བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་རྣམས་དང་གཙུག་ལག་ཁང་སོགས་རྟེན་བརྟེན་པ་ལ་སྙན་ཤལ་འཕན་བླ་བྲེ་སོགས་ཕུལ་བའི་ཞལ་བྱང་བསོད་ནམས་མ་དྲོས་མཚོ་ཆེན།
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་རྣམས་དང་གཙུག་ལག་ཁང་སོགས་རྟེན་བརྟེན་པ་ལ་སྙན་ཤལ་འཕན་བླ་བྲེ་སོགས་ཕུལ་བའི་ཞལ་བྱང་བསོད་ནམས་མ་དྲོས་མཚོ་ཆེན་བཞུགས་སོ།། (༡བ)
མྱོས་ལྡན་ཞེས་པ་ས་ཡོས་ལོ་གསར་དུས་འདོད་ཁམས་དབང་ཕྱུག་མར་མཆོད་པའི་ཚེ་ཕུལ་བའི་སྙན་དར་ཞལ་ཡིག་འཕྲིན་ལས་རྣམ་བཞི་ལྷུན་གྲུབ། སྟོབས་བཅུ་མངའ་བའི་ཕུལ་བྱུང་ཡོན་ཏན་ཀུན། །ཀུན་ནས་མ་ལུས་རབ་བསྡུས་ངག་གི་ལྷ། །ལྷ་མཆོག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །མ་རུངས་ལོག་འདྲེན་དགྲ་དང་བགེགས་ཀྱི་ཚོགས། །(༢ན)
རབ་བརྗིད་མངོན་སྤྱོད་ལས་ཀྱིས་གདུལ་བའི་ཕྱིར། །རབ་སྔོ་ཨིནྡྲ་ནཱིལའི་ས་འཛིན་ལ། །རབ་འབར་བསྐལ་པའི་མེ་དཔུང་གྱོན་འདྲ་བའི། །རབ་གཏུམ་མི་བཟད་ཁྲོ་མོའི་སྐུར་བསྟན་པ། །དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །མ་ལུས་བགྲོད་བྱེད་ཟུང་གཙོའི་བསྟན་སྲུང་མཆོག །མཆོག་གསུམ་དངོས་གྱུར་གཤིན་རྗེ་གཤེད་ཀྱི་ཡུམ། །ཡུམ་མཆོག་དམག་ཟོར་རྒྱལ་མོ་གང་དེ་ལ། །འཆི་མེད་དང་པོའི་རྡུལ་ཅན་གྲངས་མེད་ཀྱི། །བཞིན་གྱི་པུཎྜ་རིཀ་ཟུམ་བྱེད་པ། །དབང་ཕྱོགས་གན་མཛོད་ལས་འོངས་ཚེ་བདག་དང་། །ལེགས་མཚུངས་དཀར་འཇམ་སྙན་ཤལ་འདི་ཕུལ་བས། །སྙིང་དབུས་ཐིག་ལེའི་ཆོས་བཟང་མདུན་ས་རུ། །སྔོན་ནས་བསམས་པའི་ལས་བཞིའི་སྐབས་གསུམ་བདག །མི་མཐུན་བཅུད་བྲལ་དཔུང་ཚོགས་རབ་བཅོམ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་ལེགས་སྩོལ། །གཟིམས་ཆུང་མགོན་ཁང་ལྕང་ལོ་ཅན་གྱི་དཔལ་ལྡན་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མར་སྙན་ཤལ་ཕུལ་བའི་ཁ་(༢བ)
ཡིག་དངོས་གྲུབ་ཆར་འབེབས། མཛེས་སྡུག་རྣམ་པར་སྤྱོད་པའི་དགའ་ཚལ་དུ། །ལེགས་བྲིས་སྐེད་མེད་བརྒྱ་བྱིན་རྐང་འཐུང་ཚོགས། །ཕམ་མཛད་ཚངས་སྲས་ཡོངས་འདུ་དཔག་བསམ་ཤིང་། །ལུགས་ཟུང་འདོད་རྒུའི་འབྲས་སྟེར་ངག་གི་ལྷ། །ཉི་མའི་གཉེན་གྱི་བསྟན་པ་པདྨ་དཀར། །བསྐལ་མཐའི་ཉིན་བྱེད་དུས་འདིར་བསིལ་ཟེར་ལས། །འགྲུབ་ནུས་དམན་ཚེ་མངོན་སྤྱོད་འོད་རྣོན་ཅན། །འདྲེན་མཛད་རབ་ཁྲོས་དབང་མོའི་སྐུར་བསྟན་ལ། །སྣ་བདུན་རིན་ཆེན་སྔོན་འགྲོ་ལ་འགྲན་ཁབ། །གན་མཛོད་ལས་འོངས་ལྷ་རྫས་སྤྲིན་ལམ་དབུས། །བདག་ལུས་ལོངས་སྤྱོད་དགེ་ཚོགས་ཆུ་ཁུར་ཅན། །མཆོག་ཐུན་དངོས་གྲུབ་ཟུང་གི་གྲུ་ཆར་ཚོགས། །འབེབས་ཕྱིར་རབ་དཀར་དད་པའི་བྱེད་པོ་ཡིས། །ལེགས་པར་ཕུལ་བའི་ཐུགས་རྗེའི་སྒྱུ་རྩལ་མཐུས། །ཤཱཀྱའི་རིང་ལུགས་ནོར་འཛིན་ཁྱོན་ཡངས་པར། །བློ་བཟང་བསྟན་པའི་ས་འཛིན་དབང་པོའི་སྤོར། །འདུས་སྡེ་འཆི་བ་མེད་པའི་སྐྱེད་ཚལ་དུ། །སྡེ་སྣོད་གསུམ་གྱི་ལེགས་བྲིས་རྔ་བོ་ཆེ། །ཕྱོགས་བྲལ་ཐོག་མའི་རྡུལ་ཅན་ཐོས་འཛིན་གྱི། །ཀཱརྞཀ་ཡི་དཔལ་དུ་གྱུར་པ་དང་། །ཤ་མཆོག་ཁང་སྟེང་ཡིད་ཀྱི་རྒྱལ་མཚན་རྩེར། །གསོལ་འདེབས་འཕྲུལ་གྱི་ཐུགས་རྗེའི་ཡིད་བཞིན་ནོར། །སྟེར་པོར་བཀོད་ལས་འདོད་དོན་འཕྲིན་ལས་བཞི། །ཐོགས་མེད་འགྲུབ་པའི་དགའ་སྟོན་རྒྱས་པར་མཛོད། །དཔལ་ལྡན་ལྷ་མོ་གཡུལ་རྒྱལ་མར་ཕུལ་བའི་སྙན་དར་ཞལ་ཡིག་ལས་བཞི་ཆར་འབེབས། རྒྱལ་ཀུན་འཕྲིན་ལས་ཤེལ་གྱི་རྩིག་ངོས་ལ། །མཐའ་ཡས་གཟུགས་སྐུའི་སྤྲུལ་སྒྱུར་རྟག་འཆར་བ། །ཡིད་འོང་ཚངས་(༣ན)
པའི་ན་ཆུང་འཆི་མེད་གཙོ། །གང་འཚམ་རྩུབ་འགྱུར་ཚལ་གྱི་བྱེད་པོ་དེས། །རབ་ཁྲོས་ཡན་ལག་རྣམ་བཞིའི་འཁྲུལ་འཁོར་གྱིས། །དགྲ་བགེགས་སྦྱིན་སྐྱེས་གཞོམ་པར་མཛད་གང་ལ། །དཀར་མཛེས་ཀེ་ལ་ཤ་ཡི་མདངས་འཕྲོག་པའི། །ལེགས་བྲིས་རྫས་ཀྱི་སྙན་ཤལ་འདི་ཕུལ་བས། །གང་གི་འགོག་མེད་ཐུགས་རྗེའི་ཆུ་ཁུར་མཐུས། །རྣམ་མང་རབ་འབྱམས་ལས་བཞིའི་ཆར་ཆེན་གྱིས། །ལུགས་ཟུང་འདོད་དོན་ཡོངས་འདུ་དཔག་བསམ་ཤིང་། །ལེགས་སྨིན་འབྲས་བུའི་དགའ་སྟོན་རྒྱས་པར་མཛོད། །ས་ཡོས་ཧོར་ཟླ་བརྒྱད་པའི་ཉེར་ལྔ་འགྲུབ་སྦྱོར་གྱི་ཐོག་སེ་ར་ཐེག་ཆེན་གླིང་གི་པདྨ་དབང་ཆེན་ཡང་གསང་ཁྲོས་པར་སྙན་ཤལ་ཕུལ་བའི་ཁ་ཡིག་ཡོངས་འདུའི་ལྗོན་པ། པདྨའི་རིགས་བདག་ཆོས་སྐུའི་ལྷ་ལམ་ངོས། །ཁྲོ་རྒྱལ་དབང་ཆེན་མཁའ་གླང་ལེགས་འཁྲིགས་པས། །ཕུལ་བྱུང་སྣ་ཚོགས་འཕྲིན་ལས་གྲུ་ཆར་གྱིས། །ལུགས་ཟུང་ཡོངས་འདུའི་ལྗོན་པ་རྒྱས་པར་མཛོད། །ལྕགས་འབྲུག་གནམ་ལོ་གསར་དུ་ཚེས་པའི་ཉིན་སྲིད་གསུམ་བདག་མོ་མཆོད་པའི་དུས་སྟོན་གྱི་ཐོག་ཕུལ་བའི་སྙན་དར་ཞལ་ཡིག་ངེས་གསང་བསྟན་པ་རྒྱས་པའི་རུ་མཚོན། གུ་རུ་ཤྩཔ་རམ་དེ་ཝ་བཛྲ་དྷཱ་ཏྭཱི་ཤྭརཱ་ཤནྟཀྲོ་དྷེ་ནས་རྦྦདཱཨཱདིགིཔཛཡཱ་ནཱཾ་ཤྲེཡ་པྲཡཙྪ། །འདྲེན་བྱེད་དགའ་སྟོན་མཆོག་གྱུར་མཛེས་སྡུག་གི །ལང་ཚོ་རྣམ་པར་རྒྱས་པས་ཟླ་གཞོན་ཡང་། །ཡིད་ཀྱི་ཤིང་རྟས་ལེགས་དྲངས་ཟུར་ཕུད་རྩེར། །མངོན་པར་འགོད་པའི་བྱེད་པོ་དབྱངས་ཅན་མ། །མ་ལུས་ཕན་དང་བདེ་བའི་སིནྡྷུའི་བདག །བདག་ཉིད་ཆེན་པོའི་ལུང་རྟོགས་བདུད་རྩིའི་ཕུལ། །ཕུལ་བྱུང་ཞིང་གི་བསོད་ནམས་ཀེ་ལཱ་ཤ། །ཤ་མཆོག་ལ་འཁུ་དགྲ་བགེགས་སྔོན་གྱི་ལྷ། །འཇོམས་ཕྱིར་སྟང་ཟིལ་བརྩེགས་པའི་གྱེན་འཕྱུར་དབང་། །(༣བ)
གྲངས་མེད་ཚ་ཟེར་རྒྱན་གྱིས་ལེགས་སྤུད་ཅིང་། །དུས་མཐའི་འོད་ཀྱིས་ཤིང་རྟའི་གོས་གྱོན་ན། །གང་སྐུའི་ཆ་ཤས་ལ་འགྲན་མཁའ་འགྲོའི་གཙོར། །སྨིན་ལེགས་བཞིན་ལ་མཐའ་ཡས་རྣམ་འགྱུར་གཟུགས། །སོར་རྩེའི་གར་ལས་བྱུང་སྙམ་འཕྱང་མོ་ཉུག་། །སྟེར་བྱེད་ཤེལ་དཀར་རླུང་གི་གྲོགས་པོ་ཡིས། །ལན་བརྒྱར་བཞུ་བའི་མདངས་འཛིན་གན་མཛོད་དར། །ཕུལ་བས་བདག་ཡིད་སྒྱུ་སྩལ་སྤྱོད་གང་གི །འཕྲིན་ལས་རྣམ་བཞིའི་འདོད་དོན་སྐྱེ་བ་སྤེལ། །དེང་ཁྱོད་ཐུགས་རྗེའི་རི་དྭགས་མིག་ཅན་གྱིས། །ཐོགས་མེད་འགྲུབ་པའི་དགའ་སྟོན་རྒྱས་པར་མཛོད། །ལྕགས་འབྲུག་ཆོ་འཕྲུལ་མཆོད་པའི་དུས་ཇོ་བོ་རིན་པོ་ཆེར་སྙན་ཤལ་ཕུལ་བའི་ཁ་ཡིག་བྱང་ཆུབ་སྙིང་པོར་འབབ་པའི་ཉལ་འགྲོ །པ་ར་མནཱ་ཡཤྲཱིམ་ཙྪཀྱ་མུན་མི་དྷི་ཥྛནེ་ཀུརྦནྟུ། །ཕུན་འདྲེས་པའི་ཟུང་ལྡན། ཚོགས་བསོད་ནམས་སྟོབས་ལས་ལེགས་འོངས་མིག་སྟོང་སྟོང་གསུམ་ཀུན་ལ་དབང་སྒྱུར་དབྱིག་གི་སྙིང་། །སྙིང་ཁར་ངོ་མཚར་དཔལ་གྱི་བེའུའི་དབྱིབས་མཛེས་མཛེས་སྡུག་ལང་ཚོས་ཁེངས་ལྡན་རི་སྐྱེས་མ། །མ་ལུས་ལེགས་སྦྱར་གཏེར་གྱུར་སྨིན་དྲུག་བུ་གང་གང་དེ་སྐྱེད་པར་བྱེད་པོ་གངྒཱ་འཛིན། །འཛིན་མའི་སྤོ་སོགས་ཁམས་གསུམ་དྲེགས་ཅན་ཚོགས་ཀུན་ཀུན་ནས་རབ་ཏུ་དང་པས་ཡན་ལག་མཆོག །མཆོག་རྐང་བཞིའི་བར་ན་ཡོད་པ་ཆོད་པའི་ཟུང་ལྡན་དང་མཐའ་ཐོག་སྤྱར་ར་བ་གཉིས་འདྲེས་པ། གི་སྤྱི་བོར་བསྟེན་པས་ཕན་བདེའི་དཔལ་སྩོལ་དཔལ་ལྡན་ཉི་མའི་གཉེན་ཞེས་ནོར་ལྡན་ཁྱོན། །ཁྱོན་འདི་ཕུལ་བྱུང་ཡོན་ཏན་བསིལ་ཟེར་ཚོགས་རྣམས་ཚོགས་གཉིས་ཟླ་འཕེལ་ལས་འོངས་གྲགས་པའི་སྒྲ། །སྒྲ་ཡིས་ཆར་ལྡན་རྔ་ཡང་ཕམ་ཕྱིར་(༤ན)
དབྱངས་ཀྱིས་དབྱངས་སྙན་ཚངས་པའི་གླུ་ཡི་སྙེམས་པ་ཡང་། །ཡང་དག་བརྗོད་བྲལ་སྟོབས་ལས་བཏང་ཞེས་རབ་འགེང་རབ་འབྱམས་དུས་གསུམ་རྒྱལ་བ་ཀུན་གྱི་མཆོག །མཆོག་འདི་མན་མཐའ་ཐོག་སྦྱར་བའི་ཟུང་ལྡན། དེར་གནམ་བསྐོས་མི་རྗེ་ལྷ་ཡི་རྒྱལ། །རྒྱལ་ཕྲན་གྲངས་མེད་ཟུར་ཕུད་པདྨ་དཀར། །དཀར་དམར་མདངས་འཛིན་ཞབས་སེན་སྦྲང་རྩི་འདོད། །འདོད་ལྡན་སྒེག་མོར་རོལ་འདྲ་ཆུ་འཛིན་ལམ། །ལམ་ངོས་རྒྱུ་སྐར་དབུས་ན་མཚན་མོའི་མགོན། །མགོན་དེའི་བདུད་རྩིའི་ཟེགས་མ་འབྲས་ལྡན་དུས། །དུས་ཀྱི་འཚུབ་མ་དང་བྲལ་འཚམས་གཟུགས་ཆ། །ཆ་ཀུན་རྫོགས་ལ་འགྲན་པ་སྟོབས་ཀྱི་དབང་། །དབང་ཕྱུག་བརྒྱད་ཀྱི་འཇིག་རྟེན་ཡོན་ཏན་གཏེར། །གཏེར་མཛོད་མིག་སྐྱར་འཁུ་བ་ཤར་གྱི་ཕྱོགས། །ཕྱོགས་བྲལ་ཟིལ་གནོན་ཁབ་ལས་ལེགས་འོངས་དར། །དར་དཀར་རྫས་ཀྱིས་ཀཻ་ལ་ཤ་ཡི་འོད། །འོད་གཟི་མངོན་པར་འཛིན་དང་བསིལ་བའི་ལྗོངས། །ལྗོངས་ཀྱི་ཕུན་ཚོགས་འདོད་རྒུའི་དཔལ་འབྱོར་ཀུན། །ཀུན་བཟང་མཆོད་སྤྲིན་ལྷན་ཅིག་ལྷ་ལམ་མཐའ། །མཐའ་ཀླས་ཚོགས་རྣམས་ཇི་སྙེད་ལྷག་པའི་སེམས། །སེམས་ཅན་ཀུན་ལ་གཅིག་ཏུ་དཀར་བའི་བློ། །བློ་གྲོས་སྟོབས་ཀྱིས་ཕུལ་པ་བགྲང་ཡས་དགེ །དགེ་ཚོགས་མཐུ་ལས་རྣམ་འདྲེན་ཟས་གཙང་སྲས། །སྲས་བཅས་བསྟན་པ་དཀར་ཕྱོགས་རྫོགས་པའི་ཚེས། །ཚེས་བདག་ལྟར་རྒྱས་སྐྱེ་རྒུའི་བདེ་ལེགས་དཔལ། །དཔལ་འབར་བདག་ཡིད་འདོད་དོན་ཟིལ་མངར་བཅུད། །བཅུད་ལྡན་ཚིག་གི་དམོད་པ་ལྟ་བུའི་མཐུ། །མཐུ་སྟོབས་གང་དེས་ལེགས་འགྲུབ་མི་མཐུན་དཔུང་། །དཔུང་ཚོགས་ལུས་པ་མེད་པ་ཤེ་ལའི་རི། །རི་རྣམས་སྤྲིན་(༤བ)
