ཕྱོགས་བཅུའི་བདེ་གཤེགས་བྱང་སེམས་སློབ་མི་སློབ་ཀྱི་དགེ་འདུན་དང་བཅས་པའི་བསྟོད་ཚོགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།
ཕྱོགས་བཅུའི་བདེ་གཤེགས་བྱང་སེམས་སློབ་མི་སློབ་ཀྱི་དགེ་འདུན་དང་བཅས་པའི་བསྟོད་ཚོགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། བེནཡོམུནེརིནྡྲཤྴཱཀྱ་སིདྡྷཱཡསྟོཧྲོ྅ནུཏྟཱརཱམྲྀཏསྱགྷརྒྷོནཱམཿ། བོད་སྐད་དུ། རྣམ་འདྲེན་ཐུབ་པའི་དབང་པོ་ལ་བསྟོད་པ་བླ་ན་མེད་པ་བདུད་རྩིའི་སྙིང་པོ་ཞེས་བྱ་བ། སྟོབས་བཅུ་མངའ་བ་ཟས་གཙང་སྲས་པོའི་ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །ལྡན་པའི་གཟུགས་ཅན། ལེགས་ལམ་སྣང་བ་འབུམ་སྡེའི་འཁོར་ལོ་ཀུན་གསལ་སྒེག་མོའི་འགྲམ་པའི་ངོས་སུ་རིང་མོ་ཉིད་ནས་རྟག་རྒྱུ་བས། །མཚན་དཔེའི་པད་དཀར་ལང་ཚོ་དར་བས་བརྩེ་བས་རབ་འཁྱུད་རྣམ་པར་བཀྲ་བ་སྔ་ན་མེད་པའི་གཟུགས་གྱི་སྐུ། །སྐལ་བ་མཆོག་གི་སྐྱེ་དགུའི་འདྲེན་བྱེད་དྲི་བྲལ་མན་ཤེལ་གསར་པའི་ངོས་སུ་མཚར་དུ་དངར་བའི་ཟློས་གར་ཅན། །དེ་ཕྱིར་གསེར་མངལ་ཅན་ལ་སོགས་པའི་དྲེགས་ལྡན་དབང་པོ་ཀུན་གྱི་གཙུག་འགྱིང་ཤེས་ལྡན་ཡོངས་ཀྱིས་ཕྱག་བྱའི་ཡུལ། ༡ །ལན་མི་མཉམ་པའི་གཟུགས་ཅན། ཅིག་མིན་པར་འཇིགས་པ་མེད་པའི་ཆོས་ཀྱི་སྒྲ་ཀུན་སྲིད་འདིའི་ཁོངས་ལས་བརྒལ་བའི་དབྱངས་སུ་རབ་བླངས་ཀྱང་། །ཟད་མི་ཤེས་པའི་སྔགས་ཀྱི་བང་མཛོད་བརྗོད་བྲལ་གླུ་ཡི་རྒྱུད་དུ་ཉེ་བར་གྲགས་པའི་ཡན་ལག་དྲུག་ཅུའི་གསུང་། །ལེགས་པར་ཤར་བའི་ཆུ་ཤེལ་དབང་པོ་མཐའ་ཡས་འགྲོ་བའི་སྐད་ཀྱི་རྫིང་བུར་མ་འདྲེས་སོ་སོར་རྟག་འཆར་ཕྱིར། །(༢ན)
གང་གི་གསུང་རབ་ཕ་མཐའི་ཚད་དུ་བཟུང་བར་བྱེད་པའི་མཁས་རློམ་མཐའ་དག་བྱེད་པའི་ངང་ཚུལ་ལས་གཞན་ཅི། ༢ །མཁྱེན་པའི་ཡེ་ཤེས་འཆི་བ་མེད་པའི་རྫིང་རིང་ལྟོ་བར་འཁོར་དང་མྱ་ངན་འདས་པའི་ཆོས་ཀྱི་མི་ལྟུང་འཕྲེང་། །སྟོང་ཉིད་སྙིང་རྗེར་གཉིས་མེད་རྒྱས་ཐེབས་ཟུང་དུ་འཇུག་པའི་བདེ་ཆེན་དབྱིངས་སུ་མནལ་ཡང་རྗེན་པར་འཆར་བའི་ཐུགས། །དུས་གཟུགས་ཅན་ལས་གྲུབ་བྱེད་ཀྱི་རྒྱུ་འདྲེས་པའི་རྒྱན། གསུམ་མཆོག་ཏུ་དགེ་བའི་དངོས་པོའི་ནོར་འཛིན་ཁྱོན་ལས་ལེགས་འཁྲུངས་སྟོབས་བཅུའི་ཡོངས་འདུ་ས་བརྟོལ་གཡུར་ཟའི་བྲིས། །སྲིད་འདིའི་ལྔ་བདོའི་ནགས་ཀླུང་སྟུག་པོའི་ཉེས་པའི་ཚོགས་འཇོམས་འགྲོ་བའི་བླ་མ་བུ་རམ་ཤིང་པ་རྟག་ཏུ་རྒྱལ། ༣ །སྐལ་བཟང་དཔྱིད་ཀྱི་མ་མའི་མངལ་ཁུར་ལས། །རིགས་ཀྱིས་མངོན་མཐོ་ཤཱཀྱའི་དགའ་ཚལ་ཆེར། །མཚན་བཟང་དཔག་བསམ་གསར་པ་ཡོངས་འདུའི་དབང་། །སྲིད་པའི་ནགས་ཀླུང་དབུས་ན་མངོན་པར་མཐོ། ༤ །གསང་ཚིག་རིགས་ཏིང་ངེ་འཛིན་གྱི་གཟུགས་ཅན། པ་སྨྲ་བའི་འཁྲུལ་འཁོར་ལྕེས། །དོན་ལྡན་བརྗོད་པའི་ཉམས་འགྱུར་སྒྱུ་མའི་གར། །སྤྱོད་ཚུལ་བླ་ན་མཁས་པའི་མཛད་པ་ཡིས། །རྒན་པོ་ཀུན་ཀྱང་འཕྱང་མོའི་དྲྭ་བར་ཆུད། ༥ དགའ་བ་སྒེག་པའི་ཉམས་ལྡན། ནཻ་ལེའུ་དང་པོ་དོན་གསལ་གྱི་རྒྱན། རཉྫ་ཉེ་ཤེ་ལའི་(༢བ)
སྟེགས་བུ་གང་། །བརྣག་ནུས་ཕྱི་རོལ་གྱུར་པ་རྡོ་རྗེ་གདན། །འཇིགས་བྲལ་སྤོ་དེར་ཆར་དུས་མརྒད་ཀྱི། །གཉེན་ལྕུག་ལོ་མའི་ཕོན་པོ་མཆོག་ཏུ་འཇམ། ༦ །ལོག་པར་གླགས་བལྟ་བདུད་དཔུང་སྔོན་གྱི་ལྷ། །ཐུན་གསུམ་གཡོ་མེད་ཏིང་འཛིན་ཉག་ཕྲན་གྱིས། །ལྷག་མར་བྱས་ཚེ་གཙུག་ན་ཟླ་བ་ཡང་། །སྐྱེངས་ཏེ་གངས་རིའི་ཕག་ཏུ་འགོག་པར་མནལ། ༧ །བླངས་ན་བདེ་སྟེར་ཆོས་ཀྱི་བདུད་རྩིའི་རོས། །དགྲ་བཅོམ་མངོན་རབ་རྟོག་གཟུགས་ཅན། གྱུར་བདེན་མཐོང་འཕགས་པའི་ཡུལ། ཁྱབ་ཚེ་གསེར་ལྡན་ལུས་ཕྲ་རང་གི་ལྟོར། །ཤོང་མིན་འགྱུར་སྙམ་སྐྲག་སྟེ་ཅུང་ཟད་འདར། ༨ །ཕུན་སེམས་མེད་རབ་རྟོག །ཚོགས་ལྟ་ན་སྡུག་པའི་གྲོང་ཁྱེར་ན། ཕུལ་བྱུང་རབ་རྟོག །སྐྱེ་བའི་ལས་སྔོན་ཆེད་དུ་གཤེགས་པའི་ཚེ། །སྤྲིན་འབྱུང་ལང་ཚོ་དར་བའི་ལེགས་བྱས་ཀུན། །དུས་སྟོན་གསར་པའི་མགྲོན་དུ་འོངས་སམ་སྙམ། ༩ །ཆ་ཤས་གཟུགས་ཅན་དང་ཏིང་ངེ་འཛིན། ལེགས་ལྡན་གཏེར་གྱི་འབྱུང་གནས་དཀའ་ཐུབ་ཟླར། །ཚད་དུ་གཞལ་དཀའི་རྫུ་འཕྲུལ་ཉིན་བྱེད་གཟིས། །སྟོན་པར་ཁས་འཆེའི་སྡེ་དྲུག་མེ་ཁྱེར་ཚོགས། །རྨེག་མེད་གྱུར་པས་ཕན་བདེའི་འདབ་སྟོང་འཛུམ། ༡༠ །གཞོམ་ཆ་ཤས་གཟུགས་ཅན། དུ་མེད་པའི་ཞོ་འཐུང་རུས་པའི་དཔྱིད། །གསང་བའི་རང་བཞིན་རྡོ་རྗེའི་གཟུགས་ཀྱི་སྐུ། །མྱང་འདས་གྲོང་ཁྱེར་ཆེན་པོའི་དབྱིངས་གཟིམས་པ། །འཁྲུལ་འགྲོའི་སྣང་བའི་མེ་ལོང་ངོས་སུ་ཤར། ༡༡ །ཅུང་ཟད་བསྟོད་པའི་ནོར་ཆ་ཤས་གཟུགས་ཅན། བུ་དབང་གི་རྒྱལ། །བདེ་ལེགས་རྒྱལ་མཚན་རྩེ་མོར་མངོན་འབར་བའི། །ཕུལ་བྱུང་དངོས་གྲུབ་འདོད་དགུའི་གྲུ་ཆར་གྱིས། །སྲིད་གསུམ་དབྱིག་འཛིན་ཁྱོན་འདིར་རྒྱས་གྱུར་ཅིག ༡༢། ཅེས་རྣམ་འདྲེན་ཐུབ་པའི་དབང་པོ་ལ་བསྟོད་པ་བླ་ན་མེད་པའི་བདུད་རྩིའི་(༣ན)
ཟིལ་མངར་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དད་པའི་སོས་སུ་ཟ་ཧོར་གྱི་རིགས་ལས་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་ཚངས་སྲས་བཞད་པའི་རྡོ་རྗེས། འགྲོ་བའི་བླ་མ་བུ་རམ་ཤིང་པ་ཞེས་པ་ལྕགས་སྤྲེལ་ལོར་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་ཉག་མ་གསུམ་འདས་པ་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ལུག་གི་ལོ་སྤྲིན་བཟང་གི་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པའི་ཚེས་ལ་སྐྱིད་ཤོད་སྨན་ལྗོངས་ཀྱི་ཡུལ་གྲུ་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །རྒྱ་གར་སྐད་དུ། ཝཱགིཤཱརོདཝཱིསྭརསྭསྟྱཻསྟོཏྲོོབྲཧསསྱཤཔྟསྭརོམཏེརྣིདྷིཀོཥོནཱམ། བོད་སྐད་དུ། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ཚངས་སྲས་བཞད་པའི་སྒྲ་དབྱངས་བློ་གྲོས་ཀྱི་གཏེར་མཛོད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་དབྱངས་ལྡན་མའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རབ་བརྗིད་ཨརྐ་བརྩེགས་པ་གྱེན་འཕྱུར་བཅུ་གཉིས་བདག་པོའི་འོད་རྣོན་ལན་བརྒྱར་གྱོན་པས་འགྲན་པའི་གོ་སྐབས་རིང་དུ་རབ་སྤངས་ཁྱིམ་ཟླའི་སྐུ། །གདངས་སྙན་ཏམྦུ་ར་ཡི་རྒྱུད་མང་སྐྱེངས་བྱེད་སྒྲ་འཛིན་དམ་པའི་ཤིང་རྟ་ཆེར་འོང་ཙམ་གྱིས་གཞལ་མེད་དགའ་བདེར་རབ་སྤྱོད་ཚངས་པའི་གསུང་། །ཇི་སྙེད་ཤེས་བྱའི་ཚོགས་ཀུན་འབྲས་ལྡན་དུས་ཀྱི་ཀུན་གསལ་ལམ་ལ་ཆུ་སྲིན་གྲོང་ཁྱེར་དགའ་བྱེད་དཀྱིལ་འཁོར་ཡོངས་སུ་རྫོགས་ལྟར་གསལ་བའི་ཐུགས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་དྲན་པ་ཙམ་གྱིས་བློ་གྲོས་སྣང་བ་མཆོག་སྩོལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་གུས་པས་འདུད། ༡ །རབ་ཡངས་ལྟ་ན་སྡུག་པའི་ཕོ་བྲང་དབུས། །རབ་དཀར་སྦྲང་རྩིའི་རྒྱལ་མཚན་བཞད་པའི་སྟེང་། །རབ་གང་གཉིས་སྐྱེས་བདག་པོའི་(༣བ)
དཀྱིལ་འཁོར་རྩེར། །རབ་མཛེས་འདྲེན་བྱེད་བདུད་རྩི་གསར་པ་ཡི། ༢ །གང་སྐུ་དཀར་འཇམ་ཡིད་འོངས་མཛེས་པ་ལ། །མཚན་བཟང་ལང་ཚོའི་དཔལ་གྱིས་སྤུད་པ་འདི། །མཐོང་བས་ཀེ་ལ་ཤ་ཡི་ས་འཛིན་དག །མ་བཟོད་གནོད་སྦྱིན་ཕྱོགས་སུ་མངོན་པར་བྲོས། ༣ །འདྲེན་བྱེད་ལྟ་བས་མི་ངོམས་ཁྱོད་ཞལ་ལ། །འོད་དཀར་ཅན་མཚུངས་སྨྲ་བ་ངེས་པར་བརྫུན། །བདེན་ན་སྐབས་གསུམ་བདག་པོའི་གནམ་རུ་ལྟར། །མ་འདྲེས་ཁྱབ་བྱེད་ཀུ་མུད་གཉེན་ལས་ཅི། ༤ །མགོ་སྐྱེས་ཨ་སངྒ་འདི་བྱེད་པོ་ཡིས། །ཀུན་གསལ་མཛེས་མའི་ཚོགས་ཀུན་ཡོལ་གོའི་ནང་། །བསྡུས་ཏེ་འོད་བཀྲའི་ཡན་ལག་གིས་བཞུ་བ། དབུ་དང་སྣང་བྱེད་གོང་དུ་བྱུགས་སམ་སྙམ། ༥ །དཔལ་ཁྱིམ་རྟ་བདུན་བདག་པོའི་དཀྱིལ་འཁོར་གྱིས། །ཕྱེ་འདྲའི་ཞལ་གྱི་སོ་གོས་མངོན་གསལ་བས། ཁོ་བོའི་འོད་མདངས་ཕྲོགས་ཞེས་རྒོད་མ་ཁ། །སྐྲག་སྟེ་ལྷོ་ཕྱོགས་རྒྱ་མཚོའི་མཐའ་རུ་ཡིབ། ༦ །སྤོས་གླང་ལས་བྱུང་མུ་ཏམ་མཁའ་མཚོའི་གྲངས། །སྲད་བུར་བརྒྱུས་ལྟའི་གཉིས་སྐྱེས་སྤྲིན་འདྲའི་དབུས། །འཇུག་བརྒྱ་ལྟ་བུའི་རོ་འཛིན་འཁྱུག་པ་ལས། །དབྱར་རྔ་དང་མཚུངས་རིག་བྱེད་སྒྲ་བསྒྲགས་པས། ༧ །དེ་ཚེ་ཆུ་སྐྱེས་མངལ་དང་པད་དཀར་མིག །མེ་སྐྱེས་མཆོད་སྦྱིན་བརྒྱ་པ་དབྱངས་བདག་སོགས། །དྲེགས་ལྡན་གར་མཁན་ཚོགས་ཀྱི་ཁེངས་པ་རྣམས། །བཏང་སྟེ་ཁྱེད་ཀྱི་ཞབས་སེན་མདོངས་སུ་བསྟེན། ༨ །འཇམ་མཉེན་འཛིན་བྱེད་ཟུང་གི་འདབ་བརྒྱའི་རྩེར། །དབང་པོའི་གྲངས་ལྡན་སོར་མོའི་གེ་སར་སྦས། །ཤིང་འཁྱོག་ར་ཡིག་གཉིས་པའི་ཕུལ་བྱུང་དབྱངས། །བཅུད་ལྡན་བདག་པོའི་སྒྲ་འཛིན་གསལ་མཐོང་དུ། ༧ །འོངས་པས་གན་དྷརྦྷ་དེ་ལྷོ་ཕྱོགས་ཀྱི། །དགའ་བའི་ཚལ་(༤ན)
དེར་སོང་སྙམ་ཡིད་བློང་པས། །ཅི་བྱ་བརྟོལ་མེད་གྱུར་ཏེ་བཤོལ་མེད་མའི། །མེ་ཏོག་ལམ་གྱི་པདྨའི་མིག་ཏུ་ཞུགས། ༡༠ ། སྐུ་སྟོད་ཁ་བའི་རྡུལ་བརྩེགས་དབང་པོ་ལ། །འཆི་མེད་བདག་པོའི་མཚོན་ཆས་འཁྱུད་འདྲ་བའི། །རིན་ཐང་གཞལ་དུ་མེད་པའི་ལྷ་རྫས་ཀྱིས། །མངོན་པར་ཀླུབས་པའི་ཕང་ཕུང་རབ་ཏུ་གཡོ། ༡༡ ཁྱོད་ཀྱི་ཉེར་ལེན་བྱང་ཁོག་ལྷ་ལམ་ལ། །ལོག་སྐྱེས་ཆུ་འཛིན་གཡོས་པའི་ཟིལ་མངར་གྱི། །གྲུ་ཆར་འཐུང་སྙམ་དཎྜི་མཆུ་སྨྱུང་མ། །རབ་དགའི་མེ་ལོང་སྙན་པའི་སྐད་འབྱིན་པས། ༡༢ །གཙུག་ལག་རྨོངས་པའི་ཚད་ནད་ཀྱིས་གདུངས་པའི། །མཛངས་པར་རློམ་པའི་ལག་ལྡན་ཕོན་པོ་རྣམས། །སྔོན་ཆད་ཐོས་འཛིན་ཁུང་བུར་མ་འོངས་པའི། །སྒྲ་འདི་ཅི་སྙམ་ལག་པའི་ངར་སྐད་སྒྲོག ༡༣ །རྒྱ་མཚོ་དུས་ཀྱིས་བཅིངས་པའི་སྒྱུ་རྩལ་གྱིས། །མཐོང་ཁ་རབ་རྒྱས་གསེར་ག་བདུན་པའི་ཡུལ། །ཕྲ་ལྡེམ་འགྱིང་བག་གཡོ་བའི་མཛེས་སྡུག་གི །རྣམ་འགྱུར་འབབ་ལྡན་འཐུང་ཕོད་ལྟར་ཤར་པས། ༡༤ །ལང་ཚོའི་ཉམས་ཀྱིས་མངོན་པར་དྲེགས་པ་ཡི། །ལེགས་བྲིས་རྐེད་མེད་རྒྱུ་སྐར་ལྟ་བུའི་དབུས། །ཐིག་ལེ་མཆོག་མ་ངན་སྤོང་བུར་མཚུངས་པ། །འདྲེན་བྱེད་ལམ་ནས་མངོན་ཤེས་དྲུག་ལྡན་གྱི། ༡༥ །མཁྱེན་པས་མངོན་པར་གསལ་བས་གསེར་མངལ་ཅན། །སྣང་བྱེད་དུཿ ཁས་མནར་བའི་སྐྱི་བུན་གྱི། འཚོལ་འདར་གདུང་བས་སྟེང་དང་ཕྱོགས་བཞི་རུ། །འབྱུང་བའི་གྲངས་ཀྱི་མ་སྟ་ཀ་སྤྲུལ་པས། ༡༦ །ཡིད་ཀྱི་ཤིང་རྟས་དྲངས་སྙམ་མགྲིན་སྔོན་ཅན། །གནམ་པོས་ལྡེམ་པོར་གྱུར་པར་རབ་སེམས་ནས། །མྱོས་པས་ཐ་སྙད་སྟོན་བྱེད་ཡལ་ག་ཡིན། །སྤྱི་བོའི་སྲ་ཐ་(༤བ)
