ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་།
ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་བཞུགས་སོ།།
ནམཿཔདྨཱཀརསཱདྷུམདྨརདཱརཎབཛྲཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་པདྨ་ཐོད་འཕྲེང་རྩལ་དང་དབྱེར་མ་མཆིས་པ་དྲིན་ཅན་རྩ་བའི་བླ་མ་རྣམ་བཞིའི་ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། བདེ་ལྡན་ཞིང་ན་ཆོས་སྐུ་འོད་མཐའ་ཡས། །གྲུ་འཛིན་ལ་དགྱེས་ལོངས་སྐུ་པད་དཀར་འཆང་། །སིནྡྷུ་རྒྱ་མཚོར་སྤྲུལ་སྐུ་པདྨ་འབྱུང་། །དབྱེར་མེད་བྱང་ཆུབ་བར་དུ་སྙིང་དབུས་བཞུགས། །སྣ་ནམ་སྔགས་ཀྱི་རྣལ་འབྱོར་སྒྱུ་དྲའི་གར། །གཏེར་ཆེན་ཉི་ཟླ་འོད་ཟེར་ཆོས་ཀྱི་རྒྱལ། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོ། །སླུ་མེད་གཏན་གྱི་སྐྱབས་ཁྱོད་གཙུག་ན་མཛེས། །དཔལ་བརྩེགས་ཡང་སྲིད་བསོད་ནམས་རྣམ་པར་རྒྱལ། །ཛྙཱ་ནའི་རྣམ་སྤྲུལ་ཆོས་དབྱིངས་རང་གྲོལ་རྗེ། །བི་མའི་ཟློས་གར་བློ་མཆོག་རྡོ་རྗེའི་ཞབས། །བཻ་རོ་དངོས་བྱོན་གཏེར་བདག་གླིང་པ་རྒྱལ། །འཁོར་མེད་དྲིན་ལས་ཁྲེག་ཆོད་ཐོད་རྒལ་གྱི། །ཟབ་མོའི་ལམ་བཟང་མངོན་སུམ་བསྟན་པའི་མཐུས། །སངས་རྒྱས་གཞན་ནས་མི་འཚོལ་རང་རིག་ཏུ། །འཕྲོད་པས་དད་པ་དབྱར་མཚོ་ལྟ་བུར་འཕེལ། །དེ་ཕྱིར་འཁོར་འདས་གཉིས་སུ་རང་(༢ན)
གྲོལ་བའི། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་དམར་ཁྲིད་གཞུང་། །བདག་དང་སྐལ་མཉམ་མང་པོར་ཕན་པའི་ཆེད། །ཉམས་ལེན་གསལ་བྱེད་རིགས་འཛིན་ཞལ་ལུང་སྤེལ། །དེའང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཉམས་སུ་ལེན་པ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་། རྫོགས་རིམ་འཇའ་ལུས་མཆོག་སྦྱིན། དེའི་དགོངས་འགྲེལ་ཆོས་བདག་པ་ལེ་བ་རྣམ་རྒྱལ་དཔལ་བཟང་གིས་མཛད་པའི་གསལ་བྱེད་ནོར་བུའི་ཕྲེང་བར་ལུང་སྐྱོར་ཡང་ཤིན་ཏུ་རྒྱས་པར་སྣང་བས་རྫོགས་ཆེན་མང་པོར་བློ་སྦྱངས་པའི་རིགས་ལ་ལོགས་སུ་དགོས་དོན་མི་འདུག་ཀྱང་གང་ཟག་ལས་དང་པོ་པ་རྣམས་ལ་ཁ་སྐོང་དང་མི་གསལ་བ་རྣམས་ཚང་ན་ཉམས་ལེན་འཁྱེར་བདེ་ཞིང་རང་ཉིད་ཀྱི་དྲན་པའི་གསལ་འདེབས་སུ་ཚིག་ཉུང་དོན་གསལ་གྱི་ཚུལ་དུ་བཀོད་པ་ལ་རྡོ་རྗེའི་ཚིག་རྐང་ལས། གངས་ཁྲོད་ལུང་སྟོངས་རི་རྩེ་དུར་ཁྲོད་སོགས། །རབ་ཏུ་དབེན་ཅིང་བྱིན་གྱིས་བརླབས་པའི་སར། །ཞེས་འབྱུང་བ་བཞིན་སྤྱིའི་གནས་ཀྱི་མཚན་ཉིད་སྐྱོ་ཤས་འཕེལ་ཕྱིར་གངས་ཁྲོད། དགེ་སྦྱོར་འཕེལ་ཕྱིར་ལུང་སྟོངས། དབྱིངས་རིག་གསལ་ཕྱིར་རི་རྩེ། མི་རྟག་པ་སྐྱེ་ཕྱིར་དུར་ཁྲོད། རྣམ་གཡེང་དུ་མི་འགྲོ་བའི་ཕྱིར་དབེན་གནས། (༢བ)
གནས་ཀྱིས་གང་ཟག་བྱིན་གྱིས་བརླབ་པའི་ཕྱིར་དམ་པ་གོང་མས་ཞབས་ཀྱིས་བཅགས་པའི་གནས་རྣམས་གསུངས་པ་ཕལ་ཆེར་སྣང་འཁྲིད་ཀྱི་དུས་སུ་བསྔགས་ལ། བྱེ་བྲག་མུན་འཁྲིད་ཀྱི་དབང་དུ་བྱས་ན་མུན་པས་བརྒྱན་པའི་ཁང་བུའམ་རྡོ་རྗེ་ཆོས་འབྱུང་གི་ཁང་བུ་མཚན་ཉིད་དང་ལྡན་པ་མཐོང་བརྒྱུད་ཀྱི་མན་ངག་ལྟར་འདུ་བགྱིད་དགོས་ཤིང་གནས་དེ་ལྟ་བུར་ལམ་ཉམས་སུ་ལེན་པ་ལ། བརྒྱུད་ལྡན་ལྟ་དགོངས་མཐོ་ཞིང་དངོས་གྲུབ་ལམ། འཁྲུལ་མེད་སྟོན་པའི་རྡོ་རྗེ་སློབ་དཔོན་ལ། །ཞེས་སྟོན་པའི་རྡོ་རྗེ་སློབ་དཔོན་བརྒྱུད་པ་ལྔའམ་དྲུག་འདུས་བར་མ་ཆད་ཅིང་དབང་འཁྲིད་མན་ངག་ལ་མཁས་པ། ལྟ་སྒོམ་ཀློང་དུ་གྱུར་བའི་དངོས་གྲུབ་བརྙེས་པས་ཟབ་ལམ་འདི་ཉིད་ལ་ནང་བྱན་ཆུད་དེ་འཁྲུལ་མེད་དུ་སྟོན་ནུས་པ་ཞིག་ལ། དད་བརྩོན་སྙིང་རྗེ་ཆེ་ཞིང་དབང་པོ་རྣོ། །བློ་ཡངས་དམ་ཚིག་ལྡན་པའི་ལས་ཅན་གྱིས། །ཞེས་སློབ་མ་དད་པ་དང་ལྡན་པས་བྱིན་རླབས་འཇུག་པ། བརྩོན་འགྲུས་ཆེ་བས་ཉམས་རྟོགས་མྱུར་དུ་སྐྱེ་བ། སྙིང་རྗེ་ཆེ་བས་ཐེག་ཆེན་ལས་མི་འདའ་བ། དབང་པོ་རྣོ་བས་ལྟ་སྤྱོད་ཟབ་མོ་དབྱེ་ནུས་པ། བློ་ཡངས་པས་སྤྱོད་པ་རླབས་ཆེ་བ། དམ་ཚིག་གཙང་བས་ཉེས་ལྟུང་དང་བྲལ་བ་ཞིག་གིས། ལོའམ་ཟླ་བའི་བར་དུ་གསོལ་བ་བཏབ་ནས། །ཆོས་འདིའི་སྣོད་གྱུར་རིག་ནས་གནད་བྱིན་ཏེ། ཞེས་ལོ་དང་ཟླ་བའི་གོང་ནས་འབད་པས་གསོལ་བ་བཏབ་པར་སྣོད་དུ་རུང་མི་རུང་བརྟགས་ནས་རུང་བ་ལ་སྟེར་བའི་དུས་ཀྱང་། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་སོགས་སྐབས་ལ་བབས་པའི་ཚེ། །ཞེས་དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀ་ཟེར་གཉིས་ཀྱི་དུས་སོགས་གཙོ་བོར་ཐོད་རྒལ་ངོ་སྤྲོད་དང་མངོན་སུམ་གྱི་ཡེ་ཤེས་མྱུར་དུ་སྐྱེ་བའི་ཚད་ལ་དགོངས་ཤིང་གཟའ་སྐར་ཚེས་གྲངས་དུས་ལ་ངེས་པ་(༣ན)
