དོན་གྲུབ་ཅེས་པ་ས་ལུག་ཧོར་ཟླ་དྲུག་པ་ནས་བཟུང་སྡེ་པ་སངས་རྒྱས་རྒྱ་མཚོ་ལ་ས་རི་སོགས་ཀྱི་ཐམ་ག་རིམ་སོང་གི་བརྗེད་བྱང་དེབ་ཐེར་འགོ་བརྗོད་རིན་ཆེན་ཕྲེང་བ།
དོན་གྲུབ་ཅེས་པ་ས་ལུག་ཧོར་ཟླ་དྲུག་པ་ནས་བཟུང་སྡེ་པ་སངས་རྒྱས་རྒྱ་མཚོ་ལ་ས་རི་སོགས་ཀྱི་ཐམ་ག་རིམ་སོང་གི་བརྗེད་བྱང་དེབ་ཐེར་འགོ་བརྗོད་རིན་ཆེན་ཕྲེང་བ། །མཉམ་གཞག་སོར་མོས་བཏེག་པའི་བུམ་བཟང་ནས། །བདུད་རྩིའི་ཐིགས་འཕྲེང་ཚངས་བུགས་ལམ་བརྒྱུད་དེ། །སྲོག་གི་ཀ་བ་ཉེར་འཛུགས་ཚེེ་མཐའ་ཡས། །ཞབས་སེན་ཟླ་བ་གཙུག་ན་རྟག་འཆང་མཛོད། །དགྱེས་ཆགས་སྤྱན་གྱིས་དཀྱུས་རིང་ཟུར་མདའ་དང་། །ལྷན་ཅིག་ཨུཏྤལ་དམར་པོའི་ཞགས་པ་ཡིས། །སྲིད་ཞིའི་དངོས་ཀུན་འཆིང་བའི་སྒྱུ་ཐབས་མཁན། དཔལ་ལྡན་རིགས་བྱེད་དབང་མོས་(༤ན)
རྟག་ཏུ་སྐྱོངས། །དཔྱད་བཟོད་ཚིག་དོན་ཡི་གེར་སྤེལ་པའི་འགག །གནམ་གྱི་ཤེ་མོང་ཐམ་ཁའི་རི་མོའི་རྗེས། །རྒྱལ་པོའི་ལུང་དོན་འཁྲུལ་མེད་འཇལ་བྱེད་པའི། །དེབ་ཐེར་རིན་ཆེན་འཕྲེང་བ་དེང་འདིར་སྤེལ། །ཛམྦུ་ཆུ་བོའི་གསེར་གྱི་རི་བོ་བརྒྱ་ཕྲག་ཉི་གཞོན་ཁུ་བས་བྱུགས་ཀྱང་ཆ་ཙམ་བསྒྲུན་པར་ནུས་མིན་པ། །རྩ་གཉིས་མཚན་དང་བརྒྱད་བཅུའི་དཔེ་བྱད་སྟོན་གྱི་མཁའ་ལ་རྒྱུ་སྐར་ལྟར་བཀྲ་ཀུན་ཡིད་བརྟན་འཕྲོག་གཟུགས་ཀྱི་སྐུ། །(༤བ)
དངོམ་པར་མཛད་དེས་རིས་མེད་འགྲོ་རྣམས་མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་རྫོགས་པའི་སངས་རྒྱས་མིའི་སེང་གེ །བཀྲ་ཤིས་འཁོར་ལོའི་རི་མོ་གསལ་མཛེས་ཞབས་ཀྱི་རྡུལ་དམར་ལུས་ཅན་ཚོགས་ཀྱི་གཙུག་ན་ལྷུང་བའི་དགེ་ལེགས་སྩོལ། །སྐྱེ་བ་ལྔ་པའི་དུང་གི་རི་མོ་མགྲིན་པར་ཡོངས་འཁྱིལ་རབ་ཡངས་པི་ཝཾ་ཁོག་པ་ནས། །ཡན་ལག་དྲུག་ཅུའི་རྒྱུད་མངས་ལས་དྲངས་ལུང་གི་སྡེ་སྣོད་དབྱངས་སུ་འཚེར་བ་སྙིང་པོའི་བཅུད། །འགོག་ལམ་བདེན་གཉིས་ཞི་བའི་གྲོང་འཇུག་འཁོར་བའི་ཕ་མཐའ་རིང་དུ་བརྒལ་ནུས་དམ་པའི་ཆོས། །ཡིད་ཅན་ཡོངས་ཀྱི་ཕན་བདེའི་སྲོག་སོང་གཏན་གྱི་སྐྱབས་གཅིག་དངོས་པོ་ཀུན་གྱི་བཏུད་ཕྱག་འཚལ། །དེ་འཛིན་སྤེལ་དང་བཀའ་བསྡུའི་བྱེད་པོར་རྒྱལ་བའི་རྣམ་པར་འཕྲུལ་པོ་ཆེ། །མ་ཕམ་རིགས་(༥ན)
གསུམ་དགྲ་བཅོམ་ལ་སོགས་མཆོག་དམན་ཐེག་པའི་དགེ་འདུན་རྣམས། །གཅིག་པུ་ཉིད་ལས་དུ་མའི་གར་བསྒྱུར་གཙོ་འཁོར་ཐ་མི་དད་པ་ཡིས། །དབང་རྣོན་ཆོས་རྗེས་འབྲང་པའི་དད་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ། །གསེར་རིའི་སྦུབས་ནས་འཛད་མེད་ཟླ་འཆར་ལྟར། །གྲུབ་བརྙེས་བརྒྱད་ཅུ་རྒྱན་དྲུག་མཆོག་གཉིས་སོགས། །ཚད་མའི་དཔང་གྱུར་གངྒཱའི་རྡུལ་རྙེད་ཀྱིས། །གཞལ་དཀའི་རྟོགས་བརྗོད་ཚོགས་ལ་སྙིང་ནས་གུས། །གངས་ཅན་བསོད་ནམས་སྐྱ་རེངས་མས་དྲངས་པའི། །འཕགས་ཆེན་རྣམ་སྤྲུལ་ཆོས་རྒྱལ་ཉིན་བྱེད་ཕྲེང་། ཁྲིམས་གཉིས་པད་དཀར་འདབ་བརྒྱ་ཡོངས་བཞད་ལས། །བདེ་སྐྱིད་སྦྲང་རྩི་མངར་པོ་ཅི་ཡང་འཛག །སྔ་ཕྱིའི་བསྟན་ལ་འཇིག་རྟེན་མིག་གཅིག་པུ། །བརྡ་སྤྲོད་སྨྲ་བ་རྒྱུན་ཆད་མེད་བྱོན་ནས། །བཀའ་དང་དགོངས་འགྲེལ་བསྒྱུར་བའི་བཀའ་དྲིན་དེ། །འཛམ་གླིང་གསེར་གྱིས་གང་བས་གཞལ་ནུས་སུ། །ཁྱད་པར་ས་ལོ་ཤོང་དབང་ཀུན་མཁྱེན་བུ། །ཐུགས་རྗེ་དཔལ་ཞབས་སྟག་ཚང་ཞྭ་ལུ་པས། །ལྗོངས་འདིར་རྨོངས་པའི་སྨག་ཏུ་ལྔ་རིག་གི །སྔོན་མེད་ཉི་མ་རྣམ་དཔྱོད་དགུང་ནས་ཤར། །ལོ་པཎ་གྱིས་བསྒྱུར་བདུད་རྩིའི་ཐིགས། །རང་ངོམས་གཞན་གྱི་ངེས་ལེགས་སྲོག །ཉེར་འཐུང་རིགས་བྲལ་གྲུབ་མཐའ་ཡི། །རབ་འཛིན་ངང་ཚུལ་བཟང་པོར་དད། །དེ་ལྟ་ནའང་ལོག་རྟོག་རྙོག་མ་ཡིས། །བཤད་སྒྲུབ་ཆུ་ཀླུང་མོག་པོར་གྱུར་པ་ལ། །སྒྲ་ཚད་རིགས་གཞུང་ནོར་བུ་ཀེ་ཏ་ཀས། །བསྒྲུངས་པར་བྱེད་རྣམས་གཅིག་ཏུ་བསྟན་པའི་གསོས། །འོན་ཀྱང་ཡིད་སྲུབས་(༥བ)
མདའ་ཡིས་སྙིང་ག་རབ་ཕུག་སྟེ། །ཕྱོགས་ལྷུངས་དྲག་པོའི་གདོན་གྱིས་སྨྲ་བའི་ཁ་ཕྱེ་ནས། །འཐད་ལྡན་ལུགས་བཟང་མང་པོར་སྨོད་པས་རྗེས་འཇུག་ཚོགས། །ངན་འགྲོའི་ས་མཁན་མཁས་རློམ་དེ་དག་མི་དགེའི་བཤེས། །འཕགས་ཡུལ་གྲུབ་མཐའ་རྣམ་བཞིའི་བཞེད་པའི་སྲོལ་དང་མདོ་རྒྱུད་ཆོས་ཚུལ་ཡིན་ནོ་ཅོག །མཐའ་ཡས་འགལ་མེད་རྟོགས་ཏེ་གདམས་པར་ཤར་བས་དགོངས་དོན་མ་ལུས་བདེ་བླག་ཏུ། །འཇམ་དཔལ་རྡོ་རྗེས་ཡོངས་འཛིན་མཛད་དེ་ལེགས་རྙེད་ཤིང་རྟ་ཆེན་པོ་བཙོང་ཁ་པ། །རྗེས་འབྲངས་རྙོག་མའི་ལྷད་བྲལ་བསྟན་འཛིན་ཚོགས་ལ་ལག་པད་འདབ་སྟོང་སྤྱི་བོར་ཟུམ། །ངེས་དོན་སྙིང་པོའི་ཡང་སྙིང་འཁོར་ལོ་བར་པ་ཡུམ་སྲས་བཅུ་བདུན་གྱི། །གཙོ་བོར་ཡོངས་གྱུར་རྒྱས་འབྲིང་བསྡུས་གསུམ་ཡིག་གཟུགས་བརྡ་དག་ཕུན་ཚོགས་གང་། །ལེགས་སྤེལ་ལེགས་བྱས་སྲིད་འདིའི་སྣོད་དུ་མ་ཤོང་ནམ་མཁའ་རལ་དོགས་ནས། །དགུ་ཚིགས་སྲད་བུས་འཚེམ་པའི་སྦྱོར་བས་ཚངས་པ་རྒན་པོ་ད་གདོད་བྲེལ། །རིན་ཆེན་ལྗོན་ཤིང་བཞུ་ཇུགས་གསེར་སྦྱངས་ཞུན་མའི་ཁུ་བ་ཡིས། །ཉེར་བྱུག་བཻཌཱུར་སེར་པོའི་བསྙེམས་འཕྲོག་མི་ཕམ་མགོན་པོའི་སྐུ། །རབ་བསྐྲུན་ས་བོན་བྱམས་པའི་འདུས་པ་དང་པོའི་དུས་སྨིན་ཏེ། །ཉོན་མོངས་དགྲ་ཚོགས་འཇོམས་ལ་མིག་གསུམ་པས་ཀྱང་དགག་ཏུ་ཅི། །བསོད་ནམས་གནམ་གྱི་ཤེ་མོང་ཀ་བ་གྱེན་བསླང་རྩེ། །གཞན་འཕྲུལ་གནས་སུ་བསྙེགས་པར་འདོད་ལྷ་ཆུང་མར་བཅས། །རང་ཇུས་ཤོར་སྙམ་ལག་པས་འགྲམ་བཏེག་གདུང་བའི་མེས། །ཆེར་བསྲེགས་གཟུགས་ཕུང་མྱ་(༦ན)
ངན་ཁང་བུར་བརྒྱལ་བ་བཞིན། །དེ་ཚེ་ལྷ་མོ་བསྟན་མ་ནོར་འཛིན་ལས། །ལུས་ཕྱེད་ཐོན་ནས་དགེ་ཚོགས་བསྒྲུབས་པའི་འབྲས། །བླ་མེད་བྱང་ཆུབ་རིང་མིན་ཐོབ་པ་ཡི། །དབང་པོར་ཁས་ལེན་མཛད་དེས་གཅིག་ཏུ་སྤྲོ། །ཡང་ཡང་བརྒྱུ་བར་ཉི་ཟླ་ཟུང་། །ངལ་ངལ་གོ་ལའི་ལམ་བགྲོད་ན། །སྙན་སྙན་གླུ་དང་མེ་ཏོག་ཆར། །མང་མང་འབེབས་ལ་ལྷ་རྣམས་བྲེལ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ་འོ་སྐོལ་གྱི་སྟོན་པ་མཉམ་མེད་བུ་རམ་ཤིང་པ་ཞེས་འཇིག་རྟེན་གསུམ་གྱི་འདྲེན་པ་གཅིག་པུ་བ་དེ་ནི་སྙིང་རྗེ་པདྨ་དཀར་པོ་ནས་བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ། །གསང་བ་བསམ་གྱིས་མི་ཁྱབ་པ་སོགས་ལས་སངས་རྒྱས་སྟོང་དུ་གསུངས་པའི་ནང་ཚན་ཡིན་ལ། །སྔོན་བྱུང་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ་གླིང་བཞིར་དབང་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་མིག་མི་འཛུམ་ལ་སོགས་པའི་སྲས་སྟོང་། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སོགས་ཡོད་པའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སྲས་བརྒྱད་ཅུ། །སློབ་མ་བྲམ་ཟེ་སྟོང་དང་བཅས་པ་མངའ་བ་ལས་དེའི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་སངས་རྒྱས་པའི་མཚན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོར་གྲགས་ཤིང་བྲམ་ཟེས་བསྐུལ་བ་ལྟར་རྒྱལ་འབངས་མང་པོས་དེ་བཞིན་གཤེགས་པའི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱལ་པོ་བདེ་བ་ཅན་དུ་མགོན་པོ་ཚེ་དཔག་མེད། མིག་མི་འཛུམ། འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ། མཐུ་ཆེན་ཐོབ། ཡོན་ཏན་ནོར་བུ་བརྩེགས། འཇམ་(༦བ)
དཔལ་རྡུལ་བྲལ་ཡང་དག་བརྩེགས་སུ་ཀུན་གཟིགས་སོགས་དང་། མཐར་སློབ་མ་སྟོང་སེམས་བསྐྱེད་པ་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་དུ་རིམ་པར་ལུང་བསྟན་ཅིང་བྲམ་ཟེ་རྒྱ་མཚོའི་རྡུལ་སེམས་བསྐྱེད་པར་དགོངས་ཏེ། །ཞིང་མ་དག་པ་མི་མཇེད་འཇིག་རྟེན་གྱི་ཞིང་། སེམས་ཅན་མ་རུངས་པ་མི་དགེ་བ་བཅུ་ཚང་བར་སྤྱོད་པ། མཚམས་མེད་པ་ལྔ་བྱེད་པ་ཤིན་ཏུ་གདུལ་དཀའ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་སྟེ་བདེན་པའི་སྟོབས་བརྗོད་པས་སངས་རྒྱས་རིན་ཅེན་སྙིང་པོས་ལེགས་སོ་གནང་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་བརྩམས་པ་ནི་བཞི་སྟེ། སངས་རྒྱས་ཀྱི་ཞིང་མ་དག་པར་སྨོན་པ་དང་། ཞེས་སོགས་དང་། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་འོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའ་འོ། །ཞེས་སོགས་བསྔགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་དེ་བསྐལ་པ་བཟང་པོའི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པར་ལུང་བསྟན་པ་འདི་ཉིད་ཐུགས་བསྐྱེད་པའི་ཐོག་མར་བཤད་ཅིང་། །ཡང་མདོ་སྡེ་བསྐལ་བཟང་དུ། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་སུ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་དང་པོར་བསྐྱེད། དེ་རྗེས་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་འོད་འཕྲོ་ལ་སོགས་པའི་སྤྱན་སྔར་སེམས་བསྐྱེད་ནས་རབ་ཏུ་དགའ་བའི་ས་མངོན་དུ་(༧ན)
མཛད། ཚོང་དཔོན་ཤེས་རབ་བཟང་པོར་སྐུ་འཁྲུངས་པའི་ཚེ་སངས་རྒྱས་དཀོན་མཆོག་ཡན་ལག་སོགས་ལ་གྲངས་མེད་གཉིས་པའི་ཚོགས་བསགས་ཏེ་རིང་དུ་སོང་བའི་ས་ཐོབ། གཞོན་ནུ་སྤྲིན་དུ་གྱུར་པའི་ཚེ་བདེ་གཤེགས་མར་མེ་མཛད་སོགས་ལ་གྲངས་མེད་གསུམ་པའི་ཚོགས་བསགས། དེ་ནས་གྲངས་མེད་པའི་བསྐལ་པ་གཅིག་གི་རིང་གོམས་པའི་ཚོགས་ཀྱིས་བསྒྲུབས་པས་ཆོས་ཀྱི་སྤྲིན་གྱི་ས་མངོན་དུ་མཛད། དེའང་ཇི་སྐད་དུ། །གཙང་མའི་གནས་དག་སྤངས་བ་ན། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་འཚང་རྒྱ། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་ཕ་རོལ་ཏུ་ཕྱིན་པ་ལྟར་ན་ས་བཅུ་རྒྱུན་གྱི་ཐ་མ་བར་ཆད་མེད་པའི་ལམ་གྱི་རྣམ་མཁྱེན་སྐད་ཅིག་མ་དང་པོར་སངས་རྒྱས་ལ། །གསང་སྔགས་བླ་མེད་ཀྱི་ལུགས་ལ་འདུས་པ་འཕགས་ལུགས་ཀྱི་ཨཱརྱ་དེ་ཝའི་སྤྱོད་བསྡུས་དང་ཡེ་ཤེས་ཞབས་ལུགས་པའི་ཞལ་ལུང་ཆེ་བ་གཉིས་ཀ་དགོངས་པ་མཐུན་པར་ས་བཅུ་པར་གནས་པའི་བྱང་སེམས་སྲིད་པ་ཐ་མ་པར་གྱུར་པའི་ཚེ་འོག་མིན་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སེ་གོལ་གྱི་སྒྲ་དེ་ལས་བསླང་སྟེ་འདི་ཙམ་གྱིས་འཚང་རྒྱ་མི་ནུས་གསུངས་པ་ལ་དྲིས་པ་ན་སངས་རྒྱས་རྣམས་ཀྱིས་ལྷའི་བུ་མོ་ཐིག་ལེ་མཆོག་མ་བཀུག་ནས་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་དབང་དུ་བསྐུར་རྗེས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་ནས་བསྒོམ་དུ་བཅུག་པས་མཚན་ཕྱེད་ན་སྟོང་པ་གསུམ་ཐིམ་སྟེ་ཐམས་ཅད་(༧བ)
