མཆིམས་ཕུ་གསུང་གི་ཡང་དབེན་གྱི་གནས་འཛིན་སྒྲུབ་སྡེ་བ་རྣམས་ལ་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་བསྙེན་བཀུར་བའི་ཚེ་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།
མཆིམས་ཕུ་གསུང་གི་ཡང་དབེན་གྱི་གནས་འཛིན་སྒྲུབ་སྡེ་བ་རྣམས་ལ་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་བསྙེན་བཀུར་བའི་ཚེ་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།རྒྱ་བོད་བཀའ་གཏེར་རིག་པ་འཛིན་པའི་ཚོགས། ཁྱད་པར་པདྨ་ཐོད་འཕྲེང་བཻ་རོའི་ཞབས། །ལེགས་ལྡན་རྡོ་རྗེ་གནམ་ལྕགས་མེ་འབར་རྗེ། །པྲཛྙ་རསྨི་རྩ་བརྒྱུད་བླ་མ་དང༌། །ཞི་ཁྲོ་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལྷ། །རྩ་གསུམ་སྤྱན་གྱིས་མ་རྒན་ལུས་ཅན་ཀུན། ཁྱད་པར་རྒྱུ་སྦྱོར་ཡོན་མཆོད་བདག་སོགས་ལ། །(༡༠༦བ)
གཟིགས་པ་ལྷུར་མཛད་ཐུགས་རྗེས་རྟག་ཏུ་སྐྱོངས། །ཐོག་མེད་དུས་ནས་ད་ལྟའི་བར་བསགས་པའི། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །སོ་ཐར་བྱང་སེམས་སྔགས་སྡོམ་ཉམས་པ་སོགས། །མདོར་ན་སྡིག་པ་བྱས་ཀུན་སྙིང་ནས་བཤགས། །དེ་འབྲས་མི་ཁོམ་གནས་སུ་མི་སྐྱེ་ཞིང༌། །ཆོས་ལྡན་བསྒྲུབ་ནུས་ལྷ་མིའི་རྟེན་བཟང་རྙེད། །རིང་མིན་རང་རིག་དག་པའི་རྡོ་རྗེ་སེམས། །མངོན་གྱུར་འགྲོ་རྣམས་འདྲེན་པར་བདག་བྱིན་རློབས། །བླ་མ་ཡི་དམ་མཁའ་འགྲོའི་སྤྱན་སྔ་རུ། །སྙིང་ནས་བཤགས་སྡོམ་གསོལ་བ་ཉེར་བཏབ་པ། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་མཆིམས་ཕུ་གསུང་གི་ཡང་དབེན་གྱི་གནས་འཛིན་སྒྲུབ་སྡེ་བ་རྣམས་ལ་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱིས་བསྙེན་བཀུར་བའི་ཚེ་ཞལ་འདོན་དུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་འཛིན་པ་ངག་དབང་ནམ་མཁའོ། །སྲས་བཅས་རྒྱལ་བ་སློབ་མར་བཅས་པ་ཡི། །རྨད་བྱུང་ཐུགས་རྗེ་ཆེན་པོའི་ཆར་རྒྱུན་གྱིས། །མ་དག་ལས་ཉོན་དྲི་མ་ཀུན་བཀྲུས་ནས། །ངེས་པར་ལེགས་པའི་ལམ་དུ་བཀྲི་བར་གསོལ། །དུག་གསུམ་ལང་ཚོ་དར་བའི་གླང་པོ་ཡིས། །དགེ་ཚོགས་པདྨ་དཀར་པོའི་རྫིང་བཅོམ་ནས། །སྡིག་ལྟུང་རྙོག་མར་བྱས་པའི་ཉེས་པ་ཀུན། །འགྱོད་སྡོམ་བསམ་པ་ཐག་པས་སྙིང་ནས་བཤགས། །ཕྱག་སྐོར་བཟླས་བརྗོད་གསུང་རབ་ཀློག་པ་དང༌། །སཱཙྪ་སྦྱིན་གཏོང་ལ་སོགས་ལེགས་བྱས་རྒྱུ། །གཉེན་པོ་ཀུན་ཏུ་སྤྱོད་པའི་ཉིན་བྱེད་ཀྱིས། །མི་དགེའི་སྨག་རུམ་དྲུང་ནས་འབྱིན་པར་ཤོག །ཅེས་པ་འདིའང་དཔོན་ས་བསོད་ནམས་རྒྱལ་མོས་(༡༠༧ན)
བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །ལག་ན་གདེངས་པའི་རྡོ་རྗེ་ལས་འཕྲོས་གུར། །སྲ་མཁྲེགས་དུམ་བུ་གཅིག་དབུས་ཚེ་མཐའ་ཡས། །གོས་དཀར་ཡུམ་གྱིས་བཏེགས་པའི་བུམ་པའི་རྒྱུན། །བདུད་རྩིས་འཆི་བ་མེད་པའི་དབང་བསྐུར་སྩོལ། །ཐུབ་པའི་གསུང་ངག་མདོ་རྒྱུད་ལ་དབང་བའི། །བློ་གྲོས་སྐལ་བཟང་དགའ་བ་བསྐྱེད་པ་ལ། །རྒྱ་ཆེན་རྣམ་དཔྱོད་སྩོལ་བར་མཚོ་བྱུང་མ། །མགྲིན་ཞུགས་བཤེས་གཉེན་བསྐལ་བརྒྱར་ཞབས་བརྟན་ཤོག །གླང་ཆེན་གདན་ལ་ཉལ་འདྲའི་རི་བོའི་སྤོར། །ཕན་དང་བདེ་བ་ཆེན་པོ་འབྱུང་བའི་གཞིར། །ཁྲིམས་ལྡན་འདུས་པས་ཡོངས་གང་བཤད་སྒྲུབ་ཀྱི། །ལུང་རྟོགས་བསྟན་པ་སྲིད་མཐར་རྒྱས་པར་ཤོག །དོན་ཀུན་གྲུབ་པའི་རིང་ལུགས་ཟ་འོག་གདུགས། །མཛེས་བྱེད་ཞྭ་སེར་བསྟན་པའི་གསེར་ཏོག་ཅན། །ཆོས་སྲིད་ཟུང་འཇུག་ཁྲིམས་ཀྱི་ཡུ་བ་ཡིས། །ཉེར་བཏེག་གྲིབ་མར་འགྲོ་རྣམས་ངལ་གསོར་ཤོག །གཏན་གྱི་སྐྱབས་གཅིག་སླུ་མེད་དཀོན་ཅོག་གསུམ། །ལྷ་དང་དྲང་སྲོང་རིག་འཛིན་བདེན་པའི་ཚིག །ལེགས་གྲུབ་ཀུན་གྱིས་མགྲིན་གཅིག་གླུར་བླངས་པས། །རེ་བའི་འབྲས་བུ་ཇི་བཞིན་སྨིན་པར་ཤོག །ཅེས་པ་འདིའང་ཆོས་སྡེ་རི་བོ་བདེ་ཆེན་དུ་འཛུགས་རྩིས་ཀྱི་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །རྣམ་འདྲེན་ཐུགས་རྗེའི་འཇུག་པ་ནམ་དུ་ཡང༌། །ཡོལ་བ་མེད་མོད་ཁྱད་པར་སྙིགས་མ་ལྔ། །ཆེས་ཆེར་བདོ་བའི་དུས་འདིར་མཐུ་སྟོབས་དཔུང༌། །མྱུར་བར་སྨན་གྱི་བླ་ཞེས་གྲགས་(༡༠༧བ)
པ་དཀར། །དེ་ཕྱིར་མཆོད་བསྟོད་གཟུངས་སྔགས་བཀླགས་བྲིས་པས། །འབྲས་བུ་བདེ་ལྡན་ཞིང་གི་མགོན་པོའི་དྲུང༌། །པདྨའི་སྦུབས་སུ་ཆོས་ལྡན་དབང་མོའི་སྲིད། །འཛིན་པར་མགོན་ཀྱེ་བརྩེ་བས་རྗེས་བཟུང་སྟེ། །རྣམ་དག་སྨོན་པའི་ཞིང་ས་གཤིན་པོ་ལ། །ཉེར་བཏབ་ལེགས་བྱས་ས་བོན་ཡོངས་སྨིན་པས། །གཏན་མདུན་གསེར་གྱི་སྙེ་མས་སྲིད་དང་ཞིའི། །དབུལ་བའི་སྡུག་བསྔལ་དྲུང་ནས་འབྱིན་པར་ཤོག །ཅེས་པ་འདི་ཡང་གདོང་ཁ་ཆོས་མཛད་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་ལྕམ་ཆོས་ལྡན་དབང་མོའི་ཕྱི་རྟེན་དུ་འོད་དཔག་མེད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་ཏུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །རྡོ་རྗེའི་སློབ་དཔོན་ལུས་ལ་གདན་གསུམ་རྣམས། །ཚང་བར་ཀུན་བཟང་མཆོད་སྤྲིན་ཉེར་སྤྲོས་མཐུས། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང༌། །བདག་སོགས་འདི་ཕྱིའི་དོན་ཀུན་འགྲུབ་པར་ཤོག །ཅེས་པ་འདིའང་ལྷ་ལྡན་གཙང་ཁང་ལྷོ་སྟེང་ན་ངེད་རང་གི་འདྲ་འབག་ཅིག་འདུག་པར་བྱང་གླིང་བསམ་གྲུབ་རྒྱལ་པོས་མཆོད་རྒྱུན་བཙུགས་པའི་ཚེ་ཁ་ཏོན་དུ་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས། །བརྒྱ་ཕྲག་ལོ་པཎ་སྤྱན་དྲངས་བསྙེན་བཀུར་ནས། །གྲངས་མེད་ཆོས་ཕུང་བསྒྱུར་རྩེ་ཐེག་དགུའི་རྒྱུད། །ཟབ་ལས་ཆེས་ཟབ་སྔ་འགྱུར་རིན་ཆེན་འཕྲེང༌། །བྱང་གླིང་བསམ་གྲུབ་རྒྱལ་པོའི་སྙིང་སྟོབས་ཀྱིས། །བཞེངས་ལ་མཐུན་རྐྱེན་བསྒྲུབ་ཀུན་གནས་སྐབས་སུ། །རྨུགས་འཛིན་དབང་པོའི་ཚེ་འབྱོར་ལ་(༡༠༨ན)
སྤྱོད་ཅིང༌། །རིང་མིན་ཀུན་བཟང་རང་ངོ་རང་འཕྲོད་ཤོག །ཆེ་མཆོག་ཞི་ཁྲོ་འདུས་པའི་རྩལ་ཆེན་པོས། །སྣང་སྲིད་འཁོར་འདས་ཕྱག་རྒྱ་ཟིལ་གནོན་པའི། །རྡོ་རྗེའི་སློབ་དཔོན་དཀྱིལ་འཁོར་རྒྱ་མཚོའི་གཙོར། །འཕོ་འགྱུར་མེད་པར་རྟག་ཏུ་བརྟན་པར་ཤོག །ཅེས་པ་འདི་ཡང་བྱང་གླིང་བསམ་གྲུབ་རྒྱལ་པོས་རྙིང་མ་རྒྱུད་འབུམ་བཞེངས་པའི་དུས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་ངོ༌། །བསྐལ་བཟང་འདི་ལ་མུ་ཐི་ལ་འཕྲེང་ལྟར། །ཆད་མེད་ཉེར་བྱོན་བདེ་གཤེགས་སྟོང་ཕྲག་གི །སྣང་བརྙན་མཐོང་བས་དོན་ལྡན་ཐོས་པས་གྲོལ། །ཤེས་ཅན་ཡིད་ཀྱི་ཤིང་རྟ་ཚར་དངར་བ། །དགེ་སློང་དཔལ་འབྱོར་རྒྱ་མཚོའི་བློ་བརྩོན་མཐུས། །བཞེངས་པའི་དགེ་འབྲས་བསྟན་དང་བསྟན་འཛིན་རྒྱས། །བདག་སོགས་འགྲོ་ཀུན་བླ་མེད་བྱང་ཆུབ་ཆེ། །རིང་པོར་མི་ཐོགས་མངོན་དུ་འགྱུར་བར་ཤོག །འདྲེན་པ་གཞན་ལས་ཐུགས་རྗེ་ཁྱད་པར་དུ། །སྙིགས་མའི་དུས་འདིར་བླ་ལྷག་བདེ་གཤེགས་བདུན། །སངས་རྒྱས་སུམ་ཅུ་རྩ་ལྔའི་སྣང་བརྙན་ཚོགས། །བཞེངས་པས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །ཆད་མེད་བརྒྱུད་པ་སུམ་ལྡན་རིན་ཆེན་འཕྲེང༌། །གང་གི་རྣམ་ཐར་ཚེ་རབས་ཐམས་ཅད་དུ། །འཛིན་པའི་སྐལ་བ་མཆོག་ཏུ་བདག་བྱིན་རློབས། །རྒྱལ་རྣམས་དངོས་ལྟའི་སྐལ་དམན་འགྲོ་བ་ལ། །བཤེས་གཉེན་གཟུགས་སུ་ཤར་བར་ངེས་རྙེད་ནས། །མི་ཕྱེད་སྙིང་ནས་གསོལ་བ་འདེབས་བྱེད་ན། །མ་སྨད་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་དགེ་སློང་དཔལ་འབྱོར་རྒྱ་མཚོས་སངས་རྒྱས་སྟོང་སྐུ། (༡༠༨བ)