མ་ན་མངོན་པར་བཅད། ༡༧ །འོན་ཏང་གཡེམ་པའི་གདེངས་ཀ་གཟུགས་ཀྱི་ཚུལ། །དྲན་པ་མངོན་པར་གྱུར་ནས་སྦྱོང་སླད་དུ། །དོ་ཀེར་གནས་ནས་སྐལ་ལྡན་ཤིང་རྟའི་རྒྱན། །ཕབ་སྟེ་ཁྱོད་ཀྱི་ཞབས་བསིལ་ཚུལ་དུ་ཕུལ། ༡༨ ། གསུས་ཁྱིམ་ཁྲ་ར་ས་ནའི་རྐང་འཐུང་ལས། །བྱུང་བའི་མཆོག་ཅན་མེ་ཚེལ་ངོས་དག་ཏུ། །རཏྣ་འཁྱིལ་འདྲའི་གཟུགས་བརྙན་ཤར་བ་ལས། །བསམ་འཕེལ་དབང་གི་རྒྱལ་པོའི་དངོས་གྲུབ་དག །༡༩ །སྤྲིན་བྱུང་དུས་ཀྱི་རླུང་གི་འབྲས་བུ་ལྟར། །ཏེ་པོར་ཕག་པས་འོད་མདས་ཚ་བོ་དག །འཁུ་བས་ཡ་ལད་རབ་བགོས་ཤ་སྟྲ་ཐོགས། །གཏུམ་དྲག་བརྔམ་པའི་དཔུང་གིས་བསྐོར་བར་ངེས། ༢༠ །བགྲོད་བྱེད་ཧ་རི་ཙནྡན་སྡོང་བུ་ལ། །སྨད་གཡོག་ལོ་འདབ་འཕུར་ལྡིང་རབ་གཡོ་ཞིང་། །དྲེགས་ལྡན་ནོར་འཛིན་ཡན་ལག་མཆོག་གི་རྩེར། །སྡོང་རྐང་ཞབས་འཚེར་རྣམ་པར་གཡོ་བ་ཡི། ༢༡ །བློ་གྲོས་རབ་རྨོངས་སྡེག་ཆས་རྨག་པའི་མཐུས། །རྣམ་དཔྱོད་ཉེར་ལེན་རྨོངས་བརྟུལ་ཉི་ཤུ་ཡི། །མཆེ་ཕྲག་འགྲོ་ཉེའི་མཁས་རློམ་ལེགས་བྲིས་ལ། །ལེགས་པར་བཤད་པའི་གསོས་སྨན་མཆོག་ཏུ་རྨད། ༢༢ །ཚངས་སྲས་ཁྱོད་སྐུ་རྣམ་པར་དྲང་ཡང་ཐོར་ཚུགས་ཅུང་ཟད་གཡོན་དུ་ཡོ། །ཞལ་ཁྱིམ་རྒྱ་མཚོསྐྱེས་ལྟར་དཀར་ཡང་ཟུར་ཕུད་སྟང་ཟིལ་བརྩེགས་ལྟར་ནག །མཐོང་ཁ་གླང་འཇོམ་སྟོད་ལྟར་རྒྱས་ཀྱང་རྐེད་པ་ཨུཏྤལ་སྐྲ་ལྟར་ཕྲ། །ཀུན་ལ་ཚད་མེད་བཞི་དང་ལྡན་ཡང་བདེ་འབྱུང་གཙུག་གི་ཚེ་བདག་ཕྲོགས། ༢༣ །གང་དེའི་རྣམ་འགྱུར་སྨྲ་བའི་འབབ་སྟེགས་ཀྱིས། །བསྐལ་བར་བརྗོད་ཀྱང་བགྲང་བའི་གནས་མིན་པའི། །རྣམ་མང་ཡོན་ཏན་ཕུང་པོའི་ཕུལ་བྱུང་གཏེར། །(༥ན)
མ་ལུས་གཏེར་དུ་བསྡུས་པའི་གཟུགས་སྐུ་ལ། ༢༤ །བྲང་འགྲོ་སོ་ལྐིའི་ཤ་མཆོག་མཉྫུ་རི། །གྷ་ཏ་པུཎྜ་མཐོན་ཀ་ཆེན་པོ་དང་། །ག་ཀ་ཎཱ་ལ་པད་རཱག་པཻ་ཛ་རཱ། །རབ་ལྗང་མརྒད་སྲོག་ལྡན་དམར་པོ་དང་། ༢༥ །མྱོས་པའི་རྡུལ་ལྡན་བྲང་འགྲོ་ལས་འོངས་པའི། །གྲོལ་ཅན་ཛམྦུ་ནཱ་དི་རྡོ་བ་དཀར། །ནོར་བུའི་འཁྲི་ཤིང་ལ་སོགས་སྦྱིན་དགྲ་དང་། །མི་ཞོན་ཉ་དྲུག་བུ་དང་ན་རཿསོགས། ༢༦ །ཀུན་གྱི་ནོར་བུའི་ཚོགས་རྣམས་བྱེད་པོ་ཡིས། །གཅིག་ཏུ་རབ་བསྡུས་རིན་ཐང་ཚད་མས་ཀྱང་། །ལྷ་ལམ་མཐའ་ལྟར་གཞལ་དུ་མེད་འདི་ལ། །བི་ཤྭ་ཀརྨའི་འཛིན་བྱེད་སོར་མོ་ཡིས། ༢༧ །སྣ་ཚོགས་ཐབས་མཁས་འཕྲུལ་གྱི་ཟློས་གར་ལས། །ཅོད་པན་ཀརྞ་ཀཱ་དང་སྒྲ་འཛིན་འཁྱིལ། །མགུར་ན་སྤ་དང་དཔུང་གདུབ་ཀ་ཊ་ཀ །སོར་གདུབ་མཉྫི་ར་དང་འོག་པག་སོགས། ༢༨ །རྣམ་མང་སྤེན་པའི་ཏོག་འོད་ཕོན་པོ་ཡིས། །ལེགས་པར་སྨྲས་པའི་གཟི་འོད་འབར་བ་དང་། །གང་སྐུའི་ཡེ་ཤེས་འོད་ཀྱི་ཕུང་པོ་དག །ཕན་ཚུན་འདྲེས་འདྲའི་འོད་ཀྱི་དྲ་བ་ཡིས། ༢༧ །དབང་གཞུ་མཁྱིལ་འདྲའི་འོད་ཟེར་ལྟ་བུ་ཡི། །སྣང་ཚུལ་རོ་འཛིན་ལམ་ལས་ཕྱི་རོལ་དུ། །རབ་གྱུར་སྔ་ན་མེད་པའི་སྣང་བྱེད་ཀྱིས། །ཟིལ་མངར་གཡོ་བའི་སྒྲ་སྙན་དབྱར་གྱི་རྔ། ༣༠ །ལེགས་བྲིས་གཙུག་ཕུད་ཅན་གྱི་སྒྲ་འཛིན་དུ། །འོངས་པས་དགའ་བའི་གར་སྟབས་བསྒྱུར་བ་ཡི། །ཚུལ་དེར་འཇུག་པ་བཅུ་པ་བལྟ་བ་ལ། །རིངས་པས་སྐྱ་རེངས་ནུ་བོ་ཞོན་པར་ངེས། ༣༡ ཁྱོད་ཀྱི་རི་མོ་གསུམ་པའི་གསོ་མེད་ལ། །ཚངས་དབྱངས་རླུང་གི་ཤིང་རྟའི་བྱེད་པོ་ཡིས། །ལྔ་རིག་ཆར་གྱིས་གདུལ་བྱའི་བློ་གྲོས་ཀྱི། །ལྗོན་ཤིང་རྒྱས་(༥བ)
འདི་ས་གསུམ་དགའ་བའི་དཔལ། ༣༢ །གང་ཐུགས་ཇི་ལྟ་ཇི་སྙེད་ཆོས་རྣམས་ཀུན། སྒྲིབ་མེད་གསལ་བར་གཟིགས་ལ་ཡ་མཚན་ཅི། །རྗེས་ཐོབ་གང་དུའང་མི་འགྱུར་བདེ་ཆེན་ལ། །རྟག་ཏུ་སྙོམས་པར་འཇུག་འདི་ཨེ་མ་མཚར། ༣༣ །རབ་འབྱམས་མཁྱེན་པའི་མཁའ་ལམ་ཡངས་པ་ལས། །འཕགས་ཚོགས་ཡན་ལག་དྲུག་པས་བགྲོད་པའི་ཚེ། །ཕ་མཐར་མ་གྱུར་རྨུགས་པས་ཡེ་ཤེས་ཀྱི། །ལུས་འདེགས་འཁུར་གྱི་ངལ་བ་ཅིས་མ་བཏང་། ༣༤ །ལས་ཅན་ཀུན་ལ་བྱམས་བརྩེའི་དཔུང་ཚོགས་ཀྱིས། །ལུས་པ་མེད་པའི་ཚངས་བཅོམ་སྡེར་བཅས་རྣམས། །ལུས་སྲོག་བྲལ་བ་ཐུག་འདྲའི་དངངས་སྐྲག་གིས། །ལུས་ཆེད་ཟོལ་གྱི་མཐུ་ལ་རྣམ་པར་བརྟེན། ༣༥ །འཇིགས་རུང་དྲག་ཤུལ་གར་ཉམས་བསྟན་ཙམ་གྱིས། །སྲིད་གསུམ་གནས་པའི་བདུད་སྡེའི་དཔུང་ཚོགས་རྣམས། སྲིད་གསུམ་གཞན་དུ་འབྲོས་པའི་མཐུ་མེད་པས། །འཇིགས་བྱེད་གཙོ་མོ་ཁྱོད་ཀྱི་བྲན་དུ་མཆིས། ༣༦ །དཔལ་ལྡན་རྒྱལ་བ་རྣམས་ཀྱི་རྣམ་མང་ཡོན་ཏན་ཕུང་པོ་ཀུན། །ཀུན་ནས་མ་ལུས་རབ་བསྡུས་རབ་ཡངས་མཁའ་ལྟར་གསལ་བའི་བློ། །བློ་གྲོས་སྣང་བ་མཆོག་སྩོལ་མཆོག་ཏུ་འགྱུར་མེད་བདེ་བ་ཆེ། །ཆེས་ཆེར་རབ་ཏུ་རྒྱས་མཛད་རྒྱས་སོགས་ལས་ཀུན་བསྒྲུབ་པའི་དཔལ། ༣༧ །་དཔལ་གྱི་དུམ་བུ་ལྟ་བུར་དཀར་མཛེས་དཔག་བསམ་ལྗོན་པའི་སྐུ། །སྐུ་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་ཡལ་འདབ་འབྲས་བུས་བརྗིད། །བརྗིད་པས་འགྱིང་བའི་གར་གྱི་ཉམས་ལྡན་ཚངས་སྲས་ངག་གི་ལྷ། །ལྷ་མཆོག་ལྷག་པའི་ལྷ་དེར་ལུས་ངག་ཡིད་གསུམ་གུས་པས་འདུད། ༣༨ །དེ་ལྟར་ངག་དབང་ལྷ་མོའི་རྣམ་མང་ཡོན་ཏན་ཕོན་པོའི་མེ་ཞལ་ལམ་ཡངས་པར། །མངོན་པར་ལྡང་(༦ན)
བའི་མཐའ་བྲལ་འཁོར་ལོའི་བགྲོད་བྱེད་སྟུག་པོ་རྣམ་པར་རབ་གཡོ་ཞིང་། །བསྟོད་ཚིག་སྙན་པའི་དབྱར་རྔ་རབ་བསྒྲགས་ཐུགས་རྗེའི་རླུང་གི་འབྲས་བུའི་ཚོགས་བབས་པས། །བདག་བློ་ཡོངས་འདུའི་དབང་པོར་ཕྱོགས་ཀྱིས་བཅིངས་པའི་རིག་གནས་གདུ་བུས་བརྒྱན་གྱུར་ཅིག ༣༧ །སྟོབས་བཅུ་མངའ་བའི་བློ་གྲོས་རྣམ་པར་རྒྱལ་བའི་ཁང་བཟང་དུ། །མདོ་རྒྱུད་གཞུང་ལུགས་མེ་སྦྱིན་སྐྱེས་ཀྱི་ཚོགས་ལ་དབང་སྒྱུར་ཞིང་། །ཕས་རྒོལ་བཅུད་བྲལ་ལས་རྒྱལ་གྲགས་པ་དྲི་བསུང་ཁྱབ་མཛད་པའི། །རྒྱལ་བ་གཉིས་པའི་འཆི་མེད་བདག་པོའི་བཤད་སྒྲུབ་བསྟན་པ་དང་། ༤༠ ཁྱད་པར་གཙུག་ལག་གཞུང་ལུགས་ས་འཛིན་དཀར་པོར་གནས་ལྔ་རིག་པའི་ལུས་སྟོབས་རྩལ་གསུམ་རབ་རྫོགས་ཤིང་། །སྙན་དངགས་གཙུག་ཕུད་འཁྱིལ་ལྟར་རབ་རྒྱས་མངོན་བརྗོད་རྣམ་གནོན་ཟླ་བ་འཛུམ་བྱེད་ལྟར་རྣོ་མཆེ་སྡེར་བགྲད། །སྡེབ་སྦྱོར་ཀཱཉྩ་ནམ་གྱི་ལེགས་བྱེད་དག་གིས་རབ་སྤུད་ཟློས་གར་སྐད་གསང་མཐོན་པོ་བསྒྲག་མཛད་པའི། །ཐོས་ལྡན་རི་དྭགས་དབུས་ན་ཤོང་ལོ་གདོང་ལྔའི་དབང་པོའི་ལུགས་བཟང་རྫོགས་ལྡན་བཞིན་དུ་རྒྱས་གྱུར་ཅིག ༤༡ །ཅེས་ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་མངོན་རྟོགས་ཀྱི་རིམ་པ་དང་མཐུན་ཅིང་། ཕུལ་བྱུང་བསྟོད་པ་བཅས་ཨ་མ་ར་ཀེ་ཥ། ཚིག་གཏེར་རྩ་འགྲེལ་སོགས་ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོའི་ཆེན་པོའི་ཕ་རོལ་ཏུ་སོན་པའི་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གཞུང་ལུགས་ལས་ལེགས་པར་བྱུང་བའི་གཏམ་རྒྱུད་རྣམས་དང་སྦྱར་བའི་བསྟོད་པ། ཚངས་སྲས་བཞད་པའི་སྒྲ་དབྱངས་བློ་གྲོས་ཀྱི་གཏེར་མཛོད་ཅེས་བྱ་བ་འདི་ནི། ཐུབ་བསྟན་གསེར་ལྡན་གྱི་དབུས་སུ་ས་འཛིན་དབང་པོ་ལྟར་མངོན་པར་འཕགས་པའི་སློབ་དཔོན་རིན་པོ་ཆེ་(༦བ)
དཀོན་མཆོག་ཆོས་འཕེལ་བའི་ཞལ་སྔ་ནས་ཀྱིས་བཀའ་སྩལ་བ་སྤྱི་བོས་ནོས་ཤིང་། ཁྱད་པར་རང་ཉིད་མཆོག་ཏུ་དད་པའི་རྟ་ལྗང་གི་འོད་ཟེར་དགོད་པས་བློ་གྲོས་ཀྱི་ཨུཏྤལ་ཁ་ཕྱེ་བ་ལ་བརྟེན་ནས། འབྲུ་མང་གི་ལོའི་དུས་ཞབས་པ་རྣམས་ཀྱི་སྟོན་ཐ། གླུ་དབྱངས་ཀྱི་ཟླ་བ་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ལ། ཤཱཀྱའི་བཙུན་པ་མང་ཐོས་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཚངས་སྲས་བཞད་པའི་རྡོ་རྗེ་རིགས་ལྡན་སྙེམས་པའི་སྡེས། གངས་ཅན་སའི་ཐིག་ལེ། ཡེ་ཤེས་སྒྱུ་མས་སྤྲུལ་པའི་གཙུག་ལག་དང་ཟུང་དུ་འབྲེལ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་གི་རིག་གནས་བ་གམ་གཉིས་པར་སྦྱར་བའོ། །རྒྱ་གར་སྐད་དུ། བྷནྜར་ཀོ་བྷ་ག་ཝ་ཏཱི་ཀུ་རུ་ཀུ་ལཱ་ཡི་སྟྲི་དྲོ་བཻཌཱུཪྻ་སྱ་མཱ་ལསྟྲ་བྷུ་མིརྣཱ་གནྡྲོ་མཱུརྡྷཱ་ལངྒ་རོ་ནཱ་མ། །བོད་སྐད་དུ། །རྗེ་བཙུན་བཅོམ་ལྡན་འདས་མ་རིགས་བྱེད་མ་ལ་བསྟོད་པའི་བཻཌཱུཪྻའི་འཕྲེང་བ་ས་གསུམ་ཀླུ་དབང་གཙུག་རྒྱན་ཞེས་བྱ་བ། ལྷག་པའི་ལྷ་མོ་དབང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །གང་སྐུ་ལོ་ཧི་ཏ་ཀའི་ས་འཛིན་དབང་པོ་ལྟ་བུར་རབ་དམར་རབ་མཛེས་ལག་མཁའ་གཟུགས་ཀྱིས་བཅིངས་པའི་མཚན་དཔེའི་དབང་གཞུས་ཉེར་འཁྱུད་སྐུ་ནི་འདྲེན་བྱེད་བདུད་རྩིའི་དཔལ། །དཔལ་སྟུག་ཡུམ་གྱུར་ཁྱོད་གསུང་སྟོབས་བཅུ་མངའ་བའི་དབྱངས་ལྟར་ལེགས་སྙན་ལེགས་གསུང་ཡན་ལག་དྲུག་ཅུའི་དབྱངས་བདུན་ལ་སོགས་སྒྲ་ཡི་ལེགས་སྤུད་གསུང་ནི་ཐོས་འཛིན་ཡི་ནི་མཆོག །མཆོག་ཏུ་འགྱུར་བ་མེད་ཐུགས་ལྷ་ལམ་ཕ་མཐའ་ལྟ་བུར་དཔག་དཀའ་དཔག་ཡས་ཇི་སྟེད་ཡོན་ཏན་ཕུང་པོའི་ཆུ་འཛིན་དག་ཀྱང་རྨུགས་བྱེད་ཐུགས་ནི་ཡིད་ལ་དགའ་བདེ་སྩོལ། །(༧ན)
སྩོལ་མཛད་རྒྱལ་ཀུན་ཐུགས་རྗེའི་ཟློས་གར་གཅིག་བསྡུས་རིགས་བྱེད་དབང་མོ་དབང་ཕྱུག་བརྒྱད་ཀྱི་གོ་འཕང་མངོན་དུ་ལེགས་མཛད་ལྷ་མཆོག་གང་དེས་ཕུན་ཚོགས་དགའ་སྟོན་རྒྱས་པར་མཛོད། ༡ །སྲ་བརྟན་འཇིགས་མེད་རྡོ་རྗེའི་སྲུང་འཁོར་དང་། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས། །ཨུཏྤལ་དམར་པོ་གོས་ཆེན་བརྩེགས་པའི་སྟེང་། །རྟ་བདུན་བདག་པོའི་དཀྱིལ་འཁོར་རྒྱས་པའི་ཕྱིར། ༢ །རབ་དམར་འཇམ་མཉེན་ཁྲ་ལྡེམ་འགྱིང་བག་ཅན། །སྒྱུ་རྩལ་དྲུག་ཅུའི་ཉམས་ལྡན་ཟག་བྲལ་སྐུ། །མངོན་པར་བཞེངས་པས་ཁྱུ་མཆོག་རྒྱལམཚནཅན། །འགོག་པའི་ཏིང་འཛིན་ཟོལ་གྱི་བརྫུ་ལ་བསྟེན། ༣ །བསྐལ་པའི་མེ་དཔུང་ཕམ་བྱེད་མ་སྟ་ཀ །རབ་དཀར་གཟི་བྱིན་འོད་ཀྱིས་མཁའ་དབྱིངས་ཀྱང་། །བསྲེག་པར་དོགས་པས་མཚམས་སྤྲིན་གཞོན་ནུ་ཡིས། །དམར་སེར་སླར་སྐྱེས་ཟོལ་གྱིས་གཡོག་པར་ངེས། ༤ །སྒྲམ་བཀྲ་རླུང་གི་རྒྱལ་མཚན་ཁྱུགས་འདྲ་བའི། །རྩེ་མོའི་གྲངས་ལྡན་སྣང་བྱེད་དབང་པོ་ཡིས། །ལྐོག་ཏུ་གྱུར་པའི་ཇི་ལྟ་ཇི་སྙེད་ཆོས། །ཀུན་མཁྱེན་ཡེ་ཤེས་གཟིགས་པའི་ལམ་ལས་གསལ། ༥ །ཞལ་ཁྱིམ་འཛུམ་ལྡན་མཆེ་བ་རབ་གཙིགས་པའི། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རྣམ་འགྱུར་གྱིས། །ཟུང་འཇུག་བདེ་ཆེན་མགྲོན་དུ་བསུ་མ་དང་། །བདུད་བཞིའི་གཡུལ་ངོ་ཕམ་པ་མཉམ་དུ་མཛད། ༦ །བྱེད་པོས་རབ་ཏུ་དཀར་བའི་རྡུལ་བརྩེགས་ལ། །པདྨ་རཱ་གའི་རྒྱན་ཀྱིས་ལེགས་སྤུད་པ། །བྱུག་རིས་ལྟ་བུའི་འོད་སྐོར་རབ་རྒྱན་ལ། །རིགས་ཀྱི་ཁྱབ་བདག་རྣམ་ལྔ་གར་གྱིས་རོལ། ༧ །ཐབས་མཁས་འཕྲུལ་གྱི་སྒོ་འཕར་ལས་འོངས་པའི། །ནོར་བུའི་འཁྲི་ཤིང་(༧བ)
