Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

3 occurrences of ཆུ་བཟང་
[Clear Hits]


  
 expand section
 expand section
  
collapse section
  
  
  
  
  
  
  
  
  
  
  
 
ཕྱིར་མི་ལྡོག་པའི་རྟགས་བཤད་པ།
  
  
  
 expand section
 expand section
 expand section
expand section


3 occurrences of ཆུ་བཟང་
[Clear Hits]

 
previousཕྱིར་མི་ལྡོག་པའི་རྟགས་བཤད་པ།next

ཕྱིར་མི་ལྡོག་པའི་རྟགས་བཤད་པ།


GLG013_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་རྟགས་བཤད་པ། གསུམ་པ་དེ་ལ་བརྟེན་ནས་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ་གཉིས། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང་། སྐུ་གསུམ་སྒྲུབ་བྱེད་ཀྱི་ལམ་ཁྱད་པར་ཅན་བཤད་པའོ། །དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ལ། སྤྱིའི་མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་ཡོད་དེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་རྒྱུད་ལ་ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བའི་དེའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་དབང་རྣོན་ནས་བཟུང་སྟེ། ཐེག་ཆེན་གྱི་མཐོང་བ་དང་སྒོམ་པའི་ལམ་དག་ལ་གང་དག་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། སྐབས་འདིར་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཚོགས་ཀྱི་དགེ་འདུན་ཡིན་ཏེ། ཁྱོད་བདེན་ཞེན་ཀུན་བརྟགས་མངོན་གྱུར་བ་འགགས་པ་སོགས་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཡིན་ན། ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐད་ཅིག་དང་པོ་ལ་གནས་པའི་བྱང་སེམས་


GLG013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྣོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་འདྲའི་རྒྱུད་ཀྱི་རྗེས་ཐོབ་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཐོབ་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་མཐོང་ལམ་པ་ཡིན་ན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་སྦྱོར་ལམ་པའི་རྟོགས་པ་སྔོན་དུ་སོང་བའི་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་སེམས་དཔའ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱི་ཐེག་ཆེན་མཐོང་ལམ་པའི་རྒྱུད་ཀྱི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གཟུགས་སོགས་ལ་བདེན་འཛིན་མངོན་གྱུར་པ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་མི་སློབ་པའི་དགེ་འདུན་དཀོན་མཆོག་གི་སྒྲས་བསྟན་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །དེ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཟེར་ན། དང་པོ་ཉིད་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྩ་བར་འདོད་ན། ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པར་ཐལ། བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར། རོང་ཊཱིཀ་པ་ན་རེ། མ་དག་ས་བདུན་གྱི་གནས་སྐབས་སུ་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་ཀྱང་། བསམ་པའི་སྒོ་ནས་མ་ཐོབ་སྟེ། རང་ཉིད་འབའ་ཞིག་གི་དོན་དུ་ཐར་པ་དོན་དུ་གཉེར་བའི་བྱང་འཕགས་ཡོད་པའི་ཕྱིར་ཏེ། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་


GLG013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཟེར་ན། ཐེག་ཆེན་སེམས་བསྐྱེད་ལས་ཉམས་པའི་བྱང་འཕགས་ཡོད་པར་ཐལ། རང་ཉིད་འབའ་ཞིག་ཐར་པ་དོན་དུ་གཉེར་བའི་བྱང་འཕགས་ཡོད་པའི་ཕྱིར། ཁ་ཅིག །སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་ཡིན་ན། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་འགོག་པས་ཁྱབ་ཟེར་ན། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་གཟུགས་ལ་བདེན་ཞེན་མངོན་གྱུར་བ་རྒྱུད་ལ་ལྡན་པའི་སེམས་དཔའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། མ་དག་ས་བདུན་གྱི་གནས་སྐབས་སུ་བདེན་འཛིན་ལྷན་སྐྱེས་འཇུག་པའི་ཕྱིར། ཁ་ཅིག །སངས་རྒྱས་འཕགས་པ་ཡིན་ན། སྦྱོར་མཐོང་སྒོམ་གསུམ་གའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཟེར་ན། སྦྱོར་ལམ་དང་མཐོང་ལམ་གྱི་གནས་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པར་སྒོམ་ལམ་གྱི་གནས་སྐབས་སུ་རྟགས་ཐོབ་པའི་སངས་འཕགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། བྱང་སེམས་དབང་པོ་རྟུལ་པོས་སྒོམ་ལམ་ནས་དེའི་རྟགས་ཐོབ་པར་བྱེད་པའི་ཕྱིར། གཉིས་པ་རང་ལུགས་ནི། གཟུགས་ལ་སོགས་པ་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པ་ལ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཚོགས་ལམ་པ་ཡོད་པར་ཐལ། དང་པོ་ཉིད་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དེས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར། དེར་ཐལ། དེ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་


GLG013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན་མ་ཁྱབ། འོ་ན་ཚིག་གསལ་ལས། རང་གི་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོར་མཛད་པ་ཞིག་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་ཀྱི། རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་ཕྱིར་དང་རང་ལ་དངོས་པོ་ངེས་ཀྱང་ངེས་པར་འབྱེད་པའི་རྟགས་གཟུང་སླ་བ་ཡང་མེད་པའི་ཕྱིར་ཐ་སྙད་གདགས་པའི་གཞིར་མ་གྱུར་བས་ན་འདི་ཕྱིར་མི་ལྡོག་པའོ། །ཞེས་ཐེག་ཆེན་གྱི་ཚོགས་ལམ་ནས་ཕྱིར་མི་ལྡོག་པ་ཡོད་ཀྱང་། ཕྱིར་མི་ལྡོག་པའི་རྟགས་འཐོབ་པར་མ་བཤད་པའི་ཕྱིར། སྨྲས་པ། ལེགས་བཤད་རྒྱ་མཚོའི་འཇིང་ལས་ཐོན་པའི་མཁས་དབང་བཤེས་གཉེན་འོད་དཀར་ཅན། །ཕལ་ཆེར་དུས་ཀྱི་བསྐལ་པའི་དབང་གིས་ཆུ་ལྷའི་ཕྱོགས་ཀྱི་རི་རྩེར་སོན། །ཉོན་མོངས་དུག་གསུམ་འདབ་གཤོག་སྐྱོད་པའི་འགྲོ་བའི་འདྲེན་པར་རློམ་པའི་བྱ། །མཐོན་པོའི་གོ་ས་བྲག་རིར་འཛེགས་ནས་ཆོས་བརྒྱད་སྣང་བའི་སྐད་ངན་སྒྲོགས། །ཚེ་འདི་ལྷུར་ལེན་འཁོར་མང་དབུས་སུ་ཟང་ཟིང་ནོར་གྱི་འདུ་འགོད་བརྩོན། །བླང་དོར་ལྟ་ལ་རྨོངས་པའི་སྐྱེ་བོར་འབྱུང་འགྱུར་གཏམ་གྱི་མུ་ཅོར་སྨྲ། །མང་དུ་ཐོས་པའི་རྣ་བས་དབེན་ཀྱང་གྲགས་སྐམ་གཡུ་ཡི་རྒྱན་ལ་བརྩོན། །སྡེ་སྣོད་ནོར་བུའི་དཔྱ་དེ་དོར་ནས་མཆིང་བུའི་བཞིན་ལ་བྱི་དོར་བྱེད། །དཀོན་མཆོག་ཡོན་ཏན་མཐའ་ཡས་ ཆུ་ཀླུང་ཚོགས། །ཆོས་ཚུལ་རྒྱ་མཚོའི་ཀློང་དུ་འབབ་པའི་རོ། །སྐལ་བཟང next hit་རྣ་བའི་འབབ་སྟེགས་ཚིམ་བྱེད་པའི། །ལེགས་བྱས་འཕེལ་བ་བྱེད་པོ་སྨྲ་བའི་དབང་། །གང་གི་རྣམ་དཔྱོད་ཟླ་བྲལ་ཤིང་རྟ་ཡིས། །འཇམ་མགོན་བློ་བཟང་གྲགས་པའི་རིང་ལུགས་ཟེར། །འདེགས་པའི་སྔ་ན་མེད་པའི་ཡ་མཚན་ལ། །


