Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

8 occurrences of མགོན་པོ་བྱང་
[Clear Hits]


  
 
རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ།
  
  
 
  
 
 


8 occurrences of མགོན་པོ་བྱང་
[Clear Hits]

 
previousརྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ།next

རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ།


GLG008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


GLG008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའི་ཡེ་ཤེས་མཆོག་གི་ཡོངས་འདུའི་ལྗོན་པ་གསར་པ་གང་། །ཕུལ་དུ་བྱུང་བའི་བསོད་ནམས་བྱེ་བའི་ས་བོན་རྒྱུ་ལས་བྱུང་པའི་ཚུལ། །


GLG008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་འཆི་མེད་ཚོགས་ལ་སྟོན་ཕྱིར་གཟུགས་སྐུའི་རྐང་འཐུང་གཡུར་ཟ་བ། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་པུ་ལུས་ཅན་ཀུན་གྱི་ཕན་བདེའི་དཔྱིད། །


GLG008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་པདྨའི་སྒྱུ་འཕྲུལ་དྲ་བའི་གར། ཁྲིམས་གཉིས་དྲང་པོར་སྲོང་ཞིང་ཆེས་སྒམ་པ། །ལྷ་ཆོས་བདུན་གྱི་མེས་པོ་འབྲོམ་རྗེ་སོགས། །ངོ་མཚར་སྐྱེ་བའི་ཕྲེང་བ་བགྲང་ཡས་མཐར། །དགེ་ཚོགས་རྒྱ་མཚོར་འདུན་པའི་རྒྱལ་མཚན་རྩེར། །དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ལས། །བདེ་ལེགས་ཆར་གྱིས་རྒྱ་མཚོའི་གོས་ཅན་ཀུན། །ཡོངས་ཁྱབ་སྙན་པའི་གཏམ་དེ་ཚར་དུ་དངར། །བསོད་ནམས་རང་བཞིན་རྒྱས་པའི་རྒྱ་མཚོ་རྗེ། །བློ་གྲོས་རྩྭ་ཡིས་གཞལ་བར་ཆེས་དཀའ་ཡང་། །སྔོན་བྱུང་ཁུངས་ལྡན་གཏམ་གྱི་བུམ་བཟང་ལས། །ངོ་མཚར་ཡི་གེའི་སྣོད་དུ་ཅུང་ཟད་སྤེལ། །དབྱར་དུས་ཆུ་འཛིན་རྒྱས་པའི་ཕང་པ་ན། །འབྲུག་སྒྲ་དལ་གྱིས་རྒོད་པའི་སྒྲ་དབྱངས་ཀྱིས། །རྨ་བྱའི་ཡིད་ལ་འཇེབས་པའི་དགའ་བའི་གར། །རབ་བཀྲའི་སྒྲོ་གཤོག་ཟླུམ་པོར་བསྒྱུར་ལ་བྲེལ། །ཐུབ་བསྟན་ཟད་པ་མེད་པའི་མཆོད་སྦྱིན་སྒོ། །སྐལ་བཟང་འགྲོ་ལ་བརྒྱ་ཕྲག་འབྱེད་པའི་མ། །པད་དཀར་འཛིན་པ་མི་ཡི་སྲིད་པའི་གཟུགས། །འཛིན་དེའི་རྟོགས་པ་བརྗོད་པ་ཅིས་མི་སྤྲོ། །རབ་སྙན་དྲི་ཟའི་རྒྱུད་ལས་ལེགས་དྲངས་པའི། །འཛད་མེད་ཚིག་གི་འདོད་འཇོའི་རྣམ་པར་ཐར། །དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ། །གཟུར་གནས་ཡོངས་ཀྱི་དགའ་སྟོན་དཔལ་དུ་ལོངས། །དེ་ཡང་། དུས་གསུམ་གྱི་རྒྱལ་བ་རྣམས་འགྲོ་བ་ཐམས་ཅད་ལ་མ་འདྲིས་པའི་མཛའ་བཤེས་ཀྱི་མཐུས། གྲངས་མེད་པའི་གཟུགས་སྐུའི་རྣམ་རོལ་གྱིས་གང་ལ་གང་འདུལ་གྱི་འགྲོ་བའི་དོན་མཛད་པའི་ཕྱིར་ན། ཐུགས་རྗེ་ཆེན་པོ་ཕྱག་ན་པདྨ་ཉིད་ཀྱི་སྐུའི་རྣམ་པར་སྤྲུལ་པ་འདི་ཙམ་མོ་ཞེས་བརྗོད་པའི་ཡུལ་


GLG008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འགོང་ནའང་། དིང་སང་ཡོངས་སུ་གྲགས་པ། གླེགས་བམ་རིན་པོ་ཆེར། ཁྱེའུ་གསལ་བ་སོགས་འཁྲུངས་རབས་ཆེས་མང་བ་དང་། ཁྱད་པར་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་འདུལ་བའི་ཞིང་ཁམས་བོད་གངས་ཅན་གྱི་ལྗོངས་འདི་ཡིན་པའི་རྒྱུ་མཚན་གྱིས། གླེགས་བམ་རིན་པོ་ཆེ་ལས། སྤྱིར་སེམས་ཅན་རྣམས་ཀྱི་མགོན་པོ་ཡིན། །སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང་། །ཞེས་སྤྱི་དང་བྱེ་བྲག་གི་དབྱེ་བ་བསྟན་ནས། བྱེ་བྲག་བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་འདི་ཉིད་ཐོག་མར་དགེ་བའི་བཤེས་གཉེན་ནམ། འབངས་ལྟ་བུའི་ཚུལ་གྱིས་ཐུལ་བ་མ་ཡིན་པས། བོད་འདི་རྒྱལ་པོ་དག་ལ་ཚད་མར་བྱེད། །ཅེས་པའི་ལུང་བསྟན་ལྟར། ཐོག་མར་རྗེ་གཉའ་ཁྲི་བཙན་པོས་བོད་སྤྱི་ལ་དབང་སྒྱུར། དེ་རྗེས་ལྷ་ཐོ་ཐོ་རི་གཉན་ཤལ་གྱི་བསྟན་པའི་དབུ་བརྙེས། དེ་ནས་རིམ་གྱིས་སྲོལ་བཏོད་པ་ནི། གླེགས་བམ་ལས། རྗེ་དཀོན་ཅོག་འབངས་འདི་བོད་དུ་འགྲོ། །བོད་གློ་བུར་རྒྱལ་པོ་ཆོས་ལ་སྤྱོད། །ཅེས་ཆོས་རྒྱལ་སྲོང་བཙན་སྒམ་པོར་ལུང་བསྟན་ཅིང་། དེ་ཉིད་ཀྱིས་བསྟན་པའི་སྲོལ་བཏོད་པ་ཡང་། ས་པདྨ་འདབ་བརྒྱད་ཡུལ་གྱི་དབུས། །གནམ་འཁོར་ལོ་རྩིབས་བརྒྱད་ཕུབ་པའི་འོག །ཕྱོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་ས། །གནས་ཕུན་སུམ་ཚོགས་པ་དམ་པའི་ཡུལ། །མི་ཁྱོད་ཀྱི་ཞིང་ཁམས་དམ་པ་ཡིན། །གནས་དེ་རུ་ལས་ཅན་དཔག་མེད་འདུ། །ཞེས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་རྣམས་གསལ་བར་བསྟན་ཏོ། །དེ་རྗེས་མི་རབས་འགའ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་ཏེ། བོད་མཐའ་འཁོབ་ཀྱི་ལྷ་


GLG008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་རྣམས་གདུལ་པར་བྱ་བའི་སླད་དུ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ཏེ། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་དང་། མཁས་གྲུབ་ལོ་པཎ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད་དེ། ཇི་སྐད་དུ། ལྷའི་རྒྱལ་པོའི་སྐྱེས་རབས་ལས། འཇམ་དཔལ་རྡོ་རྗེ་དེར་འབྱོན་ཏེ། །དཔའ་པོ་ཆེན་པོ་བོད་དུ་བྱོན། ཁྲི་སྲོང་ལྡེའུ་བཙན་བོད་རྗེར་མཛོད། །ཅེས་དང་། བྱང་ཕྱོགས་ནས་བྱང་ཕྱོགས་སུ་བོད་ན་རིགས་བཙུན་པར་གྲགས་པ་ཐམས་ཅད་ཀྱིས་བཀུར་བ་ཞིག་ཏུ་ཁྱོད་ཀྱིས་ལུས་བླངས་ཏེ། ཁྱོད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཞིག །རྒྱ་གར་ནས་ང་སྤྱན་འདྲེན་དུ་ཐོང་། ད་གཟོད་མི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་དགོད་པར་བྱའོ། །ཞེས་དང་། དེང་སང་གངས་རིའི་ཁྲོད་དུ་མི་མ་ཡིན་འདུལ་དུ་བཏང་བའི་སྤྲུལ་པ་དེ་སླར་འདི་ཉིད་དུ་ལོག་ནས་ཨྱོན་སྐྱོང་ཞིང་། མཁའ་འགྲོ་མ་རྣམས་སྡུད་པར་བྱེད་ལ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཡང་བསྐོར། སྲིན་པོ་གདུག་པ་ཅན་ཡང་དེས་འདུལ། ཞེས། བླ་མ་དྲི་མ་མེད་པ་ཉིད་སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་དང་། དཀོན་ཅོག་འབངས་ཁྲི་སྲོང་ལྡེའུ་བཙན་དུ་གསལ་བར་བསྟན་ཏོ། །དེ་རྗེས་བསྟན་པ་ཕྱི་དར་ལ། འབྲོམ་ཆོས་གྱི་རྒྱལ་པོས། མཉམ་མེད་ཇོ་བོ་ཆེན་པོ་དབུས་གཙང་དུ་སྤྱན་འདྲེན་པ་དང་། ར་སྒྲེང་རྒྱལ་བའི་དབེན་གནས་བཏབ་སྟེ། བཀའ་གདམས་ཀྱི་མེས་པོ་མཛད་པས། གླེགས་བམ་ལེའུ་ལྔ་པ་ལས། ཤར་ཕྱོགས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །སྤུར་རྒྱལ་བོད་ཀྱི་ཞིང་ཁམས་གྲགས་པ་ཅན། །སྒོས་ཁ་


GLG008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན་ལྗོངས་ཁྱད་འཕགས་ན། །ཉིང་སྒོས་དབུ་རུ་བྱང་ཕྱོགས་དེ་ཡི་ནང་། །ཀླུངས་ཤོད་ནག་པོ་ཐོབ་བརྒྱུད་འབྲོམ་གྱི་ཡུལ། །ཆོས་དང་དཔལ་འབྱོར་རྒྱས་པར་འགྱུར་རོ་ཞེས། །ཞེས་ལུང་བསྟན་ཅིང་། གཞན་ཡང་ཁ་ཆེ་དགོན་པ་བ། ས་ཆེན་ཀུན་སྙིང་། བླ་མ་ཞང་འགྲོ་བའི་མགོན་པོ། མངའ་བདག་ཉང་ཉི་མ་འོད་ཟེར། ལྷ་རྗེ་དགེ་བ་འབུམ་སོགས་སྐྱེ་སྤྲུལ་མཐའ་ཡས་པར་བསྟན་པས། དེ་ཡང་ས་ལ་གནས་པའི་རྒྱས་སྲས་ཆེན་པོ་རྣམས་ནི། དུས་གཅིག་ཏུ་སྐྱེ་སྤྲུལ་བགྲང་ཡས་པ་སྟོན་པར་ངེས་པས་ན། དུས་མཚུངས་སུ་བྱུང་བ་དང་། རྒྱལ་སྲས་གཞན་གྱི་སྐྱེས་རབས་སུ་མཆིས་པ་སོགས་ལ་ཐེ་ཚོམ་མི་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གཅིག་ལ་སྣང་བརྙན་བྱེ་བ་འབྱུང་བས་སོ། །དེ་ནས་གླེགས་བམ་རིན་པོ་ཆེ་ལས། ཆོས་དགེ་བ་བཅུ་ཡིས་ཁྱད་འཕགས་པ། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། སྒོས་མྱང་ཤབ་ས་ཡི་ལྟེ་བ་སྟེ། །ས་དེ་ཡི་ནང་ནས་ཁྱད་འཕགས་པ། །མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་འདབ། །ནོར་པདྨ་རཱ་ག་ལྟ་བུར་འདུན། །ཞེས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་བཀྲ་ཤིས་ལྷུན་པོར་བཅས་པ་ལུང་བསྟན་ཅིང་། དེ་ནས་བུ་ཆོས་ལེའུ་ལྔ་པ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་མཆོད་རྟེན་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱཻ་གངས་རིའི་


GLG008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སྤྱན་རས་གཟིགས། །ཞིང་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་དང་། ངེད་མཁའ་འགྲོ་འབུམ་གྱི་གོ་ར་ལ། །ཡིད་རྟག་ཏུ་གུས་པས་འདུད་པར་བྱེད། །ས་དེ་ལ་བཞུགས་ཏེ་བསྟན་པ་སྐྱོང་། ངེད་མཁའ་འགྲོ་བྱ་བ་འབུམ་གྱིས་བསྐོར། །ཚོགས་ཟག་པ་མེད་པའི་དགའ་སྟོན་འགྱེད། །ཞེས་གླེགས་བམ་རིན་པོ་ཆེ་ལས་གསལ་བར་གསུངས་པ་དང་། །རིག་འཛིན་ལས་འཕྲོ་གླིང་པའི་གཏེར་ལུང་ལས། རིག་འཛིན་མང་པོ་བཞུགས་པའི་གནས། །འོལ་དྭགས་མཚམས་ཀྱི་ལུང་གསུམ་ལྗོངས། །དག་གནས་བརྒྱད་ཀྱི་གཅིག་ཡིན་ཡང་། །གཞི་བདག་མཆོད་ལ་གནས་སྒོ་ཕྱེ། །ཡི་གེར་བྲི་བར་མི་འོས་ཀྱང་། །པདྨས་ཕྱི་རབས་དོན་དུ་བྲིས། ཞེས་དང་། ཨྱོན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིས། །ལུང་གསུམ་ལྗོངས་འདི་འཛིན་པར་འགྱུར། །གཞན་ཡང་། བསྟན་པའི་མཇུག་ཏུ་བསྟན་པ་འདི་ནས་འབྱུང་། །ཁྱད་པར་གསང་སྔགས་བསྟན་པ་འཕེལ་བའི་གནས། །ཞེས་སོགས་དང་། གསང་འདུས་ཀྱི་རྒྱུད་གཏེར་མ་ལས། སྔོན་ནུབ་ཕྱོགས་ཨྱོན་གྱི་ཡུལ་དུ་བྱང་ཆུབ་སེམས་དཔའ་མཐའ་ཡས་རིགས་མཆོག་ཏུ་གྱུར་པའི་ཚེ། སྟོན་པ་རྡོ་རྗེ་འཆང་གིས་ཆོས་རྒྱལ་ཨིནྡྲ་བྷུ་ཏི་སོགས་འཁོར་མཐའ་ཡས་པའི་ནང་དུ། བྱང་ཆུབ་སེམས་དཔའ་མཐའ་ཡས་རིགས་མཆོག་ཉོན་ཅིག །བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད་ནི་འགྲོ་བ་སེམས་ཅན་གྱི་སྟོན་པ་ཆེན་པོ་སྟེ། ཇི་སྲིད་འཁོར་བ་མ་སྟོངས་བར་དེ་སྲིད་དུ། འགྲོ་བའི་སྐྱབས་མགོན་དམ་པར་འགྱུར་རོ། ཁྱད་པར་གངས་ཅན་གྱི་ཡུལ་དུ་གཟུགས་ཀྱི་སྐུའི་སྐྱེ་བ་བླངས་ཏེ་སྡེ་སྣོད་གསུམ་གྱི་ཆོས་ཀྱིས་བསྟན་པ་དར་བར་བྱེད་


GLG008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འགྲོ་བའི་དོན་ལ་སྤྲོ་བར་འགྱུར་རོ། །མཐའ་ཡས་རིགས་མཆོག་གངས་ཅན་གྱི་ཡུལ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཞིང་ཡིན་ཏེ། ཡུལ་གངས་ཅན་དེའི་ལྟ་བ་འབིགས་བྱེད་ཀྱི་ལྗོངས། དཔལ་གསང་བ་འདུས་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདོད་ཁམས་དབང་ཕྱུག་ཆེན་མོ། བདུད་དང་མུ་སྟེགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་མ། དཔལ་ལྡན་གཙོ་མོ་དབང་གི་རྒྱལ་མོ་གནས་ཀྱི་སྲུང་མ་བྱེད་པ། ཡུལ་གྱི་དབྱིབས་ནི་ཨེ་ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་ཅན། གནས་ཀྱི་མིང་ནི་འཕགས་པའི་གནས་རྒྱལ་ཞེས་ཐུན་མོང་དུ་གྲགས་པ་ཐུན་མོང་མ་ཡིན་པར་མཁའ་འགྲོའི་བརྡ་སྣ་ཚོགས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེ་ནི། དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུའི་གཏེར་ལ་སོགས་པ། ནོར་དང་ཆོས་ཀྱི་གཏེར་བསམ་གྱིས་མི་ཁྱབ་པ་དག་ཀྱང་ཡོད་ལ། ཞེས་སོགས་དང་། གངས་ཅན་གྱི་ལྗོངས་དེ་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་མཐའ་ཡས་རིགས་མཆོག་ཁྱོད་ཀྱི་འདུལ་བའི་ཞིང་དུ་གྱུར་པས་ན། གནས་དེ་ཁྱོད་ཀྱི་སྡེ་སྣོད་གསུམ་དང་བླ་མེད་རྡོ་རྗེ་ཐེག་པའི་ཆོས་ཀྱི་བསྟན་པ་རབ་ཏུ་གསལ་བར་འགྱུར་རོ། །ཞེས་མ་འོངས་པའི་གནས་དང་གདུལ་བྱ་སོགས་ལུང་བསྟན་པ་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་སེ་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་གདན་སར་ཕེབས་ཏེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་མཐའ་ཀླས་


GLG008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་པ་མཛད་པ་དང་། རྒྱལ་བ་བཙོང་ཁ་པ་ཆེན་པོའི་མཛད་ཆེན་ལྷ་ས་སྨོན་ལམ་ཆེན་མོའི་ཉམས་གསོས་ལ་བརྟེན་ནས། ཕན་པ་དང་བདེ་བའི་གཞི་དམ་པ་ལེགས་པར་བཙུགས། ཁྱད་པར་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེང་བ་སོགས་རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེན་པོ་བསྐྲུན་ནོ། །དེ་ཡང་གོང་དུ་བཀའ་གཏེར་གྱི་ལུང་ཁུངས་མང་དུ་འདྲེན་པ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་གཉིས་ཀ་ཆོས་དེ་དག་ཚད་མར་མཛད་པའི་རྒྱུ་མཚན་གྱིས་བྲིས་པ་ཡིན་གྱི། དིང་སང་ལ་ལ་དག་གསང་སྔགས་སྔ་འགྱུརགྱི་ཆོས་མཐའ་དག་ཆོས་རྣམ་དག་མིན་ནོ་ཞེས་སྨྲ་བཞིན་དུ་རང་ཆེན་པོ་དང་དམ་པར་སྒྲུབ་པའི་ཚེ་དེ་དག་གི་ལུང་འདྲེན་པའི་བླ་ཆེན་བསྙོན་ཧམ་ཅན་རྣམས་ཀྱི་རྣམ་ཐར་དང་མཚུངས་པ་ནི་མིན་ནོ། །མི་འགྱུར་ཆོས་སྐུའི་ལྷ་ལམ་ཡངས་པའི་ངོས། །སྤྲུལ་སྐུའི་ཟླ་སྣང་གྲངས་མེད་འཆར་བ་ཡིས། །ཕན་དང་བདེ་བའི་ཀུན་མུད་རྒྱས་བྱེད་པ། །བསླུ་མེད་རྒྱུ་ལས་འབྲས་བུའི་རྟེན་འབྱུང་མཚར། །ས་དབང་ཆོས་རྒྱལ་ཚུལ་དང་ངུར་སྨྲིག་འཛིན། །མཁས་ཤིང་གྲུབ་པ་རིག་སྔགས་འཆང་བ་སོགས། །གདུལ་བྱའི་མོས་ངོར་འཚམ་པའི་ཟློས་གར་ལ། །སྤངས་དང་རྟོགས་པའི་ཚུལ་ཀུན་གཅིག་ཏུ་མཉམ། །རྨད་བྱུང་བསོད་ནམས་ཀུན་གྱི་ཞིང་གྱུར་པ། །དོན་གཉིས་རྒྱ་མཚོ་རླབས་ལྟར་ཡོལ་མེད་དུ། །ལྷུན་གྲུབ་ལག་རྩེར་སྩོལ་བའི་ངོ་མཚར་གཏམ། །ཤེས་ལྡན་རྣ་བའི་བཅུད་ལེན་འདི་ནའོ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་གདུལ་བྱ་རྟག་འཛིན་ཅན་


GLG008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་གཉེན་པོར་སྐུ་ན་སྨིན་པའི་ཚུལ་བསྟན་ཏེ། འཆད་རྩོད་རྩོམ་གསུམ་སོགས་སྤྲོས་བཅས་ཀྱི་འཕྲིན་ལས་རྣམས་བཏང་སྙོམས་སུ་མཛད་དེ། ཟབ་གསལ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གཙོ་བོར་ཐུགས་གཞོལ་སྐབས་འདི་ལྟར་བླ་མ་རྒས་ཤིང་འཁོགས་པའི་ལུས་འདིས་རང་གཞན་གྱི་དོན་གཉིས་བགྱི་བར་གང་ཡང་རྔོ་མི་ཐོགས་པས། དེ་བས་ན་ད་ནི་བླ་མ་ཞོན་ནུར་གྱུར་པ་ཞིག་གི་ཞབས་ཏོག་བྱེད་པ་ལ་དགའ་བར་གྱིས་ཤིག་ཅེས་དང་། ང་དང་འབྲས་སྤུངས་པ་ལ་ད་དུང་ལས་འབྲེལ་འདུག་ད་ནང་མང་ཇ་མེད་ནའང་དུང་སྐད་གསང་བ་བཞི་བྱུང་། ང་ལ་འཁྲུལ་པ་མེད་པས་སེམས་ལ་གཞོག་ཅིག །ཅེས་དང་། ང་དང་སྣེའུ་གདོང་གོང་མ་ཆེན་མོ་ཁུ་དབོན་རྣམས་ལའང་ལས་འབྲེལ་འདུག །རྩེ་ཞབས་དྲུང་ནས་འབུལ་དུ་བཏང་བ་ཡིན་ཟེར། རྒྱལ་མཚན་བཞི་བྱུང་བ་དམིགས་པས། དེ་རྣམས་སེམས་ལ་གཞོག་ཅེས་གསུངས་ཏེ། དེ་ནས་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་ནག་པ་ཟླ་བའི་ཚེས་བརྒྱད་ལ་གཟུགས་སྐུའི་བཀོད་པ་བསྡུས་ནས་ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་འདྲ་བའི་གར་གྱིས་མངོན་པར་རོལ་པ་ན། ཁ་བ་རི་པའི་སྐྱེ་བོ་མང་དག་ཞིག་གིས། སྔོན་སྐུ་དངོས་བཞུགས་པའི་དུས་སུ་གདུལ་བྱ་རྗེས་སུ་འཛིན་པའི་སྤྲུལ་པའི་སྐུ་ཟླ་བ་གསར་བའི་རང་གཟུགས་མྱུར་དུ་འབྱུང་བའི་རྡོ་རྗེའི་གསུང་འགྱུར་བ་མེད་པའི་ཞལ་གྱིས་འཆེས་པ་དེ་ལྟར་ན། ད་ཆ་ཡུལ་དུས་རིགས་སོགས་གང་འདྲ་ཞིག་ཏུ་འབྱོན་པར་འགྱུར་ཞེས་གླེང་བའི་ཚེ། འགའ་ཞིག་གི་ཡར་ཀླུངས་བཀྲ་ཤིས་བདེ་ལེགས་ན་མགོན་པོ་ཞལ་བཞི་པའི་ལུང་བསྟན་གསལ་པོ་ཡོད་པའི་རྣལ་འབྱོར་བ་ཞིག་ལ་བརྟག་པ་ཞུས་


GLG008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེ་ངོ་བོ་ལས་འདི་ལྟ་སྟེ། ན་མོ་རཏྣ་གུ་རུ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཡར་ཀླུངས་བཀྲ་ཤིས་བདེ་ལེགས་སུ། དཔལ་མགོན་ཞལ་བཞི་བའི་དྲུང་དུ། སྟག་ལོ་ཧོར་ཟླ་གསུམ་པའི་ནང་དུ། རྗེ་བཙུན་ཐམས་ཅད་མཁྱེན་པ་སྐུ་ཞི་བར་གཤེགས་པའི་ཚུལ་བསྟེན་པ། སླར་ཡང་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུའི་སྐྱེ་བ་བཞེས་པ་ཅིག་ཡོང་བ་དང་ཡུལ་ཕྱོགས་གང་དུ་འབྱོན། དུས་ཇི་ཙམ་ན་འབྱོན་ལུང་བསྟན་དུ་གསོལ་ཅེས་ཞུས་པའི་ལན་དུ་ལུང་བསྟན་པ་ནི། བསྐལ་པ་གྲངས་མེད་སྔོན་རོལ་དུ་མ་རུ། །ཚོགས་གཉིས་རླབས་ཆེན་མཛད་པ་རྒྱ་ཆེན་གྱིས། །འགྲོ་བ་དཔག་མེད་ཐར་ལམ་འགོད་མཛད་པའི། །འཕགས་མཆོག་སྤྱན་རས་གཟིགས་དབང་གུས་པས་མཆོད། །སླར་ཡང་འགྲོ་བ་མཐའ་དག་མ་ལུས་པ། །སྒྱུ་མ་ལྟ་བུའི་འཁྲུལ་འཁོར་ཇི་སྙེད་ཀྱིས། །ལྷག་པར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །འགྲོ་བའི་དོན་དུ་དངོས་སམ་སྤྲུལ་པ་ཡིས། །འགྲོ་རྣམས་ཐུགས་རྗེའི་ཐབས་ཀྱིས་འདྲེན་མཛད་པའི། །སྤྲུལ་པའི་སྐུ་ཡང་ཞིང་འདིར་བལྟམས་པ་ལས། གདུལ་བྱ་རང་རང་རེ་བ་ཡོངས་བསྐངས་ནས། །སླར་ཡང་གཞན་དོན་འཕྲིན་ལས་རྒྱ་ཆེན་གྱིས། །འགྲོ་བའི་དོན་དུ་སྐུ་ཡི་བཀོད་པ་ཡང་། །རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་ཉིད་ཀྱིས། །ཞིང་མཆོག་གཞན་དུ་འཕོ་བའི་ཚུལ་བསྟན་པ། ད་ལྟ་ཆོས་ཉིད་དག་པའི་ཕོ་བྲང་ནས། །གདུལ་བྱ་ཞིང་ཁམས་ཡང་དག་ལྡན་པ་རུ། །བསམས་བཞིན་སྐུ་ཡི་སྤྲུལ་པ་སྟོན་པ་ཡི། །ཐབས་ཤེས་རྟེན་འབྲེལ་འཛོམས་པའི་རིགས་དག་ལ། །སྐུམཆོག་བལྟམས་པའི་སྒྲོམ་བུ་གཡར་ཚུལ་གྱིས། །འགྲོ་བའི་དོན་དུ་སླར་ཡང་སྐུ་སྤྲུལ་ཏེ། །འགྲོ་བ་མཐའ་དག་འཁོར་


GLG008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདམ་ཆེན་ནས། །མཐོང་ཐོས་དྲན་རེག་སྨིན་གྲོལ་ལམ་ལ་འགོད། །སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་ཆེན་གྱིས། །གདུལ་བྱ་གང་དང་གང་ལ་འཚམ་པ་ཡི། །བླ་མེད་ཆོས་འཁོར་ཡོངས་སུ་བསྐོར་བར་འགྱུར། །ཞིང་མཆོག་དེར་ཡང་སྐུ་ཚེའི་ཚད་རྣམས་ལ། །བར་ཆད་བདུད་ཀྱི་ཆོ་འཕྲུལ་མང་ཙམ་གྱིས། །ཧ་ཅང་མཐའ་རུ་འཁྱོལ་བ་ཅུང་ཟད་དཀའ། །སྐུ་ཡི་སྐྱེ་བ་ལེན་པའི་རིགས་དག་ཀྱང་། །དཔལ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས་མཛད་ནས། །ཉི་མ་ཤར་ཕྱོགས་བྱང་དང་ཁད་ཉེ་བའི། །གདུལ་བྱའི་རིགས་ལ་གཟིགས་ནས་ཐབས་ཤེས་ཀྱི། །རྟེན་འབྲེལ་འགྲིག་པའི་དུས་དང་བསྟུན་བྱས་ཏེ། །ལོ་ནི་གསུམ་དང་ལྔ་ལས་འགྱང་མི་སྲིད། །འགྲོ་བའི་རེ་འདོད་སྐོང་ཕྱིར་སྤྲུལ་སྐུ་འབྱུང་། །སྐལ་ལྡན་མཐའ་དག་མོས་པའི་མཆོག་འགྱུར་པའི། །ལུས་ངག་ཡིད་གསུམ་གུས་པས་གསོལ་བཏབ་ཅིང་། །གང་ལ་མོས་པའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཞིང་མཆོག་གང་དང་གང་དུ་སྐུ་སྤྲུལ་ཀྱང་། །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་བྱས་ནས། །ལུས་ཅན་ཚེ་འདིའི་འགལ་རྐྱེན་བར་ཆད་སེལ། །མཐར་ཐུག་སྤྱན་རས་གཟིགས་ཀྱི་ཞིང་མཆོག་ཏུ། མྱུར་དུ་སངས་རྒྱས་འཐོབ་པར་ཐེ་ཚོམ་མེད། །དེ་ལྟར་སྤྲུལ་པའི་སྐུ་ཡི་ཞིང་མཆོག་གི །སྔ་ཕྱི་གཉིས་ཀྱི་རྣམ་པར་ཐར་པ་ཙམ། །ལེགས་བཤད་གསལ་བར་བསྟན་པ་དེ་ལྟར་ཡིན། །ཞེས་པ་བྱུང་ཞིང་། །གཞན་ཡང་མངོན་ཤེས་རྫུ་འཕྲུལ་མངའ་བའི་ཆོས་སྲུང་དུ་མས་ལུང་བསྟན་དང་། སྐལ་ལྡན་དུ་མ་ལ་དངོས་ཉམས་ཅི་རིགས་སུ་གསལ་བ་སོགས་མཐའ་ཀླས་པར་སྣང་ངོ་། །དེ་ཡང་ཁང་གསར་གོང་དུ་སྐྱེ་སྲིད་མ་བཟུང་བའི་


GLG008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དང་། ཡེ་ཤེས་ཀྱི་སྐུའི་ངོ་མཚར་རྒྱ་མཚོའི་མཛད་པའི་བཀོད་པ་གྲངས་མེད་པར་བསྟན་པ་མཐའ་དག་བརྗོད་པར་ག་ལ་ནུས། འོན་ཀྱང་ཆ་ཤས་ཙམ་རྗེ་ཉིད་ཀྱི་གསུང་ལས་བྱུང་བ་འདི་ལྟར། དང་པོ་ངས་འདི་ནས་དགའ་ལྡན་དུ་ཕྱིན་པའི་ཚེ། ཆོས་ཀྱིས་མཐོ་བའི་ཕོ་བྲང་དམ་པ་དེ་ན། རིན་པོ་ཆེའི་སེངྒེའི་ཁྲི་ལ་རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས། དེའི་སྐུ་གཞོགས་གཡས་ན་རྗེ་བཙུན་འཇམ་དབྱངས་བཞུགས། གཡོན་ན་རྗེ་བཙུན་བཙོང་ཁ་པ་ཆེན་པོ་བཞུགས་འདུག་པ་དེ་དག་མཇལ། ཆོས་ཀྱི་བཀའ་མཆིད་མང་དུ་བྱུང་། གཞན་ཡང་དེར་བླ་མ་དགེ་བའི་བཤེས་གཉེན་མང་པོ་འདུག་པ་དེ་རྣམས་ཀྱིས་ཀྱང་ལེགས་སོ་བརྗོད། དེར་རྗེ་རིན་པོ་ཆེའི་དྲུང་དུ་རེ་ཞིག་སྡོད་སྙམ་ཙ་ན། རྗེའི་ཞལ་ནས་ཁྱེད་འདི་རུ་མ་འདུག་པར་འདི་ནས་དག་པ་མཁའ་སྤྱོད་ཀྱི་གནས་སུ་བྱོན་ཅིག །ཅེས་གསུང་ངོ་། །དེ་ནས་དག་པ་མཁའ་སྤྱོད་ཀྱི་གནས་སུ་ཕྱིན་ཙ་ན། གནས་དེར་རིག་འཛིན་དཔའ་བོ་མཁའ་འགྲོས་གང་བའི་དབུས་ན། སྟོན་པ་ཤཱཀྱའི་རྒྱལ་པོ། རྒྱལ་བ་ཚེ་དཔག་མེད། སངས་རྒྱས་སྨན་པའི་རྒྱལ་པོ་ལ་སོགས་པ་བཞུགས་འདུག་པ་རྣམས་མཇལ། དེ་ན་ཡང་བླ་མ་སློབ་དཔོན་ངོ་ཤེས་པ་མང་པོ་འདུག །གསུང་གླེང་ཞིབ་ཏུ་བྱུང་། དེའི་ཚེ་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་འོངས་པ་ལེགས་ཀྱི། དེ་ཡང་འདི་ནས་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སོང་ཞིག་གསུང་། ངས་བདེ་བ་ཅན་དུ་ཡུད་ཙམ་གྱིས་ཕྱིན་པས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་དབུས་ན། བྱང་ཆུབ་ཀྱི་ཤིང་ལྗོན་པའི་དབང་པོ་རྒྱས་པ་དེའི་དྲུང་ན་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་


GLG008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྒྱ་ཆེ་བའི་སྟེང་ན། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་བཞུགས། དེའི་གཡས་ན་སྤྱན་རས་གཟིགས་དང་། གཡོན་ན་ཕྱག་ན་རྡོ་རྗེ་བཞུགས་པ་མཐོང་སྟེ། དེ་དག་ལ་ཕྱག་དང་བསྐོར་བ་བྱས་ཐུགས་དགྱེས་པའི་བཀའ་མཆིད་ཀྱང་མང་དུ་བྱུང་། དེ་ནས་ངས་ཡང་སྲིན་པོའི་ཡུལ་རྔ་ཡབ་གླིང་དུ་ཕྱིན་ཙ་ན། ཡུལ་མཐའ་ཞིག་ཏུ། སྲིན་པོ་མགོ་གཅིག་པ་བྱུང་ནས་གར་འབྱོན་ཟེར། ང་སྲིན་ཡུལ་ལ་འགྲོ་བ་ཡིན། ཟངས་མདོག་དཔལ་རིར་འགྲོ་བའི་ལམ་གང་ན་ཡོད་བྱས་པས། འདི་ན་ཡར་ཡོད་ཟེར་ནས། མཐའ་ཆེན་པོ་ཕྱོགས་གང་ནས་ཀྱང་ཐར་བ་དཀའ་བ་ཞིག་འདུག །ཡང་སྲིན་པོ་མགོ་བཅུ་ཡོད་པ། མགོ་རེ་རེ་ལའང་མཆེ་བ་ཚད་མེད་པ་བཞི་གཙིགས་པ་ཞིག་བྱུང་ནས། སྲིན་ཡུལ་ལ་འགྲོ་བའི་ལམ་འདི་ན་ཡོད་ཟེར་ནས་དར་ལམ་འདྲ་བ་ཞིག་བརྐྱངས་བྱུང་བ་ལ་ཁོ་རང་སོང་བས་མཐར་ངས་ཀྱང་མ་ཐར་པའི་ངང་ལ། དེར་སྲིན་པོ་མགོ་བཅུ་གཅིག་པ་སྟེང་ན་རྟ་མགོ་ཅན་ཞིག་བྱུང་ནས། དེས་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་གཏོར་ཏེ། འདི་སྐད་ཅེས། འཁོར་བའི་ཚ་གདུང་སྐྱོབ་བྱེད་ཆེན་པོ་འདིར་བྱོན་པ་ལེགས་སོ་ཀུན་ཏུ་འགྲོ་བའི་ཏིང་ངེ་འཛིན་ལྟ་བུས། སྲིན་ཡུལ་གྱི་དབུས་སུ། ལམ་འདི་ནས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་བྱོན་ཅིག་ཟེར་ནས། གོས་ཆེན་འདྲ་བའི་ལམ་ཞིག་བྱུང་བ་ན། དེ་ལ་ཕྱིན་པ་དང་ཕྱེད་ཙམ་དུ་སླེབས་པ་དང་། དེར་སྲིན་པོ་མགོ་བཞི་པ་ཞིག་བྱུང་བས། ངའི་རྐང་པ་ནས་འཐེན་དུ་བྱུང་བའི་ཚེ་མཐའ་ཆེན་པོ་དེ་ལས། སྲུང་མ་ཆེ་ཆུང་གཉིས་བྱུང་སྟེ། དེ་གཉིས་ཀྱིས་བརྡེག་སྟངས་


GLG008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མོ་རེ་བྱས་བྱུང་བ་དང་། ཁོ་རང་ལྷུང་སོང་།དེ་ནས་བདེ་བར་ཕྱིན་ཏེ། ངས་སྲིན་ཡུལ་དུ་སླེབ་ཙ་ན། སྲིན་པོ་རྟ་མགོ་ཅན་དེ་ཡང་རྗེས་སུ་སླེབ་བྱུང་། ཡུལ་དེ་ནི་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བ་ཞིག་འདུག །དེའི་ནུབ་ཕྱོགས་ལ་ཉེ་བ་དང་པདྨའི་གདན་འོད་ཅན་ལ། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས། གཡས་ན་དཱི་པཾ་ཀ་ར། གཡོན་ན་འཇམ་དཔལ་སྙིང་པོ་བཞུགས་པ་དང་འཇལ། དེའི་ཚེ་ང་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། ད་དུང་སྟོང་པ་ཉིད་ཀྱི་ལྟ་བ་བསྒོམ་ཞིང་། རྟག་ཏུ་འགྲོ་བའི་དོན་གྱིས་ཤིག་གསུང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་ནས་ཕྱིན་ཙ་ན། གྲོང་ཁྱེར་ཐམས་ཅད་ཀྱི་དབུས་སུ། ཟངས་མདོག་དཔལ་རི་རྩེ་གསུམ་པ་དབུས་ན་སྙིང་གི་དབྱིབས་ཅན་གྱི་སྟེང་ན། པདྨ་འོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞི་ལ་སོགས་པའི་དཀྱིལ་འཁོར་ཆེན་པོའི་མཚན་ཉིད་ཐམས་ཅད་དང་ལྡན་པ་ལྟ་བས་ཆོག་མི་ཤེས་པའི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཅན། རི་དེའི་མཐའ་ཀུན་ནས་སྲིན་པོའི་གྲོང་ཁྱེར་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ། ཕོ་བྲང་ཆེན་པོ་དེའི་དབུས་ན་ཉི་མའི་གདན་ལ་གུ་རུ་དུས་གསུམ་གྱི་སངས་རྒྱས་པདྨ་འབྱུང་གནས་དེ་ཉིད་རིགས་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ལ་ཟབ་མོའི་ཆོས་སྟོན་ཅིང་བཞུགས། ཡང་དེའི་གཡས་ཕྱོགས་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། གཡོན་ན་ས་སྐྱ་པཎྚི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་མདུན་ན་རྗེ་རིན་པོ་ཆེ་བཙོང་ཁ་པ་ཆེན་པོ་རྣམས་བཞུགས་འདུག་དེ་དག་གི་དྲུང་ན་སྔར་གྱི་སྲུང་མ་ཆེ་ཆུང་གཉིས་པོ་ཡང་འདུག་སྟེ། སྲུང་མ་ཆེ་བ་དེ་ནི། ལུས་བོངས་ཆེ་ལ་


GLG008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་ནག་པ། ཤིན་ཏུ་འཇིགས་པའི་གཟུགས་ཅན། རལ་པ་དཀར་པོའི་ཐོར་ཅོག་བསྒྲེངས་པ། སྨ་ར་དཀར་པོས་སྐེད་པ་ནོན་པ། ལག་པ་གཡས་གཡོན་གཉིས་ན་རལ་གྲི་དང་ཐོད་ཁྲག་འཛིན་པ་ཞིག་འདུག །སྲུང་མ་ཆུང་བ་ནི་ཁ་དོག་དམར་པོ་མེ་ལྟར་འབར་བ། བསེ་ཁྲབ་དང་བསེ་རྨོག་གྱོན་པའི་ལྡེམ་འཕྲུ་དར་སྣས་བརྒྱན་པ། ལག་ན་མདུང་དམར་དང་ཞགས་པ་ཐོགས་པ། སྟག་རལ་དང་། གཟིག་ཤུབས་ཅན། བསེ་ལྷམ་དམར་པོ་གྱོན་པའི་སྟེང་ན་ཨན་རྒྱབ་པ་ལྟ་བུ་ཞིག་འདུག་པ། དེའི་ཚེ་ངས་ཨྱོན་རིན་པོ་ཆེ་ལ། འདི་གཉིས་སུ་ཞིག་ལགས་ཞུས་པས། གུ་རུ་རིན་པོ་ཆེའི་ཞལ་ནས། ངའི་བཀའ་སྡོད་ཡིན་པ་རིམ་གྱིས་ཤེས་པར་འགྱུར་ཞིང་། ཁོང་གཉིས་གྲོགས་སུ་ཁྲིད་ལ། སླར་བོད་ཡུལ་དབུས་སུ་སོང་ཞིག་ཅེས་གསུངས་ནས། སྲུང་མ་དེ་གཉིས་ཀྱང་གྲོགས་སུ་བརྫངས་སོ། དེ་ནས་དེ་གཉིས་དང་འགྲོགས་ཏེ་ཡུད་ཙམ་གྱིས་བོད་དུ་འོངས། སྐྱོར་མོ་ལུང་། དགའ་ལྡན་ཕོ་བྲང་། བདེ་ཆེན་རྩེ། འོལ་ཁ་གཞིས་ཀ །ཨེའི་རེ་སྒོ་ལ་སོགས་པར་སྣང་ཡུལ་རེ་བལྟས་ཏེ། འཕྱོང་རྒྱས་ཀྱི་ཕུ་ནས་ཡུད་ཙམ་གྱིས་རི་རབ་ཀྱི་སྟེང་དུ་ཕྱིན་པས། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཕལ་ཆེར་འདོད་པའི་ཡོན་ཏན་ལ་གཡེངས་འདུག །ལྷ་དེ་རྣམས་ཀྱི་ནང་ནས་ལྷའི་བུ་མོ་འོད་ཀྱི་རང་བཞིན་ཅན་ཞིག་བྱུང་ནས། མདུན་ནས་བསུས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །དེ་ནི་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཡིན་པར་འདུག །དེ་ནས་ལྷ་མོ་དེ་ཁོ་མོའི་སྐུར་གྱུར་པའི་མདུན་ན། སྤྲུལ་པའི་སྤྲིན་དཀར་པོ་མཐའ་འཇའ་


GLG008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རིས་སྣ་ཚོགས་རྣམ་པར་བཀྲ་བར་མཛེས་པ་ཞིག་ལིང་ངེ་འདུག་པས། དེའི་སྟེང་དུ་དཔལ་ལྡན་ལྷ་མོ་རང་ཉིད་བཞུགས་ཏེ། དེའི་ཕྱོགས་གཅིག་ཏུ་ང་ལ་ཡང་འདིར་བྱོན་གསུང་། དེར་ཕྱིན་པ་དང་སྤྲིན་དེའི་སྣ་ལས་འོད་ཟེར་སྣ་ལྔ་འཕྲོས་ཏེ་མི་ཡུལ་དུ་སོང་། དེ་ནས་དཔལ་ལྡན་ལྷ་མོ་དང་ལྷན་ཅིག་ཏུ་སྤྲིན་ལ་ཞོན་ནས་འོད་སྣ་ལྔའི་ལམ་ནས་ཡུད་ཙམ་གྱིས་སུམ་ཅུ་རྩ་གསུམ་གྱི་གནས་ནས་སྟོད་ལུངས་ཀྱི་མཐིལ་ཁང་གསར་གོང་གི་གཞིས་ཀར་ཡོངས། དེར་ཨ་མ་དྲུང་པའི་སྐུ་ལུས་ལ་གཞན་ཞིག་བཞུགས་ནས། ང་སྡོད་ས་དེ་བཀག་འདུག་པས། དཔལ་ལྡན་ལྷ་མོས་བགེགས་དེ་ཕྱི་རོལ་ཏུ་འབྱིན་པའི་འཕྲིན་ལས་མཛད་ནས་མའི་རུམ་ཤིན་ཏུ་གཙང་བར་གྱུར་པ་དང་། དེར་ངས་ཞུགས་པ་ཡིན་གསུང་ཞེས་སྣང་ངོ་། །ཨེ་མ་མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །རྒྱལ་ཀུན་གསང་གསུམ་གཅིག་ཏུ་བསྡུས་པའི་གར། །དག་པའི་ཞིང་དུ་བགྲོད་དང་ལུང་བསྟན་སོགས། །སྒྱུ་མའི་རོལ་རྩེད་ལྟ་བུར་སྟོན་འདི་མཚར། །རྒྱ་ཆེན་ཐུགས་བསྐྱེད་དབང་ཕྱོགས་ས་འཛིན་རྩེར། །སྤྲུལ་པའི་རྟ་ལྗང་འགོག་མེད་རྟག་འཆར་ན། །རྒྱལ་དང་རྒྱལ་སྲས་མང་པོས་བསྐུལ་བ་ལ། །ལྟོས་པའི་ཚུལ་འདི་གཞན་ལ་ཅོ་འདྲིར་ངེས། །བདེ་ལེགས་རྒྱ་མཚོའི་མཆོད་སྦྱིན་བརྒྱ་ཕྲག་སྒོ། །མ་ལུས་ཅིག་ཅར་འབྱེད་པའི་སྙིང་སྟོབས་ཀྱིས། །མ་དམད་བཙན་པོའི་གོ་ཆ་ཆེར་གྱོན་པ། །ལག་ན་པདྨ་རང་གི་ངང་ཚུལ་ཡིན། །དེ་ཡང་། གླེགས་བམ་ལུང་བསྟན་ལས། རྩོད་དུས་དགུ་ཡི་ཐ་མ་ལ། །བསོད་ནམས་མཆོག་གི་མཚན་ལྡན་པ། །བཤད་ཚོགས་རྒྱ་མཚོ་ལྟ་བུ་ན། །བསྟན་པའི་མེ་རོ་གསོ་བར་བྱེད། དེ་དུས་ཁྲིམས་ཀྱིས་


GLG008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ལྷོད། ཁྲིམས་ལྡན་ཉན་ཐོས་ཡིན་ཞེས་སྨོད། །མིག་གཅིག་པ་དང་མཆེ་བ་ཅན། ཁྲིམས་འཆལ་བྱོལ་སོང་སྐྱོང་བར་བྱེད། །ཅེས་དང་། བོད་བྱང་གི་ཕྱོགས་ནས་ བྱང་ཕྱོགས་སུ། །མི་ཁྱོད་ཀྱི་སྤྲུལ་པ་དམ་པ་ཞིག །འབངས་མགོན་མེད་མང་པོ next hit་འདྲེན་དུ་འགྲོ །ཞེས་པའི་ལུང་བསྟན་གྱི་དུས་ལ་བབ་སྟེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་འདི་ཉིད་སྐུ་བལྟམས་པའི་ཡུལ་ནི་བོད་སྐྱོང་བའི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་དུས་སུ་དབུས་གཙང་རུ་བཞིར་གྲགས་པ་ལས། དབུ་རུའི་ས་དགེ་བཅུའི་ཡོན་ཏན་ཐམས་ཅད་ངང་གིས་འདུ་བ། ཤཱཀྱའི་རྒྱལ་པོའི་ཕོ་བྲང་གིས་ཉེ་བར་མཛེས་པའི་སྐྱིད་ཤོད་ཀྱི་ཡུལ་གྲུའི་ཆ། སྟོད་ལུང་མདའ་རྩེ་ཁ་ཁང་གསར་གོང་ཞེས་བྱ་བར། རིགས་རུས་ནི་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གཙོ་བོར་གྱུར་པ། སད་མི་མི་བདུན་གྱི་ནང་ཚན། རྨ་རིན་ཅེན་མཆོག་ཅེས་གྲགས་པ་ནས་བཟུང་སྟེ་འདི་པའི་གདུང་ལ་མཁས་གྲུབ་ཀྱི་སྐྱེས་ཆེན་མང་དུ་བྱོན་པ་ཡིན་ལ། དཔལ་ལྡན་ས་སྐྱ་བས་ཧོར་རྒྱལ་པོའི་ལུང་ལ་བརྟེན་ནས་བོད་ཀྱི་བདག་མཛད་པའི་ཚེ། ཁྲི་བསྐོར་བཅུ་གསུམ་དུ་གྲགས་པའི་ནང་ཚན་རྒྱ་མ་ཁྲི་བསྐོར་གྱི་ལུང་དང་ལས་ཀས་མངོན་པར་མཐོ་ཞིང་། སྡེ་སྲིད་རིན་པོ་ཆེ་དཔལ་ཕག་མོ་གྲུ་པས། འཕན་པོ་དཔལ་འབྱོར་རྒྱལ་མཚན་ལ་བྲན་བཀོན་གྱི་ལས་ཀ་གནང་། རྒྱལ་ཆེན་རྩེའི་རྫོང་དཔོན་དུ་བསྐོས་ཏེ། ལུགས་ཟུང་གི་མངོན་པར་མཐོ་བ་གང་གི་བརྒྱུད་ལས། ཕྱི་ཐ་སྙད་རིག་པ་སོགས་ལུགས་གཉིས་ལ་མཁྱེན་པ་རྒྱས་ཤིང་། ནང་གསང་


GLG008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཏིང་ངེ་འཛིན་ལ་མངོན་པར་གཞོལ་བའི་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང་། ཡུམ་ནི། སྡེ་སྲིད་ཕག་མོ་གྲུ་པའི་དཀོན་གཉེར་དཔོན་སྔགས་རྙིང་མའི་རིག་སྔགས་འཆང་བའི་དབང་ཕྱུག་རིན་པོ་ཆེ་ཀུན་བཟང་རྩེ་ནས་ཀྱིས་སྲས་མོ་དཔལ་འཛོམ་བུ་ཁྲིད་ཡིན་ལ། འདི་པའི་རུས་ནི་ཟིན་ཡིན་ཞིང་། དེ་ཡང་དབང་གྲགས་པ་རྒྱལ་མཚན་གྱི་སྐུ་ཞང་རྫིང་ཇི་པ་གྲགས་པ་རིན་ཅེན་གྱི་རིགས་ལས་བྱུང་བའི་ལུགས་གཉིས་ཀྱི་དཔལ་འབྱོར་ལོངས་སྤྱོད་མཐུ་སྟོབས་ནུས་པས་མངོན་པར་མཛེས་པ་ཞིག་གོ །རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་དགུང་ཞག་བདུན་ཕྲག་གཉིས་པའི་ནུབ་ཡུམ་གྱི་ལྷུམས་སུ་བཞུགས་པའི་ཚེ། ཡུམ་གྱི་མནལ་ལམ་དུ། རང་ཉིད་ཁང་གསར་གོང་གི་རབ་གསལ་ནས་འཕུར་ཏེ། ཤིང་ལྗོན་པའི་སྡོང་པོ་ཤིན་ཏུ་ཆེ་བ་ཞིག་གི་རྩེ་མོར་བྱོན་པ་དང་། འབྲས་སྤུངས་ཕྱོགས་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་གཅིག་འཕུར་ནས་བྱུང་བ་དེ་རང་གི་ཞལ་ནས་ཞུགས་པ་དང་། ནམ་མཁའ་གཡའ་དག་པའི་དབྱིངས་ནས། ཉི་ཟླ་གཉིས་མཉམ་དུ་ཤར་བ་ལ་སྐར་མ་འོད་ཅན་ལྔས་བསྐོར་བ་གཟིགས་པ་དང་། དགེ་འདུན་ཆོས་གོས་སྣམ་སྦྱར་གསོལ་བ། གདུགས་དང་རྒྱལ་མཚན་དང་། རོལ་མོ་རྣམ་པ་མང་པོས་བསྐོར་ནས་འབྲས་སྤུངས་ལ་འགྲོ་བ་ཡིན་ཟེར། རི་མཐོན་པོ་གཅིག་ལ་འཛེགས་པ་དང་། རང་གི་མཁུར་ཚོས་གཉིས་ལས་ཁྲག་གི་མཚོ་རྡོལ་བ་ཡིན་ཟེར་ཁྲག་རྒྱུན་རབ་ཏུ་ཟགས་པས། ས་སྟེང་ཐམས་ཅད་དམར་ཆིལ་ཏེ་བྱས་པར་གྱུར་པ་སོགས་རྨིས་ཤིང་། ཡབ་ཀྱི་མནལ་ལམ་དུའང་། དཔལ་ལྡན་ས་སྐྱ་པའི་བདག་ཆེན་ཞིག་ཡིན་ཟེར་བའི་བླ་མ་ཆེན་པོ་འགྲན་ཟླ་


GLG008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞིག་འབྱོན་པ་ཡོད་ཅེས་དེའི་ཕེབས་བཞུགས་ཀྱི་གྲབས་བཤོམས་མང་པོ་བྱས་པ་དང་། བླ་མ་དེ་ཉིད་ཕེབས་པའི་དགའ་སྟོན་ཆེན་པོ་བྱས་པ་བྱུང་གསུངས་ཤིང་། །མངོན་སུམ་ལའང་། སྔོན་མེད་པའི་སྤོས་ཀྱི་དྲི་བསྲུང་ཞིམ་པོ་འཐུལ་བ་དང་། དེའི་སང་ཉིན་ནས་བཟུང་སྟེ། ཉིན་རེ་ཡང་། ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱིས་ཁྱབ་པ་དང་། ཉི་མའི་དཀྱིལ་འཁོར་ཁང་གསར་གོང་གི་སྟེང་གི་ནམ་མཁར་སླེབ་པ་ན། དེའི་མཐའ་ཀུན་ནས་འཇའ་ཚོན་ཁ་དོག་སྣ་ལྔ་པས་ཡོངས་སུ་བསྐོར་བས་གདུགས་ཕུབ་པ་ལྟར་མཛེས་པ་དང་། ལྷའི་མེ་ཏོག་གི་ཆར་འབབ་པ་སོགས་དགེ་མཚན་བརྗོད་ཀྱིས་མི་ལང་བས་གནམ་ས་བར་སྣང་གི་ཁྱོན་ཐམས་ཅད་ལྟ་ན་ཉམས་སུ་དགའ་ཞིང་ཡིད་དུ་འོང་བར་གྱུར་ཏོ། །དེ་ལྟ་བུའི་སྔ་ལྟས་རྣམས་ཀྱིས་ཡབ་ཡུམ་གཉིས་ཐུགས་ཐེ་ཚོམ་དུ་གྱུར་ཏེ། སྐུ་རིམ་ལ་བརྩོན་པར་མཛད་ཅིང་། སྐུ་རིམ་གྱི་གཙོ་བོ་ཆོས་རྗེ་ཡོན་མཆོག་པ་གདན་དྲངས་པའི་ཚེ། ཁོང་པས་ཀྱང་། སྡེ་པ་ཚོ་གྲུབ་མཐའི་ཐུགས་སློང་ཆེ་བའི་གྲགས་པ་ཡོད་པས། སྐུ་རིམ་ལ་བྱོན་ན་ལེགས་མི་ལེགས་ཀྱི་ཐུགས་དམ་བརྟག་པ་མཛད་པས་བྱོན་པ་བཟང་བ་བབས། མནལ་ལམ་ཡང་བཟང་སྟེ། རྗེ་ཐམས་ཅད་མཁྱེན་པའི་གསུང་གིས་འབྲས་སྤུངས་ཀྱི་ཆོས་དུང་དེ་ཉི་མ་ལ་སྲོས་ལས་བུས་དང་གསུངས་པ་ན། ཆོས་དུང་དེ་ནམ་མཁའ་ལས་བབས་ཏེ། ན་བཟའི་མཐུ་བར་བླངས་ནས་བུས་པས་སྐད་གསངས་ཤིན་ཏུ་མཐོ་བ་འཇིག་རྟེན་ཀུན་གྱི་ཐོས་ཡོད་སྙམ་པ་ཞིག་བྱུང་ནས་དགྱེས་བཞིན་དེར་བྱོན་ཏེ། སྐུ་རིམ་མཛད་པས་ཤིན་


GLG008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཕྲོད་པ་བྱུང་ངོ་། །དབྱངས་ཅན་མས་རྗེས་སུ་བཟུང་བའི་སྤྲུལ་སྐུ་དཔལ་ལྡན་བློ་གྲོས་བཟང་པོའི་མནལ་ལམ་དུའང་། ནམ་མཁའ་རྣམ་པར་དག་པའི་དབྱིངས་ཡངས་ཤིང་རྒྱ་ཆེ་བ་ལ། གསེར་གྱི་སེངྒེ་རེ་དང་གསེར་གྱི་འབྲུག་རེ་སྤེལ་མར་འཁོད་པ་རྣམས་གོ་མཚམས་ཅུང་ཟད་ཙམ་གྱི་མཐའ་དབུས་ཀུན་ཏུ་ཁྱབ་པའི་འོད་ཀྱིས་ཕྱོགས་ཐམས་ཅད་གསལ་བར་སྣང་བ་ཞིག་རྨིས། དེ་མ་བརྗེད་པའི་ངང་ནས། ཕྱིས་ཞབས་དྲུང་རིན་པོ་ཆེར་སྤྲུལ་སྐུ་འཕྲང་ཁ་བས་རྣམ་ཐར་གྱི་དོགས་གཅོད་ཞུས་པའི་ཚེ། རྗེའི་ཞལ་སྔ་ནས་སྐུ་འཁྲུངས་པའི་གོང་ཙམ་དུ་བདག་ལའང་རྨི་ལམ་འདི་ལྟ་བུ་ཞིག་བྱུང་བ་ཇི་ལྟར་ལགས་ན་ཞུས་པས། ཁྱོད་ཀྱི་རྨི་ལམ་དེ་ངེད་ལ་ལྟ་བ་འདྲ་གསུངས། འོ་ན་བཟང་ལགས་སམ་ཞུས་པས། བཟང་ངན་ཅི་ཡིན་ཀྱང་། ལྟ་བ་ནི་ང་ལ་ལྟ་བ་འདུག །དེ་ཡང་རྒོལ་བ་ལ་འཇིགས་པ་མེད་པས་སེངྒེ་འདྲ་བ་དང་། སྙན་གྲགས་འབྲུག་སྒྲ་ལྟར་ཀུན་ཏུ་ཁྱབ་པར་འགྱུར་བའི་སྔ་ལྟས་ཡིན་གསུངས། དེ་ལྟར་ཡུམ་གྱི་ལྷུམས་སུ་ཞུགས་པ་ན། སྐུ་ལུས་བདེ་ཞིང་། བྱམས་པ་དང་སྙིང་རྗེ་དད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་ཤིང་། སྲིད་ཀྱི་དཔལ་འབྱོར་ཕུན་ཚོགས་རྣམས་ཀྱང་འབད་མེད་དུ་ངང་གིས་འདུ་བ་བྱུང་། ཡང་དེའི་ཚེ། སྐུ་གདུང་རིན་པོ་ཆེར་མཆོད་པའི་སྤྲིན་ཆེན་པོ་ཕུལ་བའི་ནང་ནས། རྒྱ་སྤོས་རྒྱུན་མི་ཆད་དུ་ཕུལ་པའི་དུད་པ། དེར་ཆ་གཉིས་སུ་གྱེས་ནས། ཆ་གཅིག་སྐུ་གདུང་རིན་པོ་ཆེའི་བཞུགས་གནས་ཟངས་སྒྲོམ་དར་ཟབ་ཀྱིས་ཀླུབས་པ་ལ་བསྐོར་ཅིང་། ཆ་གཅིག་སྟོད་ལུང་ཕྱོགས་སུ་ངེས་པར་འགྲོ་བ་གང་གིས་ཀྱང་


GLG008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་མེད་པ་དང་། པུར་སྒྲོམ་གྱི་རྩེ་ལ་རྒྱལ་བ་རིགས་ལྔའི་དབུ་རྒྱན་གསོལ་བ་ཡང་སྟོད་ལུང་ཕྱོགས་སུ་ཡོ་ཞིང་བཞུགས་པ། ཡང་ཡང་དྲང་པོར་བསྲངས་ནས་བསྒྲན་ཀྱང་སྔར་བཞིན་ཡོ་བ་དང་། དྲུང་གནས་རིན་པོ་ཆེ་དཔོན་སློབ་རྒྱལ་ལ་ཐེགས་ཀ་སོགས་སུ་ས་གཡོ་བ་དང་། སྒྲ་གྲག་པ་དང་། མེ་ཏོག་གི་ཆར་བབ་པ་སོགས་ཆོ་འཕྲུལ་མཐའ་ཡས་པ་བྱུང་ངོ་། །དེ་ཡང་ཡོངས་གྲགས་ཀྱི་ཆུ་སྟག་ཟླ་བ་ལྔ་པ་ཉིས་བརྩེགས་ཀྱི་བཅུ་གཅིག་པའི་དམར་ཕྱོགས་ཀྱི་རྫོགས་པ་གཉིས་པ། རྒྱ་ནག་རྩིས་གཞུང་ལུགས་ཀྱི་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་དཔྱིད་ར་དང་པོའི་ཉེར་ལྔ་ལ་། གཟུགས་སྐུ་ཆུ་ཤེལ་གྱི་དབང་པོ་མངལ་གྱི་ཚུལ་འཛིན་གྱི་རྒྱ་ལས་གྲོལ་ཏེ། སྐལ་བཟང་ཀུན་དའི་དཔལ་དུ་སྐུ་བལྟམས་སོ། །དགེ་མཚན་འདོད་རྒུ་མ་ལུས་འཁྱིལ་བའི་ཡུལ། །ཡུལ་གྱི་ལྟེ་བ་ལྷ་ལྡན་གཙུག་ལག་ཁང་། །ཁང་བཟང་དམ་པའི་ཉི་འོག་ཁང་གསར་གོང་། །གོང་མ་ཁྲི་དཔོན་རིགས་ཀྱི་སྲིད་པ་བཟུང་། །རབ་དཀར་ཟླ་ཤེལ་ཤེལ་དཀར་བརྩེགས་པའི་རི། །འདབ་བརྒྱ་པ་དེ་དེ་བཞིན་བཻཌཱུར་དཀར། མདངས་འོད་མ་ལུས་ལུས་པ་མེད་བསྡུས་པ། གཟུགས་སྐུ་འདྲེན་བྱེད་བྱེད་པོར་བདུད་རྩིར་བྱས། །དེ་ཡང་གྲོད་དཀར་དྲི་མ་མེད་པའི་གུར་ཁང་སྒོ་མེད་པའི་སྦུབས་སུ་བཞུགས་པ་ཇི་ལྟར་བྱ་བ་རྔོ་མ་ཐོགས་པར། རེ་ཞིག་ལུས་པ་དང་། ཇི་ཞིག་ན། ཉི་འོད་འཐུངས་པའི་པདྨ་ལྟར་གྲོད་པ་དཀར་པོའི་མེ་ཏོག་དེ་རང་གིས་ངང་གིས་ཕྱེ་བའི་ནང་ནས། སྤྲུལ་པའི་སྐུ་ཁྱེའུ་ལྷའི་སྲས་པོ་པས་ཀྱང་མཛེས་ཤིང་ལྟ་ན་


GLG008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པ། མཐོང་ན་དགའ་ཞིང་ལྟ་བས་ཆོག་མི་ཤེས་པ། སྐུ་ལ་དཀར་ལ་དམར་བའི་མདངས་ཆགས་པ། སྐྱེས་བུ་ཆེན་པོའི་མཚན་དཔེ་ཐམས་ཅད་དང་ལྡན་པ། སྐུ་སྟོད་ལ་ལྷའི་གོས་ཀ་ཤི་ཀ་ལས་ཀྱང་འཇམ་ཞིང་གཉེན་པའི་ཁྲུ་མ་དཀར་པོའི་ཆོས་གོས་གསོལ་བ། སྐུ་སྨད་ལ་སྟག་གི་པགས་པའི་རི་མོ་རང་བྱུང་དུ་རྣམ་པར་བཀྲ་བ། ཞབས་པུས་མན་ཆད་ཁྱབ་པའི་ཤམ་ཐབས་གསོལ་བ། སྤྱན་གཉིས་ཨུཏྤ་ལའི་འདབ་མ་ལྟར་མཛེས་པས་ཀུན་ཏུ་གཟིགས་ཤིང་། ཅུང་ཟད་བཞད་པའི་ཚུལ་དུ་འཛུམ་མུལ་ལེ་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱང་དགའ་ཞིང་སྤྲོ་ལ། ཡིད་བདེ་བས་དགའ་ཞིང་ངོ་མཚར་རྨད་དུ་བྱུང་བའི་འདུ་ཤེས་སྐྱེས་པར་གྱུར་ཏོ། །ཡང་དེའི་ཚེ་ཕོ་བྲང་དམ་པ་དེ་ནི་སྔར་བས་ཀྱང་སྟོང་འགྱུར་གྱིས་ལྟ་ན་སྡུག་ཅིང་ཉམས་དགའ་ལ་བག་ཕེབས་པར་གྱུར་ཏེ། ཡུལ་དེའི་སྐྱེ་བོ་ལས་དག་པ་འགའ་ཞིག་གིས་ནི། དེའི་ནུབ་མོ་ཁང་པ་བརྩེགས་པ་དེ་མེ་རི་མེ་དཔུང་རབ་ཏུ་འབར་བའི་ར་གུར་གྱི་དབུས་ན་ལྷམ་མེ་ལྷང་ངེ་ལྷན་ནེར་འདུག་པ་མཐོང་ངོ་། །གཞན་ཡང་ཀུན་ལ་མཐུན་སྣང་དུ་གྲུབ་པར། ཕྱོགས་ཐམས་ཅད་ཕྱིས་པ་ལྟར་དག་ཅིང་གསལ་བར་གྱུར་པ་ལས། འཇའ་རིས་རྣམ་པར་བཀྲ་བས་རྨ་བྱའི་གཙུག་ཕུད་བཀྲམ་པ་ལྟར་མཛེས་པ་ལྷའི་མེ་ཏོག་གི་ཆར་རྣམས་ལྡིང་ཞིང་འབབ་པ། ལྷའི་སྤོས་ཀྱི་དྲི་བཟང་ནི་ཀུན་ནས་འཐུལ་བ་ལ་སོགས་པའི་དགེ་མཚན་གྱིས་མཐོ་རིས་ཀྱི་གནས་ས་ལ་བབས་པ་ལྟར་གྱུར་ཏོ། །ཡབ་ཡུམ་དེ་གཉིས་ལས་སྔོན་དུ་ཡང་ལྕམ་སྲིང་མང་དུ་འཁྲུངས་ཀྱང་།


GLG008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་སྔ་མའི་སྲི་ཐོག་ཏུ་གཤེགས་པས་འཇིགས་ནས་ཡབ་ཡུམ་གྱིས་སྲི་གནོན་པའི་ཐབས་དང་རྟེན་འབྲེལ་མང་དུ་མཛད། ཁྱད་པར་དུའང་ཆོས་རྗེ་ཡོན་མཆོག་པའི་གྲུབ་མཐའ་མི་མཐུན་ཡང་ཐུགས་དད་སོང་བས། སྲས་ཀྱི་སྐུ་སྲུང་པ་ཞུས། མཆོད་པའི་ཐོག་མར་ར་མོ་དཀར་མོའི་འོ་མ་ཞལ་དུ་གསོལ། སྲི་ཐར་ཞེས་པའི་བུད་མེད་ནུ་ཞོ་ཡོད་པ་ཞིག་མ་མར་བསྐོས། སྲས་ཀྱི་མཚན་ཡང་ར་ནུ་སྲི་ཆོད་དཔལ་བཟང་པོ་ཞེས་གསོལ། ཆོས་རྗེ་ཡོན་མཆོག་པས་མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པའི་ཚེ་དབང་དང་སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་ཕུལ། དེ་ནས་སྐུའི་སྐྱེད་བསྲིང་བའི་ཚེ། བྱིས་པ་གཞན་གྱི་ལོ་བསྐྱེད་པས། གཞོན་ནུ་དེ་ཉི་མ་ཟླ་བསྐྱེད་ལྷག་པར་ཆེ་བར་གྱུར་ཏོ། །དེ་ཡང་སྐུ་འཁྲུངས་ནས་ཟླ་བ་གསུམ་ལོན་པ་ནས་ཉེ་བར་བཟུང་སྟེ། ནང་པར་ཐོ་རངས་རྟག་ཏུ་སྔར་བར་སྐུ་ཙོག་པུའི་ཚུལ་དུ་བཞུགས་ཤིང་། མ་མ་ཡང་གཉིད་ལས་སློང་བར་མཛད་དེ། ཕྱག་གིས་སྐྲ་ནས་འཐེན་ཞིང་། མ་ཎི་ཞེས་གསུངས་ནས་ཙོག་པུར་སྡོད་འཇུག་པར་མཛད་དོ། ། དེ་ཡང་རང་བཞིན་གྱིས་བརྟན་ཅིང་སྒམ་པ། ཞི་ཞིང་དུལ་བ། ངེས་ཤིང་གཙང་སྦྲ་དང་ལྡན་པ། ཐུགས་མ་ཞུམ་ཞིང་མ་ཁེངས་པ། སྲན་ཆེ་ཞིང་གང་ལ་ཡང་མི་འཇིགས་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། ཆོས་དང་ཆོས་མ་ཡིན་རྣམ་པར་འབྱེད་པ་ལ་མཁས་པས། བླང་དོར་གྱི་གནས་རྣམས་ལ་གཞན་གྱི་དྲིང་མི་འཇོག་པར་རང་སྟོབས་ཀྱིས་ཕྱག་ལེན་ལ་འདེབས་ཤིང་། རྟག་ཏུ་


GLG008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་ཐུགས་བརྩེ་བས་ལེགས་པར་གཟིགས་པ་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་རེས་ཀྱང་གཞན་དད་པ་སྐྱེ་བ་ལ་མཁས་པ། དེའི་དྲུང་དུ་སུ་དག་བྱུང་ཡང་། དེ་དག་ལ་བྱིན་རླབས་གནང་བའི་ཕྱག་རྒྱ་སྟོན་ཅིང་དགྱེས་དགྱེས་ལྟར་མཛད་པ་སོགས་ངོ་མཚར་བའི་རང་བཞིན་དུ་བཞུགས་སོ། །ལོ་འདི་ནང་དུ་དྲུང་ནས་རིན་པོ་ཆེ་རྒྱལ་དུ་བྱོན་ཏེ། གསེར་ཏོག་གི་བཟོ་འཕྲོ་དང་ཁྱམས་སྨད་ཀྱི་ལོགས་རིས་རྣམས་མཛད་པའི་ཚེ། དེ་ནས་མཚམས་དམ་པ་ཞིག་གི་སྐབས། ནུབ་གཅིག་ཐོ་རངས་ཀྱི་མནལ་ལམ་དུ། མགོན་ཁང་གི་སྟེང་ནས་གཟིགས་པས་ཀློངས་ལ་ངོས་ནས་བང་ཆེན་མི་རེང་གཉིས་བྱུང་བ་དང་། མགྲོན་གཉེར་བློ་བཟང་ལ་སུ་ཡིན་ལྟོས་ཤོག་གསུངས་པས། ཁོང་གི་དེ་གཉིས་ཀྱི་ལག་ནས། རྗེ་ཐམས་ཅད་མཁྱེན་པའི་བཀའ་ཤོག་ཡིན་ཟེར་བའི་ཡི་གེ་ཧུང་ལ་ཞིག་ཁྱེར་བྱུང་བ་དེ་འཕྲལ་ཕྱེ་ནས་གཟིགས་པས། གསུང་རབ་པས་གོ་དགོས་རྒྱུ་ལ། འཕགས་པའི་གནས་བརྟན་བཅུ་དྲུག་དེར་འབྱོན་པ་ཡོད་པས་གྲབས་ཡུལ་མ་ཐོགས་པ་གལ་ཆེ་གསུང་བ་ཞིག་འདུག་པས། དེ་འཕྲལ་དུ་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་བཞུགས་གདན་གཤམ་པ་སོགས། ཕེབས་གྲབས་ཀྱི་བཀོད་པ་ཐམས་ཅད་ལེགས་པར་མཛད་དེ། སྤོས་ཕོར་བསྣམས་ནས་ཕྱི་ལོགས་སུ་གདན་འདྲེན་ལ་བྱོན་པས། འཕགས་པའི་གནས་བརྟན་ཆེན་པོ་བཅོ་ལྔ་བྱོན་པའི་རྗེས་སུ། གླང་པོ་ཆེའི་ཕྲུག་གུ་ཤིན་ཏུ་ཡིད་འཛིན་པ་འཛམ་བུའི་གསེར་གྱི་འོད་འཚར་བ་ཞིག་བྱུང་བ་དེ་རྣམས་གཟིམས་ཆུང་ནང་དུ་ཐེགས་གྲུབ་ཀྱང་། ད་དུང་གནས་བརྟན་ཆེན་པོ་


GLG008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱོན་ཏེ་འོང་སྙམ་ནས། སྒོའི་ཕྱི་རོལ་དེར་ཕེབས་བསྒུགས་ཞུ་ཞིང་བཞུགས་ཡོད་ཙ་ན། ནང་ནས་གཅིག་ན་རེ། གནས་བརྟན་ཆེན་པོ་གཅིག་གླང་པོ་ཆེའི་ཕྲུག་གུ་འདི་ཀ་ཡིན། ང་ནང་དུ་སྤྱོན་གསུངས་བྱུང་བ་དང་ནང་དུ་བྱོན་ཙ་ན། འཕགས་པའི་གནས་བརྟན་བཅོ་ལྔ་པོ་རྣམས་འཁོར་གྱི་ཚུལ་དུ་གྲལ་གྱི་མཐའ་ལ་བཞུགས་ཤིང་། དེ་དག་གི་དབུས་སུ། སྔོན་རྗེ་ཐམས་ཅད་མཁྱེན་པའི་བཞུགས་ཁྲི་ཡིན་སྙམ་པའི་ཁྲི་རིན་པོ་ཆེ་སྣ་ཚོགས་པས་ཕྲ་བཀོད་པ་སེང་གེས་བཏེག་པའི་སྟེང་ན་གླང་པོ་ཆེའི་ཕྲུག་གུ་དེ་གཙོ་བོའི་ཚུལ་དུ་བཞུགས་འདུག་པ་ཞིག་རྨིས་གསུངས། །ཡང་དེའི་ཚེ་ནུབ་ཅིག་གི་མནལ་ལམ་དུ། རྗེ་ཐམས་ཅད་མཁྱེན་པའི་ཞལ་ནས། རྒྱབ་རིའི་རྩེ་འདིར་མྱུར་དུ་ཤོག་གསུང་བ་ཞིག་བྱུང་བ་དང་། རི་དེའི་རྩེ་ལ་འཛེགས་བྱོན་པས། རི་རྩེ་དེ་ན། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ་དུས་བཞིའི་ལྷ་མོས་བསྐོར་ནས་བཞུགས་འདུག་པ་གཟིགས་ཏེ། ཐུགས་ལ་ཅི་ཡིན། རྗེ་ཐམས་ཅད་མཁྱེན་པ་ནི་བཞུགས་མི་འདུག །དཔལ་ལྡན་ལྷ་མོ་ལ་དུས་གཞིའི་ལྷ་མོས་བསྐོར་བ་འོང་སྟེ། དཔལ་འཁོར་ལོ་བདེ་མཆོག་ལ་དུས་བཞིའི་ལྷ་མོས་བསྐོར་བ་འདི་ཅི་ཡིན་སྙམ་དུ་དགོངས་པ་དང་། དུས་བཞིའི་ལྷ་མོ་རྣམས་ཡུམ་ལ་ཐིམ་ཡུམ་རྡོ་རྗེ་ཕག་མོ་ཡང་ཡབ་ལ་ཐིམ་པའི་མཐར། ཐམས་ཅད་ང་རང་ཡིན་གསུང་བ་དང་། མནལ་སད་པ་ཞིག་བྱུང་གསུངས། དྲུང་ནས་རིན་པོ་ཆེར་མནལ་ལམ་གྱི་ཚུལ་དུ། ཐམས་ཅད་མཁྱེན་པས་སྤྲུལ་པ་ཡང་སྤྲུལ་གྱི་བཀོད་པ་སྣ་ཚོགས་སྟོན་པ་


GLG008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུང་གི་སྣང་བ་སྩལ་བ་སོགས་མཐའ་ཡས་པའི་ངོ་མཚར་བྱུང་འདུག །ཁང་གསང་གོང་དུ་ཆོས་རྗེ་ཡོན་མཆོག་པ་དཔོན་སློབ་རྣམས་སྐུ་རིམ་མཛད་ཅིང་བཞུགས་པའི་ཚེ། སྤྲུལ་པའི་སྐུ་གཞོན་ནུར་གྱུར་པ་དེ་ཁོང་དཔོན་སློབ་ལ་ཤིན་ཏུ་ང་རྒྱལ་པའི་རྣམ་འགྱུར་སྟོན་ཅིང་། རོལ་མོ་དང་གཏོར་མ་མཆོད་རྫས་སོགས་ལ་ཡང་ནས་ཡང་དུ་གཟིགས་པ་དང་། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བ་སོགས་ལ་སྔོན་གནས་རྗེས་དྲན་གྱི་ཉམས་མཐའ་ཡས་པ་མཛད། སྐབས་ཤིག་ཁོང་དཔོན་སློབ་ཀྱིས་གཏོར་མའི་གྲངས་དང་གོ་རིམ་སོགས་རྗེ་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་བཤམས་ནས་གཟིགས་སུ་ཕུལ་ཏེ། ཁྱེད་བླ་མ་ཞིག་གི་སྐུ་སྐྱེ་ནི་ཡིན་པ་འདྲ། གལ་ཏེ་ངའི་བླ་མ་དེ་ཡིན་ན་ནི་གཏོར་མ་འདི་རྣམས་ཇི་ལྟར་ཡིན་པ་འདུག་ཅེས་ཞུས་པའི་ཚེ། འདི་དང་འདིའོ་ཞེས་རིམ་པ་བཞིན་དུ་ངོས་འཛིན་འཁྲུལ་མེད་དུ་མཛད། གཞན་ཡང་ཁོང་དཔོན་སློབ་ཀྱི་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་རྣམས་ལ། ཐུགས་དགྱེས་པའི་ཉམས་ཅི་ཡང་མཛད་ཅིང་། དབྱངས་དང་རོལ་མོའི་སྒྲ་ལ་ཡང་ལྷག་པར་དགྱེས་པའི་ཚུལ་སྟོན་པས། སྐུ་འཁོར་བ་རྣམས་ཀྱིས་ཀྱང་ཐུགས་གཟུང་བའི་ཆེད་དུ་རོལ་མོ་འབུལ་བས་དུས་འདའ་བ་དང་། ཁྱད་པར་སྐུ་རིམ་པ་དཔོན་སློབ་ཀྱིས་རོལ་མོ་དཀྲོལ་བའི་ཚེ། གཞོན་ནུ་སྤྱན་འབྱེད་འཛུམས་བྲག་ཏུ་མཛད་ཅིང་། ཞལ་ནས་མ་ཧཱ་བཱ་ལ་ཨབྱ་ཏ་བྱ་ཞེས་གསུང་ཞིང་། ཐུགས་འདུན་དྲག་པོའི་ཚུལ་སྟོན་པའི་ཚེ་ཟིལ་ཆེན་པོས་ཀུན་ཀྱང་སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །དེ་ནས་དགུང་ཟླ་བརྒྱད་ཙམ་བཞེས་པའི་ཚེ། ཡུལ་གངས་ཅན་གྱི་ལྗོངས་ན་ཀུན་ཏུ་རྒྱུ་བའི་དཀའ་


GLG008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ཆེན་པོ། རིན་པོ་ཆེ་ཀྲེ་པོ་ཆོས་ཀྱི་རྒྱ་མཚོ་ཞེས་གྲགས་པའི་དྲང་སྲོང་ཆེན་པོ་སློབ་མའི་འཁོར་བརྒྱ་ཕྲག་དུ་མས་བསྐོར་བ་ཞིག །ཕྱོགས་དེར་བསོད་སྙོམས་ཀྱི་ཕྱིར་བྱུང་བ་དང་། སྡེ་པ་ཡབ་ཡུམ་གྱིས་མགྲོན་དུ་སྤྱན་དྲངས་ཏེ། ཕྱག་དང་མཆོད་པ་ཕུལ་ནས་ཆོས་དང་བྱིན་རླབས་ཞུས་སོ། །ཡང་དེའི་ཚེ་སྤྲུལ་སྐུ་གཞོན་ནུ་དེ་ཡང་ཡུམ་གྱི་པང་དུ་སྤྱན་དྲངས་ཏེ། བླ་མ་བགྲེས་པོ་ལོ་བརྒྱ་ལོན་དུ་ཉེ་བ་དེ་ལ་བྱིན་རླབས་ཞུ་བར་བརྩམས་པས། ཐུགས་ཁྲེལ་བའི་རྣམ་འགྱུར་སྟོན་ཅིང་། ཉིད་ཀྱི་དབུ་ཕྱིར་བསྐྱེད་དེ། ཡུམ་གྱི་ཐུགས་ཀའི་ནུ་བར་དུ་གཏད་ནས། ཡན་ལག་མཆོག་གི་སྤྱི་གཙུག་ནི་བལྟར་ཡང་མི་སྣང་བར་མཛད། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ནི་སྦྲུལ་གྱི་གདེངས་ཀ་བཞིན་འཕྱར། ཞབས་ཀྱི་པདྨའི་མཆུ་བ་ནི་གླང་པོ་ཆེའི་སྣ་ལྟར་བརྐྱངས་ནས། དྲང་སྲོང་ཆེན་པོ་དེའི་དབུ་ལ་ཕྱག་དབང་དང་ཞབས་དབང་གནང་བར་ཆས་ཏེ། སྤྱན་འབུར་ཚུགས་སུ་གཟིགས་པ་ཟིལ་གྱིས་མནན་པ་དང་། དེར་ཚོགས་པའི་མཆོད་ཡོན་རྣམས་ཧ་ལས་ཏེ་ངོ་མཚར་དུ་གྱུར་ཏོ། །དྲང་སྲོང་ཆེན་པོ་དེའི་ཞལ་ནས་ཀྱང་། ཁོང་རང་ང་ལས་ལྷག་པ་ཞིག་ཡིན་འདུག་པས་ང་ལ་བྱིན་རླབས་མི་ཞུ་ཡོད། ད་ཕར་གདན་དྲོངས་གསུང་། ཕྱིས་སྦྱིན་བདག་གཞན་གྱི་ནང་དུ་ཕེབས་པའི་ཚེ། རིན་པོ་ཆེ་དཔོན་སློབ་རྣམས་ཁང་གསར་གོང་དུ་ཕེབས་པ་གནང་འདུག་པ། དེར་འབྲས་སྤུངས་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་འཁྲུངས་འདུག་ཟེར་བ་བདེན་པར་འདུག་ལགས་སམ་ཞུས་པའི་ཚེ། རིན་པོ་ཆེ་ཀྲེ་པོའི་ཞལ་ནས། འབྲས་སྤུངས་ཆོས་རྗེའི་སྐུ་སྐྱེ་ནི་ཡིན་མིན་མ་ཤེས་


GLG008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ང་ལས་ལྷག་པའི་སྲས་པོ་གཞོན་ནུ་ཞིག་འདུག་གསུང་ངོ་ཞེས་གྲགས། ཚུལ་དེ་ཐོས་པ་ཐམས་ཅད་འདི་སྙམ་དུ་ཨེ་མ་ཧོ། །འཁྲུངས་ནས་ཟླ་བ་བརྒྱད་ལོན་པའི་གཞོན་ནུ་དེས། བླ་ཆེན་བགྲེས་པོ་དེ་ལྟ་བུ་ཡང་ཟིལ་གྱིས་གནོན་པར་ནུས་པ་དེ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་གདོན་མི་ཟའོ་ཞེས་ཕྱོགས་བྲལ་གྱི་སྐྱེ་བོ་དག་དམ་པ་དེ་ཉིད་ལྟ་བ་ལ་པདྨའི་མཚོ་ལ་ངང་པ་བཞིན་དུ་འདུ་བར་གྱུར་ཏོ། །སྤྱན་གྱི་པདྨ་རྣམ་པར་བཞད་པ་དང་མཉམ་དུ། དཔལ་ལྡན་ལྷ་མོ་ཕྱག་གཡས་རལ་གྲི་དང་གཡོན་ཐོད་པ་ནོར་བུས་གང་བ་བསྣམས་པ་བཞོན་པ་མེད་པ་ཞིག་གཟིགས་པ་དེ་ཞལ་གཟིགས་ཀྱི་ཐོག་མ་ཡིན་འདུག །གཡུལ་ཁར་མ་མས་ཁུར་ཏེ་སྐུ་སངས་ལ་ཕེབས་པའི་ཚེ། ལྗོན་ཤིང་གི་སྡོང་པོའི་རྩེ་ནས་དཔལ་མགོན་ཞལ་ཁྭ་ཅན་བྱོན་ཏེ། ཁྱད་པར་ང་ཚེ་རབས་སྔ་མ་ནས་ལས་འབྲེལ་ཡོད་པ་ཡིན་པས་མཆོད་གཏོར་ཕུལ་ཞིག་གསུངས། སྐབས་ཤིག་བློན་གོང་རྒྱལ་པོས་གླགས་ལྟ་བའི་ཆེད་དུ། བནྡེ་མ་རུངས་པའི་གཟུགས་ཀྱིས་བར་ཆད་བྱེད་པར་བརྩམས་པ་ན། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་པར་རྒྱལ་བ་བྱོན་ཏེ། ནག་པོའི་ཕྱོགས་དེ་དག་ཚར་བཅད་པ་དངོས་སུ་གཟིགས། དགུང་ལོ་གསུམ་ལོན་པ་སྣ་ཚོགས་དབྱིག་ཅེས་བྱ་བ་ཤིང་མོ་སྦྲུལ་གྱི་ལོ། ཆོས་སྡེ་ཆེན་པོ་སྐྱོར་མོ་ལུང་དུ་བྱོན་པའི་ཚེ། ཆིབས་ཐོག་ཏུ་དགོངས་སྐྱེམས་ཞུས་པ་ན། ཞལ་དཀར་འཕངས་པས་མ་ཆག་པས་ཀུན་ངོ་མཚར་དུ་འཛིན། དེ་ནས་དགོན་པར་ཕེབས་པ་ན། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་འདི་ནི་རྒྱལ་སྲས་དམ་པའི་ངང་ཚུལ་མ་གཏོགས། ཐ་མལ་


GLG008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱོད་ཚུལ་ཅུང་ཟད་ཙམ་ཡང་མི་མཛད་པས། སྐྱེས་བུ་དམ་པ་ཞིག་ཡིན་པར་གདོན་མི་ཟ་ཞེས་དར་དིར་དུ་གླེང་ཞིང་། ལ་ལ་དག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐུ་སྐྱེ་ཡིན་པ་འདྲ་ཞེས་གླེང་བ་ལ་བརྟེན། དཔོན་ས་གདུང་བརྒྱུད་རིན་པོ་ཆེ་མིའི་དབང་པོ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གཞིས་ཀར་སྤྱན་དྲངས། དེའི་ཚེ་ཡབ་ཀྱིས་ཕྱག་དང་མཇལ་དར་ཁྱེད་རང་གིས་འབུལ་ལམ་ངས་ཚབ་བྱེད་ཞུས་པ་ལ། ངེད་རང་གིས་འབུལ་གསུངས་ནས་མཇལ་དར་དེ་གདུང་བརྒྱུད་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ། ཕྱག་མ་མཛད་པས། མི་དབང་ཆེན་པོ་དེ་ཉིད་ཀྱིས་ཚོད་བརྟག་པའི་ཕྱིར་དུ་ཕྱག་དབང་གནང་བར་བརྩམས་པ་ན། སྐུ་ཕྱིར་སྒེག་ཙམ་མཛད་དེ་སྤྱན་ཧུར་རེ་བཞུགས་པས། གདུང་བརྒྱུད་རིན་པོ་ཆེས་འོ་ན་ངེད་ལ་བྱིན་རླབས་ཤིག་གནང་བར་ཞུ་ཞེས་དབུ་དུད་མཛད་པ་ན། ཚུར་བྱོན་ནས་དབུ་ཐུག་ཅིག་མཛད་པས་ཀྱང་ཐུགས་ཡིད་ལྷག་པར་ཆེས་པར་གྱུར། དེའི་ཆོས་བདག་རྒྱལ་པོར་མཆོད་པའི་སྤྲིན་ཕུང་བླ་ན་མེད་པའི་དཔལ་འབྱོར་ཆེན་པོ་ལ་རོལ་པར་མཛད། མིའི་དབང་པོ་དེས་མགོན་པོ་ཕྱག་བཞི་པའི་ཐུགས་དམ་ཐང་ཁ་ཞིག་གཟིགས་སུ་ཕུལ་ནས། འདི་ངོ་ཨེ་མཁྱེན་ཞུས་པས། ལོས་ཤེས་འདིའི་རྗེས་གནང་ངེད་ཀྱི་ཕུལ་བ་ཡིན་གསུངས་པ་ན། སྔོན་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་དཔོན་ས་གདུང་བརྒྱུད་རིན་པོ་ཆེ་ཕྱག་བཞི་པའི་རྗེས་གནང་གསན་པ་ཐུགས་ཀྱིས་དྲན་ཏེ། གཞན་དུ་དོགས་པའི་ཐེ་ཚོམ་གྱི་དྲ་བ་མཐའ་དག་འབད་མེད་དུ་ཆོད། རྗེ་གོང་མའི་ཕྱག་སིལ་ཧོར་སིལ་ཞིག་ཡོད་པ་དེ་


GLG008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་ན་ངའི་ཡིན་ཞེས་ངོས་འཛིན་མཛད། དྲུང་འཁོར་རྣམས་ཀྱིས་ཕྱག་དབང་ཞུས་པ་ན། དྲག་ཞན་འབྲིང་གསུམ་ལ་ཕྱག་དབང་གནང་ལུགས་སོགས་སྒོ་དུ་མ་ནས་ཀུན་ཡིད་ཆེས་སོ། །དེ་ནས་ཁང་མོ་ཆེར་སྐུ་མཚམས་ཀྱི་ངང་དུ་བཞུགས་པ་ན། ཡུལ་ཕྱོགས་གཞན་དག་རྣམས་སུ་འབྲུམ་ནད་སོགས་ཀྱིས་ཁྱབ་ནའང་། རྗེ་འདི་གང་བཞུགས་པ་དང་ཉེ་བའི་ཕྱོགས་ཀུན་ཏུ་ནད་དང་རིམས་དང་དུས་མ་ཡིན་པའི་འཆི་བ་སོགས་པ་དཀར་མིན་གྱི་འབྲས་བུ་མཐའ་དག་རྒྱང་རིང་དུ་བསྲིངས་ཤིང་། ཆར་ཆུ་སྙོམས་ཤིང་རྩི་བཅུད་དང་ལོ་ཏོག་རྣམས་འཕེལ་བ། སྐྱེ་བོ་རྣམས་ཕན་ཚུན་དུ་གཉེན་གཤིན་པའི་ངང་ཚུལ་དུ་གྱུར་པ་སོགས་ལེགས་བྱས་ཀྱི་འབྲས་བུ་བླ་ན་མེད་པའི་དགའ་སྟོན་ལ་ཡོངས་སུ་སྦྱོང་བར་གྱུར་ཏོ། །དེའི་ཚེ་ནག་ཕྱོགས་ཀྱིས་བདུད་རིགས་འགའ་ཞིག་གིས་བར་དུ་གཅོད་པ་བརྩམས་པ་ན། དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་བྱོན་ཏེ་ཚར་གཅོད་པ་དངོས་སུ་གཟིགས། ཉིན་གཅིག་འོད་ཀྱི་གུར་ཁང་ཞིག་འདུག་པ་ལ་ཕྱག་མང་དུ་མཛད་པས། སྐུ་འཁོར་རྣམས་ཀྱིས་ཇིི་ལྟར་ལགས་ཞེས་ཞུས་པ་ལ། ཁྱེད་རྣམས་ཀྱིས་མ་མཐོང་ངམ། རྗེ་རིན་པོ་ཆེ་བཙོང་ཁ་པ་བྱོན་ཏེ་ད་ལྟའང་བཞུགས་འདུག་གསུངས། ཡང་ཕྱོགས་བཞིར་ཡང་བཙལ་ནས། རྗེ་རིན་པོ་ཆེའི་ཕྱོགས་བཞིར་སངས་རྒྱས་དཔག་ཏུ་མེད་པ་བཞུགས་འདུག་ཤར་ཕྱོགས་པ་རྣམས་སྔོན་པོ། ལྷོ་ཕྱོགས་པ་རྣམས་སེར་པོ། ནུབ་ཕྱོགས་པ་རྣམས་དམར་པོ། བྱང་ཕྱོགས་པ་རྣམས་ལྗང་ཁུར་འདུག་གསུངས། ཉིན་གཅིག་ང་ལ་བར་ཆད་རྩམ་པའི་བནྡེ་ཞིག་འདུག་པ་དེ་དཔལ་ལྡན་ལྷ་མོས་བསྒྲལ་ནས་ད་


GLG008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་འདི་ཁར་བཞུགས་འདུག །ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཡང་བྱོན་བྱུང་། ཀྵེ་ཏྲ་པཱ་ལ་འདིས་མི་མགོ་ཞིག་ཁྱེར་འདུག་གསུངས། །གཞན་ཡང་། ཀླུ་སྒྲུབ། ཐོགས་མེད། སློབ་དཔོན་པདྨ། ཇོ་བོ་རྗེ། བིཪྺ་པ། ས་ར་ཧ་སོགས་རྒྱལ་བའི་སྲས་མཐའ་ཡས་པའི་སྐུའི་སྣང་བ་གཟིགས། ཇོ་བོ་རྗེ་ངའི་བླ་མ་ཡིན། འདི་ན་བཞུགས་པ་ཁྱེད་རྣམས་ཀྱིས་མ་མཐོང་བ་ཨེ་ཡིན་གསུངས། བར་བར་དུ་བཞུགས་སྟན་གྱི་སྟེང་དུ། སྐུ་དྲང་པོར་བསྲེངས་ཏེ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་། རེས་འགའ་ནི་རྒྱལ་མདུན་མ་དང་། དམིགས་བརྩེ་མ་སོགས་བླ་མའི་བསྟོད་པ་དང་། ཡ་མ་རཱ་ཛ་དང་། བྷྱོཿརཀྨོ་བྷྱོ་སོགས་སྔགས་མང་པོ་གསུང་ཞིང་། ཕྱག་སིལ་བདེ་མོ་ཞིག་ཡོད་པ་དཀྲོལ་བ་ལས། བྱིས་པའི་རྩེད་མོ་ཕལ་པ་མཛད་པའི་སྐབས་མེད་པ་ཡིན་ནོ། །ནང་གཅིག་སྔ་བར་ཆོས་སྡེའི་ཚོགས་དུང་བུས་པ་གསན་པ་དང་། ངའི་ན་བཟའ་ཁུར། མང་ཇའི་བསྔོ་བ་ལ་འགྲོ་རན་གསུངས། །ཉིན་གཅིག་ལྕང་རར་གདན་དྲངས་པའི་ཚེ། རྗེ་གོང་མའི་སྐུ་འདྲ་རིན་པོ་ཆེ་ཞིག་བཞུགས་པ་དེ་ལ་ཕྱག་རེག་ནས་འདི་ངའི་སྐུ་ཡིན། རྒྱབ་ན་ཡི་གེ་ཡང་ཡོད་གསུང་བ་བཞིན། ཞལ་ཐང་དེའི་རྒྱབ་ན་གཟུངས་སྔོན་གྱི་ཕྱག་བྲིས་མ་ཡང་ཡོད་འདུག་པས། ནང་པ་ལྕང་ར་བ་འཁོར་བཅས་དད་པའི་ས་ལ་བཀོད། གཞན་ཡང་ཆོས་རྗེ་ཡོན་མཆོག་པ་ལ། རྗེ་གོང་མས་གནང་བའི་ཕྱག་དྲིལ་གཅིག་ཡོད་འདུག་པ་དེ་ལ་གཟིགས་པ་དང་། འདི་ངས་བྱིན་པ་ཡིན་ཡང་གསུངས། དེ་དུས་སྐྱོར་མོ་ཀླུང་ན་དཔོན་ས་གདུང་བརྒྱུད་རིན་པོ་ཆེས་སྦྱིན་བདག་མཛད་པ་སྟེ།