བསྐྱོད་ལྟའི་རྩ་ཕྱག་གིས། །འབབ་ལྡན་ལང་ཚོ་དམར་པོའི་གནམ་རུ་ལ། །དཔལ་ཁྱིམ་མྱུ་གུ་གསར་བའི་ཉག་ཕྲན་རྩེར། ༨ །མེ་ཏོག་མགྲིན་ཅན་འཛུམ་པའི་མདེའུ་ཅན། །རྒྱུད་ལས་འཕོས་པ་ཅན་གྱིས་སྲིད་པ་གསུམ། །གཡོ་བའི་འཕྲུལ་འཁོར་ཕུལ་བྱུང་དབྱར་རྔའི་སྒྲ། །ཕྱོགས་བྲལ་རྣ་བའི་རྒྱན་དུ་ལེགས་བཀོད་པས། ༩ །འཇོམས་དཀའ་ལང་ཀའི་བདག་པོའི་ཡན་ལག་མཆོག །འཕྲོག་མཛད་འཕོངས་སྐྱེན་རྒྱལ་པོ་རཱ་མ་ཎ། །རྒྱ་ཆེན་བསམ་པའི་ཁུར་གྱིས་ཡབ་རྗེའི་བཀའ། །མི་འདའ་ཟོལ་གྱིས་དཀའ་ཐུབ་སྤྱད་པར་ངེས། ༡༠ །འཇམ་མཉེན་ལྷས་མའི་ཐ་སྙད་སྟོན་བྱེད་ཀྱི། །འདབ་བརྒྱ་ལས་གྲུབ་ལྕགས་ཀྱོ་ཞགས་པ་ཡིས། །ཞུབ་ཆེན་རབ་བགོས་རྣོ་ངར་མཚོན་ཐོགས་པ། །ཀུན་ལས་རྣམ་པར་རྒྱལ་བ་ཨེ་མ་མཚར། ༡༡ །རབ་རྒྱས་མཐོང་ག་རི་དྭགས་མིག་ཅན་ལུས། །དཀར་འཛིན་ལེགས་བྱད་མཛེས་པའི་རྣམ་འགྱུར་གྱིས། །བཅུ་གཉིས་བདག་པོ་ཡིད་ཀྱི་ཤིང་རྟའི་རྒྱུས། །ལན་བརྒྱར་འཁྱུད་པའི་ཁུར་ཆེན་བསྟེན་པར་ངེས། ༡༢ །དེ་ལྟའི་ལོག་སྐྱེས་དབྱར་དུས་མཁའ་གླང་ལྟར། །རབ་གཡོ་འཆི་མེད་ཆུ་ཤིང་བརླ་ཅན་བཞིན། །སྟ་ཟུར་རྒྱས་པའི་བར་ན་རྒྱབ་ཆོད་ཡུལ། །ཡོད་དམ་མེད་སྙམ་ཡིད་ལ་ནེམ་ནུར་འཛིན། ༡༣ །གསང་བའི་འཁོར་ལོ་མི་ཟད་བདེ་བ་ཆེའི། །ལང་ཚོ་རྣམ་པར་རྒྱས་པའི་དཔྱིད་ཀྱི་མས། །རིགས་ལྡན་མཆོག་གི་ཡོངས་འདུ་དཔག་བསམ་ཤིང་། །བརྗོད་བྲལ་བདེ་ཆེན་དབྱར་གྱི་དགའ་སྟོན་རྒྱས། ༡༤ །སྐྱིལ་ཀྲུང་ཕྱེད་པའི་ཉམས་ལྡན་གང་གི་ཞབས། །ནམ་མཁའི་ནོར་བུའི་གདན་ལ་རྟག་བཀོད་ཀྱང་། །རང་བྱུང་སྐྲ་ཅན་གསོད་དང་ལེགས་བྲིས་གཙོ། །དྲེགས་(༨ན)
ལྡན་ཀུན་གྱི་སྤྱི་བོའི་གཙུག་ན་འགྱིངས། ༡༥ །བཅུ་དྲུག་ལང་ཚོའི་གཟི་ལྡན་ཁྱོད་སྐུ་ལ། །རིན་ཆེན་ཕྱང་ཕྲུལ་རུས་རྒྱན་མགོ་རློོན་འཕྲེང་། །བྷེ་ཏྲའི་སློག་པ་ལྷ་རྫས་འོད་ཀྱི་ཚོགས། །གཅིག་ཏུ་འདྲེས་ཏེ་ཐ་དད་གང་གིས་མཚོན། ༡༦ །ཡེ་ཤེས་ཞུགས་ཀྱིས་སྒྲིབ་གཉིས་ཚང་ཚིང་ཀུན། །བསྲེགས་ཀྱང་བདུད་དཔུང་ཚོགས་ཀྱི་སྲོག་དབུགས་མེད། །ལྷག་མར་བྱ་ཕྱིར་བཟོད་དཀའ་མེ་དཔུང་དབུས། །གར་དགུའི་ཉམས་ཀྱི་རྣམ་པར་བསྟན་མིན་ནམ། ༡༧ །ཉི་གཞོན་འབུམ་གྱིས་འཁྱུད་པའི་བྱུ་རུའི་རི། །དུས་ཀྱི་བཱ་ཤྭ་ད་ནས་ལྷག་པར་བྱེད། །རྣམ་བཀྲ་འཇའ་ལུས་འགྱུར་མེད་རྡོ་རྗེའི་སྐུ། །སྲིད་གསུམ་འདི་ན་འགྲན་པའི་ཟླ་དང་བྲལ། ༡༨ །བརྗིད་བྲལ་གྲངས་མེད་གྲེ་འགྱུར་སྣ་ཚོགས་གླུ། །གཅིག་བསྡུས་རབ་སྙན་ཕུལ་བྱུང་ཚངས་པའི་གསུང་། །ཆེས་ཆེར་བསྒྲགས་པས་དྲི་ཟའི་རྒྱུད་མང་སྒྲ། །སྐྱེངས་ཏེ་སུམ་རྩེན་གནས་སུ་བྲོས་སམ་སྙམ། ༡༩ །མི་ཕྱེད་བདེ་སྟོང་ངང་ལ་རྟག་རོལ་ཐུགས། །ཚད་མའི་སྲང་ལ་གཞལ་ཡང་རྟོགས་མིན་ཞེས། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་ཀུན། །སྒྱིད་བསྒྱུར་ཞི་བའི་དབྱིངས་སུ་བཞུགས་ཀྱི་དོགས། ༢༠ །ངེས་གསང་ཐེག་པའི་རྣམ་རྒྱལ་ཁང་བཟང་དུ། །བླ་མེད་དཀྱིལ་འཁོར་འཁོར་ལོ་ཉེ་དབང་དབུས། །རིགས་ཀྱི་མཆོག་གྱུར་རྗེ་བཙུན་འཆི་མེད་གཙོ། །ལྷག་པའི་ལྷ་དེར་སྒོ་གསུམ་གུས་པས་འདུད། ༢༡ །བདག་བློ་ས་ད་རཱི་ཀའི་ཚལ་རྒྱས་ཕྱིར། །གསོལ་འདེབས་རླུང་གི་ཤུགས་ཀྱིས་ལོག་རྟོག་སྤྲིན། །རབ་དངས་སེམས་ཀྱི་བ་གམ་ཀུན་གསལ་དབུས། ཁྱོད་སྐུ་རྟ་ལྗང་འགོག་མེད་རྟག་བཞུགས་གསོལ། ༢༢ །དེ་ལྟར་ཐུགས་རྗེའི་བྱེད་པའི་རྒྱུ་རྩལ་ལས། །མངོན་(༨བ)
པར་འོངས་པའི་རབ་འབྱམས་དབང་གི་ལས། །ཐོགས་མེད་གྲུབ་པའི་ནུས་ལྡན་འཁོར་ལོའི་ཤུགས། །སྲིད་གསུམ་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག ༢༣།ཅེས་རྗེ་བཙུན་ཀུ་རུ་ཀུ་ལླེ་ལ་བསྟོད་པ་བཻཌཱུརྱའི་འཕྲེང་བ་ས་གསུམ་ཀླུ་དབང་གཙུག་རྒྱན་ཞེས་བྱ་བ་འདི་ལ་རང་གི་ཁ་ཏོན་གྱི་ཕྱིར། ཐ་སྙད་ཀྱི་གཙུག་ལག་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་དཀར་བའི་ཚངས་སྲས་བཞད་པའི་རྡོ་རྗེས་ས་ཡོས་འདོད་དུས་ཀྱི་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་བའི་ཚེས་ལ་དྲང་སྲོང་མགྲིན་སྔོན་གཙུག་རྒྱན་གྲོ་ཞུན་གྱི་ན་ཆུང་དང་རྩ་བའི་འགྲུབ་སྦྱོར་གྱི་ཉིན་འདྲེན་བྱེད་མུ་ནཱིནྟའི་ཕོ་བྲང་མ་ལ་ཡར་སྐྱེས་ཀྱི་དྲི་བསུང་ལ་དགའ་བདེར་སྤྱོད་པའི་སུམ་རྩེན་ཡུལ་ལ་འགྲན་པ་དགའ་ལྡན་ཁང་གསར་གྱི་རིག་གནས་བ་གམ་ལྔ་པར་སྦྱར་བའོ། །རྒྱ་གར་སྐད་དུ། །བྷ་ག་ཝ་ཏཱི་ཨཱཪྱཱཙིནྟ་ཙཀྲི྅་མ་ར་ཎོ་ཡུ་བ་ན་སྱཱ་མྲྀ་ཏོ་ནཱ་མ། །བོད་སྐད་དུ། །བཅོམ་ལྡན་འདས་འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་ལང་ཚོའི་ཟིལ་མངར་ཞེས་བྱ་བ། སྟོབས་བཅུ་མངའ་བ་ཀུན་གྱི་ཡུམ་གྱུར་འཇིག་རྟེན་དབང་ཕྱུག་གི་སྲས་མོ་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་མཐུ་རྣམས། །མ་ལུས་གཅིག་ཏུ་རབ་བསྡུས་ལྷག་པའི་ལྷ། །བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཡིད་བཞིན་ཟླ་བའི་མ་མ་འཁྱིལ་བའི་དབུས། །འདབ་སྟོང་སྡོང་བུ་ཡལ་འདབ་རབ་རྒྱས་རྩེར། །བདེ་འབྱུང་གཙུག་རྒྱན་འཁོར་ལོ་ཉ་གང་སྟེང་། །དུས་གསུམ་དཔལ་སྟུག་ཀུན་གྱི་ཡུམ་མཆོག་མ། །རྣམ་མང་ཁ་བའི་རྡུལ་བརྩེགས་ལྷུན་པོ་ལ། །རྣམ་བཀྲ་དབང་པོའི་གཞུ་ཡིས་འཁྱུད་འདྲ་བའི། །རྣམ་དག་གར་དགུའི་(༩ན)
ཉམས་ལྡན་གཟུགས་སྐུ་འདི། །རྣམ་ཀུན་སྤྱི་བོའི་པད་མཚོར་རོལ་བར་མཛོད། །འབྲས་ལྡན་དུས་ཀྱི་མཁའ་དབྱིངས་ལས་འོངས་པའི། །དཀར་ཕྱོགས་རྫོགས་པ་གསུམ་པའི་བསིལ་ཟེར་ཡང་། །ཕམ་པར་ནུས་པའི་ཞལ་གྱི་དཀྱིལ་འཁོར་ལ། །ཨནྡ་རྙིལ་ལྟར་རབ་སྔོའི་ནོར་བུ་འཁྱིལ། །ཨུཏྤལ་དམར་པོ་དང་མཚུངས་མཆུ་སྒྲོས་དང་། །གེ་སར་གཡོ་འདྲའི་གཅོད་བྱེད་འཕྲེང་མཛེས་ཤིང་། །དཔལ་ཁྱིམ་འདབ་མ་ལྟ་བུའི་བཅུད་ཀྱི་མ། །ཕྲ་རྒྱས་སྤངས་པའི་དྲང་སྲོང་ཚོགས་རྣམས་ཀྱང་། །ཡིད་ཀྱི་ཤིང་རྟ་མངོན་པར་རྒྱས་བྱེད་པའི། །འདྲེན་བྱེད་ཡོན་པོར་ལྟ་བའི་མཛེས་སྡུག་གིས། །ཆོས་ཀྱི་སྤྲིན་ལ་གནས་ཀྱང་ཀུན་དཀྲིས་དག །ཡོད་དམ་མེད་སྙམ་བདག་ཡིད་དཔྱང་ཐག་འཛིན། ཁྱོད་སྐུ་མ་ལ་ཡ་སྐྱེས་འགྲོ་འགོག་ལ། །དཀར་འཇམ་ཕྲ་ལྡེམ་གར་དགུའི་ཉམས་ལྡན་ཞིང་། །མཚན་དཔེའི་ལོ་འདབ་གང་བུ་གཡུར་ཟ་ལས། །ཐུགས་རྗེའི་དྲི་བསུང་ཅི་ཡང་གཡོ་བའི་མཐུས། །ཉམ་ང་གསུམ་གྱི་ཚ་བའི་འཇིགས་པ་ཡིས། །མནར་བའི་ལུས་ཅན་མཆེ་བའི་སྟོབས་ལྡན་ལ། །ཕན་དང་བདེ་བའི་བསིལ་ངད་མི་འཇིགས་པའི། །སྦྱིན་ལ་དཔའ་བའི་སྙིང་སྟོབས་རྒྱ་ཆེན་གྱི། །ཚུལ་འདི་མཐོང་བས་རྒྱལ་པོ་ཐམས་ཅད་སྒྲོལ། །མཆོད་སྦྱིན་དག་ལ་སྤྲོ་བ་ཆེན་པོ་ཡིས། །མང་དུ་འགོད་པའི་མཆོག་ཏུ་ཁུར་ཁྱེར་བས། །རྒྱལ་བཞིའི་སྐྱོང་བྱེད་གོ་འཕང་ཐོབ་པར་ངེས། །འཛིན་བྱེད་གཡས་ཀྱི་མཆོད་སྦྱིན་ཕྱག་རྒྱ་ཡིས། །འགྲོ་རྣམས་འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་། །གཡོན་པའི་དབང་མཆོག་སྤྲུལ་པ་གསུམ་གྱེས་པས། །དུས་གསུམ་སྐྱེས་བུའི་སེང་གེ་རྣམ་པར་མཚོན། དགོད་བྱད་མིག་(༩བ)
གི་བཅད་སྐྱས་ཤིང་འཕེལ་གྱི། །འབར་བའི་རོ་འཛིན་ལ་ཡང་འཁུ་བ་འདི། །ཆུ་སྐྱེས་གདན་ལ་རྟག་ཏུ་རབ་བཀོད་ཀྱང་། །སྙིགས་པར་མ་གྱུར་འདི་ནི་ཨེ་མ་མཚར། །གང་སྐུ་སྣ་ཚོགས་རིན་ཆེན་འཕྲེང་བ་དང་། །ཨུཏྤལ་ལྷབ་ལྷུབ་དར་གྱི་ན་བཟའ་ཡིས། །ལེགས་པར་བརྒྱན་པས་རྒྱུ་སྐར་འཕྲེང་བའི་ཚོགས། །བལྟ་བར་ཀུན་གསལ་ལམ་ལས་འོངས་པ་བཞིན། ཁྱོད་ཀྱི་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱང་། །དབྱིངས་ལྡེམ་ཁེངས་པ་ཕྲོགས་ལ་ཡ་མཚན་ཅི། །འགྱུར་མེད་ཞི་ལ་བཞུགས་པའི་འཕགས་ཚོགས་ཀྱང་། །སྒྲ་འཛིན་མངོན་པར་བཏེག་སྟེ་ཉན་འདི་མཚར། །ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་དཔག་དཀའ་བའི། །འཕགས་པ་ཁྱོད་ཐུགས་མི་ཟད་ཡོན་ཏན་གྱིས། །གཅིག་བསྡུས་ཚོགས་པའི་ཁུར་ཆེན་འདེགས་བྱེད་པའི། །ཨེ་མ་འོད་སྲུངས་བྱིན་ནི་རབ་ཏུ་སྲ། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོའི་རྣམ་མང་ཡོན་ཏན་པུཎྜཱ་རི་ཀའི་དགའ་ཚལ་དུ། །བདག་བློའི་རྟ་བདུན་དབང་པོའི་འོད་ཀྱིས་བསྟོད་ཚོགས་འདབ་བརྒྱ་ཅུང་ཟད་བཞད་པའི་དགེ་བ་ཡིས། །ཞི་རྒྱས་དབང་དང་མངོན་སྤྱོད་ལས་ཀྱི་བདག་སོགས་ཡིད་ལ་ཇི་ལྟར་འདོད་པའི་དོན་རྣམས་ཀུན། །ཆུ་འཛིན་དུས་ཀྱི་ལྷ་ལམ་དུ་མའི་སྐྱེ་གནས་འཁྲུགས་ལས་རླུང་གི་འབྲས་ལྟར་འབྱུང་གྱུར་ཅིག །ཅེས་བཅོམ་ལྡན་འདས་འཕགས་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་ལང་ཚོའི་ཟིལ་མངར་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དད་པའི་གསོས་སུ་འགྱུར་བའི་ཆེད་དུ། ཤར་ཕྱོགས་རྒྱལ་པོའི་ཁབ་ཏུ་ལོ་འགོ་ཡོངས་གྲགས་ཀྱི་ཧོར་ཟླ་བཅུ་གཅིག་པ་ཞེས་པར་འབོད་ཅིང་། དུས་འཁོར་ཞབས་པ་རྣམས་ཀྱི་དགུན་ར། ནམ་མཁའ་ནོར་བུ་གཞུ་ཁྱིམ་དུ་བབས་པའི་དཀར་(༡༠ན)
པོའི་ཕྱོགས་ཀྱི་ཌཱ་ཀི་དགའ་སྟོན་གྱི་ཚེས་ལ། མང་ཐོས་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཚངས་སྲས་བཞད་པའི་རྡོ་རྗེ་རིགས་ལྡན་སྙེམས་པའི་སྡེས། དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་གི་བརྡ་སྤྲོད་དགའ་བའི་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཏེར། །མཛེས་སྡུག་ལྷ་མོའི་ཆུ་མཚོར་རྒྱས་པ་ལས། །མཆོག་མཐུན་དངོས་གྲུབ་བསམ་འཕེལ་ནོར་བུའི་རླབས། །འཕྱུར་མཛད་ཡིད་བཞིན་འཁོར་ལོའི་ཞབས་ལ་འདུད། །སྙིགས་བྲལ་འོ་མཚོ་ཆིལ་ཆིལ་འཁྱིལ་བའི་དབུས། །པད་དཀར་འཛུམ་པའི་འདབ་མ་རྒྱས་པའི་སྟེང་། །ཤེལ་དཀར་ལྷུན་པོ་ལྟ་བུའི་གཟུགས་ཀྱི་སྐུ། །འཇོ་སྒེག་ལུས་ཕྲའི་གར་གྱིས་འགྱིང་ལ་འདུད། །དྲི་མས་སྦགས་དང་འཕེལ་འགྲིབ་སྐྱོན་རྣམས་ཀུན། །ཡོངས་སྤངས་དཀར་འཇམ་འཛུམ་པའི་ཞལ་ཁྱིམ་ལ། །ལྷ་མིའི་སྒེག་མོའི་བཞིན་དང་ཟླ་སྣང་གིས། །མཚུངས་བྲལ་རང་ཉིད་དཔེར་བསྟན་ཁྱོད་ལ་འདུད། །མཐོན་མཐིང་རལ་པའི་ཟར་བུའི་ལྷ་ལམ་མཐའ། །འཛམ་བུའི་གསེར་གྱི་རྩེ་ཕྲན་མཚམས་སྤྲིན་ཅན། །ལོགས་སྐྱེས་ནམ་མཁའི་གླང་པོ་འཁྲིགས་པ་ལས། །བདེ་བའི་ཆར་གྱིས་བརླན་པར་བྱེད་ལ་འདུད། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་འཆི་མེད་ཚེའི། །སྒོ་འཕར་བརྒྱ་ཕྲག་འགྲོ་ལ་ལེགས་ཕྱེ་ཞིང་། །ཨུཏྤལ་ལྕུག་ཕྲན་གཡོན་པའི་ཕྱག་སོར་ལ། །མི་ཕྱེད་མཛའ་བས་འཁྱུད་པ་ཁྱོད་ལ་འདུད། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པའི། །སེན་མོའི་འོད་སྟོང་འབར་བའི་དམར་པོའི་གཟིས། །འདབ་སྟོང་སྙིགས་པར་འགྱུར་སྙམ་ཆུ་ཤེལ་དབང་། །(༡༠བ)
བསིལ་བའི་ཟེགས་མ་སྤྲོ་བ་ཁྱོད་ལ་འདུད། །གང་གི་ཡོན་ཏན་བླ་ན་མེད་པའི་ཚུལ། །རྟོགས་པའི་མི་འགྱུར་དད་པས་བསྟོད་པའི་དགེས། །གནས་སྐབས་མི་མཐུན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་འདོད་པའི་དོན་ཀུན་འགྲུབ་པར་ཤོག །ནམ་ཤིག་དུས་ཀྱི་ཕོ་ཉའི་དབང་གྱུར་ཚེ། །དག་པའི་ཞིང་ཁམས་རྒྱལ་བའི་འདུན་ས་རུ། །མངལ་གྱི་སྐྱོན་བྲལ་པདྨའི་སྦུབས་སྐྱེས་ཏེ། །ཟབ་རྒྱས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག །རྣམ་དག་དལ་བའི་རྟེན་གྱི་ཞིང་ས་ལ། །གསུང་རབ་མང་དུ་ཐོས་པའི་ས་བོན་གྱི། །བསམ་སྒོམ་མཐུན་རྐྱེན་མ་ལུས་ཚང་བ་ལ། །མི་གནས་མྱང་འདས་འབྲས་བུ་སྨིན་གྱུར་ཅིག །མདོར་ན་རྒྱལ་བ་ཀུན་གྱི་ཡུམ་མཆོག་མའི། །ཕུན་ཚོགས་ཐུགས་རྗེ་ཆེན་པོའི་བྱེད་པོ་ཡིས། །གནས་སྐབས་མཐར་ཐུག་འདོད་པའི་དོན་རྣམས་ཀུན། །གེགས་མེད་ལྷུན་གྱི་འགྲུབ་པའི་བཀྲ་ཤིས་ཤོག །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འདོད་དོན་གྲུབ་པའི་སྨོན་ལམ་དང་བཅས་པ་འདིའང་། རབ་འབྱམས་སྨྲ་བ་བསོད་ནམས་ཆོས་བཟང་གིས་བསྐུལ་བའི་ངོར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །ན་མོ་བཛྲ་ཌཱ་ཀི་ནྱེ། ཟག་མེད་བདེ་ཆེན་རྒྱས་པའི་ཀུན་དགའི་དཔྱིད། །ཐུན་མཚམས་ལང་ཚོ་དར་བའི་འཇོ་སྒེག་ཅན། །གར་དགུའི་ཉམས་ཀྱིས་རོལ་པའི་བཅོམ་ལྡན་མ། །རྗེ་བཙུན་མཁའ་སྤྱོད་དཔའ་མོར་ཕྱག་བགྱིད་དོ། ༡ །ཆུ་སྐྱེས་འདབ་བརྒྱ་དགོད་པའི་ཟེའུ་འབྲུའི་རྩེར། །རྟ་བདུན་བདག་པོའི་དཀྱིལ་འཁོར་རྒྱས་པའི་སྟེང་། །དུས་མཚན་འཇིགས་བྱེད་མནན་པས་མ་ཚིམ་པར། །འདམ་ལྟར་བརྫིས་པའི་ཞབས་ཟུང་བརྐྱང་བསྐུམ་ཅན། ༢ །(༡༡ན)