GLG013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པའི་གཉིད་ལ་ཡུར་ཀྱང་བལྟ་བར་སྤྲོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། སྲིད་ཞིའི་དགྲ་ལས་རྒྱལ་བའི་དཔའ་བོ་གང་དག་ངེས་པར་འབྱེད་པ་ཆ་དང་མཐུན་པ་བཞི་དང་། ཐེག་ཆེན་གྱི་མཐོང་བའི་ལམ་དང་སྒོམ་པའི་ལམ་འཆད་པར་འགྱུར་བ་ལ་རྟགས་དེ་དང་། རྟོགས་པ་དེ་ཐོབ་པའི་ཚུལ་གྱིས་གནས་པ་དེ་དག་ནི་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། རྟགས་སྔར་བཞིན་ནོ། །བམ་པོ་བཞི་པ། གཉིས་པ་རྒྱས་པར་བཤད་པ་ལ། སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་བཤད་པ་གསུམ་ལས། དང་པོ་ལ། །མདོར་བསྟན་པ། རྒྱས་པ་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེ་འདྲ་བའི་དགེ་འདུན་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་གང་ཞེ་ན་ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ས་ལ་གནས་པའི་སེམས་དཔའ་རྣམས་ཀྱི་མཚན་ཉིད་འཆད་པའི་ཕྱིར། གཉིས་པ་ནི། ངེས་འབྱེད་ཡན་ལག་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། ཁྱོད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དང་ལྡན་པ་ཡིན་ཏེ། གཟུགས་ལ་སོགས་པ་ལ་བདེན་ཞེན་ཀུན་བརྟགས་མངོན་གྱུར་བ་ལྡོག་པ་སོགས་རྟགས་རྣམ་པ་ཉི་ཤུར་བརྗོད་པ་དང་ལྡན་པ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་བཤད་དུ་ཡོད་དེ། གཟུགས་ལ་སོགས་པ་ལ་བདེན་ཞེན་ལྡོག་པ་དང་། སྐྱབས་གནས་ལ་ཐེ་ཚོམ་མེད་པ་སོགས་རྣམ་པ་ཉི་ཤུར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། ཡང་བདེན་ཞེན་ཀུན་བརྟགས་མངོན་གྱུར་པ་ལས་


GLG013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ལ་སོགས་པའི་མཚན་ཉིད་དེ་དག་གང་ཡིན་ཞེ་ན་ཡོད་དེ། དེ་དག་བསྟན་པའི་ཕྱིར་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་གསུངས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྟགས་ནི་ཉི་ཤུ་དག་གིས་དྲོད་དང་རྩེ་མོ་དང་བཟོད་པ་དང་བཅས་པ་དང་། ཆོས་མཆོག་རྣམས་ལ་གནས་པའི་དབང་རྣོན་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་པར་འགྱུར་ཏེ། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཞེས་སོགས་ཀྱིས་རྟོགས་པར་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན་། རྟགས་ཉི་ཤུ་པོ་འདི་དག་གི་སྦྱོར་ལམ་པ་དབང་རྣོན་ཕྱིར་མི་ལྡོག་པའི་རྟགས་ཤེས་པར་བྱ་སྟེ། དྲོད་རྩེ་བཟོད་པ་ཆོས་མཆོག་རྣམས་ལ་རིམ་བཞིན་རྣམ་པ་བཅུ་གཅིག །རྣམ་པ་དྲུག །རྣམ་པ་གཉིས། རྣམ་པ་གཅིག་ནི་གོ་རིམ་བཞིན་དུ་དྲོ་བ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་ཀྱི་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དབང་རྣོན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་པའི་ཕྱིར། དྲོད་ལ་གནས་པའི་རྟགས་བཅུ་གཅིག་ནི། དྲོད་ལ་གནས་པའི་དེ་ཆོས་ཅན། གཟུགས་ལ་སོགས་པའི་ཆོས་ལ་བདེན་ཞེན་ཀུན་བརྟགས་མངོན་གྱུར་ཅི་རིགས་ལྡོག་པ་དང་ལྡན་ཏེ། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། སྐྱབས་གནས་ལ་ཐེ་ཚོམ་མངོན་གྱུར་ཟད་པ་དང་ལྡན་ཏེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ལས་འབྲས་ལ་ལོག་པར་ལྟ་བ་དང་། དེའི་མཐུས་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོར་སྐྱེ་བ་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་། འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང་། དབང་པོ་མ་ཚང་བ་དང་། གླེན་པ་དང་། ལྐུགས་པའི་དངོས་པོ་དང་། ལྷ་ཚེ་རིང་པོར་སྐྱེ་བ་


GLG013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་མི་ཁོམ་པ་བརྒྱད་ཟད་དེ། ཁྱོད་སྙིང་རྗེའི་དབང་གིས་སྐྱེ་བའི་སྨོན་ལམ་གྲུབ་པའི་ཕྱིར། དེ་ཆོས་ཅན། ཁྱོད་བདག་དང་གཞན་དགེ་བའི་ཆོས་ལ་སྦྱོར་བ་དང་ལྡན་ཏེ། ཁྱོད་མྱོང་སྟོབས་ཀྱི་ཐོབ་པའི་སྙིང་རྗེས་ཡིད་དྲངས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་གཞན་གྱི་ཡུལ་ལ་འབྲས་བུ་སྨིན་པར་ཡོངས་སུ་བསྔོ་བའི་སྦྱིན་པ་སོགས་དང་ལྡན་ཏེ། བདག་དང་གཞན་བརྗེ་བ་ཉིད་ཀྱིས་སྦྱིན་སོགས་ལ་སྤྱོད་པ་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཟབ་མོའི་དོན་ལ་ཡང་སོམ་ཉི་མི་བྱེད་པ་དང་ལྡན་ཏེ། ཆོས་ཀྱི་གནས་ལུགས་ཡང་དག་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། བྱམས་པའི་སེམས་ཀྱིས་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་ཏེ། སེམས་ཅན་ཐམས་ཅད་བདེ་འདོད་ཀྱི་བསམ་པས་གཞན་ལ་ཕན་པ་ཉིད་དུ་བཞུགས་པའི་ཕྱིར། དེ་ཆོས་ཅན། སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་མི་འགྲོགས་པ་ཡིན་ཏེ། གཞན་དོན་ལ་གཞོལ་བར་སྦྱོར་བ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། མ་རིག་པ་དང་ལྟ་ངན་ལ་སོགས་པ་བག་ལ་ཉལ་ཐམས་ཅད་འཇོམས་པ་དང་ལྡན་ཏེ། སྟོང་ཉིད་རྟོགས་པའི་སྟོབས་ཀྱིས་གཉེན་པོ་རྣམ་པ་བསྒོམས་པ་ཉིད་ཀྱི་ཕྱིར། རྩེ་མོའི་རྟགས་དྲུག་ནི། རྩེ་མོ་ལ་གནས་པའི་དེ་ཆོས་ཅན། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་ཡིན་ཏེ། དགེ་བའི་རྩ་བ་འཇིག་རྟེན་རྩེ་མོའི་དབང་འབྲིང་མན་ལས་མངོན་པར་འཕགས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། རང་དོན་ཡིད་བྱེད་ཀྱི་སེམས་གྱ་གྱུ་མེད་པ་དང་ལྡན་ཏེ། དགེ་བའི་རྩ་བ་དེ་རྣམ་པར་དག་པའི་ཕྱིར། དེ་ཆོས་ཅན། ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་ལན་པ་དང་ལྡན་ཏེ། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱི་སེམས་དཔའ་ཡིན་པའི་


