བཀའ་གདམས་རིན་པོ་ཆེ་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་ཀྱི་ལེགས་བཤད་ཕུལ་བྱུང་དགོངས་རྒྱན།
བཀའ་གདམས་རིན་པོ་ཆེ་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་ཀྱི་ལེགས་བཤད་ཕུལ་བྱུང་དགོངས་རྒྱན་བཞུགས་སོ།།
ན་མོ་གུ་རུ་ཥྩ་ཏྲི་རཏྣེ་བྷྱཿ། རྨད་བྱུང་བསོད་ནམས་ཡེ་ཤེས་ས་བོན་དག་གིས་རིང་མོ་ཉིད་ནས་བསྐྲུན་པ་ལས། །སྐུ་གསུམ་སྡོང་བུ་རྣམ་པར་རྒྱས་པའི་མཚན་དཔེའི་ལོ་འབྲས་ཕྱོགས་བཅུར་རབ་གཡོ་བ། །མཚན་གྱི་གཟིས་ཀྱང་ཕན་དང་བདེ་བའི་འདོད་དགུ་ལེགས་སྩལ་ཡིད་བཞིན་དབང་གི་རྒྱལ། །རྣམ་འདྲེན་གཙོར་གྱུར་འོད་དཔག་མེད་ཅེས་སྔོན་མེད་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག །གང་དེའི་ཡེ་ཤེས་སྒྱུ་མའི་རོལ་གར་ལས། །སྡོམ་བརྩོན་གནས་ལྔ་ཀུན་མཁྱེན་ལྔ་བརྒྱའི་གཙོ། །ཨ་ཏི་ཤ་ཞེས་སྙན་པའི་གྲགས་པ་ཡིས། །སྲིད་འདིའི་རྣ་བར་སྙན་པའི་གཏམ་དུ་འཇེབས། །མི་ཟད་གསང་བའི་གདམས་པ་བདུད་རྩིའི་རྒྱུན། །ཐུགས་ཀྱི་བུམ་པར་ལེགས་འཁྱིལ་འབྲོམ་སྟོན་རྗེ། །བརྒྱུད་པར་བཅས་པའི་སྙན་བརྒྱུད་མཛོད་འཛིན་རྣམས། །སྐལ་བཟང་གཟུར་གནས་ཡོངས་ཀྱིས་ཕྱག་བྱའི་གནས། །མན་ངག་ཆུ་ཤེལ་ཞུན་མའི་ཐིག་ལེ་གང་། །ཉམས་ལེན་སྙན་བརྒྱུད་བཅུ་དྲུག་ཆ་ཤས་སུ། །རྫོགས་པར་འཁྱིལ་བའི་བཀའ་གདམས་འོད་དཀར་ཅན། །བློ་ལྡན་ཀུན་ད་ཁོང་ནས་འཛུམ་པ་བཞིན། །ཕྱོགས་རེས་ཚིམ་མིན་ཐུབ་པའི་བསྟན་པ་རྣམས། །ཡོངས་རྫོགས་གཅིག་ཏུ་དྲིལ་ནས་ཉམས་ལེན་པའི། །ལེགས་པར་བཤད་པ་ཕུལ་བྱུང་དགོངས་རྒྱན་འདི། །མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་ཏེ་བྲི། །(༢ན)
དེ་ཡང་མཉམ་མེད་ཇོ་བོ་ཆེན་པོ་ཡབ་སྲས་ཀྱི་གསང་ཆོས་གླེགས་བམ་རིན་པོ་ཆེར་གྲགས་པ། རྟོག་གེ་པ་རྣམས་ཀྱི་བློའི་ཡུལ་དུ་ཤོང་བར་དཀའ་བའི་ཟབ་དོན་འདི་ཉིད་ཀྱི་སྙིང་པོའི་ཡང་སྙིང་པོར་གྱུར་པ། ཟབ་དོན་སྙིང་གི་ཐིག་ལེ་བཅུ་དྲུག་ཏུ་གྲགས་པ་འདི་ནི་སློབ་དཔོན་བྱང་ཆུབ་བཟང་པོ་ཡན་ཆད་དུ་ཆིག་བརྒྱུད་བཀའ་རྒྱ་ཤིན་ཏུ་དམ་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་བར་དུའང་ཁྱབ་གདལ་དུ་མི་མཛད་པར་ཟབ་གནད་རྣམས་སྙན་བརྒྱུད་ཁོ་ནར་བཞུགས་པས། བཀའ་རྒྱ་དབྲོལ་ན་སྲས་སུ་ག་ལ་འགྱུར། །སྙིང་གཏམ་སྙིང་དུ་བརྒྱུད་ན་ཟབ་ཆོས་ཡིན། །ལེགས་བཤད་སེམས་ལ་འཆང་ན་ཡུན་དུ་འཕྲོད། །མངོན་རྟོགས་སེམས་ལ་བརྒྱུད་ན་བརྟན་པ་ཡིན། ཞེས་གསུངས་པ་ལྟར་འདི་ཉིད་ཡི་གེར་འདྲི་བའི་ཡུལ་མིན་ནའང་། དུས་དབང་གིས་མཆོག་དམན་མཐའ་དག་དམ་པའི་ཆོས་ཀྱི་རྗེས་སུ་ཕྱོགས་པ་ཆེས་ཉུང་ཞིང་། རྒྱུ་མཚན་དེས་ཆོས་ཟབ་མོ་རྣམས་ཀྱང་རིམ་གྱིས་ནུབ་པ་ལ་ཉེ་བའི་དུས་འདིར་དགོས་པའི་དབང་གིས་ཡི་གེའི་ཕྲེང་བར་སྤེལ་བ་ལ་ཉེས་པ་མེད་པས་སྔ་རབས་ཀྱི་ཡིག་རྙིང་རྣམས་སུ་གབ་པ་དང་མི་གསལ་བ་དང་འཁྲུགས་པ་སོགས་ལེགས་པར་བསྡེབས་ཤིང་། རང་བློའི་རྩལ་དང་རྗེ་སྟག་ཚང་པའི་ཟུར་འདེབས་རྣམས་ཀྱིས་བརྒྱན་ཏེ་བྲི་བར་བྱའོ། །དིང་སང་འདིའི་དབང་ཁྲིད་རྒྱུན་གྱི་ཉམས་ལེན་སོགས་འབྲོམ་གཞོན་ནུ་བློ་གྲོས་ཀྱིས་མཛད་(༢བ)
པའི་ཡིག་རྙིང་རྣམས་ཧ་ཅང་ཁ་མི་གསལ་ཞིང་། རང་གཞན་གྱི་ཡིག་ཆ་སྣ་ཚོགས་སྣང་བའང་གཡར་ཁྲལ་ཁོ་ན་ལས་བརྗོད་དོན་གྱི་འབྲས་བུས་དབེན་པར་མཐོང་ལ། རྗེ་གློ་བོ་གྲོལ་མཆོག་པའི་ཁྲིད་བརྒྱའི་ནང་གི་དེའང་ས་བོན་ཙམ་ལས་ལེགས་པར་བཤད་པའི་ཆ་ཆེ་བར་མ་མཐོང་བས་འདིར་མངོན་པར་གསལ་ཞིང་མ་འདྲེས་པར་བརྗོད་པ་ལ་བཞི། །དུས་ཁྱད་པར་ཅན་གྱི་སྐབས་སྒྲུབ་པའི་མཆོད་པ། རང་ཉིད་རྒྱུན་འཁྱེར་དུ་ཉམས་སུ་བླང་ཚུལ། གཞན་རྗེས་སུ་འཛིན་པ་དབང་གི་ཆོ་ག །སྐལ་ལྡན་གྱི་སློབ་མ་ལ་ཉམས་འཁྲིད་དུ་འདེབས་པའི་རིམ་པའོ། །དང་པོ་ནི། སློབ་མ་རྗེས་འཛིན་གྱི་ཆེད་མ་ཡིན་ཡང་ཆོ་འཕྲུལ་དང་བླ་མའི་དུས་མཆོད་ལ་དམིགས་ཏེ་དཀྱིལ་འཁོར་བྲི་བ་སོགས་བཅས་ཀྱི་རིམ་པ་དང་ཐུན་འཛིན་པའི་སྒྲུབ་གྲོགས་རྣམས་དབང་ཆོག་ནས་འབྱུང་བ་ལྟར་ལེན་ཞིང་དངོས་གཞིའི་ཉམས་ལེན་དབང་ཆོག་དོར་བ་ཙམ་མོ། །གཉིས་པ་ནི་མཆོད་པ་བདུན་ཚར་དང་། ཀུན་འདུས་ཀྱི་དཀར་གཏོར་ཞིག་བཤམས། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་འཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །སེམས་བསྐྱེད་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་(༣ན)
དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་སོགས་སེམས་ཅན་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་ལན་གསུམ་བརྗོད། བླ་མེད་ཀྱི་ཉམས་ལེན་གཙོ་ཆེ་བར་བྱེད་ན་སྔགས་སྡོམ་སྤྱི་འགྲོ་ལྟར་བཟུང་ན་ལེགས་པར་མངོན་ནོ། །མཆོད་པ་བྱིན་གྱིས་བརླབས་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་འཁོར་ལོ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ཨོཾ་ལས་རིན་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་བསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་དུ་བཟང་པོའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་ནམ་མཁའ་དང་(༣བ)
མཉམ་པར་གྱུར། ཨོ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤཔྡའི་བར་བརྗོད། དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦྦཱ་ངྷརྨ་སཱ་བྷཱ་ཝ་ཤུ་དྡྷོཿཧཾ། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་མདའ་ཡབ་པུ་ཤུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། འོག་སྔོན་པོར་གྱུར་པའི་ཁ་དོག་སོ་སོའི་རང་མདོག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དོག་དང་དབྱིབས་རྣམས་མ་འདྲེས་པར་སོ་སོར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ཨོཾ། ཤར་མ། ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུཾ་དུ་སྣང་བའི་གཞལ་ཡས་ཁང་གི་ནང་དུ་སེམས་ཉིད་ཐིག་ལེ་དཀར་པོ་གསལ་སྟོང་འོད་ཀྱི་རང་བཞིན་ཅན་དེ་ཉིད་ཇེ་ཆེར་སོང་བ་ལས་རང་ཉིད་ཐུབ་པ་དང་དབྱེར་མེེད་པའི་ཐུགས་རྗེ་ཆེན་པོར་གྱུར་པ་འོད་དུ་ཞུ་བ་ལས་སྐད་ཅིག་གིས་པཾ་ཡིག་དཀར་པོ་ལས་ནམ་མཁའི་མཐའ་དང་མཉམ་པའི་པད་མ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པོ་ནམ་མཁའ་ལྟར་མཐའ་དང་བྲལ་བའི་རང་བཞིན་ཅན་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་ཏུ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་ཞལ་དཀར། གཡས་དམར་གཡོན་ལྗང་། དེའི་སྟེང་གི་ཞལ་དབུས་ལྗང་གཡས་དཀར་གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར་གཡས་ལྗང་གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ་(༤ན)
སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བོར་ཞི་བའི་ཞལ་དམར་པོ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་བགྲང་འཕྲེང་། གསུམ་པ་ཡི་དགས་ཀྱི་སྐོམ་པ་སེལ་བ། བཞི་པ་ན་འཁོར་ལོ། གཡོན་གྱི་གཉིས་པ་ན་པད་མ། གསུམ་པ་ན་རིལ་པ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ནས་སངས་རྒྱས་བྱང་སེམས་མཐའ་ཀླས་པ་མཐོང་བ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ། །དེའི་ཐུགས་ཀར་ཐིག་ལེ་གཉིས་པ་མི་མཛད་ཀྱི་བཀོད་པ་སྔར་ལྟ་བུའོ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨོཾ་སེར་པོ་ལས་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་འཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་གཞག་མཛད་པ། གཡས་ གཡོན་དུ ་མཆོག་ཟུང་བཞེངས་ཏེ་བཞུགས་པ། ཐེག་པ་གསུམ་གྱི་འཁོར་ཚོགས་རྒྱ་མཚོས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་ཁ་བ་ཅན་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་ཡང་སྒོས་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ། གཞལ་ཡས་ཁང་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པོ་ཞི་ཞིང་འཛུམ་པ། དབུ་སྒྲ་མཐིང་ཁ་དཔུང་པའི་ཐད་ དུ་སླེབ་པ། ཕྱག་གཡས་ཤེལ་དཀར་གྱི་འཕྲེང་བ་དང་། གཡོན ་ཤེལ་གྱི་མཁར་བ་རྩེ་མོར་པད་མ་དཀར་པོ་(༤བ)
འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་གདན་ལ་ཡུམ་ཆེན་མོ། གཡས་སུ་བླ་མ་མར་མེ་མཛད། གཡོན་དུ ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པོ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་ཐུགས་ཀར་སྐྱབས་སྦྱིན་གི་ཕྱག་རྒྱ་དང་། གཡོན་དང་པོ་མཉམ་གཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང་གཡོན་འོག་མས་གླེགས་བམ་འཛིན་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱོགས་བཅུའི་རྒྱལ་སྲས་བཅས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མུཾ་སེར་པོ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་ གཡོན་མཉམ་གཞག་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བདུན་པ་གཞལ་ཡས་ཁང་གི་ནང་དུ ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཤེལ་འཕྲེང་དང་པད་དཀར་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བརྒྱད་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཾ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོད་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ལ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འཁོར་ཞི་བའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་གར་ཐིག་ལེ་དགུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཏི་ལྗང་ནག་ལས་སྒྲོལ་མ་དྲག་མོ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་ཐོད། །(༥ན)
འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཾ་ག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་ གཡོན་བརྐྱང་གིས་བཞུགས་པ། འཁོར་དུ ་ལྷ་མོ་དྲག་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཧཱུཾ་མཐིང་ནག་ལས་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསོལ་བ། གཡས་བརྐྱང་གིས་ཚོགས་ཀྱི་བདག་པོའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཅིག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུཾ་དཀར་པོ་ཨ་ཏི་ཤ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་ཐུབ་པ་ལོངས་སྐུའི་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བོ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་བྱང་དུ་རྔོག་དང་བྱང་ཤར་དུ་ཁུ་སྟོན་གཉིས་བོད་སྟོན་རབ་བྱུང་གི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་ལོངས་སྐུའི་གར་ཆས་སུ་བཞུགས་པ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་ གཡོན་དྲིལ་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པོ་བཞི། གཡས་སུ་སེར་(༥བ)
པོ་བཞི། གཡོན་དུ ་ལྗང་གུ་བཞི། རྒྱབ་ཏུ་དམར་པོ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སོགས། གསང་བ་ལྟར་ན་རིགས་ལྔའི་ངོ་བོ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང་། གསང་བ་ཡེ་ཤེས་སོགས་མཁའ་འགྲོའི་ཚོགས་དུ་མ་རྣམས་ཨུ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་སྒྱུར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མིཾ་སེར་པོ་ལས་རྒྱལ་བ་བྱམས་པ་དགེ་སློང་སྣམ་སྦྱར་ཆོས་གོས་གྱོན་པ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་དང་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་བཞི་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ངྷཱི་དམར་སེར་ལས་རྗེ་བཙུན་འཇམ་དཔལ་དབྱངས་རང་བྱུང་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་ གཡོན་དུ ་ཇོ་བོ་དང་སྤྱན་རས་གཟིགས་གཉིས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པོ་ཀླུ་སྒྲུབ་སོགས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅོ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་མ་ཉི་མ་ཟླ་བའི་གདན་ལ་ཧཱུཾ་མཐིང་ཁ་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་ཐུགས་གར་བསྣོལ་སྟེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་ གཡོན་དུ ་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་གྱིས་བཞེངས་པ། སྟེང་གི་ཆ་ལ་ཏེ་ལོ་ན་རོ་སོགས་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་(༦ན)
མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུཾ་སྔོན་པོ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཏིང་འཛིན་གྱི་ཕྱག་རྒྱ་མཛད་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཤིན་ཏུ་ཕྲ་བའི་རླུང་སེམས་ཐིག་ལེ་དཀར་སེར་རྟེན་བརྟེན་པའི་རྣམ་པ་ཅན་ཡུངས་ཀར་གྱི་འབྲུ་ཚད་ཙམ། སྤྲོ་ན་ནམ་མཁའི་མཐར་ཁྱབ་པར་ནུས་ཤིང་། བསྡུ་ན་རྡུལ་ཕྲན་ཙམ་གྱི་ཚད་དུ་བསྡུ་བར་ནུས་པའི་འོད་ཟེར་སྣ་ལྔའི་རང་བཞིན་ཅན་དུ་བསམ་མོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། པད་མ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་སྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་པ་ལས་རང་རང་གི་ས་བོན་གྱིས་དབུ་བརྒྱན་པར་གྱུར། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི་ཞེས་སོགས་ཀྱི་ཡན་ལག་བདུན་པའམ། ཡང་ན་ཇི་སྙེད་སུ་དག་མ་ལྟ་བུ་བྱས་ཀྱང་རུང་། དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། འདོད་ཡོན་ལྔ། རྒྱལ་སྲིད་བདུན་རྣམས་རྒྱུད་སྡེ་གཞན་ནས་འབྱུང་བ་ལྟར་རྒྱས་པར་བྱ་བའམ། རྒྱུན་འཁྱེར་མདོར་བསྡུས་སུ་བྱེད་ན་འདི་ལྟ་སྟེ། ཡིད་བཞིན་འོ་མཚོ་འཁྱིལ་(༦བ)
བ་ལ་འགྲན་པའི། །མཆོད་ཡོན་ཞབས་བསིལ་གང་གཱའི་རྒྱུན་བཞིན་འབབ། །ཆུ་སྐྱེས་ཡལ་འདབ་ཟེའུ་འབྲུ་གཡུར་དུ་ཟ། །བདུག་སྤོས་དབྱར་སྐྱེས་སྤྲིན་བཞིན་ལང་ལོང་གཡོ། །སྣང་གསལ་སྒྲོན་མེ་ཉི་ཟླའི་འོད་བཞིན་གསལ། །དྲི་བཟང་ངད་ལྡན་རྦ་རླབས་ཕྱོགས་བཅུར་འཁྲུག །བཤོས་བཟང་འཆི་མེད་བདུད་རྩིའི་དཔལ་ལ་འཁུ། གྲངས་མེད་རོལ་མོ་རྣ་བའི་གསོས་སུ་འཇེབས། །ཕུལ་བྱུང་ཀུན་དུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱིས་རྣམ་པར་རབ་སྤྲུལ་ནས། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ལ། །གུས་པས་འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾནས། ཤཔྡའི་བར་བརྗོད། ཡིད་འཕྲོག་གཟུགས་སྒྱུར་སྙན་པའི་རོལ་མོ་སྒྲོག །དྲི་ཞིམ་ངད་འཐུལ་རོ་མཆོག་ཕྱུར་བུར་སྤུངས། །འཇམ་མཉེན་རེག་བྱའི་ཚོགས་ཀུན་འབུལ་བྱེད་ན། །ཉེ་བར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཱུ་པ་ནས་སྤར་ཤའི་བར། རྩིབས་སྟོང་འཁོར་ལོ་རིན་ཆེན་དབང་གི་རྒྱལ། །ཡིད་འོང་བཙུན་མོ་ཁྱིམ་བདག་རིན་པོ་ཆེ། །གཉིས་འཐུང་དབང་པོ་ཅང་ཤེས་རྟ་མཆོག་དཔལ། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དམག་དཔོན་སོགས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་བརྒྱད་རྫས། །ཡིད་འཕྲོག་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །སླུ་མེད་མཆོག་གསུམ་དམ་པའི་ཚོགས་ལ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་ཨཥྚ་མངྒལ་པྲ་ཏཱི་ཙྪ་སྭཱ་ཧཱ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བས་ཚིམ་པར་བསམས་ལ། ཨོཾ་གུ་རུ་བུངྔྷ་བོ་ངྷ་ས་ཏྭ་སརྦྦ་ཏ་ཐཱ་ཏ་ངྷརྨྨ་པཱ་ལས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་བདུན་ནམ་གསུམ་གྱིས་དབུལ་ཞིང་། སྔགས་མཆོད་(༧ན)
ཀྱང་དབུལ། །མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་སྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པད་མའི་ཚོགས་ལ་བསྟོད། །སྡེ་སྣོད་གསུམ་གྱི་ཡུམ་ཆེན་ཤེར་ཕྱིན་མ། སངས་རྒྱས་ཞི་དང་ཁྲོ་བོ་མཁའ་འགྲོའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛིན་ཅིང་སྤེལ་མཁས་པས། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདོད་ནས་རྣམ་དག་སྣང་སྟོང་དག་པའི་གཤིས། །བཞིན་ལག་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང་། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ཞེས་དང་། གཞན་ཡང་བསྟོད་པ་གསོལ་འདེབས་སོགས་སྐབས་སྦྱར་བྱ། དེ་ནས་ཐིག་ལེ་བཅུ་དྲུག་པོའི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་གི་སྒྲ་ལྟར་སྒྲོག་ཅིང་། སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་བསམས་ལ་ཡི་གེ་དྲུག་པ་ཅི་ནུས་སུ་བཟླ། མཐར་བླ་མ་རྡོ་རྗེ་འཛིན་པ་རྣམས་ཞེས་སོགས་བསྔོ་བ་སྨོན་ལམ་དཀྱུས་ནས་འབྱུང་བ་ལྟར་རྒྱས་པར་བྱ་བ་འམ། ཡང་ན་རྨད་བྱུང་སྲས་(༧བ)
བཅས་མ་སོགས་སྐབས་ཐོབ་ཀྱིས་ཕྱེ་བའི་གང་འོས་བྱ། དེ་ནས། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་སྣོད་ཀྱི་གཞལ་ཡས་ཁང་འོད་དུ་ཞུ། བཅུད་ཀྱི་ལྷ་རྒྱལ་བ་རྒྱ་མཚོ་ལ་ཐིམ། དེ་བཞིན་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་བཞིན་ཐིམ་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ལ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོར་གྱུར་པའི་ཐིག་ལེ་ལ་ཐིམ། ཐིག་ལེའང་ཇེ་ཕྲར་གྱུར་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམ། སླར་ཡང་ཆད་མཐའ་སེལ་བའི་ཕྱིར་དུ་སྟོང་པའི་ངང་ལས་སྐད་ཅིག་གིས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་ལངས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །དེ་ཡང་རྒྱས་པར་སྤྲོ་ན་མཆོད་པའང་ལྷ་བཅུ་དྲུག་པོ་སོ་སོ་ལ་རེ་རེ་ནས་དབུལ་ཞིང་། བཟླས་པའི་སྐབས་ལྷ་སོ་སོའི་སྔགས་བཟླ་བ་དང་། དམིགས་པའང་སོ་སོར་བྱས་ན་རྒྱས་པའི་ཆ་ལག་ཏུ་འགྱུར་མོད་ཀྱི། རྒྱུན་འཁྱེར་དུ་མཆོད་པ་ཅིག་ཅར་དུ་འབུལ་ཞིང་། བཟླས་པའང་ཅིག་ཅར་དུ་བྱེད་པ་འཇུག་པ་བདེ་བས་ལེགས་པ་ཡིན་ནོ། །སྨྲས་པ། ཟབ་དོན་ཆུ་ཤེལ་ནོར་བུ་དག །བློ་གྲོས་ཟླ་བའི་འོད་ཟེར་དང་། །ཕྲད་ཚེ་ལེགས་བཤད་བདུད་རྩིའི་རྒྱུན། །མངོན་པར་འབབ་པ་འདི་རྨད་བྱུང་། །ལྷ་ཆོས་བདུན་གྱི་ཉིང་ཁུ་འདིའི། །དཀའ་གནད་ལྟ་བའི་བློ་མེད་པར། །སྔོན་འགྲོའི་ཆོས་འགའ་ཤེས་པ་ལ། །བཀའ་གདམས་པར་རློམ་གད་མོའི་གནས། །འོན་ཀྱང་དེང་དུས་གངས་ཅན་འདིར། །བླང་དོར་ཤེས་པ་ཆེས་ཉུང་བས། །བླུན་པོ་དྲེགས་པའི་འུར་རྒྱངས་ཅན། །དམ་པར་འཛིན་པ་འཚང་རེ་ཆེ། །ཡིད་བཞིན་ནོར་དང་མཆིང་བུའི་རྡོ། །ཁྱད་པར་མེད་པའི་ཡུལ་ཕྱོགས་སུ། །འབད་པས་རྒྱ་མཚོ་ཆེར་བགྲོད་ནས། །ནོར་བུ་ལེན་པ་ངལ་བར་ཟད། །དེ་ལྟ་ན་ཡང་ཐུབ་པའི་བསྟན། །འཛིན་པའི་རྣམ་དཔྱོད་ཕུལ་བྱུང་ཞིང་། །གསང་ཆེན་རྒྱ་མཚོར་མངའ་སྒྱུར་བའི། །རྡོ་རྗེ་འཛིན་(༨ན)