མེད་པར་ཡང་གསུངས་པས་དུས་སྐབས་དང་བསྟུན་ཏེ། ཚོགས་གཏོར་དབང་ཡོན་ཁམས་ཀྱི་འཚོ་བའི་རྟེན། །ཡོ་བྱད་མ་ཚང་མེད་པ་སྟ་གོན་བྱ། །ཞེས་རྩ་བ་གསུམ་གྱི་ལྷ་ཚོགས་མཉེས་པར་བྱེད་པའི་ཚོགས་ཀྱི་འཁོར་ལོ་དང་དབང་ལུང་འཁྲིད་ཀྱི་ཡོན། ཁམས་འཚོ་བའི་ཟས་མལ་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་ཚང་བར་གསོག །དམ་ལྡན་དུག་ལྔ་ཤུགས་ཆུང་དག་སྣང་ཆེ། །བློ་བརྟན་ངང་རིང་བརྩེ་བའི་གྲོགས་བཅས་ལ། །ཞེས་གྲོགས་དམ་ཚིག་དང་ལྡན་ཞིང་དུག་ལྔ་ཤས་ཆུང་བ། དག་སྣང་ཆེ་ཞིང་བློ་བརྟན་ངང་རྒྱུད་རིང་བ། བརྩེ་སེམས་དང་ལྡན་པ་དག་བཙལ་ཏེ་གོང་དུ་བཤད་པའི་རྡོ་རྗེ་སློབ་དཔོན་གྱིས། ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་ཟབ་མོ་ཡང་། །བརྒྱུད་པ་རིན་ཆེན་འཕྲེང་བའི་ལུང་སྦྱར་བཤད། །ཅེས་ཆོས་དབྱིངས་ཀུན་ཁྱབ་བདེ་ཆེན་ལྷུན་གྲུབ་ཡངས་པའི་ཀློང་ཀ་དག་རང་བྱུང་གི་པོ་ཏ་ལ་ཡེ་ཤེས་ལྔ་ལྡན་འོད་ཀྱི་གཞལ་མེད་ཁང་དུ། རང་རིག་ཆོས་སྐུ་སྤྲོས་བྲལ་ལས་རིག་རྩལ་མ་འགགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡོངས་གྲུབ་བདེ་ཆེན་ལ་སྣ་ཚོགས་རང་ཤར་གྱི་འཁོར་བདེ་ཆེན་རིགས་བསྡུས་ཀྱིས་བསྐོར་བའི་ཚེ། ཆོས་ཉིད་རང་བྱུང་ཨ་ཏི་སྙིང་པོའི་དོན་དགོངས་པ་རང་ཤར་ཆེན་པོར་བསྟན་པ་ལས་བཟང་ངན་མཐའ་གྲོལ་དགོངས་པ་གཅིག །གཏིང་གསལ་ཚོམ་བུ་ལྷུན་གྲུབ་ཆེན་པོར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བཞུགས་པར་སྟོན་པ་ཉིད་ལས་མི་གཞན་པའི་བྱང་སེམས་ཐུགས་རྗེ་ཆེན་པོས་བཀའ་རྣམས་བསྡུས་ཏེ་སློབ་དཔོན་ཆེན་པོ་ལ་གདམས་པའི་ཚུལ་ནི། རྡོ་རྗེ་གདན་གྱི་ཤར་པོ་ཏ་ལའི་རྩེར་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་མར་ཏི་ཀའི་བྲག་ཕུག་ཏུ་པདྨ་ཐོད་འཕྲེང་གིས་འཆི་མེད་ཚེའི་རིགས་འཛིན་བརྙེས་ནས་རྡོས་བཅས་(༣བ)