GLG013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཆོས་ཅན། དེ་དག་དང་འགལ་བས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་དང་ལྡན་ཏེ། སྦྱིན་པ་ལ་སོགས་པ་ཁྱད་པར་ཅན་སྒྲུབ་པའི་ཕྱིར། དེ་ཆོས་ཅན། བདེན་པས་སྟོང་པའི་ཆོས་ཉིད་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་དང་ལྡན་པར་འགྲོ་བ་ཡིན་ཏེ། ཆོས་ཐམས་ཅད་བདེན་སྟོང་དུ་ཡང་དག་པར་སྡུད་པར་བྱེད་པ་ཡིན་པའི་ཕྱིར། དེ་ཆོས་ཅན། གཞན་གྱི་དོན་དུ་དམྱལ་བ་འདོད་པ་ཡིན་ཏེ། འགྲོ་བ་ལ་བུ་ལྟར་བདག་ཉིད་ཀྱིས་བདག་གིར་བྱས་པ་ཡིན་པའི་ཕྱིར། བཟོད་པའི་རྟགས་གཉིས་ནི། བཟོད་པ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། གཞན་གྱིས་བཀྲིར་མི་བཏུབ་པ་དང་ལྡན་ཏེ། གནས་ལུགས་རྟོགས་པ་ལ་ཡིད་ཆེས་པའི་ཆོས་ཉིད་ཀྱི་དེ་དང་ལྡན་པའི་ཕྱིར། དེ་ཆོས་ཅན་། ཟས་གཅོད་པ་དང་མེ་ལྔ་བསྟེན་པ་སོགས་ལ་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་དུ་རྟོགས་པར་བྱ་བ་ཡིན་ཏེ། སངས་རྒྱས་འཐོབ་པ་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པའི་ཕྱིར། ཆོས་མཆོག་གི་རྟགས་གཅིག་ནི། ཆོས་མཆོག་ལ་གནས་པའི་དབང་རྣོན་ཆོས་ཅན། དྲན་པ་དང་ཤེས་བཞིན་དང་ལྡན་པ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། གོས་ལ་སོགས་པ་ཡོངས་སུ་སྤྱོད་པ་གཙང་བ་ཞེས་བྱ་བ་ཡིན་ཏེ། གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱི་ཕྱིར། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཞེས་བྱ་བ་ཐོབ་པ་ཡིན་ཏེ། འཁོར་གསུམ་རྣམ་པར་དག་པས་ཕྱིན་དྲུག་ལ་སྤྱོད་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ་གཉིས། མདོར་བསྟན་པ་


GLG013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱས་པར་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་དབང་རྣོན་ཕྱིར་མི་ལྡོག་པའི་འོག་ཏུ། མཐོང་ལམ་ལ་གནས་པའི་དབང་འབྲིང་ཕྱིར་མི་ལྡོག་པའི་མཚན་ཉིད་འཆད་ཚུལ་ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་འཆད་པའི་ཕྱིར། གཉིས་པ་ནི། དེའི་རྒྱུད་ཀྱི་མཐོང་བའི་ལམ་ལ་བཟོད་པ་དང་། ཤེས་པའི་སྐད་ཅིག་བཅུ་དྲུག་གིས་བསྡུས་པའི་ཐབས་ཤེས་དང་། དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཆོས་ཅན། ཁྱོད་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེའི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། གསུམ་པ་ནི། བྱང་སེམས་ཀྱི་ཤེས་བཟོད་བཅུ་དྲུག་གིས་བསྡུས་པའི་སྔར་བཤད་པའི་ཡོན་ཏན་རྣམས་ནི་ཆོས་ཅན། ཁྱོད་དེ་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱ་སྟེ། སྔར་བསྟན་ཟིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། མཐོང་ལམ་གྱི་སྐད་ཅིག་མའི་རྣམ་པ་ཅི་འདྲ་བ་ཞིག་མཚན་ཉིད་དུ་བསྟན་པ་ཡིན་ཞེ་ན། ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་དེ་ལྟར་བསྟན་པར་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། དེ་འདྲའི་སྐད་ཅིག་མ་བཅུ་དྲུག་གང་རུང་དང་། དེས་དྲངས་པའི་རྗེས་ཐོབ་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་དེ་ཆོས་ཅན། བློ་དང་ལྡན་པ་མཐོང་ལམ་ལ་གནས་པའི་སེམས་དཔའ་དབང་འབྲིང་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། སྔར་བཤད་པ་དེའི་ཕྱིར་དང་། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །སྲོག་དབང་ཡིན་ན། དྲོད་


GLG013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་བྱེད་པས་ཁྱབ་ཟེར་ན། གཟུགས་མེད་ཁམས་པའི་སྲོག་དབང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་ཁམས་ན་དྲོད་མེད་པའི་ཕྱིར། ཁ་ཅིག །ཚེ་སྲོག་ཏུ་བྱེད་པ་མི་འཐད་པར་ཐལ། དབུགས་ཀྱི་རྒྱུ་བ་སྲོག་ཡིན་པའི་ཕྱིར། བསྡུ་བ་ལས། དེ་ལ་སྲོག་ཅེས་བྱ་བ་ནི་དབུགས་ཀྱི་རྒྱུ་བ་སྟེ། དེ་ཆད་ནའོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དབུགས་ཀྱི་རྒྱུ་བ་གནས་ན་སྲོག་གི་ཚེ་གནས་པ་ལ་དགོངས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གནས་པའི་ཆེད་ཆེད་གཞན་དག་ཀྱང་། །གང་ཕྱིར་རྒྱུ་བ་ཡིན་པར་འདོད། །ཅེས་པ་དང་མཚུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། དབང་པོ་ཉི་ཤུ་རྩ་གཉིས་ཡོད་དེ། མིག་ནས་ཡིད་ཀྱི་བར་དྲུག །ཕོ་མོ་གཉིས། སྲོག་གི་དབང་པོ། ཚོར་བའི་དབང་པོ་ལྔ། དད་སོགས་ལྔ། མི་ཤེས་པ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། དེར་གྲངས་ངེས་ཏེ། འཁོར་བར་འཇུག་པའི་དབང་དུ་བྱས་ནས་དང་པོ་དྲུག །སྐྱེ་བའི་དབང་དུ་བྱས་ནས་དེ་འོག་གཉིས། གནས་པར་དེ་འོག་གཅིག །བདེ་སྡུག་ལ་སྤྱོད་པར་དེ་འོག་ལྔ་རྣམ་བྱང་དུ་འཇུག་པར་དེ་འོག་ལྔ། དེར་སྐྱེ་བར་དེའི་གཅིག །དེར་གནས་པར་དེ་འོག་གཅིག །དེ་ལས་སྐྱེ་བར་དེ་འོག་རྣམས་སུ་ཡོད་པའི་ཕྱིར། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དང་བ་མིག་དབང་གི་མཚན་ཉིད། དབྱེ་ན་རྟེན་བཅས་དང་དེ་མཚུངས་གཉིས་ལས། རིམ་བཞིན། གཉིད་སད་འོག་གི་སྐབས་ལྟ་བུ། རང་འབྲས་རྣ་བའི་ཤེས་པ་ཞེས་སོགས་རིགས་པ་སྤོ། རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྟེན་བྱེད་པའི་གཙོ་བོའི་རྣམ་རིག་དེ་ཡིད་དབང་གི་མཚན་ཉིད། དབྱེ་ན་རྣམ་


GLG013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཚོགས་དྲུག་ཡོད། རང་རྒྱུད་ལྡན་གྱི་གང་ཟག་གཙོ་བོར་ཕོར་མཚོན་པར་བྱེད་པའི་མཚོན་བྱེད་ཐུན་མོང་མ་ཡིན་པའི་དབང་པོའི་རིགས་སུ་གནས་པ་ཕོ་དབང་གི་མཚན་ཉིད་། ཅིག་ཤོས་ལ་རིགས་པ་སྤོ། དྲོད་དང་རྣམ་ཤེས་གང་རུང་གི་རྟེན་དུ་གྱུར་པའི་ཚེ་དེ་སྲོག་དབང་གི་མཚན་ཉིད། ལུས་ཚོར་སིམ་པར་མྱོང་བའི་དབང་པོ་ཚོར་བ་བདེ་བའི་དབང་པོའི་མཚན་ཉིད་དང་། མཚུངས་ལྡན་གྱི་ཡིད་ཤེས་འཁོར་བཅས་སིམ་པར་མྱོང་བའི་སེམས་པ་དེ་ཡིད་བདེའི་དབང་པོའི་མཚན་ཉིད། དེ་གདུང་བར་མྱོང་བའི་དབང་པོ་དེ་ཡིད་མི་བདེའི་དབང་པོའི་མཚན་ཉིད། ལུས་ཚོར་གདུང་བར་མྱོང་བའི་དབང་པོ་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད། གཙོ་བོར་རང་སྟོབས་ཀྱིས་རང་ཡུལ་བདེན་བཞིའི་གནས་ལུགས་ལ་ཡིད་ཆེས་པའི་སེམས་བྱུང་མཁྱེན་པ་དེ་དད་པའི་དབང་པོའི་མཚན་ཉིད། དེ་ལ་སྤྲོ་བའི་སེམས་བྱུང་མཁྱེན་པ་དེ་བརྩོན་འགྲུས་ཀྱི་དབང་པོའི་མཚན་ཉིད། དེའི་གནས་ལུགས་མི་བརྗེད་པའི་སེམས་བྱུང་མཁྱེན་པ་དེ་དྲན་པའི་དབང་པོའི་མཚན་ཉིད། དེ་ལ་རྩེ་གཅིག་པའི་སེམས་བྱུང་མཁྱེན་པ་དེ་ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད། དེ་རབ་ཏུ་རྣམ་འབྱེད་ཀྱི་སེམས་བྱུང་མཁྱེན་པ་དེ་ཤེས་རབ་ཀྱི་དབང་པོའི་མཚན་ཉིད། ཐེག་པ་རང་ལུགས་ཀྱི་མཐོང་སྤང་སྤོང་བ་ལ་བདག་པོར་གྱུར་པའི་དད་སོགས་ཆོས་དགུ་གང་རུང་གིས་བསྡུས་པའི་དབང་པོའི་ཡེ་ཤེས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་མཚན་ཉིད། ཐེག་པ་རང་ལུགས་ཀྱི་སྒོམ་སྤང་སྤོང་བ་ལ་བདག་པོར་གྱུར་པའི་དད་སོགས་ཆོས་དགུ་པོ་གང་རུང་གིས་བསྡུས་པའི་ཟག་མེད་ཀྱི་དབང་པོའི་ཡེ་ཤེས་ཀུན་ཤེས་པའི་དབང་པོའི་མཚན་ཉིད། འདིར་བསྟན་མི་སློབ་པའི་རྟོགས་པ་ཐོབ་ཅིང་། རང་གི་དབང་དུ་བྱ་བ་ལ་ལྷག་པར་དབང་བྱེད་ཀྱི་དད་སོགས་ཆོས་དགུ་པོ་གང་རུངགིས་བསྡུས་པའི་ཟག་མེད་ཀྱི་དབང་པོའི་ཡེ་ཤེས། ཀུན་ཤེས་ལྡན་པའི་དབང་པོའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་