གཡོན་ངོས་ཅུང་ཟད་ཕྱོགས་པའི་བཞིན་རས་ལ། །ཆོས་ཀུན་གཟིགས་པའི་སྤྱན་གསུམ་དམར་ཟླུམ་གཡོ། །ཐར་པའི་གྲོང་དུ་འགྲོ་ཀུན་བསུ་མཁས་པའི། །འཛུམ་ཞལ་མཆེ་བའི་མྱུ་གུ་ཟླ་ཚེས་ཅན། ༣ །ཕྱག་གཡས་མ་རིག་གཅོད་པའི་གྲི་གུག་མཚོན། །འཁོར་བར་ཐུར་དུ་བརྐྱང་དང་ལྷན་ཅིག་པར། །བདེ་ཆེན་མདངས་ལྡན་ཁྲག་གང་ཐོད་པའི་བཅུད། །རོལ་ཕྱིར་གཡོན་པས་མཁའ་ལ་བཏེག་པ་བཞིན། ༤ །ཐབས་ཤེས་ཟུང་འཇུག་ཁ་ཊྭཱཾ་ཕྲག་གཡོན་ངོས། །འཆང་བར་ཌཱ་དྲིལ་འཕན་གྱིས་སྐུ་གསུམ་མཚོན། །མ་བྲིས་མཐོན་མཐིང་གསར་པའི་མདངས་འཛིན་པའི། འཆིང་བ་ཀུན་གྲོལ་དབུ་སྐྲའི་ཟར་བུ་གཡོ། ༥ །རབ་དཀར་རུས་པའི་ཕྱག་རྒྱ་ལྔ་ཡི་རྒྱན། །སྡུད་དང་ལྷན་ཅིག་ཐོད་སྐམ་དོ་ཤལ་འཕྱང་། །རྐེད་ཕྲ་ནུ་འབུར་མངོན་རྒྱས་མཛེས་ཆགས་དང་། །གཅིག་ཅར་མི་སྡུག་ཁྲོ་ཉམས་སྟོན་པ་འདྲ། ༦ ། ཚ་སྲེག་རྣམ་པར་འབར་བའི་ཡེ་ཤེས་ཀྱི། །མེ་དཔུང་ཀློང་དཀྱིལ་དབུས་ན་རབ་འགྱིང་བ། །ར་ཡིག་དྲི་བཞོན་ཤུགས་ཀྱིས་ཉེར་བསྐྱོད་པའི། །གཏུམ་མོའི་བདེ་དྲོད་འགྲོ་ལ་ངོམ་པ་བཞིན། ༧ །རྣམ་པ་ཀུན་བྲལ་བདེ་སྟོང་མཁའ་དབྱིངས་སུ། །རྣམ་པར་བཞེངས་པའི་བཞིན་ལག་མཚན་དཔེའི་འཇའ། །རྣམ་མང་དངོས་གྲུབ་ངོ་མཚར་བྱེད་པོ་མཆོག །རྣམ་འདྲེན་ཀུན་གྱི་ཡུམ་ཅིག་ཁྱོད་ལ་བསྟོད། ༨ །དེང་ནས་འཁོར་བར་ངེས་འབྱུང་འགྲོ་བ་ཀུན། །འདྲེན་པའི་ལྷག་པའི་བསམ་པ་མི་དམན་པས། །འཁྲུལ་མེད་གསང་ཆེན་སློབ་བཤད་ཟབ་མོའི་ལམ། །ཇི་བཞིན་ཉམས་སུ་ལོངས་པར་བྱིན་གྱིས་རློབས། ༩ །མཁའ་སྤྱོད་ཉེར་བཞིའི་ཡུལ་ཀུན་རབ་རྒྱུ་བའི། །དཔའ་མོའི་ཉམས་ཀྱིས་(༡༡བ)
རོལ་བའི་འཇོ་སྒེག་ཅན། །ཁྱབ་བདག་ཧེ་རུ་ཀ་དང་མཉམ་སྦྱོར་བའི། །ཕྱི་ཡི་རྗེ་བཙུན་རྣལ་འབྱོར་འགྲུབ་པར་ཤོག །ཁྱོད་ནི་ཨ་ཝ་དྷཱུ་ཏཱིའི་གྲོང་ཁྱེར་དུ། །བདེ་བའི་རང་སྣང་ཨེ་དབྱིངས་གཟུགས་ཅན་དབུས། །ཟུང་འཇུག་སྒྲུབ་གཞི་རབ་དམར་བ་ཡིག་ཏུ། །ཤར་བའི་ནང་གི་རྗེ་བཙུན་འགྲུབ་པར་ཤོག ༡༠ །མིང་གཟུགས་བརྗོད་དུ་མེད་པ་གཉུག་མའི་སེམས། །རབ་གསལ་བློ་འདས་འཛིན་མེད་སྟོང་པའི་གཤིས། །འདོད་ནས་འཁྲུལ་པ་བྲལ་བ་ཆོས་དབྱིངས་ཀློང་། །གསང་བའི་རྡོ་རྗེ་རྣལ་འབྱོར་འགྲུབ་པར་ཤོག ༡༡ །གྲུབ་ཆེན་ དྲིལ་བུ ་པ་དང་ཀུ་སཱ་ལི། །ནཱ་རོ་ཏ་པ་འཁོན་སྟོན་བསོད་ནམས་རྩེ། །ཚར་ཆེན་རྡོ་རྗེ་འཆང་དང་མཁྱེན་བརྩེའི་དབང་། །མངོན་སུམ་རྗེས་སུ་གཟུང་བ་ཇི་བཞིན་དུ།༡༢ ། བསྐྱེད་རྫོགས་ཟབ་ལམ་མ་ལུས་ཉམས་བླངས་པས། །བདག་སོགས་རིགས་འཛིན་དབང་མོ་ཡིད་འོང་མས། །མངོན་སུམ་བྱིན་བརླབས་སྒྱུ་མའི་ལུས་དང་བཅས། །མཁའ་སྤྱོད་དགའ་བའི་ཞིང་དེར་འཁྲིད་པར་ཤོག ༡༣ །སྐལ་པ་དམན་པས་ཚུལ་དེ་མ་འགྲུབ་ན། །ཚེ་འདིའི་སྣང་བ་འགགས་ཚེ་དགའ་མ་ཁྱོད། །མངོན་སུམ་འོངས་ཏེ་རིག་པའི་ཁྱིའུ་ཆུང་། །དག་པའི་ཞིང་ཁྲིད་རྒྱལ་བའི་སྲས་སུ་བསྐྲུན། ༡༤ །མདོར་ན་ཚེ་རབས་ཀུན་ཏུ་རྡོ་རྗེའི་ཐེག །རིམ་གཉིས་ཟབ་མོའི་ལམ་དང་མི་འབྲལ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ༡༥ །ཞེས་ཇོ་བོ་ནཱ་རོ་ཏ་པའི་ཐུགས་དམ་རྟེན། ར་ཚག་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་བརྙན་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་དྲུང་དུ། བསྟོད་ཅིང་གསོལ་བ་གདབ་པ་མཁའ་སྤྱོད་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ཡང་། སེམས་ཀྱི་རྡོ་(༡༢ན)
རྗེའི་རྣལ་འབྱོར་ལ་གཞོལ་བའི་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ན་མོ་ཨཱརྱ་མཉྫུ་ཤྲེ་ཡེ། །མཁའ་ཁྱབ་དོན་དམ་ཆོས་སྐུ་ལྷ་ཡི་ལམ། །བཅུ་དྲུག་བདེ་ཆེན་མཚན་བཟང་དབང་པོའི་གཞུ། །གཉིས་མེད་གཉིས་སུ་འཆར་བའི་སྒྱུ་དྲའི་གར། །སྟོན་མཛད་འཇམ་མགོན་ཟུར་ཕུད་ལྔ་པར་འདུད། །ཆུ་སྐྱེས་འདབ་བརྒྱ་དགོད་པའི་ཟེའུ་འབྲུའི་རྩེར། །རབ་གསལ་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་སྟེང་། །གུར་ཀུམ་རྡུལ་མང་བརྩེགས་པའི་ལྷུན་པོ་ནི། །ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་བཞིན། །བཅུ་དྲུག་ལང་ཚོ་དར་བའི་འཇོ་སྒེག་ཅན། །རྒྱས་སྲས་གཞོན་ནུར་སྟོན་འདིས་རིང་མོ་ནས། །རྣམ་འདྲེན་ཀུན་གྱི་ཡབ་ཅེས་རྒན་པོའི་མཚན། །འཆང་བའི་གཏམ་འདི་ཐལ་གྱིས་བསྒྲིབ་པ་བཞིན། །མཚམས་སྤྲིན་གངས་ཀྱི་རི་བོ་པད་རཱག་བཞིན། །མདངས་དབྱིབས་གཟུགས་སྐུའི་བཀོད་པ་བྱེ་བའི་ཚོགས། །མཐའ་མེད་འཁོར་བའི་རྒྱ་མཚོ་མ་སྐེམས་བར། །གྲངས་མེད་འགྲོ་བའི་དོན་དུ་བསྟན་ལས་ཅི། །མིག་གི་བདུད་རྩིར་སྤྱོད་པའི་མཛེས་སྡུག་སྐུ། །ཕུན་ཚོགས་མཚན་དཔེའི་རི་མོ་བཀྲ་བ་གང་། །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བ། །འདི་ཀོ་སྐལ་བཟང་གདུལ་བྱའི་བསོད་ནམས་དཔྱིད། །དེ་དོན་རྟོགས་པའི་བློ་གྲོས་ཆེས་ཕྲ་རྣམས། །སྣ་ཚོགས་རིན་ཆེན་ཕྲེང་བའི་དོ་ཤལ་དང་། །པཉྩ་ལི་ཀའི་དར་གྱི་ཤམ་ཐབས་ལ། །བསྔགས་བརྗོད་དར་དིར་སྒྲོག་པར་ངལ་བའི་གནས། །སྲིད་ཞིའི་རྒུད་པ་མིག་སྨན་ལྟར་གནག་པ། །མཐར་བྱེད་ནཱ་དའི་སྒྲ་དབྱངས་རྟ་ལྗང་ཅན། །རྒོལ་ངན་སྨྲ་བའི་ཀུ་མུད་(༡༢བ)
ཟུམ་པ་དང་། །དཔྱོད་ལྡན་བློ་གྲོས་པད་དཀར་འཛུམ་གྱིས་བསུ། །དམ་པའི་ཆོས་ཀྱི་རྒྱུད་མང་འཁྲོལ་བའི་གླུ། །སྐལ་བཟང་རྣ་བར་འཇེབས་པ་ཚངས་པའི་གསུང་། །ཆེས་ཆེར་རྨོངས་པའི་འགྲོ་ལ་བྲག་ཅའི་སྒྲ། །མི་བཟད་བདུད་སྡེའི་སྙིང་ལ་ཆར་པ་བཞིན། །ཆུ་ཀླུང་གཅིག་ལས་རྣག་ཁྲག་བདུད་རྩི་སོགས། །སྣ་ཚོགས་དུ་མར་སྣང་ཞིང་དོན་བྱེད་པ། །ཀུན་རྫོབ་འཁྲུལ་པའི་ཆོས་ཀུན་དོན་དམ་དབྱིངས། །མ་རྙེད་དབུ་མའི་ལམ་བཟང་སྟོན་པ་བཞིན། །སྐད་ཅིག་ཙམ་ལ་རྒྱ་ཆེར་ཤེས་བྱའི་མཐའ། །འཇལ་ནས་ཟབ་ཡངས་ཐུགས་ཀྱི་རྒྱ་མཚོ་ཆེར། །གྲངས་མེད་ཆོས་ཀྱི་རི་བོང་འཛིན་པའི་གཟུགས། །མི་འཆར་ལྐོག་ཏུ་གྱུར་དེ་དེ་ག་རེ། །ཕུལ་བྱུང་ཐུགས་རྗེ་ལངྐའི་བདག་པོའི་གཟུགས། །བློ་ལྡན་སྙིང་གི་རིན་ཆེན་རྩིག་ངོས་ལ། །ཤར་ཚེ་ལྔ་རིག་ཧ་ནུ་མནྠ་གང་། །དགའ་བའི་ཟློས་གར་བསྒྱུར་ལ་ཅི་ཡང་བྲེལ། །ཆོས་བརྒྱད་འབོད་གྲོགས་འཕྲུལ་གྱིས་ཉེར་དྲངས་པའི། །དམ་པའི་ཆོས་ཀྱི་སོ་ཏྲ་དོར་བྱས་ནས། །འདིར་སྣང་རི་དྭགས་བསྙེགས་ལ་མགོན་ཁྱོད་ཀྱིས། །མི་ཕན་བྱང་བསྟན་ཕུག་པར་ཉི་ཟེར་བཞིན། །གཏན་གྱི་སྐྱབས་སུ་གསོལ་ན་སྨོས་ཅི་འཚལ། །ཅུང་ཟད་དྲན་པས་ཕན་བདེའི་ལེགས་ཚོགས་རྣམས། །སྩོལ་མཛད་འདོད་པའི་རེ་སྐོང་དབང་གི་རྒྱལ། །སྔོན་མེད་ཡིད་བཞིན་ནོར་བུ་གཞན་ན་སུ། །འགྲོ་བའི་དབང་པོར་འཚམ་པའི་འཕྲིན་ལས་ཀྱི། །ཕ་མཐའ་ཀུན་གསལ་བུ་མོའི་འགྲམ་པ་ལ། །འཇལ་བྱེད་འཛད་པ་མེད་པའི་ཞགས་པ་ཡིས། །སྲིད་དང་ཞི་བའི་དངོས་ཀུན་གཅིག་ཏུ་བཅིངས། །ཕྲ་ཞིང་རྣམ་པར་དཔྱོད་པའི་མཁྱེན་པའི་སྤྱན། །དཀྱུས་རིང་ཟུར་གྱིས་འཕངས་པའི་(༡༣ན)
ཉག་ཕྲག་གྱིས། །མཐའ་མེད་ཁེངས་ལྡན་ཤེས་བྱ་ལུས་ཕྲ་མ། །ཀུན་ཡིད་དགའ་བའི་འཛུམ་དང་བཅས་ཏེ་བསུ། །བརྩེ་ཆེན་དཔྱིད་ཀྱི་དཔལ་མོའི་མངལ་ཡངས་ནས། །ལྷག་བསམ་ཆུ་འཛིན་གསར་པའི་ལང་ལོང་ཅན། །རླབས་ཆེན་སྤྱོད་པ་མཆོག་གི་ཆར་རྒྱུན་གྱིས། །ཕན་དང་བདེ་བའི་མྱུ་གུ་གཡུར་དུ་ཟ། །དབང་ཕྱུག་མིག་ལས་སྤར་བའི་མེ་དཔུང་གིས། །ཉག་ཕྲན་བདག་པོ་བཅོམ་པ་ངེས་པར་བརྫུན། །བདེན་ན་ཁྱོད་ཀྱི་ནུས་མཐུའི་ཐོག་མདའ་ཡིས། །ནག་པོའི་ཕྱོགས་རྣམས་ཅིག་ཅར་བཅོམས་མིན་ནམ། ཁྱོད་དང་མ་ལ་ཡར་སྐྱེས་ལྗོན་པ་གཉིས། །མི་ཤེས་ཚ་གདུང་འཇོམས་ལ་མཚུངས་ན་ཡང་། །མགོན་ཁྱོད་ཉེས་པའི་སྐྱོན་བྲལ་ངག་གི་ལྷ། །ཙན་དན་ཤིང་དེ་གདུག་པའི་སྦྲུལ་གྱིས་འགྲིལ། །ཨེ་མ་ངོ་མཚར་མཁའ་ལ་ཉི་ཟླ་ཟུང་། །ཆོས་བཟང་ལྷ་ཡི་འདུན་སར་མིག་སྟོང་ཅན། །གྲངས་མེད་རྐང་འཐུང་ཁྲོད་ན་ཡོངས་འདུའི་ལྗོན། །རྒྱལ་སྲས་འཕགས་ཚོགས་དབུས་ན་འཇམ་དབྱངས་ཁྱོད། །མཆོག་དམན་ཀུན་ལ་ཉེ་དང་རིང་མེད་པར། །གསོལ་བ་བཏབ་པ་ཙམ་གྱིས་འདོད་པའི་དོན། །ལྷུན་གྲུབ་རེ་བ་མ་ལུས་སྐོང་བྱེད་པའི། །ཡིད་བཞིན་ནོར་བུ་ཀླུ་དབང་གཙུག་ན་མཛེས། །རྣམ་པར་འབྱེད་པའི་ཤེས་རབ་རལ་གྲི་ཡིས། །མི་ཤེས་རྨོངས་པའི་དྲྭ་བ་བཅད་པ་དང་། །ལྷན་ཅིག་འཁོར་བ་སྡུག་བསྔལ་ཀུན་གྱི་རྒྱུ། །ངལ་ཏེ་འགྲོ་རྣམས་བདེ་བ་ཆེན་པོར་ཁྲིད། །གང་གི་གསང་གསུམ་བྱིན་རླབས་བདུད་རྩིའི་རྒྱུན། །སྐྱེ་དགུའི་ཡིད་ཀྱི་ཡོལ་གོར་འཁྱིལ་བ་ན། །ཤེས་ལྡན་དད་པའི་བསྟོད་བསྔགས་ཟིལ་མངར་ཆུ། །མགོན་ཁྱོད་ཐུགས་ཀྱི་པདྨའི་ཟེ་འབྲུར་བབས། །མཐའ་བྲལ་རླབས་ཆེན་མཛད་པ་མཆོག་གི་ནོར། །ཆུ་(༡༣བ)
བུར་སྤུངས་པ་གཅིག་ཏུ་ཤོང་བའི་སྣོད། །སྤྲུལ་ལ་འཇིག་རྟེན་མེས་པོ་ངལ་གྱུར་ན། །སྲིད་གསུམ་འདི་ཡང་ད་གདོད་ཆུང་ངུར་འཁུམས། །ཆོས་ཕུང་རྒྱ་མཚོར་ཤར་བའི་པུ་སྟ་ཀ །ཕྲག་གོང་ཨུཏྤལ་འདབ་སྟེང་མངོན་ཆགས་པ། །ལྟ་ཕྱིར་ལྷུན་པོ་ཉི་ཟླའི་སྒྲོན་མེ་ཟུང་། །བཏེག་ནས་ངལ་མེད་བལྟ་བར་ཆས་པ་བཞིན། །ཐབས་ཤེས་ཟུང་འཇུག་རྒྱུད་ལས་དྲངས་པའི་མདས། །གཏི་མུག་སྙིང་ག་ཕུག་པའི་ཁྲག་གི་རྒྱུན། །འགྲོ་ལ་རྗེས་ཆགས་དམར་བའི་འོད་གཟི་ལ། །ཐུན་མཚམས་མདངས་སུ་བྱེད་པོས་བཏགས་སམ་སྙམ། །རྒོད་མ་ཁ་ལ་འགྲན་བཟོད་ཞབས་སེན་གྱིས། །འཇམ་མཉེན་ཆུ་སྐྱེས་འདབ་མ་བསྲེག་གོ་ཞེས། །རི་བོང་འཛིན་དེ་ཚ་བའི་གདུང་སེལ་སླད། །མཁའ་ལས་བབས་ནས་སྟན་དུ་འོངས་པ་བཞིན། །ཆོས་ཀུན་མཁྱེན་ཀྱང་སློབ་པ་འཕགས་པའི་ཚུལ། །དྲང་པོའི་སྐུ་ཡང་འཁྱོག་པོའི་འགྱིང་བག་ཅན། །ཞི་ཞིང་དུལ་ཡང་བདུད་སྡེའི་ཚོགས་ལ་ཁྲོ། །ཀུན་ལ་བརྩེ་ཡང་སྐལ་ལྡན་རྗེས་སུ་འཛིན། །མགོན་ཁྱོད་ཐུགས་རྗེའི་ཟེགས་མ་མ་འདྲིས་པའི། །ལུས་ཅན་རྣམས་ལ་འཇུག་པ་རྫུན་གཏམ་སྟེ། །ཙནྡྲ་གོ་མི་མཁས་པའི་མཐར་སོན་ཡང་། །ད་དུང་སྐྱེ་དགུ་ཕལ་ཆེར་རྣམ་པར་རྨོངས། །འགྲོ་ཀུན་འཛུམ་གྱིས་བསུ་བའི་ཞལ་གྱི་ཁྱིམ། །གུར་ཀུམ་གསར་པའི་མདངས་ལ་དམར་འོད་ཅན། །འཁོར་བའི་ཕ་རོལ་འཚོལ་བའི་སྤྱན་གྱི་དཀྱུས། །སྲིད་དང་ཞི་བའི་མཐའ་ལས་རྣམ་པར་བརྒལ། །ཡིད་འོང་གདུབ་སིལ་འཁྲོལ་བའི་སྙན་པོའི་སྒྲ། །རྣ་བའི་བདུད་རྩིར་བྱེད་པའི་ལུས་དཀར་ཅན། །ཡིད་བཞིན་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས། །རྩེད་འཇོར་རོལ་པའི་འདབ་ཆགས་ངང་པ་སུ། །རྒྱལ་བ་རྣམས་ཀྱི་མཁྱེན་པའི་ཕུང་པོ་དང་། །(༡༤ན)