བདེ་གཤེགས་བདུན། ཕུང་པོ་གསུམ་པའི་མདོ་ལས་བྱུང་བའི་སངས་རྒྱས། ལམ་རིམ་བརྒྱུད་པ། ངེད་རང་གི་འདྲ་འབག་རྣམས་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །རྡོ་རྗེ་ དྲིལ་བུ ་པ་དང་རྩེ་མོའི་ཞབས། །སྐུ་དངོས་དག་ཞིང་གཤེགས་འདྲའི་སྐལ་ཞན་ཡང༌། །འཆི་བ་འོད་གསལ་དོན་གྱི་རྣལ་འབྱོར་མ། །རང་ངོ་འཕྲོད་ནས་མཁའ་སྤྱོད་གནས་འདྲེན་ཤོག །སྨིན་ཟིན་སློབ་མ་སྣོད་རུང་བྱིན་རླབས་ཀྱིས། །རས་བྲིས་སྐུ་དཀྱིལ་འདི་རུ་རྗེས་བཟུང་ནས། །བསྐྱེད་རྫོགས་གདམས་པ་ལ་བརྟེན་གྲོལ་བའི་ལམ། །མངོན་གྱུར་དལ་འབྱོར་དོན་ལྡན་བསྒྲུབ་ནུས་ཤོག །ཚོགས་བཤད་ཟ་ཟི་ཙམ་མིན་ནཱ་རོ་པའི། །གསང་ཆེན་སློབ་བཤད་འདི་སྟོན་བླ་མར་བཅས། །བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་བའི། །སྨོན་ལམ་རྡོ་རྗེ་བཙུན་མོས་འགྲུབ་བྱིན་རློབས། །ཞེས་ནཱ་རོ་མཁའ་སྤྱོད་ཀྱི་སྐུའི་དཀྱིལ་འཁོར་ཚར་ཆེན་ཡབ་སྲས་ཀྱི་གཟིགས་སྣང་ཞིང་བཀོད་དང་བཅས་པ་ངེད་རང་གི་དམིགས་རྟེན་ལ་དབུ་མཛད་དཔལ་མགོན་གྱིས་བྲིས་པའི་ཚེ་སྨོན་ལམ་མཚམས་སྦྱོར་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །གཤིན་པོའི་ཞིང་སར་བསྐྲུན་པའི་འབྲུ་ཚོགས་རྒྱུན། །ནམ་ཡང་ཆད་མེད་དགེ་བའི་ས་བོན་དུ། །བཏབ་པས་འདི་ཕྱི་གཉིས་སུ་དགའ་བའི་དཔལ། །མུ་ཏིག་འཁྲི་ཤིང་རྣམ་ཐར་འཛིན་པར་ཤོག །བསྔོ་བའི་རྒྱས་ཐེབས་ལེགས་བྱས་གངྒཱའི་ཀླུང༌། །དམིགས་ཡུལ་བྱང་ཆུབ་རྒྱ་མཚོར་རྟག་འབབ་ཞར། །རྗེས་འཇུག་ཉེ་དུར་བཅས་པའི་བསོད་ནམས་དཔུང༌། །ཉི་མའི་དངོས་བརྒྱ་འཛིན་པའི་རྗེས་འགྲོར་ཤོག །ཅེས་པ་འདིའང་ལྷ་ས་ཁང་གསར་བས་མ་གཉིས་དགའི། (༡༠༩ན)
ཆེད་དུ་དམིགས་ནས་རྨེ་རུར་ཞིང་ཕུལ་བའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །ཐུབ་དབང་བསོད་ནམས་དཔུང་གིས་བརྟན་གཡོ་དབང་འདུས་ཤིང༌། །སྲས་བཅས་རྒྱལ་བར་མོས་པའི་དཔྱོད་ལྡན་མས། །དད་རྟེན་ཐུབ་དབང་བྱང་སེམས་ཉན་ཐོས་ཀྱི། །སྣང་བརྙན་དབང་པོའི་གྲངས་སུ་ཚར་དངར་བ། །པིར་ཐོགས་རྩེར་སོན་སྟག་ལུང་དཔལ་མགོན་གྱི། །སོར་མོའི་ཟློས་གར་འཕྲུལ་ལས་ངོ་མཚར་གཟུགས། །ཤེལ་ལ་འཇའ་ཚོན་བཞིན་དུ་རྣམ་བཀྲ་བས། །སྒྱུ་མ་མཁན་གྱི་ཁེངས་པ་ཐུང་ངུར་བྱེད། །ལེགས་བྱས་ས་བོན་དར་དྲག་ལྗོན་པའི་རྩེར། །དེང་ནས་བྱང་ཆུབ་བར་གྱི་ཕན་བདེའི་འབྲས། །ཡོངས་སྨིན་རོ་བརྒྱ་བདའ་བའི་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་ཉམས་སུ་མྱོང་བར་ཤོག །ཨྱོན་རིན་པོ་ཆེ། འཛམ་གླིང་ལུས་མེད་དྲེགས་པ་མཐའ་དག་གི །གདུག་པའི་ཚ་ངར་དབལ་གྱི་མེ་ལྕེ་ཀུན། །མཐུ་སྟོབས་གཤེར་གྱིས་བཅིལ་མཛད་ཐོད་འཕྲེང་རྩལ། །ཐུགས་རྗེའི་ཉི་མས་ཡིད་ཀྱི་འདབ་རྒྱ་ཕྱེ། །ཇོ་བོ་རྗེ། འོད་མཚན་སྟོང་དུ་འབར་བའི་སྒྱུ་མའི་འཕྲུལ། །ལྔ་རིག་པཎ་ཆེན་ཚུལ་དུ་ཡོངས་བསྒྱུར་བ། །མཁྱེན་བརྩེ་ནུས་པའི་མར་མེས་གངས་ཅན་མུན། །སེལ་མཛད་མགོན་ཀྱེ་སྒོ་གསུམ་བྱིན་གྱིས་རློབས། །རྗེ་རིན་པོ་ཆེ། གང་གི་དཔུང་པས་ཉེར་བཏེག་ཨུཏྤལ་རྩེར། །ཤེས་རབ་རལ་གྲིས་ལོག་རྟོག་དྲ་བ་ཀུན། །གཅོད་མཛད་འཇམ་དཔལ་རྡོ་རྗེ་ཙོང་ཁ་པའི། །བརྩེ་བའི་སྤྱན་གྱིས་རྟག་ཏུ་བཙའ་བར་མཛོད། །ངག་འདྲ་འབག་དབང་འདོད་འཇོའི་བློ་གྲོས་དཔལ་བཟང་པོས། །རྒྱ་ཆེན་ཤེས་བྱ་མཚོ་ལྟར་གཏིང་ཟབ་པ། །ལེགས་དཔོགས་འཇམ་མགོན་དགྱེས་པའི་(༡༠༩བ)
བཤེས་གཉེན་གྱིས། །ནོར་འཛིན་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་སྣེའུ་སྡོང་བདག་མོ་བསོད་ནམས་དབང་འདུས་རྒྱལ་མོས་དད་རྟེན་གྲ་ཚར་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །མེ་དཔུང་རྡོ་རྗེ་རྩིབས་བཅུའི་སྲུང་འཁོར་ནང༌། །ལྔ་ལྡན་ཡེ་ཤེས་གཞལ་ཡས་ཁང་གི་དབུས། །གདན་གསུམ་ཚང་བའི་བཤེས་གཉེན་ཧེ་རུ་ཀཿ། །ཞལ་བརྒྱད་རྡོ་རྗེའི་ངོ་བོར་རྟག་བཞུགས་གསོལ། །གསུང་ངག་དབང་བཞིའི་གྲོལ་ལམ་མཐོ་རིས་ཆབ། །བློ་གྲོས་ལང་ཚོ་དར་དྲག་བཅུད་བཟང་རྒྱུན། །སྐུ་བཞིའི་རྒྱ་མཚོར་རོ་གཅིག་བླ་མ་རྗེ། །བགྲང་ཡས་གདུལ་བྱའི་དཔལ་དུ་བརྟན་པར་ཤོག །རིགས་ཀུན་ཁྱབ་བདག་དགའ་ཆེན་ཡེ་ཤེས་མཆོག །བཟང་པོའི་སྐལ་ལྡན་གདུལ་བྱར་སྟོན་མཁས་པ། །རྡོ་རྗེ་འཆང་དབང་རྗེ་བཙུན་ཨེ་ཝཾ་པའི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པར་ཤོག །བསྟན་སྲུང་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ། །གུར་གྱི་མགོན་པོ་ལེགས་ལྡན་གདོང་བཞི་པ། །བཀའ་ཉན་དམ་ཅན་རྒྱ་མཚོར་བཅས་པ་ཡིས། །བསམ་པའི་རེ་བ་སྐོང་བའི་འཕྲིན་ལས་སྒྲུབས། །བཅོམ་ལྡན་རིགས་བྱེད་མ་དང་ཚོགས་ཀྱི་བདག །ལྷ་ཆེན་འདོད་པའི་རྒྱལ་པོའི་གཟི་བྱིན་གྱིས། །ཆོས་སྲིད་ཡོན་ཏན་མ་ལུས་དབང་སྡུས་ལ། །ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་སྨིན་གྲོལ་ཆོས་ཀྱི་འབྱུང་གནས་ངོར་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཆེན་གདན་ས་པ་ནམ་མཁའ་དཔལ་བཟང་གི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །རིགས་ཀུན་འཁོར་ལོས་སྒྱུར་བའི་གྲགས་པའི་སྒྲས། །བསྟན་པའི་རྒྱལ་མཚན་འཛིན་པའི་བཤེས་ཁྱོད་ཀྱིས། །(༡༡༠ན)
དེང་ནས་བྱང་ཆུབ་བར་དུ་རྗེས་བཟུང་སྟེ། །འདི་ཕྱིའི་གཏན་མདུན་འགྲུབ་པར་བདག་བྱིན་རློབས། །དགྱེས་མཛད་རྡོ་རྗེ་ངུར་སྨྲིག་སྒྱུ་འཕྲུལ་གར། །ལེགས་བསྒྱུར་ཚར་ཆེན་འཁོར་ལོའི་མགོན་པོ་ཡིས། །ཐུགས་རྗེའི་བདུད་རྩིས་སྙིང་གི་ཟ་མ་ཏོག །རབ་གཏམས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཞེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྗེ་བཙུན་རིན་པོ་ཆེ་དང་ཚར་ཆེན་རྡོ་རྗེ་འཆང་གི་སྐུ་བརྙན་དད་རྟེན་བཞེངས་པའི་ཁ་ཡིག་ཏུ་ཟ་ཧོར་བནྡེས་སུག་བྲིས་བྱས་པ་སརྦྦེ་དིཀྐཱ་ལེམཾགལཾ། །མཱ ཏཱ ཙ ཌཱ ཀྱཱ མུ ཁ བཱ ཤ སཽ དྷྱ ཡོ གཱི ཤྭ ཪྻ མ ཏྶུ ཏྲི ཡ ཙོ པ དཻ ཤི ཀཾ །མ་དང་མཁའ་འགྲོའི་ཁ་རླང་ཟིལ་དངར་ཅན། །རྣལ་འབྱོར་དབང་ཕྱུག་བཞེད་གཞུང་མན་ངག་ལུགས། །བཛྲ མ ཎྜ ལྱ ཧི ཙ ཀྲ ཡཱ ཏྲ ཡཱ ཧཾ ཙཱ པ རཾ མུ ཀྟ པ ཙཻ ར དྷི ཥྛ ཎ། དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་འདིར། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །(༡༡༠བ)