དེ་དགྱེས་ཕྱིར་བཀོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་གཞན་རྗེས་སུ་འཛིན་པ་དབང་གི་ཚིག་ལ་དིང་སང་གི་ཕྱག་ལེན་ཡོངས་གྲགས་ཀྱི་ལུགས་དགོད་པ། ཕྱག་ལེན་ཅུང་ཟད་གཙང་ཞིང་རྒྱས་པའི་ལུགས་དགོད་པ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུགས་སྲོལ་ཡོངས་སུ་རྫོགས་པར་ཆད་པ་ཤིན་ཏུ་རྒྱས་པའི་ལུགས་དགོད་པ་དང་གསུམ། དང་པོ་ནི། རང་གིས་མཐོང་ཞིང་ཐོས་པ་དང་། དབུར་སྟོད་ལོ་བྱ་ཡུལ་བའི་ཕྱོགས་ནས་བརྒྱུད་པའི་བཀའ་བརྒྱུད་པ་འགའ་ཞིག་གི་ཕྱོགས་སུའང་ཆོས་འདི་སྤེལ་བའི་སྲོལ་ཡོད་འདུག་པ་རྣམས་བརྟགས་ཚེ་ཕལ་ཆེར་སྒོ་མཚུངས་པར་བསྒྲུབ་གཞིའི་དཀྱིལ་འཁོར་ཡང་ནས་ཀྱི་ཚོམ་བུ་སྤུངས་པ་དང་། ལོ་ཕྱོགས་ནས་བརྒྱུད་པ་ལ་ཇོ་འབྲོམ་གྱི་སྐུ་དང་མཆོད་གཏོར་ངེས་ཅན་དུ་མཛད། གཞན་དག་ལ་ལ་ཆེད་གཉེར་དུ་མི་མཛད་པར་འདུག་ཅིང་། རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་སྒྲོག་དགོས་པར་བཤད་པའང་མཛད་པའི་རྒྱུན་ཡོད་པར་མ་མཐོང་། དབང་དངོས་གཞིའི་སྐབས་གསོལ་གདབ་སྐྱབས་སེམས་རྣམས་ཡིག་ཆ་རྙིང་པ་ཇི་ལྟ་བ་བཞིན་མཛད། དེ་ནས་སློབ་མ་དཀྱིལ་འཁོར་ཕྱི་མ་ནས་རིམ་པ་བཞིན། སྒོ་ཕྱེ་ནས་ནང་དུ་ཁྲིད་དེ་ལྷ་གང་ཡིན་པ་དེའི་མདུན་དུ་སློབ་མ་སླེབ་པ་ན་དེ་ལ་དམིགས་ནས་གསོལ་གདབ་མཆོད་འབུལ་ཡིད་ཀྱིས་བྱས་པས་བྱིན་ཀྱིས་བརླབས་པའི་དམིགས་པ་སྤྲད། ལྷ་གང་ཡིན་པའི་སྔགས་རྗེས་ཟློས་སམ། དཔོན་སློབ་གཉིས་ཀས་ལྷན་ཅིག་ཏུ་ཚར་གསུམ་བཞི་ཙམ་གསུང་བ་མཛད། ཕྱག་ལེན་དེ་ག་སངས་རྒྱས་ཆོས་ཀྱི་སྐུའི་བར་དུ་རིགས་འདྲ་པར་བཀབ་མཛད་པའི་རྗེས་སུ་སློབ་མ་རྣམས་བུམ་ཆུས་ཁྲུས་བྱས། སྨོན་ལམ་ཤིས་བརྗོད་མཛད་པ་ཙམ་མོ། །གཉིས་པ་ཕྱག་ལེན་ཅུང་ཟད་གཙང་ཞིང་རྒྱས་པའི་ལུགས་དགོད་པ་ལ་སྔོན་འགྲོ། དངོས་(༨བ)
གཞི། མཇུག་གི་ཆོ་ག་དང་གསུམ། དང་པོ་ལ་གསོལ་བ་གདབ་པ། ས་བསླང་བ། བགེགས་བསྐྲད་པ། མཚམས་གཅད་པ། དཀྱིལ་འཁོར་བྲི་བ། མཆོད་པ་དང་ཡོ་བྱད་བཤམ་པ། སྒྲུབ་པ་དངོས་དང་བདུན། དང་པོ་ནི། མདུན་དུ་མཆོད་པ་ཚར་གཅིག་བཤམས། གྲོགས་དགེ་སློང་བཞིའམ། བཅུ་དྲུག་གི་བར་ཆོས་གོས་གསུམ་དང་ལྡན་པ་དང་ལྷན་ཅིག་པའམ། རང་ཉིད་གཅིག་པུས་ཀྱང་རུང་སྟེ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། ཡན་ལག་བདུན་པ་རྒྱས་བསྡུས་སྐབས་དང་སྦྱར་བ་བྱས། དེ་རྗེས་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཅན་གྱིས་བདག་ལ་ནི། །མི་དགེའི་ལས་རྣམས་སྦྱང་བའི་ཕྱིར། །གསོ་སྦྱོང་དམ་པ་སྩོལ་བར་མཛོད། ཅེས་ལན་གསུམ་གསོལ་བ་བཏབ། རྒྱལ་སྲས་རྣམས་ཀྱིས་ཇི་ལྟ་བར། །བདག་ཀྱང་དེ་བཞིན་བསྒྲུབ་པར་བགྱི། ཞེས་ལན་གསུམ་གྱིས་གསོ་སྦྱོང་བླངས། དེ་ནས། ཕྱོགས་བཅུར་བཞུགས་པའི་རྒྱལ་བ་རྣམས། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །ཟབ་མོ་ཐིག་ལེ་བཅུ་དྲུག་གི ། དཀྱིལ་འཁོར་བྲི་ཞིང་བསྒྲུབ་པ་དང་། སློབ་མ་རྗེས་སུ་འཛིན་བྱེད་ན། །གནང་བ་སྩོལ་ལ་བྱིན་གྱིས་རློབས། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བར་བསམ་མོ། །གཉིས་པ་ནི། གཞི་བདག་གི་གཏོར་མ་དང་། སའི་ལྷ་མོའི་གཏོར་མ་མཆོད་པ་དང་བཅས་པ་བཤམས། རང་གི་ཐུགས་ག་ནས་འོད་ཟེར་འཕྲོས། མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་མོ། །ཨ་མྲི་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད། (༩ན)
ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་རྣམས་དྭངས་ཤིང་། མགྲོན་རྣམས་ཀྱི་དབང་པོ་རྣམས་ཚིམ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། །ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། །ས་ཕྱོགས་འདི་ཉིད་སྲུང་ཞིང་སྐྱོང་བ་ཡི། །དཀར་ཕྱོགས་ལ་དགའ་ལྷ་ཀླུ་གཞི་བདག་དང་། །ས་ཡི་ལྷ་མོ་བརྟན་མར་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་མཆོད་པ་འདི་བཞེས་ལ། །དཀྱིལ་འཁོར་བྲི་བར་ས་ནི་གནང་བ་དང་། །འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབ་པར་མཛོད། ཅེས་གསོལ་བས་ཁས་བླངས་པར་བསམ་མོ། །གསུམ་པ་ནི། རང་ཉིད་སྐད་ཅིག་གིས་མི་གཡོ་བར་གསལ་བཏབ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བར་དུ་གཅོད་པའི་བགེགས་རྣམས་སྐད་ཅིག་གིས་མདུན་དུ་བཀུག་པར་བསམས་ལ། སྔར་བཞིན་གཏོར་མ་བྱིན་གྱིས་བརླབས། སརྦ་བིགྷཱན་སོགས་གྱིས་བསྔོས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པ་སོགས་ཀྱིས་བདེན་པ་བདར་ཞིང་། མི་གཡོ་བའི་སྔགས་དང་སུམ་བྷས་བགེགས་བསྐྲད། བཞི་པ་ནི། སླར་ཡང་སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་། །མེ་དཔུང་ཁྲོ་བོའི་འཁྲིགས་པའི་གུར་ཁང་གིས། །གཏམས་པས་བར་གཅོད་ཀུན་ལས་སྲུང་བར་གྱུར། བཛྲ་རཀྵ། རྒྱལ་ཆེན་བཞི་ལ་དཀར་གཏོར་གྱི་མཆོད་པ་བཤམས། བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲང་པར་བསམས་ལ། ཨོཾ་མ་ཧཱ་རཱ་ཛཱ་ཌྷྲྀ་ཊ་རཥྚ་བི་རུ་ཌྷྲ་ཀ །བི་རུ་པཀྵ། བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ སྔགས་ཀྱི་རྗེས་སུ་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། གོང་གི་སྔགས་གཤམ་དུ་གཏོར་མ་དཀྱུས་ལྟར་ཕུལ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །དེང་འདིར་བར་ཆད་སྲུང་(༩བ)
བ་དང་། །བསམས་པ་ཆོས་བཞིན་འགྲུབ་པ་ཡི། །མགོན་སྐྱབས་དཔུང་གཉེན་མཛད་དུ་གསོལ། །དེ་བཞིན་དུ་འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས། ཞེས་འདོན་པ་བསྒྱུར་རོ། །ལྔ་པ་ལ་ཆག་ཆག་གདབ་པ། སྟེག་བུ་བརྩིག་པ། དཀྱིལ་འཁོར་བྲི་བ་དངོས་དང་གསུམ། དང་པོ་ནི། འགྲུབ་ན་གནས་ཁང་གི་སྟེང་འོག་ཕྱོགས་མཚམས་རྣམས་སུ་ཡི་གེ་དྲུག་པ་ཆོ་ག་དང་མཐུན་པར་དགོད། དྲི་བཟང་གི་ཆུ་གཙང་མ་མདུན་དུ་བཞག་ལ། རང་ཉིད་སྐད་ཅིག་གིས་རྒྱལ་བ་ཤཱ་ཀྱ་ཐུབ་པར་བསྐྱེད་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། ཆུ་ལ་ཐིམས་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་མང་དུ་བརྗོད་ཅིང་དྲི་བཟང་གི་ཆུ་དེས་གནས་ཁང་གི་ཕྱོགས་མཚམས་ཐམས་ཅད་དུ་ཆག་ཆག་གདབ་བོ། །གཉིས་པ་ནི། ཆུའི་ལྷག་མ་རྣམས་དང་བཀྲ་ཤིས་པའི་ས་སྣ་རྣམས་བསྲེས་པ་ལ་སྟེགས་བུ་དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་བཞེང་པ་དང་བསྟུན་པའི་རྒྱ་ཁྱོན་གྱི་ཚད་བྱས་ཏེ་བརྩིག་གོ །གསུམ་པ་ལ། ཐིག་ཚོན་བྱིན་གྱིས་བརླབ་པ་དང་། བྲི་བ་དངོས་གཉིས། དང་པོ་ནི། ཐིག་སྐུད་མཚན་ཉིད་དང་ལྡན་པ་ཁ་དོག་སྣ་ལྔ་པ་དང་། ཚོན་རྣམས་སྟ་གོན་བྱས། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པད་མ་དཀར་པོ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ཚོན་རྣམས་རིམ་པ་བཞིན་ཐུགས་རྗེ་ཆེན་པོ་ས་བོན་ལྔ་ལས་དཀར་སེར་དམར་ལྗང་སྔོ་བའི་སྐུ་མདོག་ཅན། ཕྱག་གཡས་རིམ་པ་བཞིན་འཁོར་ལོ། རིན་པོ་ཆེ། ཨུཏྤལ་དམར་པོ། རལ་གྲི །རྡོ་རྗེ་འཛིན་པ། གཡོན་ཐམས་ཅད་པད་མ་དཀར་པོ་བསྣམས་པ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་བྱིན་གྱིས་བརླབས། སྤྱན་འདྲེན་མཆོད་བསྟོད་(༡༠ན)