མ་ཡིན་པའི་ཡེ་ཤེས་རང་ཐལ་འོད་ལྔའི་གཞལ་ཡས་སུ་སྤྱན་རས་གཟིགས་དང་དངོས་སུ་མཇལ་ནས་དབང་གི་ཆུ་བོ་རྫོགས་པར་ཕབ་སྟེ་གྲུབ་པ་མཐར་ཕྱིན་མཛད་པའི་མཐར་མན་ངག་ལྷན་ཐབས་ཀྱི་སྐོར་ཐམས་ཅད་ཁ་བཀང་། བོད་ཡུལ་འདིར་མངའ་བདག་རྗེ་འབངས་ཀྱི་དོན་དུ་ཕེབས་པའི་ཚེ་གདམས་པ་འདིའི་སྒོ་ནས་དངས་མའི་འཁོར་ལྔ་སྨིན་གྲོལ་ལ་བཀོད། ཆོས་སྐོར་རྣམས་དུར་ཁྲོད་བརྒྱད་ཀྱིས་སྣ་ལས་གྲུབ་པའི་ཟ་མ་ཏོག་ཏུ་གཏམས་པ་བསམ་ཡས་བར་ཁང་གི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་རྒྱས་བཏབ་སྟེ་ལས་འཕྲོ་ཅན་ལ་སྨོན་ལམ་དུ་མཛད་ལ།དེའང་རིགས་འཛིན་ཡོངས་འདུས་ཀྱི་ལུང་བྱང་ལས། འདི་ནས་ཉི་མ་ནུབ་ཕྱོགས་སུ། །ཡང་འདུལ་པྲ་དུན་རྩེ་ཡི་ལྷོ། །གེ་གར་ཀླུ་ཡི་ཁ་གནོན་བྱང་། །རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབས། །ཆུ་ཆེན་དྲག་པོ་འབབ་པའི་འགྲམ། །གློ་བོ་མ་ཐད་ཞེས་བྱའི་ཕུར། །རྗེ་རིགས་སྔགས་འཆང་རྣལ་འབྱོར་པ། །ཕ་མ་རྒྱལ་མཚན་གཉིས་ཀྱི་བུ། །ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན། །བི་མ་འཚོ་རྒྱལ་སྤྲུལ་པའི་སྲས། །སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང་། །ལྷུམས་ནས་ཧཱུཾ་ཧྲཱིཿའི་སྒྲ་སྒྲོག་ཅིང་། །སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན། །ཡུལ་ཁམས་བདེ་ཞིང་བསམ་དོན་གྲུབ། །ཆུ་ཁམས་ལུག་གམ་སྤྲེའུ་ལོ་པ། །བདག་གིས་བྱིན་བརླབས་པདྨ་རྒྱལ། །འཚོ་རྒྱལ་བྱིན་བརླབས་འོད་ཟེར་མིང་། །ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད། །ནམ་སྙིང་རྡོ་རྗེ་ཐོགས་མེད་རྩལ། །བདུད་འཇོམས་བྱིན་བརླབས་རྡོ་རྗེའི་མིང་། །བཻ་རོས་བྱིན་བརླབས་གཏེར་བདག་གླིང་། །ཞེས་སོགས་ཀྱིས་པཎ་ཆེན་སྐུ་མཆེད་གཉིས་ཐུན་མོང་དུ་ལུང་བསྟན་པའི་སྤྲེའུའི་ལོ་པ་དང་རྡོ་རྗེའི་མིང་ཅན་ནི་ལེགས་ལྡན་ཞབས་ཀྱི་དགུང་སྙིང་དང་མཚན་གསལ་(༤ན)
བར་བསྟན་ལ། སྒོས་གཏེར་འཁོར་བ་དབྱིངས་སྒྲོལ་གྱི་ལོ་རྒྱུས་ལས། བདག་གི་སྨོན་ལམ་དབང་བཙན་པས། །རྡོ་རྗེ་བདུད་འཇོམས་སྐྱེ་བའི་མཐར། །བྱང་སེམས་སྤྲེའུའི་ལོ་པ་ཞིག །ལས་ལྡན་ཐོག་འབབ་ཚུལ་དུ་འབྱུང་། །དེ་ཡིས་འདི་འབྱིན་འགྲོ་འདྲེན་འགྱུར། །ཞེས་པ་ལྟར་མངའ་རིས་གློ་བོ་མ་ཐང་གི་ཕུར་ལྷ་རིགས་སྔགས་འཆང་འཇམ་དབྱངས་རྒྱལ་མཚན་གྱི་སྲས་སུ་འཁྲུངས་པའི་སྤྲུལ་སྐུ་གཏེར་ཆེན་ཉི་ཟླ་འོད་ཟེར་རམ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཡབ་གཙོ་བོར་གྱུར་པའི་བཤེས་གཉེན་ལྔ་བཅུ་