GLG008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མའི་དངུལ་གདུང་རིན་པོ་ཆེ་འབྲས་སྤུངས་ན་བཞུགས་པ་འདི་བཞེངས་པའི་སྐབས་སྤྲུལ་སྐུ་འཕྲང་ཁ་བས། ཐིག་རྩ་དང་བཀོད་པ་བྱེད་པའི་བར་སྐབས་ཞིག་ཏུ་ཕྱག་འབུལ་ལ་ཕྱིན། རྗེ་གོང་མ་ཞིང་གཞན་དུ་ཐེགས་གར་གནང་བའི་བཀའ་ཤོག་གི་མཐའ་མ་དེ་གཟིགས་སུ་ཕུལ་བས། ཡུད་པ་གཅིག་གཟིགས་ནས་ཐུགས་དམ་གྱི་སྟེང་དུ་ཕྱག་སོར་རེག་སྟེ། འདི་ངའི་ཐེའུ་ཚེ་ཡིན་པ་འདུག་གསུང་བ་སོགས་ངོས་འཛིན་མཛད་པ་ནི་གྲངས་ཀྱིས་མི་ཆོད་དོ། །དེའི་ཚེ་པཎ་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེས་སྐྱོར་མོ་ཀླུང་ཚོགས་པ་ལ་མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མ་ཡིན་པ་གླེགས་བམ་བུ་ཆོས་ཀྱི་སྤྱི་ཆོས་མཛད་པའི་ཚེ། གཟིམས་སྤྱིལ་གྱི་ཐོག་ཁ་ནས་གསན་པས། པུ་ཤུ་ནས་ཆོས་གྲྭའི་ཕྱོགས་སུ་གཟིགས་ཏེ། ཆོས་རྗེ་བསོད་ནམས་གྲགས་པ་ངའི་རྣམ་ཐར་འཆད་ཀྱི་ཡོད་དམ། གསོལ་ཇ་ཞིག་ལ་འདིར་ཕེབས་དང་གསུངས་པས། དེར་འཁོད་པའི་སྐྱེ་བོ་ཐམས་ཅད་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་གདོན་མི་ཟ་བར་སླར་བྱོན་པའོ་ཞེས་མགྲིན་གཅིག་ཏུ་གླེང་ཞིང་། ཚོགས་པ་ཐམས་ཅད་དད་པའི་ཤུགས་ཆེན་པོས་ཆོས་གསན་འཕྲོ་ལ་ཧར་བཞེངས་མཛད་དེ། ཕྱག་བཙལ་ནས་འབྲོམ་རིན་པོ་ཆེན་རྒྱལ་བའི་འབྱུང་གནས་ཁྱེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཞེས་སོགས་དར་དིར་དུ་གྲགས་པར་གྱུར་ཏོ། །དེའི་ཚེ་འོལ་ཁ་སྟག་རྩེ་ནས་ས་སྐྱོང་ཨ་མོ་གྷ་རྡོ་རྗེ་རྣམ་རྒྱལ་དཔལ་བཟང་པོ་ཞེས་རྗེ་གོང་མ་ལ་མི་ཕྱེད་པའི་དད་པ་ཅན་དེའི་ཞུ་ཡིག་རྟེན་བཅས་ཕུལ་བའི་ཚེ། མེ་ཏོག་གི་ཆར་བབ་ཅིང་། ལ་ལ་དག་ཞུ་ཡིག་གི་སྟེང་དུ་ཆགས་པ་བྱུང་བར་ངོ་མཚར་


GLG008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་སུ་བྱེད་དོ། །སླར་ཡང་ཁང་གསར་གོང་དུ་ཕེབས། ཕྱག་རིས་འབྲི་ཀློག་གི་ཚུལ་བསྟན་པར། དཀའ་ཚེགས་མེད་པར་བརྡ་ཙམ་བསྟན་པས་མཁྱེན་ཞིང་། མདོར་ན་བཟོའི་རིག་བྱེད་སྣ་ཚོགས་དང་། སྒྱུ་རྩལ་སྣ་ཚོགས་དང་། བསྟན་བཅོས་སྣ་ཚོགས་དང་། ཡུལ་སྐད་སྣ་ཚོགས་དང་། སྙན་ངག །སྡེབ་སྦྱོར། རོལ་མོ་དཀྲོལ་བརྡུང་། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ཁྱད་པར། སྔོན་དང་ཕྱི་མའི་གནས་མཁྱེན་པ་སོགས་བག་ཆགས་བཟང་པོ་གོམས་པའི་ཉམས་སད་པས། སྐུ་གསུང་ཐུགས་ཀྱི་མཛད་པ་ཕྲ་མོ་རེས་ཀྱང་འགྲོ་བའི་དོན་རླབས་པོ་ཆེ་བསྐྲུན་པར་ནུས་སོ། །གཞོན་ནུ་རོལ་རྩེད་ཀྱི་ཚེ། ཐ་མལ་གྱི་སྤྱོད་ཚུལ་ཐམས་ཅད་རྒྱང་རིང་དུ་བསྲིངས་ཏེ། ཆོས་འཆད་པ། ཏིང་ངེ་འཛིན་སྒོམ་པ། དགོས་པ་འདེབས་པ། རྡོ་མང་པོ་གྲལ་དུ་བསྒྲིགས་ཏེ་ཆོས་སྐྱོང་འདི་དང་འདི་ཞེས་བགྱི་བ་ཡིན་ནོ་ཞེས་མཆོད་བསྟོད་མཛད་པ་སོགས་ཀྱིས་དུས་འདའོ། །གྲྭ་པ་ཞིག་མཇལ་དུ་འོངས་ནས། རྗེ་བཙུན་བཙོང་ཁ་པའི་སྐུ་ཞིག་ཕྱག་ཏུ་ཕུལ་བས་ཤིན་ཏུ་མཉེས་མཉེས་མཛད། སྟེང་མཐོན་པོ་ལ་བཞུགས་སུ་གསོལ་ཏེ་ཕྱག་དང་མཆོད་པ་ཕུལ། ཡབ་ཡུམ་ལ་ཕྱག་མཆོད་ཕུལ་ཞིག་གསུངས་པས། ངེད་ནི་ཁྱེད་ཀྱི་བླ་མ་དེ་ལ་དད་པ་མེད་ཞུས་པར། ངའི་བླ་མ་ཁྱད་པར་ཅན་འདི་ལ་མ་དད་ན། ཁྱེད་རང་རྣམས་དལ་འབྱོར་སྟོང་ལོག་ཏུ་སོང་བ་ཡིན་ཞེས་གསུངས་ནས་མི་དགྱེས་པའི་རྣམ་འགྱུར་མཛད་པས། འོ་ན་ངེད་གཉིས་ཀྱིས་ཕྱག་འཚལ་ཞིང་སྐུ་མི་ཚད་ཙམ་ཞིག་བཞེང་ངོ་ཞུས་པས་མཉེས་ཏེ། དམིགས་བརྩེ་མ་གསུང་ངག་ནས་སློབ་པར་མཛད་


GLG008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དམིགས་མེད་བརྩེ་བའི་གྱིས། གཏེར་ཆེན་སྤྱན་རས་གཟིགས་གྱིས། ཞེས་སོགས་ཚིག་རྐང་རེ་རེ་ལ་སྤོར་ཐེངས་གཉིས་གཉིས་མཛད་ནས་སློབ་པ་གནང་། ཡང་ལན་གཅིག་ནི། ཡབ་ཀྱི་ཕྱག་དཔེ་རྣམས་ཀྱི་ཁྲོད་ནས། དཔེ་ཆ་གྲས་ཐུང་གྲུ་བཞི་རྒས་སེ་བ་རྙིང་པ་ཞིག་ཕྱག་ཏུ་བསྣམས་བྱོན་ནས། མཆོད་གནས་བརྒྱད་སྟོང་པ་ཀློག་པའི་མདུན་དུ། དཔེ་ཆུང་དེ་གཅལ་དུ་བཀྲམ་ནས། དེའི་སྟེང་དུ་ཞབས་སྐྱིལ་ཀྲུང་བཅས་ཏེ་བཞུགས་པའི་ཚེ། ཡབ་དེར་བྱོན་ནས། ཨ་པོ་ཆོས་རྗེ་ངའི་དཔེ་ཆ་ལ་གདན་མཛད་པ་ཨེ་ཡིན། འོ་ན་འདི་ཡང་ཐིང་ཞིག་གསུངས་ནས། བརྒྱད་སྟོང་པའི་ཤོག་བུ་ཞིག་འདིངས་གྲབས་མཛད་པའི་ཚེ། སྲས་ཀྱི་ཞལ་ནས་རྒྱལ་བའི་བཀའ་ཡིན་པས་མི་རུང་གསུངས། ཡབ་ཀྱིས་འོ་ན་འདི་ཅི་ཡིན་པ་འདུག་པ་ཞེས་ཞུས་པས། འདི་ནི་ལྟ་ལོག་བོན་པོའི་དཔེ་ཆ་ཡིན་པར་འདུག་ག །གསུངས་ནས་བཞེངས་སོང་ངོ་། །དེ་ནས་རེ་ཞིག་ན་ངའི་བུ་འདི་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤྲུལ་སྐུ་ཞིག་ནི་ཡིན་ངེས་ན། སུ་ཞིག་གི་སྤྲུལ་པ་ཡིན། གལ་ཏེ་འབྲས་སྤུངས་ཆོས་རྗེ་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་ཡིན་ངེས་ན་གང་ས་ནས་ལེགས་པ་འདུག །གང་ལྟར་ཡང་བརྟག་པར་བྱ་བ་མང་དུ་བྱེད་དགོས་དགོངས་ནས། སྐྱོར་མོ་ཀླུང་གི་ཆོས་སྡེ་ན། གནས་བརྟན་ཟླ་བ་བྱ་བ། སྒྲོལ་མས་ལུང་བསྟན་གསལ་པོར་ཡོང་བ་ཡོད་པ་ལ། འདི་སྐད་དུ། ཁྱེད་ཀྱིས་ངའི་གཞོན་ནུ་འདི་རྗེ་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡིན་མིན་བརྟག་པ་མཛོད་ཅིག་གསུངས་པས། གནས་བརྟན་པས་ཀྱང་གལ་པོ་ཆེར་བརྡུང་ནས། མཚམས་དམ་པར་བཅད་དེ། ལྷག་པའི་ལྷ་སྒྲོལ་མ་ལ་གསོལ་བ་བཏབ་ནས་


GLG008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དེ་གསལ་བར་ལུང་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐོ་རེངས་ཞིག་གི་རྨི་ལམ་དུ། མི་དཀར་པོ་ཞིག་ན་རེ། རྣམ་དག་མཁའ་དབྱིངས་རབ་གསལ་ཡངས་པ་ལ། །ས་འདིའི་འོད་སྟོང་ནོར་བུ་ལེགས་འབར་བས། །འཛམ་གླིང་གངས་ཅན་ནོར་བུ་རབ་གསལ་བ། །བསམ་ཞིང་སྤྲུལ་པར་མཛད་ལ་གསོལ་བ་འདེབས། །ཕྱོགས་མཚམས་ཀུན་ཏུ་གྲགས་པའི་དཔལ་མངའ་ཞིང་། །འོད་སྟོང་འབར་བའི་སྐུ་ཡི་རྒྱལ་མཚན་འཕྱར། །རྣམ་དག་གདུལ་བྱའི་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཐུགས་རྗེའི་གཏེར་མངའ་ཞབས་བརྟན་མཛོད། །འདི་ནི་དགེ་འདུན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བསྟན་པའི་ཉི་མ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའོ། །ས་དགའ་འཕགས་པས་གངས་ཅན་ཟེར་ནས་མི་སྣང་བར་གྱུར་ཏོ། །དེས་མཚོན་ཏེ་རྣལ་འབྱོར་པ་ཐུགས་དམ་གྱི་གདེངས་དང་ལྡན་པ་དུ་མ་ལ་ཡང་། རྗེ་ཐམས་ཅད་མཁྱེན་པའི་སྤྲུལ་པའི་སྐུ་མིན་པར་ལུང་བསྟན་དངོས་ཉམས་ཅི་རིགས་སུ་བྱུང་ངོ་། །དེ་ལ་བརྟེན་ནས་མཆོག་དམན་གྱི་སྐྱེ་བོ་མང་དག །སྡེ་པ་རྣམ་རྒྱལ་གྲགས་པའི་སྲས་ཡ་མཚན་ཅན་འདི་འབྲས་སྤུངས་ཆོས་རྗེའི་སྤྲུལ་པའི་སྐུ་ཡིན་པ་འདུག་ཟེར་བ་ལ་བརྟེན་དེའི་སྐབས་དྲུང་ནས་རིན་པོ་ཆེ་འབྲས་སྤུངས་སུ་རྗེ་གོང་མའི་དངུལ་གདུང་བཞེང་བ་དང་། རྒྱལ་དུ་མཆོད་ཁང་ཆེན་མོའི་གསེར་ཏོག་བཞེང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་མཛད་པ་བརླབས་པོ་ཆེའི་སྐབས། གོང་གི་གནས་ཚུལ་རྣམས་གསན་པས། ཨེ་མ་མ་ལ་རྗེ་གོང་མ་དེའི་སྐུ་ཚེའི་མཇུག་ཏུ་སྐྱོར་མོ་ཀླུང་གི་གཞིས་ཀར་ཕེབས་པའི་ཚུར་ལམ། ཁང་གསར་གོང་དུ་


GLG008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དུ་དྲངས་པར། བཀའ་ལས། ད་ལམ་ངེད་ཁམས་ཅུང་ཟད་མ་བདེ་བ་འདིས་འོང་མི་ཐུབ་པ་འདུག་པ་ནས། སྡེ་པ་ཞལ་ངོ་དང་མཇལ་སྤྲོ་བ་ཡོད་པས། མ་འགྱངས་པར་དེ་ཚོ་འགྲུབ་པའི་འདུན་པ་རྩེ་གཅིག་ཏུ་བྱེད་པ་ཡོད་ཞུས་ཨང་གསུང་བའི་ཞལ་བཞེས་བཟང་པོ་ཞིག་ཀྱང་དེ་དུས་གནང་ཡོད་ཅིང་། དེ་ནས་ཚུར་ཕེབས་ལམ། ཁང་གསར་གོང་གཞིས་ཀ་དེ་གཟིགས་མ་གཟིགས་ཀྱི་ས་མཚམས་སྐྱར་པོའི་མཆོད་རྟེན་གྱི་དྲུང་དུ་ཆིབས་ལས་གཞོལ་བ་གནང་། ཆིབས་པ་དེ་ཡང་བརྗེ་དགོས་པ་བྱུང་བའི་རྟེན་འབྲེལ་དང་ད་ལྟ་སྐྱེ་བོ་རྣམས་ཀྱིས་གླེང་བ་སོགས་གང་དང་སྦྱར་ནའང་། རྗེ་བླ་མ་དེའི་རྣམ་པར་སྤྲུལ་པ་ནི་ཡིན་པ། དེ་ལྟ་ནའང་རྟབ་རྟོབ་ཏུ་ངོས་བཟུང་ན། གལ་སྲིད་མིན་པ་ལྟ་བུ་ཞིག་བྱུང་ཚེ་བླ་མའི་ཞབས་འདྲེན་དུ་ཡང་འགྲོ་བ་འདུག་ཅིང་ཡིན་བཞིན་ད་ཡལ་བར་བོར་ན། ཚུལ་མ་ཡིན་པའི་བྱ་བ་འདི་ལས་ཆེ་བ་གཞན་ན་མེད་པ་ལྟ་བུར་འདུག་པས། འདི་ནི་ཕུངས་འཚེངས་ཀྱི་གཞི་ཆེན་པོར་གདའ་བ་ནས། ངེད་རང་ངོས་ཀྱིས་ཕྱིན་ཏེ་བརྟག་དཔྱད་ཞིབ་པར་བྱའོ་སྙམ་དུ་དགོངས་ཏེ། གསེར་ཏོག་གི་བཟོ་འཕྲོ་སོགས་རྒྱལ་གྱི་གཉེར་པ་ཆོས་སྐྱོང་དཔོན་གཡོག་ལ་བསླབ་བྱ་མཛད་ནས། འབྲས་སྤུངས་སུ་བྱོན། ཤིང་འབྲུག་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་ཐོ་རེངས་སྔ་བར་བཞེངས་ཏེ། དཔོན་གཡོག་ཉུང་བསྡུས་གསང་ཐབས་ཀྱི་ཁང་གསར་དུ་འབྱོན་པར་ཆས་པའི་ཚེ། གནས་ཆུང་ལྕོག་ཏུ་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་རྡོ་རྗེ་འོད་ལྡན་དཀར་པོ་ཐོག་ཕེབས་སུ་སྐུ་ཁོག་ཏུ་ཞུགས་ནས། ཀྱེ་གྲོགས་པོ་གསུང་རབ་པ་ཁྱེད་ཅག་ད་ནང་ཚབ་ཚུབ་མ་མང་། ཉི་མར་ཤར་བ་ལ་སྒྲོན་མེ་འདེགས་མི་དགོས། ད་དུང་རེ་ཞིག་གློད་ལ་གཞོག །མ་འགྱངས་པར་


GLG008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ལེགས་ཚོགས་སུ་འགྲིག་པའི་ཚེ། ཁྱེད་ཅག་འགྲོ་བ་དང་ལྷན་ཅིག་ཏུ་ང་ཡང་དེའི་དྲུང་དུ་འགྲོ། དེ་དུས་ངའི་ཕྱག་མཇལ་གྱི་དར་དཀར་པོ་གྲུ་བཞི་འདི་སྔོན་ལ་ཕུལ་ན། ལེགས་ཚོགས་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་འོང་ལ་ཡོད་པས། མི་མངོན་པར་ངེད་རང་གིས་འཕུལ་ཏེ། དངོས་སུ་གྲོགས་པོས་ཕུལ་ཞིག །ཅེས་བཀྲ་ཤིས་ཁ་བཏགས་དཀར་པོ་དྲི་མ་མེད་པ་ཞིག་གནང་ནས། འདི་ངས་དགོས་པ་འདི་ལ་བསམས་ཏེ། རྒྱབ་ན་མར་པ་བསོད་ནམས་ཟླ་བ་ལ་ཁྱེད་ཤོག་བྱས། ལོ་སྔོན་མ་ནས་དམིགས་པ་ཡིན། ཐེ་ཚོམ་དང་བརྟག་དཔྱད་གང་ཡང་དགོས་པ་མེད་གསུངས་བྱུང་བར་བརྟེན་དེ་རེས་བཤོལ་ལོ། །དེའི་ཚེ་སྡེ་པ་ཡབ་ཡུམ་རྣམས་རང་ལ་བུ་ངོ་མཚར་བ་འདི་འདྲ་ཞིག་བྱུང་ནའང་། ངོ་མཚར་བའི་སྙན་གྲགས་ལ་བརྟེན། ཕུགས་རང་ཉིད་ཀྱིས་སྲིད་འཛིན་པ་ལ་ཕན་པར་དཀའ་ཞིང་གསང་བའི་ནུས་པ་དམན་པ་ལྟ་བུར་གྱུར་མཆིས་ནའང་། ད་དུང་རེ་ཞིག་གསང་བ་ལས་འོས་མེད་སྙམ་དུ་སྐུ་མཚམས་ཀྱང་དམ་པར་བཅད། འཁོར་རྣམས་ལ་ངོ་མཚར་བའི་མཛད་པ་རྣམས་ཕྱིར་མི་བསྒྲག་པའི་དམ་བསྒྲགས་སོ། །དེའི་ཚེ་དྲུང་ནས་གསུང་རབ་པས། སྲས་མཇལ་དུ་བྱོན་ཆོག་པའི་སྡེ་པ་ལ་ཞུ་ཡིག་ཕུལ་བའི་ལན་དུ། ལགས། མ་བསྒྲགས་པར་ཡང་གྲགས་པ་ཅན། །བདག་གི་གཞོན་ནུ་འདི་ཉིད་ནི། །གང་ཡིན་དེ་ནི་སུ་ཡིས་ཤེས། །དེ་ལྟ་ན་ཡང་ཕྱོགས་ཀུན་ནས། །བུ་ཆུང་གྲགས་ཆེན་འདི་ལ་ནི། །ལྟ་ཞིང་རྟོག་ཏུ་ཀུན་འོང་ན། །ཁྱེད་ཅག་ལྟ་བུས་ཅིས་མི་གཟིགས། །བུ་འདི་མཇལ་དུ་འབྱོན་པར་མཛོད། ཅེས་ཞུ་འཕྲིན་ཕུལ་བ་དེ་གསན་པས་སྲས་ཀྱི་ཞལ་ནས། དྲུང་ནས་བྱ་བ་གཅིག་ལས་མེད། ཁོ་ལ་འདི་རུ་ཤོག་ཅིག་གྱིས། ཞེས་གསུང་། །


GLG008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིའི་གཟའ་སྐར་ལེགས་པ་ལ། དྲུང་ནས་རིན་པོ་ཆེ་དཔོན་སློབ་ཉུང་བསྡུས་ཁང་གསར་གོང་དུ་བྱོན་པའི་སྔོན་འགྲོས་སུ། སྔོན་གྱི་དྲུང་ཡིག་པ་ཆོས་ཀྱི་དཔལ་འབྱོར་ལེགས་པ། ཞབས་དྲུང་གོང་མའི་ཆིབས་པ་བཞོན་ཏེ་སོང་བ། གཞིས་ཀའི་སྒོ་དྲུང་དུ་ཉེ་བར་སླེབ་པ་ན། མ་མ་ལ། ངའི་རྒྱ་མཚོ་འོང་གི་ཡོད་པ་འདུག་རྟ་གཡུལ་རྒྱལ་སླེབ་བྱུང་། གཡུལ་རྒྱལ་ཤོག་ཤོག་སྙིང་རེ་རྗེ་གསུངས། དེ་ནས་ཡུམ་ལ། མ་ཀི་ན་དགེ་བཤེས་ཡིག་མཁན་གྱིས་བཞོན་པའི་རྟ་དེ་ངའི་ཡིན་གསུང་མཉེས་པའི་རྣམ་འགྱུར་མཛད། དྲུང་ནས་རིན་པོ་ཆེ་དང་ཆོས་མཛད་་བློ་གྲོས་པ་དཔོན་གཡོག་རྒྱང་ནས་འབྱོན་པ་གཟིགས་པས། ཨ་ལི་ངའི་རྒྱ་མཚོ་སླེབ་བྱུང་། བློ་གྲོས་པ་ཡང་བྱུང་གསུངས་ནས་ཞབས་བྲོ་མཛད། དེ་ནས་ཁོང་དཔོན་སློབ་དང་སྡེ་པ་མཆོད་ཡོན་གདན་འཛོམ་པའི་ཚེ། སྲས་གདན་འདྲེན་པར་བཏང་བས། ང་ཨ་བར་དུ་སོང་པས་ངོ་ཚ་གསུང་ཐུགས་འཚེར་བའི་རྣམ་པས་ཡོལ་བའི་ཕག་ནས་གབ་སྙུག་མཛད་ཅིང་བཞད། དེ་ནས་གསོལ་ཇ་དང་པོའི་ཐོག་ཏུ་བཞུགས་གདན་ལ་ཕེབས་པ་ན། དྲུང་ནས་རིན་པོ་ཆེས་ཐོག་མར་ཆོས་སྐྱོང་ཆེན་པོས་འབུལ་རྒྱུ་བསྐུར་བའི་ཁ་བཏགས་ཀྱིས་སྣ་དྲངས། དཔོན་སློབ་ཚང་མས་མཇལ་དར་རིམ་བཞིན་ཕུལ། དེར་ནམ་མཁའ་དག་པ་དང་། མེ་ཏོག་གི་ཆར། འཇའ་འོད་ཀྱི་གུར། དྲི་བཟང་པོའི་ངད་པ་ཐུལ་བ་སོགས་ངོ་མཚར་བའི་ལྟས་མཐའ་ཡས་པ་བྱུང་། རྗེ་གོང་མའི་ཐུགས་དམ་འབྲས་སྤུངས་རྗེ་བཙུན་སྒྲོལ་མ་དཀར་མོའི་སྐུ་ལི་མ་ཞིག་བསྣམས་ཡོད་འདུག་པ་དེ་མཆོད་གྲལ་དུ་བཞུགས་སུ་གསོལ་བས། གཟིགས་མ་ཐག་བཞེངས་ནས་དབུ་དང་ཐུགས་ཀ་སོགས་སུ་གཏུགས་ཏེ་གུས་པའི་རྣམ་འགྱུར་མཛད། ངའི་


GLG008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡིན་ཞེས་གསུངས་ནས་དེར་འཁོད་པ་ཀུན་ལ་བྱིན་རླབས་རེ་གནང་། རྗེ་གོང་མའི་ཧོར་ཤེལ་གྱི་ཕྱག་འཕྲེང་ཞིག་དྲུང་ནས་ཀྱི་ཕྱག་ན་ཡོད་པ་དེ་ལ་གཟིགས་ནས། འདི་ངའི་འཕྲེང་བ་ཡིན་འཕྲེང་ཐག་དེ་བརྗེ་དགོས་པ་ཡོད་གསུངས། ཕུལ་བར་མགུལ་དུ་བཞེས། ངའི་ཆོས་གོས། སྣམ་སྦྱར། པཎ་ཞྭ་རྣམས་གང་ན་ཡོད་གསུང་བ་སོགས་འཁྲུལ་པ་མེད་པའི་ཡིད་ཆེས་པ་བྱུང་། དཔོན་སློབ་གཉིས་ཀ་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ། སྔར་གྱི་མྱ་ངན་མཐའ་དག་སྦྲུལ་གྱི་ཤུན་ལྤགས་བརྗེས་པ་ལྟར་གྱུར་ནས། རབ་དགའི་ས་ལ་འགྲན་པའི་སྤྲོ་བ་རྒྱས་པར་གྱུར། དྲུང་ནས་དཔོན་སློབ་ཀྱིས་གསུང་གླིང་དང་བྱིན་རླབས་རྣམས་ཚིམ་པར་ཞུས་ཏེ་ཕྱིར་འབྱོན་པར་ཆས་པ་ན། ཁྱེད་ཚོ་འགྲོ་ན་ང་ཡང་འགྲོ་གསུངས་ནས་བཞུགས་གདན་ལས་བཞེངས་པ་དང་། དྲུང་ནས་རིན་པོ་ཆེས་ང་ལམ་འདི་ཁར་བཞུགས་པ་ཞུ། མི་འགྱངས་པར་འབྲས་སྤུངས་སྤྱི་སོའི་གདན་འདྲེན་དང་བཅས་ཏེ། དབུ་ཞྭ་སྐུ་ཆོས་སོགས་ཁྱེར་ནས་སྤྱན་འདྲེན་ལ་འོང་བ་ལགས་ཞུས་པས། འོ་ན་ནས་ཁྱེར་ཤོག་གསུངས་ཏེ། དྲུང་ནས་དཔོན་སློབ་ལ་བཀྲ་ཤིས་མངའ་གསོལ་གྱི་མེ་ཏོག་གི་ཆར་ཕབ། ཐག་རིང་པོའི་བར་དུ་སྤྱན་གྱིས་སྐྱེལ་བ་སོགས་དཔོན་སློབ་འབྲལ་མི་ཕོད་པ་ལྟར་དུ་གྱུར། དཔོན་སློབ་གསར་རྙིང་མཇལ་ཕྲད་མཛད་པ་ལ་འདི་བས་ངོ་མཚར་བ་སྔོན་ཆད་མ་བྱུང་ཞེས་གླེང་ངོ་། །དེ་ཡང་དྲུང་གནས་རིན་པོ་ཆེ་འདི་ནི་མཛད་པའི་བབས་གང་ལ་དཔགས་ཀྱང་སྐྱེས་བུ་དམ་པ་ཞིག་ཡིན་པར་ཤེས་ཤིང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་གདམས་སུ། ཁྱོད་ཀྱི་བླ་མ་སངས་རྒྱས་དངོས་སུ་མཐོང་། ཁ་ཞེས་མེད་པའི་དད་པ་བརྟན་པོ་ཡིས། །ང་ཡི་ཆོས་ཐུན་བསྒོ་


GLG008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངག་མ་གཅག །གང་གི་ཐད་དུའང་སེམས་ཀྱི་ཁྲེལ་བ་མེད། །ཅེས་བཀའ་སྩལ་བ་ལྟར་གྱི་འཕྲིན་ལས་ཀྱི་བྱེད་པོར་བྱིན་གྱིས་བརླབས་པའི་རྗེ་ཉིད་ཀྱི་སྤྲུལ་པར་ངེས་སོ། །དེ་ནས་ཕྱོགས་ཐམས་ཅད་དུ་ཁང་གསར་གྱི་སྡེ་པའི་སྲས་པོ་དེ། རྗེ་ཐམས་ཅད་མཁྱེན་པའི་སྐུའི་སྐྱེ་བ་ཡིན་པར་ཐེ་ཚོམ་མི་འདུག་གོ་ཞེས་སྙན་གྲགས་ཀྱིས་ཁྱབ་པར་བརྟེན། སྔོན་གྱི་བླ་མ་སློབ་དཔོན་གྲྭ་རིགས་སྦྱིན་བདག་སོགས་མཆོག་དམན་མཐའ་དག །ཞལ་མཇལ་བར་གནམ་སྔོན་བཞུན་མའི་མཚོ་ལ་ངང་པ་འདུ་བ་ལྟར་ཁང་གསར་གོང་དུ་འདུ་ལོང་རྒྱུན་ཆད་མེད་པར་བྱུང་བས། སྡེ་པ་ཡབ་ཡུམ་རྣམས་ཅུང་ཟད་ཐུགས་སུན་པའི་རྣམ་པ་མཛད་དེ། ཉིན་གཅིག་བེན་སེར་སློབ་དཔོན་རཏྣ་བ་དཔོན་སློབ་བྱུང་པར། ཡུམ་གྱིས་གཡའ་གཡའ། ཡང་ནི་མ་གི་ན་བླ་མའི་རྟ་པ་གཅིག་དང་དགེ་འདུན་མང་པོ་འབྱོན་གྱི་འདུག་གསུངས་པ་སྲས་ཀྱི་གསན་ཏོ། །ང་འདི་ན་ཡོད་ཙ་ན་དགེ་འདུན་རྣམས་ལོས་ཡོང་གསུངས་པས། ཡུམ་གྱིས་ཐུགས་བདེན་ཞུས་ནས། དེ་ཕྱིན་ཆད་ནས་ཡབ་ཡུམ་རྣམས་ཐུགས་སུན་སྣང་མི་མཛད་པར། མཇལ་མཁན་རྣམས་མཇལ་བ་དོན་དང་ལྡན་པར་གྱུར་ཏོ། །ཁམས་པའི་གྲྭ་པ་འགའ་ཞིག་གིས། དྲེའུ། ཇ་སེར་ནས་གོས་ཆེན་སོགས་ཕུལ་ནས་དཔལ་ལྡན་ལྷ་མོའི་རྗེས་གནང་ཞུས་པས། གཏོར་མ་སོ་སོའི་མགོ་བོར་བཞག་སྟེ་བྷྱོ་རཀ་མོ་ཚར་གསུམ་གྱིས་བྱིན་རླབས་མཛད་པས་དགའ་ཞིང་མགུ་བར་གྱུར། ཁམས་པ་དེ་ཚོའི་ཉེ་བ་ཚེ་འདས་ཚོའི་མིང་ནས་སྨོས་ཏེ་བསྔོ་བ་ཞུས་པས། བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །མྱུར་དུ་འཚང་རྒྱ་བར་གྱུར་ཅིག །གསུངས། ཡང་གསོན་པོ་རྣམས་ཀྱི་མིང་ནས་སྨོས་ཏེ། ནད་མེད་པར་གྱུར་ཅིག །ཚེ་རིང་བར་གྱུར་ཅིག །གསུངས་པས། དགུང་ལོ་གསུམ་པའི་བསྔོ་བ་


GLG008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཆེ་ཞེས་ཀུན་ངོ་མཚར་དུ་འཛིན། རྗེ་གོང་མའི་དུས་ཀྱི་ཡི་དམ་ཆོས་སྐྱོང་གི་གཏོར་ཆོག་བསྐང་བཤགས་སོགས་འབད་མེད་དུ་མཁྱེན་ཅིང་། ཐུགས་དམ་བསྐང་གསོ་ལ་གཙོ་བོར་མཛད་ཅིང་སྐུ་རིམ་པ་རྣམས་ཀྱི་གྲལ་དབུ་ལ་ཕལ་ཆེར་བཞུགས་པས། མཐའ་དག་ཀྱང་མ་ཡེངས་པར་ཐུགས་དམ་ཤུགས་དྲག་ཏུ་བྱེད་དགོས་པ་ཞིག་ཡོད་འདུག་ཅིང་། ཡར་ངོའི་ཚེས་གསུམ་ཞིག་གི་ཉིན། ཕྱག་སིལ་དཀྲོལ་ཞིང་ཐུགས་དམ་མཛད་འཕྲོ་ལ། རྗེ་རིན་པོ་ཆེ་བྱོན་བྱུང་ཇ་ཕུད་མགྱོགས་པར་ཁྱེར་ཤོག་གསུངས་ཤིང་། ཕྱག་སིལ་གཉིས་སྦྱར་ནས། ད་ལྟ་འདིའི་ནང་ན་བཞུགས་ཡོད་ཅེས་ཅུང་ཟད་ཁ་ཕྱེ་ནས་གཟིགས་ཡང་ཁ་སྦྱར་ནས་ན་བཟའི་ཕུགས་སུ་བཅུག་གཅེས་གཅེས་མཛད། རྡོ་རྗེ་གྲགས་མོ་རྒྱལ་ཡང་བྱུང་། ད་དུང་ཇ་ཕུད་ཁྱེར་ཤོག །རྣམ་སྲས་ཀྱང་བྱུང་། ནས་ཕུན་ཁྱེར་ཤོག་གསུངས། ནས་དཀར་མོ་ལི་སྡེར་གང་ཕུལ་བས། རྟེན་གསུམ་དང་། མཆོད་གཏོར་སོགས་ལ་ཕྱག་ནས་འཐོར་བ་མཛད་། དེ་ཟད་པ་དང་། ད་དུང་ལོང་ཤོག་གསུངས་ནས་ཟད་རིམ་གྱིས་ཕུལ་བས། གཟིམས་ཆུང་དེའི་མདོ་ཕུགས་ཀུན་ཏུ་ཕྱག་ནས་ཀྱི་ཆར་ཆེན་པོ་ཡུན་རིང་དུ་འབེབས་པར་མཛད་དོ། །དེ་ནས་ཉི་མ་ཕྱི་དྲོར་སོང་ཙ་ན་གྲགས་མོ་རྒྱལ་ཀྱི་འཁོར་ད་དུང་བསྡད་འདུག་གསུངས། དཔལ་ལྡན་ལྷ་མོའི་བྲིས་སྐུ་ཞིག་གི་དབུའི་ཐད་ཀྱི་བར་སྣང་ལ་ནས་འབྲུ་ཞིག་རྟེན་མེད་དུ་ཆགས། མདའ་དར་ཞིག་གི་སྣེ་ལ་ནས་འབྲུ་གསུམ་བརྩེགས་སུ་ཆགས། དགེ་སློང་རྡོ་རྗེ་འཛིན་པ་བཤེས་གཉེན་བཀྲ་ཤིས་པས་མར་མེ་ཆུང་ངུ་ཞིག་དྲུང་དུ་ཕུལ་བ། ཉིན་ཞག་གཉིས་ཀྱི་བར་དུ་བཟུང་། ཉིན་གཅིག་གུང་བསངས་ལ། ཝ་ཀྱ་ཁ་ཀྱ་གསུངས་པ་སྐུ་འཁྲིས་སུ་ཡོད་པ་རྣམས་ཀྱིས་མ་གོ་


GLG008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། ཕྱག་གཉིས་སྙན་གྱི་ཐད་ཀར་གདེངས་པ་བོང་བུའི་རྣ་བ་ལྟར་མཛད། ལྗགས་རྐན་སྒྲ་ཏོག་པ་དང་བཅས་པས་ཨོཾ་ཝཱཀྱེ་དི་ན་མཿ གསུང་བས། སྔགས་སྔ་མ་དེ་འཇམ་དཔལ་གྱི་སྔགས་ཡིན་འདུག་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་དེ་དྲན་ནས་ལུང་ཞུས་སོ། །སྐབས་འགར་སྐུ་དྲང་པོར་བསྲངས་ཕྱག་མཉམ་བཞག་མཛད་དེ་རྒྱལ་བ་ཚེ་དཔག་མེད་ཡིན་གསུང་བ་དང་། ཡང་ཕྱག་གཡས་སྡིགས་མཛུབ་ནམ་མཁའ་ལ་གཏད་སྤྱན་ཧུ་རེ་གཟིགས་ནས། པདྨ་འབྱུང་གནས་སྡེ་བརྒྱད་འདུལ་བ་ཡིན་གསུངས་ཇོ་བོ་རྗེ་གང་དུ་བཞུགས་ཞུས་པས། དབུ་གཙུག་ཏུ་ཕྱག་མཛུབ་གཏད་དོ། །འབྲོམ་གང་དུ་བཞུགས་ཞུས་ན་ཤངས་ལ་ཕྱག་སོར་གྱིས་རེག སྤྱན་མཇུག་གཉིས་ཕྱག་སོར་གྱིས་ཅུང་ཟད་མནན་ལ་ང་བླ་མ་ཞང་དུ་གྱུར་པའི་ཚེ་འདི་འདྲ་ཞིག་ཡོད་གསུངས། འཁོར་རྣམས་ཀྱིས་བལྟས་ཚེ་མར་པ་ལྷས་སྐལ་གྱི་སྐུ་འདྲ་ཤིན་ཏུ་འདྲ་བ་ཞིག་བྱུང་འདུག །སྐབས་འགར་ཇོ་མཇལ་ལ་འགྲོ་བ་ཡིན་གསུང་བར། མ་མས་ལྷ་ས་ཐུགས་རྒྱུད་མེད་དམ་ཞུས་པས། ང་རང་སྲོང་བཙན་སྒམ་པོ་བྱེད་དུས་རྒྱབ་པ་ཡིན་གསུངས། གཞན་ཡང་རང་གཞན་གྱི་འཁྲུངས་རབས་དང་སྐྱེས་རབས་སྣ་ཚོགས་གསུང་བ་སོགས་བརྗོད་ཀྱིས་མི་ལང་ཞིང་། ཉིན་གཅིག་ཐུགས་དམ་གྲལ་དབུར་བཞུགས་པའི་ཚེ། ན་བཟའ་བངས་པ་ཙམ་གྱི་སྤྱན་འཆབ་བསིལ་བ་ལ། འཁོར་རྣམས་ཀྱིས་ངེས་ཚོས་ཐུགས་དང་འགལ་བ་ནི་མ་ཞུས་ཅི་ཡིན་ཞུས་པར། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མཐོང་ཙ་ན་མཆི་མ་འཆོར་བར་འདུག །ང་ཡིས་ཨ་མའི་ཁོག་པ་ནས་ཁྱེད་ཚོ་ཅི་བྱེད་མཐོང་གསུངས། ཐེངས་གཅིག་མ་མ་ལ་སྔར་གཏད་པའི་གུ་གུལ་དེ་ཁྱེར་ཤོག་གསུངས། མ་མས་དེ་འདྲ་མེད་ཞུས་པས། ཁ་


GLG008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སིང་ཙ་ན་ངས་ལག་པ་བརྒྱབ་ལ་བཏང་ནས་ཁྱོད་ལ་གཏད་པ་དེ་གར་སོང་གསུངས་པས་དྲན་ཏེ་བཙལ་ནས་ཕུལ་པས། ལེགས་བྱུང་ང་ལ་བརྗེད་པ་ཡོང་མ་མྱོང་གསུངས་ཏེ། དེ་ཡང་། བསྙེལ་བ་མི་མངའ་བའི་དྲན་པ་ཡང་དག་གི་ཡེ་ཤེས་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མཐར་ཕྱིན་པའི་སངས་རྒྱས་ཉག་གཅིག་གིས་ཁྱད་པར་དུ་འཕགས་ཆོས་ཡིན་པར་མདོ་རྒྱུད་དུ་མ་ལས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། གསང་སྔགས་ཆེན་པོ་རྗེས་སུ་འཛིན་པའི་གཟུངས་ལས། བདེན་པ་དང་བདེན་པའི་ཚིག་དག་གིས། འཇིག་རྟེན་དུ་སེམས་ཅན་བརྗེད་ངས་མེད་པའི་ཆོས་ཅན་བྱུང་བ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་ཡང་དག་པས་སྨྲ་བས་སྨྲ་བ་ནི། དུས་སུ་ཡང་དག་པས་སྨྲ་བས་སྨྲ་བ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །ཉིན་གཅིག་ནམ་མཁའ་ལ་སྤྲིན་ཆེན་པོ་འཁྲིགས་ཤིང་རླུང་འཚུབ་པ་སོགས་ཀྱིས་སྐུ་བསིལ་བའི་རྣམ་པ་བྱུང་ནས། རབ་གསལ་གྱི་ཕྱི་ལོགས་སུ། ཕྱག་ཤིང་གི་ཕྲེད་གདང་ལ་བཀབ་ནས་གསུང་སྙན་པོས་མགུར་མང་དུ་ཐེན་པ་གནང་བ། ཅི་གསུང་སྐུ་འཁོར་བ་ཞིག་གིས་དྲིས་པས། དགའ་ལྡན་ཕོ་བྲང་དེ་ཡིན་ན་དགའ་བ་ལ་ཨ། གསུང་རབ་རྒྱ་མཚོ་དེ་བྱུང་ན་སྐྱིད་པ་ལ་ཨ། །གཏུམ་མོའི་བདེ་དྲོད་ཅིག་འབར་ན་སྤྲོ་བ་ལ་ཨ། མེ་སྒོང་དྲོན་པོ་ཞིག་ཡོད་ན་མཁོ་བ་ལ་ཨ། བྱས་པ་ཡིན། སྔོན་མ་ཚོ་བློ་ལ་མ་ཟིན་བརྗེད་འདུག་གསུངས། དེ་ནས་གཟིམས་ཆུང་དུ་མེ་སྐོང་བཏང་སྟེ་གདན་དྲངས་པས་མཉེས་མཉེས་མཛད། དཔལ་ལྡན་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། སྐུ་མདོག་དམར་མོ། ཕྱག་དང་པོ་གཉིས་ཀྱིས་ཉི་ཟླ་འཛིན་ཅིང་། འོག་མ་གཉིས་ཐལ་མོ་རྡེབ་པ་འཁོར་མང་པོས་བསྐོར་བ་ཞིག་གཟིགས། སྐབས་ཤིག་བསྐང་


GLG008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གསོའི་ཚེ་གཞན་རྣམས་དང་མི་བསྟུན་པར་ཕྱག་སིལ་དང་ཕྱག་རྔ་དྲག་ཏུ་བརྡུངས་ཤིང་། ཆོ་ག་ཐུན་མོང་མ་ཡིན་པ་མང་པོ་ཞིག་སཾ་སྐྲྀ་ཏའི་སྐད་དུ་གསུངས། དེའི་མཐར་བོད་སྐད་དུ། སྲིད་གསུམ་བདག་མོ་ནམ་གྲུ་མ། ཁྱོད་ཀྱིས་འཕྲིན་ལས་དུས་ལ་བབ། །བསྟན་སྲུང་རྒྱ་མཚོ་ཁྱེད་རྣམས་ཀྱིས། །བདག་གིས་ལས་བཅོལ་འགྲུབ་པར་མཛོད། །འདིར་ནི་ཆོས་སྐྱོང་ཕྱག་བཞི་དྲུག་གུར་ཞལ་གྱི་སྣང་བའང་མང་པོ་འདུག་པ་ཨེ་མཐོང་། དཔལ་ལྡན་ལྷ་མོ་ནི་སྐུ་ཆུང་ཆུང་རང་ཞིག་མཛད་འདུག །ཅེས་སོགས་ཡ་མཚན་གྱི་གསུང་གླེང་མང་པོ་གནང་ངོ་། །ཤིང་མོ་སྦྲུལ་ལོའི་མཇུག་གི་དགུ་གཏོར་གྱི་ཉིན། ཐོ་རེངས་ཁ་ནས་ཉིན་ཧྲིལ་པོ་ཐུགས་དམ་དྲག་ཏུ་མཛད། དགོངས་མོ་གཏོར་ཟོར་རྣམས་གྲུབ་སྟེ་བསྐང་གསོ་བ་རྣམས་ཞབས་དྲུང་དུ་སླེབས་པ་ན། དངོས་གྲུབ་ཞུ་བ། གཏང་རག །མངའ་གསོལ་ཤིས་བརྗོད། མཇུག་ཆོག་རྣམས་གྲུབ་ནས། ད་འཕྱར་དར་སོགས་སྡུད་དགོས་པ་རྣམས་བསྡུས་གསུངས། དཔོན་སློབ་རྣམས་དེར་གཟིགས་རྟོག་ལ་བྱོན་པ་ན། དེར་ཡབ་ཀྱིས་འཕྱར་དར་རྣམས་ཆོས་སྐྱོང་གང་གི་ཡིན་ཞེས་དྲི་བ་ཞུས་པར། རིམ་པ་བཞིན་དུ་འདི་ཆོས་སྐྱོང་འདི་དང་འདིའོ་ཞེས་ངོས་འཛིན་མཛད། ཞལ་བྲམ་གཟུགས་ཀྱི་འཕྱར་དར་ལ་ཞལ་བཞི་པའི་སྐུ་ཡིན་གསུངས་པས། ཡབ་ཀྱིས་ཞལ་གཅིག་ལས་མི་འདུག་པ་ཞུས་པར། དོན་ལ་ཁྱད་མེད་གསུངས་བེག་ཙེའི་འཕྱར་དར་ལ་གནོད་སྦྱིན་ཆེན་པོའི་སྐུ་ཡིན་གསུངས་པས། ཡབ་ཀྱིས་གནོད་སྦྱིན་ཆེན་པོ་ལ་རིགས་མང་ཞུས་པ་ན། གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན་ཡིན་གསུངས། མགོན་པོ་ཕྱག་དྲུག་པའི་འཕྱར་དར་ལ་རྟེན་བཤད་མི་མཛད་པར་ཐལ་ལེ་ཐེགས་པས། ཨ་བོ་ཆོས་རྗེས་འདི་ངོ་མ་མཁྱེན་པ་


GLG008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞུས་པས། ལོས་ཤེས་འདི་ངའི་སྐུ་ཡིན་མོད་གསུངས་པ་ལ། ཡབ་ཀྱིས་ཁྱེད་ལ་ཕྱག་དྲུག་བྱས་པའི་སྐུ་ཞེད་པོ་འདི་འདྲ་ཡོད་དམ་ཞུས་པས་ཡོད་ངེད་ལ་སྐབས་འགར་ལག་པ་སྟོང་ཡང་ཡོད་གསུངས་པར། འོ་ན་མཚན་ལ་ཇི་སྐད་ཟེར་ཞུས་པར། ཤཱི་མ་ཧཱ་ཀཱ་ལ་ཡང་ཟེར། རེས་འགའ་བླ་མ་དགེ་འདུན་རྒྱ་མཚོ་ཡང་ཟེར་གྱི་འདུག །གཞན་མིང་མང་གསུང་། དེ་ནས་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་གསར་ཆེན་མོའི་དུས། རྗེ་གོང་མའི་ཕྱག་ལེན་ལྟར། དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་དམག་ཟོར་རྒྱལ་མོའི་མཆོད་གཏོར་བཟང་ཞིང་གྱ་ནོམ་པ་དག་ལེགས་པར་བཤམས་ཏེ། གནམ་གང་གི་དགོངས་མོ་གཏོར་མ་བྱིན་བརླབ་དང་ཚེས་གཅིག་གི་རྒྱུ་སྐར་ལྷ་མཚམས་ཤར་བ་དང་མཉམ་དུ་ཐུགས་དམ་ཚུགས་ཏེ། ཉི་ཤར་ལ་ཡང་ཐོག་ཏུ་ཕེབས་ནས་གཏོར་སྐྱོང་རྟེན་འབུལ་སོགས་རྒྱས་པར་གནང་། དེའི་ཚེ་མདུན་གྱི་བར་སྣང་ལ་དཔལ་ལྡན་ལྷ་མོ་དངོས་སུ་བྱོན་པ་སོགས་ངོ་མཚར་བའི་གཟིགས་སྣང་དཔག་ཏུ་མེད་པ་བྱུང་ངོ་། །དེ་ཡང་དུས་གཏོར་གལ་ཆེ་བ་རྣམས་ཀྱི་དུས། སྐུ་འཁྲིས་ཀྱི་གཡོན་དུ་ཕྱག་རྒྱ་འཛིན་མཁན་དེ་བཞག །སྐུ་པང་དུ་སིལ་སྙན་གཅིག་ཁ་བསྒྱེལ། ཕྱག་གཡས་ཌཱ་མ་རུ་དང་རྔ་གཡོག་ལྷན་ཅིག་ཏུ་བཟུང་བ་ལ་སིལ་སྙན་གྱི་ལུང་ཐག་བརྒྱུས་གཡོན་དྲིལ་བུ་བཟུང་སྟེ། རོལ་མོ་རྣམས་དུས་གཅིག་ཏུ་དཀྲོལ་བ་ལ་འགྲིག་ཅིང་བྱིན་ཆགས་པ་གཞན་དག་གིས་ཤེས་པར་དཀའ་བ་མཁྱེན་ནོ། །ཐེངས་གཅིག་བཞུགས་ཁྲི་མཐོན་པོའི་སྟེང་ནས་དེ་ལྟར་གནང་བའི་ཚེ་ཕྱག་མཚན་མང་བའི་སྟབས་ཀྱིས་ཌཱ་མ་རུ་ལྷུང་ཡང་གས་ཆག་མ་བྱུང་བ་སོགས་གྲུབ་རྟགས་མང་དུ་བསྟན། ཉིན་གཅིག་དབུ་ལ་སྣུམ་སྦྲན་ཏེ་དབུ་སྐྲའི་


GLG008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་རྣམས་མགུལ་གོང་དུ་བཅུག་པས། དབུའི་གྲིབ་མ་དབུ་ཟླུམ་གྱི་རྣམ་པ་ལྟ་བུ་ཞིག་བྱུང་ལ་མཉེས་ཏེ། ཨ་ལི་བླ་མ་དགེ་འདུན་རྒྱ་མཚོའི་དབུ་ལོ་ཞུས་འདུག་གསུངས། དཔལ་ལྡན་ལྷ་མོ་ཆིབས་པ་དང་བཅས་ཏེ་བྱོན་བྱུང་འབྲས་སྤུངས་པ་རྣམས་དེ་རིང་འོང་བ་ཡོད་གསུང་བ་ལྟར་ཆོས་གྲྭ་ཆེན་པོའི་སློབ་དཔོན་རྣམས་བྱོན་པའི་བཞུགས་གྲལ་དང་པོ་གྲོལ་གཉིས་པ་མ་བསྒྲིགས་པའི་བར་དེར། བློ་གསལ་གླིང་གི་སློབ་དཔོན་ཆོས་རྗེ་ལེགས་དོན་པར་རྗེ་གོང་མས་གནང་བའི་ཞྭ་ཐུལ་ཞིག་ཡོད་པ་དེ་གདན་ཁར་བཞག་པའི་ཚེ། ཞྭ་ཐུལ་གྱི་གསེབ་ཏུ་ཞུགས་པ་ལ་སློབ་དཔོན་པས་དེར་བཞུགས་ན་གྲིབ་འོང་བས་ཚུར་ཕེབས་པ་ཞུ་ཞུས་པས། ངེད་རང་གི་ཡིན་གསུངས་ནས་ངོས་འཛིན་མཛད། ཡང་ཉིན་གཅིག་ངའི་གདན་དེ་དམས་འདུག་གསུངས་ནས་ས་གདན་གྱི་སྟེང་དུ་འབོལ་ཁ་གདན་སོགས་མང་དུ་བརྩེགས་ཀྱང་། ད་དུང་དམས་གསུངས་ནས་སྟག་སྒམ་ཆེ་བ་གཉིས་ཀྱི་སྟེང་དུ། བཞུགས་གདན་རྣམས་བརྩེགས་ཏེ། ཤིན་ཏུ་མཐོ་བར་བྱས་ནས་དེའི་སྟེང་དུ་བཞུགས་ཏེ། ཆོས་འཁོར་རྒྱལ་གྱི་ཁྲི་འདྲ་གསུངས། ཡབ་ཀྱིས། རྒྱལ་གྱི་དགོན་པ་དེ་འགངས་ཆེན་རང་ཞིག་ཡོད་སྐད་མི་འདུག །ཁྲི་ཅི་འདྲ་ཡོད་དམ་ཞུས་པར། ངའི་རྒྱལ་གྱི་བཀོད་པ་ཞིག་འདྲི་ཡི་གསུངས་ནས་གྱང་ལོགས་ལ་སོལ་རིས་ཀྱིས་རྒྱལ་རི་མཐིལ་ལུང་པའི་བཀོད་པ་སོགས་ལེགས་པར་འབྲི་བ་གནང་ནས། འདི་དང་འདི་ཞེས་བྱ་བ་ཡིན་ཞེས་ངོས་འཛིན་དང་བཤད་པ་མཛད། ཡང་ལོགས་ཤིག་ཏུ་དགོན་པ་ཆེན་པོ་ཞིག་འབྲི་བ་མཛད་ནས། དགོན་པ་གསར་དུ་འདེབས་ན་འདི་ལྟར་བྱེད་གསུངས། འོལ་ཁ་ནས་སྡེ་པའི་ཞུ་ཡིག་འབུལ་མཁན་བྱུང་ཚེ། ང་ལ་སྡེ་པས་ཤོག་གསུང་བ་ཡིན་ནམ། ཡི་གེ་


GLG008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཚུར་ཐོང་དང་གསུང་མཉེས་མཉེས་མཛད། ལ་ལ་དག་གི་ཞུ་ཡིག་ལ་གཟིགས་ནས། ཁོང་ང་ལ་དད་པ་ནི་མེད་ཅེས་གསུང་བ་ཡང་ཡོད་འདུག །སྡེ་པ་དཔོན་གཡོག་རྣམས་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་མ་གཏོགས་གཞན་མ་གང་ལ་ཡང་ངག་མི་སྟེར་བ་ཞིག་ཡོད་པར་དགོས་པའི་དབང་གིས་རྒྱལ་བ་བཙོང་ཁ་པའི་སྐུ་ཆེ་བའི་ཡོན་ཏན་མང་དུ་གསུངས་ཤིང་། དཔོན་གཡོག་ཐམས་ཅད་དམིགས་བརྩེ་མ་འདྲེན་པར་བསྐུལ་བ་སོགས་ཀྱི་སྒོ་ནས་ཕྱིས་སུ་ས་དགེ་གཉིས་ལ་ཁྱད་པར་མེད་པའི་དག་སྣང་མཛད་པ་བྱུང་། དེ་ཡང་རྗེ་བཙུན་བཙོང་ཁ་པ་དང་རྗེ་ས་པཎ་གཉིས་ལ་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་འགྲེལ་བར་མཁས་མི་མཁས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་སྐད་ཡབ་ཀྱི་དྲུང་དུ་གསུངས་ཤིང་། ཡབ་ཐེགས་པའི་ཤུལ་དུ་གཞན་རྣམས་ལ་ས་པཎ་དང་རྗེ་བཙུན་བཙོང་ཁ་པ་གཉིས་ཀ་འཇམ་དཔལ་དབྱངས་དངོས་ཡིན་པ་ལ་ཁྱད་པར་མེད་དོ་གསུང་། དེའི་ཚེ་གནས་བརྟན་བཤེས་གཉེན་བཀྲ་ཤིས་སོགས་ལ་ད་ནི་རང་ཅག་རྣམས་འབྲས་སྤུངས་སུ་འགྲོ་རན་འབོད་མི་ཡང་མྱུར་དུ་འོང་། རྔ་སིལ་འཕྱར་དར་སོགས་ཡོ་བྱད་རྣམས་ཀྱང་ཕར་སྐྱོལ་གསུང་བ་སོགས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལ་སྤྲོ་བ་ནི། རྒྱལ་བུ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་རྣམ་ཐར་བཞིན་ནོ། །རིང་ནས་མི་ཕྱེད་མཛའ་བས་འཁྱུད་པ་ཡིས། །འཕགས་མཆོག་དམ་པའི་སྤྱོད་ཚུལ་མཐའ་ཀླས་པ། །ཆེད་དུ་བསླབས་པ་མེད་པར་རང་བཞིན་གྱིས། །གྲུབ་པ་འདི་ཀོ་སྔོན་མེད་ངོ་མཚར་གནས། །རྟག་ཏུ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཏུ། །བཞུགས་ལ་ཞི་དང་ཁྲོ་བོའི་སྣང་བརྙན་དག །འཆར་དང་མི་འཆར་ཞེས་པའི་སྐབས་བྲལ་ཡང་། །ཐུན་


GLG008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན། །ཕྲ་ཞིང་བླང་དོར་འབྱེད་པའི་རྣམ་དཔྱོད་ཀྱིས། །སྒོམ་ཆེན་རྒན་པོའི་ཡོངས་འཛིན་རྒྱང་དུ་བསྲིངས། གསན་བསམ་མཛད་པར་འོས་ཀུན་ལྕགས་ཕྱེ་དང་། ཁབ་ལེན་རྡོ་བའི་སྣང་ཚུལ་ཇི་བཞིན་གྲུབ། །སྙན་གྲགས་མི་དབང་རྣ་ལུང་རྒྱན་གྱུར་པས། །ཕུན་ཚོགས་རྟེན་འབྲེལ་སྒོ་འཕར་བརྒྱ་ཕྲག་ཕྱེ། སྔོན་གནས་རྗེས་སུ་དྲན་པའི་སྣང་ཚུལ་གྱིས། །ཡིད་གཉིས་ཐེ་ཚོམ་དྲ་བ་མཐའ་དག་བཅད། དེ་ནས་དྲུང་ནས་རིན་པོ་ཆེ་དང་། སྤྱི་གཟིམས་མཁན་སློབ་ཐམས་ཅད་བཀའ་བགྲོས་ཏེ། བོད་ཤིང་སྒོ་བཙུགས་པའི་རྒྱལ་ཁབ་ཆེན་པོ། ཕོ་བྲང་སྣེའུ་གདོང་རྩེར། ས་གཞིའི་དབང་ཕྱུག་དཔལ་ལྡན་གོང་མ་ཆེན་པོ་ཞེས་གངས་ཅན་གྱི་སྐྱེ་རྒུ་མཐའ་དག་གི་བླ་དཔོན་ཟུང་དུ་འཇུག་པ། མགོན་སྐྱབས་དཔུང་གཉེན་དམ་པར་གྱུར་པ་དེ་ཉིད་ལ་བསླབ་སྟོན་ཞིབ་ཆར་ཞུས་ཏེ། མེ་རྟ་ནག་པ་ཟླ་བ་ཞེས། དཔལ་དུས་ཀྱི་འཁོར་ལོ་ལུགས་ཀྱི་ལོའི་ཐོག་མ། དཔྱིད་ཀྱི་དཔལ་མོའི་མངལ་ལས་རིང་དུ་བསྐྱངས་པའི། དབྱར་གྱི་དགའ་སྟོན་ངོམས་པ་ལ་རིང་དུ་ཕྱོགས་པའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ། རེས་གཟའ་ཕུར་བུ་ཟླ་སྐར་རྒྱལ་དང་འཛོམ་པའི་ཉིན། དབུ་སྐྲ་ལྕང་ལོ་དང་ལྡན་ཡང་། པཎ་ཞྭ་སྐུ་ཆོས་སོགས་རབ་ཏུ་བྱུང་བའི་རྟགས་དང་བཅས་ཏེ། རྟ་མཆོག་གཡུལ་རྒྱལ་ལ་དྲུང་ནས་རིན་པོ་ཆེ་ཆིབས་པའི་སྐུ་པང་དུ་འདེགས་པའི་ཚུལ་གྱིས་ཕེབས། རྩེ་ཁ་ནས་སྡེ་པ་རིན་པོ་ཆེ་དཔོན་གཡོག་རྣམས། རྩི་གོས་དང་བཙུགས་ཞྭ། ཤལ་དཀར་དམར་རྣ་ཆ་སོགས་རིན་ཅེན་རྒྱན་ཆ་དང་བཅས་པའི་སྐྱ་རགས། ཆོས་སྡེ་ཆེན་པོའི་མཁན་སློབ་སོགས་ངུར་སྨྲིག་གིས་རྒྱལ་མཚན་འཛིན་པ་རྣམས་ཀྱི་ཆིབས་བསུ་དང་བཅས། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཉེ་


GLG008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདབས་སུ་ཕེབས་པ་ན། དགེ་འདུན་གྲངས་མེད་པ་ཆོས་གོས་སྣམ་སྦྱར་གསོལ། ངུར་སྨྲིག་གི་རྟགས་ཀྱིས་མཛེས་པར་ཀླུབས་ཤིང་སྤོས་ཕོར་ཐོགས་པས་སྣ་དྲངས། གདུགས་རྒྱལ་མཚན། བ་དན། རྔ་ཡབ། སིལ་སྙན། རྔ། འཁར་རྔ། དུང་དཀར། ཟངས་དུང་། རག་དུང་། རྒྱ་གླིང་སོགས་ཀྱི་རོལ་མོ་དང་། གཞན་ཡང་མཆོད་རྫས་སྣ་ཚོགས་པ་ཐོགས་པའི་སེར་སྦྲེངས་ཀྱི་བཀོད་པས་མཛེས་ཤིང་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་རྣམས་ཀྱང་བསུ་བ་ལ་བྱོན་པ་ནམ་མཁའ་གང་བ་ལྟ་བུ་དང་། བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་པེ་དཀར་ཡང་སྐུ་ཁོག་ཏུ་ཞུགས་ཏེ་བསུ་བར་བྱོན། སྐྱེ་བོའི་ཁྲོམ་ཁྲི་ཕྲག་ཏུ་ཉེ་བས་ཞལ་མཇལ་བྱེད་པར་འོངས་པ་དང་། དར་འབག་ཕུ་མདའ་སོགས་ཡུལ་མི་མང་པོའི་སྐྱེས་པ་དང་བུད་མེད་རྣམས་རྒྱན་གོས་བཟང་པོས་སྤྲས་ཏེ་རྔ་ཤོན་བྲོ་གར་གླུ་གཞས་སོགས་རྩེད་སྣ་ཇི་སྙེད་པ་དང་། དགའ་ལྡན་ཆོས་ཀྱི་ཕོ་བྲང་གི་རྩེ་མོར་འཕན་གདུགས་རྒྱལ་མཚན་བསྒྲེངས་ཤིང་གཡས་གཡོན་དུ་བཀྲ་ཤིས་ཁྲ་རིང་དབང་པོའི་གཞུ་རིས་ལྟར་བརྐྱངས། དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར་སོགས་ལྷ་དང་མིའི་ངོ་མཚར་བའི་ལྟས་ཕུན་སུམ་ཚོགས་པ་དང་བཅས་ཏེ། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་དགའ་ལྡན་ཕོ་བྲང་གི་འཇིགས་པ་མེད་པའི་སེང་གེའི་ཁྲི་ཆེན་པོ་ལ་ཞབས་ཀྱི་པདྨོ་བཀོད་དོ། །ཐོག་མར་གཟིམས་ཆུང་ཉི་འོད་འཁྱིལ་པར་དབུས་སུ་སེང་གེའི་ཁྲི་གཉིས་བཤམས་པའི་གཡས་ལ་པཎ་ཆེན་བསོད་ནམས་གྲགས་པ་དང་། གཡོན་དུ་ཐམས་ཅད་མཁྱེན་


GLG008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་བཞུགས། གཡས་གྲལ་ལ་སློབ་དཔོན་རྣམ་པ་སོགས་དགེ་འདུན་པའི་རིགས་དང་། གཡོན་གྲལ་ལ་སྡེ་པ་ཡུམ་སྲས་སོགས་སྦྱིན་བདག་གི་ཚོགས་དང་། ཡར་ཁྱུའི་གྲལ་ལ་ཕྱོགས་ཀྱི་མི་སྣ་སོགས་གང་འོས་བསྒྲིགས། སློབ་དཔོན་རྣམས་ཀྱིས་རིག་ལུང་མཛད་པས། རྗེ་འདིས་ཐལ་སྐད་མཛད་ནས། ཤེས་བྱ་འདི་ལ་ང་མཁས་ཞེས་གསུངས། བཞུགས་གྲལ་གྲོལ་འཕྲལ་དུ་ངའི་དྲིལ་བུ་ཤིང་ཀུན་མ་དང་ར་ལོག་མ་དེ་ལོང་ཤོག་གསུངས། ཕུལ་བས་མཉེས་མཉེས་མཛད།དེ་ནས་སློབ་དཔོན་རིན་པོ་ཆེ་བསོད་ནམས་གྲགས་པའི་དྲུང་དུ། ཡོངས་སུ་རྫོགས་པ་དགེ་བསྙེན་གྱི་སྡོམ་པ་ཞེས་ཏེ། མཚན་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་བསྟན་པའི་ཉི་མ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གསོལ། ཚ་བ་ཆོས་རྗེ་མི་གཡོ་བས་སྐད་ཆ་གསན་པས་ལུང་བསྟན་དུ་དགེ་འདུན་གྱི་མིང་ཅན་གསུམ་བྱུང་བར་བཤད་པས། དགེ་འདུན་གྲགས་པ་བཞེས་འདོགས་དགོས་རྒྱུ་ཡིན་པ་ལ་ཁོའི་མིང་གི་ཟུར་དེ་རང་འཇགས་ན་མ་འཇགས་ཅི་ཡོད། ཅེས་བཀའ་བཀྱོན་པའི་རྣམ་པ་མཛད་སྐད། དེ་ནས་བཞུགས་གྲལ་ཆེན་མོ་བསྒྲིགས་ཐོག །ཐོག་མར་སྡེ་སྲིད་རིན་པོ་ཆེ་ནས་ལེགས་ཇའི་གནང་སྦྱིན་བཀའ་ཤོག་དང་བཅས་པ། དེ་ནས་ཆོས་སྡེའི་མཁན་སློབ། སྐུ་ཞང་ཆོས་ཀྱི་དབང་ཕྱུག །གཞན་ཡང་ཕྱོགས་མཐའ་གྲྭ་རིགས་སྦྱིན་བདག་མཆོག་དམན་ཀུན་གྱིས་འབུལ་བ་སོགས་དགའ་སྟོན་རྒྱ་ཆེན་པོ་བསྒྲུབས། །པཎ་ཆེན་རིན་པོ་ཆེ་གཟིམས་ཁང་གོང་དུ་ཐེགས་ཤིང་གྲལ་པ་རྣམས་སོ་སོར་གྱེས་པའི་བཞུགས་གྲལ་གྲོལ་ནས་གཟིམས་ཆུང་དུ་འགོལ་བཞུགས་སྐབས། ཡབ་ཡུམ་གཉིས་ཀྱིས། བསོད་གྲགས་


GLG008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དད་པ་ཨེ་སོང་ཞུས་པས། དེ་འདྲ་མ་ཟེར་ངེད་ཀྱི་བླ་མ་ཡིན་པས། ཆོས་ཀྱི་རྗེ་བསོད་ནམས་གྲགས་པའི་ཞལ་སྔ་ནས་ཟེར་བ་གྱིས་གསུངས་སྔར་གོང་མའི་སློབ་མ་ཡིན་པའི་ཆ་ནས། ཞེས་སོགས་ཆེར་མི་གནང་ཡང་། དགེ་བསྙེན་གྱི་སྡོམ་པ་བཞེས་པ་ཚུན་ནས། ཞེས་དང་གུས་པ་ཕུན་སུམ་ཚོགས་པ་མཛད། དེའི་ཉིན་ཧྲིལ་པོར་འཇའ་འོད་ཀྱི་གུར་དང་དྲི་བཟང་གིས་ཀུན་ཏུ་ཁྱབ་ཅིང་། བརྒྱད་མཆོད་ཆེན་མོ་དང་འགྲིག་པའི་དགེ་འདུན་གྱི་བསྙེན་བཀུར། འབྱུང་པོའི་གཏོར་མ། ངན་སློང་ལ་སྦྱིན་པ་སོགས་དང་མཚན་མོ་མར་མེའི་འཕྲེང་བ་རྒྱུ་སྐར་ས་ལ་བབས་པ་ལྟ་བུ་རྟེན་འབྲེལ་མཐའ་ཡས་པ་འགྲིག་གོ །མ་ཅིག་འདོད་ཁམས་དབང་ཕྱུག་མ་ཞབས་ཐང་གི་ཚུལ་དུ་ཕེབས་ཏེ། སྨྱུ་གུ་རིང་ཐུང་གཉིས་ཕྱག་ཏུ་ཕུལ་བྱུང་བ། ཆོས་སྲུང་མང་པོའི་སྐུ་བརྙན་འབྲི་དགོས་པར་དགོངས་ཏེ་ཞལ་བཀོད་གནང་། ཁྱད་པར་དཔལ་ལྡན་ལྷ་མོའི་འཕྱར་དར་ཞིག་ཐོག་མར་འབྲི་བཅུག་པར། ཚེས་བཅོ་ལྔའི་དུས་གཏོར་གྱི་སྤྱན་འདྲེན་སྐབས་སྤྱན་ལམ་དུ་ཕབ་པས་ཤིན་ཏུ་དགྱེས་ཏེ། གུང་བསངས་ཞིག་ལ་ཕྱག་མང་དུ་འཚལ་བ་གནང་ཞིང་། དྲུང་དུ་འཁོད་པ་ཀུན་ལ་ཡང་ཕྱག་བརྒྱ་རྩ་རེ་ཚོལ་ཞེས་ཕེབས་སྒོ་གནང་། །བཀའ་ལས། སྔར་སོར་སྤྱན་འདྲེན་གྱི་དུས་སུ་དཔལ་ལྡན་ལྷ་མོ་སྐུ་ཚད་ཤིན་ཏུ་ཆེ་བ་མཐིང་ནག་ཞལ་གཅིག་ཕྱག་བརྒྱད་པ། དང་པོ་གཉིས་ན་བེ་ཅོན་དང་ཐོད་ཁྲག །གཉིས་པ་གཉིས་ན་སིལ་སྙན། གསུམ་པ་གཉིས་ན་ལྕགས་ཀྱུ་དང་ལྕགས་སྒྲོག །བཞི་པ་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞིག་བྱོན་ནས་ཆིབས་ཀྱི་དྲེའུ་དེ་བཞག །བྲིས་ཐང་དེ་ལ་ཐིམ་སོང་སིལ་སྙན་རྐྱང་པ་ཡང་ནམ་མཁར་མི་ཤོང་བ་


GLG008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འདུག་ཀྱང་། རང་རེའི་འཕྱར་དར་འདི་ལ་ཤོང་སོང་བས་འདི་དཔལ་ལྡན་ལྷ་མོ་དངོས་ཡིན་གསུངས། དེ་ནས་ཆོས་སྲུང་གཞན་རྣམས་ཀྱི་འཕྱར་དར་ལའང་རབ་གནས་གནང་བས་ཡེ་ཤེས་པ་རྣམས་ཐིམ་པ་དངོས་སུ་གཟིགས། ཡབ་ཡུམ་རྣམས་རང་གི་གཞིས་སུ་འབྱོན་ཁར། བཀའ་བསྒོ་ཞུས་པས། ས་སྐྱ་པའི་ཆོས་སྐྱོང་འདི་འོས་གསུང་མགོན་པོ་ཞལ་གྱི་བཀའ་བསྒོ་གནང་། ཆོས་སྐྱོང་ཁྱེད་རང་གི་རྗེས་ལ་བཞུད་སོང་། ཞེས་བཀའ་ཕེབས། ཕུན་ཚོགས་ལུགས་བརྒྱའི་འབྲས་བུ་མ་ལས་པ། །འཕྱུར་བུར་སྤུངས་པའི་ཁྲིམས་ལྡན་འདུས་པའི་གླིང་། །གྲུ་འཛིན་གཉིས་པའི་སྤོ་ན་སེང་གེའི་ཁྲིར། །ལག་ན་པདྨ་མི་ཡི་ཟོལ་གྱིས་འགྱིང་། །སྲོང་བཙན་རང་གི་ཁྲི་ལ་ཞབས་པད་ཟུང་། །བཀོད་པའི་ངོ་མཚར་རྒྱ་མཚོའི་དགའ་སྟོན་ལ། །ལྷ་མིའི་འབྱོར་པ་སྤེལ་བའི་སྙན་པའི་རྔ། །མཆོག་དམན་ཡོངས་ཀྱི་ཐོས་འཛིན་རྒྱན་དུ་སྒྲོག །དེ་སྐབས་མདོ་ཁམས་ཕྱོགས་ནས་འབུལ་དཔོན་ངག་དབང་བཀྲ་ཤིས་འབྱོར། རྟ། ཁྲབ། ཇ། དངུལ་ཟངས་སོགས་ཡུལ་ལུགས་དང་མཐུན་པའི་འབུལ་བ་རྒྱ་ཆེར་བསྒྲུབས། བོད་རྒྱལ་པོའི་གདུང་བརྒྱུད་དྲི་མ་མེད་པ་གུ་གེ་བདག་པོ་དཔོན་བློན་དང་། པཎ་ཆེན་ཤཱནྟི་པ་ནས་འབུལ་སྐྱེལ་བརྫངས་པ་འབྱོར། གསེར་སྲང་སྟོང་ལ་ཉེ་བ་སོགས་ཟང་ཟིང་གི་བདོག་པའི་སྐྱེས་མཐའ་ཡས་པ་ཕུལ། པཎ་ཆེན་ཤཱནྟི་པའི་འབུལ་སྐྱེལ་བས། འབྲས་སྤུངས་སུ་ཕེབས་པ་ཡན་གྱི་རྣམ་ཐར་རས་བྲིས་སུ་བྱས་ཏེ། མངའ་རིས་སུ་གདན་དྲངས། འདི་རྣམ་ཐར་ཞིང་བཀོད་ཞལ་བཀོད་གནང་བའི་ཐོག་མ་ཡིན། ཧོར་ཟླ་ལྔ་པའི་ནང་དུ་ཐན་པ་ཆེན་པོ་བྱུང་བས། གཟིམས་ཆུང་ལྕོག་ཏུ་མཆོད་རྫས་ཀྱི་མེ་ཏོག་རྣམས་


GLG008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་གཏོར་ཏེ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་འབུལ་ལོ་གསུངས། ཡོན་ཆབ་རྣམས་ཕན་ཚུན་དུ་གཏོར་བ་དང་ལྡུགས་པ་སོགས། གཟིམས་ཆུང་གི་ཕྱི་ནང་ཀུན་ཆལ་ཆིལ་དུ་མཛད་པས། དྲུང་ནས་ཀྱིས། རང་བཞིན་གྱི་རོལ་རྩེད་ཡིན་པར་མངོན་ནས་སྐུ་རྫི་རྣམས་ལ་ཡང་བཀའ་བཀྱོན་མཛད། ཞབས་དྲུང་ལ་ཡང་ཁྱེད་འགྲོ་བ་མཐའ་དག་གི་སྐྱབས་གནས་ཡིན་པ་ལ། འདི་ལྟར་བྱིས་པའི་རྩེད་མོ་མཛད་ན། གདུལ་བྱ་རྣམས་མི་བསླུའམ། ལྷག་པར་དཔོན་ས་གོང་མས་གནང་སྦྱིན་ལེགས་བྱ་སོགས་ཐུགས་མཐོང་ཚད་མེད་པ་མཛད་པ་ལ་འདི་ལྟར་སྙན་དུ་སོན་ན་རུང་ངམ། བསྟན་འགྲོ་ལ་དགོངས་ནས་ཐོས་བསམ་སྒོམ་པའི་ཚུལ་གནང་བར་ཞུ་ཞུས་པས། ཁྱོད་ཀྱིས་མིག་དམར་པོར་བལྟས་ཀྱང་ང་མི་བྲེད། ངའི་ཉེ་གནས་ཡིན་གསུངས་པར་འོ་ན་དཔོན་ས་གོང་མ་ལ་ཡང་མི་བྲེད་དམ་ཞུས་པས། ང་ནི་རྗེ་བཙུན་བཙོང་ཁ་པ་མ་གཏོགས་སུ་ལ་ཡང་མི་བྲེད་གསུངས་པས། སྙན་སྒྲོན་ཕུལ་པ་ལ་ཡེ་མི་གསན་ན། ཕྱག་གཡོག་མི་ནུས་པར་འདུག་པས་པཎ་ཆེན་བསོད་གྲགས་པས་ཀྱང་། རྒས་ཁར་སོ་ཡོད་པ་དགའ་བས། ངེད་ཀྱི་འདིར་ཤོག་གསུངས་བྱུང་བས་ང་ནི་གཟིམས་ཁང་གོང་དུ་འགྲོ། ནང་ཟན་ཕལ་ཆེར་ཡང་ངའི་རྗེས་སུ་འགྲོ་བས། དེ་ནས་ཇི་ལྟར་གནང་བལྟའོ་ཞུས་པར། དེ་ཁྱོད་རང་ལ་མི་དགའམ་གསུང་ཞལ་བསྒྱུར་ནས་བཞུགས་པས། ཕྱག་ཕུལ་ཏེ། བཀའ་བཞིན་བསྒྲུབ་པར་ཞུས་པ་ལ། འོ་ན་ཁྱོད་རང་ཡང་ཆུ་སྐྱོལ་གསུངས་ཏེ། ཕྱི་ནང་ཐམས་ཅད་ཆུས་ཁྱབ་པར་མཛད། རྟ་གཡུལ་རྒྱལ་ལོང་ཤོག་གསུངས། ཁྲིད་བྱུང་བ་དང་རྟ་སྒ་ཐོད། གསུང་རབ་པས་ཞོན་ལས་དབང་དུ་ཐོག་གསུངས་ནས་དཔོན་སློབ་རྒྱལ་


GLG008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་པའི་ཚུལ་གྱིས་ཆིབས་བཅགས་མཛད། ད་གསུང་རབ་པ་བབས་གསུངས་ནས་ཞབས་དྲུང་ཉིད་ཀྱིས་ཆིབས་ཁ་ཕར་བསྒྱུར་ཚུར་བསྒྱུར་ཁ་ཡར་མཛད། དེ་ནས་ཆར་བབ་པ་དང་ཆིབས་ལས་གཞོལ་ལོ། །དེའི་སྔོན་ཙམ་དུ་ནམ་མཁའ་ཤིན་ཏུ་གཡའ་དག་པར་ཡོད་པ་ལ། དེ་འཕྲལ་དུ་ཆུ་འཛིན་གྱི་ཚོགས་སྟུག་པོ་འཁྲིགས་ཏེ། དབྱར་རྔ་དལ་གྱིས་དགོད་པ་དང་བཅས། ཆར་གྱི་རྒྱུན་ཕྱོགས་ཀུན་ཏུ་ཁྱབ་པར་བབས། དེ་སྐབས་ཤིང་གི་སྡོང་པོའི་རྩེ་ན་དཔལ་ལྡན་ལྷ་མོ་བཞུགས་པ་གཟིགས། ཆར་ཆད་ནས་གཟིམས་ཆུང་ལྕོག་ཏུ་གན་རྐྱལ་མར་བཞུགས་ཏེ། ཤངས་ལ་མཛུབ་མོ་བཙུགས་ནས། ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད། གསུངས། དྲུང་ནས་ངེད་བདེ་ཡངས་སློབ་དཔོན་པ་གཉིས་ཀྱིས་རྒྱལ་པོ་དཀོན་ཅོག་འབངས་ཀྱི་གསུང་གླེང་མཛད་པས། རོ་སྟོད་གསེར་རོ་སྨད་གཡུ་སྐེད་པ་དུང་ལ་བྱས་པ་དེ་ཨེ་གསུངས། དྲུང་ནས་ཀྱི་འཁོར་རྣམས་ལ། ད་གི་དེ་ཚོ་ད་ལོའི་ཐན་པ་འདི་ལ་དགོངས་པར་འདུག །ད་ཕྱིན་ནས་བཀའ་ཐམས་ཅད་ཚུལ་བཞིན་དུ་སྒྲུབས་ཤིག་ཅེས་གདམས་སོ། །ཡང་ཕྱི་དྲོ་ཙ་ན་འབྲུག་གི་སྒྲ་ཆེན་པོ་བསྒྲགས་པས། ཨ་ཕྱི་གནམ་གྱི་གུང་རྒྱལ་མའི་རྔ་ཡིན་པ་འདུག །ཨ་ཕྱེ་གནམ་གྱི་གུང་རྒྱལ་མ་དེ་དཔལ་ལྡན་ལྷ་མོ་ཡིན་གསུངས། སང་ཉིན་རྒྱབ་རིའི་རྩེར་སྤྲིན་དཀར་པོ་ཆེ་བ་ཞིག་འདུག་པ་ལ་གཟིམས་ཆུང་གི་བྱང་ངོས་ཀྱི་དཀར་ཁུང་ནས། ནན་ཏར་གཟིགས་པས། དྲུང་དུ་འཁོད་པ་རྣམས་ཀྱིས་ཅི་འདུག་པ་ཡིན་ཞུས་པས། སྤྲིན་གྱི་གསེབ་ན་དཔལ་ལྡན་ལྷ་མོ་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ལ་སྐུ་ཚད་ཆུང་བ་མང་པོས་བསྐོར་འདུག་པ་ཐམས་ཅད་ཀྱང་དཀར་པོར་འདུག་གསུངས། ནུབ་གཅིག་གཟིམས་ཆུང་དུ་དྲུང་ནས་ལ། ཨ་མ་འོངས་པ་ཨེ་ཡིན་གསུངས་པས་


GLG008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཨ་མ་ཡིན་དོགས་མེད་ཡུམ་ཁང་གསར་གོང་ན་བཞུགས་པ་ལ་ཞུས་པས། དེ་ཡང་ཨ་མ་ཡིན་ཏེ། འཁོར་བར་འཁོར་ཙ་ན་ཁྱོད་ཀྱང་ངའི་ཨ་མ་ཡིན། ང་ཡང་ཁྱོད་ཀྱི་ཨ་མ་ཡིན། ང་ཨ་བར་དུ་སོང་ཙ་ན་ཁྱོད་རྒས་འདུག །དེ་ཡང་ཁྱོད་གཞོན་ནུར་གྱུར་པ་ན་ང་རྒས་ཡོང་སྟེ། ཁྱོད་ལ་བྱམས་པོ་བྱེད་དོ་གསུངས་པས། ཞུ་ལན་དུ། བཀའ་དྲིན་བསྐྱངས་ཚེ་ཕྱི་མར་ཡང་ཞབས་ཕྱིར་འོང་བ་མཛོད་ཅིག་ཞུས་པ་ན། ལོས་བྱེད་སྨོན་ལམ་རྣམ་པར་དག་པས་འཚམས་སྦྱར་ནས་རྗེས་སུ་འཛིན་ནོ་སོགས་དང་གཞན་ཡང་འདས་མ་འོངས་ཀྱི་གནས་ཚུལ་མང་དུ་གསུང་ངོ་། །ཞོགས་གཅིག་སྔ་བར་བཞེངས་ཏེ་ན་བཟའ་རྣམས་ཕྱིར་ཕུད། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཅས་ཏེ་བཞུགས་འདུག་པ། འདི་ལྟ་བུ་སྐུ་བསིལ་བ་ཨེ་ཡིན་ཞུས་པར། གྲང་པོ་མི་ཡོང་ལྷ་མོ་དབྱངས་ཅན་མས་བསླབས་བྱུང་། ད་ལྟ་ཡང་འདི་ཁར་བཞུགས་འདུག་གསུངས། ཉིན་གཅིག་མཆོད་པ་རྒྱ་ཆེན་པོ་བཤམས་པར་གནང་སྟེ། སློབ་དཔོན་པདྨ། མཁན་པོ་ཞི་བ་འཚོ། རྗེ་བླ་མ་སོགས་མང་དུ་ཞལ་གཟིགས་པ་ལ་མཆོད་བསྟོད་མཛད། མེ་ལུག་ལོ་གསར་སྲིད་གསུམ་བདག་མོའི་མཆོད་གཏོར་སོགས་གྲུབ་རྗེས། ཆོས་འཁོར་རྒྱལ་ནས་སྤྱི་ཚོགས་ཀྱི་གདན་འདྲེན་པ་འབྱོར། གཟིམས་དཔོན་རྒྱལ་དབང་པ་ཕྱག་ཕྱིར་འགྲོ་མི་དགོས་པའི་འདོད་སྦྱར་གྱི་དགོངས་པ་ཁྲོལ། ཞལ་གདམས་ཤིག་ཞུས་པས། དད་པ་དཀོན་ཅོག་གསུམ་ལ་གྱིས། །བྱམས་པ་སེམས་ཅན་རྣམས་ལ་སྒོམས། འཁོར་འདས་སྟོང་པའི་ངང་དུ་གཞོག །དེ་ལ་ཁྱོད་ཀྱི་ཆོས་སྐལ་གྱིས། །ཞེས་པ་གནང་། ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་འབྲས་སྤུངས་ནས་བཏེག་སྟེ་ཚལ་དུ་ཕེབས།ཡང་དགོན་རིན་པོ་ཆེ་དང་། རྒྱུད་པ་དཔོན་


GLG008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཀྱིས་གཙོས་པའི་ཚལ་གུང་གི་སྐྱ་སེར་རྣམས་ཀྱིས་བསུ་བ་དང་བསྙེན་བཀུར། ཁྱད་པར་ནང་སོ་དགའ་ལྡན་པ་དཔོན་གཡོག་གིས་བཀུར་སྟི་ཕུན་སུམ་ཚོགས་པ་བསྒྲུབས། མཆོད་ཁང་རྣམས་ཞིབ་མཇལ་དང་། མགོན་པོ་བྱ་རོག་གི་མཚན་ཅན་ལ་གཉེར་གཏད་གནང་། དེར་འཁོད་པའི་ཁྲོམ་མཐའ་ཡས་པ་ལ་བླ་མའི་རྣལ་འབྱོར་གྱིས་ཚིམ་པར་མཛད་དེ། རིམ་གྱིས་གསར་ལ་བརྒྱུད། བར་ནང་གི་རོང་དུ་ཕེབས་པ་ན། མི་དཀར་པོ་ཞིག་གིས་མཛོ་དཀར་མོ་དང་། ནག་པོ་ཞིག་གིས་མཛོ་ཁྲ་མོ་ལ་འོ་མ་བཞོས་ཏེ་ཞལ་སྐྱེམས་སུ་དྲངས་ཤིང་། གཡུ་ཆེན་པོ་ཞིག་ཕྱག་ཏུ་ཕུལ་བས། སྔོན་རྒྱལ་པོ་དད་པ་བརྟན་པར་གྱུར་དུས་ཀྱི་དུང་སྐྱོང་དང་། འཛིན་པ་ལག་མང་གཉིས་སུ་མཁྱེན། ལས་དག་པ་འགའ་ཞིག་གིས་མཛོ་མོ་གཉིས་མཐོང་བ་ཡང་བྱུང་འདུག །བཀའ་ལས། ལུང་པ་འདི་སྲིན་ཡུལ་གྱི་འཛིན་པ་ལག་མང་སྡོད་ས་དེ་འདྲ། མི་གཉིས་པོ་དེ་ཁོང་གཉིས་ཀྱི་སྤྲུལ་པར་འདུག །ང་སྲིན་ཡུལ་དུ་འགྲོ་དུས་དད་པ་བརྟན་པ་ཟེར་བ་ཡིན། ཞེས་སོགས་དགེ་བཤེས་ལེགས་བཤད་པ་དང་། གནས་བརྟན་རྭ་སྒྲེང་པ་སོགས་ལ་མང་དུ་གསུངས་སོ། །ལམ་དོག་སར་ཕ་བོང་གུར་ཙམ་ཞིག་གི་སྟེང་ནས་ཆིབས་པ་གཡས་གཡོན་དུ་བཟློག་མ་བདེ་བར། ཐོག་ཚད་གཅིག་ཙམ་ན་མཆོངས་པས་སྐྱོན་དུ་མ་གྱུར་པ་ནི་ཆོས་སྲུང་གི་མཐུར་ཐུགས་ངེས་གནང་། རིམ་གྱིས་ཆོས་འཁོར་བསམ་ཡས་སུ་ཕེབས་པས། མདོ་སྡེ་མཆོད་པ་དང་འགྲིག་པས་སྐྱ་སེར་གྱི་ཁྲོམ་ཆེན་པོ་འདུས་ཤིང་། མཆོད་རྫས་སྣ་ཚོགས་ཐོགས་པས་སེར་སྦྲེངས་དང་། བསྟན་སྲུང་གནོད་སྦྱིན་ཆེན་པོ་སྐུ་ཁོག་ཏུ་ཞུགས་ཏེ་ཕྱིར་བྱོན་པ་སོགས་ལོ་དུས་ཀྱི་བསྒྲིགས་བཙུག་རྣམས་མཛད་པ་དེ། ད་ལམ་རྗེ་ཐམས་ཅད་མཁྱེན་པ་དཔོན་སློབ་ཕེབས་


GLG008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆེད་གཉེར་དུ་བྱས་འདྲ་བའི་རྟེན་འབྲེལ་མ་བསྒྲིགས་པར་ལྷུན་གྱིས་གྲུབ་བོ། དབུ་རྩེ་རིགས་གསུམ། གླིང་བཞི་གླིང་ཕྲན། ཇོ་མོ་གླིང་གསུམ་དང་བཅས་པ་ཞིབ་ཏུ་མཇལ་ཞིང་སྨོན་ལམ་དང་། བསྟན་སྲུང་སྤྲུལ་པའི་རྒྱལ་པོ་ལ་འཕྲིན་ལས་བཅོལ་བ་གནང་། དབུ་རྩེ་རིགས་གསུམ་ལ་ཞིབ་ཏུ་གཟིགས་ཏེ། འདི་དག་ལ་དཀའ་ལས་ཆེན་པོ་བྱས། བོད་ལ་ང་དང་། ཨྱོན་པདྨ་གཉིས་དྲིན་ཆེ་བར་ཡོད་གསུངས། དེ་ནི། མངའ་བདག་ཁྲི་སྲོང་ལྡེའུ་བཙན་དུ་ཞལ་གྱིས་བཞེས་པའོ། །རིམ་གྱིས་ཚོང་འདུས་བྲག་ཁར་ཕེབས། རྩེས་ཐང་སོགས་ཡར་འོན་གྱི་སྐྱ་སེར་གྲངས་མེད་པ་འདུས་པ་ལ་ཐུགས་རྗེ་ཆེན་པོའི་བཟླས་ལུང་དང་། གྲྭ་རིགས་སྦྱིན་བདག་རྙིང་པ་རྣམས་ལ་ངོས་འཛིན། ཕྱག་དབང་། ཕྱག་ནས། བདོག་པའི་སྐྱེས་སོགས་ལུགས་གཉིས་ཀྱི་སྒོ་ནས་ཚིམ་པར་མཛད། མཁར་ལྟག་ལ་བརྒྱུད། ཚེས་བཅུ་དགུ་ལ་སྡེ་པ་འོལ་ཁ་ནས་ཡབ་སྲས་དང་། རྫིང་ཕྱི་མཁན་པོ་སོགས་འོལ་ཁའི་དགོན་པ་ཁག་རྣམས་དང་བཅས་པའི་སྐྱ་སེར་གྱིས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་འོལ་ཁ་རྩེར་ཕེབས། དུས་སྟོན་གྱི་ཚེ་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་དང་། ཆོས་རྗེ་དགེ་འདུན་ལྷུན་གྲུབ་གཉིས་ཀྱིས་བགྲོ་གླེང་བྱས་པས་ཐུགས་དགྱེས་དགྱེས་གནང་། སྐྱ་སེར་གྱི་ཚོགས་ལ་བླ་མའི་རྣལ་འབྱོར་དང་། ཁྲོམ་ལ་ཞལ་མཇལ། ཕྱག་ནས་སོགས་མཛད། གནས་བཅུའི་ཞལ་ཐང་ལ་མེ་ཏོག་གཏོར་བས་ནམ་མཁའ་ལ་ཡུན་རིང་དུ་ཆས། དེའི་ཚེའི་བདག་ཅག་གི་སྟོན་པ་ཞལ་གཟིགས་ཤིང་། མེ་ཏོག་གི་ཆར་ཆེན་པོ་ཡང་བབ། ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་དཔའ་བོ་མཁའ་འགྲོ་མཐའ་དག་འདུ་བའི་བསྟི་གནས་ཆོས་འཁོར་རྒྱལ་དུ་ཕེབས། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་འདུན་རྣམས་


GLG008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསུ་བའི་བཀོད་པ་ངོ་མཚར་བ་བྱས། མཆོད་ཁང་རྣམས་ཞིབ་པར་མཇལ། བྱམས་མགོན་གྱི་དྲུང་དུ་ཕྱག་མཆོད་སྨོན་ལམ་གནང་ཞིང་སྤྱན་ཆབ་གསིལ་བས། དེར་འཁོད་པ་ཐམས་ཅད་དད་པ་དང་། སྐྱོ་བ་དང་སྤྲོ་བ་རྣམས་ཅིག་ཅར་དུ་བྱུང་། གསོལ་བ་བཏབ་པ་ལ་མ་ལྟོས་པར་གསོལ་འདེབས་རྒྱལ་མདུན་མ་དང་། རབ་འབྱམས་རྒྱལ་བ་མ་གཉིས་ཀྱི་ལུང་གནང་། མགོན་ཁང་དུ་གཏོར་གསོས། སྤྱན་གཟིགས། འཕྲིན་ལས་འཆོལ་བ་རྒྱས་པར་གནང་། ཉང་ལོང་ཨེ་དྭགས་ཀོང་པོ་སོགས་ཁྲོམ་ཆེ་བར་འདུས་པ་ལ་བླ་མའི་རྣལ་འབྱོར་དང་ཡི་གེ་དྲུག་པའི་བཟླས་ལུང་གནང་། ཕྱག་མཚན་གནམ་ལྕགས་ཀྱི་རལ་གྲི་ལ་གཟིགས་རྟོག་གནང་བའི་ཚེ་ལྡེ་མིག་ནོར་ནས་གཞན་ཞིག་ཕུལ་བས། དེ་མ་ཡིན་པ་གཞན་འདི་འདྲ་ཞིག་ཡོད་ཅེས་གསུངས། དེ་སྐབས་ཆབ་མདོ་ནས་མཁས་བཙུན་ཐུབ་པའི་དབང་ཕྱུག་དོན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་འཕགས་སྡེ་ལོ་ཙཱ་བ་རྗེ་དྲུང་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་ཀྱིས། གསེར་གྱི་བླ་བྲེ་ལ་དཀྱིལ་འཁོར་སྒོ་རྫོགས་ཀྱི་རི་མོ་ཡོད་པ། ལྷ་རྣམས་དངུལ་གར་བླུགས་ལས་གྲུབ་པའི་བདེ་མཆོག་དྲུག་ཅུ་རྩ་གཉིས་པ། དེ་མཚུངས་ཚེ་དཔག་མེད་ལྷ་དགུ །ཀྱཻ་རྡོར་ལྷ་དགུ་ཡོད་པའི་བླ་བྲེ། གཞན་ཡང་གོས་ཆེན་གྱི་བླ་བྲེ། འཕན། རོལ་ཆ་སོགས་མཆོད་རྫས། མགོན་ཁང་དུ་གོ་མཚོན། སྙན་དར་གྱི་རིགས། མཆོག་གི་སྤྲུལ་སྐུ་ཕེབས་པའི་ལེགས་བྱ། བརྒྱ་འབུལ། ཚོགས་སུ་མང་ཇ་འགྱེད་སོགས་བསྒྲུབ་པར་དཔོན་གཉེར་ཆོས་གྲགས། བླ་མ་གྲགས་པ། གུང་རུ་དབྱངས་དཔོན་པ་ཀུན་དགའ་རྣམས་འབྱོར། ཇ་གྲལ་གྱི་སར། བཀའ་ལས། དབྱངས་དཔོན་པ་འབྱོར་པ་ལེགས། སྔར་གྱི་དབྱངས་སྙན་པོ་དེ་གྱིས་དང་གསུངས་པར། གཤིན་རྗེ་རླུང་


GLG008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མ་ལ་དབྱངས་ཤིག་ཕུལ་བས། དེ་ག་ཡིན། ངས་ཀྱང་བྱེད་གསུངས་ནས་ཤིན་ཏུ་སྙན་ཞིང་བརྗིད་པ་ཞིག་མཛད། ཡང་མགོན་ཁང་དུ་ཕེབས་པ་ཞིག་ལ། ཞམ་འབྲིང་པས་དེ་སྔ་མགོན་ཁང་དུ་ཕེབས་ཨེ་མྱོང་ཞུས་པས་ངེད་རང་རྒྱུས་ཆེ་གསུངས། ཧོར་ཟླ་བདུན་པའི་ཚེས་བདུན་གྱི་ཐོ་རེངས། འབྲོམ་ཆོས་ཀྱི་རྒྱལ་པོ་ལ། བཀའ་གདམས་ཀྱི་དགེ་བཤེས་མང་པོས་བསྐོར་བ་གཟིགས་པས། གཟིམས་དཔོན་དཔལ་ལྡན་གྲགས་ལ་མཆོད་པ་ཤོམས་ཤིག་ཅེས་བཀའ་སྩལ། ནུབ་ཅིག་མནལ་ལམ་ངོ་མཚར་བར་བྱུང་བ་ནི། རྗེ་དེ་ཉིད་ཀྱི་ཞལ་ནས། རྨི་ལམ་ངོ་མཚར་བ་ཞིག་ལ། ང་གཟིམས་ཆུང་དུ་འདུག་པའི་མདུན་དུ། དགེ་བཤེས་ལེགས་བཤད་བྱུང་ནས། ཐོག་ཏུ་ཕེབས་དང་གཟིགས་མོ་འདུག་ཟེར། ཁོ་དང་མཉམ་དུ་ཐོག་ཁར་ཕྱིན་ནས་བལྟས་པས། མེ་ཏོག་ཐང་གི་ས་གྲུ་གསུམ་དེའི་དཀྱིལ་ན། ལྕགས་ཁང་སྒོ་མེད་པ་ཆེན་པོ་ཕྱི་ཐམས་ཅད་མེ་འབར་བ། མེའི་སྲུབས་ལ་ལ་ན་ལྕགས་ཁང་གི་ལོགས་སྔོ་སྡིང་སྡིང་མཐོང་བ། ངོས་གཅིག་ལ་ཕུག་པ་མགོ་ཤོང་བ་ཙམ་ཞིག་ཡོད་པ་ཞིག་འདུག །དེའི་ནང་ནས་མི་ནག་པོ་ཆེན་པོ་ཞིག་འཐོན་བྱུང་བས་དེ་ན་རེ། འདིར་བྱོན་དང་ཟེར། ངས་དགེ་བཤེས་ལ་མཉམ་དུ་འགྲོ་བྱས་ཕྱིན་པས། ལྕགས་ཁང་དེའི་ནང་ན་རོ་ཆེན་པོ་ཁང་པ་ཙམ་ཞིག་འདུག །དེའི་གཡས་ངོས་ན་ཁྲག་དམར་པོ་དང་། གཡོན་ན་ཁྲག་ནག་པོ་འཛག་ཅིང་འདུག །དེའི་སྟེང་ན་མ་ཧཱེ་ནག་པོ་ཤིན་ཏུ་ཁྲོས་པའི་མགོ་མདུན་དུ་བཀུག་ཅིང་། མིག་ཕྱིར་བལྟ་བ་ཞིག་འདུག་པས། ཞེད་པའི་སྣང་བ་ཡང་ཅུང་ཟད་བྱུང་། དེ་ནས་གཤིན་དང་བནྡྷེ་དེ་གནས་ཆུང་ཆོས་རྒྱལ་ཡིན་གསུངས། དེ་ལས་ཟླ་བ་གཅིག་ལྷག་ཙམ་སོང་བའི་ཚེ་


GLG008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མནལ་ལམ་དུ་ང་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཀླུ་སྡིངས་སུ་འདུག་པས་དེར་གསུང་རབ་པ་བྱུང་ནས། ཕྱི་འདི་ན་སྔར་མེད་པའི་དུར་ཁྲོད་ཅིག་འདུག་པས། ལེགས་ཉེས་ཇི་ལྟར་ཡིན་ལགས་ཞེས་འདྲི་བར་བྱུང་བས། ངས་མ་བལྟས་པར་མི་ཤེས་ལྟ་རུ་འགྲོ་བྱས་ཁོ་དང་མཉམ་དུ་ཕྱིན་པ་ན། མཚོ་ནག་པོ་ཆེན་པོ་ཞིག་འདུག་པ་དེ་མི་གསུམ་ཙམ་གྱི་དཔངས་སུ་འབར་ཞིང་འཁྲུག་པ། དེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་དམར་པོ་ཞིག་འདུག །དེ་ནས་མི་ཨ་ཙ་རའི་རྣམ་པ་ཅན་ཡིན་པ་ལ། །སྨ་ར་དཀར་པོ་སྐེད་པར་སླེབས་པ། འཇིགས་སུ་རུང་བ་ཞིག་བྱུང་བས།དེས་ངའི་ལག་པ་ནས་འཐེན་ཏེ། འདིར་ཤོག་ཟེར་བས། ངས་གསུང་རབ་པའི་ལག་པ་ནས་འཐེན་ཏེ། ཆོས་འབྱུང་གི་ནང་དུ་ཁྲིད་ནས་ཕྱིན། དེ་ནས་བལྟས་ཙ་ན་ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བ་ཞིག་འདུག་དེ་ནས་ཨ་ཙ་ར་ཆུང་བ་ཞིག་བྱུང་ནས། རྒན་པ་དེ་ལ་ལག་གཡུབ་ཅིག་བྱས་བྱུང་བས་ཁོ་ལངས་སོང་། གསུང་རབ་པ་ན་རེ། ངས་ཕ་གིར་མི་བཞིན་བྱུང་ན་གཞི་ལེན་བྱེད་ཀྱི་ཟེར་ནས་ལངས་སོང་། དེ་རྗེས་སྔར་གྱི་ཨ་ཙ་ར་དེ་བྱུང་ནས། ང་ལ་ཆོ་འཕྲུལ་ཆེན་པོ་སྟོན་རྒྱུ་ཡོད། དེ་ནས་ཨ་ཙ་ར་ཆུང་བ་དེས་ཨ་རག་ཡིན་ཟེར་བའི་མདོག་དམར་སེར་ཅན་ཞིག་དྲངས་བྱུང་བས་ཕོར་བ་དོ་བཏུང་ཙམ་ན་ཨ་ཙ་ར་གཞན་དེ་བྱུང་ནས་བུམ་པ་གཅིག་གི་ནང་ནས་སྔར་བཞིན་དྲངས་བྱུང་བུམ་པ་དེ་སུའི་ཡིན་བྱས་པས། འདི་ལ་ཞལ་བཞི་པ་ཟེར་པའི་ཆོས་སྐྱོང་ཞིག་ཡོད་པ་དེས་ཁྱོད་ལ་དྲོངས་ཟེར་བྱུང་བས་འོངས་པ་ཡིན་ཟེར། དེ་ནས་དེའི་ནང་ནས་ཞལ་བཞི་པ་ཡིན་ཟེར་བའི་མི་ནག་པོ་གདོང་པ་བཞི་ཡོད་པ་འདྲ་བ་ཞིག་བྱུང་ནས་ང་ལ་འདི་སྐད་ཅེས། ཁྱོད་ཀྱིས་ང་ལ་བསྐུལ་དགོས་པ་ཡོང་བ་ཡོད་ཁྱེད་


GLG008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་དུ་ང་ཡང་བདེ་བ་ཅན་དུ་འགྲོ། །ཟེར་བ་རྨིས་ཏེ་ཡིད་བརྟན་འོང་བ་དཀའ། འོན་ཀྱང་དེའི་སང་ཉིན། གྲུབ་ཐོབ་པ་ཟེར་པ་ཞིག་གིས། ཞལ་བཞི་པའི་སྒྲུབ་ཐབས་ཤིག་ཕུལ་བྱུང་གསུང་། ཡང་ནུབ་གཅིག་མནལ་ལམ་དུ། བུད་མེད་སྔོན་མོ་རྒྱན་གོས་བཟང་པོ་ཡོད་པ་ཧོར་མོ་འདྲ་བ་ཞིག་གི་མཆེ་བ་ལས་འོད་ཟེར་འཕྲོས། རྒྱལ་ཁམས་ཐམས་ཅད་གང་སྟེ་ནོར་བུ་མང་པོ་དང་ལྷན་ཅིག་ཏུ་འདུས་ནས་རྗེ་ཉིད་ཀྱི་ཚེམས་ལ་ཐིམ། དེ་ལས་འོད་འཕྲོས་ནས་རྒྱལ་གྱི་ལུང་པ་གང་། དེ་ནས་རྗེ་ཉིད་ཀྱི་འཕྲིན་ལས་དང་། རྒྱལ་དུ་ལྷུན་གྲུབ་དགའ་བའི་ཚལ་འདེབས་པའི་ལྟས་སོ། །རྒྱལ་རི་མཐིལ་གྱི་གཞི་པ་བླ་མ་ལ་ཆོས་རྗེ་དགེ་འདུན་ལྷུན་གྲུབ་བཀས་ལེགས་པར་བསྐོས། ཧོར་ཟླ་བཅུ་པའི་གཟའ་ཚེས་བཟང་བ་ལ་བྱམས་ཁང་གི་གཙུག་ལག་ཁང་གི་སྟེང་དུ། གཙང་ཁང་རྙིང་པའི་རྒྱ་ཁྱོན་དང་བསྟུན་པའི། གསེར་ཐོག་གིས་བཟོ་ཐབ་འཛུགས་པ་གནང་། འབྲས་སྤུངས་ནས་གདན་འདྲེན་པ་བྱུང་བ་ལ་བརྟེན། བཟོ་དཔོན། བཟོ་བོ་རྣམས་ལ་བསླབ་སྟོན་གྱིས་ཁྱབ་པ་གནང་སྟེ། ཡར་ཀླུངས་བྱང་ཁ་བརྒྱུད། འབྲས་སྤུངས་སུ་ཕེབས། འདི་དུས་ཕྱག་རྗེས་ཞབས་རྗེས་གནང་བའི་ཐོག་མ་ཡིན། དེ་དཔོན་གཉེར་ཆོས་གྲགས་ཀྱིས་རྗེ་དྲུང་དགེ་འདུན་བཀྲ་ཤིས་གྱི་དད་རྟེན་ལ་ཁྱེར། ས་སྤྲེལ་ལོའི་དུས་རིམ་ལོ་གསར་སོགས་རྒྱས་པར་མཛད། ནག་པ་ཟླ་བའི་ནང་དུ་ར་ས་འཕྲུལ་སྣང་དུ་ཕེབས། ཇོ་ཤཱག་གིས་གཙོས་པའི་རྟེན་གསུམ་རྣམས་ལ་གསེར་ཆབ། དཀར་མེ། ལྷ་བཤོས། སྙན་དར་སོགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ། བསྟོད་ཕྱག་མང་དུ་མཛད་ཅིང་སྨོན་ལམ་རྒྱ་ཆེན་པོ་འདེབས་པ་གནང་། ཇོ་བོ་རིན་པོ་ཆེ་སྐུ་གཞོན་དུ་སོང་འདུག་གསུང་། དེར་འཁོད་


GLG008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་ཇོ་བོའི་སྐུ་མདུན་དུ་བླ་མའི་རྣལ་འབྱོར་ཞིག་གནང་། བཞུགས་མཚེར་དུ་ཕེབས་པ་ན་གནས་ཆེན་རྣམས་ཀྱིས་གསོལ་བ་བཏབ་སྟེ། ཁྲོམ་ཁྲི་ཕྲག་བརྒལ་བ་ལ་ཡི་གེ་དྲུག་པའི་བཟླས་ལུང་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གནང་། ཇོ་བོ་མི་བསྐྱོད་རྡོ་རྗེ་མཇལ་བར་ཕེབས་སྐབས། ལྷ་ས་དང་ར་མོ་ཆེའི་བར་གྱི་ས་ཐམས་ཅད་ཁྱབ་པའི་ཁྲོམ་གྱིས་གང་སྟེ་ཀུན་ཀྱང་དད་པའི་ས་ལ་བཀོད། འདི་ཇོ་མཇལ་གྱི་ཐོག་མ་ཡིན། སླར་འབྲས་སྤུངས་སུ་ཕེབས། གསོལ་ཇ་ཐུམ་ཆུང་གི་རྟེན་དང་བཅས་པའི་ཡུམ་ལ་བཀའ་ཤོག་ཅིག་གནང་བར། སྐུ་འཁོར་པ་ཞིག་གིས་རྟེན་འདི་ཅུང་ཟད་ཆུང་བ་འདྲ་ཞུས་པར། འདི་ཁས་འོང་། རྒྱལ་གྱི་གསེར་ཐོག་མ་གྲུབ་རིང་། སྤྱན་ཕྲ་སེ་བ་བྱེད་དགོས་འདུག་གསུངས་དགོངས་པ་ཅན་གྱི་བཀའ་ཕེབས། ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་ཆིབས་ཁ་བསྒྱུར་ཏེ་བདེ་ཆེན། བྲག་ཁ་བེལ་ཁ་སོགས་བརྒྱུད། རྒྱལ་དུ་ཕེབས། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གསེར་ཐོག་ལ་རབ་ཏུ་གནས་པ་མཛད་པས་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་སོགས་ལྟས་ཡ་མཚན་པ་བྱུང་། ལྷ་མཆོད་མི་མཆོད་ཀྱི་དགའ་སྟོན་རྒྱས་པར་གནང་སྟེ་རིམ་གྱིས་འབྲས་སྤུངས་སུ་ཕེབས་སོ། །ན་ཚོད་ཆེས་ཕྲ་དབྱར་སྐྱེས་གཞོན་ནུ་ལ། །རྒན་པོའི་བློ་སྟོབས་འབྲས་བུའི་ཁུར་འཆང་བ། །སྔོན་མེད་ལྗོན་པའི་ཤིང་འདི་ཚངས་པ་ཡིས། །བརྒྱ་ཕྲག་ཐབས་ཀྱིས་གསར་དུ་བསྐྲུན་པར་ངེས། །མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ། །འགྲོ་བའི་མིག་གི་པད་དཀར་བཞད་པ་དང་། །ཚངས་གསུང་འབྲུག་སྒྲས་དང་བའི་ཆུ་གཏེར་ཀུན། །ལྷན་ཅིག་འཕེལ་བར་བྱས་འདི་ངོ་མཚར་གནས། །འཛམ་བུའི་གསེར་ཞུན་ས་ལ་འཁྱིལ་འདྲ་བའི། །གཙུག་ལག་ཁང་བཟང་མཛེས་པའི་རྒྱན་མཆོག་གིས། །རྣམ་


GLG008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བུ་ཡི་འབྱོར་པ་མ་ལུས་པ། །འཇིག་རྟེན་མེས་པོས་གཅིག་ཏུ་བསྡུས་པ་བཞིན། །ཞི་བ་ཞེས་པ་ས་མོ་བྱའི་ལོའི་དུས་རིམ་ལོ་གསར་སོགས་གྲུབ་ནས། གསན་བསམ་གྱི་རིམ་པ་ལ་བརྩོན་པར་བཞུགས་པ་ནས། ས་ག་ཟླ་བའི་དུས་པཎ་ཆེན་བསོད་ནམས་གྲགས་པས་མཁན་པོ། གསང་ཕུ་ཆོས་རྗེ་ལེགས་པ་དོན་གྲུབ་ཀྱིས་ལས་སློབ། ཤར་རྩེ་ལེགས་དོན་པས་དུས་སྒོ་བ་མཛད་དེ། དགེ་ཚུལ་གྱི་སྡོམ་པ་བཞེས། སྡོམ་བརྩོན་དམ་པའི་བརྟུལ་ཞུགས་ཡང་དག་པར་བཟུང་། པཎ་ཆེན་བསོད་ནམས་གྲགས་པའི་དྲུང་དུ། ཚེ་དབང་གྲུབ་རྒྱལ་མ། རྣམས་སྲས་གསེར་ཆེན། འདོད་ཁམས་དབང་ཕྱུག་དམག་ཟོར་མ། མཁས་གྲུབ་དཔལ་ལྡན་སེང་གེ་ལུགས་ཀྱི་དཔལ་མགོན་ཞལ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ་རྣམས་ཀྱི་རྗེས་གནང་གསན་། གླིང་སྟོད་ཆོས་རྗེ་ལེགས་དོན་པའི་དྲུང་དུ། འཇིགས་བྱེད་ཀྱི་སྔགས་བཏུ། བླ་མ་ལྔ་བཅུ་པའི་ཊཱིཀྐ། ལམ་རིམ་ཆེ་ཆུང་ལམ་སྒྲོན། བྱང་ཆུབ་གཞུང་ལམ། འདུལ་པའི་བསླབ་བྱ་ཆེ་ཆུང་། གཞི་གསུམ་ཆོ་ག །ལས་ཆོག །རྩ་འཇུག་གཉིས་དང་། དེའི་ཊཱིཀ་ཆེན། འགྲེལ་པ་དོན་གསལ། རྣམ་བཤད་སྙིང་རྒྱན། རྣམ་འགྲེལ། ཐར་ལམ་གསལ་བྱེད། མཛོད། མདོ་རྩ། དྲང་ངེས་རྣམ་འབྱེད། དཔེ་ཆོས། གསལ་སྒྲོན། གདན་རྫོགས། མཁས་གྲུབ་བཀའ་འབུམ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་རྣམས་ཀྱི་ལུང་གསན། ཤར་རྩེ་ལེགས་དོན་པའི་དྲུང་དུ་པད་དཀར། སྤྱན་རས་གཟིགས་ཕྱག་བཞི་པ། མགོན་པོ་སྙིང་ཞུགས། འཁོར་བརྒྱད་མ། རྟ་མགྲིན་གསང་སྒྲུབ། ལྕགས་རལ་ཅན། གུར་དྲག །ནཱ་ག་རག་ཤ། ཨུ་ཙཪྻ། ཕྱག་བཞི་པ་ཚལ་ལུགས། སྒྲོལ་དཀར། ཚེ་རིང་མཆེད་ལྔ་། ཡེ་ཤེས་ཁྱུང་ཁྲ། བེག་རྩེ། དམར་


GLG008_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྐོར་གསུམ། ཀུ་རུ་ཀུལླེ་གསང་སྒྲུབ། སྒྲོལ་མ་ཉི་ཤུ་རྩ་གཅིག །རྣམ་སྲས་རྟ་སྔོན་ཅན། བེ་ཅོན་ཅན། མདུང་དམར་ཅན། ཕྱག་མཚན་བཞི་པ། གར་མཁན་མཆོག །དྲག་བྱེད། དཀར་པོ་ཚེ་སྒྲུབ། ཤྲ་མ་ཎ། སེང་ལྡེང་ནགས་སྒྲོལ། སེང་གདོང་མ། རྨེ་བརྩེགས་རྣམས་ཀྱི་རྗེས་གནང་། འཇིགས་བྱེད་ཀྱི་སྔགས་བཏུ། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ལུང་། གསང་འདུས་འཇམ་རྡོར་དང་། འཇིག་རྟེན་དབང་ཕྱུག་གཉིས་ཀྱི་དབང་། བཀའ་གདམས་ཐིག་ལེ་བཅུ་དྲུག་དང་། གླེགས་བམ་གྱི་ལྗགས་ལུང་རྣམས་གསན་པའི་དོན་ཐམས་ཅད་ཐོས་བསམ་གྱིས་གཏན་ལ་འབེབས་པ་དང་ཉམས་བཞེས་མཛད། སྐྱོར་མོ་ཀླུང་དུ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེས་གདན་དྲངས། ཞལ་ངོ་རྣམས་ལ་ཚེ་རྟ་དང་། ཁྲོམ་དུ་དབང་སོགས་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། སླར་འབྲས་སྤུངས་སུ་ཕེབས། ཟླ་བ་དྲུག་པའི་ནང་དུ་བྱེ་རི་སྟག་རྩེར་གདན་དྲངས། ཁྲོམ་ཤིན་ཏུ་ཆེ་བ་ལ་ཞུ་ལན་ནོར་བུའི་འཕྲེང་བ་དང་། བླ་མའི་རྣལ་འབྱོར་གནང་། རིམ་གྱིས་མལ་འགྲོ་བརྒྱུད། མཁར་སྐྱ། རིན་ཅེན་གླིང་། རྫིང་ཕྱི་སོགས་སུ་སྐྱེ་བོའི་ཚོགས་ཇི་སྙེད་པ་ལ་ཐར་པའི་ས་བོན་བཞག་སྟེ། ཆོས་འཁོར་རྒྱལ་དུ་ཕེབས། ཚོགས་པ་ལ་གླེགས་བམ་རིན་པོ་ཆེའི་སྤྱི་ཆོས་དང་། སྒོས་ཆོས་སོགས་ཀྱིས་ཚིམ་པར་གནང་། ཆོས་སྲུང་མཆོད་པའི་ཆོ་ག་སོགས་རྒྱས་པར་མཛད། ཚུར་ལམ་འོལ་ཁ་བསམ་གཏན་གླིང་དུ་ཕེབས། རྒྱལ་བ་བཙོང་ཁ་པ་ཆེན་པོར་ངོ་མཚར་པའི་ལྟས་གཟིགས་སྣང་མང་དུ་གྲུབ་པའི་གཟིམས་ཕུག་མཇལ་བ་གནང་། དེར་རྫིང་ཕྱི་བའི་གདན་འདྲེན་སླེབ་སྟེ། འདོད་སྦྱར་གྱི་དགོན་པར་ཕེབས། སྐྱ་སེར་ཀྱི་ཁྲོམ་ཆེན་པོ་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས་འོལ་ཁ་རྩེར་ཕེབས། སྡེ་བ་ཡབ་སྲས་ལ་འདོད་


GLG008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཀའ་དབང་གི་རིམ་པ་དང་། སྐྱེ་བོའི་ཚོགས་ཇི་སྙེད་པ་ལ་ལེགས་བྱས་ཀྱི་ས་བོན་བསྐྲུན་ཏེ། རིམ་གྱིས་འབྲས་སྤུངས་སུ་ཕེབས། ཐུན་མོང་ཞེས་པ་ལྕགས་ཁྱིའི་ལོ་གསར་གྲུབ་ནས། དཔྱིད་ཀྱི་རིང་ཐོས་བསམ་སྒོམ་པ་དང་། གདུལ་བྱ་རྣམས་ཀྱི་རེ་བ་སྐོང་ཕྱིར་དུ་བཞུགས་པའི་ངང་ནས། དབྱར་སྟོན་སྒྲིལ་བའི་ཟླ་བ་དྲུག་གི་རིང་། དགོན་པ་རྩེ་མོར་སྐུ་མཚམས་ཤིན་ཏུ་དམ་པ་གནང་སྟེ། ཚེ་དཔག་མེད་ཀྱི་བསྙེན་པ་འབུམ་ཚོ་བཅུ་གསུམ་དང་། རྟ་མགྲིན་གྱི་བསྙེན་པ་འབུམ་ཚོ་ཉི་ཤུ་རྩ་གཅིག་གནང་བས། ཡི་དམ་གྱི་ལྷ་གཉིས་ཀ་དངོས་སུ་ཞལ་གཟིགས་ཤིང་གསུང་གི་གནང་བ་སྩལ། འགལ་བྱེད་ཅེས་པ་ལྕགས་ཕག་ཟླ་བ་ལྔ་པའི་ནང་དུ་རྒྱལ་དུ་ཆིབས་ཁ་བསྒྱུར། དེ་སྐབས་ཐན་པ་ཤིན་ཏུ་ཆེ་བ་ཞིག་བྱུང་བས། ལྷ་སར་ཕེབས་ཐོག་ཇོ་ཤཱཀ་སོགས་རྟེན་རྣམས་ལ་ཁྲུས་གསོལ་དང་། ཀླུ་ཁང་དུ་ཀླུ་དགའ་བར་བྱེད་པའི་ཁྲུས། དུང་སྐྱོང་མ་སོགས་སྲུང་མ་རྣམས་ལ་གཉེར་གཏད་གནང་བས། ཚ་བའི་འཇིགས་པ་ཐམས་ཅད་རྒྱང་དུ་བསྲིངས་ཏེ་ཆར་གྱི་རྒྱུན་ཕྱོགས་ཀུན་ཏུ་ཁྱབ་པས་རི་ཀླུང་ཐམས་ཅད་མརྒད་ཀྱི་གོས་གྱོན་པ་ལ་ཆས་སོ། དེ་ནས་རིམ་གྱིས་ཆོས་འཁོར་རྒྱལ་དུ་ཕེབས། གཞི་བྱེས་ཀྱི་དགེ་འདུན་རྒྱ་མཚོ་ལྟ་བུ་ལ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་གནང་། ཉིན་རེ་བཞིན་མེ་ཏོག་གི་ཆར་བབ། ཟླ་བ་བརྒྱད་པའི་ནང་དུ་འདོད་ཁམས་བདག་མོའི་བསྙེན་སྒྲུབ་མཛད་པས་མཚན་མ་ཁྱད་པར་ཅན་བརྙེས། ཟླ་བ་དགུ་པའི་ནང་དུ་འོལ་ཁ་རྩེར་ཕེབས། ཐུབ་པ་བདུད་འདུལ་གྱི་སྐུ་ཞིག་གསལ་བར་གཟིགས། མཆོག་དམན་མཐའ་དག་ཕན་བདེའི་ལམ་ལ་བཀོད། རིན་ཅེན་སྒང་དུ་སྐུ་འདྲ་རིན་པོ་ཆེ་མཇལ་ཞིང་སྨོན་ལམ་གནང་བས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་


GLG008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བྱུང་། འོད་གསལ་ལྷའི་གདུང་བརྒྱུད་ནང་སོ་རྒྱ་རི་བས་ཨེ་རིག་པའི་འབྱུང་གནས་ཀྱི་སའི་ཆ་རི་སྒོར་སྤྱན་དྲངས། སྡེ་པ་ཞལ་ངོ་ལ་འདོད་ཆོས་ཅི་རིགས་པ་དང་། ཁྲོམ་ཁྲི་ཕྲག་བརྒལ་བ་ལ་ཚེ་དབང་གནང་། འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་ཆེན་པོ་བབ། རིམ་གྱིས་ཁམས་སུ་ཕེབས། །དེར་ཁྲོམ་ལ་ཚེ་དབང་གནང་བས། ནམ་མཁའ་དྭངས་པ་ལ་འཇའ་ཚོན་དང་། མེ་ཏོག་གི་ཆར་ཆེན་པོ་བབ་པར་མ་གཅིག་ལབ་སྒྲོན་གྱི་ཆོ་འཕྲུལ་དུ་གླེང་། མཐོ་རིས་ཀྱི་ཡོན་ཏན་མཐའ་དག་གཅིག་ཏུ་འདུ་བ། སྨན་ལྗོངས་ནོར་འཛིན་གྱི་ལྟེ་བ་ཡར་ཀླུངས་ཀྱི་སའི་ཆ། ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་ཕེབས། ལྔ་མཆོད་ཆེན་མོའི་ཉིན། རྒྱལ་བ་བཙོང་ཁ་པ་ཆེན་པོ་དཀྱིལ་འཁོར་ཀུན་གྱི་གཙོ་བོར་སྤྱན་དྲངས་ཏེ། བླ་ན་མེད་པའི་མཆོད་པས་མཉེས་པར་མཛད། ཆགས་སུ་སྙིང་པོ་དོན་གསུམ་གྱི་བཀའ་ཆོས་དང་། བསྔོ་བ་སྨོན་ལམ་རྒྱས་པར་གནང་བས་ཀུན་དད་པའི་ས་ལ་བཀོད། སྡེ་སྲིད་རིན་པོ་ཆེའི་སྐུ་གཞོགས་སུ་བཀའ་ཤོག་འཕུལ་བ་དང་བཅས། དྲུང་ནས་གསུང་རབ་པས་བྱོན། སྐུ་ན་ཕྲ་བའི་སྟབས་ཀྱིས་སླར་རིམ་གྱིས་མཇལ་བ་སོགས་ཀྱི་སྙན་འབུལ་མཛད། སྡེ་སྲིད་ནས་ཀྱང་དགྱེས་པའི་བཀའ་ལན་དང་། ཇ་འདྲེན་རྒྱས་པར་གནང་། སྔོན་རང་ཉིད་སྲོང་བཙན་དུ་གྱུར་པའི་ཚེ་བཞེངས་པའི་ཁྲ་འབྲུག་གི་གཙུག་ལག་ཁང་མཇལ་བར་ཕེབས། མཆོད་པ་དང་སྨོན་ལམ་རྒྱས་པར་མཛད། རིམ་གྱིས་གསེར་ལ་བརྒྱུད། དགའ་ལྡན་ཕོ་བྲང་དུ་ཕེབས་སོ། །ཤེས་བྱ་ཐམས་ཅད་མཁྱེན་པའི་འབྲས་བུ་ལ། །ལོངས་སུ་སྤྱོད་པའི་མི་ཟད་གོ་འཕང་ཆེ། །རིང་ནས་མངོན་དུ་གྱུར་ཀྱང་ཐོས་པའི་ཚུལ། །མཛད་འདི་མ་དག་གདུལ་བྱར་དགོངས་ལགས་སམ། །མི་ཟད་དམ་པའི་ཆོས་ཀྱི་ཆར་ཆེན་པོ། །ཕྱོགས་མེད་ལུས་ཅན་ཡོངས་ལ་ཕབ་


GLG008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས། །ཕན་དང་བདེ་བའི་མེ་ཏོག་མནྡྷ་ར། གཟུར་གནས་ལུས་ཕྲའི་རྣ་བར་གཡུར་ཟ་ལྡེམ། །ཡོངས་འཛིན་ཞེས་པ་ཆུ་བོ་བྱི་བའི་ལོ་གསར་གྲུབ་རྗེས། ཆོས་ཀྱི་རྗེ་བསོད་ནམས་གྲགས་པས་ཟུར་བཞུགས་མཛད་པར་བཞེད་ནས། སྤྱི་གཟིམས་དྲུང་ནས་རིན་པོ་ཆེ་སོགས་བཀའ་བགྲོས་ཐོག་ནས། ཕོ་བྲང་སྣེའུ་གདོང་རྩེར། གདན་ས་བསྐོ་བཞག་གི་བསླབ་སྟོན་ཞིབ་ཆ་ཞུས་ཤིང་། གོང་ནས་ཀྱང་དགྱེས་བཞིན་དུ་ལེགས་སོ་དང་བཅས་པའིབཀའ་སྩལ་བྱུང་བར་བརྟེན་ནག་པ་ཟླ་བར་དཀར་ཕྱོགས་ཀྱི་ཚེས་བཅུ་བཞིའི་གཟའ་སྐར་འཕྲོད་སྦྱོར་བའི་ཐོག །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོའི་མཁན་པོའི་འཇིགས་མེད་ཆོས་ཀྱི་ཁྲི་ལ་ཞབས་སེན་འཁོད་དེ། སྡེ་སྲིད་རིན་པོ་ཆེ་ནས་བསྐོ་ཇའི་གནང་སྦྱིན། བཀའ་ཤོག་གི་ལུང་བསྒྲགས། གཞན་ཡང་སྐྱོར་མོ་ཀླུང་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་མིའི་དབང་པོ་བསོད་ནམས་གྲགས་པ་རྒྱལ་མཚན་དང་། ནང་སོ་རྒྱ་རི་བ་དང་དགའ་ལྡན་པ་དཔོན་བློན་གྱིས་ཐོག་དྲངས་སྐྱིད་ཤོད་ཡར་ཀླུངས་གཙང་སོགས་ནས་སྦྱིན་བདག་གྲྭ་རིགས་མཐའ་ཡས་པས་རང་རང་གི་འབྱོར་བ་དང་བསྟུན་པའི་འབུལ་བ་སོགས་དགའ་སྟོན་གྱི་དཔལ་འབྱོར་ཆར་དུ་བསྙིལ། མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་སོགས་འཆི་བ་མེད་པ་རྣམས་མཁའ་ལ་ལྷགས་ཏེ་མཆོད་པ་འབུལ་བའི་ལྟས་རྒྱ་ཆེན་པོ་བྱུང་། ཆོས་རྒྱལ་ཆེན་པོ་ལ་ང་དེར་དངོས་སུ་བྱོན་ཏེ་དགྱེས་པའི་རྣམ་འགྱུར་ཇི་སྙེད་ཅིག་མཛད་དོ། །དེ་ནས་རྗེ་བསོད་ནམས་གྲགས་པའི་དྲུང་དུ། རྒྱལ་བ་བཙོང་ཁ་པའི་གསུང་འབུམ་ཐོར་བུ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་པོ་ཏི་ལྔ་དང་སྐྱེས་རབས་སོ་བཞི་པའི་ལུང་། འཇིགས་བྱེད་ཀྱི་དབང་། སྒྲུབ་


GLG008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྒྱ་མཚོ། མགོན་དཀར་གྱི་རྗེས་གནང་རྣམས་གསན། རིགས་གྲྭ་དང་བྱམས་སྨོན་སོགས་ཀྱི་ཚོགས་དབུར་ཕེབས། བག་ཡོད་ཅེས་པ་ཆུ་གླང་གི་ལོ་གསར་གྲུབ་རྗེས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མུ་སྟེགས་རྣམས་བཏུལ་བའི་དུས་སྟོན། རྗེ་བཙུན་འཇམ་དཔལ་སྙིང་པོའི་མཛད་པ། སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས། །ཐོག་མར་ར་མོ་ཆེའི་སྨོན་ལམ། གོས་སྐུ་ཞལ་འབྱེད་དང་དགའ་ལྡན་ཁང་གསར་དུ་སྡེ་པ་དགའ་ལྡན་པས་བསྙེན་བཀུར་ཞུས། དེ་ནས་ལྷ་སར་སྔ་དྲོ་འཁྲུངས་རབས་སོ་བཞི་བའི་བཀའ་ཆོས། ཕྱི་དྲོ་སྨོན་ལམ་སོགས་ཕྱག་ལེན་གྱི་སྲོལ་མ་ཉམས་པར་གནང་བས་མཆོག་དམན་མཐའ་དག་དད་པའི་ས་ལ་བཀོད་། དེའི་ཚེ་ནམ་མཁའ་མཐའ་དག་ནི་དབང་པོའི་གཞུས་ལེགས་པར་དཀྲིགས་ཤིང་། ལྷ་རྣམས་ཀྱིས་མཆོད་པའི་རྫས་སུ་མནྡྷ་ར་བ་ཕྱོགས་ཀུན་ཏུ་འཐོར་རོ། །སླར་འབྲས་སྤུངས་སུ་ཕེབས་ཚོགས་སུ་བཀའ་ཆོས་དགོས་པའི་རྒྱུ་མཚན་ཕུལ་བར་བཀའ་ལས། ཁ་སང་ཁྲི་ཐོག་ཏུ་བསྐོས་པའི་ཉིན་འབུལ་སྣ་ལ་བྱུང་བའི་པོ་ཏི་དེ་ཅི་ཡིན་ལྟོས་དང་གསུངས། ལམ་རིམ་ཡིན་པ་འདུག་ཞུས་པས། དེ་ཁ་བྱས་ཆོག་གསུངས་ནས་ཚོགས་ཆེན་དུ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་གནང་། ལོ་དེ་ནང་དུ་སྡེ་གཟར་ཆེན་པོ་ལངས་ཏེ། གུང་ཐང་མེ་ཏོག་མཆོད་པ་ལྷ་སའི་སྨོན་ལམ་སོགས་བསྟན་པའི་བྱ་བ་ཆེན་པོ་རྣམས་རིམ་གྱིས་འགྱངས་པར་འགྱུར་བ་མཁྱེན་ནས། བསྟན་པ་སྤྱི་སྒོས་ཀྱི་སྐུ་རིམ་ལ་ཐུགས་བརྩོན་པ་གནང་། གོས་སྐུ་ཆེ་བ་ཞིག་བཞེང་བའི་དགོངས་པ་གཏད་དེ། ནང་སོ་ཚུལ་ཁྲིམས་རིན་ཅེན་འབུལ་དཔོན་ལ་མདོ་སྨད་དུ་རྫོང་སྟ་གནང་བའི་ཚེ་སྔོན་སངས་རྒྱས་ཀྱིས་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་དཔོན་ག་གོན་དང་བཟང་པོ་ལ་གནང་བ་ལྟར་བཀྲ་ཤིས་ཚིགས་སུ་བཅད་པའི་སྒོ་ནས་


GLG008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྒྲིག་པ་མཛད། ཆོས་ཀྱི་རྗེ་བསོད་ནམས་གྲགས་པའི་དྲུང་དུ། གསང་འདུས་མི་བསྐྱོད་པའི་དབང་། རིག་བྱེད་མའི་རྗེས་གནང་། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་། བེ་བུམ་སྔོན་པོ་རྩ་འགྲེལ། ཀརྨ་ཤ་ཏཾ། མེ་ཏོག་འཕྲེང་བརྒྱུད། དགའ་ལྡན་ཆོས་འབྱུང་། གནས་བཅུའི་སྒྲུབ་ཡིག་རྣམས་ཀྱི་ལུང་གསན། དོན་བདུན་ཅུའི་རྣམ་བཤད་ཅིག་བསྐུལ་བ་གནང་བར་བརྟེན། རྗེ་བསོད་གྲགས་པས་སྐལ་བཟང་ཐེམ་སྐས་ཞེས་བྱ་བ་ཞིག་མཛད་དེའི་བཤད་ལུང་ཕུལ། རིག་གྲྭའི་ཚོགས་དབུ་དང་། ཕྱོགས་འདུས་ཀྱི་དད་ལྡན་རྣམས་ལ་བཀའ་ཆོས། མཇལ་ཁ། རང་ཉིད་གསན་བསམ་མཛད་པ་སོགས་ཕན་ཚུན་འགྲན་བཞིན་པའི་ངང་ནས། བསོད་ནམས་ཀྱི་མཐུས་ས་ལ་སྤྱོད་པའི་མི་བདག་ནང་སོ་དགའ་ལྡན་པ་དོན་གྲུབ་རྒྱལ་པོ་དང་། དབྱངས་ཅན་ངག་གི་དབང་ཕྱུག་བཀྲ་ཤིས་རབ་བརྟན་མཆེད་ཀྱིས། གུང་ཐང་གི་རྟེན་བརྟེན་པ་ཞིག་གསོས་དང་གོས་སྐུ་གསར་བཞེངས་ཀྱི་རབ་གནས་ལ་གདན་དྲངས། ནམ་མཁའ་གཡའ་དག་པ་ལ་འཇའ་ཚོན་གྱིས་ཁེབས་པ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་བ་ནི། ཞང་བདེ་བའི་རྡོ་རྗེས་རང་ཉིད་ཀྱི་གནས་ལ་སླར་རང་ཉིད་ཀྱིས་རབ་གནས་མཛད་པའི་མཐུའོ། ། ཆོས་ཀྱི་འཁོར་ལོ་སྒྱུར་བའི་ཁྲི་ཆེན་པོར། །དབྱངས་ཅན་བཞད་པའི་རྡོ་རྗེ་དཔལ་བཟང་པོ། །སླར་ཡང་སྐལ་བཟང་གདུལ་བྱའི་དཔལ་ཡོན་དུ། །ཐུན་མཚམས་གསར་པའི་ཟོལ་གྱིས་འགྱིང་པ་ལ། །གསེར་མངལ་ཅན་དང་དབང་ཕྱུག་པད་དཀར་མིག །ལྷ་ཡི་བླ་མ་འཆི་མེད་བདག་པོ་སོགས། །སྙིམ་པས་སྣ་ཚོགས་མཆོད་པའི་བྱེ་བྲག་རྣམས། །ཐོགས་ཏེ་ནམ་མཁའི་ཁྱོན་ཀུན་དོག་པོར་བྱེད། །དེ་ནས་ཀུན་དགའ་ཞེས་པ་ཤིང་སྟག་གི་ལོ་གསར་གཏོར་ཆེན་སོགས་རྒྱས་པར་མཛད།


GLG008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ལོ་སྔ་མའི་ནང་དུ་ནང་སོ་དགའ་ལྡན་པས། སྐྱོར་མོ་ལུང་དུ་དཔུང་ཁྱེར་འཁྲིད་སོགས་ལ་བརྟེན། སྡེ་གཟར་གྱི་འཕྲོ་མ་རྫོགས་པའི་སྟབས་ཀྱིས། ལོ་འདིའི་སྨོན་ལམ་ཡང་རེ་ཞིག་འགྱངས་པ་ནས། མལ་གྲོ་བརྒྱུད། རྒྱལ་དུ་ཕེབས། བྱམས་ཁང་ཤོད་དུ་ཉེ་བའི་སྲས་བརྒྱད་བཞེངས་པ་ལ་རབ་གནས་དང་སྦྱིན་སྲེག་གནང་། དེ་སྐབས་ཁ་བ་ཆེན་པོ་ཞིག་བབས་པས་ཐུགས་དམ་བསྐང་གསོ་བ་རྣམས་གསེར་ཏོག་ཁང་བཟང་ན་བཞུགས་པ་ལ་ཁ་རེངས་སྐྱེལ་པ་གནང་བའི་གྲལ་དུ། དཔལ་འཇམ་དབྱངས་གཤིན་རྗེའི་གཤེད་པ་ཡི། །དོན་རྣལ་འབྱོར་ལྷུར་ལེན་ཐུགས་དམ་པ། ཁྱེད་དེར་བཞུགས་ཚོགས་པའི་རྣ་ལམ་དུ། །མགུར་ཉམས་དབྱངས་ཀྱི་གླུ་འདི་བགྱིད་པར་སྤྲོ། །དཔལ་ཆུ་སྐྱེས་མེ་ཏོག་བཀྲ་བའི་གནས། །རྗེ་བླ་མའི་བྱིན་རླབས་ཆགས་པའི་ས། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས། །དཔུང་མཁའ་ལ་སྤྲིན་བཞིན་འདུ་བའི་གནས། །ལར་ཁ་བ་ཉིན་ཞག་སྦྲེལ་ནས་བབ། །རི་མཐོན་པོའི་རྩེ་མོ་མཁའ་ལ་རེག །ལ་ལུང་རྣམས་ལྷ་ལུང་དཀར་པོ་བྱས། །དུས་དེ་ཚེ་ངེད་ཀྱིས་ཁ་རེངས་བསྐྱལ། །ད་དེ་ཡི་གདབ་ལན་རེ་ན་ཡང་། །ཇ་བཟང་པོ་ལན་གྲངས་མང་བར་དྲངས། །ད་དེ་བས་སྤྲོས་པ་ཨེ་ཡོད་ན། །ད་ཕྱིས་ནས་ཡི་གེ་བསྐུར་བ་ལ། ཁྱེད་མཁན་སློབ་བཀའ་གྲོས་ཐོན་པར་མཛོད། །ཡིག་ལན་ཞིག་བྱས་ན་མི་དྲག་གམ། །དེ་མགུར་མའི་ཚུལ་གྱི་ཉམས་འཚར་ཡིན། །ཞེས་ཕྱག་བྲིས་སུ་གནང་། དེ་ཡང་གོང་དུ་ཁ་རེངས་དང་བཀའ་ཤོག་སྐྱེལ་བར། དྲུང་ནས་ཀྱི་ཚ་བོ་བསོད་ནམས་དཔལ་འབྱོར་ལེགས་པ་བླ་བཏགས་སེར་ཆུང་ཟེར་བ་ཞིག་བཏང་བ། སྐུ་རིམ་པ་རྣམས་ཀྱིས་ཨེ་ཟིན་བལྟས་འདུག་པས། ཡང་འདི་སྐད་གནང་ངོ་། །ཐུགས་དམ་པ་རྣམས་ཀྱི་སྙན་དུ་ཕུལ་བ་མདངས་ད་ནང་


GLG008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སྤྲོ་བ་ནས། ངེད་ཀྱི་ཁ་རེངས་ཀྱི་ལན་ལ་སྤྱན་ཧུ་རེ་ཡོད་ལ་ཆེ། ཁ་སང་ཇ་འདེབས་བཟང་པོ་གཉིས་དྲངས་པ་དེ་བརྗེད་པ་མིན་ལ་ཆེ། ཁ་སང་སེར་ཆུང་མ་ཟིན་པ་སྙིང་ཚིམ། ད་ནང་སེར་ཆུང་བསྒུགས་པ་སྙིང་ན། །ཀྱེ་ཁ་རིངས་ཀྱི་གདབ་ལན་ཆེན་པོ་དེ། །སྟེང་དགའ་ལྡན་ལྷ་ཡུལ་དུ་དགའ་ཞིང་སོང་། །སྐྱིད་ཚོར་རོ་སེམས་བདེ་དེ་ལ་ཡང་། ད་ཁྱེད་རྣམས་ཐུགས་དམ་རྩེ་གཅིག་མཛོད། །ཅེས་གསུང་བ་གནང་ངོ་། །ཐུགས་དམ་ཕྱག་གཡོག་པ་དཔལ་ལྡན་བཟང་པོས་སྨོན་ལམ་ཞིག་ཞུས་པས། སྐྱབས་ཀྱི་མཆོག་གྱུར་ཡི་དམ་ལྷ་ཚོགས་དང་། །མཐུ་ལྡན་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །མཆོད་གཏོར་ཕུལ་ཞིང་བཟླས་བརྗོད་ལྷུར་བླངས་པ། །དེ་ཡི་མཐུ་དང་ནུས་པ་ལ་བརྟེན་ནས། །བདག་གི་ཞབས་ཕྱིར་ཐུགས་དམ་བགྱིད་པ་རྣམས། །མཐར་ཐུག་བདེ་བ་ཅན་དུ་པདྨ་ལས། །སྐྱེས་ནས་ཐེག་མཆོག་ཆོས་ལ་ལེགས་སྤྱོད་ཅིང་། །འདྲེན་པ་འོད་དཔག་མེད་ཀྱིས་རྗེས་འཛིན་ཤོག །ཅེས་གནང་། དགའ་ལྡན་རྩེའི་སྐུ་སྐྱེ་གྲགས་པ་རྡོ་རྗེས། ཉིད་ཀྱི་བསྟོད་པ་ཞིག་ཞུས་པར། བསོད་ནམས་རླབས་ཆེན་བྱེ་བས་བསྐྲུན་པའི་སྐུ། །ལྷ་མཆོག་ཚངས་པའི་དབྱངས་ལྟར་སྙན་པའི་གསུང་། །བསླབ་གསུམ་ཡོན་ཏན་རྒྱ་མཚོས་གང་བའི་ཐུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་གནང་། དཀའ་བཅུ་པ་དགེ་འདུན་བཀྲ་ཤིས་ཀྱིས་ཞུས་པའི་ངོར། སྲིད་གསུམ་མ་ལུས་དབང་དུ་སྡུད་ཅིང་ཁམས་གསུམ་མ་ལུས་ཟིན་གྱིས་གནོན་བྱེད་ཁྲོ་བོའི་དབང་པོ་དྲག་པོའི་ཆས་ཀྱིས་བརྒྱན་པའི་སྐུ། །སྲིན་པོའི་གཟུགས་ཅན་འཇིགས་རུང་དམར་ནག་ཞལ་གཅིག་ཕྱག་གཉིས་གཡས་པས་གནམ་ལྕགས་རྡོ་རྗེ་རྩེ་དགུས་དགྲ་བགེགས་མ་ལུས་འཇོམས་པར་བྱེད།


GLG008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་ལྕགས་ཀྱི་སྡིག་པ་ནག་པོས་ལོག་འདྲེན་ཐམས་ཅད་ཧུབ་ལ་འདེབས་བྱེད་མགོ་དགུ་རྣོ་བའི་རྭ་ནི་བཅོ་བརྒྱད་དང་ལྡན་པ། །དབུ་སྐྲ་ཁམ་སེར་གྱེན་བརྫེས་སྤྱན་གསུམ་གདངས་མིག་ཀློག་ལྟར་འཁྱུག་ཅིང་ཞལ་ནས་མཆེ་གཙིགས་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་ཁྱོད་ལ་བསྟོད། ཅེས་པ་དང་། ཡང་སྐབས་ཤིག །རི་དབང་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཚངས་པའི་དབྱངས་ཀྱིས་འགྲན་ཟླ་མེད་པའི་གསུང་། །བསླབ་གསུམ་མཁྱེན་པའི་དཔལ་གྱིས་གང་བའི་ཐུགས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་རྗེ་གོང་མ་ལ་བསྟོད་པ་དང་། གཞན་ཡང་རྒྱལ་བ་བཙོང་ཁ་པ་སོགས་མང་པོ་ཞིག་ལ་བསྟོད་པ་ཐུང་ཐུང་ཅི་རིགས་པ་མཛད་དོ། ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་སློབ་དཔོན་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་རྗེ་དྲུང་བཀྲ་ཤིས་པས་ཆབ་མདོའི་གདན་ས་ཟུར་བཞུགས་མཛད། རྒྱལ་ཚབ་ཏུ་མཁས་གྲུབ་མི་གཡོ་སྙིང་པོ་བསྐོས་ནས་ཁོ་རང་གི་རྩ་བའི་བླ་མ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་མཆོག་གི་སྤྲུལ་སྐུ་མཇལ་པ་དང་ཆོས་འཁོར་རྒྱལ་གྱི་རི་ཁྲོད་དུ་ཐུགས་དམ་ལ་གཞོལ་བར་བྱོན་ཏེ། ཐོག་མར་མེ་ཏོག་ཐང་དུ་སྒར་མཛད། མང་འགྱེད་འབུལ་བ་སོགས་ལོངས་སྤྱོད་ཀྱི་ཟ་མ་ཏོག་ཁ་ཕྱེ་སྟེ། ཐམས་ཅད་མཁྱེན་པའི་མཆོག་གི་སྤྲུལ་པའི་སྐུར་འབུལ་ཆེན། དྲུང་ནས་སོགས་སྐུ་འཁོར་བ་རྣམས་ལ་གནང་སྦྱིན། ཚོགས་སུ་མང་ཇ་འགྱེད་བཅས་རྣམ་གཞག་སོགས་གྱ་ནོམ་པ་མཛད། རྗེ་དྲུང་རིན་པོ་ཆེས་ཐོག་མར་ཞབས་དྲུང་དུ། ཚེ་དབང་། དཔལ་ལྡན་ལྷ་མོའི་རྗེས་གནང་སོགས་ཆོས་འབྲེལ་ཅི་རིགས་གསན། རྗེ་དྲུང་རིན་པོ་ཆེ་ལ་ཚེ་དཔག་མེད་ལྷ་མང་གི་དབང་དང་། གུ་རུ་ཞི་དྲག་གི་དབང་གསན། འགུར་དྲག་དམར་ཆུང་གི་ལྗགས་བསྙེན་ཞིག་


GLG008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས། ལྷ་ཚོགས་རྣམས་ཞལ་གཟིགས་ཏེ། བསྟོད་པ་བྱིན་རླབས་ཀྱི་རྒྱུན་ཆགས་ཞེས་བྱ་བ་ཞིག་མཛད། རིམ་གྱིས་འོལ་ཁ་དང་། བདེ་ཆེན་སོགས་མཆོག་དམན་གྱི་སྐྱེ་བོ་རྣམས་ཀྱི་རེ་བ་སྐོང་བཞིན་པའི་ངང་ནས་འབྲས་སྤུངས་སུ་ཕེབས་རྗེ་དྲུང་རིན་ཆེན་པོ་ཆེ་དཔོན་སློབ་བླ་བྲང་དུ་ཕེབས་ཏེ། སྒྲུབ་ཁང་སྐྱེད་ཚལ་བདེ་ཆེན་གླིང་གི་མཁར་ལས་དང་བཅས་རྒྱལ་པ་རྣམས་ཆོས་དང་ཟང་ཟིང་གིས་སྐྱོང་བར་མཛད་དོ། །དེ་མཚུངས་གོས་སྐུའི་སྦྱིན་བདག་ཆེན་མོ་ཀླུ་སྐྱབས་ཏ་ཤིན་གྱིས་གཙོ་བྱས་འབུལ་དཔོན་ཚུལ་ཁྲིམས་རིན་ཅེན་ཡང་མཁོ་རྒུའི་འབྱོར་པ་ཇི་སྙེད་པ་དང་བཅས་ཏེ་སླེབ། དགུན་ཆོས་ལ་ཚོགས་ཆེན་དུ་ལམ་རིམ་གྱི་གསུང་ཆོས་གང་འགྲོ་ཞིག་གནང་། སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་གསར་དང་། སྨོན་ལམ་ཆེན་མོའི་ཐུགས་བྲེལ་རྣམས་གྲུབ་རྗེས། འབྲས་སྤུངས་སུ་འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་གོས་སྐུ་ཁྱད་པར་ཅན་བཞེང་བའི་བཟོ་གྲྭ་བཙུགས། དབྱར་ཐོག་དེ་ལ་གེགས་མེད་པར་གྲུབ་སྟེ། དངོས་གཞི་རྒྱལ་དུ་བཞུགས་རྒྱུ་ཡིན་ཡང་། ཆོས་སྐྱོང་ཆེན་པོས་ཞུས་པ་ལྟར་འབྲས་སྤུངས་སུ་རྟེན་འབྲེལ་ཞིག་གནང་། བཀའ་ལས། ཧོར་ཟླ་དགུ་པའི་ཉེར་གསུམ་གྱི་ནུབ་ངའི་མདུན་དུ། མི་ནག་པོ་འཇིགས་ཞུམ་པ་ཞིག་འོངས་ཏེ་ངའི་གཟུགས་བྲིས་ཟེར། ཁྱོད་སུ་ཡིན་བྱས་པས། དེ་ན་རེ། ངའི་གཟུགས་ཤིག་བྲིས་མཛོད། དེ་ནས་མཁྱེན་པར་འགྱུར་ཞིང་། ཅི་བཞེད་པ་ཡང་ངས་བསྒྲུབ་བོ་ཟེར་ཞིང་མི་སྣང་བར་གྱུར་ཏོ། །དེ་ནས་ཟླ་བ་དཀར་བའི་ཚེས་གཅིག་གི་ཉིན། ལྷ་བྲིས་པ་ལ་བཀོད་པ་བྱས་ནས། དེའི་སྐུ་འབྲི་བའི་དབུ་བཙུགས་གཙོ་བོའི་སྐྱ་རིས་གྲུབ་སྟེ་མི་མངོན་པར་ལས་ནས་བཞག །དེའི་ནུབ་མོ་ཡེ་ཤེས་ཁྱུང་ནག་མེའི་འཁོར་ལོ་ཅན་ཡིན་ཟེར་བ་ཞིག་ལུས་གསལ་བར་


GLG008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བྱུང་ནས། ངའི་སྐུ་བྲིས་པ་དེ་སྟོན་དང་ཟེར་བསྟན་པས་ལེགས་འདུག །ད་དུང་འདིའི་ལྟོ་བ་ན་གསེར་གྱི་འཁོར་ལོའི་དབུས་སུ་འཁོར་ལོ་ཆེན་པོ་དཔའ་བོ་གཅིག་པའི་སྐུ་འདྲ་ཞིག་འབྲི་རུ་ཆུག་ཟེར་ཞིང་གཞན་ཡང་བཀོད་པ་མང་དུ་བྱས་སོང་བས་དེ་བཞིན་བྲིས་པ་ཡིན་གསུངས། དེའི་སང་ཉིན་རས་བྲིས་དེའི་གཡས་ཀྱི་འོག་ཟུར་དུ། དཔལ་མགོན་ཞལ་བཞི་པ་རྣམ་འགྱུར་གསུམ་པའི་སྐུ་ཞིག་སྐྱ་རིས་བརྒྱབ་པས། དེའི་ནུབ་མོ་རྨི་ལམ་དུ་མོན་པ་མང་པོ་བྱུང་བ་རྣམས་ཀྱིས་ཕྱག་རྟེན་དུ་རས་རེ་ཕུལ་བྱུང་བ། རས་གཅིག་གིས་ཀྱང་ནང་འདི་ཐམས་ཅད་ཁེངས་འདུག་ངའི་མདུན་ན་མཚོ་ཆེན་པོ་ཞིག་རྦ་རླབས་འཁྲུག་ཅིང་འདུག་པའི་ནང་ནས་ཨ་ཙཪྻ་རས་གོས་གྱོན་པ་ཞིག་ལག་པ་གཡས་མི་སྙིང་དང་། གཡོན་རྒྱུ་མ་ཁྱེར་བ་ཞིག་བྱུང་བ་དེས་སྙིང་དེ་ཟ་ཞིང་མགོན་པོའི་སྐུ་དེ་ལ་བལྟས་ནས། ད་ལམ་རང་རྣམ་འགྱུར་བཞི་པའི་སྐུ་ཞིག་བྲིས་ན་དགའ་ཟེར་ནས་སྐྱ་རིས་ཀྱི་སྐུ་དེ་ལ་ཐིམ་སོང་བ་ཞིག་རྨིས། དེ་ནས་རྣམ་འགྱུར་གསུམ་པའི་སྐུ་དེ་ཁའི་དབུ་གཙུག་ཏུ་རྣམ་འགྱུར་བཞི་པའི་སྐུ་ཡང་འབྲིར་བཅུག་པ་ཡིན་གསུང་། རྣམ་འགྱུར་ཞེས་པའི་ཐ་སྙད་གཏེར་མ་དང་མཁས་གྲུབ་དཔལ་ལྡན་སེང་གེའི་ཉེ་བརྒྱུད་བཞིན་ལ་ཡོད་པ་ཡིན་ནམ་ས་ལུགས་ལ་ནི་མ་གྲགས་སོ། །རི་མོ་ཕལ་ཆེར་གྲུབ་ཏུ་ཉེ་བ་ན་མནལ་ལམ་དུ། ཀླུ་སྡིང་མ་འདི་ན་སྟེགས་བུ་དཔངས་ལ་གྱང་འཕར་གང་ཙམ་ཡོད་པ་དེའི་ཁ་ན་ཕར་ལ་ལུས་སྟོད་མི་ལ་སྨད་གཡག་ཏུ་ཡོད་པ་འུག་པའི་མགོ་ཅན། ལག་པ་གཡས་པ་གསུམ་ན་གྲི་གུག་སོ་གསུམ་པ་སོ་དབུས་མ་ལ་མི་རོ་བསྐྱོན་པའི་རྒྱབ་ཏུ་སོའི་རྩེ་མོ་འཐོན་པ། ལྕགས་ཀྱི་རྡོ་རྗེ་དང་། ལྕགས་ཀྱི་བུམ་པ་རྣམས་འཛིན་པ། གཡོན་གསུམ་མི་རྐང་གི་གླིང་བུ། ལྕགས་སྒྲོག །ལྕགས་ཀྱི་ལག་པ་སྡིགས་


GLG008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་ཅན་འཛིན་པ། སྟོད་ལ་རིན་པོ་ཆེ་དང་། སྨད་ལ་རུས་རྒྱན་གྱིས་སྤྲས་པ་ཞིག་གིས། རྡོ་རྗེའི་ཕོ་ཉ་མོ་ཡིན་པས་ངའི་གཟུགས་བྲིས་ཟེར་བ་ལྟར་ཞལ་བཀོད་གནང་། རས་བྲིས་རྣམས་གྲུབ་པའི་ནུབ་ཅིག་མནལ་ལམ་དུ། མི་ནག་པོ་ཞིག་བྱུང་སྟེ། ལག་པ་གཡས་པའི་སོར་མོ་ལྔ་ལས་འོད་ཟེར་དཀར་པོ་ཞིག་བྱུང་སྟེ་སྐུ་ལ་ཐིམ་པས་དཀར་པོར་ཡོད། གཡོན་གྱི་སོར་མོ་ལྔ་ལས་འོད་ཟེར་དམར་པོ་བྱུང་སྟེ། ཁོ་རང་ལ་ཐིམ་པས་དམར་པོར་སོང་། དེ་ན་རེ། ཡི་དམ་ཆོས་སྐྱོང་གི་གསེར་ཐང་མང་པོ་བཞེངས་མཛོད། དེ་འདྲི་བའི་ལྷ་བཟོ་བ་ཡང་བདེ་བ་ཅན་དུ་སྐྱེ་ཞིང་། ཁྱོད་དང་ནམ་ཡང་མི་འབྲལ་བར་འགྱུར་ཞེས་ཟེར་བ་ཞིག་བྱུང་བས། རས་གཞི་བཞི་ཙམ་གྱིས་རས་འདུལ་བཀའ་གནང་བའི་སང་དེ་རྗེའི་ཞལ་ནས་མདང་ངའི་རྨི་ལམ་དུ་དགེ་སློང་ཞིག་བྱུང་ནས། ལྷ་ལམ་ཡངས་པའི་ཆུ་འཛིན་ལ། །བགྲང་ཡས་ཉི་འོད་ཀྱིས་མཛེས་པ། །བྲི་ཆའི་སྐྱོན་གྱིས་མ་གོས་པར། །ཡོངས་སུ་གྲུབ་ན་ལེགས་པ་ཡིན། །ཟེར་བ་ཞིག་བྱུང་བས། རྒྱ་ནག་གི་སྐད་དུ། གཞི་ལ་ཟི་ཟེར་བ་ཡིན་པས། རས་གཞི་གཅིག་བསྣན་ཏེ་ལྔ་གྱིས་ལ། ཐུབ་པ་བདུད་འདུལ། འཇིགས་བྱེད། ཁྱུང་ནག །ཞལ། ཆོས་རྒྱལ་རྣམས་བྲིས་གསུང་ཐང་ཁ་རྣམས་གྲུབ་ཏུ་ཉེ་བ་ན། གསོལ་ཇ་ཞིག་བཞེས་ཤིང་ཚིགས་སུ་བཅད་པ་མང་པོ་ཞིག་གསུང་གི་འདུག་པ་ལ། སྤྲུལ་སྐུ་བས་མ་ཟིན་པར་བསྐྱར་ལྡབ་ཅིག་ཞུས་པས། དག་པའི་ཞིང་མཆོག་བདེ་བ་ཅན་གྱི་ཞིང་། །འོད་དཔག་མེད་མགོན་མཛེས་པའི་འོད་ཟེར་ཅན། །ཁྱོད་ཀྱི་དྲུང་དུ་བདག་སོགས་འགྲོ་བ་ཀུན། །འདི་ནས་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །ཅེས་པ་དེ་ཚིགས་བཅད་ཀྱི་རྗེས་མ་ཡིན་དེ་ཁས་ཆོག་གསུངས། ཐང་ཁ་རྣམས་གྲུབ་ཏུ་ཉེ་བ་ན་དགྱེས་པའི་ཐུགས་ཀྱི་ཞབས་བྲོ་


GLG008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དང་མཉམ་དུ། གུ་རུ་དྲག་པོ་ང་ཡི་ཕ། །རྡོ་རྗེ་འཇིགས་བྱེད་ཕུ་པོ་ཡིན། །ཞལ་བཞི་པ་ནི་ཞང་པོ་སྟེ། །དཔལ་ལྡན་ལྷ་མོ་ཨ་ལྕེ་ཡིན། །རེ་མ་ཏི་ནི་བག་མ་སྟེ། །ཡེ་ཤེས་ཁྱུང་ནག་གཡོག་པོ་ཡིན། །བསྟན་མ་གཉིས་ནི་གཡོག་མོ་སྟེ། །ང་རང་གུ་རུ་པདྨ་ཡིན། །ཞེས་གསུངས། ཐང་ཁ་དེ་བཀའ་རྒྱ་དམ་པས་འབྲི་སར་ཐམས་ཅད་མ་འགྲོ་ཞེས་པའི་སྒོ་ཡིག་གནང་བ་ནི། ཉོན་ཅིག་དགོས་མེད་མི་རྣམས་ཉོན། །ཞལ་ཐང་འབྲི་སར་མ་ཡོང་ཞིག །གལ་ཏེ་ཡོངས་ན་ཆད་པས་ཆོད། །ཅེས་སོ། །ཡང་ནུབ་ཅིག་མནལ་ལམ་དུ། བྲག་རི་དམར་པོ་གཉིས་ཀྱིས་བར་ལ་ཕྱིན་པས་ཟངས་ཀྱི་བུམ་པ་ཁ་གཅོད་ཡོད་པ་ཞིག་འདུག་པའི་རྩར་སླེབ་པ་དང་མཉམ་དུ། ཆོས་རྗེ་ཡོན་མཆོག་པ་བྱུང་ནས་ཁ་གཅོད་འདི་ཨ་བསོལ་ཟེར་བར་བསོལ་བྱས་པས་ཁ་གཅོད་དེ་ཕྱེ་སོང་བས། བུམ་པའི་ནང་ནས་ཟངས་ཀྱི་ཁྲབ་གྱོན་པའི་མི་དམར་པོ་ཞིག་དོན་བྱུང་ནས་ང་ངོ་ཤེས་སམ་མ་ཤེས་ན་ཁྱེད་རང་གི་ཆོས་སྐྱོང་གནོད་སྦྱིན་ཆེན་པོ་ཡིན་ཟེར། དེའི་རྗེས་སུ་བུད་མེད་དྲེད་ཞོན་པ་ཞིག་བྱུང་སྟེ། གནས་འདི་ལམ་རུ་རྩེ་ཟེར་བ་ཡིན་ཞེས་ཕྱོགས་ཀུན་ཏུ་རྒྱུག་པ་ཞིག་བྱུང་། དེ་གཉིས་ཀས་ང་ལ་ཡང་བཀུར་སྟི་བྱས་སློབ་དཔོན་ཡོན་མཆོག་པ་ལ་ཡང་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག་གསུངས། དེ་ནས་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ལྗགས་བསྙེན་ཞིག་མཛད་པས། ཚེ་དཔག་མེད་དངོས་སུ་བྱོན་ནས་དབུ་གཙུག་ཏུ་བདུད་རྩིའི་རྒྱུན་པ་བླུག་པ་ཞིག་བྱུང་། ཐེངས་གཅིག་དྲུང་ནས་ལ་ཚེ་དབང་བརྒྱ་རྩ་ཞིག་གནང་བས། སྤྱན་ལྟས་ལ་ནམ་མཁའི་ཁམས་སུ་སྤྲིན་གྱི་ཕུང་པོའི་དབུས་ནས། ལྷའི་བུ་བུ་མོ་བུམ་པ་ལྷུང་བཟེད་ཐོད་པ་བདུད་རྩིས་གང་བ་བཟུང་སྟེ། གསུང་རབ་པའི་མགོ་ལ་བདུད་རྩིི་བླུག་པ་དང་


GLG008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོས་ལུས་གང་བ་སོགས་ཀྱི་ཉམས་སྣང་མཐའ་ཡས་པ་བརྗོད་ཀྱིས་མི་ལང་བ་བྱུང་གསུང་། ཡང་ཐེངས་གཅིག་བསྐང་གསོ་གྲོལ་ནས་བཞུགས་མེ་ལ་བཞུགས་པའི་སར། བཀའ་ལས་ངས་ནི་སྔགས་ཀྱི་བཟླས་པ་མང་པོ་སོང་། ཁྱེད་ཚོས་ཇི་ཙམ་སོང་ཤོད་ཅིག །ངས་ཡ་མ་རཱ་ཛ། ཤཱ་ས་ན། བྷྱོ་རཀ་མོ། ཀ་ལ་རཱུ་པ་རྣམས་དུང་ཕྱུར་རེ་སོང་། ཙ་མུཎྜི་ས་ཡ་གཅིག་སོང་། གཞན་ཡང་བཟླས་པ་མང་པོ་སོང་གསུངས་པ་ལ། གཟིམས་དཔོན་ཆོས་རྗེ་ཡང་དགོན་པས། ཉི་ཟླ་གཟའ་འཛིན་བྱུང་དུས་འགྱུར་ཁྱད་རྩི་བའི་དབང་དུ་མཛད་པ་ཡིན་ལ་ཆེ། གཞན་དེ་ཙམ་མི་འགྲོ་ཞུས་པས་བཀའ་ལས། ང་ལ་གདོང་པ་བཅུ་གཅིག་ཡོད་པས་བཟླ་ཐེང་རེ་ལ་སྟོང་ཕྲག་རེ་འགྲོ་བ་འདུག །ཉི་ཟླ་གཟའ་འཛིན་གྱི་འགྱུར་ལ་མ་ལྟོས། ཡིད་མ་ཆེས་ན་ལྷ་མོ་དཔང་དུ་བཞག་ནས་མནའ་སྐྱལ་ཆོག །གཞན་ཡང་ཤོད་རྒྱུ་མང་དུ་ཡོད་དེ་ཁྱེད་རྣམས་ཀྱི་བློར་མི་ཤོང་བ་འདུག་གསུངས། མངའ་རིས་ནས་མངའ་བདག་ལྷ་བཙན་པོ་ཀོང་མ་འཇིག་རྟེན་དབང་ཕྱུག་པད་དཀར་ལྡེ་དང་པཎ་ཆེན་ཤཱནྟི་པ་མཆོད་ཡོན་གྱིས། ཕྱོགས་དང་བསྟན་འགྲོའི་ཆེད་དུ་ཕེབས་དགོས་པའི་སྙན་འབུལ་དང་། དེ་གོང་དུ་སྐུ་ཚབ་ལྟ་བུར་རྣམ་ཐར་རས་བྲིས་མ་ཤིག་དགོས་ཚུལ་གྱི་ཞུ་ཐོ་འབུལ་སྐྱེལ་དང་བཅས་པར་གནས་བརྟན་དཀའ་བཅུ་མང་ཐོས་འབྱོར། དེ་ཡང་མངའ་རིས་རྒྱལ་པོ་དང་རྗེ་གོང་མ་གཉིས་མཆོད་ཡོན་ལུགས་ལེགས་མུས་ཀྱི་རྟེན་འབྲེལ་རང་འགྲིག་ཏུ་གྱུར་ཏེ། སོ་སོའི་ཞུ་ཡིག་འབུལ་སྐྱེལ་རྣམས་ཕུལ། གུ་གེ་བདག་པོས་སྤྲུལ་སྐུ་འཕྲང་ཁ་བ་ལ་ཡང་བཀའ་ཤོག་མཛད་ནས། དད་རྟེན་གྱི་རྣམ་ཐར་ཞིང་བཀོད་བསྐུར་དགོས་ཚུལ་ཡོད་འདུག་པ་ལྟར་བསླབ་སྟོན་


GLG008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། རྣམ་ཐར་ཐུན་མོང་བ་དེ་ཚོ་བྲིས་གསུང་པ་ལྟར། རྟེན་གཙོ་དང་སྐུ་བལྟམས་ཚུལ་སོགས་ཀྱི་སྐྱ་རིས་ཁ་ཡར་ཐུབ་པ་ན། སྤྱན་འབེབས་ལ་ཁྱེར་ཤོག་གནང་། ཞིབ་ཏུ་གཟིགས་ཏེ། གུ་གེ་བདག་པོ་ལྟ་བུའི་སྣོད་ལྡན་ལ་གསངས་ནས་གཞན་དུ་འཆད་པ་དཀའ་བས། ཞབས་དྲུང་གོང་མ་ཞི་བར་གཤེགས་པའི་ཚུལ་བསྟན་པ་ནས། བདུན་ཕྲག་གཉིས་ཀྱི་བར། དགའ་ལྡན། མཁའ་སྤྱོད། བདེ་བ་ཅན། རྔ་ཡབ་གླིང་སོགས་སུ་སྒྱུ་འཕྲུལ་གྱི་རོལ་གར་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རྣམས་སྟོད་ཆ་ལ་བྲིས་གསུང་བ་ལྟར་དང་། རྒྱལ་དུ་ཐེགས་པའི་བཀོད་པ་འདྲི་བའི་ཚེ། དེའི་གནས་བཀོད། དཔལ་ལྡན་ལྷ་མོའི་བླ་མཚོ་ཐུན་མོང་གི་སྣང་ཚོད་ལྟར་བྲིས་པའི་ཚེ། བཀའ་ལས་མགོན་པོ་ཞལ་གྱི་བླ་མཚོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ཡོད་པའི་ནང་དུ། བྲམ་ཟེ་མི་རྐང་གི་གླིང་བུ་འབུད་པ། ཆོས་འབྱུང་གི་ཕྱི་རོལ་རྦ་ཀློང་འཁྲུག་པའི་ནང་དུ་བུད་མེད་ནག་མོ་གྲི་ཐོད་ཐོགས་ཏེ་གར་བྱེད་པའི་ཚུལ་དང་། ཁྱུང་ནག་གི་མཚོ་མྱུར་དུ་མཚོ་ཞལ་འབྱེད་པ་ཡིན་པས་དེ་ཡང་བྲིས་གསུངས། དེའི་དབྱིབས་ཚུལ་ཇི་ལྟར་ལགས་ཞུས་པར། མཚོ་ཁ་དོག་ནག་པོ་རྦ་ཀློང་འཁྲུག་པ། དབུས་སུ་ཁྱུང་ནག་དང་གཡས་སུ་གནམ་ལྕགས་ཀྱི་རྡོ་རྗེ་རྩ་དགུ་པ་རྭ་ཤིན་ཏུ་གདེངས་པ། གཡོན་ཏུ་རྡོ་རྗེ་ཕོ་ཉ་མོ། གཞན་ཡང་རྦ་ཀློང་གི་གསེབ་ནས་གཟུགས་མེད་པའི་ལག་པ་གདེངས་པ་དང་། མེ་འབར་ཞིང་གློག་འཁྱུག་པ་འཇིགས་སུ་རུང་བའི་ཚུལ་ཡོད་པ་དེ་ལྟར་བྲིས་ཞིག་གསུངས། བཀའ་ལས། ནུབ་གཅིག་ངའི་རྨི་ལམ་དུ། གནས་ཁང་མུན་པ་ནག་པོ་ཡོད་པའི་ནང་ན་འདུག་ཅིང་། དེའི་ལོགས་གཅིག་ལ་དཀར་ཁུང་སྣག་བུམ་གྱི་ཁ་རྒྱ་ཙམ་ཞིག་འདུག །གསུང་རབ་པ་ལ་ངས་འདི་སུས་བདག་བྱེད་


GLG008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་དྲིས་པས། དང་པོ་སྐྱོར་མོ་ཀླུང་པའི་ཡིན། ད་ལྟ་དགའ་ལྡན་པས་བདག་བྱེད་ཟེར་རྩ་ན། དགའ་ལྡན་པའི་སྡེ་པ་བགྲེས་པ་ཡང་དེ་ན་འདུག་པ་ན་རེ། ངེད་སུས་ཀྱང་འདི་ལ་མ་ཐར། ཞལ་སྔ་ནས་ཀྱིས་ཨེ་ཐར་ལགས་ཟེར། ངས་ཨེ་ཐར་བལྟས་པས་དཀའ་སེ་བ་ལ་ཐར་བྱུང་སྟེ། དགའ་ལྡན་ཡིན་ཟེར་བའི་སྟེང་གི་ཁང་པ་ཆེན་པོ་བཟང་པོ་ཞིག་ཏུ་ཕྱིན་པས། དེ་ན་འཕགས་པ་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རལ་གྲི་འཕྱར་པ་ལས་འོད་ཟེར་རྒྱང་ངེར་འཕྲོ་བ་ཞིག་བཞུགས་འདུག །མར་བལྟས་ཙ་ན་འཛམ་བུ་གླིང་ཡིན་ཟེར་བའི་ཀོ་བ་ཙམ་ཞིག་འདུག །གླར་བུག་པ་དེ་ནས་ཕྱིར་འཐོན་ཏེ། རྡོ་སྐས་རིང་པོ་ཞིག་ལས་བབས་ནས། རྡོ་སྐད་དེའི་རྩ་བར་སླེབས་པ་དང་། ཕྱིར་བལྟས་རྩ་ན། གསུང་རབ་པ་ཡང་ཁང་སྟེང་དེ་ན་འདུག་པ་ལ་། ངས་གཡབ་ཡུག་བྱས་པས། གསུང་རབ་པ་བུག་པ་དེ་མ་ལྟོས་པར་འཕུར་ནས་བྱུང་། དེ་ནས་ངེད་གཉིས་ཀྱིས་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་སླེབས་པ་དང་། དེར་ཚ་བ་དབུ་མཛད་དང་། དབྱངས་དཔོན་རིན་ཆེན་རྒྱལ་མཚན་དང་། ཀོང་པོ་དབུ་མཛད་དང་། ཐོན་པ་དབུ་མཛད་སོགས་ལངས་ནས་མཆོད་དབྱངས་ཀྱི་གྱེར་མོ་བྱེད་ཅིང་འདུག་པ་དེ་རྣམས་ཆོས་སྐྱོང་སྲུང་མའི་ཆོ་འཕྲུལ་དུ་སྣང་། དེ་ནས་ཉི་འོད་འཁྱིལ་པར་འོངས་པས། ཁྲིའི་འགྲམ་གཡས་གཡོན་ན། ཆོས་རྗེ་ཡང་དགོན་པ་དང་། དགེ་བཤེས་ལེགས་བཤད་པ་འདུག་པ་ལ། ངས་ཁྱེད་ཅག་སྒུག་ཡུན་རིང་པོ་མ་བྱུང་ངམ་བྱས་པས་མ་བྱུང་ཟེར་ཞིང་། ད་སྐུ་བསིལ་ཡོང་ན་བཟའ་བཞེས་པ་ཞུ་ཟེར་བ་ཞིག་རྨིས། དེ་གཉིས་སྲིན་ཡུལ་ནས་ང་དང་མཉམ་དུ་འདས་པའི་ཆོས་སྐྱོང་ཆེན་


GLG008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོ་འཕྲུལ་དུ་འདུག །དེའི་སང་བསམ་གྲུབ་ཟེར་བ་ཞིག་གིས་སྟོན་པའི་སྐུ་གཅིག་དང་། ཛམ་བྷ་ལའི་སྐུ་གཅིག་ཕུལ་བྱུང་། ཛམ་བྷ་ལའི་སྐུ་དེ་ནང་སོ་འབུལ་དཔོན་པ་ལ་བྱིན། སྟོན་པའི་སྐུ་དེ་ད་ལྟ་ཡང་བཞུགས་ཡོད། ངའི་རྨི་ལམ་དེ་ལྷ་སའི་སྨོན་ལམ་ཆེན་མོ་འདི་ལ་ལྟ་བ་ཡིན་པར་འདུག །སྨོན་ལམ་དཀའ་ལས་ཆེ་སེ་བའི་ངང་ནས་རྒྱུན་མ་ཆད་ཙམ་ཞིག་འོང་བ་འདྲ། རྨི་ལམ་ཡིན་ཡང་འདིའི་བཀོད་པ་ཞིག་བྲིས་གསུང་བ་ལྟར་བྲིས། དེ་ལྟར་རི་མོ་གྲུབ་ནས་རབ་ཏུ་གནས་ཤིང་བྱིན་གྱིས་བརླབས་པ་དེ། མངའ་རིས་རྒྱལ་པོས་དད་རྟེན་དུ་སྤྱན་དྲངས་སོ། །འདི་སྐུ་ཚེ་འདིའི་རྣམ་ཐར་ཞིང་བཀོད་ཞལ་བཀོད་གནང་བའི་ཐོག་མ་ཡིན་ནོ། །ཧོར་ཟླ་བཅུ་པའི་ནང་དུ་གསང་ཆེན་ཆོས་ཀྱི་རྒྱ་མཚོའི་བཀའ་བབ་ཚུལ་ནི། འཕགས་སྡེ་ལོ་ཙཱ་བ་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཞེས་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད་རྒྱབ་རྟེན་གྱི་ལུང་། རྒྱུད་སྡེའི་བཤད་བཀའ། རྗེས་གནང་བཀའ་གཏད་བསྙན་སྒྲུབ་ལས་སྦྱོར་སོགས་འཕྲིན་ལས་རྣམ་བཞིའི་ཕྱག་བཞེས། གར་ཐིག་དབྱངས་གསུམ། དཀྱིལ་འཁོར་འདྲི་བ། གཏོར་བཟོ་སོགས། མདོར་ན་རྡོ་རྗེ་དང་དྲིལ་བུ་འཛིན་ལུགས་ཚུན་ཆད་ཀྱི་ཕྱག་ལེན་ཕྲ་རགས་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་ལས་རབ་འབྱམས་སྒྲུབ་པ་དང་། དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པ་ལ་མེད་དུ་མི་རུང་བའི་ལས་རང་གི་བསྙེན་པ་ཁ་སྐོང་དང་བཅས་པ་ཚད་དུ་ཐོན་ཤིང་། བསྐྱེད་རིམ་ཕྲ་རགས་དང་རྫོགས་པའི་རིམ་མཆོག་གི་ཏིང་ངེ་འཛིན་ཟབ་མོའི་རྟོགས་པ་ཀློང་དུ་གྱུར་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་འདི་ཉིད་ནི་རྒྱུད་ཐམས་ཅད་ཀྱི་བཀའ་བསྡུ་བ་པོ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བསམ་བཞིན་དུ་གསུམ་ལྡན་རྡོ་རྗེ་འཛིན་པ་ངུར་སྨྲིག་གི་གར་གྱིས་རོལ་


GLG008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟོལ་ལ་བརྟེན་ནས། འཇིག་རྟེན་དབང་ཕྱུག་ཕྱག་ན་པད་མ་གངས་ཅན་པ་རྣམས་ཀྱི་མགོན་དུ་མཆོག་གི་སྤྲུལ་སྐུའི་རྣམ་པར་བསྟན་པའི་ཡོངས་འཛིན་དུ་བྱོན་པ་ཞིག་སྟེ། རྟོག་གེ་པ་དང་སྒོམ་ཆེན་པ་རྒན་པོ་སྔགས་ཀྱི་ཚུལ་ལ་རྣམ་པར་མི་མཁས་བཞིན་དུ། མགྲིན་བཟང་གཟིག་ལྤགས་གྱོན་པའི་ངང་ཚུལ་ལྟར། རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་ལ་བརྟེན་ནས་གདུལ་བྱ་མང་པོ་སླུ་བར་བྱེད་པའི་སྤྱོད་ཚུལ་ཅན་རྣམས་དང་ཡེ་འདྲ་བ་མ་ཡིན་ནོ། །དེ་ལྟ་བུའི་དཔལ་ལྡན་བླ་མ་དེ་ནི་ཆོས་འཁོར་རྒྱལ་གྱི་གཟིམས་ཁང་གོང་སྐྱེད་ཚལ་བདེ་ཆེན་གླིང་ནས་སྤྱན་དྲངས་ཏེ་དཔལ་ལྡན་འབྲས་སྤུངས་སུ་ཕེབས། གཟིམས་ཆུང་ཉི་འོད་འཁྱིལ་པར་བཀའ་ཆོས་འབུལ་མཛད་ནས། ཐོག་མར་སྤྱན་རས་གཟིགས་དོན་ཞགས། བཅུ་གཅིག་ཞལ། ཚེ་དཔག་མེད་ལྷ་དགུ་གསུམ་གྱི་དབང་རིམ་གྱིས་ཕུལ་བས། སང་ཉིན་བཀའ་ལས། མདང་རྨི་ལམ་ནམ་མཁའ་གཡའ་དག་པའི་དབྱིངས་ནས། འཇའ་འོད་དཀར་པོ་ཞིག་ཤར་འདུག་པའི་སྟེང་ན། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཐོགས་པའི་མི་དམར་པོ་ཆེ་བ་གཅིག་ལ་བསྐོར་བའི་མི་དམར་པོ་ཆུང་བ་བརྒྱད་ཀྱང་བུམ་པ་འཛིན་པ་རྒྱན་ཆ་ལུགས་འདྲ་བ་ཞིག་བྱུང་། ཁ་སང་ཚེ་དཔག་མེད་ལྷ་དགུའི་དབང་ཞུས་པར་བཟང་བའི་ལྟས་ཡིན་པ་འདྲ་གསུང་། དེའི་ཚེ་རྗེ་དྲུང་རིན་པོ་ཆེའི་ཕྱག་ན་བཞུགས་པའི་ནང་རྟེན་རྣམས་མཇལ་བ་མཛད་མཚན་ལྡན་དབུ་ཐོད་དེ་གཟིམས་ཆུང་ལྕོག་ཏུ་སྤྱན་དྲངས། དབུ་སྔས་མགོར་བཞུགས་སུ་གསོལ་ནས་མཆོད་པ་དང་སྨོན་ལམ་གནང་བའི་ཚེ། བཀའ་ལས་ད་ནང་ཐོ་རེངས་རྨི་ལམ་དུ་ཁང་པ་བརྩེགས་པ་ཆེན་པོ་ཞིག་གི་སྒོ་ཁང་ན་ཡར་ཕྱིན་རྩ་ན། ཁྱམས་ན་ཐབ་


GLG008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཁང་པ་ཙམ་ཞིག་གི་སྟེང་ན། སྣོད་ཆེན་པོ་ཞིག་བཙུགས་ནས་ཇ་འདྲ་བ་ཞིག་སྐོལ་ཞིང་འདུག་པས། ཅི་བྱེད་དྲིས་པས་སེམས་ཅན་ཐམས་ཅད་ལ་སྟེར་བ་ཡིན་ཟེར། དེ་ནས་མར་ཕྱིན་པས་གནམ་སྒོ་ཞིག་གི་ནང་ན་སྐས་གཅིག་འདུག་ཅིང་། དེ་ལ་འཛེགས་ནས་ཏག་ཏག་བྱས་པས། བུད་མེད་གཞོན་ནུ་མ་ཞིག་གིས་བལྟས་བྱུང་། དེ་ན་སུ་ཡོད་བྱས་པས་རྡོ་རྗེ་ཕག་མོ་ཡོད་ཟེར། བལྟས་པས་རྗེ་དྲུང་གང་བཞུགས་འདུག་ཅིང་། གསུང་རབ་པ་ཡང་དེ་ན་ཡོད་དམ་སྙམ་པ་འདུག །ངས་ཡོངས་ཨེ་ཆོག་བྱས་པས་ད་ལྟ་མ་རན་ཟེར་གནམ་སྒོ་བཅད་སོང་བ་ཞིག་བྱུང་གསུང་། སྒོ་སྲུང་དེ་ནི་རང་ཅག་ཁ་བ་ཅན་པ་རྣམས་ལ་ཐུགས་བརྩེ་བ་ཞིག་ཡིན་འདུག་ཅེས་སྤྲུལ་སྐུ་འཕྲང་ཁ་བ་གསུང་། དེ་ནས་རིམ་གྱིས། རྡོ་རྗེ་འཕྲེང་བའི་དབང་ལ་བརྒྱུད་ཚུལ་སྔོན་ཆད་མང་དུ་བྱུང་ཡང་། ཀྲྀ་ཡ་ས་མུཙྪ་དང་། གཅིག་ཏུ་བསྲེས་པའི་དཀྱིལ་འཁོར་ཞེ་ལྔ་མ་ས་བཟང་འཕགས་པ་ནས་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པ་འདི་ཉིད། ཆོས་རྗེ་རྡོ་རྗེ་འཆང་ཨེ་ཝཾ་པ་ཡབ་སྲས་མ་གཏོགས། འཕྲེང་བ་མཁན་པོར་གྲགས་པ་ཕལ་ཆེར་གྱི་སྤྱོད་ཡུལ་དུ་མ་གྱུར་ཀྱང་དམ་པ་འདི་ཉིད་ལ་མངའ་བས་རྫོགས་པར་ཕུལ། གཞན་ཡང་ཟུར་བཀའི་དབང་། འདུས་པ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས། བདེ་མཆོག་ལོ་ཧི་བ། དྲིལ་བུ་ཕྱི་དཀྱིལ་དང་ལུས་དཀྱིལ། སམྦུ་ཊ། ཀྱཻ་རྡོར་མན་ངག་ལུགས་དང་རྔོག་ལུགས།བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། དྲག་པོ་གངས་ཅན། རྭ་ལུགས་ཀྱི་འཇིགས་བྱེད། དགྲ་ནག །གཉེས་ལུགས་ཀྱི་རོ་ལངས་བརྒྱད་བསྐོར་དང་དགྲ་ནག །ཞང་ལུགས་ཀྱི་ཞེ་དགུ་མ། དཔལ་འཛིན་ལུགས་ཀྱི་གཤེད་དམར་བཅུ་གསུམ་མ། རྣལ་


GLG008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དབང་ཕྱུག་ལུགས་ཀྱི་གཤེད་དམར་ལྷ་ལྔ་། འཁོར་ཆེན། གཏུམ་པོ་ཁྱུང་ཉི་ཤུ་རྩ་གཅིག་ཁྲོ་བོ་བཞི་དང་བཅས་པའི་ཉེར་ལྔ་མ། ཀུན་རིག །མི་འཁྲུགས་པ། གདུགས་དཀར། གྲྭ་ལྔ། མི་ཏྲི་ལུགས་ཀྱི་སྤྱན་རས་གཟིགས་དུས་འཁོར་རྣམས་ཀྱི་དབང་། ཕྱག་རྡོར་ཁྱུང་ལྔ། ཨུ་ཙཪྻ་འགྲོ་བཟང་ལུགས། རྣམ་འཇོམས། ཚེ་དཔག་མེད་གྲུབ་རྒྱལ། ནོར་རྒྱུན་མ། འོད་ཟེར་ཅན་མ། ཛམ་བྷ་ལ། ལོ་མ་གྱོན་པ་རྣམས་ཀྱི་རྗེས་གནང་། ས་ར་ཧའི་ལུགས་ཀྱི་མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་དབང་བཞི། དགའ་ལྡན་པ་ལ་གྲགས་པའི་མགོན་པོ་བཅུ་གསུམ་གྱི་རྗེས་གནང་། ལྷ་མོ་ཕྱག་བཞི་མ་གནོད་སྦྱིན་དང་བཅས་པའི་རྗེས་གནང་། སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྗེས་གནང་། ཕྱག་བཞི་པ་རས་བྲིས་དང་ལུས་དཀྱིལ་ལ་རྟེན་པའི་དབང་། གུར་ཞལ་ལེགས་ལྡན་མཆེད་གསུམ། བདེ་མཆོག་དང་འཇིགས་བྱེད་ཀྱི་སྔགས་བཏུ། དབྱངས་གསལ་ཡེ་དྷརྨཱ། ཡིག་བརྒྱ་པ་རྣམས་ཀྱི་རྗེས་གནང་། མགོན་པོ་བཞི་སྦྲགས་དང་དུས་མཚན་མའི་དབང་། སེང་གདོང་རིགས་ལྔའི་དབང་དང་དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། འཇམ་དབྱངས་ཆོས་སྐོར་གྱི་དབང་རྗེས་གནང་ལུང་དང་བཅས་པ། གདུགས་དཀར་གྱི་དབང་། རྣམ་སྲས་གསང་སྒྲུབ་ལྗང་གུ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། སེར་ཆེན། དཀར་པོ། བདུད་མོ་བཞི་སྐོར། གཤིན་རྗེ་ལྟར་སྒྲུབ་པ། རྐང་ཐང་མ་རྣམས་ཀྱི་རྗེས་གནང་། མི་ཏྲ་ཁྲིད་དྲུག་གི་རྗེས་གནང་། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་དཀར་ནག །གཏོར་ཆེན་འཁོར་ལོ་སོགས་ཀྱི་ཕྱག་ལེན་ཞལ་བཞེས་དང་བཅས་པ། རྭ་པོད། གཤིན་རྗེའི་འཁྲུལ་འཁོར། དྲུག་ཅུ་པ་སོགས་ཀྱི་ཕྱག་ལེན་མན་ངག་སོགས། མདོར་


GLG008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་ཁྲིད་ལུང་གི་རིམ་པ་མཐའ་ཡས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་ཅིང་། དབང་རྗེས་གནང་གི་ཆས་རྣམས་མ་བསྡུས་གོང་དུ། འབྲས་སྤུངས་ཀྱི་སློབ་དཔོན་བཀའ་རབ་འབྱམས་སོགས་ཆོས་དོན་གཉེར་མང་པོ་དང་། དགེ་ལྡན་རྩེའི་སྤྲུལ་སྐུ་གྲགས་པ་རྡོ་རྗེ། རྗེ་ལྷ་དབང་དཔལ་འབྱོར་བའི་སྤྲུལ་སྐུ་རིན་པོ་ཆེ་དང་། དྲུང་གནས་རིན་པོ་ཆེ་སོགས་ནང་འཁོར་བ་རྣམས་ལ་ཡང་ཆོས་ཀྱིས་ཚིམ་པར་མཛད་དོ། །དེ་ཡང་སྤྱན་རས་གཟིགས་གསང་སྒྲུབ་བཅུ་གསུམ་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཕུལ་ཟིན་ནས་དཀྱིལ་འཁོར་མ་བསྡུས་པའི་གོང་དེར། དགུ་གཏོར་དང་འགྲིག་པའི་ཆོས་སྐྱོང་ཆེན་པོ་དཀྱིལ་འཁོར་གྱི་དྲུང་དུ་བྱོན་ཏེ། འདི་སྐད་ཅེས་གསུངས། སྤྱིར་སངས་རྒྱས་སྟོང་གི་ཐུགས་ཀྱི་ཟེའུ་འབྲུ་དེ་པདྨ་འབྱུང་གནས། པདྨ་འབྱུང་གནས་ཀྱི་བཀའ་སྡོད་དེ་ང་ཡིན། ངས་པདྨ་འབྱུང་གནས་ཀྱི་བཀའ་ལས་རྟ་རྔ་དུམ་བུ་སྟོང་དུ་གཤགས་པའི་ཆ་ཙམ་ཡང་འདའ་མ་མྱོང་། པདྨ་འབྱུང་གནས་ཀྱིས་ངའི་ལས་སྐལ་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། ཟས་སྐལ་དུ་དགྲ་བོའི་ཤ་ཁྲག་སྲོག་དབུགས་རྣམས་ཕོག་པ་ཡིན་པས། ང་ནི་གཙུག་ལག་ཁང་བྲེ་ཞབས་ཡན་ཆོད། དཀོན་ཅོག་གི་རྟེན་མཆོད་སཱ་ཙྪ་ཡུང་འབྲུ་ཙམ་དང་། དམ་པའི་ཆོས་ཡིག་འབྲུ་གཅིག་ཡན་ཆོད་ཀྱི་དྲུང་ན་པེ་དཀར་རྒྱལ་པོ་རེ་རེ་ཡོད་། རྟེན་དེ་དག་ལ་གནོད་པའི་དགྲ་བགེགས་ཀྱི་ཤ་ཟ་ཁྲག་འཐུང་། དགྲ་བོའི་སྲོག་དབུགས་ཆུ་བོ་གངྒཱའི་རྒྱུན་ཙམ་ཞིག་ངའི་ཁ་ན་རྒྱུན་མི་འཆད་པར་འགྲོ་ཡང་། སྙིང་རྗེ་ཆེན་པོ་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་། དེ་གཉིས་ཨེ་འགལ། ང་ནི་མི་འགལ་བ་ཞིག་ཡིན། ཡང་གལ་ཏེ་རྒྱུས་ས་བོན་རྩུབ་མོས་བསྐྱེད་པའི་འབྲས་བུ་འཇིག་རྟེན་རང་རྒྱུད་


GLG008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དྲེགས་པ་སྡེ་བརྒྱད་དུ་གཏོགས་པ་ཞིག་ཡིན་པའི་ཚེ་ནའང་། དེ་རྟག་ཏུ་དེ་གའི་ངང་དུ་སྡོད་པ་མ་ཡིན་ཏེ། དཔེར་ན་རུ་ཏྲ་ཐར་པ་ནག་པོའི་གཏམ་རྒྱུད་ལ་ཅི་འདྲ་ཞིག་འདུག །ཁྱད་པར་དུ་དེང་སང་སྙིགས་མའི་དུས་སུ་ཡོད། སེམས་ཅན་དམུ་རྒོད་གདུལ་དཀའ། བན་དྷེས་ཚུལ་ཁྲིམས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། རྒྱལ་པོས་རྒྱལ་ཁྲིམས་འཆོལ་བར་བཏང་། དེའི་འབྲས་བུ་འཐབ་རྩོད། འཁྲུག་ལོང་། མི་ནད་། ཕྱུགས་ནད། ལོ་ཉེས། མུ་གེ་སོགས་ཀྱིས་བདེ་བའི་སྐབས་མེད་པ་འདི་ཡིན། དེ་འདྲའི་དུས་འདིར། གདུལ་བྱ་སེམས་ཅན་གྱི་དོན་བྱེད་པ་ལ། པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་ནས། གདུལ་བྱ་ཆོས་དང་ཞི་བས་འདུལ་བ་ལ། སྤྲུལ་སྐུ་མཐོང་བ་དོན་ལྡན་བྱོན། དེའི་འཕྲིན་ལས་བསྒྲུབ་པ་དང་། གདུལ་བྱ་དམུ་རྒོད་དྲག་པོས་འདུལ་བ་དེ་ང་ལ་བབས་པ་ཡིན། སྔར་ཡང་དགྲ་བོ་ཡན་པར་གཏོང་མ་མྱོང་། ད་དུང་མི་གཏོང་ངོ་། ཁྱད་པར་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་ལས་ཇི་ལྟར་གསུངས་པའི་དབང་གི་གྲངས་དང་། གོ་རིམ་ཆོ་ག་ལག་ལེན་རྣམ་པར་དག་པ་འདི་ལྟ་བུ་མཐོང་ཙ་ན། ང་ཡན་ཆད་ཀྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་པ་རྣམས་ཀྱང་། ཡུལ་དང་། གནས་དང་། དུར་ཁྲོད་སོགས་གང་ན་བཞུགས་ཀྱང་། སོ་སོའི་ཞིང་ཁམས་ནས་དགྱེས་པའི་གར་སྟབས་ལིང་ངེ་སྔོན་གྱི་དམ་ཚིག་རྗེས་སུ་སྐྱོང་བའི་ཕྱིར་འབྱོན་དགོས་ཤིང་། ང་མན་ཆད་ཀྱི་ལྷ་སྲུང་ཡུལ་ལྷ་གཞི་བདག་འཇིག་རྟེན་པ་རྣམས་ཀྱང་རང་རང་གི་དམ་ཚིག་དྲན་ནས་འོང་དགོས་པ་ཡིན་ལ། དེ་རིང་ང་ཡང་ལེགས་སོ་འབུལ་བར་དགའ་བཞིན་དུ་འོངས་པ་ཡིན། ལ་ལ་ཞིག་གིས་མི་ཤེས་པའི་ཤེས་རྫུ། མ་གོ་བའི་གོ་རྫུ། མ་


GLG008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་རྟོགས་རྫུ་བྱེད་ཅིང་། དེའི་ཚབ་འདིས་འོང་། དེའི་དོད་འདིས་གྱིས་ཟེར་ཞིང་། ཟག་དང་ལས་སླ་དང་། གཡོ་སྒྱུ་འབའ་ཞིག་གིས་བླུན་པོ་དད་པ་ཅན་གྱི་ཁྲོད་དུ། གྲུབ་པ་ཐོབ་པའི་ཁྱད་པར་ཅན་ཞིག་ཡིན་པ་སྐད་བྱས་ཤིང་། མི་མགོ་བསྐོར་ནས་ཚེ་འཕྱིད་པ་དག་མཐོང་ཙ་ན། དཔེ་དཀར་རྒྱལ་པོ་ཡང་ཤིན་ཏུ་སྐྱོ་བར་འོང་གི་འདུག་ཀྱང་། འདི་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་གསུངས་པའི་དབང་གི་ཆུ་བོ། ནོར་འཁྲུལ་གྱི་རྙོག་པ་མེད་ཅིང་། ཕྱག་ལེན་རྣམ་པར་དག་པའི་རླབས་འཕྲེང་འཁྲིགས་པ། གང་གིས་མྱོང་བ་དེ་དག་མྱུར་དུ་འཆི་བདག་གི་བདུད་ལས་རྒྱལ་ནས། ཡེ་ཤེས་ཆེན་པོའི་བདུད་རྩིས་ཁྱབ་པར་འགྱུར་བ་འདི་ལྟ་བུ་དག་མཐོང་ཙ་ན། དཔེ་དཀར་རྒྱལ་པོ་ཡང་མཆོག་ཏུ་དགའོ། །ཤིན་ཏུ་ལེགས་སོ། །ད་དུང་འཕྲོ་མུས་རྣམས་ནན་ཏར་ལེགས་པོར་ཡོངས་སུ་རྫོགས་པར་མཛོད་ཅིག་དང་ཡང་གཏོར་རྒྱབ་ལ་འགྲོའོ། བཀའ་བསྒོ་མ་ཞན་ཅིག །ཅེས་གསུངས་ནས་ཐེགས་སོ། །དེ་ནས་གསུང་ཆོས་འཕྲོ་མུས་རྣམས་ཆུ་བོའི་རྒྱུན་བཞིན་གནང་བའི་སྐབས་ཤིག་ཏུ། རྗེ་བཙུན་གསང་བའི་བདག་པོ་ལོ་ཙཱ་བ་ཆེན་པོའི་དྲུང་དུ། གནས་ཆུང་ནས། ཆོས་སྐྱོང་ཆེན་པོས་འདི་སྐད་ཅེས། གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་ཚད་ཆེ་བ་ལེགས་པོ་གཅིག་བཞེངས་ལ། རབ་ཏུ་གནས་པ་རྒྱས་པར་མཛད་ནས། ངའི་གནས་འདིར་བཞུགས་པ་ཞིག་མཛད་དུ་གསོལ། ཞེས་ཞུས་པ་བཞིན། ཨྱོན་རིན་པོ་ཆེའི་སྐུ་མི་ཚད་ལས་ཆེ་བ་ཞིག་བཞེང་བའི་བཀའ་བཀོད་གནང་བ་བཞིན། ལྷ་བཟོ་བ་འཇམ་དབྱངས་རྒྱ་མཚོས་དེའི་བཟོ་བྱས་སོ། །སོས་ཀྱི་ཆུ་འཛིན་དཀར་པོའི་ཕང་པ་ནས། །གྲུ་ཆར་འཕྲེང་བ་ཆལ་ཆིལ་གཡོ་བ་ལ། །འདོད་ལྡན་ཞིང་སའི་སྙིང་ལ་དགའ་སྐྱེད་པ། །དངོས་པོའི་གཤིས་ལུགས་ཡིན་ཕྱིར་མཚར་དུ་ཅི།


GLG008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་དུས་ནས་རིགས་འཛིན་མཁའ་འགྲོའི་གླིང་། དུ་མར་ཆོས་སྲུང་རྣམས་དང་ལྷན་ཅིག་ཏུ། །འབྲལ་མེད་བཞུགས་ལ་སྐུ་ཡི་སྣང་བ་དག །བསྟན་པའི་ཚུལ་འདི་དམན་ངོར་དགོངས་ལགས་སམ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དགེ་འདུན་དབུས། །བཀྲ་ཤིས་རྡོ་རྗེའི་གླུ་དབྱངས་ལེན་མཁས་དེས། །གསང་ཆེན་ཐེག་པའི་བསྟན་པ་ཡོངས་གཏད་པས། །ཨིནྡྲ་བྷུ་ཏི་མཁའ་སྤྱོད་གནས་སུ་བྲོས། །དེ་ནས་རྡོ་རྗེ་འཆང་སྔགས་རམ་པས། རྗེ་མཐོང་བ་དོན་ལྡན་སེང་གེའི་ཁྲི་ལ་བཞུགས་སུ་གསོལ། སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། སྐུ་ལ་འཁོར་ལོས་སྒྱུར་བའི་ཆས་འཇུག །ཕྱག་ཏུ་རྡོར་དྲིལ་ཕུལ་ཏེ་རྡོ་རྗེ་སློབ་དཔོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། རྗེ་སྔགས་རམ་པ་ཉིད་ཀྱིས་ཀྱང་རྡོར་དྲིལ་བསྣམས་ཏེ། བླ་མེད་ཀྱི་རྒྱུད་སྡེ་ལས་འབྱུང་བའི་ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མདུན་བདར། རྗེ་སྔགས་རམ་པ་ཉིད་ཀྱིས་མཛད་པའི་རྡོ་རྗེ་འཕྲེང་བའི་ངག་འདོན་གསལ་བའི་སྒྲོན་མེའི་གླེགས་བམ་ཕྱག་ཏུ་ཕུལ། མཎྜལ་རྒྱས་པར་མཛད་ནས། གསང་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བར་བསྐུལ། རྗེ་ཐམས་ཅད་མཁྱེན་པས་ཀྱང་གླེགས་བམ་དེ་ཉིད་ཀྱི་སྟེང་ནས་གསུང་ཆོས་ཀྱི་དབུ་བཙུགས་ཏེ་རྟེན་འབྲེལ་ལེགས་པར་བསྒྲིགས་སོ། །མེ་ཕོ་འབྲུག་ལོའི་ཚེས་གཅིག་གི་གཏོར་ཆེན་མ་གཤེགས་གོང་དུ། རྗེའི་ཞལ་ནས་ནུབ་ཅིག་རྨི་ལམ་དུ། ཀློངས་ལའི་རྩེ་ན་ང་ཅུང་ཟད་ངལ་གསོ་ཞིང་འདུག་པས། མདུན་གྱི་གངས་རི་དེ་ཚལ་བར་དམ་པའི་ནང་ནས་མི་དཀར་ལ་དྭངས་པ། སྨ་ར་རིང་པོས་སྐུ་སྐེད་དུ་སླེབས་པ། སྨིན་མ་མེ་ལྟར་འབར་བ་ཞིག་བྱུང་བ་དེ་ན་རེ། ང་ལ་ཡང་ད་ལོ་ནས་བཟུང་སྟེ་གཏོར་


GLG008_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེ་བ་རེ་དགོས་ཟེར་བ་ཞིག་བྱུང་བས། མ་བྱས་ན་མི་འོང་བ་འདུག་གསུང་། ཚེས་བདུན་གྱི་ཉིན་ཚེས་གཅིག་གི་གཏོར་ཆེན་གྱི་གཡས་ཕྱོགས་སུ་བཞེངས་པས་རྒྱ་དཔངས་ཐམས་ཅད་མཉམ་པ་ཞིག་བྱུང་བས་མཉེས་མཉེས་མཛད། ནང་པར་སྔ་བར་བཞེངས་ཏེ། ནམ་འོག་ལ་བསྐང་གསོ་རྣམས་གྲུབ་པའི་ཉི་ཤར་ལ་རྟེན་འབུལ་སོགས་ཚེས་གཅིག་ཇི་ལྟ་བ་བཞིན་དུ་གནང་། བཀའ་ལས། ད་ལམ་དཔལ་མགོན་གྱི་གཏོར་ཆེན་བྱས་པའི་བཀོད་པ་ཐིག་རི་མོར་འབྲི་དགོས་པ་འདུག་གསུངས་པ་ལྟར་བྲིས་པའི་འོག་ཏུ་བན་དྷེས་གཏོར་ཟོར་འཕེན་པ། གཏོར་རྒྱབ་ཀྱི་ཚུལ་དུ་ཆོས་སྐྱོང་ཆེན་པོའི་སྐུ་ཞིག་དང་། གཏོར་ཆེན་གྱི་སྟེང་དུ་ཞལ་ཁྲ་ཅན་གྱི་སྐུ། རྒྱབ་ངོས་སུ་ཨ་ཙ་རའི་གཟུགས་ཤིག་ཀྱང་བྲིས་ཤིག་གསུངས། དེ་དག་ཀྱང་ཞལ་གཟིགས་ཡིན་པར་སྣང་ངོ་། །དེ་གྲུབ་པ་དང་ཕྱག་ནས་གཏོར་ཏེ་འདི་སྐད་དུ། གུ་གེ་བདག་པོའི་གདུང་བརྒྱུད་འདི་ལ་མངའ་བདག་ཙེ་ལྡེ་བྱ་བ་ཞིག་བྱུང་འདུག་པ་དང་། བླ་མ་གཉན་ལོ་ཙཱ་བ་གཉིས་བཟློས། བླ་མས་མངའ་བདག་ལ་ཆོས་སྐྱོང་འདི་རྦད་པས་རྟགས་མངོན་སུམ་དུ་བྱུང་། གུས་བཏུད་དང་བཤགས་པ་ཕུལ་འདུག་ཀྱང་། དེ་ནས་ད་ལྟའི་བར་དུ་གོང་མའི་ཞལ་ངོ་ན་རིམ་ལ་ལོ་དུས་སུ་ཤངས་ཁྲག་འཆོར་བའི་ཉེན་ཡོད་པར་འདུག །གནས་བརྟན་མང་ཐོས་ལ་གནང་བའི་བཀའ་ཤོག་ཕེབས་དོན་ཀྱང་གཅིག་ལ་ཤངས་ཁྲག་འཆོར་པ་འདི་ཕྱིས་སུ་མི་འོང་བའི་ཐུགས་དམ་སྐྱབས་འོག་དགོས་ཚུལ་དུ་འདུག་པ་བཞིན། ངས་གཏོར་ཆེན་གྱི་ནང་དུ། གོང་མ་རང་གིས་གནང་བའི་གསེར་གྱི་ཕུད་བླུག་སྟེ། ལྷ་མི་མཐུན་སྦྱོར་གྱི་ཚུལ་བྱས་པ་ཡིན། རྟེན་འབྲེལ་གྱི་ལྟས་ཀྱང་བཟང་པོ་བྱུང་། སྔར་ཕན་གོང་མས་གཟིགས་སར། མགོན་པོ་འདིའི་སྐུ་


GLG008_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ས་མེད་པ་འདུག་སྟེ། ད་རེས་འདི་བསྐུར་གཏོང་གསུངས། རས་བྲིས་དེ་གསེར་ཡིག་པ་ལོག་འགྲོ་དུས་བཀའ་ཤོག་གི་རྟེན་ལ་གནང་། ནག་པ་ཟླ་བའི་ཚེས་བརྒྱད་ཀྱི་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ཐོག །སློབ་དཔོན་ཆེན་པོའི་སྐུ་འདྲ་དེ་ལ་ཡབ་སྲས་གཉིས་ཀས་རབ་གནས་མཛད་དེ། གནས་ཆུང་ལྕོག་ཏུ་མཆོད་སྤྲིན་རྒྱ་ཆེན་པོ་དང་བཅས་ཏེ་བཞུགས་སུ་གསོལ། ཚེས་བཅུའི་ཉིན། སྔར་གྱི་གཏོར་ཆེན་གཉིས་ཀྱི་འཁྲིས་སུ་རྡོ་རྗེ་ཁྱུང་ནག་གི་གཏོར་ཆེན་ཚོགས་འཁོར་དང་བཅས་པ་རྒྱས་པར་བཤད། རྗེ་ཉིད་ཀྱིས་ཕོད་ཀ་རུས་རྒྱན་དབུ་ཞྭ་རྭ་ཅན་སོགས་ཆས་སུ་ཞུགས། དྲུང་གནས་རིན་པོ་ཆེས་གཙོས་ཕྱག་གཡོག་ནང་འཁོར་དམ་ཚིག་དང་ལྡན་པ་རྣམས་ཀྱི་དབུས་སུ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་ཞལ་གཟིགས་ཀྱི་ལྟས་ཁྱད་པར་ཅན་བྱུང་། ཡང་དེའི་ཚེ་རྗེའི་ཞལ་ནས། ནུབ་ཅིག་ཐོ་རངས་ཁ་རྨི་ལམ་དུ། ཁྱེད་རང་སྐོར་ལམ་དུ་བྱོན་དང་། རང་བྱོན་ཞིག་འོང་བ་འདུག་ཟེར་བའི་སྒྲ་ཞིག་བྱུང་། དེའི་སང་སྐོར་ལམ་ལ་ཕྱིན་པས། འབྲས་སྤུངས་ཀྱི་ལྟག་གི་མགོན་པོ་བྲམ་གཟུགས་ཀྱི་རྡོ་སྐུ་རང་བྱོན་འདི་རྙེད་པ་ཡིན། གཞན་ཡང་འདི་ན་ངོ་མཚར་ཅན་མང་པོ་ཡོད་དེ། རེ་ཞིག་སུ་ལའང་མ་སྟོན་ཟེར་བ་ཞིག་བྱུང་བས་མ་བསྟན་པ་ཡིན་གསུང་། དེ་ནས་སྟོན་པའི་གོས་སྐུ་སྤྱན་དྲངས་ཏེ། བླ་མ་ཡབ་སྲས་རྣམས་ལྷན་ཅིག་ཏུ་རྒྱལ་མེ་ཏོག་ཐང་ཕྱོགས་སུ་ཆིབས་ཁ་སྒྱུར། ཡར་ལམ་ཚལ་ཟུར་ཁང་། བདེ་ཆེན། བྲག་དཀར་རྣམས་སུ་ས་སྐྱོང་དགའ་ལྡན་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། ཆོས་ཀྱི་བཀའ་དྲིན་སྩལ། དེ་ནས་ཤ་ར་ཧོར་དུ་གདན་དྲངས་པའི་ཚེ་དགའ་ལྡན་ཤར་པ་ཆོས་རྗེ་རིན་ཅེན་དཔལ་བཟང་པོ་ཡང་མཇལ་བར་བྱོན། མཆོད་ཡོན་


GLG008_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་གུས་པས་མཆོད་ཅིང་གསུང་ཆོས་ཀྱི་བདུད་རྩི་ཞུས། དེ་ནས་མལ་གྲོ་རིན་ཅེན་གླིང་དུ་ཕེབས་ཏེ་སྐྱ་སེར་གྱི་ཁྲོམ་གྲངས་ལས་འདས་པ་ལ་སྤྱི་ཆོས་གནང་བས་མེ་ཏོག་གི་ཆར་བབ། འོལ་ཁ་རྫིང་ཕྱིར་ཕེབས་ཏེ་མཐོང་བས་དོན་དང་ལྡན་བཞིན་པའི་ངང་ནས་འོལ་ཁ་རྩེར་ཕྱགས་ཕབ། སྡེ་པ་རྫོང་དཔོན་པས་ཞུ་བ་ལ། ན་ནིང་གསར་བཞེངས་གནང་བའི་གོས་སྐུ་དེ་ད་རེས་གདན་འདྲེན་གནང་ཡོད་འདུག་པ་ལྟད་མོ་ཞིག་ཞུ་ཞེས་ཞུས་པས། རྗེའི་ཞལ་ནས། དེ་ཆེས་པས་ཁྱོན་གཅིག་པར་གདན་འདྲེན་ཐུབ་པ་ཞིག་ནི་མ་བྱུང་། དུམ་བུ་རེ་ལ་ཁལ་རྒྱབ་རེ་བྱས་ཡོད་པས། ཐམས་ཅད་སྒྲིག་ཐུབ་པ་རང་ནི་ད་རེས་ལ་དཀའ་བ་འདུག །འོན་ཀྱང་སྡེ་པ་ཞལ་ངོ་གཟིགས་སྤྲོ་ན། དུམ་བུ་གཅིག་གཟིགས་ཕུལ་ཞིག་གསུང་། དེ་ནས་སྨད་དུམ་གདན་དྲངས་ཏེ། དེ་ལ་གཙོ་བོའི་ཁྲི་དང་། གཡས་གཡོན་ཏུ་དཔལ་ལྡན་ལྷ་མོ་དང་རྡོ་རྗེ་གཡུ་སྒྲོན་མ་གཉིས་ཀྱི་སྐུ་ཡོད་པས། སྲུང་མ་དེ་གཉིས་ཀྱི་གཉན་ཆ་དང་། འཚུབ་འགྱུར་གྱི་རྣམ་པས་གློ་བུར་དུ་རླུང་འཚུབ་བྱུང་བས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཀྱང་། རྟེན་དེ་འགྲེམས་པར་བརྩམས་པ་དང་རླུང་ཡང་ཞི། སྤྲིན་ཡང་དྭངས་ནས་ནམ་མཁའ་གཡའ་དང་བྲལ་བར་གྱུར་ཅིང་། ཅི་བདེར་བཀྲམ་ཆོག་པ་བྱུང་བ་ན་མཆོད་ཡོན་རྣམས་གཟིགས་རྟོག་གནང་བའི་ཚེ། ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པའི་འོད་ལ་དར་དཀར་གྱི་གུར་ལྟ་བུ་དང་། པདྨའི་ཚལ་ལྟ་བུ་དང་། གདོད་གཉན་མཁའ་འགྲོ་མ་གཉིས་ཀྱི་སྐུའི་རྣམ་པར་སྣང་བ་སོགས་ངོ་མཚར་རྨད་དུ་བྱུང་བའི་རི་མོ་མངོན་པར་བཀྲ་ཞིང་། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པའི་ཆར་བབ་པ་སོགས་དགེ་བའི་ལྟས་དང་ཆོ་འཕྲུལ་བརྗོད་ལས་འདས་པ་བྱུང་། རྫོང་ཆེན་དེར་བླ་མ་ཡབ་སྲས་གཉིས་ཀྱིས་


GLG008_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས། གཞིས་ཀ་དེ་ཉིད་ཨྱོན་གྱི་རྒྱལ་པོ་ཨིནྡྲ་བྷཱ་ཏིའི་ཕོ་བྲང་ལ་འགྲན་བཟོད་པར་གྱུར་ཏོ། །རིམ་གྱིས་ཆོས་འཁོར་རྒྱལ་དུ་ཕེབས། ཚོགས་པ་ལ་ཇ་ཚུལ་དང་རྩམ་པ་སོགས་ཀྱི་བསྙེན་བཀུར་དང་གོས་སྐུའི་ལྷུ་རྣམས་བསྒྲིགས་ཏེ་གོས་སྐུ་སྤེའུ་བརྩིགས་གྲུབ་པ་དང་། གོས་སྐུ་བཀྲམ་པའི་གཡས་གཡོན་དུ་རྒྱལ་མཚན་དང་། མདུན་དུ་མཆོད་པའི་སྤྲིན་རྒྱ་ཆེན་པོ་སྤྲོས། བླ་མ་ཡབ་སྲས་དགེ་འདུན་ཚོགས་ཆེན་དང་བཅས་པས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་སྦྱིན་སྲེག་དང་རབ་གནས་རྒྱས་པར་མཛད། དེའི་ཚེ་འཇའ་འོད་སྣ་ལྔས་ནམ་མཁའི་དབྱིངས་གང་བ་ལས་མེ་ཏོག་གི་ཆར་བབས་པས། དེར་འཁོད་པའི་སྐྱེ་བོ་མཐའ་དག་བླ་མ་ཡབ་སྲས་དང་གོས་སྐུ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་ལྡན་པར་གྱུར་ཏོ། །དེ་སྐབས་ཡར་ཀླུངས་སུ་སྡེ་གཟར་ལངས་པར་བརྟེན། ནང་སོ་འཕྱོང་རྒྱས་པས་གདན་འདྲེན་སྔ་ཕྱིར་བྱུང་སྟེ་ཆིབས་ཁ་བསྒྱུར། ཐོག་མར་འོལ་ཁ་བརྒྱུད། རོང་ཆད་དཀར་དུ་ཕེབས་གཞི་ལེན་ཞབས་ཏོག་ཡང་དག་ཞུས། རི་སྒོར་མཆོད་ཡོན་ལྷན་དུ་ཕེབས། ཞལ་ངོ་ལ་བཀའ་དབང་དང་ཁྲོམ་ལ་སྤྱི་ཆོས་སོགས་གནང་། དེ་ནས་རྒྱ་རི་རྫོང་དུ་ཕེབས་ཏེ། མཆོག་དམན་མཐའ་དག་ཆོས་ཀྱིས་ཚིམ་པར་མཛད། ཆབ་ཚན་གནང་སྟེ་སླར་ཡང་ཆད་དཀར་དུ་ཕེབས། ཞབས་དྲུང་རྩེ་ནས་གདུང་བརྒྱུད་སྐུ་གཞོན་པའི་དྲུང་ཡང་མཇལ་བ་ལ་ཕེབས། ཚེ་དབང་དཔལ་མགོན་ཞལ་གྱི་རྗེས་གནང་སྩལ། རིམ་གྱིས་ཡར་ཀླུངས་ཚ་བ་གྲུ་རུ་ཕེབས། བཀའ་ཁྲས་བཅད་འཕྱོང་རྒྱས་ཞབས་དྲུང་དཔོན་གཡོག་ཅི་བདེར་ཐེགས་ཆོག་པ་སོགས་དུས་གཟིངས་རྣམས་ཞི་བར་


GLG008_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་ཐམས་ཅད་བདེ་འཇགས་སུ་བཀོད། འཕྱོང་རྒྱས་རྩེར་གདན་དྲངས་ཏེ་བསྙེན་བཀུར་གུས་འདུད་ཕུན་སུམ་ཚོགས་པ་མཛད། དེ་ནས་རྩེས་ཐང་དུ་ཕེབས་སྔར་ནས་དཔོན་ས་གོང་མ་ཆེན་པོ་ལ་ཐུགས་གཏིང་ནས་གུས་པའི་ཚུལ་སྟོན་པ་ཞིག་ཡོད་ཅིང་། ཁྱད་པར་འབྲས་སྤུངས་ཀྱི་གདན་སར་ཕེབས་ནས་མཇལ་བཞེད་ཐུན་མོང་མ་ཡིན་པ་ཐུགས་ལ་གཅགས་པ་ལྟར་སྔར་ཕན་ངོས་མཇལ་མ་ཐུབ་པས། ད་རེས་སྣེའུ་གདོང་རྩེར་མཇལ་བར་ཕེབས། ཕྱག་འབུལ་གནང་སྐབས། སྡེ་སྲིད་ཀྱི་ཕྱག་ཏུ་མི་གཡོ་བའི་སྐུ་ཞིག་བཟུང་ནས་དེ་ལ་བསྔོ་བསྒྱུར་མཛད། སུམ་གདན་སྙེ་འབོལ་སོགས་བཀུར་བཟོས་ཆེ་བར་ཕུལ། ཐུགས་ཡིད་གཅིག་ཏུ་འདྲེས། རྩེས་ཐང་གི་ཀུན་བཟང་རྩེར་བཞུགས་པའི་ནུབ། བྲམ་ཟེ་མི་མགོའི་སེ་རལ་ཁ་ཡོད་པ་ཞིག་འོངས་ཏེ། ཕྱིའི་ཡི་དམ་རྡོ་རྗེ་འཇིགས་བྱེད། ནང་གི་ཡི་དམ་འཁོར་ལོ་བདེ་མཆོག །གསང་བའི་ཡི་དམ་རྡོ་རྗེ་གདན་བཞི་བྱས་ན་ལེགས་ཚོགས་ཆེ་བ་འདུག་ཟེར་བ་ཞིག་བྱུང་བས། སྤྱན་ལྟས་བྱུང་ཚུལ་དང་བཅས། རྒྱལ་དུ་རྗེ་དྲུང་རིན་པོ་ཆེ་ལ་གདན་བཞིའི་སྒྲུབ་ཐབས་ཤིག་ཐུགས་རྩོམ་མཛད་དགོས་པར་བསྐུལ་བ་ལྟར་ཕུལ། གདན་བཞིའི་ཉམས་བཞེས་ཀྱང་འཆག་མེད་མཛད། རིམ་གྱིས་ཉང་པོ་གྲུ་བརྒྱུད་འབྲས་སྤུངས་སུ་ཕེབས། ཆོས་ཐོག་གཅིག་གི་རིང་ཚོགས་ཆོས་གསུངས། དེ་སྐབས་གཞན་གྱིས་རྦད་འདྲེ་རྦོད་གཏོང་གི་མཚན་མ་ཆེ་བར་བྱུང་བ་དང་། ཆོས་སྐྱོང་ཆེན་པོས་ཀྱང་བསྐུལ་བ་ལྟར་སྐུ་མཚམས་དམ་པར་གནང་། སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་བ་ལ་མཚར་ཆེན་ནས་བརྒྱུད་པའི་དཔལ་མགོན་ཞལ་གྱི་དབང་ལུང་མན་ངག་ཁ་ཡར་དང་། རྙིང་ལུགས་ཀྱི་དྲག་སྔགས་འགའ་ཞིག་གསན། འབྲི་གུང་ནས་ཞབས་དྲུང་


GLG008_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་རིན་ཆེན་ཕུན་ཚོགས་ཀྱིས་གཟའི་ཐན་འགྱེད་ཞིག་བཏང་བས་སྦྲུལ་གཅིག་གཟིམས་ཆུང་དུ་དངོས་སུ་བྱུང་བ་སྐུ་ལ་ཐེབས། དེ་གང་ཟག་རང་བཞིན་པ་ཅིག་ལ་བྱུང་ན་དུས་ཀྱི་ཕོ་ཉས་ཟིན་པ་ལས་འོས་མེད་ཀྱང་། བར་ཆད་དུ་འགྱུར་བའི་སྐྱོན་མ་བྱུང་། འོན་ཀྱང་དུས་ཕྱི་མོའི་བར་དུ་དེའི་ཤུལ་དུ་དབུ་སྐྲ་མི་སྐྱེ་བ་ཞིག་ཡོད་ཟེར། དེ་དག་བཟློག་ཐབས་སུ་མངོན་སྤྱོད་དྲག་པོའི་ཆས་སུ་ཞུགས་ཏེ། མནན་སྲེག་འཕང་གསུམ་གནང་བས། སྦྱིན་སྲེག་གི་སྐབས་དགྲ་ཕྱོགས་སུ་མེ་ལྕེ་ཚད་པ་དང་གཙོ་རྒྱུག་པ་གློ་བུར་དུ་སྤྲིན་འཁྲིགས་ཏེ། འབྲུག་གི་སྒྲ་ཆེན་པོ་དང་བཅས་ཏེ་སེར་དྲག་འབབ་པ་སོགས་རྟགས་མངོན་དུ་གྱུར། དམར་སེར་ཅན་ཞེས་པ་མེ་སྦྲུལ་ལོ་གསར་དང་། སྨོན་ལམ་གྱི་ཐུགས་བྲེལ་རྣམས་གྲུབ་རྗེས། སྙན་ངག་གི་དཔེར་བརྗོད་དང་། རྣལ་འབྱོར་ནམ་མཁའི་བསྟོད་པ་ཐུགས་རྩོམ་མཛད། །དེ་ནས་རྒྱལ་དུ་རྟེན་བཞེང་གི་དགོངས་པ་གཏད་དེ་ཐིག་རྩ་གཟུངས་ཞུགས་པ། བལ་པོ་ཤིང་བཟོ་བ་རྣམས་སྔོན་དུ་རྫོང་སྟ་མཛད་དེ་རིམ་གྱིས་རྒྱལ་དུ་ཆིབས་ཁ་བསྒྱུར། བདེ་ཆེན། བསམ་ཡས། འོལ་ཁ་རྣམས་བརྒྱུད་དེ་ཕེབས། ཐམས་ཅད་མཁྱེན་པ་གོང་མའི་དངུལ་གདུང་བཞེང་བའི་བཟོ་གྲྭ་བཙུགས། རྗེ་དྲུང་རིན་པོ་ཆེས་བཟོ་གྲྭར་ཕེབས་ནས་བགེགས་སྒྲོད་གནས་ཁང་བྱིན་རླབས་བཟོ་བོ་བཟོ་ཆ་བཟོ་རྒྱུ་རྣམས་ལ་རབ་ཏུ་གནས་པ་མཛད། བཟོ་བོ་རྣམས་ལ་འཛུགས་སྟོན་སོགས་བདག་རྐྱེན་ཆད་མེད་པ་གནང་། བཟོ་དངོས་གཙང་ཞིང་འགྲུབ་པར་བྱས་སྐོར་གཅིག་སྐྱིད་ཤོད་དུ་ཕེབས་ཏེ་ནང་སོ་འབུལ་དཔོན་པ་སླར་ཡང་མདོ་སྨད་དུ་རྫོང་སྟ་གནང་། སླར་རྒྱལ་དུ་ཕེབས་ཚོགས་ཆེན་དུ་ཇ་ཚུལ་དང་རྒྱལ་བ་བཙོང་ཁ་པའི་བཀའ་འབུམ་གསུངས། གདན་


GLG008_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་དཀྱིལ་ཐང་བཞེང་བའི་རས་གཞི་ལ། ཐིག་ཆོག་ཚོན་བྱིན་རླབས་སོགས་ཞུ་བར་རྗེ་དྲུང་སྐུ་གཞོགས་སུ་བཏང་། ཞབས་དྲུང་ནས་བདུན་ཕྲག་གཅིག་སྐུ་མཚམས་དམ་པར་བཅད་དེ་གཟིམས་ཆུང་བཀའ་གདམས་ཕོ་བྲང་དུ་འཇམ་དབྱངས་ཀྱི་བསྙེན་པ་ཞིག་གནང་བའི་ཚེ་མནལ་ལམ་དུ། བྲག་རི་ཆེན་པོ་ཞིག་གི་རྩེ་ན་ལས་གཤིན་སྐུ་ཚད་ཆེ་བ་ཞིག་འདུག་པ་གཟིགས་པས། སྐུ་མཚམས་ཞག་བཞི་སོང་ནས་གློ་བུར་དུ་གྲོལ་བས། སྐུ་འཁོར་རྣམས་ཀྱིས་ཞག་བདུན་མའི་བཅད་རྒྱ་མ་ཐིམ་པར་སྐུ་མཚམས་གློ་བུར་དུ་གྲོལ་ན་བར་ཆད་དུ་འགྱུར་བ་མ་ལགས་སམ་ཞུས་པས། དོན་གྲུབ་ན་དེས་ཆོགམཚམས་ལ་ཞུགས་པའི་ནུབ་མོ་རང་ནས་ལྟས་བཟང་པོ་མང་བར་བྱུང་། ཁྱད་པར་མདང་རྨི་ལམ་དུ་རྗེ་བཙུན་འཇམ་དབྱངས་ཡང་གསང་སྙིང་གི་ཐིག་ལེ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཡུམ་ལ་འཁྱུད་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་བཟུང་བ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་རལ་གྲི་དང་པོ་ཏི། དེ་གཉིས་ཀྱི་སྟེང་ནས་འཚེར་བའི་གཡས་ན་ཉི་མའི་ཞགས་པ་དང་། གཡོན་ན་ཟླ་བའི་ཞགས་པ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བའི་སྟོད་གཡོགས་ཡུག་གྱོན་གྱི་སྣེ་མོ་གཉིས་ས་འོག་ཏུ་སོང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་ཀྱིས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པ་དེ་ལྟ་བུའི་ཡབ་ཡུམ་གྱི་སྐུའི་སྣང་བ་གསལ་པོ་ཞིག་བྱུང་། ན་བཟའི་དར་སྔོན་པོའི་སྣ་གཉིས་ས་འོག་ཏུ་སོང་བ་དེ། ཡར་ཇི་ཙམ་འཐེན་ཀྱང་རྫོགས་རྒྱུ་མི་འདུག་པ། ས་འོག་གི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་བརྡར་འདུག་གསུངས། ཧོར་


GLG008_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བརྒྱད་པའི་ཉེར་གསུམ་གྱི་ཉིན་མགོན་པོ་ཞལ་གྱི་མཆོད་གཏོར་རྒྱས་པ་ཞིག་གནང་བའི་ཉི་རྒས་ཙམ་གྱི་དུས་སུ། གློ་བུར་དུ་སྐུའི་རྣམ་འགྱུར་དཀྱུས་མ་དང་མི་འདྲ་བ་ཞིག་མཛད། ཧར་གྱིས་བཞེངས་ནས། རྗེ་དྲུང་གི་གཟིམས་ཆུང་དུ་ཕེབས་ཏེ། སྤྱན་ལྟས་བྱུང་བ་རྣམས་ཀྱི་དྲི་བ་གནང་། དེ་འཕྲལ་ཕྱིར་ཕེབས་ཏེ། ཐུགས་དམ་གཏོར་མ་དང་མཆོད་པ་འདི་ལྟ་བུ་ཤོམས་ཞེས་ཞལ་བཀོད་མཛད། དེ་ནུབ་ཁྲག་ཅིག་དགོས་རྒྱུར་འདུག་ཀྱང་མི་རྙེད་པ་འདྲ་ཞེས་གསུང་། དེ་སྐབས་གདན་བཞིའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་འདོད་སྣམ་ལ་མ་སླེབ་ཙམ་གྱི་སྐབས་ཡིན་འདུག །སྤྱན་ལྟས་ནི་ཕྱག་བྲིས་མར། ཀ་རང་ཀ་ལས་བྱུང་བའི་གདོང་དམར་ལི་ཁྲིའི་ཞུ་རུ་ཅན། མཁུར་གཉིས་ནག་ཐིག་གིས་བྱུགས་པ་ཞིག་ཀ་རང་དུ་སྡོད། ཡང་ཀ་རང་ལས་སྐྱེ་དམན་སྐྲའི་ལན་བུ་རྒྱབ་ཏུ་འཕྱང་བའི་ནག་མོ་ཞིག་བྱུང་སྟེ། རུ་མི་ལ་འབའ་ལིང་ང་ཙམ་ལ་བསྒུགས་པ་ཡིན་ཏེ་མ་བྱུང་། དེ་ལྟར་ན་མཎྜལ་ཞལ་འབྱེད་པར་མི་ནུས། ང་དཀྱིལ་འཁོར་ནང་མའི་འདོད་སྣམ་གྱི་མཆོད་པའི་ལྷ་མོ་རྣམས་བྲིས་མ་ཚར་གོང་དུ། ངེད་གཉིས་ལ་གཏོར་མ་དགོས་ཟེར་བ་དང་། མི་ལི་ཞུར་པ་དེ་ན་རེ། ངེད་གཉིས་ལ་འབར་བ་ཁྲག་གཏོར་དགོས་ཟེར། སྐྱེ་དམན་དེ་ན་རེ། འབར་པ་ཁྲག་གཏོར་དགོས་ཞེས་ལན་གསུམ་ཟེར་ཞིང་། དེ་མ་བྱུང་ཡང་དཔལ་འབར་མེ་ལྕེ་འཕོངས་ཟེར། དེ་ནས་དེ་གཉིས་ཀྱི་སྲུབས་དེ་ནས་གདོང་བརྙན་ཞིག་བྱུང་བ་དེས་སྐྲ་སྤྲུགས་བྱུང་བས་ངའི་ལུས་ཁྲག་གིས་གང་བྱུང་། དེ་འཕྲལ་ལ་ནམ་མཁའ་ནས་རྣལ་འབྱོར་ནམ་མཁའི་ཟེར་བའི་སྒྲ་ལན་གསུམ་བྱུང་བ་དང་། ངའི་དཔུང་པ་ལ་ཆབ་ཟེར་པ་ཞིག་བྱུང་། བལྟས་ཙ་ན་འོ་མ་བྱོ་འདུག་པ་དེས་ཁྲག་དེ་རྣམས་དག་འདུག །དེ་ནས་ཨ་ཙ་ར་གཅིག་བྱུང་སྟེ་འཚབ་མི་


GLG008_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། གང་ལྟར་ན་ཡང་ཁོང་གཉིས་གཏོར་མ་ལ་ཧམ་པོ་བྱེད་ཀྱིན་འདུག་པས། དོ་ནུབ་རང་ཁོང་གཉིས་ལ་གཏོར་མ་བྱིན་ཟེར། དེ་རྗེས་ང་དང་། ཆོས་རྗེ་རིན་པོ་ཆེའི་སྐུ་མདུན་དུ་ཡང་། མ་ཧཱ་ར་ཀ་དང་། སུ་ར་ཀ་ར་གཉིས་བྱུང་བ་ཡིན་ཚོད་འདུག་པ་རྣམས་བརྗེད་ཐོར་བཀོད་པ་ཡིན་ཞེས་སོ། །དེ་ནི་རྡོ་རྗེ་གདན་བཞི་ཡབ་ཡུམ་གཉིས། དེའི་བསྟན་སྲུང་དུད་སོལ་ལྷ་མོ། མགོན་པོ་ཞལ་བཞི་པ་རྣམས་ཀྱི་ཆོ་འཕྲུལ་ཡིན་པར་འདུག །གདན་བཞིའི་དཀྱིལ་ཐང་ཡང་ཤིན་ཏུ་རི་མོ་ཞིབ་ཅིང་ལེགས་པར་གྲུབ་པ་བར་སྐབས་སུ་འཁྱར་བ། དིང་སང་ཕན་བདེ་ལེགས་བཤད་གླིང་པའི་རྟེན་ཁྲོད་ན་ཡོད། དེ་ནས་བཀའ་ལས། ཐུགས་དམ་ཟབ་མོའི་ཉམས་ལེན་རྩེ་གཅིག་ཏུ་བྱེད་པ་ལ། འདི་ཡང་མ་འགོལ་བའི་སྐྱོན་ཞིག་འདུག་པས། བར་བར་དུ་མཚམས་དམ་པོ་རེ་བྱེད་པའི་མཚམས་ཁང་ཞིག་རྒྱག་དགོས་པ་འདུག་གསུང་ལྷུན་གྲུབ་དགའ་ཚལ་གྱི་གཞི་འདེབས་པའི་དགོངས་པ་གཏད་པ་ཡིན་ལ། དེ་ཡང་ཆོས་འཁོར་རྒྱལ་གྱི་གནས་འདི་ཉིད་ནི། མདོ་རྒྱུད་དང་མཁས་གྲུབ་དུ་མའི་གསུང་ལས་ལུང་བསྟན་པ་མཐའ་ཀླས་ཤིང་། ཁྱད་པར་ཨེ་སྤེལ་ལྕོག་པ་གཏེར་སྟོན་ལས་འགྲོ་གླིང་པས། ཙ་རི་ནས་གདན་དྲངས་པའི་གསང་བ་འདུས་པའི་རྒྱུད་གྱི་ཡང་སྙིང་། ཚེ་དང་ཡེ་ཤེས་འབྱུང་བའི་རྒྱུད་གྱི་ལེའུ་བཅོ་ལྔ་པ་ཁོལ་དུ་བྱུང་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཐའ་ཡས་རིགས་མཆོག་ཉོན་ཅིག །གངས་ཅན་གྱི་ཡུལ་དེ་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་འདུལ་བའི་ཞིང་ཁམས། གངས་ཅན་ཡུལ་གྱི་ལྟེ་བ། རི་བོ་འབིགས་བྱེད་ཀྱི་ལྗོངས། དཔལ་གསང་བ་འདུས་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་འདོད་པ་ཁམས་ཀྱི་དབང་ཕྱུག་ཆེན་མོའི་བདུད་དང་མུ་སྟེགས་ཀྱི་གཡུལ་


GLG008_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བ། དཔལ་ལྡན་གཙོ་མོ་དམག་གི་རྒྱལ་མོས་གནས་ཀྱི་སྲུང་མ་བྱེད་པ། དཔལ་རྡོ་རྗེ་འཇིགས་གསང་གི་དཀྱིལ་འཁོར། ཡུལ་གྱི་དབྱིབས་ནི་ཨེ་ལས་ཆོས་ཀྱི་འབྱུང་གནས་ཀྱི་དབྱིབས་ཅན། གནས་དེར་འགྲོ་བ་གང་གིས་བགྲོད་པ་ཐམས་ཅད་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྟོག་པ་འགགས་ཤིང་ཞི་བར་བྱེད་པ། ཡུལ་ནི་རིག་པ་དྭངས་ཤིང་ངོས་དཀར་བ། ཞི་གནས་དང་ལྷག་མཐོང་གི་བསམ་གཏན་འཕེལ་བ། དགེ་སློང་གང་དག་གནས་དེར་གནས་པ་ཐམས་ཅད་གཟུངས་དང་ཏིང་ངེ་འཛིན་གྱི་དོན་ཐོབ་པར་བྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དོན་ལ་གནས་པ། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་མངའ་བ། མི་འཇིགས་པ་བཞི་དང་ལྡན་པ། སོ་སོར་ཡང་དག་པའི་རིག་པ་བཞི་མངའ་བ། དབང་པོ་ལྔ་ཡིད་ཡུལ་གྱི་མཆོག་ཏུ་གྱུར་པ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ། རྫུ་འཕྲུལ་གི་རྐང་པ་བཞི་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་བཅུའི་དོན་མངོན་དུ་གྱུར་པ། མཚན་དང་དཔེ་བྱད་ཀྱི་འབྲས་བུ་ཐོབ་པའི་འཕགས་པ་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་མང་པོ་གནས་དེར་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མཐའ་ཡས་རིགས་མཆོག་བསམ་བཞིན་དུ་གནས་དེར་འདུལ་བའི་སྡེ་སྣོད་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཀྱི་བྱེ་བྲག་ནི་འདི་ལྟ་སྟེ། དཔལ་ཡེ་ཤེས་སེམས་དཔའ་འཇིགས་བྱེད་རྡོ་རྗེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཕྱིར་ན་ཡུལ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་དབྱིབས་ཅན། དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་རྡོ་རྗེ་མཁའ་འགྲོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་ཐམས་ཅད་འདུ་བ་


GLG008_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རི་དང་རི་བྲག་དང་རྩི་ཞིང་དང་ནགས་ཚལ་དང་ལྡན་པ། དུར་ཁྲོད་བརྒྱད་ཀྱིས་དཀྱིལ་འཁོར་ཡོངས་སུ་རྫོགས་པ། གཅན་གཟན་སྣ་ཚོགས་རྒྱུ་བ། ལྗོངས་པདྨའི་མདངས་གསལ་བ། མཚོ་དང་། རྫིང་བུ་དང་། ལྟེང་ཀ །ཆུ་མིག་དང་ལྡན་པ། ལྷའི་གངྒཱའི་ཡན་ལག་བརྒྱད་དང་ལྡན་པའི་ལྷ་རྫས་ཀྱི་མེ་ཏོག་བཀྲམ་པ། བཀྲ་ཤིས་པར་བྱེད་པའི་བྱ་སྣ་ཚོགས་གསུང་སྙན་སྒྲོག་ཅིང་། བུང་བ་རྣམས་གླུ་ལེན་པ། དམ་པ་ཆོས་ཀྱི་སྒྲ་འབྱུང་བར་བྱེད་པ། ལྷ་དང་ལྷ་མོའི་ཚོགས་ཐམས་ཅད་གནས་དེར་འདུ་ཞིང་། ཕྱོགས་སྐྱོང་དང་ཞིང་སྐྱོང་དང་གནོད་སྦྱིན་ཀྱི་དེད་དཔོན་ཐམས་ཅད་གནས་དེར་དམ་ལ་འདུ་ཞིང་སྲུང་བར་བྱེད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་མདངས་ལྡན་འཁོར་མར་འབབ་པ་ལ་ཀླུའི་རྒྱལ་པོ་མཐའ་ཡས་དང་། ནོར་སྐྱོང་དང་། དགའ་བོ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཆོད་པས་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པ། ལྷའི་དབང་པོ་དང་། ལྷ་ཚངས་པ་རྣམས་དང་ལྷའི་བུ་མོ་ཐམས་ཅད་གནས་དེར་དུས་བཟང་པོ་ལ་འདུ་ཞིང་ཆོས་ཉན་པར་བྱེད་པ། དབུས་ཀྱི་རི་བོ་འབིགས་བྱེད་ཅེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པའི་གཞལ་མེད་ཁང་ཆེན་པོ་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཁམས་གསུམ་ལས་ཡང་དག་པར་འདས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ། རི་བོ་དེ་ཉིད་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། བྱང་ཆུབ་སེམས་དཔའ་ཁྲི་དྲུག་སྟོང་གི་སྐུ་རང་བྱོན་དུ་བཞུགས་པ་ཆུ་བུར་ཀྱི་མིག་གི་མཐོང་སྣང་དུ་གྲུབ་པ། རི་བོ་དེ་ལ་འཁོར་བའི་མཚོ་མདངས་ལྡན་འོད་ཀྱི་དྲ་བ་ལ་དབུས་སུ་འཇམ་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གསལ་བ། འགྲོ་བ་གང་གི་ཞལ་ལན་


GLG008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མཇལ་བས་ལས་དང་ཉོན་མོངས་ཀྱི་བག་ཆགས་སྦྱོང་བར་བྱེད་ཅིང་བུམ་པའི་དབང་གི་འབྲས་བུ་ཐོབ་པར་བྱེད་པའོ། །སྟེང་ཕྱོགས་སུ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འགྲོ་བ་གང་གིས་ཞལ་ལན་རེ་མཇལ་པ་ཐམས་ཅད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་དུ་བགྲོད་པར་ནུས་ཏེ། སྐྱེ་བ་ཕྱི་མ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཁོར་གྱི་ཐོག་མར་སྲས་ཀྱི་ཐུ་བོར་འགྱུར་རོ། །འོག་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། གནས་དེར་ཕྱིན་པའི་གང་ཟག་སྐྱེས་བུ་ཆེན་པོའི་བྱམས་པ་དང་སྙིང་རྗེ་རྒྱུད་ལ་སྐྱེ་བ། གཞན་ཡང་ཡང་དག་པའི་སྣང་བའི་རི་བོ་བྷི་བྷ་དྱ་ཞེས་རི་བོ་ཟླུམ་ཞིང་མདངས་གསལ་བ་ལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་མཚན་ལེགས་རྒྱལ་པོ་དང་། གསེར་བཟང་དྲི་མེད་ལ་སོགས་པ་དེ་བཞིན་གཤེགས་པ་བརྒྱད་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་རང་བྱོན་ལྷུན་གྱིས་གྲུབ་པ། བྱང་ཆུབ་ཆེན་པོ་དེ་ཉིད་འགྲོ་བ་གང་གིས་མཐོང་ཞིང་རྣ་བར་ཐོས་པ་ཙམ་གྱིས་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་བྱང་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་མཐུས་ཕྱིར་མི་ལྡོག་པའི་ལྷ་དང་མི་ལ་གནས་པའི་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་རོ། །ཞིང་ཁམས་རྣམ་པར་དག་པ་དེ་ན་རི་བོ་རཏྣ་བཀྲ་ཞེས་བྱ་བ་རིན་པོ་ཆེའི་ཕུང་པོ་སྤུངས་པ་ལྟ་བུ། ཁ་དོག་མདངས་དང་ལྡན་པའི་རི་ལ་འཕགས་པ་འཇམ་དཔལ་གཙོ་འཁོར་ལྔའི་དཀྱིལ་འཁོར་གསལ་བར་བཞུགས་ཏེ། གནས་དེར་བཞུགས་པའི་དགེ་སློང་དང་། དགེ་ཚུལ་


GLG008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་བསྙེན་ཡང་རུང་སྟེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་། ཇི་སྙེད་ཀུན་ཏུ་མཁྱེན་པའི་ཡེ་ཤེས་བརྒྱད་ལ་གནས་ཏེ། ས་དང་པོ་ནས་ས་བཅུ་པའི་བར་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ཅིང་སྡེ་སྣོད་གསུམ་གྱི་བསྟན་པ་གསལ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གནས་དེ་ན་རི་བོ་མཆོག་ཏུ་གསལ་བ་དྲི་མ་མེད་པའི་འོད་ཅེས་བྱ་བ་རི་བོ་དེ་ཉིད་མཐོང་བས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འགགས་པར་བྱེད་པ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཁོང་དུ་ཆུད་པར་བྱེད་པ། བདེན་པ་བཞི་མཐོང་བར་བྱེད་པར། རྒྱུ་དང་འབྲས་བུའི་དོན་རྟོགས་པར་བྱེད་པ། ཏིང་ངེ་འཛིན་གྱི་ཟས་གོས་དང་ལྡན་པས་འཇིག་རྟེན་གྱི་ཟས་གོས་ཀྱི་ཁེངས་པ་དང་བྲལ་བ། ལྷ་རྣམས་ཀྱི་གཟི་མདངས་འཇུག་ཅིང་འཕགས་པ་དགྲ་བཅོམ་པའི་འབྲས་བུ་རྫུ་འཕྲུལ་ལ་ཐོགས་པ་མེད་པར་ཐོབ་པར་འགྱུར་རོ། །རི་བོ་དེ་ཉིད་ན་འོག་མིན་ལྷའི་རྒྱལ་པོའི་ཁང་བཟང་དང་མཚུངས་ཏེ། དུས་བཟང་པོ་ལ་རྒྱལ་བ་བྱམས་པ་ལྷ་བརྒྱད་ཁྲིའི་ཚོགས་དང་བཅས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །དུས་བཟང་པོ་ལ་འགྲོ་བ་གང་གིས་ས་ཕྱོགས་དེར་མཆོད་པར་བྱས་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། བཀུར་བར་བྱེད་པ་ཐམས་ཅད་ནི་དགྲ་བཅོམ་ཕྱིར་མི་ལྡོག་པའི་ས་ཐོབ་ནས་རྒྱལ་བ་བྱམས་པའི་སྲས་ཀྱི་ཐུ་བོར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་དེ་ཉིད་ནས་རི་བོ་དྲི་མ་མེད་པའི་མདངས་གསལ་བ་ཞེས་བྱ་བ། སྨན་གྱི་དྲི་ངད་དང་ལྡན་ཞིང་པདྨའི་མདངས་གསལ་བས་ས་ཕྱོགས་དེའི་ཆུ་དང་རྩྭ་སོགས་འགྲོ་བ་གང་གི་ལུས་ལ་རེག་པ་དང་། ལྟོར་ཟོས་པ་ཐམས་ཅད་ཀྱང་ཆག་པ་མེད་པའི་ཏིང་ངེ་འཛིན་གྱི་ལུས་ཐོབ་པའོ། །ཟས་གོས་ཀྱི་འཛིན་པ་དང་བྲལ་བ་ཏིང་ངེ་འཛིན་གྱིས་ཟས་གོས་ལ་ལོངས་སྤྱོད་པ་ཤ་སྟག་སྟེ། གནས་དེར་


GLG008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གནས་པ་གང་དག་ཆོས་གོས་དང་ལྷུང་བཟེད་ཡིད་ལ་བསམས་པས་འགྲུབ་པ་དང་། ཟས་གོས་ཀྱི་འཛིན་པ་དང་བྲལ་བ། སྐྱེ་བ་ཕྱི་མ་པདྨ་ལས་རྫུས་ཏེ་སྐྱེ་བ་དང་། སངས་རྒྱས་སྟོང་གི་ཞལ་མཐོང་བ་དང་། རྒྱལ་བ་སྲས་བཅས་རྣམས་ཀྱིས་རྗེས་སུ་འཛིན་པར་འགྱུར་རོ། །རི་བོ་དེ་ཉིད་ནི་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་རྣམ་པར་དག་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེ་ན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱི་ཆུ་བསམ་གྱི་མི་ཁྱབ་པ་གནས་ཏེ། དག་པ་ཡེ་ཤེས་ཀྱི་ཆུ་ཀླུང་གི་ཆུ་འཐུངས་པས་ལས་དང་ཉོན་མོངས་པའི་དྲི་མ་དག་པར་བྱེད་པ་དང་། གནས་དེའི་ཤར་ཕྱོགས་ཆུ་མིག་བདུད་རྩི་ཡེ་ཤེས་ཀྱི་ཆུ་འཐུངས་པས་ལྷའི་སྤྱན་རྣམ་པར་དག་པ་ཐོབ་སྟེ། སངས་རྒྱས་ཀྱི་ཞིང་མཐོང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་ཆུ་འཐུངས་པས་ཚུལ་ཁྲིམས་ཀྱི་རྒྱན་ཐོབ་པར་འགྱུར་རོ། །དཔལ་གསང་བ་འདུས་པའི་མཆོག་གི་ཡེ་ཤེས་ཀྱི་ཆུ་འཐུངས་པས་བདེ་ཆེན་ལོངས་སྤྱོད་ཀྱི་སྐུ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེ་ན་ལྷའི་བདུད་རྩི་རོ་བརྒྱ་དང་ལྡན་པའི་རྩྭ་དང་ལྡན་པའི་རྩྭ་མཆོག་ཟོས་པས་གཟུངས་དང་ཏིང་ངེ་འཛིན་ཐོབ་པ་བསམ་གྱིས་མི་ཁྱབ་སྟེ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཐུགས་རྗེ་ལས་འཁྲུངས་པ་རྩྭ་མཆོག་བདུད་རྩིའི་ཟིལ་པ་ཅན་དང་འཕགས་པ་མཐའ་ཡས་རིགས་མཆོག་གི་སྨོན་ལམ་ལས་འཁྲུངས་པའི་བྱང་ཆུབ་ལྗོན་པའི་ཤིང་མདངས་གསལ་བའི་མེ་ཏོག་གི་བདུད་རྩི་དང་། ལྷའི་དབང་པོས་བྱིན་གྱིས་བརླབས་པའི་རྩྭ་མཆོག་འགྲོ་བ་གང་གིས་ཐོས་པའི་ཚེ་ཕུན་སུམ་ཚོགས་པར་བྱེད་པ་དང་། ཚངས་པའི་སྟོབས་ལས་སྐྱེས་པའི་བདུད་


GLG008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྩྭ་མཆོག་ཟོས་པས་དབང་པོའི་གཟི་མདངས་སྐྱེད་པར་བྱེད་པ་དང་འཁོར་བའི་གཡུལ་ལས་རྒྱལ་བར་བྱེད་པའི་བདུད་རྩིའི་རྩཱ་མཆོག་ཟོས་པས་ཉོན་མོངས་པའི་རྟོག་པ་འགགས་པར་བྱེད་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོ་སངས་རྒྱས་ཀྱི་མིང་རྣམ་པར་དག་པའི་གནས་དེ་ན་དགོས་འདོད་འབྱུང་བའི་ལྷའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་བསམ་གྱིས་མི་ཁྱབ་སྟེ། ལྗོན་པ་ལྷའི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བར་བྱེད་པའི་གཏེར་དང་། སྦྱིན་པ་ནས་འབྲས་བུ་ཐོབ་པར་བྱེད་པའི་གཏེར་དང་། ལྷའི་ནོར་བུ་ཡིད་བཞིན་གྱི་གཏེར་ཡིད་ལ་གང་འདོད་ཆར་བཞིན་དུ་འབབ་པའི་གཏེར་དང་། ལྷ་རྣམས་ཀྱི་གཟི་མདངས་ཐོབ་ཅིང་ཚེ་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པའི་ལྷའི་དབང་པོའི་གཏེར་དང་། འབྲུ་དང་རྩི་བཅུད་སྦྱིན་པར་བྱེད་པ་ཀླུའི་རྒྱལ་པོ་མཐའ་ཡས་དང་ནོར་སྐྱོང་གི་ནོར་བུའི་གཏེར་དང་། དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབབ་པའི་གཏེར་དང་། གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་སྲས་དང་། ཛམ་བྷ་ལ་དང་། ནོར་སྐྱོང་གི་དབང་པོ་ལ་སོགས་པའི་བསོད་ནམས་ལས་གྲུབ་པའི་ནོར་བུའི་གཏེར་དང་། དགོས་འདོད་ཐམས་ཅད་འབྱུང་བར་བྱེད་པའི་གཏེར་དང་། ས་འོག་དང་ས་སྟེང་དང་ས་བླར་གྱུར་པའི་དགོས་འདོད་ཐམས་ཅད་འབྱུང་བའི་གཏེར་དག་ཀྱང་གནས་དེ་ཉིད་ན་བསམ་གྱིས་མི་ཁྱབ་པར་བཞུགས་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག་ཉོན་ཅིག །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེ་ཉིད་ཀྱི་རི་དེ་དག་ནི་བདེ་བར་གཤེགས་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་རཏྣ་ཙཀྲ་ནི་ལྷ་ལས་བབས་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་མཆོག་ཏུ་གསལ་


GLG008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲི་མ་མེད་པ་ནི་ལྷུམས་སུ་ཞུགས་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་དྲི་མ་མེད་པ་པདྨའི་མདངས་གསལ་བ་ཞེས་བྱ་བ་ནི། །སྐུ་བལྟམས་པའི་མཆོད་རྟེན་རང་བྱུང་བའོ། །རི་བོ་མཆོག་ཏུ་འོད་གསལ་བ་ཞེས་བྱ་བ་ནི། རབ་ཏུ་གྱུར་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་རིན་ཅེན་སྤུངས་པ་ལྟ་བུ་ནི་དཀའ་ཐུབ་མཛད་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་རཏྣ་ཟུར་མང་ཞེས་བྱ་བ་ནི་བདུད་ཀྱི་མཐུ་ཐམས་ཅད་རྣམ་པར་འཇོམས་པའི་མཆོད་རྟེན་དུ་རང་བྱུང་བའོ། །རི་བོ་ལྷུན་ཞིང་མདངས་གསལ་བ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་མཆོད་རྟེན་དུ་རང་བྱུང་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག་ཉོན་ཅིག །སངས་རྒྱས་ཀྱི་ཞིང་རྣམ་པར་དག་ན་ཚངས་རིས་ཀྱི་ལྷ་ཐམས་ཅད་འདུ་བའི་གནས་བསམ་གྱིས་མི་ཁྱབ་སྟེ། སུམ་ཅུ་རྩ་སུམ་གྱི་ལྷ་ཐམས་ཅད་འདུ་བ་པདྨའི་ལྗོངས་དང་། འཕྲུལ་དགའི་ལྷ་རྣམས་འདུ་བ་མེ་ཏོག་གི་མདངས་བཀྲ་བའི་ལྗོངས་དང་། །མཚེ་མའི་ལྷ་རྣམས་འདུ་བ་ནེའུ་གསིང་གི་ལྗོངས་དང་། དགའ་ལྡན་གྱི་ལྷ་རྣམས་འདུ་བ་སྤོས་ཀྱི་ངད་དང་ལྡན་པའི་ལྗོངས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འདུ་བ་གངས་རིའི་མདངས་བཀྲ་བའི་ལྗོངས་དང་། ཚངས་ལྷ་གཙང་མའི་རིས་ཀྱི་ལྷ་རྣམས་འདུ་བ་བྱང་ཆུབ་ལྗོན་པའི་ཤིང་གི་མེ་ཏོག་གི་མདངས་བཀྲ་བའི་ལྗོངས་ཏེ། དུས་བཟང་པོ་ཚེས་བརྒྱད་དང་བཅོ་ལྔ་དང་ཉེར་ལྔ་ལ་རྒྱལ་བ་བྱམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་། ལྷའི་བུ་བྱེ་བ་ཕྲག་བརྒྱའི་ཚོགས་དང་བཅས་ཏེ་གནས་དེར་ཆོས་ཀྱི་འཁོར་ལོ་བསྐོར་བར་འབྱོན་པར་འགྱུར་རོ། །འགྲོ་བ་གང་གིས་དུས་བཟང་པོ་ལ་གནས་


GLG008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མེ་ཏོག་དང་ཕྲེང་བ་དང་སྤོས་དང་བྱུག་པ་དང་གདུགས་དང་རྒྱན་མཚན་དང་མར་མེའི་འཕྲེང་བ་དག་དང་། ཞལ་ཟས་དང་སིལ་སྙན་དང་རོལ་མོ་དག་གིས་མཆོད་པར་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ། །དགེ་སློང་དང་དགེ་ཚུལ་དང་། དགེ་བསྙེན་ཡང་རུང་སྟེ་གང་དག་གནས་དེར་བསྙེན་པར་རྫོགས་ཤིང་། བསྙེན་པར་གནས་པ་གང་ཡིན་པ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག་ཉོན་ཅིག །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེར། གང་གནས་པའི་དགེ་སློང་དང་། དགེ་ཚུལ་དང་། དགེ་བསྙེན་འང་རུང་སྟེ། འགྲོ་བ་གཞན་དག་ཀྱང་གནས་དེར་གནས་པ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། བསོད་ནམས་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེར་ལྷ་དང་ཀླུ་དང་གནོད་སྦྱིན་དང་། མཁའ་འགྲོ་དང་མཁའ་འགྲོ་མ་དང་ཕྱོགས་སྐྱོང་དང་ཞིང་སྐྱོང་རྣམས་དང་རྒྱལ་པོ་ཆེན་པོ་བཞིས་ཀྱང་གནས་དེ་སྲུང་བ་དང་སྐྱོབ་པ་དང་སྦ་བར་བྱེད་དོ། །གནས་དེར་གནས་པའི་འགྲོ་བ་གང་དག་ལ་བདུད་སྡིག་ཅན་གྱི་ཚོགས་ཀྱིས་གླགས་ལྟ་བར་མི་འགྱུར་ཞིང་། བདུད་གྱི་བར་དུ་གཅོད་པའི་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །ཀླུའི་རྒྱལ་པོ་མཐའ་ཡས་དང་། ནོར་སྐྱོང་དང་། དགའ་བོ་དང་། འཇོག་པོ་དང་། སྟོབས་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། རིགས་ལྡན་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེའི་མཚོ་མདངས་


GLG008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཚོའི་རྨང་ལ་གནས་ཏེ། ཀླུའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པར་བྱེད་པས་ན་སངས་རྒྱས་ཀྱི་ཞིང་དེར་དུས་དུས་སུ་ཀླུ་རྣམས་ཀྱིས་ཆར་འབེབས་ཏེ། དུས་བཟང་པོ་ལ་མེ་ཏོག་གི་ཆར་འབབ་ཅིང་། རྩི་ཤིང་དང་། མྱུ་གུ་དང་། མེ་ཏོག་རྣམས་ཀྱི་མདངས་གསལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེ་ན་གནས་པའི་བྱ་དང་། རི་དྭགས་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །སྐྱེ་བ་ཕྱི་མ་ལ་ཆོས་ཀྱི་སལ་པ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེར་དགེ་སློང་དང་། དགེ་ཚུལ་དང་། དགེ་བསྙེན་གང་དང་གང་དག་གནས་པ་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པའི་འཕགས་པ་དགྲ་བཅོམ་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱིས་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དར། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཚིག་དང་དོན་གྱི་གཟུངས་ཐོབ་པ། དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག་གངས་ཅན་གྱི་ལྗོངས་དེར་བསམ་བཞིན་སྐྱེ་བ་བླངས་ཏེ་སྡེ་སྣོད་གསུམ་གྱི་བསྟན་པ་གསལ་བར་བྱེད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་རྣམ་པར་


GLG008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་གནས་དང་། འདུས་པ་དང་པོ་ལ་ནི་ཉན་ཐོས་བརྒྱ་ཕྲག་གསུམ་དང་། ཐེག་པ་ཆེན་པོའི་གང་ཟག་བརྒྱའོ། །འདུས་པ་གཉིས་པ་ནི་བརྒྱ་ཕྲག་བཅོ་ལྔའོ། །དགྲ་བཅོམ་ཕྱིར་མ་ལྡོག་པ་བདེན་པ་མཐོང་བ་ནི་བརྒྱ་ཕྲག་གོ །འདུས་པ་གསུམ་པ་ལ་ནི་ཁྲི་ཕྲག་གོ །སངས་རྒྱས་གྱི་ཞིང་རྣམ་པར་དག་པའི་གནས་དེ་ལ་ཆགས་འཇིག་མི་འབྱུང་སྟེ། རྒྱལ་བ་བྱམས་པ་འཛམ་བུའི་གླིང་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་ཀྱི་མཆོག་དམ་པར་འགྱུར་རོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གངས་ཅན་གྱི་ལྗོངས་དེ་ནི་བྱང་ཆུབ་སེམས་པས་འདུལ་བའི་ཞིང་དུ་འགྱུར་བས་ན། ཇི་སྲིད་བསྐལ་བའི་བར་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གསུམ་དང་། བླ་མེད་ཐེག་པའི་ཆོས་ཀྱི་བསྟན་པ་གསལ་བར་བྱེད་པར་འགྱུར་རོ། །ཞེས་བཀའ་སྩལ་བའི་ཚེ་བྱང་ཆུབ་སེམས་དཔའ་མཐའ་ཡས་རིགས་མཆོག་དང་། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷའི་དབང་པོ་དང་། ཚངས་པ་དང་། གཙང་རིས་ཀྱི་ལྷ་ཐམས་ཅད་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་ཚོགས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་པ་ཆེན་པོ་གངས་ཅན་གྱི་ལྗོངས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་འཕགས་པས་འདུལ་བའི་ཞིང་དུ་གྱུར་པའི་གནས་དེར་སྡེ་སྣོད་གསུམ་གྱི་བསྟན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསལ་བར་བྱེད་པའི་ཚེ་བདག་ཅག་རྣམས་ཀྱིས་ཀྱང་གནས་དེ་བསྲུང་བ་དང་། བསྐྱབ་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་གནས་དེར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བགྱིའོ། །ཞེས་འདུས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཡང་སྙིང་ཚེ་


GLG008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་འབྱུང་བའི་རྒྱུད་ལས། གངས་ཅན་གྱི་ལྗོངས་སུ་འཕགས་པ་མཐའ་ཡས་རིགས་མཆོག་གཟུགས་ཀྱི་སྐུར་བསམ་བཞིན་དུ་སྐྱེ་བ་བཞེས་ཏེ་སྡེ་སྣོད་གསུམ་གསལ་བར་བྱེད་པ་ལས། གངས་ཅན་ཡུལ་གྱི་རི་བོ་འབིགས་བྱེད་སངས་རྒྱས་ཀྱི། ཞིང་རྣམ་པར་དག་པའི་གནས་འཕགས་པའི་ཡུལ་ཞེས་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །ཌཱ་ཀི་ནཱི་གཏད་རྒྱ༔ ཞེས་པ་འདི་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་རྒྱལ་པོ་ཛ་ཡ་སེ་ན་ཨེནྡྲ་བྷཱུ་ཏི་ཕྱག་ན་རྡོ་རྗེའི་ཕོ་བྲང་དུ་དཔལ་གསང་བ་འདུས་པ་དང་། དཔལ་ལྡན་རྒྱུ་སྐར་གྱི་རྒྱལ་པོ་ལེའུ་ཁྲི་དྲུག་སྟོང་བཀའ་སྩལ་བའི་གསང་པ་འདུས་པའི་ཚེ་དང་ཡེ་ཤེས་འབྱུང་བའི་རྒྱུད་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་ཨྱོན་མཁའ་འགྲོའི་ཡི་གེར་བཀོད། རིན་པོ་ཆེ་བཻ་ཌཱུཪྻ་ལས་གྲུབ་པའི་མཆོད་རྟེན་གྱི་བུམ་པར་རིན་པོ་ཆེ་མཐིང་ཤེལ་གྱི་ག་འུར་བཞུགས་པ་ལས།ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོའི་གནས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཨྱོན་གྱི་ཡུལ་ནས་སྤྱན་དྲངས་ཏེ་པདྨ་སཾ་བྷ་ཝ་བདག་ལ་རྫོགས་པའི་བཀའ་གཏད་བགྱིས་པ་ལས། པདྨ་སཾ་བྷ་ཝ་བདག་ཉིད་ཀྱིས་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ཨྱོན་མཁའ་འགྲོའི་ཡི་གེ་ལས་བོད་ཀྱི་སྐད་དུ་བསྒྱུར་ཏེ། གཟབ་བཤར་འདྲེས་པ་ལས། བོད་ཀྱི་ཡི་གེར་བཏབ་པ་འདི་ཙ་རི་ཏྲ་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་ཀྱི་ལྟེ་བ། དཔལ་གསང་བ་འདུས་པའི་ཕོ་བྲང་རང་བྱུང་རྡོའི་གཙུག་ལག་ཁང་དུ་གཏེར་དུ་སྦས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྲུང་མ་མཛོད་ལ། ལྔ་བརྒྱ་ཐ་མའི་དུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐའ་ཡས་རིགས་མཆོག་གངས་ཅན་གྱི་ཡུལ་དེར་སྐྱེ་བ་བཞེས་ཏེ་སྡེ་སྣོད་གསུམ་གྱི་བསྟན་པ་གསལ་བར་བྱེད་པའི་ཚེ། འཕགས་པ་ཀ་ཏྱཱ་ཡ་ནའི་


GLG008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤྲུལ་པ་པདྨ་བདག་གིས་འཕྲིན་ལས་སུ་རྒྱུད་བྱིན་གྱིས་བརླབས་པ། ད་ལྟའི་ལོཙྪ་བ་པདྨ་གར་དབང་བསམ་བཞིན་སྐྱེ་བ་ལེན་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གདམས་པའི་གཏེར་གྱིས་གཏད་རྒྱ་བགྱིས་པ་ནི། ཌཱ་ཀི་ནཱི་རྒྱ་རྒྱ་རྒྱ༔་སངས་རྒྱས་ཀྱི་ཞིང་དང་། རྣམ་པར་དག་པ་དཔལ་རྡོ་རྗེ་འཇིགས་གསང་གྱི་དཀྱིལ་འཁོར་གངས་ཅན་གྱི་ཡུལ་རྒྱལ་གྱི་གནས་དག་པ་ཡེ་ཤེས་ཀྱི་གནས་མཆོག་དེར། པདྨ་སཾ་བྷ་ཝ་བདག་གིས་གནམ་ལོ་རྒྱལ་པོ་ས་ཕོ་འབྲུག་གི་ལོ་ལ་འགོ་བཙུགས། གནས་དེར་དཔལ་ལྡན་གཙོ་བོ་དམག་གི་རྒྱལ་མོ་དང་། ཞིང་སྐྱོང་ཆེན་པོ་དམ་ལ་བཏགས་ཏེ་གནས་ཀྱི་སྲུང་མར་བསྐོས་པའོ། །གཏེར་ཁ་གསུམ་པའི་གཏེར་ཡིག་དང་གནས་ཡིག་ཞིབ་པ་རྣམས་ཡང་རྫོང་ཤེལ་གྱི་ཕུག་པར་གཏེར་དུ་བཞུགས་ཡོད། ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཉིད་གནམ་ལོ་རྒྱལ་པོ་ཤིང་མོ་སྦྲུལ་གྱི་ལོ་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན། སྤྲུལ་སྐུ་ལས་འཕྲོ་གླིང་པ་ཉིད་ཀྱིས་ཕོ་བྲངགཡུ་མཚོའི་གནས་རང་བྱོན་རྡོའི་གཙུག་ལག་ཁང་ནས་སྤྱན་དྲངས་པའོ། །ཤོག་སེར་ལས་བཤུས་པ་ཡིན། ཞེས་པ་བྱུང་ལ། བྱེ་བྲག་ཏུ་དགའ་ཚལ་གྱི་གནས་འདི་ཉིད་ཀྱི་ལུང་བསྟན། བཀའ་གདམས་གླེགས་བམ་རིན་པོ་ལས། དེར་མཁའ་འགྲོ་འབུམ་གྱི་དགའ་བའི་ཚལ། ཉམས་བག་ཕེབས་དགའ་བར་སྐྱོང་བའི་ས། ཞེས་པའི་ལུང་བསྟན་གྱིས་ཟིན་པའི་གཟར་མོའི་རི་ལ་དགའ་ཚལ་དབང་དྲག་རོལ་པའི་གཙུག་ལག་ཁང་འདིང་བའི་ལྟ་གོན་ལ་མངོན་པར་ཕྱོགས་ཏེ། བཀའ་ལས། གཟར་མོའི་རི་སྐེད་ཀྱི་སྤང་སྡིངས་ཕ་གིར་ས་བཟུང་བའི་ཆོ་ག་ཞིག་བྱེད་དུ་འགྲོ་བས། གུར་དཀར་ནག་འབུབས་པ་སོགས་གྲབས་ཀྱིས་གསུངས་ནས། དཔོན་སློབ་ཕལ་མོ་ཆེ་དེར་ཕེབས་ནས་ཐུགས་དམ་གནང་བའི་ཚེ། ནམ་མཁའི་མཐའ་


GLG008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ཀུན་ཏུ་སྤྲིན་གྱི་ཡོལ་བས་བསྐོར་བའི་དབུས་གཡའ་དག་པ་ལ་འཇའ་འོད་དང་། མེ་ཏོག་སིལ་མའི་ཆར་ལྟས་བཟང་པོ་བྱུང་ཞིང་དེ་དུས་བསྟན་སྐྱོང་ཆེན་མོ་གྲགས་མོ་རྒྱལ་མིའི་ཁོག་ལ་ཞུགས་ནས་བྱུང་དེ། འདི་སྐད་དུ། སྤྲུལ་སྐུ་མཐོང་བ་དོན་ལྡན་ཆིབས་ཀྱི་ཡན་ལག་བཞི་ནས་མཁའ་འགྲོ་བཞིས་བཏེག་སྟེ་བར་སྣང་ལ་འབྱོན་པ་འདི་ཨེ་མཐོང་། ཆོས་འཁོར་རྒྱལ་གྱི་སྲུང་མ་དེ་སྔར་ཡང་ང་ཡིན། ད་དུང་ངས་མི་ཆོག་རྒྱུ་མེད་ཀྱང་། སྔོན་གྱི་དམ་ཚིག་རྗེས་སུ་སྐྱོང་བའི་ཆེད་དུ་གནས་འདིའི་སྲུང་མ་ལ། རྒྱལ་པོ་ཆེན་པོ་སྲོག་བདག་པེ་དཀར་ཆེན་པོ་ཡང་འབྱོན་པ་ཡོད་པས། དེའི་སྐུ་མཁར་ཞིག་ཀྱང་རྒྱག་དགོས་པ་ཡོད་དོ་གསུངས། དེ་ནས་སྟག་གི་ཉི་མ་ལ། སྟག་ལོ་བ་དབོན་པོ་བསོད་ནམས་དཔལ་འབྱོར་གྱིས་རྨང་བརྐོས་པའི་འོག་ནས། རྡོའི་གཏོར་སྟེགས་ཤིན་ཏུ་ལེགས་པ་དཀྱུས་རིང་ལ་ཞེང་ཆེ་བ་ཞིག་བྱུང་བའི་ཁར། ཐུགས་དམ་གཏོར་མ་ཆ་ཚང་དཔལ་འབར་དང་བཅས་འཇོག་གནང་བ། རླུང་འཚུབ་ཆེན་མོ་བྱུང་ཡང་དཔལ་འབར་གཡོ་མེད་དུ་འབར་བ་སོགས་ལྟས་བཟང་པོ་བྱུང་། ཕྱིས་གཟའ་སྐར་བཟང་བ་ལ་གཟིམས་ཁང་གིས་གཅོད་པའི་ཐིག་འདེབས་པའི་དུས་སུ། རྡོའི་དུང་གཡས་འཁྱིལ་གཉིས་དང་། རྡོའི་སྒྲོམ་བུ་ཁ་མཚམས་ཁྲོ་ཆུས་བསྡམས་པ་ཞིག་བྱུང་། དེ་ནས་བྲག་ཆེ་བ་ཞིག་གི་ངོས་ལ་ཧོར་ལྷམ་བཞེས་པའི་ཞབས་རྗེས་ཆེན་པོ་ཡང་བྱུང་། བཀའ་ལས་འདི་སློབ་དཔོན་པདྨའི་ཞབས་རྗེས་ཡིན། གླེགས་བམ་ལས། གསེར་དྲི་མ་མེད་པའི་མཆོད་རྟེན་ཡོད། །གསུང་བ་ཡང་འདི་ཡིན་ཞེས་ངོས་འཛིན་མཛད། ཅེས་ཁོ་བོའི་བླ་མ་རྡོ་རྗེ་འཆང་ཕ་བོང་ཁ་པ་གསུང་། མགོན་ཁང་གི་ས་བཅད་པའི་ཐད་དུ་བརྐོས་པས་རྡོའི་ཆོས་འབྱུང་གྲུ་གསུམ་པ། ངོས་རེ་ཁྲུ་རེ་གང་


GLG008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱེར་ཀྱི་དཔངས་ལ་སོར་བཞི་ཙམ་ཡོད་པའི་རང་བྱུང་ཆོས་འབྱུང་གི་དབྱིབས་ཅན་རྣམས་འཐོན་པ་སོགས་དགེ་ལྟས་ཕུན་སུམ་ཚོགས་པ་བྱུང་། དེ་ནས་ཟླ་བ་དགུ་བའི་ནང་དུ་དངུལ་གདུང་གི་བཟོ་ལེགས་པར་གྲུབ་སྟེ། བྱམས་ཁང་གཞལ་ཡས་ལྷ་ཁང་དུ་བཞུགས་པའི་ཆོས་སྐུའི་རིང་བསྲེལ་སོགས་ཕྱག་ལེན་དངོས་གཙང་བར་བསྟར་བ་དང་། ཁྱད་པར་རྗེ་གོང་མའི་ཐུགས་ལས་བྱོན་པའི་བདེ་མཆོག་རང་བྱོན། གདུང་ལ་དུང་དཀར་གཡས་འཁྱིལ་གྱི་སྦོམ་སར་མཆོད་རྟེན་བརྒྱ་རྩ་བརྒྱད་ལྟ་བུའི་དུང་འབུར་གྱི་འཕྲེང་བས་བསྐོར་བ། སྐུའི་སྒྱུ་མ་གཡུང་དྲུང་འཁྱིལ་བ་དང་། གདུང་རུས་གདུང་སོལ། པུར་རས། འཆིང་ཐག་གི་ཟི་ཏ་ཧུའི་ཞགས་པ། གཞན་ཡང་དབུ་ལོ་ན་བཟའ་སོགས་དང་། སངས་རྒྱས་ཀྱི་འཕེལ་གདུང་གི་ཐོག་དྲངས། ས་དགེ་བཀའ་ཕྱག །སྔགས་རྙིང་མ་སོགས་རིས་བྲལ་གྱིས། མཁས་གྲུབ་དམ་པ་རྣམས་ཀྱི་བྱིན་རླབས་རྟེན་ཟད་མི་ཤེས་པའི་ཕུང་པོ་ཟ་མ་ཏོག་ལྟ་བུར་གྱུར་བའི་མཆོད་སྡོང་དམ་པ་དེ་ཉིད་ལ། བླ་མ་ཡབ་སྲས་གཉིས་ལ་རྡོ་རྗེ་འཛིན་པ་གྲངས་མེད་པས་བསྐོར་ཏེ། རབ་ཏུ་གནས་པའི་ཆོ་ག་རྒྱས་པའི་སྦྱིན་སྲེག་དང་བཅས་པ་མཛད་པའི་ཚེ། སྔ་དྲོ་ནམ་མཁའ་དྭངས་པ་ལ་འཇའ་འོད་སྣ་ལྔས་ཁྱབ་པ། ཕྱི་དྲོ་ཆར་ཆེན་པོ་བབ་པ་སོགས་ཡ་མཚན་པའི་ལྟས་མཐའ་དག་པ་བྱུང་། དེ་ནས་དྭགས་པོ་ལ་གོང་འོག་གིས་སྤྱན་དྲངས་ཏེ། བྲ་ཕོ་སྟེང་། བསམ་གཏན་གླིང་། ལྕང་ར་མཁར་ཐོག་རྣམས་སུ་ཕེབས་ནས། ཁྲོམ་ཆོས་དང་རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས། རིམ་གྱིས་གྲུམ་མདར་ཕེབས། ཕུན་ཚོགས་དབང་པོས་བསྙེན་བསྐུར་ཞུས། ལུགས་གཉིས་ཀྱིས་ཚིམ་པར་མཛད། སྐུ་རབ་གནས་གཞིར་ནང་སོ་གཡུལ་རྒྱལ་པས་ཐོག་དྲངས། སྐྱ་སེར་གྱི་ཚོགས་ལ། ཚངས་པའི་དབྱངས་ཀྱིས་དམ་པའི་


GLG008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒྲ་བསྒྲགས་པས་ཕྱོགས་ལྷུང་གི་ཀུན་རྟོག་ཅན་རྣམས་ཀྱང་དད་པའི་གསོས་སུ་བྱས། དེ་ནས་ཨོར་དང་། བང་རིམ་གྱི་བར་གྱི་སྐྱ་སེར་མཐའ་དག་ལ་དམ་པའི་ཆོས་ཀྱི་ཆར་བབ། སྨིན་གྲོལ་ལ་བཀོད་དེ། བཀའ་བརྒྱུད་ཀྱི་ཆུ་འགོ་དྭགས་ལྷ་སྒམ་པོའི་གནས་གཟིགས་ལ་ཕེབས། སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་དེ་དག་སྣང་ཅན་ཞིག་ཡོད་འདུག་པས་མཇལ་གླེང་དང་ཕན་ཚུན་དུ་ཆོས་ཀྱི་འབྲེལ་པ་གསན་རེས་མཛད། མཆོད་མཇལ་སྐབས་སྐུ་འདྲ་རིན་པོ་ཆེས། སྐྱེས་བུ་དམ་པ་བྱོན་པ་ལེགས། །དད་པའི་ས་གཞི་གང་བ་ལེགས། །ཕྲག་དོག་རླུང་དམར་ཞི་བ་ལེགས། གདུལ་བྱ་སྨིན་གྲོལ་བཀོད་པ་ལེགས། ཞེས་གསུང་བྱོན། དེར་འཁོད་པའི་སྐྱ་སེར་རྣམས་ཀྱི་དོན་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས་མལ་གྲོ་བརྒྱུད་དེ་འབྲས་སྤུངས་སུ་ཕེབས། རྗེ་རྡོ་རྗེ་འཆང་སྔགས་རམ་པ་དེ་ཉིད། རྒྱལ་ནས་ཚུར་ཕེབས་པའི་ལམ་ཁ་ཕན་བདེ་དགོན་པར་སྐུ་མྱང་ངན་ལས་བཟླ་བའི་ཚུལ་བསྟན། དེ་ཡང་ཞལ་ཆེམས་སུ། ངེད་ཀྱི་སྐྱེ་བ་དྭགས་པོ་གླ་མདར་འོང་བས། དེར་ཉེར་ལེན་གནང་བ་ཞུ་ཞེས་པའི་ཞུ་འཕྲིན་འཇོག་པར་མཛད་པ་ལྟར། སྤྲུལ་པའི་སྐུ་མཐུ་སྟོབས་ནུས་པའི་བདག་ཉིད་ཆེན་པོ་དེ་བྱོན། འབྲས་སྤུངས་སུ་གནས་ཚུལ་གསན་པ་དང་དགོངས་པ་རྫོགས་པའི་ཐབས་རྒྱ་ཆེར་མཛད། དགུན་ཆོས་ལ་རྗེ་གོང་མའི་གསུང་འབུམ་གྱི་འཕྲོ་མུས་གནང་། ས་རྟའི་ལོ་གསར་སྨོན་ལམ་ཆེན་མོ་སོགས་གྲུབ་རྗེས། འབྲས་སྤུངས་སུ་ཚོགས་ཆེན་ལ་སྒྲུབ་ཐབས་རྒྱ་མཚོ་རྫོགས་པར་གནང་། མགོན་པོ་ཞལ་གྱི་བསྙེན་པ་ཞིག་མཛད། དེ་སྐབས་ཡར་ཀླུངས་བཀྲ་ཤིས་བདེ་ལེགས་སུ་འོལ་ཁ་ནས་ལུང་བསྟན་ཞུས་པའི་ཡི་གེ་ངོ་བོ་ལས། ས་ཕོ་རྟ་ལོ་ཧོར་ཟླ་གཉིས་པའི་ཚེས་ཉེར་གཅིག་གི་ཉིན། དཔལ་མགོན་ཞལ་བཞི་པའི་དྲུང་དུ་། སྡེ་པ་


GLG008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་སྟག་རྩེ་བས་ལུང་བསྟན་ཞུས་པ་ལ། ཞབས་དྲུང་རིན་པོ་ཆེས་མཆོག་གི་སྤྲུལ་སྐུ་ཐམས་ཅད་མཁྱེན་པའི་སྐུ་ཆ་བཟང་པོ་ཞུས་པའི་ལེན་ནི། མཉམ་མེད་ཐུབ་པའི་དབང་པོ་དང་། །རང་གང་མོས་དཔལ་ལྡན་བླ་མ་སོགས། །ཡི་དམ་མཐུ་ལྡན་སྲུང་མ་མཆོད། །རྣལ་འབྱོར་རྒྱུ་ལུས་ཤེལ་དཀར་མཆོད་རྟེན་ཡང་། །གློ་བུར་འཇིག་པར་མ་གྱུར་ཀྱང་། །མི་གཙང་འཁོན་གྲིབ་ལ་བརྟེན་པའི། །ནད་ཀྱི་དྲི་ནོགས་ཕྲ་མོ་འཁོར། །གཏིང་ནས་བར་ཆད་ཆེར་མེད་ཀྱང་། །གནས་སྐབས་རྣལ་འབྱོར་རང་གི་སྣང་བ་ལམ་དུ་ལོང་། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་འབད་པ་ཐོན། །ལན་མེད་ཀྱི་སྦྱིན་གཏོང་ཀུན་ལ་འབད། །རིགས་དྲུག་གི་སེམས་ཅན་ཀུན་རྣམས་སྐྱོང་། །དེ་ཁས་བར་ཆད་ཀྱི་རིགས་རྣམས་སེལ་འགྱུར་ཞིང་། །འཁོར་འདས་གཉིས་ཀྱི་དབུས་སུ་ནི། །རྣལ་འབྱོར་རིགས་ལྡན་སྒྱུ་ལུས་ཤེལ་དཀར་ཚུགས། །རྩ་བ་བ་གམ་བརྟན་གྱུར་ཅིང་། །དབུས་ཀྱི་བུམ་པ་བར་སྣང་ཡོངས་ལ་ཁྱབ། །རྩེ་མོ་ཆོས་འཁོར་གསེར་གྱི་གསེར་ཕྲུ་རེ། །སྟེང་དགའ་ལྡན་ལྷ་གནས་ཡུལ་དུ་ཁྱབ། །མི་གཙང་འཁོན་གྲིབ་ཀུན་ལ་ཕྱོགས་བཞིར་གཟུར། །གཏུམ་ཆེན་ཁྲོ་བོ་ང་བྲན་འཁོར་བཅས་གནས་པའི་སར། །མཆོད་གཏོར་སྤྱན་གཟིགས་ནམ་མཁའི་གང་བ་ཤོམས། །འཕྲིན་ལས་ཀྱི་སྒོ་མོ་ཕྱོགས་བཞིར་ཁོ་བོས་འབྱེད། །རྣལ་འབྱོར་ད་ལྟ་གནས་པའི་ཡུལ་ཕྱོགས་དེར། །དགོས་མེད་ཀྱི་འཁྲུག་ལོང་སློང་གྱུར་བས། །ས་དེ་ནས་ཉི་མ་ནུབ་ཕྱོགས་རི་སྣ་ཡི། །ལུང་གསུམ་མདོ་རུ་ཁྲག་གི་མཚོ་མོ་འཁྱིལ། །དགོས་མེད་ཀྱི་ཁ་ཆུ་མང་པོ་བྱུང་། །རིགས་དྲུག་གི་སེམས་ཅན་སྙིང་རྗེ་ཆེན་པོས་སྐྱོང་། །དགེ་བ་ནམ་མཁའི་མཐའ་དང་མཉམ་པར་འགྱུར། །ལེགས་བཤད་ཀྱི་གོ་ཡུལ་དེ་ལ་འཚོལ། །ཞེས་ལུང་བསྟན་ཏོ། །དྲུང་ནས་རིན་པོ་ཆེའི་སྐུ་ཆ་ཞུས་པའི་ལན་དུ། རང་མོས་བླ་མ་ཡང་མ་ལུས་པས་མཆོད། །སྒྱུ་ལུས་ཐང་


GLG008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྡོང་ཆེན་དེ། ལོ་ཡི་བསྐལ་པ་ཅུང་ཟད་བགྲངས་གྱུར་པས། །གནས་ཡ་མཚན་ཅན་གྱི་རྟེན་རྣམས་ལ། ཕྱག་མཆོད་སྐོར་བ་འབུམ་གཏེར་དང་། །ལན་མེད་ཀྱི་སྦྱིན་གཏོང་ཀུན་ལ་ཐོང་། མཐར་ཐུག་དོན་གྱི་སྙིང་པོ་ལ་འབད་ན། ལོ་ནི་གཉིས་བཅད་གསུམ་གྱི་ངོ་ཙམ་དུ། །རྒྱུ་ལུས་སྲོག་གི་སྡོང་ཆེན་ཚུགས་གྱུར་ཅིང་། །རྩ་བ་དྲོད་གཤེར་བཅུད་ཀྱིས་འཚོ་བར་གྱུར། །ལེགས་བཤད་ཀྱི་གོ་ཡུལ་དེ་ལ་ཚོལ། །ཞེས་པ་བྱུང་འདུག་གོ ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་གཟའ་སྐར་བཟང་བ་ལ། སེ་ར་ཐེག་ཆེན་གླིང་གི་ཆོས་ཀྱི་ཁྲི་ལ་ཕེབས། གླེགས་བམ་རིན་པོ་ཆེའི་ཚོགས་ཆོས་གནང་། ལྷས་མེ་ཏོག་གི་ཆར་བབས་ཅིང་། ཀུན་དད་པའི་ས་ལ་བཀོད། ལུགས་གཉིས་ཀྱི་དགའ་སྟོན་རྒྱ་ཆེན་པོ་བསྒྲུབས་སོ། །རྨད་བྱུང་རྣམ་དཀར་དཀར་པོའི་འབྲས་བུ་ཀུན། །གཅིག་ཏུ་འཛག་བྱེད་བྱེད་པོ་བླ་ན་མེད། །ཕུལ་བྱུང་འཕྲིན་ལས་ལས་བཟང་མཐའ་ཀླས་པ། །སྤལ་མཁས་བླ་མ་མ་ལུས་འགྲོ་བའི་མགོན། །མགོན་ཁྱོད་དཀོན་ཅོག་འབངས་སུ་གྱུར་པའི་དུས། །དུས་གསུམ་གསལ་བའི་ལུང་བསྟན་ཉེར་བབ་དེ། །དེ་ལྟར་དགོངས་ནས་ལྷུན་གྲུབ་དགའ་བའི་ཚལ། །རལ་ཆེན་སྤེལ་པའི་ས་གཞི་བྱིན་གྱིས་བརླབས། །ཐེག་ཆེན་ཆོས་ཚུལ་མ་ལུས་པ། །ཐེག་གསུམ་ཐུན་མོང་མ་ཡིན་པའི། །ཐེག་མཆོག་ལ་བརྩོན་གླིང་གི་ཁྲིར། །ཐེག་ཀུན་མ་འདྲེས་མཁྱེན་འདི་མཛེས། །སླར་འབྲས་སྤུངས་སུ་ཕེབས། རིན་པོ་ཆེ་ཀུན་བཟང་རྩེ་བ་ལ་ཞལ་གནད་དབབ་ཀྱི་མགོན་པོའི་རྗེས་གནང་གསན། དེའི་ཞལ་ཐང་ཧལ་ཚོན་མ་ཞིག་འཕྲལ་བཞེངས་གནང་། ཚལ་བའི་མགོན་པོ་ཀོ་གཏུམས་མ་དང་འདྲ་བ་ཞིག་ཡོད་གསུངས། ཞལ་ཁེབས་ཀྱི་མཐའ་སྐོར་དམར་བཙེམས། སྐབས་ཤིག་ཁ་ཕྱེ་བས་སེར་དྲག་དང་ཐོག་འཁྱུག་ཡོང་ལ་ཁད་པ་ལྟ་བུའི་འཚུབ་འགྱུར་བྱུང་། ད་ལྟ་དགའ་ལྡན་ཕོ་


