ་རང་བཞིན་འཕྲིན་གཞུང་སྔོན་འགྲོ་དངོས་གཞི་རྗེས་གསུམ་སོ་སོར་
ལས་རིམ་བདུན་གྱིས་སྟོན་པ་འཕྲིན་ལས་ཆོག་གཞུང་རྫོགས་བྱང་གི་མཐའ་ཅན་རྣམས། གཉིས་པ་སྨིན་ཟིན་གྲོལ་བྱེད་འཁྲིད་ཀྱི་སྐོར་ལ། མངོན་སུམ་རང་ཐོག་ཏུ་དབབ་པའི་མན་ངག་སེམས་ཀྱི་སྣ་ཁྲིད་པའི་སྔོན་འགྲོ་དོན་འཁྲིད་ལམ་རིམ་བརྩེགས་པ་རྣལ་དུ་ཕབ་པའི་རིམ་པ་ཞེས་བྱ་བ་རྫོགས་བྱང་གི་མཐའ་ཅན། དངོས་གཞིའི་དོན་འཁྲིད་ལམ་གྱི་སྒྲོན་མ་རྩ་བ་ལག་འཁྲིད་ཅེས་པ་གསང་བའི་སྙིང་བཅུད་རྒྱལ་བའི་བཀའ་ལ་བརྟེན་ནས་པདྨས་ཕྱི་རབས་དོན་དུ་བཀོད་པ། འགོར་སྒོའི་གནད་ཀྱི་དུས་སུ་རིག་པ་ཡེ་ཤེས་ངོས་གཟུང་བ་ཞེས་ཡོད་པའི་མངོན་སུམ་ཚོད་ཕེབས་རྟགས་ཚད་ཀྱི་ཡི་གེ་གསང་བ་ཟངས་ཡིག་ཅན་དང་འབྲེལ་བ་རབ་ཏུ་བཏུས་ནས་བསྟན་པོའོའི་མཐའ་ཅན་རྣམས། གསུམ་པ་བར་དོར་གསལ་བཏབ་པས་གྲོལ་བ་ངོ་སྤྲོད་ཀྱི་སྐོར་ལ། གློང་གསལ་གསང་བའི་སྙིང་བཅུད་ངོ་སྤྲོད་རིག་པ་གསལ་བྱེད་ཀྱི་རྒྱུད་སངས་རྒྱས་ལག་བཅངས་ཚིག་གསུམ་པ་བར་དོ་དམར་འཁྲིད་ཀྱི་གདམས་པ། བར་དོ་རྣམ་བཞིའི་འཆར་ཚུལ་ངོ་སྤྲོད་ཡང་དག་པ་ཨ་ཏི་བཀོད་པ་ཆེན་པོ་རྡོ་རྗེ་འཆང་གི་དགོངས་པ་དགའ་རབ་རྡོ་རྗེ་ཚིག་ཡིག་ཤྲཱི་སིངྷའི་ཞལ་གདམས་པདྨ་འབྱུང་གནས་ཀྱིས་དོན་བསྡུས་པ་བར་དོ་བཞི་སྦྱོར་ངོ་སྤྲོད་པ་དང་བཅས་པའོ། །བཞི་པ་གཞན་ཕན་བུམ་ཆོག་འཕྲིན་ལས་ཀྱི་སྐོར་ལ། གསོན་པོ་ལ་བུམ་པ་བཟུང་ནས་ངོ་སྤྲོད་རྒྱས་པར་གདབ་པ་གསང་བདག་ཐུགས་རྗེའི་གནས་ལུང་པདྨའི་མིང་ཅན་དང་ཕྲད་ཤོག་གི་མཐའ་ཅན། གཤིན་པོ་ལ་བུམ་པ་བཟུང་ནས་ཚེ་འདས་བྱང་ཆུབ་ཀྱི་སར་འདྲེན་པ་ཡང་གསང་ཐུགས་རྗེའི་ལྕགས་ཀྱུའམ་གཤིན་ཆོག་གཞན་ཕན་འོད་ཟེར་ཞེས་བརྒྱུད་གསང་བ་སྙིང་ཐིག་ལས་བཏུས་པ། དེའི་ཆ་ལག་གཟུ་དཔང་སྟོན་པ་བླ་མེད་མ་དུས་ལ་བབ་བོ་ས་མཱ་ཡའི་མཐའ་ཅན་
རྣམས། ལྔ་པ་གང་ལ་གང་འདུལ་གྱི་ཐབས་མན་ངག་ཕྲ་མོའི་སྐོར་ལ། ཞྭ་ཆོས་རིན་ཅེན་ཅོད་པན་ཞེས་ནང་བཞུགས་ཀྱི་འཁོར་ལོ་དང་བཅས་སྟོན་པ་ཐུགས་ཀྱི་སྲས་དང་ཕྲད་ཤོག་གི་མཐའ་ཅན། སྲིའུ་གསོ་བའི་བསྲུང་འཁོར་ཆེན་མོ་མུ་ཁྱུད་བཅུ་གཉིས་པ། གཏད་བཟློག་སྦལ་པ་དཀར་ནག་གི་སྦྱོར་བ་མཁས་པ་ཟངས་གླིང་དབང་ཕྱུག་ནས་བརྒྱུད་པ། ནག་པོ་རྒྱུག་འགྱེལ་གྱི་རིམས་ནད་གསོ་ཐབས་སྨན་དཔྱད་བདུད་རྩིའི་བུམ་པ། རང་བསྲུང་རྟོག་མེད་མཚོན་ཆའི་འཁོར་ལོ་བྲི་བའི་ལག་ལེན་འདི་ལས་ཟབ་པ་ཡོད་རི་སྐན་གྱི་མཐའ་ཅན། ཁྱི་སྨྱོན་འཆོས་ཐབས་རྒྱ་ནག་ཧཱ་ཤང་པེ་ཏ་ན་ཙེའི་མན་ངག་མཁོ་མཐིང་གི་གཏེར་མ། སྒྲིབ་ཤིང་ཟབ་པའི་མཐར་ཐུག་ཟབ་ཏིག་གསེར་ཞོ་གསུམ་གྱི་མནྜལ་དང་མཁོ་བའི་ཡོ་བྱད་འཕངས་མེད་འབུལ་བའི་རིགས་ལྡན་མ་གཏོགས་གཞན་ལ་མི་སྤེལ་བ། ས་ལམ་དུས་གཅིག་གཅོད་པ་རྐང་མགྱོགས་སྒྲུབ་ཐབས་ལོ་ལམ་ཉིན་རེས་ཆོད་པ། མཚོན་བསྲུང་མ་ཡིག་ཀྲོང་དྷོཾ་མ་བུ་ཡིག་ཨེ་ཧུར་མ་རྣམས། དྲུག་པ་ལུང་བསྟན་གནས་ཡིག་གི་སྐོར་ལ། མ་འོངས་ལུང་བསྟན་གསལ་བའི་སྒྲོན་མེ་ལེའུ་བཅུ་གཅིག་པ། བལ་ཡུལ་འབྲས་མོ་ལྗོངས་ཀྱི་ལམ་ཡིག་ལྡེ་མིག་དང་བཅས་པ་ལེའུ་བཅུ་དགུ་པ། དེའི་འཕྲོས་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ཉི་མའི་ཟེར་དང་བསྡོམས་པས་ལེའུ་སུམ་ཅུ་སོ་གསུམ་པ། ཡང་མཁན་པ་ལྗོངས་ཀྱི་གནས་ཡིག་ཟུར་བཀོལ་ལེའུ་བཅུ་པ། གཏེར་སྟོན་གྱིས་མཛད་པའི་ཆོས་སྤྱོད་བྱིན་རླབས་ཆར་འབེབས་ན་མོ་ཕྱོགས་བཅུ་མ་རྣམས། དེ་ཡང་ཐེག་མཆོག་རིན་ཅེན་དབང་འཕྲེང་སོགས་འགའ་ཞིག་འདྲ་མིན་དུ་ཡོད་པ་གཅིག་རི་མོ་ཅན་དང་འདི་སྣ་རིང་སེང་གེ་རྫོང་གི་གཏེར་ཡིན་ཚུལ་གསུང་བ་ནི། གཏེར་བྱང་དུ། ཁྱད་པར་འཕགས་པ་འདྲ་མིན་གཉིས་སུ་བྱས༔ གཅིག་ནི་བུམ་ཐང་སྟང་
ཆུ་བར་མདའ་རུ༔ རི་མོ་ཅན་གྱི་བྲག་ལ་སྦས༔ འདི་ནི་མོན་ཁ་སྣ་རིང་གིས༔ སེང་གེ་རྫོང་གསུམ་ཟངས་ཕུག་ཏུ༔ ཤོག་དྲིལ་ལྔ་རུ་བྱས་ནས་སྦས༔ ཞེས་ནོར་སོ་འདུག་ཀྱང་སེང་གེ་རྫོང་གསུམ་གསལ་བར་བསྟན་ཞིང་རིན་ཅེན་དབང་འཕྲེང་སོགས་ནི་རང་གཏེར་རམ་གཞན་གྱི་གཏེར་འདིར་སྦྱར་བ་ཇི་ལྟར་ཡང་མོན་ཁ་སྣ་རིང་གི་གཏེར་ཡིན་པར་ངེས་ལ་གཏེར་སྲུངས་ཡང་འདི་ལ་སྲོག་སྒྲུབ་གཟའ་དང་རྡོར་ལེགས་རྣམས་ཡོད་ཅིང་སྣ་རིང་བྲག་ལ་རལ་གཅིག་མ་དང་ཟོ་ར་ར་སྐྱེས་ཡིན་པར་གསལ། རི་མོ་ཅན་གྱི་དེར་འདྲ་མིན་ཅུང་ཟད་ཡོད་ཅིང་འདི་ལས་བསྡུས་ཞེས་གསུངས། བར་དོའི་ཤོག་དྲིལ་གཉིས་ནི། མོན་དང་གློ་ཡི་མཚམས་ཀྱི་ལ༔ དུང་རང་ལེ་ཆུང་མདའ་རུ་སྦས༔ ཞེས་གསུངས་པས་ཆོས་ཚན་ཁ་ཤས་མེ་འབར་མཚོ་ནས་མིན་པར་མངོན་ནོ། །དེ་ལྟར་དབང་ལུང་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ་ཡབ་ཡུམ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པདྨ་ཐོད་འཕྲེང་། མཁའ་འགྲོ་འཚོ་རྒྱལ། པདྨ་གསལ། སྤྲུལ་སྐུ་པདྨ་གླིང་པ། ཆོས་རྗེ་རྣམ་གཉིས། རྗེ་བསྟན་འཛིན་གྲགས་ པ། མཚུངས་མེད་མདོ་སྔགས་བསྟན་འཛིན། རིགས་འཛིན་འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་རིགས་འཛིན་ཆེན་པོ། དེས་བདག ་ཟ་ཧོར་བནྡེ་ལའོ། །ཡང་ན་བསྟན་འཛིན་གྲགས་པ་ནས། པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་རྡོར། འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་གྲུབ་པ་ཀུན་འདུས་ནས། པདྨ་འཕྲིན་ལས་མན་ཡང་སྔར་བཞིན་ནོ། །ཟ་ཡིག་ཀྲོང་དྷོཾ་མ་མ་བུའི་བརྒྱུད་པ་ལུགས་གཅིག་ནི། གཏེར་སྟོན་ལ་ཀོང་ཆེན་ནམ་མཁའ་དཔལ་ལྡན་དང་། ལེགས་པའི་ཤེས་རབ་གཉིས་ཀྱིས་གསན། དེ་གཉིས་ཀ་ལ་ནམ་མཁའ་རྣམ་རྒྱལ། དེ་ནས་ཟུར་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་ཆེན་ཆོས་
དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ལ་རིན་པོ་ཆེ་སྨན་རྩེ་བ་དང་ཟུར་རྣམ་རྒྱལ་གྲགས་པ་གཉིས་ཀྱིས་གསན། གཉིས་ཀ་ལ་ལྷུན་གྲུབ་རྡོ་རྗེས་གསན་པ་མན་འདྲ། སྙིང་ཐིག་གསང་རྒྱུད་ཀྱི་ཁ་བྱང་ལས། རྒྱུད་ཆུང་བཅུ་བདུན་ཁ་སྐོང་བཞི་དང་བཅས༔ ཉི་ཤུ་རྩ་གཅིག་རྒྱུད་བུ་ཆུང་ཞེས་གྲགས༔ དེ་ལ་གསང་འགྲེལ་ཉི་ཤུ་རྩ་གཅིག་དང་༔ མ་བུ་གཉིས་ལ་བཞི་བཅུ་ཞེ་གཉིས་ཡོད༔ ཅེས་པ་ལྟར་ཆ་ལག་ཚང་བ་དུས་གསུམ་མཁྱེན་པ་སློབ་དཔོན་པདྨས་ལྷ་ལྕམ་གྱི་སྐྱེ་མཐར་སྨོན་ལམ་དང་བཅས་བུམ་ཐང་སེང་གེ་བྲག་རི་མོ་ཅན་དུ་སྦས་པ། བུམ་ཐང་དཔོན་ཇོ་ཕུ་རས་གཏེར་སྟོན་ཤེས་རབ་མེ་འབར་ལ་འདི་ན་གཏེར་ཡོད་འདུག་པ་ཁྱོད་ཀྱིས་ཐོན། མིན་ན་ངའི་ཡུལ་འདི་ཟོག་གིས་འགེང་བས་ཁྲིམས་ལ་གཏུག་ཅེས་སྨྲས་པར་འདི་བདག་དབང་བའི་གཏེར་མིན་ཚུལ་སོགས་ཞིབ་ཏུ་གླེངས་ཀྱང་མ་ཉན་པར་བརྟེན་སྤྲུལ་སྐུ་ཤེས་རབ་མེ་འབར་གྱིས་སྤྱན་དྲངས་པའི་ཐོག་མར་སྦྲུལ་ནག་པོ་འདོམ་གང་ཙམ་ཞིག་བྱུང་བའི་རྐྱེན་གྱིས་དཔོན་ཡང་རིང་པོར་མ་ལོན་པར་འདས་ཤིང་གཏེར་སྟོན་རང་གི་སྐུ་ཚེ་ཡང་མཐར་མ་ཕྱིན། གཏེར་སྟོན་གྱིས་ཆོས་དཀའ་རྣམས་ཤོག་སེར་ལ་ཕབ་སྟེ་སླར་ཤོག་སེར་དངོས་ཡང་གཏེར་དུ་སྦས་པ། དེ་ནས་མི་རབས་གཉིས་ཙམ་ན་གཏེར་སྟོན་པདྨ་གླིང་པས་ཡང་གཏེར་སྤྱན་དྲངས་ཀྱང་རུལ་ནས་ཡི་གེ་སོགས་གསལ་བར་མ་བྱུང་རུང་ཤེས་རབ་མེ་འབར་གྱིས་ཕབ་ཟིན་གྱི་རྒྱུད་བུ་ཆུང་དེ་ག་རང་ནོར་རང་གིས་སྤྱོད་པའི་ཚུལ་གྱིས་རྒྱ་ཆེར་སྤེལ་བའི་ཆོས་སྐོར་ལ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། ཐམས་ཅད་གྲོལ་བའི་རྒྱུད་ཅེས་བྱ་བ་ཞི་ཁྲོའི་གསང་དབང་ཆེན་མོའི་སྟེང་ནས་སྟ་གོན་གྱི་རིམ་པ་སྔོན་དུ་འགྲོ་བའི། རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ཀྱི་ཡི་གེ་ལྟར་སྤྲོས་བཅས་བུམ་པའི་དབང་ལ། ལས་
བུམ། ཧཱུཾ་ཡིག་བདུད་རྩི་གསུམ་ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་སྦྱངས་ཏེ། དབང་དངོས། དབུ་རྒྱན། བུམ་པ། མི་དབང་། འཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། རིགས་ལྔའི་ཕྱག་རྒྱ། ཕན་པའི་དབང་། ལས་བཞིའི་ཕུར་པ། ཚེ་དབང་། ཆོས་སྤྱིའི་ལུང་དབང་། ཉན་རང་བྱང་སེམས། ཀྲྀ་ཡོག་སྡེ་གསུམ། ཡོ་ག་རྣམ་པ་གསུམ་དང་བཅས་པའི་དབང་། ཞི་ཁྲོ་གསང་དབང་ཆེན་མོ་ནས། མེ་ཏོག །སྤྱན་དབྱེ། བྱིན་དབབ་པའི་རྗེས་སུ་ཞི་བ་བཞི་བཅུ་རྩ་གཉིས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་དབང་། བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ངོ་སྤྲོད་དང་བཅས་པ། ཆེ་མཆོག་དངོས་པོའི་རྒྱུད་ཀྱི་སྟེང་ནས་ཞུ་འབུལ། བྱིན་འབེབས། ཕྱག་རྒྱ་གཏད་པ། ཨྱོན་དང་མཁའ་འགྲོ་ལྔའི་དབང་། བྱང་སེམས་ཀྱི་དབང་དང་བཅས་པ། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ཀྱི་སྟེང་ནས་མནྜལ། གསོལ་གདབ། ཡེ་ཤེས་ཕབ་སྟེ་ཚོམ་བུའི་ཞིང་དང་འདོད་ཡོན་ལྔ་སོགས་ལ་བརྟེན་ནས་ཚིག་དབང་རིན་པོ་ཆེ་རྩལ་དབང་སེམས་ལ་བསྐུར་བ་ལེགས་པར་ནོས་ནས། གཉིས་པ་རྒྱབ་རྟེན་ལུང་ལ། རྒྱུད་ཆུང་བཅུ་བདུན་ཁ་སྐོང་བཞི་གསང་འགྲེལ་ཉི་ཤུ་རྩ་གཅིག་རྣམས་ཀྱི་ཁ་བྱང་ལྡེ་མིག །༡ སྐུ་གསུམ་གྱི་གནས་ལུགས་དང་བཞུགས་ཚུལ་བསྟན་པ་འོད་ཟེར་ཅན་གྱི་རྒྱུད་ཅེས་བྱ་བ་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་ལོ་རྒྱུས་རྫོགས་བྱང་གི་མཐའ་ཅན། ༢ དེའི་འགྲེལ་པ་འགོར་ཨྱོན་ཟངས་གླིང་གི་སྐད་དུ་ཞེས་ཡོད་པའི་དྲི་མེད་འོད་ཟེར་འཕྲེང་བ་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་བསྟན་པ་རྫོགས་བྱང་དང་དེ་ནས་ལྷུན་གྲུབ་གཏན་ལ་ཕབ་པ་གཉིས་སྟོད་སྨད་ཀྱི་ཚུལ་དུ་བྱས་པ་གཞུང་འགྲེལ་དང་མཐུན་པ་རྫོགས་བྱང་གི་མཐའ་ཅན། ༣ འཁྲུལ་གཞི་གཏན་ལ་འབེབས་པར་བྱེད་པ་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལེའུ་གསུམ་པ།
༤ དེའི་འགྲེལ་པ་འགོར་བདེ་སྟོང་མཐའ་བྲལ་ཀ་དག་ཀློང་ཞེས་ཡོད་པའི་ལེའུ་བཞི་པ་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོའི་མཐའ་ཅན། ༥ ཐམས་ཅད་འཁྲུལ་བར་སྟོན་པ་རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལེའུ་དྲུག་པ། ༦ དེའི་འགྲེལ་པ་འགོར་ཨེ་མ་ཧོ་ངོ་བོ་ཀ་ནས་དག་པ་ཆོས་ཀྱི་སྐུ་ཞེས་ཡོད་པའི་ཉི་མའི་འོད་ཟེར་ལེའུ་དྲུག་པ། ༧ འཁྲུལ་པའི་བརྡར་ཤ་གཅོད་ཅིང་ཐམས་ཅད་དབྱིངས་སུ་སྐྱེལ་བ་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལེའུ་བཞི་བ། ༨ དེའི་འགྲེལ་པ་འགོར་ཀློང་ཆེན་དྲུག་གི་རྒྱུད་ཀྱི་འགྲེལ་པའོ་ཞེས་ཡོད་པ་རིགས་དྲུག་འཁྲུལ་པ་རྩད་གཅོད་རྫོགས་བྱང་གི་མཐའ་ཅན། ༩ གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་གསུངས་པའི་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་དག་པ་ཡེ་ཤེས་ཀྱི་གནད་ལུགས་སྟོན་པའི་རྩ་རྒྱུད་ཅེས་འཁྲུལ་པའི་ལུས་སེམས་ལ་མ་འཁྲུལ་བ་སྐུ་དང་ཡེ་ཤེས་ཀྱི་གནས་ཚུལ་སྡོམ་བྱང་དུ་སྟོན་པ། ༡༠ དེའི་འགྲེལ་པ་འགོར་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་འགྲེལ་པའོ་ཞེས་ཡོད་པའི་ཤེལ་གྱི་ཉི་འོད་འགྲེལ་པ་རང་ཡང་རྒྱུད་དུ་ཡོད་པའི་མཐའ་ཅན། ༡༡ མ་འཁྲུལ་པའི་རིག་པ་ལ་རང་དབང་ཐོབ་བྱེད་གཙུག་ན་མེ་འབར་གྱི་རྒྱུད་ལེའུ་གཉིས་པ་དབང་བཞིའི་སྤྱི་སྡོམ་སྟོན་པ། ༡༢ དེའི་འགྲེལ་པ་འགོར་དབང་བཞི་རང་རྫོགས་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་ཆུ་བོ་བཞི་འདུས་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོའི་མཐའ་ཅན། ༡༣ རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་དམ་དབང་གི་འཕྲེང་བ་ཞེས་བྱ་བ་དབང་གི་འགག་སྡོམ་རྒྱས་པར་བཀྲོལ་བ་སྤྲོས་བཅས་བུམ་པའི་དབང་། ༡༤ དེའི་འགྲེལ་པ་འགོར་རྫོགས་པ་རང་བྱུང་ཐེག་དགུ་མཐར་ཕྱིན་པ་ཞེས་ཡོད་པའི་ཐེག་དགུའི་སྤྱིར་འཁྲིད་རྒྱུད་བཅུ་བདུན་གྱི་ཡང་སྙིང་དམ་པ་ཨྱོན་པདྨས་སྦྱར་བ་རྫོགས་སོའི་མཐའ་ཅན། ༡༥ དོན་རྒྱུད་གཏན་ལ་ཕབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་
ཡོངས་སུ་བཤད་པ་རིག་པ་རང་ཤར་ཆེན་པོ་ཐེག་པ་སྤྱིའི་རྒྱུད། ༡༦ དེའི་གསང་འགྲེལ་འགོར་ཐིག་ལེའི་སྒྲུབ་ཐབས་འདི་ལྟར་རོ་ཞེས་ཡོད་པ་ཐེག་པ་རིམ་དགུའི་སྙིང་པོ་བཟླ་ལུགས་འཁོར་བ་དོང་ནས་སྤྲུག་པའོའི་མཐའ་ཅན། ༡༧ སྤྲོས་མེད་གསང་དབང་སྟོན་པ་རིག་པ་རང་གྲོལ་ཆེན་པོ་ཐམས་ཅད་གྲོལ་བའི་རྒྱུད་ཅེས་བྱ་བ་ཞི་ཁྲོའི་རིགས་དབང་ཆེན་མོ། ༡༨ དེའི་འགྲེལ་པ་འགོར་ཀ་དག་ལྷུན་གྲུབ་རིག་པ་ཡེ་ཤེས་སྐུ་ཞེས་ཡོད་པའི་ལམ་འཁྲིད་ནོར་བུའི་འཕྲེང་བ། ༡༩ ཆེ་མཆོག་དགོངས་པའི་རྒྱུད་ཐམས་ཅད་ཀྱི་བཅུད་དུ་དྲིལ་བ་གསང་བ་ཤེས་རབ་ཡེ་ཤེས་གཏན་ལ་དབབ་པ། ༢༠ དེའི་འགྲེལ་པ་མཁའ་དབྱིངས་ཐིག་ལེའི་སྐུ་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་འདོད་ཆགས་ལམ་ཁྱེར་གྱི་གདམས་པ་ཤེས་རབ་ཡེ་ཤེས་ཀྱི་གསང་འགྲེལ་མངོན་སུམ་དུ་འཆར་བ་རྫོགས་བྱང་གི་མཐའ་ཅན། ༢༡ རྩལ་དབང་སེམས་ཀྱི་བརྡར་ཤ་གཅོད་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ཅེས་པ་ལྟ་བ་གཏན་ལ་འབེབས་བྱེད་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་སྟོན་པ། ༢༢ དེའི་འགྲེལ་བ་འགོར་གསལ་སྟོང་འགག་མེད་རང་རིག་རྟོགས་པའི་གདེང་ཞེས་ཡོད་པའི་ཁྲེགས་ཆོད་ལམ་གྱི་དོན་འཁྲིད་དམ་རྩལ་རྫོགས་རྒྱུད་ཀྱི་གསང་འགྲེལ་དུ་གྲགས་པ། ༢༣ དེའི་རྒྱབ་སྐྱོར་ལྟ་བ་ཁྲེགས་ཆོད་ཆེན་པོ་དཔལ་ཡི་གེ་མེད་པའི་རྒྱུད་ཅེས་པ་འཁྲུལ་སྣང་ལམ་དུ་འཁྱེར་བ་ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་རྫོགས་སོའི་མཐའ་ཅན། ༢༤ དེའི་འགྲེལ་པ་འགོར་ལྟ་བ་རང་གི་རྒྱལ་པོ་ཞེས་ཡོད་པའི་ཁྱུང་ཆེན་གཤོག་རྫོགས་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོའི་མཐའ་ཅན། ༢༥ ཡེ་ཤེས་ཀྱི་སྣང་བ་བསྟན་པ་གསེར་གྱི་མེ་ཏོག་མཛེས་པའི་སྒྲོན་མེ་འབར་བའི་རྒྱུད་ལམ་ཐོད་རྒལ་གྱི་གདམས་པ་ཨྱོན་པདྨ་བདག་གིས་ལེགས་པར་བཀོད་པའི་མཐའ་ཅན།