GLG013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ན་རེ། ཆོས་ཡིན་ན་ཆོས་ཀྱི་སྐྱེ་མཆེད་ཡིན་དགོས་པར་ཐལ། མིག་ཡིན་ན་མིག་གི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། སྔོན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དུ་གྱུར་པའི་གཙོ་བོ་སེམས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་མེད་པར་ཐལ། དེ་འདྲའི་ཚོར་བ་བདེ་བ་མེད། སྡུག་བསྔལ་མེད། བཏང་སྙོམས་མེད་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེའི་འཁོར་དུ་གྱུར་པའི་ཚོར་བ་ཆོས་ཅན། སིམ་པར་མྱོང་བའི་ཚོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་དངོས་ཡུལ་དུ་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། སྨྲས་པ། ཕ་རོལ་རྩོད་པ་སྤོང་བའི་རིགས་པའི་འཕྲུལ། །སྔ་རབས་འགའ་ཡི་བགྲོས་སུ་མང་མཆིས་ཀྱང་། །རྟོག་གེའི་གཏམ་གྱི་སྦྱོར་བར་ཟད་པའི་མཐའ། །བྲལ་ཕྱིར་ཕལ་ཆེར་ཚིག་གི་སྦུན་པར་སྣང་། །མཁའ་ལ་སྙེག་ལྟའི་བྱེ་མའི་ཕུང་པོ་དག །ཇི་ཙམ་བཙིར་ཀྱང་མར་ནག་མི་འབྱུང་ལྟར། །རིགས་ལམ་སྤྲོ་བའི་མཐུ་དམན་སྐྱེ་བོ་ལ། །གླེབས་བམ་ཆེ་ཡང་ཁྲེས་པོའི་སྣོན་མར་ཟད། །རྟ་ལྗང་གཅིག་གིས་པད་དཀར་སྟོང་འབྱེད་བཞིན། །རྣམ་དཔྱོད་ལྡན་ན་ཉུང་ངུས་དོན་མང་སྟོན། །མི་ཤེས་བ་གླང་རྫི་འདྲའི་གང་ཟག་ལ། །མང་པོར་སྨྲ་བ་རང་གི་གཡར་ཁྲལ་ཡིན། །ཞེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ལ། རྒྱས་པར་བཤད་པ་དང་། དོགས་པ་དཔྱད་པ་གཉིས། དང་པོ་ལ་སྡུག་བདེན་གྱི་རྣམ་པ་སོགས་བཞི་ལས། དང་པོ་ནི། མཐོང་ལམ་ལ་གནས་པའི་སེམས་དཔའ་དབང་འབྲིང་ཆོས་ཅན། གཟུགས་ལ་སོགས་པའི་ཆོས་སུ་བདེན་པར་རྟོག་པ་ཀུན་བརྟགས་ལས་ལྡོག་པ་དང་ལྡན་ཏེ། དོན་དམ་པར་རང་གི་མཚན་ཉིད་སྟོང་པ་ཉིད་མངོན་སུམ་དུ་


GLG013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། དོན་དམ་པ་དང་ཀུན་རྫོབ་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དང་ལྡན་ཏེ། དེ་གཉིས་ལ་དོན་དམ་པར་མི་གནས་པར་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པའི་ཕྱིར། དེ་ཆོས་ཅན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་སེམས་རྣམ་པར་ལྡོག་པ་དང་ལྡན་ཏེ། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་སྒྲུབ་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། བསམ་གཏན་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ཐོབ་ཀྱང་། དེའི་དབང་གིས་སྐྱེ་བའི་ཡན་ལག་ཡང་དག་པར་ཡོངས་སུ་ཟད་པ་ཞེས་བྱ་བ་ཡིན་ཏེ། ཆོས་ཀྱི་གནས་ལུགས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པའི་མཐུས་རྣམ་པར་ཟད་པའི་ཕྱིར། ཞེས་པ་བཞི་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ཏེ། སྔར་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། ལུས་དང་སེམས་ཡང་བ་སྟེ་བདེ་བ་དང་ལྡན་ཏེ། མཐོང་སྤང་གི་བསྡུས་པའི་མི་དགེ་བ་དང་བྲལ་བའི་ཕྱིར། དེ་ཆོས་ཅན། མངོན་པར་ཞེན་པ་མེད་པར་འདོད་པ་ལ་ཉེ་བར་སྤྱོད་པ་དང་ལྡན་ཏེ། སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་ལྡན་ཏེ། འདོད་ཡོན་གྱི་བསྡུས་པའི་ཡུལ་གྱི་ཉེས་དམིགས་མཐོང་བའི་ཕྱིར། དེ་ཆོས་ཅན། འཚོ་བའི་ཡོ་བྱད་ཡང་དག་པར་རྣམ་པར་དག་པ་ཉིད་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་བའི་སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་ལོག་འཚོ་མཐའ་དག་སྤངས་པའི་ཕྱིར། ཞེས་བྱ་བ་བཞི་ནི་ཀུན་འབྱུང་གི་བདེན་པའི་རྣམ་པ་ཡིན་ཏེ། སྔར་བཤད་ཟིན་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ལ་གནས་པར་མི་བྱའོ་ཞེས་


GLG013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་དེ་ལྟར་གསུངས་པའི་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་ལྡན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ལམ་ལ་གནས་པ་ཉིད་ཀྱི་ཕྱིར། འགོག་པ་ཆོས་ཤེས་ཀྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་ལྡན་ཏེ། ཆོས་བཟོད་ཀྱི་མི་མཐུན་ཕྱོགས་མཐོང་སྤང་བསལ་བ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། བྱང་ཆུབ་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གཏམ་ལ་གནས་པ་སོ་སོར་བཀག་པ་དང་ལྡན་ཏེ། གཟུང་འཛིན་བདེན་པར་ཞེན་པའི་རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། མིག་སོགས་དབང་པོ་དང་དབང་རྟེན་གྲོང་ཁྱེར་ལ་སོགས་པ་ཡུལ་ཡུལ་ཅན་བདེན་པར་ཞེན་པའི་སྤང་བྱ་དང་། གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། གཟུང་བ་དང་འཛིན་པ་དག་བདེན་པར་ཞེན་པའི་ས་བོན་སྤང་བར་བྱ་བ་ཉིད་ཀྱི་ཕྱིར། ཞེས་བྱ་བ་བཞི་ནི་འགོག་པའི་རྣམ་པ་ཡིན་ཏེ། སྔར་བཤད་ཟིན་པའི་ཕྱིར། བཞི་པ་ནི། དེ་ཆོས་ཅན། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ལ་སྔ་མ་བཞིན་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཡིན་ཏེ། ཁྱོད་ཀྱིས་སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། རྟོགས་པའི་ཆོས་ལམ་འབྲས་བདེན་གྲུབ་རྡུལ་ཙམ་ཡང་མི་དམིགས་པ་དང་ལྡན་ཏེ་ཆོས་ཐམས་ཅད་བདེན་སྟོང་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར། དེ་ཆོས་ཅན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱི་གནས་པ་དང་ལྡན་ཏེ། རང་གི་ས་ཐོབ་པའི་རྟོགས་པ་ལ་མངོན་པར་