སྦྱོར་བ་དོན་གྱི་འོད་གསལ་མངོན་དུ་གྱུར་པ་དེ་ལས་དག་པའི་སྒྱུ་མའི་སྐུར་བཞེངས་པ་ལ་སངས་རྒྱས་ཐམས་ཅད་ཀྱིས་དབང་བཞི་པ་བསྐུར་ནས་སྤྱོད་པ་བྱེད་དུ་བཅུག་པས་ཐོ་རེངས་སྐྱ་རེངས་དང་པོ་འཆར་ཙམ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་འདི་སྤངས་ཏེ་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བསྙེས་ནས་མངོན་པར་རྫོགས་པར་སངས་རྒྱས། རྣལ་འབྱོར་རྒྱུད་གྱི་ལུགས་ལ་དགུང་ལོ་སོ་ལྔ་པར་ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་གང་བ་བྱོན་ཏེ་སེ་གོལ་གཏོགས་ནས། བསམ་གཏན་འདི་ནི་རྣམ་དག་མིན། །མཐར་ཐུགས་ཐོབ་བྱེད་ཀྱང་འདི་མིན། །ཁྱོད་ཀྱི་འོད་གསལ་དམིགས་བྱ་དེ། །ནམ་མཁའི་ངོས་ལྟ་མཆོག་ཡིན་ནོ། །ཞེས་མགྲིན་གཅིག་གིས་གསུངས་པས་ཏིང་ངེ་འཛིན། དེ་ལས་བཞེངས་ཏེ་རྣམ་སྨིན་གྱི་སྐུ་ལུས་དེར་བཞེང་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་ཤིང་རི་རབ་ཀྱི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་གསུངས་པར་བཤད། ཐེག་པ་འོག་མ་ལྟར་ན་རྒྱ་རོལ་སོགས་སུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཉིད་སོ་སོ་སྐྱེ་བོར་ཞལ་གྱིས་འཆེས་ཏེ་ལོ་དྲུག་དཀའ་བ་སྤྱད་པའི་མཐར་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག །ཐོ་རང་མི་གནས་པའི་ཡེ་ཤེས་མངོན་དུ་མཛད་པ་སོགས་བཤད་ཚུལ་མཐའ་ཀླས་ནའང་མཛད་པ་བཅུ་གཉིས་བསྟན་པར་མི་མཐུན་པ་མེད་ཅིང་། །དེའང་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་པའི་རྗེས་སུ། མདོ་ལས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །(༨ན)
མི་སྨྲ་ནགས་འདབ་ཚལ་དུ་གནས་པར་བྱ། །ཞེས་ཞག་ཞེ་དགུའི་བར་ཆོས་མི་གསུང་པའི་ཚུལ་བསྟན་པར་བརྟེན་ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་གྱི་གཙོ་བོ་ཡིན་པས་དེ་དག་གིས་གསོལ་བ་བཏབ་ནས་ཆོས་གསུངས་ན་གདུལ་བྱ་རྣམས་ཆོས་ལ་ཆེས་ཆེར་འཇུག་པའི་དགོས་པ་ཁྱད་པར་ཅན་གཟིགས་ནས་འོད་བཀྱེ་བས་སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ཏེ་གྲོགས་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་འོངས་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་བཏབ་པས་ཅང་མི་གསུང་བའི་ཞལ་གྱི་བཞེས་པ་ཙམ་ལས་ཆོས་ཀྱི་འཁོར་ལོ་མ་བསྐོར་བས་བརྒྱ་བྱིན་སྒྲན་ནས། དེས་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་པ་ཕུལ་ཏེ་གསོལ་བ་བཏབ་པ་སོགས་ཀྱིས་རྐྱེན་བྱས་ཡུལ་ཝ་ར་ཎ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོར་ཆུ་སྟོད་ཟླ་བའི་ཚེས་བཞིར་བཀའ་དང་པོ་བདེན་པ་བཞི་ལ་བརྟེན་པའི་ཆོས་འཁོར། གནས་བྱ་རྒོད་ཕུངཔོའི་རིར་འཁོར་སྟོང་ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་གི་དགེ་སློང་། དགེ་སློང་མ། དགེ་བརྙེན་ཕ་མ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་ལ་ཡུམ་སྲས་བཅུ་བདུན་སོགས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། རི་མ་ལ་ཡ་དང་ཡངས་པ་ཅན་སོགས་སུ་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་བྱང་སེམས་ལ་བཀའ་དང་པོ་དང་བར་པའི་སྒྲས་ཟིན་ལ་དངོས་སུ་འགལ་བ་ལྟར་སྣང་བ་རྣམས་རྩོད་པ་བསལ་ཏེ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་རིམ་པ་གསུམ་དུ་བསྐོར། དེའང་རྟོག་གེ་འབར་བ་ལས། །ཐེག་པ་ཆེན་(༨བ)
པོ་སངས་རྒྱས་ཀྱི་གསུངས་པ་ཡིན་ཏེ། རྩ་བའི་བསྡུ་བ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་གསང་པའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་གྱིས་བསྡུས་པའི་ཕྱིར་རོ། །ཞེས་འབྱུང་ཞིང་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསང་བའི་བདག་པོ་ཉིད་བཀའ་བསྡུས་པ་པོར་གསུངས་ཤིང་རྒྱུད་སྡེ་གཞན་མང་པོ་ལས་ཀྱང་དེ་དང་ཕྱོགས་མཚུངས་པ་བྱུང་། བིམཱལ་སྭབྷཝ་ཞེས་བྱ་བའི་རི་ལ་བྱང་སེམས་འབུམ་ཕྲག་བཅུའི་དབུས་སུ་འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཀུན་ཏུ་བཟང་པོས་མདོ་སྡེ་རྣམས་བསྡུས་པ་ཐེག་ཆེན་གྱི་ལུགས་སུ་གྲགས། ཐེག་པ་ཐུན་མོང་བ་ལྟར་ན་དེ་བཞིན་གཤེགས་པ་ཞི་བའི་དབྱིངས་སུ་མནལ་པའི་ཕྱི་ལོ་གནས་རྒྱལ་པོའི་ཁབ་ཏུ་ཀུན་དགའ་བོ་མ་གཏོགས་འོད་སྲུངས་སོགས་དགྲ་བཅོམ་པ་བཞི་བརྒྱ་དགུ་བཅུ་རྩ་དགུ་བྱུང་བར་དགོས་པའི་དབང་གིས་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྐྱོན་ཕབ་པའི་རྐྱེན་གྱིས་དགྲ་བཅོམ་པ་མངོན་དུ་མཛད་ནས་མདོ་སྡེ་སྣོད་བསྡུས་ཚུལ་ནི་སྣམ་སྦྱར་ལྔ་བརྒྱ་བཏིང་བའི་སྟེང་དུ་ཀུན་དགའ་བོ་གསོལ་བ་དང་གཉིས་ཀྱིས་བསྐོས་པ་བཞུགས་ཏེ་འགོ་བོར་གླེང་གཞི། བར་དུ་འབྲེལ་བ་དང་མཚམས་སྦྱོར། མཐའ་མ་འཁོར་འདུས་ཚུལ་དང་རྗེས་སུ་ཡི་རང་བཅུག་ནས་རྒྱལ་བས་ཇི་ལྟར་གསུངས་པ་ལྟར་སྒྲོ་སྐུར་མེད་པ་ཐུགས་ནས་གསུངས། ཉེ་བ་འཁོར་གྱི་སྔར་ཇི་ལྟ་བ་བཞིན་འདུལ་བ་དང་། འོད་སྲུངས་ཆེན་པོས་མངོན་པའི་བཀའ་རྣམས་བསྡུས། དེ་ནས་ལོ་བརྒྱ་དང་བཅུའི་དུས་སུ་མི་རུང་པའི་གཞི་བཅུ་ལ་བརྟེན་ནས་དགེ་འདུན་རྣམས་ཀྱིས་སྡེ་སྣོད་(༩ན)
གསུམ་ཞལ་འདོན་དང་བཀྲ་ཤིས་པའི་གསོ་སྦྱོང་མཛད་དེ་བཀའ་གཉིས་པ་བསྡུས། སྟོན་པ་གཤེགས་ནས་ལོ་བཞི་བརྒྱ་འདས་པ་ན་བདུད་སྡིག་ཅན་གྱི་སྤྲུལ་པ་བཟང་པོས་ཆོས་ལོག་བསྟན་པའི་རྒྱུན་རྗེས་འབྲང་རྣམས་ཀྱིས་བཟུང་བར་བརྟེན་སྡེ་པ་བཅོ་བརྒྱད་ཕན་ཚུན་གྱི་རྩོད་པ་སུན་ཕྱུང་སྡེ་རྣམ་དག་ཏུ་བསྒྲུབ་པའི་ཆེད་མཉན་ཡོད་དུ་བྱང་སེམས་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ། སོ་སྐྱེའི་པཎྜི་ཏ་ཁྲི་དྲུག་སྟོང་སྟེ་ཁྲི་བདུན་སྟོང་གིས་མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་གླེགས་བམ་ལ་བྲིས་ཏེ་བཀའ་གསུམ་པ་བསྡུས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་བེ་རྡྷའི་ཡུལ་དུ་བྲམ་ཟེ་ཞིག་ལ་བུ་མེད་པར་རྨི་ལམ་དུ་བྲམ་ཟེ་བརྒྱར་ཆོས་སྟོན་བྱས་ན་འབྱུང་བར་ལུང་བསྟན་པ་བཞིན་བྱས་པས་ཁྱེའུ་བཙས་པར་མཚན་མཁན་གྱིས་མཚན་བཟང་ཡང་ཞག་བདུན་གྱི་ཚེ་ལས་མེད་ཟེར་བ་ལ་ཅི་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་བྱས་ན་ཟླ་བ་བདུན་དང་དགེ་སློང་བརྒྱར་དྲངས་ན་ལོ་བདུན་ཐུབ། དེ་ལས་མེད་ཟེར་བས་ལོ་བདུན་དུ་ཉེ་བ་ན་གྲོགས་དང་བཅས་ཏེ་འཁྱམས་པར་བཏང་བས་ནཱ་ལནྡཱར་སླེབས་པ་ན་བྲམ་ཟེ་ས་ར་ཧས་རབ་བྱུང་གི་སྡོམ་པ་ཕབ་ཅིང་ཚེ་དཔག་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར། །ལོ་བདུན་འགྲོ་བའི་ནུབ་མོ་མཚན་ཐོག་ཐག་གཟུངས་འདོན་དུ་བཅུག་པས་འཆི་བདག་གི་གཡུལ་ལས་རྒྱལ། །བྲམ་ཟེས་གསང་བ་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་ཅིང་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་བསྙེན་པར་རྫོགས་གསེར་འགྱུར་གྱི་རྩི་ལ་བརྟེན་ནས་དགེ་འདུན་གྱི་འཚོ་བ་སྦྱར་(༩བ)
བས་ལོག་འཚོར་བཀོད་ཅེས་དབྱུང་ནས་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་པར་བསྐུལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབས་པས་ཐོབ། །དགེ་སློང་བདེ་བྱེད་གྱིས་རིག་པའི་རྒྱན་འོས་པའི་གཞུང་འབུམ་ཕྲག་བཅུ་གཉིས་བྱས་ནས་ཐམས་ཅད་སུན་དབྱུང་བ་འདུལ་བའི་དོན་དུ་འདམ་བུ་བྱིན་དུ་ཆོས་གསུངས་པའི་ཚེ་བྱིས་པ་གཉིས་ཆོས་ཉན་ཅིང་ས་འོག་ཏུ་འགྲོ་བ་ཀླུ་ཡིན་ཟེར་བས་སློབ་དཔོན་གྱིས་གནོད་སྦྱིན་གྱི་འདམ་ཁྱེར་ཤོག་གསུངས་པ་ན་ཀླུའི་རྒྱལ་པོས་གདན་འདྲེན་པར་བསྒོ་བ་བཞིན་བྱོན་ནས་ཆོས་གསུངས། བཞུགས་པར་ཞུས་ཀྱང་མ་གནང་བར་མཆོད་རྟེན་བྱེ་བ་བཞེང་པའི་འདམ་དང་འབུམ་གདན་དྲངས་པའི་ཞབས་ནས་ཅུང་ཟད་མ་བསྐུར་བར་གྲགས། ཀླུ་རྣམས་ཀྱི་གྲོགས་བྱས་ནས་མཆོད་རྟེན་ཕལ་ཆེར་གྲུབ་ལ་འགའ་ཞིག་ཀླུ་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཏེ་ཀླུ་སྒྲུབ་ཅེས་པའི་མིང་དུ་གྱུར་ཅིང་ཤར་ཕྱོགས་བ་ཌ་བེ་ཀ་དང་ཡུལ་ར་དར་དུ་གཙུག་ལག་ཁང་མང་དུ་བཞེངས། སྒྲ་མི་སྙན་དུ་གཤེགས་པའི་ལམ་ཁར་བྱིས་པ་ཞིག་ལ་ལག་རིས་ལ་རྟེན་ནས་རྒྱལ་པོར་ལུང་བསྟན་ཅིང་ཚུར་བྱོན་པའི་ཚེ་བྱིས་པ་རྒྱལ་པོར་གྱུར་པ་བདེ་སྤྱོད་བཟང་པོས་རིན་པོ་ཆེ་མང་དུ་ཕུལ། སློབ་དཔོན་འདིས་བྱ་བ་ལས་ཀྱི་འཁོར་ལོ་མ་ཟད་མདོ་སྔགས་གསོ་རིག་ལུགས་ཀྱི་བསྟན་བཅོས་སོགས་ཆེས་མང་བ་མཛད། ཁྱད་པར་ཐེག་པ་ཆེན་པོའི་མིང་ཙམ་ཡང་མ་གྲགས་པའི་དུས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གྱུར་བའི་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་ཤིང་རྟའི་སྲོལ་ཕྱེ་བས་ཉན་ཐོས་སྡེ་པ་དག་མ་རངས་པར་(༡༠ན)