༢༦ དེའི་མཇུག་ཏུ་ཕྱི་རབས་ལྔ་བརྒྱ་སོགས་ཚིག་རྐང་གཉིས་བྲིས་ནས་འཕྲོར་ལུས་འདུག །དེའི་འགྲེལ་བ་འགོར་ཡིད་ཆེས་མི་འགྱུར་ལུང་གི་ལྷ་ཞེས་ཡོད་པའི་ལུང་བྱང་ལམ་གྱི་འཕྲེང་བརྒྱུད་སྒྲོན་མེ་འབར་བའི་རྒྱབ་ཏུ་བཀོད་པ་རྫོགས་སོའི་མཐའ་ཅན། ༢༧ ཉི་མ་ཟླ་བ་ཁ་སྦྱོར་ཆེན་པོའི་གསང་རྒྱུད་ཅེས་པ་བར་དོའི་ཡེ་ཤེས་ངོས་བཟུང་བ། ༢༨ དེའི་འགྲེལ་བ་ངོ་སྤྲོད་རིན་པོ་ཆེས་སྤྲས་པ་ཞིང་ཁམས་བསྟན་པའི་རྒྱུད། ༢༩ དེའི་འགྲེལ་བ་རྒྱུད་ཀྱི་བུ་ཡིག་བར་དོའི་ལམ་སྦྱོར་ཞེས་པ་མན་ངག་ཏུ་བསྡེབས་པ། ༣༠ ངོ་སྤྲོད་ཀྱི་རྒྱབ་རྟེན་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུ་སྤྲུལ་པའི་སྐུའི་ས་བོན་འཕེལ་བར་བྱེད་པའི་ཤྲཱི་སིངྷས་ཐུགས་ཀྱི་གཏེར་ནས་བཏོན་ཏེ་པདྨ་འབྱུང་གནས་ལ་གདམས་པ། ༣༡ དེའི་བུ་ཡིག་འགོར་བདག་འདྲ་པདྨ་འབྱུང་གནས་ཀྱིས་ཞེས་ཡོད་པའི་བཏགས་གྲོལ་མའི་བུ་ཡིག་ཉི་ཟླ་ཁ་སྦྱོར། ༣༢ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པ་སྤྱོད་པ་ས་བོན་གྱི་རྒྱུད་དོན་གསལ་བར་བསྟན་པ་བར་དོ་ཉི་ཟླ་ཁ་སྦྱོར་གྱི་ཡང་སྙིང་དམ་པ། ༣༣ སྐུ་གསུང་གཏན་ལ་འབེབས་པར་བྱེད་པ་སྐུ་གདུང་འབར་བ་རིན་པོ་ཆེ་རྒྱུད་ཀྱི་རྒྱལ་པོ། ༣༤ དེའི་བུ་ཡིག་འགོར་ཡིད་ཆེས་མི་འགྱུར་ལུང་གི་ཞེས་ཡོད་པའི་ལུང་ནས་དྲངས་པའི་འགྲེལ་ཆུང་སྙིང་གི་བུ་ལ་གཏོད་པའི་མཐའ་ཅན། ༣༥ འཁྲུལ་པ་གཞི་ལ་ལྡོན་པར་བྱ་བ་མུ་ཏིག་རིན་པོ་ཆེ་འཕྲེང་བའི་རྒྱུད། ༣༦ དེའི་རྩ་འགྲེལ་འགོར་རྒྱུད་ཀྱི་ཚིག་རྐང་དྲུག་ཅུ་འདི་ཞེས་ཡོད་པ་གསེར་གྱི་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། ༣༧ དེའི་རྒྱབ་སྐྱོར་འགོར་ཨེ་མ་རྒྱུད་རྒྱལ་འདི་ཡི་མཚང་རིག་ནས་ཞེས་ཡོད་པ་རྫོགས་བྱང་གི་མཐའ་ཅན་གསུམ་ཆོས་སྡེ་གཅིག །༣༨ གདམས་ངག་དོན་ལ་བསྟན་པ་ནོར་བུ་ཕྲ་བཀོད་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་དུས་བཞིའི་རྣལ་འབྱོར་རྫོགས་བྱང་གི་མཐའ་ཅན། ༣༩ དེའི་དོན་འགྲེལ་དུས་