གྱི་གཟེག་མའི་རྡུལ་གྱི་ཆ། །ཆ་ཙམ་གྱུར་ལྟར་ཕྱོགས་རྣམས་ཐམས་ཅད་ལས། །ལས་བཞིའི་བྱེད་པོས་རྣམ་པར་རྒྱལ་གྱུར་ཅིག །སྨོན་ལམ་ཆེན་མོའི་དུས་དཔལ་ལྡན་ལྷ་མོ་དུང་སྐྱོང་མར་སྙན་ཤལ་ཕུལ་བའི་ཁ་ཡིག་འདོད་དོན་སྙེ་མ་གཡུར་ཟ། ཤ ནྟ སཱ དྲཱེ ཝཱི ཤཾ ཁ པཱ ལ ལེ ནྡྷ ཧེ མ མ སཾ ཀ ཝཱ རྦཱ སི དྡྷ ཀུ རྦ ནྟུ ། །ཤེལ་དཀར་འབར་བའི་རོ་འཛིན་གྱིས་བཞུ་བ། །ལན་བརྒྱར་བྱུགས་མིན་བསིལ་སྦྱིན་མཁན་པོ་ཡི། །བདུད་རྩིའི་གཟེག་མས་ཨུཏྤལ་དཀར་པོའི་ཚལ། །མངོན་པར་བཞད་ལ་རབ་འགོངས་ལང་ཚོའི་དཔྱིད། །ལེགས་བྲིས་མཆོག་གི་ན་ཆུང་མཚན་བཟང་གིས། །སྟེར་པོར་བརྒྱན་ན་ཡིད་འོང་གང་གི་སྐུའི། །མཚུངས་ཟླར་སྙན་ཚིག་རིག་བྱེད་དཔེ་རྒྱན་དུ། །འོས་སྙམ་ཡིད་ལ་འཆང་བྱེད་རྒྱལ་བའི་ཡུམ། །གང་དེར་རབ་དཀར་དད་པའི་ཆུ་འཛིན་ལས། །སྙན་ཤལ་དར་གྱི་གྲུ་ཆར་ལེགས་ཕབ་ཅིང་། །པད་དཀར་འཛིན་པ་ཆོས་རྒྱལ་མེས་དབོན་དང་། །བསྟན་རྩ་མཁན་ཆེན་མཚོ་སྐྱེས་རྡོ་རྗེ་ཡིས། །གསུང་གི་དམ་བསྒྲགས་དབྱར་གྱི་རྔ་གསང་སོགས། །སྣ་ཚོགས་རྒྱུ་ལས་འདོད་དོན་སྙེ་མ་རྣམས། །ཐོགས་མེད་འགྲུབ་ཅིང་སྨིན་པའི་ལེགས་ཚོགས་ཀུན། །མཐུ་སྟོབས་དུས་ཀྱི་བྱེད་པོས་འབྱུང་གྱུར་ཅིག །དུང་སྐྱོང་དབང་མོར་ཕུལ་པའི་སྙན་དར་ཁ་ཡིག་འདོད་དོན་སྤྲིན་གྱི་མྱུ་གུ། །རབ་འབྱམས་རྒྱལ་བའི་བསྟན་སྲུང་ལྷ་ལམ་ངོས། །སྙན་ཤལ་རླུང་གི་ཤིང་རྟ་ལེགས་དྲངས་པས། །རྗེ་འབངས་ལུགས་གཉིས་འདོད་དོན་དབྱར་གྱི་འབྲས། །འཕྲིན་ལས་སྤྲིན་གྱི་མྱུ་གུ་གྲུབ་པར་མཛོད། །ལྕགས་འབྲུག་དཔལ་ལྡན་འབྲས་སྤུངས་ཀྱི་བྱམས་ཆེན། དངུལ་གདུང་ཆེན་མོ་གཉིས། བདེ་གཤེགས་མཆོད་རྟེན་བརྒྱད། དཔལ་ལྡན་དམག་ཟོར་མའི་བྲིས་སྐུ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་དགེ་ཚོགས་འཛད་(༥ན)
མི་ཤེས་པའི་ཆུ་རྒྱུན། གསེར་བྱམས་ཆེན། ཞུན་ལན་བརྒྱར་བྱུགས་འདྲ་གང་གི་སྐུས། །ཐུན་མཚམས་མཛེས་སྡུག་འཕྲོག་པ་ངེས་པར་རྫུན། །བདེན་ན་ཕན་ཚུན་ཡིད་གཅུགས་རབ་འཁྱུད་པ། །གཙུག་ལག་གཞུང་ལས་བཤད་འདི་སུ་ཡིས་འགོང་། །དེ་འདྲ་རྒྱལ་བ་ཀུན་གྱི་སྲས་གཅིག་པུར། །འཆི་མེད་རྫས་ཀྱི་སྙནཤལ་འདི་ཕུལ་བས། །གནས་སྐབས་མཐར་ཐུགས་ཀུན་གྱི་འདོད་པའི་དོན། །ཐོགས་པ་མེད་པར་འགྲུབ་པའི་དགེ་ལེགས་སྩོལ། །རབ་དཀར་ཀཻ་གཙང་ཁང་ནུབ་དངུལ་གདུང་། ལ་ཤ་ཡི་ས་འཛིན་གྱི། །རབ་མཛེས་མདངས་འཕྲོག་རྒྱལ་བའི་མཆོད་སྡོང་ལ། །རབ་མཉེན་དབང་ཕྱོགས་གན་དར་འདི་ཕུལ་བས། །རབ་འབྱམས་སྟོབས་བཅུ་མངའ་བ་ཐོབ་པར་ཤོག །ལས་རྣམ་ཐར་སྒོ་གསུམ་གྱི་དངུལ་གདུང་། བཟང་སོར་རྩེའི་ཚོན་གྱིས་རྣམ་བཀྲའི་གཟུགས། །ཕམ་བྱེད་བསོད་ནམས་ཞིང་དུ་སུམ་རྩེན་ནས། །འོངས་སྙམ་འཕྱང་མོའི་དྲ་བར་འཆིང་བྱེད་འདིས། །འགྲོ་ལ་ཕན་དང་བདེ་བའི་དཔལ་སྩོལ་ཅིག །བདེ་གཤེགས་མཆོད་རྟེན་བརྒྱད། འགྲོ་འདིའི་ཆེད་དུ་བུ་རམ་ཤིང་པ་ཡི། །རྣམ་མང་སྤྲུལ་པའི་གར་ལས་ཐུགས་ཀྱི་རྟེན། །མཆོག་གསུམ་ཀུན་འདུས་བཀྲ་ཤིས་གྲངས་ལྡན་འདིས། །དགེ་ཚོགས་རྒྱ་མཚོ་རིང་དུ་སྤེལ་གྱུར་ཅིག །དམག་ཟོརམའི་བྲིས་སྐུ། གཟིམས་ཆུང་མགོན་ཁང་ལྕང་ལོ་ཅན་དུ་དཔལ་ལྡན་དམག་ཟོར་མར་ཕུལ་བའི་སྙན་ཤལ་འཆི་མེད་རྫ་རྔ། ལོག་འདྲེན་མུན་ཚོགས་འཇོམས་ལ་རིང་ཁྲོས་ཀྱང་། །ལུས་ཅན་པདྨོའི་ཚལ་ལ་བྱམས་བརྩེའི་འོད། །མངོན་པར་སྤྲོ་མཛད་ལྷ་མཆོག་རྟ་ལྗང་དབང་། །ཡིད་ངོར་རྒྱུ་བའི་འདོད་དོན་སྒྲུབ་པར་མཛོད། །དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་མཐུ་སྟོབས་ཀྱིས། །སྲིད་གསུམ་(༥བ)
ཀུན་ལས་རྒྱལ་བ་ལྷ་ཡི་རྔ། །སྒྲོག་མཛད་ལེགས་བྲིས་བུ་མོས་བསམས་པའི་དོན། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ལྕགས་འབྲུག་གདན་ས་ཆེན་པོ་རི་བོ་དགའ་ལྡན་གྱི་དངུལ་གདུང་རིན་པོ་ཆེར་སྙན་ཤལ་ཕུལ་བའི་ཁ་ཡིག་ཕན་བདེའི་རྩེ་དགའ་ཡོངས་བཞད། དཔལ་ལྡན་རྒྱལ་ཀུན་ལུང་རྟོགས་ལྷ་ལམ་དབུས། །མཁྱེན་ཡངས་བློ་གྲོས་བཟང་པོའི་བཅུ་གཉིས་བདག །མངོན་པར་འོངས་པའི་ལེགས་བཤད་འོད་རྣོན་གྱིས། །དཔལ་སྟུག་བསྟན་པ་སྦྲང་རྩིའི་རྒྱལ་མཚན་ཚལ། །རབ་རྒྱས་གྲགས་པ་དབྱར་སྐྱེས་རྔ་གསང་གིས། །ཕྱོགས་བྲལ་གཙུག་ཕུད་ཅན་གྱི་ཐོས་འཛིན་དུ། །ལེགས་པར་སོན་པ་སྔོན་མེད་དགའ་སྟོན་མཆོག །སྩོལ་མཛད་ཕུལ་བྱུང་བྱེད་པོ་རྟག་ཏུ་རྒྱལ། །རི་དྭགས་མིག་ཅན་བཞིན་རས་མ་ངོམ་ཞིང་། །བསིལ་ཟེར་དཀྱིལ་འཁོར་ལྷ་ཡི་ལམ་ཡངས་པར། །བགྲོད་མིན་རྒྱ་མཚོའི་ཟླ་བ་ཕམ་བྱེད་པའི། །དཀར་འཇམ་ཟུང་འབྲེལ་ལྷ་རྫས་སྙན་ཤལ་དར། །གསེར་ལྡན་ཁྱོན་འདིར་འགྲན་ལ་ཐུགས་ཀྱི་རྟེན། །རྒྱལ་བའི་མཆོད་སྡོང་གང་དེར་ཕུལ་བའི་དགེས། །གནས་སྐབས་མཐར་ཐུག་ཀུན་དུ་ཕན་བདེ་ཡི། །དགའ་བདེའི་དཔལ་ལ་སྤྱོད་པའི་དགེ་ལེགས་སྩོལ། །ལྕགས་འབྲུག་གི་ལོ་ལྔ་མཆོད་ཆེན་མོའི་ཐོག་དགའ་ལྡན་གྱི་དངུལ་གདུང་རིན་པོ་ཆེར་ཕུལ་བའི་སྙན་དར་ཞལ་ཡིག་ལྷག་བསམ་མྱུ་གུ། སྭསྟི། །རབ་འབྱམས་རྒྱལ་དབང་མཁྱེན་བརྩེའི་བློ་མཚོ་ལས། །རྣམ་དཀར་བཟང་པོའི་མཛད་པ་ཡིད་བཞིན་ནོར། །ཐུབ་བསྟན་རྒྱལ་མཚན་རྩེར་བཀོད་གྲགས་པའི་སྒྲ། །སྲིད་གསུམ་ཀུན་ཁྱབ་(༦ན)
རྒྱལ་བ་གཉིས་པར་འདུད། །རིན་ཆེན་ཀཉྩའི་ལྷུན་པོ་རྟ་ལྗང་གིས། །ལན་བརྒྱར་འཁྱུད་པའི་མདངས་འཛིན་གན་མཛོད་དར། །རབ་དཀར་ལྷག་བསམ་དག་པའི་བྱེད་པོ་ཡིས། རྨད་བྱུང་མཆོད་སྡོང་དམ་པར་ཕུལ་བའི་མཐུས། །ས་འཛིན་དབང་པོ་ཇི་སྲིད་གནས་ཀྱི་བར། །ཐུབ་པའི་ལུང་རྟོགས་བསྟན་པ་རབ་རྒྱས་ཤིང་། །གྲངས་མེད་འགྲོ་བ་ཀུན་གྱི་བདེ་སྐྱིད་རྣམས། །འཕེལ་ཞིང་བརྟན་པའི་དཔལ་འདི་འགྲུབ་གྱུར་ཅིག །ལྕགས་སྤྲུལ་གནམ་ལོ་གསར་ཚེས་ཀྱི་ཉིན་སྲིད་གསུམ་དབང་ཕྱུག་མ་དགྱེས་བྱེད་མཆོད་པའི་དུས་སྙན་ཤལ་ཕུལ་བའི་ཁ་ཡིག་ནོར་བུ་དབང་གི་རྒྱལ་པོ། ཨོཾ་སྭསྟིཔྲཛཱབྷྱ༔། མཁྱེན་པའི་གཏེར་གྱུར་ཟུར་ཕུད་ལྔ་པ་གང་དེ་དགྱེས་དགུར་སྤྱོད་ལ་མཆོག་གྱུར་ངག་དབང་དབྱངས་ཅན་ལྷ། །མི་མཐུན་དགྲ་སྡེའི་དཔུང་ཚོགས་འཇོམས་ཤིང་མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་སྲིད་གསུམ་དབང་སྒྱུར་དྲག་མོའི་སྐུར། །ལེགས་སྟོན་ལྷག་པའི་ལྷ་མཆོག་དམ་པར་ཀཻ་ལ་ཤ་ཡི་ས་འཛིན་འོངས་འདྲ་འཇམ་མཉེན་བཀྲ་ཤིས་དར། །མི་འགྱུར་གཅིག་ཏུ་རྣམ་པར་རབ་དཀར་དངས་པའི་ཡིད་ཀྱིས་ཕུལ་བའི་དགེ་ཚོགས་རྒྱ་མཚོ་ཆེ་དེ་ལས། །གནས་སྐབས་མཐར་ཐུག་ཡིད་ལ་བསམས་པའི་དོན། །ཕུལ་བྱུང་ནོར་བུ་དབང་གི་རྒྱལ་པོ་ཆེ། །སྲིད་གསུམ་རྒྱལ་མཚན་རྩེ་མོར་ལེགས་བཀོད་པས། །མཆོག་ཐུན་ཕུན་ཚོགས་འདོད་རྒུ་འགྲུབ་པར་མཛོད། །བི་རི་སྨད་རྟ་དོན་ཡོད་ཀྱིས་མདོ་ཁམས་ཀུན་རང་གིར་བཟུང་སྟེ་བསྟན་འགྲོའི་བདེ་སྐྱིད་འཇོམས་(༦བ)
པའི་གཤེད་མ་ཆེན་པོར་གྱུར་པའི་དུས། །དེའི་གཉེན་པོར་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་གཡུལ་བཤམས་ཏེ་ཁམས་ཕྱོགས་སུ་སྡེ་གཟར་ཡུན་རིང་ལ་དར་དྲག་པ་བྱུང་སྐབས་ཇུས་རིམ་དུ་འཇམ་དཔལ་ཚེ་བདག་ནག་པོའི་མནན་བསྲེག་འཕང་གསུམ་འཆི་བདག་ཞལ་དབྱེ་བ་སོགས་ཀྱི་ལས་སྦྱོར་དང་། དམ་ཅན་སྲུང་མའི་ཚད་བསྐུལ་བགྱིས་པ་གནད་དུ་སོང་པའི་གཡུལ་རྒྱལ་བའི་གཏམ་སྙན་བྱུང་སྐབས་ལྕགས་སྦྲུལ་ཧོར་ཟླ་གཉིས་པར་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་ཡི་དམ་ཆོས་སྲུང་སྤྱི་བྱེ་བྲག་ལ་གཏང་རག་ཕུལ་བའི་སྙན་དར་ཞལ་ཡིག་བདུད་ལས་རྣམ་པར་རྒྱལ་བའི་བ་དན། །ཕྱག་རྒྱ་ཟིལ་གནོན། རབ་འབྱམས་རྒྱལ་ཀུན་ཡབ་གྱུར་འཇམ་དཔལ་དབྱངས། །ལོག་འདྲེན་གདུག་པ་གདུལ་ཕྱིར་ཁྲོ་བོའི་དབང་། །དཔལ་ལྡན་བཤན་པ་ཆེན་པོ་དུས་ཀྱི་དགྲ །ཕྱག་རྒྱ་ཟིལ་གནོན་ལས་གཤིན་འཁོར་བཅས་ཀྱིས། །སྔར་བཅོལ་མངོན་སྤྱོད་ལས་རྣམས་འགྲུབ་པ་དང་། །འབྱུང་འགྱུར་ལས་ཀུན་ཐོགས་མེད་བསྒྲུབ་པའི་ཆེད། །ཕྱི་ནང་གསང་བ་རབ་འབྱམས་མཆོད་པའི་སྤྲིན། །ལེགས་འབུལ་བརྩེ་བས་བཞེས་ལ་དོན་རྣམས་སྒྲུབས། །ཟིལ་དཔལ་ལྡན་དམག་ཟོར་མ་གནོན་བཀའ་ཉན་སྲིད་གསུམ་ཀུན་གྱི་བདག །ལྷག་པའི་ལྷ་མཆོག་དམག་ཟོར་རེ་མ་ཏི། །མཆོག་ཐུན་འདོད་རྒུའི་དཔལ་སྩོལ་དབང་གི་རྒྱལ། །དུས་བཞིའི་ལྷ་སོགས་འཁོར་དང་བཅས་རྣམས་ཀྱིས། །སྔར་བཅོལ་མངོན་སྤྱོད་ལས་རྣམས་གྲུབ་པ་དང་། །འབྱུང་འགྱུར་ལས་ཀུན་ཐོགས་མེད་བསྒྲུབ་པའི་ཆེད། །ཕྱི་ནང་གསང་བ་རབ་འབྱམས་མཆོད་པའི་སྤྲིན། །ལེགས་འབུལ་བརྩེ་བས་བཞེས་ལ་འདོད་དོན་སྤྱི། །(༧ན)