ཐེག་ཆེན་ནམ་མཁའི་པདྨོ་ལ། །ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་བྱུང་། །ཞེས་ཁ་ཟེར། ལངྐར་གཤེགས་པ་ལས། ལྷོ་ཕྱོགས་བེ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་བྱུང་། དེའི་རྗེས་སུ་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་བའི་རྐྱེན་གྱིས་བྲམ་ཟེ་མ་བསལ་བའི་ཚུལ་ཁྲིམས་བྱ་བས་བསྟན་པ་འཛིན་ནུས་པའི་བུ་ཞིག་བསྐྲུན་སྙམ་ནས་རྒྱལ་རིགས་དང་འདུས་པ་ལས་འཕགས་པ་ཐོགས་མེད་འཁྲུངས་པ་ནར་སོན་པ་ན་རི་བྱ་རྐང་གི་ཕུག་ཏུ་ལོ་གསུམ་གྱི་བར་བྱམས་པ་བསྒྲུབས་པས་མ་འགྲུབ་པར་ཕྱིར་ཐོན་པ་ན་རྒན་པོ་ཞིག་གིས་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་བརྡར་ནས་ཁབ་བཟོ་ཟེར་བ་ཐུགས་སུ་མ་ཆུད་པར་མི་དེ་ན་རེ། །སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བས་ལོ་དྲུག་བསྐྱར་ནས་བསྒྲུབས་ཀྱང་མཚན་མ་མ་བྱུང་བར་ཕྱི་རོལ་ཏུ་བྱོན་པས་ཆུ་ཐིགས་དང་བྱ་སྒྲོས་བྲག་ཟད་པར་མཐོང་སྟེ་སླར་ལོ་གསུམ་བསྣན་པའི་ལོ་བཅུ་གཉིས་སུ་བསྒྲུབས་རུང་བྱམས་པ་དང་མ་མཇལ་བས་ཕྱིར་བྱོན་པའི་ལམ་དུ་ཁྱི་མོ་ཁོག་སྨད་འབུས་གཡེང་བ་ལ་སྙིང་རྗེ་སྐྱེས་ནས་གསེར་གྱི་སྤུ་གྲིས་རང་གི་ཤ་བཅད་པའི་ནང་དུ་འབུ་རྣམས་འཇོག་སྙམ་སྟེ་སྤྱན་བཙུམ་ནས་ལྗགས་ཀྱིས་འབུ་བླངས་པས་ཁྱི་མོ་མི་སྣང་བར་བྱམས་(༡༠བ)
པ་དངོས་སུ་གཟིགས་པ་ན་ཡུས་པའི་ཚུལ་གྱིས་ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བ་རྒྱས་འབོད་ཀྱང་འབྲས་མ་མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་པས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབ་ནས་རྟགས་ཀྱང་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས་རྗེ་བཙུན་གྱིས་ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པ་ཆེས་པས་མ་མཐོང་ལ་ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་དག་ནས་མཐོང་བ་ཡིན་ཏེ་ཁྱོད་རང་གི་ཕྲག་གོང་དུ་ཁུར་ལ་སྟོན་ཅིག་གསུངས་ནས་བསྟན་པས་མཐོང་བ་མ་བྱུང་བས་དེར་ཐུགས་ཡིད་ཆེས་ནས་དད། ཐེག་པ་ཆེན་པོའི་ཆོས་དར་བར་ཞུ་འཚལ་ཞུས་པས་དགའ་ལྡན་དུ་འགྲོ་ཞེས་རྗེ་བཙུན་གྱི་ན་བཟའ་ལ་འཇུས་ཏེ་བྱོན་ནས་མི་ལོ་ལྔ་བཅུ་རྩ་གསུམ་མམ་ཟླ་བ་དྲུག་བཞུགས་པར་མི་མཐུན་ཡང་དོན་ལ་ཡུམ་གྱི་མདོ་སོགས་ཐེག་པ་ཆེན་པོ་མང་དུ་གསན། དེ་དག་གི་དོན་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས་བྱམས་ཆོས་ལྔ་བརྩམས་ཤིང་མི་ཡུལ་དུ་བྱོན་ནས་དེ་དག་གི་དོན་འགྲེལ་པར་ས་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་མཛད་དོ། །གཅུང་དབྱིགས་གཉེན་ཁ་ཆེ་འདུས་བཟང་གི་སློབ་མར་གྱུར་ཏེ་གྲུབ་མཐས་དབྱེན་བཅོས་པས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །སུམ་ཅུ་རྩ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོན་པའི་བསྟན་བཅོས་བརྩམས། །ཞེས་སྐུར་འདེབས་མཛད་སྐད། སློབ་དཔོན་འདིས་ཤེར་ཕྱོགས་ཀྱི་སྦས་དོན་མངོན་པར་རྟོགས་པའི་རིམ་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་ཞིང་། རྨ་བྱ་ཆེན་པོ་ལས། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམས་པ་མང་པོ་རབ་ཏུ་འབྱེད། །ཅེས་བྱུང་། ཤིང་རྟ་ཆེན་པོ་རྣམ་གཉིས་བསྟན་པ་འདི་ལ། །(༡༡ན)
ཉི་ཟླ་ལྟར་གྲགས་ཤིང་སོ་སོའི་གྲུབ་མཐའི་བཞེད་སྲོལ་མི་མཐུན་པ་མང་དུ་བྱུང་བ་རྒྱལ་ཚབ་རྣམ་པ་གཉིས་ཀྱི་གཞུང་ལ་བརྟེན་ནས་འགྲེལ་པ་ལས་ཐུབ་པའི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཞིག་ག་ལ་ཡོད། འོན་ཏེ་ལོ་རྒྱུས་ལ་ལར་རིག་པའི་འབྱུང་གནས་ནཱ་ལནྡར་མཁས་པ་ཙནྡྲ་གོ་མིས་ཐོགས་མེད་ཀྱི་སྲོལ་ལ་བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང་། སློབ་དཔོན་ཟླ་བ་གྲགས་པས་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་སོགས་ཀྱིས་བཀྲལ་བར་བརྟེན་ནས་ངོ་བོ་ཉིད་མེད་པའི་ཕྱོགས་བཟུང་སྟེ་ལོ་གསུམ་གྱི་བར་བརྒལ་བརྟགས་མཛད་པས། །དེར་ལྟ་བར་འདུས་པའི་སྐྱེ་བོ་མང་པོས་ཀྱང་ཕྱོགས་ཙམ་རིག་སྟེ། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང་། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང་། །སྐྱེ་བོ་ཀུན་ལ་བདུད་རྩི་ཡིན། །ཞེས་ཁྱེའུ་དང་བུ་མོ་མང་པོས་གླུ་ནི་བླངས་སྐད། ཤིང་རྟ་ཆེན་པོ་གཉིས་ཀྱི་སྲོལ་འཛིན་པ་ནི། དྲང་ངེས་རྣམས་བྱེད་ལས། ཤིང་རྟ་ཆེན་པོའི་སྲོལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིགས་གཉེན་ཞབས་དང་དེ་སྲས་ཡོན་ཏན་འོད། །ཤཱཀྱ་འོད་དང་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །ཅེས་རྗེས་འབྲངས་དང་བཅས་པའི་པཎྜི་ཏ་རྣམས་ཀྱིས་འཕགས་པའི་ཡུལ་དུ་བསྟན་པ་ཉི་མ་ལྟར་གསལ་བར་མཛད། བྲམ་ཟེ་ཆེན་(༡༡བ)
པོ་ས་ར་ཧ་དང་གྲུབ་པའི་འཁོར་སྒྱུར་བི་རཱུ་ལ་སོགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་མཚོན་པས་མཐའ་ཀླས་པའི་རྫུ་འཕྲུལ་གྱི་བཀོད་པའི་མཐུས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འགོད་པར་མཛད་པ་ནི་ལྕེ་བརྒྱས་བསྐལ་པར་བརྗོད་ཀྱང་བརྗོད་ཀྱིས་མི་ལང་། དེའང་འཇམ་དཔལ་རྩ་རྒྱུད་དུ། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ཚལ་འབྱུང་བར་འགྱུར། །ཞེས་མཚོ་བསྐམས་པའི་ཤུལ་དུ་མིའི་འགྲོ་བ་ཆགས་པར་བཤད་པ་སངས་རྒྱས་ཀྱི་ཆོས་དུང་ཤཱ་རི་བུས་འགོག་པ་རིའི་ཆུ་འཚམས་སུ་གཏེར་དུ་སྦས་པ་རྒྱལ་བ་བཙོང་ཁ་པ་ཆེན་པོས་གཏེར་ནས་བཞེས་པ་དང་བཅས་བོད་དུ་ཐོག་མར་བྱོན་པའི་ཚེ་བོད་ཆུས་གང་བའི་ལོ་རྒྱུས་རྣམས་ཕྱོགས་མཚུངས་པ་འདྲ་ཞིག་སྣང་ཞིང་རྒྱལ་པོ་རུ་པ་ཏེ་དམག་སྟོང་ཕྲག་གཅིག་དང་བཅས་བུད་མེད་དུ་བརྫུས་ནས་རི་ཁ་བ་ཅན་གྱི་གསེབ་ཏུ་ཞུགས་པ་ལས་མིའི་འགྲོ་བ་འཕེལ་བར་གྲགས་། །མཁས་པ་ལ་ལ་རྒྱ་གར་སོགས་ཡུལ་གཞན་ལྟར་ཐོག་མ་ཉིད་ནས་མིའི་འགྲོ་བ་ཡོད་པ་ལས་གསར་དུ་འཕེལ་བ་ནི་འཐད་པའི་ཕྱོགས་ཀྱང་འཆད་མོད་ཡོངས་སུ་གྲགས་པ་ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱི་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་ལས་གདོང་དམར་ཤ་ཟན་གྱི་ཕྲུ་གུ་རིགས་དྲུག་ནས་ཚེ་འཕོས་པ་དྲུག་བྱུང་བའི་དགྲ་འབྲུ་ལྡོང་ལྒ་དང་ནུ་བོ་དཔའ་མདའ་སྟེ་མིའུ་གདོང་དྲུག་དང་ཡང་ན་སེ་ལྡོང་རྨུ་སྟོང་སྟེ་རུ་མཚན་བཞིར་གྲགས་ཤིང་མཚལ་པའི་དེབ་དམར་དུ་དེ་དག་ལས་མཆེད་པའི་རྒྱལ་ཕྲན་སིལ་མ་མང་དུ་བྱུང་བའི་མཐར་བོད་སྤྱི་ལ་དབང་བའི་རྒྱལ་པོ་ལག་ན་པདྨས་(༡༢ན)
བྱིན་གྱིས་བརླབས་པའི་རྗེ་གཉའ་ཁྲི་བཙན་པོ་བྱོན། །དེ་ནས་རྒྱལ་རབས་ཉི་ཤུ་རྩ་བདུན་འདས་པ་ན་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་མི་རབས་ལྔ་ན་མངའ་བདག་སྲོང་བཙན་སྒམ་པོས་ཡི་གེ་འདྲི་(འབྲི་)ཀློག་དང་ར་ས་ར་མོ་ཆེས་གཙོས་པའི་གནྡྷོལ་སོགས་རྟེན་བརྟེན་པ་བཞེངས་པའི་དམ་པ་ཆོས་ཀྱི་སྲོལ་བཏོད། དེ་ནས་མི་རབས་ལྔ་ན་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་པཎ་གྲུབ་དུ་མ་གདན་དྲངས་ཤིང་བོད་ཕྲུག་ཤེས་རབ་ཀྱི་རྩལ་དང་ལྡན་པ་རྣམས་ལོ་ཙཱ་བསླབ་ཏུ་བཅུག །ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བརྩིགས་ཤིང་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་ནས་སོ་སོར་ཐར་པའི་སྡོམ་པ་ལེན་པ་དང་གསང་སྔགས་ཀྱི་སྨིན་གྲོལ་སོགས་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་ནང་ནས་བྱེ་བྲག་ཤེར་ཕྱོགས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་སྒྱུར་བས་རླངས་ཀྱི་ཐུགས་འགྱུར་མ། རྗེ་བཙན་པོའི་མཚལ་ཁྲག་དང་ར་དཀར་པོའི་འོ་མ་སྦྱར་ཏེ་བྲིས་པའི་དུམ་པ་བཞི་པར་རེ་གཟིག་དམར་པོ་ལྷ་ས་གོང་གི་ས་ཕག་མཆོད་རྟེན་གྱི་ནང་བཞུགས་ལ་ཡོད་པར་གྲགས། སྦས་མཉྫུཤྲཱི་དང་ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་མོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་བསྒྱུར་པས་དཔྱ་འབུམ་དུ་གྲགས། རྗེའི་དབུ་སྐྲའི་གཞོབ་རམས་ལ་བསྲེས་ཏེ་ར་དཀར་གྱི་འོ་མ་དང་སྦྱར་ནས་དྲི་མེད་པའི་རིག་ཟིག་བློན་པོ་དུམ་པ་བཞི་པ་དེ་ལ་ལྕགས་ཐུར་བརྒྱུས་(༡༢བ)
པས་ལྕགས་ཐུར་ཅན་དུ་གྲགས་པ་བསམ་ཡས་སུ་བཞུགས་ཀྱང་དེང་སང་འདི་ན་ཡོད་མི་གསལ་ཞིང་རེག་ཟིག་སྡེ་དམར་གཉིས་ལ་བླ་འགྱུར་ཆུང་བ་ཟེར། །ལོ་ཆེན་བཻ་རོས་སླར་ཡང་རྒྱ་དཔེ་དང་བསྟུན་ནས་ཞུས་ཆེན་དུ་མཛད་པར་དུམ་བུ་དྲུག་པ་གླེགས་ཤིང་ལ་གྲས་ནས་པར་བཀབ་ཅན་དང་གསུང་རབ་ཀྱི་བར་དུ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུའང་བརྗོད་པ་བླ་འགྱུར་འབྲིང་པོ། འབྲོམ་བཟའ་བྱང་ཆུབ་སྨན་གྱིས་ཀེ་རུ་གླིང་དུ་ཞག་མལ་བཅས་ནས་ཟས་སྣ་བཅུ་གསུམ་རེས་སད་མི་མི་བདུན་སོགས་རབ་བྱུངསུམ་བརྒྱར་བསྙེན་བཀུར་ཏེ་ཡུམ་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པ་སྟེང་ནས་གདུགས་ཚོད་ཐོན་པ་དང་ཚར་རེ་སྒྲོགས་པའི་ཤོག་དྲིལ་རྣམས་ཀྱི་སྣོད་ཤ་སྒྲོ་ཞིག་ཡོད་པས་མིང་དེར་ཐོགས་ཤིང་མཆིམས་ཕུ་ན་བཞུགས། མངའ་བདག་ཁྲི་རལ་གྱི་དུས་ལོ་པཎ་རྣམས་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་དུམ་པ་བཅུ་དྲུག་ཏུ་བཞེངས་པའི་འཇུག་སྣོད་ལས་གྲས་ཏེ་ཤ་སྒྲོ་ཅན་དུ་བཏགས་པ་བླ་འགྱུར་ཆེན་མོ། རྒྱལ་རབས་འགའ་ཞིག་གི་བླ་རྗེ་མ་གཏོགས་འབངས་ཀྱིས་གསུང་འབུམ་བཞེངས་པར་མ་ནུས་ཤིང་དེ་རྗེས་འབངས་ཀྱིས་བཞེངས་པའི་བཅུ་དགུ་ཙམ་འཕེལ་ཞིང་ལྕང་རྡོ་རྗེ་ཚུལ་ཁྲིམས་ཀྱིས་འབུམ་བཅུ་དགུ་པོ་ཐམས་ཅད་ལ་གཏུགས་ནས་བཞེངས་པས་ཤིན་ཏུ་དག་ཅིང་དེ་ལས་མཆེད་པའི་འབུམ་ཚར་དྲུག་ཅུ་སོགས་རྒྱ་ཆེར་དར། བསྟན་པ་ཕྱི་དར་ལ་རྔོག་ལོ་ཙཱ་བས་བལ་ཡུལ་ཕམ་ཐིང་གི་གཙུག་ལག་ཁང་གི་འབུམ་ཤེས་རབ་སྒྲོན་མ། སྣང་གསལ་སྒྲོན་མ། །ཟླ་བའི་སྒྲོན་མེ་གསུམ་ལྷག་པོར་ཡོད་པ་གསེར་ཞོ་གསུམ་གྱི་(༡༣ན)