GLG008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་གི་གཟིམས་ཆུང་མགོན་ཁང་ན་གཞུགས། དེ་སྐབས་དགའ་ལྡན་པ་དཔོན་བློན་གྱིས་སྐྱོར་མོ་ལུང་ཆོས་སྡེ་ལ་བསྐོར་རྒྱག་བྱས་པས། ཕྱི་ནང་གཉིས་ཀར་མི་གྲོན་ཆེ་བ་སོགས་བྱུང་བར། དཔལ་མགོན་གྱི་ལུང་བསྟན་དེར་དགོངས་ཏེ། བར་ཆིངས་སུ་ཕེབས། ཆོས་སྡེར་དཔང་ལག་མཛད་དེ་ཕན་ཚུན་མཐའ་དག་བདེ་འཇགས་སུ་གྲོལ། སླར་འབྲས་སྤུངས་སུ་ཕེབས་ནས་བཞུགས་ཐོག །ཧོར་དཔོན་ཐར་འབུམ་གྱིས་སྔར་ནས་ཧོར་ནང་དུ་ཕེབས་དགོས་པའི་གསོལ་བ་མང་དུ་བཏབ་ཅིང་། འདི་རེས་གདན་འདྲེན་པ་ཡང་སླེབས། ཆེབས་ཁ་མ་བསྒྱུར་བའི་སྔོན་དུ། ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ནས་ཧོར་རྣམས་ལ་འདི་སྐད་ཅེས། བྱང་ཤ་ཟན་གྱི་རིགས་ཡིན་ཀྱང་། དཀར་པོ་དགེ་བའི་བློ་སྐྱེས། ཆོས་དང་ཆོས་སྨྲ་བ་ལ་དད་པ་ཐོབ་ནས་སྤྲུལ་སྐུ་མཐོང་བ་དོན་ལྡན་ལྟ་བུའི་བླ་མ་སྤྱན་འདྲོངས་པ་འདི་བསོད་ནམས་ཆེན་པོ་ཡིན་ནོ། །བཀའ་གདམས་པ་ལས་མ་འགལ་ཞིག །ཅེས་གསུངས་སོ། །རྗེའི་དྲུང་ལའང་འདི་སྐད་ཅེས་གསོལ་ཏེ། ད་ལོ་སྐོར་ཙམ་ཕེབས་པ་དེ་སྲོག་ཆགས་ཚད་མེད་པའི་དོན་ཆེན་པོར་འགྱུར་བར་འདུག །འོན་ཀྱང་ཞག་ཉི་ཤུ་ལས་མང་བ་མ་བཞུགས། མི་ངོ་རྟགས་ཅན་ཞིག་བྱུང་ཙ་ན་ཚུར་སྤྱོན་ཅིག་ཅེས་ཞུས་པ། དེ་ཡང་གསོལ་བ་ནན་གྱིས་བཏབ་པར་བརྟེན་རོང་པོ་འདམ་དུ་ཆིབས་ཁ་བསྒྱུར་བའི་ལམ་ཞོར་དུ། ལྷ་སར་ཇོ་ཤཱག་མཇལ་ཞིང་སྨོན་ལམ་གནང་། སློབ་བརྒྱུད་གླང་ཐང་གི་ཐད་དུ་ཕེབས་པ་ན་ཧོར་གྱི་གདན་འདྲེན་པ་རྣམས་རྟ་རྩལ་འགྲན་པ་སོགས་དགའ་བའི་རྣམ་འགྱུར་སྟོན། སྡེ་པ་དཔོན་གཡོག་རྣམས་ཀྱི་བསུ་བའི་བཀོད་པ་དང་བཅས་ཨྱོན་གཞིས་ཀར་ཕེབས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་བའི་གསང་ཆེན་སློབ་བཤད་ཀྱི་བསྟན་འཛིན་ཆེན་པོ་


GLG008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཤིང་གྲུབ་པའི་དབང་ཕྱུག་མཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བཞུགས་པ་དང་འགྲིག །དེར་དཔོན་སློབ་མཇལ་འཛོམ་འཛད་པས་ཆོས་རྗེའི་གསུང་ལས། ང་རྗེ་གོང་མའི་སློབ་མ་ཡིན་པས་ད་ལམ་འདིར་མཇལ་བ་འདི་རྟེན་འབྲེལ་ཤིན་ཏུ་ལེགས་ཞེས་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཞིག་ཞུས། དེ་ནུབ་མཚར་ཆེན་ལ། གུར་གྱི་མགོན་པོའི་རྗེས་གནང་ཞིག་གསན། དཔོན་སློབ་གཉིས་ཕན་ཚུན་དུ་འབྲེལ་གཏམ་གྱིས་ཐུགས་དགྱེས་པར་བྱུང་། རིམ་གྱིས་འོད་འཇོའི་མདོར་ཕེབས་པའི་ཚེ། ཡུལ་ལུགས་ཀྱི་གོ་ཁྲབ་གྱོན་པའི་ཧོར་གྱི་རྟ་པ་སྟོང་ཕྲག་གིས་བསུ་བ་དང་བཅས་ཏེ་ཧོར་དཔོན་གྱིས་ཐོག་མར་མཇལ་བས་དད་པ་གཏིང་ནས་རྙེད་དཔོན་མོ་ཡོ་ཁོམ་བཟའི་སྒེར་གཞིས་ལྡན་བྱུང་དུ་ཕེབས། བསྙེན་བཀུར་ཞུས། སྟག་ལུང་ཆོས་རྗེ་ཁྲི་གདན་ཟུར་གྱིས་ཇ་འདྲེན་དང་འབུལ་བ་མཛད། དེ་ནས་རིམ་གྱིས་མཚོ་སླེ་གོང་དུ་ཕེབས། དཔོན་གྱིས་ཡང་འདི་ས་བཀྲ་ཤིས་པ་ཆོས་འབྲེལ་གྱི་ཐོག་མ་གནང་དགོས་ཞུས་པ་ལྟར་སང་ཞོགས་དབང་གྲལ་བསྒྲིགས་པ་དང་ཉི་མ་ཤར་བ་དུས་མཉམ་འཇའ་འོད་དང་མེ་ཏོག་གི་ཆར་སོགས་བྱུང་བས་ཧོར་རྣམས་ཀྱིས་པི་ཝང་གི་སྒྲ་ལས་དྲངས་པའི་བསྟོད་པ་ཕུལ། །དེ་ནས་དཔོན་ཚང་དུ་བར་སྔོན་ལ་བྱོན། །དཔོན་སློབ་རྣམས་རིམ་བཞིན་ཕྱི་ནས་ཕེབས་པའི་ལམ་དུ། ཧོར་གྱིས་བསྐོར་བའི་ཇ་པ་རྣམས་ཀྱིས་སྤྱན་འདྲེན་ཞུས། དེ་དག་རྣམས་ལ་མི་འཇིགས་པའི་སྦྱིན་པ་གནང་བར་ཞལ་གྱིས་བཞེས་ནས་དབུགས་དབྱུང་སྟེ་འདམ་གཞུང་དུ་ཕེབས། དཔོན་ཚང་གི་ཡུལ་དཀར་པོའི་ནང་དུ་གདན་དྲངས་ཏེ་བཀུར་སྟི་གྱ་ནོམ་པ་བསྟེགས། སྔོན་ཀོ་ཁྱིམ་ལ་ཡེ་ཤེས་བླ་མའི་དགོན་ཤུལ་དུ་བཞུགས་སྒར་མཛད་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཕྱིན་ཆད་ཇ་ལ་པའི་འགྲུལ་རྣམས་ལ་གནོད་པ་མི་བྱེད་པར་གདམས་ཏེ། དཔོན་


GLG008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ཐམས་ཅད་ཀྱིས་ཁས་བླངས། ཧོར་སོག་གི་མི་གླེན་ཞིང་སྙིང་རྗེ་ཆུང་བ་ཤ་ལྤགས་ལ་ལོངས་སྤྱོད་པ་སྲིན་པོ་ལྟ་བུ་རྣམས་ཀྱང་སྡིག་སྤོང་དགེ་བ་སྒྲུབ་པ་ལ་གཞོལ་བར་གྱུར། དེ་ནས་དཔོན་མོ་དང་སྲས་བློན་པོ་རྣམས་ཀྱིས་ཀྱང་སོ་སོར་སྤྱན་དྲངས་ཏེ་མཆོད་ཅིང་བསྙེན་བཀུར། བླ་མ་བསྟན་པའི་རྒྱལ་མཚན་གྱི་དཔོན་པོ་བློ་བཟང་བ་དཔོན་སློབ་ཀྱིས་བསྙེན་བཀུར་ཞིང་བཀའ་ཆོས་མང་དུ་ཞུས། དགུན་གྱི་དུས་ཡིན་ཡང་། འཁྱགས་རོམ་རྣམས་ཆུར་ཞུ་ཞིང་སྤང་ལྗོངས་མརྒད་ཀྱི་གོས་གྱོན་པ་སོགས་དབྱར་གྱི་ལང་ཚོ་ལ་འགྲན་པས་ཀུན་ཡ་མཚན་པར་བྱེད། ཧོར་སྟོད་པ་ཁྲེ་རྒྱལ་འབུམ་དང་ཀརྨ་དཔལ་སྒོམ་སྡེ་ནང་ཆེན་པོ་སོགས་ཀྱི་ཞུ་ཡིག་དང་བཅས་ཏེ་གུས་མཆོད་ལྷུར་ལེན་བྱས། དེ་སྐབས་ནུབ་གཅིག་བཞུགས་མེ་གནང་སར་བཀའ་ལས། །འདིར་ཧོར་ལོ་བཅོ་ལྔ་ཙམ་རྟ་ཁ་ཟིན་པ་ལ་ངོ་མཚར་དུ་འདུག་སྟེ། ངས་ལོ་གསུམ་ནས་རྟ་ཁ་ཟིན་པ་ཡིན་ཨང་གསུངས་པས། དེ་ལས་ཀྱང་ཡ་མཚན་པ་མང་དུ་ལགས་སམ་ཞུས་པ་ན། ཡོད་དེ། ལོ་བཅུ་གཅིག་ཡན་ལ། གུར་དྲག་གི་སྔགས་འབུམ་ཕྲག་ཉིས་བརྒྱ། ལོ་བདུན་ཡན་ལ་ཚེ་དཔག་མེད་ཀྱི་སྔགས་འབུམ་ཕྲག་བཅུ་གསུམ། གཞན་ཡང་དབྱངས་ཅན་མའི་བསྙེན་པ་ས་ཡ་ལྔ། སྐྱབས་འགྲོ་འབུམ་ཕྲག་བཞི། ལོ་བཅུ་གསུམ་པ་ལ་རྒྱལ་དུ་ཡེ་ཤེས་ཁྱུང་ནག་གི་སྔགས་འབུམ་ཕྲག་གཅིག །ད་ལོ་ཡང་འབྲས་སྤུངས་སུ་དམིགས་བརྩེ་མ་འབུམ་ཕྲག་བཞི་སོང་གསུངས། ཉིན་གཅིག་བཞུགས་སྒར་ནས་ལྷོ་ཕྱོགས་ཀྱི་ལུང་པ་ཞིག་ལ་ཕེབས་པས། ཚུར་ལམ་དུ་ཆུ་ཁ་ཞེང་པོ་ཞིག་ལ། ཆིབས་པ་དྲག་ཏུ་བསྐུལ་ཏེ་མཆོངས་པས། ཀུན་ཧ་ལས་ཏེ་འདི་འདྲ་མི་གནང་བ་ཞུ། བླ་མ་གོང་མ་རྣམས་ཀྱིས་ཀྱང་ཆིབས་མཆོངས་མ་མཛད་པ་འདུག་ཞུས་པས། །བཀའ་ལས་བླ་མ་གོང་མ་རྣམས་ཀྱིས་སྡེ་འཁྲུག་ཆེན་པོའི་བར་འཆིངས་དང་། ཡུལ་


GLG008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་སོགས་མ་མཛད་འདུག་ཀྱང་། བླ་མ་སྔོན་མ་རྣམས་ཀྱིས་མ་མཛད་པ་མང་པོ་ཞིག་བྱེད་དགོས་འོང་བ་འདུག །གསེར་ལའི་རོང་དུ་རྟ་ཁམས་བཟང་གིས་ཕ་བོང་ཆེན་པོ་གཅིག་ལ་མཆོངས་པ་དང་། རྩེ་ཐང་དུ་རྟ་འདྲོགས་ནས་གད་གཡང་གོམ་པ་བཅོ་ལྔ་ཙམ་ཞིག་ལ་མཆོངས་ཀྱང་སྐྱོན་མ་བྱུང་བ་ནི་དཀོན་ཅོག་གི་ཐུགས་རྗེ་ཡིན། ད་རེས་ཀྱིས་འདི་ངེད་རང་གི་རྩལ་ཡིན། ད་དུང་མཆོངས་ཆེ་བ་གཅིག་ལ་སྐུ་རིམ་པའི་གུར་སྒོ་ཙམ་དུ་རྒྱག །འདིའི་བར་ལ་གོམ་པ་ཉི་ཤུ་རྩ་ལྔ་ཙམ་ཡོད་གསུང་བ་བཞིན་གཞལ་བས་བྱུང་། དཔོན་གྱིས་ང་ཀརྨ་པ་དང་ལྷག་ཏུ་འབྲི་གུང་ཆོས་རྗེ་ལ་དད་པོ་ཡོད་དེ། ད་རེས་ཙམ་མ་བྱུང་བདག་གི་སྐྱབས་གནས་མཐར་ཐུག་ཁྱེད་ཡིན་པས་ང་རང་ལ་སྒེར་དུ་ལྷག་པའི་ལྷ་ཞིག་གནང་བ་དང་། དགོན་པ་འདེབས་དགོས་པའི་ཞུ་བ་ཕུལ་བ་ལྟར། མགོན་པོ་ཞལ་གྱི་རྗེས་གནང་གནང་བའི་ཚེ་འཚུབ་འགྱུར་གྱི་རྣམ་པ་དང་དཔོན་རང་ལ་མགོན་པོའི་སྐུའི་མཐོང་སྣང་བྱུང་ཟེར། དགོན་པའི་ས་དམིགས་དེར་ཕྱག་ནས་འཐོར་བར་མཛད། ཉེར་ལྔ་ཞིག་དང་འགྲིག་པས་གླིང་མེ་སྦར་བ་སོགས་ལྷ་མཆོད་ཀྱི་སྲོལ་བཙུགས། རིམ་གྱིས་རྭ་སྒྲེང་དུ་ཕེབས། ཇོ་བོ་ཕྱིང་དཀར་བ་དངོས་སུ་བསུ་བ་ལ་འོངས་པ་གཟིགས། ཞག་བདུན་གྱི་རིང་སྐྱ་སེར་གྱི་ཚོགས་ལ་བཀའ་གདམས་གླེགས་བམ་གྱི་དཀོན་ཆོག་འབངས་ཀྱི་སྐྱེས་རབས་དང་། སྙིང་པོ་དོན་གསུམ་གསུངས། ཇོ་བོ་འཇམ་དཔལ་རྡོ་རྗེས་ཐོག་དྲངས་པའི་རྟེན་གསུམ་རྣམས་ཞིང་པར་མཇལ། དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་སྤེལ་བ་གནང་། འབྲོམ་སྟོན་སླར་ཡང་རྭ་སྒྲེང་གི་ཁྲི་ལ་ཕེབས་པར། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། དཀར་མེ་རུ་བའི་ཐེབས་སོགས་གནང་། འཕན་ཡུལ་མདའ་བརྒྱུད་ཚོགས་གསོག་པ་སོགས་ཇ་པ་འབྱོར་ལྡན་རྣམས་ཀྱིས་མཆོད། ལམ་ཞོར་དུ་ཇོ་མཇལ་


GLG008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྟེ། འབྲས་སྤུངས་སུ་ཕེབས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ། གཟིམས་ཆུང་ཉི་འོད་དུ་བདེ་མཆོག་ལུ་ཧི་པའི་དབང་གསན་པས། དྲུང་ནས་གསུང་རབ་པས་ཀྱང་འཇབས་ནས་ཞུ་ཐུབ་པས་ལས་དང་སྐལ་བར་ལྡན་པར་ལུང་བསྟན། ནམ་མཁའ་ལས་གསེར་གྱི་མེ་ཏོག་ཡུ་བ་ཅན་གསུམ་ཙམ་བབ་པས་གཅིག་དངུལ་གདུང་རིན་པོ་ཆེའི་གཟུངས་བཞུགས་ལ་ཡོད་འདུག །གྲུབ་ཆེན་རང་གིས་སློབ་དཔོན་པདྨ་ལ་དངོས་སུ་གསན་པའི་ཚེ་དབང་ཕུལ། མངའ་རིས་ལྷའི་བཙུན་པ་བསོད་ནམས་དཔལ་བཟང་གིས། དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་སྐོར་དང་། འདོད་ཁམས་དབང་ཕྱུག་མའི་ཆོས་བཀའ་འགའ་ཞིག་ཕུལ། དེ་ཡང་རྒྱལ་དབང་པདྨ་འབྱུང་གནས་ཀྱི་བཀའ་སྡོད། སྡེ་བརྒྱད་ཐམས་ཅད་ཀྱི་ཡང་རྗེ། དྲེགས་པ་ཀུན་འདུས་ཀྱི་རྒྱལ་པོ། སྤྲུལ་པའི་ཆོས་སྐྱོང་ལྷའི་རྒྱལ་པོ་ཆེན་པོ་རྡོ་རྗེ་འོད་ལྡན་དཀར་པོ། གནོད་སྦྱིན་གྱི་སྡེ་དཔོན་ཡང་ལེ་ཤེལ་ཞེས་ཡོངས་སུ་གྲགས་པ་དེ་གནས་ཆུང་གི་སྐུ་མཁར་དུ། མིའི་ཁོག་ཏུ་ཞུགས་ཏེ། རྗེ་འདི་ཉིད་ལ་གུས་པའི་རྣམ་འགྱུར་དང་། སྐུ་ཆེ་བའི་ཡོན་ཏན་བརྗོད་པའི་བསྟོད་པ་སྔོན་དུ་བཏང་ནས། ད་ལྟ་དང་མ་འོངས་པའི་གདུལ་བྱ་སྐལ་ལྡན་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་གྲོལ་ལ་འགོད་པའི་ཆེད་དང་། གནས་སྐབས་སུ་ཡང་། ཡུལ་གངས་ཅན་གྱི་ལྗོངས་འདིར་མཐའ་དམག་གི་གནོད་པ་བཟློག་པའི་ཐབས་ཀྱི་དམ་པར། རྗེ་ཉིད་ཀྱི་རྣམ་པར་ཐར་པ་རི་མོར་བཀོད་པའི་རྟེན་ཁྱད་པར་ཅན་ཞིག །བཀས་གནང་བར་མཛད་དུ་གསོལ་ཞེས་ཞུས་ཤིང་གསོལ་བ་བཏབ་བོ། །དེའི་ཚུལ་འདི་ལྟར་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཀྱི་དགུང་ལ་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་ཆེན་པོའི་ལྕགས་རི་ལྟ་བུ་བཀའ་སྲུང་རྒྱ་མཚོའི་ཕོ་བྲང་གནས་ཆུང་རྒྱལ་པོའི་སྐུ་མཁར་དུ། ཆོས་སྐྱོང་


GLG008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྐུ་ཁོག་ལ་ཞུགས་ནས་བྱོན་ཏེ། དགོས་པ་ཁྱད་པར་ཅན་གྱི་སླད་དུ་སྤྱན་དྲངས་པ་ལ་བརྟེན་ནས་རྗེ་བཙུན་རིན་པོ་ཆེ་དཔོན་སློབ་ལྔ་མཛད་ནས་ཤིན་ཏུ་གསང་བའི་ཚུལ་གྱིས་གནས་དེར་གཤེགས་ཏེ། ལྷའི་རྒྱལ་པོས་ལེགས་པར་བཤམས་པའི་སྟན་བཟང་པོ་ལ་བཞུགས་སོ། །དེ་ནས་གསོལ་ཇ་དང་གསེར་སྐྱེམས་བཞེས་པའི་རྗེས་སུ། རྗེ་བླ་མའི་ཞབས་དྲུང་དུ། ཆོས་སྐྱོང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། སྤྱིར་ན་ཆོས་ཐམས་ཅད་བདེན་པར་མེད་པ་ཞིག་ཡིན་ནའང་། ཀུན་རྫོབ་བདེན་པར་སྣང་བའི་ངོར། སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་ཀྱི་པདྨའི་ཟིའུ་འབྲུ་དེ། པདྨ་འབྱུང་གནས་ཡིན། ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོར་པདྨ་འོད་ཀྱི་གཞལ་ཡས་ཁང་ན་ཡོད་དུས། པདྨ་འབྱུང་གནས་ཀྱི་བཀའ་བསྒོས་ཏེ། སངས་རྒྱས་ཀྱི་བསྟན་པའི་དག་སྟེར་ལ་བཏང་བ་ཡིན། དེ་ཡང་སྤྲུལ་སྐུ་མཐོང་བ་དོན་ལྡན་གྱིས་ཞི་རྒྱས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་གི་འཕྲིན་ལས་མཛད། ང་པེ་དཀར་རྒྱལ་པོས་དབང་དྲག་གི་སྒོ་ནས་དེའི་འགལ་རྐྱེན་སེལ་ཞིང་། མཐུན་རྐྱེན་འགུག་པའི་འཕྲིན་ལས་བསྒྲུབ། དེ་ལྟར་གཉིས་ཀས་ཀྱང་བསྟན་པའི་དག་སྟེར་བྱེད་དགོས་རྒྱུ་ཡིན་པ་དགོངས་སུ་གསོལ། ཁྱད་པར་དུའང་པདྨ་འབྱུང་གནས་ཀྱིས་ངའི་ཟས་སྐལ་དུ། དགྲ་བོའི་ཤ་ཁྲག་སྲོག་དབུགས་ཕྲོག །ལས་སྐལ་དུ་བསྟན་པ་དང་བསྟན་འཛིན་བསྲུང་བར་བསྐོས་པ་ཡིན་པས། སྔར་ཡང་པདྨ་འབྱུང་གནས་ཀྱི་བཀའ་ལས་འདའ་མ་མྱོང་། ད་དུང་མི་འདའ་བས་མཐོང་བ་དོན་ལྡན་གྱི་སྐུ་ཚེ་མཛད་པ་འཕྲིན་ལས་རྣམས་ལ་བར་ཆད་འདུག་ན་ངས་སེལ།མཐུན་རྐྱེན་ཐམས་ཅད་ངས་སྒྲུབ། གལ་ཏེ་གནོད་བྱེད་གདོན་བགེགས་ཤིག་ཡོད་ན། མི་དང་མི་མ་ཡིན་པ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་གྱི་ནང་ཚན་དུ་གཏོགས་པ་ཅིག་འོང་བ་ལས་འོས་


GLG008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྡེ་བརྒྱད་ཐམས་ཅད་ཀྱི་ཡང་རྗེ་དྲེགས་པ་ཀུན་འདུས་ཀྱི་རྒྱལ་པོ་དེ་ང་ཡིན་པས་ན། ངའི་བཀའ་ལས་འདའ་བར་ནུས་པའི་གདོན་བགེགས་སུ་གྱུར་པ་ནི་སུ་ཡོད། དེ་བས་ན་བསྐུལ་བར་མ་ཞན་ཞིག་ཐུགས་ཆུང་མཛད་མི་དགོས་སོ། །ཞེས་སོགས་ཕྱི་ནང་གསང་བའི་བཀའ་མཆིད་ཐུན་མོང་མ་ཡིན་པ་ཞུས་གནང་གི་སྒོ་མང་དུ་གནང་བའི་མཐར། ཆོས་སྐྱོང་ཆེན་པོ་དེས་ཡང་འདི་སྐད་ཅེས་གསོལ་ཏོ། །བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་ཀྱི་པདྨོའི་གེ་སར་ལས་མཆོག་ཏུ་སྤྲུལ་པའི་སྐུ་མཐོང་བ་དོན་ལྡན། །ཡུལ་དབུས་འདིར་མཐའ་དམག་གི་འཇིགས་པ་ཆེན་པོ་ཞིག་མི་འགྱང་པར་འོང་བ་འདུག་སྟེ། །བྱུང་ནའང་།སྤྲུལ་སྐུ་མཐོང་བ་དོན་ལྡན་རང་གི་འགྲོ་དོན་འཕྲིན་ལས་པ་ནི་མི་གནོད། འོན་ཀྱང་ད་ལྟ་ནས་བཟློག་ཐབས་བྱས་ན་བཟློག་ནི་ཐུབ་པས་ཇི་ལྟར་བྱེད་ཞུ་བ་ལ། ཞབས་དྲུང་གི་ཞལ་ནས། དེ་ལྟ་ན་བཟློག་ཐབས་ཅིས་ཀྱང་མཛོད། ཅེས་བཀའ་བསྒོས་པ་དང་། ཡང་གསོལ་བ། དེ་ལྟ་ལགས་ན། སྤྱིར་ཆོས་གྲྭ་ཆེན་པོ་རྣམས་སུ་དགག་དབྱེ། དགུ་གཏོར་གྱི་རིམ་པ། མདོ་སྔགས་ཀྱི་བསྟན་པའི་བྱ་བ་རྣམས་གོང་འཕེལ་དུ་གཏོང་བ་དང་། བྱེ་བྲག་ཏུའང་སྤྲུལ་སྐུ་མཐོང་བ་དོན་ལྡན་ཉིད་ཀྱི་རྣམ་པར་ཐར་པ་སྒྲོ་མ་བཏགས་པ། སྐུར་པ་མ་བཏབ་པ། རི་མོར་བཀོད་པའི་རྣམ་ཐར་གྱི་ཐང་ཁ་རྒྱ་ཆེ་བ་ལ་བཀོད་པ་ལེགས་པ་ཞིག་འཕྲལ་དུ་གྲུབ་དགོས་པས། དེ་དག་ཐམས་ཅད་ལ་བཀའ་བཀོད་ཀྱིས་ཁྱབ་པ་མཛད་པ་ཞུ་ཞིང་། །ངས་ཀྱང་དམ་ལས་མ་འདས་པ་བགྱིད་པར་ཞུ་ཞེས་གསོལ་ཏོ། །ཡང་དེའི་ཚེ་ཆོས་སྐྱོང་ཆེན་པོ་དེ་སྤྲུལ་སྐུ་འཕྲང་ཁ་པ་ལའང་འདི་སྐད་ཅེས་གསུངས་ཏེ། འོ་དེས་ན། སྤྲུལ་སྐུ་མཐོང་བ་དོན་ལྡན་གྱི་རྣམ་ཐར་ཐང་ཁ་ཆེ་ལ་ལེགས་པ་ཞིག་དགོས་པ་དེ། ཁྱོད་ཀྱིས་བྲིས་པ་ཞིག་བྱུང་ན་བསམ་པ་ཨེ་ཡོང་གསུང་། ཡོང་ཞུས་པས་འདི་སྐད་


GLG008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། འོ་ན་དབུས་སུ་མཐོང་བ་དོན་ལྡན་གྱི་སྐུ་ས་གནོན་མཉམ་གཞག་མཛད་པ་གཙོ་བོ་དེའི་བཞུགས་གནས་ཐམས་ཅད་མེ་ཏོག་པདྨའི་རང་བཞིན་ཡིན་པ། སྟོད་ཀྱི་ཆ་ལ་རྣམ་ཐར་གྱི་བཀོད་པ་ཡོད་པ་དེ་ཡང་པདྨ་རེ་རེའི་གེ་སར་གྱི་སྟེང་དུ། སྔོན་ཇི་ལྟར་སྐུ་བལྟམས་པ་ནས་ཉེ་བར་བཟུང་སྟེ། ང་པེ་དཀར་རྒྱལ་པོ་དང་ཞལ་འཛོམ་མཛད་པ་ཡན་གྱི་མཛད་པ་རྣམ་ཐར་རེ་རེ་བཞིན་བཀོད་པ། དེའི་སྨད་ཀྱི་ཆ་ལ་གཞན་ཡང་འདི་ཡིན་གྱི་ངེས་བཟུང་མེད་པའི་དགོན་གནས་ཀྱི་བཀོད་པ་རྒྱ་ཆེ་ལ་ལེགས་པའི་མདུན་དུ། ངེས་བཟུང་མེད་པའི་ཆོས་གྲྭ་ཆེན་པོ། དེར་ཡང་ཆོས་ཉན་གྱི་དགེ་འདུན་ཚོགས་པ་ཆེན་པོས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འཆད་པ་པོ་ཆོས་སྟོན་གྱི་ཕྱག་རྒྱ་ཅན། ཐམས་ཅད་བཀོད་པ་ཅི་མཛེས། དེའི་འོག་ཏུ་པེ་དཀར་རྒྱལ་པོ་ཁོག་པ་ལ་ཞུགས་པའི་ཆ་ལུགས་ཐམས་ཅད་ད་ལྟའི་འདི་ག་འདྲ་བ་ལ། རུ་འདྲེན་སྡེ་བཞི་སྐུའི་སྐྱོ་རོགས་ལ་སོགས་པའི་འཁོར་གྱིས་བསྐོར་བ། ཐམས་ཅད་ཀྱང་རྔམ་བརྗིད་འཇིགས་སུ་རུང་བ་སོགས་གང་ལ་གང་འོས་ཀྱི་བཀོད་པ་གང་ལེགས་བྲིས་པ་ཞིག་དགོས། ངའི་སྤྲུལ་པ་ཡང་སྤྲུལ་གྱི་མཐའ། ཁྱོད་མིའི་འགྲོ་བས་མི་ཆོད། དེ་བས་ན་དེ་དག་ཀུན་གྱི་མཚོན་བྱེད་ཡོད་པར་བྲིས་པས་ཆོག །དེ་ལྟར་བྱས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དགའ། སྒོས་སུ་སློབ་དཔོན་མཐོང་བ་དོན་ལྡན་གྱི་འཕྲིན་ལས་ལའང་དགའ་བ་ཡོད། དེའི་རྒྱུ་རྣམས་སྲོང་བཙན་སྒམ་པོའི་བརྒྱུད་པ་ཡིན་པའི་བཙུན་པ་དེས་བཏོན་ན། ཁོང་ལ་ཡང་དགའ། ང་ལ་ཡང་དགའ་བ་ཡོད་པས། ཀུན་ལ་དགའ་བ་དེ་ཅིས་ཀྱང་གྱིས་ཤིག །ཅེས་གསུངས་སོ། །དེ་ནས་སླར་གཟིམས་ཁང་དུ་ཕེབས་པ་དང་། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། ཆོས་སྐྱོང་གི་གསུང་དེ་དག་ཐམས་ཅད་ལའང་དགོས་པ་རེ་འདུག །རྣམ་ཐར་ཐང་ཀ་དེ་ཡང་


GLG008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་དགའ་ན་བྲིས་པ་དྲག །ལྷ་བཙུན་པས་ཀྱང་དེའི་རས་གཞི་ཐོན། ང་ལ་རྣམ་ཐར་མི་དགོས་ཀྱང་། བསྟན་པ་དང་སེམས་ཅན་ལ་ཕན་ན་བྱེད་རིན་ཆོག་ཅེས་བཀའ་གནང་། ཡང་དུས་རེ་ཞིག་ན། ཆོས་སྐྱོང་གི་ཞལ་ནས་སྤྲུལ་སྐུ་འཕྲང་ཁ་བ་ལ་འདི་སྐད་གསུངས་ཏེ། ཁྱོད་ལ་ངས་སྔར་བྱས་པའི་བཀོད་པ་དེའི་ལོགས་ཤིག་ཏུ། ཆོས་འཁོར་ལྷ་སའི་བཀོད་པ་ཞིག་བྱུང་ན་འཇིག་རྟེན་ལ་དགའ་བ་ཡོད་དེ། དེས་ན་ངའི་བཀོད་པ་འདི་ཤིན་ཏུ་གལ་ཆེ་བ་ཞིག་ཡོད་པས། ཁྱོད་ཀྱིས་བརྗེད་དུ་མི་རུང་བས། བརྗེད་བྱང་གི་ཡི་གེ་དཀར་འཇམ་གྱི་ལོགས་པ་བྲིས་ཤིག །འོ་རས་གཞི་ཇི་ཙམ་ཆེ་བ་ལེགས། དཀྱིལ་དུ་ས་གནོན་མཉམ་གཞག་ཅན། །དེ་ཡི་མཆན་ཁུང་འོག་གཉིས་ནས། །བྱུང་བའི་པད་སྡོང་རྩ་བ་གཉིས། །འཇོལ་ཏེ་བྱས་ནས་གྱེན་དུ་འཁྱེར། །དེ་ལས་གྱེས་པའི་མེ་ཏོག་གི །འདབ་མའི་དཀྱིལ་གྱི་ཕུང་པོ་ལ། །མཛད་པ་རེ་རེ་བཞིན་དུ་བསྟན། །དཀྱིལ་གཙོའི་སྟེང་གི་རིགས་བདག་ལ། །པདྨ་འབྱུང་གནས་ཡོངས་གྲགས་ཏེ། །དེ་ཡང་པཎ་ཆེན་སྐུ་ལས་གཞན། །མཐའ་འཁོབ་ཀླ་ཀློའི་མགོན་དུ་བསྔགས། རྟེན་གཙོ་དངོས་གཞིའི་སྐུ་སྐེད་མན། །གཡས་ཀྱི་པུས་མོའི་མར་ཟུར་ལ། །གཙུག་ལག་ཁང་གི་བཀོད་པ་མཛེས། །གཡོན་གྱི་པུས་མོའི་མར་ཟུར་ལ། །དགོན་པ་དེ་ཡི་བཀོད་པ་མཛེས། །དེ་དག་དབུས་སམ་ཕྱོགས་གཅིག་ཏུ། །ནུབ་ཕྱོགས་གསུང་གི་རྒྱལ་པོའི་སྐུ། །དྲེའུ་ནག་རྟིང་དཀར་ཆིབས་ཤིང་རྔམས། །ཕྱག་གཡས་སྦ་ཡི་འགྱིང་འཁར་དང་། །གཡོན་ན་ཙན་དན་རིན་ཆེན་བསྣམས། །རོལ་ཏུ་གློག་དང་མེ་ལྕེ་ཁྲིད། །འཇིགས་རུང་ཁྲོས་པའི་རྒྱལ་པོ་དེ། །བསྟན་པ་བསྲུང་བའི་ཆེད་དུ་བྲིས། །དགོན་པ་དེ་ཡི་མདུན་ན་ནི། །བནྡེས་དམར་གཏོར་འཕེན་པའི་ཚུལ། །པེ་དཀར་རྒྱལ་པོ་རང་ཆས་བསྟེན། །འཁོར་གྱི་རུ་འདྲེན་བཞི་པོ་ཡང་། །སྔོན་གྱི་


GLG008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་སེལ་བུད་མེད་ཅི། །ནས་མོ་ལག་གཡས་ཧུ་ལུ་མ། རྒྱག་ཕྱིར་ར་ལྤགས་གཡང་གཞི་འཕྱར། །གཡོན་པ་ཐལ་རྡེབ་རྒྱག་པའི་ཚུལ། ཁ་ནས་དྲག་སྔགས་འབོད་པ་ནི། །མི་བཟད་རལ་པ་གཡོ་བ་བྲིས། །རྒྱབ་ནས་སྔགས་པ་ཕུར་ཐོགས་ནི། །རྔམ་བརྗིད་གར་འཆམས་བྱེད་པ་བྲིས། །གཡས་ན་ཉན་ཐོས་ཞི་དུལ་རྣམས། །ལྷུང་བཟེད་འཁར་བསིལ་གཡས་ན་འཆང་། །ཆོས་གོས་ཟླུམ་པོར་བགོས་པ་ཡི། རྒྱབ་ན་པོ་ཏི་ཁུར་བ་བྲིས། །གཡོན་ན་སྐྱེས་མ་དཔའ་བ་ནི། །གོ་ཁྲབ་གྱོན་ཞིང་རུ་མཚོན་འཕྱར། །སྐྱོ་བསང་འབག་སེང་གར་མཁན་རྣམས། །རོལ་མོ་འཁྲོལ་ཞིང་ཇུ་གར་རྩེ། །སྐུ་ཡི་སྐྱོ་གྲོགས་བལ་པོ་རྣམས། །ལ་ཐོད་མཛེས་པར་བཅིངས་པས་བསྐོར། །གཞན་ཡང་ནག་པོ་ཨ་ཙཪྻ། ཁྲོས་པའི་འཁོར་མང་དང་བཅས་བྲིས། །ངོ་བོ་དེ་དག་ཀུན་ལས་ཀྱང་། །རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོ། །མོག་རོ་རྟ་ཡི་སྤུ་ལས་ཀྱང་། །པེ་དཀར་རྒྱལ་པོའི་སྤྲུལ་པ་མང་། །དེ་ཡང་བློ་ཆུང་རྣམས་ལ་བཤད། །བློན་ཆེན་སྣོད་ཡངས་ཁྱོད་འདྲ་ལ། །སྲིད་པའི་རྩེ་ནས་མནར་མེད་བར། །སྐྱེས་འགྲོ་དབུགས་ཀྱིས་ཟིན་ཚད་ཀྱི། །ལྟག་པར་པེ་དཀར་རྒྱལ་པོ་རེ། །ཡོད་ཀྱང་ཡོད་ལ་བཤད་ཀྱང་ཤོད། །ཚད་ནི་སུས་ཀྱང་གཟུང་དུ་མེད། །དེས་ན་རྒྱལ་པོ་སྐུ་ལྔ་པོ། །འཁོར་དང་བཅས་པའི་ཚད་དང་གྲངས། །འགྲོ་བ་མི་ཡིས་ཇི་ལྟར་ཆོད། །མཚོན་བྱེད་གང་ལེགས་ཙམ་རེ་བྲིས། །དེ་ལས་གཞན་ཡང་བཀོད་མཛེས་ནི། །བསྟན་དང་འགྲོ་ལ་དགེ་ཞིང་ཤིས། །ཡིད་འོང་ལྟ་ན་སྡུག་པ་རྣམས། །རང་བློས་ལེགས་པར་དཔྱད་ལ་བྲིས། །དེ་ཡང་གང་འགྲོ་མི་ཤེས་པས། ཁྱོོད་ཀྱིས་གཟབས་དྲིས་ཡང་དག་གྱིས། །རྟེན་དེ་འདི་རུ་དགོས་རྒྱུ་མིན། ལོ་ནི་བཅུ་གཉིས་ཚུན་ཆད་ན། མཐའ་འཁོབ་ཀླ་ཀློའི་ཡུལ་དུ་དགོས། །


GLG008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདུལ་བསྟན་པ་རྒྱས་པར་འགྱུར། །བླ་མའི་ཞབས་ཏོག་དེ་ཡིན་ལ། །བསྟན་པའི་ཞབས་ཏོག་ཀྱང་དེ་ཡིན། །ཁྱོད་ཀྱི་ཐུགས་དམ་དེས་ཆོག་སྟེ། །ཚོགས་གསོག་དེ་ལས་ལྷག་པ་མེད། །འདི་ནས་བརྩིས་པའི་བྱང་ཕྱོགས་སུ། །ཆོས་དང་ཆོས་མིན་གཉིས་ཀ་དང་། །ལྡན་མིན་རྒྱལ་བློན་འཁོར་བཅས་རྣམས། །མཐོང་ཐོས་རྣམས་ཀྱི་དོན་ལྡན་བྱེད། །དེ་ནས་ཀྱང་ནི་ཡུལ་གཞན་དུ། །དེ་ཡིས་དྲེགས་ལྡན་རྒྱལ་པོ་འདུལ། །འགྲོ་དོན་མཐའ་རྒྱས་ལྷུན་གྱིས་གྲུབ། ཀུན་ལ་དགའ་བ་དེ་ལྟར་ཡིན། །འོ་དེ་ལྟར་དཀར་འཇམ་གྱི་སྟེང་དུ་ནག་ཆབ་ཕབ་པ་མིན། བསྟན་པ་གཏན་ལ་ཕབ་པ་ཡིན་པས་དེ་ལས་གལ་ཆེ་བ་མེད་ཅེས་གསུང་བ་ལ་བརྟེན་ནས། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ་ཞེས་པས། དབྱངས་ཅན་མའི་ཐང་ཁ་ཞིག་འདྲི་བར་བརྩམ་པའི་ཚེ་མངོན་རྟོགས་ཇི་ལྟ་བུ་ཞིག་ཡོད་དམ་སྙམ་ཐེ་ཚོམ་པ་ན། །དབྱངས་ཅན་དངོས་སུ་ཞལ་གཟིགས་ནས། སྤྲུལ་སྐུ་བ་ང་འདི་ན་ཡོད་པས་གཟིགས་དང་ཞེས་གསུངས་པས། སྤྲུལ་སྐུ་ང་ལ་གཟིགས་སུ་གསལ་པ་བི་ཤྭ་ཀརྨ་ས་འདིར་བབས་པ་ལྟ་བུ་དེས་རྣམ་ཐར་ཞིང་བཀོད་ཀྱི་ཐང་ཁ་རྒྱས་པར་བྲིས་སོ། །དེ་ནས་ས་གཞིའི་དབང་ཕྱུག་གོང་མ་ཆེན་པོ་དཔལ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཀྭན་དིང་ཏའི་གུ་ཤྲི་ཧྭོང་ཧང་གིས་གསེར་ཡིག་པ་མངགས་ཏེ་ཏི་ཤྲིར་བཀུར་བའི་བཀའ་ཤོག་སྩལ་བར། དཔལ་གངས་ཅན་གྱི་མགོན་པོ་འགྲན་ཟླ་དང་བྲལ་བ་ཁྱེད་ལྟ་བུས་ཕྱག་དམ་དམར་པོ་གནང་བར་འོས་ཤིང་། ཁྱད་པར་ད་ནི་ངེད་སྡེ་སྲིད་ཀྱི་ཆེ་བ་ཡིན་པས་བཀའ་ཤོག་དམར་པོ་གནང་དགོས་པས། དེ་ཡང་རྟེན་འབྲེེལ་ལེེགས་ཚོགས་ཀྱི་སླད་དུ། །འདི་ཕྱོགས་ལ་ཆིབས་ཁ་སྒྱུར་བའི་སྔོན་དུ། བཀའ་ཤོག་གསར་དུ་བསྐྲུན་པ་འདི། ཐོག་མར་ཇོ་བོ་རིན་པོ་ཆེའི་དྲུང་དུ་ཐམ་ཕུད་


GLG008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་གནང་ནས། ཀུན་གྱི་སྤྱི་བོའི་རྒྱན་དུ་འགོད་པ་ཞུ་ཞེས་བྱུང་བ་ལ། བཀའ་ལས། ཕེབས་སྐད་ལྟར་ཡིན་ཕྱིན་བསྒྲུབ་པ་ལས་འོས་མེད་གསུངས། ཇོ་བོ་རིན་པོ་ཆེར་སྙན་ངག་གི་ཚིགས་བཅད་དང་བཅས་ཐམ་ཕུད་ཕུལ། ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ལ་ཆིབས་ཁ་བསྒྱུར་ཏེ། ཐོག་མར་འཕྱོས་སུ་ཕེབས། སྡེ་པ་དཔོན་གཡོག་གིས་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། འདོད་ཆོས་ཀྱང་ཐུགས་དགོངས་རྫོགས་པར་གནང་། དེ་ནས་ནང་སོ་འཕྱོང་རྒྱས་པས་ཐོབ་རྒྱལ་ལྷ་རྩེ་དང་། སྲོང་བཙན་གཞིས་ཀར་སྤྱན་དྲངས། ཚེ་དབང་སོགས་འདོད་ཆོས་ཅི་རིགས་པ་གནང་། རི་བོ་སྡེ་ཆེན་དང་སྤྱན་གཡས་སུ་ཕེབས་ཏེ་ཁྲོམ་ཆེན་པོ་ལ་དམ་པའི་ཆོས་ཀྱི་དགའ་སྟོན་སྩལ། སླར་ཐོབ་རྒྱལ་ལྷ་རྩེར་ཕེབས་ཏེ་དོན་གྲུབ་ཅེས་པ་ས་ལུག་གི་ལོ་གསར་གཏོར་ཆེན་གནང་། དེ་ནས་མཁར་ཐོག་ཏུ་ཕེབས། རྣམ་རྒྱལ་རབ་བརྟན་ནས་ཞབས་དྲུང་སྲས་ཡུམ་གྱིས་གུས་མཆོད་མཛད། སྒྲོལ་དཀར་གྱི་ཚེ་དབང་གནང་། དེ་ནས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་དུ་ཕེབས་ནས་སྟག་ཚང་གཟིམས་སྤྱིལ་དུ་བཞུགས། ཧོར་ཟླ་དང་པོའི་ཚེས་བཅུ་གཟའ་སྐར་འཕྲོད་སྦྱོར་བཟང་བ་ལ། སྡེ་སྲིད་ཀྱི་བླ་མའི་ཆེ་བར་འོས་པའི་ལས་ཚན་གྱི་རིམ་པ་དང་བཅས་པས་བསུ་བའི་བཀོད་པ་ངོ་མཚར་བས་མདུན་བདར་ཏེ། ཕོ་བྲང་ཆེན་པོ་སྣེའི་གདོང་རྩེར་ཕེབས་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་འཕྲེང་བ་ཁོར་ཡུག་ཏུ་ཁྱབ་པ་སོགས་དགེ་མཚན་མཐའ་ཡས་པ་བྱུང་། དེ་ནས་གཟིམས་ཆུང་ཀུན་བཟང་ཡང་རྩེར་ལྷན་རྒྱས་སུ་བཞུགས་གྲལ་ཞིག་གནང་། དེ་གྲོལ་ནས་གོང་སར་སྒྲོལ་དཀར་གྱི་རྗེས་གནང་ཚེ་ཁྲིད་ཐུན་མོང་མ་ཡིན་པ་དང་བཅས་གསུང་ཆོས་འབུལ་བར་མཛད། དེ་ཡང་བཀའ་ལས་


GLG008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ཞབས་དྲུང་དང་མཇལ་རྒྱུའི་དེ་ནུབ། ཞབས་དྲུང་གོང་མ་ཆེན་པོའི་མནལ་ལམ་དུ་ཞབས་དྲུང་རང་ཉིད་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཤར་བ། སྤྲོ་ཞིང་ཡངས་པ་ཞིག་གི་དཀྱིལ་དུ་བཞུགས་འདུག་པ་ལ། རི་ཞིག་གི་རྩེ་ནས་སྤྲིན་ཤིན་ཏུ་དཀར་བ་ཞིག་དབུའི་ཐད་དུ་ནར་གྱིས་བྱུང་བའི་དཀྱིལ་ན་མི་དཀར་པོ་ཞིག་གིས་འོ་མའི་ཆུ་ཞིག་དབུ་ལ་བླུག་བྱུང་བ་དང་། ཐུགས་ལ་འདི་ཅི་བྱེད་པ་ཡིན་སྙམ་ཙ་ན། ལྷའི་བུ་གོས་དཀར་པོ་གྱོན་པ་ཞིག་བྱུང་ནས། མེ་ཏོག་གི་འཕྲེང་བ་ཞིག་སྐུ་པང་དུ་བསྐྱུར་བྱུང་བས། སྔར་འཕྲེང་བ་ཇི་སྙེད་ཅིག་བྱུང་ཡང་འདི་འདྲ་མ་བྱུང་དགོངས་མཉེས། ཡང་དེའི་བུམ་པ་དཀར་པོ་ཞིག་ནས་བདུད་རྩི་གསེར་བཙོ་མའི་མདོག་ལྟ་བུ་དབུ་ལ་བླུག་པས། སྐུ་ལུས་བདེ་བས་གང་བྱུང་བའི་ཚུལ། སང་ང་སྐུ་ཞབས་སུ་སླེབས་དུས་བཀའ་ཕེབས་གནང་བྱུང་། གཞན་ཡང་ངས་ཕུལ་བ་ཡིན་ཟེར་བའི་དབུ་ཞྭ་སེར་པོ་མདོག་ལེགས་པ་ཞིག་གོང་མ་ཆེན་པོ་ཉིད་ཀྱི་དབུ་ལ་བཞེས་པ་སོགས་ལྟས་བཟང་པོ་མང་དུ་བྱུང་གསུངས་ནས་དགྱེས་དགྱེས་གནང་བ་ཞིག་འདུག་ཅེས་བཀའ་ཕེབས། སླར་ཡང་སྒྲོལ་དཀར་སྤྱན་བདུན་མའི་ཚེ་དབང་ཟབ་མོ་རྒྱས་པར་འབུལ་བ་གནང་བའི་ཚེ། ཚེ་རིལ་ཕྱག་ཏུ་ཕུལ་བ་གསུམ་སྤེལ་ཞིག་བྱུང་བས་རྟེན་འབྲེལ་ལེགས་པར་འགྲིག །ཚེ་རིལ་ལྷག་མ་རྣམས་ཀྱང་ཕྱག་ཏུ་བཞེས། གསོལ་བ་གུང་ཚིགས་ཀྱི་བཞུགས་གྲལ་ནས་བཟུང་།གོང་མ་ཉིད་དང་བཞུགས་སྟན་མཉམ་པ་སོགས་གཟེངས་བསྟོད། དེང་ཕྱིན་ཆད་ནས་ངེད་མི་ངོ་དང་བཅས་པ་ལ་ཕྱག་འཚལ་མི་དགོས་ཞེས་བཀས་བཅད། དེའི་ཚེ་བོད་ཆོས་རྒྱལ་གྱི་གདུང་ལས་འཁྲུངས་པའི་མཁས་བཙུན་གྲུབ་པའི་དབང་ཕྱུག་དོན་གྱི་པཎྜི་ཏ་ཆེན་པོ་ལྷ་བཙུན་བསོད་ནམས་མི་འགྱུར་རབ་བརྟན་དཔལ་བཟང་པོ་ལ། གོང་ནས་ཐུགས་གཉེར་གང་ལ་མཛད་དང་གྲྭ་བསྐོར་


GLG008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དྲི་རྨེད་ཞིབ་པར་གནང་། ཞུ་ལན་ཚིག་དོན་བཟང་པོ་ཕུལ་བས་བཞུགས་གྲལ་མཐའ་དག་གསན་སྤྲོ་བར་གྱུར། དེ་ནས་ལྷའི་བཙུན་པ་དང་རྩེས་ཐང་ལས་ཆེན་སངས་རྒྱས་མགོན་པོ་གཉིས། བཞུགས་གྲལ་ལ་ཆོས་ཀྱི་འབེལ་གཏམ་མཛད་དེ། སྟོན་པས་བདེན་བཞིའི་ཆོས་འཁོར་གྱི་སྔོན་དུ་ལུང་གི་ཆོས་གསུངས་པར་ཐལ། དེའི་སྔོན་དུ་ལྷའི་བཀྲ་ཤིས་དོན་གྲུབ་མའི་ཚིགས་བཅད་གསུངས་པའི་ཕྱིར། ཞེས་སོགས་ཆོས་འཁོར་གྱི་སྐོར་དང་། ཚད་མ་བསླུ་མེད་ཅན་ཞེས་པ་སོགས་རྣམ་འགྲེལ་གྱི་སྐོར་ལ་བགྲོ་གླེང་མཛད་པས་གོང་མ་ཐུགས་མཉེས་པར་གྱུར། གོང་ནས་ཤེལ་བུམ་ཆུ་རིས་མར་གྲགས་པའི་ཞལ་དཀར། སྡེ་སྲིད་ཀྱི་ཁྱད་ནོར་ལ་མཚར་བ་དེས་གཙོས་པའི་ཟང་ཟིང་གི་དངོས་པོ་དཔག་ཏུ་མེད་པ་ཕུལ། །ཀ་བཞིར་རྩེ་ཚོགས་པའི་རྟེན་འགྲེེམས་དང་བཅས་ཏེ་བསྙེན་བཀུར་ཞུས། དེ་ནས་རྩེས་ཐང་དུ་ཕེབས། རིམ་གྱིས་འཕྱོས་རྒྱལ་མཚན་རྩེར་ཕེབས་བཞུགས་ཐོག་ཕྱག་དམ་དམར་པོ་གནང་དགོས་པའི་ཡང་སྐྱོར་གྱི་གོང་མའི་བཀའ་ཤོག་ཕྱག་བྲིས་མ་ལས་འདི་ལྟ་སྟེ། ཆབ་ཤོག་ཁྱད་ཇའི་རྟེན་ཞིབ་ཆ་དང་བཅས་ཕེབས། མདང་སང་སྐུ་མཆོག་ཏུ་སྙོམས་པ་ནས་འཕྱོས་ཚོར་ཕེབས་སྐབས་ཡིན་འདུག་པ་ཅིས་ཀྱང་ལེགས། འདིར་ཡང་ནད་འཚེ་མེད་ངོས་ཁ་ཏོན་འཕེལ་བར་ཡོད། གང་ཅིའི་ཞིབ་ཆ་དཔལ་འབྱོར་རྒྱ་མཚོའི་ངག་ནས་འབུལ་བ་ལྟར། དགོངས་ཡུལ་དུ་ཞུགས་པ་ཞུ། རྟེན་མཚོན་བྱེད་བཀྲ་ཤིས་ཁ་བཏགས་ཟུང་འབྲེལ་ལ་རྒྱ་ལྡན་འབུལ། ཚེས་བཅུ་གསུམ་ལ་ཕུལ། ཇ་སོར་ཐེའུ་རྩེ་ཕུལ་བ། བསྟན་པ་དང་། འཕྲིན་ལས་བཟང་པོ་ཕྱོགས་ཐམས་ཅད་དུ་ཁྱབ་པའི་རྟེན་འབྲེལ་ཡིན་པས། ཕྱག་དམ་དམར་པོ་རང་གནང་བཀོད་ཡོད་པ་ཞུ། འདི་བཞིན་གནང་འདུག །དེ་ནས་ལྷ་ས་སྨོན་ལམ་གྱི་གྲབས་ཡུལ་གྲུབ་པ་


GLG008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཧོར་དཔོན་ཡང་མཇལ་བར་ཡོང་བ་སོགས་ལ་བརྟེན། འབྲས་སྤུངས་དང་ཧོར་དཔོན་སོགས་ཀྱིས་གདན་འདྲེན་བྱུང་བས་སྐྱིད་ཤོད་དུ་ཆིབས་ཁ་སྒྱུར། འབྲས་སྤུངས་སུ་ཕེབས། ཧོར་དཔོན་ལ་མཇལ་ཁ་བཀའ་ཆོས་སོགས་ཀྱིས་ཚིམ་པར་གནང་། དཔོན་གྱིས་ཀྱང་ད་ལམ་ཡར་ཀླུངས་ཀྱི་མཛད་པ་གལ་ཆེན་རྣམས་བཤོལ་ནས། བདག་གི་དོན་ལ་ཕེབས་པ་ཐུགས་རྗེས་བཟུང་། དེ་ཡང་སངས་རྒྱས་ཟེར་བ་དེ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་དགོས། དད་པའི་རྟེན་ཞིག་གནང་བར་ཞུ་ཞུས་པས། བཀའ་ལས། ངེད་རང་ད་ལམ་ཡང་ཁྱེད་དཔོན་གཡོག་གི་དོན་བྱེད་དུ་འོངས་པ་ཡིན་པས། ཁྱེད་མགུ་བ་ཞིག་སྟེར་དགོས། དེ་ཡང་ཐུབ་པ་གྲོང་ཁྱེར་མ་འདི་གསུང་འབྱོན་མ་ཡིན་པར་ཡང་བྱེད། སྔོན་དམག་གིས་འདིའི་ཞབས་ལ་སྟ་རེ་བརྒྱབ་པའི་ཤུལ་ཡོད་པ་ཡང་རིམ་གྱིས་བསོས་པའི་བྱིན་རླབས་ཅན་ཡིན་གསུངས་ནས་གནང་བས། མཆི་མ་འཁྲུག་ཅིང་བ་སྤུ་གཡོ་བ་དང་། མགོ་སྒྱུར་ཅིང་རེ་ཞིག་སྨྲ་མི་ཤེས་པར་ལུས། དེ་ནས་ལྷ་འདི་འདོད་ཀྱང་དམིགས་ཕུབ་ཞུ་མ་ནུས། མངོན་མཁྱེན་ཐོགས་མེད་མངའ་བ་འདུག །ཅེས་དད་པ་ལྷག་པར་སྐྱེས་ཤིང་རྟེན་དེ་སྤྱི་བོ་དང་སྙིང་ག་སོགས་སུ་སྦྱར་ཏེ་ཞུས་པའི་རྣམ་འགྱུར་དུ་མ་སྟོན། མཆོད་ཡོན་ལྷན་དུ་སྨོན་ལམ་ཆེན་མོར་ཕེབས། སྨོན་ལམ་ཉི་མ་དང་པོའི་མཇལ་ཁ་ཞུས་ནས་ཧོར་རྣམས་རང་ཡུལ་དུ་ལོག །སྨོན་ལམ་གྱི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་མཛད་པ་རྒྱ་ཆེན་པོ་གནང་། བྱང་ཕྱོགས་སའི་བདག་པོ་ནང་སོ་དགའ་ལྡན་པས་དགའ་ལྡན་ཁང་གསར་དུ་སྤྱན་དྲངས། དམ་པའི་ཆོས་ཀྱིས་ཚིམ་པར་མཛད། དེ་ནས་འབྲས་སྤུངས་སུ་སྐུ་མཚམས་ཀྱི་བཅད་རྒྱ་དམ་པར་གནང་ངོ་། །ཕུན་ཚོགས་སྡེ་བཞིའི་འབྱོར་པ་མ་ལུས་པ། །ཕྱུར་བུར་སྤུངས་པས་སྲིད་འདིར་མངོན་མཐོ་བ། །ས་དབང་ཕག་མོ་


GLG008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་པའི་ཅོད་པན་དུ། གྱུར་པའི་སྙན་གྲགས་ཕྱོགས་ཀྱི་འགྲམ་པར་སྒྲོག །རྣམ་བཞིའི་སྦྱིན་པས་རིས་མེད་འགྲོ་བ་ཀུན། ཕན་བདེའི་ལམ་དུ་བཀོད་ལ་མཚར་དུ་ཅི། གཟོད་མ་ཉིད་ནས་ལུས་ཅན་མ་ལུས་པ། འདྲེན་པའི་ཕུལ་བྱུང་དམ་བཅའ་མཛད་མིན་ནམ། །དེ་ཡང་ཕག་མོ་གྲུ་པའི་སྡེ་སྲིད་འདི། སྤྱིར་རྒྱལ་ཁམས་སྒོས་སྡེ་དཔོན་རྣམས་ལ་གཅེས་པ་ཡིན་ཞེས། སྤྱན་སྔ་ཆོས་གྲགས་པ་གསུང་ལ། དགའ་ལྡན་ཆོས་འབྱུང་དུ། ཕག་མོ་གྲུ་པའི་སྡེ་སྲིད་དང་རྒྱལ་བ་བཙོང་ཁ་པའི་བསྟན་པ་གཉིས་སྲོག་གཅིག་ལྟ་བུར་འདུག་གསུང་བས། སྤྱི་སྒོས་ཚང་མའི་སར་དཔལ་ཕག་མོ་གྲུ་པའི་བསྟན་པ་འདི་རྒྱས་པ་ཞིག་དགོས་རྒྱུར་འདུག་ནའང་། འགྲོ་བའི་བསོད་ནམས་དམན་པའི་དུས་ཀྱིས་ཆད་པ་ལྟ་བུར། སྡེ་སྲིད་ཞལ་ངོ་ནང་ཞིག་པས་དུས་ཟིངས་ཆེན་པོ་ལངས་ཏེ། དེ་ཞི་བའི་ཐབས་སུ་ཆིབས་ཁ་སྒྱུར། ཐོག་མར་བསམ་ཡས་སུ་ཕེབས། མདོ་སྡེ་མཆོད་པ་དང་འགྲིག །གནས་མཇལ་རྣམས་ཞིབ་པར་མཛད། པེ་དཀར་དཀོར་མཛོད་གླིང་དུ་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་དང་མཇལ། གནོད་སྦྱིན་ཆེན་པོ་འདི་སྡེ་བརྒྱད་དྲེགས་པ་ཀུན་གྱིས་ཡང་རྗེ། མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་བ་ཞིག་ཡིན་པས། སྔོན་ས་སྐྱའི་རྗེ་བཙུན་གོང་མ་རྣམས་ཀྱིས་གུར་མགོན་གྱི་གསང་ཁྲིད་ཟབ་མོ་ཐུགས་ཉམས་སུ་བསྟར་བའི་ནུས་པས། ས་སྐྱ་པའི་གདུང་བརྒྱུད་རྣམས་ལ་གུས་པའི་རྣམ་འགྱུར་མཛད་པ་རང་ཞིག་ཡོད་འདུག་ཅིང་། འབྲི་གུང་ཞབས་དྲུང་རིན་ཆེན་ཕུན་ཚོགས་ཡབ་སྲས་དང་། གཞན་ཡང་གསང་སྔགས་རྙིང་མའི་རིག་སྔགས་འཆང་བ་རྣམས་ལ། ཨྱོན་རིན་པོ་ཆེས་དམ་ལ་བཏགས་པའི་སྔོན་གྱི་ཐ་ཚིག་རྗེས་སུ་དྲན་པ་དང་། རང་རང་གི་མཐུ་སྟོབས་ནུས་པའི་བྱེད་པོ་ལ་བརྟེན་ནས་ཆོས་སྐྱོང་ཆེན་པོས་གུས་པའི་རྣམ་འགྱུར་


GLG008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན་པར་སྣང་། གཞན་དུ་ན་ཀར་འབྲུག་སྤྲུལ་སྐུ། སྟག་ལུང་ཆོས་རྗེ་སོགས་བོད་འདིའི་རང་གཞན་གྱི་འགྲོ་བའི་འདྲེན་པ་ཆེན་པོར་གྲགས་པ་ཕལ་ཆེ་བ་ལ་དངོས་སུ་ཐུགས་སུན་ཕྱུང་བ་དང་། བརྒྱུད་ནས་བར་དུ་གཅོད་པ་བཏང་བ་སོགས་བླ་མ་སྲང་ལ་འདེག་པ་ཞིག་ཡིན་འདུག་ཀྱང་། དམ་པ་འདི་ཉིད་ལ་བཀུར་བཟོས་ལེགས་པར་ཕུལ། འདས་མ་འོངས་ཀྱི་ལུང་བསྟན་གསལ་བར་གསུངས། སྦུག་ཆོལ་སོགས་སྤྱན་གཟིགས་མཆོད་གཏོར་རྒྱས་པར་ཕུལ་བས། ཆོས་སྐྱོང་གིས་སྦུག་ཆོལ་དེ་དཀྲོལ་དང་གསུང་། དཀྲོལ་པར་སྐད་སྙན་པོ་བྱུང་བས། དེ་དང་མཐུན་པའི་འཕྲིན་ལས་བསྒྲུབ་ཅེས་ཞལ་བཞེས་མཛད། དེ་ནས་རྩེས་ཐང་དུ་ཕེབས། གོང་ས་ནས་གཟིམས་ཁང་ཡེ་བཟང་རྩེ་འབུལ་བ་གནང་། དེར་བཞུགས། དེའི་ཚེ་སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་པ་ཆོས་ཀྱི་དབང་ཕྱུག་ཅེས། རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བའི་མཁས་གྲུབ་ཆེན་པོ་དེའི་ཞལ་ནས། ནུབ་གཅིག་བདག་གི་རྨི་ལམ་ན་ཡེ་བཟང་རྩེར་ཕྱིན་པས། དེ་ནས་འཕགས་པ་སྤྱན་རས་གཟིགས་སྐུ་ཚད་ཆེ་བ་ཞིག་བཞུགས་པའི་གཡས་ན་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་དང་། ཨྱོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྐུ་གཉིས་བཞུགས་ཤིང་། གཞན་ཡང་རྟེན་གསུམ་ངོ་ཤེས་པ་དང་མ་ཤེས་པ་མང་པོ་བཞུགས་པའི་དྲུང་ན། མཆོད་རྫས་སྣ་ཚོགས་པའི་བཀོད་པ་ཕུན་སུམ་ཚོགས་པ་འདུག་པས། འདི་སྙམ་དུ་སྔར་གྱི་རྟེན་མཆོད་བཟང་པོ་རྣམས་ནི་སྡེ་གཟར་གྱི་གཤིས་ཀྱི་མ་བཞུགས་ཀྱང་། དཔོན་ས་སྡེ་སྲིད་ཀྱི་དཔལ་འབྱོར་མི་ཟད་པ་ནི་ངོ་མཚར་ཆེ། ད་ཡང་རྟེན་མཆོད་ཁྱད་པར་ཅན་འདི་ཙམ་བཞུགས་འདུག་བསམ་པ་ཤར། དེ་ནས་ཞབས་དྲུང་རིན་པོ་ཆེ་ཡེ་བཟང་རྩེར་ཕེབས་འཕྲལ་དུ་ཕྱག་འབུལ་ལ་ཕྱིན་པས། རྨི་ལམ་གྱི་ཇོ་བོ་བཅུ་གཅིག་ཞལ་བཞུགས་ས་དེ་ན་ཞབས་དྲུང་རིན་པོ་ཆེ་བཞུགས་འདུག །སྐུ་


GLG008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཞོགས་གཡས་ན་རྟེན་མཆོད་མང་པོ་འདུག་པའི་ཁྲོད་ན་རྒྱལ་བ་ཚེ་དཔག་མེད་མགོན་གྱི་སྐུ་བཞུགས། ཨྱོན་རིན་པོ་ཆེའི་རྣམ་ཐར་ཐང་ཁ་ཞིག་ཀྱང་འདུག་པས། །བཞུགས་ཚུལ་དང་བཀོད་པ་ཐམས་ཅད་རྨི་ལམ་དང་མཐུན་པ་བྱུང་གསུང་། རིན་པོ་ཆེ་པ་དེ་ཞབས་དྲུང་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལ་སྤྱན་རས་གཟིགས་དངོས་ཀྱི་མོས་པ་གནང་བ་ཡིན། ཕྱིས་ཀུན་བཟང་རྩེར་ཞལ་ཐང་འདྲ་སྐུ་ཞིག་བཞེངས་པའི་ཚེ་ཡང་། ལྷ་གསུམ་པོ་དེ་འདྲ་བའི་ཞལ་བཀོད་གནང་བ་ཡིན་ནོ། །དེ་ནས་ཞལ་ངོ་རྣམས་ལ་སྙན་སྒྲོན་དང་། བློན་པོ་རྣམས་ལ་བསླབ་སྟོན་སོགས་རྒྱས་པར་གནང་ཡང་། གཏན་ཆིངས་ནི་མ་བྱུང་། བར་ཆིངས་གཡུལ་འཐབ་ཕྱིར་འཕུལ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་བདེ་བའི་ངལ་གསོར་གྱུར། ནུབ་ཅིག་མནལ་ལམ་གྱི་ཚུལ་དུ། མཁའ་འགྲོ་མ་མཚར་མོ་ཞིག་བྱུང་བ་དེ་ནམ་མཁའ་ལ་སྦར་བ་བྱེད་ཅིང་། འདི་སྐད་ཅེས། འབྲི་གུང་པ་དང་སྒམ་པོ་པ་སོགས་འགྲོ་བ་ཐམས་ཅད་དབང་དུ་འདུ་བ་ཞིག་ཨེ་བཞེད། བཞེད་ན་ནི་ཡོང་བར་འདུག་ཟེར་བ་ལ། རྗེའི་ཞལ་ནས་གཞན་དོན་དུ་འགྱུར་བ་ནི་དཀའ། རང་དོན་དུ་འདོད་པ་ཆེ་བ་ལ་དགའ་བ་མེད་པས་མི་འདོད་གསུངས། རེ་ཞིག་དེ་ཁར་སྐུ་མཚམས་མཛད་པའི་མུ་ནས། རིན་པོ་ཆེ་ཀུན་བཟང་རྩེས་ལ་མགོན་པོ་ཞལ་གྱི་བསྐང་གསོའི་གདངས་དབྱངས། རྔ་ཆིངས་སོགས་འཁྲིད་པར་མཛད་དེ་ཕྱག་ལེན་དུ་ཐེབས་པ་གནང་། དེ་ནས་རྒྱལ་དུ་བླ་མ་ཆོས་མཛད་པ་དཔོན་སློབ་ཀྱིས་གདན་དྲངས། གཟིམས་ཁང་གོང་དུ་རྡོ་རྗེ་འཆང་སྔགས་རམ་གྱི་སྐུ་གདུང་ཞུགས་ལ་ཕུལ། དབུ་ཐོད་དང་ཞལ་སྒོ་སོགས་ལྷ་སྐུ་རིང་བསྲེལ་མང་དུ་བྱོན་པའི་རྟེན་ངོ་མཚར་ཆེ་བ་རྣམས་བཞུགས་པའི་དངུལ་གདུང་གསར་དུ་བཞེངས་ནས་བྱམས་ཁང་ཞལ་རས་ལྷ་ཁང་


GLG008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་སུ་གསོལ། སླར་རྩེས་ཐང་དུ་ཕེབས། དྲག་པོ་ཞེས་པ་ལྕགས་སྤྲེལ་གྱི་ལོ་གསར་གནང་། གཞན་དོན་གྱི་འཕྲིན་ལས་རྒྱུན་མི་འཆད་པའི་ངང་ནས། དབྱར་ཆོས་ལ་རྒྱལ་དུ་ཕེབས། དེའི་ཚེ་ཡང་སྔར་གྱི་མཁའ་འགྲོ་མ་དེ་བྱུང་ནས། གཞན་དོན་མཛད་པ་ལ་ཐབས་སྣ་ཚོགས་ཤིག་དགོས། དེ་ལ་སྔར་ཞུས་དེ་ལྟར་ཐུགས་ལ་ཨེ་བཞེད། བཞེད་ན་ནི་གདན་ས་རིན་པོ་ཆེ་འདིར་ཕེབས་ན། གཞན་དོན་རྒྱ་ཆེན་པོ་འགྲུབ་པར་འདུག །གལ་ཏེ་རྟེན་འབྲེལ་འཕྱུགས་ན་ནི་གཞན་གྱིས་བདག་ཏུ་བྱེད་དེ། སྣེའུ་གདོང་པ་ཁུ་དབོན་རྣམས་ནི་སུ་ལ་ཡང་དབང་ཆ་མི་ཡོང་། དེ་བས་ན་ད་ལྟ་ནས་རྟེན་འབྲེལ་བསྒྲིགས་ན་ལེགས། གཞན་དོན་རྒྱ་ཆེན་པོ་བྱེད་པ་དང་། གོ་ས་ཆེན་པོ་མི་འཛིན་པ་ནི་འགག་པ་ཡིན་ཟེར། འོ་ན་རྟེན་འབྲེལ་སྒྲིག་ལུགས་ཇི་ལྟར་བྱེད་དགོས་གསུངས་པས། དེ་ན་རེ། འགྲོ་མགོན་རིན་པོ་ཆེའི་སྐུ་འདྲ་བྱིན་རླབས་ཅན་བདུན་སོགས་ལ་མཆོད་བསྟོད་ཕུལ། འདོད་དོན་ལ་གསོལ་བ་ཐོབ་དང་། དོན་ཐམས་ཅད་དེ་ཀས་འགྲུབ་ཟེར་དེ་ནས་འབྲས་སྤུངས་སུ་ཕེབས་པས་ལམ་ཞོར་འོལ་ཁ་རྩེར། སྡེ་པ་རྫོང་དཔོན་པས་འབུལ་སྣ་ལ་འགྲོ་མགོན་རིན་པོ་ཆེའི་སྐུ་འདྲ་ཁྱད་པར་ཅན་ཞིག་ཕུལ་བྱུང་བས། རྟེན་འབྲེལ་ལེགས་པར་འགྲིག་ཅེས་མཉེས་མཉེས་མཛད། དེ་ནས་སྐུ་འདྲ་རིན་པོ་ཆེ་གྲྭ་ས་མ་དང་ཉི་མ་ལྔ་ཙམ་རྩོད་མེད་ཕྱག་ཏུ་འབྱོར། རིམ་གྱིས་འབྲས་སྤུངས་སུ་ཕེབས། ཉིན་གཅིག་སྐུ་འདྲ་ལི་མ་ཞིག་ལ་ཞལ་གསེར་གནང་བའི་ཚེ། སྡེ་པ་ཀེ་རུ་བས། སྐུ་འདྲ་རིན་པོ་ཆེ་སྤྱིལ་བདུན་མ་ཡ་གཅིག་ཕུལ་བས། སྔ་ཕྱི་བསྡོམས་པར་འགྲོ་མགོན་རིན་པོ་ཆེའི་སྐུ་འདྲ་བདུན་ཕྱག་ཏུ་འབྱོར་བར་བརྟེན། སྔར་གྱི་ལུང་བསྟན་དང་མཐུན་པར། སྐུ་འདྲ་རྣམས་ལ་ན་བཟའ་བེར་བཅས། བྱུས་དམར་གྱི་སྒོམ་གཞུ་བཞུགས་སྟན་སྙེ་འབོལ་སོགས་བཀོད་པ་མཛེས་པར་བཤམས།


GLG008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྒྱ་ཆེན་པོ་དང་ཕྱག་མཆོད་མང་དུ་མཛད་དོ། །དེ་ནས་ཡང་ཉིན་གཅིག་རྗེའི་ཞལ་ནས། མདང་ངའི་རྨི་ལམ་དུ་ངེད་འཁོར་བཅས་གཞན་མི་ཁ་ཡར་དང་བཅས་པ། རི་ཞིག་གི་སྒང་ཞིག་ལ་འགྲོ་གིན་འདུག་པས། དེ་ན་ཁང་པ་གསུམ་ཐོག་མ་ཞིག་འདུག །ང་ལ་མི་གཅིག་གིས། ཁྱེད་རང་སྐུ་སྐྱེ་གོང་མ་གཉིས་པོ་མཇལ་བ་ལ་ཨེ་འབྱོན་ཟེར། ངའི་བསམ་པ་ལ། ཐམས་ཅད་མཁྱེན་པ་སྐུ་སྐྱེ་སྔ་ཕྱི་གཉིས་ལ་ཞུ་རྒྱུ་རེ་འདུག །བཞུགས་ཨེ་ཡོད་དམ་བསམ། འགྲོ་གིན་འདུག་པས་བར་ཐོག་དེ་ན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་བཞུགས། དེ་ཡང་ཁྲི་ཤིན་ཏུ་མཐོ་བ་ཞིག་ལ། སྐུ་རེ་བགྲེས་ཤིག་བཞུགས་འདུག་པ་ལ། ཕྱག་འབུལ་ཞུས་ཏེ་བྱིན་རླབས་ཞུ་རུ་ཕྱིན་དུས། བཞེང་བ་དང་དབུ་ཐུག་གནང་སྟེ། ཁྱེད་ཀྱིས་བྱོན་པ་ཨེ་ཡིན་བཀའ་ཕེབས་བྱུང་། དེ་དུས་ངེད་རང་གི་བློ་ལ། ང་ལ་བཞེང་བ་གནང་བ་འདི། ཞབས་དྲུང་གོང་མ་ཆེན་པོས་བདག་རྐྱེན་གནང་བ་དེས་ཡིན་ལ་ཆེ། གཞན་གནང་དོན་ཞིག་མེད་ལ་ཆེ་སྙམ་པ་བྱུང་མཚམས་བཀའ་ལུང་ལ་ཁྱེད་རང་སྟེང་ལ་ཐེགས་དང་། ད་དུང་མཇལ་རྒྱུ་ཡོད་གསུང་ཕྱིན་པས། སེང་གེ་ཡོལ་བ་ཤིན་ཏུ་ལེགས་པ་ཞིག་བཏང་འདུག་དེ་ཕྱེ་ནས་ནང་ལ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། བཞུགས་གདན་གསུམ་གདན་སྙེ་འབོལ་ཞིག་གནང་སྟེ་བཞུགས་འདུག །བྱིན་རླབས་ཞུས་པས། འོངས་པ་ལེགས་གསུངས་ནས། ཕྱག་གཅིག་གིས་བྱིན་རླབས་གནང་བྱུང་། དེ་ནས་ཁྱོད་ལ་ཅི་དགོས་གསུང་། ང་ལ་བྱུང་ན་གསུང་ཆོས་ཤིག་དགོས་ཞུས་པས། མང་པོ་བྱེད་ལོང་མེད། དཔལ་ལྡན་ལྷ་མོའི་འཕྲིན་ལས་བཞིའི་རྗེས་གནང་བྱེད་པ་ཡིན་གསུངས། གཏོར་མ། དཀར་སེར། དམར། སྔོ་ནག་བཞི་འདུག །རིམ་བཞིན་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྗེས་


GLG008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གནང་། བཀའ་བསྒོ་དང་བཅས་པ་གནང་སྟེ། འོ་ལགས་ཡོད་དོ། །འདི་བཞི་ཤིན་ཏུ་དཀོན་པ་ཡིན་པས། ད་རེས་རྐང་བཙུགས་སུ་བྱས་པ་ཡིན་བཀའ་ཕེབས་བྱུང་། སླར་འོག་ཏུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐུ་མདུན་དུ་ཕྱིན་པས། ཁྱེད་ལ་ཅི་གནང་བྱུང་གསུངས་། རྗེས་གནང་འདི་བཞིན་གནང་བྱུང་ཞུས་པས། འོ་དེ་ཡག །དེས་དཔལ་ལྡན་ལྷ་མོའི་ཆོས་སྐོར་ཐམས་ཅད་ཐོབ་པ་འདྲ་གསུང་། གསོལ་རས་ཀྱི་བུ་རམ་གྲུ་བཞི་ཞིག་དང་། གོང་དུ་ངེད་རང་གི་འཕྲེང་བ་དེ་ཕྱིར་གནང་བྱུང་སྟེ། ག་ལེ་ཐེགས་སླར་ཡང་ཕྲད་ཡོང་བཀའ་ལུང་གནང་བྱུང་། ཡང་དེའི་ཚེ་ངས་འདི་སྐད་ཞུས་ཏེ། ང་རང་ལ་ཡང་རྨི་ལམ་འདྲ་བྱུང་བ་དང་མཐུན་པར། སྡེ་པ་འོལ་ཁ་བ་ལ། རྨི་ལམ་འགའ་རེ་བྱུང་འདུག་པའི་དོན་འདི་ཡོང་བ་ཞིག་ཡིན་ནམ་མིན། གལ་ཏེ་འོང་རྒྱུ་ཡིན་པའི་ཚེ་ན། བདག་གིར་བྱས་པ་ལེགས་སམ་མ་བྱས་པ་ལེགས་ཞུས་པས། བཀའ་ལས། དོན་འདི་ནི་དབང་སྡུད་ལས་ཐབས་གང་ཟབ་ཟེར་བས་ཀྱང་ཐོབ་པར་དཀའ་བའི་གནས་ཡིན་མོད། འོན་ཀྱང་སྔོན་ནས་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས། ངེས་པར་ཡོང་ཡང་ཡོང་ལ། བྱས་པ་ཡང་དགའ་སྟེ་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པའི་རྒྱུ་ཡིན་གསུང་། འོ་ན་རྒྱལ་གྱི་དགོན་པ་ནི་མ་བཟུང་བའི་ཐབས་མེད། འབྲས་སེར་དང་ཕན་ཚུན་ཐམས་ཅད་སྒྲག་ཐུབ་པ་ཞིག་ནི་གཤིས་ཀྱིས་དཀའ་བས་ཇི་ལྟར་བྱ་ཞུས་པས། སྒྲག་མི་ཐུབ་རྒྱུ་ཡང་རྐྱེན་མེད། གལ་ཏེ་མ་ཐུབ་ན་འདི་ངོས་འཇོགས་པ་དར་ཡིན་མོད་གསུང་། འདི་ངོས་པ་རྣམས་དད་པ་ལྷག་པར་ཡང་ཤིན་ཏུ་ཆེ་བས་གཞག་པར་དཀའ་བར་ཡོང་ངམ་ཞུས་པས། སྔར་ང་ལ་ཡིན་ན་དད་པ་དང་དམ་ཚིག་གི་སྐྱོན་མ་ཞུགས་པ་ཞིག་དེ་ལྟར་ཡིན་ཏེ། ང་འདས་པའི་ཚུལ་བསྟན་པའི་རྗེས་སུ། འདི་ངོས་པ་ཚོ་ལ་དམ་ཚིག་གི་སེལ་ཅུང་ཟད་ཅིག་ཞུགས་


GLG008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བས། དེའི་འབྲས་བུ་ལ་སྐྱོན་ཞིག་ཡོད་དེ་ནམ་བྱུང་ཙ་ན་ཐབས་ཀྱིས་གཞོག་ལ། ཕ་གི་ཟུངས་ཤིག །བཟུང་བའི་ཚེ། ལ་ལའི་ཡིད་གདོན་གྱིས་བསྒྱུར་ནས་སྐུར་འདེབས་ལ་སོགས་པའི་བར་ཆད་འགལ་རྐྱེན་ཅི་ཐུབ་བྱེད་པ་འོང་ཡང་འགོག་མི་ཐུབ། འོན་ཀྱང་འགལ་རྐྱེན་བཟློག་པའི་སླད་དུ་ཉིན་རེ་བཞིན་ཆོས་སྐྱོང་གི་བསྟོད་པ་རྐང་བརྒྱད་དེ་ཉི་ཤུ་རྩ་གཅིག་རེ་ཐོན་དང་། དེས་སེལ་ཏེ་འོང་། འགྲོ་མགོན་རིན་པོ་ཆེ་ལ་བསྟོད་པ་བརྒྱ་རྩ་རེས་གསོལ་བ་ཐོབ་ཅིག་གསུང་བ་སོགས་མནལ་ལྟས་ངོ་མཚར་བ་བྱུང་། དེ་ནས་རིན་པོ་ཆེ་ཀུན་བཟང་རྩེ་བའི་དྲུང་དུ་ས་ཕུར་ལྷ་ཁྲའི་སྟོད་ལས་བྱང་ཆུབ་བསྒྲུབ་པ་དང་། སྨད་ལས་གདུག་པ་སྒྲོལ་བའི་དབང་གཏེར་ཁ་འོག་མའི་བླ་མ་གསང་འདུས་ཀྱི་དབང་ལུང་། དུམ་བརྒྱ་ཞང་ཁྲོམ་གྱི་ཟབ་གཏེར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དབང་ལུང་མན་ངག་དང་བཅས་པ། འཇམ་དཔལ་ཁྲོ་ཆུ་དུག་སྡོང་གི་སྐོར། འཆར་ཁ་གནམ་སྐས་མ། ཐེལ་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་ལུང་། མ་ནིང་བསྟན་སྲུང་ཡོངས་རྫོགས་ཀྱི་སྐོར། ཙ་རི་ཞིང་སྐྱོང་། གཟའ་རྒོད་དུག་གི་སྤུ་གྲི་གཟའ་གདོང་དམར་ནག །རྡོ་རྗེ་ལེགས་པ། གཏེར་ཁ་གོང་མའི་བྲག་དམར་གྱི་སྐོར་སོགས་གསང་སྔགས་སྔ་འགྱུར་གྱི་དབང་ལུང་མན་ངག་ཆོ་ག་ཕྱག་ལེན་མཐའ་ཡས་པ་གསན། མཚམས་ཁང་ཤོད་དུ་དབོན་སློབ་ལྷན་ཅིག་ཏུ་སྐུ་མཚམས་མཛད་དེ། གཤིན་རྗེའི་མཆོད་རྟེན་བཅས་ཆོག་མ། ཞལ་གྱི་རྡོ་ནག་མཎྜལ་སོགས་ཕྱག་ལེན་ལྟར་བཅས་ཏེ་བསྙེན་སྒྲུབ་ལས་སྦྱོར་མང་པོ་ཞིག་གནང་། སྲོད་ཐུན་གྱི་གཏོར་ཁ་གསོ་བར་མཆོད་དཔོན་གྱིས་ཕྱིན་པས། ཐེམ་པའི་ནང་དུ་མི་མིག་ཁྲག་ཛ་རེ་བ་གཉིས་འདུག་པ་མཐོང་བས་ཞེད་དེ་འགྲོ་མ་ནུས་པར་ལོག་འོངས། སླར་ཕྱིན་པས་མི་འདུག་ཟེར། སྲེད་པ་ལོ་ཙཱ་བས་མཛད་པའི་ཕུར་པའི་


GLG008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་འཕྲིན་ལས་རྒྱ་མཚོ་དང་དེའི་ཁ་སྐོང་། ཆོས་རྗེ་བླ་མས་མཛད་པའི་དབང་ཆོག་རྟོགས་པར་སླ་བ་རྣམས་ཀྱི་ཕྱག་དཔེ། ས་སྐྱོང་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་ཀྱི་བླ་དཔེ་ལས་བཤུས་པའི་དངོས་གཙང་བ་ཞིག་སྐུ་ཞང་རིན་པོ་ཆེས་ཕྱག་ཏུ་ཕུལ་བ་ད་ལྟའང་མཆིས་ཤིང་། ཚེས་བཅུའི་བླ་མ་གསང་འདུས་ཀྱི་ལས་བྱང་། རྩེ་ལུགས་ཀྱི་ཆོག་བསྒྲིགས་ཇི་ལྟ་བ་རྒྱ་ཤོག་ཅིག་ལ་ཕྱག་བྲིས་སུ་གནང་འདུག་པ། ད་ལྟ་འབྲས་སྤུངས་ཀྱི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བདུད་འདུལ་མཆོད་རྟེན་གྱི་གཟུངས་ཞུགས་ལ་ཡོད། དེ་སྐབས་ཕུར་པ་དང་བླ་མའི་ལས་བྱང་གི་གར་ཐིགས་དབྱངས་གསུམ་མཐའ་དག་རྩེ་ལུགས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་འཛུགས་པའི་དགོངས་བཞེད་ཆེ་བར་བྱུང་འདུག་ནའང་། དུས་ལ་ཅུང་ཟད་མ་སླེབ་པའི་གང་ཟག་ཅི་རིགས་ཀྱི་སྤྱོད་ཚུལ་སྣ་ཚོགས་ལ་བརྟེན་ནས་རིམ་གྱིས་ལུས་པ་ཞིག་བྱུང་བར་གདའ། དེ་ནས་བྱ་ལོའི་ལོ་གསར་སྨོན་ལམ་སོགས་གྲུབ་ནས། ཧོར་ཟླ་གཉིས་པ་ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་བཅོ་ལྔའི་ཉིན། རྗེའི་ཞལ་ནས་མདང་ངའི་རྨི་ལམ་ལ། ལྷ་བཙུན་པ་དང་། དྲུང་ཆེན་གཉིས་ངའི་འཁོར་ན་འདུག །ངེད་གསུམ་པོ་ནག་ཡུག་ཕ་གི་ན་ཡོད་ཙ་ན། ཉི་འོད་འཁྱིལ་བའི་ནང་ན། མི་རྒན་གྲེ་བསངས་བྱེད་པའི་སྒྲ་ཞིག་བྱུང་བས། སུ་ཡིན་ནམ་སྙམ་ཉན་པས། ཡང་གློ་སྐད་ཅིག་བྱུང་། ངའི་བསམ་པ་ལ་ཕལ་ཆེར་རང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཕེབས་ཡོད་འདུག་སྙམ་ནས། ཁོང་གཉིས་ལ་མ་བཤད་པར་ནང་དུ་འོངས་ཙ་ན། བཞུགས་གདན་བདེ་བ་ཞིག་ལ་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་བཞུགས་པའི་སྐུ་གཞོགས་ནས། གསུང་རབ་པ་པུས་མོ་བཙུགས་ནས་བསྡད་འདུག་པས། ངས་ཕྱག་འབུལ་བྱས་པས། ཐམས་ཅད་མཁྱེན་པའི་ཞལ་ནས་བྱིན་རླབས་མ་ཞུ། བཞུགས་གདན་ཞིག་


GLG008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་དགོས་གསུང་། མི་དགོས་ལགས། ཉི་མ་འདི་ལ་སྡད་ཆོག་པ་འདུག་ཞུས། ཉི་མཐོངས་ལ་བསྡད་པས། ཐམས་ཅད་མཁྱེན་པའི་སྐུ་པང་ན་ཉི་མ་འདུག་ཅིང་། རི་ལ་ཉི་མ་ལྡོས། ངལ་དུ་འདུག་གསུངས། དེ་ནས་གསུང་རབ་པ་ལངས་ཏེ། ད་འོ་ན་ཁྱེད་རང་དཔོན་སློབ་བཀའ་གྲོས་གནང་བ་ཞུ། ངས་ཕྱིན་གྱི་ཟེར་ནས་སོང་། རྗེ་ཐམས་ཅད་མཁྱེན་པའི་ཞལ་ནས། ངས་སྔར་བསླབས་པ་དེའི་སྐོར་ལ། གསུང་རབ་པ་དང་གྲོས་བྱེད་པ་ཨེ་བྱུང་གསུངས། ངའི་ཡིད་ལ་འབྲས་སྤུངས་ཀྱི་གདན་སའི་སྐོར་དེ་ཀ་ཡིན་ཡོང་སྙམ་ནས། དེ་སྐོར་ལ་ད་བར་དུ་གསུང་རབ་པ་དང་གྲོས་བྱེད་པ་ཞིག་མ་བྱུང་ལགས་ཞུས་པས། དེ་ཅི་ཡིན་གསུང་། བྱེད་སྟབས་བདེ་བ་ཞིག་མ་བྱུང་བ་ལགས་ཞུས་པས། ད་ལྟ་བཟོ་ཐེབས་ཡོད་པའི་སྐབས་ལ་རྩོལ་བ་མ་བྱས་ན། ནམ་ཞིག་བཟོ་ཐེབས་ཤོར་ནས་བྱས་ཀྱང་ཅི་ལ་ཕན་ཁྱེད་ཀྱི་སྐུ་ཚེའི་ཚད་ལོ་བརྒྱད་ཅུ་གྱ་གསུམ་ཡིན་མོད་ཀྱང་། དེ་དུས་ཀྱི་དབང་གིས་དྲུག་ཅུ་རེ་བགྲངས་ཙམ་ལས་ཐུབ་པ་དཀའ། དེ་ལ་ཡང་བར་ཆད་འོང་། ཁྱད་པར་དུ་ཁྱེད་ཚོས་དགོན་པ་འདི་མུ་མཐུད་ནས་བཟུང་བ་མི་དགའ་སྟེ། བཟུང་ན་ད་སྟེ་ལོ་བཅུ་གསུམ་ན་སྐུ་ཚེ་ལ་བར་ཆད་འོང་ཞིང་། དགོན་པ་འདི་ཡང་འཇིག །དེ་ཡང་དགོན་པ་སྟོད་ནས་འཇིག་པ་ཞིག་འོང་། ཁྱེད་ཀྱི་མ་བཟུང་ན་དགོན་པ་ཡང་རེ་ཞིག་མི་འཇིག་ལ། སྐུ་ཚེ་ཡང་དྲུག་ཅུ་རེ་བགྲངས་ཐུབ་དེ་ལ་ཡང་བར་ཆད་ཅིག་འོང་སྟེ་བྱུང་ཡང་ལོ་བཞི་བཅུ་ཐུབ་པ་འདུག་གསུངས། དགོན་པ་དེ་ནམ་འཇིག་ཞུས་པས། བཟུང་ན་ལོ་བཅུ་ལས་མི་འགྱང་བར་འཇིག །ཕེབས་ན་འདི་ཐབས་ཀྱིས་ཅི་མྱུར་དུ་བཞག་པ་ལེགས་སོ་གསུང་། དེ་ནས་ངའི་བསམ་པ་ལ། ལྷ་བཙུན་པ་དང་དྲུང་ཆེན་གཉིས་ཀྱིས་ཀྱང་ཕྱག་དབང་རེ་ཐོབ་ན་སྙམ་ནས་ཁོང་གཉིས་ལ་བརྡ་བྱས་པས་ནང་དུ་བྱུང་སྟེ། ཕྱག་འཚལ་


GLG008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱིན་རླབས་ཞུས་པ་ལ། ཕྱག་དབང་རེ་ཡང་གནང་སོང་། གྲྭ་ས་ལ་ཞིག་རལ་འོང་པ་དེ་ལ་བཟློག་ཐབས་མེད་དམ་ཞུས་པས། ཕྱིར་འཕུལ་ཡིན་ན། རིམ་གྲོས་ལོ་དྲུག་ཅུ་ཙམ་ཐུབ། དེ་ལས་གཏན་མེད་ལ་བཟློག་པའི་ཐབས་མི་འདུག་ཕེབས། འོ་ན་ངས་འདི་ཉིད་དུ་ཆོས་ཀྱིས་ཕན་ཐོགས་མི་འོང་བ་འདྲ་ཞུས་དུས། འོ་སྐོལ་ཀྱི་ཆོས་ཀྱི་ཕན་ཐོགས་འདི་མུ་མཐུད་བྱས་པ་དང་། ཟུར་དུ་བཞུགས་ནས་ཆོས་བཤད་པ་གཉིས་པ་ཕན་ཐོགས་ཆེ་ཆུང་དང་། མཐུན་སྣང་དུ་གྲུབ་མི་གྲུབ་ནི། ངས་མཁས་པའི་སྟེང་དུ་བསྐྱལ་བ་ཡིན་ན་ལེགས། མུ་འཐུད་ན་རིམ་པས་གསལ་ཡོང་བ་ཡིན་གསུངས་པ་ཞིག་རྨིས། བྱ་ལོ་ལ་གསུང་རབ་པ་ཁམས་མ་བདེ་བའི་རྐྱེན་གང་ཡིན་ཞུས་པ་ལ། དམ་ཚིག་གི་སྐྱོན་ཡིན་ཕེབས། ལོ་གར་འདི་བདེ་མོ་ཨེ་ཡོང་ཞུས་ཕུལ། ལོ་འཆར་པོའི་ལྔ་པ་ཚུན་བདེ་མོ་ཡོང་། བཞི་པའི་གནམ་གང་ལ་ཤིན་ཏུ་གཟོབས། བརྒྱད་མཆོད་ཆེན་མོ་ལ་ཡང་ཟོན་གྱིས། ལྔ་པ་ལ་ལྔ་པའི་མཐས་སླེབས་ཕེབས། དེ་ནས་ཐབས་མེད་དམ་ཞུས་པས་དགའ་མོ་བྱེད། རྫོགས་པ་དེ་ག་ཡིན། རྫོགས་པ་དེ་ག་ཡིན་ཕེབས། ཁག་པོ་ཨེ་ཡོང་ཞུས་པས་མི་འོང་། བསམ་པ་དག་པས་ཕེབས། ཁོ་འདས་ནས་ནང་ཁྲོལ་ལམ་ཞུས་དུས། དཔེ་སྟེ་ཐབས་ཡོད་གསུང་། དྲུང་ཆེན་གར་བབས་དགའ་འམ་ཞུས་དུས། གཡོག་གི་རེ་ཆོད་བྱས་པ་དགའ། ད་ལྟའི་འདི་ཀས་ཐུས། རིམ་པས་དོད་ཡོང་ཕེབས། ཡང་ཀུན་བཟང་ནགས་ཁྲོད་ལ་འདུན་པ་བྱས་པ་ལོས་དགའ། བྱེད་དགོས་ལོ་ལྔ་དྲུག་ཚུན་ལ་ཡོང་ཕེབས། དེ་གོང་དུ་འབྲས་སྤུངས་བཞག་ཆོག །འཇོག་ལུགས་རིམ་པས་གསལ་ཡོང་། ཐེལ་བྱས་ན་དགའ་བས་བགྱིས་ཕེབས། འོ་ན་ཐེལ་སྒྲགས་པ་ཨེ་ཡིན་ཞུས་པས་སྒྲགས་པ་སྒྲགས་འོས་ཡིན། འོལ་ཁ་གདུལ་བྱའི་ཞིང་ཡིན་གསུང་བ་དང་། སྐུ་ལས་འོད་ཟེར་དཀར་པོ་འཕྲོས་