ཁྱད་པར་བདག་ཡིད་མཆོད་སྦྱིན་བརྒྱ་པ་ཡི། །བསམ་དོན་འཆི་མེད་ཕུན་ཚོགས་དཔལ་འབྱོར་རྣམས། རབ་རྒྱས་དགྲ་བགེགས་བཅུད་བྲལ་འཇོམས་པ་སོགས། ཐོགས་མེད་ལྷུན་གྱིས་བསྒྲུབ་པའི་འཕྲིན་ལས་མཛོད། །མགོན་པོ་ཞལ། ཞིང་སྐྱོང་སྟོབས་འཕྲོག་དབང་པོ་འཁོར་བཅས་ལ། །སྔར་བཅོལ་ལས་གྲུབ་སླད་མར་བསྒྲུབ་པའི་ཆེད། །མཐུན་པའི་དམ་རྫས་རྒྱ་མཚོས་ལེགས་མཆོད་ན། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །ལྕགས་སྦྲུལ་དཔལ་ལྡན་འབྲས་སྤུངས་ཀྱི་སྔགས་ཁང་དུ་བསྙེན་རྫོགས་པ་བཀའ་རབ་འབྱམས་སོགས་རགས་བསྡུས་ལྔ་བཅུ་བསྐོར་བསྡུས་ཏེ་བསྐང་རྒྱུན་བཙུགས་སྐབས་ནག་པོ་སྐོར་གསུམ་ལ་ཕུལ་བའི་སྙན་ཤལ་ཁ་ཡིག་ཐུབ་བསྟན་དཀར་ཆ་འཕེལ་བའི་ཟླ་ཚེས། ཨོཾ་སྭསྟི། རྡོ་རྗེ་འཇིགས་བྱེད། བརྒྱ་ཕྲག་མཁའ་དབྱིངས་བཞུ་བའི་ལང་ཚོ་ལ། །བྱིན་ཟའི་འཕྲེང་བས་རབ་སྤུད་བཀོད་ལེགས་ཀྱི། །ཉམས་ལྡན་སྲིད་གསུམ་ཟ་བ་དུས་ཀྱི་དགྲ །ཁྱབ་བདག་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲུང་། །ཕུན་ཚོགས་དགེ་མཚན་རྒྱ་མཚོའི་ཡོན་ཏན་ཀུན། །བྱེད་པོས་གཅིག་ཏུ་བསྡུས་པ་ཙཱི་ཎའི་ཡུལ། །གནམ་བསྐོས་གོང་མའི་རྒྱལ་ཁབ་གན་མཛོད་ལས། །ལེགས་འོངས་དར་གྱི་སྙན་ཤལ་འདི་ཕུལ་བས། །རྣམ་འདྲེན་རྒྱལ་བའི་ལུང་རྟོགས་བསྟན་པ་ཟུང་། །དཀར་ཆ་འཕེལ་བའི་ཚེས་ཀྱི་ཟླ་གཞོན་ལྟར། །ཡར་ལྡན་འགྱུར་ཞིང་ལུས་ཅན་མ་ལུས་པ། །ཕན་དང་བདེ་བའི་དཔལ་ལ་སྤྱོད་པར་མཛོད། །(༧བ)
མགོན་པོ་ཕྱག་དྲུག་པ། འཇིགས་རུང་ཁྲོ་བོའི་དབང་པོ་ནག་པོ་ཆེ། །ཞིང་སྐྱོང་འཁོར་ཚོགས་རྒྱ་མཚོར་བཅས་རྣམས་ཀྱིས། །རྒྱ་མཚོའི་གོས་ཅན་གཞི་འདིར་རྒྱལ་བའི་བསྟན། །ཇི་སྲིད་བསྐལ་བརྒྱར་གནས་པའི་འཕྲིན་ལས་མཛོད། །སྲིད་གསུམ་སྐྱེ་འགྲོའི་སྲོག་ལ་དབང་སྒྱུར་བ། །ལས་གཤིན་བསྟན་དགྲའི་གཤེད་མ་བཤན་པ་ཆེ། །ལོག་པར་འདྲེན་པ་གདུག་ཅན་དགྲ་བོའི་ཚོགས། །མངོན་སྤྱོད་ལས་ཀྱིས་སྒྲོལ་བའི་འཕྲིན་ལས་ལས་གཤིན་མཛོད། །གནས་ཆུང་ལྕོག་ཏུ་གསོལ་མཆོད་བརྒྱ་ཚར་བཙུགས་སྐབས་ཕུལ་བའི་སྙན་དར་ཁ་ཡིག་བསམ་དོན་ལྷུན་གྲུབ། རབ་འབྱམས་རྒྱལ་ཀུན་འཁོར་ལོའི་དབང་ཕྱུག་མཆོག །སྣང་བ་མཐའ་ཡས་ཐུགས་རྗེའི་ཟློས་གར་ལས། །དུས་གསུམ་སངས་རྒྱས་མཚོ་སྐྱེས་རྡོ་རྗེའི་ཞབས། །ཐུགས་རྗེའི་གཟི་བྱིན་འགྲོ་འདི་རྟག་སྐྱོངས་ཤིག །བརྒྱ་ཕྲག་ཕུན་ཚོགས་དགེ་བཅུ་ལྡན་པའི་ཡུལ། །བྱང་ཕྱོགས་བསིལ་རིས་བསྐོར་བའི་སྨན་ལྗོངས་འདིར། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི །ཐུགས་དམ་ཆོས་འཁོར་དཔལ་གྱི་བསམ་ཡས་ས། །གདུལ་བའི་ཆེད་དུ་པདྨཱ་ཀཱ་ར་ཡིས། །སྣ་ཚོགས་སྤྲུལ་པའི་ཟློས་གར་ལེགས་བསྟན་ཚེ། །འཇིག་རྟེན་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །ལེགས་བཅུག་ཆོས་འཁོར་ཀུན་གྱི་སྲུང་མ་ཆེར། །མངའ་གསོལ་སྤྲུལ་པའི་རྒྱལ་པོ་པེ་ཧ་ར། །བཀའ་སྡོད་དྲེགས་པའི་ཚོགས་དང་བཅས་རྣམས་ཀྱིས། །དམ་ཚིག་གཉན་པོ་མ་གཡེལ་རབ་དགོངས་ནས། །བསམ་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་མཛོད། །གཙང་སོགས་གཡུལ་འཁྲུགས་པ་བསྟན་འཛིན་ཆོས་རྒྱལ་རྣམ་པར་རྒྱལ་ཏེ་ཆུ་རྟ་གཙང་བསམ་གྲུབ་རྩེ་འབངས་(༨ན)
བཅས་ཐོབ་པའི་དུས་ཇུས་རིམ་རྣམས་འབྲས་ལྡན་དུ་གྲུབ་པར་བརྟེན་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་ཡི་དམ་ཆོས་སྲུང་རྣམས་ལ་གཏང་རག་ཕུལ་བའི་སྙན་དར་ཞལ་ཡིག་དབང་ཕྱུག་མིག་གི་མེ་དཔུང་། འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ཚེ་བདག་ལྷ། །ཀིང་ཀང་དམར་ནག་མཐའ་སྡུད་ཏི་པ་ཙ། །འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་སོགས། །བསྟན་སྲུངས་དམ་ཅན་རྒྱ་མཚོར་བཅས་པའི་དྲུང་། །བརྣག་པའི་སེམས་འཆང་དམ་ཉམས་དགྲ་བགེགས་དཔུང་། །གནམ་ལྕགས་ཐོག་གིས་བྲག་རི་བཅོམ་པ་ལྟར། །ལས་སྦྱོར་ལྷུན་གྲུབ་གཏང་རག་མཆོད་པའི་ཚོགས། །དངོས་བཤགས་ཡིད་སྤྲུལ་འབུལ་ན་དགྱེས་པར་རོལ། །ཆུ་ཕོ་རྟའི་ལོ་ཕོ་བྲང་ཆེན་པོ་གོང་རི་དཀར་པོར་སླེབས་སྐབས་གོང་མ་འགྲོ་བའི་མགོན་པོའི་དངུལ་གདུང་།མགོན་ཁང་ལྕང་ལོ་ཅན་གྱི་ཞལ། མགོན་ཁང་ཆེན་མོར་ཕྱག་བཞི་པ། རྒྱལ་ཁང་རྣམས་སུ་སྙན་དར་ཕུལ་བའི་ཁ་ཡིག་ཕུན་ཚོགས་འདོད་འཇོ། ཕུན་དངུལ་གདུང་ཚོགས་རིན་ཅེན་གཉིས་པའི་མཆོད་སྡོང་ཆེ། །མཐའ་ཡས་སྐྱེ་རྒུའི་བསོད་ནམས་ཉེར་འཚོའི་དཔྱིད། །རྟ་བདུན་ལྷ་ལམ་བགྲོད་པ་དེ་སྲིད་དུ། །ཕན་བདེའི་ཆར་གྱིས་འགྲོ་འདི་སྐྱོང་གྱུར་ཅིག །རིགས་ལྕང་ལོ་ཅན་བརྒྱའི་ཁྱབ་བདག་ནཱ་གཱ་རྫུ་ན་དང་། །པདྨ་འབྱུང་གནས་རི་སུལ་རྣལ་འབྱོར་མ། །ལོ་ཆེན་གཉན་དང་དཔལ་ལྡན་ས་སྐྱ་པ། །སྔགས་འཆང་ཆོས་ཀྱི་རྒྱལ་པོ་མཚར་ཆེན་སོགས། །དངོས་བརྒྱུད་(༨བ)
རིགས་འཛིན་དགྲ་ལྷ་མཐུ་རྩལ་ཅན། །མཐུ་སྟོབས་དྲག་རྩལ་དབང་ཕྱུག་བྲམ་ཟེ་ཆེ། །རིང་ནས་བསྟེན་ཅིང་ལེགས་བསྒྲུབས་སྲུང་མ་མཆོག །ཐུགས་རྗེ་ནུས་པའི་དཔུང་ཚོགས་རབ་སྐྱེད་ལ། །བསྟན་དང་འགྲོ་བའི་ཕན་བདེ་རྒྱས་པ་དང་། །བརྒྱུད་ལྡན་རིགས་འཛིན་བདག་གི་འདོད་པའི་དོན། །ཐོགས་མེད་འགྲུབ་ཅིང་མི་མཐུན་བདུད་སྡེའི་གཡུལ། ཀུན་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །མགོན་ཁང་ཆེན་མོར། དཔལ་ལྡན་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱིས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་བ་དང་། །མི་མཐུན་བདུད་སྡེའི་ཚོགས་རྣམས་ཚར་བཅད་ནས། །འདོད་པའི་དོན་ཀུན་མ་ལུས་སྒྲུབ་པར་མཛོད། །རྒྱལ་ཁང་འཇིག་རྟེན་དྲེགས་པའི་དབང་ཕྱུག་པེ་ཧ་ར། །མཚོ་སྐྱེས་དམ་ཚིག་གཉན་པོ་ཉེར་དགོངས་ལ། །ཇི་ལྟར་སྨོན་པའི་སྦྲང་རྩིའི་རྒྱལ་མཚན་ཆེ། །འཕྲིན་ལས་ཉིན་མོར་བྱེད་པས་སྐྱོང་བར་མཛོད། །ཆུ་སྟག་སྒར་པས་དབུས་གཙང་དུ་སྐྱར་ལང་སྟོབས་ཆེར་བསླང་པའི་དཔུང་རྒྱབ་ཏུ་ཀོང་པོ་ཀར་སྲིད་ཀྱི་དམག་ཁྲི་ཕྲག་ཏུ་ཉེ་བ་ལྟས་ངན་གཡང་ལོན་གྱི་ཆོས་སྐྱོང་སྲུང་མས་བཀུག་སྟེ་འོལ་དགའ་དང་ཨེར་འབྱོར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་དཔུང་གིས་མེ་ལྕེ་དང་ཕྱེ་མ་ལེབ་ཀྱི་ངང་ཚུལ་དུ་གྱུར་ཚེ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་ཡི་དམ་ཆོས་སྲུང་རྣམས་ལ་གཏང་རག་ཕུལ་བའི་སྙན་དར་ཞལ་ཡིག་སྲིད་གསུམ་རྣམ་རྒྱལ། སྲིད་གསུམ་ཟིལ་གནོན་ལས་ཀྱི་མཐའ་སྡུད་བཅས། །སྲིད་གསུམ་བདག་མོ་ཆོས་སྲུང་རྒྱ་མཚོ་ལ། སྲིད་གསུམ་ལས་རྒྱལ་གཏང་རག་(༩ན)
མཐུན་པའི་རྫས། །སྲིད་གསུམ་ཁྱོན་ཀུན་བཀང་ནས་འབུལ་གྱིས་བཞེས། །ཆུ་ལུག་ཧོར་ཟླ་བཅུ་གཅིག་པར་ཆོས་འཁོར་རྒྱལ་དུ་ཕྱིན་སྐབས་གཙང་ཁང་ཆེན་མོར་རྒྱལ་བ་མི་ཕམ་པར་ཕུལ་བའི་སྙན་ཤལ་གཡས་ཀྱི་ཁ་ཡིག་བདེ་ལེགས་ཟད་མི་ཤེས་པའི་མཛོད། ཐུགས་མཐའ་དག་གཟུགས་ཀྱི་ཤིས་བརྗོད། རྗེའི་ཆུ་འཛིན་འཕྲེང་བ་ལས། །ཕན་བདེའི་རྐང་འཐུང་རབ་བཞད་པ། །མི་ཕམ་མགོན་པོ་ཀུན་གསལ་གྱིས། །དུས་རྣམས་ཀུན་དུ་དགེ་བར་མཛོད། །བྱམས་ཟུར་གྱི་ཕྲ་མོ་བརྩེའི་འོད་སྣང་ཀ་ཤི་མཛེས་དགར་ཡིད་ཀྱི་ཤིང་རྟས་ལེགས་དྲངས་པས། །མཚམས་སྤྲིན་གཞོན་ནུ་ལང་ཚོའི་ཟིལ་དངར་གཡོ་བའི་བདེ་བ་འབུམ་ཕྲག་གི །མཚན་དཔེའི་བཞིན་རས་ཅི་ཡང་(༩བ)