རྩ་བརྒྱད་ལས་ཆོས་འཚོལ་བའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་ལ་བྱོན་ཏེ་དཀའ་བ་སྤྱད་ཅིང་ཐོས་བསམ་སྒོམ་པ་མཐར་ཕྱིན། སྐབས་ཤིག་སྤ་གྲོ་སྟག་ཚང་དུ་བཞུགས་པའི་མནལ་ལམ་དང་མངོན་སུམ་དུ་སློབ་དཔོན་ཆེན་པོས་ཞལ་མང་དུ་བསྟན་ཅིང་ཟབ་མོའི་གདམས་པ་མཐའ་ཡས་པ་གནང་། གནས་ཀྱི་ལུང་བསྟན་ལྟར་སྤ་གྲོ་ཉིད་ནས་ཁ་བྱང་རྙེད་དེ། ལུགས་གསུམ་མི་འགྱུར་དཔལ་བསམ་ཡས་བར་ཁང་གི་རྟེན་གཙོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཟབ་གཏེར་འདི་ཉིད་སྤྱན་དྲངས། དེའི་ཚེ་ཞང་སྣ་ནམ་པ་དང་རིགས་འཛིན་རྒོད་ལྡེམ་དུ་སྐུ་འཁྲུངས་པ་གསལ་བར་དྲན་ཏེ་གདུལ་བྱའི་ཚོགས་ལ་བཀའ་སྩལ། མཆིམས་ཕུའི་ཡང་དབེན་སོགས་སུ་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་རྫོགས་པ་ཆེན་པོར་ཉམས་ལེན་རྟགས་ཐོན་པར་མཛད་ནས་འབྲི་གུང་བྱང་ཆུབ་གླིང་ཐོག་ཁ་གསེར་ཁང་གི་ཡང་དབེན་དུ་ཤོག་སེར་རྣམས་ཕབ་ཅིང་ལུང་བསྟན་ལྟར་བྱིན་རླབས་ཀྱི་དབང་བཀའ་སྤྲོས་མེད་གསང་རྒྱའི་ཚུལ་དུ་ལོ་གསར་ཟླ་བར་ཞལ་ཕྱེ་བས་བུམ་ཆུ་ཁོལ་ཞིང་ཁ་རྒྱན་གྱི་བ་ལུ་ལས་མེ་ཏོག་ཁ་བྱེ། སྒྲུབ་ཁང་དུ་དྲི་བཟང་རྒྱུན་དུ་འཐུལ་ཞིང་ཡིག་དྲུག་གི་རང་སྒྲ་སྒྲོག་པ་སོགས་གསང་བ་བསམ་(༤བ)
གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་ལྡན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཟབ་ཆོས་འདི་ཉིད་སྐལ་ལྡན་གྱི་སློབ་མ་མང་པོར་སྩལ་བའི་ནང་ནས། ལོ་རྒྱུས་ལུང་བསྟན་དུ། བྱང་ནས་དོན་གྲུབ་སྣ་ཚོགས་དཔལ། །དཀོན་མཆོག་ཕུན་ཚོགས་འབྱུང་གནས་མགོན། །སྔོ་ལྗང་འཛིན་བྱེད་ལས་ལྡན་འབྱུང་། ཞེས་པའི་བཀའ་བབས་ཀྱི་ཆོས་བདག་བ་ལེ་བ་རྣམ་རྒྱལ་དཔལ་བཟང་ལ་རྫོགས་པར་གནང་། དེ་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་སོགས་མཁས་གྲུབ་དུ་མའི་ཡང་སྲིད་རྗེ་སྟག་ལུང་ཐམས་ཅད་མཁྱེན་པ་ངག་དབང་རྣལ་རྒྱལ་གྱིས་གསན། དེ་ལ་རྗེ་བ་ལེ་བའི་སྤྲུལ་པའི་སྐུ་མཆོག་མཁས་བཙུན་བཀྲ་ཤིས་དཔལ་གྲུབ་ཀྱིས་གསན། དེ་ལ་པཎ་ཆེན་བི་མ་ལ་མི་ཏྲའི་རྣམ་པར་སྤྲུལ་པ་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེས་ལེགས་པར་གསན་ནས་ཆོས་འདིའི་