GLG013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་སྲོག་གཏོང་བ་ལ་སྡུག་བསྔལ་མི་འབྱུང་བ་ཡིན་ཏེ། གནས་ལུགས་རྟོགས་ཤིང་གཅིག་ཏུ་རྣམ་མཁྱེན་ལ་གཞོལ་བ་ཡིན་པའི་ཕྱིར། ཞེས་བྱ་བ་བཞི་ནི་ལམ་བདེན་གྱི་རྣམ་པ་ཡིན་ཏེ། སྔར་བཤད་ཟིན་པ་དེའི་ཕྱིར། གཉིས་པ་དོགས་པ་དཔྱད་པ་ལ་གསུམ། གང་ལ་དོགས་པའི་གཞི། ཇི་ལྟར་དོགས་པའི་ཚུལ། སེལ་བྱེད་ཀྱི་ལན་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། གཟུགས་སོགས་རྩ་འགྲེལ་གྱིས་བཟོད་པ་དང་ཤེས་པའི་སྐད་ཅིག་རྣམ་པ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དག་བཤད་པ་ཡིན་ཏེ། དེ་ལྟར་སྔར་བཤད་ཟིན་པའི་ཕྱིར། གཉིས་པ་ལ། དེ་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་པར་ཐལ། དེ་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར་ན། གསུམ་པ་ལདེ་ལྟར་མིང་གིས་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་དང་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ནི་ཤེས་བཟོད་ཀྱི་མིང་གིས་བཏགས་པ་ཡིན་ཏེ། དེ་ལྟར་འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། ཤེས་བྱ་ཆོས་ཅན། མཐོང་ལམ་པ་དབང་འབྲིང་གི་རྗེས་ཐོབ་ཀྱི་ཐ་སྙད་ལ་ཤེས་བཟོད་ཀྱི་མིང་འདོགས་པའི་རྒྱུ་མཚན་ཡོད་དེ། དེ་དེ་ལ་བརྟེན་ནས་སྐྱེ་བའི་ཕྱིར། དེར་ཐལ། ཤེས་བཟོད་སྐད་ཅིག་མ་རྣམས་མཉམ་གཞག་ཏུ་ཡང་དག་པར་ཐོབ་པ་ན། རྗེས་ཐོབ་དག་པ་འཇིག་རྟེན་པ་གཟུང་བ་དངའཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་མཉམ་གཞག་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པ་ལ་བདེན་པར་ཞེན་པའི་འདུ་ཤེས་བཟློག་པ་ལ་སོགས་པ་རྗེས་ཐོབ་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་


GLG013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། ས་ཐོབ་པའི་རྣལ་འབྱོར་རྣམས་ཀྱི་རྗེས་ཐོབ་ཀྱི་ལུས་ངག་གི་ཐ་སྙད་ནི། སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པ་དུས་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། དངོས་ལ་གནོད་བྱེད་ཡོད་དེ། ཤེས་བཟོད་སྐད་ཅིག་མ་དངོས་ཡིན་ན། རྣལ་འབྱོར་པའི་རྒྱུད་ལ་ཡོད་པའི་མཉམ་གཞག་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་མཚན་ཉིད་ཡང་དག་ཡིན་དགོས་ན། དེ་རང་ལས་བློ་དམའ་བའི་གང་ཟག་གི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟར་མ་ཡིན་པས་མི་འཐད་པའི་ཕྱིར། གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། ཐེག་ཆེན་གྱི་སྒོམ་ལམ་རྒྱས་པར་བཤད་པ། ཕྱིར་མི་ལྡོག་པའི་རྟགས་ཀྱི་ཁྱད་པར་བཤད་པ་གཉིས། དང་པོ་ལ། སྒོམ་ལམ་གྱི་ཁྱད་ཆོས་དང་། ཁྱད་གཞི་སྒོམ་ལམ་དང་། སྒོམ་ལམ་གྱི་དབྱེ་བ་བཤད་པ་གསུམ། དང་པོ་ལ། མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བཤད་རིགས་པ་ཡིན་པ་ལས། རེ་ཞིག་དང་པོར་སྒོམ་ལམ་གྱི་ཁྱད་པར་འཆད་པའི་རྒྱུ་མཚན་ཡོད་དེ། རིགས་པའི་དབང་ཕྱུག་གི་ལུགས་ལས། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ། །ཞེས་འབྱུང་བའི་སྒོམ་ལམ་ཤེས་པའི་ཡན་ལག་ཏུ་འཆད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། སྟོང་པ་ཉིད་དེ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། སྒྲོ་འདོགས་པ་དང་


GLG013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པའི་མཐའ་ལས་གྲོལ་བའི་ཆོས་དབྱིངས་ཡིན་པ་ཉིད་ཀྱི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། གོ་རིམ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་བདེན་གྲུབ་ཏུ་སྒྲོ་འདོགས་པ་དང་། ཐ་སྙད་དུ་མེད་པའི་སྐུར་པའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པ་ལ་ཡང་དོན་དམ་པར་གཟུགས་མེད་ལ། སྟོང་པ་ཉིད་ལ་སོགས་པ་གཟུགས་ལས་གཞན་པ་ཡང་མ་ཡིན་པའི་ཕྱིར། སྒྲོ་སྐུར་དང་བྲལ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཟབ་མོ་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པའི་ཁྱད་པར་དང་ལྡན་པའི་དབྱིངས་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྒོམ་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དང་ལྡན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། དེ་ལྟར་ཁྱད་པར་བསྟན་ནས་ཁྱད་པར་གྱི་གཞི་ཞེས་པ་འདི་བྱུང་། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཁྱོད་རྒྱུན་ཆགས་སུ་འཇུག་པ་ཡིན་ཏེ། ཁྱོད་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་མཐོང་བའི་དོན་མཁྱེན་གསུམ་གྱི་རྣམ་པ་ལ་ཐོས་པ་དང་ཡང་དང་ཡང་དུ་སེམས་པ་དང་འཇལ་བ་དང་ངེས་པར་རྟོག་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཁྱོད་རྒྱུན་ཆགས་པ་ཡིན་ཏེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་མཁྱེན་གསུམ་གྱི་རྣམ་པ་ལ་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་དག་གམ། ཏིང་འཛིན་གྱི་སྦྱོར་བ་དང་དངོས་གཞི་དང་རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་གོ་རིམ་བཞིན་དུ་ཡང་དང་ཡང་དུ་སེམས་པ་དང་། ཚད་མས་འཇལ་བ་དང་། ཞིབ་ཏུ་ངེས་པར་རྟོག་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་དབྱེ་བ་ལ་གཉིས་། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ།


GLG013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་དང་། ལན་གཉིས་ལས། དང་པོ་ནི། ཐེག་ཆེན་སྒོམ་ལམ་ལ་དབྱེ་ན་རྣམ་པ་དུ་ཞིག་ཡོད་ཅེ་ན། གཉིས་པ་ལ། རྩ་འགྲེལ་གཉིས་ལས། དང་པོ་ནི། སྒོམ་ལམ་དེ་ནི་ཆོས་ཅན། རྣམ་པ་དགུར་བཞེད་དེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་ཀྱི་དབྱེ་བ་ཡིས་རྣམ་པས་དེ་ལྟར་ཡོད་པའི་ཕྱིར། དེར་དབྱེ་རུང་སྟེ། དགུའི་སྒོ་ནས་རྒྱུན་ཆགས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སྒོམ་ལམ་ཆོས་ཅན། རྒྱུན་ཆགས་སུ་འབྱུང་བ་ཡིན་ཏེ། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པས་དབྱེ་བ་མེད་ཀྱང་། ཐ་སྙད་དུ་རྣམ་པའི་སྒོ་ནས་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བས་གྲངས་བཞིན་དུ་འདོད་པའི་ཁམས་ལ་སོགས་ས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། དེར་ཐལ། ཤེས་སྒྲིབ་གཟུང་འཛིན་བདེན་ཞེན་གྱི་རྣམ་པར་རྟོགས་པ་ཆེན་པོ་དང་། འབྲིང་དང་། ཆུང་ངུ་རྣམས་རེ་རེ་བཞིན། ཆེན་པོ་དང་། འབྲིང་དང་། ཆུང་ངུའི་བྱེ་བྲག་གིས་ཐ་དད་པའི་ཕྱིར། དེ་དག་གི་གཉེན་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཀྱང་རེ་རེ་བཞིན། ཆུང་ངུ་དང་། འབྲིང་དང་ཆེན་པོའི་བྱེ་བྲག་གིས་དབྱེ་བ་ཐ་དད་པ་དེ་ལྟར་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རིམ་པ་དེ་མི་འཐད་པའི་སྐྱོན་མེད་དེ། དཔེར་ན། མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་ཏོ་ཞེས་དཔེ་གྲུབ་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ཡང་སྒོམ་ལམ་དེ་ཤེས་སྒྲིབ་ཀྱི་གཉེན་པོའི་སྒོ་ནས་དབྱེ་བའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་རྣམས་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བས་སྤང་བྱའི་གཙོ་བོའི་གཉེན་པོའི་དབང་དུ་མཛད་པའི་ཕྱིར། གཉིས་པ་ལ། གྲངས་ངེས་ལ་རྩོད་པ་སྤོང་བ། བྱེད་ལས་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་ལ་