ངོམ་པ་གསལ་བྱེད་བཻཌཱུར་མཐིང་ཁའི་སྐྲ། །འགྲོ་ལ་རྗེས་ཆགས་ཡོན་པོར་འཕྱང་ལ་འདྲེན་བྱེད་དག་ཀྱང་ཅུང་ཟད་ཟུར། །དེ་ཕྱིར་མི་མཉམ་པའི་གཟུགས་ཅན་ལ་ཏིང་ངེ་འཛིན་གྱིས་བརྒྱན་པ། ངོ་མཚར་དཔྱིད་ཀྱི་མ་མའི་མངལ་གྱི་ཁུར་ལས་འོངས་པ་ན། །ཕྲ་རྒྱས་ནམ་མཁའི་སྐེ་རགས་རིང་སྤང་བཟོད་ལྡན་གྲང་རེག་དུས་ཀྱི་ཤིང་། །སླར་སྐྱེས་འབབ་ལྡན་འདོད་ཁུར་གྱིས་ལྕི་དགའ་བདེའི་ཡལ་འདབ་གཡུར་ཟ་ཅན། །ཨེ་མ་སྲིད་འདིར་སྣང་བའི་མཐའ་བྲལ་སྟོན་པའི་བྱེད་པ་འཕགས་མཆོག་ཀྱེ། །སྟོང་འཁུན་གཡོན་མིག་སོར་མོའི་པདྨ་དཀར། །དཀར་འཇམ་འཕྲུལ་གྱི་ཐགས་གྲུབ་གན་དར་མཆོག །མཆོག་ཏུ་མངོན་མཐོ་དབང་ཕྱོགས་གནམ་བསྐོས་ལྷ། །ལྷ་དབང་སྟོབས་ལ་འཁུ་བའི་རྒྱལ་ཁབ་ནས། །ལེགས་འོངས་མཁའ་དབྱིངས་ལུས་ཕྲ་འོད་དཀར་ཅན། །སྐྱེངས་ཏེ་ན་ཀྲའི་གྲོང་དུ་ཡིབ་བྱེད་པ། །སྙན་ཤལ་སྐེད་མེད་བཞིན་གྱི་འོད་མདངས་ལྟར། །ཆུ་ཤེལ་ཞུན་མ་བྱུགས་འདྲ་སྤུད་པའི་དགེས། །ཉི་མའི་འོད་ཀྱིས་ལེགས་བསྐྱངས་ཁུངས་ལྡན་བརྒྱུད། །ས་སྤྱོད་དམ་པའི་རིགས་ལས་སྟོབས་བཅུའི་རྩལ། །ཡོངས་རྫོགས་མ་འདྲེས་འགྲོ་བའི་གཉེན་གྱུར་པ། །ཟས་གཙང་སྲས་ཞེས་སྙན་པའི་གྲགས་འབར་མཆོག །རྒྱལ་བསྟན་རྒྱ་མཚོའི་གོས་ཅན་ས་སྲུངས་ལ། །རྟ་ལྗང་དབང་པོ་གསེར་སྦྱངས་ཞུན་མའི་རྒྱན། །ཇི་སྲིད་འཁྱུད་པའི་མཛའ་གཅུགས་གཏད་མིན་པར། །གྲངས་མེད་འགྲོ་བའི་ཉེར་འཚོར་རབ་རྒྱས་ཤིང་། །ཕུན་ཚོགས་སྡེ་བཞིའི་འབྲས་བུ་དར་བབས་པའི། །བདེ་ལེགས་ཟད་མི་ཤེས་པ་ནམ་མཁའི་མཛོད། །ལོངས་སུ་སྤྱོད་(༡༠ན)
པའི་དྲི་ཟའི་འཕང་འགྲོའི་དབྱངས། །མཐོ་རིས་རྒྱུད་དུ་མངར་བའི་དཔལ་ དུ་སྩོལ། །རྒྱལ་བ་བྱམས་པའི་སྙན་ཤལ་གཡོན ་གྱི་ཁ་ཡིག་ཕན་བདེའི་ཁྲིམས་ཀྱི་ངལ་གསོ། བཻཌཱུར་རྡུལ་བརྩེགས་སྒྱུ་རྩལ་སྤྱོད། །རྟ་ལྗང་དབང་པོ་ལུས་ཕྲ་མས། །འཁྱུད་པའི་ཡིད་ཀྱི་ཤིང་རྟའི་རོ། །སྩོལ་ཅིག་མགོན་མཆོག་གསེར་མངལ་ཀྱེ། །ལེགས་བྱས་དཔྱིད་ཀྱི་ལང་ཚོ་སྒེག་མོའི་མངལ་ཁུར་ལས། །ཆོས་དང་སྲིད་ཀྱི་མ་རྒད་ཞུན་མའི་འོག་པགས་ཀྱིས། །ཀླུབས་པས་ཨིནྡྲ་ནཱི་ལའི་ས་འཛིན་ཁེངས་པའི་རྒྱུད། །འགུགས་བྱེད་རི་སྐྱེས་འཁོར་ལོའི་ཤིང་རྟ་གསེར་ལྡན་འདིར། །(༡༠བ)
ནམ་ཡང་ཐོགས་མེད་སྤྱོད་ལ་མི་འགོང་ཞིང་། །མཆོག་དམན་སྐྱེ་རྒུའི་ཡིད་ཀྱི་ཕྲག་པ་ལ། །ལུགས་ཟུང་ཁྲིམས་ཀྱི་གཉའ་ཤིང་འཛིན་རི་ཡིས། །གཡོ་མེད་སྲིད་མཐར་ལྕི་བའི་ཤིས་པ་སྩོལ། །ཆོས་འཁོར་རྒྱལ་མཐིལ་གྱི་མགོན་ཁང་དང་དགའ་ཚལ་དབང་དྲག་རོལ་པའི་མགོན་ཁང་རྣམས་སུ་གཏོར་གསོས་ཐོག་ཕུལ་བའི་སྙན་དར་ཞལ་ཡིག་ཕན་བདེའི་ཙནྡན་དྲི་བསུང་། མི་མཐིལ་གྱི་མགོན་ཁང་ཆེན་མོ། འགྱུར་བདེ་ཆེན་རང་བཞིན་སྟོང་པའི་དབྱིངས། །ཟུང་འཇུག་རིན་ཆེན་རྡུལ་བརྩེགས་ཁོར་ཡུག་ལ། །རྣམ་མང་གཟུགས་སྐུར་ཤར་བ་ལངྐའི་བདག །མི་ཟད་སྟོབས་ལྡན་ཆོས་སྲུང་རྒྱ་མཚོ་ཡིས། །བློ་གསལ་རྐང་དྲུག་གཞོན་ནུར་བཟང་པོའི་བཅུད། །རོ་མཆོག་ཟད་མི་ཤེས་པའི་ལེགས་བཤད་རྔ། །ཕྱོགས་བྲལ་སྣ་ལུང་སྐུད་པ་གྲགས་པའི་དབྱངས། །ཤཱཀྱའི་བསྟན་ལ་མཛེས་བྱེད་རྒྱན་ཀྱི་ཕུལ། །ཕུལ་བྱུང་མཁྱེན་རབ་རབ་ཡངས་འཇམ་པའི་དབྱངས། །དབྱངས་བདུན་རྒྱུད་འགུགས་འགུག་བྱེད་བློ་གྲོས་མཆོག །མཆོག་དམན་འགྲོ་ཀུན་ཀུན་མཁྱེན་རྣམ་འདྲེན་ས། །ས་བཅུའི་ལམ་གྱིས་བགྲོད་མཁས་མཁས་དབང་བསྟན། །ལྔ་བརྒྱའི་ཕྲེང་བ་ཕྱོགས་ཀྱི་སྲད་བུ་ལ། །མངོན་པར་སྟར་བརྒྱུས་དུས་ཀྱི་བསྐལ་པའི་མཐའ། །རྫོགས་མིན་དེ་སྲིད་རྨད་བྱུང་སྡེ་བཞིའི་དཔལ། །དཀར་ཕྱོགས་ཀུན་ཕན་ལྟར་རྒྱས་འཕྲིན་ལས་མཛོད། །དེ་ཝཱི་ཀོ་ཊ་རྨད་བྱུང་མཛེས་སྡུག་ལང་ཚོ་དར་བབས་དཔྱིད། །ངག་དབང་ཚངས་པའི་བུ་མོ་ལུས་ཕྲ་མ། །མི་བསྲུན་དགྲ་སྡེའི་གཤེད་དུ་སྲིན་མོའི་གཟུགས། །(༡༡ན)
སྲིད་འདིའི་མེ་ལོང་ངོས་སུ་རྟག་འཆར་དེས། །དོ་ཟླར་བྲལ་བ་དགེ་བའི་དངོས་པོ་མཆོག །མཆོག་དམན་ཀུན་ལ་ལེགས་ལམ་གྲུབ་པའི་དཔལ། །དཔལ་སྟུག་བསྟན་པ་རྟ་ལྗང་དབང་པོའི་འོད། །འོད་གཟི་སྲིད་པའི་རྩེ་མོར་འཕྱུར་བ་དང་། །དེང་འདིར་ཡོངས་སྨོན་བཻཌཱུར་དཔལ་བེའི་གཟུགས། །རྣམ་པར་གྲུབ་པ་ངོ་མཚར་བསིལ་སྦྱིན་མཁན། །ཡིད་ཀྱི་རིན་ཆེན་འབྱུང་གནས་འབུམ་ཕྲག་ངོས། །ལེགས་བརྒྱན་རེ་བའི་འདོད་པ་རབ་འཇོ་ཞིང་། །སེམས་ཀྱི་ལྕུག་ཕྲན་མི་ཕྱེད་ཕྱག་རྒྱའི་མདུད། །ནམ་ཡང་འཇིག་བྲལ་མཛའ་ནའི་ཨ་ཤྭ་ཀའི། །དགའ་སྟོན་མ་ལ་ཡ་ཡི་དྲི་བཞོན་ཅན། །འཛད་མེད་ནམ་མཁའི་མཛོད་དུ་དར་གྱུར་ཅིག །བསིལ་པ་ཚལ་གྱི་གུར་མགོན་སྟང་ཟིལ་རྡུལ་བརྩེགས་རྒོད་མ་ཁ་ཡི་གོས། །ལན་བརྒྱར་ཀླུབས་ལ་འགོང་བ་ཡེ་ཤེས་ལྷས། །ཕུན་ཚོགས་ཆོས་སྲིད་འབྱོར་པ་ཨུཏྤལ་ལའི། །ལེགས་ལམ་འདབ་སྟོང་ཚལ་ཀུན་རྒྱས་པར་མཛོད། །བསིལ་བ་ཚལ་གྱི་ཞལ་རྒྱལ་ཀུན་ཡེ་ཤེས་ཆུ་གཏེར་ཆེན་པོའི་ཀློང་། །སྒྱུ་མའི་སྣང་བརྙན་འགྲོ་ལ་ཆགས་པའི་གར། །སྟོབས་ལྡན་བྲམ་ཟེའི་ཉལ་འགྲོ་ཨཱ་དཪྴར། །ཐུབ་བསྟན་ཆུ་སྐྱེས་འཛུམ་གྱིས་བསུས་པའི་མགྲོན། །གང་གི་མཐུ་དཔུང་ཟླ་ཤེལ་ཞུན་མའི་ཐིགས། །འབུམ་དུ་འཛག་པས་ཉེར་འཚེའི་ཚ་གདུང་ཀུན། །ལྷག་མར་རབ་བཅིལ་དངོས་གྲུབ་སྦྲང་རྩིའི་བཅུད། །མི་ཉམས་དགའ་སྟོན་དཔལ་ལ་སྤྱོད་པར་མཛོད། །པོ་ཏ་ལ་ཤོད་ཀྱི་རྒྱལ་པོ་རིགས་སྔགས་གྲུབ་པའི་བརྟུལ་ཞུགས་བླ་མེད་ཀྱིས། །(༡༡བ)
པོ་ཏ་ལ་ཤོད་ཀྱི་རཱ་ཧུ་ལར། སྲིད་གསུམ་དྲེགས་པ་བྲན་འཁོལ་མཚོ་སྐྱེས་རྗེའི། །བཀའ་རྟགས་རྡོ་རྗེའི་ཅོད་པན་ཟུར་ཕུད་རྩེར། །རྟག་བརྟན་སྤྲུལ་པའི་རྒྱལ་པོ་འཁོར་བཅས་ཀྱིས། །ཆོས་ནོར་སྲིད་སྡེའི་འཁོར་ལོ་སུ་ཝ་རྞ། །རབ་ཡངས་འཛམ་གླིང་གསེར་ལྡན་མཁར་འཕགས་པས། །བདེ་ལེགས་འགོག་མེད་འཁོར་ལོ་རྩིབས་སྟོང་འོད། །ཉི་མ་ཇི་སྲིད་གནས་པར་བརྟན་པར་མཛོད། །སྲིད་གསུམ་རྣམ་པར་རྒྱལ་བའི་རྫུ་འཕྲུལ་གྱིས། །དུས་ཀྱི་མེ་ལྕེས་དགྲ་དཔུང་ཕྱེ་མ་ལེབ། །ལྷག་མ་ལྟར་མཛད་སྟོབས་ལྡན་ཁྱབ་འཇུག་ཆེས། །ལས་བཞིའི་དོན་ཀུན་ཐོགས་མེད་བསྒྲུབ་པར་མཛོད། །པོ་ཏ་ལ་ཤོད་ཀྱི་བེག་རྩེ་ཉིན་བྱེད་གོས་གྱོན་བྱུ་རུའི་འཁྲི་ཤིང་ལ། ཁྲོ་གཏུམ་གར་གྱི་ཉམས་ཆགས་སྲིད་པ་འདིར། །འཕྱང་མོའི་ངལ་པ་སྟེར་བྱེད་སྲོག་བདག་གིས། །ཐུབ་བསྟན་ཆོས་འཁོར་སྡེར་བཅས་རྟག་ཏུ་སྐྱོངས། །པོ་ཏ་ལ་ཤོད་ཀྱི་གཟའ་གདོང་དམར་ནག །ལྷན་ཅིག་འགྲན་ཚེ་མདོག་ལྔའི་ཤུགས་སྐྱེང་བའི། །ཁྱུ་མཆོག་སྟེང་འགྱིང་འཇུག་པ་བཅུ་པ་ཡང་། །རང་གི་བཞོན་པ་ཕྲོགས་སྙམ་ཕག་གཟུགས་ཀྱིས། །ནོར་འཛིན་འོག་སྤྱུགས་བྱེད་པོས་རྒྱལ་བསྟན་སྲུངས། །པོ་ཏ་ལ་ཤོད་ཀྱི་དམ་ཅན། རྣམ་པར་བཀྲ་བ་གཞའ་ཚོན་གུར་གྱི་དབུས། །སྔོ་བསངས་སྒེག་མོས་འཁྱུད་པའི་འབོད་གྲོགས་ཀྱི། །ཟློས་གར་སྒྱུར་མཛད་རྡོ་རྗེའི་དམ་ཚིག་ཅན། །བསམ་དོན་མ་ལུས་ལེགས་པར་ལྷུན་གྲུབ་མཛོད། །ཇོ་བོ་རྒྱལ་མཚན་པར་པད་རག་ལང་ཚོ་དར་བབས་ཁྲུས་ཀྱི་རྫིང་། །དྲི་བྲལ་ངོས་སུ་གནོད་སྦྱིན་འཁོར་ལོའི་ལག །མཐུ་སྟོབས་མགྲིན་པའི་རྫ་རྔ་སྒྲོག་(༡༢ན)
ཁྱོད་ཀྱིས། །དོན་གཉིས་འགྲུབ་པའི་ལུས་འདེགས་གར་གྱིས་རོལ། །ཤིང་སྤྲེལ་དུས་ཀྱི་དང་པོར་འདོད་ཁམས་དབང་ཕྱུག་རེ་མ་ཏི་མཆོད་པའི་དུས་ཕུལ་བའི་སྙན་དར་ཁ་ཡིག་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན། གྲངས་མེད་འགྲོ་ལ་རྗེས་ཆགས་ཀྱིས། །རི་དྭགས་མིག་ཅན་གཟུགས་འཆང་བའི། །གསེར་མངལ་སྲས་མོ་མཚོ་བྱུང་མས། །དུས་རྣམས་ཀུན་དུ་དགེ་བར་མཛོད། །ཀུན་དགའ་གསར་པའི་བགྲང་བྱ་རིན་ཆེན་སྣོད། །བཀྲ་ཤིས་རྫོགས་ལྡན་ཟིལ་མངར་འཁྱིལ་བའི་འོད། །རབ་འབར་མརྒད་ཨ་ཤྭ་ཏྭ་ཡི་གོས། །རབ་ཀླུབས་ཟློས་གར་སྒྱུར་བའི་དགའ་སྟོན་ཚེ། །རྨད་བྱུང་ཟུར་མིག་དབང་གཞུའི་རི་མོ་(༡༢བ)
རྣམ་བཀྲའི་ལུས་ཕྲ་རྒྱ་མཚོའི་ཟླ་འབུམ་ལང་ཚོའི་བཅུད། །གཅིག་བསྡུས་དཔལ་མོའི་སྙེམས་འཕྲོག་ནམ་མཁའི་སྟེག་བུར་ཐོར་ཚུགས་རྒྱན་གྱི་ཟོལ་ལས་ཉེར་འདུད་ན། །མཚན་དཔེའི་གཟི་ཡིས་སྲིད་འདིའི་དྲེགས་ལྡན་ཡོངས་ཀྱི་སྤྱི་བོར་གང་གི་ཞབས་པད་མངོན་པར་གཡོ། །ཨེ་མ་ངག་དབང་ཚངས་པའི་བུ་མོ་བདུད་སྡེ་གདུལ་ཕྱིར་འདོད་པ་ཁམས་ཀྱི་དབང་ཕྱུག་མཆོག །མཆོག་གི་སྐལ་པར་སྤྱོད་ལ་ལེགས་དབང་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཀུན། །ཀུན་གསལ་ངོས་སུ་འཇའ་ཚོན་ལྟར་མཛེས་མཛེས་སྡུག་ཚོགས་རྣམས་བསྡུས་པའི་དཔལ། །དཔལ་སྟུག་བསྟན་སྲུང་དྲག་མོའི་གཟུགས་འཛིན་འཛིན་མའི་སྤོ་ལས་རྣམ་པར་རྒྱལ། །རྒྱལ་བའི་ཡུམ་གཅིག་དངོས་གྲུབ་མ་ལུས་ལུས་པ་མེད་པར་སྩོལ་ཅིག་ཀྱེ། །ཁ་བའི་རྡུལ་བརྩེགས་གསར་དུ་མ་བསྐྲུན་ཞིང་། །བདེ་འབྱུང་གཙུག་རྒྱན་ལན་བརྒྱར་བཞུ་མིན་པའི། །དཀར་འཇམ་རི་མོའི་ཆ་ཤས་ཡོངས་རྫོགས་པ། །སྔོན་མེད་ཟླ་གཞོན་ཐོས་འཛིན་རྒྱན་དུ་སྤུད། །དགའ་བའི་རང་བཞིན་རྒྱས་པ་རྩེད་འཇོའི་གྲོགས། །ཕན་བདེའི་ཨུ་དུམ་ཝཱ་ར་བཞད་པའི་འཛུམ། །ལེགས་བྱས་ཆར་གྱི་དུས་སྟོན་སྐྱེད་པའི་མ། །དཔྱིད་ཀྱི་རྒྱལ་མོའི་དབྱངས་འདི་རྣ་བར་སྙན། །ཕུན་ཚོགས་སྡེ་བཞིའི་བཻཌཱུར་ལས་གྲུབ་པ། །གཡུང་དྲུང་འགྱུར་བ་མེད་པའི་ནོར་ལྡན་མར། །ཡིད་ཀྱི་རེ་བའི་ཡོལ་གོ་སུ་ཝ་རྞར། །འདོད་པའི་དངོས་ཀུན་འཇོ་བའི་ཤིས་པ་སྩོལ། །ཆུ་རྟ་ལོར་ཤ་པོའི་ཐོག་ཏུ་སོག་དམག་ཚན་(༡༣ན)
ཆེ་བ་ལང་སོང་ཀྱང་འགྲོ་ཁྱབ་མ་བྱུང་ཞིང་ནོར་བུ་རིན་ཆེན་དཔའ་བརྟུལ་མི་བསྲུན་པའི་བྱེད་པོས་རྩཱ་ཁྲོད་དུ་མེ་སྟག་ཡར་བ་ལྟ་བུས་བསམ་ཤེས་རྣམས་བློ་འཁྱོག་པར་བརྟེན་ཆུ་ལུག་ལས་སྦྱོར་བྱས་ནས་ཟླ་བ་དྲུག་གི་ཁོངས་སུ་མི་རྒན་ཇུ་ནང་གིས་གཙོས་པའི་དཔུང་གིས་མིང་མེད་དུ་བཏང་བའི་དུས་གཤིན་རྗེ་གཤེད་པོ་མནན་པའི་རྣ་ཆ་ཅན་ལ་གཏང་རག་ཕུལ་བའི་སྙན་དར་ཁ་ཡིག་གཤིན་རྗེ་ཁྲོས་པའི་ཧབ་ཟས། །གཉེར་གཏད་དགྲ་བོ་ཟླ་བ་དྲུག་གི་ཁོངས། །ཚེ་ཡི་འདུ་བྱེད་བཀུམས་པའི་གཏང་རག་ཏུ། །སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས། །ཀིང་ཀང་ལས་ཀྱིས་མཐའ་སྡུད་བཅས་ལ་འབུལ། །ཤིང་སྤྲེལ་ཧོར་ཟླ་ལྔ་པའི་ནང་དུ་འོལ་དགའ་སྟག་རྩེ་ནས་སྐྱིད་ཤོད་ཕྱོགས་སུ་འདེག་གདོང་ཆོས་འཁོར་རྒྱལ་དུ་དཔལ་ལྡན་དམག་ཟོར་མར་ལས་བཅོལ་དུ་ཕུལ་བའི་སྙན་དར་ཁ་ཡིག་གདུང་བའི་མུན་སེལ། དབྱངས་ཅན་དགྲ་སྡེའི་གཤེད་དུ་སྲིན་མོའི་སྐུར། །རབ་སྟོན་འདོད་པ་ཁམས་ཀྱི་དབང་ཕྱུག་མས། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་རབ་ཞི་ཞིང་། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །འོལ་དགའ་ནས་ཕན་ཡུལ་ཟ་དམ་དུ་ཕྱིན་པའི་ཚེ་ཟིངས་པ་རྟ་མགོའི་ཁྱབ་འཇུག་གི་དམ་ཤིང་ལ་འཕྲིན་ལས་བཅོལ་བའི་སྙན་ཤལ་ཁ་ཡིག་དགྲ་དཔུང་འཛོམས་པའི་ཐོག་མདའ། དཔལ་ལྡན་གསང་བ་ཀུན་གྱི་གན་མཛོད་ལས། །ཐེག་མཆོག་ཡིད་བཞིན་དབང་གི་རྒྱལ་པོ་ཆེས། །མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས་མཛད་པ། །གསང་བདག་ཐོད་འཕྲེང་རྩལ་གྱིས་རྟག་ཏུ་སྐྱོངས། །གང་གི་བསྟན་སྲུང་མི་འདའི་དམ་ཚིག་ཅན། །ཞིང་བཅུའི་དགྲ་སྡེ་སྒྲོལ་ལ་རྡོ་རྗེའི་ཐོག །ཁྱབ་འཇུག་དུག་གི་(༡༣བ)
སྤུ་གྲི་རཱ་ཧུ་ལ། །ཕྱི་ནང་གཟའ་བརྒྱད་གདོང་མོ་འཁོར་ཚོགས་ཀྱིས། །ཀུན་དུ་བཟང་པོ་ལག་ན་རྡོ་རྗེ་དང་། །མཚོ་སྐྱེས་རྡོ་རྗེ་པདྨ་ལས་འབྲེལ་རྩལ། །ཀུ་མཱ་ར་ཛ་དྲི་མེད་འོད་ཟེར་སོགས། །དངོས་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །རྒྱལ་བའི་བསྟན་སྐྱོངས་རིགས་འཛིན་བདག་ཅག་གི །མི་མཐུན་ཉེ་བར་འཚེ་བའི་ཚོགས་ཀུན་ཞི། །ཚེ་དཔལ་རབ་རྒྱས་མཐུན་རྐྱེན་དབང་དུ་སྡུས། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་ཐལ་བར་རློག །མདོར་ན་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ལ། །ཡིད་ལ་ཇི་ལྟར་འདོད་པའི་དོན་རྣམས་ཀུན། །ཐོགས་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་དེ། །ནམ་ཡངགཡེལ་བ་མེད་པར་ལྷུན་གྲུབ་མཛོད། །ཤིང་སྤྲེལ་དཔལ་ལྡན་འབྲས་སྤུངས་ཀྱི་སྔགས་ཁང་དུ་གྲ་རྒན་རགས་བསྡུས་བཞི་བཅུ་སྐོར་གྱིས་བསྐང་སོ་བཙུགས་པའི་ཚེ་དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕུལ་བའི་སྙན་དར་ཞལ་ཡིག་དུས་ཀྱི་མེ་དཔུང་། ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་ལྟ་བུར་རབ་བརྗིད་བཟོད་པར་དཀའ་བ་དྲག་པོའི་སྐུར། །ལྷབ་ལྷབ་དུས་ཀྱི་མེ་དཔུང་འཁྲུག་པའི་དབུས་ན་རབ་འགྱིང་ཁྲོ་རྒྱལ་དབང་པོ་གཤིན་རྗེའི་གཤེད། །བཀའ་སྡོད་མངག་གཞུག་བཅས་པའི་ཚོགས་ཀྱིས་བློ་ལྡན་ཡོངས་ཀྱི་དཔལ་གྱུར་བཟང་པོའི་འཕྲིན་ལས་ཅན། །གྲགས་པ་ཕྱོགས་ཀུན་ཁྱབ་པར་འགེང་བའི་བསྟན་པ་སྲུངས་ལ་ནག་ཕྱོགས་བདུད་སྡེའི་ཚོགས་ཀུན་ཆོམས། །འབྲས་སྤུངས་མཆོད་ཁང་གི་དམག་ཟོར་མའི་བྲིས་སྐུར་ཕུལ་བའི་སྙན་དར་ཞལ་ཡིག་ཐུབ་བསྟན་རིན་ཆེན་ཤིང་རྟ། (༡༤ན)
དུས་གསུམ་རྒྱལ་བ་མ་ལུས་ཀུན། །ཀུན་གྱི་བསྟན་སྲུང་མཐུ་དང་སྟོབས། །སྟོབས་ལྡན་ཡོངས་ཀྱིས་ཟླ་བྲལ་མ། །མ་མོ་ཆེན་མོ་རེ་མ་ཏིས། །རྒྱལ་བའི་བསྟན་པ་ཐོས་བསམ་སྒོམ་པ་ཡིས། །རི་མོར་བགྱིད་པ་ཁྲིམས་ལྡན་འདུས་པའི་སྡེ། །ཞྭ་སེར་འཆང་བའི་རིང་ལུགས་གྲགས་སྙན་རྔ་། །ནམ་མཁའི་ནོར་བུ་ཇི་བཞིན་ཆེས་འབར་ཞིང་། །འཆད་མཁས་གཏམ་གྱི་སྦྱོར་བའི་རིན་ཅེན་ཁྲིར། །རྩོད་ངག་གཞོམ་བྲལ་རྡོ་རྗེ་རབ་བཟུང་ནས། །རྩོམ་པའི་རྒྱུད་མང་ལེགས་བརྡུང་དབྱངས་སྙན་ཅན། །མདོ་རྒྱུད་འཆི་མེད་དགའ་སྟོན་རྒྱས་གྱུར་ཅིག །ཤིང་བྱ་ལོ་གསར་དུས་སྲིད་གསུམ་བདག་མོར་ཕུལ་བའི་སྙན་དར་ཞལ་ཡིག་འཕྲིན་ལས་གཟི་འབར། ནམ༔སྭརསྭསྟྱཻ། །དུས་གསུམ་རྣམ་འདྲེན་ཡོངས་ཀྱི་ལུང་རྟོགས་བསྟན། །བསྲུང་ཕྱིར་ཚངས་པའི་བུ་མོ་དབྱངས་ཅན་མ། །འཇིགས་རུང་ཁྲོ་མོའི་སྐུར་བསྟན་དམག་ཟོར་ལྷ། །གང་གིས་ལེགས་བྱས་རྒྱ་མཚོའི་འབྱུང་གནས་མཆོག །ཕན་བདེའི་དཔྱིད་གྱུར་རྒྱལ་བསྟན་ཡོངས་རྒྱས་ཤིང་། །ཆོས་དང་སྲིད་ཀྱི་ཡོངས་འདུའི་ལྗོན་ཤིང་དག །དཀར་ཕྱོགས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལྟར། །རྫོགས་ལྡན་གསར་པའི་ཆ་ཤས་ཡོངས་སུ་གང་། །དེང་འདིར་བསམ་པའི་འདོད་དོན་རྟ་བདུན་ཅན། །མི་མཐུན་ཆུ་འཛིན་དགྲ་ལས་རྣམ་རྒྱལ་ཞིང་། །ལས་བཞིའི་འཕྲིན་ལས་འོད་སྟོང་འབར་བའི་གཟི། ཀུན་ཏུ་ཆེས་ཆེར་རྒྱས་པའི་དགེ་ལེགས་སྩོལ། །(༡༤བ)
ཤིང་བྱ་གཉན་ཡོད་མཆོད་པའི་དུས་ཇོ་བོ་ཤཱཀྱ་མུ་ནིར་ཕུལ་བའི་སྙན་ཞལ་ཁ་ཡིག་ཕན་བདེའི་ལོ་འབྲས་ཁུར་དུད། ལྡན་པའི་གཟུགས་ཅན། ལེགས་པའི་རང་བཞིན་དབྱར་གྱི་པདྨོ་ཅན། །འགུགས་པའི་བསོད་ནམས་ཡེ་ཤེས་དཔྱིད་ཀྱི་ནོར། །འདི་ནས་སྙིང་སྟོབས་གན་མཛོད་ལ་འཆང་བ། །རྣམ་འདྲེན་དབང་པོ་བུ་རམ་ཤིང་པ་ཀྱེ། །རྨད་བྱུང་གི་དཔེ་དང་གཟུགས་ཅན་རབ་རྟོགས་གྲངས་ངེས་པའི་སྤེལ་བའི་རྒྱན་ཉིན་བྱེད་ཀྱིས་འཁྱུད་ལྷུན་པོའི་མཛེས་པ་རྣམས། །འཕྲོག་བྱེད་ལང་ཚོའི་དཔལ་མངའ་མཚན་དཔེའི་གཟི། །སྒྱུ་འཕྲུལ་དྲ་བའི་རོལ་གར་རྒྱ་མཚོ་ཡིས། །རྩོད་ལྡན་མུན་པ་རིང་དུ་བསྐྲད་དམ་སྙམ། །ལེའུ་དང་པོ་ནས་བཤད་པའི་ལྷོ་ཕྱོགས་བེ་རརྡྡ་ལ་གྲགས་པའི་རབ་དངས་གྱི་རྒྱན། ཟད་པའི་མཐའ་འབྲལ་དབྱངས་ཀྱི་(༡༥ན)
རྒྱལ་མོ་མཆོག །སྲིད་འཁྱམ་ལུས་ཅན་སོ་སོར་སྣང་བའི་སྐད། །ཡན་ལག་དྲུག་ཅུར་གྲུབ་པའི་ངོ་མཚར་འདིས། །ཐོས་འཛིན་བཟང་པོའི་སྐལ་བར་ཅིས་མི་སྤྱོད། །རྨོངས་གཟུགས་ཅན་ཕུལ་བྱུང་ཆེན་འཁོར་མུན་དྲ་བ་མ་ལུས་པ། །གཅོད་པའི་ཤེས་རབ་རྣོན་པོ་གཟས་པ་ཡིས། །དྲི་བྲལ་ཐུགས་ཀྱི་ཀུན་ཏུ་གསལ་བའི་མདངས། །འཆི་མེད་དབང་པོའི་ལམ་དེར་ཞུམ་པ་བྱིན། །མཐའ་བྱ་བའི་རང་བཞིན་བརྗོད་པ་ཡས་ལྕེ་ཡིས་དྲང་པོར་བརྗོད་པའི་ཚིག །ཡུན་དུ་ངལ་བསྟེན་དཀའ་ཐུབ་དྲག་པོ་ཡིས། །དྲང་སྲོང་ཆུ་ལྷའི་བུ་ཡི་སྒྱིད་པ་ཡང་། །བསྐྱུར་ན་གཞན་དག་བྱིས་བློའི་ངང་ཚུལ་ཅན། །འོན་བྱ་བ་རང་བཞིན་བརྗོད་པ། ཏེ་ཆོས་ཀྱི་རྗེས་སུ་འབྲང་བ་ཡི། །མི་ཕྱེད་དད་པས་ཅུང་ཟད་གསོལ་བགྱིད་ན། །རིས་མེད་འགྲོ་ལ་བསྙེན་བསྲིང་མི་མངའ་བའི། །དམིགས་མེད་ཐུགས་རྗེའི་མཐུ་ཡིས་ཉེ་བར་དགོངས། །རིས་བྲལ་སྲིད་འདིར་ཆེས་དུབ་འགྲོ་བ་ཀུན། །བདེ་བའི་ངལ་སྟེགས་མི་ཡི་སེང་གེའི་བསྟན། །རབ་རྒྱས་ལེགས་འཛིན་ཆོས་ལྡན་རྒྱལ་པོ་ཡི། །སྡེ་བཞི་ཡོངས་འཕེལ་བཞེད་དོན་འགྲུབ་པར་ཤོག །སཱ་འགལ་བའི་གཟུགས་ཅན་ལའི་ལྗོངས་འདིར་ནད་འཁྲུག་ཉེར་འཚེའི་སྤྲིན། །ནུས་པའི་འཐོར་རླུང་དྲག་པོས་མཐར་བསྐྲད་ནས། །ཕན་དང་བདེ་བའི་ཡོངས་འདུ་ལྗོན་པ་ཡི། །ཡལ་འདབ་འབྲས་བུའི་ཁུར་གྱིས་དུད་གྱུར་ཅིག །(༡༥བ)
རང་བྱོན་ལྔ་ལྡན་ལ་ཕུལ་བའི་སྙན་ཤལ་ཁ་ཡིག་བདེ་སྐྱིད་སྲིད་པའི་རྩེར་འཕྱུར། རབ་བརྩེའི་དབའ་རླབས་ཆང་གི་དྲི། །ཐུགས་ཀྱི་འགྲམ་པར་ལེགས་བྲོ་བ། །འཕགས་མཆོག་གཉིས་འཐུང་དབང་པོ་དེས། །སྐྱེ་རྒུའི་བུང་བ་རྒྱས་པར་མཛོད། །(༡༦ན)
རྨད་ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་དུ་བྱུང་དེ་ལུས་ཕྲའི་གདོང་པར་མིག །མགྲིན་སྔོན་རལ་པའི་རྩེ་ན་འོད་དཀར་ཅན། །ཁྱབ་འཇུག་ལག་པར་འཁོར་ལོའི་རི་མོ་སྟེ། །གྲངས་མེད་རྒྱལ་སྲས་དབུས་ན་སྙིང་རྗེའི་གཏེར། །དུས་མང་བའི་དཔེ་ཀྱི་མེ་ལྕེ་འབར་བའི་ཚ་བ་དང་། །འཐོར་བྱེད་དྲག་པོའི་རླུང་གིས་འཚུབ་པའི་རྡུལ། །ཡོངས་འདུའི་དྲི་བསུང་མངར་པོར་འཐུལ་བ་ཡིས། །འགྲན་པའི་ཟླ་བྲལ་གང་གི་ཐུགས་རྗེའི་མཐུ། །བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་མི་བཟད་དུ༔ཁ་གསུམ་གྱི་དྲ་བ་རུ། །ཉོན་མོངས་ཟས་ལ་སྲེད་པས་ཡོངས་ཆུད་པ། །འཁྲུལ་པའི་ཤཱ་ཝ་རི་ཡིི་དགའ་སྟོན་ཅན། །མཁྱེན་བརྩེའི་དཔུང་གིས་སྐྱོབས་ཤིག་པད་དཀར་འཆང་། །བདེ་ལེགས་མྱུ་གུ་བསྐྲུན་པ་རྒྱལ་བའི་བསྟན། །རྟག་པའི་རྡོ་རྗེ་ལྟ་བུར་གནས་གྱུར་ཅིང་། །བསིལ་ལྡན་ལྗོངས་འདིར་བདེ་སྐྱིད་དབྱར་མཚོ་ལྟར། །སྲིད་པའི་རྩེ་མོར་རབ་འཕྱུར་དཔལ་སྩོལ་ཅིག །གང་ཞིག་ཆེས་སྨོན་གདུགས་དཀར་གྱིས། །གྲིབ་བསིལ་འཁོར་ཡུག་ཀུན་ཁྱབ་པ། །དོན་ཀུན་འགྲུབ་པའི་རྔ་ཡབ་དཀར། །ཡིད་ཀྱི་ངལ་གསོར་མཛེས་གྱུར་ཅིག །རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་སྲིད་ཞིའི་ཐོད་དུ་འཆིང་བའི་ཅོད་པན། (༡༦བ)