ཚུལ་བཞིན་བྱ། ལྷ་རྣམས་འོད་དུ་ཞུ་བ་ཐིག་ཚོན་སོ་སོར་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང་། འབྲུ་གསུམ་དང་། ཨོཾ་སྭཱ་ཨཱཿཧཱ་ཧཱུཾ། ཞེས་མང་དུ་བཟླ། དེ་ནས་ཐིག་སྐུད་བསྒྲིལ་ཏེ་བདུད་རྩིའི་ཆུ་བྱུག་གོ །གཉིས་པ་ལ་ཐིག་གདབ་པ་དང་ཚོན་དགྱེ་བ་གཉིས། དང་པོ་ནི། འབྲོམ་ཀུ་མ་ར་མ་ཏིའི་ཡིག་ཆར་ཧ་ཅང་མི་གསལ་ཞིང་། དེའི་རྒྱུན་དེང་སང་ཆད་པས་སྒོ་གསལ་བ་ཞིག་མི་འདུག་པས་དེའི་རྒྱུ་མཚན་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས་གསུང་པ་ཤིན་ཏུ་ཐུགས་མད་པར་འདུག་ཅིང་། ཐིག་རྒྱས་འབྲིང་བསྡུས་གསུམ་སོ་སོར་བྱེད་ན་མཁས་པ་དེ་ཉིད་ཀྱིས་མཛད་པའི་ལྷན་ཐབས་ཀྱི་ཡིག་ཆའི་ལེགས་པར་བཤད་པ་ལས་ལོགས་སུ་མ་དགོས་ཤིང་། འདིར་ལག་ལེན་འཇུག་པ་བདེ་བར་སྙིང་པོར་དྲིལ་ན་འདི་ལྟ་སྟེ། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་ཁང་གི་ཐིག་རྩ་རྟ་བབས་སྣམ་བུ་བཞི་པ་བདེ་ཞིང་། གཞན་རྒྱུད་སྡེ་སྤྱིའི་ཐིག་རྩ་སོར་གནས་དང་། དེའི་ནང་དུ་དཀྱིལ་འཁོར་བཅོ་ལྔ་དགོས་རྒྱུ་ཕྱི་མ་ཕྱི་མའི་ནང་དུ་ནང་མ་ནང་མ་ཤོང་བ་དགོས་པ་དང་བཅས་སྒོ་རྫོགས་འགྲུབ་པར་དཀའ་བས་རྩིག་པ་རང་འདོད་སྣམ་གཉིས་ཙམ་བྱ་ཞིང་། སྒོའི་རྣམ་པ་ཅུང་ཟད་གདོན་ལ། བཅོ་ལྔ་པོ་ཐམས་ཅད་བཟོ་ཐིག་ལས་ཐིག་རྩ་དངོས་གཞི་མི་ཐོན། དཀྱིལ་འཁོར་ནང་མའི་དབུས་སུ་པད་མ་འདབ་མ་བཞི་པའི་ལྟེ་བར་ཡུམ་ཆེན་མོ། འདབ་མ་བཞིའི་ཤར་དུ་ཐུབ་པ། ལྷོར་སྤྱན་རས་གཟིགས། ནུབ་ཏུ་མི་གཡོ་བ། བྱང་དུ་སྒྲོལ་མ་རྣམས་ཀྱི་བྲིས་འབུར་རམ། བསྡུ་ན་ས་བོན་བཀོད། ཕྱི་རོལ་དུ་དཀྱིལ་འཁོར་སྤྱི་ལ་པད་མ་རྡོར་རྗེ་མེ་རི་འོང་བའི་ཚབ་ལ་འདིར་པད་མ་དང་འཇའ་རིས་སུམ་གཤིགས་སུ་བྱའོ། །གཉིས་པ་ནི། ལྷ་སྣམ་སོགས་དཀྱིལ་འཁོར་གྱི་ནང་གི་ཁ་དོག་རྣམས་དཀྱིལ་འཁོར་སྤྱི་དང་མཐུན་ཞིང་ལྟེ་བའི་ལྷ་ལྔའི་ས་བོན་འགོད་ན་སོ་སོའི་ཁ་དོག་དང་མཐུན་པའི་ཚོན་(༡༠བ)
གྱིས་དགོད། གཞན་ཡང་ཇོ་བོ་ཡབ་སྲས་ཀྱི་སྐུ་སོགས་དཀོན་མཆོག་གི་རྟེན་གསུམ་ཅི་འབྱོར་གནས་ཁང་དང་མཐུན་པར་བཤམ་མོ། །དྲུག་པ་རྫས་དང་མཆོད་པ་བཤམ་པ་ལ་བུམ་པ་བཤམ་པ། གཏོར་མ་བཤམ་པ། མཆོད་པ་བཤམ་པ། རྒྱན་དགོད་པ་དང་བཞི། རྒྱས་པར་སྤྲོ་ན་རྣམ་རྒྱལ་བུམ་པ་དང་བཅས་པའི་བུམ་པ་བཅུ་བདུན། བསྡུ་ན་གཅིག་གིས་ཀྱང་རུང་ལ། ལས་ཀྱི་བུམ་པ་དང་བཅས་པར་བུམ་རྫས་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་སོགས་རྒྱུད་སྡེ་སྤྱི་དང་མཐུན། ལས་བུམ་བགེགས་བསང་བའི་སྟབས་ཀྱིས་ཐོག་མ་ཉིད་ནས་ཟུར་དུ་བསྒྲུབས་ན་འཇུག་པ་བདེ་བས་བུམ་པའི་ནང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐྱེད་པ་སོགས་སྒྲུབ་ཚུལ་སྤྱི་དང་མཐུན་ནོ། །རྣམ་རྒྱལ་བུམ་པ་རྣམས་སྤྱི་ལྟར་ན་ལོགས་སུ་སྒྲུབ་དགོས་པ་འདྲ་ཞིག་འདུག་ནའང་། འདིར་དཀྱིལ་འཁོར་དང་ལྷན་ཅིག་ཏུ་སྒྲུབ་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་མནྫི་འམ་ཁྲེའུའི་ཁར་རྣམ་བུམ། དཀྱིལ་འཁོར་གྱི་མཐར་སྟེགས་ཀྱི་བར་ཕྱོགས་རེ་རེར་བུམ་པ་བཞི་བཞི་དགོད། ལས་བུམ་ཡང་ཤར་དུ་གཞག་གོ །གཉིས་པ་ནི། བླ་མ་རྣམས་ལ་གཏོར་མ་གཅིག །ལྷ་བཞི་ལ་གཏོར་མ་རེ་རེ། དེང་སང་གསང་སྔགས་རྙིང་མར་གྲགས་པའི་བརྟན་མ་བཅུ་གཉིས་དང་མི་གཅིག་པའི་ཇོ་བོ་ཆེན་པོའི་རྗེས་འབྲང་གི་བརྟན་མ་བཅུ་གཉིས་ལ་གཏོར་མ་གཅིག །དཀར་པོ་བརྒྱད་ཅུ་ལ་གཏོར་མ་གཅིག །གཞི་བདག་གི་གཏོར་མ་དང་། མགྲོན་རིགས་སྤྱིའི་གཏོར་མ་རྣམས་བཤམ་མོ། །གསུམ་པ་ནི། མཆོད་པ་བདུན་ཚར་ཕྱོགས་རེ་རེར་ཚར་བཅུ་དྲུག་གམ། བསྡུ་ན་ཀུན་བསྒྲིལ་ལས་བཅུ་དྲུག་ཙམ་བྱ། བཞི་པ་ནི། ས་རྒྱན་གནམ་རྒྱན་སོགས་བཀོད་པས་མཛེས་ཤིང་ཡིད་དུ་འོང་བར་བཤམ་མོ། །བདུན་པ་སྒྲུབ་པ་དངོས་ནི། བུམ་པ་དང་དཀྱིལ་འཁོར་བསངས་སྦྱངས་ཏེ། རང་ཉིད་དཀྱིལ་འཁོར་གྱི་(༡༡ན)
དབུས་སུ་ཞུགས་པའི་ཚུལ་གྱིས་སྒྲུབ་པ་ཡིན་ལ། འདོན་ཆའི་ཚིག་སྐྱབས་འགྲོ་ནས་བཟུང་བསྟོད་པའི་བར་རྒྱུན་འཁྱེར་གྱི་སྐབས་ཇི་ལྟ་བ་བཞིན་བྱ། སྒྲུབ་གྲོགས་གནས་བརྟན་བཅུ་དྲུག་ཡོད་ན་དགེ་སློང་བཞི་བཞིས་ཕྱོགས་རེ་རེར་གནས་ནས་སྔགས་རྒྱུན་མ་ཆད་པར་གཟུང་། བསྡུ་ན་རང་ཉིད་གཅིག་པུས་ཀྱང་རུང་བས། དབུས་ཀྱི་སྤྱིའི་བུམ་པའི་གཟུངས་ཐག་བསྙེན་པ་ཐམས་ཅད་དང་། བུམ་པ་གཞན་རྣམས་ཐིག་ལེ་འཕོས་རིམ་གྱིས་གཟུངས་ཐག་ཀྱང་སྤོ། ལ་ལ་བུམ་པ་ལྔར་བྱེད་པ་སོགས་དང་། སྒྲུབ་གྲོགས་ཀྱི་དགེ་སློང་རེས་ཐིག་རེ་གྲུབ་པར་བཤད་པ་ནི་བྱེད་པར་མི་སེམས་སོ། །སྐབས་འདིར་སྔགས་བཟླ་ཞིང་སྒྲུབ་པའི་དམིགས་རིམ་ནི་སྔར་རྒྱུན་འཁྱེར་གྱི་སྐབས་བཞིན་ཐིག་ལེ་བཅུ་དྲུག་པོ་ཐམས་ཅད་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་བདག་སྐྱེད་ཀྱི་ང་རྒྱལ་འཛིན་ནའང་། རང་ཉིད་ལས་རང་ཉིད་གཉིས་པ་ཞིག་གོ་ས་ལོགས་སུ་ཕྱེ་སྟེ་སྤྱན་རས་གཟིགས་ཕྱག་གཉིས་པའི་རྣམ་པར་གྱུར་ནས་ཐིག་ལེ་ཕྱི་མའི་གཞལ་ཡས་ཁང་གི་སྒོ་ཕྱེ་སྟེ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་མཆོད་པ་དང་། ཕྱག་སྐོར་བ་སོགས་བྱས་པར་མོས་ཤིང་ངག་ནས་ཀྱང་སྔར་གྱི་མཆོད་པ་དང་བསྟོད་པ་སྨོན་ལམ་སོགས་རྒྱས་པར་བྱས། དེའི་སྐུའི་བ་སྤུའི་བུ་ག་རེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་མཐོང་ཞིང་། དེ་དག་རྣམས་ལའང་མཆོད་པ་སོགས་ཡིད་ཀྱིས་བྱས་ཏེ་དད་པ་དང་བཅས་པའི་ངང་ནས་རྒྱལ་བ་རྒྱ་ཚོའི་ཐུགས་ཀར་ཟླ་གདན་ལ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པས་བསྐོར་བ་ལ་དམིགས་ཏེ་ཡིག་དྲུག་ཅི་ནུས་སུ་བཟླས་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་ཆུ་རྒྱུན་དང་བཅས་པ་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་(༡༡བ)
དག །དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ལྟར་ཐིག་ལེ་རེ་ལ་ཞག་རེ་བྱས་ནས་སྒྲུབ་ཞག་བཅུ་དྲུག་ཙམ་བྱས་ཏེ་ཐིག་ལེ་རེ་རེའི་སྒྲུབ་པ་སོང་འཚམས་སུ་དེ་གའི་དཀྱིལ་འཁོར་དུ་སློབ་མ་བཅུག་སྟེ་དབང་སྐུར་བ་ནི་སྒྲུབ་པ་དང་འབྲེལ་བའི་དབང་ཡིན་པས་སློབ་དཔོན་ནམ་རིན་པ་ཡན་ལ་ཕྱག་ལེན་འདི་ག་བཞིན་མཛད་པ་བྱུང་འདུག །དེང་སང་འཇུག་པ་བདེ་བ་སྒྲུབ་པ་ཡུན་རིང་ཐུང་ཇི་ཙམ་བྱེད་ཀྱང་སྔོན་དུ་སོང་བར་བྱས་ནས་དབང་དཀྱུས་ཐོག་གཅིག་ཏུ་སྐུར་བར་བྱེད་པ་མང་ངོ་། །དེ་ལྟར་གོང་དུ་བཟླས་པ་ཟིན་པ་དང་། རྒྱལ་བ་རྒྱ་མཚོ་དེ་ཉིད་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་རང་ཉིད་དཀྱིལ་འཁོར་ནང་མར་ཁྲིད་པར་བསམས་ལ། ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོ་ལ་མཆོད་བསྟོད་བཟླས་པའི་དམིགས་པ་སོགས་སྔར་གྱི་རིགས་འགྲེ་ཞིང་། ཐིག་ལེ་ལྷག་མ་ཀུན་ལའང་རྒྱས་དགབ་པར་བྱའོ། །འདིའི་སྐབས་བཟླ་རྒྱུའི་སྔགས་ནི་ཐིག་ལེ་གཉིས་པ་ལ་ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱཧཱ། གསུམ་པ་དང་བཞི་པ་ལ་ཡིག་དྲུག །ལྔ་པ་ལ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷཱི་སྭཱཧཱ། དྲུག་པ་མུ་ནི། བདུན་པ་ཡིག་དྲུག །བརྒྱད་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དགུ་པ་སྭཱཧཱའི་ཚབ་ཏུ་ཧཱུཾ་ཕཊ་སྦྱར། བཅུ་པ་ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བཅུ་གཅིག་པ་ཨོཾ་མཧཱ་གུ་རུ་དཱི་པཾ་ཀ་རཱ་ཨ་ཏི་ཤ་སྭཱཧཱ། བཅུ་གཉིས་པ་ཡིག་དྲུག །བཅུ་གསུམ་པ་ཨོཾ་མཻ་ཏྲཱི་ཡེ་སྭཱཧཱ། བཅུ་བཞི་པ་ཨོཾ་ཝཱ་གི་ཤྭ་རི་མུཾ། བཅོ་ལྔ་པ་ཨོཾ་བཛྲ་ངྷྲྀ་ཀ་ཧཱུཾ། བཅུ་དྲུག་པ་ཨོཾ་ངྷརྨྨ་ཀཱ་ཡ་སི་ངྔྷི་ཧཱུཾ་ཞེས་པ་རྣམས་སོ། །བུམ་པ་རྣམས་ཀྱང་དཀྱིལ་འཁོར་དང་ཐ་མི་དད་དུ་ལྷན་ཅིག་བསྒྲུབས་ནས། དབང་གི་ཚེ་ལྷ་ཚོགས་རྣམས་ལས་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་བ་བུམ་ཆུར་གྱུར་པར་བསམས་ཏེ་བསྐུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ལས་བུམ་གྱིས་ཁྲུས་བྱས། ནང་(༡༢ན)
དུ་ཡོན་དབུལ་ཞིང་ཕྱག་འཚལ། གྲལ་ལ་འཁོད་དེ་ཐོག་མར་གསོལ་བ་གདབ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཉེས་དམིགས་ཅན་གྱི་འཁོར་བ་འདི་སྤངས་ཏེ་ཐར་པའི་ཡོན་ཏན་ཐོབ་པར་འཚལ་བས་སློབ་དཔོན་གྱིས་དེའི་ལམ་བསྟན་དུ་གསོལ་ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། མིང་འདི་ཞེས་བྱ་བ་ཁྱེད་རྣམས་འཁོར་བའི་འདམ་ལས་འདའ་བར་བྱེད་པའི་ལམ་ཐུན་མོང་མ་ཡིན་པ་ང་ལས་ཉན་པར་འདོད་དམ་ཞེས་དྲིས་ནས། སློབ་མས། དེ་ཁོ་ན་ལྟར་འཚལ་བས་ཐུགས་བརྩེ་བ་ཅན་སློབ་དཔོན་ཁྱེད་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་ལན་བཏབ། དེ་ནས་སློབ་དཔོན་གྱིས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་སོགས་སྤྱིའི་སྔོན་དུ་འགྲོ་བ་རྒྱུད་འཁུལ་ངེས་དང་། གླེགས་བམ་རིན་པོ་ཆེའི་ལོ་རྒྱུས། ཁྱད་པར་ཆོས་འདིའི་ཆེ་བ་དང་བླ་མ་བརྒྱུད་པའི་ལོ་རྒྱུས་སོགས་བརྗོད་དེ་སྤྲོ་བ་བསྐྱེད། འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་པད་མའི་ལྗོན་ཤིང་ཚར་གཅིག་བསྒྲགས། དེ་ནས་མདུན་གྱི་ནམ་མཁར་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་རྣམས་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་སྐྱེད་པ་ལ་སྔར་རྒྱུན་འཁྱེར་གྱི་སྐབས་ཀྱི་ཚིག་རྣམས་ལན་གསུམ་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །རྗེ་སྟག་ཚང་ལོ་ཙཱ་བའི་དགོངས་པ་ལྟར་ན་སྔགས་སྡོམ་བཟུང་བ་ལེགས་པ་འདྲ་ཞིག་འདུག་ཅིང་། ཁོ་བོའང་འཐད་པར་སེམས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་རྣམས་དང་ཐ་མི་དད་པའི་རང་བཞིན་ཅན་གྱི་ངང་ནས་བླ་མ་(༡༢བ)
ལས་བླ་མ་གཉིས་པ་ཞིག་ཟུར་དུ་ཕྱེ་སྟེ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པར་གསལ་བས་སློབ་མ་རྣམས་ཁྲིད་དེ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་གཞལ་ཡས་ཁང་གི་ཤར་སྒོ་ཕྱེ་ནས་ནང་དུ་ཁྲིད། དེར་སློབ་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། འོད་ཟེར་གྱི་འཕྲོ་འདུས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་སྤྱན་དྲངས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཨ་བ་ཤ་ཡ་ཨཱ་ཨཱ་ཞེས་ཡེ་ཤེས་པ་དབབ་བོ། །སྒྲུབ་པ་དང་འབྲེལ་བའི་ཞག་རེ་ལ་ཐིག་ལེ་རེ་རེ་བྱེད་པའི་སྐབས་ཡེ་ཤེས་པ་དབབ་པའང་དཀྱིལ་འཁོར་སོ་སོའི་ནང་དུ་ལྷ་གང་ཡིན་པར་བསྐྱེད་ན་ལེགས་སོ། དཔེ་ཕལ་ཆེར་ན་ཡེ་ཤེས་པ་འབེབས་པའི་གསལ་ཁ་མི་འདུག་ཀྱང་དོན་གྱི་འཐོབ་པས་ཁ་བཀང་བ་ཡིན་ནོ། །དེ་ནས་དབང་དངོས་གཞིའི་དོན་དུ། གང་དྲིན་མ་དང་། ཀུན་མཁྱེན་ཡེ་ཤེས་ཀྱི་གསོལ་བ་གདབ། དེ་ནས་སློབ་མས་སྤྱན་རས་གཟིག་རྒྱལ་བ་རྒྱ་མཚོ་དེའི་བ་སྤུའི་བུ་ག་ཐམས་ཅད་ན་སངས་རྒྱས་བྱང་སེམས་གྲངས་མེད་པ་བཞུགས་པ་ལ་དམིགས་ཏེ། དཔོན་སློབ་གཉིས་མཉམ་འདོན་ནམ་རྗེས་ཟློས་གང་རུང་གིས་ཡན་ལག་བདུན་པ་བྱ། དེ་ནས་ལྷན་ཅིག་ཏུ་ལྷ་གང་ཡིན་པའི་སྔགས་འུར་བར་བགྲངས་པའི་རྐྱེན་གྱིས་རྒྱལ་བ་རྒྱ་མཚོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། དེ་ནས་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ནས་སངས་རྒྱས་བྱང་སེམས་ལྷ་དང་ལྷ་མོ་ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སློབ་མའི་སྟེང་ཕྱོགས་སུ་བཞུགས། དབང་ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་(༡༣ན)
ལ་སོགས་པའི་མཆོད་སྤྲིན་གྱིས་བར་སྣང་འགེངས། མེ་ཏོག་དང་གུར་ཀུམ་དང་ཙན་དན་ཕྱེ་མ་སོགས་ཀྱི་ཆར་འབེབས། ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་བཅད་གསུང་བར་མོས་ནས། ཕུན་སུམ་ཚོགས་པ་སོགས་རོལ་མོ་དང་བཅས་པར་བརྗོད། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་སྤྱི་བོ་ནས་དབང་བསྐུར། བུམ་ཆུ་སྦྱིན་ཞིང་གཏོར་བས་ལུས་གང་། དྲི་མ་དག །ལྷ་རང་རང་གི་ས་བོན་གྱིས་སྤྱི་བོར་བརྒྱན་པ་ལ་དབང་ལྷ་བསྟིམ་པར་བྱའོ། །དེ་ལྟར་སངས་རྒྱས་ཆོས་སྐུའི་བར་དུ་རིགས་འགྲེ་སྟེ། ཡན་ལག་བདུན་པ་མན་ཆད་ཚར་རེ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་བསྟོད། སྲུང་མ། ཡུལ་ལྷ་གཞི་བདག །རྒྱལ་ཆེན་རྣམས་ལ་གཏང་རག་གཏང་། རྒྱུན་འཁྱེར་གྱི་སྐབས་བཞིན་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་བར་བསྡུ་བྱ། རྡུལ་ཚོན་གཤེགས་ཤིང་ཡོ་བྱད་བསྡུ་བ་སོགས་ལས་ཀྱི་རྗེས་མ་མངོན་པར་བྱའོ། །གསུམ་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུགས་སྲོལ་ཡོངས་སུ་རྫོགས་པར་ཚང་བ་ཤིན་ཏུ་རྒྱས་པའི་ལུགས་དགོད་པ་ནི། སྤྱིར་འདི་ཉིད་ཉམས་ལེན་ཕྱོགས་རེ་ཙམ་མ་ཡིན་པར་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་ཡིན་པས་ཐིག་ལེ་དང་པོ་སྣོད་བཅུད་མཐའ་དག་ལ་ཐ་མལ་གྱི་སྣང་བ་བཀག་སྟེ་དག་པའི་སྣང་བ་བསྐྱེད། དེ་ནས་ཐིག་ལེ་གཉིས་པ་གསུམ་པ་བཞི་པ་རྣམས་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་སྟེ། དབང་ཡང་མདོ་ལུགས་ཀྱི་འོད་ཟེར་ཆེན་པོ་ལྟ་བུས་བྱིན་གྱིས་བརླབས་ཏེ་བསྐུར། དེ་བཞི་ལ་རྟེན་དཀྱིལ་འཁོར་གྱི་ཐིག་ལེ་ཞེས་ཀྱང་གྲགས། དེ་རྗེས་ཤེར་ཕྱིན་མ་ཐུབ་པ་སྤྱན་རས་གཟིགས་སྒྲོལ་མ་ཞི་བ་རྣམས་བྱ་རྒྱུད་དེ། ཆུ་ཅོད་པན་གྱི་དབང་མཚན་ཉིད་ཚང་བར་བསྐུར། སྒྲོལ་མ་ཁྲོ་མོ་དང་མི་གཡོ་བ་སྤྱོད་རྒྱུད་དུ་བྱས་(༡༣བ)