ཁྱོད་ཀྱི་རྣམ་པར་ཡངས་པའི་བློ་གྲོས་གཉིས། །འཇིག་རྟེན་མེས་པོས་སྲང་ལ་བཏེག་པ་ན། །ལྕི་དང་ཡང་བའི་གོ་སྐབས་མེད་འདི་མཚར། །དཔལ་ལྡན་སྟོབས་བཅུའི་རྩལ་འཆང་འདྲེན་པ་ཀུན། །ཀུན་དགའི་ལེགས་བཤད་སྤེལ་ཕྱིར་རྒྱལ་བའི་སྲས། །སྲས་བཅས་རྣམས་ཀྱི་གཙུག་ན་མཐོ་བའི་ལྷ། །ལྷ་མཆོག་འཇམ་དཔལ་དབྱངས་ཞེས་གྲགས་པ་འབར། །ངག་གི་དབང་པོ་དབང་ཕྱུག་བརྒྱད་ལྡན་པ། །ཐམས་ཅད་མཁྱེན་དེ་མཁྱེན་བརྩེ་ནུས་པའི་དཔྱིད། །སྒྲིབ་གཉིས་ལས་བྲལ་ལས་ཅན་འགྲོ་བའི་མགོན། །མཆོག་གི་དངོས་གྲུབ་དངོས་སུ་སྩོལ་ལ་མཁས། །མཚམས་སྤྲིན་མདངས་འཛིན་འཛིན་མ་ཡོངས་ཀྱི་རྒྱན། །རྒྱན་ཕྲེང་གིས་མཛེས་མཛེས་ལྡེམ་གཞོན་ནུའི་གཟུགས། །གཟུགས་སྐུ་ངོ་མཚར་མཚར་སྡུག་མངའ་བའི་མགོན། །མགོན་པོ་འཇམ་དབྱངས་དབྱངས་བདུན་ལེགས་བཤད་འཁྲོལ། །དུང་དུང་ཡིད་ཀྱིས་རྟག་ཏུ་ལྷར་བསྟེན་ན། །བརྟན་བརྟན་སྙིང་གི་པད་མཚོར་རྟག་བཞུགས་ནས། །འགྲིག་འགྲིག་གསུང་གི་གནང་བ་ལེགས་སྩོལ་ཞིང་། །ཡང་ཡང་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་མཛད། །ལྡེམ་ལྡེམ་པདྨ་འདབ་མ་རྒྱས་པའི་དབུས། །དཀར་དཀར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །མཛེས་མཛེས་གཅིག་ཏུ་བསྡུས་པའི་མཚན་དཔེའི་སྐུ། །གསལ་གསལ་ཀུན་རྟོག་པིར་གྱིས་ཅི་ཡང་འབྲི། །ཕ་མཐའ་མི་མངོན་ཚང་ཚིང་རྣམ་པར་འཁྲིགས། ཁ་དོག་རབ་དཀར་ཁ་བའི་རེག་བྱས་གདུངས། །ཚ་གྲང་མི་སྙོམ་ཐ་ག་པ་ཡི་ཡུལ། །ཐཀྐུ་ར་ལ་ཐོབ་བྱར་འཛིན་པ་རྣམས། །མི་ཤེས་རྨོངས་པའི་མུན་པས་ཉེར་བསྒྲིབས་པས། །མུ་མེད་སྡུག་བསྔལ་རྒྱ་མཚོའི་རྒྱུ་བསྒྲུབ་པར། །མེ་(༡༤བ)
ཏོག་བཅུད་ལ་བུང་བ་ལྟར་འཁོར་བའི། །མ་ལུས་འགྲོ་བ་དྲོངས་ཤིག་འཇམ་དཔལ་དབྱངས། །ཀ་མ་ལ་ལྟར་འཇམ་མཉེན་གཟུགས་ཀྱི་སྐུའི། ཁ་དོག་རྣམ་པར་བཀྲ་བའི་བཀོད་པ་དང་། །ག་བུར་ངད་ལྟར་གདུང་སེལ་ཐུགས་རྗེའི་ཕྱག །ང་རྒྱལ་ཅན་གྱི་འགྲོ་བའི་གཙུག་ན་ཁྱོངས། །ཅ་ཅོ་ལེགས་པར་བཤད་པའི་དབྱངས་སྙན་པོ། །ཆ་ཤས་རེས་ཀྱང་ཡིད་དང་རྣ་བ་ལ། །ཇ་དཀར་བཏུང་བས་རིག་པའི་མདངས་གསལ་ལྟར། །ཉ་རྒྱས་ཟླ་བཞིན་བློ་གྲོས་འཕེལ་བར་མཛོད། །ཏ་ལའི་གླེགས་བམ་རྒྱ་གར་མཁས་པའི་གཞུང་། །ཐ་ན་ཆུང་ངུའི་དཀའ་གནད་ཙམ་ལ་ཡང་། །ད་ལྟ་ཐོགས་མེད་སྨྲ་བའི་སྤོབས་པ་མཆོག །ནཱ་གཱ་རྫུ་ནའི་རྣམ་དཔྱོད་དང་མཚུངས་མཛོད། །པ་སངས་ལྟར་དཀར་མཁས་པའི་བྱ་བ་ཀུན། །ཕ་རོལ་རྒོལ་བ་ཟིལ་གྱིས་གནོན་ནུས་པ། །བ་ལང་དབུས་ན་ཁྱུ་མཆོག་ཇི་བཞིན་དུ། །མ་ལུས་ཤེས་ལྡན་རྣམས་ཀྱི་མགོན་དུ་མཛོད། །ཙ་ན་ཡིན་ཀྱང་དངོས་སུ་ཞལ་བསྟན་ནས། །ཚ་ཟེར་ཅན་དང་པདྨ་ཇི་བཞིན་དུ། །ཛ་ཡའི་གསུང་རབ་ཀུན་ལ་ལྟ་བའི་མིག །ཝ་ལེར་གསལ་བའི་ཤེས་རབ་རྒྱས་པར་མཛོད། །ཞ་ཡིག་ལྟར་འཁྱིལ་འཁོར་བའི་རྒྱ་མཚོའི་ནང་། །ཟ་བྱེད་ཉོན་མོངས་ཆུ་འཛིན་གདུག་པས་གཙེས། །འ་འུར་མི་ཟད་སྡུག་བསྔལ་ལྡན་པ་རྣམས། །ཡ་མཚན་དག་པའི་ཞིང་དུ་ཁྱོད་ཀྱིས་དྲོངས། །ར་བ་མེད་པའི་ཕུག་པའི་བླུན་སྒོམ་དང་། །ལ་ལུང་འཁྱམས་པའི་རྟོག་གེ་ཁ་བཤག་མཁན། །ཤ་ཁྲག་སྡིག་ལ་རོལ་པའི་ཀླ་ཀློའི་སྡེ། །ས་ཡི་རྡུལ་ལྟར་ཁྱབ་རྣམས་རྗེས་སུ་བཟུང་། །ཧ་ཅང་དུས་ངན་སྙིགས་མའི་མཐར་ཐུག་འདིར། །ཨ་དོན་སྐྱེ་མེད་རྟོགས་པ་ཉིན་སྐར་ཙམ། །ཧ་ལའི་དུག་འདྲའི་གནས་ངན་(༡༥ན)
ལེན་གྱི་རྒྱུ། །ཨ་མྲའི་འབྲས་ལྟར་མྱོང་རྣམས་རྗེས་བརྩེར་མཛོད། །ད་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། །རྒྱས་སྲས་གཞོན་ནུའི་ཚུལ་འཛིན་ངག་གི་ལྷ། །དྲན་པས་རྣམ་འདྲེན་རིན་ཆེན་གླིང་མཆོག་ཏུ། །འཁྲིད་པའི་དེད་དཔོན་བརྟན་པའི་འཁོར་ལོ་དགོངས། །མི་འཕྲོགས་དད་པའི་ཤིང་རྟས་རབ་དྲངས་པའི། །ཤུགས་དྲག་སྨོན་ལམ་དཀྱིལ་འཁོར་རྟ་ལྗང་ཅན། །སྙན་འགྱུར་ཚིག་གི་མཁའ་ལ་ཉེར་འཕགས་ན། །ཐུགས་རྗེའི་པད་དཀར་འདབ་མ་འཛུམ་ལས་ཅི། །བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །ཉོན་མོངས་དུག་གསུམ་དྲག་པོའི་ནད་ཀྱིས་གཙེས། །གནས་ངན་ལེན་པའི་རྒྱུ་ཡི་ཁུར་ཆེན་བླངས། །བླང་དང་དོར་བྱར་བལྟ་བའི་བློ་མིག་ལྡོངས། །མངོན་མཐོ་ངེས་ལེགས་ལམ་ལས་རྒྱབ་ཀྱིས་ཕྱོགས། །མི་བཟད་ངན་སོང་གཡང་སར་གོམ་པ་འཕྱན། དགེ་བའི་ལས་ཀྱི་འཁར་བའི་རྟེན་དང་བྲལ། །ཉམ་ཐག་སྙིང་རྗེའི་གནས་སུ་གྱུར་རྣམས་ལ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཏན་གྱི་སྐྱབས་གནས་དམ་པ་སུ་ལ་རེ། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས་ལྡན་པའི། །སྙན་པོའི་གཏམ་ཡང་མིང་གི་ལྷག་མར་ཟད། །ཆེས་ཆེར་སྙིགས་མ་ལྔ་ཡིས་ཉེར་སྒྲགས་པའི། །ཧ་ཅང་འདུལ་བར་དཀའ་ཞེས་བཏང་སྙོམས་སུ། །འཇོག་ན་བགྲོད་པར་དཀའ་བའི་ཆུ་བོ་ལ། །མི་ཕན་གྲུ་དང་ཟམ་པས་ཅི་ཞིག་བྱེད། །འགྲོ་བའི་ཁམས་དང་བསམ་པ་བག་ལ་ཉལ། །ཇི་བཞིན་རྟོགས་ནས་རྗེས་སུ་འཛིན་པ་ལ། །རྨད་བྱུང་མཁྱེན་པའི་ཡོན་ཏན་མཐའ་ཡས་པ། །རྒྱལ་སྲས་དམ་པ་ཁྱོད་ལ་ལྷག་པར་མངའ། །འགྲོ་བ་ཀུན་ལ་རང་གི་བུ་གཅིག་ལྟར། །རྣམ་པར་བརྩེ་བས་ཅུང་ཟད་ཙམ་དུའང་། །ཡལ་བར་མི་(༡༥བ)
འདོར་སྙིང་རྗེ་ཆེན་པོ་ནི། །རྗེ་བཙུན་ཁྱོད་ཀྱི་རྒྱུད་ལ་རྟག་ཏུ་ལྡན། །གཞན་ལ་ཕན་ན་དམྱལ་བའི་མེ་དོང་དུ། །འཇུག་པར་མཚོ་དང་རྫིང་བུར་ངང་པ་ལྟར། །དགའ་ཞིང་སྤྲོ་བའི་ནུས་ལྡན་ལྷག་པའི་སེམས། །འཕགས་ཆེན་དམ་པའི་ཡུལ་ལས་གཞན་དུ་ཅི། །སྐྱེ་དགུའི་མགོན་སྐྱབས་དཔུང་དང་གཉེན་གྱུར་པའི། །ཡོན་ཏན་ཀུན་ཚང་དམ་པ་ཁྱེད་རྣམས་ཀྱིས། །འགྲོ་རྣམས་ཡལ་བར་འདོར་ན་སྐྱབས་གནས་མཆོག །གསུང་རབ་མང་པོར་བཤད་པ་རྫུན་དུ་བས། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་ཞགས་པ་ཡིས། །ལུས་ཅན་མཐའ་དག་མི་གནས་མྱང་འདས་མཆོག །རང་གཞན་དོན་གཉིས་སྒྲུབ་པའི་གཏན་བདེའི་གཞིར། ཁྲིད་ཅིག་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས། །ལུགས་གཉིས་ཨུཏྤལ་འཁྲིགས་པའི་རྫིང་བུ་ལ། །རྨོངས་པའི་གླང་ཆེན་རྒྱུ་བའི་གོམ་སྟབས་ཀྱིས། །ཕན་བདེའི་ཡལ་འདབ་འདམ་ལྟར་རྫི་བ་ལ། །དྲན་འཛིན་ལྕགས་ཀྱུས་ཐུལ་ཞིག་འཇམ་དཔལ་དབྱངས། །མེ་ཏོག་མདའ་ཡིས་དགེ་བའི་སེམས་ཀྱི་སྙིང་། །མངོན་པར་ཕུག་པའི་རི་དྭགས་ཤ་ར་བྷ། །ཕུལ་བྱུང་བྱིན་རླབས་དཔྱད་ཀྱིས་རབ་ཕྲལ་ནས། །ལོག་སྤྱོད་ཟུག་རྔུ་ཆོམ་ཤིག་འཇམ་དཔལ་དབྱངས། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གཞུང་། །སྐར་རྩིས་བཅུ་ཕྲག་རིག་པའི་གནས་རྣམས་ཀུན། །འཆད་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། །མཐའ་ཀླས་གཙུག་ལག་མངོན་པར་འཁྱིལ་བའི་ཆུ། །ལོག་རྟོག་ཉེས་བཤད་རྙོག་མའི་ལང་ལོང་ཅན། །རིག་ལམ་ནོར་བུ་ཀེ་ཏ་ཀས་དྲུངས་པའི། །རྩོད་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། །ཕྱི་ནང་གསང་བའི་གཞུང་ལུགས་(༡༦ན)
མ་ལུས་པ། །ཉུང་དུ་སྤེལ་དང་རྒྱ་ཆེན་སྙིང་པོར་བསྡུ། །མ་ཆད་ཁ་འགེང་གབ་དཀྲུགས་བསྡེབ་པ་སོགས། །རྩོམ་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། །བློ་གྲོས་དྲི་མ་མེད་པའི་ཨཱ་དཪྴར། །ཅུང་ཟད་ཙམ་ལ་གསུང་རབ་བྱེད་བའི་གཟུགས། །ཐོགས་མེད་འཆར་བའི་འཛིན་དང་མི་བརྗེད་པའི། །གཟུངས་ཀྱི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཕྱོགས་རེས་མི་ངོམས་ལེགས་པར་བཤད་པའི་ཚིག །ལུས་ཕྲའི་འགྲམ་པའི་ཆང་གི་ཐིགས་པས་ཀྱང་། །ཡོན་ཏན་བ་ཀུ་ལ་ཡི་ཁ་འབྱེད་པའི། །ཐོས་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཚིག་ཙམ་མ་ཡིན་དེ་དོན་དཀའ་བའི་གནད། །ཀུན་ལ་ཞིབ་མོར་བརྟགས་ཞིང་ཉེར་དཔྱད་པས། །ཡང་དག་དོན་ཀྱི་ངེས་པ་གཏིང་རྙེད་པའི། །བསམ་པའི་དངོས་གྲུབ་སྩོལ་ཅིག་འཇམ་དབྱངས། །སྡེ་སྣོད་གསུམ་དང་རྡོ་རྗེ་རྣལ་འབྱོར་སོགས། །ཟབ་མོའི་ལམ་རྣམས་རྒྱུད་ལྡན་བླ་མ་ཡི། །མན་ངག་ཇི་བཞིན་ཉམས་སུ་རབ་ལེན་པའི། །སྤོབས་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་མཆོག །དབྱར་གྱི་ལྗོན་པའི་ལོ་འདབ་ལྟར་རྒྱས་ཤིང་། །སེམས་ཅན་མཐའ་དག་སྐྱིད་པའི་གྲིབ་བསིལ་ལ། །ཡུན་རིང་འཚོ་ཞིང་སྐྱོང་ཅིག་འཇམ་དཔལ་དབྱངས། །གསོལ་འདེབས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །དུས་གསུམ་དགེ་བའི་སྒྲ་དབྱངས་སྙན་པོ་ཅན། །འགྲོ་རྣམས་ཡིད་ཀྱི་གདུང་སེལ་བདུད་རྩིའི་བཅུད། །རྒྱལ་ཀུན་མཆོད་པའི་རོལ་མོས་མཉེས་གྱུར་ཅིག །ཅེས་འཕགས་པ་འཇམ་དཔལ་དབྱངས་ལ་བསྟོད་པ་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་ཏམྦྷུ་རའི་རྒྱུད་མང་ཞེས་པ་འདི་ནི་དགའ་ཞིང་ཆོས་རྗེ་རྒྱལ་ཡགས་རབ་འབྱམས་(༡༦བ)
པ་གྲགས་པ་རྒྱལ་མཚན་དང་། །ཟུང་ཆུ་རབ་འབྱམས་པ་འཕྲིན་ལས་སོགས་ཀྱིས་བསྐུལ་བའི་ངོར། སློབ་དཔོན་དཎྜིའི་གཞུང་ལུགས་སྦྱངས་ནས་ཅུང་ཟད་ཤེས་པ་ལ་བརྟེན་སྙན་ངག་མཁན་པོར་རློོམས་པ་ཟ་ཧོར་གྱི་རིགས་ལས་ཨཝ་དྷུ་ཏཱི་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ། ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པའི་ལྡུམ་བུ་བས། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ཀྱི་ཉིན། རྒྱ་ནག་གི་སའི་ཆ་རི་བོ་རྩེ་ལྔ་དང་ལེ་དབར་བདུན་བརྒྱས་བར་ཆོད་པའི་ཕོ་བྲང་པེ་ཅིང་གི་ཉེ་འདབས་སུ་ཇ་སྦྱོར་གསུམ་གྱི་ཡུན་ལ་འགྲུབ་པར་སྦྱར་བའི་ཡི་གེ་པ་ནི་སྨོན་འགྲོ་པཎ་ཆེན་ནོ། །ན་མཿ ཤཱཀྱ་མུ་ནེ་ཡེ། །འཛམ་བུའི་གསེར་སྦྱངས་ལས་གྲུབ་ས་འཛིན་དབང་། །མཚན་དཔེའི་དྲྭ་བས་འཁྱུད་པའི་གཟུགས་ཀྱི་སྐུ། །མཐོང་བས་དོན་ལྡན་ངེས་ལེགས་ལ་སྦྱོར་བའི། །རྒྱལ་བ་ཟས་གཙང་སྲས་པོར་གསོལ་བ་འདེབས། །གང་གི་མགུར་ནས་གཞོམ་མེད་ནཱ་དའི་སྒྲ། །དམ་པའི་ཆོས་ཀྱི་དབྱངས་སུ་སྒྲོག་པའི་གླུ། །ཐོས་པས་སྲིད་ཞིའི་གདུང་སེལ་ཐོས་འཛིན་རྒྱན། །ཡན་ལག་དྲུག་ཅུའི་གསུང་ལ་གསོལ་བ་འདེབས། །ཀུན་གསལ་ཞགས་པས་འཆིང་བར་ནུས་མིན་པའི། །རྒྱ་ཆེན་ཕ་མཐའ་བྲལ་བ་ཤེས་བྱའི་ཁྱོན། །མངོན་སུམ་གཟིགས་པའི་ཡེ་ཤེས་མཆོག་གི་ཐུགས། །རྣམ་པ་ཐམས་ཅད་མཁྱེན་ལ་གསོལ་བ་འདེབས། །འོག་མིན་གནས་སུ་སྐུ་གསུམ་མངོན་གྱུར་ཀྱང་། །འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི། །ཚུལ་བསྟན་འགྲོ་བ་འདྲེན་པའི་ཐབས་མཁས་ཅན། །ཀུན་མཁྱེན་ཉི་མའི་གཉེན་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་(༡༧ན)