ཡོ གཱ ནྟ གུ ཧྱཱ ཏི ཤ རཱ ས གྷཱ། ཎྜ སཱུ ཏྲ ཤྩ ཀྲ སཾ བཱ རྦ ཧི མ ཎྜ ཧེ རུ། རྣལ་འབྱོར་གསང་མཐའི་ཡང་བཅུད་དྲིལ་བུའི་གཞུང༌། །བདེ་མཆོག་འཁོར་ལོའི་ཕྱི་དཀྱིལ་ཧེ་རུ་ཀའི། ཀཾ མཱ ཧཱ ན གཱ ར སྭ ཙ དཻ ཧ སརྦ གཱ ཏ ཏྭཱ ཡུ ར ཏྲེ དྭྱ བ ཏཱ ར ལཱེ བྷ ཏུ། །གྲོང་ཁྱེར་ཆེན་པོར་བདག་དང་ལུས་ཅན་ཀུན། །ཞུགས་ནས་ཚེ་འདིར་ཟུང་འཇུག་ཐོབ་པར་ཤོག །ཅེས་རྣལ་འབྱོར་དབང་ཕྱུག་གི་བཞེད་གཞུང་ཀྱེ་རྡོར་མན་ངག་ལུགས་ལ་བཀྲམ་གདན་དང་བརྩེགས་གདན་གཉིས་སུ་ཡོད་པའི་ཕྱི་མ་དང༌། གྲུབ་ཆེན་ དྲིལ་བུ ་པའི་བཞེད་སྲོལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཐང་གཉིས་རང་ཉིད་ཀྱི་དམིགས་རྟེན་དུ་བཞེངས་པའི་ཞལ་བྱང་སྨོམ་ལམ་དུ་ཟ་ཧོར་གྱིས་བནྡེས་བཀོད་པ་ཛགཱཿཔཙམུཀྟེབྷཝནྟུ། །བསྙེན་སྲིང་བྲལ་ཡང་ལྔ་བདོའི་འགྲོ་བ་ལ། །ལྷག་པར་ཆེ་བའི་ཐུགས་རྗེ་ཀཏྤུ་རཿ། །སྡུག་བསྔལ་སྒྲིབ་གཉིས་ཚ་གདུང་བཅིལ་མཛད་པའི། །བཅོམ་ལྡན་སྨན་གྱི་བླ་མ་བདེ་གཤེགས་བརྒྱད། །སྣང་བརྙན་མིག་གི་བདུད་རྩིར་ཚར་(༡༡༡ན)
དངར་བ། །ཡར་ཤར་གསོ་རིག་འཛིན་མཁས་དར་མོ་བ། །བློ་བཟང་ཆོས་གྲགས་དང་བའི་དད་པ་ཡིས། །དགོས་དགོས་གཙོར་གྱུར་རྩ་ལག་དོན་དུ་བཞེངས། །འཛད་མེད་དགེ་བའི་མཛོད་ཀྱི་སྲིད་དང་ཞིའི། །ཡོན་ཏན་འབྱོར་པས་དུཿཁའི་དབུལ་བ་ཀུན། །ལྷག་མར་བྱས་ཏེ་ཉིང་མཚམས་སྦྱར་མ་ཐག །བཻཌཱུར་སྣང་བའི་ཞིང་དུ་སྐྱེ་བར་ཤོག །སུམ་ཅུ་རྩ་ལྔ་བདེ་བར་གཤེགས་པའི་སྐུ། །མཐོང་བས་དོན་ལྡན་ཐོས་པས་རྣམ་གྲོལ་བ། །གསོ་རིག་འཛིན་པ་བློ་བཟང་ཆོས་གྲགས་ཀྱིས། །མ་རྒན་ལྷ་ལྷས་ཐོག་དྲངས་ཉེ་འབྲེལ་ཆེད། །པད་རྩ་ལྟར་དཀར་ལྷག་བསམ་དག་པའི་མཐུས། །སྒོ་གསུམ་འབད་པའི་འབྲས་བུ་དམིགས་ཡུལ་རྣམས། །གཙོར་གྱུར་མཁའ་མཉམ་སྐྱེ་རྒུ་ཇི་སྙེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་མངོན་གྱུར་ཤོག །མ་ཐོབ་དེ་སྲིད་སྐྱེ་བའི་འཕྲེང་རིང་པོར། །མི་ཁོམས་གནས་ཀྱི་འཇིགས་པ་ཀུན་བྲལ་ཏེ། །ལྷ་མིའི་བདེ་སྐྱིད་ཁོ་ནས་ཉེར་འཚོ་ཞིང༌། །ངེས་ལེགས་ལམ་བཟང་བགྲོད་པའི་སྐལ་ལྡན་ཤོག །རང་སྣང་དག་པའི་ངོ་བོར་གདན་གསུམ་ལྷ། །རྡོ་རྗེ་སློབ་དཔོན་ལུས་ལ་ཡོངས་ཚང་བར། །ངེས་རྙེད་སྣང་བརྙན་འདི་ཀོ་ཚེའི་རིག་བྱེད། །འཛིན་པའི་ཚངས་རིས་བློ་བཟང་ཆོས་གྲགས་ཀྱིས། །རང་དང་ཉེ་དུའི་ཆེད་དུ་རབ་བཞེངས་པའི། །ཆོས་དཀར་ཆད་པ་མེད་པ་གངྒཱའི་རྒྱུན། །བྱང་ཆུབ་སྙིང་པོའི་ཟླ་བའི་མ་མ་རུ། །རོ་གཅིག་དོན་གཉིས་རླབས་འཕྲེང་ཡོལ་མེད་ཤོག །ཐར་པའི་ཁང་བཟང་ནང་དུ་ཆུད་མིན་བར། །ལེགས་བྲིས་ཚེ་དང་རྨུགས་འཛིན་དབང་པོའི་ནོར། །མཆོད་སྦྱིན་བརྒྱ་པའི་དབང་ཐང་ལ་སོགས་པར། །སྤྱོད་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་གསོ་བ་(༡༡༡བ)
རིག་པའི་གཞུང་ལ་སྦྱངས་པ་དར་མོ་རབ་འབྱམས་པ་བློ་བཟང་ཆོས་གྲགས་རང་ཉིད་ཀྱིས་གཙོ་བྱས། ཕ་དགོས་དགོས། མ་ལྷ་ལྷ། དབང་འདུས། བསྟན་འཛིན། བསམ་གྲུབ། གསལ་སྒྲོན་རྣམས་ཀྱི་ཆེད་དུ་བདེ་གཤེགས་བརྒྱད། སངས་རྒྱས་སུམ་ཅུ་སོ་ལྔ། འདི་གའི་འདྲ་འབག་རྣམས་བཞེངས་པའི་ཐང་ཀ་གསུམ་གྱི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་སོ། །དཔལ་ལྡན་རྩ་བ་གསུམ་གྱི་ཐུགས་རྗེའི་མཐུས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་བཞད་པ་རྩལ། །ཡིད་སྲུབས་གཡུལ་ལས་རྣམ་པར་རབ་རྒྱལ་ཏེ། །བསྐལ་བརྒྱར་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །ཅེས་པ་འདིའང་རིམ་གྲོའི་སྐབས་ཐུན་འཚམས་ཞལ་འདོན་དུ་རིག་འཛིན་ཆེན་པོ་དཀོན་ཅོག་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །འཆི་མེད་གྲུབ་པ་སྣང་མཐའ་ཡས་པའི་མགོན། །འཕགས་ཡུལ་པཎ་ཆེན་གར་སྒྱུར་ཨ་ཏི་ཤ །དབྱེར་མེད་སངས་རྒྱས་ཀུན་འདུས་ཙོང་ཁ་པའི། །ཐུགས་རྗེ་གངྒཱའི་ཀླུང་རྒྱུན་རྟག་འབབ་མཛོད། །ངག་དབང་དགྱེས་ཞལ་ཚེམས་འཕྲེང་ཟེའུ་འབྲུ་གང༌། །བཞད་ནུས་བློ་གྲོས་ཉིན་བྱེད་སྐལ་བཟང་འགྲོའི། །གདུང་བའི་སྨག་རུམ་མཐར་བྱེད་སྣང་བའི་འོད། །རྒྱ་མཚོའི་མཐའ་ཀླས་ཀུན་ཁྱབ་བརྟན་པར་ཤོག །འཇམ་དཔལ་རྡོ་རྗེ་མི་ཡི་ཟོལ་བཟུང་བློས། །མཁས་བཙུན་བཟང་པོའི་རྩེར་སོན་གྲགས་པའི་སྒྲ། ཁམས་གསུམ་ཡོངས་ལ་དར་བའི་ཆོས་སྲིད་བསྟན། །སྤེལ་ཕྱིར་མགོན་ཁྱོད་རྡོ་རྗེ་ལྟར་འགྱུར་ཤོག །མྱུར་མཛད་སྤྱན་རས་གཟིགས་དབང་ནག་པོ་ཆེ། །དུས་ཀྱི་དགྲ་བོར་གར་མཛད་མ་ཧེའི་(༡༡༢ན)
ཞལ། །སྲིད་གསུམ་དབང་མོ་ལ་སོགས་སྲུང་མ་ཡིས། །སྨོན་པའི་རེ་བ་ཇི་བཞིན་ལྷུན་གྲུབ་མཛོད། །ནམ་ཡང་བསླུ་མེད་དཀོན་ཅོག་རྣམ་པ་གསུམ། །ལྷ་དང་རིག་འཛིན་ས་བརྙེས་དྲང་སྲོང་གིས། །བདེན་པའི་ཚིག་ཏུ་བརྗོད་པའི་དབྱངས་སྙན་པོའི། །འབྲས་བུ་མངོན་སུམ་ཉིད་དུ་མྱོང་བར་ཤོག །ཅེས་ཚེ་རིང་གནམ་གྱི་ཤེ་མོང་གིས་མང་བཀུར་རྒྱལ་ཁབ་ཆེན་པོ་ཕོ་བྲང་པི་ཅིང་གི་སེར་མོ་བ་རྣམས་ཀྱིས་བཏོན་ཆོག་པའི་རིང་འཚོའི་ཚིགས་བཅད་དགོས་ཞེས་བྱམས་གླིང་ཨེམ་ཆི་སངས་རྒྱས་འབྱུང་གནས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་སོ། །མངོན་མཐོའི་ཐེམ་སྐས་ལ་བརྟེན་ངེས་ལེགས་ཀྱི། ཁང་པར་འཁྲིད་པའི་བྱེད་པོ་མཁན་སློབ་དྲིན། །དྲན་པས་གསོལ་བ་འདེབས་ན་ཐུགས་རྗེ་ཡི། །བདུད་རྩིས་བདག་སྙིང་ཟ་མ་ཏོག་འགེང་ཤོག །དེང་ནས་སངས་རྒྱས་མ་ཐོབ་དེ་སྲིད་དུ། །ཚད་ལྡན་དག་པའི་བཤེས་ཀྱིས་རྗེས་བཟུང་སྟེ། །སྤང་དང་རྟོགས་པའི་ས་ལམ་ཡོན་ཏན་ཀུན། །དཀར་ཆའི་ཟླ་བ་ཇི་བཞིན་འཕེལ་བར་ཤོག །མི་འཇིགས་བཞི་ལྡན་ཀུན་མཁྱེན་གདོང་ལྔའི་རྩལ། །ལྷུན་གྲུབ་དམ་པའི་ཆོས་ཀྱི་སེང་གེའི་རྒྱུད། །སྒྲ་དབྱངས་འགྲོ་ཀུན་རྣ་བར་ཡོངས་བསྒྲགས་པས། །ཡིད་སྲུབས་གཉིས་འཐུང་གཡུལ་ལས་རྒྱལ་བར་ཤོག །ཅེས་པ་འདི་ནི་དགེ་སློང་ཡོན་ཏན་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་བཞད་པ་རྩལ། །རྡོ་རྗེ་སློབ་དཔོན་ཁྱོད་སྐུར་ཞི་དང་ཁྲོའི། །དཀྱིལ་འཁོར་(༡༡༢བ)
ཀུན་ཚང་རྩ་གསུམ་ངོ་བོ་རུ། །ཡིད་ཆེས་དད་པས་གསོལ་འདེབས་བདག་བྱིན་རློབས། །ཁྲི་སྲོང་སྤྲུལ་པའི་ཟླ་གཟུགས་བགྲང་ཡས་ལས། །འགྲོ་ངོའི་རྫིང་བུར་ཤར་བ་ངག་གི་དབང༌། །བློ་གསལ་སྐལ་བཟང་ཐུབ་བསྟན་རྒྱ་མཚོའི་སྡེས། །དེང་ནས་བྱང་ཆུབ་བར་དུ་རྗེས་བཟུང་གསོལ། །ཟུར་རིགས་གུ་རུ་རྟ་དཔལ་ལྡན་ནོར་བུ་དང་འཕྲིན་ལས་རྣམ་རྒྱལ་ཞེས་འདོན་པ་བསྒྱུར། མགྲིན་མིང་འཛིན་བདག །ཡང་སྲིད་འཁོར་བའི་འཕྲང་ལ་བཤེས་ཁྱོད་ཀྱིས། །ས་མཁན་མཛད་དེ་མཐོ་རིས་ཐར་ལམ་ལ། །ཁྲིད་ནས་རིང་མིན་ཀུན་མཁྱེན་ཐོབ་བྱིན་རློབས། །རྩེ་གཅིག་གསོལ་འདེབས་དད་མོས་འགུགས་པའི་ལུང༌། །ཐུགས་རྗེའི་ལྕགས་ཀྱུས་འདྲེན་ནུས་རྟེན་འབྲེལ་གཤིས། །དེ་ཕྱིར་ཁས་ལེན་འབྲས་སྨིན་མཆོག་གསུམ་མཐུས། །འགྲུབ་པར་ངེས་པ་རྙེད་པས་གཡར་དམ་འཆའ། །རྒྱལ་སྲས་སློབ་མར་བཅས་པའི་བྱིན་རླབས་དང༌། །ལྷ་དང་དྲང་སྲོང་བདེན་ཚིག་ཆར་ཆེན་པོས། །ཕན་དང་བདེ་བའི་ལོ་ཏོག་དར་དྲག་པའི། །འདོད་དོན་རེ་བའི་སྙེ་མ་གཡུར་ཟ་ཤོག །གསོལ་འདེབས་སྨོན་ལམ་གྱི་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་ལྷ་ལྡན་གཞིས་ཀ་ཤར་པ་སྤུན་རིགས་ཀྱི་བུ་དང་བཅས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་སིདྡྷི་རསྟུ། །དུས་ཀྱི་དགྲ་བོ་ཁྲོས་པ་ཟིལ་གནོན་ལྷའི། །ཡེ་ཤེས་སེམས་དཔའ་བཅོམ་ལྡན་ཚེ་དཔག་མེད། །ཐུགས་ཀར་བྷྲུཾ་དབུས་རྡོ་རྗེ་སློབ་དཔོན་མཆོག །ངེས་པ་ལྔ་ལྡན་ངོ་བོར་རྟག་བཞུགས་གསོལ། །གནམ་ལྕགས་དྲག་པོ་འབེབས་པའི་མཐུ་སྟོབས་ཞལ། །ཧ་ཧར་བཞད་པས་ས་གསུམ་(༡༡༣ན)