ཏེ་རིག་པའི་དབང་ལྔ་མཚན་ཉིད་ཚང་བར་བསྐུར། འདི་དྲུག་ལ་བརྟེན་པ་ལྷའི་ཐིག་ལེ་དྲག་ཟེར། ཇོ་འབྲོམ་བྱམས་འཇམ་དབྱངས་བཞི་རྣལ་འབྱོར་རྒྱུད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་མན་མཚན་ཉིད་ཚང་བར་བསྐུར། ཉམས་ལེན་བྱིན་རླབས་རྒྱུད་གསང་སྔགས་བླ་མེད་ཡིན་པས་དབང་བཞི་མཚན་ཉིད་ཚང་བར་བསྐུར། འདི་ལྔ་ལ་རྩ་རྒྱུད་བླ་མའི་ཐིག་ལེར་གྲགས། བཅུ་དྲུག་པ་སངས་རྒྱས་ཆོས་ཀྱི་སྐུའི་ཐིག་ལེ་འདི་ལ་དབང་བཞི་པའི་ཟུང་འཇུག་ཏུ་ངོ་སྤྲོད་པ་ཙམ་གྱིས་ཀྱང་རུང་མོད། དེང་སང་གང་དག་གི་བླ་ཆོད་དང་བསྟུན་ན། ཆོས་ཀྱི་སྐུ་ལས་བཞིན་ལག་གི་རྣམ་པ་ཅན་དུ་བཞེངས་འདུག་པས་དབང་བཞི་ཚང་བར་བསྐུར་ན་ལེགས་པར་སེམས། འདི་ལ་ཟུང་འཇུག་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྲགས་སོ། །ཡིག་རྙིང་ན་ཐིག་ལེ་བཅུ་བཞི་པའི་གཙོ་བོ་ཀླུ་སྒྲུབ་ལ་མཛད་འདུག་ཀྱང་། བཅུ་གསུམ་པ་བྱམས་པར་མཛད་པ་དང་། བརྒྱུད་པའི་རྩ་བ་གང་ལ་དཔགས་ཀྱང་འཇམ་དབྱངས་ཉིད་ལུང་རིགས་ཀྱིས་འགྲུབ་བོ། ལ་ལ་དག་ན་རེ། ཁ་ཅིག་ཇོ་བོ་ལ་བོད་ཀྱི་སློབ་མས་བསྐོར་བའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་དང་རྗེས་གནང་སོགས་བྱེད་པ་ཡང་སྣང་སྟེ། དེ་ལྟར་ན་ནཱ་རོ་པ་ལ་མར་པ་སོགས་ཀྱིས་བསྐོར་བ་དང་། ག་ཡ་ངྷ་ར་ལ་འབྲོག་མི་སོགས་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའང་ཅིའི་ཕྱིར་མི་རུང་། དེ་དག་རྒྱུད་སྡེ་གང་གི་ཆོ་ག་ཡིན། རྣམ་པར་མི་འཚམ་པའི་ཆོ་ག་རྫུན་མས་བླུན་པོ་སླུ་བར་མ་བྱེད་ཅིག་ཅེས་ཟུར་ཟ་བར་བྱེད་མོད། དེ་ལྟར་ན། རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །གསུང་བ་པོའང་བརྗོད་པའང་དེ། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུང་བ་མེད། ཅེས་དང་། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། ཞེས་གསུངས་པ་ལྟར་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསུང་པ་པོའི་སྟོན་པ། (༡༤ན)
གསུངས་པའི་བརྗོད་དོན། ཉན་པའི་འཁོར་ཚོགས་ཐམས་ཅད་འབྲས་དུས་ལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཤ་སྟག་ཏུ་བཤད་པས། དེ་ལྟ་ན་སྐབས་འདིར་ཡང་མགོན་པོ་སྣང་བ་མཐའ་ཡས་ཨ་ཏི་ཤ་ཡབ་སྲས་གྱི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་ཤར་བར་སྨྲ་ན། མ་ཤར་བའི་སྒྲུབ་བྱེད་གང་དུ་འཆད་རྒྱུ་ཡོད། ཤར་ན་འདི་དང་རྒྱུད་གསུང་པ་པོ་སྟོན་པ་རྡོ་རྗེ་འཆང་གི་བདེ་སྟོང་ལ་མཆོག་དམན་ནམ་སྤངས་རྟོགས་ཀྱི་ཁྱད་པར་འབྱེད་རྒྱུ་ཡོད་པ་ཨེ་ཡིན། ཡོད་ན་སངས་རྒྱས་ལ་མཆོག་དམན་ཡོད་པར་ཁས་ལེན་དགོས་པར་འགྱུར། གཞན་ཡང་ཇོ་འབྲོམ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཁྱེད་རང་གིས་གོང་དུ། དེ་ལྟ་ན་མིའི་བླ་མ་དང་སློབ་དཔོན་གཞན་ཐམས་ཅད་ལ་ཡང་རྗེས་གནང་ཅིའི་ཕྱིར་མི་རུང་ཞེས་པའི་ཞེ་འདོད་དེ་ཀས་ཧ་ལས་པར་གདའ་བ། མིའི་བླ་མ་ལ་བྱིན་རླབས་དང་རྗེས་གནང་མི་འོང་ན་སྨན་བླ་སྤྲུལ་སྐུ་དང་བདག་ཅག་གི་སྟོན་པའི་རྗེས་གནང་ཡང་མ་འཐད་པར་འགྱུར་ཞིང་། འཐད་ན་དེ་དག་འགྲོ་བའི་བླ་མ་ཡིན་པ་ལ་སྨོས་མ་དགོས། མི་མ་ཡིན་ན་མཆོག་གི་སྤྲུལ་སྐུ་དགེ་སློང་རྣམ་དག་མ་ཡིན་པར་འགྱུར་རོ། །གཞན་ཡང་ནཱ་རོ་པ་དང་ག་ཡ་ངྷ་ར་ལ་བརྟེན་པའི་དཀྱིལ་འཁོར་མེད་པ་ཡང་མི་འགྲུབ་སྟེ། རང་གི་རྩ་བའི་བླ་མ་གང་ཡིན་པ་དེ་དཀྱིལ་འཁོར་གྱི་གཙོ་བོར་བྱས་ཏེ་བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་སོགས་མཁས་གྲུབ་ཚད་ལྡན་ལ་གྲགས་པ་རྣམས་འཐད་པར་ཁས་ལེན་དགོས་ལ། དེ་ལྟར་ན་དེ་འདྲ་བ་དངོས་སུ་སྟོན་བྱེད་ཀྱི་དཀའ་བསྟན་བཅོས་ཀྱི་ལུང་ཁུངས་མ་གང་སྟོན་རྒྱུ་ཡོད། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། ཞེས་པ་ལྟ་བུའི་ཚིག་ལ་ངོས་འཛིན་ན། དེ་འདྲའི་ཚིག་གིས་ཐིག་ལེ་བཅུ་དྲུག་(༡༤བ)
ཀྱང་དོན་གྱིས་བསྟན་པར་བཤད་ན་དེ་ལ་སྐྱོན་གཏོང་རྒྱུ་ཡང་ཡོད། ཐིག་ལེ་བཅུ་དྲུག་ལ་དབང་སོགས་བཤད་པས་མི་འདྲ་ཟེར་ན། བླ་མ་མཆོད་པ་དང་བླ་མའི་རྣལ་འབྱོར་ལའང་དབང་བཞི་ལེན་པར་འདུག་པས་དེ་གཉིས་དོན་ཅིས་མི་མཚུངས། གཞན་ཡང་ཐིག་ལེ་བཅུ་དྲུག་འདིའི་དབང་དང་སྒྲུབ་སྐོར་སོགས་གསང་སྔགས་སྤྱིའི་སྐད་དང་མཐུན་མི་མཐུན་སྣ་ཚོགས་འདུག་པར་སྨྲ་ན། དུས་ཀྱི་འཁོར་ལོའང་རྒྱུད་གཞན་དང་བཤད་སྲོལ་མི་མཐུན་པས་ཆོས་ལོག་ཏུ་སྨྲོས་ཤིག །གཞན་ཡང་ཇོ་བོ་ཨ་ཏི་ཤ་ལྟ་བུའི་སྐྱེས་བུ་ལའང་གསང་སྔགས་ལམ། མཁས་པའི་ཐུགས་རྒྱལ་ལན་གཉིས་སུ་ཆག་པར་བཤད་པས་རྡོ་རྗེ་ཐེག་པ་ལ་ཡོད་མེད་ཀྱི་ཚད་གཟུང་སེམས་ཅན་གྱིས་བྱ་བའི་ཡུལ་མིན་ཞིང་། འཕགས་ཆེན་དམ་པ་རྣམས་ཀྱི་དག་པའི་སྣང་བ་ལ་འདི་འཆར་དང་འདི་མི་འཆར་ཞེས་རང་ཅག་ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱིས་དཔྱོད་པའི་གནས་ག་ལ་ཡིན། །གསང་བ་འདུས་པ་མཐའ་དྲུག་དང་ཚུལ་བཞིའི་རྒྱས་འདེབས་པ་དང་། དུས་འཁོར་ཕྱི་ནང་གཞན་གསུམ་གྱི་རྒྱས་འདེབས་པའང་སྣང་ཚུལ་འདི་འདྲ་ལ་དགོངས་ཤིང་། ཉན་ཐོས་སྡེ་པ་རྣམས་ཀྱིས་ཐེག་པ་ཆེན་པོ་བཀའ་མིན་ཞེས་ཟེར་རོ། །ལ་ལ་དག་རྗེ་བླ་མས་གླེགས་བམ་མ་གསན་ཅིང་། བྱང་ཆུབ་ལམ་གྱི་རིམ་པར་གླེགས་བམ་གྱི་ལུང་འདྲེན་གཏན་ནས་མ་མཛད་འདུག་པས་གླེགས་བམ་ཆོས་རྣམ་དག་མིན་ནོ་ཞེས་ཟེར་མོད། སྤྱིར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སངས་རྒྱས་དངོས་ཡིན་པ་ལ་དེ་ཉིད་ཀྱིས་གླེགས་བམ་གྱི་ཆོས་གསན་མ་གསན་སོགས་ཀྱི་ཚད་གཟུང་སུས་རྟོགས། རྟོགས་ན་ནི་ཁྱོད་ཀྱིས་ནམ་མཁའི་མཐའ་འཇལ་བར་ནུས་འདུག་པས་ངོ་མཚར་ཆེ། བྱང་ཆུབ་ལམ་རིམ་ནི་སྐྱེས་བུ་མཆོག་དམན་མཐའ་དག་སངས་རྒྱས་སུ་འཁྲིད་པར་བྱེད་པའི་ལམ་གྱི་འགྲོས་སྟོན་པའི་ཚོགས་ཆོས་ཡིན་ལ། གླེགས་བམ་འདི་ནི་སློབ་དཔོན་(༡༥ན)
ནམ་རིན་པ་ཡན་ཆད་དུ་བཀའ་རྒྱ་ཤིན་ཏུ་དོག །དེ་ནས་ཅུང་ཡངས་སུ་སོང་ཡང་རྗེ་དགེ་འདུན་གྲུབ་ཡན་ཆད་དུ་བཀའ་རྒྱ་དམ་མེ་བ་རང་མཛད་པ་ཞིག་བྱུང་འདུག་པས་རྒྱལ་བ་ཙོང་ཁ་པ་ཆེན་པོས་སྙན་བརྒྱུད་ཡིན་པར་དགོངས་ནས་ལམ་རིམ་དུ་གཞུང་འདྲེན་མ་མཛད་པ་ཡིན་ན། སྙན་བརྒྱུད། ཆིག་བརྒྱུད། ཚོགས་ཆོས་སོགས་ཀྱི་རྣམ་དབྱེ་མ་དོད་པར་མིག་གིས་མཐོང་བ་དང་། རྣ་བས་ཐོས་ཚད་ཀྱི་ཚིག་སྐམ་ཁ་ལ་ཁྱེར་ནས་ལྟོ་ཕྱིར་དུ་ཀུན་ལ་སྒྲོག་ཅིང་། རང་ཉིད་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་ཆོས་ལ་བརྟེན་པའི་སྡིག་པ་གསོག་པའི་སྨྲེ་སྔགས་ཀྱི་སྐད་ངན་ཕྱོགས་བཅུར་སྒྲོག་པ་རྣམས་དང་སྔོན་བྱོན་གྱི་དམ་པའི་སྐྱེས་བུ་རྣམས་ཀྱི་རྣམ་ཐར་མི་འདྲ་བས་བློ་ལྡན་རྣམས་ལེགས་པར་རྟོགས་ཤིག །ཨེ་མ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཐབས། །རྨད་བྱུང་སྙིང་གི་ཐིག་ལེའི་ཉིན་བྱེད་ཀྱིས། །སྐལ་བཟང་འདབ་བརྒྱའི་ཚོགས་རྣམས་རིང་ནས་འཛུམ། །བརྒལ་ཞིང་བརྟག་པ་མཁས་པའི་ལུགས་ཡིན་ཡང་། །ཀུན་སློང་ངན་པས་ཉེར་དྲངས་རང་བཞིན་ཆོས། །དུ་མར་སྨད་པའི་དཀར་མིན་ལས་འབྲས་ཀྱིས། །མཐའ་མེད་འཁོར་བའི་འཁོར་ལོ་བསྐོར་གྱི་དོགས། །བློ་ངན་བཟང་བརྫུས་བསྟན་པ་ཉམས་པའི་ལས། །དར་ཞིང་རྒྱས་བྱེད་མེ་ཏོག་མདའ་ཅན་སྐུ། །སྐྱེ་བའི་ཟློས་གར་སྒྱུར་དེ་དེང་དུས་ཁ། །བདུད་ཀྱིས་ཕྱེ་བ་ཟུམ་པར་ནུས་དཀའ་ཡང་། །ཅལ་སྒྲོག་བྲག་ཅའི་སྒྲ་ཡིས་རི་དྭགས་ཀུན། །འཇིགས་སྐྲག་དུཿཁའི་ཕ་མཐར་བཏང་བ་བཞིན། །འགྲོ་མང་ལོག་པར་འཕྱན་ལས་བཟློག་སླད་དུ། །ཐེ་ཚོམ་སེལ་བའི་ཚིག་སྦྱོར་ཅུང་ཟད་སྤེལ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གསུམ་པ་སྐལ་ལྡན་གྱི་སློབ་མ་ལ་(༡༥བ)