རྔན་པ་བྱིན་ནས་བསྟན་པས་སྔོན་མ་རྣམས་ལ་ཏིང་ངེ་འཛིན་བརྒྱ་བཅུ་དགུ་ལས་མེད་པར་བརྒྱ་ཉེར་གཅིག །ཞུས་ལན་བརྒྱ་ཉེར་གཅིག་ཏུ་མཛད་ཅིང་སྒོ་གསུམ་རྣམ་གྲངས་བཅུ་གཅིག ཞུས་ལན་བརྒྱ་ཉི་ཤུ། འགྲེས་རིང་བརྒྱ་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་གཅིག །མཚོན་བྱེད་ཀྱི་ཆོས་བདུན་ཅུ། འགྲེས་རྩ་བདུན་བརྒྱ་བཅུ་གཅིག །འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ་བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས་བྱུང་བ་ནི་ཆོས་ཁུངས་བཙུན་པར་མཛད། ཡུམ་འབྲིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་བམ་པོ་བརྒྱད་ཅུ་རྩ་གསུམ་ཤློ་ཀ་བརྒྱ་ལེའུ་བདུན་ཅུ་དོན་དྲུག་པ། ཡུམ་བསྡུས་པ་བརྒྱད་སྟོང་པ་ལ་ཕྲེང་བ་ཅན་དང་བཟོ་སྦྱངས་དང་སྡེ་ཅན་ཏེ་གསུམ་བྱུང་བ་འཇིག་རྟེན་གྱི་མིག་གཅིག་པུ་ཞ་ལུ་ལོ་ཆེན་གྱིས་རྒྱ་དཔེ་ཐ་དད་པ་གསུམ་པོ་དེར་པྲཀྡིཥྐ། ཤ་ནི་ཥྐ། སེ་ནི་ཥྐ་ཞེས་གདགས་གཞི་གཅིག་ལ་མིང་གི་འདོགས་ཚུལ་མི་གཅིག་པ་ཐ་དད་པ་སྟེ་ཕྲེང་བ་ཅན་ལ་ལྷའི་མེ་ཏོག་དང་ལྷའི་བདུག་སྤོས་ཞེས་པ་འགྱུར་རྒྱས་པ་དང་གཞན་གཉིས་ལ་ལྷའི་མེ་ཏོག་དང་བདུག་པ་ཞེས་ཚིག་ཉུང་བར་གྲགས་ཞེས་བཀའ་སྩལ་བ་ནི་ལེགས་པར་བཤད་པ་ཆེན་པོ་ཡིན་ལ། བྱམས་ཞུས། ཆོས་འཕགས། རྟག་ཏུ་ངུ། ཡོངས་གཏད་དེ་ལེའུ་བཞི་ཀླུའི་ཡུལ་དུ་བཞུགས་པས་དེང་སང་བྱམས་ཞུས་དང་ཆོས་འཕགས་བསྡོམས་པའི་ལེའུ། རྟག་ཏུ་ངུའི་ལེའུ། ཡོངས་གཏད་ཀྱི་ལེའུ་གསུམ་དུ་སྣང་བ་ཉི་ཁྲི་དང་བརྒྱད་སྟོང་པ་ནས་ཁ་བཀང་བ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ནས་བསྒྱུར་ཏོ། །དེའང་འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། ཤེས་(༡༣བ)
རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་རང་ལ་ཕན་པ་ཉུང་། །འདོད་འཇོའི་བ་ཡི་འོ་མ་ཡང་། །བཻའུས་འཐུང་བ་བརྒྱ་ལམ་ཡིན། །ཞེས་ཕལ་ཆེར་སྡིག་སྡུག་གཏམ་ངན་ཁྱད་དུ་བསད་ནས་འབད་རྩོལ་གྱིས་རྙེད་པའི་ནོར་རྫས་རྣམས་རང་ཉིད་ལ་ཕན་པ་ཉུང་ཞིང་། དེ་ལ་བརྟེན་ནས་བསགས་པའི་སྡིག་པས་རྒྱུད་ལ་གོས་ཏེ་དུཿཁས་མནར་བའི་རྒྱུ་འབྲས་ལ་སྤྱོད་པ་མང་ལ། དེ་ཉིད་ལས། ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱིས་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྤྲུལ། །བསད་པར་ནུས་ཀྱི་ཁྭ་ཏས་མིན། །ཞེས་ཤེས་རབ་དང་ལྡན་ན་གྲོག་མཁར་དང་སྦྲང་རྩི་ལྟར་རྩོལ་བས་བསྒྲུབས་པའི་ཆུ་ཤིང་ལྟ་བུའི་ནོར་ལ་སྙིང་པོར་བླངས་ཏེ་རྣམ་དཀར་གྱི་དགེ་ཚོགས་བསྐྲུན་པས་བསམ་པའི་ཁྱད་པར་ལས་རབ་སངས་རྒྱས་ཀྱི་མྱང་འདས། འབྲིང་རང་རྒྱལ་གྱི་མྱང་འདས། ཆུང་ངུ་ཉན་ཐོས་ཀྱི་མྱང་འདས། བསམ་པ་ཐ་མས་ཀྱང་མངོན་མཐོའི་རྟེན་སོགས་གནས་སྐབས་ཀྱི་བདེ་བ་བསྒྲུབ་པའི་ཕྱིར་ཤར་འོལ་ཁ་སྟག་རྩེ་ནས་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཞེས་ལུགས་གཉིས་ལ་སྔོ་གྲོས་ཀྱི་འཇུག་པ་ཡངས་པ་དེས་སྟོབས་འབྱོར་ལོངས་སྤྱོད་ཀྱིས་བསྙེམས་པ་དང་དགེ་བ་ཆེ་གེ་མོ་བྱས་སོ་ཞེས་པའི་སྙན་གྲགས་དོན་དུ་གཉེར་བ་མ་ཡིན་པར་འཇིག་རྟེན་གསུམ་གྱི་འདྲེན་པ་གཅིག་པུ་བ་མཉམ་མེད་དོན་ཀུན་གྲུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོངས་ཁ་པ་ཆེན་པོའི་རིང་ལུགས་འདི་ཉིད་རྒྱལ་བསྟན་གྱི་སྙིང་པོ་དྲི་མ་མེད་པར་མ་ཟད་དིང་སང་ཛཱ་ཏིའི་མེ་ཏོག་འཁྲི་ཤིང་འཁྲིགས་པའི་ཚལ་ནས་ཟ་(༡༤ན)
འོག་ཐགས་སུ་བསྐྲུན་པའི་བར་གྱི་ཀུན་གཟོད་ཀྱི་ཁྱོན་ལ་གནས་སོ་ཅོག་གི་སྐྱེ་རྒུའི་བདེ་སྐྱིད་ཀྱི་སྲོག་གི་ཟུངས་ལྟ་བུར་གྱུར་པ་ནས་སྲིད་མཐའི་བར་དུ་འཕེལ་ཞིང་དེ་ཉིད་འཛིན་པའི་བཤེས་གཉེན་འདུས་སྡེའི་ཚོགས་རྣམས་དར་བ་དང་སྒོས་སུ་འདི་གར་རིང་པོར་འཚོ་ཞིང་ཚེ་རབསཀུན་ཏུ་འཁོར་དུ་སྐྱེ་བ། གནམ་གྱིས་བསྐོས་པའི་ཚངས་པ་མཆོད་ཡོན་ཟུང་གི་སྐུ་ཚེ་མཚན་སྔུས་མངའ་ཐང་ཆབ་སྲིད་རྣམས་རྫོགས་ལྡན་གསར་པའི་དགའ་སྟོན་ལྟར་འགྱུར་བ་འཇིག་རྟེན་སྤྱི་དང་། བྱེ་བྲག་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་སཱ་ལའི་ལྗོངས་འདིར་རྩོད་ལྡན་དུས་ཀྱི་ཚད་པའི་སྨག་རུམ་མཐའ་དག་མིང་གི་ལྷག་མར་བྱས་ཏེ་ལོ་འབྲས་དུས་སུ་སྨིན་ཅིང་མཐའ་བཞིའི་ལས་སྒོ་ཐམས་ཅད་ངང་གིས་འདུ་བའི་ལོངས་སྤྱོད་ཀྱི་དབང་ཐང་དང་ཚེའང་རིང་པོར་གནས་པའི་བཟང་པོའི་སྐལ་བ་ཅན་དང་། ཁྱད་པར་རྒྱུ་སྦྱོར་དར་རྒྱས་བཀྲ་ཤིས་དང་། ཡར་འཕེལ། ཚེ་བརྟན། ཀུན་མཛེས་ཏེ་བཞིས་གཙོས་ནང་ཚང་ཉེ་དུ་འཁོར་གཡོག་དང་། ལྟོ་དཀར་བ་དབུ་མཛད་ལྷ་མགོན་གྱིས་ཐོག་དྲངས་བྲིས་པ་ཉི་ཤུ། ཤོག་ལས་པ་སྙེ་མོ་བ་གཉིས། ཞུས་དག་པ་ཨེ་པ་རབ་འབྱམས་པ་སྔོ་བཟང་བསྟན་འཕེལ་དང་མཚོ་སྣ་པ་སྒྲ་པ་རྣམ་རྒྱལ་ཕུན་ཚོགས། བལ་པོ་ཛྙ་ན་མུ་ནི་དང་ཤིང་མངར། དོ་དམ་པ་ཡར་འཕེལ་སོགས་མདོར་ན་སྐུ་དང་གསུང་གི་རྟེན་འདིའི་ཆེད་དུ་མི་དང་དུད་འགྲོར་བཅས་པས་སྒོ་གསུམ་གྱི་དགེ་རྩ་ཕྲ་མོ་བགྱིས་པ་ཡན་ཆད་གནས་སྐབས་སུ་ཚེ་དང་བསོད་ནམས། དབང་ཐང་དང་དཔལ་འབྱོར། སྙན་པ་དང་གྲགས་པ། བདེ་ཞིང་སྐྱིད་པ་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་པ་(༡༤བ)
དང་རྒྱལ་བ་མ་ཕམ་མགོན་པོའི་འདུས་པ་དང་པོར་སྐྱེས་ཏེ་ཐེག་ཆེན་གྱི་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་ཞིང་རྒྱལ་བ་དེས་ལུང་བསྟན་དབུགས་དབྱུང་མཛད་དེ་མཐར་ཐུག་གི་འབྲས་བུ་རིང་པོར་མི་ཐོགས་པར་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་སྟེེ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འགོད་ནུས་པ་དང་། མདོར་ན་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་སྡུག་བསྔལ་དང་བྲལ་ནས་མངོན་མཐོའི་རྟེན་བཟང་པོ་ཐོབ་རིམ་གྱིས་ས་ལམ་བགྲོད་དེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པ་སོགས་ལྷག་པའི་བསམ་པ་རྒྱ་ཆེན་པོའི་མཐུས་འཕགས་པའི་ཡུལ་དུ་ཨརྠ་སིདྡྷ་ཞེས་པ་ཕྱོགས་འདིར་དོན་གྲུབ་ཏུ་གྲགས་ཤིང་འཇམ་དབྱངས་གོང་མའི་ཁབ་ཏུ་གྱི་ཡི་ཞེས་པ་ས་མོ་ལུག་གི་ལོར་ཡུམ་རྒྱས་འབྲིང་བསྡུས་གསུམ་དབུ་ཤོག་དང་པོ་རྣམས་བློ་ཆོས་གསེར་མ་དང་། དེ་ཕྱིན་སྐྱ་ཆོས་ཞེ་གཅིག་པའི་པོ་ཏི་ཉི་ཤུ་རྩ་གཅིག །རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་ལུགས་མ་ཚ་གསེར་སྦྱིབ་གསོལ་བྱས་པ་ཕྲ་རྒྱན་ཅན་ཁྲུ་གང་པ་རྣམས་ལེགས་པར་བཞེངས་པའི་འབྲས་བུའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་ དྲིལ་བུ ་དང་བ་དན་དང་འཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ། །བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་(༡༥ན)
འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། འཕགས་པ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་ཡིག་འདི་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་ཐུབ་པའི་གསུང་རབ་ཡི་གེར་འདྲི་(འབྲི)བ་དང་བཀུར་སྟི་རི་མོར་བྱས་པའི་བསོད་ནམས་ཀྱི་མཐའ་ནམ་མཁའི་ཚད་ཀྱིས་བཟུང་བར་དཀའ་བ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཆ་ཤས་ཕྲ་མོ་རེས་ཀྱང་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མཐའ་དག་སེལ་བའི་རྩི་སྨན་དུ་གྱུར་པ་ཤ་སྟག་ཡིན་ནའང་གཙོ་བོར་གདུལ་བྱའི་རྒྱུད་ཀྱི་ཀུན་འབྱུང་དང་འབྲས་བུ་སྡུག་བདེན་མ་ལུས་པ་དྲུངས་ནས་ཕྱུང་སྟེ་མྱ་ངན་ལས་འདས་པའི་སར་བཀྲི་བའང་དམ་པའི་ཆོས་བསྟན་པ་ལ་རག་ལུས་པའི་ཕྱིར། །ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་སོ། །དམ་ཆོས་པད་དཀར་ལས། ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་(༡༥བ)
དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། མདོ་ལས། སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡང་། །ནད་དང་མྱ་ངན་སྡུག་བསྔལ་འཇིག་ལས་ཐར། །སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་ཕོང་མི་འགྱུར་རིགས་དམར་མི་སྐྱེ་ཞིང་། །དཔའ་བོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཞེས་རྒྱལ་བ་སྲས་དང་བཅས་པའི་སྐུའི་སྣང་བརྙན་བཞེངས་པའི་ལེགས་བྱས་ཀྱི་འབྲས་བུ་ནི་ཆུ་གཏེར་ཆེན་པོ་ཨ་མྲའི་ཚིག་གུས་གཞལ་བས་ཀྱང་བགྲང་བར་མི་ནུས་ཤིང་བྱེ་བྲག་ཏུ། མདོ་ལས། ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དམ་བཅས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །ཞེས་པའི་དོན་བཞིན་འཕགས་པ་བྱམས་པའི་སྨོན་ལམ་གྱི་ནང་དུ་འབྱུང་བ་མཐའ་དག་རིས་མེད་ཀྱི་འགྲོ་ལ་འབྲས་བུ་ཉམས་སུ་མྱོང་བར་འགྱུར་བས་རྗེ་བཙུན་འདི་ཉིད་ཀྱི་སྨོན་ལམ་གྱི་མཐུ་ཕུལ་དུ་བྱུང་ཞིང་མ་ཕམ་པས་དམ་བཅས་པའི་གཟུངས་ཀྱི་སྐབས། ཇི་སྐད་དུ། གང་གཟུངས་འདི་ཉན་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པར་བྱེད་ན་གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་(༡༦ན)