GLG013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དགུར་གྲངས་ངེས་ཞེས་པ་མི་འཐད་པར་ཐལ། དེའི་བྱེ་བྲག་རྣམ་པ་དགུ་ལས་མང་བ་ཡིན་པའི་ཕྱིར། དེར་ཐལ། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་དེ་དང་དེ་ལས་སྒོམ་ལམ་དགུ་པོ་རྣམས་རེ་རེའི་དབང་དུ་མཛད་དེ། འབྲས་བུ་བསོད་ནམས་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ལན་ལ། རྩ་བ་དང་། འགྲེལ་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འབྲས་བུ་བསོད་ནམས་གྲངས་མེད་པ་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མ་ཡིན་པ་ཡང་ཀུན་རྫོབ་ཏུ་མི་འཐད་པའི་སྐྱོན་མེད་དེ། ཀུན་རྫོབ་ཏུ་ནི་སངས་རྒྱས་ཀྱི་ཐུགས་བརྩེ་བའི་རྒྱུ་མཐུན་གྱི་འབྲས་བུ་བསྟན་པ་དེ་དག་ཐུབ་པ་བཞེད་པའི་ཕྱིར། གཉིས་པ་ལ། དོན་དམ་ལ་ལྟོས་ཏེ་རྟགས་མ་གྲུབ་པ་དང་། ཀུན་རྫོབ་ལ་ལྟོས་ཏེ་རྟགས་མ་གྲུབ་པའི་ལན་གཉིས་ལས། དང་པོ་ནི། སྒོམ་པའི་ལམ་ཇི་སྐད་བཤད་པའི་མཚན་ཉིད་ཅན་ཆུང་ངུའི་ཆུང་ངུ་ལྟ་བུ་དོན་གཅིག་ཏུ་གྱུར་པ་ཡིན་ཡང་། འབྲས་བུ་དུ་མ་ལ་ཕན་པ་རབ་ཏུ་སྦྱར་བ་རྫས་གཅིག་གི་ལྡོག་པ་ལ་ལྟོས་ནས་བསྟན་པའི་སྒོམ་ལམ་ཆོས་ཅན། དོན་དམ་པར་ན་འབྲས་བུ་བསོད་ནམས་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་། ཚད་མེད་པ་སྐྱེད་པར་བསྟན་པ། མདོ་ལས་ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ཀྱིས་ནི་བསྟན་པ་ལྟར་ཉེ་བར་བསྐྱེད་པའི་འབྲས་བུ་ཐ་དད་པ་ཉིད་ཀྱི་ངོ་བོར་དབྱེ་བར་བཟོད་པ་མ་ཡིན་པར་ཐལ། ཁྱོད་དོན་དམ་པར་མ་གྲུབ་པའི་ཕྱིར། གཉིས་པ་ནི། སྔར་བཤད་པའི་ལྡོག་ཆོས་ཀྱི་ངོ་བོ་ཉིད་སྒོམ་ལམ་རེ་རེ་ལ་ཡང་འབྲས་བུ་གྲངས་མེད་ཇི་སྐད་བཤད་པ་དེ་དག་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་སྐྱེ་བ་རབ་ཏུ་སྟོན་པ་ཉིད་ཀྱི་ཕྱིར། ཤེས་བྱ་ཆོས་ཅན། ཀུན་རྫོབ་ཏུ་ནི་སྒོམ་ལམ་ལ་དགུ་བས་མང་བ་ཉིད་དུ་མི་འགྱུར་བར་ཐལ། གྲངས་ངེས་དེ་ལས་འབྲས་


GLG013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འབྱུང་བར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་གྱིས་ཆོས་ཀྱི་དབྱིངས་རྒྱུ་མཐུན་པའི་འབྲས་བུར་གྱུར་པ་ཡིན་པར་དེ་བཞིན་གཤེགས་པ་བཞེད་པའི་ཕྱིར། གཉིས་པ་ལ། དོན་དམ་ལ་ལྟོས་པའི་རྩོད་སྤོང་དང་། ཐ་སྙད་ལ་ལྟོས་པའི་རྩོད་སྤོང་གཉིས། དང་པོ་ལ། རྩོད་པ་དང་། ལན་ནོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་འདྲའི་ཕན་གནོད་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་སྙམ་པའི་བློ་སྐྱེ་བོ་བློ་དམན་པའི་ངོར་དོགས་པ་བསུ་བར་བྱེད་ཚུལ་ཡོད་དེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་བདེན་པར་མ་གྲུབ་པའི་ཐེག་ཆེན་གྱི་སྒོམ་ལམ་གོམས་པའི་ཕུལ་དུ་བྱུང་བ་བྱར་མེད་པ་ཡིན་པའི་ཕྱིར། གཉིས་པ་ནི། སྒོམ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། དོན་དམ་པར། སྤང་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ཞིག་མི་འཐོབ་པར་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། སྒོམ་ལམ་གྱི་དངོས་པོ་དོན་དམ་པར་བརྗོད་དུ་མེད་པ་ལ་སྤང་བྱ་ཉམས་པ་དང་ནི་གཉེན་པོ་འཕེལ་བར་མི་རུང་བའི་ཕྱིར། གསུམ་པ་ནི། ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་སྒོམ་ལམ་གྱི་དངོས་པོ་ཆོས་ཅན། མི་མཐུན་པའི་ཕྱོགས་སྒོམ་སྤང་དང་གཉེན་པོ་སྒོམ་ལམ་དག་གོ་རིམ་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་བར་ཐལ། དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར། ཁྱབ་པ་ཡོད་དེ། ཡང་དག་པར་ན་དེ་ཉིད་གཅིག་དང་། གཞན་ཐ་དད་པ་ཉིད་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པ་ལ་སྒོམ་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར། དེ་བས་ན་ལམ་གྱི་མི་མཐུན་ཕྱོགས་ཀྱི་ངོ་བོ་ཅི་ཞིག་བོར། རྣམ་པར་བྱང་བ་ནི་ཅི་ཞིག་འཐོབ་སྟེ། ཕན་གནོད་ཅུང་ཟད་མི་བྱེད་པ་ཉིད་པས་ཉེ་བར་དགོད་པར་མི་བྱ་བ་ཁོ་ནའོ་ཞེ་ན། གཉིས་པ་ལན་ལ་