རྒྱལ་བའི་གསང་གསུམ་དབྱིག་འཛིན་ལས། །འཁྲུངས་པ་སྟོབས་བཅུའི་རྐང་འཐུང་འཕྲེང་། །བློ་གྲོས་བཟང་པོའི་འབྲས་བུ་ཅན། །གྲགས་པའི་དྲི་ཡིས་སྲིད་པ་འདིར། །ཆེས་གཟུགས་ཅན་ལེའུ་གསུམ་པའི་སླུ་བྱེད་ཀྱི་གབ་ཚིག་འདྲེས་པ་འགེང་ཟུར་ཕུད་ལྔ་ཡི་སྒྲ་དྲའི་གར། །མཚམས་སྤྲིན་མཛེས་མར་ཆགས་པ་བྲལ་བའི་རྫུ། །མཁས་བཙུན་བཟང་པོའི་ཡོལ་བ་སྟོང་བྲེས་པར། །དགྱེས་རྒུར་སྤྱོད་འདི་འཇམ་དཔལ་སྙིང་པོ་ཡི། །ངང་ཆོས་འགོགས་པ་ཚུལ་གསལ་བའི་རྟེན་འབྱུང་སྙན་པའི་གླུ། །མགྲིན་པར་ལེན་པ་ཕྱོགས་བྲལ་གནྡྷར་བྷའི། །ཀུན་གྱིས་སྒྲོག་པའི་སྐལ་བ་ཆེས་ཐོབ་ན། །མི་སྨྲའི་སྐྱེས་བུ་གང་ཞིག་ས་འདིར་ཅི། །རབ་ལྡན་པའི་གཟུགས་ཅན་མང་ལུང་གི་འཁྲི་ཤིང་ལྡེམ་པའི་རྩེར། །ཆེས་ཟབ་རྟོགས་པའི་(༡༧ན)
གང་བུ་གཡུར་ཟ་བ། ཟུང་འཇུག་སྒྲུབ་པའི་རོ་བརྒྱ་འཇོ་བ་འདི། །རྡོ་རྗེ་འཆང་གི་རང་བཞིན་གསལ་བར་ངོམ། །ཐུབ་མཐའ་དག་གཟུགས་ཅན་གྱི་ཤིས་བརྗོད་བསྟན་ཆུ་གཏེར་མི་འཁྲུག་ཅིང་། །འགྲོ་བའི་དོན་གཉིས་གཟིངས་བརྟན་པས། །བདེ་ལེགས་ནོར་བུའི་ཅོད་པན་གང་། །ཐོད་དུ་འཆིང་བའི་དཔལ་གྱུར་ཅིག །དུང་སྐྱོང་རྒྱལ་མོར་སྙན་ཤལ་ཕུལ་བའི་ཁ་ཡིག་དོན་ཀུན་འགྲུབ་པའི་གཏམ།ལྷ་རབ་དངས་ཀྱི་རྒྱན། ལྡན་སྤྲུལ་པའི་ཁང་བཟང་སྐྱེ་འགྲོའི་དཔལ། །ཉེར་འཚོར་རིང་དུ་བརྟན་པའི་བྱེད་པ་པོ། །རྣམ་འདྲེན་ཀུན་ཡུམ་དབང་མོ་དུང་སྐྱོང་མ། །སྟོབས་ལྡན་གང་གི་ཐུགས་ཀྱིས་ལེགས་དགོངས་ཤིང་། །(༡༧བ)
ཟས་ཆ་ཤས་གཟུགས་ཅན། གཙང་བསྟན་པའི་ལམ་གསུམ་ལས་འོངས་པའི། །མདོ་སྔགས་ཆོས་ཚུལ་དྲི་མེད་གངྒཱའི་རྒྱུན། །ཀུན་མཁྱེན་བཙོང་ཁ་པ་ཡི་རིང་ལུགས་མཆོག །རྟ་བདུན་ཇི་སྲིད་གནས་པ་དེ་སྲིད་དུ། །རབ་འབྱོར་བ་རྒྱ་ཆེ་བ་བརྟེན་ཁྱབ་བདག་འཁོར་ལོའི་མགོན། །དདྷི་ཙ་ཡི་རུས་པ་ལས། །ལེགས་གྲུབ་གཡུང་དྲུང་གཞི་ཆེན་པོར། །ཇི་སྲིད་མི་གཡོ་ཆེས་བརྟན་ཞིང་། །མཐའ་ཆོས་དཔེ། ཡས་འགྲོ་བའི་ཚོགས་སྤྱི་དང་། །ཁྱད་པར་བསིལ་ལྡན་གངས་ལྗོངས་འདིར། །ཕན་དང་བདེ་བའི་ལེགས་བྱས་ཀུན། །དབྱར་གྱི་མཚོ་ལྟར་འཕྱུར་བ་དང་། །ལྡན་པའི་གཟུགས་ཅན་གྱི་ཤིས་པ་བརྗོད་པ། ཆེད་དུ་བསམས་པའི་ལྷ་ལམ་ལས། །ལས་བཞིའི་ཆུ་འཛིན་འཕྲེང་འཁྲེགས་ཤིང་། །དོན་ཀུན་ལྷུན་གྲུབ་ཆར་ཆེན་པོ། །རྒྱུན་མི་ཆད་པའི་འཕྲིན་ལས་མཛོད། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཤིང་བྱ་ཟླ་བ་བཅུ་གཅིག་པའི་ཚེས་བཞི་ནས་བརྩམས་ཏེ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་བསྐང་བཤགས་ཁྲི་ཚར་བསགས་པའི་དུས་གྲྭ་ཚང་གི་འབྲས་སྤུངས་བྲིས་སྐུར་ཕུར་བའི་དར་ཚོན་སྣ་ལྔའི་སྙན་དར་ཞལ་ཡིག་འཕྲིན་ལས་རྣམ་བཞིའི་བ་དན། རབ་བརྗིད་ཁ་བའི་རྡུལ་བརྩེགས་ལྷུན་པོ་ལ། །རབ་དཀར་ཆུ་ཤེལ་དབང་པོས་འཁྱུད་འདྲ་བ། །རབ་མཛེས་ངག་གི་དབང་ཕྱུག་དབྱངས་ཅན་མས། །རབ་འབྱམས་ཞི་བའི་འཕྲིན་ལས་ཚོགས་སྤྱི་དང་། །ཁྱད་པར་ལོག་དཀར་འདྲེན་དགྲ་བགེགས་བྱད་ཁ་ཟོར། །(༡༨ན)
ནད་གདོན་མི་མཐུན་ཉེར་འཚེའི་མུན་སྟུག་ཀུན། །ཕུལ་བྱུང་མཐུ་སྟོབས་འོད་ཀྱིས་མཐར་བསྐྲད་ནས། །ཕན་བདེའི་སྣང་བ་ཆེས་ཆེར་གསལ་བར་མཛོད། །སེར་བདེ་ཆེན་ཆོས་དབྱིངས་ཟླ་བའི་མ་མ་ལས། །མཚན་བཟང་སྐུ་ཡི་འོད་སྟོང་འབར་བ་ཅན། །ལེགས་ལམ་བྱེ་བའི་པད་ཚལ་རྒྱས་མཛད་པ། །སྟོབས་བཅུ་མངའ་བ་ཡོངས་ཀྱི་ཡུམ་གཅིག་མས། །ཐུབ་བསྟན་འཕེལ་ཞིང་བདག་ཅག་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་ཚོགས་རྣམས། །དཀར་ཕྱོགས་བསིལ་སྦྱིན་མཁན་ལྟར་ཡར་ལྡན་དུ། །རྒྱས་ཤིང་བསམ་པའི་དོན་ཀུན་འགྲུབ་པར་མཛོད། །ཕན་དང་བདེ་བའི་འབྱུང་གནས་རྡོ་རྗེའི་ཐེག །ཐེག་མཆོག་ལེགས་བཤད་རིན་ཆེན་གླིང་གི་ནོར། །ནོར་མཆོག་ལྟ་བུར་མཆོག་ཐུན་དངོས་གྲུབ་ཀུན། །ཀུན་ནས་ཆར་དུ་སྙིལ་བའི་དགེ་ལེགས་སྩོལ། །དམར་བྱུ་རུའི་འཁྲི་ཤིང་མཚམས་སྤྲིན་དམར་པོའི་མཆུར། །རྗེས་ཆགས་སྲིད་གསུམ་དབང་སྡུད་སྒེག་མོ་ཡིས། །ཆོས་སྲིད་སྒྲུབ་ལ་མཐུན་རྐྱེན་བརྟན་གཡོའི་ཆོས། །ཇི་བཞིན་དབང་དུ་འགྱུར་བའི་འཕྲིན་ལས་མཛོད། །མཐིང་ཁྲ་མིག་སྨན་བརྩེགས་པའི་རི་བོ་དུས་མཐའི་མེས། །གོས་ཀྱིས་ཀླུབས་ལ་སྲིན་མོའི་གཟུགས་འཆང་ན། །འཇིགས་རུང་ཁྱོད་སྐུའི་དཔེར་བསྟན་དམག་ཟོར་ལྷ། །རིག་འཛིན་ཡོངས་ཀྱི་སྲུང་མའི་གཙོ་ཁྱོད་ཀྱིས། །རྒྱལ་བསྟན་དགོན་གནས་སྲིད་སྡེར་བཅས་ཀུན་དང་། །ཁྱད་པར་རིག་འཛིན་བདག་ཅག་འཁོར་བཅས་ལ། །བསམ་ངན་སྦྱོར་རྩུབ་འཆང་བྱེད་དགྲ་དང་བགེགས། །མཐུ་བྱད་རྦོད་གཏོང་གཏདཟོར་སྲི་ངན་ནད། །དུག་མཚོན་ངན་(༡༨བ)
གཡོའི་སྦྱོར་བ་གཤོམ་པ་སོགས། །གནོད་བྱེད་གདུག་པའི་བྲག་རི་མཐའ་དག་རྣམས། །དྲག་པོའི་འཕྲིན་ལས་རྡོ་རྗེའི་ཐོག་མདའ་ཡིས། །ཐལ་བའི་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །མེ་ཁྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་བོ་ཤཱཀྱ་མུ་ནི། རང་བྱོན་ལྔ་ལྡན། རྒྱལ་བ་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་ཕུལ་བའི་སྙན་ཤལ་ཁ་ཡིག་ངེས་ལེགས་གྲོང་འཇུག །ལྷུན་གྲུབ་ཆོས་སྐུའི་ལྷ་ལམ་ལས། །གཉིས་སྐྱེས་ལང་ཚོའི་མཚམས་སྤྲིན་ཅན། །ཟས་གཙང་སྲས་ཞེས་དབྱར་སྐྱེས་སྒྲ། །སྐྱེ་རྒུའི་ཐོས་འཛིན་རྒྱན་དེར་འདུད། །(༡༩ན)
མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ། །འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་ཞལ་གྱིས། །ཕན་བདེའི་ག་བུར་ཐིགས་པ་ལེགས་འཛག་པས། །སྔོན་མེད་ཙན་དན་ལྗོན་པར་ད་གདོད་ངེས། །ཆ་ཤས་སྒྲས་ཀྱང་སྲིད་པའི་གདུང་བ་ཀུན། །ཕ་མཐར་བྱེད་པ་འགག་མེད་ཚངས་པའི་དབྱངས། །ཡན་ལག་བཅུ་གཉིས་རྒྱུད་དུ་བཀུག་པའི་གླུས། །དྲི་ཟའི་འཕང་འགྲོར་སྲེད་བྱེད་འཆིང་བ་གྲོལ། །མཁྱེན་བརྩེའི་རང་བཞིན་ཀུན་ནས་ཆེས་ཡངས་པའི། །དྲི་བྲལ་གང་གི་ཐུགས་ཀྱི་གཏིང་མཐའི་ཚད། །མཐོང་བས་ཟླ་བའི་མ་མ་ཆེས་སྐྲག་ནས། །གནམ་སྔོན་ཞུན་མའི་མདངས་ཀྱིས་ཀླུབས་པ་འདྲ། །རྟ་ལྗང་ཅན་གྱིས་རབ་དཀར་པདྨའི་ཚལ། །ལུས་ཕྲའི་གདོང་གིས་འདོད་ལྡན་ཡིད་དགའི་དཔལ། །འཕེལ་བྱེད་རྒྱལ་བས་ལུས་ཅན་ཕན་བདེ་སྟེ། །ཚངས་སྲས་མ་དེས་རིག་བྱེད་སྨྲ་བའི་བློ། །ཅུང་ཟད་ཀྱིས་ཀྱང་ངེས་ལེགས་ནོར་བུའི་རྒྱན། །ཐོད་དུ་འཆིང་བྱེད་མཐུ་སྟོབས་མངའ་བ་ལ། །མི་ཕྱེད་དད་པས་བསྔགས་ན་དོན་གཉིས་ཀུན། །སྩོལ་ཅིག་བརྩེ་ལྡན་ཀུན་མཁྱེན་ཤཱཀྱའི་ཏོག །དབྱར་གྱི་ནོར་འཛིན་དགའ་མའི་བཞིན་རས་ལ། །སྤང་ལྗོངས་སྨིན་མའི་ཚོགས་རྣམས་གར་སྒྱུར་ཚེ། །ཆར་སྤྲིན་གསར་པའི་གོས་ཀྱི་རྫུ་བག་ནས། །འབྲུག་སྒྲ་དལ་གྱིས་སྒྲོག་པ་ཆོས་ཉིད་ལགས། །སེམས་མེད་མ་ལ་ཡ་ཡི་རྐང་འཐུང་ལ། །ཡང་ཡང་བསིལ་བུས་བསྐུལ་བའི་དྲི་བསུང་གིས། །བཤུལ་རིང་ཞུགས་པའི་འགྲོན་པོའི་ཚ་གདུང་རྣམས། །སེལ་ཞིང་དགའ་བ་བསྐྱེད་པ་དགོངས་ལགས་བསམ། །(༡༩བ)
བསྟན་འགྲོའི་དཔྱིད་གྱུར་ཐོགས་མེད་ཐུགས་རྗེ་ཡིས། །གང་ཞིག་སྨོན་པའི་དོན་ཀུན་ལེགས་འགྲུབ་ཅིང་། ཁྱད་པར་བསྟན་དང་དེ་འཛིན་ས་དབང་གི །ཆོས་ལྡན་ཁྲིམས་ཀྱིས་དབྱིག་འཛིན་སྐྱོང་གྱུར་ཅིག །རང་བྱོན་ལྔ་ལྡན་སྙིང་སྟོབས་བཙན་པོའི་གོ་ཆ་ཡིས། །གདུལ་དཀའི་འགྲོ་ལ་རྗེས་བརྩེ་བ། །ཕྱག་ན་པདྨ་འོད་དཀར་ཅན། །ལུས་ཅན་ཀུན་ལ་ཕན་བདེ་སྩོལ། །ལྷང་ལྷང་གདུང་བས་གསོལ་འདེབས་ཤིང་། །སྙན་སྙན་ཚིག་གིས་བསྟོད་བྱེད་ན། །འཛུམ་འཛུམ་ཞལ་སྒོའི་འོད་ཟེར་ལས། །ཆིལ་ཆིལ་བདུད་རྩི་སྟེར་བར་མཛོད། །ཐིབ་ཐིབ་དུག་གསུམ་ཀུན་ཞི་ནས། །གསལ་གསལ་སྒྲིབ་མེད་ཀུན་མཁྱེན་སར། །བརྩེ་བརྩེའི་གཞན་དབང་ཁུར་ཆེན་གྱིས། །མང་མང་འགྲོ་བ་འདྲེན་གྱུར་ཅིག །རབ་དཀར་ཕུན་ཚོགས་ཚོགས་གཉིས་ཆུ་གཏེར་ལས། །ལས་བཟང་སྤེལ་མཁས་མཁས་མང་ཡོངས་ཀྱི་དཔལ། །དཔལ་ལྡན་རྒྱལ་དབང་དབང་ཕྱུག་བཙོང་ཁ་པ། །པ་སངས་ལྟར་གསལ་གསལ་མཛད་བཤེས་གཉེན་མཆོག །རྗེ་བཙུན་བཙོང་ཁ་པ་གང་གིས་ཉི་མའི་གཉེན་གྱི་རིང་ལུགས་རྣམས། །ཆ་ཤས་གོང་དུ་འཕེལ་བའི་ཟླ་བ་ལྟར། །རབ་རྒྱས་དེ་འཛིན་གསེར་ལྡན་སྐྱོང་བ་ཡིས། །ཚེ་དང་བསོད་ནམས་མངའ་ཐང་རྒྱས་པར་ཤོག །རྒྱལ་དཔལ་ལྷ་བའི་ཡུམ་གཅིག་དབྱངས་ཅན་མ། །རྗེས་ཆགས་ཉམས་ལྡན་དཔལ་ལྷ་མོས། །འཕྲིན་ལས་རྣམ་བཞི་གང་བཅོལ་བ། །ཐོགས་མེད་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་བའི་བསྟན་པ་རབ་འཕེལ་ཞིང་། །ས་དབང་རྒྱལ་པོའི་མངའ་ཐང་རྒྱས། །ཡིད་ལ་བསམས་(༢༠ན)