GLG008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ངས་ཐེལ་བྱེད་དུས་གསུང་རབ་པ་སྡོད་ཨེ་ཐུབ་ཞུས་པས། དེ་དུས་སྡོད་མི་ཐུབ་སྟེ། གཞན་ཞིག་སླེབས་ཡོང་ཕེབས། ཁོ་མེད་པའི་རྗེས་སུ་འཇིག་རྟེན་གྱི་རྣམ་གཞག་ང་རང་གིས་ཁུར་འཁུར་རིགས་སམ་ཇི་ལྟར་བྱེད་ཞུས་དུས། ཁྱོད་ཀྱིས་ཁུར་འཁུར་བའང་ལགས། གཞན་ཞིག་ལ་བསྐུར་ཆོག་པ་འོང་ཕེབས། གཞན་ཇི་ལྟར་ཡིན་ཞུས་དུས། དབུས་གཙང་གཉིས་ན་རེ་རེ་ཡོད། དོན་ཡོད་དབུས་དོན་ཡོད་ཕེབས། ཇོ་ཇོ་ཨེ་ཡིན་ཞུས་པས། མིན་ཧེ་ཧེ་གཞན་ཞིག་ན་ཡོད། ལོ་བཅུ་དགུ་ཉི་ཤུའི་ངོ་ལྟར་མཆིས། མི་བྲག་ལ་གཏོགས་པ་ཞིག་ཡོང་། མྱུར་དུ་འོང་། ལོ་གསུམ་ཚུན་ལ་འོང་། རབ་བྱུང་སྒྲུབ་ས་རྒྱལ་དུ་ལེགས། ཕྲག་དོག་འཕྲན་བུ་ཡོང་སྟེ་སྐྱོན་མེད། ཁོ་རང་གི་བློ་ཆོས་ལ་ཡང་ཕྱོགས་སུ་འགྲོ་ཕེབས་བྱུང་། ཡང་བོད་མི་དོན་ཡོད་རྡོ་རྗེ་དང་། གཙང་མི་བསོད་ནམས་མཆོག་གྲུབ་གཉིས་རོགས་ལེགས་དོན་ཡོད་སྐྱིད་ཤོད་རང་ན་ཡོད་ཕེབས། གསུང་རབ་པའི་སྐྱེ་བ་སྔ་ཕྱི་ཞུས་དུས། སྔོན་ངེད་ཆོས་ཀྱི་རྒྱལ་པོ་དགའ་བའི་དཔལ་གྱི་དུས་སུ། གསུང་རབ་པའི་མིང་ཆོས་བཟང་བཤེས་གཉེན་བྱ་བ་རབ་བྱུང་གཙང་མ་ལོ་དྲུག་ཅུ་ཟིན་ཙམ་ཐུབ། དེ་རྗེས་ཁོ་བོ་མཚོ་སྐྱེས་རྡོ་རྗེའི་དུས་སུ་ཁོང་བསོད་ནམས་རྡོ་རྗེ་མིང་གཞན་དོན་གྲུབ་རྒྱལ་མཚན་ཟེར། དེར་ཡང་ཆོས་བྱས་ལེགས་པོ་བྱུང་། ཡུལ་རྒྱ་གར་བལ་པོ་དང་ཉེ་བར་སྐྱེས་པ་ཡིན། ཡང་བལ་ཡུལ་དུ་འཁྲུངས་པའི་པཎྜི་ཏ་པདྨ་བཛྲ་གྱི་དུས་སུ་གསུང་རབ་པས་ལོ་བརྒྱད་ཅུ་གྱ་ལྔ་ཐུབ། དེའི་རྗེས་མ་ཡུལ་དབུས་སུ་སྐྱེས་མིང་རྣམ་རྒྱལ་ཟེར། བཙུན་པ་བྱས་ཡོན་ཏན་ཡག་པོ་བྱུང་། ལོ་དྲུག་ཅུ་ཙམ་ཐུབ། དེའི་རྗེས་མ་འདི་ཡིན་ད་དུང་ལྔ་དྲུག་ཙམ་ཐུབ། དེ་བར་གྱི་བར་ཆད་སེལ་ཐབས་ལ། སྒྲོལ་དཀར་དང་། ཐམས་ཅད་མཁྱེན་པ་དབྱེར་མེད་དུ་བྱས་ན་ལེགས། ཕྱི་མ་མི་ལུས་ཐོབ་སྐྱེ་བ་དྲན་རབ་ཏུ་བྱུང་མིང་


GLG008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་བསོད་ནམས་རྒྱལ་མཚན་ཞེས་བྱ་བར་ལུང་བསྟན་ཏོ། །འདི་ལྟ་བུ་ལ་སོགས་པ་འདས་མ་འོངས་ཀྱི་ལུང་བསྟན་མང་པོ་རྣམས་ཞུས་དུས། བཀའ་ལས། ཇའི་མཆོད་པ་ཞིག་ཕུལ་ཞིག་གསུང་། ཡང་ལན་ཅིག་ནི་ངའི་དཀར་ཡོལ་དུ་འཐུང་བས་ཆོག་ཕེབས། ཡང་ཁྱོད་ཀྱི་ཚེ་ཚད། རང་ལོ་བརྒྱད་ཅུ་གྱ་གཉིས་ཡིན་ཡང་། བར་ཆད་བཞི་བཅུ་ལྔ་བཅུ་ལ་འོང་། ཚེ་སྒྲུབ་གཙོ་བོ་ཚེ་དཔག་མེད། སྒྲོལ་དཀར་སྤྱན་བདུན་མ་རྩལ་དུ་བཏོན་ན་ལྔ་བཅུ་དྲུག་ཅུ་སྒྲལ་ཡོང་། ཞེས་ལན་བཞི་ཕེབས། ངའི་སྐྱེ་བ་བརྗེས་མའི་མིང་བདེ་ཆེན་ཆོས་ཀྱི་རྒྱལ་པོར་གྲགས་པར་འགྱུར་ཞེས་ལུང་བསྟན། མཁར་བའི་སྐྱེ་བ་སྔ་ཕྱི་ཞུས་དུས། སྔ་མའི་ཡུལ་རྒྱ་གར་ཝ་ར་ཎཱ་སི། རིགས་བྲམ་ཟེ། མིང་ས་མནྟ་ནཱ་ཐ། ལྷ་དབྱངས་ཅན་མ་ལ་བསྙེན་པ་མཐར་ཕྱིན། གྲུབ་པ་ཡང་ལེགས་པོ་ཐོབ། ཡོངས་འཛིན་རང་དང་། སློབ་མ་རྡོ་རྗེ་རྣམ་པར་རྒྱལ་བའི་མིང་ཅན་ཡིན། ཚེ་ལོ་ལྔ་བཅུ་ང་བརྒྱད་ཡིན། ཆོས་སྐྱོང་ཕྱག་དྲུག་པ་ཡིན་གསུང་། ཁོའི་ཡོངས་འཛིན་དེའི་སྐུ་ཚེ་ཇི་ཙམ་ད་ལྟ་གང་ན་བཞུགས་ཞུས་དུས། ཚེའི་རིག་འཛིན་བརྙེས། ད་ལྟ་རྒྱ་གར་ན་བཞུགས་ཡོད་ཕེབས། དེའི་སྔོན་མ་དྲིས་དུས། བལ་བོད་མཚམས་སུ་བྲིས་པ་མིང་ནི་ཝེན་ཏེ་ཞེས་བྱ། ལྷ་ཕྱག་རྡོར་གཙོ་ཆེ། དབྱངས་ཅན་ལྷ་མོ་ཡང་དུམ་པ་བྱས། ལོ་བདུན་ནུ་དོན་བགྲངས། ཆོས་སྐྱོང་ཕྱག་དྲུག་པ་ཡང་དུམ་པ་བྱས། གཙོ་བོ་དཔལ་ལྡན་ལྷ་མོ་རང་ཡིན། ད་ལྟ་ལྷ་རིས་ལེགས་པ་ཡང་སྔ་མ་དེ་ལ་བརྟན་ནས་བྱུང་། དེའི་སྔོན་མ་ཡུལ་གངས་ཅན། ལྷའི་མིང་ལྷ་ཕྱག་ན་རྡོ་རྗེ་གཏུམ་པོ་ཁྱུང་གཤམ་ཅན། ཆོས་སྐྱོང་ཕྱག་དྲུག་པ་ལེགས་པ་བྱས། ལོ་དྲུག་ཅུ་རེ་གསུམ་ཐུབ་ཕེབས། ཡང་སྤྲུལ་སྐུ་རི་མཁར་བས་བདུན་ཅུ་ཐུབ་རྒྱུ་ཡིན་ཏེ། བར་ཆད་འོང་། དེ་ཡང་དྲུག་ཅུ་ལ་འོང་། དེ་བཟློག་ཐབས།རྗེ་རང་ལ་གསོལ་བ་བཏབ་ན་དགའ། །


GLG008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་བྱས་ན་ལོ་དྲུག་ཅུ་རེ་བརྒྱད་ཐུབ། དེ་ཡང་རྗེ་རང་ལ་གསོལ་བ་བཏབ་པ་གཟབ་ཕེབས། ཇི་ལྟར་འདེབས་ཞུས་པས། ང་དང་མགོན་པོ་ཚེ་དཔག་མེད་དབྱེར་མེད་དུ་བསྒོམས། དེ་ཡང་ཕྱི་ཐམས་ཅད་མཁྱེན་པའི་སྐུ་ལ་ཐུགས་ཀར་མགོན་པོ་ཚེ་དཔག་མེད་བསྒོམས། ཚེ་གཟུངས་རིང་བ་འདོན། མཚམས་ཟླ་བ་གཉིས་ལ་ཉེ་བ་ཙམ་དགོས། དེ་ཡང་བྱ་ལོའི་ནང་རང་དུ་དགོས། སྐྱེ་བ་ཕྱི་མ་བདེ་བ་ཅན་དང་དགའ་ལྡན་དུ། རྗེ་དགེ་བདུན་རྒྱ་མཚོའི་རྩར་འགྲོ་ཕེབས། ཞེས་སོ། དེ་ལྟར་ལུང་བསྟན་གྱི་ནང་བཞིན་རྒྱལ་དང་ཐེལ་སྒྲགས་པ་གནང་ཐུབ་ན། སྐུ་ཚེ་ཡང་མཐར་ཕྱིན་ཅིང་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་འོང་ཚོད་དུ་འདུག་ཀྱང་། དུས་རྟགས་ཀྱི་དབང་བཙན་པས་ཐོག་ཏུ་མ་ཁེལ།དགོན་པ་ལོ་བཅུ་ཙམ་ནས་འཇིག་པ་དང་། ལོ་བཅུ་གསུམ་ཙམ་ནས་སྐུ་ཚེ་ལ་བར་ཆད་འོང་རྒྱུ་སོགས་ནི། སྐུ་རིམ་གྱིས་ཕྱིར་བསྲིངས་པ་ཡིན་འདུག །དགོན་པ་ལ་ཉམས་འགྲིབ་འོང་ངེས་པར་གསུངས་པ་ནི། ས་རྟའི་ལོའི་དུས་གཟིངས་ཆེན་མོ་དེར་ངེས་ཤིང་། རཏྣ་གླིང་པ་དང་། གཅེན་མངའ་རིས་པཎ་ཆེན་རིན་པོ་ཆེ་དང་། གཅུང་རིག་འཛིན་ལེགས་ལྡན་རྡོ་རྗེ་སྐུ་མཆེད་གཉིས། འཕྲེང་པོ་གཏེར་སྟོན་པ་སོགས་གཏེར་ཁ་མང་པོའི་ལུང་བསྟན་དུ། ཇོ་བོ་ཤཱཀྱ་མུ་ནི་ལ་རྒྱབ་བསྟན་པའི་ལྷ་ཆེན་པོ་ཞིག་འབྱུང་བ་དང་། དེས་ལྷ་སའི་ས་དཔྱད་ཉམས་ཏེ། ལྷ་སར་ཁྲག་གི་མཚོ་འཁྱིལ་བ་སོགས་དུས་རྟགས་མང་དུ་གསུངས་པ་རྣམས་ཐོག་ཏུ་ཕེབས་པར་འདུག་ཟེར། ཡང་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་བདེ་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད། མཐའ་དམག་གིས་ཁྲོད་དུ་གནོད་པ་བྱུང་བ་ལ་ཡེ་མི་དགྱེས་ཤིང་། ཇིང་གིར་གྱི་རྒྱལ་རིགས་སུ་འཁྲུངས་པས་མཐའ་མི་ལ་འཆུན་ཆེ་ཡང་དག་པའི་ཞིང་དུ་གཤེགས། གཞན་བསྟན་པའི་སྐུ་


GLG008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་དབང་གིས་སེར་འབྲས་ཀྱི་མཁན་སློབ་གྲོས་དབང་རྣམས་ཀྱི་ཁྲོད་ནས་ཀྱང་། སྡེ་གཟར་མི་འགབ་གསུང་མཁན་ཕྱག་མཛོད་བསོད་ནམས་རབ་བརྟན་དང་། རྡོ་རྗེ་འཆང་ཕ་བོང་ཁ་པ་དེ་ཉིད་བྱེས་ཀྱི་སློབ་དཔོན་ལས་ཐོག་པ་ཡིན་པས། ཁོང་དཔོན་སློབ་གཉིས་ཙམ་མ་གཏོགས་མ་བྱུང་ཞིང་ཕྱག་མཛོད་པ་གཙང་པར་འཕུལ་ཕྱོགས་དང་། རྗེ་རྡོ་རྗེ་འཆང་དེ་ཉིད་ལ་མཁན་སློབ་ཚང་མས་བྱབ་ཆུང་དུ་རྩི་བའི་བཀའ་བཀྱོན་ནེ་བ་བྱུང་འདུག །ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་དུ། བོད་འདིར་འགོངས་པོ་དར་བའི་ཚེ། །འཐབ་རྩོད་ཕལ་ཆེར་བཙུན་པས་སློང་། །ཞེས་པ་དེ། རང་གཞན་གྱི་གྲུབ་མཐའ་གང་ལ་བལྟས་ཀྱང་བདེན་པར་སྣང་ངོ་། ། དེ་ནས་རྒྱལ་དུ་ཕེབས། ཐུགས་དམ་གསུང་ཆོས་སྨར་བའི་ཚེ། སྡེ་སྲིད་ནང་ཞིག་གིས་སྡེ་གཟར་སྐྱིད་ཤོད་དུ་ལངས་ཏེ། དགའ་ལྡན་ཁྲི་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོ་དང་། དེའི་ཞབས་ཕྱིར་འབྲི་སྟག་ཕག་མོ་པ་འབྲུག་པ་འོལ་ཁ་སྟོད་ལུང་བདེ་ཆེན་སོགས་ཀྱི་མི་སྣ་རྣམས་དང་བཅས། ཞུ་ཆིངས་མཛད་ཀྱང་ཤོགས་ཆེར་མ་བྱུང་བས་། རྒྱལ་དུ་སྤྱན་འདྲེན་དོས་དྲག་བྱུང་བ་ལྟར་སྐྱིད་ཤོད་དུ་ཕེབས། བར་མི་རྣམས་ཀྱིས་ཆིངས་ལུགས་ཀྱི་སྐོར་ལ་ཕྱོགས་ཞེན་མི་བྱེད་པ་དང་། བཀའ་གྲོས་ཕྱིར་གཟེགས་མི་བྱེད་པའི་ཆོས་སྐྱོང་དཔང་བཙུགས་ཀྱི་བསྡམས་པ་གནང་། དེ་ནས་ཕན་ཚུན་དུ་བསྐོར་སྦྱངས་མཛད་པའི་མཐར། དར་འབག་རིན་ཅེན་སྒང་དུ་བཞུགས་སྒར་གནང་། བཀའ་ཁྲས་བཅད་དེ་དམག་རྣམས་སོ་སོར་གྱེས། རྫོགས་ལྡན་གྱི་དཔལ་ལ་འགྲན་པར་གྱུར། དེ་ནས་རྔ་ཆེན་ཞེས་པ་ཆུ་བྱའི་ལོ་གསར་དང་སྨོན་ལམ་གྲོལ་རྗེས་འབྲས་སྤུངས་ཚོགས་པ་ལ་བཀའ་གདམས་གླེགས་བམ་གནང་། དེའི་ཚེ་ཆར་ཆུ་ཤིན་ཏུ་ཆེས་པས། བོད་ཡུལ་གྱི་ཕན་བདེའི་རྩ་ལག་


GLG008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་དཔལ་གྱི་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་བ་ན། རགས་ལ་ཕྱག་ནས་འཐོར་ཤིང་ལྟ་སྟངས་མཛད་པས། ཆུ་བྲི་བ་ཀུན་གྱིས་མ་ཐོང་བ་སོགས་བོད་ཡུལ་གྱི་བིཪྺ་པ་གཉིས་པར་གྲགས་སོ། །དེ་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས། ཁྲི་རིན་པོ་ཆེ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་བྱམས་ཆེན་གྱི་སྐུ་བཞེངས་པའི་རབ་གནས་ལ་སྤྱན་དྲངས། དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་བཅུག །དངུལ་གདུང་རིན་པོ་ཆེར་གོས་ཆེན་གསེར་མའི་སྣམ་སྦྱར་སོགས་མཆོད་ཁང་རྣམས་སུ་མཆོད་རྫས་དང་། འབུལ་བ་མང་འགྱེད་ལྷ་མཆོད་མི་མཆོད་རྒྱ་ཆེན་པོ་བསྟར། ཁྲག་སྐྱུག་ཅེས་པ་ཆུ་ཕག་གི་དཔྱིད་ཀ་སེར་འབྲས་དགའ་བ་གདོང་སོགས་ཀྱི་དགེ་འདུན་ཚོགས་པ་རྣམས་དང་བཅས། ལྷ་སར་ཆུ་རགས་རྟག་མར་བརྒྱག་པའི་ཞལ་བཀོད་གནང་བས་དབྱར་ཉལ་འགྲོའི་རྒྱུན་ཇི་ཙམ་ཆེ་ཡང་ཆུ་ཀླུང་གི་འཇིགས་པ་དང་བྲལ་བར་མཛད། དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་རང་གི་གནས་ལ་སྲི་ཞུ་མཛད་པར་བསམ་བཞིན་དུ་བྱོན་པར་སྣང་ངོ་། །ཕན་པ་དང་བདེ་བའི་རྩ་ལག་དམ་པ་ཡུན་དུ་གནས་པའི་ཐབས་རྣམ་དཀར་གྱི་མཛད་པ་རྒྱ་ཆེན་པོར་བསྐྲུན་པ་ནི། རྣམ་པར་ཐར་པ་འདི་ལྟ་བུ་ལ་ཟེར་བར་འདུག་གིས། རང་ཉིད་ཀྱི་དགྲ་འདུལ་གཉེན་སྐྱོང་བསྙེན་བཀུར་ལོངས་སྤྱོད་སླད་དུ་ཐབས་སྣ་ཚོགས་བསྒྲུབ་པ་ལ་གཞན་དོན་དུ་མིང་འདོགས་པ་ཚོ་དང་ཡེ་མི་འདྲའོ། །དེ་ནས་ཕོ་བྲང་གོང་རི་དཀར་པོར་ལྷ་གཟིགས་མིའི་དབང་པོ་ངག་དབང་གྲགས་པས་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། ཞབས་དྲུང་ལ་དཔལ་ལྡན་ལྷ་མོ་དམག་ཟོར་མ་དང་། ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་ཕུལ། མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་


GLG008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་པོས་བསྐྲུན་པའི་གསང་སྔགས་ཀྱི་ཆོས་སྡེ་ཆེན་པོར་སྤྱན་དྲངས། རྟེན་རྣམས་ཞིབ་མཇལ་མཛད། ཕྱི་ནང་གསང་བའི་མགོན་ཁང་རྣམས་ལ། མཆོད་གཏོར་སྤྱན་གཟིགས་རྒྱས་པར་ཕུལ་ཞིང་། འཕྲིན་ལས་གཉེར་དུ་གཏད། ཞོགས་སུ་མང་འགྱེད་ཀྱི་མཆོད་སྦྱིན་རྒྱ་ཆེར་སྤེལ། མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམ་ཧོར་ཟླ་བཞི་པ་ས་ཀས་ཉ་བའི་ཚེས་བཅོ་ལྔའི་ཉིན། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཁན་པོ། ཁྲི་ལས་ཐོག་པ་དགེ་བཤེས་པོ་ཏོ་བའི་རྣམ་པར་སྤྲུལ་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་ལས་སློབ། པཎ་ཆེན་གནས་པ་གདན་འདྲེན་གནང་ཡང་། རིན་སྤུངས་པའི་བཀའ་བཀྱོན་པར་སོང་བའི་འབྱོན་མ་བདེ་བས། ཤངས་དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བས་གསང་སྟོན། ལྷའི་བཙུན་པ་བསོད་ནམས་དཔལ་བཟང་གིས་དུས་སྒོ་བ་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། དགེ་སློང་གི་སྡོམ་པ་བཞེས། མཁན་སློབ་སོགས་ལ་ཟང་ཟིང་གི་བསྙེན་བཀུར་དཔག་ཏུ་མེད་པ་མཛད་པས། ཆོས་རྗེ་སློབ་དཔོན་རིན་པོ་ཆེའི་གསུང་ལས། ཐོད་པ་འདིའི་འོག་ཏུ་འབུལ་བ་འདི་པས་ཆེ་བ་ལེན་མ་མྱོང་ཞེས་དགྱེས་པ་ཆེན་པོ་མཛད། དེའི་སང་ཆོས་རྗེ་སྟག་ལུང་བྲག་པ་སོགས་འགའ་ཞིག་གིས་བསྙེན་རྫོགས་ཞུས། རྗེ་བདེ་བ་ཅན་པ་ལ་འདུལ་བའི་བསླབ་བྱ་ཆེན་མོ་དང་previous hit བྱང་ཆུབ་ལམ་གྱི་རིམ་པའི་ཞིབ་བཤད་རྗེ་བསྟན་དར་བ་ལ་རྟ་མགྲིན་ཤྭ་ཎ་བཞི་སྐོར། མགོནཔོ next hit་ལྷོ་ནུབ་པའི་རྗེས་གནང་སོགས་བཀའ་གདམས་ཀྱི་ཟབ་ཆོས་མང་བ། རྗེ་ཕྱོགས་ལས་པ་ལ་ཤངས་པའི་རྒྱུད་སྡེ་ལྔའིདབང་སོགས་ཤངས་ཆོས་སྐོར། བདེ་མཆོག་ནག་པོ་པའི་དབང་རྣམས་རྫོགས་པ་གསན། བོད་ཤིང་


GLG008_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཅན་གྱི་རྒྱལ་པོ་ཆེན་པོ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་རྐྱེན་གྱིས་དུས་གཟིང་སྔར་བས་ཀྱང་ཆེར་ལངས་པ་ལ། སྟེ་སྲིད་ཞལ་ངོ་རྣམས་དང་སྡེ་དཔོན་སོ་སོའི་གདན་འདྲེན་བྱུང་བར་བརྟེན། ཡར་ཀླུངས་སུ་ཆིབས་ཁ་སྒྱུར། རྩེས་ཐང་དུ་ཕེབས། བཀའི་འཁོར་ལོས་ཁྱབ་པར་མཛད་དེ་དཔུང་རྣམས་སོ་སོར་བཀྱེ། ཀུན་བདེ་བའི་ལམ་ལ་བཀོད། གཞན་ཡང་ཕྱོགས་དེའི་མི་ནད་ཕྱུགས་ནད་ཞི་བ་སོགས་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད། ཞབས་དྲུང་གོང་མ་ཆེན་པོ་གཤེགས་པའི་དགོངས་རྫོགས་ཀྱི་གྲལ་དབུར་སྣེའུ་གདོང་རྩེའི་བདེ་ཡངས་སུ་རྩེ་ཚོགས་པ། རྩེས་ཐང་པ། རི་བོ་སྡེ་ཆེན། བཀྲ་ཤིས་བདེ་ཆེན། རི་བོ་ཆོས་གླིང་། རས་ཆུང་ཕུག །ཤེལ་བྲག་པ་སོགས་སེར་ཚོགས་ཀྱི་དབུས་སུ་སྔོ་བ་ཡོན་བཤད་ཡས་གཏམ་སོགས་རྒྱས་པར་གནང་། ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་གི་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་ཕེབས། སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་བས་སྡེ་སྲིད་ཁུངས་བཙུན་པའི་ཡིག་ཚང་དང་བཅས་ཏེ་མས་གཏམ་རྒྱས་པར་ཕུལ། རྗེ་ཉིད་ཀྱིས་ཀྱང་དཔོན་ས་གོང་མ་ཆེན་མོ་དགོངས་པ་རྫོགས་ཐབས་ཀྱི་སྔོ་བ་རྗོད་བྱེད་ཀྱི་ཚིག་མཛེས་ཤིང་། བརྗོད་བྱའི་དོན་བཟང་བར་མཛད་པས། ཕྱོགས་དེའི་མཁས་པ་ཐམས་ཅད་ཡི་རང་པར་གྱུར། དེ་ནས་ཉང་པོ་གྲུ་བརྒྱུད། བསམ་ཡས་སུ་ཕེབས། བར་ཁང་ནས་ཤོག་དྲིལ་ལྔ་ཙམ་ཞིག་བཞེས། མངའ་བདག་གི་གཏེར་ཞབས་ཡིན་པ་འདྲ་ཡང་། དུས་རྟགས་དང་ཆོས་བདག་ཅུང་ཟད་འཛོལ་བས་ཤོག་སེར་ལ་འབེབས་པ་གནང་བ་ཞིག་མ་བྱུང་འདུག །རིམ་གྱིས་འབྲས་སྤུངས་སུ་ཕེབས། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས། ཁྲོ་བོ་ཞེས་པ་ཤིང་གླང་གི་ལོ་གསར་དང་སྨོན་ལམ་གྲུབ་རྗེས། ཟླ་བ་གསུམ་པའི་ཚེས་བཅུའི་ཉིན། དྲུང་ནས་རིན་པོ་ཆེ་


GLG008_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྒྱ་མཚོ་དགའ་ལྡན་དུ་གཤེགས་པར། དགུང་ཞག་གི་རིང་སྔགས་པ་སློབ་དཔོན་པས་གཙོས་པའི་དགེ་འདུན་བཅུ་ཕྲག་ལྷག་པས། གསང་འདུས་མི་བསྐྱོད་པའི་བདག་འཇུག་ལེན་པ། དུས་འཁོར་བསྡུས་རྒྱུད་དང་བརྒྱད་སྟོང་པའི་གསུང་སྒྲོག །གྲྭ་ཚང་སོ་སོ་ནས་བསྡུས་པའི་དགེ་འདུན་བརྒྱ་ལྷག་ཙམ་གྱིས་སྨན་བླའི་ཆོ་ག་ཁྲི་ཚར། ཉི་སྡིངས་གྲྭ་ཚང་པས་སྨན་བླའི་ཆོ་ག་སྟོང་ཚར། བདུན་ཕྲག་རེ་རེ་བཞིན་དགེ་འདུན་བརྒྱ་སྐོར་གྱིས་ཀུན་རིག་གི་ཆོ་ག །གཞན་ཡང་སྐྱིད་ཕན་སྟོད་ལུང་ཀླུང་ཤོད། ཨེ་དྭགས་འོལ་གསུམ། ལྷོ་གཉལ། ཡར་ཀླུངས། གཙང་སོགས་ཀྱི་ཕྱོགས་མེད་ཀྱི་དགེ་འདུན་གྱི་སྡེ་རྣམས་སུ་མང་འགྱེད་ཀྱིས་དགོངས་རྫོགས་རྒྱས་པར་བསྒྲུབས། ཕྱི་རྟེན་དུ་རྒྱལ་བ་བཙོང་ཁ་བའི་གསེར་སྐུ་བོད་ཡུལ་ན་ཆེ་བ་འདི་བཞེངས་ཏེ། འབྲས་སྤུངས་རྣམ་ཐར་སྒོ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་མཛད་པ་ལ་སྐུ་ཚེ་བསྲིངས་པའི་ལྟས་ཁྱད་པར་ཅན་བྱུང་། མེ་སྟག་ལོ་གསར་དང་སྨོན་ལམ་གྲུབ་རྗེས། གདོང་དཀར་དུ་སྟོན་པའི་གོས་སྐུ་ཆེན་མོ་བཞེངས་པའི་རབ་གནས་དང་། དབྱར་ཆོས་ལ་འབྲས་སྤུངས་སུ། རྒྱལ་བ་བཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ཡོངས་སུ་རྫོགས་པར་གནང་སྟེ་དམ་པའི་ཆོས་ཀྱི་ཚིམ་པར་མཛད་དོ། ། ཁྱོགས་བྲལ་འགྲོ་ལ་དམ་པའི་ཆོས་ཚུལ་གྱི། །འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་ཡིས། །གངས་རིའི་ལྗོངས་འདིར་ཀུན་མཁྱེན་ཉི་མའི་གཉེན། །གཉིས་པ་གཞན་ཞིག་མཆིས་ཞེས་ལྷ་རྣམས་གླེང་། །དཀོན་ཅོག་འབངས་དང་ཁྲི་སྲོང་གཡུ་བྲག་པ། །ཉང་སོགས་སྐྱེ་བ་དུ་མར་པད་འབྱུང་གིས། །རྗེས་སུ་བཟུང་ཕྱིར་འཆི་མེད་གྲུབ་པ་དེའི། །ཐེག་མཆོག་བདུད་རྩི་ཐུགས་ཀྱི་བུམ་པར་བལྟམས། བློ་བཟང་གྲགས་སྙན་ཆོས་ཀྱི་རྒྱལ་སྲིད་ལ། རིགས་ཀྱི་བདག་


GLG008_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མངའ་གསོལ་ངུར་སྨྲིག་ག །རྒྱལ་མཚན་རྩེ་མོར་བསྒྲེངས་པའི་རྣམ་དཔྱོད་ཀྱིས། །ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་ཆེ་དེ་འགྲུབ། །སྟོན་སེ་རར་ཕེབས། ཚོགས་པ་ལ་གླེགས་བམ་ཕ་ཆོས་གནང་། རྟ་མགྲིན་ཁང་དུ་པདྨ་དབང་ཆེན་གྱི་སྐུ་བརྙན་དང་། བསྙེན་ཕུར་མཇལ་ཏེ་མཆོད་བསྟོད་སྨོན་ལམ་རྒྱས་པར་མཛད། སླར་འབྲས་སྤུངས་སུ་ཕེབས་ཏེ། རབ་བྱུང་ཞེས་པ་མེ་ཡོས་ཀྱི་ལོ་གསར་གྱི་དགའ་སྟོན་དང་། སྲིད་གསུམ་བདག་མོ་མཆོད་པའི་ཕྱག་ལེན་རྣམས་རྒྱས་པར་གྲུབ་རྗེས། སྨོན་ལམ་ཆེན་མོའི་མགོན་དུ་ཕེབས། སྔ་རྟིང་སྨོན་ལམ་གྱི་ཐོག་ཏུ། སྲོད་བསྐོར་ཐུགས་རུས་ཆེན་པོས་གནང་བར་བརྟེན། ཞབས་བསྐོར་བུམ་ཐེར་སོང་འདུག་ཅིང་། འདི་རེས་སྲོད་བསྐོར་ཞིག་གི་སྐབས། ཕྱག་གཡོག་རྣམས་ཀྱི་ཁྲོད་ནས་ཡུག་གཅིག་གར་སོང་ཆ་མེད་ལྟ་བུའི་ཚུལ་དུ་གཤེགས་ནས་སླར་ཕེབས། སྔར་ཟ་མ་མྱོང་བའི་ཁ་ཟས་མང་པོ་གནང་སྟེ། ཡེ་ཤེས་ཀྱི་མཁའ་འགྲོས་ཚོགས་འཁོར་ལ་བོས་པ་ཡིན་གསུངས། སླར་འབྲས་སྤུངས་སུ་ཕེབས། ཞལ་གདོང་གཉན་ཅན་གྱི་གཏོར་ཆོག་གནམ་ལྕགས་སྤུ་གྲི་མེ་ལྕེའི་འཕྲེང་བ་དང་། ཞལ་གྱི་གདབ་ལས་དང་། ལས་གཤིན་གྱི་གཏོར་ཟོར་གྱི་ཆོ་ག་དང་ཕག་མོ་གྲུ་པའི་བསྟོད་པ་བྱིན་རླབས་ཀྱི་ལྷུན་པོ་རྣམས་ཐུགས་རྩོམ་གནང་། སྔར་ལོ་ཆེན་རིན་ཅེན་བཟང་པོས་བསེ་འབག་དང་མཉམ་དུ་གདན་དྲངས་པའི་ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ་དང་མགོན་པོ་ཤིང་དྲུང་མ་གཉིས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐུ་བསྲུང་དུ་ཡོད་པ། ཆོས་རྗེ་པ་བསམ་ཡས་སུ་དག་པའི་ཞིང་དུ་གཤེགས་སྐབས་ཁྱེར་ཏེ། གཞིས་ཀ་སྣེལ་བར་བྱུང་བ། དེ་ནས་རིམ་གྱིས་ཕྱག་ཏུ་འབྱོར་པའི་ལོ་རྒྱུས་གཅིག་དང་། བསམ་ཡས་ནས་ཐེལ་དུ་འཁྱར་ནས་བྱུང་


GLG008_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལོ་རྒྱུས་གཅིག་དང་། ཡང་ས་སྐྱར་ཕེབས་སྐབས་དཀོན་གཉེར་ནས་བྱུང་བའི་ལོ་རྒྱུས་གཅིག་དང་། ཡིག་ཆ་ཁུངས་མ་ཞིག་ན་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་གསུང་ལས། རྟེན་དེ་རྣམས་བླ་མ་ས་ཆེན་ཞེས་པའི་བགྲེས་པོ་དེས་གཏེར་དུ་སྦས་པར་འདུག་གསུང་བ་ལ་དཔགས་ན་སྔོན་གནས་རྗེས་སུ་དྲན་ཏེ་གཏེར་ནས་མ་བཞེས་པའི་ངེས་པ་མི་འདུག་གོ །ནང་སོ་བྱ་པ་དཔོན་བློན་གྱིས་གཉལ་དུ་གདན་དྲངས་། ཡར་ཀླུངས་བརྒྱུད། རིམ་གྱིས་ལྷོ་རྒྱུད་ཀྱི་སའི་ཐིག་ལེར་ཕྱགས་ཕེབས། རྒྱལ་བ་བཙོང་ཁ་པ་ཆེན་པོའི་མཛད་ཆེན། ལུང་གྲྭའི་ཚོགས་དབུ་གནང་། གླེགས་བམ་བུ་ཆོས། ཡི་གེ་དྲུག་པའི་བཟླས་ལུང་། ཚེ་དབང་སོགས་ཆོས་ཀྱི་ཆར་ཕབ། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ཏུ་ཉེ་བ་བསྒྲུབས། བྱ་པ་ནང་སོས་བརྒྱ་འབུལ་སོགས་འདོད་དགུའི་འབྱོར་པ་ཇི་སྙེད་དང་བཅས། རིམ་གྱིས་ཟངས་མོ་ཆེ། རི་སྟེང་། སྤ་མགོར། ངང་རྒྱལ་རྣམས་སུ་སྤྱི་ཆོས་སྒོས་ཆོས། རབ་བྱུང་བསྙེན་རྫོགས་སོགས་གནང་། དེ་ནས་མཚོ་སྣ་ཕྱོགས་སུ་གདན་དྲངས། མོན་དགའ་ལྡན་ཕོ་བྲང་གི་བླ་མ་བུ་མཚན་གྱིས་ཐོག་དྲངས་ཕྱོགས་དེའི་སྐྱ་སེར་ཐམས་ཅད་ཀྱི་རེ་བ་ཡོངས་སུ་ཚིམ་པར་མཛད། བླ་མ་ཕྱོགས་ལས་རྣམ་རྒྱལ་དང་ཇོ་བོ་བསྟན་པ་ཚེ་རིང་སོགས་མོན་པའི་མཇལ་མི་མང་དུ་བྱུང་བར་ཆོས་ཀྱི་བཀའ་དྲིན་སྩལ། མོན་གྲབ་ཏུའང་སྐྱེ་བོའི་ཚོགས་དུ་མ་ལ་ཡིག་དྲུག་གི་བཟླས་ལུང་། རབ་བྱུང་བསྙེན་སོགས་སྩལ་བ་དགེ་བའི་ལམ་རྒྱ་ཆེན་པོར་བཀོད་པ་ལྷོ་བྲག་ནས་སྐྱ་སེར་མཆོག་དམན་དུ་མས་གསོལ་བ་བཏབ་པ་ལ་བརྟེན་ཆིབས་ཁ་སྒྱུར་ཏེ། ཐོག་མར་སྟོང་རི་ཉི་ཤར་དུ་ཕེབས། སྐྱ་སེར་གྱི་ཁྲོམ་ཆེན་པོ་ལ་བླ་མའི་རྣལ་འབྱོར་སྩལ་ཏེ། ཐིག་ཕྱིའི་གཙུག་ལག་ཁང་དུ་དཔལ་གསང་བའི་བདག་པོ་མིའི་སྲིད་པ་ཅན། གྲུབ་


GLG008_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལས་ཀྱི་རྡོ་རྗེའི་སྐུ་གདུང་རིལ་པོར་བཞུགས་པའི་མཆོད་རྟེན་མཇལ་ཕེབས་ཏེ། མཆོད་པ་དང་སྨོན་ལམ་ཞབས་སྐོར་སོགས་མཐའ་ཀླས་པ་གནང་བས། མཁའ་ལས་སྤྲིན་དཀར་པོ་འཁྲིགས་པའི་དབུས་སུ། ཨྱོན་རིན་པོ་ཆེའི་གཡས་སུ་ལྷོ་བྲག་གྲུབ་ཆེན། གཡོན་དུ་རྒྱལ་བ་བཙོང་ཁ་པ་བཞུགས་པ་ཞིག་གསལ་བར་གཟིགས། མི་འཁྲུགས་པའི་སྨོན་ལམ་ཐུགས་རྩོམ་གནང་། རིག་འཛིན་ཆེན་པོ་སྤྲུལ་སྐུ་མཆོག་ལྡན་མགོན་པོས་བཞེངས་པའི་སློབ་དཔོན་ཆེན་པོའི་སྐུ་གདོན་གྱིས་བསླད་པ་དེ་ལ་རབ་གནས་ཀྱི་དགོངས་པ་གཏད་དེ་སང་ཕེབས་རྒྱུའི་དེ་ནུབ་ལྷ་འདྲེ་དེས་ཟིལ་མ་བཟོད་པར།དཀོན་གཉེར་ཁྲིད་ནས་རི་ལ་བྲོས་པས་ཡུལ་དེ་བསོད་ནམས་དམན་པའི་སྟབས་ཀྱིས་ལྡེ་མིག་མ་རྙེད་པར་ལུས། ཁྲ་པ་ནང་སོས་ཐིག་ཕྱིའི་གཙུག་ལག་ཁང་ས་སྐོར་དང་བཅས་པ་ཕུལ། གདང་པས་གདང་མཁར་སྨོན་གྲུབ་ཁྱུང་རྩེར་གདན་དྲངས་ཤིང་མི་ངོ་གཅིག་གིས་སྐྲ་ཕུད་ཕུལ་ཏེ་རབ་ཏུ་བྱུང་། གདང་དགོན་གསར་དུ་ཞབས་ཀྱིས་བཅགས། བཙན་གྲོ་སྟོད་སྨད་རྣམས་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་སྩལ། བཀྲ་ཤིས་ཆོས་གླིང་དུ་ཕྱུག་པོ་སྟོབས་ལྡན་བཟང་པོ་ཞབས་ཏོག་གི་མཐིལ་ལེན་ཞུས། ཞག་བཅུ་སྐོར་བཞུགས་ཏེ་འབྱོར་ལྡན་རྣམས་ཀྱིས་བརྒྱ་འབུལ་བཅུ་ལྷག་ཙམ་བྱུང་། དེ་དག་གི་དུས་ནམ་མཁའ་གཡའ་དག་པ་དང་། མེ་ཏོག་གི་ཆར་འཇའ་འོད་ཀྱི་གུར་སོགས་ངོ་མཚར་བའི་ལྟས་མཐའ་ཡས་པ་མིག་གི་དགའ་སྟོན་དུ་གྱུར། སེ་སྦྱིང་གཞིས་ཀ །ཡུལ་རྫོང་། ནམ་སྟེང་སོགས་སུ་རིམ་གྱིས་ཕེབས། ཕྱོགས་དེའི་སྐྱེ་རྒུ་མཐའ་དག་འབྲེལ་ཚད་དོན་དང་ལྡན་པར་མཛད། མི་རྗེ་སྲོང་བཙན་སྒམ་པོའི་དུས་སུ། ཡང་འདུལ་གྱི་གཙུག་ལག་ཁང་དུ་བཞེངས་པ་མཁོ་མཐིང་ལྷ་ཁང་དུ་ཕེབས། རྟེན་རྣམས་


GLG008_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་བསྟོད་དང་བསྟན་པ་རྒྱས་པའི་སྨོན་ལམ་མཛད། སྡེ་པ་ལྷ་ཁང་པས་ཐོག་དྲངས་པའི་ཕྱོགས་དེའི་སྐྱེ་བོ་རྣམས་ལ་ཆོས་དང་ཟང་ཟིང་གིས་ལེགས་པར་བསྐྱངས། དེ་ནས་སྨྲ་བོ་ལྕོག་ཏུ་ཕེབས། །མངའ་བདག་ཉང་གི་གཏེར་བྱོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་དཔེ་བཀའ་བརྒྱད་པོ་ཏི་དགུ་སོགས་གཏེར་རྫས་ནང་རྟེན་ཐམས་ཅད་ཞིབ་པར་མཇལ། མདོར་ན་ལྷོ་བྲག་གི་ས་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་འགྲོ་བ་ཀུན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་རྒྱ་ཆེན་པོ་བསྐྲུན། རྒྱལ་ཁབ་གོང་རི་དཀར་པོར་ཕེབས། ཞབས་དྲུང་ངག་དབང་གྲགས་པ་དཔོན་བློན་གྱིས་བསྙེན་བཀུར་མཐའ་ཀླས་པ་ཞུས། སིལ་སྙན་ཚངས་དབྱངས་ཀུན་འདུས་ཕྱག་ཏུ་ཕུལ། གདུང་བརྒྱུད་རིན་པོ་ཆེ་སྐུ་གཞོན་པའི་གཙུག་ཕུད་བཞེས་ནས་མཚན་རྣམ་རྒྱལ་གྲགས་པར་གསོལ། ལྷོ་ཁ་ཕྱོགས་བརྒྱུད་རོང་ཆ་དཀར་དུ་ལྷ་བྱམས་པ་རབ་བརྟན་སྐུ་མཆེད་ཀྱིས་བསྙེན་བཀུར་གྱ་ནོམ་པ་བསྟབ། དབྱར་ཆོས་མ་གྲོལ་གོང་རྒྱལ་མེ་ཏོག་ཐང་དུ་ཕེབས། བྱམས་ཁང་གི་གཙུག་ལག་ཁང་འདི་སྔར་ཀ་བཞི་ཡིན་པ། ཀ་བརྒྱད་དུ་བཏང་ཞིང་རྒྱ་ཁྱོན་དང་བཀོད་པ་ཕུན་སུམ་ཚོགས་པའི་ཐུགས་རྩེ་གཏད་ནས། གང་སྤྱིའི་དོ་དམ་པིར་ཐོགས་ཀུན་གྱི་དབང་པོ་སྨན་ཐང་པ་དཔལ་ལྡན་བཀྲ་ཤིས་ཀྱིས་མཛད། ཐོག་གཉིས་ཟླ་བ་གཉིས་ལ་ཟིན་པས་ཀུན་གྲུབ་རྟགས་ཡིན་པར་གླེང་། རིམ་གྱིས་ཧོར་ཟླ་བཅུ་པའི་ནང་དུ་འབྲས་སྤུངས་སུ་ཕེབས། མཚམས་ཁང་ཤོད་དུ་རིན་པོ་ཆེ་ཀུན་བཟང་རྩེ་པ་དང་ལྷན་ཅིག་པར་ཞལ་གྱི་བསྙེན་སྒྲུབ་གནང་བས། ནུབ་ཅིག་གསོལ་དཔོན་གྱིས་ཇ་ཞུ་བར་ཕྱིན་པ་ན། སྒོའི་ནང་ནས་ཛོ་གི་ཞིག་དོན་སོང་བས། རྗེས་སུ་བརྩད་བཅད་པས་མ་རྙེད། དེ་ནི་མགོན་པོའི་སྤྲུལ་པའོ། །རྣམ་བྱུང་ཞེས་པ་ས་འབྲུག་གི་ལོ་གསར་དང་སྨོན་ལམ་སོགས་གྲུབ་རྗེས། ལྷ་


GLG008_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སར་བསམ་ཡས་ནས་གནོད་སྦྱིནཆེན་པོ་སྐུ་ཁོག་དང་བཅས་ཏེ་བྱོན། ལོ་སྔ་རེས་ཤིག་སྡེ་པ་དགའ་ལྡན་པ་དོན་གྲུབ་རྒྱལ་པོས་ལྷོ་ཁ་ཕྱོགས་སུ་དཔུང་འཁྱེར་བྱས་སྐབས། བསམ་ཡས་ཀྱི་ཕྱོགས་ལ་ལག་འཇོག་བྱས་པའི་སྟབས་ཀྱིས་ད་རེས་རྒྱལ་པོས། འབྲས་སྤུངས་དགེ་བཤེས། དོན་གྲུབ་རྒྱལ་པོའི་སྒལ་པ་ལ་གྲི་ཚལ་ཙམ་རྒྱབ་ཨེ་ཆོག་གསུང་བར་མི་འགབ་ཚུལ་གནང་འདུག་ཀྱང་རིང་པོར་མ་ལོན་པར་སྡེ་པ་གཤེགས་འདུག །ས་ག་ཟླ་བའི་ནང་དུ་ནང་སོ་རྒྱ་རི་པ་དཔོན་བློན་གྱིས་གདན་དྲངས་། ཡར་ལམ་བདེ་ཆེན་དུ་དགོངས་རྫོགས་ཀྱི་གྲལ་དབུ་གནང་། རིམ་གྱིས་རི་སྒོ་བཀྲ་ཤིས་ཆོས་རྫོང་དུ་ཕེབས་ཏེ། ལྷ་ངག་དབང་བསོད་ནམས་ལྷུན་གྲུབ་ལ་ཁྲི་འདོན་དང་། ཁྲོམ་ཁྲི་ཕྲག་བརྒལ་བ་ལ་ཚེ་དབང་སོགས་ལུགས་གཉིས་ཀྱི་དགའ་སྟོན་རྒྱ་ཆེན་པོ་སྩལ། འོལ་ཁ་རྩེར་ཕེབས། སྡེ་པ་ཕུན་ཚོགས་རབ་བརྟན་གྱིས་བསྐུལ་ནས་རྒྱ་ཆེན་བསོད་ནམས་མ་གནང་། སྐུ་མཚམས་ཡུན་རིང་བ་ཞིག་གི་སྐབས། མར་ལ་ལམ་ངོ་མཚར་བ་མང་དུ་བྱུང་ཞིང་། ཁྱད་པར་དྲུང་ནས་རིན་པོ་ཆེའི་སྐུ་གདུང་རྒྱལ་དུ་རིལ་པོར་བཞུགས་པ་དེ་བཞུགས་སུ་ཕུལ་པ་ལེགས་པའི་དཔལ་ལྡན་ལྷ་མོའི་གསུང་གི་གནང་བསྩལ་བར་བརྟེན། སྡེ་དགོན་མཐའ་དག་གི་རེ་བ་ཡོོངས་སུ་བསྐང་སྟེ། ཆོས་འཁོར་རྒྱལ་དུ་ཕྱག་ཕེབས། ཚེས་བཅུ་བདུན་གྱི་གཟའ་སྐར་བཟང་བ་དང་བསྟུན་འཇིགས་བྱེད་ཀྱི་སྒོ་ནས་ཞུགས་འབུལ་མཛད། ཕྱག་མཛོད་དཔལ་ལྡན་རྒྱ་མཚོས་མར་ཁལ་ཕྱེད་རེའི་འགྱེད་དང་བཅས་ཚོགས་སུ་ཚ་བྲ་བཏང་། ནམ་མཁའ་དྭངས་ཤིང་འཇའ་གུར་དང་མེ་ཏོག་གི་ཆར་བབ་པུར་ཁང་ཁ་བྱེ་བས། དུང་དཀར་གཡས་འཁྱིལ་སོགས་རིང་བསྲེལ་མང་དུ་བྱོན་ཏེ། དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་དང་རང་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པས་འབྲས་བུའོ། །


GLG008_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་གསུང་ཆོས་དང་། ཟླ་བ་དེའི་ཉེར་ལྔ་རྒྱལ་ཕུར་གྱི་འགྲུབ་སྦྱོར་གྱི་ཉིན། ཕྱག་མཛོད་པས་དོ་དམ་བྱས་དཔལ་ལྡན་ལྷ་མོའི་མཆོད་གཏོར་རྒྱས་པར་བཤམས་ནས་བསྐང་གསང་དང་། ཆོས་འཁོར་རྒྱལ་གཉེར་གཏད་མཛད་པས་གཙང་ཕྱོགས་སུ་འཕྲིན་ལས་རྒྱས་པ་དང་ཁམས་ཕྱོགས་སུ་གདན་འདྲེན་འབྱུང་བའི་སྤྱན་ལྟས་ཤར། མི་རིང་བར་ཆམ་མདོ་བྱམས་པ་གླིང་ནས་འབུལ་དཔོན་བསོད་ནམས་བཟང་པོ་དང་གནས་ཆེན་པ་སོགས་ཀྱིས་གཙོས་གདན་འདྲེན་འབུལ་སྐྱེལ་བ་དང་། རྗེ་དྲུང་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་ཀྱི་སྤྲུལ་པའི་སྐུ་བསྟན་པ་རྒྱ་མཚོ་རྣམས་ཕེབས། བརྒྱ་འབུལ་དང་མང་འགྱེད་སོགས་རྒྱ་ཆེར་བསྐྲུན། དགག་བྱ་དང་དགོས་པའི་དབང་དུ་གྱུར་ན་མ་གཏོགས་ཁམས་ཕྱོགས་སུ་ཕེབས་པའི་བཀའ་བཞེས་ཀྱང་གནང་། མལ་གྲོ་བརྒྱུད་འབྲས་སྤུངས་སུ་ཕེབས། འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ཐུགས་རྩོམ་མཛད། སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གསར་དུ་བཙུགས་ཏེ་འགྲེལ་པ་སྒྲོན་གསལ་གྱི་ཆོས་ཐུན་ཞིག་རྟེན་འབྲེལ་དུ་གནང་། དཀར་པོ་ཞེས་པ་ས་སྦྲུལ་གྱི་ལོ་གསར་དང་། ཆོ་འཕྲུལ་གྱི་མཆོད་པ་རྣམས་གྲུབ་རྗེས། གཡས་རུ་གཙང་གི་ཕྱོགས་ནས་སྐྱ་སེར་མང་པོས་སྔ་གོང་ནས་ཕེབས་དགོས་པའི་ཞུ་བ་ཕུལ་ཞིང་། འདི་སྐབས་ཐོས་བསམ་གླིང་པ་དང་དཀྱིལ་ཁང་བའི་སློབ་དཔོན་ཤར་རྩེའི་ངོ་ཚབ་དང་བཅས་པ་འབྱོར། ནང་སོ་དགའ་ལྡན་པས་གུང་ཐང་དུ་ཚེ་དཔག་མེད་ཀྱི་གསེར་སྐུ་མཆོད་ཁང་དང་བཅས་བཞེངས་པར་རབ་གནས་སྦྱིན་སྲེག་དང་བཅས་པ་མཛད། ཞང་རིན་པོ་ཆེའི་སྐུ་འདྲ་ཡིད་བཞིན་ནོར་བུས་ཞྭ་ཕུད་མཛད་པ་དང་དད་རྟེན་དུ་བཞེས། ཞལ་ངོ་རྣམས་ལ་རྗེས་གནང་སྩལ། གནས་བརྟན་བཅུ་དྲུག་གི་འདྲ་དཔེ་གཟིགས་ལམ་དུ་ཕབ། སླར་འབྲས་སྤུངས་སུ་ཕེབས། ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གཙང་དུ་ཆིབས་ཁ་སྒྱུར་ཏེ།


GLG008_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་གསང་སྔགས་ཕོ་བྲང་ནས་ཕེབས་པར་བརྩམས་པ་ནས་བཟུང་། གདོང་དཀར་དུ་མ་ཕེབས་ཀྱི་བར་དུ་འབྲས་སྤུངས་ཀྱི་ཐད་ཀྱི་ནམ་མཁའ་ལ་སྤྱིན་འཁྲིགས་པ་དང་འབྲུག་སྒྲ་ཆེ་ཆུང་སྙོམས་པ་རྒྱུན་མི་འཆད་པར་བྱུང་བས་ཆོས་སྲུང་གི་ཆོ་འཕྲུལ་དུ་ངེས། གྱེ་རེ་ལྷ་པས་གདན་དྲངས་ཏེ་བསྙེན་བཀུར་ཞུས། གུ་རུ་ཇོ་རྩེའི་གཏེར་མའི་དེ་བཞིན་གཤེགས་པའི་འཕེལ་གདུང་དང་སྐུ་ཚབ་པདྨ་མཐོང་གྲོལ་མཇལ་བ་གནང་། རྒྱལ་ཁབ་ཆེན་པོ་གོང་རི་དཀར་པོར་གདན་དྲངས་ལྷ་གཟིགས་མིའི་དབང་པོས་བསྙེན་བཀུར་ཞིང་། བཀའ་ཆོས་འབུལ་བ་སོགས་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རིག་སྔགས་འཆང་བའི་འདུས་སྡེ་རྡོ་རྗེ་གདན་གྱི་གནས་གཟིགས་ཀྱང་མཛད། སླར། གཙང་པོ་བྱང་ཁར་དོན། འཁོལ་མར་སྐུ་ཞང་རིན་པོ་ཆེས་གདན་དྲངས་ཏེ་ཕེབས། དེར་གཤིན་རྗེའི་མཆོད་རྟེན་བཅས་ཆོ་ག་དང་། ཁྱབ་འཇུག་གི་དམ་ཤིང་སོགས་ཡོད་པའི་མགོན་ཁང་དེར་གཟིགས་རྟོག་ལ་ཕེབས། ཕྱི་ནང་གི་མཆོད་པ་དང་། འཕྲིན་ལས་གྱི་གཉེར་གཏད་རྒྱས་པར་གནང་། སྙུག་ལ་ནས་ཡོལ་རིན་ཅེན་གླིང་དུ་ཞབས་ཏོག་ཞུས། རི་གོང་གི་མགོན་པོ་བར་སྣང་མ་མཇལ་བས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བྱུང་། རིམ་གྱིས་ཐོན་དགའ་ལྡན་རྩེར་ཕེབས། ནང་སོ་ཐོན་པ་དཔོན་བློན་དང་། རྒྱལ་བྱེད་ཚལ་མཁན་སློབ་རྣམས་ཀྱིས་བསྙེན་བཀུར་རྒྱ་ཆེར་བསྒྲུབས། སོ་སོར་དབང་བཀའ། སྤྱི་ཆོས། རབ་བྱུང་བསྙེན་རྫོགས་སོགས་ཀྱིས་རེ་འདོད་ཡོངས་སུ་བསྐང་། མགོན་པོ་ཞལ་གྱི་གཏོར་ཆེན་གྱི་སྒོ་ནས་བར་ཆད་བཟློག་པའི་འཕྲིན་ལས་མཛད་པས། ཆོས་སྐྱོང་གིས་དངོས་སུ་བསྒྲུབས་པའི་མཚན་མ་གཟིགས། རྒྱལ་བྱེད་ཚལ་དུ་ཕེབས། གང་འཚམ་གྱི་ཆོས་སྦྱིན་མཛད། འུ་ཡུག་གུར་སྔོན་དུ་ཕེབས། གཙུག་ལག་ཁང་


GLG008_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ། སློབ་དཔོན་ཆེན་པོའི་དགེ་བསྙེན་རྡོ་རྗེ་ལེགས་པ་དགའ་བའི་རྣམ་འགྱུར་དང་བཅས་ཏེ་བསུ་པ་ལ་འོངས་པ་དངོས་སུ་གཟིགས། མཆོད་བསྟོད་འཕྲིན་ལས་བཅོལ། དཔོན་སློབ་ཉུང་བསྡུས་ཞིག་གནུབས་ཁུ་ལུང་དུ་ཕེབས། གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་། ལྷ་རྗེ་གནུབས་ཆུང་སོགས་ཀྱིས་དྲག་སྔགས་བསྒྲུབས་པའི་གནས་ཡ་མཚན་པ་ཡིན་འདུག་པ་ལ་ཞིབ་གཟིགས་གནང་། སྐུ་ཞང་རིན་པོ་ཆེས་ཕྱག་གཡོག་མཛད་དེ། བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་རྟེན་རྣམས་ལ་བཟོ་བཀོད་བཞིན་ཤོག་བུར་འདྲི་བ་གནང་བ། ཕྱིས་སུ་གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག་ཅེས་དྲག་སྔགས་ལ་ནུས་པ་ཡེར་དུ་འཐོན་པ་དེས་ཀྱང་གཟིགས་པའི་གནས་ཚུལ་རིགས་འཛིན་གཞོན་ནུ་དོན་གྲུབ་ཡབ་སྲས་ལ་གསུངས་པ། རྗེ་བཙུན་བླ་མ་དམ་པ་པདྨ་དབང་གིས་གསུངས་པ་དངོས་སུ་ཐོས། དཔོན་སློབ་བྱིངས་དབེན་ས་དགོན་པར་བླ་མ་སངས་རྒྱས་ཡེ་ཤེས་པས་སྤྱན་དྲངས། དབེན་ས་བློ་བཟང་དོན་གྲུབ་ཀྱི་ནང་རྟེན་ལ་ཕྱག་ནས་གཏོར། དེར་འཁོད་པའི་སྒྲུབ་པ་ཕོ་མོ་རྣམས་ལ་གསུང་ཆོས་ཀྱིས་ཚིམ་པར་མཛད། རིམ་གྱིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། ནམ་མཁའ་གཡའ་དག་པ་ལ་འབྲུག་གི་སྒྲ་ཆེན་པོ་སྒྲོག་པ་དང་། འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར་སོགས་ལྟས་ཡ་མ་ཟུང་མང་དུ་བྱུང་། ཁྲོམ་ཤིན་ཏུ་ཆེ་བ་ལ། ལས་དག་པ་འགའ་ཞིག་གིས། སྤྱན་རས་གཟིགས་སེམས་ཉིད་ངལ་གསོར་མཐོང་། ཉིན་རེ་བཞིན་དགོན་པའི་མདུན་གྱི་ཐང་ཆེན་པོར། བཀའ་གདམས་གླེགས་བམ་གྱི་བཀའ་ཆོས་གནང་བས་མེ་ཏོག་གི་ཆར་ལག་ཏུ་བཟུང་ཆོག་པ་ཙམ་བབ། གསུང་ཆོས་གནང་བའི་སྒྲ་བསམ་གྲུབ་རྩེའི་རྫོང་ནང་དུ་ཚིག་འབྲུ་མ་ཉམས་པར་ཐོས་པ་བྱུང་བས། དེར་འཁོད་པ་མང་པོ་ཞིག་ཡ་མཚན་འཛིན་


GLG008_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་མང་པོ་བསྒྲུབས། སྟོན་པ་ཐུབ་པའི་དབང་པོ། ཇོ་བོ་ཡབ་སྲས། རྒྱལ་བ་བཙོང་ཁ་པ་སོགས་ཞལ་གཟིགས་ཏེ་ལེགས་སོ་གནང་། གནས་རྣམས་ཞིབ་པར་གཟིགས་ཤིང་བྱམས་ཆེན་ལ་ཞལ་གསེར་དང་། ཆོས་སྐྱོང་རྣམས་ལ་གཉེར་གཏད་མཛད་པས། དཔལ་ལྡན་ལྷ་མོས་འཕྲིན་ལས་བསྒྲུབ་པའི་མཚན་མ་གསལ་བར་བྱུང་། དེ་ནས་ཤངས་རི་བོ་དགེ་འཕེལ་དུ་ཕེབས། བོ་དོང་ནས་རྗེ་ཕྱོགས་ལས་པས། སྔོན་རྗེ་བཙུན་བྱམས་པ་བྲམ་ཟེར་སྐྱེ་བ་བཞེས་པའི་དུས་ཀྱི། དབུ་ཐོད་གླང་འཁུན་མར་གྲགས་པ་མཁས་གྲུབ་ཁྱུང་པོས་རྒྱ་གར་ནས་གདན་དྲངས་པའི་ངོ་མཚར་ཅན་དེ་ཕྱག་ཏུ་ཕུལ། དགེ་འཕེལ་གདན་ས་བ་རང་གིས་ཀྱང་ཞབས་ཏོག་ཕུལ་དུ་བྱུང་བ་མཛད། སྐྱ་སེར་གྱི་ཁྲོམ་ཆེན་པོ་ལ་སྙིང་པོ་དོན་གསུམ་དང་ཡི་གེ་དྲུག་པའི་བཟླས་ལུང་གནང་། དེ་ནས་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་ཟབ་ཕུ་ལུང་མཇལ་བར་ཕེབས། ལེའུ་བརྒྱད་པའི་སྒོ་ནས་བླ་མ་མཆོད་པའི་ཆོ་ག་གནང་བས། སློབ་དཔོན་ཆེན་པོ་ལ་རིག་འཛིན་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས། རིམ་གྱིས་བཤད་སྒྲུབ་དར་རྒྱས་གླིང་། གྲུབ་ཆེན་བཟང་པོ་རྒྱལ་མཚན་གྱི་དགོན་པ་འབྲས་སྤུངས་སུ་ཕེབས། བླ་མའི་རྣལ་འབྱོར་དང་ཡི་གེ་དྲུག་པའི་བཟླས་ལུང་གནང་། དེར་ཆོས་རྒྱལ་ནང་སྒྲུབ་ཁྲོ་བོའི་ཞལ་ཅན་གཟིགས། རྟ་ནག་གི་སྡེ་དགོན་རྣམས་ཀྱིས་གདན་དྲངས་པའི་ལམ་ཞོར་དུ་ཐག་ལུང་གི་མགོན་པོ་ལེགས་ལྡན་མཇལ་ཏེ་འཕྲིན་ལས་བཅོལ། གཟིགས་སྣང་ཁྱད་པར་ཅན་དང་། ཙན་དན་སྡོང་པོ་སྐྱེ་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། རྟ་ནག་རྡོ་རྗེ་གདན་དུ་ཕེབས་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེངས་དང་། བུད་མེད་རྣམས་ཀྱིས་མདའ་དར་མེ་ལོང་བཟུང་སྟེ། དཔའ་མོའི་ཆས་ཞུགས་


GLG008_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསུ་བ་བྱས། ཆོས་སྐྱོང་བེག་གདོང་ལྕམ་བྲལ་གྱི་ཞལ་གཟིགས་ཤིང་འཕྲིན་ལས་བསྒྲུབ་པར་ཁས་བླངས། ཆིབས་ཀྱི་རྨིག་པ་བཞི་ཀས་རྡོ་ལ་རྗེས་གསལ་བར་བཞག །ཡུལ་དེའི་སྐྱ་སེར་མཐའ་དག་དགེ་བའི་ལམ་ལ་བཀོད་དེ། ཀུན་མཁྱེན་གོ་བོ་རབ་འབྱམས་པའི་གདན་ས་ཐུབ་བསྟན་རྣམ་རྒྱལ་དང་། ཆག་ལོའི་དབོན་བརྒྱུད་རྣམས་ཀྱིས་བསྙེན་བཀུར་ཞུས། ཆག་ལོའི་རྟེན་རིང་བསྲེལ་ཡང་མང་བར་ཕྱག་ཏུ་འབྱོར། བཀྲ་ཤིས་ལྷུན་པོའི་སྨོན་ལམ་ལ་ཕེབས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་གནས་རྙིང་པ་ཆོས་ཀྱི་རྒྱལ་མཚན་ཁྲི་ཐོག་ཏུ་བསྐོས་ཏེ་ཕྱག་ནས་གཏོར། བླ་བྲང་རྒྱལ་མཚན་མཐོན་པོར་དཔོན་སློབ་རྣམས་ཀྱི་གཏོང་ལེན་གྱི་ཁྲམ་གཟིགས་པས། རྗེ་དགེ་འདུན་གྲུབ་ཀྱི་གདུང་ཚ་གདུང་རུས་སོགས་སློབ་དཔོན་གཞན་གྱིས་ངོ་མ་ཤེས་པ་རྣམས་ལ་ངོས་འཛིན་མཛད། རྗེ་དགེ་འདུན་གྲུབ་ཀྱི་ཞལ་གདམས་ཕྱག་བྲིས་མ་ཤོག་རིལ་ཞིག་འདུག་པ་གཟིགས་པས། སློབ་དཔོན་ཐམས་ཅད་ཐུགས་སྐྱོ་ཤས་དང་ལྡན་པར་གྱུར། དེ་ནས་དཔལ་ཇོ་བོ་བཀའ་གདམས་པའི་སྡེ་ཆེན་པོ་སྣར་ཐང་དུ་ཕེབས། རྟེན་གསུམ་རྣམས་ཞིབ་པར་མཇལ། ཆོས་དང་ཟང་ཟིང་གི་འཕྲིན་ལས་རྒྱ་ཆེ་བར་སྤེལ་པའི་ངོས། སྣར་ཐང་བྱང་ཆེན་གྱི་རྟེན་མཇལ་རྣམས་གནང་སྟེ། གངས་ཅན་ཆོས་འཕེལ་དུ་ཕེབས། ཚོགས་སུ་བྱང་ཆུབ་ལམ་རིམ་གསུངས། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བསྒྲུབས། དེར་དཔལ་ལྡན་ལྷ་མོའི་སྐུ་ཤིན་ཏུ་གཉན་པ་ཞིག་ཡོད་འདུག་པ་ལ་མགོན་བསྟོད་དང་འཕྲིན་ལས་བཅོལ། དེ་ནས་ཁྲོ་ཕུར་ཕེབས། ཁྲོ་ཕུའི་ལུང་པ་ཐམས་ཅད་སངས་རྒྱས་ཀྱི་སྤྱན་ཡ་གཅིག་གིས་གང་བའི་གཟིགས་མོ་དངོས་སུ་བྱུང་། ཁྲོ་ཕུ་ལོ་ཙཱ་བས་བཞེངས་པའི་བྱམས་པ་བོད་གངས་ཅན་ན་སྐུ་ཚད་ཆེ་བ་དེ་ཉིད་མཇལ་ཞིང་སྨོན་ལམ་གནང་།


GLG008_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བྱམས་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་ཞལ་གཟིགས། གནས་སྲིན་པོ་རེར་གནས་པ་ནང་སོས་ཞབས་ཏོག་ཞུས། མགོན་པོ་ཞལ་གྱི་གནས་དར་ལུང་མིང་གཞན་ཤོག་མ་ཞེས་པར་ཕེབས། རྣམ་སྲས་རྟ་བརྒྱད་ཀྱི་སྐུ་བརྙན་འཆམ་པ་སོགས་ཀྱི་བསུ་བ་དང་བཅས་སེང་གེ་རྩེ་སྡེ་དགོན་གྱིས་སྤྱན་དྲངས། མགོན་པོ་ཞལ་གྱི་སྐུ་གསུང་ཐུགས་ཀྱི་མཚན་མ་བཟང་པོ་བརྙེས། ལྷུན་པོ་རྩེ་ཆོས་སྡེར་ཕེབས། རྟེན་མཇལ་གནང་ཞིང་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས། བླ་བྲང་ཤར་དུ་བཞུགས། དགེ་འདུན་ལ་མང་ཇ་འགྱེད་བཅས། གདན་ས་ཆེན་པོའི་ཆོས་ཀྱི་སེང་གེའི་ཁྲིར་བཞུགས་པའི་བདག་ཆེན་རིན་པོ་ཆེར་འབུལ་བ། མཆོད་ཁང་རྣམས་སུ་སྙན་དར་སྤྱན་གཟིགས་རྒྱས་པར་གནང་། འཇམ་དབྱངས་གཟི་འོད་འབར་བས་ཐོག་དྲངས་པའི་རྟེན་དང་བརྟེན་པར་བཅས་པའི་མཆོད་ཁང་ངོ་མཚར་གྱི་བཀོད་པ་རྒྱ་ཆེན་པོ་རྣམས་མཇལ། ཁྱད་པར་ལོ་ཆེན་རིན་ཅེན་བཟང་པོས་འཕགས་ཡུལ་ནས་གདན་དྲངས་པའི་བསེ་འབག་ནག་པོ་འཕུར་ཤེས་ཀྱི་དྲུང་དུ་མཆོད་གཏོར་སྤྱན་གཟིགས་གྱ་ནོམ་པ་ཕུལ། འཕྲིན་ལས་གཉེར་གཏད་མཛད་པས། སྙན་དར་རང་བབ་ཏུ་བྱུང་བ་དངོས་གྲུབ་ཀྱི་མཚན་མར་འདུག །ཕྱག་མཚན་ཐོད་པའི་ནང་ནས་ནས་ཕུད་ཅིག་ཕྱག་ཏུ་དམོད་ནས་ཀྱིས་ཚུལ་དུ་བཞེས་པས། དེའི་ཁྲོད་དུ་གསེར་རྡོག་པོ་ལ་རིང་བསྲེལ་ཡུང་འབྲུ་ལྟ་བུ་གཉིས་ཙམ་འབྱར་བ་ཞིག་བྱུང་། དེར་གུར་མགོན་དངོས་སུ་ཞལ་གཟིགས། བསེ་འབག་དེ་ཤིན་ཏུ་གཉན་པའི་སྟབས་ཀྱིས། གདུང་བརྒྱུད་ཞལ་ངོ་རྣམས་དང་གཞན་ནུས་མཐུ་ཅན་འགའ་ཞིག་མ་གཏོགས། གཞན་གྱིས་རེག་མི་ནུས་ཤིང་། གལ་པོར་རེག་ན་མི་ཤིས་པ་ཞིག་འོང་གི་ཡོད་འདུག་ཀྱང་། རྗེ་འདི་ཉིད་ཞལ་རས་ཀྱི་རྡུལ་འཕྱི་བ་སོགས་མཛད། བསེ་


GLG008_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འབག་གི་འདྲ་བཤུས་རི་མོར་བཀོད་པ་གནང་། ཐོས་བསམ་གླིང་པའི་སློབ་དཔོན་དེ་རྨི་ལམ་གསལ་པོ་ཡོད་འདུག་པར། ཤེལ་དཀར་དུ་ཕེབས་ལམ་དུ་ཅུང་ཟད་གཉིད་དུ་སོང་ཙ་ན། མི་ནག་པོ་འཇིགས་སུ་རུང་བ་གཉིས་བྱུང་བར་སུ་ཡིན་དྲིས་པས། བསེ་འབག་ལྕམ་བྲལ་ཡིན་ཕྱག་ཕྱིར་འགྲོ་ཟེར། དེ་ནི་རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོ་བས་མི་འགྱངས་པར་ཁའུ་བྲག་རྫོང་པའི་སྙན་འརྒྱུད་ཐུན་མོང་མ་ཡིན་པའི་བཀའ་རྣམས་འབུལ་བའི་རྟགས་སུ་མངོན། ལྷ་ཁང་ཆེན་མོས་ཐོག་དྲངས་པའི་མཆོད་ཁང་གཟིམས་ཕུག་ཚུན་ཆད་ཀྱང་མཇལ་བར་མཛད། ཕེབས་པ་ལ་མངོན་དུ་ཕྱོགས་པ་ན་ཕག་གྲུའི་ཕུག་པའི་སྒྲུབ་ཆུ་འཕེལ་ཞིང་། ཕུག་པའི་ནང་དུ་ཕེབས་པ་དང་ཆུ་གློ་བུར་དུ་ལུད་པ་བྱུང་། གཞན་ཡང་ངོ་མཚར་བའི་ལྟས་ཤིན་ཏུ་མང་བ་བྱུང་བར་བརྟེན། དེར་འཁོད་པའི་སྐྱེ་བོ་མཐའ་དག་རྗེ་བཙུན་བརྩེ་ཆེན་སྙིང་པོའི་ཞབས་ཀྱི་རྣམ་པར་སྤྲུལ་པའོ་ཞེས་དད་པའི་སྤུ་ལོང་གཡོ་བར་གྱུར་ཏོ། །དེ་ནས་ཁའུ་སྐྱེ་ལྷས་སུ་ཕེབས། གནས་འདི་ནི་བདག་ཆེན་རྡོ་རྗེ་འཆང་་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནན་ཏན་ཐུགས་གཙིགས་ཆེ་བས་སྲུང་མ་རང་བཞིན་གྱིས་འདུ་བ་དང་ཁྱད་པར་མཚར་ལུགས་པ་ཞེས་བསྟན་པའི་སྙིང་པོ་འདི་ཉིད་ཀྱི་འབྱུང་བའི་གནས་ཡིན་པ་དང་། ལྷག་པར་མགོན་པོ་ཞལ་རྡོ་ལ་དངོས་སུ་ཐིམ་པ་ཡིན་འདུག་པ་ནས། དད་མོས་ཆེན་པོས་རྗེ་མཚར་ཆེན་གྱི་བླ་མ་མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་སྤངས་རྡོ་རིང་པས་ཕྱག་ལེན་བསྟར་བའི་མགོན་ཁང་ཆོས་སྐྱོང་དངོས་བཞུགས་པ་དེར། བསྐང་གསོ་བསྙེན་སྒྲུབ་དམོད་བཅོལ་སོགས་འཕྲིན་ལས་རྒྱས་པར་བཅོལ། དེར་ཡང་སྙན་དར་རབ་ཏུ་བྱུང་བ་སོགས་འཕྲིན་ལས་སྒྲུབ་པའི་མཚན་མ་ཁྱད་པར་ཅན་གཟིགས། ནམ་མཁའ་ལ་འཇའ་སྤྲིན་རྨ་བྱའི་གདུགས་ཕུབ་པ་ལྟར་གྱུར་


GLG008_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀུན་ཡ་མཚན་པར་འཛིན། གཅེན་ལུང་པས་ཐོག་དྲངས་པའི་སྐྱ་སེར་གྲངས་མེད་པ་མཇལ་བར་འོངས་པ་དོན་དང་ལྡན་པར་མཛད། རིམ་གྱིས་བོ་དོང་ཨེའི་གནས་གཟིགས་གནང་། དཔལ་ལྡན་ཨ་ཕྱི་མར་མཆོད་གཏོར་སྤྱན་གཟིགས་ཕུལ། རྗེ་གོང་མ་གཉིས་ཀྱི་ཐུགས་དམ་འཛུགས་གཏོར་བརྗེ་བ་གནང་། གཟིགས་སྣང་ཁྱད་པར་ན་བྱུང་ལུང་ནག་ཤེལ་དཀར་དུ་ནང་སོས་ཐོག་དྲངས་པའི་སྐྱ་སེེར་རྣམས་ལ་ཆོས་ཀྱི་བདུད་རྩི་སྩལ། སླར་གངས་ཅན་ཆོས་འཕེལ་དང་བཀྲ་ཤིས་ལྷུན་པོ་བརྒྱུད་ཞ་ལུ་རི་ཕུག་ཏུ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་སྐུ་དང་ནཱ་རོའི་བུམ་ཆུ་སོགས་ནང་རྟེན་མཐའ་དག་མཇལ་བ་གནང་། ལས་ཀྱི་གཤིན་རྗེ་དང་། ལྷ་མོ་རྡོ་རྗེ་རབ་བརྟན་མས་འཕྲིན་ལས་བསྒྲུབ་པར་ཁས་བླངས། དེ་ནས་འབྲོང་རྩེ་ཆོས་སྡེར་ཕེབས་སྡེ་དགོན་གྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། སྔར་འབྲོང་རྩེ་ཆོས་རྗེ་ཕྱག་དྲུག་པའི་སྐུ་བཞེངས་རྩིས་ལ་གསལ་ཁ་མེད་པར་མགོན་པོ་བཞེངས་གསུངས་པས། བཟོ་བོས་མགོན་པོ་ཟེར་ན་གུར་ལས་འོས་མེད་སྙམ་བཞེངས་པའི་བུར་མགོན་གྱི་སྐུ་འདྲ། མཚར་ལུགས་ཀྱི་སྙན་བརྒྱུད་ཁྱད་འཕགས་རྣམས་ཀྱི་འབྱུང་ཁུངས། བདག་ཆེན་རྡོ་རྗེ་འཆང་གི་གཅེན་རྒྱ་གར་བ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་ནས་མཛད་པའི་བྱིན་རླབས་ཅན་དེ་མཇལ་བ་གནང་། པ་སྣམ་ལྷུན་གྲུབ་རྩེ་དང་། འབྲོང་རྩེ། རྒྱལ་བྱེད་ཚལ་དུ་འབྲུག་པ་སྤྲུལ་སྐུ་ངག་དབང་ནོར་བུས་གདན་དྲངས། དཔོན་སློབ་གཉིས་ཀ་ཕན་ཚུན་དུ་དག་སྣང་ཆེ་བས་ཕྱག་རྩེ་སྤྲོད་དང་བཅས་ཏེ་མཇལ། ཁོང་རང་གི་ཕྱག་བཟོའི་རྒྱ་མཚོ་ལྦུ་བ་ལས་གྲུབ་པའི་གནས་བཅུ་དེ་ཡང་ཕྱག་ཏུ་ཕུལ། རྟེན་མཇལ་རྣམས་ཞིབ་པར་གནང་། སྤྲུལ་སྐུ་ངག་དབང་ནོར་བུ་འདི་བཀའ་བརྒྱུད་པའི་བླ་མ། སྒོམ་ཆེན་པའི་སྦག་སྦུག་གི་ཉམས་མེད་པར། དཔོན་སློབ་


GLG008_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལུགས་ཟུང་གི་གསུང་གླེང་ཞིབ་ཏུ་བྱུང་འདུག་པས། དེ་ནས་བཟུང་སྟེ་དགེ་འབྲུག་གཉིས་ལུགས་ལེགས་ཀྱི་ཁུལ་དུ་བྱེད་པར་གདའ། དེ་ཡང་འབྲུག་པ་སྤྲུལ་པའི་སྐུས་དེ་སྐབས་དངས་དངས་དོད་དོད་མཛད་འདུག་ཀྱང་། རྗེས་སུ་དཔལ་སྡེར་སྒར་པ་དང་མཇལ་སྐབས་དགོས་མེད་སྒར་པར་བཀུར་བཟོས་འབུལ་ཕུལ་ཆེས་པའི་གནས་ཚུལ་གསན་པས། འབྲས་སྤུངས་སྤྲུལ་སྐུས་དེ་འདྲ་མཛད་ཡོང་མ་བསམ། དེ་ལྟར་ན་ངེད་ཀྱིས་ཀྱང་མ་མཇལ་ནའང་ཡོད་པ་འདུག་ཅེས་ཐུགས་ཅུང་མ་རེངས་སྐད། འབྲུག་པ་སྤྲུལ་སྐུ་འདི་གསང་སྔགས་གསར་རིང་མདོ་ཐ་སྙད་རིག་པ་སོགས་ལ་མཁས་པ་ཙམ་དུ་མ་ཟད། དགོས་མི་དགོས་ཀྱིས་མཚམས་ཕྱེད་ཅིང་ལྟ་ག་ཚུགས་ཟིན་པ། འཇིག་རྟེན་ཕྱོགས་ནས་ཀྱང་དགྲ་གོ་གཉེན་གོ་ཚང་མ་ཆོད་པ་ཞིག་ཡིན་པར་སྣང་། དེ་ནས་རྩེ་ཆེན་དུ་ཕེབས། དཔོན་དྲུང་བློ་བདེ་བས་བསྙེན་བཀུར་བཏེག །རིམ་གྱིས་དཔལ་འཁོར་བདེ་ཆེན་དུ། རྟ་པའི་བསུ་བ་ཉིས་བརྒྱ་སྐོར་དང་། དགེ་འདུན་པ་སྟོང་ར་ཅན་ཙམ་གྱི་སེར་སྦྲེངས་དང་བཅས་པས་མདུན་བདར་ཏེ་ཕེབས། དགེ་ལུགས་པའི་གྲྭ་ཚང་བདུན་གྱིས་ཉིན་རེ་བཞིན་འབུལ་བ་བཟང་འགྲན་བྱས་པ་མཆོད་རྟེན་དང་གཙུག་ལག་ཁང་འཁོར་བ་ཙམ་དང་། ས་ཞལ་གྱི་གྲྭ་ཚང་རྣམས་ཀྱིས་ཀྱང་བསྙེན་བཀུར་ཞིང་། རྡོ་གཅལ་དུ་སྐྱ་སེར་གྱི་ཚོགས་ལ་བཀའ་གདམས་གླེགས་བམ་དང་། འདུ་ཁང་དུ་ཚོགས་པ་ལ་སྣར་ཐང་བརྒྱ་རྩ། གཟིམས་ཆུང་དུ་ས་དགེ་རིས་མེད་ལ་གུར་ཞལ་གྱི་རྗེས་གནང་དང་། རབ་བྱུང་བསྙེན་རྫོགས་གནང་། མཆོད་རྟེན་ཆེན་མོ། གོས་སྐུ་མཆོད་ཁང་རྣམས་མཇལ་ཞིང་བསྟན་པ་རྒྱས་པའི་སྨོན་ལམ་མཛད། རྒྱལ་མཁར་རྩེར་ནང་ཆེན་པས་གདན་དྲངས། གུས་མཆོད་བླ་ལྷག་ཏུ་བསྒྲུབས། དེ་བཞིན་གཤེགས་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་རྒྱལ་པོ་མ་སྐྱེས་


GLG008_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དགྲའི་རྟེན་སྐལ་གྱི་འཕེལ་གདུང་། བླ་མ་ཆོས་ཀྱི་རྒྱལ་པོ་ལ་རྒྱ་ནག་གོང་མས་ཕུལ་བའི་ཁུངས་བཙུན་དེ་མཇལ་ཞིང་སྨོན་ལམ་གནང་བས། རིང་བསྲེལ་གཅིག་གཉིས་ཤིག་འབུལ་རྩིས་ལ་སྨོན་ལམ་གནང་བས་བཅོ་ལྔ་རང་བབ་ཏུ་ཕྱག་ཏུ་བྱུང་། བདག་ཆེན་རྒྱལ་རྩེ་བ་ཡབ་སྲས་ཀུན་མི་ཕྱེད་པའི་དད་པ་ཐོབ། རི་ཁྲོད་དགའ་ལྡན་དུ་གདན་དྲངས། གནས་དེའི་སྤོང་བ་བསམ་གཏན་པའི་དགེ་འདུན་རྣམས་ལ་ཆོས་ཀྱི་འབྲེལ་པ་སྩལ། རྒྱ་སྔགས་འཆང་ཆེན་པོ་མཇལ། དཔལ་གསང་བའི་གདུང་འཛིན་གནས་རྙིང་ཆོས་རྗེས་ལྷ་མགོན་ལྕམ་དྲལ་གྱི་འཆམ་སྐུ་སོགས་བསུ་བའི་བཀོད་པ་དང་བཅས་ཏེ་གདན་དྲངས། གསེར་འབུམ་དང་ཁྱད་འཕགས་བཅུ་གསུམ་སོགས་གནས་གཟིགས་ཞིབ་པར་གནང་། ཞལ་ངོ་གྲྭ་བུ་སློབ་རྣམས་ལ་འདོད་ཆོས་སྩལ་ཞིང་ཞབས་ཏོག་ཀྱང་རྒྱ་ཆེ་མཛད། ཁྱད་པར་ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱིས་སངས་རྒྱས་ཀྱིས་འཕེལ་གདུང་ཡ་མཚན་ཅན་ཞིག་ཕུལ། སྟོང་ཤེར་འབྲོག་པ་རྣམས་ཀྱི་ཁྲོད་དུ་གདན་དྲངས་ཏེ་ཡིག་དྲུག་གི་བཟླས་ལུང་དང་བསྙེན་གནས་སོགས་དགེ་བའི་ལམ་ལ་བཀོད། ཕྱིར་ལམ་དཔོན་དྲུང་རྩེ་པས་དབང་ལྡན་ཆོས་འཁོར་དུ་བསྙེན་བཀུར་ཞུས། སླར་གནས་རྙིང་དུ་ཕེབས་ཏེ་མཁན་པོས་ཐོག་དྲངས་པའི་དེར་འཁོད་ཐམས་ཅད་ལ་ཆོས་དང་ཟང་ཟིང་གི་དགའ་སྟོན་སྩལ་རབ་བྱུང་བསྙེན་རྫོགས་བརྒྱ་སྐོར་བསྒྲུབས། བཀའ་བརྒྱུད་ཀྱི་གདན་ས་ར་ལུང་དུ་གདུང་བརྒྱུད་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་གདན་དྲངས་ཏེ་གུས་འདུད་ལྷུར་བླངས་། རྗེ་གཙང་པ་རྒྱ་རས་ཀྱི་སྐུ་ཚིགས་ལས་བྱུང་བའི་ཁྱད་འཕགས་བཅུ་གསུམ་སོགས་རྟེན་རྣམས་གཟིགས། སྣ་དཀར་རྩེ་འབྲོག་ཁྲི་དཔོན་གྱིས་གདན་དྲངས་ཞབས་ཏོག་བསྙེན་བཀུར་ཡང་དག་པ་མཛད། དཔལ་སྡེ་བ་གཞི་ཀར་ཕེབས། དེའི་ཐང་ལ་རྗེ་དྲུང་ཀརྨ་


GLG008_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡབ་སྲས་བཞུགས་འདུག་པ་དང་། མཇལ་འཛོམ་གྱི་བཅས་གཞི་ཤར། ཁོང་དཔོན་སློབ། སྣེའུ་གདོང་གོང་མ་དང་ཡང་མཇལ་འཛོམ་ལམ་ངན་པར་ཧ་གྱེས་བྱུང་བའི་ལོ་རྒྱུས་འདུག་པ་ལྟར། ཕྱག་དང་གདན་སོགས་ལ་རྩེག་པོ་ཡོད་ཚོད་དུ་གདའ། ཐམས་ཅད་མཁྱེན་པ་ནི། འབྲོམ་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་བཞིན་ཁེ་དང་རྒྱལ་ཁ་གཞན་ལ་བསྐུར་བ་ཞིག་ཡིན་པར་འདུག་ཀྱང་། ཕྱག་མཛོད་དཔལ་ལྡན་རྒྱ་མཚོ་དང་། སྐུ་མདུན་ཆོས་བཟང་འཕྲིན་ལས་གཉིས་ཀྱིས་སྐོར་གཡང་བྱས་པས། སྒར་གྱི་ཕྱག་མཛོད་པས་བཀུར་གཟོས་འདི་ལས་ཆེ་བ་གཞན་ལ་བྱེད་མྱོང་ཞེས་མནའ་བསྐྱལ་ཟེར། དེ་ཡང་རྗེ་བསོད་ནམས་རྒྱ་མཚོ་དེ་ཐུགས་དག་སྣང་བ་ཆེ་བས། བླ་མ་སུ་འདྲ་ཞིག་དང་མཇལ་ནའང་རྩོད་པ་མི་མཛད་ཅིང་། ལྷག་ཏུ་བོད་དཔོན་སློབ་འཇིག་རྟེན་གྱི་སྒྲོབ་ཆེ་བ་ནས། ཐུགས་བཞད་དང་བསྟུན་ནས་ཕྱག་འབུལ་བ་དང་ཕྱག་དབང་ཞུ་བ་གནང་འདུག །དཔལ་ལྡན་དམག་ཟོར་མ་སོགས་ཀྱི་ཆོ་འཕྲུལ་ལ་བརྟེན། སྒར་དུ་སེར་བ་ཆེན་པོ་བབ་སྟེ་ཁོང་དཔོན་སློབ་ཐུགས་རྟོག་ཟོས་པ་བྱུང་ཞེས་གླེང་། གང་ལྟར་ནའང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལྟ་བུའི་རྒྱལ་བའི་སྲས་པོ་ཡང་། བོད་ཆོལ་ཁ་གསུམ་ལ་དབང་སྒྱུར་ཏེ་མི་ཆེན་གྱི་ཚུགས་ཀ་འཛིན་པ། གང་ཟག་འདི་འདྲའི་རིགས་ཚོ་འདུལ་བ་ལ་དགོངས་པར་འདུག་གོ །ཨེ་མ་ཀུན་གསལ་བུ་མོའི་འགྲམ་པ་ནས། །རབ་དཀར་ཆ་ཤས་རྫོགས་པའི་ཟླ་བ་གང་། ཤར་ཚེ་ཕྱོགས་བྲལ་ཀུ་མུད་མ་ལུས་པ། །རྒྱས་པར་བྱེད་པ་དངོས་པོའི་ཆོས་ཉིད་ལྟར། །ལྷོ་རྒྱུད་གཉལ་དང་ལྷོ་བྲག་གཡས་རུ་གཙང་། །ནོར་འཛིན་ལྟོ་བར་གནས་པའི་གདུལ་བྱ་ཀུན། །ཐར་པའི་གམ་དུ་འཕྲིན་པའི་འཕྲིན་ལས་འདི། །ཀུན་མཁྱེན་རྒྱལ་བའི་མཛད་པ་གཉིས་པར་བྱས། །བདག་ལས་གཞན་གཅེས་རྒྱལ་སྲས་རྣམ་པར་ཐར། །རླབས་ཆེན་སྤྱོད་པའི།


GLG008_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་སྲིད་པའི་རྩེར། །འཁོར་ཚེ་དྲེགས་ལྡན་འགྲོ་བའི་འདྲེན་པ་རྣམས། །མཐོན་པོའི་བྲག་རིར་འབྱུང་པོའི་བྱ་བཞིན་གནས། །བསོད་ནམས་ཞི་འགྱུར་རྗེ་བཙུན་བླ་མ་གང་། །བསོད་ནམས་སྤེལ་ཕྱིར་ཕྱོགས་བྲམ་གཤེགས་པའི་ཚེ། །བསོད་ནམས་དབྱིག་འཛིན་ལྟོ་བར་མི་ཤོང་ཞེས། །བསོད་ནམས་ཅན་གྱི་ལྷ་རྣམས་ཅ་ཅོ་སྒྲོག །དེ་ནས་རྒྱལ་ཁབ་ཆེན་པོ་གོང་རི་དཀར་པོར་ལྷ་གཟིགས་མིའི་དབང་པོ་ངག་དབང་གྲགས་པས་བསྙེན་བཀུར། ཚེ་དབང་ཚེ་ཁྲིད་སོགས་བཞེད་པའི་ཆོས་རྣམས་ཕུལ། གོང་མ་ཆེན་པོ་འདི་ནི་ཐུགས་དད་ཤིན་ཏུ་ཆེ་བས། ཐུགས་དམ་གསུང་ཆོག་གི་གྲལ་དབུར་ཕེབས་པའི་ཚེ། བརྒྱུད་མཆོད་གནང་དུས། རྗེ་བསོད་ནམས་རྒྱ་མཚོའི་མཚན་བྱུང་བའི་ཚེ། ཞབས་པུས་གཉིས་བཙུགས་ཏེ་ནང་མཆོད་འཐོར་བར་མཛད་སྐད། དཔལ་ལྡན་ལྷ་མོ་དམག་ཟོར་མའི་ལོ་གསར་གཏོར་ཆེན་གྱི་ཕྱག་ལན་འཛུགས་པར་བཀས་བསྐུལ་ཞིང་། ལྷ་མོའི་སྐུ་འདྲ་ཞིག་འབུལ་བ་གནངབ་ད་ལྟ་གོང་དཀར་གྱི་གཟིམས་ཆུང་མགོན་ཁང་ན་ཡོད། དེ་ནས་ཆུ་ཤུལ། ཁོལ་མ། གྱེ་རེ་ལྷ་པ། ལྗང་པ་སོགས་ཀྱིས་རིམ་གྱིས་བསྙེན་བཀུར་ནས་གདོང་དཀར་དུ་ཕེབས། དཔལ་ལྡན་མིའི་དབང་པོར་བཞེད་པའི་ཆོས་རྣམས་ཕུལ། དེ་ནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་ཕེབས་ཏེ་གསོལ་བ་ཕུག་སྒོ་ནས་ཞུ་བ་སོགས་སྐུ་མཚམས་དམ་དུ་མཛད། ཆོས་སྐྱོང་གི་བསྙེན་སྒྲུབ་དུ་མ་དང་། ཁྱད་པར་ལྷ་མོ་འོད་ཆེན་འབར་མའི་བསྙེན་སྒྲུབ་མཛད་པས། ཨ་ཙ་ར་མི་སྙེང་ཁྱེར་ནས་གར་བྱེད་པ་དང་མཚན་མོ་གཟིམས་ཆུང་གི་སྒོ་རྡུང་བ། བམ་བསྐྱུར་བ་ལྟ་བུའི་སྡིག་སྒྲ། སྒྲ་བགེགས་ཀྱི་མགོ་བོ་གཟིམས་ཆུང་གི་ཁྱམས་སུ་དངོས་སུ་བསྐྱུར་བ་སོགས་ཆོ་འཕྲུལ་མཐའ་ཡས་པ་བྱུང་། དེ་ནས་དགའ་ལྡན་དུ་ཕེབས། མཁན་པོ་རིན་པོ་ཆེའི་སྐུ་གདུང་ཞུགས་ལ་ཕུལ་བས། དབུ་ཐོད་