GLG013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེ་ལྟ་མ་ཡིན་ཏེ། འོག་ནས་འབྱུང་བ་འདི་ལྟར་འཆད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན་། ཚུལ་དེ་ལ་སྐྱོན་མེད་དེ། བྱང་ཆུབ་ཡེ་ཤེས་དོན་དམ་པར་མེད་ཀྱང་། ཐ་སྙད་དུ་ཇི་ལྟ་བ་དེ་བཞིན་དུ་སྒོམ་ལམ་འདི་ནི་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། དེ་གཉིས་མཚུངས་ཏེ། ཐ་སྙད་དུ་ཡང་མཚུངས། བྱང་ཆུབ་རྣམ་མཁྱེན་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་པ་ལྟར་དེ་ཡང་དེའི་མཚན་ཉིད་དུ་བཞེད་པའི་ཕྱིར། གསུམ་པ་ལ། ཀུན་རྫོབ་ལ་ལྟོས་ཏེ་ཁྱབ་པ་མ་གྲུབ་པ་དང་། དོན་དམ་ལ་ལྟོས་ནས་འདོད་ལན་ནོ། །དང་པོ་ལ། དཔེ་སྒྲུབ་པ་དང་། དེ་དོན་ལ་སྦྱར་བའོ། །དང་པོ་ནི། ཇི་ལྟར་དོན་དམ་པར་འཕེལ་འགྲིབ་ཀྱི་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་མཁྱེན་ལྟ་བུ་ཆོས་ཅན། ཐ་སྙད་དུ་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་དེ། ཐ་སྙད་དུ་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་བདག་པོ་ཙམ་གྱིས་སོ་སྐྱེ་ལས་དག་ནས་བྱང་འཕགས་ཀྱི་བར་གྱི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་མཐུན་པར་དོན་ཁྱད་པར་ཅན་སྐུ་གཉིས་སྣང་བས་སེམས་བསྐྱེད་པའི་སྒོ་ནས་དོན་བྱེད་པའི་ཕྱིར། གཉིས་པ་ནི། དཔེ་དེ་བཞིན་དུ་བསྒོམས་པས་མངོན་སུམ་དུ་བྱས་པའི་ལམ་བདེན་པས་སྟོང་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཐེག་ཆེན་གྱི་སྒོམ་ལམ་འདི་ཡང་ཆོས་ཅན། ཀུན་རྫོབ་ཏུ་མངོན་པར་འདོད་པའི་དོན་གྱི་བྱ་བ་བྱེད་དེ། གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་དེ་ལྟར་བྱེད་པའི་ཕྱིར། གཉིས་པ་ནི། དོན་དམ་པར་ཉམས་འཕེལ་བྱེད་པར་ཐལ་བའི་ཉེས་པ་མེད་དེ། དོན་དམ་པར་ནི་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བ་དགག་པའི་ཚུལ་དུ་བཞེད་པས། དེས་དེ་ལ་དངོས་སུ་


GLG013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་ཚེ་དོན་དམ་པར་སྦྱོར་བ་མེད་པ་ཉིད་གནས་ལུགས་ཀྱི་དོན་ལ་སྦྱོར་བའི་ཕྱིར། གཉིས་པ་ཐ་སྙད་ལ་རྩོད་པ་སྤོང་བ་ལ། རྩོད་པ་དང་། ལན་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེ་ལྟ་ཡིན་ན་ཡང་། སྒོམ་ལམ་གྱི་ཀུན་རྫོབ་ཏུ་ཡང་དོན་བྱེད་པར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བར་བྱེད་དོ། །གཉིས་པ་ནི། སྒོམ་ལམ་གྱིས་བསྡུས་པའི་སེམས་གཉིས་ནི་ཆོས་ཅན། ཁྱོད་ཀྱི་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་སྐད་ཅིག་སྔ་མ་སོགས་རེ་རེ་བས་བྱང་ཆུབ་སྐྱེད་པར་རིགས་པ་མིན་ལ། ཕྱི་མས་ཀྱང་མ་ཡིན། ཅིག་ཅར་རམ་རིམ་ཅན་གྱིས་ཀྱང་རིགས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། སེམས་བསྐྱེད་སྔ་ཕྱི་རེ་རེས་བྱང་ཆུབ་འཐོབ་པར་ནི་རིགས་པ་མ་ཡིན་པར་ཐལ། སྔ་ཕྱིར་གྱུར་པའི་སེམས་རེ་རེ་ཁོ་ན་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་མི་སྣང་བའི་ཕྱིར། ཤེས་བྱ་ཆོས་ཅན། འདོད་པའི་དོན་བྱང་ཆུབ་སྒྲུབ་པར་བྱེད་པ་སྣང་བའི་སེམས་ཅིག་ཅར་བྱུང་བ་མང་པོ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། མདོ་ལས། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་རེ་རེ་བའོ་ཞེས་འབྱུང་བས་གང་ཟག་གཅིག་གི་རྒྱུད་ལ་ཐ་དད་པ་གཉིས་མི་སྲིད་པའི་ཕྱིར། ཤེས་བྱ་ཆོས་ཅན། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྟོགས་པར་འགྱུར་བའི་རང་གི་ངོ་བོ་རིམ་གྱིས་འབྱུང་བ་སེམས་བསྐྱེད་འབྱུང་བ་སྔ་ཕྱིར་གྱུར་པ་ཉིད་ཀྱིས་ཀྱང་བྱང་ཆུབ་སྐྱེས་པ་མ་ཡིན་ཏེ། སེམས་ཀྱི་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་རྗེས་སུ་འགྲོ་བ་མེད་པས་ན་སེམས་སྔ་ཕྱི་གཉིས་བྱང་ཆུབ་གཅིག་སྐྱེད་པ་ལ་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། དེ་བས་ན་ཇི་ལྟར་དོན་ཁྱད་པར་ཅན་གཞན་དོན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་


GLG013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྐྱེད་པའི་དོན་བྱེད་པ་མི་འཐད་དོ་ཞེ་ན། གཉིས་པ་ལན་ལ། མཚམས་སྦྱར་བ། རྩ་བ་འགྲེལ་པ་གསུམ་ལས། དང་པོ་ནི། རྩོད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ནི་དོན་ལ་མི་གནས་པར་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། སེམས་བསྐྱེད་སྔ་ཕྱི་རིམ་གྱིས་འབྱུང་བས་བྱང་ཆུབ་མི་སྐྱེད་པའི་སྐྱོན་མེད་པར་ཐལ། མར་མེ་སྐད་ཅིག་སྔ་ཕྱིས་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་པའི་མར་མེའི་དཔེའི་ཚུལ་གྱིས་ནི་སེམས་བསྐྱེད་སྔ་ཕྱིས་ཀྱང་རང་འབྲས་བྱང་ཆུབ་སྐྱེད་པ་དང་། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། གསུམ་པ་ལ་། དངོས་དང་། དེས་གཞན་ལ་མཚོན་ཚུལ་ལོ། །དང་པོ་ལ། དཔེ་སྒྲུབ་པ་དང་། དཔེ་དོན་སྦྱར་བ་གཉིས། དང་པོ་ལ། ལྟོས་མེད་དུ་མི་སྲེག་པ་དང་། །ལྟོས་ནས་སྲེག་པའོ། །དང་པོ་ལ། སྐད་ཅིག་དང་པོ་ལ་ལྟོས་མེད་དུ་མི་སྲེག་ཚུལ། ཅིག་ཤོས་དང་གཉིས་ལས། དང་པོ་ནི། ཇི་ལྟར་མེ་ལྕེ་དང་སྙིང་པོ་སྣུམ་ལྡན་ཕྲད་པའི་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་ལ་སྐད་ཅིག་མ་གཉིས་པ་འབྱུང་བ་མེད་པར་རྒྱུའི་མཚན་ཉིད་སྡོང་བུ་སྲེག་པར་བྱེད་པ་དང་། འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་སྡོང་བུ་རྫོགས་པར་བྱ་བ་མ་ཡིན་ཏེ། ཁྱོད་དང་མེ་ལྕེ་སྐད་ཅིག་མ་གཉིས་པ་གཉིས་རང་གི་རྒྱུས་ཕན་ཚུན་གྱི་སྒོ་ནས་དུས་མཉམ་པར་ཕྲད་པ་ཙམ་ཞིག་ཏུ་བསྐྱེད་པས་ཁྱད་པར་ཅན་ཞིག་ཏུ་མ་བྱས་པའི་ཕྱིར། གཉིས་པ་ནི། སྔ་མ་དེ་བཞིན་དུ་མེ་ལྕེ་དང་སྙིང་པོ་ནུས་པ་ཁྱད་པར་ཅན་སྐྱེ་བ་སྐད་ཅིག་མ་གཉིས་པ་ལ་ཡང་ཆོས་ཅན། མེ་ལྕེ་སྐད་ཅིག་མ་དང་པོ་མེད་པར་རྒྱུའི་མཚན་ཉིད་སྡོང་བུ་སྲེག་པར་བྱེད་པ་དང་། འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་སྡོང་བུ་རྫོགས་པར་ཚིག་པ་མེད་དེ། མེ་ལྕེ་སྐད་ཅིག་མ་དང་པོ་མེད་པར་ཁྱོད་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་རྟག་ཏུ་ཡོད་པར་ཐལ། རྒྱུ་མེད་དུ་འབྱུང་བའི་ཕྱིར། དེ་ཆོས་ཅན། རྟག་ཏུ་མེད་པར་ཐལ། རྟགས་