བཏབ་པའི་བྱིན་རླབས་ཀྱིས། །ཚེ་རབས་ཀུན་ཏུ་སངས་རྒྱས་བསྟན་པ་ལ། །ཞུགས་ནས་དེ་དོན་ཚུལ་བཞིན་ཉམས་བླངས་པས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བསྟོད་པའི་རིམ་པ་འདི་ནི། སུ་ཉིད་ཨུ་ཆིན་ཝང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་ཉལ་ཁར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ན་མོ་ཨཱརྱ་མེ་ཏྲེ་ཡེ། །ངོ་མཚར་ཡིད་ལ་ཀུན་ནས་དགའ་བའི་དཔྱིད། །རྨད་བྱུང་དམ་པའི་ཆོས་ཀྱི་དཔལ་འཛིན་པའི། །གྲངས་མེད་ལེགས་བྲིས་ཚོགས་ཀྱི་ཅོད་པན་ཅན། །རྒྱལ་ཚབ་མི་ཕམ་དབང་པོས་འགྲོ་འདི་སྐྱོངས། །མཐོང་བས་དོན་ལྡན་མཚན་དཔེར་ལྡན་པའི་སྐུ། །ཐོས་པས་རྣ་བའི་བཅུད་ལེན་ཚངས་པའི་གསུང་། །དྲན་པས་སྲིད་ཞིའི་གདུང་སེལ་ཀུན་མཁྱེན་ཐུགས། །གསང་གསུམ་རྡོ་རྗེའི་ངོ་བོར་གསོལ་བ་འདེབས། །གསེར་གྱི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གཟི་འོད་ཅན། །རིན་ཆེན་ཁྲི་སྟེང་བཟང་པོའི་བཞུགས་སྟངས་ཀྱིས། །འགྲོ་ཀུན་ཐར་པའི་གྲོང་དུ་བསུ་བ་བཞིན། །ཕྱག་གཉིས་ཆོས་འཆད་མཛད་པའི་མཐེབ་སྲིན་གྱིས། །ལེགས་བཟུང་མཉེན་འཇམ་ཆུ་སྐྱེས་ལྕུག་ཕྲན་རྩེར། །ཕང་ཕུང་འདབ་བརྒྱ་དགོད་པའི་ཟེའུ་འབྲུ། །རྣ་གོང་ཨུཏྤལ་ཕོན་པོའི་དཔེ་ཟླར་བྱས། །འགྲོ་ལ་རྗེས་སུ་ཆགས་པའི་སྤྱན་གྱི་དཀྱུས། །རིང་པོ་འཁོར་བའི་ཕ་མཐར་རྫོགས་མིན་ཞེས། །སྲིད་པའི་འགྲོ་རྣམས་ཁྱོད་ཀྱིས་འདྲེན་པ་ཡི། །ཕུལ་བྱུང་དམ་བཅའི་ཁུར་ཆེན་ངོམ་པ་འདྲ། །ཨུ་དུམ་ཝ་རའི་དཔལ་འཛིན་མཆུ་སྒྲོས་ཀྱི། །འཛུམ་དབུས་ཚེམས་ཕྲེང་དཀར་པོའི་ཀེ་ས་ར། །རྨད་(༡༧བ)
བྱུང་ཕན་བདེའི་དགའ་སྟོན་རིང་པོ་ནས། །བསུས་ཏེ་བསྐལ་བཟང་འགྲོ་ལ་སྟེར་པ་བཞིན། །དེ་ལྟར་ཕུན་ཚོགས་ཡོན་ཏན་རྒྱ་མཚོའི་གཏེར། །མི་ཕམ་མགོན་དེའི་སྐུ་བརྙན་བཞེང་པ་དང་། །མཆོད་བསྟོད་གསོལ་བ་འདེབས་པའི་སྐྱེ་བོ་ཀུན། །མ་སྨད་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གནས་སྐབས་དམ་ཆོས་བསྒྲུབ་པའི་ནད་གདོན་བགེགས། །བར་ཆད་ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་འདིའི་སྣང་བ་འགག་པར་གྱུར་པའི་ཚེ། །དགའ་ལྡན་གནས་སུ་སྐྱེལ་བར་མཛད་དུ་གསོལ། ཁྱད་པར་དགེ་བཅུ་རྫོགས་པར་སྤྱོད་ལྡན་པའི། །བརྒྱད་ཁྲིའི་ཚེ་ལོར་གྱུར་ཚེ་འཛམ་གླིང་འདིར། །མགོན་ཁྱོད་ཆོས་འཁོར་བསྐོར་བའི་གདུལ་བྱ་ཡི། །ཐོག་མར་སྐྱེས་ནས་བྱང་ཆུབ་བསྒྲུབ་པར་ཤོག །ཅེས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བའི་ཚིགས་སུ་བཅད་པ་འདི་ནི། དངོས་སྟོབས་རིགས་པ་སྨྲ་བ་བདེ་ཡངས་གྲྭ་ཚང་གི་སློབ་དཔོན་ཕུན་ཚོགས་མཆོག་ལྡན་གྱིས་བསྐུལ་བའི་ངོར། །ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ངག་དབང་འཕྲིན་ལས་སོ། །འཇམ་མཉེན་པད་མའི་འདབ་མ་རབ་རྒྱས་པའི། །ཟེའུ་འབྲུའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་སྟེང་། །ལྡེམ་ལྡེམ་ཡིད་འོང་མཛེས་པ་ལྷ་མོའི་སྐུ། །རྒྱལ་བ་ཀུན་གྱི་ཡུམ་དེར་གསོལ་བ་འདེབས། །མར་གད་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉི་མ་འབུམ་གྱིས་འཁྱུད་པའི་གཟི་འོད་ཅན། །ཞལ་ཁྱིམ་འཛུམ་གྱིས་འགྲོ་བ་མ་ལུས་པའི། །དབུགས་དབྱུང་ཕན་བདེ་སྩོལ་བའི་མཆོག་སྦྱིན་མཁན། །འཇའ་ཚོན་ལྟར་བཀྲ་མ་འདྲེས་སྤྱན་གྱི་དཀྱུས། །འགྲོ་ལ་རྗེས་སུ་བརྩེ་བས་རིང་(༡༨ན)
པོར་བརྐྱངས། །ཨུཏྤལ་སྔོན་པོའི་ཚལ་ལ་འགྲན་བཟོད་པའི། །སྨིན་མའི་འཁྲི་ཤིང་གཡོ་བའི་ཟློས་གར་བསྒྱུར། །བུང་བ་ལྟར་གནག་དབུ་སྐྲའི་ཐོར་ཚུགས་ནི། །གསིལ་བུར་བབས་པས་ཕྲ་ལྡེམ་རྐེད་སྐབས་ནོན། །རབ་དམར་མཆུ་སྒྲོས་ཅུང་ཟད་འཛུམ་པ་ཡིས། །ཐགས་བཟང་ཚེམས་དཀར་བཞི་བཅུ་ངོམ་པ་བཞིན། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་འགྲོ་བ་ཀུན། །འཇིགས་པ་བརྒྱད་ལས་ཉེ་བར་སྐྱོབ་མཛད་ཅིང་། །གཡོན་པའི་མཐེབ་སྲིན་གྱིས་བཟུང་ཨུཏྤ་ལའི། །ཕོན་པོ་རྣ་བའི་གོང་དུ་གཡུར་ཟ་ལྡེམ། །སྐྱིལ་ཀྲུང་ཕྱེད་པའི་ཉམས་དང་ལྡན་པ་ཡི། །ཞབས་ཟུང་སེན་མོའི་དམར་འོད་ཉི་གཞོན་གྱི། །མདངས་དང་ལྡན་ཡང་འཇམ་མཉེན་པདྨའི་གདན། །རྙིགས་པར་མ་གྱུར་འདི་ཀོ་ཨེ་མ་མཚར། །གསེར་སྦྱངས་བཙོ་མའི་མདངས་དང་ལྡན་པ་ལ། །སྣ་ཚོགས་རིན་ཆེན་ཕྲ་ཡི་རྒྱན་སྤྲས་པའི། །རབ་སྙན་སིལ་སིལ་གདུ་བུའི་སྒྲ་ལྡན་པ། །འཆི་མེད་ལྷ་མོའི་ཚོགས་ཀྱི་མཛེས་པ་འཕྲོག །སྐུ་སྟོད་འཇམ་མཉེན་དར་གྱི་ན་བཟའ་ཅན། །པཉྩ་ལི་ཀའི་གོས་བཟང་རྣམ་པར་མཛེས། །རྐེད་ཕྲ་འདོད་པའི་ནུ་མ་མངོན་རྒྱས་པས། །ཟག་མེད་བདེ་ཆེན་འགྲོ་ལ་ངོམ་པ་བཞིན། །མཛེས་ཤིང་ཡིད་འོང་འཆི་མེད་ལྷ་མོའི་གཟུགས། །མཐོང་བས་དོན་ལྡན་རྒྱལ་ཀུན་འཕགས་པའི་སྐུ། །ལྟ་བས་ངོམ་པ་མེད་པ་མཚན་དཔེའི་དཔལ། །སྐལ་བཟང་མིག་གི་བདུད་རྩི་སྔ་ན་མེད། །རྒྱུད་མང་གླུ་ལས་དམ་པའི་ཆོས་ཀྱི་སྒྲ། །རབ་སྙན་རྣ་བའི་ལུས་གྱི་དགའ་སྟོན་ཅན། །རྨད་བྱུང་བརྟན་བདེ་སྩོལ་པའི་མཛའ་ན་མོ། །ཚངས་པའི་དབྱངས་སྙན་དྲུག་ཅུར་ལྡན་དེ་འཇེབས། །ཀུན་གཟིགས་ཡེ་ཤེས་མ་ལ་ཡ་ཡི་དྲི། །སྲིད་ཞིའི་ཚ་གདུང་འཇོམ་(༡༨བ)
པའི་ཆོ་ག་མཁན། །ཕན་བདེའི་རེག་བྱའི་འབྱུང་ཁུངས་གཅིག་པུ། །མ་ཕྱིས་དྲི་མ་མེད་པའི་ཨཱ་དཪྴ། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །ཅུང་ཟད་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཚེ་རབས་ཀུན་ཏུ་རྗེ་བཙུན་འཕགས་མ་ཡིས། །དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ནད་གདོན་རིམས་འཁྲུག་དུས་མིན་འཆི་བ་དང་། །སེང་གེ་གླང་ཆེན་སྨྱོན་པ་མེ་དང་སྦྲུལ། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོའི་འཇིགས་ཆེན་བརྒྱད། །མི་མཐུན་ཀུན་ལས་རྣམ་པར་བསྲུང་དུ་གསོལ། །ཚེ་དང་བསོད་ནམས་མངའ་ཐང་དཔལ་འབྱོར་སོགས། །ཕུན་ཚོགས་ལེགས་པའི་ཡོན་ཏན་མ་ལུས་པ། །དཀར་པོའི་ཕྱོགས་ཀྱི་ཆུ་ཤེལ་དབང་པོ་ཡི། །ཆ་ཤས་ཇི་བཞིན་གོང་དུ་རྒྱས་པར་མཛོད། །རིགས་བརྒྱུད་ཆུ་བོའི་རྒྱུན་ལྟར་རབ་འཕེལ་ཞིང་། །སྦྲུམ་མ་རྣམས་ཀྱང་ནད་མེད་བདེ་བར་བཙའ། །བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་པ་ཡི། །དགའ་སྟོན་སྩོལ་ཞིག་རྗེ་བཙུན་ལྷག་པའི་ལྷ། །མདོར་ན་འདི་ཕྱི་བར་དོ་ཐམས་ཅད་དུ། །རྗེ་བཙུན་སྒྲོལ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་འདོད་པའི་རེ་བ་མ་ལུས་པ། །ལྷུན་གྲུབ་ཡིད་བཞིན་ནོར་མཆོག་སྩལ་དུ་གསོལ། །ཅེས་རྗེ་བཙུན་སྒྲོལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། དཔོན་མོ་ཕུན་ཚོགས་སྒྲོལ་མས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་ར་ས་འཕྲུལ་སྣང་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ན་མ་ཨརྱ་ལོ་ཀེ་ཤྭ་རཱ་ཡ། །རྣམ་འདྲེན་ཀུན་གྱི་སྙིང་རྗེ་ཆེན་པོའི་གཟུགས། །ཕྱག་ན་པད་དཀར་འཆང་བའི་སྒྱུ་འཕྲུལ་གར། །རྒྱ་བལ་མཚམས་གྱི་ཙན་དན་ལྗོན་པ་ལས། །རང་བྱུང་གཟུགས་སྐུར་བསྟན་(༡༩ན)
ལ་གསོལ་བ་འདེབས། །རིས་མེད་འགྲོ་ལ་བརྩེ་བའི་འཛུམ་ཞལ་སྒོ། །ཕན་བདེའི་དགའ་སྟོན་བསུ་བའི་ཆོ་ག་མཁན། །མཐོན་མཐིང་དབུ་སྐྲའི་ཐོར་ཚུགས་གཡོ་བའི་རྒྱན། །རིན་ཆེན་ཅོད་པན་བཅིངས་ལ་གསོལ་བ་འདེབས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ལས་བབས་པའི། །བདུད་རྩིས་བཀྲེས་སྐོམས་འགྲོ་བའི་དབུགས་དབྱུང་ཞིང་། །གཡོན་པ་སྟ་ཟུར་ལ་བརྟེན་འགྱིང་བག་སྐུའི། །རྣམ་འགྱུར་གསལ་བར་ངོམ་ལ་གསོལ་བ་འདེབས། མཉམ་པར་བཞེངས་པའི་ཞབས་ཀྱི་སེན་མོའི་མདངས། །ཐུན་མཚམས་མཛེས་པ་འཛིན་པའི་འོད་ཟེར་གྱིས། །འདབ་སྟོང་བཞད་པའི་ཟེའུ་འབྲུར་བསིལ་ཟེར་ཅན། །ཉ་རྒྱས་སྟེང་ན་བཞུགས་ལ་གསོལ་བ་འདེབས། །འཇའ་ལྟར་བཀྲ་བའི་པཉྩ་ལི་ཀའི་གོས། །རིན་ཆེན་རྒྱན་འཕྲེང་འཁྲོལ་བའི་སྒྲ་སྙན་ཀྱང་། །མཚན་མའི་འཆིང་བ་ལས་གྲོལ་ཐུགས་རྗེ་ཆེ། །ནམ་མཁའ་ལྟ་བུར་ཁྱབ་ལ་གསོལ་བ་འདེབས། །སིང་གྷའི་གླིང་གི་ཙན་དན་སྦྲུལ་སྙིང་དབུས། །རང་བྱོན་ནམ་མཁའ་རྒྱལ་པོའི་ལུང་བསྟན་ལྟར། །སྤྲུལ་པའི་དགེ་སློང་ཕོ་ཉར་མངགས་པའི་ཚེ། གྲག་སྟོང་སྐྱེ་མེད་མཚོན་པའི་རང་སྒྲ་ལས། །མི་རྗེ་སྲོང་བཙན་སྒམ་པོའི་ཡི་དམ་དུ། །འབྱོན་པར་ཞལ་གྱིས་འཆེས་པའི་སྙིང་པོའི་དོན། །པུར་རྒྱལ་བོད་འབངས་རྗེས་སུ་འཛིན་ལགས་ན། །ཐུགས་རྗེའི་མཐུ་དཔུང་སྐྱེད་པའི་དུས་ལ་བབ། །གཡུལ་འཁྲུག་འཐབ་རྩོད་སད་སེར་བཙའ་ཐན་དང་། །མུ་གེ་ནད་རིམས་ནག་ཕྱོགས་བདུད་སྡེའི་འཕྲུལ། །དཀར་མིན་ལས་ཀྱི་འབྲས་བུ་མ་ལུས་པ། །བྱིན་རླབས་ནུས་པས་ཞི་བར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་དང་དེ་འཛིན་རྣམ་པར་འཕེལ། །མི་དབང་ཁྲིམས་ཀྱིས་མངའ་འབངས་རྫོགས་ལྡན་བཞིན། །(༡༩བ)
སྟོབས་འབྱོར་མངོན་མཐོ་ངེས་ལེགས་དོན་གཉེར་སོགས། །འདི་ཕྱིའི་མདུན་མ་འགྲུབ་པར་བྱིན་གྱིས་རློབས། །ཚེ་ཡང་རིང་པོར་གནས་ཏེ་དལ་འབྱོར་རྟེན། །དགེ་སྡིག་བླང་དོར་སྤྱད་པས་དོན་ལྡན་ཞིང་། །ཡང་སྲིད་གྲུ་འཛིན་རི་བོའི་སྤོར་བཟུང་ནས། །མགོན་ཁྱོད་སྲས་སུ་འགྱུར་བར་བྱིན་གྱིས་རློབས། །བྱམས་བརྩེའི་སྤྱན་ཟུར་རྒྱུད་ལྔའི་འགྲོ་བ་ལ། །ནམ་ཡང་གཟིགས་པ་ལྷོད་པའི་སྐབས་བྲལ་ཡང་། །འདུལ་སྐལ་སྦ་ལ་ལུས་ཅན་བདེ་སྐྱིད་ལ། །སྤྱོད་པའི་དགའ་སྟོན་སྩོལ་བར་བྱིན་གྱིས་རློབས། །ཁྱད་པར་སྙིང་ནས་གསོལ་འདེབས་ལྷུར་ལེན་རྣམས། །ཡིད་སྲུབས་གཡུལ་ལས་རྣམ་པར་རྒྱལ་བའི་རྔ། །བརྡུང་དང་ལྷན་ཅིག་ཆབ་སྲིད་བ་དན་དཀར། སྲིད་རྩེའི་བར་དུ་བསྒྲེང་བར་བྱིན་གྱིས་རློབས། །མགོན་པོ་ཁྱོད་ཀྱིས་རྒྱ་ཆེན་ཐུགས་བསྐྱེད་པར། །འོད་མཚན་སྟོང་དུ་འབར་བའི་རྒྱལ་བ་ཡིས། །ལེགས་བསྔགས་དབུགས་ཕྱུང་མཛད་པའི་བདེན་པའི་མཐུས། །བསམ་དོན་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་རང་བྱུང་འཕགས་མཆོག་ལོ་ཀེ་ཤྭ་ར་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་དགའ་སྟོན་ཞེས་པ་འདི་ནི་ཀུན་ལྡན་གྱི་ལོ་ཆུ་སྟོད་ཟླ་བར་ཟ་ཧོར་གྱི་བནྡེས་འཕགས་པ་མཆེད་ཀྱི་དྲུང་དུ་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཞིག་བགྱིས་སྐབས་མཆོག་དམན་ཀུན་ལ་ཕན་ཕྱིར་འབོལ་རྩོམ་གོ་བདེ་བར་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཚེས་བཞིའི་ཐུན་མཚམས་ཀྱི་ངེས་པ་ཞིག་ལ་སུག་བྲིས་སུ་བྱས་པ་སྭ་སྟི་སིདྷཾ། །ན་མ་ཨརྱ་ཝ་ཏ་ཡ། །མི་ཟད་ནམ་མཁའི་མཐའ་ཡི་ཚད་བཟུང་བར། །ནུས་མིན་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཕྲུལ། །རྣམ་རོལ་ཅིར་ཡང་བརྫུ་བའི་སྒྱུ་མ་མཁན། །འཕགས་མཆོག་ཝ་ཏིར་གྲགས་ལ་གསོལ་བ་འདེབས། །པད་(༢༠ན)