ཆེར་གཡོ་བ། །ཆེ་ཆོག་ཞི་དང་ཁྲོ་བོ་འདུས་པའི་རྩལ། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ཞབས་བརྟན་ཤོག །ལྷ་སྔགས་ཡེ་ཤེས་རྡོ་རྗེ་རྣོན་པོའི་མཚོན། །གདེངས་ནས་ཡིད་སྲུབས་ཀླད་པ་འགེམས་བྱེད་པ། །སྐལ་བཟང་གདུལ་བྱའི་མགོན་དུ་བཤེས་གཉེན་གར། །ནམ་ཡང་ཡོལ་མེད་བསྒྱུར་བའི་བཀའ་དྲིན་སྩོལ། །དགའ་ཆེན་ཁྱབ་བདག་ཁྲག་འཐུང་རྣལ་འབྱོར་དང༌། །ལེགས་ལྡན་གསང་བ་སྔགས་ཀྱི་འདུས་པའི་གླིང༌། །སྨིན་གྲོལ་རྒྱུད་བཤད་གདམས་པར་ཐོས་བསམ་སྒོམ། །ཡར་འཕེལ་བསྐལ་པའི་བར་དུ་ཞབས་བརྟན་ཤོག །སྲིད་གསུམ་དབང་སྒྱུར་འདོད་ཁམས་དབང་ཕྱུག་མ། །དྲེགས་པའི་སྡེ་དཔོན་དཔལ་མགོན་མ་ནིང་ནག །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་རྣམས་ཀྱིས། །བདེན་པའི་ཚིག་འདི་ལྷུན་གྲུབ་འཕྲིན་ལས་མཛོད། །ཅེས་པ་འདིའང་གོང་དཀར་བློ་བཟང་བསོད་ནམས་ཀྱིས་དགའ་ལྡན་གསང་སྔགས་གླིང་དུ་འཛུགས་རྩིས་ཀྱི་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྡོ་རྗེ་རྭ་གུར་རིན་ཆེན་ཟུར་བརྒྱད་ཀྱི། །ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་སྟེང༌། །རྩ་བའི་བླ་མ་ཚེ་དབང་རིགས་འཛིན་རྩལ། །འཆི་མེད་གྲུབ་པའི་ངོ་བོར་རྟག་བཞུགས་གསོལ། །ཟ་ཧོར་གདུང་འཚོབ་ཟིལ་གནོན་བཞད་པ་རྩལ། །པདྨ་ཐོད་འཕྲེང་ཡབ་ཡུམ་གྱིས་བཏགས་མིང༌། །རྡོ་རྗེ་ཐོགས་མེད་རྩལ་ཁྱོད་གདུལ་བྱའི་དོན། །གངས་ལྗོངས་སེང་གེའི་ཁྲི་ལ་རྟག་བརྟན་བཞུགས། །སྒྲ་སྒྱུར་བཻ་རོ་དྲི་མེད་བཛྲ་ཞབས། །ངོ་མཚར་སྐྱེས་རབས་འཕྲེང་འཛིན་དུས་བབས་ཀྱི། །ཟབ་(༡༡༣བ)
བགཏེར་སྒོ་འབྱེད་ཆོས་རྒྱལ་གཏེར་བདག་གླིང༌། །བོད་འབངས་ཕན་བདེའི་གཉེན་དུ་ཞབས་བརྟན་ཤོག །པདྨ་ལས་འཁྲུངས་གར་དབང་ཐོད་འཕྲེང་གིས། །ནམ་ཡང་འགྱུར་བ་མེད་པར་རྗེས་བཟུང་ནས། །རྡོ་རྗེའི་ཐེག་མཆོག་ཆོས་གཏེར་བདག་པོ་རུ། །མངའ་གསོལ་མཁྱེན་བརྩེ་ནུས་རྩལ་རྟག་བརྟན་ཤོག །བཀའ་བབས་གཏོར་ཁ་མ་ལུས་གེགས་མེད་དུ། །ལུས་ཅན་བསོད་ནམས་ཞིང་དུ་ལེགས་ཐོན་ཏེ། །དེ་འབྲས་སྐོར་གསུམ་སཱ་ལའི་ལྗོངས་ཆེན་པོར། །བདེ་སྐྱིད་དཔལ་གྱི་རྩེ་དགའ་རྒོད་པར་ཤོག །གྲ་ནང་ཕུན་ཚོགས་དགེ་བའི་ཡུལ་གྲུ་འདིར། །སྔ་འགྱུར་བསྟན་པ་རྒྱས་པའི་སྲོག་ཤིང་དུ། །ཨྱོན་སྨིན་ཅིང་གྲོལ་བའི་སྔགས་འཆང་གླིང༌། །ཆོས་སྲིད་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །རིགས་འཛིན་རྩ་བརྒྱུད་བླ་མའི་ཐུགས་རྗེ་དང༌། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ནུས་མཐུའི་སྟོབས། །སྡེ་དགུ་བསྟན་སྲུང་རྒྱ་མཚོའི་ཚོགས་ཀུན་གྱིས། །ཇི་ལྟར་སྨོན་པ་འགྲུབ་པའི་འཕྲིན་ལས་མཛོད། །དཀོན་ཅོག་རྣམ་གསུམ་ལྷ་དང་དྲང་སྲོང་སོགས། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བཀྲ་ཤིས་གླུ། །རབ་སྙན་རྒྱུད་མངས་སྒྲ་ལས་ཉེར་དྲངས་ཏེ། །ཕུན་ཚོགས་མེ་ཏོག་སིལ་མ་ཆར་དུ་ཕབ། །རྩ་གསུམ་དཔང་པོར་བྱས་པའི་བདེན་ཚིག་དང༌། །ཆོས་ཉིད་ཀ་ནས་དག་པས་འགྱུར་བ་མེད། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་ཕྱིར། །སྨོན་ལམ་བཏབ་བས་དོན་ཀུན་འགྲུབ་གྱུར་ཅིག །ཅེས་ཨྱོན་སྨིན་གྲོལ་གླིང་གི་དབུ་མཛད་ངག་དབང་བཟོད་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་གོ་བདེ་བར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །(༡༡༤ན)
རྣམ་འདྲེན་རྒྱ་མཚོའི་ཐུགས་རྗེ་བསྐུལ་བའི་དབྱངས། །མགྲིན་པའི་རྒྱུད་ལས་ལེགས་དྲངས་གསོལ་བའི་དོན། །རེ་བའི་འབྲས་ལྡན་མཆོག་གསུམ་ཡོངས་འདུའི་ལྗོན། །ཕན་བདེའི་གྲིབ་ཏུ་འགྲོ་འདི་ཉེར་བསིལ་མཛོད། །ཐུབ་བསྟན་དེ་འཛིན་ཀློག་དང་སྤོང་བའི་སྡེ། །ཡིད་ཅན་ཆོས་དཀར་ཡུལ་དུ་ཉི་ཟླ་ཡིས། །སྨག་རུམ་མཐར་བྱེད་དེ་སྲིད་རབ་བརྟན་ཅིང༌། །དར་བས་ཀུན་བཟོད་དགའ་མ་མངལ་ལྕིར་ཤོག །ལྷག་བསམ་དག་པའི་ས་གཞི་གཤིན་པ་ལ། །རྩེ་གཅིག་སྨོན་པའི་ས་བོན་ཡོངས་བཏབ་པ། །རྒྱུ་འབྲས་རྟེན་འབྲེལ་ཆུ་ལུད་དྲོད་གཤེར་གྱིས། །སྨིན་པའི་སྐལ་བཟང་མངོན་སུམ་ཉམས་མྱོང་ཤོག །ཅེས་པ་འདིའང་བཀྲ་ཤིས་ལྗོངས་དགེ་འདུན་སྤྱི་སོའི་ཞལ་འདོན་དུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །ངེས་པའི་དོན་དུ་གསང་ཡུམ་དབྱིངས་ཕྱུག་ལྷ། །ངག་དབང་ཚངས་པའི་བུ་མོ་འཇོ་སྒེག་ཅན། །དྲེགས་པའི་གཙོ་མོར་དཔལ་ལྡན་སྲིད་རྒྱལ་མ། །ཀུན་ཀྱང་སེམས་ཀྱི་རྣམ་པར་འཕྲུལ་པ་ཙམ། །རྡོ་རྗེ་འཆང་དབང་པདྨ་ཐོད་འཕྲེང་རྩལ། །གསང་བ་ཤེས་རབ་རྩ་བརྒྱུད་བླ་མ་ཡི། །བཀའ་དང་དམ་ཚིག་གཉེན་པོ་ཉེར་དགོངས་ལ། །ཚུལ་འདིའི་རྒྱུ་སྦྱོར་རིག་འཛིན་རྟག་ཏུ་སྐྱོངས། །ཉིན་མཚན་དུས་ཀུན་གཡེལ་བ་མེད་བསྲུངས་ནས། །མི་མཐུན་དགྲ་བགེགས་ཉེར་འཚེ་རབ་བཞི་ཞིང༌། །ཚེ་འབྱོར་ལུང་རྟོགས་རྒྱས་པའི་ལས་བསྒྲུབ་ལྷར། །དེང་ནས་བྱང་ཆུབ་བར་དུ་མངའ་གསོལ་ལོ། །ཞེས་པ་འདིའང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་སྐུ་བརྙན་བཞེངས་པའི་འཕྲིན་བཅོལ་དགོས་ཚུལ་ལྟར་(༡༡༤བ)
ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །རྡོ་རྗེའི་སྤོ་མཐོར་སྔོ་ལྗང་རྩྭ་ཡི་སྟེང༌། །སྐྱིལ་ཀྲུང་གཅིག་བཅས་མོད་ལ་བདུད་བཞིའི་མུན། །མཐར་བྱེད་ཉི་མའི་དངོས་བརྒྱ་འཛིན་པའི་གཉེན། །ངོ་མཚར་མཚན་དཔེའི་སྣང་འོད་ཀུན་ཁྱབ་མཛོད། །བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བའི་དུང༌། །ཆོས་ཕུང་རྒྱ་མཚོའི་མི་ཟད་སྒྲ་དབྱངས་ཀྱིས། །འཇིག་རྟེན་གསུམ་རྣར་ཆེས་དངར་ཕན་དང་བདེའི། །གྲངས་མེད་རོ་བདར་རྟག་ཏུ་སྤྱོད་བྱིན་རློབས། །དེ་གསུང་བླང་བྱར་བྱས་ནས་བདེན་པ་གཉིས། །སྒྲུབ་གྲོགས་ཉན་རང་བྱང་སེམས་སྐྱེ་འཕགས་ཟླའི། །སྤང་རྟོགས་ག་པུར་གཟེགས་མ་ཉེར་འཐུལ་བས། །ལུས་ཅན་ཀུནྡའི་དགེ་ལེགས་འདབ་བཞད་མཛོད། །དམར་བའི་ལྗགས་ཆེན་རིང་དུ་བརྐྱངས་པའི་གླུར། །ཆེར་བསྔགས་བདེ་ལྡན་ཞིང་ཁམས་ཞིང་གི་མགོན། །མཛོད་སྤུའི་འོད་གཟིས་མཚུན་ལྷའི་ལྐོག་མར་སྙིང༌། །ཉེར་བསྐྲད་འཆི་མེད་བདུད་རྩིས་འགྲོ་འདི་སོས། །ངག་ལ་འཆད་རྩོད་རྩོམ་པ་དབང་ཕྱུག་བློས། །སྐལ་བཟང་རྒྱ་ཆེན་ཀུན་བཟོད་ཡོངས་ཁྱབ་པར། །འཕྲིན་ལས་དབྱར་མཚོའི་རླབས་འཕྲེང་སྲིད་པའི་མཐར། །རྫོགས་མིན་དེ་སྲིད་ཡོལ་བ་མེད་གྱུར་ཅིག །འཇིགས་པ་མེད་པ་རྣམ་དཔྱོད་སྤོབས་པའི་གོས། །དཀར་ཆའི་ཟླ་བཞིན་ཐུབ་པའི་ལུང་རྟོགས་བསྟན། །ལང་ཚོ་དར་དྲག་ཐོས་བསམ་སྒོམ་པའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་གཉེན་བརྟན་གྱུར་ཅིག །རྣམ་འདྲེན་ཀུན་ཡབ་ཟུར་ཕུད་ལྔས་མཚན་ལྷ། །གངས་ལྗོངས་བསྟན་པའི་བདག་པོར་དབང་སྒྱུར་ཚེ། །བླ་དྭགས་མཚན་གྱི་ཁྱད་པར་ཙོང་ཁ་པའི། །ཆོས་སྲིད་མངའ་ཐང་བླ་ནས་བླར་(༡༡༥ན)