བཞི་སངས་རྒྱས་མཉམ་སྦྱོར་གྱི་ཉམས་ལེན་ཡང་ཟབ་རིན་ཅེན་འཁོར་ལོ། ༤༠ དེའི་འགྲེལ་ཆུང་རང་གི་རིག་པར་བསྟན་པ་རིན་ཅེན་སྤུངས་པ་བདུད་ཀྱི་གེགས་སེལ་ཡོན་ཏན་རིན་པོ་ཆེའི་རྒྱུད། ༤༡ དེའི་འགྲེལ་ཆུང་ལུང་བྱང་གོལ་སྒྲིབ་བཅད་པ་ཀུན་བཟང་ཐུགས་ཀྱི་མེ་ལོང་གི་རྒྱུད། ༤༢ དེའི་དོན་འགྲེལ་འགོར་ཀུན་བཟང་རིག་པའི་སྐུ་ཞེས་ཡོད་པ་ལུང་དང་སྦྱར་བ་མཇུག་ཏུ་ཀ་ཐོའི་སྡོམ་བྱང་དང་བཅས་པ་ཐེག་པར་བཤད་པའོའི་མཐའ་ཅན། ༤༣ ཞུས་ལན་རྒྱས་པར་བསྟན་པ་གྲུབ་མཐའ་ངན་པ་སུན་འབྱིན་པའི་རྒྱུད་མེ་ལྕེ་འཕྲེང་བ་ཞུས་ལན་དང་བཅས་པ་རྫོགས་སོའི་མཐའ་ཅན། ༤༤ སྔགས་སྲུང་བཤན་པ་ནག་མོ་ཤ་ཟན་ཧོར་མོའི་སྒྲུབ་ཐབས་སྲོག་གི་གཤེད་མ་རེག་ཕུང་ནག་པོ་ཞར་བྱུང་ལྟས་ངན་དང་བཅས་པ། ༤༥ ཆོས་སྤྱོད་གསོལ་འདེབས་གཏེར་སྟོན་གྱིས་མཛད་པ་རྐང་གཉིས་གཙོ་བོ་མ་རྣམས། དེ་ཡང་རྩ་རྒྱུད་བཅུ་བདུན་ཁ་སྐོང་གཙུག་ན་མེ་འབར། འོད་ཟེར་ཆེ་མཆོག་བསྟན་བུ་སྟེ་ཉི་ཤུ་རྩ་གཅིག་ལས་ཉི་ཟླ་ཁ་སྦྱོར་ལ་ངོ་སྤྲོད་སྤྲས་པས་གོ་བཅད། དེ་ཕྱིན་རྩ་འགྲེལ་མ་བུ་སྦྱར་བས་བཞི་བཅུ་ཞེ་གཅིག །མེ་ལྕེའི་འཕྲེང་བ་ཁྲོས་ནག་གཉིས་བསྣན་པས་ཆོས་སྡེ་བཞི་བཅུ་ཞེ་གསུམ་ཡོད་པས། ཁ་བྱང་ལ་ལར་མེ་ལྕེའི་འཕྲེང་བ་མེད་པ་དང་འགའ་རེར་བསྟན་པ་བུ་གཅིག་མེད་པ་སོགས་མི་མཐུན་པ་འགའ་ཞིག་བྱུང་རུང་འདིར་ནི་ཐམས་ཅད་ཚང་བའི་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རྡོ་རྗེ་འཆང་། གཞོན་ནུ་དཔའ་བོ་སྟོབས་ལྡན། དགའ་རབ་རྡོ་རྗེ། ཨྱོན་པདྨ། འཚོ་རྒྱལ། པདྨ་གསལ། པདྨ་གླིང་པ། སྣ་ཚོགས་རང་གྲོལ། གྲུབ་ཆེན་ཀུན་དགའ་རྡོ་རྗེ། མདོ་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། གཏེར་སྟོན་རིགས་འཛིན་ཆེན་པོ། དེས་བདག་ལའོ། །ཡང་ན་ཆོས་རྗེ་རྣམ་གཉིས་ནས་བསྟན་འཛིན་གྲགས་པ། པདྨ་
འཕྲིན་ལས། སྤྲུལ་སྐུ་ཚུལ་རྡོ། འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་གྲུབ་པ་ཀུན་འདུས་ནས། གདུང་བརྒྱུད་པདྨ་མན་འདྲ། ཡང་ན་གསུང་སྤྲུལ་ནས། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། རྗེ་འཕྲིན་ལས་ལྷུན་གྲུབ་མན་གོང་བཞིན་ནོ། །