པའི་དོན་རྣམས་ཀུན། །གཡེལ་མེད་སྒྲུབས་ཤིག་བརྩེ་གདུངས་ཅན། །དངོས་བརྒྱུད་སྒོ་ནས་གནོད་བྱེད་ཅིང་། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ །གང་དུ་འདུག་ཀྱང་ཚར་ཆོད་ལ། །བདག་སོགས་བསམ་དོན་ཐོགས་མེད་སྒྲུབས། །མེ་ཁྱི་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ཞིང་འདིའི་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས་ནས་རྗེ་བཙུན་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་པའི་ཚེ་ཞིང་ཁམས་རྒྱ་མཚོའི་གདུལ་བྱ་འདུལ་བར་བཞེད་པའི་དགོངས་པ་ཇི་བཞིན་ལྷུན་གྱིས་གྲུབ་པའི་ཆེད་དུ་ཇོ་ཤཱཀ་རྣམ་གཉིས། རང་བྱོན་ཐུགས་རྗེ་ཆེན་པོ། བྱམས་པ་ཆོས་འཁོར། རྒྱལ་བ་བཙོང་ཁ་པ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་འགྲོ་ཀུན་དགའ་ལྡན་སར་འཁྲིད་ཐེམ་སྐས། མཐའ་ཇོ་བོ་རིན་པོ་ཆེ་ཡས་ཚོགས་གཉིས་རྒྱ་མཚོ་ཆེན་པོ་ལས། །སྐུ་གསུམ་ཆ་ཤས་ཡོངས་སུ་རབ་རྫོགས་པ། །ཟས་གཙང་སྲས་པོ་ཆུ་ཤེལ་དབང་པོ་ཡིས། །ཐུགས་རྗེའི་བསིལ་ཟེར་ཅི་ཡང་བཞད་པར་མཛོད། །གང་ཞིག་རྟ་ལྗང་དབང་པོའི་དཀྱིལ་འཁོར་དག །ཤར་བ་ཙམ་གྱིས་སྨག་རུམ་མུན་པའི་དཔུང་། །ཕ་མཐར་སྐྲོད་ལ་འབད་མེད་ལྷུན་གྲུབ་ཏུ། །འབྱུང་བ་དངོས་པོའི་ཆོས་ཉིད་ཅིས་མ་ལགས། །བཟང་ངན་སེམས་ཀྱི་རྟོག་པ་དང་བྲལ་བ། །དཔག་བསམ་ཡོངས་འདུ་གསར་པའི་ལྗོན་པ་ཡིས། །འགྲོ་ཀུན་རེ་འདོད་མ་ལུས་ཡོངས་སྐོང་བ། །བྱེད་པོ་མེད་ཀྱང་རྟེན་ཅིང་འབྲེལ་འབྱུང་ཤུགས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་ལུས་པ། །མངོན་གྱུར་ལྔ་བརྒྱའི་དུས་སུ་སྙིང་སྟོབས་དཔུང་། །རྣམ་འདྲེན་གཞན་ལས་ཆེས་ལྷག་སྙན་པའི་རྔ། །གྲགས་པ་དོན་དང་ལྡན་ལས་གཞན་ཅི་ཞིག །དཀོན་མཆོག་རྒྱལ་བ་མ་ལུས་འདུས་(༢༠བ)
པའི་དཔལ། །ལུང་རྟོགས་དམ་པའི་ཆོས་ཀྱི་མི་ཟད་གཏེར། །ཆེས་ཆེར་འཕེལ་མཛད་ཡོངས་འཛིན་བླ་མ་མཆོག །ཆོས་སྐུའི་མཁའ་ལ་དགོངས་པའི་ཀུན་གསལ་མ། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར་པའི་དབྱིངས། །བགྲངས་ཡས་གཟུགས་སྐུའི་རྣམ་རོལ་དབང་པོའི་གཞུ། །བསྟན་འགྲོའི་དཔྱིད་དུ་རྣམ་པར་བཀྲ་བ་དག །གང་དུ་བཞེད་པ་ཇི་བཞིན་འགྲུབ་གྱུར་ཅིག །རིགས་བརྒྱའི་ཁྱབ་བདག་བཤེས་གཉེན་དམ་པ་ཡིས། །བདེ་ཆེན་ཆོས་སྐུར་རོལ་པའི་ཐུགས་རྗེ་ལས། །སྡུག་བསྔལ་གསུམ་གྱིས་ཆེས་མནར་ལུས་ཅན་ཀུན། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་གྱུར་ཅིག །ལྷག་བསམ་རབ་དཀར་ཆུ་འཛིན་ཕྲེང་བ་ལས། །རྣམ་པར་ཡོངས་དག་སྨོན་ལམ་གྲུ་ཆར་གྱིས། །བདེ་ལེགས་དབྱར་སྐྱེས་གསར་པའི་དགའ་སྟོན་ཀུན། །དཀར་ཕྱོགས་ཟླ་བ་ལྟ་བུར་འཕེལ་གྱུར་ཅིག །ཇོ་བོ་མི་སྐྱོད་རྡོ་རྗེ། གསེར་ཞུན་རྡུལ་མང་བརྩེགས་པའི་རི། །མཚན་དཔེའི་མདངས་ཀྱིས་རབ་འབར་བ། །སྔ་ན་མེད་པ་ཉི་མའི་གཉེན། །ཐུགས་རྗེའི་མཐུ་དཔུང་ལྷག་པར་སྐྱེད། །རིགས་ཀུན་ཁྱབ་བདག་གྲུབ་པའི་རྗེ། །ཆེས་དཀོན་ཟུང་འཇུག་ནོར་བུ་མཆོག །དམ་ཆོས་རྒྱལ་མཚན་རྩེར་བསྒྲེངས་པས། །བདེ་ལེགས་འཕེལ་མཛད་བཤེས་གཉེན་གང་། །དག་དང་མ་དག་ཞིང་ཁམས་སུ། །སྲིད་བཟུང་གཞན་དོན་མཐའ་ཀླས་པ། །ཇི་ལྟར་བཞེད་པ་བཞིན་འགྲུབ་པའི། །སྨོན་ལམ་དབྱར་གྱི་རྔ་ཆེན་སྒྲོག །ཐུགས་རྗེ་ཆེན་པོ། བླ་མེད་ཐུགས་རྗེའི་འོད་ཟེར་གྱིས། །དུ༔ཁའི་མུན་སྟུག་ཀུན་འཇོམས་པ། །བརྩེ་བའི་བདག་ཉིད་འཕགས་(༢༡ན)
པ་མཆོག །ལུས་ཅན་ཀུན་ལ་ཉེ་བར་དགོངས། །མཐའ་ཀླས་མར་གྱུར་བླང་དོར་ལ། །དཔྱོད་པའི་མཐུ་དམན་འཁྲུལ་བའི་འགྲོ །གསེར་ལྡན་ལྟོ་བའི་མངལ་ཁུར་རྣམས། །ཉེ་བར་དྲོངས་ཤིག་པད་དཀར་ཅན། །ཟུར་ཕུད་ལྔ་པ་མཁས་གྲུབ་ཀྱི། །སྒྱུ་འཕྲུལ་དྲ་བའི་གར་མཁན་མ། །དག་པའི་ཞིང་དུ་བདེར་གཤེགས་ཚུལ། །ཉེ་བར་བསྟན་འདི་སླན་ཆད་ནས། །གནས་སྐབས་གདུལ་བྱར་འཚམ་པ་ཡིས། །གཟུགས་སྐུའི་རྣམ་འགྱུར་མཻ་ན་ཀ །རྒྱུན་མི་ཆད་པའི་ངོ་མཚར་གནས། །བཞེད་པའི་འབྲས་བུ་སྨིན་གྱུར་ཅིག །བྱམས་པ་ཆོས་འཁོར་རབ་འབྱམས་རྒྱལ་བའི་གསང་གསུམ་ཀུན། །ཀུན་ནས་གཅིག་བསྡུས་འཇམ་དབྱངས་མགོན། །མགོན་པོ་མཆོག་དེས་སྨོན་པའི་དོན། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྗེ་བཙུན་བཙོང་ཁ་པ་རྒྱལ་བའི་སྣང་བརྙན་མི་ཡི་སྲིད་པའི་ཟོལ། །བསིལ་ལྡན་འགྲོ་ལ་སྟོན་པ་བཙོང་ཁ་པ། །བློ་གྲོས་བཟང་པོའི་གྲགས་འབར་གདུགས་དཀར་ཅན། །རྣམ་འདྲེན་གཙོ་དེའི་ཐུགས་རྗེས་དེང་འདིར་དགོངས། །སྲིད་ན་རབ་དཀོན་མཆོག་དམན་འགྲོ་བ་ལ། །རྨད་བྱུང་དམ་པའི་ཆོས་ཀྱི་ལེགས་པའི་ལམ། །དབྱར་མཚོ་ལྟ་བུར་འཕེལ་མཛད་བཤེས་གཉེན་རྗེ། །འགྱུར་མེད་བདེ་ཆེན་ཀློང་དུ་མནལ་བ་ལས། །གྲངས་མེད་སྤྲུལ་པའི་ཟློས་གར་གདུལ་བྱ་ཡི། །ཁམས་དང་འཚམས་པར་རྣམ་དཀར་འཕྲིན་ལས་སོགས། །ཇི་བཞིན་བརྩེ་བས་ཉེ་བར་རབ་དགོངས་ནས། །བདེ་ལེགས་སྤེལ་བའི་སྨོན་གནས་གྲུབ་གྱུར་ཅིག །(༢༡བ)
མེ་ཁྱི་ལྷ་ས་ནས་འབྲས་སྤུངས་སུ་འགྲོ་བར་དཔལ་གསོལ་དུས་ཕུལ་བའི་སྙན་ཤལ་ཁ་ཡིག་དར་དཀར་འཛུམ་བཞད། དཔལ་ལྡན་རྒྱལ་བའི་བསྟན་སྲུང་ཆེ། །དཔལ་མོའི་ཁེངས་འཕྲོག་མཛེས་སྡུག་མ། །དཔལ་ཁྱིམ་ལྟ་བུར་རབ་དཀར་བ། དཔལ་འབྱོར་ཀུན་སྩོལ་ལྷག་པའི་ལྷ། །འདོད་ཁམས་བདག་མོ་ཁྱོད་ཀྱིས་བདག་ཅག་གི །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །ཡིད་ལ་ཇི་ལྟར་བསམས་པ་རབ་སྒྲུབས་ལ། །བཅོལ་བའི་འཕྲིན་ལས་ཐོགས་པ་མེད་པར་མཛོད། །མེ་ཁྱི་ནག་པ་ཟླ་བའི་བརྒྱད་གཏོར་ཆེན་མོའི་དུས་མགོན་པོ་གདོང་བཞི་པར་ཕུལ་བའི་སྙན་དར་ཞལ་ཡིག་ལྷ་རྫས་སྔོན་པོའི་སྟོད་གཡོགས། ཁྱབ་བདག་ཧེ་རུ་ཀ་དཔལ་མི་བཟད་དྲག་པོའི་སྐུར། །སྒྱུ་འཕྲུལ་རོལ་གར་སྟོབས་འཕྲོག་ཁྲག་འཐུང་ནག་པོ་ཡིས། །བསམ་སྦྱོར་ངན་འཆང་དགྲ་དང་བགེགས་རྣམས་ཚར་ཆོད་ལ། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་མྱུར་དུ་སྒྲུབས། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གིས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་རྣམས། །སྒྲུབས་ལ་དགྲ་སྡེ་མ་ལུས་ཆོམས། །ཆོས་སྲིད་དོན་ཀུན་བསྒྲུབ་པར་མཛོད། །མེ་ཕག་གནམ་ལོ་ཐོག་མར་ཚེས་པའི་འདོད་ཁམས་དབང་ཕྱུག་མ་མཆོད་པའི་དུས་ཕུལ་བའི་སྙན་དར་ཁ་ཡིག་དོན་གཉིས་ལྷུན་གྲུབ། སྭསྟིཔྲཛཱབྷྱ༔ ཕུན་ཚོགས་བདེ་ལེགས་ཀུན་གྱི་ཆུ་གཏེར་ཆེ། །གཅིག་ཏུ་རབ་འཕྱུར་བྱེད་པོ་ཚངས་པའི་སྲས། །དཔལ་ལྡན་རྒྱལ་ཡུམ་འདོད་ཁམས་དབང་ཕྱུག་མར། །མཆོད་ཅིང་ལེགས་བསྟོད་ཉིན་མོར་བྱེད་པ་ཡིས། །དུས་གསུམ་རྒྱལ་བ་ཀུན་དངོས་བཙོང་ཁ་པ། །བཤད་སྒྲུབ་བསྟན་པ་སྲིད་སྡེར་བཅས་(༢༢ན)
པ་ཡི། །པདྨའི་ཚལ་ཀུན་ཆེས་ཆེར་ཡོངས་འཕེལ་ཞིང་། །ལེགས་ཚོགས་སྦྲང་རྩི་དར་བའི་དགའ་བསྟོན་སྩོལ། །མཆོད་བསྟོད་ཡིད་བཞིན་དབང་གི་རྒྱལ་པོ་ལ། །ཕན་བདེའི་འབྱོར་པ་ཆར་དུ་ཡོངས་བསྙིལ་པས། །འགལ་རྐྱེན་གྲང་རེག་མ་ལུས་རྒྱངས་བསྲིངས་ཏེ། །དོན་གཉིས་དབྱར་གྱི་དཔལ་མོ་བཞད་པར་མཛོད། །མེ་ཕག་སྨོན་ལམ་ཆེན་མོའི་དུས་ཇོ་བོ་ཤཱཀྱ་མུ་ནིར་ཕུལ་བའི་སྙན་དར་ཁ་ཡིག་མ་འདྲིས་ཀུན་གྱི་མཛའ་བཤེས། ཨོཾ་སྭསྟི་པྲཛཱ་བྷྱ༔ དགེ་ལེགས་ཚོགས་གཉིས་འབྲས་བུ་ཡིས། །རབ་སྤུད་ཀུན་མཁྱེན་ལྗོན་པའི་དབང་། །རྨད་བྱུང་མཁྱེན་བརྩེས་འགྲོ་རྣམས་ལ། །དགེ་ལེགས་སྩོལ་ཅིག་ཤཱཀྱའི་གཙོ། །སྲིད་ཞིའི་ཕུན་ཚོགས་ཡོངས་སུ་རྒྱས་པའི་རྟག་བརྟན་མི་འཇིག་རྡོ་རྗེའི་སྐུ། །གཞོམ་མེད་གསང་ཆེན་ནཱ་དའི་སྒྲ་དབྱངས་སྙན་ཞིང་འཇེབས་པ་ཚངས་པའི་གསུང་། །ལྐོག་གྱུར་ཆོས་ཀུན་རྗེན་པར་གཟིགས་པ་དྲི་བྲལ་ཀུན་མཁྱེན་ཡེ་ཤེས་ཐུགས། ཨེ་མ་རྣམ་འདྲེན་ཟས་གཙང་སྲས་ཁྱོད་རབ་འབྱམས་རྒྱལ་བའི་བདག་ཉིད་ཆེ། །མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུས། །སྐལ་བཟང་སྐྱེ་བོའི་མིག་གི་བདུད་རྩི་དང་། མེ་ཏོག་མདའ་ཅན་དཔུང་ཚོགས་བཅོམ་པ་དག །མཉམ་དུ་བྱས་པའི་སྐལ་བཟང་འདི་རྨད་བྱུང་། །ཅུང་ཟད་ཙམ་གྱིས་ཕན་བདེའི་ལོ་ཏོག་ཀུན། །རྣམ་པར་རྒྱས་བྱེད་ཆོས་ཀྱི་སྒྲ་དབྱངས་ཆེ། །མ་སྨད་རྣ་བའི་བཅུད་ལེན་འདི་ཉིད་ཀྱིས། །དྲི་ཟའི་རྒྱུད་མང་ལ་ཡང་སྐྱེངས་པ་བྱིན། །ཟད་པའི་ཕ་མཐའ་ཡོངས་བྲལ་ཐུགས་(༢༢བ)