ཟླའི་སྟེང་ན་འགྱིང་ལྡེམ་ཐོར་ཚུགས་གིས། རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཕྱག་གཉིས་མཆོག་སྦྱིན་སྟ་ཟུར་དཀུར་བརྟེན་པའི། །འདྲེན་བྱེད་བདུད་རྩིའི་དཔལ་ལ་གསོལ་བ་འདེབས། །མ་བཅོས་བཞིན་ལག་གཟུགས་སུ་གྲུབ་པའི་སྐུ། །མ་བྲིས་ཡིད་ངོར་འགེགས་མེད་རྣམ་བཀྲ་བ། །མ་འདྲིས་ཀུན་ལ་བརྩེ་ཆེན་ཐུགས་རྗེ་ཅན། །མ་བོས་སྙིང་དབུས་འཇུག་ལ་གསོལ་བ་འདེབས། །རྒྱ་གར་ཕ་རོལ་བལ་པོའི་ཚུར་རོལ་གྱི། །ནགས་ཀླུང་དབུས་ན་ཧ་རི་ཙན་དན་ཤིང་། །འཕགས་ཆེན་རང་བྱོན་སྤྲུལ་སྐུའི་འབྱུང་གནས་ཆེ། །ལྔ་བརྒྱའི་འགྲོ་བ་འདྲེན་པར་བསྟན་ལས་ཅི། །ལྷ་གཅིག་སྲོང་བཙན་སྨིན་མཚམས་འོད་ཟེར་གྱི། །སྤྲུལ་པའི་དགེ་སློང་རྫུ་འཕྲུལ་བཀོད་པ་ཡིས། །མང་ཡུལ་སྐྱེ་རྒུའི་ཡམས་ནད་མུན་པའི་དཔུང་། །ཐུགས་རྗེའི་ཉི་མའི་འོད་ཀྱིས་བསལ་ཟིན་ནས། །པད་འབྱུང་ཟབ་གཏེར་སྦྲང་རྩིའི་རོས་མྱོས་པའི། །གླིང་པ་གསུམ་གྱི་མཚན་ལྡན་གཏེར་སྟོན་གཅིག །རིན་ཆེན་དཔལ་བཟང་བུང་བའི་ལུང་བསྟན་སྒྲར། །དབུས་འགྱུར་ལྗོངས་འདིར་འབྱོན་པར་བསྒྲགས་མིན་ནམ། །རྒྱལ་དང་དེ་སྲས་དངོས་དང་སྤྲུལ་པ་ཀུན། །གཤེགས་བཞུགས་མཛད་པ་མཐའ་དག་ལུས་ཅན་ལ། །སྨན་འགྱུར་ལས་གཞན་བཏང་སྙོམས་མ་མཆིས་པས། །བདེ་སྐྱིད་དགའ་སྟོན་ཆོ་ག་བསྟར་བར་རིགས། །ཉེ་རིང་མེད་པར་མཐོ་དམའ་ཐམས་ཅད་ལ། །ཁྱབ་པ་ཐུགས་རྗེ་ཆེན་པོའི་རྟ་ལྗང་ཅན། །ཆོས་དབྱིངས་ཟད་མི་ཤེས་པའི་མཁའ་ཀློང་དུ། །འཆར་དང་ནུབ་པ་སྤངས་པའི་དམ་བཅའ་དགོངས། །ཉམ་ཐག་འགྲོ་དྲུག་འདྲེན་ལ་སངས་རྒྱས་ལམ། །སྟོན་པའི་བསྟན་དང་དེ་འཛིན་ཀུན་རྒྱས་ཤིང་། །(༢༠བ)
ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཛིན་རིའི་འཕང་། །མངའ་འབངས་ཕན་བདེར་སྤྱོད་པར་བྱིན་གྱིས་རློབས། །དུས་མིན་འཆི་དང་འཁྲུག་རྩོད་ནད་ཡམས་རིམས། །སད་སེར་བཙའ་ཐན་མུ་གེ་འབྱུང་པོའི་གདོན། །མི་དགེའི་རྣམ་སྨིན་རྒྱུ་མཐུན་བདག་འབྲས་ཀྱི། །རྒུད་པ་མིང་ཙམ་མེད་པར་བྱིན་གྱིས་རློབས། །རིང་པོར་འཚོ་དང་མཐའ་བཞིའི་ལས་སྒོ་འདུ། །སྲིད་ཞིའི་ལེགས་ཚོགས་ཡོན་ཏན་གོང་དུ་འཕེལ། །འདི་དང་གཏན་འདུན་འགྲུབ་པའི་རྫོགས་ལྡན་གྱི། །གངས་ཅན་ལྗོངས་ཀུན་ཁྱབ་པར་བྱིན་གྱིས་རློབས། །འཕགས་མཆོག་ཁྱོད་ཀྱིས་ངན་འགྲོའི་སེམས་ཅན་རྣམས། །དབུགས་དབྱུང་མཐོ་རིས་ལམ་ལ་རབ་བཀོད་དེ། །ལྷ་མིའི་རྟེན་བཟང་རྙེད་ཀུན་ངེས་ལེགས་སུ། །འདྲེན་པའི་དམ་བཅའི་ཁུར་ཆེན་མི་བཏང་གསོལ། །དགེ་བའི་རང་བཞིན་པད་རྩ་ཟླ་འོད་དང་། །གངས་རིའི་མདངས་ལྟར་དཀར་བ་གང་ཐོབ་པ། །ཐུབ་བསྟན་འཕེལ་དང་ཁམས་གསུམ་ལུས་ཅན་རྣམས། །རྟག་ཏུ་བདེ་ཞིང་སྐྱིད་པའི་རྒྱུར་གྱུར་ཅིག །ཅེས་རང་བྱུང་འཕགས་པ་ཝ་ཏི་ལ་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་སྨོན་ལམ་དང་བཅས་པ་རྫོགས་ལྡན་དགའ་སྟོན་ཞེས་པའི་ཚིག་སྦྱོར་གོ་བདེ་བར་བྱས་པ་འདིའང་ཀུན་ལྡན་གྱི་ལོ་ཆུ་སྟོད་ཟླ་བར་ཟ་ཧོར་གྱི་བནྡེས་ཕོ་བྲང་པོ་ཏ་ལའི་མཆོད་ཁང་རྩེར་བཅད་རྒྱ་ཞིག་བགྱིས་པའི་ཚེས་བཞིའི་དུས་ཆེན་གྱི་ཐུན་མཚམས་ལ་སུག་བྲིས་བྱས་པ་ཤྲི་ཡེ་བྷ་ཝནྟུ། སྔོན་གོམས་བྱམས་བརྩེའི་སྤྱན་དཀྱུས་ཆེས་རིང་བ། །མཐའ་མེད་འཁོར་བའི་ཕ་མཐའ་ལས་བརྒལ་ཏེ། །ཞི་བའི་གཉིད་ལས་ཉེར་བསླང་རྒྱལ་སྲས་སར། །འགྲོ་ཀུན་འཁྲིད་མཛད་མི་ཕམ་མགོན་པོར་འདུད། །མཚན་དཔེའི་སྣང་བ་འབར་བའི་ཆ་བྱད་ཀྱིས། །སྲིད་མུན་བརྣག་དཀའི་(༢༡ན)
ཟུག་རྔུ་དྲུངས་ཕྱུང་ནས། །བདེ་སྐྱིད་རྩེ་དགའ་དགོད་པ་སྦྱིན་པའི་སྒོ། །རིས་མེད་འགྲོ་ལ་འབྱེད་པ་དེ་ངོ་མཚར། །གསུང་གཅིག་བགྲང་དུ་མེད་པའི་སྐད་རིགས་དང་། །དམ་པའི་ཆོས་སུ་གོ་བ་ཚངས་པའི་དབྱངས། །མཁའ་མཉམ་མ་རྒན་ཀུན་གྱི་འདོད་པའི་རེ། །ཡོངས་སྐོང་སྔོན་མེད་ཡོངས་འདུའི་ལྗོན་པ་བཞིན། །གང་གི་མ་གཟིགས་ཇི་ལྟ་ཇི་སྙེད་ཆོས། །ཤེས་བྱར་འཚོལ་ལ་དུས་གསུམ་རྒྱལ་ཀུན་གྱི། །རྣམ་པ་ཐམས་ཅད་མཁྱེན་པས་ཉེར་གཞལ་ཡང་། །རྙེད་པའི་ཕ་མཐའ་འཆི་མེད་ལམ་ལས་བརྒལ། །འོག་མིན་ཞིང་དུ་བླ་མེད་བདུད་རྩིའི་རོས། །མྱོས་པའི་ངེས་པ་ལྔ་ལྡན་སྐུར་བཞེངས་དང་། །དགའ་ལྡན་གནས་སུ་ད་དུང་སློབ་པའི་ཟོལ། །བློ་བྲིད་སྒྱུ་ཐབས་མཛད་པ་འོས་སམ་ཀྱེ། །དེ་ཕྱིར་རྒྱལ་ཀུན་མཁྱེན་བརྩེ་ནུས་པ་རྣམས། །མཉམ་ཕྱིར་ཛམྦུའི་གླིང་ནས་གསོལ་འདེབས་པ། །རིང་པོར་བསྐལ་ཡང་ཡིད་དགའ་ཆོས་འཛིན་ནས། །རྨད་བྱུང་ཐུགས་རྗེའི་ཕྱག་རྐྱོང་དབུགས་དབྱུང་ཞིག །རིན་ཆེན་དངུལ་དཀར་རྡུལ་བརྩེགས་མགོན་ཁྱོད་སྐུ། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་ཀྱིས། །བསྐྲུན་ཚེ་བྱམས་པ་འདུས་པ་དང་པོ་ལ། །མངོན་སུམ་ཆོས་འཁོར་བསྐོར་བར་བྱོན་ནམ་སྙམ། །དམིགས་པའི་ཡུལ་དང་འདིའི་ཆེད་ཟང་ཟིང་གཏོང་། །ལུས་དལ་ངག་བཀོད་ཡིད་ཀྱི་ཀུན་རྟོག་འཕྲོ། །མདོར་ན་བཟང་པོའི་འགྲེལ་པའི་འཇོག་པ་ཀུན། །རྟག་ཏུ་བྱམས་ཆོས་ཡོན་ཏན་བརྒྱད་ལྡན་ཤོག །ཐུབ་བསྟན་སྙིང་པོ་ཞྭ་སེར་མན་བས་པའི་སྡེའི། །ཡང་སྙིང་དཔལ་ལྡན་འབྲས་སྤུངས་ཆོས་གྲ་ཆེ། །ཐོས་བསམ་དཔུང་པས་ཉེར་འདེགས་བཀྲ་ཤིས་པའི། །ཕུན་ཚོགས་སྒོ་མང་ཕྱོགས་བཅུར་འབྱེད་པར་ཤོག །(༢༡བ)
འཇིག་རྟེན་ཀུན་དུ་དུས་ཀྱི་འཁྲུག་པ་དང་། །ནད་ཡམས་མུ་གེ་ལ་སོགས་སྡིག་ཏོའི་འབྲས། །མིང་ཙམ་མ་གྲགས་རྫོགས་ལྡན་གསར་པ་ཡི། །ཕན་བདེའི་དཔལ་གྱི་དགའ་སྟོན་དར་བར་ཤོག །བདག་པས་གཞན་གཅེས་བྱང་སེམས་ཡུ་བ་ཅན། །མཐའ་བྲལ་ལྟ་བའི་རྡོ་རྗེའི་མཚོན་རྣོན་པོས། །སྒྲིབ་གཉིས་རྩ་བ་དྲུངས་ནས་ཉེར་ཕྱུང་ཏེ། །དཔལ་ལྡན་སྟོབས་བཅུའི་གོ་འཕང་མངོན་གྱུར་ཤོག །ཅེས་སྔགས་པ་ནོ་མོན་ཁང་གི་ཕྱི་རྟེན་དུ་བཞེངས་པའི་དངུལ་དཀར་གྱི་བྱམས་པ་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་འདི་ཡང་སྒོ་མང་སློབ་དཔོན་ཟུར་པ་ངག་དབང་དཔལ་འབྱོར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ཆུ་ཡོས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་དུ་འགྲེམ་རྒྱུའི་སྔགས་ཐང་གྲ་ཚར་སོ་སོའི་རྒྱབ་ཏུ་བསྟོད་པ་ཤོ་ལོ་ཀ་རེ་བྲིས་པ་བྱིན་རླབས་འདོད་འཇོའི་སྙིང་པོ། །ཞི་ཁྲོ་རྒྱལ་བ་རྒྱ་མཚོ་མ་ལུས་པ། །རྩེ་ཁམས་དྭངས་མའི་དབྱིངས་སུ་འཇའ་མཚོན་ལྟར། །རྣམ་བཀྲ་བླ་མ་རིགས་འཛིན་དྲག་པོ་རྩལ། །དངོས་གྲུབ་ཀུན་འབྱུང་དབང་གི་རྒྱལ་པོར་བསྟོད། །གྲངས་མེད་བདེ་བར་གཤེགས་པའི་རིགས་ཀུན་གྱི། །འཛད་མེད་ཡོན་ཏན་ཡིད་བཞིན་རིན་ཆེན་གཏེར། །དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་དཔལ་ཆེན་པོའི། །ཟློས་གར་ཆེ་མཆོག་ཧེ་རུ་ཀ་ལ་བསྟོད། །ཤེས་བྱའི་གནས་ལ་ལྐོག་ཏུ་མ་གྱུར་པ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས། །ནམ་ཡང་འགྱུར་མེད་དངོས་གྲུབ་བྱེ་བའི་གཏེར། །སྒྱུ་འཕྲུལ་ཡང་དག་ཁྲག་འཐུང་ཆེན་པོར་བསྟོད། །མཚན་དཔེ་རབ་གསལ་རྫོགས་སངས་རྒྱས་ཀྱི་སྐུ། །སྒེག་པ་དཔའ་བ་མི་སྡུག་གཟི་འབར་བས། །ཉི་མའི་དངོས་པོ་བརྒྱ་ཡི་ལུས་འཛིན་(༢༢ན)
པ། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོར་བསྟོད། །རྣམ་འདྲེན་ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུང་། །འཛིན་དང་དྲག་ཤུལ་འཇིགས་རུང་ང་རོའི་སྒྲ། །རྟ་སྐད་དབྱངས་སུ་ལེན་པ་ཁྲག་འཐུང་ལྷ། །པདྨའི་རིགས་མཆོག་དབང་གི་རྒྱལ་པོར་བསྟོད། །མཁའ་ལྟར་ཆེད་བྲལ་སྐྱེ་དགུའི་དབང་པོ་དང་། ཁམས་དང་བསམ་པར་འཚམས་པའི་འཕྲིན་ལས་རྒྱུན། །ནམ་ཡང་འཛད་མི་ཤེས་པར་འཇུག་པའི་གར། །མངོན་པར་བསྒྱུར་མཛད་རྡོ་རྗེ་གཞོན་ནུར་བསྟོད། །རྩ་ལམ་བདེ་སྟོང་དབྱིངས་གྲོལ་མཁའ་འགྲོ་དང་། །རྦོད་གཏོང་ཕོ་ཉ་ལས་བྱེད་མཐུ་རྩལ་ཅན། །སྣང་སྲིད་མ་མོ་ཡོངས་ཀྱི་རྗེ་དཔོན་དུ། །ཆེ་བཙན་ཟླ་བྲལ་མངོན་རྫོགས་རྒྱལ་པོར་བསྟོད། །ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་སོགས། །བགྲང་ཡས་རྡོ་རྗེ་སློབ་དཔོན་ཚོགས་ཀྱི་དབུས། ཀུན་བཟང་ཐོག་མའི་མགོན་གྱི་གདུང་འཚོབ་མཁན། །རིགས་འཛིན་གཙོ་མཆོག་ཐར་པ་རྩལ་ལ་བསྟོད། །དཔལ་ཆེན་ཐུགས་ལས་སྤྲུལ་པ་རྒྱལ་བའི་སྲས། །བསྟན་སྲུང་མཆོད་བསྟོད་འཇིག་རྟེན་ལྷ་ཡི་ཚུལ། །དྲེགས་པའི་སྡེ་དཔོན་སུམ་ཅུའི་དཀྱིལ་འཁོར་གཙོ། །གདུལ་དཀའ་ཀུན་འདུལ་གསང་བའི་བདག་པོར་བསྟོད། །དྲག་སྔགས་དམོད་པའི་མཚོན་ཆས་དགྲ་བགེགས་དཔུང་། །ཕྱེ་མར་འཐག་མཛད་སྣང་སྲིད་སྡེ་བརྒྱད་ཚུལ། །འཛིན་ཀྱང་ཧེ་རུ་ཀ་དང་གཉིས་མེད་པའི། །ཚོགས་ཀྱི་དབང་ཕྱུག་སྟོབས་ལྡན་ནག་པོར་བསྟོད། །སྲིད་ཞིའི་ཕྱག་རྒྱ་མ་ལུས་ཟིལ་གནན་པ། །ཆོས་ཀྱི་དབྱིངས་ནས་གདངས་པའི་ཧོམ་ཁུང་ཞལ། །བདུད་དཔུང་ཟ་བར་རབ་རྔམས་གཤིན་རྗེ་གཤེད། །དུས་དགྲའི་དབང་པོ་ཚེ་བདག་ནག་པོར་བསྟོད། །(༢༢བ)
ངོ་བོ་ཀ་ནས་དག་པའི་དབྱིངས་ཉིད་ལས། །རང་བཞིན་ལྷུན་གྲུབ་འཕགས་མཆོག་སྤྱན་རས་གཟིགས། །ཐུགས་རྗེ་རྣམ་འཕྲུལ་བདེ་གཤེགས་ཐུབ་པ་དྲུག །རྒྱུད་ལྔའི་འགྲོ་བ་འདྲེན་པར་མཛད་དེར་བསྟོད། །ཡིད་སྲུབས་ཀྱིས་བརླམས་མ་རུངས་ལྷ་སྦྱིན་དཔུང་། །འཇོམས་བྱེད་རྡོ་རྗེ་འབར་བའི་ཐོག་མདའ་ཡིས། །འདར་དངངས་ས་ལ་བརྒྱལ་ཞིང་འགྱེལ་བྱེད་པ། །ལས་གྱི་གཤིན་རྗེ་འཆར་ཀ་ནག་པོར་བསྟོད། །རྒྱལ་བ་ཀུན་ཡུམ་དབྱངས་ཅན་ངག་གི་ལྷ། །དགྲ་སྡེའི་གཤེད་དུ་ཕུར་སྲུང་རེ་མ་ཏཱི། །དངོས་གྲུབ་ཆར་འབེབས་འདོད་ཁམས་དབང་ཕྱུག་མ། །སྲིད་གསུམ་བདག་མོའི་རྣམ་པར་བསྟན་ལ་བསྟོད། །ཤེལ་དཀར་ལྷུན་པོ་ཉི་མ་འབུམ་གྱི་གཟིས། །འཁྱུད་པས་བསྒྲུན་མིན་མཛེས་སྡུག་ལང་ཚོའི་དཔལ། །འཆི་མེད་བུ་མོ་བསམ་འཕེལ་ཡིད་བཞིན་ནོར་། །དཔལ་ལྡན་དུང་སྐྱོང་ལྷ་མོ་ཁྱོད་ལ་བསྟོད། །ལྷ་གཅིག་ཁྲི་སྲོང་ལྡེ་བཙན་སྐུ་ཡི་ལྷར། །བྱང་སེམས་ནམ་མཁའི་སྙིང་པོའི་སྤྲུལ་པའི་གར། །འཕྲིན་ལས་རྣམ་བཞི་སྒྲུབ་ལ་ཐོགས་མེད་པ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ་ལ་བསྟོད། །སྡེ་བརྒྱད་སྡོང་ཟླར་བཅས་ཏེ་སྲིད་གསུམ་ལས། །རྣམ་པར་རྒྱལ་མའི་འཕྲུལ་གྱི་སྒྱུ་ཐབས་མཁན། །དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །མཐུ་སྟོབས་དྲག་རྩལ་རྡོ་རྗེའི་ཐོག་མདར་བསྟོད། །གསང་བའི་བདག་པོ་རྟ་མགྲིན་དབང་གི་རྒྱལ། །དགེ་སློང་ལེགས་ལྡན་ནག་པོར་ཐུབ་པའི་བསྟན། །བསྲུང་བར་བཀའ་བསྒོས་དགྲ་ལྷ་ཁྱུང་ཆེན་མཚན། །སྤུ་གྲི་འབར་རྩལ་རྒྱལ་པོ་ཆེན་པོར་བསྟོད། །མ་ལོགས་དབང་པོའི་གཞུ་ལྟར་རྣམ་བཀྲ་བ། །བདེ་གཤེགས་སེམས་དཔའ་ཁྲོ་བོ་ཡབ་ཡུམ་གྱི། །གདན་གསུམ་(༢༣ན)