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན་བདག་གིས་སེམས་ཅན་དེ་ངེས་པར་བཙལ་བར་བགྱིས་སྟེ་དམྱལ་བ་ན་གནས་ཀྱང་ངེས་པར་བཏོན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་བའི་རི་དྭགས་དང་བྱ་རྣམས་ཀྱི་རྣ་ལམ་དུ་སྒྲོག་པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་བོ། །འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །ངན་སོང་གི་དྲི་མས་མི་གོས་སོ། །མའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་པའི་རྒྱལ་པོར་འགྱུར་རོ། །ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་ལོངས་སྤྱོད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ནམ་དུའང་སེམས་ཅན་དེ་བསྐྱུར་བར་མི་བགྱིད་ལགས་སོ། །ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས་དེ་ཇི་ལྟར་གྱུར་ཀྱང་རུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཞེས་མགོན་པོ་འདི་ཉིད་མཐོང་ཐོས་དྲན་རེག་ཏུ་བྱེད་པ་ཐམས་ཅད་རིང་པོར་མི་ཐོགས་པར་འཁོར་བ་མཐའ་ཅན་དུ་འགྱུར་ཞིང་སྒྲོན་མེའི་བསྐལ་པ་འདིའི་སངས་རྒྱས་ལྔ་པ་མ་ག་དྷ་རྡོ་རྗེའི་གདན་གྱི་སྤོ་ལ་མ་ཕམ་པ་མཆོག་གི་སྤྲུལ་སྐུར་སངས་རྒྱས་པའི་ཚེ་འདུས་པ་སྔ་ཕྱི་བར་གསུམ་གང་རུང་དུ་གྱུར་ནས་སྨིན་ཅིང་གྲོལ་བར་འགྱུར་པའི་རྟེན་འབྲེལ་གྱི་སྒོ་འཕར་ལ་བརྟེན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་སོགས་སྔོན་བྱོན་མཁས་གྲུབ་མང་དག་གི་བྱམས་ཆེན་བཞེང་པར་མཛད་པ་དང་། རྒྱལ་(༡༦བ)
བ་གཉིས་པ་བཙོང་ཁ་པ་ཆེན་པོས་ར་ས་འཕྲུལ་སྣང་དུ་མཉན་ཡོད་མཆོད་པའི་དགའ་སྟོན་རྒྱ་ཆེར་སྤེལ་བའི་མཇུག་ཏུ་བྱམས་པ་གདན་འདྲེན་པ་དགོངས་པའི་གནད་ཆེ་ཞིང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨོ་ཁ་བྱེ་ནས། །སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག །ཅེས་པའང་དོན་དེ་དག་ལ་དགོངས་ཏེ་ཤེས་པར་ནུས་སོ། །འགྲོ་ཀུན་གཏན་བདེའི་སྲོག་སོང་རྒྱལ་བསྟན་སྤྱི། །བྱེ་བྲག་ཞྭ་སེར་འཆང་བའི་རིང་ལུགས་ཞལ། །ཆེས་འཛུམ་དཀྱུས་རིང་སྤྱན་གྱིས་སྲིིད་པའི་མཐའ། །བརྒལ་ཏེ་ལེགས་བྱས་ལུས་ཕྲའི་བརྟན་འཕྲོག་ཤོག །བཤད་སྒྲུབ་ཙནྡན་དྲི་འདྲེན་བཤེས་གཉེན་རླུང་། །མཁས་གྲུབ་མ་ལ་ཡ་ནས་ཆད་མེད་ཀྱིས། རྣམ་གསུམ་འཁོར་ལོའི་རེག་བྱ་རབ་བསིལ་བས། དུག་ལྔའི་ཚ་གདུང་དྲུངས་ནས་འབྱིན་པར་ཤོག །ཚངས་སྲས་བཞད་པའི་རྐང་སེན་ཟླ་ཚེས་པ། །ལུས་ཅན་གཙུག་གཏོར་རྩེ་མོར་མི་ནུབ་ཅིང་། །བདག་སོགས་སྐྱེ་བར་འབྲལ་མེད་འཁོར་འབངས་སུ། །གྱུར་ཏེ་སྲིད་ཞིའི་དགའ་སྟོན་ལ་སྤྱོད་ཤོག །མེས་པོའི་ལུང་གིས་གནམ་ནས་ཡངས་པའི་སར། །མང་བཀུར་རྒྱལ་པོར་བསྐོས་པ་མཆོད་ཡོན་གྱི། །སྐུ་ཚེ་མངའ་ཐང་ཆབ་སྲིད་དཔག་བསམ་ལྗོན། ཁྲིམས་གཉིས་གྲིབ་མར་འགྲོ་རྣམས་ངལ་གསོར་ཤོག །འཇིག་རྟེན་ཡོངས་དང་ཁྱད་པར་བོད་ཡུལ་འདིར། །ནད་འཁྲུགས་དབུལ་སོགས་དུ༔ཁའི་མུན་པ་རྣམས། །རྫོགས་ལྡན་གཞོན་ནུའི་ཉི་མ་འོད་པོ་ཆེས། །མཐར་བསྐྲད་བདེ་སྐྱིད་(༡༧ན)
སྣང་བས་ཁྱབ་པར་ཤོག །ཡོན་བདག་ནང་མི་ལས་བྱེད་བཟོ་བོས་མཚོན། །ཕྱོགས་འདིར་ལུས་ངག་ཡིད་གསུམ་གྱིས་འབད་ཀུན། །སྲིད་པར་ལྷ་ཡི་དཔལ་འབྱོར་ཉམས་མྱོང་ཞིང་། །རིང་མིན་བླ་མེད་ཡེ་ཤེས་ཐོབ་པར་ཤོག །འདིས་མཚོན་སྔོན་བསགས་ཆོས་དཀར་ས་བོན་དད་པའི་ཞིང་སར་ཡོངས་བཏབ་པ། །རྣམ་དག་སྨོན་ལམ་དྲོད་གཤེར་གྱིས་བསྐྱེད་རྩ་སྡོང་ཡལ་ག་ལོ་འདབ་རྩེར། །སྒོ་གསུམ་རྟག་ཏུ་ཚིམ་པའི་ཚོར་བ་ཨ་མྲའི་འབྲས་བུ་རབ་དུད་པ། །ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན་གྱི་ལོངས་སུ་སྤྱོད་པའི་རྒྱུ་རུ་བསྔོ། ཞེས་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མགོན་པོ་མ་ཕམ་པའི་སྐུ་བརྙན་བཞེངས་པའི་ཚེ་དགོས་ཚུལ་བྱུང་བ་ལྟར་དཀར་ཆག་ཆེ་བརྗོད་དང་འབྲེལ་བ་བསྔོ་སྨོན་གྱི་མཐའ་བརྟེན་པ་གཏན་མདུན་གསེར་གྱི་སྙེ་མ་འདི་ཡང་ཟ་ཧོར་གྱི་བནྡེེ་ཚངས་སྲས་བཞད་པའི་རྡོ་རྗེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཨོཾ་ཨ་ཐཱ་བྷཱ་ཝནྟུ། །ཁལ་ཁ་ཨེར་ཏེ་ན་ཨི་ལ་གུག་སན་ཁོ་ཐུག་ཐུའི་ལས་ཀའི་ཐམ་ཕུད་ཀྱི་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་བསམ་དོན་ལྷུན་གྲུབ། ཆེན་པོའི་ལག་རྟགས་རི་མོ་འདབ་བརྒྱའི་ཁ། །ལེགས་བྱས་ཉི་མས་བྱེེ་བའི་ཀེ་ས་ར། མཆོག་གསུམ་སྤྱན་སྔར་གཡུར་ཟས་འདི་ཕྱིའི་དོན། །ལྷུན་གྲུབ་སྣང་བ་དཀར་པོས་ཁྱབ་པར་ཤོག །མི་འགྱུར་ཀློང་ཡངས་ངོ་བོ་ཆོས་སྐུའི་མཁར། །རང་བཞིན་མ་འགགས་ཐུགས་རྗེའི་(༡༧བ)
འཇའ་རིས་ལས། །སྣ་ཚོགས་སྤྲུལ་བསྒྱུར་རོལ་གར་དཔལ་ཆེན་པོ། །འཕྲིན་ལས་ལྷུན་གྲུབ་ཕུར་པའི་དཀྱིལ་འཁོར་ལྷ། །འཕགས་བོད་གྲུབ་བརྙེས་མང་པོའི་བཞེད་གཞུང་སྲོལ། །གངས་ཅན་བཀའ་གཏེར་རྣམ་གྲངས་མཐའ་ཡས་ལས། །ཡང་རྩེར་སོན་པ་ལུགས་གསུམ་ཕུར་བུ་ཞེས། །ལྷ་བྲག་གདམས་པའི་ཡང་བཅུད་འདི་ཀོ་མཚར། །དགྲ་བགེགས་སྙིང་གར་ཕུར་དབལ་བཏབ་པའི་རྩེར། །རྣམ་ཤེས་དག་ཞིང་བསྐྱལ་དང་ལྷན་ཅིག་པར། །རང་ཉིད་འཆི་མེད་བསྒྲུབ་ཚེ་བདུད་བཞིའི་གཡུལ། །འཕམ་པའི་རྒྱལ་རྔ་སྲིད་རྩེའི་བར་དུ་སྙན། །དམ་ཚིག་ཞིང་སར་ཡེཤེས་ས་བོན་ཆར། །ཕབ་པའི་བྱིན་རླབས་སྙེ་མ་གཡུར་ཟའི་ཆེད། །ཉེས་ཀུན་དྲི་ཚོགས་འཁྲུད་པའི་མཎྜ་ལར། །མཐོ་རིས་ཆུ་བོ་རྒྱུན་ཆད་མེད་འབབ་སྙམ། །ཞིང་ཁམས་རྒྱ་མཚོའི་མགོན་རྣམས་རྟེན་གསུམ་ལ། །མངོན་སུམ་ཞུགས་པར་མངའ་དབུལ་དཀྱིལ་འཁོར་ཆེ། །སྲིད་པའི་དཔལ་འབྱོར་ཡོད་དོ་ཅོག་རྣམས་ཀུན། །ཚངས་པས་གཅིག་བསྡུས་ཕྱུར་བུར་སྤུངས་པ་བཞིན། །ཡིད་སྲུབས་སྡེ་ལས་རྣམ་པར་རབ་རྒྱལ་བ། །ཕན་བདེའི་འབྱུང་གནས་ལེགས་བཤད་བྱེ་བའི་གླིང་། །རིགས་འཛིན་ཚོགས་རྣམས་ཉེར་སྤྱོད་བསྐྲུན་པ་ཡི། །བསོད་ནམ་ནམ་མཁའི་ཁོངས་སུ་ཤོང་འདི་མཚར། །དགེ་བ་འདིས་ཀྱང་བྱེད་པོར་གཏོགས་སོ་ཅོག །སངས་རྒྱས་མ་ཐོབ་བར་དུ་དགེ་ལེགས་ཀྱི། །འབྲས་བུ་གསེར་གྱི་གཉིས་འཐུང་མཆེ་བ་བཞིན། །གླང་པོ་ཅན་གྱི་བསོད་ནམས་རྗེས་འགྲོར་ཤོག །འདི་ཡང་(༡༨ན)
ས་རྟ་དང་ས་ལུག་གཉིས་ཀྱི་ལོར་གྲམ་པ་དགེ་སློང་བློ་བཟང་ངག་དབང་། གོང་དཀར་བ་བློ་བཟང་དཔལ་འབྱོར། འཕྱོང་རྒྱས་པ་ངག་དབང་ནམ་མཁའ་གསུམ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དཀོན་གཉེར་གྱི་ལས་ཚན་ཐོག་སྤྱི་རྫས་ཀྱི་འཇོག །དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་ཐང་། རབ་གནས་ཀྱི་ཁྲུས་དཀྱིལ་དང་ཁྲུས་གདན། མངའ་དབུལ་གྱི་དཀྱིལ་འཁོར་དང་ཙཀླི་ཆ་ཚད་རྣམས་སྲ་རྩི་ཅན། །དངུལ་གྱི་རྣམ་རྒྱལ་བུམ་པ་ཆེ་ཆུང་གསུམ། །གོས་ཆེན་གྱི་སྣམ་སྦྱར་བདུན། ལྕགས་སྡེར་བཞི། མི་རྐང་གླིང་བུ་རག་བཤན་ཅན་ཆ་གཅིག །རྩི་སྒམ་ཚོན་ཁྲ་གསེར་ཤོག་ཅན་ཆ་བཞི། སྟག་སྒམ་ལྕགས་བཤན་མ་ཆ་གཉིས། ཅོག་ཙེ་དམར་འཇམ་གསེར་ཤོག་མ་ཆེ་བ་ཆ་གཅིག་དང་ཆུང་བ་བཞི། ཡང་ཆེ་ཙམ་གཅིག །སྒམ་དམར་འཇམ་གསེར་ཤོག་མ་ཆ་གཅིག དྲིལ་ཤུགས་ནང་བྱང་དར་དམར་པོ་ཕྱི་སོ་ཧྲུག་གིས་གཏུམས་པའི་རྒྱབ་ལག་ཁ་འཛིན་རྣམས་རག་གིས་བྱས་པ་ཞེ་མཚུངས་བརྒྱ་དང་སུམ་ཅུ། དུང་ཆོས་ཆེ་བ་ཤུགས་བཅས། རས་ཁྲའི་འབོག །ལྷོ་རས་ཡུག་རྣམས་ལ་དགེ་སྐོས་ཐེམས་ཟིན་ཚོགས་ཐོག་ནས་ཡས་བསུ་མས་སྐྱེལ་གྱི་གོང་དབུལ་ཐོག་ཏུ་ཕབ་པར་སྲང་སུམ་བརྒྱ་བདུན་ཅུ་ཞོ་གསུམ་བྱུང་འདུག་པ་སྤངས་མཐོ་ངེས་ཀྱི་འཇོག་བྱས་པའི་དུས་དཀྱིལ་ཐང་གསུམ་གྱི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་(༡༨བ)
དབང་དགེ་ལེགས་སོ། །དབུར་སྟོད་སེམས་དཔའ་ཆེན་པོའི་སྤྲུལ་སྐུ་ངག་དབང་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་གཅིག་པ་ལྕགས་ཕོ་སྤྲེའུའི་ལོའི་ལི་ཐོ་གསར་བཟོ་མཛད་བཞེད་ཀྱི་འགོ་བརྗོད་རྩོམས་ཤིག་ཅེས་པ་སྐུལ་བ་ལྟར་བཀོད་པ་ཆོས་ཀུན་གསལ་བའི་ཉི་མ། གཙུག་ཏོར་རྩེ་མོར་འཕོ་མེད་རྟག་བཅིངས་མཆོག་ཏུ་མི་འགྱུར་བདེ་ཆེན་དངས་པའི་ཤེལ་ངོས་ལ། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་མཁའ་ལ་མཁའ་བཞིན་དགའ་མར་མཉམ་སྦྱོར་རྩེད་འཇོའི་བརྐྱང་བསྐུམ་ཞབས། །སྒྲིབ་གཉིས་སྙིང་རྡུལ་མུན་ཆུང་ཟླ་ཉི་སྒྲ་གཅན་སྲིད་པའི་གོ་ལར་འགྲོ་འོང་བྲལ་གདན་ལ། །གར་བསྒྱུར་གཟུང་འཛིན་འཆིང་རྒྱའི་ཕ་རོལ་རང་སེམས་དག་པ་ཀཱ་ལ་ཙཀྲས་བདག་སྐྱོངས་ཤིག །དབུས་འགྱུར་ལྷོ་ཕྱོགས་འབྲས་དཀར་(༡༩ན)
སོ་བ་ཕྱུར་བུར་སྤུངས་པའི་མཆོད་རྟེན་ཆེན་པོ་རུ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཞལ་ཕྱེ་ཟླ་བཟང་ལ་སོགས་སྐལ་བཟང་གདུལ་བྱ་རྣམས། །སྨིན་གྲོལ་ལམ་བཀོད་རྩ་བའི་རྒྱུད་ཀྱི་རྒྱལ་པོའི་སྟོན་པ་ཤཱཀྱ་སེང་གེའི་ཞབས། །འཁོར་ལོའི་རི་མོ་ལུས་ཅན་གཙུག་གསལ་མིག་གསུམ་པས་ཀྱང་དབྱི་བར་ནུས་མིན་བསྔགས། །དོན་དམ་གནས་ལུགས་རྟ་ལྗང་འོད་ཀྱིས་འགྲོ་བློ་བ་ཀཱུ་ལ་ཡི་ཁ། །འབྱེད་པར་ནུས་མིན་ཐ་སྙད་གཙུག་ལག་མཛེས་མའི་འགྲམ་ཆང་ཟེགས་མ་ཡིས། །ཅིག་ཅར་བཞེད་པས་དངར་པོའི་བཅུད་འབབ་ཙཱི་ནའི་ར་ཡིག་གཉིས་པའི་ཚོགས། །བདེ་སྐྱིད་མགྲིན་གླུ་དར་དིར་སྒྲོག་མཛད་བརྟན་པའི་འཁོར་ལོས་བདག་རྗེས་བཟུང་། །ཕྱག་ན་པདྨའི་ཐུགས་རྗེ་འཕྲུལ་ཆེན་དྲང་སྲོང་ཨ་གསྟས། །ཕྱི་རོལ་གྲུབ་མཐའི་དུག་ཚོགས་ཐབས་ཀྱིས་རྣམ་དག་སྨན་གྱི་ཆུར། །བསྒྱུར་ལ་མོས་ངོར་ཤར་བའི་སྟོན་པ་ལྷ་ཆེན་མགྲིན་སྔོན་ཅན། །མ་འོངས་སངས་རྒྱས་ཐལ་བའི་དབང་པོར་འགྱུར་ལ་སྙིང་ནས་དད། །རྒྱལ་རྣམས་སྤངས་རྟོགས་ཡོན་ཏན་ཆ་རྫོགས་ཟླ་དཀྱིལ་ཚད། །མཉམ་ཡང་ལོག་རྟོག་སྤྲིན་བྲལ་ཡིད་མཁར་རབ་གསལ་བར། །སྔོན་མེད་མཚན་དཔེའི་རི་དྭགས་གཟུགས་བཀྲ་བཙོང་ཁ་པ། །སངས་རྒྱས་ཀུན་ལས་ལྷག་པའི་མགོན་ཁྱོད་གཏན་གྱི་སྐྱབས། །རིགས་ལྡན་དུས་ཞབས་ཀོང་ཙེ་འཕྲུལ་གྱི་རྒྱལ། །རྒྱ་བལ་ཕྱི་ནང་མཁས་གྲུབ་སཱ་ལའི་ལྗོངས། །རྭ་འབྲོ་ཤོང་གློ་ཁམ་པ་ཁྲ་མོ་སོགས། །ལོ་པཎ་དྲིན་དྲན་དད་པའི་སྤུ་ལོང་གཡོ། །ཊཱིཀ་འགྲེལ་པོད་མཐོར་བརྩེགས་པ་རྫ་ཁོག་ཞབས། །བརྡོལ་