སྲོག་འཐུད་པའི་བཀའ་དྲིན་མཐའ་ཀླས་པ་ལ་ཞེས་སོགས་ལོ་རྒྱུས་རྣམས་ཀྱིས་སྤྲོ་བ་བསྐྱེད་ཅིང་འཇུག་པ་བདེ་བར་བྱེད་ན་སྐབས་འདིར་རྡུལ་ཚོན་ནམ་རས་བྲིས་གང་རུང་ལ་བརྟེན་ནས་དབང་བཞི་ལེགས་པར་ནོད་ནས་འཁྲིད་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་དང་གསུམ་གྱི། དང་པོ་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ལ། ཐུན་མོང་སྔོན་འགྲོས་རྒྱུད་སྦྱངས་སྐྱབས་འགྲོ་བྱ། །ཞེས་པས་འདི་དང་པོ་འོག་མའི་ས་བཅད་དང་པོ་སྟོན་པར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་འབྲས་ཀྱི་རྣམ་གཞག་རྣམས་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་རིགས་ལ་གཏོད་མི་དགོས་ཀྱང་མ་སྦྱངས་པ་རྣམས་ལ་ལམ་གྱི་རྨང་རྡོ་ལྟ་བུ་ཡིན་པས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆོས་སྤྱོད་ལམ་རིམ་ཆེན་མོ་དང་ལམ་མཆོག་རིན་ཆེན་ཕྲེང་བ་སོགས་(༥ན)
ཡིག་ཆ་གཞན་ནས་བླངས་ཏེ་རྡོ་རུས་ཐུག་པར་སྤྲོད། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལམ་ལོག་པ་ལས་ལྡོག་པ་སྐྱབས་སུ་འགྲོ་བ། དམན་པ་ལས་ལྡོག་པ་སེམས་བསྐྱེད་པ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་སྒོམ་བཟླས། བྱིན་རླབས་འཇུག་པ་མོས་གུས་རྣལ་འབྱོར། ཚོགས་གསོག་པ་མཎྜལ། བར་ཆད་སེལ་བ་སྲུང་འཁོར། སྨིན་པར་བྱེད་པ་དབང་བསྐུར་བ་དང་བདུན་ལས། དང་པོ་སྐྱབས་འགྲོ་ནི། སྐྱབས་ཡུལ་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟེ་ཕྱི་ནང་གསང་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། འཁོར་བ་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་བར་བྱ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་འདོད་ཀྱི་བསམ་པས་ཀུན་ནས་བླངས་ཏེ། འཇུག་པ་བདེ་བའི་དབང་དུ་བགྱིས་ནས་བྱང་གཏེར་གྱི་སྔོན་འགྲོ་གནད་ཀྱི་གཟེར་ལྔའི། བདག་དང་ཁམས་གསུམ་སེམས་ཅན་ཀུན། །ཞེས་པ་ནས། རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །ཞེས་པའི་བར་གྱི་བརྗོད་དོན། རང་གི་སྤྱི་བོའི་མདུན་གྱི་ནམ་མཁར་པདྨ་འདབ་མ་བཞི་པའི་ལྟེ་བར་བརྒྱུད་པ་དྲུག་