ཉམས་ཁྲིད་དུ་འདེབས་པའི་རིམ་པ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ། དང་པོ་སྔོན་འགྲོ་ལ་སྐྱབས་འགྲོ། སེམས་བསྐྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས། བླ་མའི་རྣལ་འབྱོར་དང་བཞི། དང་པོ་ནི། སྐྱབས་ཡུལ་གྱི་གཙོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྤྱན་རས་གཟིགས་བསྒོམ། གཞན་འཁྲིད་སྤྱི་དང་མཐུན། གཉིས་པ་དང་གསུམ་པའི་སྤྱི་དང་མཐུན། བཞི་པའང་བླ་མ་སྤྱན་རས་གཟིགས་སུ་སྐྱེད་པ་ཙམ་མ་ཏོགས། ཀུ་སུ་ལུའི་ཚོགས་གསོག་མཎྜལ་དབང་བཞི་རྣམས་སྤྱི་དང་འདྲ། གཉིས་པ་དངོས་གཞི་ལ་འཁྲིད་སྐོར་བཅུ་དྲུག་ལས། དང་པོ་ནི། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་རྟེན་པ་ཙམ་ཞིག་བདག་ཉིད་གསལ་འདབ། སྣོད་བཅུད་ཐམས་ཅད་ལ་ཐ་མལ་གྱི་སྣང་ཞེན་ཡང་ནས་ཡང་དུ་བཀག་སྟེ་དག་པའི་སྣང་བར་སྒྱུར་བ་ལ་ནན་ཏན་བྱ། དེའི་ངང་ནས་རང་ལས་གཉིས་པ་ཞིག་ཆད་དེ་དཀྱིལ་འཁོར་གྱི་ནང་དུ་འོངས། སྔར་གྱི་ལྷ་ཚོགས་རྣམས་ལ་ཡན་ལག་བདུན་པ་དང་། བཟླས་པ་ལན་གྲངས་མང་པོའི་བར་དུ་བྱ། ཐུན་བསྡུ་བའི་ཚེ་མི་དམིགས་པའི་ངང་དུ་འཇིག །འཁྲིད་རྐང་གཞན་བཅོ་ལྔ་པོ་རྣམས་ལའང་ཕྱག་མཆོད་བཟླས་པ་ལ་ནན་ཏན་དུ་བྱ་བ་ལ་ཁྱད་པར་མེད། མི་འདྲ་བའི་ཁྱད་པར་ཐིག་ལེ་གཉིས་པ། གསུམ་པ། བཞི་པ་རྣམས་ལ་རིམ་པ་བཞིན་སྐྱེས་བུ་ཆུང་ངུའི་ཁྲིད། འབྲིང་གི་ཁྲིད། ཆེན་པོ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཁྲིད་རྣམས་བསྒོམ། ལྔ་པ་ལ་ཤེར་ཕྱིན་གྱི་ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་བདུད་སྡེའི་དཔུང་ཚོགས་རྣམས་བཅོམ་ནས་ཞི་བར་བསམ་མོ། །དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་ཁྲིད་བསྒོམ་ཞིང་། ཁྱད་པར་སྒྲོལ་མ་དྲག་མོ་དང་མི་གཡོ་བ་གཉིས་ལ་དགྲ་བགེགས་ཚར་གཅོད་པའི་དམིགས་པ་དང་དྲག་སྔགས་(༡༦ན)
བཟླ། ཐིག་ལེ་བཅུ་གཅིག་པ་འདིར་ནི་བརྒྱུད་པ་གསུམ་ལ་བརྟེན་པའི་བླ་མའི་སྒྲུབ་པ་གཙོ་བོར་བྱ། བཅུ་གཉིས་པར་གླེགས་བམ་རིན་པོ་ཆེའི་སྐྱེས་རབས་སྤྱི་དང་། ཁྱད་པར་དཀོན་མཆོག་འབངས་ཀྱིས་ཨུ་རྒྱན་གྱི་ཡུལ་དུ་བྱོན་པའི་རྡོ་རྗེའི་གླུ་དང་ཆོས་ཟབ་མོ་དཔག་ཏུ་མེད་པའི་སྐོར་གྱི་རྣམ་ཐར་རྣམས་ཡིད་ཡུལ་དུ་ངེས་པར་བྱས་ནས་རང་ཉིད་ཀྱང་བློས་དེར་ཕྱིན་པ་དང་དེ་འདྲ་བ་བྱས་པའི་བསམ་སྒོམ་ནན་ཏན་དུ་བྱ། བཅུ་གསུམ་པ་ལ་ཞི་གནས་གཙོ་བོར་བསྒོམ། བཅུ་བཞི་པ་ལ་ཟབ་མོ་དབུ་མའི་ལྟ་བ་བསྒོམ། བཅོ་ལྔ་པར་རང་གང་མོས་པའི་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་རྫོགས་རིམ་དང་སྦྱར་ན་ལེགས། བཅུ་དྲུག་པ་ནི་སངས་རྒྱས་ཆོས་སྐུའི་ཐིག་ལེ་དེ་ཉིད་གྲངས་མེད་པར་སྤྲོ་ཞིང་སྡུད་པ་སོགས་ཀྱི་ངང་ནས་ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་ཞིང་རྟེན་བརྟེན་པར་བཅས་པ་གྲངས་མེད་པ་འཆར་བ་དང་། དེ་རྣམས་ལ་རང་ཉིད་ཀྱིས་མཇལ་ཞིང་ཆོས་ཉན་པ་སོགས་མང་དུ་བསམས་པའི་མཐར་ཐིག་ལེ་དེ་ཉིད་གསལ་སྟོང་དབྱིངས་རིག་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་གཞོག །ཐུན་བསྡུ་བ་ནི་བཅུ་དྲུག་པོ་ཐམས་ཅད་ལ་རིགས་འགྲེའོ། །གསུམ་པ་མཇུག་བསྡུ་བ་ནི། འཁྲིད་རྒྱུན་འཁྱེར་དུ་ཉམས་སུ་ལེན་ན་བཅུ་དྲུག་པོ་གཞན་རྣམས་རྒྱས་བསྡུས་སྐབས་སྦྱར་འཆག་མེད་ཙམ་བྱས། རང་གང་མོས་པ་ཞིག་དང་། བཅུ་དྲུག་པ་གཉིས་ལ་ནན་ཏན་དུ་བྱ། ཤིན་ཏུ་བསྡུས་པ་བྱེད་ན། ཐིག་ལེ་ཐམས་ཅད་ཀྱི་སྐྱེད་ཆོག་ཙམ་བྱས་ནས། ཉམས་ལེན་དམིགས་ཕུག་པ་གཅིག་ལ་བྱས་ཀྱང་རུང་ངོ་། །སྨྲས་པ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་བདག་ཉིད་མཆོག །གཅིག་བསྡུས་བཀའ་གདམས་མེས་པོ་འབྲོམ་སྟོན་རྗེ། །གངས་ཅན་འགྲོ་བའི་གཉེན་གཅིག་པད་དཀར་འཆང་། ཁྱོད་ཀྱི་གསང་གསུམ་ཕ་(༡༦བ)
མཐའ་རྟོགས་ནུས་མིན། །དེ་ཕྱིར་ཟབ་མོའི་དོན་འདི་ཆུ་གཏེར་བཞིན། །གཏིང་མཐའ་ཚད་དུ་གཞལ་བའི་ཡུལ་མིན་ཡང་། །མཁས་པའི་ལེགས་བཤད་ལ་བརྟེན་རང་ཉིད་ཀྱི། །བློ་གྲོས་དག་གིས་ཞིབ་མོར་དཔྱད་དེ་བཀོད། །དགེ་འདིས་ལྷ་ཆོས་བདུན་ལྡན་བརྒྱུད་པའི་སྲོལ། །བཀའ་གདམས་བསྟན་པའི་ཉིན་བྱེད་འོད་སྟོང་གིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་རབ་ཁྱབ་སྟེ། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བཀའ་གདམས་རིན་པོ་ཆེའི་གླེགས་བམ་གྱི་ཉིང་ཁུ་ཐིག་ལེ་བཅུ་དྲུག་ཏུ་གྲགས་པའི་རྒྱུན་འཁྱེར་དབང་འཁྲིད་དང་བསམ་པའི་རིམ་པ་ཕུལ་བྱུང་དགོངས་རྒྱན་ཞེས་པ་འདིའང་གསང་སྔགས་རྡོ་རྗེ་ཐེག་པ་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ཆེན་པོ་ལ་རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་ཁྱད་པར་རྗེ་བཙུན་ས་སྐྱ་བའི་ཟབ་ཆོས་ཀུན་གྱི་ཡང་རྩེ་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པའི་གསང་ཆེན་སློབ་བཤད་ཅེས་པ་རྗེ་ཁའུ་པའི་བསྟན་འཛིན་ཆེན་པོ་གནས་གསར་ནས་ཆོས་ཀྱི་རྗེ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་རྒྱལ་བ་རྡོ་རྗེ་འཆང་བཤེས་གཉེན་དམ་པའི་གཟུགས་ཅན་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་སོགས་དམ་པ་དུ་མའི་བཀའ་དྲིན་ལས་ས་དགེ་བཀའ་ཕྱག་གསང་སྔགས་རྙིང་མ་སོགས་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་ཞིང་ཁྱད་པར་ཆོས་ཚུལ་འདི་པ་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཀྱི་ཟླ་ཟེར་སྙིང་ལ་འཕོས་པའི་བཀའ་གདམས་ཀྱི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་རྒྱལ་བ་ཞེས་པ་ས་མོ་གླང་གི་ལོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་སྟོན་གྱི་ཚེས་བཅུ་དཔའ་བོ་མཁའ་འགྲོ་འདུ་བའི་དུས་དགེ་བར་གྲུ་འཛིན་གཉིས་པ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །མངྒ་ལཾ།།