ཀྱི་མཚོར། །མཁྱེན་བརྩེ་ནུས་པའི་འདབ་བརྒྱ་ཆེར་རྒོད་པ། །ཕན་བདེའི་སྦྲང་རྩི་འབུམ་དུ་བཞད་པ་དེས། །ཡིད་ཀྱི་ར་ཡིག་གཉིས་པ་རེ་བ་གང་། །རྩོད་དུས་སྙིགས་མས་ཉེར་སྦགས་ནགས་ཀླུང་ན། །སྙིང་སྟོབས་དྲི་བསུང་མངར་བ་ཙནྡན་ལྗོན། །མ་འདྲིས་ཀུན་ལ་མཛའ་བའི་མགོན་ཁྱོད་ཀྱིས། །ཐུགས་རྗེའི་ཕྱག་གིས་ལུས་ཅན་དབུགས་དབྱུང་ཞིག །གང་གི་འགོག་མེད་མཐུ་སྟོབས་ཀྱིས། །ཡིད་ལ་སྨོན་པའི་རེ་བ་རྣམས། །འབད་མེད་ལག་རྩེར་སྩོལ་བ་ཡི། །ཕུལ་བྱུང་བཀའ་དྲིན་སྩལ་དུ་གསོལ། །མེ་ཕག་ཆོ་འཕྲུལ་མཆོད་པའི་དུས་དུང་སྐྱོང་རྒྱལ་མོར་འཕྲིན་ལས་བཅོལ་བའི་སྙན་ཤལ་ཁ་ཡིག་ས་མོས་འཛུམ་བཞད། རབ་དཀར་ཟླ་བ་ཞུན་མས་ལེགས་འཁྱུད་པའི། །རབ་བརྗིད་ལྷུན་པོའི་དཔལ་ལ་འགྲན་བཟོད་པ། །རབ་འབྱམས་རྒྱལ་ཀུན་བསྟན་སྲུང་དཔལ་ལྷ་མོས། །རབ་ཏུ་ཆེས་དཀར་ཞི་བའི་འཕྲིན་ལས་མཛོད། །བསྟན་དང་སྲིད་སྡེའི་མི་མཐུན་བར་ཆད་དང་། །རིག་འཛིན་བདག་དང་དེ་ཡི་དམིགས་ཡུལ་ལ། །ནད་གདོན་མཐུ་གཏད་དབྱེ་བསྐྲད་ལ་སོགས་པ། །མི་དང་མི་མིན་བར་ཆད་ཀུན་ཞི་མཛོད། །རྫུ་འཕྲུལ་སྟོབས་ཀྱིས་ནོར་འཛིན་དབངཔོ་ཡང་། །ཐལ་བར་རློག་པའི་ནུས་ལྡན་བསྟན་སྲུང་མ། །འདོད་ཁམས་དབང་ཕྱུག་སྔགས་འཆང་དགྲ་ལྷ་ཆེ། །སྲིད་གསུམ་ཀུན་ལ་དབང་སྒྱུར་ལྷག་པའི་ལྷས། །བསྟན་སྲིད་སྡེ་ལ་གནོད་པ་སྤྱི་ཡི་དགྲ །རིག་འཛིན་བདག་ལ་སྡོ་བའི་སྒོས་དགྲ་སོགས། །ནད་གདོན་བགེགས་དང་སྐེག་སྲི་བར་གཅོད་ཀུན། །མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ་བར་མཛོད། །(༢༣ན)
རང་ཕྱོགས་འཕགས་པ་མཆེད་བཞིའི་ནང་ཚན་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏི་བཟང་པོར་མེ་ཕག་ཧོར་ཟླ་དང་པོའི་ཚེས་པ་ཉི་ཤུ་ལ་འབུལ་རྒྱུ་བསྐུར་བའི་སྙན་ཤལ་ཁ་ཡིག་ཐུགས་རྗེའི་དྲི་བཞོན་བསྐུལ་པའི་མ་ལ་ཡ་རྒྱུད། དཔལ་ལྡན་རྒྱལ་ཀུན་གསང་བ་གསུམ། །རབ་རྫོགས་འཕགས་པ་མཆོག་གང་གིས། །ལུས་ཅན་རྣམས་ལ་ཕན་བདེ་དག །ལེགས་པར་སྩོལ་ཅིག་ཐུགས་རྗེ་ཅན། །ནམ་ཡངའགོག་མེད་མཁྱེན་བརྩེ་ནུས་པའི་དྲི། །གསོལ་འདེབས་མ་ལ་ཡ་རླུང་གིས་བསྐུལ་བས། །འགྲོ་བའི་ཚ་གདུང་ཀུན་བཅིལ་ལེགས་པའི་ལམ། །འབྲས་བུ་གཡུར་དུ་ཟ་བའི་ཤིས་པ་མཛོད། །མེ་ཕག་སྨོན་ལམ་(༢༣བ)
ཆེན་མོའི་དགུ་གཏོར་ཐོག་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁོག་ཞུགས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་གར་དགུའི་ཉམས་ལྡན། རབ་དམར་སྲིན་པོ་དྲག་ཏུ་རབ་ཁྲོས་གཟུགས། །རེས་འགའ་ཁྲོ་ཆགས་སྒེག་དཔའི་ཟློས་གར་ཅན། །རྣམ་འགྱུར་སྣ་ཚོགས་སྟོན་མཛད་སྲོག་གི་བདག །དཔལ་ལྡན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །པདྨ་འབྱུང་གནས་དམ་ཚིག་ཉེར་དགོངས་ལ། །ཀུན་མཁྱེན་བཙོང་ཁ་པ་ཡི་བསྟན་སྲིད་སྤེལ། །རིག་འཛིན་བདག་གིས་བཅོལ་བའི་ཞི་རྒྱས་དབང་། །དྲག་པོའི་འཕྲིན་ལས་ཐོགས་མེད་སྒྲུབས་པར་མཛོད། །མེ་ཕག་ཧོར་ཟླ་གཉིས་པའི་ནང་དུ་རང་བྱོན་འཕགས་པ་ལོ་ཀེ་ཤྭ་རར་ཕུལ་བའི་སྙན་དར་ཁ་ཡིག་བོད་འབངས་བདེ་བའི་འབྲས་སྨིན། སྭསྟིཔྲཛཱབྷྱ༔ བགྲངས་ཡས་འགྲོ་ལ་ཕུལ་བྱུང་བརྩེ་ལྡན་བརྩེ་ཆེན་ཕྱག་ན་པདྨ་གང་། །སྣ་ཚོགས་སྤྲུལ་པའི་ཟློས་གར་དག་ལས་དག་དང་མ་དག་གདུལ་བྱའི་ཁམས། །ཇི་བཞིན་ཡོངས་གཟིགས་འཇིག་རྟེན་དབང་ཕྱུག་དབང་པོར་འཚམ་པའི་མཛད་པ་ཡིས། །ཕན་དང་བདེ་བའི་དངོས་པོ་ཀུན་སྩོལ་ཀུན་གྱི་གཉེན་གཅིག་སྤྱན་རས་གཟིགས། །གཟིགས་པ་གཡེལ་བ་མེད་པ་དྲི་བྲལ་སྤྱན། །སྤྱན་དང་མངོན་ཤེས་ལ་སོགས་གཞན་གྱི་དོན། །དོན་རྣམས་བསྒྲུབ་པའི་ཡོན་ཏན་མ་ལུས་ཚོགས། །ཚོགས་གཉིས་མཐུ་ལས་རབ་རྙེད་འཕགས་པ་མཆོག །མཆོག་དང་ཐུན་མོང་དངོས་གྲུབ་སྟེར་བའི་ལྷ། །ལྷ་སོགས་འགྲོ་ཀུན་སྐྱོབས་གནས་སྙིང་རྗེའི་གཏེར། །གཏེར་ལྟར་མི་འཛད་དགེ་ལེགས་འབྱུང་བའི་གནས། །གནས་སྐབས་མཐར་ཐུག་བསླུ་བ་མེད་དེས་(༢༤ན)
མགོན། །མགོན་ཀྱེ་ཐུབ་པའི་བསྟན་པ་རྒྱས་པ་དང་། །དང་པོར་ཁྱོད་ཀྱིས་སྐྱོང་བ་བོད་ཀྱི་ཡུལ། །ཡུལ་ཀུན་བདེ་ཞིང་བདག་སོགས་བསམ་པའི་འབྲས། །འབྲས་བུ་འགྲུབ་ཅིང་རབ་སྨིན་དགེ་ལེགས་སྩོལ། །མེ་ཕག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་མགོན་པོ་ཞལ་ལ་ཕུལ་བའི་སྙན་ཤལ་ཁ་ཡིག་ཞིང་སྐྱོང་འཛུམ་བཞད། དཔལ་ལྡན་ཤཱཀྱའི་བསྟན་པ་སྲུངས་བའི་གཙོ། །རྣལ་འབྱོར་བུ་བཞིན་ལེགས་སྐྱོང་མཐུ་རྩལ་ཅན། །སྟོབས་འཕྲོག་ཞིང་སྐྱོང་གདོང་བཞི་འཁོར་བཅས་ཀྱིས། །རྡོ་རྗེ་འཆང་དབང་ཀླུ་སྒྲུབ་ལོ་ཆེན་ཉན། །ས་སྐྱ་པ་དང་སྔགས་འཆང་མཚར་པ་སོགས། །དངོས་བརྒྱུད་བླ་མས་སྤྱི་བོར་རྡོ་རྗེ་བཞག །ལྕེ་སྟེང་བདུད་རྩི་བླུགས་ཏེ་དམ་བཏགས་པའི། །དམ་ཚིག་གཉན་པོ་དེང་འདིར་ཉེར་དགོངས་ལ། །ཐུབ་པའི་བསྟན་དང་འགྲོ་བའི་ཕན་བདེ་སྤེལ། །རིག་འཛིན་སྔགས་འཆང་བདག་གིས་བཅོལ་བ་ཡི། །ཞི་རྒྱས་དབང་དང་མངོན་སྤྱོད་འཕྲིན་ལས་ཀྱི། །སྒོ་ནས་བསམ་པའི་དོན་ཀུན་ལྷུན་གྱིས་སྒྲུབས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཆེད་དུ་རྗེ་དབོན་བསྟན་འཛིན་གྱིས་གསང་ནེའུ་ཐོག་གི་གཙུག་ལག་ཁང་དུ་རིན་ཆེན་གཉིས་པའི་མཆོད་སྡོང་ཐོག་ཚད་གཉིས་བཞེངས་པའི་ཤིས་པ་བརྗོད་པར་འོང་དགོས་ཚུལ་བྱུང་བ་ལྟར་ཕྱིན་སྐབས་དངུལ་གདུང་རིན་པོ་ཆེར་ཕུལ་བའི་སྙན་ཤལ་ཁ་ཡིག་དོན་གཉིས་འཛད་པ་མེད་པའི་གཏེར་མཛོད། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་དང་བརྩེ་བའི་ཡོན་ཏན་ཚོགས། །བདག་ཉིད་འཇམ་དཔལ་བླ་མ་ཡི། །ཕ་མཐའ་ཀུན་དང་བྲལ་བའི་ཐུགས། །བདེ་ཆེན་མཁའ་དབྱིངས་(༢༤བ)
ལུས་ཕྲར་རྗེས་ཆགས་འོད། །རྨད་བྱུང་ཆོས་དབྱིངས་ཀློང་དུ་ཉེར་སིམ་རོ། །མྱངས་པའི་ལེགས་བྱས་ལྷུན་གྲུབ་མཆོད་སྡོང་ཆེ། །ཤེལ་དཀར་ས་འཛིན་ལ་འཁུ་གང་འདི་ཡི། །ཚུལ་འདིར་སྒོ་གསུམ་ལ་རྒྱ་ལྷུར་ལེན་ཀུན། །དོན་གཉིས་འཛད་པ་མེད་པའི་ག་བུར་ཐིགས། །བྲན་པས་ཉེས་བརྒྱའི་ཚ་གདུང་རབ་བཅོམ་ནས། །དུས་རྣམས་དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །རྒྱལ་པོ་བསེའི་ཁྲབ་ཅན་ལ་འཕྲིན་ལས་བཅོལ་བའི་སྙན་ཤལ་ཁ་ཡིག་དབང་དྲག་རྣམ་རོལ། དཔལ་ལྡན་རྒྱལ་བའི་བསྟན་སྲུང་མཆོག །གདུག་ཅན་སྒྲོལ་བའི་དཔའ་བོ་ཆེ། །དགྲ་སྙིང་ཟ་བའི་སྲོག་གི་བདག །ཆོས་འཁོར་སྐྱོང་བའི་དམ་ཚིག་ཅན། །རབ་འཇིག་པད་རག་ལྷུན་པོ་ལ། །རབ་བརྗིད་ཉི་མ་འབུམ་ཕྲག་གིས། །རབ་ཏུ་འཁྱུད་པ་སྲིན་པོའི་སྐུ། །རབ་དམར་དབང་གི་མདངས་འཛིན་པས། །རྒྱལ་བའི་བསྟན་སྲུང་སྐྱེ་འགྲོ་ཡི། །ཕན་དང་བདེ་བ་ཀུན་དུ་སྤེལ། །བཅོལ་བའི་འཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པར་ལྷུན་གྱིས་སྒྲུབས། །ས་བྱི་གནམ་ལོ་ཚེས་པའི་དུས་འདོད་ཁམས་དབང་ཕྱུག་མར་མཆོད་སྤྲིན་སྤྲོས་པའི་ཚེ་ཕུལ་བའི་སྙན་ཤལ་ཁ་ཡིག་ལས་བཞིའི་སྣང་བ་རབ་གསལ། དུས་དཀར་གསུམ་རྒྱལ་བའི་མཁྱེན་བརྩེའི་དབང་ཕྱུག་མཆོག །རབ་བསྡུས་ངག་གི་ལྷ་མོ་དབྱངས་ཅན་མ། །འདོད་ཁམས་བདག་མོར་སྤྲུལ་པའི་ལྷ་ཁྱོད་ཀྱིས། །ཞི་བའི་ལས་ཀུན་ཐོགས་མེད་སྒྲུབས་པར་མཛོད། །དར་སེར་དགེ་ལེགས་ཡོན་ཏན་འདོད་རྒུར་སྟེར་བའི་ལྷས། །ཚེ་དཔལ་ལུང་རྟོགས་སྟོབས་འབྱོར་ཕུན་ཚོགས་རྣམས། །དཀར་ཕྱོགས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་(༢༥ན)
ལྟར། །ལྷུན་གྱིས་གྲུབ་པའི་དངོས་གྲུབ་མ་ལུས་སྩོལ། །སྲིད་དམར་ཞིའི་བརྟན་གཡོ་ལེགས་ཚོགས་ཇི་སྙེད་པ། །ཐུགས་རྗེའི་ལྕགས་ཀྱུས་ཐོགས་མེད་དབང་བསྡུས་ནས། །ཁམས་གསུམ་ཀུན་དུ་མངོན་པར་ཆེས་འཕགས་པའི། །དོན་རྣམས་ཐོགས་པ་མེད་པར་མྱུར་དུ་སྒྲུབས། །དགྲ་སྔོ་བགེགས་ནད་གདོན་བར་ཆད་ཉེར་འཚེ་སོགས། །མི་མཐུན་མུན་པ་སྟུག་པོའི་སྨག་རུམ་ཀུན། །མཐུ་སྟོབས་ཉི་མའི་འོད་ཀྱིས་མཐར་བསྐྲད་ནས། །ཕན་བདེའི་སྣང་བས་ཕྱོགས་བཅུར་ཁྱབ་གྱུར་ཅིག །