པར་ཕྲ་མོའི་གནད་གསང་དལ་འགྲོའི་རྒྱུན། །འཛགས་པར་མ་བལྟོས་འཇིགས་མེད་ཆོས་ཀྱི་རྒྱལ། །དཔལ་ལྡན་གྲགས་པ་སྨྲ་བའི་སེང་གེ་ཆེ། །སྣ་བོའི་བཞེད་པའི་ལྷན་ཆུང་གོས་བརྡོལ་མིག །འགེབས་པར་བརྩོན་མིན་མདོ་རྒྱུད་ཐ་སྙད་གཞུ། །འགུགས་པའི་ལུང་རིགས་འཕོངས་སྐྱེན་རཱ་མ་ཎ། །སྟག་ཚང་ལོ་ཙཱ་རིས་མེད་བསྟན་པའི་རྒྱན། །ཕྱི་རོལ་ཀུན་རྫོབ་ནང་གི་རྡོ་རྗེའི་ལུས། །གཉིས་མེད་སྦྱར་བས་ཟུང་འཇུག་གཞན་དུས་འཁོར། །མངོན་གྱུར་མཁས་དང་གྲུབ་པའི་རྩེར་སོན་པ། །དོན་གྱི་མཁའ་སྦྱོར་བདུན་ལྡན་ནོར་བུ་བཟང་། །བསྡུས་རྒྱུད་ཚིག་ཙམ་རྗེས་སུ་མི་འབྲང་བར། །རྒྱས་འགྲེལ་དགོངས་དོན་ལོན་པའི་མཁུར་ཚོས་ལས། །འཁྲུལ་མེད་རྩིས་ཀྱི་ཨཱ་ཐའི་གཟུགས་བྱུང་བ། །ལྷུན་གྲུབ་རྒྱ་མཚོ་ཚངས་པ་སླར་བྱོན་ནམ། །གསར་རྙིང་ཕུག་པའི་ཕྱག་བཞེས་གནད་གསང་རྣམས། གཅིག་བསྡུས་མན་ངག་ལུགས་ཀྱི་ཤིང་རྟ་ཆེ། །དཔལ་མགོན་འཕྲིན་ལས་མཆེད་པོ་ཆ་བསགས་ཀྱི། །གྲོང་ཁྱེར་ཀུན་ཏུ་བཙལ་ཀྱང་ག་ལ་རྙེད། །ལེགས་བཤད་མ་དྲོས་ཕྱོགས་བརྒྱར་བབས་པའི་རྒྱུན། །ཟུར་རིགས་ཀུན་མཁྱེན་སྨོན་འགྲོ་པཎྜི་ཏ། །གཉགས་བན་ནང་ར་ཟུག་པོ་གཞོན་ནུའི་མཚན། །ལྡུམ་པོ་དོན་དབང་བཀའ་དྲིན་གང་གིས་གཞལ། །དུས་འཁོར་དབྱངས་འཆར་བལ་རྩིས་སྤོར་ཐང་གཞུང་། །དགོངས་བསྟུན་མཁའ་དུས་མེ་ཞག་བླང་དོར་གནད། །ཕྲ་ཞིབ་དྲ་མིག་མེ་ལོང་བྱད་ཤར་བཞིན། །མཐོང་དེ་ཕྱོགས་འདིར་འབད་པས་སྦྱངས་པའི་འབྲས། །གསལ་གསལ་སྨྲ་འདོད་ལྕེ་རྩེ་དཀན་ཕུགས་(༢༠ན)
འབྱར། །མང་མང་འདྲི་(འབྲི་)ཀའི་ཚོགས་ཀྱིས་སྒྱིད་པ་བསྐྱུར། །ཉུང་ཉུང་གཟའ་སྐར་ས་བདག་རགས་པའི་ཐོ། །རང་རང་རིགས་མཐུན་མགུ་བྱེད་འདི་མ་ཡིན། །ཡང་ཡང་བསམས་ཀྱིན་ཕུག་པ་མན་ངག་ལུགས། །བཙུན་བཙུན་ཁུངས་ལྡན་ཕྱོགས་འདིར་སྦྱངས་པའི་མཐུས། །མཁས་མཁས་མང་པོ་ཚོགས་པའི་གྲལ་འགྲིམ་ཚེ། །མཐོ་མཐོའི་སྤོབས་པ་ཇེ་མཐོར་བཏེག་ལ་གཟིགས། །མཆོག་ཐུན་སྤྱན་དང་མངོན་ཤེས་མ་འགྲུབ་ཀྱང་། །ལྐོག་གྱུར་སྲིད་པའི་བཟང་ངན་རྗེན་པ་རུ། རི་ཐོ་མེ་ལོང་ངོས་ཤར་རྟ་བདུན་གྱིས། །ཆོས་ཀུན་གསལ་བའི་ཉི་མ་དེང་འདིར་འདྲེན། །མིག་མི་འཛུམ་རྣམས་མཁའ་ལ་གོམ་སྟབས་ཀྱིས། །མེ་ཏོག་འཐོར་ནས་ཆེར་བསྔགས་སྒྲོན་མེའི་བསྐལ། །བཟང་པོར་ལྔས་ལྷག་རྣམ་པར་འདྲེན་པ་སྟོང་། །མུ་ཀྟི་ཀ་ཡི་འཕྲེང་ལྟར་སྤེལ་ལེགས་ནས། །སྲས་བཅས་རྒྱལ་བས་སྙིང་སྟོབས་ཆེན་པོ་རུ། །ལེགས་བསྟོད་ཚོགས་ཆེན་རྫོགས་དཔང་སའི་ལྷ་མོས། །ཁས་བླངས་ཡིད་སྲུབས་མྱ་ངན་ཁང་བུ་རུ། །བརྒྱལ་བྱེད་སངས་རྒྱས་བཞི་པ་ཟས་གཙང་སྲས། །ས་ལུག་རིགས་ལྡན་དབང་མོ་སྒྱུ་འཕྲུལ་གྱི། །ལྷུམས་ཞུགས་ལྕགས་སྤྲེལ་མེ་ཏོག་ཅན་ཟླ་ཡི། །ཚེས་བདུན་ལས་སྐར་རྒྱལ་བབས་སྐུ་བལྟམས་ནས། །བགྲང་བྱ་མཁའ་མཚོ་རོ་དང་མཚེ་མ་འདས། མརྒད་གོས་ཀྱིས་ཀླུབས་པ་ཅང་ཤེས་ལོ། །སྦྲང་དུས་ཟླ་བའི་རྫོགས་པ་གསུམ་པའི་ཚེས། །བླ་མེད་ཡེ་ཤེས་བདུད་རྩིས་རབ་ངོམས་ནས། །མཚམས་མཁའ་རོ་དང་འཁྲིག་པའི་བགྲང་བྱ་འདས། དཔའ་(༢༠བ)
བོ་ཞེས་པ་ལྕགས་ཕོ་འབྲུག་གི་ལོར། །ལག་ན་རྡོ་རྗེའི་མཚོན་གདེངས་ཤཾ་བྷ་ལའི། །ཟླ་བཟང་རྒྱལ་པོར་རྩ་བའི་རྒྱུད་གསུངས་ནས། །མཁའ་རོ་དབང་པོ་ལག་པའི་གྲངས་རྣམས་སོང་། །གངས་ཅན་སྐྱེ་རྒུའི་བསོད་ནམས་རྒྱ་མཚོའི་མགྲོན། །རིང་ནས་ཉེར་བཀུག་འཕྲུལ་སྣང་གནྡྷོ་ལ། །རྩོད་དུས་འཁོར་ལོས་སྒྱུར་རྒྱལ་སྲོང་བཙན་རྗེས། །བསྐྲུན་ནས་བུག་ལག་མཁའ་ཟླ་སྔོན་ཆད་ཤར། །རྩིས་འགོ་ཐོག་མར་ཟུག་ཅིང་དབུས་འགྱུར་འཆང་། །དམ་པ་དང་པོའི་སངས་རྒྱས་བསྡུས་པའི་རྒྱུད། །རྩ་རྒྱུད་རྒྱས་འགྲེལ་པད་དཀར་གྱིས་མཛད་དག །ཕེབས་ནས་མེ་དང་དབང་པོ་དུས་ལོ་འདས། །འཇམ་དབྱངས་ངུར་སྨྲིག་གར་བསྒྱུར་བཙོང་ཁ་པས། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས། །མཉན་ཡོད་མཆོད་པའི་དུས་སྟོན་ར་ས་རུ། །བཙུགས་ནས་བསེ་རུ་རི་བོ་ལག་པ་འདས། །འཁྲུལ་སླད་ན་བུན་ཕྲ་མོ་དང་བྲལ་ཞིང་། །རྩིས་རིག་གངས་རི་སྲིད་པའི་རྩེར་བརྙེག་པ། །སྔོན་མེད་ལེགས་བཤད་པད་དཀར་ཞལ་གྱི་ལུང་། །མཛད་ནས་མེ་རྩེ་ལག་པ་རྣམ་པར་བརྒལ། །བྱེ་བ་ཕྲག་ལོངས་དགུ་བཅུ་རྩ་དྲུག་ཏུ། །གྲོང་ཁྱེར་ཀ་ལཱ་པ་ཡི་རྒྱལ་ཁབ་ཁྲིར། །སེང་གེས་ཆོས་སྲིད་བསྐྱངས་ནས་ལུས་ཅན་རྣམས། །སྨིན་གྲོལ་ལ་བཀོད་མེ་དབང་སླེབས་པའི་ལོར། །བྱིངས་དང་རྣམས་འགྱུར་རྐྱེན་གྱིས་ཉེར་བསྒྲུབས་པ། །ལེགས་སྦྱར་ལྷ་ཡི་སྐད་དུ་རུ་དྲ་ཞེས། །ལྗོངས་འདིར་དྲག་པོ་འཇམ་དབྱངས་རྒྱལ་ཁབ་ཏུ། ཕིན་ཤིན་གྲགས་པ་ལྕགས་ཕོ་སྤྲེའུའི་ལོ། །གངྒཱའི་ཡབ་གཅིག་མདངས་འཛིན་ཙི་བེར་ཅན། །སུམ་ལྡན་འབྱུང་བ་ཁ་(༢༡ན)
ཡ་ནས་སྐྱེས་ཀླུངས། །དགུ་གླིང་དབུས་སུ་པྲ་ཝ་གསེར་སློག་བྱོན། །ཀུན་ལ་མངའ་སྒྱུར་རྒྱལ་སྲིད་འཛིན་པའི་ཚེ། མཁས་གཞུང་མང་པོར་བཤད་པའི་བཟང་ངན་གྱི། །བཅད་ལྷུག་གཉིས་ཀྱི་ཕྱག་བཞེས་རྣམས་གྲངས་ལས། །མཆོག་དམན་ཀུན་གྱིས་རྟོགས་པར་སླ་བའི་ཕྱིར། །མ་འདྲེས་སོ་སོའི་ཡི་གེ་ཇི་བཞིན་འགོད། །འཇིག་རྟེན་གསུམ་གྱི་དགའ་ཚལ་ཡངས་པོ་སྣ་ཚོགས་དགེ་མཚན་གྱི་དངོས་པོ་ཀུན་ལྐོག་ཏུ་གྱུར་པ་མངོན་སུམ་དུ་རྗེན་པར་གསལ་བའི་འཁྲུལ་མེད་ཕུག་པའི་མན་ངག་རྣམ་དག་གྲུབ་རྩིས་ཀྱི་ལོར་དབང་སྒྱུར་བའི་དྲང་སྲོང་རྒྱ་མཚོ་དགའི་འབྲས་བུར། ཟླ་བའི་ལོ་ལ་སྦྲུལ་དང་། ཙནྡན་དང་། སྦྲང་བུ་མ་ཧེ་དང་། རྭའི་དབྱིབས་ལྟ་བུའི་སྤྲིན་གྱིས་ནམ་མཁའ་ཁྱབ་སྟེ་དྲི་མེད་ཆུ་རྒྱུན་གྱིས་ནམ་མཁའ་ཁེབས་ཤིང་། །རྩི་ཏོག་ཤིང་ཆེན་འབྲུའི་རིགས་རྣམས་རྒྱས། །མ་ཧེ་ལ་སོགས་བཞོན་རྣམས་འཕེལ། མཛེས་རྒྱན་བུད་མེད་སྐྱེས་པའི་ཚོགས་རྣམས་གླུ་གར་དང་རོལ་མོ་བཅས་ཀྱིས་བསྔགས་པར་བྱེད། ཁྱད་པར་རྗེ་འབངས་རྣམས་བདེ་བར་བཤད། དེ་ཉིད་ལས་བྱུང་བའི་སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ན་མཛེས་པར་བྱེད་པ་ལོ་ལ་དབང་བ་མ་དྲུག་བུ་ཡི་འབྱུང་འགྲོས་ལྷོད་པོར་བྱང་དུ་ལེན་པའི་འབྲས་བུར་ཀཱ་རྟི་ཀ་ལ་བབས་པའི་ཚེ། ཤིང་མཁན་གསེར་བཟོ་མགར་རིགས་ཐ་དད་ཀུན་དང་བ་ལང་སེམས་ཅན་རྣམས་ནད་ཀྱིས་འཇིགས་མི་རྣམས་མི་བདེ་ལ། །ལོ་ལེགས་པར་བྱེད་རྒྱལ་པོ་ཕན་ཚུན་རྩོད་པ་འབྱུང་ཞིང་། མེ་ཏོག་དཀར་(༢༡བ)
སེར་གྱི་འབྲས་བུ་རྣམས་རྒྱས་པར་འགྱུར་རོ་ཞེས་དང་། ཐུན་མོང་དུ་དགའ་བར་འཛིན་པར་བྱེད་པ་ལོ་ལ་དབང་ཕྱུག་པ་སྙན་དངགས་མཁན་གྱི་འབྲས་བུར། པ་སངས་ནད་མེད་རྒྱལ་རིགས་རྒྱལ། །གདུག་པ་རྣམས་འཇོམས་ཤིང་མགྲོན་པོ་བདེ་བར་བྱེད། །ཚོང་པ་ནོར་རྒྱས་རིན་ཆེན་འཕེལ། །ལུས་ལ་ནད་མེད་བདེ་བར་བཙའ། །ཞེས་བཤད། །གསེར་ལྡན་གྱི་ཁྱོན་ཀུན་ལ་སྟོབས་ཀྱི་ཤེ་མོང་གིས་དབང་སྒྱུར་བ་རྒྱལ་པོ་གཏུམ་དྲག་ལུས་དམར་ཅན་གྱི་འབྲས་བུ་ནི། མེ་ཡི་སྟོབས་ནི་ཆེར་འཕེལ་བས། །ནགས་དང་འབྲུ་སོགས་སྲེག་པར་བྱེད། །མི་རྣམས་དབུལ་པོར་འགྱུར་བའོ། །ཀུན་རྡུང་མི་རྒོད་མང་དུ་འཕེལ། །ཡུལ་མཁར་འཆའ་དང་ལྷག་པར་འབན། །ལ་ལ་མུན་པས་གདུང་བར་བྱེད། །འབྲུ་རྣམས་ལེགས་པར་སྨིན་གྱུར་ཀྱང་། །གློ་བུར་རྐྱེན་གྱིས་ཉམས་པར་འགྱུར། །རྒྱལ་པོས་ཡུལ་འཁོར་བཏང་སྙོམས་འདོར། །ཞེས་དང་། བྱ་བ་ལས་ཀྱི་འཁོར་ལོའི་འཕྲུལ་བློན་ཆུ་ལས་སྐྱེས་ལེགས་ཉེས་ཀྱི་ཁ་ལོ་བར་མངགས་པར། རྒྱལ་རིགས་བཟང་པོ་སྟོབས་སུ་འཕེལ། །གདུག་པའི་སེམས་ཅན་འཇོམས་པར་འགྱུར། །སྐྱེ་བོ་ནད་མེད་བདེ་བར་འགྱུར། །ཚོང་པ་རྣམས་ནི་ཚོང་རྒྱས་ཤིང་། །གྲོགས་པོ་ཇི་སྙེད་བདེ་བར་འགྱུར། །སྦྲུམ་པ་རྣམས་ནི་བདེ་བར་བཙའ། །རིན་པོ་ཆེ་རྣམས་འཕེལ་བར་འགྱུར། །ཞེས་བཤད། ས་གསུམ་གྱི་དཀྱིལ་འཁོར་ཡངས་པོར་དགེ་མཚན་བདེ་སྡུག་གི་ཆོས་དུ་མ་ལྐོག་གྱུར་ཏུ་བྱེད་པ་མངོན་སུམ་དུ་སྟོན་པའི་མིག་གསུམ་པ་མཆོག་ཏུ་དགའ་(༢༢ན)
བའི་འགྲེལ་པ་དབྱངས་འཆར་བའི་རྒྱུད་ནས་ཁོལ་དུ་ཕྱུང་བ་རུས་སྦལ་གསེར་གྱི་འཁོར་ལོ་ལས། ཡུལ་དབུས་འགྱུར་འཆང་དུ་མང་པོ་སྐྱེས་ཀྱི་ཁྲི་སྟན་རབ་ཏུ་ཡངས་པོར་དྲང་སྲོང་ལྷའི་བློ་གྲོས་ལེགས་བྱས་བྱེ་བས་འཁྱུད་པའི་འཇུག་པ་ཕྱོགས་བརྒྱར་སྤྲོ་བས། །རྒྱལ་པོ་རྒྱལ་ཕྲན། མངའ་འབངས་ཀུན་བདེ་བར་སྤྱོད། དབང་ཕྱོགས་སུ་དྲག་མོ་དང་། ལྷ་མོ་རྒྱལ་སྟོད་ཀྱི་ལང་ཚོའི་ལྗོན་པ་གསར་པ་རབ་ཏུ་དར་བས་འཇིག་རྟེན་གྱི་བརྟན་པ་ཡོངས་འཕྲོག་པར་བྱེད་པའི་དགའ་མར་ཉི་མའི་བུའི་བློ་སྟོབས་ཀྱི་འཁྲི་ཤིང་ཡུན་རིང་དུ་འཁྱུད་པས་རྒྱལ་པོ་མངའ་འབངས་ཀྱི་བདེ་སྐྱིད་དང་། ཕུན་སུམ་ཚོགས་པ་ཀུན་འཇིག་པར་བྱེད། གཤིན་རྗེའི་ཕྱོགས་སུ་རིག་བྱེད་ཀྱི་བུ་མོའི་ལག་པད་ཟུམ་པར་རིངས་པ་ཕྱོགས་ཀུན་ལས་རྒྱལ་བར་བྱེད་པ་སྣ་ཚོགས་མདོག་ཅན་གྱི་ཟླ་བ་ཚེས་པས་རྒྱལ་པོ་འཁོར་འབངས་རྣམས་ཕན་ཚུན་རྩོད་ཅིང་བདེ་བར་བྱེད། དབང་ལྡན་མཚམས་གསོ་བའི་ལྷ་མོའི་ལང་ཚོ་དངོམ་པར་འོད་ཟེར་དགུ་པ་དང་ལྷ་མཚམས་སྐྱེས། བློ་མཐུན་གྱི་གྲོགས་པོ་མིག་གི་དགའ་སྟོན་བྱེད་པས་རྒྱལ་པོ་འཁོར་འབངས་ཀུན་བདེ་སྡུག་སྤེལ་མར་བྱེད་ཀྱང་། ཁྱད་པར་ཁམས་གསུམ་རྣམ་རྒྱལ་རྩུབ་སྤྱོད་ཀྱི་བྱ་བ་ཕྱོགས་བཅུར་བརྩོན་པས་བདེ་བ་སྤངས་ནས་གདུང་བ་བསྒྲུབ། རྒྱལ་བློན་འཁོར་བཅས་མི་བདེར་སྦྱོར། གནོད་སྦྱིན་ཕྱོགས་སུ་ལྷ་མོ་སྒྲོག་སྨད་ཀྱི་ཡུལ་གྲུར་དཀར་པོ་པ་ཝ་སངས་བདེ་བར་སྤྱོད་པས་རྒྱལ་པོ་བྲན་འཁོར་རྣམས་བདེ་ཞིང་(༢༢བ)