འཕེལ་ཤོག །བཀྲ་ཤིས་དགེ་མཚན་གཡང་ཆགས་གཡས་རུའི་ཆར། །འདུས་གླིང་དབུས་ན་ལྷུན་པོ་ལྟར་བརྗིད་པ། །འཕགས་ཡུལ་མ་ཕམ་མགོན་པོ་འབྱོན་མིན་བར། །ལྷ་ཆོས་བདུན་ལྡན་རིང་ལུགས་དར་བར་ཤོག །མི་དགེ་ལས་བཅུ་དྲང་སྲོང་དམོད་པའི་མཐུས། །བརྣག་དཀའ་ཟུག་རྔུའི་ལྕགས་ཀྱི་གཏུན་བུ་ཡིས། །གཙེས་པའི་འགྲོ་བརྒྱུད་དེ་རྒྱུ་ཉོན་མོངས་དྲི། །འཁྲུད་ལ་སྐལ་ལྡན་ཤིང་རྟའི་ཁེངས་འཕྲོག་ཤོག །འགྲོ་བའི་ལེགས་བྱས་རི་བོ་མཐོ་རིས་རྟེན། །བསྐྱེད་པའི་ཆུ་གཏེར་ནང་དུ་བསྒྲིལ་བ་ལས། །སྲིད་ཞིའི་བདེ་སྐྱིད་ས་སྲུངས་ལྷོད་ལྷོད་པོར། །རྒྱུ་བའི་གོམས་པས་བྱང་ཆུབ་སར་བགྲོད་ཤོག །རབ་བརྟན་མོས་པའི་མེའི་ཞལ་རྫིངས་རིང་དུ། །མཆོག་གསུམ་ཐུགས་རྗེའི་མཁའ་གླང་འཁྲིགས་པ་ལས། །བྱིན་རླབས་འཛད་པ་མེད་པའི་ཆར་རྒྱུན་གྱིས། །འདོད་པའི་སྙེ་མ་འབྲས་བུས་ཡོངས་དུད་ཤོག །ཅེས་རིང་འཚོའི་སྨོན་ལམ་དང་འབྲེལ་བའི་ཤླཽ་ཀ་བཅུ་ལྷག་ཙམ་ཞིག་དགོས་ཞེས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྲྭ་ཚང་ཁག་གསུམ་སྔགས་པ་གྲྭ་ཚང་དང་ཐོབ་རྒྱལ་དགའ་ལྡན་རབ་རྒྱས་གླིང་གི་སློབ་དཔོན་པ་རྣམས་ཀྱིས་གྲོས་ཐོག་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཡིད་སྲུབས་སྡེ་བཅས་གཡུལ་ངོར་བསད་པའི་ཁྲག །མཆུ་སྒྲོས་མཚམས་སྤྲིན་མདངས་སུ་རྗེས་ཆགས་པ། །རྣམ་པར་རྒྱལ་མ་རྗེ་བཙུན་བཅོམ་ལྡན་འདས། །ཟིལ་དངར་ཆུ་རྒྱུན་ཚངས་བུག་ནས་འགེང་མཛོད། །འཇམ་དབྱངས་ཀུན་ཏུ་དགའ་བའི་བཤེས་(༡༡༥བ)
གཉེན་གང༌། །རྡོ་རྗེ་བཞུ་བླུགས་སྟན་ལ་ཞབས་རྡུལ་འཕྲེང༌། །ལེགས་བཀོད་སངས་རྒྱས་སྟོང་གི་འཕྲིན་ལས་གཟིས། །འཛམ་གླིང་མུན་སེལ་དེ་སྲིད་བརྟན་པར་ཤོག །ཀ་བ་མེད་པ་གནམ་གྱི་སྒོ་འཕར་ནས། །མེས་པོས་ས་སྤྱོད་བདག་པོར་དབང་བསྐུར་བའི། །སྐུ་ཚེ་མངའ་ཐང་ཆབ་སྲིད་མ་ལུས་པ། །ང་ལས་ནུས་ཀྱི་རྗེས་སུ་འབྲང་བར་ཤོག །དགའ་བ་བརྒྱ་པའི་ཚེམས་ལས་ཉེར་འཁྲུངས་ལྷའི། །འདུལ་ཞིང་གངས་རི་དཔལ་དང་ལྡན་པ་ཡི། །བྱེ་བྲག་འཕན་ཡུལ་ས་ཡི་ཐིག་ལེ་རུ། །དམ་ཆོས་ཆད་པ་མེད་པར་འཁོར་བར་ཤོག །འདྲེན་པ་སྲས་སློབ་བདེན་པའི་ཀཏྤུརཿ། །ཚུལ་བཞིན་བརྗོད་པའི་དྲི་བསུང་རབ་འཐུལ་བ། །ཉེས་བརྒྱའི་གདུང་སེལ་སིམ་པའི་ཚོར་བའི་རོ། །ཡིད་ཀྱིས་རྟག་ཏུ་ཉམས་སུ་མྱོང་བར་ཤོག །ཅེས་པ་འདི་ཡང་ཐང་སག་དགའ་ལྡན་ཆོས་འཁོར་གླིང་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཚེ་མཐའ་ཡས་པའི་མགོན་པོ་འཛམ་གླིང་འདིར། །བརྟུལ་ཞུགས་གྲུབ་པའི་རིག་སྔགས་འཆང་བའི་སྐུར། །ལེགས་བསྟན་དུས་གསུམ་སངས་རྒྱས་པདྨ་འབྱུང༌། །ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ལྷུར་སྩོལ་ཀྱེ། །ཆེ་མཆོག་འདུས་པའི་ཟིལ་གནོན་བཞད་པ་རྩལ། །ཨ་ཧཾ་མི་ཤིགས་ཀ་བ་རྡོ་རྗེའི་སྲོག །འགྱུར་མེད་ཞབས་རྡུལ་རྒྱ་ཧོར་བོད་འབངས་འགྲོའི། །གཙུག་ཏོར་རྩེ་མོར་རྟག་ཏུ་འགོད་པར་ཤོག །ཟབ་གཏེར་མཁའ་འགྲོའི་ཞལ་རླངས་འཐུལ་བའི་སྒོ། །འབྱེད་མཛད་པད་གླིང་སྨིན་གྲོལ་གདམས་པའི་དཔྱ། །གངས་ཅན་སྐལ་བཟང་གདུལ་བྱའི་སྙིང་ནོར་དུ། །སྤྱོད་པའི་དགའ་སྟོན་དབྱར་མཚོ་ལྟར་འཕེལ་ཤོག །(༡༡༦ན)
ཐེག་དགུའི་མཆོག་གྱུར་རྣམ་གསུམ་ཡོ་གའི་ཆོས། །ཚུལ་བཞིན་ཐོས་བསམ་སྒོམ་པས་ཉམས་བསྟར་བའི། །སྔ་འགྱུར་བསྟན་པ་རབ་ཏུ་རྒྱས་བྱེད་གླིང༌། །ཆོས་སྲིད་ཟུང་དུ་འཇུག་པས་འཕེལ་བར་ཤོག །བདེ་གཤེགས་ཀུན་འདུས་བཀའ་བརྒྱད་དཀྱིལ་འཁོར་ལྷ། །དམ་ཅན་སྡེ་དགུ་བསྟན་སྲུང་རྒྱ་མཚོ་ཡིས། །ཞི་རྒྱས་དབང་དང་མངོན་སྤྱོད་རྫུ་འཕྲུལ་མཐུས། །བསམས་པའི་དོན་ཀུན་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེས་སྔ་འགྱུར་བསྟན་པའི་བཙས་སུ་ཐེག་མཆོག་རབ་རྒྱས་གླིང་བཙུགས་པའི་ཚེ་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ། །རྣམ་འདྲེན་ཤཱཀྱ་སེང་གེས་བདུད་བཞིའི་སྡེ། །བྱམས་པའི་དཔུང་གིས་ཉེར་བཅོམས་བདེན་པའི་མཐུས། །འདུས་པའི་གྲ་འདིར་དམ་སྲིའི་འཚེ་བ་ཀུན། །རབ་ཞི་ཐོས་བསམ་དབྱར་མཚོ་ལྟར་འཕེལ་ཤོག །ཐུབ་པས་སློབ་ལམ་རང་གི་དབུ་དང་སྤྱན། །བཏང་བ་བདེན་པའི་ཚིག་གིས་བསོས་པའི་མཐུས། །དེང་འདིར་དམ་སྲིའི་གནོད་པ་ཡོངས་ཞི་ནས། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས་པར་ཤོག །ཡིད་སྲུབས་མཚོན་ཆ་སངས་རྒྱས་ལ་འཕངས་པ། །མེ་ཏོག་ཆར་དུ་གྱུར་པའི་རྟེན་འབྲེལ་མཐུས། །འབྱུང་པོའི་གནག་པའི་སེམས་ཀྱང་མཉེས་གཤིན་པར། །འགྱུར་ནུས་དཀོན་ཅོག་མཐུ་ཡིས་འགྲུབ་བྱིན་རློབས། །ཞེས་པ་འདིའང་སྐྱོར་ལུང་མཚན་ཉིད་གྲྭ་ཚང་གི་ཞལ་འདོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །(༡༡༦བ)
ལེགས་བྱས་སྟོབས་ཀྱིས་རྩིབས་སྟོང་འཁོར་ལོའི་ཤུགས། །ཀུན་བཟོད་ཡངས་པའི་གཞི་ལ་དབང་སྒྱུར་ནས། ཁྲིམས་གཉིས་གསེར་གྱི་གཉའ་ཤིང་ཡོངས་ལྕི་བས། །འབངས་རྣམས་བདེ་བར་རབ་སྐྱོང་ཞབས་བརྟན་ཤོག །རིས་མེད་ཐུབ་པའི་བསྟན་ལ་ཞུགས་སོ་ཅོག །སྤྱི་དང་ཁྱད་པར་འཇམ་དཔལ་སྙིང་པོ་ཡི། །ལུགས་འཛིན་མ་ལུས་སྲིད་ཞུས་གྱེན་འདེགས་པའི། །གཟུགས་ཅན་སྙིང་པོའི་མཆེད་ཟླ་རྟག་བརྟན་ཤོག །སྟོབས་ལྡན་རྒྱལ་པོའི་བསོད་ནམས་རྩ་བའི་ཁྱོན། །སྦོམ་པོར་བསྐྱེད་དུ་བསྲིངས་པའི་གྲིབ་མ་ལ། །སྐོར་གསུམ་རུ་བཞི་སྒང་དྲུག་ལུས་ཅན་ཀུན། །བདེ་བའི་སྟེགས་ལ་ངལ་གསོར་སྤྱོད་པར་ཤོག །ཀསྨི་ར་པའི་པཎ་ཆེན་བསོད་སྙོམས་པའི། །སོ་ཐར་སྡོམ་རྒྱུན་པདྨའི་སྐུད་པ་ལྟར། །ཆེས་ཕྲ་རྡོ་རྗེའི་སྲོག་ཏུ་བྱིན་བརླབས་ནས། །སྡེ་འདིར་དར་བར་མཆོག་གསུམ་མཐུས་བྱིན་རློབས། །བདེ་གཤེགས་བརྒྱད་ཀྱི་བྱིན་རླབས་རྨད་པོ་ཆེས། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས། །དཀར་ཕྱོགས་སྐྱོང་བའི་སྲུང་མའི་ཚོགས་རྣམས་ཀྱིས། །བདག་གི་སྨོན་ལམ་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་འདིའང་ཆག་མིག་ཚོགས་སྤྱི་སོའི་ཞལ་འདོན་དུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ལྷན་སྐྱེས་ཌཱ་ཀི་གཙོ་མོས་མངོན་སུམ་དུ། །མཁའ་སྤྱོད་ཞིང་དུ་འཁྲིད་པའི་སྐལ་དམན་ཡང༌། །སྒྱུ་མའི་བསྐྱས་ཆེན་འདེགས་ཚེ་ཉེར་བསུས་ནས། །བདེ་ཆེན་དག་པའི་ཞིང་དེར་ཐོགས་མེད་དྲོངས། །བགྲང་ཡས་ཞིང་བཞུགས་ཕྱི་ཡི་རྣལ་འབྱོར་མ། །བཾ་ཡིག་ནང་གི་ཡིད་འོང་མཛའ་ན་མོ། །སེམས་ཉིད་གསལ་སྟོང་གསང་བའི་མཁའ་སྤྱོད་མར། །(༡༡༧ན)