GLG008_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲི་བཟང་གི་ཆུས་བཀྲུས་པས། རིང་བསྲེལ་སྔོན་པོ་ཤིན་ཏུ་འཚེར་བ་ཞིག་བྱུང་། ཞག་ཤས་སོང་བ་ན་གདུང་རུས་ལ་རྣམ་བཅུ་དབང་ལྡན་བོད་ཡིག་གི་རྣམ་པ་ཅན་དུ་བྱོན། གདུང་ཐལ་རྣམས་ལ་གཞན་གྱིས་ཇི་ཙམ་བཙན་ཡང་མ་རྙེད་པ་ལ། རྗེ་ཉིད་ཀྱིས་ཕྱག་ཏུ་བླངས་ཤིང་གཟིགས་པ་ཙམ་གྱིས་རིང་བསྲེལ་གྲངས་མེད་འཕེལ་བར། བྱང་རྩེ་བ་ཕྱོགས་ནས། འདི་འདྲ་རྗེ་ཐམས་ཅད་མཁྱེན་པའི་ཐུགས་རྗེ་མ་གཏོགས་ཆོས་རྗེ་བདེ་བ་ཅན་པ་ལ་བྱུང་བ་མིན་པ་འདུག་ཅེས་ཀུན་སློང་གི་གཏམ་སྨྲས། མར་ལམ་ཤ་ར་ཧོར་དུ་ཞག་བཞུགས་མཛད་ནས་བྲག་དཀར་དུ་ཕེབས། སྡེ་པ་ཁུ་དབོན་ལ་ཚེ་དབང་སོགས་སྩལ། བདེ་ཆེན་རྩེར་ཞག་ཉི་ཤུ་རྩ་ལྔ་ཙམ་བཞུགས། སྐུ་རིམ་ལ་ཞི་དྲག་གི་སྦྱིན་སྲེག་དང་། རྩམ་ཁལ་དྲུག་ཅུ་ཙམ་ལ་བཞེངས་པ་ཞལ་གྱི་མཆོད་གཏོར་ཕྱི་ནང་གསང་བའི་རྟེན་རྫས་སྤྱན་གཟིགས་སོགས་རྒྱས་པར་མཛད་པས་གཏོར་མ་ལས་བདུད་རྩི་འབབ་པ་སོགས་བཀྲ་ལེགས། བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་མཇལ་ཏེ་མཆོད་བསྟོད་སྨོན་ལམ་གནང་། རིམ་གྱིས་འབྲས་སྤུངས་སུ་ཕེབས། ལམ་རིམ་གྱི་ཁྲིད་དང་། ས་སྐྱོང་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་ནས་ཀུ་རུ་ཀུལྤེ་དང་ཚོགས་བདག་གི་མངོན་རྟོགས་ཐུགས་རྩོམ་གནང་། ཚོགས་སུ་བཀའ་གདམས་གླེགས་བམ་ཆ་ལག་དང་བཅས་པ་དང་། གཟིམས་ཆུང་དུ་སློབ་དཔོན་རྣམ་པས་ཐོག་དྲངས་པ་ལ་རྗེས་གནང་ལུང་ཁྲིད་མང་དུ་རྩལ།རབ་མྱོས་ཞེས་པ་ལྕགས་རྟའི་ལོ་གསར་དང་སྨོན་ལམ་གྲུབ་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས། ཚོགས་ཆེན་དུ་རྗེ་གོང་མའི་གསུང་འབུམ་གྱི་ལུང་དང་གཟིམས་ཆུང་དུ་བྱེས་པ་སློབ་དཔོན་ཆེན་པོ་བས་ཐོག་དྲངས་པ་ལ། དཔེ་ཆོས་རིན་ཅེན་སྤུངས་པ་གསུངས། དབོ་ཟླའི་ཚེས་བརྒྱད་ལ་དཔལ་མགོན་ཞལ་གྱི་གཏོར་ཆེན་རྟེན་


GLG008_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་དང་བཅས་པ་རྒྱས་པར་གནང་། དེ་ནས་རྒྱལ་དུ་ཆིབས་ཁ་སྒྱུར། མཚར་ཆེན་གྱི་ཞལ་སློབ་རིན་པོ་ཆེ་བོད་མཁར་བའི་གསུང་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་ངོ་བོ་གཅིག་བསྡུས་པ། །འཛམ་གླིང་ཡོངས་ལ་གྲགས་པ་ཡི། །རྗེ་བཙུན་མཚར་པའི་ཞབས་ལ་འདུད། །ཕ་ཁྱེད་ཀྱིས་བྱིན་གྱིས་བརླབས་པ་ཡི། །བུ་ཡི་ཐ་ཆུང་མེ་ཏྲི་ང་། །ཁ་བ་ཅན་ལྗོངས་སྒོམ་ཀྱི་ལྷ། །སྤྱན་རས་གཟིགས་མགོན་འབྲོམ་སྟོན་གྱི། །སྤྲུལ་པ་བསོད་ནམས་རྒྱ་མཚོ་ལས། །གནས་མཆོག་རྒྱལ་ལ་ཤོག་ཅེས་གསུངས། །ཞེས་པ་ལྟར། རྒྱལ་དུ་འབྱོན་དགོས་པའི་བཀའ་ཤོག་ཕེབས་པ་བཞིན། ཁོང་དཔོན་སློབ་ཀྱང་བདེ་ཆེན་ནས་ཕྱགས་ཕྱིར་འབྱོར། མལ་གྲོ་བརྒྱུད། རྒྱལ་དུ་ཕེབས། དགའ་ཚལ་གྱི་མཆོད་ཁང་དཀར་པོ་སྔར་ནས་ཡོད་བཞིན་པ་ལ་ཕྱག་མཛོད་དཔལ་ལྡན་རྒྱ་མཚོས་ཁུར་བླངས་ནས་དེ་ཝཱི་ཀོ་ཊི་དང་། སྡེ་པ་ལྕང་རྭ་བ་བསོད་ནམས་ལྷུན་གྲུབ་ཀྱིས་དོ་དམ་བྱས་ནས་བསིལ་བ་ཚལ་གྱི་མགོན་ཁང་གི་མཁར་ལས་མཛད། དེ་གྲུབ་པ་དང་མགོན་ཁང་བསིལ་བ་ཚལ་དུ། རིན་པོ་ཆེ་བོད་མཁར་བས་ཞལ་བཀོད་གནང་སྟེ། སྙན་བརྒྱུད་ཀྱི་ཕྱག་ལེན་ལྟར་གུར་ཞལ་གྱི་སྐུ་བཞེང་བ་དང་། ཕྱི་ནང་གསང་བའི་རྟེན་འཛུགས་མཚར་ལུགས་ལྟར་མཛད། ས་སྐྱའི་གུ་ཤྲཱིའི་བླ་མཚོ་ནས་རྒྱུན་བསྲེས་པའི་བླ་མཚོ་གསར་དུ་བསྐྲུན། གཏོར་མ་རྣམས་རིན་པོ་ཆེ་རང་གིས་ཕྱག་བཟོ་མཛད་འདུག་པ་ད་ལྟ་ཡང་མཆིས། གཟིམས་ཁང་དབུས་མའི་ཤོད་དུ་སྐུ་ཞང་རིན་པོ་ཆེ་ཀུན་བཟང་རྩེ་བས་ཞལ་བཀོད་དང་ཕྱག་ལེན་མཛད་དེ། ཁྱབ་འཇུག་དང་གཟའ་གདོང་དམར་ནག་གི་བྲིས་འབུར་གྱི་སྐུ་བརྙན་དང་། རྟེན་མདོས། གཞན་ཡང་རྡོ་རྗེ་ལེགས་པ་དང་པེ་དཀར། བེག་ཙེ་ལྕམ་དྲལ་གྱི་སྐུ་གཟུགས་དང་རྟེན་མཁར་གྱི་རིམ་པ་རྣམས་བཞེངས། སྟེང་དུ་


GLG008_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉིད་ཀྱིས་ཞལ་བཀོད་གནང་སྟེ། འཇིགས་བྱེད། མགོན་པོ་ཕྱག་བཞི་དྲུག །གུར་ཞལ། འདོད་ཁམས་དབང་ཕྱུག །རྣམ་སྲས། ལས་གཤིན། །བེག་ཙེ། མ་ནིང་། ལེགས་ལྡན། །ཞང་འོན། དུར་ཁྲོད་བདག་པོ། རྣམ་སྲས་མདུང་དམར་ཅན། ཙ་རི་ཞིང་སྐྱོང་སོགས་ཆོས་སྐྱོང་སྤྱིའི་མགོན་ཁང་དང་། དེ་ཝཱི་ཀོ་ཊིར་དཔལ་ལྡན་ལྷ་མོའི་སྐུ་བརྙན་སོགས་བཞེངས་ཏེ། དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་བསྟིམས། མགོན་ཁང་རྒྱལ་མཐིལ་ལས་ཀྱང་འདི་ཉིད་གཉན་པར་གྲགས་ཤིང་། སྤྱིར་ཡང་གནས་འདི་ཉིད་དམ་ཅན་སྲུང་མ་ངང་གིས་འདུ་བའི་སྟབས་ཀྱིས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དུས། འབྲི་ཀོང་གི་དམག་བྱུང་བ་རྣམས་གཏོར་ཟོར་འཕངས་པ་ཙམ་གྱིས་ཐལ་བར་སོང་བ་ནས་བཟུང་། ཞོ་ཁ་བས་ལག་འཇོག་བྱས་པ་སོགས་སྔར་ཕན་ཞིང་བཅུའི་དགྲ་བོ་བྱུང་ཚད་ལ་ལོ་མ་འགྱངས་པར་རྟགས་མཚན་མངོན་དུ་གྱུར་སོང་བ་ནི། རི་མཐིལ་གྱི་མགོན་ཁང་གཉིས་ཀ །རྒྱུ་མཚན་མེད་པའི་ལྡེར་བཟོ་གོག་པོ་ལ་རྩི་བཏང་བ་ཙམ་མ་ཡིན་པའི། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་བྱུང་བའི་ཕྱག་ལེན་བཞིན་བསྟན་པར་མཛད་པ་དང་། རྗེ་འདི་ཉིད་བླ་ཆེན་དུ་མིང་བཏགས་པའི་འཇིག་རྟེན་ཁོ་ནས་གཞན་མགོ་བསྐོར་བ་ཚོ་དང་མི་འདྲ་བར། མངོན་སྤྱོད་དྲག་པོའི་ལས་ལ་ནང་བྱན་ཆུད་ངེས་ཀྱི་རྟགས་སུ་གོ་ཞིང་། སླད་མར་ཡང་སྲོག་ལ་འཐེབ་མེད་པ་རྣམས་ཕྱོགས་དེ་ལ་འཛེམ་རིགས་པར་མངོན་ནོ། །རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་། ལྷ་མོ་དུས་མཚན་མའི་གཏོར་ཆོག །ཞལ་གདོང་གཉན་ཅན་གྱི་བསྒྲལ་ལས། གཟའ་གདོང་དམར་ནག་གི་འཕྲིན་ལས་མགོན་དཀར་གྱི་སྒྲུབ་ཐབས། བརྟན་བཞུགས་རྒྱལ་བ་ཀུན་དངོས་མ་ཐུགས་རྩོམ་གནང་། དེ་སྐབས་སྔར་མཚར་ཆེན་ལ་གསན་པས་སྙན་བརྒྱུད་ཀྱི་འཕྲོ་གང་ཡོད་རྣམས་དབང་ལུང་


GLG008_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་དང་བཅས་པ་ཕལ་ཆེར། རིན་པོ་ཆེ་བོད་མཁར་བ་ལ་རྫོགས་པར་གསན། མགོན་ཁང་ཤོད་དུ་དཔལ་མགོན་གྱི་སྐུ་བརྙན་ཞིག་བཞེངས་པ་གྲུབ་བསྟུན། ནང་དུ་གདན་འདྲེན་རྒྱུ་ལ་སྐུ་ཚད་ཆེས་ཏེ་སྒོ་ལ་མ་ཐར་བས། དེ་ཉིད་ཆོས་སྐྱོང་གི་སྤྱན་འདྲེན་གདངས་དབྱངས་རྔ་ཆིངས་དང་བཅས་པ་ཞིག་གནང་སྟེ། ནུབ་མོ་མགོན་ཁང་གི་སྒོ་མ་བཅད་པར་བཞག་པས། སང་ཞོགས་ནང་དུ་རང་བྱོན་གྱིས་ཕེབས་ཟིན་འདུག་པས། ཀུན་ཡ་མཚན་པར་གྱུར། སྔར་སྤྱན་གཡས་རབ་འབྱམས་པ་ལེགས་བཤད་རྒྱལ་མཚན་ངམ་རིངས་སུ་གྲལ་སྐོར་ལ་ཕྱིན་སྐབས། འཕྲལ་རྐྱེན་ཞིག་ལ་བརྟེན་ནས། སྔགས་འཆང་རྟ་ནག་སྒྲོལ་མ་བའི་སློབ་མ་བྱས་ཏེ། ལོ་བཅུ་གཉིས་གྱི་རིང་ས་འོག་ཏུ་གཤིན་རྗེ་བསྒྲུབས། འཆི་བདག་ཞལ་དབྱེ་བར་གྲགས་པ་དེ་གཙང་དུ་ཕེབས་དུས་འབུལ་བའི་ཁས་ལེན་ཞུས་འདུག་པ་ལྟར། འདི་སྐབས་ཁོ་རང་ངོས་ཀྱིས་འབུལ་བ་ལ་འབྱོར་ཏེ་ཕུལ་ཚོགས་སུ་སྤྱི་ཆོས་དང་། རབ་བྱུང་བསྙེན་རྫོགས་སོགས་ཀྱིས་གདུལ་བྱའི་རེ་བ་བསྐང་། དེ་ནས་ཉང་ལོང་རྣམས་ཀྱིས་གདན་དྲངས་ཏེ། དྭགས་པོ་གྲྭ་ཚང་དང་མངའ་རིས་གྲྭ་ཚང་གཉིས་ཕྱགས་ཕྱིར་ཁྲིད། དགེ་འདུན་སྒང་། རི་ཁ། སང་སིང་། བཀྲ་ཤིས་ཆོས་ལུང་། ཕ་ལུ་གནམ་ཚལ་རྣམས་སུ་རིམ་གྱིས་ཕབས་ཏེ། སྐྱ་སེར་གྱི་ཁྲོམ་ལ་བཀའ་གདམས་གླེགས་བམ། སྙིང་པོ་དོན་གསུམ། བླ་མའི་རྣལ་འབྱོར་དང་། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་གནང་། རྒྱ་ནང་ཕུར་སློབ་དཔོན་ཆེན་པོའི་སྒྲུབ་གནས་བྲག་དཀར་ལྷ་ཆུ་མཇལ་བར་ཕེབས་པས་བྲག་ལ་ཕྱག་རྗེས་གསལ་བར་བྱུང་། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་གཟིགས། རིམ་གྱིས་ཆོས་འཁོར་རྒྱལ་འརྒྱུད། འོལ་ཁ་རྩེར་ཕེབས། སྐྱེས་བདག་ཅེས་པ་ལྕགས་


GLG008_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་གི་ལོ་གསར་གཏོར་ཆེན་སོགས་རྒྱས་པར་མཛད། དཔལ་ལྡན་ལྷ་མོའི་བསྐང་གསོ་དང་། བོད་རྒྱལ་པོའི་འགུར་ལྷ་འོ་དེ་གུང་རྒྱལ་དངོས་སུ་འོངས་ཏེ་འཕྲིན་ལས་བསྒྲུབ་པར་ཁས་བླངས། བསྟོད་པ་ཞིག་ཐུགས་རྩོམ་མཛད། སྡེ་པ་ཡབ་སྲས་དང་། མཐོང་ཆག་མཁར་གསུམ་སོགས་མངའ་ཞབས་ནས་ཀྱང་བསྙེན་བཀུར་མཐའ་ཡས་པ་བསྟབ། རིམ་གྱིས་བསམ་ཡས་སུ་གནས་མཇལ་དང་། བསྟན་སྲུང་གནོད་སྦྱིན་ཆེན་པོ་ལ་འཕྲིན་ལས་བཅོལ། གསེར་ལ་བརྒྱུད། འབྲས་སྤུངས་སུ་ཕེབས། ཚོགས་ཆེན་ལ་བཀའ་གདམས་ཐོར་བུ་གསུངས། གོང་དཀར་དུ་མིའི་དབང་ཕྱུག་གིས་སྤྱན་དྲངས་ཏེ་ཕེབས། ཨཾ་གི་ར་ཞེས་པ་ཆུ་སྤྲེལ་ལོ་གསར་གྱི་དུས་རིམ་ཆེན་མོའི་རྩ་འཆམས་དྲུག་འཆམས་སོགས་ཀྱི་གཟིགས་འབུལ་དང་། དགའ་སྟོན་ཕུན་སུམ་ཚོགས་པ་ཞུས། ཆོ་འཕྲུལ་གྱི་མཆོད་པ་ལྷ་ལྡན་དུ་ཕེབས། དེ་ནས་རེ་ཞིག་འབྲས་སྤུངས་སུ་བཞུགས། གུར་ལྷ་བརྒྱད་ཀྱི་བསྐང་གསོ་ཐུགས་རྩོམ་གནང་། ས་སྐྱོང་བཀྲ་ཤིས་རབ་བརྟན་གྱིས་སྤྱན་དྲངས་ཏེ། བྲག་དཀར་དུ་ཕེབས་མགོན་པོ་ཞལ་གྱི་བསྙེན་པ་གནང་བའི་མཚན་ལྟས་བྱུང་བ་ཕྱག་བྲིས་སུ་བཀོད་པ་འདི་ལྟར། །རྗེ་ཕུལ་བྱུང་མ་ཏིའི་གཅེས་ཕྲུག་པ། །དབྱིངས་ནམ་མཁའི་རྣལ་འབྱོར་ལྷུར་ལེན་པས། །ཉིང་འཁྲུལ་ལ་བདེན་སྙམ་མི་སེམས་ཏེ། །ངོ་མཚར་གྱི་རྨི་ཉམས་འདི་འདྲ་ཤར། །ལོ་ཨཾ་གི་ར་ཡི་ནག་ཟླ་ལ། །དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས། །གྲོང་ལྟ་ན་སྡུག་མཚུངས་བྲག་དཀར་གྱི། དཔལ་རིན་ཆེན་རྩེགས་པའི་གཞས་ཡས་སུ། །མགོན་ཙ་ཏུར་མུ་ཁེའི་བསྙེན་པའི་ཚེ། །མུ་མེན་གྱི་ལྗོན་པ་རུས་སྦལ་དབྱིངས། ཁ་སྦྱོར་བ་བདེ་ཆེན་གྱི་རོས་མཆོད་དེ། །ཡེ་གདོད་མའི་མགོན་ལ་ཞལ་མཇལ་ཞུས། །སླར་བྱུ་རུའི་སྡོང་པོ་ཏི་ལ་ཀས། །བདེ་ཆེན་གྱི་ནཱ་ད་སྤྱན་དྲངས་ཏེ། །སྤྲུལ་པས་ཞིང་བཅུའི་


GLG008_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོག་འགྲོ་བཅོམ། ཁྱད་པར་དགའ་བའི་རང་ཞལ་མཐོང་། །སླར་མར་གད་ས་ལེ་སྦྲམ་མཛེས་དག །མགོན་རིན་འབྱུང་དོན་གྲུབ་གཉིས་སྤངས་མར། །ལྷན་སྐྱེས་བདེ་སྐྱོང་གི་འཁོར་ལོ་སྡོམ། །བརྗོད་བྲལ་གྱི་ཞལ་བཟང་དེ་འདྲ་མཐོང་། །ང་བཞད་པའི་རྡོ་རྗེར་ཡིད་རྟོན་པའི། །རྗེས་འཇུག་གི་སྐལ་ལྡན་ཁྱེད་རྣམས་ཀྱང་། །རྗེ་རྒྱལ་བ་གཉིས་པའི་ཐུགས་བཅུད་ཀྱི། །དྲང་ངེས་ཀྱི་མགོན་ལ་ཞལ་མཇལ་མཛད། །ཡང་དེ་ནས་དགའ་བ་གཉིས་པའི་ཚེ། །ཁོང་ནཱ་གར་པའི་གྲོང་ཁྱེར་བས། དཔལ་རང་བྱུང་ཧེ་རུ་ཀ་མཆོད་ཚེ། །མཚན་ལྡན་ལྷ་ཡི་མཛེས་མ་ཟུང་། །ཡུམ་ཤེར་ཕྱིན་དང་དབྱངས་ཅན་སྲོག་མོ་དང་། །གཡུང་མོ་དང་ཙ་མུན་ཊི་སོགས་ཀྱིས། །དོན་ངང་ཚུལ་གསལ་བར་བསྟན་ནས་སོང་། །མིང་ཙམ་གྱི་བཏགས་ཡོད་ཆོས་རྣམས་ནི། །མ་བཏགས་པའི་སྣང་བ་བཀྲ་ལགས་ཀྱང་། །ང་བཞད་པའི་རྡོ་རྗེས་བལྟས་ཙ་ན། ཁོང་རྫུན་ཚང་རིག་པས་ཆིག་དགོད་ཤོར། ཚུལ་འདི་ལྟའི་ཡ་མཚན་ལྟས་མོ་ཆེ། །ལྷ་བླ་མའི་དྲིན་ལས་བདག་གིས་མཐོང་། །མ་འགྲོ་དྲུག་ཉམ་ཐག་འདི་རྣམས་ཀྱང་། །ཡ་མཚན་གྱི་ལྟད་མོ་འདི་མཐོང་ཤོག །ཅེས་སོ། །དེ་ཡང་ཉིན་ཞག་གཅིག་ལ་ཐུགས་དམ་སྤྲོས་བཅས་སྤྲོས་མེད་ཀྱི་རིམ་པ་གནང་བ་ནི། ཐོག་མར་ཁྲུས་དང་ཉེ་རེག་གནས་བསྲུང་བ། སྐྱབས་འགྲོ། ཕྱག་མཆོད། ལམ་རིམ་གྱི་ཁྲིད། སྒྲ་མི་སྙན་པ་དང་མགོན་པོ་ཆེ་ཆུང་གི་ཚེ་སྒྲུབ། ལྷ་བཞི་དྲིལ་སྒྲུབ་ཀྱི་དབང་། སྙིང་ཞུགས་འཕོ་བ་དང་བཅས་པ། འཇམ་ནག །འཇམ་དབྱངས། བླ་མའི་རྣལ་འབྱོར། སེམས་བསྐྱེད། བསམ་གཏན་ཉལ་ཆོག །བདེ་མཆོག་ལུས་དཀྱིལ། རྩ་སྔགས་བརྒྱ་རྩ། སྙིང་པོ་ཉེ་སྙིང་སུམ་བརྒྱ། མི་འཁྲུགས་པ། དེའི་གཟུངས་སྔགས་བརྒྱ་རྩ། བཀའ་གདམས་ལྷ་བཞིའི་སྒོམ་བཟླས། སྔགས་བརྒྱ་རྩ། བསྟོད་ཚོགས་དང་སྨོན་ལམ་སྐོར་འགའ་


GLG008_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཚེ་དཔག་མེད་ཀྱི་བསྐྱེད་རྫོགས། ཚེ་ཁྲིད། སྒྲོལ་དཀར། འཇམ་དབྱངས། དབྱངས་ཅན་དཀར་དམར། མཁའ་སྤྱོད་མ་རྣམས་ཀྱི་བཟླས་བསྙེན། བདེ་མཆོག་གདན་བཞིའི་བསྙེན་པ་སུམ་བརྒྱ། སྔགས་རིང་ཉེར་གཅིག །རྡོ་རྗེ་ཤུགས་སྔགས་ཉེར་གཅིག །ཟིལ་གནོན་སྐུ་གསུང་ཐུགས་སྔགས་བརྒྱ་རྩ། ཨྱཻ་རིང་ཉེར་གཅིག །འཇམ་སྡུད་བཟང་གསུམ་ལྗགས་ཀློག །རྟ་མགྲིན་དམར་ནག །གུ་རུ་ཞི་དྲག་གི་སྒོམ་བཟླས། མ་གཅིག་གི་གཅོད་དམིགས། བློ་སྦྱོང་ལྟ་ཁྲིད། སྤྱན་རས་གཟིགས་དང་ཕྱག་རྡོར་གྱི་སྒོམ་བཟླས། འཇིགས་བྱེད་ཀྱི་སྔགས་བརྒྱ་རྩ། ཞི་ཁྲོ་སྦྲགས་བསྒྲུབ། ཨེ་ས་བྷྱོ་བཟློག །དུས་གསང་འཇིགས་གསུམ། བདེ་དགྱེས། ཚེ་ཕུར་དྲག་གསུམ། ཡང་གསང་། ཕྱག་བཞི་དྲུག །མགོན་དཀར། ཆོས་རྒྱལ། དམག་ཟོར་མ། གུར་ཞལ། ལས་མཁན་དང་བཅས་པ། རྣམ་སྲས་དམར་སེར། དུད་སོལ། དུས་མཚན། བེང་མ་ནིང་། བཞི་སྦྲགས། དཀར་པོ་བརྒྱད་ཅུ། སྒྲོལ་མ་བཅུ་གཉིས། དུ་ཁྲི། སྟག་ཞོན། པེ་དཀར། གཟའ། རྡོར་ལེགས། ཞིང་སྐྱོང་། སྙོན་ཁ། གཟའ་གདོང་དམར་ནག །རཱ་ཧུ་ལ། ཞལ་བྲམ་གཟུགས། དམར་པོ་སྐོར་གསུམ། ཛཾ་ལ་རིགས་གསུམ། གཞི་བདག་དང་བཅས་པའི་གཏོར་བསྔོ། །ཐུན་བཞིར་སྐྱབས་སེམས། རྐང་བརྒྱད་ཀྱི་བསྟོད་པ། རྩ་བའི་ལྷའི་གཏོར་བསྔོ། །ལྟུང་བ་བསྔོ་གྲངས་། སྟོབས་བཞི། སྤྱི་བཤགས། ཕྱིར་བཅོས། ཁྱུང་ཁྲ་ནག །འོད་ཟེར་ཅན། རྨེ་བརྩེགས་ཡབ་ཡུམ། ལོ་མ་ཅན། སེང་གདོང་། མཻ་ཏྲི་ལུགས་ཀྱི་ཚེ་གཟུངས། རྣམ་རྒྱལ་འཇོམས། དེ་བཞིན་གཤེགས་པའི་ཡིག་བརྒྱ་གང་འགྲོ། ཆ་གསུམ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག །ནཱ་རོ་ནི་གུའི་ཁྲིད། བྲག་རྫོང་དང་མགོན་པོ་གཉིས་ཀྱི་གསང་ཁྲིད། ཕྱག་དྲུག་པའི་ཁྲིད། མཁའ་སྤྱོད་མའི་ཁྲིད། གཞན་ཡང་གཤིན་རྗེའི་


GLG008_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ། ཆུ་གཏོར། དུ་རིང་མ། ཞལ་བཞི་པ་རིགས་བཞིའི་གཏེར་བསྔོ། གྲུའི་བུམ་སྲུང་། ཚེ་དཔག་མེད་མཚན་རྒྱ་རྩ་ལྷ་དགུའི་གཟུངས། ཛ་ཀིའི་གདམས་པ་འགའ་ཞིག །ཕྱག་འཚལ་ཉེར་གཅིག །བདུད་ཚར་གཅོད་པའི་སྔགས་རྣམས་ཡིན་ཞེས་གསུང་དངོས་ལས་སྩལ་པ་དག་བསྡུས་ཏེ་བྲིས་པའོ། །སྡེ་པ་འོལ་ཁ་བས་ཆེད་གཉེར་གྱིས་གདན་འདྲེན་པ་མངགས་པ་ལྟར་བྱང་ཁ་བརྒྱུད་གདན་ས་ཐེལ་ཀུན་བཟང་ནགས་ཁྲོད་ཀྱི་གནས་གཟིགས་ཞིབ་པར་གནང་། བདུད་རྩིའི་ཆུ་རྒྱུན་བསྐམས་པ་གློ་བུར་དུ་གསོས། སྤྱན་སྔ་གྲགས་པ་འབྱུང་གནས་གསུམ་པ་དང་མཇལ། དེ་ནས་འོལ་ཁ་རྩེར་ཕེབས། ས་སྐྱོང་ཨ་མོ་གྷ་རྣམ་རྒྱལ་རྡོ་རྗེ་བསྙེན་པར་རྫོགས་པའི་མཁན་པོ་མཛད་དེ་མཚན་དོན་ཡོད་རྒྱ་མཚན་བཏགས། རྫིང་ཕྱིའི་མཁན་ཐོག་ཏུ་བསྐོས་པ་ལ་གནང་སྦྱིན་དང་ཕྱག་ནས་གཏོར། སྡེ་པ་ཕུན་ཚོགས་རབ་བརྟན་གྱིས་ཐེལ་གྱི་མཆོད་གཞིས་བསྡམས་པ་ལ། སྤྱན་སྔ་གྲགས་འབྱུང་བས་དྲག་ལས་མཛད་པས། ནུབ་གཅིག་སྐུ་གཞོགས་སུ་ཡང་དཀོན་ཆོས་རྗེས་ཧར་ལངས་བྱས་པར་ཅི་བྱུང་དྲི་བ་གནང་བས། མི་ནག་པོ་གྲི་ཐོད་བཟུང་བ་ཤིན་ཏུ་ཆེ་བ་ཞིག་གིས་ཚོམས་ཆེན་སྟེང་དུ་སྒུལ་བསྐྱོད་བྱས་པས་བྲག་ཐམས་ཅད་ཞིག་འགྲོ་བ་ལྟ་བུ་བྱུང་ཞུས་པར། ང་ལ་ཡང་དེ་མཚུངས་ཤིག་བྱུང་། སྡེ་པ་ལ་ལེགས་པོ་ཡོང་མདོག་མི་ཁ་བ་འདུག་པས། རེ་ཞིག་རྒྱལ་ལ་འགྲོ་གསུངས་ཕེབས། དེ་བར་དུ་སྡེ་པ་ཕུན་ཚོགས་པ་རྦབ་ལ་ཤོར་ཏེ་གྲོངས། སྡེ་པའི་དགོངས་རྫོགས་ཀྱི་གྲལ་དབུར་གདན་དྲངས་ཏེ་ཕེབས། ཐེལ་གྱི་མཐུ་བཟློག་ཅིག་ཞུས་པར། ཞལ་གྱི་གཏོར་ཟོར་གནང་བས། དེར་རྡོ་གྲུ་གསུམ་དུ་གས། སྤྱན་སྔ་ཡང་མི་རིང་བར་གཤེགས། རིམ་གྱིས་གོང་དཀར་དུ་ཕེབས། དཔལ་གདོང་ཞེས་པ་ཆུ་བྱའི་ལོ་གསར་གྱི་


GLG008_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་རྒྱས་པར་གནང་། རྫིང་ཕྱི་མཁན་པོ་དོན་ཡོད་རྒྱ་མཚོ་དང་། དཔོན་སློབ་གཉིས་དགོངས་པ་མཐུན་པར། གོང་དཀར་ནས་ཞབས་དྲུང་ངག་དབང་བཀའ་བརྒྱུད་རྣམ་པར་རྒྱལ་བའི་ལྷ། འོལ་ཁའི་ཐུགས་ཁུར་བཞེས་པར་གདན་འདྲེན་རྩིས་ཀྱི་བཀའ་གྲོས་ནང་བཅར་གནང་སྟེ། སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས། འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་དེ་ཞག་ཤས་འབྲས་སྤུངས་སུ་བཞུགས་ངོས། འོལ་ཁའི་ཐུགས་བྲེལ་གྱི་སྟབས་ནས། གོང་དཀར་དུ་ཆིབས་ཁ་བསྒྱུར། དེ་ནས་རོང་ཆད་དཀར་གྱི་བར་ཉིན་ལམ་གཅིག་ལ་བཅད་དེ་འོལ་ཁར་ཕེབས་ཀྱང་། དཔོན་ས་དཀར་པོ་ནས་དང་། རྫིང་ཕྱིའི་ཆེ་བགྲེས་རྣམས་ཀྱིས་སྡེ་པ་ཡུལ་འཁོར་བ་གདན་དྲངས་ལ་བྱོན་ཟིན་པས་སྟབས་ཅུང་ཟད་མ་འགྲིག །དགོངས་པར་མ་ལྡན་ཏེ་རྒྱལ་དུ་ཕེབས། སྡེ་པ་ཡུལ་འཁོར་ནས་ཀྱིས་བཤགས་པ་ཙམ་ཞིག་ཕུལ་ན་འོང་རྒྱུར་འདུག་ཀྱང་། མ་མཛད་པས་དེ་ཕྱོགས་ནས་རྒྱལ་དུ་མི་ཡང་དུས། གནམ་ཅུང་ཟད་འཚུབ་པ་ཞིག་འདུག །སླར་མལ་གྲོ་བརྒྱུད། ཚལ་ཟུར་ཁང་དུ་སྨྲ་བའི་དབང་ཕྱུག་བཀྲ་ཤིས་རབ་བརྟན་གྱིས་ཞག་འགར་བསྙེན་བཀུར། འབྲས་སྤུངས་སུ་ཕེབས། ཕྱོགས་བྲལ་གྱི་གདུལ་བྱ་ལ་འདོད་ཆོས་དང་། རབ་བྱུང་བསྙེན་རྫོགས་སོགས་མང་དུ་གནང་། དངོས་པོ་ཞེས་པ་ཤིང་ཁྱིའི་ལོ་གསར་དང་སྨོན་ལམ་ཆེན་མོ་སོགས་གྲུབ་ནས་འབྲས་སྤུངས་སུ་ཕེབས། མཆོག་དམན་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པར་བཞུགས་སོ། །ཐུགས་རྗེའི་མ་ལ་ཡ་རླུང་གིས་བསྐྱོད་པ། །ལེགས་བྱས་ཚར་དུ་དངར་བའི་དྲི་བསུང་ཅན། །བསིལ་ལྡན་ལྗོངས་ཀུན་འགེངས་པའི་རྣམ་ཐར་གྱིས། །ལག་འགྲོའི་སྙིང་པོ་ཁེངས་པ་བཏང་སྟེ་འདར། །གནམ་ལྕགས་ཐོག་མདས་ཆ་ཙམ་གཞལ་མིན་པའི། །རིག་སྔགས་གྲུབ་པའི་མཐུ་སྟོབས་ཆེན་པོ་ཡིས། །ཞིང་བཅུའི་


GLG008_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སྡེ་མ་ལུས་ཚར་བཅད་ཚེ། །པད་གནུབས་རྭ་གཉན་རྣམ་ཐར་གཅིག་ཏུ་བྱས། །གཞན་ཕན་ལྷག་བསམ་ཁབ་ལེན་རྡོས། །ཕྱོགས་བྲལ་གདུལ་བྱའི་ལྕགས་ཕྱེ་ཀུན། །མ་ལུས་གཅིག་ཏུ་བསྡུ་བ་འདི། །པད་དཀར་འཛིན་པའི་ངང་ཚུལ་ཡིན། །དེ་ཡང་པཎ་ཆེན་དགེ་འདུན་གྲུབ་ཀྱིས། འགོག་རིར་གནས་བརྟན་བཅུ་དྲུག་ཞལ་གཟིགས་པའི་ཚེ། གཙང་གི་བརྒྱགས་ལྷག་ཁམས་སུ་འཁྱེར་བའི་ལུང་བསྟན་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་སེ་ཆེན་རྒྱལ་པོས། ཐོག་མར་བོད་ཁྲི་སྐོར་བཅུ་གསུམ། བར་པ་ལ་བོད་ཆོལ་ཁ་གསུམ། ཐ་མ་ལ་རྒྱའི་མི་ཡུར་ཆེན་མོ་བཅད་པ་དང་། སངས་རྒྱས་ཀྱི་འཕེལ་གདུང་གིས་ཐོག་དྲངས་པའི་ཟང་ཟིང་གི་དངོས་པོ་སྟེ། འབུལ་ཆེན་གསུམ་བྱས་པའི་ཐ་མ་ལ། གོས་ཡུག་ནག་པོ་བདུན། དེའི་རྗེས་སུ་དཀར་པོ་གཅིག་ཕུལ་བས། བླ་མའི་ཞལ་ནས། ངེད་རང་གཉིས་སྐྱེ་བ་བདུན་ཅུ་རིང་མི་འཕྲད། དེ་ནས་ཁྱོད་རྒྱལ་པོ་གསེར་གྱི་མིང་ཅན་དང་། ངེད་ཆུ་ལས་བྱས་པའི་མིང་ཅན་དུ་གྱུར་ཚེ་མཇལ་ནས་འགྲོ་དོན་རྒྱ་ཆེན་པོ་བྱེད་གསུངས་པའི་སྔོན་གྱི་ཡིག་ཚང་ཁུངས་མ་མང་པོར་ཡོད་ཅེས་རྣམ་ཐར་གྱི་ཡི་གེ་འགའ་ཞིག་ཏུ་གསལ་ལ། དེ་ཡང་སྤྲུལ་སྐུ་འཕྲེང་ཁ་བས་མཛད་པའི་རྣམ་ཐར་དུ་རྗེ་བཙུན་ས་སྐྱ་པ་ཆེན་པོའི་རྣམ་འཕྲུལ་དུ་བཤད་ཅིང་ཞལ་གྱིས་ཀྱང་བཞེས་པ་ཡིན་པར་འདུག །འཕགས་པ་རིན་པོ་ཆེ་ནི་གླང་རི་ཐང་པ་དང་སེ་སྟོན་རི་པ་སོགས་ཀྱི་སྐུའི་སྐྱེ་བ་དང་། སྐུ་ཚེ་ཕྱི་མ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་སེ་ར་བྱམས་ཆེན་ཆོས་རྗེ་སོགས་སུ་འཁྲུངས་པའི་རིམ་པ་འདུག་པ་ནས། དངོས་བསྟན་དུ་མི་འགྲིག་པར་མཆིས་ནའང་། ཐུགས་བརྒྱུད་གཅིག་པ་ལ་ངེས་པ་མེད་དེ། ས་ཆེན། ཞང་འགྲོ་བའི་མགོན་པོ། མངའ་བདག་ཉང་སོགས་ཀྱང་དུས་མཚུངས་སུ་བྱུང་བས། སྐུ་ཚེ་


GLG008_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐྱེས་རབས་མ་ཡིན་ཀྱང་། ཟླ་བ་གཅིག་ལ་ཆུ་ཟླ་གྲངས་མེད་འབྱུང་བ་ལྟར། སྤྲུལ་པ་སྣ་ཚོགས་སུ་བསྟན་པ་དག་སོ་སོར་ཞལ་གྱིས་ཞེས་པ་ལྟར་རོ། །དེ་ཡང་སྔོན་ལྕགས་ལུག་གི་ནང་དུ་ཨལ་ཐན་རྒྱལ་པོ་ཆོས་ཀྱི་སྣང་བ་ཅུང་ཟད་སྐྱེས་ཏེ། ཕྱོགས་དེར་འཛོ་དགེ་ཨ་སེང་བླ་མ་ཞེས་བྱ་བ་ཞིག་འོངས་པ་ལ། དྲི་བ་བྱས་པར། རྗེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་སོགས་ཞིབ་ཏུ་བཤད་པས། འཕྲོག་ཏུ་མེད་པའི་དད་པ་དབྱར་མཚོ་ལྟར་འཕེལ་ཏེ། བྱང་ཕྱོགས་ཀྱི་ས་ཆེན་པོར་ཕེབས་དགོས་པའི་སྙན་གསན་དུ། བློན་པོ་ན་གཙོ་བོས་ཐོག་དྲངས་གསེར་ཡིག་མངགས་པ་སྐུ་གཞོགས་སུ་འབྱོར། རྒྱལ་པོའི་ཞུ་ཡིག་དང་འབུལ་བ་རྒྱ་ཆེར་ཕུལ། དེ་དག་ལ་དམ་པའི་ཆོས་ཀྱི་བགོ་སྐལ་སྩལ། ཕྱོགས་དེའི་འཕྲིན་ལས་ཀྱིས་སྒོ་དུས་ལ་བབ་ཀྱང་། རེ་ཞིག་གསལ་ཁ་མ་གནང་བར་གོང་དཀར་དུ་ཕེབས། སྦྱིན་བདག་གྲྭ་རིགས་སོགས་ནས་སྐུ་དངོས་ཀྱིས་ཕེབས་པ་ལ་འགབ་མི་འགབ་ཀྱི་གླེང་བརྗོད་མང་དུ་བྱུང་ཡང་། གཙོ་བོར་ལྷ་གཟིགས་མིའི་དབང་པོ་ངག་དབང་གྲགས་པས། མཐའ་འཁོབ་ཀྱི་རྒྱལ་པོ་དེའི་རེ་བ་བསྐང་བ་འགབ་ཚུལ་གྱི་སྙན་འབུལ་ཞུས་པ་ལྟར་བཀའ་གྲོས་ཐུགས་ཐག་བཅད་ནས་འབྲས་སྤུངས་སུ་ཕེབས། མཆོད་ཡོན་མཚོ་ཁར་ངོས་མཇལ་གནང་བའི་གང་ཅིའི་ཞིབ་ཆ་དང་། རེ་ཞིག་བླ་མཆོད་དུ་འདུལ་བ་སློབ་དཔོན་བརྩོན་འགྲུས་བཟང་པོ་རྫོང་སྟ་མཛད། བུམ་ཆུ་གནང་བ་རྒྱལ་པོས་ཐོག་དྲངས་པའི་མི་ཁྲི་ཕྲག་གིས་བཏུངས་ཀྱང་ཟད་མི་ཤེས་པའི་རྫུ་འཕྲུལ་ངོ་མཚར་ཅན་བསྟན། ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྐུ་ཚེ་བསྲིང་ཐབས་སུ་སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པར་གཙུག་ཏོར་རྣམ་པར་རྒྱལ་མ་བཙུགས། དེ་ནས་བཟུང་སྟེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་


GLG008_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གླིང་ཞེས་གྲགས། ན་ཚོད་ལྡན་ཞེས་པ་ཤིང་ཕག་གི་ལོ་གསར་དང་སྨོན་ལམ་རྣམས་གྲུབ་ནས་འབྲས་སྤུངས་སུ་བཞུགས་སྐབས། སྡེ་པ་རིན་སྤུངས་པས་གཙང་རོང་གི་དམག་ཁྲི་ཕྲག་ཏུ་ཉེ་བ་བཏེག་ནས། སྟོད་ལུང་སྒལ་པོ་ན་གར་སྒར་ཕབས། སྒལ་བྱང་སྨོན་གསུམ་སོགས་བཅོམ། རིམ་གྱིས་སྐྱིད་ཤོད་དུ་འོངས་ནས། གཙང་ཆེན་དོན་ཡོད་རྡོ་རྗེ་ལྟ་བུའི་ཕྱོགས་ལས་རྣམ་པར་རྒྱལ་བ་ཞིག་བྱེད་རྩིས་ལ། རྗེ་ཉིད་ཀྱི་ཕྱག་གཡོག་མཐུ་སྟོབས་ཀྱི་དབང་ཕྱུག་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་སྐུ་ཞབས་ཀུན་བཟང་རྩེ་པས་མཛད་དེ་ལས་སྦྱོར་གནང་བས། སྒར་དུ་ཐོག་འཁྱུག་སོགས་བྱུང་བས། མི་ཐུབ་ཀྱང་ལྷ་མི་ཐུབ་པར་བསམ་སྟེ་ཕྱིར་བཟློག་ག །ཚུལ་འདི་ནི་ཐུགས་རྩེ་ཆོས་སྐྱོང་སྲུང་མ་ལ་གཏད་ནས་ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་མཛད་པ་འདུག་ལ་ངོས་ལྐོག་དུ་མ་ནས་དུས་འཁྲུག་གཡོ་བའི་གྱ་གྱུའི་སྣང་ཚུལ་ཅན་གྱི་དམ་པར་རློམ་པ་རྣམས་དང་འདྲ་བ་ནི་མིན་ནོ། །དེ་ནས་སྡེ་པ་རྒྱ་རི་བས་གདན་དྲངས་ཏེ་གསེར་ལ་བརྒྱུད། ཆད་དཀར་དང་། རི་སྒོར་ཕེབས། ཕྱོགས་དེར་འཁོད་པའི་སྐྱེ་བོ་མཐའ་དག་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་ཡང་དག་པར་བསྐྲུན། ཡར་ཀླུངས་སུ་སྡེ་གཟར་ཚན་ཆེ་བ་ཞིག་ལངས་ཏེ། ཆོས་རྗེ་ཞྭ་དམར་ནག་དང་། ཡར་ཀླུངས་བཙན་ཐང་དུ་ཞལ་རྒྱས་ཐོག །ཆིངས་བསྡམས་ཏེ་དུས་གཟིངས་རྣམས་ཞི་བར་མཛད། ཞྭ་ནག་གི་མཇལ་ཁ་དགོས་ཕེབས་པར། རྗེ་དབང་ཕྱུག་རྡོ་རྗེས། ངེད་ཀྱི་ཞྭ་ཁྲོམ་དང་བརྒྱ་འབུལ་མེད་པར་མཇལ་ཁ་གཏོང་སྲོལ་མེད་ཀྱང་། སྤྲུལ་སྐུ་རིན་པོ་ཆེས་ཕེབས་སྒོ་གནང་ཕྱིན་ལོས་འབུལ། ཞྭ་སྒམ་ཁྱེར་ཤོག་གསུངས། ཐོག་མར་ཀརྨ་པས་བཞེས། རྗེ་འདིས་གཟིམས་ཆུང་གི་བརྒྱ་འབུལ་མཛོད་གསུངས་གསེར་ཞོ་བརྒྱ་ཕུལ། དེ་ནས་དབུ་ཞྭ་རྗེ་


GLG008_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཕྱག་ཏུ་ཕུལ་བས། བདག་གིས་གྱོན་ན་གང་འདྲ་འོངས་གསུངས། ཞྭ་ནག་དབུའི་ཐད་ཀྱི་བར་སྣང་ལ་བཞག་པས། ཀརྨ་པ་དཔོན་སློབ་མི་ཕྱེད་པའི་དད་པ་ཐོབ་ཟེར། འདི་ལྟར་ན་ཞྭ་ནག་དེ་མཁའ་འགྲོ་མའི་སྐྲ་ལ་བཟོས་ཟེར་བ་ཡང་མི་བདེན་པའི་ངེས་པ་མི་འདུག་གོ །སྣེའུ་གདོང་རྩེར་ཞབས་དྲུང་ནོར་བུ་གླིང་དཀར་གྱིས་གུས་མཆོད་མཛད་ཅིང་། བཀའ་ཆོས་འབུལ་བ་གནང་། འཕྱོང་རྒྱས་སུ་ཞབས་དྲུང་མི་དབང་སྐུ་མཆེད་ཀྱིས་གདན་དྲངས ཆོས་དང་ཟང་ཟིང་གི་དགའ་སྟོན་རྒྱ་ཆེར་སྩལ་ཏེ། ཉང་པོ་གྲུ་བརྒྱུད་འབྲས་སྤུངས་སུ་ཕེབས། འཛིན་བྱེད་ཅེས་པ་མེ་བྱིའི་ལོ་གསར་དང་སྨོན་ལམ་གྲུབ་ནས། མལ་གྲོ་བརྒྱུད་རྒྱལ་དུ་ཕེབས། སྤྱི་ཆོས་དང་སྒོས་ཆོས་མང་དུ་གསུངས། །མགོན་ཁང་རྣམས་སུ་བསྐང་གསོ་གཏོར་གསོས་བསྙེན་སྒྲུབ་འཕྲིན་ལས་འཆོལ་བ་གནང་། ལྕང་ར། གྲུམ་མདའ། ཨོར། བང་རིམ་སོགས་དྭགས་ཀོང་ཉང་ལོང་གི་སྐྱ་སེར་མང་པོ་མཇལ་བར་ལྷགས། ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱ་ཆེར་སྩལ། རིམ་གྱིས་འོལ་ཁ་དང་རོང་ཆད་དཀར་དུ་ཕེབས། སྡེ་པས་ཐོག་དྲངས་པའི་སྐྱེ་བོ་ཀུན་ལ་འདོད་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། སྣེའུ་གདོང་རྩེར་སྡེ་སྲིད་ཀྱིས་སྤྱན་དྲངས། ལུགས་ཟུང་གི་བཀའ་མཆིད་མང་དུ་གནང་། འཕྱོང་རྒྱས་བརྒྱུད། གོང་དཀར་དུ་ཕེབས། ཟླ་ཤས་བཞུགས། ལུགས་གཉིས་ཀྱི་སྙན་སྒྲོན་སོགས་ཞིབ་པར་ཕན་ཚུན་དུ་འབུལ་རེས་མཛད་ནས་འབྲས་སྤུངས་སུ་ཕེབས། དབང་ཕྱུག་ཅེས་པ་མེ་གླང་གི་ལོ་གསར་དང་། ཆོས་སྐྱོང་མཆོད་པའི་ཆོ་ག་རྒྱས་པར་མཛད། ར་ས་འཕྲུལ་སྣང་དུ་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་སྤེལ། དེ་ནས་འབྲས་སྤུངས་སུ་ཕེབས། ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་སླར་ཡང་བཅའ་ཡིག་གནང་། སྡེ་པ་རྒྱ་རི་བས་


GLG008_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དྲངས་ནས་རི་སྒོར་ཕེབས། མཆོག་དམན་མཐའ་དག་དགེ་བའི་ལམ་ལ་བཀོད། འདིའི་སྐབས། ཁོ་བོའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་དེ་ཉིད་ཀྱིས་ཀྱང་རབ་ཏུ་བྱུང་བ་གནང་། རྗེ་དེ་ལ་ཐུགས་རྗེ་ཆེན་པོ་ཉེ་བརྒྱུད་དང་འདོད་ཁམས་དབང་ཕྱུག་མའི་རྗེས་གནང་ཐུན་མོང་མ་ཡིན་པ། དཔལ་ལྷ་མོའི་རྗེས་གནང་ཉེ་བརྒྱུད། ཚེ་དབང་ཉེ་བརྒྱུད་སོགས་ཐུན་མོང་མ་ཡིན་པའི་ཟབ་ཆོས་དུ་མ་དགྱེས་བཞིན་དུ་སྩལ། དེ་དུས་གྲྭ་རྐྱང་ལས་སྤྲོས་པའི་མིང་ཆེ་བ་ཞིག་མི་འདུག་ཀྱང་། ཕྱིས་སུ་བསྟན་པ་སྤྱི་སྒོས་མཐའ་དག་གི་སྲོག་ཤིང་དམ་པར་འགྱུར་པ་དང་། ཁྱད་པར་རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་ཆོས་རྣམས་གཅམ་བུ་ཙམ་མིན་པར་འཕྲུལ་མེད་ཀྱི་ཆོས་རྒྱུན་འཛིན་ངེས་པར་དགོངས་ཏེ། དོན་གྱི་བསྟན་པ་གཏད་པར་གོར་མ་ཆག་གོ །ཚུར་ལམ་རྒྱལ་དང་འོལ་ཁར་ཕེབས། དཔལ་ལྡན་ལྷ་མོས་བསྟོད་ཅིང་འཕྲིན་ལས་གཅོལ་བ་དངོས་གྲུབ་རྒྱ་མཚོ་དང་། གུར་གྱི་གཏོར་འབུལ་ཐུགས་རྩོམ་གནང་། སླར་འབྲས་སྤུངས་སུ་ཕེབས་ཐོག་ཨལ་ཐན་རྒྱལ་པོས་ཁོང་རང་མཚོ་ཁ་ཕྱོགས་སུ་འབྱོར་རྩིས་སོགས་གནས་ཚུལ་འབུལ་བ་དང་། གདན་འདྲེན་པ་སྐྱར་མ་སླེབས། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྨོན་ལམ་སྔ་བསྣུར་གནང་། སྐུ་མདུན་ཆོས་མཛད་པ་ཆོས་བཟང་འཕྲིན་ལས་ཀྱིས་དོ་དམ་མཛད་དེ། ནས་ཀྱི་ཕུང་པོ་རྡོ་རིང་དང་མཉམ་པ་སྤུངས་ནས། ནས་འགྱེད་བཏང་། སླར་འབྲས་སྤུངས་སུ་ཕེབས། གཞི་བྱེས་ཀྱི་བསླབ་སྟོན་གྲབས་ཡུལ་སོགས་གནང་། ཧོར་ཟླ་བཅུ་གཅིག་པའི་ཉེར་དྲུག་ལ་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར། རྟེན་འབྲེལ་གྱི་སྟབས་ནས་དཔལ་འབྱོར་ལྷུན་པོར་བཞུགས་སྒར་བསྒྲིགས། སྐུ་ཞང་རིན་པོ་ཆེ་གདན་འདྲེན་དུ་ཕེབས་ནས། ཛྷཻ་ཀྵིཾ་ལས་གྲུབ་པའི་དབང་གི་སྲས་


GLG008_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་ཚེ་ཆུ་དང་ལྷན་དུ་གཏེར་ནས་བྱོན་པའི་ཁྱད་འཕགས། འུག་བྱ་ལུང་ནས་ཀུན་བཟང་རྩེར་འབྱོར་བའི་པདྨ་ཀཱི་ལ་ཡ་དེ་ཕྱག་ཏུ་ཕུལ་བས་འཕྲིན་ལས་ཀྱི་རྟེན་འབྲེལ་དང་། ལྕགས་ཀྱི་བསྙེན་ཕུར་ཐང་ཅིག་དོར་བ། ར་རྫིས་རྙེད་དེ་ཕུར་རྩེ་གཏད་ནས་ར་ལུག་རྣམས་བརྩིས་པས་སྣ་ཁྲག་ཕྲུལ་ལེ་ཤི་བའི་ཁྱད་ཅན་དེ་ཡང་མགུལ་ཕུར་དུ་ཕུལ་བས། བདུད་སྡེའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་འགྲིག །དེ་ནས་དགའ་ལྡན་ཁང་གསར་དུ་ཕེབས། དྲག་པོའི་ཆས་སུ་ཞུགས་ཏེ་སྦྱིན་སྲེག་བླུག །ས་སྐྱོང་བཀྲ་ཤིས་རབ་བརྟན་ཉིད་ཀྱིས་རིན་ཅེན་རྒྱན་ཆ་སྤྲད། སྤོས་ཕོར་དང་བཅས་ཏེ། འོང་སྟོད་ཞིང་ཁར་གདན་དྲངས། ཁྲོམ་ཁྲི་ཕྲག་ལ་ཚེ་དབང་གནང་། ལྷ་ས་དང་ར་མོ་ཆེའི་མཆོད་ཁང་རྣམས་མཇལ་ནས་བསྟན་པ་རྒྱས་པ་དང་བཞེད་དོན་འགྲུབ་པའི་སྨོན་ལམ་མཛད། ཚལ་ཟུར་ཁང་དུ་ཕེབས། ཚལ་གུང་གི་རྟེན་མཇལ་དང་། ཡེ་ཤེས་ཀྱི་མགོན་པོ་ལ་འཕྲིན་ལས་བཅོལ། བདེ་ཆེན་དང་བྲག་དཀར་རྣམས་བརྒྱུད། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། དངུལ་གདུང་རིན་པོ་ཆེ་མཇལ་ཞིང་སྨོན་ལམ་མཛད། རིམ་གྱིས་འཕན་ཡུལ་གཞུང་བརྒྱུད། བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས། བསྟན་པའི་ཆུ་མིག་རིང་མོ་གློ་བུར་དུ་རྒྱས། ཇོ་བོ་འཇམ་དཔལ་རྡོ་རྗེ་དང་ཇོ་བོའི་གདུང་རྟེན་གྱིས་གཙོས་པའི་རྟེན་རྣམས་མཇལ་ཞིང་སྨོན་ལམ་མཛད། མི་གཡོ་བའི་སྐུ་ཐང་ཞིག་སྐུ་དཔུང་གཡས་ཀྱི་སྟེང་དུ་བབ། སྐྱ་སེར་ཀྱི་ཁྲོམ་ཆེ་བ་ལ་སྙིང་པོ་དོན་གསུམ་གནང་། སྐུ་མདུན་ཆོས་མཛད་པས་གསོལ་འདེབས་ཤིག་ཞུས་པར། དཔལ་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །འབྲོམ་རྒྱལ་བའི་འབྱུང་གནས་བླ་མའི་ཞབས། །ལྷ་ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་གཙོ། །རྗེ་མཐོང་བ་དོན་ལྡན་ལ་ཕྱག་འཚལ། དུས་སྙིགས་མའི་


GLG008_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡོངས་ཀྱི་མགོན། །གཏན་སྐྱབས་ཀྱི་དམ་པ་སྤྲུལ་པའི་སྐུ། ཁྱེད་སྙིང་ནས་དྲན་པའི་གསོལ་འདེབས་ན། །ཚེ་འདི་དང་ཕྱི་མའི་གནས་སྐབས་སུ། །དོན་བསམ་པ་ཐམས་ཅད་འགྲུབ་པ་དང་། །རྐྱེན་ཕྱི་ནང་གི་བར་གཅོད་ཞི་བར་ཤོག །ཅེས་དང་། གཞན་ཡང་ལུགས་གཉིས་ཀྱི་བསླབ་བྱའི་ཞལ་གདམས་མང་དུ་གནང་ཞིང་ལྷག་པར་ཚིགས་སུ་བཅད་པ། དཔལ་མར་མེ་མཛད་དཔལ་ཡེ་ཤེས་ཞབས། །ཡབ་རྒྱལ་བའི་འབྱུང་གནས་སྐུ་མཆེད་གསུམ། །རྗེ་བློ་བཟང་རྒྱལ་བ་གཉིས་པ་ལ། །སྙིང་ཐག་པས་ཕྱག་འཚལ་བྱིན་གྱིས་རློབས། །མི་བདག་གི་རྗེས་འཇུག་དད་ཅན་ལ། །ཐུགས་བརྩེ་བས་རྗེས་སུ་འཛིན་དུ་གསོལ། ལར་རྙེད་དཀའི་དལ་འབྱོར་མི་ལུས་ཐོབ། །རྗེ་སངས་རྒྱས་བསྟན་དང་མཇལ་དུས་སུ། །རང་སྒོ་གསུམ་བླ་མའི་ཞབས་ཏོག་ལ། །སྙིང་རུས་པའི་ཁོང་ནས་བླངས་བྱས་པ། །དེ་དོན་ལྡན་ཡིན་པས་དཔེར་བྱེད་ན། །འབྲོམ་རྒྱལ་བའི་འབྱུང་གནས་ཡབ་སྲས་དང་། །རྗེ་མི་ལ་སོགས་ཀྱི་དོན་གཉིས་འགྲུབ། །ད་དུས་ཀྱི་དབང་གིས་དེ་བཞིན་དུ། །དཔེ་ཇི་ལྟར་བ་བཞིན་མ་འགྲུབ་ཀྱང་། །བཀའ་ཚུལ་བཞིན་བསྒྲུབ་པ་ལྷུར་བླངས་ན། །ཚེ་ཕྱི་མ་ཕན་ཆད་བདེ་བའི་ཐབས། །རྒྱུ་འབྲས་བུའི་རྟེན་འབྲེལ་བསླུ་མེད་ཕྱིར། །ལར་ཕན་དང་བདེ་བའི་གཞི་མ་སྟེ། །དོན་དེ་ལྟར་སེམས་ལ་བཞག་འཚལ་ལོ། །ངེད་སོག་པོའི་རྒྱལ་པོས་སྤྱན་དྲངས་ནས། །ཡུལ་མཐའ་འཁོབ་གནས་སུ་འགྲོ་ཤར་ཡང་། །དུས་མི་འགྱངས་བཞིན་དུ་འཁོར་བགྱིད་པས། །ད་བར་དུ་སེམས་ལ་བཞག་བྱ་ནི། །གནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ། །གཞིས་དགའ་ལྡན་ཕོ་བྲང་འཁོར་བཅས་ཀྱི། །དོན་འཛིན་འབྲས་ལེ་བར་མ་ཤོར་ཞིང་། །རང་རྒྱུ་འབྲས་ཆོས་ལ་ཡིད་ཆེས་དང་། །ལས་དགེ་བའི་ཕྱོགས་ལ་འབད་ཀྱང་འཚལ། །དུས་


GLG008_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ལྔ་བདོའི་སེམས་ཅན་ལ། །ལས་གོམས་པའི་དབང་གིས་ཆགས་སྡང་མེས། རང་རྒྱུད་ཀྱི་བུད་ཤིང་སྲེག་པར་བྱེད། །དེ་སྣང་ཚུལ་བལྟས་ན་དོན་གྱིས་སྟོང་། །གཞི་ཆགས་སྡང་གི་རྟོག་པ་མགོ་སྙོམས་ལས། །དོན་ཁ་ཞེ་མེད་པར་བླ་མ་ཡི། །ཞབས་སྤྱི་བོའི་གཙུག་དུ་ལེན་པ་དང་། །སྐྱབས་དཀོན་ཅོག་གསུམ་ལ་བློ་ཕུགས་གཏོད། །རྗེ་མཚན་ལྡན་བླ་མས་བཀའ་བསྒོས་པའི། །ཆོས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན། །དུས་རྟག་ཏུ་གསོལ་ཞིང་མཆོད་པ་ལ། །ཡིད་ལེ་ལོར་མ་འཇོག་བརྩོན་པར་གྱིས། །དོན་དེ་ལྟར་ཡིད་ལ་ལེགས་བཞག་ནས། །ངག་གང་སྨྲས་བདེན་པར་བཟུང་བྱས་ན། དུས་འདི་ནས་མ་འོངས་ཚེ་རབས་སུ། །འབྲལ་མེད་ཀྱི་སྨོན་ལམ་སྙིང་ལ་འགྲོགས། །དཔལ་འཆི་མེད་ཀྱི་གོ་འཕང་ཐོབ་པའི་ཚེ། །ངག་ཐོག་མའི་བདུད་རྩིའི་སྦྱིན་པར་བྱ། །ཚུལ་འདི་ནི་དགེ་སློང་སྤོང་བ་པ། །མིང་བསོད་ནམས་རྒྱ་མཚོ་དཔལ་བཟང་པོས། །རྗེ་རྒྱལ་བ་རྣམས་ཀྱིས་བྱིན་རླབས་པའི། །གནས་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ། །གཏམ་སྙན་པའི་ཚིག་འཕྲེང་ཡི་གེར་བཀོད། །དུས་མི་འགྱངས་མྱུར་དུ་འཕྲད་པས་ན། །ཡིད་གདུང་བ་དྲག་པོས་གསོལ་བ་ཐོབ། །འབྲལ་མེད་དུ་རྗེས་སུ་འཛིན་པས་དགེ །ཞེས་མ་འོངས་པ་ན་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། འཁོར་གྱི་ཐོག་མར་སྐྱེ་བའི་ཞལ་བཞེས་གནང་། དེ་ནས་ཕེབས་སྐྱེལ་དུ་བྱོན་པའི་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། སེར་འབྲས་ཀྱི་སློབ་དཔོན་རིན་པོ་ཆེ་བོད་མཁར་བ། གཙང་པ་པཎ་ཆེན་རིག་པ་སེང་གེ །དབེན་པ་སངས་རྒྱས་ཡེ་ཤེས། སློབ་དཔོན་བཀྲས་རིན་པ། རྒྱལ་ནས་སྒར་པ་སློབ་དཔོན་ནམ་མཁའ་བྱམས་པ་སོགས་མདོར་ན། ཨེ་དྭགས། ཡར་ཀླུངས་ཕྱོགས་ཀྱི་མཁན་སློབ་མང་པོ། རྩེ་གོང་དཀར་གྱི་སྐུ་ཚབ། སྡེ་ཕྲན་མང་པོའི་ངོ་ཚབ་དང་། ས་སྐྱོང་བཀྲ་ཤིས་རབ་བརྟན་འཁོར་


GLG008_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་སོགས་ཕལ་ཆེར་དེ་ཁ་ནས་ལོག་རྩིས་ཀྱིས་གསུང་གླེང་གནང་སྦྱིན་མཛད། རྭ་སྒྲེང་ནས་ཆིབས་ཐོག་ཏུ་འཁྱོན་ཐོག །ས་སྐྱོང་བཀྲ་ཤིས་པས་ཆིབས་ཡོབ་ལ་འཇུས་ནས། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །ཅེས་ཚིག་རྐང་གཉིས་འཕྲལ་རྩོམ་མཛད་ཐོག །མཆི་མས་བརྣངས་ཏེ་གསུང་རྒྱུ་མ་བྱུང་བས། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་ཆིབས་ཐོག་ནས་གནང་ངོ་། །རིམ་གྱིས་དཔོན་སློབ་རྣམས་འདམ་ཀོ་ཁྱིམ་དུ་ཕེབས། སྐུ་མདུན་ཆོས་མཛད་པར་ཛྷཻ་ཀྵི་ཾལས་གྲུབ་པའི་སྟོན་པའི་སྐུ་ཇོ་བོ་རིན་པོ་ཆེའི་བཟོ་ཕུད་དུ་གྲགས་པ་དེ་དང་གསེར་རྡོག་པོ་ཆེན་པོ་ཞིག་གནང་སྟེ། བསླབ་སྟོན་མང་དུ་མཛད། ཕྱིས་གསེར་དེ་ཕྱག་མཛོད་ས་སྐྱོང་བ་བསོད་ནམས་རབ་བརྟན་གྱིས། མེ་སྟག་ལོ་ལྷ་བཟོ་བ་སྤྲུལ་སྐུ་དགོས་སྐྱེས་ཀྱིས་བྱས་ཏེ་སངས་རྒྱས་སུམ་ཅུ་སོ་ལྔའི་གསེར་ཐང་བཞེངས་པའི་སྐུ་རྒྱུ་ལ་གཏོང་བ་མཛད། སྨན་ཐང་ནས་ལ་གཉན་མགོན་འཁོར་མང་གི་ཞལ་ཐང་གཟབས་བྲིས་བྱེད་རྒྱུའི་བསླབ་སྟོན་གནང་། ཐང་ཁ་བར་སྐབས་སུ་འཁྱར་བ་ད་ལྟ་དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་མགོན་ཁང་ན་ཡོད །ལྷ་བཙུན་བསོད་ནམས་དཔལ་བཟང་། རིན་པོ་ཆེ་ཀུན་བཟང་རྩེ་པ་མ་ཆེན། སྐུ་མདུན་ཆོས་མཛད་པ། སྨན་ཐང་ནས་བློ་བཟང་པ་རྣམས་ཕྱིར་ལོག །ཧོར་སྟོད་པ་ལྷས་བསྲུངས་དང་། སྨད་པ་ཀརྨ་དཔལ་སོགས་ཕྱོགས་དེའི་འབྲོག་སྡེ་རྣམས་ཀྱིས་ཟང་ཟིང་གི་བསྙེན་བཀུར་བགྱིས་པ་རྣམས་རྫོགས་བྱང་དུ་བསྔོས། རིམ་གྱིས་ཕེབས་པ་ན་ཉིན་གཅིག་བདུད་ཀྱི་བར་དུ་གཅོད་པའི་རྣམ་པས། འབྲོང་གཡག་འཇིགས་སུ་རུང་བ་ཞིག་བཞུགས་སྒར་གྱི་དབུས་སུ་བརྒྱུགས་པ།


GLG008_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སྣང་ལ་ཞལ་བྲམ་ཟེའི་གཟུགས་ཅན་རལ་གྲི་ཐོགས་པ་ཞིག་གིས་དེ་བསྒྲལ་བ་བྱུང་། དཔལ་མགོན་བྲམ་ཟེའི་གཟུགས་ཅན་ལ་མཆོད་གཏོར་འབུལ་བའི་རིམ་པ་ཐུགས་རྩོམ་མཛད། འབྲུ་མང་ཞེས་པ་ས་སྟག་གི་ལོ་གསར་རྒྱས་པར་གནང་སྟེ་ཕེབས་པ་ན། ལྷ་འདྲེའི་ཆོ་འཕྲུལ་གྱིས་འབྲི་ཆུ་གློ་བུར་དུ་འཁྲུགས་ཤིང་གཡོ་བས་ཕན་ཚུན་དུ་བགྲོད་དཀའ་པ་ལ། ཁྲོ་བོའི་ལྟ་སྟངས་དང་སྡིགས་མཛུབ་མཛད་པ་ཙམ་གྱིས་མི་ཕྱུགས་མཐའ་དག་བདེ་བར་བགྲོད་ཆོག་པ་བྱུང་། དགུན་དཔྱིད་ཀྱི་གྲང་བའི་ངད་ཐམས་ཅད་རིང་དུ་དོར་ཏེ། དབྱར་སྟོན་གྱི་མཚམས་ལྟ་བུའི་གྲང་དྲོ་སྙོམས་པའི་གྲུབ་པའི་མཚན་མ་བསྟན། རིམ་གྱིས་ཉིན་ལམ་དུ་མ་འདས་པ་ན། བྲག་རི་ཆེན་པོ་དུང་གི་དབྱིབས་སུ་འདྲ་བའི་ལོགས་ཤིག་ནས། ནོར་གཏེར་ལ་ཁྱད་དུ་འཕགས་པའི་དུང་དཀར་གཡས་འཁྱིལ་ཤིན་ཏུ་ཆེ་བ་སྙིམ་པ་ཁ་སྦྱར་ཙམ་ཞིག་གཏེར་ནས་བཞེས། སྙན་པའི་གྲགས་པས་ནོར་འཛིན་གྱི་ཁྱོན་ཐམས་ཅད་ཁྱབ་པའི་རྟེན་འབྲེལ་དུ་འདུག །ཇོ་བོ་སྒྱོགས་ཆེན་གདོང་ར་ཞེས་པའི་ལྷ་མཐུ་པོ་ཆེ་དེ། དེའི་སྲུང་མར་འདུག་པའི་སྟབས་ཀྱིས་ལུས་དངོས་སུ་བསྟན་ནས། མཐུན་རྫས་ཞུ་ཟེར་བ་བཞིན་གནང་སྟེ་དམ་ལ་བཏགས། ཉ་མཚོ་སྟོད་དུ་ཕེབས། དགོན་པས་གཙོས་པའི་སྐྱ་སེར་གྱི་ཁྲོམ་ཆེན་པོ་ཚོགས་ཏེ། གསེར་སྲང་སྟོང་ཕྲག་གསུམ་ཙམ་གྱིས་གཙོས་པའི་ཟང་ཟིང་གི་འབུལ་བ་རྒྱ་ཆེར་ཕུལ། བླ་མའི་རྣལ་འབྱོར། ཡི་གེ་དྲུག་པའི་བཟླས་ལུང་། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་ཏུ་ཉེ་བ་སོགས་གནང་སྟེ་ཀུན་ཀྱང་ཐར་པའི་ལམ་ལ་བཀོད། བཞུགས་ཁྲིའི་རྒྱབ་ཡོལ་གྱི་རྡོ་ལ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྐུ་རང་བྱོན་དང་ཆིབས་པ་གཡང་འཛིན་གྱི་དབྱིབས་གསལ་བར་བྱུང་། དེ་ནས་རྨ་ཆུའི་འགྲམ་དུ་བཞུགས་སྒར་ཕེབས་པ་ན། ཚུར་མཐོང་གི་སྐྱེ་བོ་རྣམས། ཆུ་འདི་ཧ་ཅང་ཆེ་བས་རེ་ཞིག་སྒྲོལ་བར་མི་ནུས་སོ། །


GLG008_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲ་བ་ལ། སང་ནམ་ལངས་ཏེ་བལྟས་ཙ་ན་དོང་པུས་ནུབ་ཙམ་ལས་མི་འདུག་པས་ཐམས་ཅད་སྨྲ་མི་ཤེས་པའི་ཡ་མཚན་དུ་གྱུར། རིམ་གྱིས་ཕེབས་པས་བོད་འབྲོག་གིས་དབེན་པའི་ཐང་ཆེན་པོ་ཞིག་ཏུ། ཇུ་ཐིག་གི་ཐི་གུ་ག་ཤར་བརྒྱུས་པའི་རྟ་པ་བཞི་ཙམ་ཞིག །བག་ཚ་བ་དང་ཡ་ང་བ་མེད་པར་འོངས་ཏེ། མགྲོན་གཉེར་སོགས་མ་བརྒྱུད་པར། ངེད་ཚོའི་དབོན་པོ་མཇལ་བར་ཡོང་ཚུལ་སོགས་ཞུས་སོང་བས། བཀའ་བཞེས་གནང་ཞིང་། ཕྱག་མཛོད་པ་སོགས་དེར་འཁོད་ཕལ་ཆེ་བ་བློ་མ་རངས་པ་ཞིག་བྱུང་། ཚ་ཁད་གཅིག་ཕེབས་པ་ན། རྟ་པ་ཉིས་བརྒྱ་སྐོར་ཞིག་བྱུང་བའི་དབུས་ནས། གཙོ་བོ་བོན་ཞྭ་གྱོན་པ་ཞིག་གིས་རྟ་ལས་བབས་ཏེ། ཕྱག་བཙལ་ནས་ད་རིང་ངེད་ཀྱིས་བསྙེན་བཀུར་ཞུ་ཟེར། ཆུ་ཚོད་གཉིས་ཙམ་ཐེགས་པའི་སར། བཟའ་བཏུང་གི་བྱེ་བྲག་མང་པོ་སྟ་གོན་བྱས་འདུག་ཅིང་། བསྙེན་བཀུར་བསྟབ། སྒམ་གཉིས་སྒོ་ལྕགས་བཅུག་པ་ལྡེ་མིག་དང་བཅས་པའི་སྟེང་དུ། དར་དཀར་པོ་བཞག་པ་ཞིག་ཕུལ་ཏེ། སྤྱན་རས་གཟིགས་ཀྱི་རྗེས་གནང་ཞུས། དེ་ནི་རྨ་ཆེན་སྤོམ་ར་དངོས་སུ་བསུ་བ་ལ་འོངས་པར་འདུག་ཀྱང་། འགའ་ཞིག་ལ་ཅི་ཡིན་སྙམ་པའི་ཐེ་ཚོམ་དང་། ལ་ལར་རྣམ་པར་རྟོག་པ་ཙམ་ཡང་མ་བྱུང་། དམར་ནག་ཅེས་པའི་ཆུ་ཀླུང་ཆེན་པོའི་ངོགས་སུ། དགེར་རྒྱས་དཔོན་གྱིས་འོངས་ཏེ་བསྙེན་བཀུར་ཞུས། དེ་ཉིད་ལས་བསྒྲལ་ཏེ་ཉིན་ལམ་ཁ་ཤས་ན། ཨག་ཆེན་ཐང་ནས་སོག་པོ་མང་པོ་ལྷགས་ཏེ་རྔ་མོང་ལ་ཁལ་བཀལ་བའི་བཟའ་བ་དང་བཅའ་བའི་བྱེ་བྲག་དུ་མ་ཕུལ། བཞུགས་སྐར་གྱི་སྤྱད་པ་ཕལ་ཆེར་འགོ་མི་དང་བཅས་སོག་པོ་དེ་རྣམས་ཀྱིས་དྲངས་ཏེ་ཨག་ཆེན་ཐང་བརྒྱུད་ཕྱིར་བཏང་། དཔོན་སློབ་རྣམས་བར་ལམ་བདེ་བ་ཞིག་ལ་རིམ་གྱི་ཕེབས་པ་ན། རྨ་ཆེན་སྤོམ་རའི་བརྒྱུད་དུ་གྲགས་པའི་དཔོན་སངས་རྒྱས་སྐྱབས་གཡོག་


GLG008_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་གཞན་ཡང་སྐྱེ་བོའི་ཚོགས་དུ་མ་དག་བཅས་ཏེ་བསུ་བ་ལ་འོངས། དཔོན་གྱིས་ཡེ་ཤེས་ཀྱི་སྤྱན་དངོས་སུ་མཐོང་། གོང་དཀར་ནས་ཞབས་དྲུང་ངག་དབང་གྲགས་པས། ཀུན་བཟང་རྩེ་ནས་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཐུགས་སྲས་ལ། ཁྱེད་ཕྱགས་ཕྱིར་བཅར་པས་ཞོར་ལ་འགྲོ་བ་འདུག་གསུངས་ནས་སྤོམ་རའི་གསོལ་ཆས། དར་ཆེན་སོགས་བསྐུར་བ་འབུལ་བ་ལ་བླ་རི་དེའི་རྩེར་ཆེད་གཉེར་གྱིས་ཕེབས། དེ་ནུབ་བཞུགས་སྒར་དུ་སེར་དྲག་ཆེན་པོ་བབ་པར། གཟིམས་གུར་ཅུང་ཟད་ཙམ་ཡང་མ་སྦངས་ལ། གཞན་རྣམས་སྦངས་པ། ཁྱད་པར་ཕྱག་མཛོད་ཀྱི་སྐོར་སྦངས་ཆེ་བ་བྱུང་བས། ཅི་ཡིན་ཞུས་པར། ཁ་སང་སྤོམ་ར་ངོས་ཀྱི་བྱུང་དུས། བརྙས་ཆོས་བྱས་པའི་གདབ་ལན་ཡིན་པར་འདུག་གསུང་། ཉིན་ལམ་ཁ་ཤས་བགྲོད་པའི་སར། ནུབ་ཅིག །ལྗོན་པའི་རྒྱལ་པོ་རྟ་མགོ་ཅན་བྱུང་སྟེ། བསུ་བ་ལ་འོངས་པ་ཡིན་ཞེས་གུས་འདུད་བྱས། དེ་ནས་ཉིན་ལམ་གཉིས་ཙམ་འདས་པ་ན། ནུབ་ཅིག །སོག་པོའི་ལྷ་འདྲེ་རྔ་མོང་རྟ་བྱི་ལ་སོགས་ཀྱི་མགོ་བརྙན་ཅན་མང་པོ་ཞིག་ཆོས་སྐྱོང་བེག་ཙེས་ཁྲིད་ནས་འོངས་པ་དམ་ལ་བཏགས་ཏེ་ཆོས་བྱེད་རྣམས་ལ་བར་ཆད་མི་བྱེད་པའི་བྲོ་བོར། སང་ཉིན་ཡོང་ཤ་བུའི་བར་གུ་ཐའི་ཇི། ཁ་ཐན་བཱ་ཐུར། མཐུ་མེད་ཀྱི་མ་ཟིན་པཀྵི་རྣམས་ཀྱིས་གཙོས་པའི་རྟ་པ་བརྒྱད་བརྒྱ་སྐོར་རྒྱལ་པོས་གདན་འདྲེན་གྱི་དང་པོར་མངགས་པ་འབྱོར། གོས་དར་དང་། རིན་པོ་ཆེའི་རིགས་སོགས་ཟང་ཟིང་གི་འབྱོར་པ་དཔག་ཏུ་མེད་པ་ཕུལ། འོན་ཀྱང་རྒྱལ་རིགས་དེ་དག་རྒྱལ་པོ་ཆེན་པོའི་ལུང་གིས་འོངས་པ་ཙམ་མ་གཏོགས། མཐའ་འཁོབ་ཀྱི་མི། བླ་མ་དང་ཆོས་ལ་སོམ་ཉི་ཟ་བ་ཞིག་ཡོད་འདུག་པར། དེ་དག་གི་བསམ་པ་མཁྱེན་ནས་འདུལ་བའི་སླད་དུ། ཕུ་ཆུ་ཞིག་ལ་སྡིགས་མཛུབ་མཛད་པས་ཅུང་ཟད་གྱེན་དུ་བཟློག་པའི་རྫུ་འཕྲུལ་


GLG008_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས། མི་ལྡོག་པའི་དད་པ་བརྟན་པོ་ཐོབ། རིམ་གྱིས་ཨ་རིག་དཀར་པོ་ཐང་དུ་བཞུགས་སྒར་བཏེག་སྐབས། རྟ་སྟོང་ཕྲག་དང་ཕྱུགས་ཁྲི་ཚོ་ཉེ་བའི་འབུལ་བ་ཕུལ། འཇའ་འོད་ཀྱི་གུར་དང་ལྷའི་མེ་ཏོག་གི་ཆར་བབ། སྐྱེ་བོ་མཐའ་དག་ལ་ཐར་པའི་ས་བོན་བསྐྲུན་ཏེ། ཧང་ངེ་ཞེས་པའི་ཡུལ་གྲུར། ཕུན་ཚོགས་རྣམ་རྒྱལ་གླིང་འདུས་སྡེ་དང་བཅས་པ་གསར་དུ་བསྐྲུན་པའི་རབ་ཏུ་གནས་པ་མཛད། དེར་དགོན་པའི་ཞལ་བཀོད་གནང་བའི་སྐབས། གདན་འདྲེན་གཉིས་པར་འུར་བསྡུས་རྒྱལ་རིགས་སེ་ཆེན་ཧོང་ཐའི་ཇི་དང་། མཐུ་མེད་ཀྱི་རྒྱལ་རིགས། ད་ཡན་ནོ་ཡོན་གྱིས་གཙོས་པའི་རྟ་པ་སྟོང་ཕྲག་གསུམ་ཙམ། གསེར་དངུལ་གོས་དར། རྟ་སྒ་སྲབ་ཀྱིས་བརྒྱན་པ་སོགས་ཕྱག་རྟེན་ཁྱེར་ནས་གདན་འདྲེན་བསྐྱར་མར་སླེབས། ཧོང་ཐའི་ཇིས། ཐུགས་རྗེ་ཆེན་པོ་ཕྱག་བཞི་པར་མཐོང་། དེར་ཚོགས་པ་རྣམས་ལ་འདོད་ཆོས་སྩལ། ནག་པ་ཟླ་བའི་ནང་དུ། ཨས་དཔལ་ནོ་ཡོན་གྱི་སྡེར་ཕེབས། མགོན་པོ་ཞལ་གྱི་མཆོད་གཏོར་རྒྱས་པར་མཛད། དེ་ལ་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་འདོད་ཆོས་མང་དུ་གནང་། ཁང་པ་ཀ་དྲུག་མ་ཙམ་གྱི་རྒྱ་གུར་གྱི་ནང་དུ་དར་ཟབ་རིན་པོ་ཆེ་སོགས་ཀྱིས་བཀང་བ་དང་རྟ་སྒ་སྲབ་དང་བཅས་པ་སྟོང་ཕྲག་ཙམ་སྤུ་ནག་ལུག་སོགས་བགྲང་བ་ལས་འདས་པ་དང་། དེ་དག་གི་དོ་དམ་པ་དུང་ཆེན་བཅུ་ཕྲག་ཙམ་ཕུལ། གདན་འདྲེན་གསུམ་པར་ཉི་མ་གསུམ་གྱི་རིང་ཉིན་རེ་བཞིན། ཇོ་རོག་ཐུ་ཐའི་ཇི། ཆིང་བཱ་དུར་སོགས་རྟ་པ་སུམ་བརྒྱ་སྐོར་འབྱོར། ཟང་ཟིང་གི་དངོས་པོ་དཔག་ཏུ་མེད་པ་ཁྱེར་འོངས། བཞུགས་སྒར་རིམ་གྱིས་བཏེག་ནས་གདུགས་གསུམ་བཞི་ཙམ་སོང་བ་ན། རྒྱ་ནག་ནས་ཟིན་གུ་ཤྲི་རྟ་པ་བརྒྱ་ཕྲག་དང་བཅས་ཏེ་བསུ་བ་ལ་འོངས། རྒྱ་ལུགས་ཀྱི་རྩེད་སྣ་དང་འབུལ་བ་སོགས་མང་དུ་བྱས། དེར་


GLG008_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མེད་པའི་མཚོ་ཆེན་པོ་ཞིག་གསར་དུ་ཆགས། སང་ཉིན་སྔར་རྫོང་སྟ་གནང་བའི་ཆོས་རྗེ་བརྩོན་འགྲུས་བཟང་པོ་དང་། ལོ་ཙཱ་བ་གུ་ཤྲི་པཀྵི་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་སྐོར། རྒྱལ་པོའི་གམ་ནས་བསུ་བ་ལ་འབྱོར། རིམ་གྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན། སྐྱ་དར། རྒྱ་གླིང་། ལས་ཚན་གོ་རིམ་སོགས། གོང་མ་རྒྱལ་པོའི་བླ་མ་ལ་འོས་པའི་ཆེ་བ་དང་བཅས་ཏེ། ཡོན་ཏན། རིགས། སྟོབས་སོགས་ཀྱིས་མངོན་པར་མཐོ་བའི་དྲུང་འཁོར་རྣམས་ལས་ཚན་འདིའི་རྗེས་སུ་འདི་འགྲོ་སོགས། ཡིད་ལ་གང་དྲན་བྱས་པ་མ་ཡིན་པའི་ཡ་རབས་ཁུངས་བཙུན་གྱི་སྒྲིགས་བཅའ་བསྟར་དང་ལྡན་པའི་ཆིབས་རགས། གླང་པོ་ཆེ་ས་ལ་རབ་བརྟན་འཆི་མེད་དབང་པོའི་ཁྲུས་ཀྱི་རྫིང་བུར་དལ་གྱིས་རྒྱུ་བ་ལྟར་གཤེགས་པའི་གཡས་གཡོན་དང་རྒྱབ་རྣམས་སུ། རྒྱ་དང་སོག་པོ་སྐྱ་སེར་གྱི་རྟ་པ་སྟོང་ཕྲག་མང་པོས་ས་གཞི་མཐའ་དག་གཡོགས་པ་ལྟར་བསྐོར་ཏེ། ཚ་ཁད་གཅིག་ཙམ་ཕེབས་པ་ན། ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་རྩོད་དུས་ཀྱི་འཁོར་ལོས་སྒྱུར་བ། ཨལ་ཐན་རྒྱལ་པོ་ཉིད། མཐའ་འཁོབ་མུན་པའི་གླིང་དཀར་པོར་བྱས་པའི་བརྡ་ཆད་དུ། གོས་དཀར་པོ་གསོལ། འཁོར་ཁྲི་ཕྲག་ཙམ་དེ་ཉིད་ཀྱི་བཙུན་མོའང་འཁོར་མང་པོ་དང་བཅས་ཏེ་འོངས་ནས། མཆོད་ཡོན་མཇལ་བའི་དགའ་སྟོན་གྱི་ཐོག་མར། དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཎྜལ། གསེར་གྱི་ཕོར་པ་ཡུལ་དབུས་ཀྱི་བྲེ་ཚད་ཤོང་བ་ཞིག་རིན་པོ་ཆེས་བཀང་པ། གོས་ཡུག་དཀར་སེར་དམར་ལྗང་སྔོན་པོ་རྣམས་ཉི་ཤུ་རེ། རྟ་དཀར་པོ་རིན་པོ་ཆེའི་སྒ་སྲབ་ཀྱིས་བརྒྱན་པ་བཅུས་ཐོག་དྲངས་པའི་རྟ་བརྒྱ། ཁྲོམ་ཟིལ་གནོན་གྱི་གོས་ཆེན་སྣ་ལྔ་པ་ཡུག་བཅུ། དངུལ་སྲང་སྟོང་ཕྲག་གཅིག །རས་དར་སོགས་ཕུལ། དེ་ནས་ཁྲོམ་འབུམ་ཕྲག་ཙམ་འཚོགས་པའི་དབུས་སུ་མཆོད་


GLG008_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཉི་ཟླ་ཟུང་གཅིག་ཕེབས་ཏེ། ཧོང་ཐའི་ཇིས་གཏམ་བཏང་། གུ་ཤྲཱི་པཀྵིས་ལོ་ཙཱ་བསྒྱུར་ཏེ། སྔོན་ནས་ཆ་དཀར་གནམ་གྱི་རིགས་ལས་ཆད་པས་སྟོབས་ཆེ། རྒྱ་བོད་ཧོར་གསུམ་དྲག་པོས་དབང་དུ་བསྡུས། ས་སྐྱ་པ་དང་མཆོད་ཡོན་དུ་འབྲེལ་ཏེ་ཆོས་དང་། སླར་ཟ་མུར་རྒྱལ་པོ་ནས་ཆོས་ཆད། ལས་སུ་སྡིག་དང་ཟས་སུ་ཤ་ཁྲག་ཁོ་ན་ལ་ལོངས་སྤྱོད་པའི་མུན་ནག་ཁྲག་མཚོའི་གླིང་ལྟ་བུར། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་བཀའ་དྲིན་ལས། དམ་པ་ཆོས་ཀྱི་ལམ་བཏོད། ཁྲག་མཚོ་འོ་མར་བསྒྱུར་བ་འདི་བཀའ་དྲིན་ཆེ་བས། ཕྱོགས་འདི་ན་ཡོད་པའི་རྒྱ་བོད་ཧོར་སོགས་ཀུན་གྱིས་ཀྱང་དགེ་བ་བཅུའི་ཁྲིམས་ལ་གནས་པ་དགོས། ཉི་མ་དེ་རིང་ནས་ཁྱད་པར་སོག་པོ་ཆ་དཀར་ལ་ཁྲིམས་སུ་བཅས་པ་ནི། སྔར་སོག་པོ་ཤི་བའི་རྗེས་སུ། དྲག་ཞན་གྱི་རྣམ་དབྱེ་རང་གི་ཆུང་མ་བྲན་གཡོག་རྟ་ནོར་སོགས་སྲོག་གཅོད་པ་ཡིན་ནའང་། ད་ཕྱིན་ཆད་སྲོག་གཅོད་ཀྱི་ཡུལ་དུ་གྱུར་པའི་རྟ་ནོར་སོགས་ཀྱི་སྟེང་དུ་ཇི་ཙམ་བློས་འཚམ་པར་བཅད་ནས། དགེ་འདུན་དང་བླ་མ་ལ་ཕུལ། བསྔོ་བ་སྨོན་ལམ་ཞུས། གཤིན་པོའི་རྗེས་སུ་དམིགས་པའི་སྲོག་གཅོད་གཏན་མ་བྱེད། གལ་ཏེ་སྔར་བཞིན་མི་བསད་པ་བྱུང་ན་ཁྲིམས་ཀྱིས་ལུས་སྲོག་འབྲལ་བ་ཡིན། རྟ་ཕྱུགས་བསད་པ་བྱུང་ན་ཁྲིམས་ཀྱིས་ནོར་ཐམས་ཅད་འཕྲོག །བླ་མ་དང་དགེ་འདུན་གྱི་ཆ་ལུགས་ཅན་ལ་བརྡུང་བཙོག་སོགས་ལག་བཞག་པ་བྱུང་ན། ལག་འཇོག་མཁན་གྱི་གཞི་མ་ཐམས་ཅད་གཏོར། སྔར་ཨོང་བཀོད་དུ་གྲགས་པའི་གཤིན་པོ་ཐམས་ཅད་ཀྱི་གཟུགས་བྱས་པ་ལ་མིང་བཏགས་པའི་གྲྭ་པ་བྱུང་རེས་ཀྱི་ཉ་སྟོང་བརྒྱད་གསུམ་ལ་རྟ་ཕྱུགས་བསད་པའི་ཁྲག་གིས་མཆོད་པ་དང་། ལོ་དུས་ཀྱི་མཆོད་པ་ལ་དྲག་གཞན་གྱི་དབྱེ་བ་མང་ཉུང་མཐའ་ཡས་ཤིག་གསོད་པ་རྣམས། དེང་ཕྱིན་ཆད་ནས་བཟུང་རྟེན་དེ་


GLG008_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མེ་ལ་བསྲེགས་ནས། ལོ་ཟླའི་དུས་ཀྱི་མཆོད་པར་སྲོག་གཅོད་པ་གཏན་ནས་མ་བྱེད། གལ་ཏེ་བྱས་པ་བྱུང་ན་ཁྲིམས་ཀྱི་ཆད་པ་རྟ་ནོར་གང་བསད་ཀྱང་། དེའི་བཅུ་འགྱུར་འཕྲོོག །ཨོང་བཀོད་མེ་ལ་མ་བསྲེགས་ན་ཁྱིམ་གཏོར། ཨོང་དཀོད་ཀྱི་ཚབ་ཏུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུ་རེ་འཛིན་པ་དང་། དེ་ལ་ཡང་དཀར་གསུམ་གྱི་མཆོད་པ་མ་གཏོགས། ཤ་ཁྲག་གིས་མཆོད་པ་གཏན་ནས་མ་བྱེད། གཞན་ཡང་ཐམས་ཅད་ཀྱིས་དགེ་བ་ལ་འབད་པ་ལ། ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་སྲུངས། རྒྱ་བོད་ཧོར་ཀུན་ལ་དགོས་མེད་ཀྱི་འཕྲོག་འཇོམས་མ་བྱེད། མདོར་ན་བོད་ཡུལ་དབུས་གཙང་དུ་ཇི་ལྟར་བྱ་བ་ལྟར། ཡུལ་ཕྱོགས་འདིར་ཡང་བྱ་དགོས་ཞེས་ཁྲིམས་མང་དུ་བསྒྲགས་སོ། ། ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང་བ། ལོ་ཙཱ་བས་སོག་པོའི་སྐད་དུ་བསྒྱུར་ཏེ་ཀུན་གྱིས་གོ་བས། མཆོག་དམན་མཐའ་དག་ཡི་གེ་དྲུག་པ་བཟླ་བ་ལ་བརྩོན་པར་གྱུར། འཇའ་འོད་ཀྱི་གུར་དང་། མེ་ཏོག་གི་ཆར་མང་དུ་བབ། དེ་ནས་མཆོད་ཡོན་ཞིབ་པར་གསུང་གླེང་གནང་བའི་སྐབས། རྒྱལ་པོ་ཡུག་ཅིག་དྲན་མེད་དུ་སོང་བ་ལས་གསོས་ཏེ། སྔོན་འཕགས་པ་ཤིང་ཀུན་གྱི་གཙུག་ལག་ཁང་བཞེངས་པའི་ཚེ། ང་སེ་ཆེན་རྒྱལ་པོ་དང་། ཁྱེད་ཀྱིས་གཙུག་ལག་ཁང་ལ་རབ་གནས་མཛད། ད་དེ་ནས་དེ་བར་གང་དུ་འཁྱམས་ཞེས་སྔོན་གནས་རྗེས་དྲན་གྱི་ཞུ་བ་ཕུལ། དེའི་བཀའ་ལན་དང་བཅས་ཏེ་རིགས་ལྔ་མཚོན་པའི་དར་ཚོན་སྣ་ལྔ་པ་ལ་སྐུ་སྲུང་རྡོ་རྗེའི་མདུད་པའི་རྒྱས་སྤྲས་པ་དང་། རིན་པོ་ཆེའི་ཕོར་པ་འབྲུ་སྣ་ཚོགས་ཀྱིས་བཀང་བ་ཞིག་རྒྱལ་པོ་ལ་གནང་ངོ་། །ཨེ་མ་རྩོད་དུས་སྙིགས་མའི་འདམ་རྫབ་ན། །གདུལ་བྱའི་རེ་བ་སྐོང་བའི་པདྨ་དཀར། །ཕན་བདེའི་སྦྲང་རྩི་ཅི་ཡང་འཛག་པ་འདི། །མཐའ་འཁོར་སྐྱེ་བོའི་བསོད་ནམས་ཟོང་གིས་བསྒྲུབས། །རྒྱལ་


GLG008_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་འབུམ་ཕྲག་དབུས་ན་བསོད་ནམས་ཀྱི། །འཁོར་ལོ་མངོན་པར་འཕགས་པའི་གནམ་སྐོས་ལྷ། །ཚངས་པ་མི་ཡི་གཟུགས་ཅན་གང་དེ་ཡི། །སྤྱི་བོར་ཞབས་སེན་མནྡྷ་ར་བཀོད་ཚེ། །སྡིག་སྤྱོང་མུན་པའི་སྨག་རུམ་མ་ལུས་པ། །ཐུགས་རྗེའི་འོད་ཀྱིས་གསལ་བར་བྱས་སོ་ཞེས། །སུམ་རྩེན་སྦྱིང་ན་གནས་པའི་ལེགས་བྲིས་ཀུན། །དགའ་བའི་རྩེད་འཇོའི་ཟློས་གར་བསྒྱུར་ལ་བྲེལ། །དེ་ནས། མཆོད་ཡོན་མཇལ་བའི་ས་དེར། གཙུག་ལག་ཁང་བཞེང་བའི་ས་བཏུལ་ཏེ། རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་བཞེངས་པའི་གཙང་ཁང་ལ་དུས་གསུམ་སངས་རྒྱས་དང་། རྗེ་བླ་མ། རྗེ་ཉིད་ཀྱི་སྐུ་འདྲ། གཡས། གཡོན། མདུན་གསུམ་དུ་འཇིགས་བྱེད། སྤྱན་རས་གཟིགས་རྣམས་ཀྱི་ལྷ་ཁང་རེ་རེ་ལ་ཀ་བ་བཅུ་དྲུག་གི་ཁྱོན་ཙམ་ཡོད་པ་དེའི་བར་དུ། སེམས་དཔའ་དང་གནོད་སྦྱིན་གཉིས་ཀྱི་ལྷ་ཁང་། པེ་དཀར་ལྕོག །མདུན་གྱི་གཡས་གཡོན་དུ་གཟིམས་ཆུང་འོད་གསལ་ཕོ་བྲང་དང་བདེ་ཆེན་ཕོ་བྲང་། ཐམས་ཅད་ལ་རྒྱ་ཕིབས་སོགས་རྒྱ་ནག་གི་ལུགས་སུ་བཞེངས། ལྕགས་རི་རིམ་པ་གསུམ་གྱིས་བསྐོར་བ་མིང་ཐེག་ཆེན་ཆོས་འཁོར་གླིང་དུ་བཏགས། ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གནང་བས་སོ་སོའི་བཤད་པ་དང་མཐུན་པའི་ལྟས་ལེགས་པ་བྱུང་རབ་ཏུ་གནས་པ་རྒྱ་ཆེར་མཛད། དགའ་སྟོན་ལ་ཁྲོམ་ཟིལ་གནོན་གྱི་སྐུ་བེར་གསུམ་གྱིས་གཙོས་པའི་གོས་བཟོ་མ་བརྒྱ། ཁ་དོག་ལྔ་པའི་གོས་ཡུག་བརྒྱ། རིན་པོ་ཆེའི་འཕྲེང་བས་གཙོས་པའི་འཕྲེང་བ་བརྒྱ། འབོལ་རྒན་སོགས་པགས་རིགས་བརྒྱ། གསེར་གྱི་ཕོར་པ་ཆེན་པོ་མུ་ཏིག་གིས་གང་བ་དངུལ་དམ་འབྲུག་འཁོར་ཡོད་པ་བདུན་ཚར། དངུལ་སྲང་སྟོང་ལས་གྲུབ་པའི་ཁོག་མ། གསེར་གྱི་ཞྭ་དང་ན་བཟའ་ཆ་ཚང་སོགས་རྒྱལ་པོ་