ཚང་པའི་དཀྱིལ་འཁོར་འཁོར་ལོའི་མགོན། ཁྱབ་བདག་བཅོམ་ལྡན་མི་བསྐྱོད་རྡོ་རྗེར་བསྟོད། །འཇའ་རིས་རྣམ་བཀྲ་ཨིནྡྲ་ནཱི་ལའི་རི། །སྟོང་ཉིད་རྡོ་རྗེའི་བཙུན་མོར་རྣམ་རོལ་བ། །བདེ་ཆེན་ལང་ཚོའི་རྩེ་དགའ་དགོད་པ་ཅན། ཁྱབ་བདག་དཔལ་ལྡན་འཁོར་ལོ་སྡོམ་པར་བསྟོད། །ཤེས་རབ་བདག་མེད་ལྷ་མོའི་ཨེ་ཡིག་ཀློང་། ཐབས་མཆོག་བཅོམ་ལྡན་ཝཾ་ཡིག་ཟུང་འཇུག་པ། །བདེ་ཆེན་ས་ལ་གར་དགུའི་རོལ་གར་མཁན། །དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ་ལ་བསྟོད། །སིནྡྷུ་ཝ་རའི་མདངས་འཛིན་འཇམ་པའི་དཔལ། །བཞུ་བླུག་མིག་སྨན་ལྷུན་པོ་དུས་མཐའི་མེས། །འཁྱུད་པའི་རྩེ་དགའ་ཡོངས་དགོད་མ་ཧེའི་ཞལ། །འཇིགས་བྱེད་བཅོམ་ལྡན་ཁྲོ་བོའི་དབང་པོར་བསྟོད། །གཟུངས་སྔགས་བཀླགས་པས་ངན་འགྲོའི་འཇིགས་བྲལ་ཞེས། །རྨད་བྱུང་སྙན་པའི་གཏམ་གྱིས་དབུགས་དབྱུང་ཞིང་། འཆི་མེད་བདུད་རྩིས་སྙིང་གི་ཟ་མ་ཏོག །དགེངས་མཛད་བཅོམ་ལྡན་རྣམ་པར་རྒྱལ་མར་བསྟོད། །གསང་སྔགས་མཐུ་ལས་རྡོ་རྗེའི་ཆོས་བདུན་གྱི། །བཙན་པོའི་གོ་ལྡན་ལས་ཀུན་ཉེར་འགྲུབ་ཅིང་། །ཆུང་མ་འཛའ་བའི་བྱིན་རླབས་གཟི་འོད་འབུམ། །རབ་འབར་རྡོ་རྗེ་རྣམ་པར་འཇོམས་ལ་བསྟོད། །གྲུ་འཛིན་སྤོ་ནས་འགྲོ་ལ་ཉེར་བརྩེ་བས། །ནམ་ཡང་གཡེལ་མེད་གཟིགས་པ་སྤྱན་གྱི་དཀྱུས། །གདུལ་དཀའ་འདུལ་ལ་དམར་ཟླུམ་རབ་འཁྱིལ་བ། །མྱུར་མཛད་མགོན་པོ་མཧཱ་ཀྭ་ལར་བསྟོད། །བླ་མགོན་དབྱེར་མེད་ཐུགས་རྗེ་ཆེན་པོའི་མདངས། །གངྒཱའི་ཡབ་རིག་ཏེ་སེའི་དཔལ་འཛིན་པ། །ཕུན་ཚོགས་དངོས་གྲུབ་འདོད་དགུའི་མཆོག་སྦྱིན་མཁན། །རབ་དཀར་མགོན་པོ་ཡིད་བཞིན་ནོར་བུར་བསྟོད། །རྣམ་སྣང་(༢༣བ)
ཐུགས་གསང་དཔལ་གྱི་བེའུའི་གདངས། །ལངྐའི་དབང་ཕྱུག་དྲག་པོར་ཁྲོས་པའི་གཟུགས། །གྲོང་ཁྱེར་སུམ་བརྩེགས་འཛོམས་མཛད་ནག་པོ་ཆེ། །དཔལ་ལྡན་རྡོ་རྗེ་གུར་གྱི་མགོན་པོར་བསྟོད། །གསལ་སྟོང་རང་སེམས་རྩ་ཁམས་དྭངས་མའི་དབུས། །སྟོབས་འཕྲོག་དབང་པོའི་གར་གྱིས་ཡོངས་རྩེན་ཀྱང་། །ཕྱི་རུ་བྲམ་ཟེའི་གཟུགས་ཀྱིས་རིག་པ་འཛིན། །སྐྱོང་མཛད་ལེགས་ལྡན་གདོང་བཞི་དྲག་པོར་བསྟོད། །ལུས་ངན་རླངས་ཀྱིས་ལྷ་མིན་རབ་མནར་ཞིང་། །ལེགས་བྲིས་དགའ་བདེའི་ངལ་གསོ་སྟེར་བྱེད་པ། །སྲིད་གསུམ་དབུལ་ཕོངས་སེལ་བའི་མཆོག་སྦྱིན་མཁན། །རྒྱལ་ཆེན་རྣམ་མང་ཐོས་པའི་སྲས་དེར་བསྟོད། །རིམ་དུན་ས་འོག་ཐོད་པ་ལྕགས་ཀྱི་མཁར། འཆི་བདག་གཤིན་རྗེ་གནས་པའི་གྲོང་ཁྱེར་ན། །ཡི་དྭགས་སྡེ་དཔོན་སྲོག་དབུགས་བླ་ཚེའི་བདག །ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོར་བསྟོད། །གཏུམ་ཆེན་དྲག་པོར་ཁྲོས་པའི་གད་བརྒྱངས་ཀྱིས། །དགྲ་སྙིང་ཤུབས་ནས་ལྐོག་མར་ཉེར་འཐོན་ཀྱང་། །རྣོ་དབལ་རལ་གྲི་མཁའ་ལ་འཕྱར་བྱེད་པ། །དབང་གི་སྐྱེས་བུ་གནོད་སྦྱིན་བེག་ཙེར་བསྟོད། །དུས་མཐའི་མེ་རླུང་ཚ་ངར་འཁྲུག་པའི་དབུས། །པད་ཉིར་ཀླུ་བརྒྱད་བསྣོལ་བའི་གདན་སྟེང་ན། །པདྨ་རཱ་གའི་ལྷུན་པོ་གར་དགུ་ཡི། །རྣམ་རོལ་དབང་དྲག་ཁྲོ་བོའི་རྒྱལ་པོར་བསྟོད། །ཆགས་བཞད་རྔམ་ཞལ་བདུད་སྡེར་མཆེ་བ་གཙིགས། ཁྲག་ཆེན་བཅུད་མྱང་ལྗགས་དམར་གློག་ལྟར་འཁྱུག །སྡང་མིག་སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ། །ཤངས་ནས་རླུང་སྒྲས་འབྱུང་པོ་བརྒྱལ་ལ་བསྟོད། །དབུ་སྐྲ་སྨིན་མ་སྨ་ར་མེ་ལྟར་འབར། །ཕྱག་དྲུག་(༢༤ན)
མཚོན་ཆས་བགེགས་དཔུང་ཕྱེ་མར་འཐག །བརྐྱང་བསྐུམ་ཞབས་བརྒྱད་བརྡབས་པས་ས་གསུམ་གཡོ། །ཁྲག་འཐུང་ཡོངས་ཀྱི་རྗེ་བཙན་དབང་པོར་བསྟོད། །སྒེག་དང་མི་སྡུག་སྣ་ཚོགས་རྒྱན་གྱིས་སྦ། །དྲག་ཤུལ་རྟ་སྐད་གད་བརྒྱངས་འཇིགས་སུ་རུང་། །སྙིང་རྗེས་ཆེར་བརྔམས་ཞི་བའི་རང་བཞིན་ཅན། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་བསྟོད། །བ་སྤུ་ལས་སྤྲོས་ཁྲོ་བོའི་དམག་གི་དཔུང་། །དྲག་ཤུལ་ཡིད་སྲུབས་དོན་སྙིང་ལྐོག་མར་འབྱིན། །ཚངས་པའི་ཡུལ་སར་ཡོངས་སྙེག་བསྲུང་བ་ཡི། །སྲ་བརྟན་གཞོམ་མེད་རྡོ་རྗེའི་གུར་ལ་བསྟོད། །རྡོས་བཅས་ལུས་འདི་སྣང་སྟོང་ལྷ་སྐུར་སྒོམ། །ངག་གིས་བྲག་སྟོང་བཟླས་བརྗོད་རྒྱུན་ཆད་མེད། །ཡི་གེས་མིག་སྟོང་ཟུང་འཇུག་ལམ་བཟང་པོས། །སྐྱེ་བར་ལྷ་ཁྱོད་མི་འབྲལ་རྗེས་འཛིན་ཤོག །གནས་སྐབས་མི་དང་མི་མིན་འབྱུང་པོའི་གདོན། །བར་གཅོད་ཉེས་བརྒྱའི་གཡུལ་ལས་རབ་རྒྱས་ཅིང་། །ཚེ་དཔལ་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་འདི་ཡང་དད་སྟོབས་ཀྱི་དབང་ཕྱུག་ཚེ་དབང་རྡོ་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །དགེ་ལེགས་གཏེར་ཆེན་ཕྱག་ན་པདྨ་གང་། །མ་རུང་དགྲ་སྡེའི་གཤེད་དུ་ཁྲོ་བོའི་གར། །རབ་སྟོན་མྱུར་མཛད་ཡེ་ཤེས་མགོན་པོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ། །བླ་མགོན་དབྱེར་མེད་ཐུགས་རྗེའི་བདག་ཉིད་ཅན། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །འབྲལ་མེད་ཐུགས་རྗེས་བཟུང་སྟེ་འདི་ཕྱི་དང་། །བར་དོའི་འཇིགས་པ་ཀུན་ལས་ཉེ་བར་སྐྱོབས། །གནས་(༢༤བ)
སྐབས་དམ་ཆོས་བསྒྲུབ་ལ་མཐུན་པའི་རྐྱེན། །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་གྲུབ་ཅིང་། །མཐར་ཐུག་ཟུང་འཇུག་དཔལ་ལྡན་མགོན་པོའི་སྐུ། །མངོན་དུ་བྱས་ཏེ་འགྲོ་རྣམས་འདྲེན་གྱུར་ཅིག །ཅེས་པ་འདིའང་ནམ་མཁའ་ལྷ་དབང་ལ་ཕན་ཕྱིར་བྲིས། །སྭསྟི་སིདྡྷཾ། ཐུབ་རྣམས་སྤངས་རྟོགས་ཡོན་ཏན་རབ་མཉམ་ཡང་། །གདུལ་དཀའི་འགྲོ་ལ་ཉེར་བརྩེའི་སྙིང་སྟོབས་ལ། །ཕྱོགས་བཅུའི་རྒྱལ་ཀུན་མགྲིན་གཅིག་བསྔགས་པའི་ཡུལ། །བཅོམ་ལྡན་ཤཱཀྱ་སེང་གེར་མགོས་ཕྱག་འཚལ། །བདེ་གཤེགས་ཀྱིས་བསྐུལ་ཅོད་པན་མ་ཕམ་དབུར། །བཅིངས་ཏེ་གཟིགས་པ་ལྔ་ཡིས་འཛམ་གླིང་འགྲོ། །ཡང་དག་ལམ་ལ་བཀྲི་ཕྱིར་དགའ་ལྡན་ནས། །འཕོ་མཛད་དམ་པ་ཏོག་དཀར་ཕྱག་འཚལ་ལོ། །ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་གྱི། །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། །དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམ་ཚེ། །ངོ་མཚར་ལྟས་བཟང་ལྷ་ཀླུས་སྲི་ཞུ་མཛད། །སྐྱེ་མཐར་ཞལ་འཆེས་ལུས་ཅན་བདེ་སྐྱིད་མཐུས། །དོན་ཀུན་གྲུབ་མཚན་གསོལ་ལ་ཕྱག་འཚལ་ལོ། །ཡི་གེ་རྐྱལ་དང་གླང་ཆེན་འདུལ་ལ་སོགས། །དྲུག་ཅུ་རྩ་བཞི་ལས་བརྒལ་རྒྱུ་རྩལ་གྱིས། །གཞོན་ནུའི་དུས་ནས་སྟོབས་ཅན་དྲེགས་ལྡན་ཚོགས། །ཁེངས་པ་འཕྲོག་པར་མཛད་ལ་ཕྱག་འཚལ་ལོ། །རང་ལོ་ཉེར་དགུའི་བར་དུ་རྒྱལ་པོའི་སྲིད། །བསྐྱངས་ཚེ་འཇིག་རྟེན་མཐུན་དང་ལོག་རྟོག་རྣམས། །སེལ་ཕྱིར་ས་འཚོ་གྲགས་འཛིན་གྱིས་མཚོན་པའི། །བཙུན་མོ་ཁབ་ཏུ་བཞེས་ལ་ཕྱག་འཚལ་ལོ། །རྒྱལ་གསུང་སིལ་སྙན་སྒྲར་(༢༥ན)
དྲངས་ཉེར་བསྐུལ་ཞིང་། །རྒ་ན་འཆི་དང་དགེ་སློང་གཟིགས་རྐྱེན་གྱིས། །མཆོད་རྟེན་རྣམ་དག་དྲུང་དུ་རབ་བྱུང་བར། །བརྒྱ་བྱིན་ངུར་སྨྲིག་ཕུལ་ལ་ཕྱག་འཚལ་ལོ། །ནེ་ར་ཉྫ་ནར་མཁའ་ཁྱབ་ཏིང་འཛིན་ལ། །ལོ་དྲུག་དཀའ་བ་སྤྱད་ཚེ་ཟས་གཙང་སོགས། །དབུགས་དབྱུང་ལེགས་སྐྱེས་འོ་མས་བསྙེན་བཀུར་མཐུས། །གསེར་མདོག་ལང་ཚོ་དར་ལ་ཕྱག་འཚལ་ལོ། །སྐྱིལ་ཀྲུང་གཅིག་ལ་བྱང་ཆུབ་མཆོག་བརྙེས་ཕྱིར། །རྡོ་རྗེ་གདན་ལ་རྩཱ་ཚོང་བཀྲ་ཤིས་ལས། །ཉེར་བསླངས་དུར་པའི་ཆུན་པོ་བཏིང་བའི་སྟེང་། །མི་གཡོའི་དམ་བཅའ་བརྟན་ལ་ཕྱག་འཚལ་ལོ། །བདུད་སྡེའི་མཚོན་ཆར་མཛེས་མའི་སླུ་བྲིད་ཀྱིས། །མ་ཚུགས་གྲངས་མེད་མཆོད་སྦྱིན་དཔང་པོ་རུ། །ས་ལྷས་ཐལ་མོ་སྦྱར་ཚེ་འདོད་ལྷ་ཡིས། །དང་བས་ཆེད་དུ་བསྔགས་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་ལྔའི་དགུང་ལོར་ཉེར་བབས་ནས། །ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི །ཐ་མར་བླ་མེད་བྱང་ཆུབ་བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་གཏམས་ལ་ཕྱག་འཚལ་ལོ། །བདུན་ཕྲག་བདུན་མཐར་བཀྲ་ཤིས་ཚིགས་བཅད་གསུངས། །ཚངས་དབང་གིས་བསྐུལ་ཝ་ར་ནཱ་སི་རུ། །ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །བརྒྱད་ཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །བཅོ་ལྔའི་ཚེས་གྱི་ནང་པར་དེ་བཞིན་གཤེགས། །འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཐུན་མོང་གདུལ་བྱར་བསྟན་ཀྱང་ངེས་པའི་དོན། །སྐྱེ་འཆི་སྤངས་བའི་སྐུ་ལ་ཕྱག་འཚལ་ལོ། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་(༢༥བ)
ཕྱེ་བའི། །འཛད་མེད་དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ། །ཐོག་མེད་བསགས་པའི་སྡིག་ལྟུང་མ་ལུས་པ། །གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི། །རང་གཞན་ཀུན་གྱིས་བསྒྲུབ་པའི་དགེ་བ་ལ། །དད་པའི་སེམས་ཀྱིས་རྟག་ཏུ་ཡི་རང་ངོ་། །རྒྱལ་སྲས་སློབ་མར་བཅས་པ་འཁོར་བའི་མཐའ། །སྟོངས་མིན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ཀུན་ཐར་པའི་ལམ་དུ་མ་བཞག་པར། །གཟུགས་སྐུ་མྱ་ངན་མི་འདའ་བརྟན་པར་བཞུགས། །ཉེར་བསགས་བསོད་ནམས་ཕུང་པོ་སྐྱེ་དགུ་རྣམས། །རྣམ་མཁྱེན་ཡེ་ཤེས་འཐོབ་པའི་རྒྱུ་རུ་བསྔོ། །དགེ་བའི་འབྲས་བུ་འཇིག་རྟེན་ཁམས་རྣམས་སུ། བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་ཤོག །འོ་སྐོལ་གྱི་སྟོན་པ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཉི་མའི་གཉེན་གྱི་མཛད་པ་བཅུ་གཉིས་ལས་བརྩམས་པའི་བསྟོད་པ་མཆོག་དམན་ཀུན་གྱིས་གོ་བདེ་ཕྱིར་སྙན་ངག་གི་ལམ་ནས་མ་དྲངས་ཤིང་བརྡ་དང་མངོན་བརྗོད་ཀྱིས་མ་བཅིངས་པ་ཞིག་དགོས་ཞེས་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པའི་སྟེང་རྙེད་དོན་ལ་གནས་ཚེ་དགོངས་པ་འགྲེལ་རྒྱུ་ཁྱད་པར་ཅན་ཡོད་པ་ལས་འོས་མ་མཆིས་མོད། གལ་ཏེ་འབྲི་གུང་སྐྱོབ་པས་མཛད་པ་ལྟ་བུ་མིང་བཏགས་ཀྱིས་འདྲེས་ན་དོན་གྱི་ཆར་སོམ་ཉི་འགའ་ཞིག་སྣང་ཞིང་། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཐུགས་རྩོམ་དེ་ཚིག་སྦྱོར་ལེགས་ཀྱང་གོ་དཀའ་ལ་མཛད་པ་གཅིག་ལ་ཚིགས་བཅད་གཉིས་ཙམ་ཡོད་པའི་ཅུང་མི་གསལ་བ་ནས་འདུལ་བའི་རྣམ་བཤད་འཁྲུལ་པ་དང་བྲལ་བ་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་སོར་བཞག་པའི་བསྟོད་པ་ལེགས་བྱས་(༢༦ན)
ཡོངས་འདུའི་སྙེ་མ་ཞེས་བྱ་བ་འདི་ནི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་མེ་སྦྲུལ་ཧོར་ཟླ་ལྔ་པའི་ཡར་ངོའི་དགའ་བ་གཉིས་པར་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ཡང་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པ་ཛ་ཡནྟུ། །