སྐྱིད་པར་ཡུན་ནམ་གནས་ཀྱི་བར་དང་། གཞན་མ་ཕྱོགས་མཚམས་རྣམས་བཏང་སྙོམས་སུ་གནས་ཤིང་། ཞིབ་པར་རིམ་པ་ལྟར་རྒྱུ་སྐར་གྱི་ལམ་ཡངས་པོར་གཟའི་བགྲོད་པ་འཕོ་བ་དང་བསྟུན་ནས་འཁོར། བལ་ཡུལ་མཁས་པའི་ལུགས་བཟང་ནས་ལེགས་པར་བཤད་པའི་ཀ་ར་མྱང་རྩིས་ཀྱི་བསྟན་བཅོས་ལས། ཆར་འབྲིང་། འབྲུ་འབྲིང་སྐད། རྩྭ་འབྲིང་། བསིལ་ཞིང་དྲོད་ཆུང་། རླུང་ཆེ། འཕེལ་བ་བཟང་། ཟིང་དང་འཁྲུག་པ་མེད། ཁྱད་པར་ཤ་ཀ་དྲག་སྦྱངས་ལས། །ཀུན་འཇུག་ཅེས་པ་འཛམ་གླིང་གི་ཡུལ་ཀུན་ཁྱབ་པར་ལྷས་ཆར་འབེབས་པར་བྱེད། ཅེས་བཤད། །གཙུག་ལག་ཁུངས་དང་ལྡན་པ་མདོ་སྡེ་གསང་བ་སྟག་སྣའི་བསྟན་བཅོས་སོགས་ནས་ལེགས་པར་བཤད་པ་ལས། དེའང་རྒྱ་ནག་བསྟན་བཅོས་མདོ་སྡེ་གསང་བ་ལས། ས་བདག་བཞེངས་ཏེ། སོ་ཟང་རྒྱལ། སོ་དཀར་འབྲིང་། གནག་རྣམས་བཟང་།འབྲུ་ཟན་དཀོན། སྐྲངས་འབུར་མང་། གཤོངས་ཞིང་རྒྱལ། ནམ་སྟོད་ཞོད། འབྱུང་བར་ཁམས་མོའི་ལོ་ཞེས་བཤད། བཅུ་གཉིས་ལོ་འབྲས་ལས། ས་བདག་གནས་ཏེ། །སྟོན་ཟླར་འབྲིང་ལ་དམག་འགུལ། ཡུལ་གྱི་དབུས་སུ་ལྟོགས་པ་མང་། ཇུ་ཙེ་རྒྱལ། སོ་ཐར་རྣོན། གྲོ་ནས་འབྲིང་། བྲ་སྲན་རློན། ཁྲི་ཤི། ནུབ་ཏུ་འཁྲུག་པ་འོང་། དམག་བཞེང་། རྒྱལ་ལ་བློན་བརྒོལ། ནམ་སྟོད་ཐན། ནམ་སྨད་ཞོད། གཤོངས་ཞིང་ལ་ལྡུར་མ། ནོར་ཕྱུགས་རིན་ཐང་ཆུང་། ངང་གིས་མི་བདེ་བ་མང་། བསྐོར་བས་བསོད་ནམས་རྒྱས་པས་བཟང་།(༢༣ན)
ས་དང་། རྒྱ་ནག་སྟག་ཆུང་ལས། ལོ་ལེགས། ཇུ་ཙེ་རྒྱལ། གྲོ་ནས་འབྲིང་། དམག་དང་མུ་གེ་བཞིལ། ནུབ་ཏུ་འཁྲུག་པ་འོང་། གཤོངས་ཞིང་ཕམ། རྨེ་བ་དབུས་ཞུགས་ཀྱི་འབྲས་བུར། ཆོས་སྐོར་དང་དགེ་བཤེས་ལ་ངན། རྒྱལ་པོ་དམངས་སུ་འབབ། ལོ་ཉེས་འཁྲུག་པ་འོང་། ཞེས་དང་། གཞུང་ལུགས་ཀུན་ལ་ལེགས་བཤད་ཀྱི་བློ་མིག་མཆོག་ཏུ་ཡངས་པ་དྲང་སྲོང་ལྷའི་བླ་མའི་བསྟན་བཅོས་ལས། །དྲག་པོ་ལ་ནི་ཆར་པ་མེད། །ཐན་པས་ལོ་ཏོག་སྐྱེ་མི་འགྱུར། །བག་རེ་སྐྱེས་པའི་ལོ་ཏོག་སོགས། །སེར་བ་འབུ་ལ་སོགས་པས་ཟ། །ཞེས་དང་། དུས་བསྟན་མེ་ལོང་ལས། དྲག་པོ་ལ་ལོ་ཐམས་ཅད་ལེགས། །ཆར་སྙོམས་པར་འབབ། ཅེས་བཤད་དོ། །ཆོས་ཉིད་གཉུག་མ་མཐོང་རློམ་རྦད་རྐམ་གྱིས། ཀུན་རྫོབ་རྫུན་ཕུགས་བརྡབ་སྨྲའི་ཟོག་ཚུལ་ལ། ཡིད་རྟོན་དེ་དག་རྒྱལ་བས་བདེན་པ་གཉིས། །ཐབས་དང་ཐབས་བྱུང་གསུངས་པ་རྒྱང་དུ་བསྲིངས། །ཞིག་ཚུལ་ཐོ་ཅོར་སྤྱོད་ལ་དཔའ་སྐད་ཅན། །ཕྲ་མོའི་གཏམ་ཙམ་ལ་ཡང་བཞིན་འགྱུར་མཁན། །ཕྱེ་ལེབ་མར་མེའི་རྩེ་ནས་ལྡོག་སྲིད་པར། །གཟུར་གནས་བློ་ལྡན་མཚར་དུ་ཅི་ལ་འཛིན། །ཆོས་ཀུན་གདོད་ནས་སྟོང་པ་ཙམ་གྱིས་ཀྱང་། །ཐ་སྙད་རྟེན་འབྲེལ་མི་སླུར་ངེས་རྙེད་པ། །ཀླུ་སྒྲུབ་དགོངས་དོན་འཇམ་དཔལ་སྙིང་པོ་ཡིས། །ལེགས་བཀྲལ་འདི་ལ་ཤེས་ལྡན་སུ་ཡིས་བསྙོན། དེ་ཕྱིར་དུས་འཁོར་དབྱངས་འཆར་རྒྱུད་འགྲེལ་དང་། །རྒྱ་ནག་རྩིས་གཞུང་འཁྲུལ་པ་མེད་པའི་གསུང་། །ཕྱོགས་རེར་མ་ཞེན་རིག་པའི་འཁྲུལ་འཁོར་གྱི་། །དགོངས་པ་གཅིག་དྲིལ་(༢༣བ)
འཇིག་རྟེན་དགའ་བའི་རྒྱན། །དངོས་བསྟན་ཚིག་ཙམ་ལ་ཞེན་མུན་པའི་མདའ། །འཕེན་པའི་ཟླ་བཤོལ་ཇི་ལྟར་འདོད་རྗེས་སུ། །འདོན་པ་ཤེས་བྱའི་མཐའ་དེ་མ་བཀག་ཀྱང་། །གསང་བའི་མན་ངག་ཆུ་སྟོད་ཟླ་བ་བརྩེགས། །སྲིད་པའི་ཆོས་ཀུན་མཐའ་དག་གསལ་བའི་ཉི། །མ་ལུས་བདེ་སྐྱིད་པད་དཀར་བཞད་པའི་ཚལ། །འཁྲུལ་མེད་ས་སྲུངས་གོམ་སྟབས་མ་བསྐྱོད་པར། །ལུས་ཅན་བུང་བར་སིམ་སྟེར་སྦྲང་རྩིའི་རྒྱུན། །ལེགས་བྱས་ས་བོན་དར་དྲག་ཡོངས་འདུའི་ལྗོན། །གངས་ཅན་དཔལ་མོའི་མངལ་ཁུར་སྦྲུམས་པ་ལས། །བདེ་སྐྱིད་རོ་བདའི་ཟས་ལ་མངའ་འབངས་རྣམས། །སྤྱོད་ལ་མིག་མི་འཛུམ་གྱི་སྤུན་ཟླར་ཤོག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པའི་ཁྲིམས། གསེར་གྱི་གཉའ་ཤིང་འཛིན་རི་མཆོག་དམན་གྱི། །ཕྲག་པར་རྟག་ལྕིའི་དགེ་ལེགས་ལུས་ཕྲའི་མགྲིན། །བཏེགས་ནས་སྙན་པོའི་བརྒྱང་གླུ་ལེན་པར་ཤོག །སྐྱེ་རྒུའི་བསོད་ནམས་རི་བོ་བསྒྲིལ་བ་ཡི། །ཤཱཀ་སེང་རིང་ལུགས་ཆུ་གཏེར་ལས་ཐོན་པ། །དགའ་ལྡན་བསྟན་པའི་ཉི་མ་ས་གསུམ་གྱི། །རྒུད་མུན་མཐར་བྱས་སྣང་བ་ཆེས་དཀར་ཤོག །ཕྱོགས་རེའི་མིག་ཅན་དཔྱད་གཞུང་སྤང་ལྗོངས་བཅུད། །མྱང་བའི་སྐལ་ཕྲ་མ་ཡིན་གཙུག་ལག་གི །ཤལླིཀ་ཚལ་བརྒྱུ་བའི་བལ་གླང་ལུས། །རྣམ་དཔྱོད་གསེར་སྦྱངས་རྒྱན་གྱིས་སྤུད་པར་ཤོག །གཟའ་སྐར་ཚེས་དུས་འཕྲོད་སྦྱོར་མཐོ་རིས་ཆབ། །བླང་དོར་འཕྲོག་བྱེད་ཞབས་བསིལ་ལྷུང་ལྷུང་རྩེར། །བཀྲ་ཤིས་རྐང་ཏོག་ཛམྦུ་ཆུ་བོའི་གསེར། །འོད་ཀྱིས་(༢༤ན)
འཇིག་རྟེན་ཐམས་ཅད་ཁྱབ་པར་ཤོག །ས་ལུག་བཀྲ་ཤིས་ལྷུན་པོར་ཤེར་ཕྱིན་ལྷ་ཁང་བཞེངས་པའི་དེབ་ཀྱི་འགོ་བརྗོད་དང་མཇུག་གི་སྨོན་ལམ་དགོས་ཚུལ་ཕྱག་མཛོད་བསྟན་འཛིན་རྒྱ་མཚོས་བསྐུལ་བ་ལྟར་བཀོད་པ་ཨུ་ཏྤལ་ཆུན་པོ། རྫོགས་སངས་རྒྱས་པའི་ཡེ་ཤེས་གཟུགས་བརྙན་ཀུན་རྫོབ་སྒྱུ་མ་འཕྲུལ་པོ་ཆེ། །རྣམ་རྟོག་རྡུལ་མེད་མཐའ་བྲལ་སྟོང་ཆེན་དོན་དམ་གསལ་བའི་མེ་ལོང་ངོས། །ཉེ་བར་ཤར་དང་འཆར་བའི་བྱེད་པོ་དུས་གསུམ་འདྲེན་པ་བསྐྱེད་མཛད་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ཁྱོད་ནི་བདུད་བཞིའི་དགྲ་ཚོགས་ལས་རྒྱལ་བསྔགས། །རིས་མེད་བགྲོར་བརྩེ་འཇམ་མཉེན་ཐུགས་ཀྱི་དཔེར། །ལྷག་བསམ་དཔུང་པས་ཡོངས་བཏེག་པད་དཀར་འདབ། །རྒྱུད་ལྔའི་འགྲོར་(༢༤བ)
མཛུམ་ཚེམས་འཕྲེང་ཟེ་འབྲུ་ལས། །ཕན་བདེ་མངར་བའི་སྦྲང་རྩི་འཛག་དེས་སྐྱོངས། །དགའ་ལྡན་གནས་ནས་འཛམ་གླིང་བཤེས་གཉེན་དུ། །བསྐལ་བཟང་སྒྲོན་མེ་ལྔ་པ་སྤར་བའི་དུས། །རིང་ཡང་དངོས་སུ་དེང་བྱོན་རྒྱལ་རྣམས་ཀྱི། ཐུགས་རྗེའི་འཇུག་པ་ཚད་བཟུང་མེད་ལ་དད། །ཀུན་རྫོབ་བརྡར་བཏགས་མི་འཇིགས་བཞི་ལྡན་སྐུ། །འབྱུང་གནས་ཟླ་ཚེས་སྐྱེ་འཕགས་བྱང་ཆུབ་སེམས། །ཚོགས་སྦྱོར་བསེ་རུའི་རང་རྒྱལ་ཐོས་སྒྲོག་གི །རྟེན་སྟར་དབང་ཕྱུག་གྲངས་ལྡན་ཚར་དུ་དངར། །སྒྲིབ་པ་གཉིས་ཐུབ་སྲས་སློབ་གཟུགས་བརྙན་འབྲུག །སྐད་གསང་མཐོན་པོས་བསོད་ནམས་མདོངས་མཐའི་མངལ། །ལེགས་བཟུང་ཡང་སྲིད་ཀུན་བདེའི་ཆ་བསགས་སྒྲོ། །ཟླུམ་པོར་གཤོག་པའི་ཟློས་གར་སྒྱུར་ལ་བྲེལ། །ནོར་བུའི་དོ་ཤལ་སྣ་ཚོགས་ཕྲ་ཡིས་བརྒྱན། །གཟུགས་སྐུ་ཁྲི་རྒྱབ་རབ་སྤྲས་མིག་མི་འཛུམ། །འགྲོད་ལམ་དབང་གཞུས་དཀྲིས་ལ་སྐྱེངས་སྟེར་ཆེད། །བྱེད་པོས་ཚངས་པའི་ཡུལ་ས་ནས་སྤྲུལ་བཞིན། །ཤེལ་རིགས་གསེར་དངུལ་གི་གུ་ཤ་ལི་སོགས། །གཅིག་ཏུ་མ་ངེས་ཡོལ་གོ་མཐའ་ཀླས་པར། །ཀུན་བཟང་མཆོད་སྤྲིན་ཁེངས་བསྐྱུང་ནམ་མཁའ་མཛོད། །སྒོ་འཕར་འབྱེད་པའི་སྔོན་འགྲོའི་ཆོ་ག་བསྟར། །ཉང་ཤབ་འཛིན་མའི་ལྟེ་བ་སུམ་རྩེན་ཡུལ། །འཕོས་འདྲར་རྣམ་བཀྲ་ཕུན་ཚོགས་དགེ་མཚན་གྱི། །ཉེར་ཤིས་ལྷུན་པོ་ལྟར་བརྗིད་ཆོས་ཀྱི་སྡེ། ལྷ་ཆོས་བདུན་ལྡན་བསྟན་པའི་འབྱུང་གནས་མཆོག །ཤེས་བྱ་ཐམས་ཅད་མཁྱེན་པའི་པི་ཝཾ་རྒྱུད། །སྙན་པོ་ཕྱོགས་བྲལ་(༢༥ན)
མཁས་མང་མགྲིན་པ་ནས། །ཉེར་ཁུགས་གླུར་བླངས་པཎ་ཆེན་དགེ་འདུན་གྲུབ། །གདན་རབས་མུ་ཐི་ལ་ཡི་འཕྲེང་དཀར་མཛེས། །ཁྱད་པར་རྒྱལ་ཀུན་འདུས་པའི་བློ་གྲོས་ཀྱི། །མཁས་བཙུན་བཟང་པོའི་ཏོག་གི་ཞབས་བསིལ་བར། །མཐོ་རིས་ཆོས་ཀྱི་ཆུ་བོས་ལྷབ་ལྷུབ་ཅན། །བོད་ཡུལ་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་། །དམ་པའི་རྣམས་འཕྲུལ་གངྒཱའི་ཀླུང་རྡུལ་གྱིས། །བགྲང་ནུས་མིན་ཡང་ཞིང་འདིའི་འགྲོ་འདྲེན་སླད། །བློ་གསལ་སྐལ་བཟང་ཡེ་ཤེས་རྒྱ་མཚོ་ལས། །དམ་པའི་རོལ་གར་ཟླ་བ་ཐོན་མིན་ནམ། །གང་གིས་ཆེས་ཀར་འཕྲིན་ལས་བླ་ནས་བླར། །འདེགས་པ་རྣམ་པར་བརྩོན་པའི་རིམ་གྲོ་བ། །ཕུན་ཚོགས་རབ་བརྟན་བསྟན་འཛིན་རྒྱ་མཚོ་ཡི། །ངང་ཚུལ་ཀུན་དགའ་བོ་ཡི་དཔེ་ཟླར་བྱས། །ཤེར་ཕྱིན་གནྡྷོལ་རྟེན་བརྟེན་པ་ཡིས། །འདྲེན་བྱེད་གཟིགས་མོར་མཚར་ནུས་རྣམ་ཐོས་བུའི། །གན་མཛོད་རྗེས་འགྲོའི་དེབ་ཐེར་ཨུཏྤ་ལའི། །ཆུན་པོ་མཆོག་དམན་ཐོད་དུ་མཛེས་འདི་སྤྲོ། །ཞེས་མཆོད་པར་བརྗོད་པའི་སྙན་ཚིག་སྔོན་དུ་འགྲོ་བས་གཡས་རུ་གཙང་གི་རྒྱལ་ཁམས་ཀྱི་སའི་ཆ་ཉང་ཤབ་ཀྱི་ལྟེ་བར་གླེགས་བམ་རིན་པོ་ཆེ་ལས། །ཆོས་དགེ་བ་བཅུ་ཡིས་ཁྱད་འཕགས་པ། །གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། །སྒོས་ཉང་ཤབ་ས་ཡི་ལྟེ་བ་སྟེ། །ས་དེ་ཡི་ནང་ནས་ཁྱད་འཕགས་པ། །མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་འདབ། །ནོར་པདྨ་རཱ་ག་ལྟ་བུར་འདུན། །ཞེས་གནས་དང་གང་ཟག་ཅིག་ཅར་དུ་ལུང་བསྟན་པ་ལྟར། །དཀོན་ཆོག་འབངས་ཀྱི་སྐྱེས་རབས་ལས། །ང་ཁྲིམས་ལྡན་མཁན་པོའི་(༢༥བ)
སྐུར་སྟོན་ཀྱང་། །ང་ཐུགས་རྗེ་ཆེན་པོ་སུ་ཡི་ཤེས། །ཞེས་ལུང་གིས་ཟིན་པའི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ངུར་སྨྲིག་གི་གར་གྱིས་རྣམ་པར་རོལ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་ཆོས་ཀྱི་འདུས་སྡེ་བཀྲ་ཤིས་ལྷུན་པོར་དཔལ་གྱི་སྡེ་ཆེན་ཕྱག་དར་ནས་བཏབ། སྡེ་སྣོད་གསུམ་གྱི་འཆད་ཉན་ཤིན་ཏུ་དར་བ་འཛུགས་པ་གནང་བའི་མཁན་ཐོག་ཏུ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆད་པ་མེད་པར་བྱོན་པའི་གདན་རབས་བཅུ་དྲུག་པ་འཕགས་པ་རབ་འབྱོར་ནས་རིགས་ལྡན་འཇམ་དཔལ་གྲགས་པ་སོགས་འཕགས་ཆེན་དམ་པའི་ཡང་སྲིད་ཡོངས་རྫོགས་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་འཁོར་ལོ་གསུམ་གྱི་ཕྱག་རྗེས་ཤིན་ཏུ་ཆེ་བའི་མཛད་པའི་ཆ་ཤས་ལྟ་བུར་མཚུངས་མེད་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་རྒྱུན་བཟང་པོ་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་ཁུར་ཁུར་བའི་འཕྲོ་མཐུད་ཕྱག་མཛོད་བསྟན་འཛིན་རྒྱ་མཚོས་བྱས་ཏེ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཟླ་ཚེས་ཀྱི་ཉིན་ཤེར་ཕྱིན་ལྷ་ཁང་གསར་དུ་བསྒྲིགས་པའི་དཀར་ཆག་བཀོད་པ་ལ། མཇུག་སྡོམས་ཀྱི་སྨོན་ལམ་ཤིས་བརྗོད་ནི། །འཁོར་བར་ཡོངས་ཁྱམས་འཁྲུལ་པ་བཀྲག་པོ་ཆེས། །བྱིས་ཡིད་ལྔ་པར་འཁྲིད་པའི་འབོད་སྒྲོགས་མགྲིན། །མཐའ་བྲལ་ལྟ་བའི་ཉག་ཕྲན་གྱིས་བཅད་ནས། །གཏན་མདུན་སཱི་ཏར་རྟག་ཏུ་རྩེ་འཇོར་ཤོག །དམན་ལམ་འབྲོག་དགོན་སྟུག་པོར་མི་འཁྱམས་པར། །གཞན་ཕན་སེམས་ཀྱི་སྐྱེད་ཚལ་དོ་ར་རུ། རླབས་ཆེན་སྤྱོད་པའི་(༢༦ན)