ངེས་རྙེད་བཀའ་དྲིན་འཁོར་མེད་བླ་མའི་དྲིན། །དེང་ནས་འཇའ་ལུས་རྡོ་རྗེ་བཙུན་མོའི་སྐུར། །མངོན་གྱུར་གནས་ལུགས་རང་ངོ་འཕྲོད་དེ་སྲིད། །ཟབ་ཆོས་འདི་སྟོན་བླ་མ་དམ་ཆོས་དང༌། །འབྲལ་མེད་སྤྱོད་པའི་སྨོན་ལམ་ལྷུན་གྲུབ་ཤོག །ཅེས་པ་འདིའང་ངེད་རང་གི་དགེ་སྦྱོར་གྱི་རྟེན་དུ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་སྐུ་བརྙན་ས་མོ་གླང་ལོ་དབུ་མཛད་སྐལ་ལྡན་གྱིས་བྲིས་པའི་ཚེ་སྨོན་ལམ་གྱིས་འཚམས་སྦྱར་ཆེད་དུ་ཟ་ཧོར་གྱི་བནྡེས་བཀོད་པའོ། །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོ་མཆོག །རྒྱལ་བ་རྣམ་པར་སྣང་མཛད་གངས་ཅན་མཚོ། །དཀྱིལ་འཁོར་བདག་པོར་ཡོངས་བཞེངས་སྤྲུལ་སྐུ་ཡིས། །དམིགས་ཡུལ་གནས་ངན་ལེན་ལས་དྲང་དུ་གསོལ། །བློ་དང་བརྩོན་པ་བཟང་པོའི་བག་ཆགས་ཀྱིས། །དགེ་ལ་རབ་ཏུ་འདུན་པའི་ལེགས་བྱས་འབྲས། །མངོན་མཐོའི་ལམ་བརྒྱུད་ཐར་པའི་ཁང་བཟང་དུ། །མྱུར་བགྲོད་ཐུགས་རྗེ་སྙིང་ལ་འཇུག་བྱིན་རློབས། །ཞེས་པ་འདི་ཡང་གེ་ར་ཆོས་མཛད་བློ་བཟང་དགེ་འདུན་གྱི་ཕྱི་རྟེན་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ཆོས་མཛད་བློ་བཟང་མཁྱེན་བརྩེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འོད་མཚན་སྟོང་འབར་ཟེར་འཕྲེང་བདེ་ལྡན་ནས། །འཛམ་གླིང་སྨག་རུམ་བཅིལ་ལ་འཕྲོས་པའི་གཟིས། །ལྷ་ཆེན་ཉི་བུའི་མེ་ལོང་འཛིན་པའི་ཁུར། །བོར་བའི་ཆོས་དཀར་སྣང་བ་འགྲོ་ལ་སྩོལ། །འདུས་ཚོགས་བདེན་པ་བརྗོད་མཐུས་ངག་གི་དབང༌། །དབྱངས་ཅན་དགྱེས་པའི་བློ་གཏེར་སྐལ་བཟང་ཅན། །ནམ་མཁའ་རང་གི་ངོ་བོ་གཏོང་མིན་བར། །ཐུབ་བསྟན་རྒྱ་མཚོའི་དཔྱིད་དུ་བརྟན་གྱུར་ཅིག །ཐོས་བསམ་(༡༡༧བ)
འབྲས་དཀར་སྨིན་པ་ཡུལ་གྱི་ལྗོངས། །གཏན་འདུན་བདེ་སྐྱིད་འགྲུབ་པའི་དགའ་ཚལ་དུ། ཁྲིམས་ལྡན་བློ་གསལ་ཡོངས་ཀྱིས་རབ་གང་སྟེ། །གཞུང་བརྒྱར་འཆད་ཉན་སྤོབས་པ་གཟེངས་མཐོར་ཤོག །རྒྱན་དྲུག་མཆོག་ཟུང་ཚངས་པའི་རལ་ཀླུང་ནས། །ཉེར་བབས་གངྒཱ་ལྟོར་འཆང་ས་རྔོག་གི །ལུགས་འཛིན་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་བསྟན། །དབྱར་གྱི་ཆུ་གཏེར་ཇི་བཞིན་འཕེལ་བར་ཤོག །ཡེ་དག་རྟེན་འབྲེལ་མཁའ་ལ་རྒྱུ་འབྲས་ཀྱི། །ཉི་ཟླ་བཅུ་གཉིས་ཁྱིམ་གྱི་ལམ་བགྲོད་པ། །དངོས་པོའི་གཤིས་ཕྱིར་སྨོན་པའི་དཔག་བསམ་གྱི། །ངོ་མཚར་སྙེ་མའི་འབྲས་བཟང་དུད་པར་ཤོག །ཅེས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་འབྲས་ཡུལ་སྐྱེད་མོས་ཚལ་གྱི་མཁན་ཆེན་བཀྲ་ཤིས་རྒྱལ་མཚན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པ་བཞུ་བླུགས་སུ། །ཁོལ་བའི་མཐུ་སྟོབས་རྡོ་རྗེའི་ཚ་ཚ་ཅན། །འཛམ་གླིང་བརྟུལ་ཞུགས་གྲུབ་དབང་པདྨ་འབྱུང༌། །ལྟ་སྟངས་ཙམ་གྱིས་ཡིད་སྲུབས་ལས་རྒྱལ་མཛོད། །ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་འདུས་པ་ལས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དུས་ཀྱི་དགྲ །གྲུབ་པའི་རྣལ་འབྱོར་འཆང་བ་བཞད་པ་རྩལ། །སྐལ་ལྡན་གདུལ་བྱའི་མགོན་དུ་ཞབས་བརྟན་ཤོག །དབང་གི་རྒྱུད་སྨིན་ཟབ་མོའི་ལམ་གྱིས་གྲོལ། །འཕྲིན་ལས་ཐོགས་མེད་ལྷ་སྲིན་བྲན་དུ་འཁོལ། །གོས་དཀར་ལྕང་ལོའི་འཕྲེང་ཅན་སྔགས་འཆང་གིས། །ལྗོངས་འདིར་སོ་ཟུར་གནུབས་བསྟན་འཛིན་པར་ཤོག །ཅེས་པ་འདི་ཡང་སོ་ཡེ་ཤེས་དབང་ཕྱུག་དང༌། (༡༡༨ན)
སོ་ཤཱཀྱ་དཔལ་སོགས་སྔགས་འཆང་རིམ་པར་བྱོན་པའི་གདུང་ལས་སྙེ་མདོ་ཆོས་རྗེ་ངག་དབང་ཤཱཀྱ་དཔལ་འབར་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །སྭསྟི་སིདྡྷཾ། རྡོ་རྗེའི་གུར་ནང་གཞལ་ཡས་ཁང་གི་དབུས། །དཔལ་ལྡན་བླ་མ་དགྱེས་མཛད་ཧེ་རུ་ཀར། །གླུས་བསྐུལ་གསོལ་བ་བཏབ་ལས་རབ་བཞེངས་སྐུ། །དཀྱིལ་འཁོར་རྒྱ་མཚོའི་མགོན་དུ་ཞབས་བརྟན་ཤོག །ངག་གི་དབང་ཕྱུག་འཁོན་རིགས་ཀུན་གསལ་ངོས། །དགའ་ཆེན་ཁྱབ་བདག་རྡུལ་བྲལ་སྟོན་གྱི་ཟླ། །ཡིད་ཅན་བསོད་ནམས་ཀུནྡ་བཞད་པའི་གཉེན། །དབང་ཕྱུག་བརྒྱད་ལྡན་ཞིང་འདིར་གཡོ་མེད་ཤོག །བཀྲ་ཤིས་གཡས་འཁྱིལ་ཆོས་ཀྱི་གྲགས་པའི་སྒྲ། །དཔྱོད་ལྡན་གདུལ་བྱའི་རྣ་བར་རབ་འཇེབས་པས། །བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་དཔལ། །སྐལ་བཟང་གདུལ་བྱའི་དཔལ་དུ་རྟག་བཞུགས་གསོ། །རྡོ་རྗེ་འཆང་དབང་བླ་ཆེན་ས་སྐྱ་པའི། །ཆོས་སྲིད་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་ཤིང༌། །མ་རིག་ལས་འཁོན་འཇམ་དབྱངས་གཞོན་ནུའི་གདུང༌། །བསྟན་དང་འགྲོ་བའི་རྒྱུན་དུ་འཕེལ་བར་ཤོག །རིགས་བྱེད་ཚོགས་བདག་འདོད་པའི་རྒྱལ་པོ་ཡིས། །ཕུན་ཚོགས་དཔལ་འབྱོར་མ་ལུས་དབང་བསྡུ་ཞིང༌། ཁྲག་འཐུང་ལྕམ་དྲལ་ལེགས་ལྡན་གདོང་བཞི་པས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །ཅེས་དཔལ་ལྡན་ས་སྐྱ་པ་འཇམ་དབྱངས་ངག་དབང་ཀུན་དགའ་བསོད་ནམས་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བསྟན་འགྲོའི་མགོན་དུ་འཚོ་ཞིང་གཞེས་པའི་བརྟན་བཞུགས་འཇམ་དཔལ་དབྱངས་ཀྱི་(༡༡༨བ)
གདུང་ཆད་པ་མེད་པ་དང་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་པ་འདི་ནི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མཁན་ཆེན་ཞ་ལུ་ཀུན་སྤངས་པ་ཚེ་དབང་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །སྭསྟི་པྲ་ཛ་བྷྱཿ ཕྱོགས་ལས་རྣམ་རྒྱལ་རྡོ་རྗེ་བྲག་རྫོང་རྩེར། །གཞོམ་ཞིག་བྲལ་བ་ཁྲོ་བཅུའི་གུར་ཁང་དབུས། །རྗེ་བཙུན་བླ་མ་འཇིགས་མེད་དཔའ་བོ་ཆེ། །ཡིད་སྲུབས་སྡེ་བཅས་གཉེན་པོར་ཞབས་བརྟན་ཤོག །ངག་གི་དབང་ཕྱུག་རིགས་ཀུན་ཁྱབ་བདག་ཆེ། །བཅུ་དྲུག་དགའ་བཞིའི་ཉ་གང་བཀྲ་ཤིས་གླུ། །རབ་སྙན་གྲགས་པའི་རྒྱལ་མཚན་སྒྲེང་མཛད་པ། །དཔལ་ལྡན་སྐལ་བ་བཟང་པོ་རྟག་བརྟན་ཤོག །ཚོགས་སློབ་སྨིན་གྲོལ་རྒྱུད་བཤད་མན་ངག་ལུང༌། །ཚད་མ་བཞི་ལྡན་སྔགས་དང་སྡེ་སྣོད་གསུམ། །འཇམ་མགོན་བླ་མ་རིམ་བྱོན་རྗེས་འབྲངས་ཀྱི། །འཁྲུལ་མེད་བཞེད་སྲོལ་བསྟན་པ་དར་བར་ཤོག །འོད་གསལ་འཆི་མེད་དམུ་ཐག་ལས་བབས་བཙུན། །བརྟན་པའི་འཁོར་ལོས་བྱིན་བརླབས་རིགས་ཀྱི་ཆེ། །འཁོན་བརྒྱུད་གདུང་འཚོབ་ཡིད་བཞིན་རིན་ཆེན་འཕྲེང༌། །འཆད་མེད་བླ་ནས་བླར་ཡང་འཕེལ་བར་ཤོག །དཀོན་ཅོག་ཐུགས་རྗེས་འཇུག་ལ་གཡེལ་བ་མེད། །དབང་ལྷ་རྣམས་ཀྱིས་ཁམས་གསུམ་རང་གིར་སྡུད། །དཔལ་མགོན་ལྕམ་དྲལ་ལས་ཀུན་མྱུར་བསྒྲུབས་པས། །བརྩེ་ཆེན་སྙིང་པོའི་རིང་ལུགས་རྒྱས་པར་ཤོག །ཅེས་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་འཇམ་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་རྡོ་རྗེའི་ཁྲི་ལ་(༡༡༩ན)
བསྐལ་བརྒྱར་གཡོ་མེད་དུ་བཞུགས་པའི་བརྟན་བཞུགས་འཇམ་དབྱངས་འཁོན་གྱི་གདུང་ཆད་པ་མེད་ཅིང་བསྟན་པ་འཕེལ་བའི་སྨོན་ལམ་དང་བཅས་པའི་འདི་ནི་རིགས་ཀུན་ཁྱབ་བདག་ཞ་ལུ་མཁན་ཆེན་ཀུན་སྤངས་པ་ཚེ་དབང་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་བཞེད་པ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །འོག་མིན་ཞིང་གི་གཙོ་བོ་གངས་ཅན་མཚོ། །དཀྱིལ་འཁོར་བྱེ་བའི་མགོན་དུ་སྤྲུལ་པའི་གར། །རྣམ་པར་སྣང་མཛད་ངོ་མཚར་སྐུ་བརྙན་འཕྲེང༌། །པད་རྩ་ལྟར་དཀར་ལྷག་བསམ་གྱིས་བཞེངས་མཐུས། །ངག་དབང་ཁྲ་ཧྲིག་ཐོག་དྲངས་མཁའ་མཉམ་འགྲོའི། །ལས་ཉོན་ཤེས་བྱའི་སྒྲིབ་པ་དྲུང་ཕྱུང་སྟེ། །ཚོགས་གཉིས་རྫིངས་ཀྱིས་སྐུ་གསུམ་རིན་ཆེན་གླིང༌། །ཕྱིན་ནས་སྐྱེ་རྒུ་མ་ལུས་འདྲེན་པར་ཤོག །རབ་དཀར་ཀཱ་ཤིའི་ངོས་ལ་དབང་པོའི་གཞུ། །ཚོན་བརྒྱར་ཉེ་བའི་ཤེལ་གྱི་རྗེས་འགྲོ་མཁན། །རྨད་བྱུང་དམ་པའི་སྣང་བརྙན་ཚར་དངར་བའི། །བྱེད་པོས་སྒྱུ་མའི་ཁེངས་པ་བག་ལ་ཞ། །དགེ་འབྲས་ཕུན་ཚོགས་དབང་པོ་སུམ་ཡགས་སོགས། །ཚུལ་འདིར་འབད་དོ་ཅོག་རྣམས་སྟོབས་འབྱོར་ཚེ། །ཡར་འཕེལ་ཡང་སྲིད་ཀུན་ཏུ་མངོན་མཐོའི་རྟེན། །རིམ་བརྒྱུད་ངེས་ལེགས་གྲོང་དུ་འཇུག་པར་ཤོག །ཅེས་པ་འདི་ཡང་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་ཕ་མའི་དོན་དུ་རྣམ་སྣང་གི་བརྒྱ་ཐང་དང་ཁོ་རང་དང་སྤུན་གྱི་དོན་དུ་བླ་བརྒྱུད་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་(༡༡༩བ)