GLG008_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་ཆས། དངུལ་སྲང་གསུམ་རེ་ལས་གྲུབ་པའི་ཅ་སྣེ་དང་སྡེར་མ་བདུན་ཚར་རྟ་རྨིག་ལུག་རྨིག་གི་དབྱིབས་ཅན་སྲང་ལྔ་བརྒྱ། རས་ཟམ་སྟོང་ཕྲག་གཅིག །རྟ་དཀར་པོ་རིན་པོ་ཆེའི་སྒ་སྲབ་ཀྱིས་སྤྲས་པ་གསུམ་གྱིས་གཙོས་པའི་རྟ་བརྒྱ་སོགས་འབུལ་པ་གྲངས་ཀྱིས་མི་ལང་བ་ཕུལ། དེ་ནས་རྒྱལ་པོའི་སྡིག་ཏོའི་ལྷ་རྟེན། མགོན་པོ་ཞལ་གྱི་སྦྱིན་སྲེག་གི་སྒོ་ནས་མེ་ལ་བསྲེགས་པས། ཡེ་ཤེས་ཀྱི་མེ་ལྗང་ཁུ་མེ་ནང་ནས་འབར་ཏེ་ནམ་མཁའི་དབྱིངས་སུ་འཐོན་པ་ཡུན་རིང་དུ་གནས། ཆོས་འཕྲུལ་མཐའ་ཡས་བྱུང་བས་ཀུན་ངོ་མཚར་དུ་གྱུར། དེ་ནས་བཟུང་སོག་པོ་ཐམས་ཅད་ཀྱི་ཨོང་བཀོད་མེ་ལ་བསྲེགས། དེ་སྐབས་སྟོང་འཁོར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་བསྙེན་རྫོགས་དང་འདོད་ཆོས་ཞུ་བར་འབྱོར་བ་ལྟར་རེ་བ་ཡོངས་སུ་བསྐང་། རྒྱལ་པོ་ཆེན་པོ་ཅུང་ཞིག་བྲོ་འཚལ་བ་ལ། སྲིད་གསུམ་བདག་མོའི་མདོས་ཀྱི་ཆོ་ག་གནང་བས་མི་མཐུན་པའི་གཡུལ་ལས་རྒྱས། ནུབ་ཅིག་མནལ་ལམ་དུ་ཚེ་དཔག་མེད་དངོས་སུ་བྱོན་ཏེ། རྒྱལ་པོའི་སྤྱི་གཙུག་ཏུ་བུམ་པ་བཞག་ནས་དབང་བསྐུར་བ་གྱུར་པས་རེ་ཞིག་སྐུ་ཚེ་ལ་བར་ཆད་མི་འོང་བའི་ལུང་བསྟན་མཛད། དེ་ནས་སའི་ཚངས་པ་དེ་ཉིད་ཀྱིས་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་ལས་ཀ་ཕུལ་བ་ནི། གསེར་ལས་གྲུབ་པའི་དབུ་རྒྱན། བུམ་པ། རིགས་ལྔའི་ཕྱག་མཚན། བུམ་པ་སོགས་དབང་ཆས་ཀྱི་རིགས། གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ག་འབྲུག་སྡེར་མོ་ལྔས་མཚན་པ། ཁ་རིས་ལ། རྡོ་རྗེ་འཆང་ཏ་ལའི་བླ་མའི་ཐམ་ཀ་རྒྱལ་ཞེས་ཧོར་ཡིག་གསར་དུ་ཡོད་པ། དེའི་ཤུབས་དངུལ་ལས་བྱས་པ། མུ་ཏིག་གི་སྣམ་སྦྱར། བླ་བྲེ། སྐུ་བེར་ཏཱ་ཧུང་གསར་གྱི་འབྲུག་སྡེར་མོ་ལྔ་ཡོད་པའི་ནང་འབོལ་རྒན་གྱི་པགས་པས་བྱས་པ། ཏཱ་ཧུང་གསེར་མའི་བར་འདམ་ནང་བྱི་བ་དཀར་པོའི་པགས་པས་


GLG008_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། དེའི་ཆ་འགྲིག་གི་ཁྲི་ཁེབས་སྟན་འབོལ། སྙེ་འབོལ། བྱ་ཚེ་རིང་སྤུ་བཏགས་ཀྱི་བཞུགས་སྟན། དིང་ཕོན་ཚོན་ཚོགས་ཀྱི་བླ་བྲེ་རྒྱབ་ཡོལ་ཁྲི་ཁེབས། པང་ཁེབས། ཆིབས་པ་དཀར་པོ་རིན་པོ་ཆེའི་སྒ་སྲབ་ཀྱིས་བརྒྱན་པ་ལྔ། གཞན་ཡང་རྟ་བཅུ། དངུལ་གྱི་སྤྱད་པ་སྟོང་ཕྲག་ཙམ། གཞན་ཡང་གོས་དར། རས་ཟམ་ལ་སོགས་ཀྱི་མི་ཁུར་ཉི་ཤུ་ལྷག་པ་དག་བཅས། ཏ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་ཕུལ། རྒྱལ་པོ་ལའང་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་མཚན་གནང་ངོ་། །རབ་མཐོ་ཀུན་གསལ་ངོས་ཡངས་ནས། །འཇིག་རྟེན་བྱེད་པོ་གསེར་མངལ་གྱིས། །ནོར་འཛིན་བདག་པོར་སྤྱི་བོ་ནས། །དབང་བསྐུར་ས་ཡི་ཚངས་པ་དེས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི། །ལུང་དང་ལས་ཀ་འཕུལ་བའི་ཚེ། ཆེར་རློམ་དྲེགས་ལྡན་ཀུན་གྱི་གཙུག །མངོན་པར་མཐོ་བའི་ཅོད་པཎ་གྲུབ། །རྒྱལ་པོས་ཐེག་ཆེན་ཆོས་འཁོར་གྱི་བཞུགས་ཁྲིའི་སྟེང་དུ་གདན་དྲངས་ཏེ། སྔོན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། བོད་ཀྱི་མི་ལ་རབ་བྱུང་བཏུབ་མི་བཏུབ་ཉམས་སད་པའི་ཕྱིར་དུ། སད་མི་མི་བདུན་རབ་ཏུ་བྱུང་བ་ལྟར། རྒྱལ་རིགས་གསུམ་གྱིས་ཐོག་དྲངས་པའི་བཙུན་པ་བརྒྱ་ཕྲག་ཕུལ་བ་རབ་ཏུ་བྱུང་བའི་བསླབ་པ་ལ་བཀོད། གཞན་ཡང་དེའི་འཕྲོས་ལས་འབུལ་བའི་རྣམ་གྲངས། གསེར་སྲང་བརྒྱ། དངུལ་སྲང་སྟོང་ཕྲག་གསུམ། རྟ་ཁྲབ། གོས་དར། ཟམ་རས་སོགས་དང་། རྒྱལ་པོ་ཉིད་ཀྱི་སྐུ་ཆས་ཆ་ཚང་བ་ཕུལ། མཆོད་ཡོན་གཉིས་ནས། ཨ་སེང་བླ་མ་སོགས་འགྲུལ་པ་གཏོས་ཆེ་བ་རྫོང་སྟ་གནང་སྟེ། ཇོ་ཤཱག་གི་དྲུང་དུ་དངུལ་གྱི་མཎྜལ་སོགས་མཆོད་རྫས་དང་། སེར་འབྲས་དགེ་གསུམ་གྱིས་ཐོག་དྲངས་པའི་དགོན་སྡེ་རྣམས་སུ་མང་འགྱེད། རྩེ། གོང་དཀར། རྒྱ་རི་བ། དགའ་ལྡན་པ་སོགས་ལ་ལེགས་སྐྱེས། མདོར་


GLG008_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཆོག་དམན་ཀུན་ལ་གང་འཚམས་ཀྱི་འདོད་རྒུ་ཆར་དུ་བསྙིལ། ཆོས་འཁོར་གླིང་གི་གཟིམས་ཆུང་འོད་གསལ་ཕོ་བྲང་དུ་བདུན་ཕྲག་གསུམ་བཞི་ཙམ་སྐུ་མཚམས་གནང་བས། ཕུར་མགོན། བེང་། དཔལ་ལྷ། རྡོ་རྗེ་ལེགས་པ་རྣམས་ཞལ་གཟིགས། རྒྱལ་པོ་པེ་དཀར་གྱི་གསོལ་མཆོད་གནང་། ཡུལ་དེའི་ལྷ་སྲིན་རྣམས་ཀྱིས་དངོས་སུ་འོངས་ནས་ཆོས་ཉན། དེ་སྐབས་རྒྱ་ཧོར་གྱི་མི་དབོན་མང་པོས་གསོལ་བ་བཏབ་པ་ལྟར། དགུན་གྱི་རིང་བཞུགས་སྒར་བཏེག །ཟང་ཟིང་གི་བསྙེན་བཀུར་བསོད་ནམས་ཀྱི་ཞིང་དུ་བཞེས་ཤིང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་སོགས་འགྲོ་དོན་མཐའ་ཡས་པ་མཛད། འུར་བསྡུས་ཀྱི་རྒྱལ་བུ་བིན་དུས་སྤྱན་དྲངས་། གཙུག་ལག་ཁང་གསར་དུ་བཞེངས་པ་ལ། ཕུན་ཚོགས་གཞན་ཕན་སྡེ་ཞེས་མིང་དུ་བཏགས། དྲག་པོའི་སྦྱིན་སྲེག་མཛད་པས་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས་ཏེ་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་དང་དབྱེར་མེད་དུ་གྱུར་པའི་སྣང་བ་བྱུང་རྒྱ་འདྲེའི་ཆོ་འཕྲུལ་མཐའ་དག་ངང་གིས་ཞི། སོག་བན་བརྒྱ་ཟིན་ཙམ་དང་། གསེར་དངུལ། རྟ་ཁྲབ། གོས་དར། ཕྱུགས་རྔ་མོང་སོགས་ཕུལ། རྒྱ་ནས་རྒྱལ་པོ་ཧོང་ཁྱི་ཐུལ་གྱིས་ཕོ་ཉ་བཏང་ནས། རིན་པོ་ཆེ་པདྨ་ར་ག་ཨིཎྡྲ་ནཱི་ལ། མརྒད། བཻཌཱུཪྻ་རྣམས་བྲེ་གང་ཙམ། གསེར་སྲང་སྟོང་ཕྲག་གཅིག །དངུལ་དང་མ་ན་ཧོའི་སྤྱད་པ་མང་པོ། །སྐུ་བེར། རྟེན་ཁེབས། གོས་ཆེན་འབྲུག་སྡེར་ལྔ་ཡོད་པ་མང་པོ། ཐགས་གྲུབ་ཀྱི་རིགས་ལྔའི་དབུ་རྒྱན་ཚེ་དཔག་མེད་ཀྱི་སྐུ། གསེར་ལས་གྲུབ་པའི་ཕྱག་དཔེ། དྲིལ་བུ། ཌཱ་མ་རུ། སྐུ་འདྲ། འཕྲེང་བ། རོལ་ཆ་སོགས་ཡིད་འཕྲོག་པའི་སྤྱད་པ་དཔག་ཏུ་མེད་ཕུལ། གན་ཅུ་དུ་ཐང་ཞེས་ཁྲི་སྐོར་བཅུ་གསུམ་གྱི་ས་ལ་དབང་སྒྱུར་བའི་མི་དཔོན་ཆེན་པོ་ཞིག་གིས་གདན་དྲངས། རོལ་ཆ་དང་མཚོན་ཆ་སྣ་ཚོགས་ཐོགས་པའི་བསུ་བ་དང་བཅས་ཏེ་ཕེབས། ལམ་གྱི་


GLG008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ་སོར་མི་དཔོན་རྣམས་ཀྱིས་རྟ་རྩེད་སོགས་དང་། བཟའ་བཏུང་གི་བྱེ་བྲག་མཐའ་ཡས་པ་ཕུལ། རྗེ་ས་པཎ་གྱིས་བཏབ་པའི་སྤྲུལ་པའི་སྡེ་དང་། མ་ཏཾ་སི་ཞབས་ཀྱིས་བཅགས། བཀའ་གདམས་གླེགས་བམ་ལས། རྒྱལ་བུ་བློ་གྲོས་འཕེལ་གྱིས་ཡེ་ཤེས་ཀྱི་རལ་གྲིས་ཀླུ་བདུད་བཏུལ་པའི་གནས་དེར་ངོས་འཛིན་མཛད། ཐང་དེའི་དཀྱིལ་དུ་ཕ་བོང་ཤོ་འདྲ་བ་ཀ་བཞི་ཙམ་གྱི་འགྲམ་དུ་རླུང་ཆེན་པོ་ཞིག་གི་དཀྱིལ་ནས་དྲང་སྲོང་ཆོས་གོས་སྔོན་པོ་གྱོན་པ་ཞིག་འོངས་ཏེ་གསེར་ཕོར་པ་གང་ཕུལ་བ་ཀུན་གྱིས་མཐོང་། ཚེ་ལ་དབང་བའི་རིག་འཛིན་ཞིག་ཡིན་ཞེས་བཀའ་ཕེབས། མཁར་དེར་ཕེབས་པ་ལ་སའི་ལེ་བར་བཅུ་ཡོད་པས་ལས། ལེ་བར་བདུན་ཙམ་དུ་ཕེབས་པ་ན། རྒྱལ་པོའི་ལུང་གིས་བརྫངས་པའི་གདན་འདྲེན་པ་དམག་ཁྲི་ཕྲག་བཅུ་གསུམ་ཙམ་འབྱོར་ཏེ། ཕོ་བྲང་སྐྱིད་བདེ་སྦུག་ཏུ་མ་ཕེབས་ཀྱི་བར། གོ་མཚོན་རུ་དར་རྟ་ཆོས་སོགས་ལྷའི་དམག་ལྟ་བུ་ཟམ་མ་ཆད་པ་སྦྲེངས་ཆགས་སུ་འོངས་པས་བསུ་བ་དང་བཅས་ཏེ་ཕོ་བྲང་དུ་ཕེབས་ཉིན་མི་དཔོན་གྱི་གཡོག་རྣམས་ཀྱིས་ཆིབས་པ་སེང་གེར་མཐོང་། སྤོས་ཕུལ་བའི་དུད་པ་ལ་མུན་པ་སེལ་བའི་ཉི་ཟླ་ཤར། ལྷའི་བུ་ཞེས་པ་རྒྱ་ཡིག་ལ་གསལ་བར་བྱུང་། མི་དཔོན་ཀྱིས་སྐྱེ་བ་གསུམ་ཙམ་གསལ་བར་དྲན། སྙིང་པོ་དོན་གསུམ་གྱི་ཟབ་ཆོས་གནང་། ཁྲོམ་ལ་བླ་མ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལོ་ཙཱ་བས་རྒྱ་ནག་ཡུ་གུར་སོག་པོ་རྣམས་སོ་སོའི་སྐད་དུ་བསྒྱུར། དུ་ཐང་མངའ་འོག་གི་བཙོན་རྣམས་བཏོན་ཏེ་བདེ་བ་ལ་བཀོད། བཙུན་གསར་བརྒྱ་ཙམ་རབ་ཏུ་བྱུང་། མི་དཔོན་གྱིས་སྤོས་སྤར་ཏེ་དམོད་བོར་བས། རྗེ་འདི་ཉིད་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་པ་ཡིན་ཞེས། སྤོས་ཐལ་ལ་རྒྱ་ནག་གི་ཡི་གེའི་གཟུགས་སུ་བྱུང་བས་དད་པ་ལྷག་པར་ཐོབ། མཧཱ་ཙི་ནའི་རྒྱལ་ཁམས་ཐམས་ཅད་ལ་སྙན་པའི་


GLG008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ཕྱོགས་བཅུར་བསྒྲགས། སྔོན་ནས་ཆ་དཀར་གྱི་རྒྱལ་བརྒྱུད་ཀྱིས་གཙོས་པའི་དཔུང་ཁྲི་ཕྲག་ཙམ་ཞིག་རྒྱ་ནག་གི་ལྕགས་རི་ཕྱི་མའི་ནང་དུ་ཤོར་བ་ལས། མི་སྡེ་ཐམས་ཅད་འཇིགས་ཤིང་སྐྲག་པ་ཞིག་འདུག་པ་ཉིད་ཀྱིས་བཀས་བཅད། རྒྱ་ནག་གི་རྒྱུ་དངོས་ཀྱིས་ཚིམ་པར་བྱས་ཏེ་ཁོ་རང་ཚོའི་ཡུལ་དུ་བརྫངས་པ་ལས། རྒྱ་ནག་ཀུན་ཀྱང་འཇིགས་པ་ལས་བསྐྱབས། སླར་རིམ་གྱིས་རྒྱ་ནག་གྱོའི་རྩི་མི་བཞི་བཅུས་གཉའ་བ་ནས་བཏེག་པའི་ཁྲི་ལ་གདན་དྲངས། ཐེག་ཆེན་ཆོས་འཁོར་གླིང་དུ་ཕེབས། མྱོས་ལྡན་ཞེས་པ་ས་ཡོས་ཀྱི་ལོ་གསར་དང་། སྲིད་གསུམ་བདག་མོའི་མཆོད་གཏོར་རྒྱས་པར་མཛད། གཏོར་མ་ལས་བདུད་རྩིའི་རྒྱུན་མང་དུ་བབ་པ་རྒྱ་བོད་ཧོར་གསུམ་དུ་མས་བཏུང་ཡང་ཟད་མི་ཤེས་པ་ལྟ་བུར་འཕེལ། སྐྱ་སེར་གྱི་ཁྲོམ་ཆེན་པོ་འཚོགས། ཆོ་འཕྲུལ་གྱི་མཆོད་པ་གནང་། རྒྱ་ནག་ནས་ཉིང་ཤཱ་རྒྱལ་བུས། རིན་པོ་ཆེ་དང་རོལ་ཆ། དིང་ཕོན་གྱི་རིགས། ཕོ་བྲང་གི་སྤྱད་པ་ཡ་མཚན་ཅན་མང་དུ་འབུལ་མི་མངགས། སྦུབ་འཆོལ་རྔམ་པ་སྒྲ་སྒྲོག་ཏུ་གྲགས་པའི་འཛམ་བུ་གླིང་ན་དཀོན་པ་དེ་ཡང་ཕྱག་ཏུ་འབྱོར། ལོ་དུས་ཀྱི་སྨོན་ལམ་ཆེན་མོ་གྲོལ་ནས་གཟིམས་ཆུང་འོད་གསལ་ཕོ་བྲང་དུ་སྐུ་མཚམས་ཞིག་མཛད་པས། ཡི་དམ་ཆོས་སྐྱོང་དུ་མའི་ཞལ་གཟིགས། ཞལ་གྱི་ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་དང་། བྲམ་གཟུགས་ཀྱི་གཏོར་འབུལ་བསྡུས་པ་དང་རང་བསྟོད་རྣམ་དཔྱོད་མ་ཐུགས་རྩོམ་གནང་། ས་ག་ཟླ་བའི་ནང་དུ་རྒྱལ་པོ་དཔོན་གཡོག་ལས་ལྡན་འགའ་ཞིག་ལ། བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བའི་བུམ་དབང་ཙམ་ཞིག་གནང་རྩིས་ལ་མནལ་ལམ་དུ་རྒྱལ་པོ་བྱུང་ནས་ངེད་འཁོར་བཅས་ལས་དག་ཡིན་པས་རྫོགས་པར་གནང་དགོས་ཞུས་པ་ལྟར། དབང་ཕྱི་མ་


GLG008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྩལ། ནད་ཡམས་མང་པོ་བྱུང་བ་ལ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་བླུག་པས་རྒྱུན་ཆད། འུར་སྡུད་ཇུ་ནང་རྒྱལ་པོ་ལོངས་སྤྱོད་མཐའ་ཡས་པ་དང་བཅས་ནས་མཇལ་བར་འོངས། ཨོ་རོད་དང་འཁྲུག་པའི་སྡིག་རྒྱུན་ཡོད་པ་རྣམས་ཞི་བར་མཛད། དབུས་ནས་ཨ་སེང་བླ་མ་ཅན་ཡང་སྐུ་ཞབས་སུ་འབྱོར། དབུས་གཙང་གི་ལྷ་སྡེ་མི་སྡེ་ཚང་མ་ནས། མྱུར་དུ་ཕེབས་དགོས་པའི་ཞུ་ཡིག་ནན་ཆེར་ཕུལ། ལི་ཐང་འདེབས་པའི་དགོངས་པ་གཏད་པའི་སྐྱིད་ཤོད་ནས་བཟོ་བོ་རྫོང་དགོས་ཚུལ་གནང་འདུག་པ་ལྟར། པཱུ་ཎ་ཤིང་སོགས་བལ་པོ་བཞི་ཙམ་འབྱོར། སྡེ་པ་བཀྲ་ཤིས་རབ་བརྟན་པས་ཞུ་ཡིག་དད་པའི་ཕོ་ཉ་ཞེས་སྙན་ངག་གི་ལམ་ནས་དྲངས་པ་དེ་དང་། རིན་པོ་ཆེ་བོད་མཁར་པ་གཉིས་ཀྱིས་མྱུར་དུ་ཕེབས་དགོས་པའི་ཞུ་ཡིག་ནན་ཆེན་པོ་དང་། རྒྱལ་པོ་ལ་ཡང་དགོངས་པར་གང་གཏད་ལས་སྤྲོས་པའི་ནན་ཆགས་མི་འགབ་ཚུལ་སོགས་ཞུ་ཡིག་རྒྱས་པར་འདུག་པ་ཁོ་བོས་ཀྱང་མཐོང་། དེ་ནས་རྒྱལ་པོ་ཆེན་པོས་སོག་ཡུལ་དུ་ཕེབས་དགོས་པའི་ཞུ་བ་ཕུལ་བས། ལི་ཐང་དུ་དགེ་འདུན་གྱི་སྡེ་འཛུགས་དགོས་པ་ཡོད་པས། དེ་གྲུབ་བསྟུན། དབུས་གཙང་གི་ཕྱོགས་སུ། ལྡོག་ཏུ་མི་བཏུབ་པའི་བྱ་བ་མ་བྱུང་ན། སོག་ཡུལ་དུ་ཕེབས་པའི་ཞལ་བཞེས་གནང་བས། རྒྱལ་པོས་རྗེ་ཉིད་ཀྱི་བཀའ་ཤོག་དང་ཕྱག་མཛོད་ཀྱིས་གཙོས་པའི་དྲུང་འཁོར་དྲག་རིམ་གྱི་རྩི་ཁ་བླངས། རྒྱལ་པོ་དཔོན་གཡོག་ཕལ་ཆེར་རང་ཡུལ་དུ་ལོག་ཅིང་། མཆོད་ཡོན་བཀའ་གྲོས་ཐོག་ནས། རྒྱ་བོད་ཀྱི་གསེར་ཟམ་སྤེལ་བ་སོགས་ལ་མཚོ་ཁར་དཔོན་པོ་འཁོ་ལོ་ཆེ་ཆིང་བཱ་ཐུར་འཁོར་བཅས་བཞག །རེ་ཞིག་སྐུ་ཚབ་ལ་སོག་ཡུལ་དུ་སྟོང་འཁོར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་རྫོང་སྟ་མཛད། ཧོར་ཟླ་བརྒྱད་པའི་ནང་དུ་རྒྱ་ནག་གོང་མ་ཝན་ཡི་


GLG008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་རྒྱལ་ཁམས་ཐམས་ཅད་ཀྱི་སྐྱབས་གནས་གྱོག་ཆིང་ཤྲིའི་མཚན་དང་། ཐམ་ཁ་ལུང་ལས་ཞྭ་ལས་གོས། འཇའ་ས་སོགས་ཀྱི་སྔོན་དུ་རྒྱལ་པོའི་ཆེ་བའི་རོལ་མོ་སྣ་ཚོགས་དང་བཅས། རྒྱ་ནག་གི་མི་དཔོན་གསུམ་གྱིས་གཙོས་པ་འབྱོར། ལུ་ཧང་གསེར་མའི་ན་བཟའ་ཆ་ཚང་། ཏཱ་ཧུང་གསེར་མའི་ན་བཟའ་ཆ་ཚང་། ཧ་གསེར་མའི་ན་བཟང་ཆ་ཚང་། གསེར་དངུལ་གོས་དར་སོགས་ཕོ་བྲང་གི་སྤྱད་པ་མང་དུ་ཕུལ། ངེད་རང་གི་འབངས་སུ་གྱུར་པའི་སོག་པོ་ཚོ་ཆེན་བཞི་བཅུ་དང་། གན་ཅུ་དུ་ཐང་གི་མི་དཔོན་སོགས་ཀྱི་རེ་བ་ཡོངས་སུ་བསྐང་བ་ལེགས་ཤིང་། ཕོ་བྲང་ཆེན་པོར་ཡང་རིམ་གྱིས་གདན་འདྲེན་ཞེས་པ་སོགས་ཀྱི་བཀའ་ཤོག་གནང་། ཕྱག་མཛོད་པ་ལ་གུ་ཤྲིའི་ལས་ག་དང་། ཐམ་ག་གནང་། སྐབས་དེ་དག་ཏུ་རྒྱ་ནག་གི་མི་དཔོན་དུ་མས་འབུལ་བ་དང་། བོད་སོག་རྣམས་ཀྱིས་བསྙེན་བཀུར་བ་ནི་གྲངས་ལས་འདས་ཤིང་། ཀུན་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་ཡང་དག་པར་བསྐྲུན། རབ་བྱུང་བསྙེན་རྫོགས་སྟོང་ཕྲག་བརྒལ་བ་བསྒྲུབས། བློ་དང་འཚམ་པའི་ཆོས་ཀྱིས་ཚིམ་པར་མཛད། དངུལ་སྲང་སྟོང་ཕྲག་གསུམ་ཙམ་གྱི་སྒོ་ནས་ཕོ་བྲང་གོང་རི་དཀར་པོར་ལྷ་གཟིགས་མིའི་དབང་པོ་ལ་རྟ་འབུལ་གྱི་རྒྱུན་འཛུགས་པ་གནང་། སྒར་ཆེན་མདོ་ཁམས་གྱི་ཆ་ལི་ཐང་གི་ཕྱོགས་སུ་བཏེག །ལམ་དུ་ཨས་དཔལ་ནོ་ཡོན་གྱིས་བསྙེན་བཀུར། ཕུན་ཚོགས་རྣམ་རྒྱལ་གླིང་ཞེས་པའི་འདུས་སྡེའི་སློབ་དཔོན་དུ་ཆོས་རྗེ་བརྩོན་འགྲུས་བཟང་པོ་བསྐོས།དེ་ནས་གླིང་ཡུལ་ཏུ་བྲག་རི་ཞིག་གི་ལོགས་ནས་དཔལ་ལྡན་ལྷ་མོ་གཙོ་འཁོར་གསུམ་གྱི་སྐུ་རང་བྱོན་ཀུན་ལ་གསལ་བར་བསྟན། འཕྲིན་ལས་དང་སྙན་གྲགས་ཆེས་པོས་རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་ཆོས་བརྒྱུད་འཛིན་པ། ཀ་ཐོག་པ་དཔོན་སློབ་ཀྱི་ཡིད་ལ་ཀར་ལུགས་ཀྱི་བླ་མ་སྒར་པ།


GLG008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་འདྲ་བའི་འཇིག་རྟེན་གྱི་སྟོབས་ཆེ་བ་མ་གཏོགས། ནུས་མཐུ་རང་མེད་ཡོད་སྙམ་སྟེ། བཙན་རྒོད་འབར་བ་སྤུན་བདུན་རྦད་དེ་ཆོ་འཕྲུལ་ཆེན་པོ་བཏང་བས། འབུམ་ནག་ཐང་དུ་ཕེབས་ཐོག །བཙན་རྒོད་ཀྱི་ཆོ་འཕྲུལ་བྱུང་བ། མགོན་པོ་ཞལ་གྱི་སྒོ་ནས་ཕྱིར་སློག་པས། ཀ་ཐོག་པ་རྣམས་ཡིད་ཆེས་ཏེ། མཇལ་བར་མང་པོ་ཞིག་འོངས། རིམ་གྱི་ཕེབས། ཡི་དམ་གྱི་ལྷ་དུ་མའི་སྒོ་ནས་ས་གཞི་བྱིན་གྱིས་བརླབས། རྣམ་གནོན་ཞེས་པ་ལྕགས་འབྲུག་གི་ལོ་གསར་རྒྱས་པར་གནང་། དགོན་པ་འདིང་བའི་འུ་ལག་དང་བཟོ་བོ་མཐའ་དག་འཇང་ས་ཐམ་རྒྱལ་པོས་བསྒྲུབས་ཏེ། ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་གཙུག་ལག་ཁང་ཀ་བ་བཅོ་བརྒྱད། འདུ་ཁང་ཀ་བ་བརྒྱད་ཅུ་གྱ་གཉིས། མགོན་ཁང་ཀ་བ་བཞི། གཟིམས་ཁང་ཀ་བ་བརྒྱད། གཟིམས་ཆུང་ཡང་དབེན་ཀ་བ་དྲུག །རྒྱལ་པོ་ལྕོག་ཀ་བ་དྲུག་གིས་གྲྭ་སྤྱིལ་སོགས་འགྱངས་མེད་དུ་ཟིན་པ་དང་ལྷན་ཅིག་པར། གསེར་ཟངས་ལས་གྲུབ་པའི་previous hit བྱང་ཆུབ་ཆེན་པོ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་པ་བཞེངས། མགོན next hit་ཁང་སོགས་ལ་རབ་ཏུ་གནས་པ་རྒྱས་པར་མཛད། རྦད་འདྲེའི་ཆོ་འཕྲུལ་ཆེ་བར་བྱུང་བས། ཀུན་བཟང་རྩེ་ནས་དང་། བླ་མ་རིན་ཅེན་སེང་གེ་གཉིས་ཀྱིས་ཕྱག་གཡོག་མཛད་དེ་གཤིན་རྗེའི་སྒྲུབ་པ་གནང་བས། ཉིན་གཅིག་མཆོད་དཔོན་གྱིས་གཏོར་མ་གསོ་བར་ཕྱིན་པ་ན། རལ་པ་ཡོད་པའི་མི་མགོ་ཁྲག་རྫར་རེ་བ་གསུམ་ཙམ་ཞིག་ཐེམ་པའི་ནང་དུ་འདུག་པ་མཐོང་། དེའི་སྐབས་འབྲི་གུང་ནས་རྒྱལ་སྲས་ལྷ་རྗེའི་རྣམ་སྤྲུལ་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ཀྱིས། ཞྭ་ལྷ་ཁང་དུ་སྔགས་པ་རྣམས་བསྡུས་ཏེ་དྲག་པོའི་སྦྱིན་སྲེག་ལྡུགས་པའི་སྒང་ལ་སྤོ་བོ་


GLG008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བན་གྲོང་པ་ལ་སྟེང་གྲིབ་ཕོག་སྟེ་རང་གཤེད་ཕབ་པའི་རྟགས་ཆེན་པོ་བྱུང་། བླ་མ་རིན་ཅེན་ལ་ངེད་རང་གཉིས་བམ་རོའི་སྒྲུབ་པ་ཞིག་བྱེད་དགོས་པ་འདུག་ཀྱང་། ངེད་བྲེལ་བའི་སྟབས་ཀྱིས་རེ་ཞིག་མི་ཐུབ་པ་འདུག་གསུངས། སྐུ་མཚམས་ཀྱི་སྐབས་དེ་དག་ཏུ། འདོད་ཁམས་བདག་མོ་སོགས་ལྷ་མང་དུ་ཞལ་གཟིགས། ཁྱད་པར་པུར་ཏྲས་འཕྲིན་ལས་བསྒྲུབ་པར་ཁས་བླངས། དགོན་པའི་མིང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་བཏགས། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས། ས་ཐམ་རྒྱལ་པོས་ཀཱ་བྷ་ཤི་དང་བྱ་ཀཱ་གཉིས་མངགས་ཏེ་ཕེབས་དགོས་པའི་ཞུ་བ་ཕུལ་ཡང་། དེ་རེས་གོ་བོ་དབན་པོས་གདན་འདྲེན་དོད་དྲག་པ་ལ་བརྟེན། ལི་ཐང་གི་དགོན་པའི་མཇུག་སྐྱོང་རྣམས་སྐུ་སྐྱེ་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོ་ལ་མཛད་དུ་བཅུག་ནས། ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཆིབས་ཁ་སྒྱུར་ཏེ། དམར་ཁམས་ཀྱི་ཡུལ་དུ་ཕེབས། ཕྱོགས་དེར་རབ་བྱུང་བསྙེན་རྫོགས་སོགས་དམ་པའི་ཆོས་རྒྱ་ཆེན་པོས་ཚིམ་པར་མཛད། ཡུལ་ལུགས་དང་བསྟུན་པའི་འབུལ་ནོར་མང་དུ་ཕུལ། ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་གྱི་ལོ་གསར་གྲུབ་ནས། ཆབ་མདོ་བ་རྣམས་ཀྱིས་གདན་དྲངས་པའི་ཕེབས་ལམ་དུ། རྒྱ་མོ་བཟའི་ཕྱག་བཟོ་ལས་གྲུབ་པའི་རྣམ་སྣང་གི་སྐུ་མཇལ་བས། དེ་རྣམ་སྣང་དངོས་སུ་གྱུར་པའི་དབུ་གཙུག་ནས་འོད་ཟེར་རྣམ་པ་ལྔ་འཕྲོ་བ་དང་། ཐུགས་ཀ་ནས་མགོན་པོ་གུར་ཞི་བའི་ཆས་ཅན་གསལ་བར་གཟིགས། རྫུ་འཕྲུལ་གྱིས་ཞབས་བསྐོར་སྟོང་མཛད། བོན་དགོན་ཞིག་གི་གཞོགས་སུ་བཞུགས་སྒར་བབས་པའི་ནུབ། བོན་པོས་ཐོག་སེར་སྦྱར་ཏེ་བཏང་བས། སྐུ་


GLG008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་སུ་ཞུགས་མགུལ་ཕུར་གདེངས་ཏེ་ཁྲོ་བོའི་སྟངས་སྟབས་ཀྱིས་འཆམས་དང་བཅས་ཏེ། ཐོག་སེར་བོན་དགོན་རང་གི་སྟེང་དུ་བསྒྱུར་བས། སྐྲག་སྟེ་སང་བཤགས་པ་འབུལ་བར་འོངས་། རྗེ་དྲུང་རིན་པོ་ཆེ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་ཐོག་དྲངས་པའི་བླ་མ་གནས་ཆེན་སོགས་རྟ་པ་ཉིས་བརྒྱ་ཙམ་གྱི་བསུ་བ་དང་། དགེ་འདུན་སྟོང་ཕྲག་བཞིར་ཉེ་བའི་སེེར་སྦྲེངས་དང་བཅས། ཆབ་མདོ་བྱམས་པ་གླིང་དུ་ཕེབས་ཡུལ་ལུགས་དང་བསྟུན་པའི་འབུལ་བ་མང་དུ་ཕུལ། མི་རིང་བར་བྱང་སེམས་ཆོས་རྗེའི་ཁྲི་ཐོག་ཏུ་དར་གདུགས་འཛིན་པ་དང་སྤོས་འཛིན་པའི་དགེ་སློང་བརྒྱ་ཕྲག་གཉིས་ཀྱིས་མདུན་བདར་ཏེ་སྤྱན་དྲངས། དགེ་འདུན་སྟོང་ཕྲག་གསུམ་ལྷག་ཙམ་གྱིས་གཙོས་པའི་ཁྲོམ་ཁྲི་ཕྲག་ཉེ་བ་ལ་དམ་པའི་ཆོས་ཀྱི་ཆར་ཕབ། ཇ་སྤག་རྩེ་སྟོང་ཕྲག་བརྒལ་བ། རྟ་ཁྲབ་གོས་དར་དངུལ་སོགས་མང་དུ་ཕུལ། ཚོགས་པ་ལ་བཀའ་གདམས་གླེགས་བམ་དང་། སྒྲུབ་ཐབས་རྒྱ་མཚོ་གསུངས། རྗེ་དྲུང་རིན་པོ་ཆེ་དགེ་འདུན་བཀྲ་ཤིས་ཀྱི་སྤྲུལ་པའི་སྐུ་དགེ་འདུན་བསྟན་པ་རྒྱ་མཚོ་མཇལ་བར་བྱོན་ཏེ་ཞབས་ཕྱིར་བཞུགས། སྐུ་མདུན་ཆོས་མཛད་པ་སོགས་དབུས་གཙང་ནས་གྲྭ་རིགས་སྦྱིན་བདག་མང་པོས། ཞབས་དྲུང་སྦུ་ལུང་པས་དྲག་ལས་མང་པོ་མཛད་ཀྱིན་འདུག་པས། སྐུ་རིམ་བསྲུང་འཁོར་སོགས་ཀྱི་མཉེལ་སོ་ཞུས་པར་བརྟེན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་འཁྲུལ་འཁོར་གནང་བས། འབྲི་ཁུང་དུ་ནང་ཞིག་བྱུང་། བ་སོ་སྤྲུལ་སྐུ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་ནས། མཚར་ལུགས་ཀྱི་ཞལ་བཞི་པའི་གསང་འཁྲིད་ཀྱི་ཡི་གེ་ཐུགས་རྩོམ་མཛད། གཞན་ཡང་གནས་དེར་ལྷ་ཚོགས་དཔག་


GLG008_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་ཞལ་གཟིགས། དེ་ནས་ལྡན་ཆོས་འཁོར་གླིང་དུ་ཆོས་རྗེ་ལུང་རིག་པ་དཔོན་སློབ་ཀྱིས་གདན་དྲངས་ཏེ་ཕེབས། སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་ཐུགས་རྩོམ་གནང་། ཨལ་ཐན་རྒྱལ་པོ་འཇིག་རྟེན་ཕ་རོལ་ཏུ་གཤེགས་པ་མངོན་པར་མཁྱེན་པས་གཟིགས་ཏེ། རི་རབ་ཀྱི་རྩེར་བདེ་མཆོག་གི་དཀྱིལ་འཁོར་དུ་བཅུག །ལྷ་ངོ་བསྟན་ཅིང་དབང་བསྐུར་ནས་རྗེས་སུ་བཟུང་། མགོན་པོ་གུར་གྱི་སྒྲུབ་ཐབས་རྒྱས་པ་ཞིག་ཐུགས་རྩོམ་མཛད་པས་ཆོས་སྐྱོང་དངོས་སུ་ཞལ་གཟིགས། སྣ་ཚོགས་ཞེས་པ་ཆུ་རྟའི་ལོ་གསར་གྲུབ་རྗེས། ཚོགས་པ་ལ་བྱང་ཆུབ་ལམ་རིམ། འཁྲུངས་རབས་སོ་བཞི་བ། མེ་ཏྲི་བརྒྱ་རྩ་སོགས་གནང་། ཆོས་སྐྱོང་མང་པོའི་རྟེན་གཏོར་བཙུགས་པས་ལས་གཤིན་ཞལ་གཟིགས། སྐུ་མཚམས་ཡུན་རིང་དུ་མཛད་དེ། གུ་རུ་དྲག་པོ་དང་། ཡེ་ཤེས་ཁྱུང་ཁྲའི་སྒོ་ནས་ཀླུ་བདུད་གདུག་པ་ཅན་སོགས་ལྷ་སྲིན་མང་པོ་དམ་ལ་བཏགས། དམ་ལ་མི་གནས་པ་རྣམས་གཞན་དུ་བསྐྲད། ཕུག་སྒོ་ཆུང་ངུ་ཞིག་ལ་ཕར་གཤེགས་ཚུར་གཤེགས་མཛད་པ་དང་། བྲག་ལ་ཞབས་རྗེས་འཇོག་པ་སོགས་གྲུབ་པའི་མཚན་མ་མང་དུ་བསྟན། སྔོན་འབྲོམ་ཆོས་ཀྱི་རྒྱལ་པོས་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་སྐུ་རང་བྱུང་དུ་གཟིགས་པའི་ཕ་བོང་ཆེན་པོ་ཞིག །ཕྱིས་འགྱུར་ནས་རང་བྱོན་དེས་འོག་ཏུ་ཚུད་པ་ལ། ཡུལ་པའི་མི་རྣམས་ཀྱིས་ཕ་བོང་དེ་ཀ་ལ་ཆོས་སྐུ་ཞེས་མིང་བཏགས་ནས་སྐོར་བ་བྱེད་ཅིང་ཡོད་འདུག་པ་ལ། སྐུ་དེ་ས་འོག་ཏུ་ཚུད་ཅེས་གསུངས་ནས་མི་མང་པོ་བསྒྱུར་དུ་བཅུག་ནས་མངོན་སུམ་དུ་བསྟན། རྒྱལ་བ་བཙོང་ཁ་བ་སོགས་ལྷ་དང་བླ་མ་ཞི་ཁྲོ་རབ་འབྱམས་གྲངས་མེད་པའི་ཞལ་གཟིགས། གློང་ཐང་སྒྲོན་མའི་གཙུག་ལག་ཁང་མཇལ་བར་


GLG008_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། ཕྱག་ན་རྡོ་རྗེ་འབྱུང་འདུལ་གྱི་སྒྲུབ་ཐབས་མཛད། པཎྜི་ཏ་ཛྙཱ་ན་སྨྲྀ་ཏིའི་གདུང་མཇལ། དྲན་ཐང་ནང་སོས་གཙོས་པའི་སྡེ་དགོན་རྣམས་ཀྱིས་འབུལ་བ་དང་ཞབས་ཏོག་བྱས། སྔར་ལྡན་ཆོས་འཁོར་གླིང་དུ་ཕེབས་ཐོག །ཨལ་ཐན་རྒྱལ་པོའི་ཞལ་ཆེམས་བཞིན། རྒྱལ་བརྒྱུད་གཅིག་གིས་གཙོས་པའི་གདན་འདྲེན་པ་མངགས་པ་འབྱོར་ཏེ་མཚོ་ཁར་ཕེབས། རྒྱལ་པོ་ཨལ་ཐན་དམིགས་ཡུལ་དུ་གཙོ་བོར་བགྱིས་པའི་སྨོན་ལམ་བྱམས་པའི་འཛུམ་ཞལ་མངོན་དུ་བགྱིད་པའི་ཕོ་ཉ་ཞེས་བྱ་བ་ཐུགས་རྩོམ་གནང་། སྟག་ལུང་ཆོས་རྗེ་ཀུན་དགའ་བཀྲ་ཤིས་སྒར་བསྐོར་ལ་བྱོན་པར། འཕྲིན་ལས་བཞེད་པ་བཞིན་མ་བྱུང་བར་ཡར་འཕྲལ་འབྱོན་ཡང་མ་བདེ་ཞིང་། བཞུགས་པ་ལ་ཡང་འོ་བརྒྱལ་བར་ཡོད་སྐབས་རྗེ་ཉིད་ཀྱིས། སྟག་ལུང་པ་གདུང་རུས་ཁུངས་བཙུན་པའི་བསྔགས་བརྗོད་ཀྱི་སྒོ་ནས་འཕྲིན་ལས་ཀྱི་སྒོ་ཕྱེ་བས་ཁོང་དཔོན་སློབ་ངལ་གསོའི་བདེ་བར་ཐོབ། ཨ་ས་དཔལ་ནོ་ཡོན་བྲོ་འཚལ་བ་ལས་གྲོལ་བར་མཛད། ཧོར་ཟླ་བཅུ་གཅིག་པའི་གྲང་བའི་སྐབས་དེར། རྗེ་ཉིད་ཀྱི་ཞལ་གྱི་རླང་པ་ལས་མེ་ཏོག་པདྨ་དཀར་པོ་ཞིག་བྱུང་བའི་སྟེང་དུ་ཨ་ཡིག་འདུག་པ་ཨས་དཔལ་ནོ་ཡོན་གྱིས་གསལ་བར་མཐོང་། སྤོས་ཀྱི་དུད་པ་ནམ་མཁའ་ལ་གདུགས་ལྟར་ཕུབ་པས་ཡ་མཚན་པ་བྱུང་། ཉི་མ་ཞེས་པ་ཆུ་ལུག་གི་ལོ་གསར་གྲུབ་ནས། རྒྱལ་བ་བཙོང་ཁ་པ་སྐུ་བལྟམས་པའི་གནས་སྐུ་འབུམ་དུ་ཕེབས། དེར་བཤད་གྲྭ་གསར་དུ་འཛུགས་པ་དང་། བསྟན་པ་རྒྱས་པའི་ཆོས་སྲུང་རྣམས་ལ་གཉེར་གཏད་མཛད། བྱ་ཁྱུང་བྲག་ཏུ་ཕེབས། རབ་བྱུང་བསྙེན་རྫོགས་དང་། ཆོས་མང་དུ་གནང་། རིམ་གྱིས་རི་བོ་དན་ཏིག་ཏུ་ཕེབས། སྐུ་མཚམས་ཡུན་རིང་


GLG008_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནང་། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཞལ་གཟིགས། བདེ་མཆོག་ལྷ་ལྔའི་ཆོས་ཚན་འགའ་ཞིག་ཐུགས་རྩོམ་གནང་། ཨང་ཏིག་གི་གནས་སྒོ་གསར་དུ་ཕྱེེ་བའི་ངོས་དེར་སངས་རྒྱས་བྱང་སེམས་ཀྱི་སྐུ་དང་། བཀྲ་ཤིས་རྟགས་བརྒྱད་སོགས་རང་བྱོན་མང་དུ་བྱུང་། དེའི་བྲག་དངོས་ནས་ཆོས་གཏེར་དང་། འཆི་མེད་ཚེའི་བུམ་པའི་གཏེར་ཡོད་པ་བཞེས་རྩིས་ལ། འགའ་ཞིག་གིས་བྲག་དེ་གཡང་ཆེ་བས་མི་འགབ་ཚུལ་ཞུས་པས། སྐུ་ཚེ་རིང་པའི་འཕེན་པའང་མེད་འདུག་པའི་སྟབས་ཀྱིས་བཏང་སྙོམས་སུ་བཞག །ཚེ་ཆུ་དེ་བཞེས་ཐུབ་ན་སྐུ་ཚེ་མཐར་ཕྱིན་ཞིག་འོང་ཚོད་དུ་འདུག །དེ་ནས་བྱམས་ཆེན་ཆོས་རྗེའི་བཞུགས་གནས་མཛོ་མོ་མཁར་དུ་ཕེབས། དབང་ཆོས་རབ་བྱུང་བསྙེན་རྫོགས་མང་དུ་གནང་། ཉི་སྒྲོལ་བྱེད་ཅེས་པ་ཤིང་སྤྲེལ་གྱི་ལོ་གསར་རྒྱས་པར་མཛད། རྒྱ་ཀོང་རྩེ་འཕྲུལ་གྱིས་བྲག་རི་ལ་བརྐོས་པའི་བྱམས་པའི་སྐུ་འབུམ་ཐེར་བཞུགས་པ་དེ་མཇལ་ནས། མ་སྒལ་གྱི་སའི་ཆ་བིང་ལེར་སྒར་དམངས་བཞག །དཔོན་སློབ་ཉུང་བསྡུས་ཤིག་སྒལ་དགོན་པར་ཞག་གཉིས་ཙམ་བཞུགས་ངོས། ཆུ་བོ་ཆེན་པོ་ལ་གྲུ་གཟིངས་བཏང་སྟེ། འཕགས་པ་ཤིང་ཀུན་ཏུ་ཕེབས། བླ་མ་ཆོས་ཀྱི་རྒྱལ་པོའི་སྐུ་འདྲས་གསུང་བྱོན། སྐུ་དེའི་ཕྱག་མཛུབ་ཆག་པ། གཞན་གྱིས་ཐབས་གང་གིས་ཀྱང་མ་འབྱར་བ་ལ། རྗེ་འདིས་ཚེགས་ཆུང་ངུས་འབྱར་བར་མཛད། ཕྱོགས་དེའི་སྐྱེ་བོ་མཐའ་དག་ཐར་ལམ་ལ་བཀོད། ཐུགས་རྗེ་ཆེན་པོའི་སྐུ་རང་བྱོན་བཞུགས་པའི་ཤར་ཡུལ་སྤེན་ལྷས་ནགས་ཚལ་དུ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་ལས་བྱང་ལེའུ་བརྒྱད་པའི་སྒོ་ནས་མཆོད་པ་མཛད་པས་སློབ་དཔོན་ཆེན་པོ་ལ་མཚན་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས། སླར་ཙོང་


GLG008_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་ཡུལ་དུ་ཕེབས། དེར་རྒྱ་ཧོར་གྱི་བར་དུ་འཁྲུག་པ་ཆེན་པོ་ཡོད་པ་རྣམས་ཟླུམས་པར་མཛད་དེ་ཀུན་ཀྱང་བདེ་བ་ལ་བཀོད། རིམ་གྱིས་པག་རས་ཀྱི་སའི་ཆར་གདུལ་བྱ་རྣམས་ཀྱི་རེ་འདོད་ཡོངས་སུ་བསྐང་། སེམས་ཉིད་དུ་ཞག་ཁ་ཡར་བཞུགས་ནས། ད་ལྟའི་དགོན་པ་དགའ་ལྡན་དར་རྒྱས་གླིང་ལུང་བསྟན། དེ་ནས་མཚོ་ཁར་ཕེབས། དཔོན་པོ་འཁོ་ལོ་ཆེས་བསྙེན་བཀུར་རྒྱ་ཆེར་ཞུས། འདོད་ཆོས་ཀྱིས་ཚིམ་པར་མཛད། ལུགས་གཉིས་ཀྱི་བགྱི་བའི་བསླབ་སྟོན་ལྷུག་པར་སྩལ། སྒར་ཆེན་གདུགས་མང་པོའི་བར་དུ་བཏེག་པ་ན། ཆུ་མེད་པའི་མྱ་ངམ་གྱི་ཐང་ཞིག་ལ་འདི་ནས་ཆུ་འོང་ཞེས་བཀས་གནང་སྟེ་བྲུས་པས་རེ་ཞིག་མ་བྱུང་བར་ཀུན་སོམ་ཉིང་གྱུར་སྐབས། རྡོ་མིས་ཐེག་ཚོད་ཙམ་ཞིག་དོང་དུ་བརྡེག་བཅུག་པ་དང་མཉམ་དུ་ཆུ་ཐག་ཤས་གསུམ་ཙམ་གྱིས་བར་དུ་རྡོལ་བའི་ངོ་མཚར་བསྟན། ད་ཡན་ནོ་ཡོན་གྱིས་གཙོས་པའི་རྟ་པ་སྟོང་ཕྲག་ཙམ་གྱིས་མདུན་བསུས་ཏེ། འུར་སྡུས་ཀྱི་དཔོན་པོ་སེ་ཆེན་ཧོང་ཐའི་ཇིའི་སྡེ་ཐོག་ཏུ་ཕེབས། དབང་རྗེས་གནང་སོགས་འདོད་ཆོས་དུ་མ་སྩལ། གསེར་དངུལ་གོས་དར་རྟ་ཕྱུགས་སོགས་འབུལ་བ་ཁྲི་ཕྲག་བརྒལ་བ་ཕུལ། ས་སྐྱོང་ཞེས་པ་ཤིང་བྱའི་ལོ་གསར་དང་། ཆོ་འཕྲུལ་གྱི་མཆོད་པ་རྒྱས་པ་མཛད། རབ་ཏུ་བྱུང་བ་སྟོང་ཕྲག་ཉེ་བ་བསྒྲུབས། གཙུག་ལག་ཁང་དང་འདུས་པའི་སྡེ་གསར་དུ་བསྐྲུན་པ་ལ་མེ་ཏོག་གཏོར། ད་ཡན་ནོ་ཡོན་དེ་སྡིག་ལ་རྔམས་ཤིང་མི་བསྲུན་པ་སྲིན་པོའི་རིགས་ཅན་ལྟ་བུ་ཞིག་ཡིན་འདུག་ཀྱང་། ཡན་ལག་བརྒྱད་པའི་བསླབ་པ་ལ་བཀོད་དེ་སྡིག་པ་ཤིན་ཏུ་འཛེམ་པར་གྱུར། དེ་ནས་སེ་ཆེན་ཏའི་ཆིང་གི་སྡེ་ཐོག་ཏུ་བཞུགས་སྒར་ཕེབས། ཐའི་ཇི་ལ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་


GLG008_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག་སྟེ་དབང་བསྐུར། གཙུག་ལག་ཁང་དང་འདུས་སྡེ་བཞེངས་པ་ལ་རབ་ཏུ་གནས་པ་དང་། གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་གིས་ནག་ཕྱོགས་རྣམས་ཚར་བཅད། དགོན་པ་དེ་ལ་ཕུན་ཚོགས་དར་རྒྱས་གླིང་དུ་བཏགས། ཐན་པ་ཤིན་ཏུ་ཆེ་བ་ལ་ཆར་ཆེན་པོ་བབ་སྟེ་མི་ཕྱུགས་མཐའ་དག་བདེ་བ་ལ་བཀོད། སོག་པོ་ཚོ་ཆེན་བཞི་བཅུའི་གུར་དཀར་པོའི་བདག་པོ་ཇུ་ནང་རྒྱལ་པོས་བསུ་བ་དང་བཅས་ཏེ་གདན་དྲངས། རིན་པོ་ཆེའི་ཕོར་པ། གོས་ཡུག་བརྒྱ། དངུལ་སྲང་སྟོང་སོགས་འབུལ་བ་ཁྲི་ཕྲག་ཕུལ། རྒྱལ་པོ་འཁོར་བཅས་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། གཙུག་ལག་ཁང་དང་འདུས་སྡེ་བཞེངས་པ་ལ་རབ་ཏུ་གནས་པ་རྒྱས་པར་མཛད། འདི་དག་གི་སྐབས་སྔ་ཕྱི་རྣམས་སུ་ཕྱག་མདུད་ཕྱག་དབང་སོགས་གྲངས་མང་བས་ཕྱག་བརྡོལ་བ་བྱུང་ཡང་འགྲོ་དོན་ལ་དགོངས་ཏེ་དཀྲིས་མ་མཛད་ནས་མཚམས་འཇོག་པ་མ་གནང་། བརྒྱ་བཞིའི་ཆོ་ག་རྒྱས་པ་བཀླགས་པས་དོན་གྲུབ་དང་། གསོལ་འདེབས་དངོས་གྲུབ་འབྱུང་གནས་ཐུགས་རྩོམ་གནང་། རྒྱལ་པོས་རང་གི་བུ་ལ་རྒྱལ་སྲིད་གཏད་དེ། འཁོར་བའི་ཕུན་ཚོགས་མཐའ་དག་སྤངས་ཏེ་རབ་ཏུ་བྱུང་། རིམ་གྱིས་ཇོ་འཁོར་ནོ་ཡོན་གྱིས་གདན་དྲངས། ཐའི་ཇི་འཁོར་བཅས་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། ཧོར་ཟླ་བཅུ་པའི་ཉེར་ལྔ་ལ་རྒྱལ་བ་བཙོང་ཁ་པ་ཆེན་པོ་མཆོད་པའི་དུས་སྟོན་རྒྱས་པར་གནང་བས་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་བབ། མཚན་མོ་གླིང་མེ་སྤར་བའི་འོད་ཀྱིས་ཉིན་མོའི་སྣང་བ་ལྟར་གསལ་བས། ཕྱོགས་དེར་རྒྱལ་བ་གཉིས་པའི་བསྟན་པ་རྒྱས་པའི་རྟེན་འབྲེལ་འགྲིག །རྗེ་འབངས་མཐའ་དག་དགེ་བའི་ལམ་ལ་བཀོད། མི་ཟད་


GLG008_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་མི་ཁྱིའི་ལོ་གསར་དང་། ཆོ་འཕྲུལ་གྱི་མཆོད་པ་རྒྱས་པར་མཛད་དོ། །རབ་འབྱམས་རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་པས། །རང་དགར་མཁྱེན་བརྩེ་ནུས་པའི་ཟླ་བཞོན་གྱིས། །རབ་ཡངས་མཐའ་འཁོབ་རྨོངས་པའི་མུན་པ་ཀུན། །རབ་ཏུ་གསལ་ཏེ་རྫོགས་ལྡན་ལྟ་བུ་བཀོད། །བཀོད་ལེགས་དྲེགས་ལྡན་འཇོམས་པའི་མངའ་ཐང་དང་། །དང་པོའི་སངས་རྒྱས་ཐོབ་པའི་ཆོས་ཚུལ་ཀུན། །ཀུན་ནས་ཕན་ཚུན་འགྲན་པའི་ངོ་མཚར་དཔལ། དཔལ་ལྡན་འཇམ་དཔལ་སྙིང་པོའི་རིང་ལུགས་སྤེལ། དེ་ནས་ཨལ་ཐན་རྒྱལ་པོའི་སྲས་དུ་རིང་རྒྱལ་པོས་གདན་འདྲེན་གྱི་ཕོ་ཉ་མངགས་པ་ལྟར། ཆིབ་ཁ་སྒྱུར་ཏེ་དམར་ཆུའི་འགྲམ་དུ་ཕེབས་པ་ན། ཆུ་ཧ་ཅང་ཆེ་ཞིང་གཏིང་ཟབ་པས། སྒར་དམངས་རྣམས་ཕེབས་མི་ཐུབ་པ་འདྲ་ཞེས་གླེང་སྐབས། དེ་ནུབ་འདོད་ཁམས་དབང་ཕྱུག་མ་ལ་གཉེར་གཏད་གནང་བས། མཚན་ཕྱེད་ནས་ཐམས་ཅད་གཡོ་བ་ཙམ་གྱི་རླུང་ནག་ཆེན་པོ་བྱུང་། ནམས་ལང་ཙ་ན་གཡས་གཡོན་ཐམས་ཅད་ཆུ་སྔོ་ཏིང་ངེ་བ་ལ་དཀྱིལ་དུ་དར་ལམ་སྐྱ་ཤ་རེ་ཆགས་འདུག་པ་ལ། སྒར་པ་རྣམས་འགྲིམས། དིང་སང་ཡང་དུས་ཚོད་དེ་ཁར་ཆགས་ཡོང་བའི་བསོད་ནམས་དར་ལམ་དུ་མིང་ཐོགས། རིམ་གྱིས་མཁར་སྔོན་པོ་ཞེས་བོད་འབྲོག་གི་སྡེ་མཐའ་ཀླས་པ་ཡོད་པའི་ལྷའི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུ་དེར། ངོ་མཚར་བའི་བསུ་བ་དང་བཅས་ཏེ་ཕེབས། ཨལ་ཐན་རྒྱལ་པོས་བཞེངས་པའི་དངུལ་གྱི་ཤཱཀྱ་མུ་ནེའི་སྐུ་གཟུགས་ལ་གཟུངས་བཞུགས་དང་རབ་གནས་རྒྱས་པར་མཛད། རྒྱལ་པོས་གསེར་གྱི་མཎྜལ། དངུལ་གྱི་རྒྱ་དམ། གོས་ཡུག་བརྒྱ། རོལ་མོའི་རིགས། རྟ་དྲེའུ་དར་རས་སོགས་འབུལ་བ་ཁྲི་ཕྲག་བཏེག །རྗེ་འབངས་ཁ་ཤས་ལ་ཀྱཻ་རྡོ་རྗེ་དང་འཁོར་ལོ་སྡོམ་པའི་དབང་


GLG008_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། བདེ་མཆོག་བོང་བུའི་ཞལ་ཅན་དངོས་སུ་ཞལ་གཟིགས། རྒྱལ་པོས་བསྐུལ་ཏེ། དྲིལ་བུ་ལྷ་ལྔའི་དབང་ཆོག་ཐུགས་རྩོམ་མཛད། ཨལ་ཐན་རྒྱལ་པོའི་གདུང་ཞུགས་འཕུལ་བས་ནམ་མཁའ་ཐམས་ཅད་འཇའ་འོད་ཀྱི་དྲ་བས་ཁེངས་ཤིང་མེ་ཏོག་གི་ཆར་བབ། ཧཱུྃ་དང་ཧྲིཿ་སོགས་ཡི་གེ་དང་། རིང་བསྲེལ་མཐའ་ཡས་པ་བྱུང་། ཕྱི་རྟེན་དུ་དངུལ་སྲང་སྟོང་ལས་གྲུབ་པའི་མཆོད་རྟེན་བཞེངས་པ་ལ་རབ་གནས་མཛད། ཆ་དཀར་ནས་ན་མོ་ཏའི་ཧོང་ཐའི་ཇི་མཇལ་བ་ལ་འོངས་ཏེ། ཟང་ཟིང་གི་འབུལ་བ་ཁྲི་ཕྲག་ཕུལ། དམ་པའི་ཆོས་ཀྱི་ཚེམ་པར་མཛད། རྒྱ་ནག་གི་བཟོ་བོ་མཁས་པ་ལ་འདྲ་འབག་དང་གསོབ་བཟོ་བཅུག་ནས། བར་དོར་དགེ་སྡིག་ཤན་འབྱེད་ཀྱི་རྣམ་པ་མང་པོ་བསྟན་པའི་སྒོ་ནས་གདུལ་བྱ་འགའ་ཞིག་དགེ་བ་ལ་བཀོད། ཅུང་ཟད་སྙུང་བའི་ཚུལ་བསྟན་པ་ལ། སྐུ་འཁོར་རྣམས་ཀྱིས་རེ་ཞིག་སྐུ་མཚམས་གནང་བར་ཞུས་པས། གཞན་ཕན་རྒྱ་ཆེ་བ་འདིའི་སྐབས་སུ་མཚམས་ཀྱིས་དགོས་པ་མེད། ཁོ་བོ་འགྲོ་དོན་ལ་མི་སྐྱོ་ཞེས་བཀའ་སྩལ་པ་རྒྱལ་སྲས་ཆེན་པོའི་རྣམ་ཐར་དུ་མཆིས། ཐམས་ཅད་འདུལ་ཞེས་པ་མེ་ཕག་གི་ལོ་གསར་གྱི་དགའ་སྟོན་དང་། ཆོ་འཕྲུལ་གྱི་མཆོད་པ་གནང་། མཐུ་མེད་ཀྱི་གཡས་རུའི་ཕྱོགས་སུ་ཕེབས། གཙུག་ལག་ཁང་ལ་རབ་ཏུ་གནས་པ་མཛད། དུ་རིང་རྒྱལ་previous hit པོ་གཤེགས་པའི་དགོངས་རྫོགས་ཀྱི་མགོན་དུ་ཕེབས། དགེ་བ་རྣམས་རྫོགས་བྱང next hit་དུ་བསྔོས། ཁར་ཁ་རྡོ་རྗེ་རྒྱལ་པོ་མཇལ་བར་འོངས་པ་ལ་འདོད་པའི་རེ་བ་ཡོངས་སུ་བསྐང་། འབོལ་རྒན་གྱི་པགས་པའི་ཁུར་སོགས། ནོར་སྣ་རྔམས་ཆེན་མང་དུ་ཕུལ། དེ་སྐབས་རིན་པོ་ཆེ་བོད་མཁར་བའི་མཚན་ལྟས་ལ། སྐུ་ཚེ་ལ་བར་ཆད་ཆེན་པོ་ཡོད་པའི་རྟགས་བྱུང་བས། རིན་པོ་ཆེ་རང་གིས་ཞལ་གྱི་དམར་ཆེན་གཏོར་


GLG008_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་དང་། དགའ་ལྡན་ཕོ་བྲང་དུ་བསྙེལ་སོ་བཏང་བའི། སྐུ་མདུན་ཆོས་མཛད་པས་འབུམ་བརྒྱ་བཙུགས། ཨུ་རེང་ཁན་གྱི་ཇོ་འཁོར་ནོ་ཡོན་གྱིས་ཕོ་ཉ་མངགས་པ་ལྟར། བླ་མཆོད་བཏང་སྟེ་བརྒྱུད་པའི་སྒོ་ནས་བཏུལ། ཁར་ཆིན་གྱི་རྒྱལ་ཕྲན་ཞིག་རབ་ཏུ་བྱུང་བར་འོངས་དེས་དགེ་འདུན་གྱི་སྡེ་བཙུགས་པ་ལ་ཕྱག་ནས་གཏོར། མཆོད་རྟེན་དཀར་པོ་ཞེས་པའི་བྱིན་རླབས་ཅན་བཞུགས་པའི་ཡུལ་གྱི་རྒྱལ་པོ་ཨལ་ཐན་མཆེད་ཀྱིས་སྤྱན་དྲངས་གཙུག་ལག་ཁང་བཞེངས་པ་ལ་རབ་གནས་མཛད། ཉིན་གཅིག་ནགས་འཐོར་རེ་བ་ཡོད་པའི་རི་ཞིག་ལ་ཕེབས་པས། དགེ་སློང་ན་བཟའ་ཧྲུལ་ལེ་བ་བཞེས་པ་ཞིག་དང་མཉམ་ཕྱག་མཛད། གསུང་གླེང་མང་དུ་གནང་སྟེ། དེ་ནགས་གསེབ་ལ་ཡུད་ཀྱིས་བཞུད་སོང་བས། སྐུ་འཁོར་རྣམས་ཀྱིས་དྲི་བ་ཞུས་པར། རྒྱལ་ལྷ་ཐོག་སྟེང་ནས་གྲུབ་ཆེན་ཐར་པའི་རྒྱལ་མཚན། ཁོ་བོ་འགྲོ་ཁར་ཐུག་པ་ལ་བྱོན་པར་འདུག །ད་ནང་གང་ནས་ཕེབས་ཞུས་པས། གཏོར་མ་གྲོལ་ནས་འོང་གསུང་བྱུང་། ཁོང་ཡང་ཡུན་རིང་བཞུགས་མདོག་མ་ཁ་གསུངས། ཅུང་ཞིག་སྙུང་བའི་ཚུལ་མཛད་པར། མཆོག་དམན་ཀུན་གྱིས་གསོལ་བ་བཏབ་པའི་ངོར། སྐུ་མཚམས་གནང་བའི་སྐབས། རྒྱལ་བ་བཙོང་ཁ་པས་བཏང་བའི་ཕོ་ཉ་ཡིན་ཟེར་བ་ཞིག་འོངས་ཏེ། ཡི་གེ་ཕྱག་ཏུ་ཕུལ་བ་གཟིགས་པ་ན། རེ་ཞིག་དགའ་ལྡན་དུ་ཤོག་ཟེར་བ་འདུག་གསུངས་ཏེ། མགོན་པོ་སྙིང་ཞུགས་ཀྱི་འཕོ་བའི་ཐུགས་དམ་རྒྱུན་དུ་མཛད། སྐུ་བསྙུན་པ་ལས་དྭངས་པ་དང་། དབུས་གཙང་གི་གདན་འདྲེན་པ་རྣམས་ཀྱིས། ཡར་ཕེབས་དགོས་པའི་ཞུ་འབུལ་དང་། ཁར་ཆིན་གྱི་རྒྱལ་པོས་ཕོ་ཉ་མངགས་ཏེ། མཐའ་འཁོབ་ཀྱི་ས་ཕལ་ཆེར་ན་འཁོད་པའི་གདུལ་བྱའི་རེ་བ་སྐོང་བར་མཛད་ཟིན་པས། ངེད་ཀྱི་ཡུལ་དུ་ཕེབས་དགོས་པའི་རྒྱུ་མཚན་


GLG008_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནན་དུ་ཕུལ་བས། ཀུན་མཁྱེན་ཟས་གཙང་གི་སྲས་པོ་གྱད་ཀྱི་ཡུལ་རྩྭ་ཅན་དུ་གཤེགས་པ་ལྟར། ཁར་ཆིན་གྱི་གསེར་ཡིག་པར་ཕེབས་པའི་བཀའ་ལན་གནང་སྟེ། བཞུགས་སྒར་རིམ་གྱིས་བཏེག་ནས། ཧོར་རྒྱལ་པོའི་དུས་ཀྱི་ཕོ་བྲང་ཤང་ཏོ་ཞེས་པའི་ཤུལ་གྱིས་སར་ཕྱགས་ཕེབས། རྒྱལ་བློན་འགའ་ཞིག་ལ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དབང་དང་། སྐྱེ་བོ་ཕལ་ཆེར་ཡན་ལག་བརྒྱད་པའི་ཁྲིམས་སོགས་དགེ་བ་ལ་བཀོད། རྒྱལ་པོའི་འབུལ་ཆེན་གྱི་དུས། དངུལ་ལས་གྲུབ་པའི་ཁང་པ་ཀ་གཉིས་མ་ཙམ་ཞིག་ཏུ་བཞུགས་གདན་བཀོད་པས། རེ་ཞིག་སྔས་པ་ཙམ་ཡིན་ཀྱང་། འདོད་པ་དང་བསྟུན་པས་ཆོག་གསུངས་ཏེ། དངུལ་གདུང་གི་རྟེན་འབྲེལ་དུ་དགོངས། གསེར་དངུལ་གོས་དར་རྟ་ཁྲབ་སོགས་འབུལ་བ་ཁྲི་ཕྲག་བརྒལ་བ་ཕུལ། དེར་དགེ་འདུན་གྱི་སྡེ་བཙུགས་འདུག་པ་ལ་རབ་ཏུ་གནས་པ་རྒྱས་པར་མཛད། ཀུན་འཛིན་ཞེས་པ་ས་བྱིའི་ལོ་གསར་དང་། སྨོན་ལམ་རླབས་པོ་ཆེ་གནང་། ཟླ་བ་དང་པོའི་མཇུག་ནས་ཅུང་ཟད་བྲོ་འཚལ་བའི་རྣམ་པ་བསྟན། རྒྱ་ནག་གོང་མ་རྒྱལ་པོས་ཕོ་བྲང་དུ་ཕེབས་དགོས་པའི་གདན་འདྲེན་པར། མི་བརྒྱད་ཀྱིས་གཉའ་བ་ནས་བཏེག་པའི་གསེར་ཡིག་པ་མངགས་ཀྭ་དིང་ཏའི་གུ་ཤྲཱིའི་མཚན་དང་། ལས་ཀ་ཆེ་བ་འདི་རེས་བྱུང་། རྟེན་འབྲེལ་དུ་དགོངས་ནས་ཕོ་བྲང་དུ་ཕེབས་པའི་ཞལ་བཞེས་མཛད། ནག་པ་ཟླ་བ་ནས་སྙུན་བབས་ལྕི་བའི་ཚུལ་བསྟན་ཏེ། གསུང་གི་མཐའ་མ་ཕྱག་བྲིས་སུ་སྩལ་བ་འདི་ལྟར། གནས་ཆུ་ལྷའི་ཕྱོགས་ཀྱི་སྐྱེད་ཚལ་ན། །དཔལ་བཤད་པའི་མིང་ཅན་བདེ་བའི་མཆོར། །ཐབས་ཤེས་རབ་ཀྱི་ཁུ་བ་སྟེར་མཁས་པ། །གནས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ངོགས་ཀྱི། །དྲི་ཟས་སུ་ཟ་བའི་དགའ་བའི་ཚལ། །གཞི་དེ་ན་བདེ་སྟོང་ལོངས་སྤྱོད་པའི། །ལྷ་སྭ་ར་


GLG008_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟིའི་དངོས་གྲུབ་ཀྱི། །རྒྱན་རིན་ཆེན་འཕྲེང་བ་སྤུད་བྱེད་ཅིང་། གདངས་སྙན་པའི་ལྷུང་ལྷུང་སིལ་སྒྲ་ཅན། །སྒྲ་འཛིན་པའི་བུ་གར་གྲག་འོས་པ། །ཡིད་གཉིས་འཛིན་གྱི་འཁྲི་བ་གཅོད་པའི་དཔལ། །ཡུལ་གང་དེ་བློ་ཡི་ར་བར་འཁོད། །དེ་འདུས་འབྲལ་མེད་པའི་དཔལ་དུ་བཟང་། །མི་གནམ་བསྐོས་ཀྱི་དགའ་བ་སྐྱེད་བྱེད་རྒྱལ། །མཚན་ཀུན་ཏུ་རྒྱལ་བའི་ཡོན་ཏན་དེ། དཔལ་ཡར་གྱི་ངོ་བཞིན་གོང་དུ་འཕེལ། །ཀྱེ་གཞན་ཕན་དུ་རློམ་པའི་རྣམ་གཡེང་གིས། །ཉིན་བཞིན་དུ་འཁོར་ཀྱང་ངལ་མ་ཚོར། །མཚན་དགེ་སྦྱོང་གྱི་གསེབ་ཏུའང་དྲན་ལམ་དུ། །སྒྲིབ་བྲལ་བའི་དབྱིངས་དེར་ཉི་དཀྱིལ་བཞིན། །ཆོས་གསལ་ཞིང་གསལ་བ་འདི་ངོ་མཚར་ཆེ། །ཡིད་དགའ་བའི་མེ་ལོང་དཀྱིལ་འཁོར་ལ། །སེམས་བདེ་བའི་ཡུལ་གྱི་སྣང་བརྙན་ནི། །མཁའ་དག་པའི་དབྱིངསཀྱི་ཟླ་གཟུགས་དེ། །ཆེས་དྭངས་པའི་ཆུ་ནང་ཇི་བཞིན་ནོ། །འདི་རྫུན་པ་མ་ཡིན་བདེན་པ་སྟེ། །སྐྱབས་རིན་ཅེན་གསུམ་གྱི་དགོངས་པ་ཡིན། །ལྷ་ཆོས་སྐྱོང་སྲུང་མ་དབང་བཞུགས་པ། འདི་སྣང་ཚུལ་བཅོས་སུ་མེད་པ་སྟེ། །དེ་བདེན་པའི་ཚིག་གིས་ཡི་གེར་བྲིས། འདི་གྲོགས་སུ་གྱུར་པ་དཀར་འཇམ་གྱི། རས་བཟང་པོའི་ལོགས་ལ་སུག་པས་བྲིས། འདི་རང་གིས་བལྟས་ན་བདེ་བའི་རྒྱུ། གྲོགས་གཞན་གྱིས་བལྟས་ན་ཅི་འཆར་འགྱུར། །ཉམས་བདེ་སྟོང་རོལ་པའ་ིརྒྱ་མཚོ་ཆེ། །དབྱར་ཆུ་བོའི་ངང་ཚུལ་དག་ལ་འགྲན། །དེ་ལམ་བཟང་རྡོ་རྗེ་ཐེག་པའི་དྲིན། །དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །བདག་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ། །ལམ་བཟང་པོ་འདི་དང་མི་འབྲལ་ཤོག །སྐྱབས་བསླུ་མེད་དཀོན་ཅོག་གསུམ་ལ་འདུད། །ཀྱེ་ཡངས་པའི་རྒྱལ་ཁམས་ཧོར་གྱི་ཡུལ།


GLG008_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཀྱི་འབྱོར་པ་ཀུན་ཚོགས་པར། ཁོང་གསེར་གྱི་རྒྱལ་པོས་གཙོས་གྱུར་པའི། །བཅུད་དད་ལྡན་གྱི་སྦྱིན་བདག་སློབ་མ་རྣམས། །སྔོན་དགེ་ལེགས་ཀྱི་འབྲེལ་པ་མི་དམན་པས། །དུས་དིང་སང་རྟེན་འབྲེལ་ཕུན་སུམ་ཚོགས། །སླར་སྨོན་ལམ་མཐུ་ལས་ཕྱི་མར་ཡང་། །ཚུལ་འདི་ལྟར་ཐེག་ཆེན་ལམ་བཟང་ནས། ཁྱེད་སྐལ་ལྡན་འདྲེན་པའི་དཔལ་དུ་འགྱུར། དུས་ད་རེས་སྐལ་པ་དང་འཚམ་པར། །ཆོས་མཐོ་རིས་ཐར་ལམ་ལེགས་བསྟན་ནས། །སེམས་བདེ་བའི་ཡུལ་ལ་བསྐྱོད་པར་བྱ། །གཞན་ཕན་དོན་གཉེར་གྱི་བྱེད་པོ་འདི། །དབུས་དད་ལྡན་དོན་དུ་འདྲེན་པ་གྱིས། །དུས་སྙིགས་མའི་འགྲོ་རྣམས་བསོད་ནམས་ཀྱི། །མཐུ་དམན་ཕྱིར་རྐྱེན་ངན་མང་ན་ཡང་། །ཕྱོགས་འདི་ནས་ཕན་བདེའི་འབྱུང་གནས་མཆོག །དུས་རིང་ཞིག་གནས་པའི་སྨོན་ལམ་བགྱི། །དོན་འདི་ལ་ཀུན་གྱི་བྱེད་པར་རིགས། །ཀྱེ་དད་ལྡན་གྱི་སྦྱིན་བདག་སློབ་མ་རྣམས། །དུས་ལོང་ཡོད་མ་ཡིན་བརྩོན་པ་ཡིས། །ལྷ་རིན་ཅེན་གསུམ་གྱི་སྐྱབས་འོག་ནས། །ཆོས་དམ་ཚིག་སྡོམ་པ་གཅེས་པར་སྲུངས། །དཔལ་བཞེད་དགུ་མ་ལུས་འགྲུབ་པར་འགྱུར། །རྗེ་སངས་རྒྱས་བསྟན་པའི་ཉི་མ་ཡིས། །ཡུལ་མཐའ་ཁོབ་སྡིག་མུན་ཀུན་གསལ་ནས། །ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །ཀྱེ་ཡངས་པའི་རྒྱལ་ཁམས་ཆེན་པོ་ན། །ལོངས་སྤྱོད་ཀྱི་མཁོ་དགུ་ཀུན་ཚོགས་པའི། །སྡེ་ཆེན་པོ་ཁ་ར་ཆིན་གྱི་ཡུལ། །བཅུད་དད་ལྡན་གྱི་སྦྱིན་བདག་སློབ་མར་བཅས། ཉིན་བཞིན་དུ་འདུ་འཁོད་ཀྱི་ངང་ནས་ཀྱང་། །སེམས་བདེ་བའ་ིཡུལ་ལ་བསྐྱོད་པ་ཡིས། །གཉིས་སྐྱེས་ཀྱི་ཆ་ལུགས་མ་བླངས་ན། །གུ་རུ་ཡི་ཚེ་དཔལ་རིང་བར་འགྱུར། །དཔལ་དེ་ཡིས་ཕུན་ཚོགས་ཡིད་དབང་གིས། །དྲན་ཡུལ་དུ་གྱུར་པ་སྣང་བ་སྐྱོ། །སྣང་ཚུལ་


GLG008_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྟེན་འབྲེལ་ཆོས་འདི་ལ། །འདི་སྟེར་གྱི་སྒོ་གསུམ་སྤྱོད་ཡུལ་བྱས། །སྐུ་དེས་ཀྱང་ཕན་བདེའི་གྲོགས་སུ་འགྱུར། དཔལ་མཁའ་འགྲོ་བཅུ་གསུམ་བླ་མ་དང་། །དབྱེར་མེད་ཀྱི་མགོན་ལ་འཕྲིན་ལས་ཞུ། །ཞེས་སོ། །དེ་ལྟར་ཀུན་ཏུ་རྒྱུ་རབ་བཟང་ལྟར། སྐུ་དངོས་ཀྱིས་གདུལ་བྱའི་མཐའ་མ་རྫོགས་ཏེ་ནག་ཟླའི་ཉེར་དྲུག་གི་ཐོ་རེངས། སྤྲུལ་སྐུ་རགས་པའི་ཟ་མ་ཏོག་ལས། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་ལོགས་སུ་ཕྱེ་ནས། རྗེ་བཙུན་འཇམ་དཔལ་སྙིང་པོའ་ིདྲུང་དུ་གཤེགས་སོ། །ཉེར་བདུན་གྱི་ཉིན་སྐྱིད་ཤོད་བདེ་ཆེན་རྩེར་སྡེ་པ་བཀྲ་ཤིས་རབ་བརྟན་པ་ཞོགས་ཀའི་གཏོར་མ་ཞིག་གཏོང་བའ་ིསྐབས། རྗེ་འདི་སེང་གེ་དཀར་མོ་ལ་ཆིབས་ནས་ཕེབས་པ་ཡུན་རིང་པོར་གཟིགས་པར་ལོ་ཟླ་ཚེས་གྲངས་ཀྱི་ཐོ་ཉི་འོད་ཤར་གྱི་ཐལ་བའི་ངོས་ལ་བཏབ་ནས་ཕྱིས་སུ་སྐུ་འཁོར་རྣམས་ལ་དྲིས་པས་དུས་ཚེས་འགྲིག་པ་བྱུང་ངོ། །རིང་པོ་ཉིད་ནས་འགྲོ་ལ་བརྩེར་དགོངས་ནས། །བདེ་ཆེན་འགྱུར་མེད་ཆོས་དབྱིངས་ནམ་མཁའ་ལས། །སྤྲུལ་སྐུའི་ཆུ་ཤེལ་དབང་པོ་རྟག་འཆར་ན། །ཞི་བའི་ནུབ་རིའི་ངོས་སུ་མནལ་འདི་ཅི། །དུག་ལྔའི་ཉོན་མོངས་གྲང་རེག་གིས་གཙེས་པའི། །ལུས་ཅན་ལྗོན་པའི་ཚོགས་ལ་ཐུགས་བསྐྱེད་ཀྱིས། །དཔྱིད་ཀྱི་དཔལ་མོའི་མངལ་གྱིས་མི་སྐྱོང་ན། །དམ་བཅའི་ཁུར་ཆེན་འཁྱེར་བ་ངོ་རེ་མནོང་། །ལོག་བསྒྲུབ་མི་བསྲུན་སྐྱེ་བོའི་ཚེར་མ་དང་། །སྙིང་ནས་གུས་པ་ལྷུར་ལེན་ཨ་ཤྭ་དྠ། །ཉེ་དང་རིང་བ་སྤངས་ཏེ་རྗེས་འཛིན་པ། །འཕགས་ཆེན་རྒྱལ་སྲས་རྣམ་ཐར་མ་ཡིན་ནམ། །རིགས་དྲུག་སྐྱེ་བོའི་ཕ་མཐའ་རྫོགས་མིན་པར། །གཞན་ཕན་དམ་བཅའ་བཟུང་བའི་སྙིང་སྟོབས་ཅན། །ད་དུང་འདུལ་དཀའི་སྐྱེ་བོ་གྲངས་མེད་པ། །མཆིས་སོ་གཞན་


GLG008_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛོད་ཅིག་པད་དཀར་འཛིན། །དེ་ནས་ཕྱག་མཛོད་གུ་ཤྲི་དཔལ་ལྡན་རྒྱ་མཚོ་དང་རྒྱལ་པོ་སོགས་སྦྱིན་བདག་རྣམས་ཀྱིས་ལྷ་མཆོད་མི་མཆོད་ཀྱི་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས། དབུས་གཙང་གི་ཕྱོགས་སུ་དགོངས་རྫོགས་བསྒྲུབ་མི་མངགས། དེ་ཡང་དགོས་པའི་དབང་གིས། ཕྱག་མཛོད་དང་། དྲུང་ཡིག་འཛམ་སྲས་པ་ཆོས་ཀྱི་རྒྱ་མཚོ་སོགས་གྲོས་ཐོག་ནས། གཞན་ཕན་དོན་གཉེར་གྱི་བྱེད་པོ་འདི། །དབུས་དད་ལྡན་དོན་དུ་འདྲེན་པ་གྱིས། །ཞེས་པའི་ཚིག་རྐང་གཉིས་པོ་འདི་བཀའ་ཆེམས་ཀྱི་ནང་དུ་བཅུག་ནས། གདུང་དབུས་གཙང་དུ་གདན་འདྲེན་པ་འགབ་ཚུལ་གསུངས་ཀྱང་། རྒྱལ་པོ་སོགས་ལ་རྗེ་དྲུང་རིན་པོ་ཆེ་ནས། གསུང་ཡིན་མིན་གྱི་ས་མཚམས་གསལ་པོར་ཕྱེེ་བས། ཡར་གདན་འདྲེན་པ་ལ་བཀག་ཆ་བྱས་ཏེ། རྗེ་བླ་མའི་དཔེ་དྲངས་ནས་སོག་ཡུལ་དུ་རིལ་པོར་བཞུགས་པ་ལ་ཁ་འཆམ་ཡང་། ས་ཡུལ་ལ་མ་ངན་པར། ཧོར་ཟླ་བཅུ་པའི་ཉེར་ལྔ་ལ་ཞུགས་སུ་ཕུལ་བས། བདེ་མཆོག་དང་། སྤྱན་རས་གཟིགས་ཀྱི་སྐུ། ཡིག་འབྲུ་མང་པོ་དང་། དབུ་ཐོད་རིལ་པོར་ཕེབས། རིང་བསྲེལ་གྱི་ཕུང་པོར་གྱུར་པ་ཕྱོགས་ཐམས་ཅད་དུ་བཀྱེ་བས། སོ་སོས་གདུང་རྟེན་གྲངས་མེད་བཞེངས་པ་ནི། ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་བྱེ་བ་བཞེངས་པའི་རྣམ་གྲངས་ལ་ཡང་འགྲན་པར་ནུས་སོ། །ས་གླང་གི་སྨོན་ལམ་ཐོག །སྐུ་མདུན་ཆོས་མཛད་པས། དགེ་འདུན་སྟོང་ཕྲག་བཞི་ཙམ་ལ་ཞག་བཅོ་ལྔའི་རིང་བསྙེན་བཀུར་ཞུས། ཕྱག་མཛོད་ཀྱིས་གཙོས་པའི་སྒར་པ་རགས་རིམ་ཡར་བཏེག །ལྕགས་སྟག་ལ་བཙོང་ཁར་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས། རིམ་གྱི་དབུས་སུ་འབྱོར་བ་དང་། གཞི་བྱེས་འཛོམ་ཐོག་ནས། སྐུའི་རྟེན་དུ་བཀའ་གདམས་ལྷ་བཞི་གཙོ་བོར་གྱུར་པའི་གོས་སྐུ། གསུང་གི་རྟེན་དུ་གསེར་ཀྱི་བཀའ་འགྱུར།


GLG008_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་རྟེན་དུ་དངུལ་གདུང་རིན་པོ་ཆེ་འཛམ་གླིང་གཡས་བཞག་ཁྲུ་བཅུ་གསུམ་པ། ཐིག་རྩ་བཟོ་བཀོད་སོགས་པིར་ཐོགས་དབང་པོ་སྨན་ཐང་ནས་སྐུ་མདུན་བློ་བཟང་པ། བཟོ་བོ་རྒྱ་ཤིང་དང་། ཇི་ཝ་ར་ཛ་རྣམས་ཀྱིས་བྱས་ཏེ། ལྕགས་ཡོས་ལ་གེགས་མེད་དུ་གྲུབ་པའི་ཆུ་འབྲུག་ཧོར་ཟླ་གཉིས་པའི་ཡར་ཚེས་ལ་གཟུངས་བཞུགས་ཀྱི་ཕྱག་ལེན་སྨན་ཐང་ནས། རབ་གནས་ལ་ཁྲི་རིན་པོ་ཆེ་དཔལ་འབྱོར་རྒྱ་མཚོ་དང་། སེར་འབྲས་ཀྱི་སློབ་དཔོན་རྣམས་འཚོགས་ཏེ་དགའ་སྟོན་རྒྱ་ཆེན་པོ་བྱས་སོ། །རྨད་དུ་བྱུང་བའི་མཁྱེན་བརྩེ་བརྩེ་བས་འགྲོ་ཀུན་རྗེས་འཛིན་ཞིང་། །ཞིང་འདིར་མགལ་མེ་ལྟར་དུ་དུ་མར་སྤྲུལ་པའི་གར་མཁན་མ། །མ་ལུས་འགྲོ་བའི་གཉེན་མཆོག་མཆོག་དམན་ཡོངས་ཀྱི་མགོན་གཅིག་པུ། །བུ་ལྟར་སྐྱེ་རྒུ་མ་ལུས་ལུས་མེད་ཕན་བདེར་འགོད་མཁས་པ། །རླབས་ཆེན་བསོད་ནམས་གསེར་གྱི་ཤིང་རྟ་ཡིས། །རྣམ་དཀར་ཡིད་བཞིན་ནོར་བུ་འབད་མེད་དུ། །དྲངས་ཚེ་རྒྱ་མཚོར་དཀའ་བ་བརྒྱ་ཕྲག་གིས། །བགྲོད་པའི་བྱེད་པོ་ཕལ་ཆེར་གཉིད་ལ་ཡུར། །གྲངས་མེད་སྐྱེ་བར་རླབས་ཆེན་སྤྱོད་པ་ཡིས། །དཔག་ཡས་གཞན་དོན་མཛད་པའི་རྣམ་པར་ཐར། །བརྗོད་ཅེས་ཚངས་པས་གདོང་བཞི་སྤྲུལ་པ་ན། །ཧ་ཅང་ངལ་བས་ཟག་བཅས་བདེ་བར་མནལ། ཟླ་བའི་མ་མ་ཨ་མྲའི་ཚིག་གུ་ཡིས། །ཚད་དུ་འཇལ་བའི་དཀའ་ཐུབ་ལེན་པ་ལྟར། །རྒྱལ་བ་མཆོག་གི་རྣམ་པར་ཐར་པའི་མཐའ། །བརྗོད་པ་རང་ཉིད་ངལ་བ་ཙམ་དུ་ཟད། །འོན་ཀྱང་ཐུན་མོང་གདུལ་བྱ་དབང་རྟུལ་ངོར། །བཤེས་གཉེན་དམ་པའི་ཟློས་གར་བསྒྱུར་བའི་ཚུལ། །ཅུང་ཟད་ཡི་གེའི་འཕྲེང་བར་སྤེལ་བ་ཡིས། །རྨད་བྱུང་དད་པའི་མྱུ་གུ་ཅི་ཡང་སྐྱེ། །དེ་ལྟ་ན་ཡང་དཔག་བསམ་ལྗོན་པའི་ཤིང་། །ལོ་འབྲས་མེ་ཏོག་དྲི་བསུང་ཚར་དངར་བའི། ཁྱད་ཆོས་རྐང་འཐུང་


GLG008_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་མ་མཆིས་པས། །འགྲན་ཟླར་གྱུར་པའི་ནོར་འཁྲུལ་ག་ལ་སྐྱེ། །མཁྱེན་རབ་འཇམ་དཔལ་དབྱངས་ཀྱི་བློ་གྲོས་དང་། །བརྩེ་ཆེན་སྙིང་རྗེའི་རང་བཞིན་སྤྱན་རས་གཟིགས། །མཐུ་སྟོབས་གསང་བའི་བདག་པོའི་ངང་ཚུལ་ཅན། །རིགས་གསུམ་མགོན་ཡང་འདི་ན་གཅིག་ཏུ་གྲུབ། །མཛད་པས་ཐུབ་བསྟན་མཐའ་དག་རབ་གསལ་ཞིང་། །འཕྲིན་ལས་ནོར་འཛིན་ཕ་མཐའ་ཡོངས་གཞལ་བས། །སྙན་གྲགས་སྲིད་པའི་རྩེ་མོར་བསྒྲེང་པ་ཡིས། །རྒྱལ་བའི་བསྟན་ལ་ཀུན་མཁྱེན་གཉིས་པར་ངེས། །ཅུང་ཟད་དང་བའི་དད་པ་ཙམ་གྱིས་ཀྱང་། མཆོག་མཐུན་དངོས་གྲུབ་རྒྱ་མཚོ་མ་ལུས་པ། །འདྲེན་པའི་རྟོགས་པ་བརྗོད་པའི་ཤིང་རྟ་ནི། ཁ་ལོ་ཕྱོགས་བྲལ་རྣ་བའི་ཚལ་ཆེན་པོར། །སྒྱུར་པའི་དགེ་དེས་འཇམ་མགོན་བཙོང་ཁ་པའི། རིང་ལུགས་དབྱར་གྱི་མཚོ་ལྟར་རབ་འཕེལ་ཞིང་། །རིས་མེད་ལུས་ཅན་ཀུན་ལ་ཕན་བདེའི་ཆར། །ཆལ་ཆིལ་གཡོ་བའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་རྒྱ་བོད་ཧོར་གསུམ་ཐམས་ཅད་ཀྱི་རྣམ་འདྲེན་དམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ་འདི་ཡང་། སྦྱིང་སྨད་པ་འཕྲིན་ལས་རྒྱ་མཚོས་ཟིན་བྲིས་ཁ་ཡར་བསྡུས་ཏེ་བསྐུལ་བ་ལ་བརྟེན་ནས། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་རྣམ་ཐར་ལྷའི་རྒྱལ་པོས་ཞུས་པའི་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ལྕགས་རྟ་ཡན་གྱི་རྣམ་ཐར་དང་། དེ་ཉིད་ཀྱིས་མཛད་པའི་དགུང་ལོ་བཅོ་ལྔ་ཡན་གྱི་རྣམ་ཐར་ཚིགས་བཅད་མ། བསོད་ནམས་ཡེ་ཤེས་དབང་པོས་མཛད་པའི་མདོ་ཁམས་སུ་ཕེབས་པའི་ལམ་ཡིག་ཚིགས་བཅད་ལྷུག་གཉིས། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད་པའི་རྣམ་ཐར་ཡོངས་སུ་རྫོགས་པ། གཞུ་ཁང་རབ་འབྱམས་པ་དགེ་ལེགས་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་དད་པའི་སྒོ་འབྱེད་


GLG008_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཡིག་ཆ་ཁ་ཡར་འདུག་པ་རྣམས་ལ་གཞི་བྱས། སྤྲུལ་སྐུ་འཕྲང་ཁ་བས་མཛད་པ་དེ་ཉིད་ལ་ལོ་ཚིགས་སོགས་ཤིན་ཏུ་དག་པར་འདུག་ཅིང་། གཞན་རྣམས་ལ་སྔ་ཕྱིའི་ལོ་དུས་འཛོལ་བ་དང་བརྗོད་དོན་འཁྲུགས་པ་ཁ་ཡར་མཆིས་ནའང་། ལོ་ཚིགས་ནོར་བ་སོགས་མ་དག་པ་རྣམས་ལ་ཞིབ་མོར་དཔྱད། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་གསུང་ངག་ལས་ཇི་ལྟར་ཐོས་པ་རྣམས་དང་། གཞན་ཡང་སྐད་གཉིས་སྨྲ་བ་ཞང་མཁར་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ་སོགས་མང་དུ་ཐོས་པའི་ཡོན་ཏན་མཁན་པོ་མང་པོའི་ངག་རྒྱུན་ཁུངས་བཙུན་གྱི་རིགས་ཀྱིས་ཟུར་བརྒྱན། བར་སྐབས་ཀྱི་ཚིགས་བཅད་རྣམས་མ་གཏོགས་ཀུན་གྱི་གོ་བདེ་བའི་ཕྱིར་འབོལ་རྩོམ་དུ་བྱས་ཏེ། ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། མི་ཟད་པ་མེ་ཕོ་ཁྱིའི་ལོ། ཉིན་མོར་བྱེད་པ་སྲང་གི་ཁྱིམ་དུ་སྤྱོད་པའི་ཕྱོགས་གཉིས་པའི་རྒྱལ་བ་གསུམ་པའི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒལཾ།། །།


GLG008_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ།next