ཕ་རོལ་རྫོགས་པའི་གར། །བསྒྱུར་ལ་ཕྱག་ན་པདྨ་དང་མཚུངས་ཤོག །ཞེ་སྡང་སྡོང་དུམ་ཕུང་པོར་སྤུངས་པ་ལས། །གནས་ངན་ལེན་མེ་སྦར་པའི་ཚ་བའི་དབལ། །བྱམས་བརྩེའི་ཆར་གྱིས་གཤེར་བས་སེམས་ཅན་རྣམས། སིམས་པའི་ཚོར་བ་རྟག་ཏུ་མྱོང་བར་ཤོག །གངས་ཀྱི་རྡུལ་བརྩེགས་ར་བའི་ཁོར་ཡུག་མངལ། །རྫོགས་ལྡན་གཞོན་ནུའི་ཡོན་ཏན་མ་ལུས་པ། །སྦྲུམས་པའི་ལྗིད་ཀྱིས་རིང་ཚེ་འབྱོར་བ་ཡི། །རྔུལ་ཆུའི་འཕྲེང་བ་ཆད་མེད་འབབ་པར་ཤོག །ཤེས་བྱར་སྲིད་གཟུགས་མཁྱེན་ཅན་མེ་ལོང་དུ། །ཡོངས་ཤར་འཇམ་དཔལ་རྡོ་རྗེ་བཙོང་ཁ་པའི། །བཤད་སྒྲུབ་བུར་ཤིང་མངར་པའི་རོ་བདའ་ལ། །སྲིད་མཐར་སྐལ་ལྡན་ཀུན་གྱིས་ལོངས་སྤྱོད་ཤོག །བློ་བཟང་དམ་པའི་ཆོས་ཀྱི་རྒྱལ་མཚན་ཆེ། །བསོད་ནམས་ཡེ་ཤེས་དཔུང་པས་བསྒྲེང་མཁས་པ། །རྡོ་རྗེའི་ཁྲི་ལ་སྐྱིལ་མོ་ཀྲུང་གཅིག་གིས། །གཡོ་མེད་རྣམ་གསུམ་འཁོར་ལོ་བསྐོར་བར་ཤོག །ཤེས་རབ་ཆེས་བཀྲ་བཀའ་ཆེན་རབ་འབྱམས་སུ། །ཀླས་པས་ཐོས་དང་བསམ་པའི་ཤིས་བརྗོད་ཀྱི། །མནྡྷ་ར་བའི་ཆར་གྱི་ས་འོག་དང་། །ས་སྟེང་ས་བླའི་ཁྱོན་ཀུན་གང་བར་ཤོག །ཕུན་ཚོགས་རབ་བརྟན་མཐོ་རིས་སྐས་འཛེགས་ནས། །མྱང་འདས་གྲོང་ཁྱེར་ཆེན་པོར་མྱུར་འཇུག་ཅིང་། །བསྟན་འཛིན་རྒྱ་མཚོའི་བསོད་ནམ་དབང་ཐང་ཀུན། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །ཆེད་དུ་སྒོ་གསུམ་ངལབ་བསྟེན་པའི་ཚོགས། །འདི་ཕྱིའི་མདུན་མ་མཐའ་དག་ལྷུན་གྲུབ་ཅིང་། །རྣམ་དཀར་འབྲས་བུ་མཁའ་མཉམ་ལུས་ཅན་རྣམས། །མི་འཇིགས་(༢༦བ)
བཞི་ལྡན་ཐོབ་པའི་རྒྱུ་རུ་བསྔོ། །སྭ་སྟི་སྭིདྡྷཾ་། །བདེ་གཤེགས་རིགས་ལྔ་ཡོངས་འདུས་དཀྱིལ་འཁོར་གཙོ། །སྨན་གྱི་བླ་མ་སྙིགས་དུས་འགྲོ་འདྲེན་མཆེད། །གཡུ་ཐོག་རྗེ་བཙུན་སྐུ་ཡི་སྒྱུ་མའི་འཕྲུལ། །གངྒཱའི་རྡུལ་གྲངས་དེས་ཀྱང་མཚོན་དུ་མེད། །འོན་ཏེ་གངས་ལྗོངས་དབུ་རུ་སྐྱིད་སྣ་དང་། །རུ་ལག་ལུང་དམར་སྐུ་བལྟམས་གསར་རྙིང་ཟུང་། །སྐྱེ་བརྒྱུད་རིམ་བྱོན་རྣམ་ཐར་རྨད་པོ་ཆེ། །དཔྱོད་ལྡན་ཡོངས་ཀྱི་མི་ཕྱེད་དད་པའི་གསོས། །ཚུལ་འདིར་ནམ་ཡང་ཟད་མེད་མཆོད་སྦྱིན་པར། །དར་མོ་སྨན་རམས་བློ་བཟང་ཆོས་གྲགས་ཀྱིས། །བསྐུལ་ཚེ་རིག་བྱེད་གཉིས་པ་ཤེས་མང་གིས། །སོར་རྩེའི་འཕྲུལ་གྱིས་ཕུན་ཚོགས་གླིང་དུ་བསྐྲུན། །ལེགས་བྱས་བསགས་མཐུས་དགའ་ལྡན་རིང་ལུགས་ཆེ། །དེ་འཛིན་སྐྱེས་བུ་དགེ་འདུན་སྡེ་དར་ཞིང་། །ཕོ་བྲང་ཆེན་པོའི་ཆབ་སྲིད་མངའ་ཐང་དང་། །ས་སྤྱོད་མི་དབང་སྐུ་ཚེ་རྒྱས་པར་ཤོག །རྒྱ་ཧོར་བོད་ཀྱི་ཀུན་བཟོད་དཔལ་མོའི་མངལ། །མངོན་པར་ལྕི་བ་ཕན་བདེའི་ཁུར་པོ་ཆེས། །བཅུད་ཀྱི་སྐྱེ་རྒུ་རྫོགས་ལྡན་དུས་ཇི་བཞིན། །སྒོ་གསུམ་སིམ་པའི་ཚོར་བ་མྱོང་བར་ཤོག །གསོ་རིག་བསྟན་པ་མ་ལ་ཡ་ཡི་ལྗོན། །གཡུར་དུ་ཟ་བའི་དྲི་བསུང་ངད་འཐུལ་བས། །འགྲོ་ཀུན་སྒྲིབ་གཉིས་དེས་སྐྱེད་བཞི་བརྒྱ་དང་། །རྩ་བཞིའི་ནད་ཞི་ལྷ་ལུས་སྤུན་ཟླར་ཤོག །པར་བརྐོས་བསྐུལ་ཞིང་ཞུས་དག་ལས་བྱེད་སོགས། །ཚེ་འདིར་བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་ཤིང་། །ཕྱི་མ་བཻ་ཌཱུར་སྣང་བའི་ཞིང་ཁམས་སུ། །སྐྱེས་ནས་སེམས་ཅན་ཡོངས་ཀྱི་མགོན་འགྱུར་ཤོག །(༢༧ན)
ཅེས་གཡུ་ཐོག་པ་གསར་རྙིང་གཉིས་སུ་བྱོན་པའི་རྣམ་པར་ཐར་པའི་པར་བྱང་འདིའང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ལུས་ཅན་ཀུན་ལ་གཅིག་ཏུ་བརྩེ་བའི་བརླན། །གཤེར་གྱིས་ཐུགས་རྗེ་འཇམ་མཉེན་འདབ་མ་བརྒྱ། །གྲོལ་བའི་སྦུབས་ནས་གཏུམ་ཆེན་དུས་མཐའི་མེ། །ཚ་རྩུབ་དབལ་གྱིས་བདུད་སྙིང་བསྲེག་ཁྱོད་བསྔགས། །ཉི་འོད་བྱུགས་པའི་བྱུ་རུའི་ལྷུན་པོའི་ངོས། །ཨིནྡྲ་ནཱི་ལའི་འཁྲི་ཤིང་ཉེར་འཁྱུད་པ། །མཁའ་ལ་མཁའ་སྦྱོར་ཨེ་ཝཾ་ཟུང་འཇུག་གིས། །བཅུ་དྲུག་དགའ་བཞིའི་ལང་ཚོའི་ཆ་ཀུན་འཕེལ། །ཀ་ནས་ཡེ་དག་རང་བྱུང་རང་ཤར་བ། །ལོག་འདྲེན་སྒྱུ་མའི་གླང་ཆེན་(༢༧བ)
མགོ་བོ་ལ། །རྡོ་རྗེའི་ཕུར་མཚོན་གཟས་པར་ཆེས་དཔའ་བ། །དབང་དྲག་རོལ་གར་པདྨ་ཧེ་རུ་ཀ༔། །པེ་ཀར་རྒྱལ་བསེན་སྙིང་ཁྲག་བརྔུབ་པ་ལ། །ལྕགས་སྡིག་མགོ་དགུ་གྲག་སྟོང་རྐན་གྱི་སྒྲ། །བསྒྲག་བྱ་སྒྲག་བྱེད་བྲལ་བ་སྤྲོས་མེད་དབྱིངས། །བརྡབས་ཚེ་འཇིག་རྟེན་གསུམ་པོ་ཅིག་ཅར་གཡོ། །སྣ་ཚོགས་ཞལ་ཕྱག་རྒྱན་དང་ཆ་ལུགས་རྣམས། །མ་ངེས་འཆར་བ་པདྨཱ་ཀཱ་ར་ཡི། །ཡེ་ཤེས་སྒྱུ་མའི་འཕྲུལ་གྱི་ཟློས་པའི་གར། །གངས་ཅན་དཔལ་མོའི་མངལ་དུ་བསྒྱུར་མཐའ་ཡས། །དྲག་སྔགས་དམོད་མཚོན་རྣོན་པོས་དགྲ་བགེགས་རྣམས། །ཕྱེར་འཐག་བཀའ་བབས་འཇིག་རྟེན་མིག་གཅིག་པུ། །བཻརོའི་ཡང་སྲིད་རིན་ཆེན་འཕྲེང་བརྒྱུད་མཐར། །ཨྱོན་གཏེར་བདག་གླིང་པའི་མཚན་དེ་སྙན། །ཆོས་མཛོད་སྒོ་བརྒྱ་ཆེ་བའི་ནང་ཚན་ཁྲོད། །གནམ་ལྕགས་བྲག་གི་ཟབ་མོའི་གཏེར་ཁ་ལས། །པདྨཱ་ཀཱ་ར་དྲག་པོར་བསྒྲུབ་པའི་ཐབས། །ནག་ཕྱོགས་བདུད་སྡེའི་གཤེད་དུ་དེ་བྱོན་མཚར། །དཀོན་ཅོག་རིན་ཅེན་འདུས་པའི་འཕྲིན་ལས་རྒྱུན། །བཟང་པོ་སྤེལ་ལ་ངག་གི་དབང་ཕྱུག་དཔལ། །ཆོས་གྲགས་ཕུན་ཚོགས་མཐུ་སྟོབས་ཉིན་བྱེད་ཀྱིས། །ཡོངས་སྨིན་དམ་པའི་སྦྲང་རྩི་གཅིག་ཏུ་དངར། །གང་དེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཡི། །རྣལ་འབྱོར་མཆོག་གི་ཐུགས་དམ་ཟབ་མོའི་རྟེན། །གཙུག་ལག་གཉིས་པ་ཤེས་པའི་སོར་རྩེའི་འཕྲུལ། །བསྒྱུར་ཚེ་ལྷ་རྣམས་གཟིགས་མོར་མཁའ་ལས་འོངས། །དགེ་དེས་བདུད་བཞིའི་མགོ་འཕྲེང་རྒྱུ་རློན་ལ། །བརྒྱུས་ནས་ག་ཤར་འཕྱང་བའི་ཁྲོ་བོ་ཡིས། །གནོད་བྱེད་སྡེ་བརྒྱད་སྤྱི་དང་ཁྱད་པར་དུ། །རྒྱལ་བསེན་དམ་སྲི་ཐལ་བར་རློག་པར་ཤོག །གངས་ཅན་ལྗོངས་འདིའི་བསྟན་འགྲོའི་བདེ་སྐྱིད་ཀུན། །བླ་ནས་བླར་ཡང་འཕེལ་ཞིང་བསམས་པའི་དོན། །འགྲུབ་པར་གུང་ཐང་ལ་ཁར་པད་འབྱུང་གིས། །ཞལ་(༢༨ན)
འཆེས་ཇི་བཞིན་དགའ་སྟོན་ལ་རོལ་ཤོག །ཅེས་གནམ་ལྕགས་བྲག་ནས་ཆོས་རྒྱལ་གཏེར་བདག་གླིང་པས་གདན་དྲངས་པའི་པདྨ་དྲག་པོའི་བྲིས་ཐང་། །ཆོས་འདིའི་བདག་པོར་ལུང་གིས་ཟིན་པའི་སྤྲུལ་པའི་སྐུ་མཆོག་ངག་དབང་ཆོས་གྲགས་ཕུན་ཚོགས་ཀྱིས་ཐུགས་དམ་རྟེན་དུ་གསར་བཞེངས་གནང་སྐབས་རྒྱབ་ཡིག་བྲིས་ཤིག་པར་བཀས་བསྐུལ་བ་ལྟར་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་སི་དྡྷི་ར་སྟུ། །སིནྡྷུའི་དངས་མཚོར་འདབ་བརྒྱ་བཞད་པའི་རྩེར། །སངས་རྒྱས་ཡོངས་ཀྱི་གསང་བ་གསུམ་གྱི་འཕྲུལ། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་ཆེན་རྩལ། །པདྨ་འབྱུང་གནས་འཁོར་འདས་ཡོངས་ཀྱི་མགོན། །སྐུ་ལྔ་མཚན་(༢༨བ)
བརྒྱད་སྣ་ཚོགས་སྤྲུལ་པའི་གར། །གཅིག་ལས་དུ་མར་བསྒྱུར་བའི་ནང་ཚན་ནས། །ལོག་འདྲེན་ཚར་གཅོད་ཆོལ་པའི་ཁྲོ་རྒྱལ་ཆེ། །གཏུམ་ཆེན་དཔའ་བོ་རྡོ་རྗེ་གྲོ་བོ་ལོད། །དམུ་སྟག་སྟེང་འགྱིང་རྡོ་རྗེ་ཕུར་པའི་མཚོན། །གདེངས་ནས་བརྔམས་པའི་མོད་ལ་འཁོར་འདས་ཀྱི། །ཁྲོ་ཚོགས་མ་ལུས་ལག་ཆ་སྟབས་གཅིག་ཏུ། །འཆོར་བར་ནུས་ཁྱོད་སྲིད་གསུམ་རྣམ་པར་རྒྱལ། །ཆེར་སྙིགས་དུས་འདིར་དམ་སྲི་འབྱུང་པོའི་མུན། །མཚོ་རླབས་ལྟར་རྗེས་ནོན་ཚེ་ཐུགས་རྗེའི་མཁར། །མཐུ་སྟོབས་ཉི་མའི་དངོས་བརྒྱའི་ཚ་ཟེར་ཅན། །དྲག་པོ་ཧཱུཾ་སྒྲུབ་མེ་ཤེལ་དཀྱིལ་འཁོར་ཤར། །ལྷ་སྲས་རྣམ་འཕྲུལ་ཆོས་རྒྱལ་འབྲི་གུང་པ། །གནམ་ལྕགས་མེ་འབར་ཟབ་གཏེར་ཡོངས་འདུའི་ལྗོན། །རྒྱ་ཆེར་སྤྲོས་པའི་ལོ་འདབ་ཕང་ཕུང་དབུས། །སྙིང་པོའི་འབྲས་བཟང་རོ་བདའ་གཅིག་ཏུ་སྨིན། །སྒྲུབ་འཕྲིན་གནམ་ལྕགས་རྡོ་རྗེ་ཐོག་མདའི་རྒྱ། །རྣམ་པར་གྲོལ་བའི་རས་དཀར་ཀུན་གསལ་ངོས། །ཚོན་རིས་དབང་གཞུ་ལྟར་བཀྲ་ལྷ་ཚོགས་རྣམས། །སྒྱུ་མའི་ཁེངས་པ་བསྐྱུང་ལ་ཤར་བ་བཞིན། །པད་འབྱུང་ཐུགས་རྗེ་སྨྱིག་མའི་ཚལ་ཡངས་པོར། །ཆོས་གྲགས་མཁྱེན་བརྩེ་ནུས་མེས་རབ་བསྣུན་པ། །སྤྲུལ་སྐུའི་གཞོན་ནུ་རྣམ་དཔྱོད་གདོང་དྲུག་ཅན། །ལྷ་སྔགས་ཡེ་ཤེས་མདོངས་མཐའི་སྟེང་ན་འགྱིང་། །དཀོན་ཆོག་གསུམ་གྱི་འཕྲིན་ལས་འཁོར་བའི་མཐའ། །ཟད་མིན་བར་དུ་འདྲེན་པའི་ཤིང་རྟ་ཆེ། །སྐྱུར་ར་འཇིག་རྟེན་གསུམ་མགོན་རིང་ལུགས་ཀྱི། །སྐལ་(༢༩ན)
བཟང་དགའ་བསྐྱེད་སྤྱན་སྔ་རིན་པོ་ཆེ། །ངག་གི་དབང་ཕྱུག་དབུས་སྨྱོན་ཆོས་གྲགས་ཀྱི། །ཕུན་ཚོགས་སྔ་འགྱུར་བསྟན་པ་འཛིན་པ་ལ། །པད་འབྱུང་གདུང་འཚོབ་སྤྲུལ་པའི་སྐུ་མཆོག་གི །ཐུགས་དམ་རྟེན་གྱི་བྲིས་བརྙན་གསར་བཞེངས་མཐུས། །ཤཱཀྱའི་བསྟན་པ་ཉ་ཕྱིས་ཁོག་ཡངས་པོར། །འགྲོ་བའི་བདེ་སྐྱེད་མུ་ཀྟི་ཀ་འཕེལ་བའི། །བསོད་ནམས་བྱས་པའི་དོ་ཤལ་རིང་པོ་ཡིས། །བྱེད་པོར་གཏོགས་སོགས་འཇིག་རྟེན་མཛེས་རྒྱན་ཤོག །གནོད་བྱེད་རྒྱལ་བསེན་དམ་སྲི་སྡེ་བརྒྱད་སྙིང་། །གནམ་ལྕགས་ཕུར་བུས་ཐལ་ཕྱུང་ཕུག་པའི་ཁྲག །བཏུངས་བས་རབ་མྱོས་སྟག་མཆོངས་སྡེར་མོ་ཡིས། །ནག་ཕྱོགས་ཡིད་སྲུབས་ཁོག་པ་དབྲོལ་བར་ཤོག །ཚ་ཚ་སྐར་ལྟར་འཁྲུག་པའི་རྡོ་རྗེ་ཡིས། །སྟེང་འོག་བར་གསུམ་གདོན་བགེགས་ཀླད་འགེམས་དང་། །ཆབས་ཅིག་ཞི་རྒྱས་དབང་གི་དངོས་གྲུབ་ཆར། །བདག་རྒྱུད་ཞིང་ས་གཤིན་པོར་དབབ་པར་ཤོག །ཅེས་ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཡབ་སྲས་ཀྱི་ཐུགས་རྗེ་ཡོངས་སུ་སྨིན་པས་དཔལ་ཨཽཌྜི་ཡཱ་ཎའི་སློབ་དཔོན་ཆེན་པོའི་རིང་ལུགས་ལ་ཐུགས་ཀྱི་བག་ཆགས་ཡོངས་སུ་བརྟས་པའི་སྤྲུལ་པའི་སྐུ་མཆོག་དཀོན་ཆོག་འཕྲིན་ལས་བཟང་པོའམ། །ངག་དབང་ཆོས་གྲགས་ཕུན་ཚོགས་ཀྱི་ཐུགས་དམ་རྟེན་གསར་དུ་བཞེངས་པའི་རྒྱབ་ཡིག་རྩོམས་ཤིག་པར་བཀས་བསྐུལ་བ་ལྟར་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་(༢༩བ)
པོས་བགྱིས་པ་ཛཡནྟུ། །