སློང་འཇམ་དབྱངས་གྲགས་པའོ། །ཐུབ་པའི་གསུང་ངག་ཆད་མེད་མདོ་རྒྱུད་ལ། །དབང་བའི་བློ་གྲོས་བཟང་པོའི་སྤོབས་པ་ཅན། །རྒྱ་ཆེན་རྣམ་དཔྱོད་མཚོ་བྱུང་ལྷ་མོ་ཡིས། །ལེགས་སྩལ་བཤེས་གཉེན་དམ་པར་གསོལ་བ་འདེབས། །སེང་གེས་ཉེར་བཏེག་སྣ་ཚོགས་རྡོ་རྗེ་ཡི། །རི་མོ་རབ་འབར་འགྱུར་བ་མེད་སྟན་ལ། །བསྐལ་བརྒྱར་མྱ་ངན་མི་འདའ་གསོལ་འདེབས་ན། །སྨོན་པ་བཞིན་འགྲུབ་མཆོག་གསུམ་མཐུས་བྱིན་རློབས། །ཚེ་ཡི་གཡུང་དྲུང་ཉ་ཕྱིས་ཁོག་པ་རུ། །དཔལ་འབྱོར་མུ་ཐི་ལ་ཡིས་ཉེར་གཏམས་པས། །འདི་སྣང་ཕན་དང་བདེ་བར་ལོངས་སྤྱོད་ཚོགས། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་ཤོག །འཁོར་བའི་ཡང་སྲིད་གོ་ལའི་ལམ་ཡངས་པོར། །ལྷ་མིའི་རྟེན་བཟང་ཉི་ཟླའི་བགྲཽད་པ་ཟུང༌། །ནམ་ཡང་ཆད་མེད་ཐར་པའི་འོད་སྟོང་གིས། །བྱང་ཆེན་སྣང་བ་རབ་ཏུ་གསལ་བར་ཤོག །དུས་གསུམ་བསགས་དང་གསོག་འགྱུར་བསོད་ནམས་ཀྱིས། །ས་བོན་དར་བབས་དགེ་ལེགས་ཨ་མྲའི་འབྲས། །མཐའ་ཀླས་འགྲོ་བ་ཀུན་དང་ལྷན་ཅིག་ཏུ། །འཛད་མེད་རྟག་ཏུ་སྤྱོད་པའི་རྒྱུ་རུ་བསྔོ། །ཞེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མཆོག་གསུམ་ཐུགས་རྗེ་ནུས་རླུང་གིས་དྲངས་པའི། །ལམ་བཟང་མ་ལ་ཡ་ཡི་དྲི་བསུང་གིས། །འཁོར་བའི་ཚ་གདུང་འཇིགས་ལས་མཁའ་འགྲོ་སྐྱབས། །ཉེར་དྲངས་ཐར་པའི་བདེ་ལ་སྤྱོད་བྱིན་རློབས། །ཤེས་སྒྲིབ་ཡལ་འདབ་གཟིངས་པའི་ནགས་ཀྱི་ཀླུང༌། །ཐབས་ཤེས་ཞུགས་ཀྱིས་སྦར་བའི་ཐང་ཡངས་པོར། །ཀུན་(༡༢༠ན)
མཁྱེན་ཡེ་ཤེས་རྟ་ཡི་གསར་འགྲོས་གོམ། །དོན་གཉིས་དཀྱུས་ཐོག་གཅོད་པར་བྱིན་གྱིས་རློབས། །རྩ་ལག་འཁོར་འབངས་རྣམས་ཀྱི་གང་གི་ཆེད། །བསྒྲུབས་པའི་དགེ་ཚོགས་འཛམ་བུའི་འབྲས་བུ་རྣམས། །བསྔོ་སྨོན་རྒྱ་མཚོར་ལྷུངས་པ་གཏན་མདུན་གྱི། །གསེར་གྱི་སྙེ་མ་ཡོངས་སུ་དར་དྲག་ཤོག །ཅེས་བི་ཇི་མཁའ་འགྲོ་སྐྱབས་ལ་དམིགས་པའི་སྨོན་ལམ་ཞིག་དགོས་ཞེས་རྒྱལ་ཁང་རྩེའི་སྤྲུལ་སྐུའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །བློ་བཟང་གྲགས་སྙན་འབར་བའི་ཆོས་སྲིད་བསྟན། །ཟུང་འབྲེལ་ཁྲིམས་ཀྱིས་བླ་ནས་བླར་འདེགས་པའི། །མཐུ་སྟོབས་ནུས་མངའ་ནོར་འཛིན་སྐྱོང་བའི་རྗེ། །མཆོག་གསུམ་ཐུགས་རྗེས་རྡོ་རྗེ་ལྟར་བྱིན་རློབས། །ཛཱ་ཏིའི་འབྲས་བུས་དུད་པའི་ཡུལ་གྲུ་ནས། །འཇམ་མཉེན་དར་ཟབ་ཐགས་སུ་འཐག་པའི་བར། །བཙན་པོའི་ལུང་གིས་འབངས་རིགས་གཅིག་གྱུར་ཏེ། །རྫོགས་ལྡན་ལ་འཁུ་བདེ་སྐྱིད་དར་དྲག་ཤོག །ངེས་པར་ཤཱཀྱའི་རིང་ལུགས་ཐོས་བསམ་སྒོམ། །ཚུལ་བཞིན་སྒྲུབ་སོ་ཅོག་གི་གྲ་རྣམས་ཀུན། །སྡིག་ཏོའི་འཕྲུལ་གྱིས་ནམ་ཡང་མི་བརྫི་བར། །ལུས་ཅན་བསོད་ནམས་ཞིང་དུ་འཕེལ་བར་ཤོག །ཅེས་པ་འདིའང་ཡར་སྟོད་ཐོས་བསམ་དར་རྒྱས་གླིང་གི་སློབ་དཔོན་གྲགས་པ་རྣམ་རྒྱལ་དང་གཉེར་པ་བློ་བཟང་རབ་རྒྱས་གཉིས་ཀྱིས་གཙོས་པའི་གྲྭ་དམངས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །ལུས་ངག་ཡིད་གསུམ་དགེ་ལ་ཉེར་བཀོལ་ཏེ། །ངེས་པར་ལེགས་ལ་དབང་དུ་ཕྱུག་པའི་ལམ། །(༡༢༠བ)
སྒྲུབ་བློའི་མིག་ཡངས་བཟང་པོའི་སྤྱོད་པ་ཡིས། །རྒྱ་ཆེན་ཆོས་དཀར་མཚོ་ལྟར་འཕེལ་བའི་རྟེན། །སྲས་བཅས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །རྡོ་རྗེ་སློབ་དཔོན་སྣང་བརྙན་བསྐྲུན་པའི་དགེས། །བྱེད་པོ་སྐྱེ་བར་བཤེས་གཉེན་དམ་པ་ཡིས། །རྗེས་བཟུང་བླ་མེད་བྱང་ཆུབ་མངོན་འགྱུར་ཤོག །ཅེས་པ་འདིའང་གསོལ་དཔོན་གེ་ར་བ་བློ་བཟང་མཁྱེན་བརྩེས་འདི་གའི་འདྲག་འབག་ཅིག་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །ཀུན་ཏུ་བཟང་པོའི་སྨོན་ལམ་བཏབ་པའི་དགེས། །ཤེས་རབ་དང་ལྡན་དལ་འབྱོར་རིན་ཆེན་རྟེན། །གངས་ཅན་ལྗོངས་སུ་ཉེར་ཐོབ་མགོན་ཁྱོད་ཀྱི། །འཁོར་དུ་སྐྱེས་ནས་ཆོས་ལ་སྤྲོད་པར་ཤོག །ཅེས་པ་འདི་ཡང་དཀའ་བཅུ་ཤེས་རབ་རིན་ཆེན་གྱི་ཁ་ཏོན་དུ་བྲིས། །རྒྱལ་ཀུན་ཐུགས་རྗེ་བཞུ་བླུགས་རྡོ་རྗེའི་ཁམས། །གཞོམ་མེད་སྲོག་གི་ཟུངས་སུ་ཉེར་སོང་སྟེ། །ནམ་མཁའ་གཟུགས་གཞན་གྱུར་མིན་དེ་སྲིད་དུ། །མགོན་ཁྱོད་རྡོ་རྗེའི་ཁྲི་ལ་ཞབས་བརྟན་གསོལ། །ལུས་ངག་ཡིད་གསུམ་གཅིག་ཏུ་རབ་འབད་ནས། །དབང་ཕྱུག་བརྒྱད་ལྡན་བློ་གསལ་མགོན་གཅིག་པུ། །སྐལ་བཟང་གཉེན་དུ་རྒྱ་མཚོ་དུས་ཀྱི་མེས། །སྐེམས་མིན་བར་དུ་གཡུང་དྲུང་ལྟར་བརྟན་ཤོག །འཇིགས་རུང་ལུས་མེད་གཤེད་དུ་ཚོགས་གཉིས་ཀྱི། །བཙན་པོའི་གོ་ཆ་བགོས་མཛད་ཐུབ་པའི་བསྟན། །ལུང་རྟོགས་ལང་ཚོ་ཆེས་ཆེར་རྒྱས་པའི་སྡེ། །འོག་མིན་ཞིང་གི་གཙོ་ལྟར་བརྟན་པར་ཤོག །དགའ་བའི་དཔལ་སྟེར་ལེགས་ལྡན་ཆོས་ཀྱི་དཔྱིད། །རྣམ་གསུམ་འཁོར་ལོས་ཕན་བདེའི་འདོད་པ་ཀུན། །འཇོ་(༡༢༡ན)
བའི་འདུས་གྲྭ་ཀུན་གྱི་ཡང་རྩེ་རུ། །ཉེར་སོན་སྲིད་མཐའི་བར་དུ་རྒྱས་པར་ཤོག །ཚངས་པར་མཚུངས་པར་སྤྱོད་པའི་སྡོམ་བརྩོན་ཅན། །མི་ཕྱེད་རྩེ་གཅིག་གདུང་བའི་ཤུགས་དྲག་པོས། །ཇི་ལྟར་སྨོན་པ་ལྷུན་གྲུབ་རྒྱུ་འབྲས་ཀྱི། བསླུ་མེད་རྟེན་འབྲེལ་ངོ་མཚར་རྨད་དུ་བྱུང༌། །ཞེས་པ་འདི་ཡང་དགའ་ལྡན་ཆོས་འཁོར་ཡང་རྩེ་བླ་གཉེར་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཡངས་པའི་ས་ཆེན་བྱམས་པས་ལེགས་སྐྱོང་བ། །དཔལ་ལྡན་མི་ཡི་དབང་པོ་ཚངས་པ་ཆེའི། །ངང་ཚུལ་ཇི་བཞིན་ཉི་ཟླས་མུན་སེལ་བ། །དེ་སྲིད་འབངས་རྣམས་བདེ་བར་སྐྱོང་གྱུར་ཅིག །འཇིག་རྟེན་གསུམ་གྱི་ཉ་ཕྱིས་ཁོག་པ་རུ། །ཕན་བདེའི་མུ་ཏིག་ཕུང་པོར་ཆེར་སྤུངས་པ། །བསོད་ནམས་བསགས་འགྲོའི་རྒྱན་དུ་འཁྲི་ཤིང་གི །མཛེས་པའི་དོ་ཤལ་རིང་པོར་འཕྱང་བར་ཤོག །ཁྱད་པར་གངས་ཅན་ལུས་ཕྲའི་ལྟོ་བ་རུ། །ནད་མཚོན་དབུལ་ཕོངས་དང་བྲལ་རིང་པོའི་ཚེ། །ཚོང་པ་ཁེ་སྤོགས་ཐོན་ཞིང་ལོ་ཏོག་སྦྲུམས། །ཕུན་ཚོགས་བསམ་ཀུན་འདོད་པ་འཇོ་བར་ཤོག །ཅེས་པ་འདིའང་དགའ་ལྡན་ཆོས་འཁོར་ཡང་རྩེ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །གདོང་ལྔས་བཏེག་པའི་རིན་ཆེན་པད་ཉིའི་ཁྲིར། །དཔལ་ལྡན་བླ་མ་མི་བསྐྱོད་ཚེ་དཔག་མེད། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །གཉིས་འཐུང་གིས་བཏེག་རིན་ཆེན་པད་ཉིའི་ཁྲིར། །དཔལ་ལྡན་བླ་མ་སྣང་མཛད་ཚེ་དཔག་(༡༢༡བ)