GLG013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན། ཉེས་པ་དེ་ལ་སོགས་པར་ཐལ་བར་འགྱུར་རོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། མེ་ལྕེ་སྔ་ཕྱི་ལྟོས་ནས་སྲེག་པ་དེའི་ཕྱིར་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཡོད་དེ། སྐད་ཅིག་མ་གཉིས་པ་སྐྱེས་པ་དེའི་ཚེ། སྐད་ཅིག་དང་པོ་ཕྱིས་འབྱུང་གི་འཇིག་རྒྱུ་མེད་པར་ཞིག་ཀྱང་། རྒྱུ་མེ་ལྕེ་དང་འབྲས་བུ་སྡོང་བུ་དག་གོ་རིམ་བཞིན་དུ། འབྲས་བུ་སྐྱེ་བ་དང་རྒྱུ་འཇིག་པ་དུས་མཉམ་དུ་དམིགས་པའི་ཕྱིར། དེར་ཐལ། གཉིས་ཀ་ཕྲད་པའི་ཁྱད་པར་ཅན་གྱི་སྐད་ཅིག་མ་དང་པོ་ལ་ལྟོས་ནས་དེས་བྱས་པའི་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ནུས་པ་ཁྱད་པར་ཅན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ཡོད་པའི་ཕྱིར། དེར་ཐལ། གང་གི་ཚེ་རྐྱེན་ཉིད་འདི་པ་ཙམ་གྱི་བདག་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་རིགས་པས་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་རྒྱུ་དང་འབྲས་བུའི་འབྲེལ་པའི་སྟོབས་ཀྱིས་བསྲེག་བྱ་སྲེག་བྱེད་འཐད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་བས་ན་སྐད་ཅིག་མ་དང་པོས་ཀྱང་མེ་ལྕེའི་སྐད་ཅིག་མ་གཉིས་པ་ལ་མ་ལྟོས་པར་སྙིང་པོ་དེ་མ་སྲེག་པ་ཞེས་བྱ་བ་མར་མེའི་དཔེའི་ཚུལ་གྱིས་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བྱང་ཆུབ་འཐོབ་པར་རིགས་ཏེ། སྐད་ཅིག་མ་སྔ་མ་བཞིན་དུ་བྱང་ཆུབ་སྒྲུབ་པའི་བྱེད་པའི་རྒྱུ་དངོས་པོ་ཚད་ཡོད་པ་ནུས་པ་ཆུང་ངུ་ཞིག་སྣང་བའི་རྣམ་པར་ཤེས་པ་སྔ་མ་ལ་བརྟེན་ནས། དེ་ལ་སྣང་བའི་དོན་གྱིས་དབེན་པ་སྔ་མ་བས་ནུས་པ་ལྷག་པར་ཁྱད་དུ་འཕགས་པའི་དོན་རྣམ་པར་ཤེས་པ་ཐེག་ཆེན་སེམས་བསྐྱེད་ཕྱི་མ་སྐྱེ་བའི་ཕྱིར། དེར་ཐལ། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ནུས་པ་འཇུག་པའི་ཡུལ་བྱང་ཆུབ་གཅིག་ལ་ཕན་པ་ཉེ་བར་སྦྱོར་བ་དཔེའི་སྒོ་ནས་ལྷུར་ལེན་པའི་ཕྱིར། གཉིས་པ་ནི། ཇི་སྐད་སྨོས་པའི་དཔེ་ཁོ་ནས་སེམས་བསྐྱེད་ཀྱི་


GLG013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་མཚོན་པ་མ་ཡིན་ཏེ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཁྱད་པར་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་མཚན་ཉིད་བརྗོད་པའི་ཕྱིར་དུ། ཟབ་མོ་རྣམ་པ་བརྒྱད་ཡུལ་གང་ལ་ཡིན་ཞེ་ན། གཉིས་པ་ནི། ས་བརྒྱད་པ་བ་ཆོས་ཅན། དེ་བརྒྱད་དང་ལྡན་ཏེ། གཞིའི་གནས་ལུགས་སྐྱེ་བ་དང་ནི་འགག་པ་ཟབ་མོ་དང་། སྤྱོད་པ་ཉམས་ལེན་དེ་བཞིན་ཉིད་དང་། ཤེས་བྱ་དང་། ཤེས་པ་དང་སྤྱོད་པ་དང་གཉིས་མེད་དང་ཐབས་ལ་མཁས་པ་ལ་ཟབ་པ་ཉིད་དང་ལྡན་པའི་ཕྱིར། གསུམ་པ་ལ། ཟབ་མོའི་ངོ་བོ་དང་། དེ་རྟོགས་པ་རྟགས་སུ་འགྱུར་ཚུལ་གཉིས། དང་པོ་ནི། ས་བརྒྱད་པ་བ་ཆོས་ཅན། བདེན་སྟོང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་ཟབ་མོ་དང་ལྡན་ཏེ། སེམས་བསྐྱེད་སྐད་ཅིག་སྔ་མ་དང་ཕྱི་མ་དག་གིས་ཀྱང་བྱང་ཆུབ་འཐོབ་པ་མ་ཡིན། ཐ་སྙད་དུ་ངོ་བོ་ཉིད་མེད་པས་ཀྱང་མ་ཡིན་ལ། བསྒོམས་པས་རྟོགས་པར་བྱ་བའི་དོན་ཁྱད་པར་དུ་འཕགས་པ་བསྐྱེད་དོ་ཞེས་བྱ་བ་ཐུགས་སུ་ཆུད་པའི་ཕྱིར། དེ་ཆོས་ཅན། འགག་པ་ཟབ་མོ་དང་ལྡན་ཏེ། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས། དོན་དམ་པར་རང་བཞིན་གྱིས་ངོ་བོ་ཉིད་མེད་ལ། ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བར་མཁྱེན་པའི་ཕྱིར། དེ་ཆོས་ཅན། དེ་བཞིན་ཉིད་དང་ལྡན་ཏེ། སློབ་ལམ་གྱི་གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་པས་ཀྱང་དུས་མ་ཡིན་པར་དེ་མངོན་དུ་མི་བྱེད་ཅེས་རྟོགས་པའི་ཕྱིར། དེ་ཆོས་ཅན། ཤེས་བྱ་ཟབ་མོ་དང་ལྡན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་དོན་དམ་པར་མ་གྲུབ་ཀྱང་། ཆོས་ཐམས་ཅད་ལ་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་སྒྲུབ་པ་ཞེས་བྱ་བ་ཐུགས་སུ་ཆུད་པའི་ཕྱིར། དེ་ཆོས་ཅན་
ཤེས་པ་ཟབ་མོ་དང་ལྡན་ཏེ། ཆོས་ཀུན་དོན་དམ་པར་དེ་བཞིན་ཉིད་ཀྱིས་དོན་དམ་པར་འགའ་ཡང་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ན། ཞེས་བྱ་བར་ཆུད་པའི་ཕྱིར། དེ་ཆོས་ཅན། སྤྱོད་པ་དང་ལྡན་ཏེ། བདེན་སྟོང་ཆོས་ཉིད་ཀྱི་ཆོས་ཐམས་ཅད་ལ་དོན་དམ་པར་སྤྱད་པ་མེད་པ་ཉིད་གནས་ལུགས་ཀྱི་དོན་ལ་སྤྱོད་པའོ་ཞེས་བྱ་བར་རྟོགས་པའི་ཕྱིར། དེ་ཆོས་ཅན། གཉིས་སུ་མེད་པ་ཟབ་མོ་དང་ལྡན་ཏེ། དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ལམ་ཐམས་ཅད་སྒྲུབ་བོ་ཞེས་བྱ་བར་རྟོགས་པའི་ཕྱིར། དེ་ཆོས་ཅན། ཐབས་ལ་མཁས་པ་ཟབ་མོ་དང་ལྡན་ཏེ། ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་མི་འཐོབ་པ་ཞེས་བྱ་བ་ཐོབ་པའི་ཕྱིར། གཉིས་པ་དེ་རྟོགས་པ་རྟགས་སུ་འགྱུར་ཚུལ་ནི། ས་བརྒྱད་པ་བ་ཆོས་ཅན། ཟབ་པ་ཉིད་དང་ལྡན་པའི་སྒོ་ནས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པའི་སྒོ་ནས་གདུལ་བྱ་དམན་པའི་ངོར་ཕན་ཚུན་འགལ་བའི་དོན་མི་འགལ་བར་སྒྲུབ་པའི་ཕྱིར། གསུམ་པ་དོན་བསྡུ་བ་ལ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་མཚན་ཉིད་དང་བཅས་པ་བཤད་ཟིན་ཏོ། །ཞེས་པ་འདི་བྱུང་། །


previousཕྱིར་མི་ལྡོག་པའི་རྟགས་བཤད་པ།next