མེད། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །རྟ་མཆོག་གིས་བཏེག་རིན་ཆེན་པད་ཉིའི་ཁྲིར། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །དཔལ་ལྡན་བླ་མ་རིན་འབྱུང་ཚེ་དཔག་མེད། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །མདོངས་མཐའ་ཡིས་བཏེག་རིན་ཆེན་པད་ཉིའི་ཁྲིར། །དཔལ་ལྡན་བླ་མ་སྣང་མཐའ་ཚེ་དཔག་མེད། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔེའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །ཤང་ཤང་གིས་བཏེག་རིན་ཆེན་པད་ཉིའི་ཁྲིར། །དཔལ་ལྡན་བླ་མ་དོན་གྲུབ་ཚེ་དཔག་མེད། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །མཚན་དཔའི་སྣང་བ་ཞིང་འདིར་གཡོ་མེད་ཤོག །ཅེས་པ་འདི་ནི་དགའ་ལྡན་གསུང་རབ་གླིང་བླ་སྤྱི་ཐུན་མོང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ངོ་མཚར་དག་པའི་ཞིང་ཁམས་ཀུན་གྱི་གཙོ། །བདེ་ལྡན་མགོན་པོ་གར་གྱི་དབང་ཕྱུག་གིས། །ཡངས་པའི་ནོར་འཛིན་སྐྱོང་བ་མི་ཡི་རྗེར། །ཕུན་ཚོགས་དགེ་ལེགས་དཔལ་གྱི་འབར་བར་མཛོད། །རི་བོང་འཛིན་པའི་དཀྱིལ་འཁོར་རྒྱབ་ཡོལ་ཅན། །ཚེ་སྦྱིན་དཔལ་ལྡན་ཡིད་བཞིན་འཁོར་ལོ་མས། །ཡངས་པའི་ནོར་འཛིན་སྐྱོང་བ་མི་ཡི་རྗེར། །ཕུན་ཚོགས་དགེ་ལེགས་དཔལ་གྱི་འབར་བར་མཛོད། །སྲིད་པའི་ཉེས་བརྒྱ་ཀུན་འཇོམས་གཙུག་ཏོར་ལྷ། །བཅོམ་ལྡན་རྣམ་པར་རྒྱལ་མའི་ལྷ་ཚོགས་ཀྱིས། །ཡངས་པའི་ནོར་འཛིན་སྐྱོང་བ་མི་ཡི་རྗེར། །ཕུན་ཚོགས་དགེ་ལེགས་དཔལ་གྱི་འབར་བར་མཛོད། །ཅེས་པ་འདིའང་དགའ་ལྡན་གསུང་རབ་གླིང་བླ་སྤྱི་ཐུན་མོང་གིས་བསྐུལ་(༡༢༢ན)
བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཆེ་མཆོག་འདུས་པའི་ལྷུན་གྲུབ་འོད་ལྔའི་རྩལ། །ཀ་དག་དབྱིངས་སུ་འགྱུར་མེད་རྡོ་རྗེའི་ལུས། །འཁོར་འདས་ཕྱག་རྒྱས་ཟིལ་གནོན་སྐུར་བཞེངས་གར། །ལས་ཅན་སྐལ་ལྡན་འགྲོ་ངོར་རྟག་སྒྱུར་ཤོག །ལོ་ཆེན་བཻ་རོ་བསམས་བཞིན་ཟབ་ཆོས་སྒོ། །འབྱེད་ལ་དུས་བབས་དངོས་བྱོན་གཏེར་བདག་གླིང༌། །དཀྱིལ་འཁོར་རྒྱ་མཚོའི་གཙོར་བརྟན་རང་དབང་གཏེར། །མ་ལུས་འདྲེན་པའི་རྟེན་འབྲེལ་ལྷུན་གྲུབ་ཤོག །སྔོན་གོམས་མཐུ་ཡིས་ཐེག་མཆོག་སྨྲ་བའི་ངག །དབང་ཕྱུག་ཀུན་བཟང་རྣམ་པར་རྒྱལ་བ་ལྷའི། །འཕྲིན་ལས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །སྔ་འགྱུར་བསྟན་པའི་འདབ་བརྒྱ་བཞད་པར་ཤོག །ཅེས་པ་འདི་ཡང་དབོན་པོ་ཆོས་དབྱིངས་རང་གྲོལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །དཀོན་ཅོག་མཐུ་ཡིས་བསོད་ནམས་ཞིང་གྱུར་པའི། །ངོ་མཚར་སྤྲུལ་སྐུའི་ཟླ་བ་ཡོངས་ཚེས་པ། །རབ་བརྟན་དབང་ཕྱུག་བརྒྱད་མངའི་འཕྲིན་ལས་ཀྱི། །སྣང་བ་གསར་པའི་དགའ་སྟོན་རྒྱས་པར་ཤོག །ཚེ་དཔག་མེད་དང་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་ལྷ་ཚོགས་ཐུགས་རྗེ་ཆུ་བོའི་རྒྱུན། །གཙུག་ཏོར་རྩེ་ནས་ཆད་མེད་རབ་བབས་པས། །མི་འགྱུར་སྲོག་གི་ཀ་བ་ཚུགས་པར་ཤོག །ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་བྱིན་རླབས་དང༌། །དམ་ཅན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་རྩལ། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་ཚིག་མཐུས། །ཇི་ལྟར་སྨོན་པ་ཡིད་བཞིན་ལྷུན་གྲུབ་ཤོག །ཅེས་ཀོང་(༡༢༢བ)
པོ་ཡུལ་སྨད་གྲོང་དུ་ཁྱུང་རྒྱལ་མཚན་གྱི་སྲས་སུ་དེ་མོ་སྤྲུལ་པའི་སྐུ་གསར་དུ་འཁྲུངས་པར་མཚན་དཀོན་ཅོག་བསོད་ནམས་དབང་ཕྱུག་ཏུ་གསོལ་བའི་བརྟན་བཞུགས་ཞིག་དགོས་ཞེས་དེ་མོ་དཔོན་པོ་བསོད་ནམས་ནོར་བུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །ཆུ་བྱི་ངེད་རང་གི་དད་རྟེན་དུ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་ལི་བརྫུས་གྲ་ཚར་ཆེ་ཆུང་གཉིས་བཞེངས་པའི་ཆེ་བའི་ཁ་བྱང་སྨོན་ལམ་སྲིད་ཞི་བདེ་ལེགས་ལྷུན་གྲུབ།ནཱ མི ཀྱ མཱ ཏྲ ཤྲུ ཏ མ ནྱ སཽ ནྱཱ སེ པཱ རི ཀཱི རྟི ཤྲིཡ རཱ ཛ ཧཱི ཙ། ཨཱ དེ། མཚན་ཙམ་ཐོས་པས་ཡིད་ཅན་བདེ་བ་ལ། །ལེགས་པར་འགོད་པ་ཡོངས་གྲགས་དཔལ་གྱི་རྒྱལ། །ྉྤ྄ ར ཎི དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵཱ ཧ མཱ དེ ྈྑ ས མཱ ཉྩ ཡ ཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༣ན)
ར ཏྣེ ནྡུ པ དྨཻ ྉྤ྄ བྷུ ཥེ ཎ ཏཻ ཛྱཾ གྷོ ཥ སྭ རཻ རྡཱ ཤ དི ཀེ ཡ ཤེ །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་གཟི། །གཟི་ལྡན་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པ་ཡིས། །ན ཨཱ དེ ྉྤ྄ ཎི དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵཱ ཧ མཱ དེ ྈྑ ས མཱ ཉྩ ཡ ཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༣བ)
ཏ བྱཱ ལི ལྷ དྲཽ ཛི ཀ ནོ མ ལོ ར ཏྣ དྱུ པྲ ཏ སིདྡྷ ཀ ཧི ཏྭ ཡཱ ཙ། གསེར་སྦྱངས་བཟང་པོའི་མདངས་ལྟར་དྲི་མ་མེད། །རིན་ཆེན་སྣང་བའི་བརྟུལ་ཞུགས་གྲུབ་ཁྱོད་ཀྱིས། །ཨཱ དེ ྉྤ྄ ཎ དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵཱ ཧ མཱ དེ ྈྑ ས མཱ ཉྩ ཡཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༤ན)
ནོ ཤ ཀ དུཿ ཁ སྱ ས རཱ ཏྤྲ ཛནྨི ནྱཱ སྟཱ ར ཏོ པྲཱ ནུ བྷ བ ཤྲི ཡ ཤྩ། མྱ་ངན་མེད་པས་སྡུག་བསྔལ་རྒྱ་མཚོ་ལས། །སྐྱེ་ལྡན་སྒྲོལ་བའི་མཆོག་གི་མཐུ་དཔལ་གྱིས། །ཨཱ དེ ྉྤ྄ ཎི དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵཱ ཧ མཱ དེ ྈྑ ས མཱ ཉྩ ཡ ཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༤བ)
གཱ མྦྷི ཪྻ དྷ རྨ སྭ ར ཀཱ ཡ ཀ རྞེ ཀཱི རྟེ སྶུ ཧི ཏྱཻ སྶ ར གྷོ ཥ གཻ ཏྱཻཿ ཟབ་རྒྱས་ཆོས་སྒྲ་ལུས་ཅན་རྣར་བསྒྲགས་པའི། །ཕན་བདེ་རྒྱ་མཚོའི་དབྱངས་སྙན་གླུར་འབབ་པས། །ཨཱ དེ ྉྤ྄ ཎི དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵཱ ཧཱ མཱ དེ ྈྑ ས མཱ ཉྩ ཡ ཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༥ན)
ས དྡྷ རྨ སཱ ག ཪྻ བ ར སྱ མཱ ཏཱ ནཱ ཧཱི བི ལཱ ལི ཏྱ ཨ བྷི ཛྷ རཱ ཛྙཱ། དམ་ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་ཀྱི། །རྣམ་པར་རོལ་པ་མངོན་མཁྱེན་རྒྱལ་པོ་ཡིས། །ཨཱ དེ ྉྤ྄ ཎི དྷྱཻ ྈྐ ར ྉྥ ལཾ པྲ ཏྱ ཀྵཱ ཧ མཱ དེ ྈྑ ས མཱ ཉྩ ཡ ཙྪ། །སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༥བ)
མཱ ཧ དྨ ཧཱ ཀ ལྐ ག མེད ཡཽ ཥ དྷྱུ ཏྟཱ ར བ ཌཱུ ཪྻ ཀེ རཱ ལྱ རཱ ཛྙཱ། ཆེས་ཆེར་སྙིགས་མའི་འགྲོར་བརྩེ་སྨན་གྱི་བླ། །བཻཌཱུཪྻ་ཡི་འོད་ལྡན་རྒྱལ་པོ་ཡིས། །ཨཱ ད ྉྤ྄ ཎི དྷྱཻ ྈྐ ར ཏ ྉྥ ལཾ པྲ ཏྱ ཀྵ ཧ མཱ དེ ྈྑ ས མཱ ཉྩ ཡ ཙྪ། སྔོན་གྱི་སྨོན་ལམ་མཛད་པའི་འབྲས་བུ་རྣམས། །མངོན་སུམ་བདག་སོགས་མཁའ་མཉམ་འགྲོ་ལ་སྩོལ། །(༡༢༦ན)
ཤྲཱི ཀཱི བ ཏ སྶཽ ག ཏ ཏ ཤྩ སཱུ ཏྲེ སཱུ ཀྟེ ཀྵུ ཀོ རྫཾ བ ར ནོ སུ ནཱ ཁྱཱ། དཔལ་གྱི་མགུར་ནས་བདེ་བར་གཤེགས་པའི་མདོ། །ལེགས་གསུངས་ཤཱཀྱའི་སྐྱེས་མཆོག་སླུ་མེད་བཀའ། །ཡ སྨི ཉྩ ས པྟ མྦྷ ཏ རཱ ཛྙཱ མཱ དཱ རྠཱ ྉྤ ཉྩ ཤཱ དཱ ྉྤ྄ ཏི ནེ ཏྲ ནཱ དྱཾ། །ཇི་བཞིན་ཐུབ་ཆེན་མཆེད་བདུན་བཞེད་པའི་དོན། །ལྔ་བརྒྱའི་འགྲོ་རྣམས་མངོན་སུམ་ཉམས་མྱོང་ཤོག །(༡༢༦བ)