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་འཁོར་བ་དབྱིངས་སྒྲོལ་གྱི་རྣམ་པ་ཅན་དགྱེས་འཛུམ་གཟི་མདངས་དང་ལྡན་པ། ཤར་གྱི་འདབ་མ་དང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤཱཀྱ་སེང་གེ་སོགས་སྤྲུལ་སྐུ་དང་ལོངས་སྐུ་ཞི་ཁྲོའི་ཚོགས། ལྷོའི་འདབ་མ་དང་དེའི་ཕྱོགས་ཀུན་ཏུ་གསུང་གི་སྙིང་པོ་རྒྱུད་འབུམ་ཕྲག་དྲུག་ཅུའི་གླེགས་བམ་དང་གསེར་དང་བཻ་ཌཱུརྱས་དྲིས་པའི་བཏགས་གྲོལ་གྱིས་བར་མཚམས་མེད་པར་ཁྱབ་པའི་ཆོས་དཀོན་མཆོག །ནུབ་ཏུ་རིགས་གསུམ་(༥བ)
མགོན་པོ་སོགས་ཐེག་པ་གསུམ་གྱི་དགེ་འདུན། བྱང་དུ་གནས་གསུམ་གྱི་མཁའ་འགྲོ་ཆོས་སྲུང་སྤྱི་དང་ཨེ་ཀ་ཛཱ་ཊི་དང་ཁྱབ་འཇུག་ཤིང་བྱ་ཅན་སོགས་སྒོས་ཀྱི་སྲུང་མའི་ཚོགས་རྣམས་གསལ་གདབ། འོག་ཏུ་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལ་དེ་མ་རྟོགས་པའི་དབང་གིས་རིགས་དྲུག་ཏུ་འཁྱམས་པ་རྣམས་ཐར་པའི་ས་ལ་འགོད་པའི་ཆེད་དུ། ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན། །ཞེས་སོགས་ཚིག་རྐང་དྲུག་ཚར་གཅིག་བརྗོད་ནས། ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས། །ཞེས་པ་ནས་བཟུང་སྟེ། ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆིའི་བར་ལན་གྲངས་གསུམ་མམ་བདུན་གང་རུང་དང་ལས་བྱང་གི་སྐྱབས་འགྲོ་བརྒྱའམ་ལྔ་བཅུ་སོགས་བརྗོད་ཅིང་ཡིད་ཁྱད་ཤེས་ཀྱི་དད་པ་བརྟན་པོས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་དགོས་ཏེ་ཆོས་སྐུ་བློ་འདས་ཀྱི་ངོ་བོ་ལ་བརྟན་པ་ཐོབ་ན་བསྐྱབ་བྱ་སྐྱོབ་བྱེད་དང་བྲལ་ཡང་དེ་ལྟར་མ་རྟོགས་པ་རྣམས་འཁོར་བ་ལས་གྲོལ་བའི་ཐབས་འདི་ལས་ཟབ་པ་མེད་དོ། །གཉིས་པ་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་བསྒོམ་བསམ་སྦྱོར་གཞན་དོན་བསླབ། །ཅེས་གསུངས་པའི་དོན་བཞིན་རང་ཉིད་གཅིག་པུ་ཞི་བདེ་བསྒྲུབ་པའི་ཐེག་དམན་ལ་གོལ་བ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་ཕན་འདོགས་འདོད་ཀྱི་སྨོན་སེམས་དང་དེའི་ཆེད་དུ་རང་ལུས་ལྷ་སྐུར་འཆར་བ། རྩ་ཐིག་རླུང་གསུམ་འབྱོངས་པ། དགའ་བཞིའི་ཡེ་ཤེས་འདྲོངས་པ། སྤྲོས་བྲལ་ཀ་དག་རྟོགས་པ། འོད་གསལ་སྣང་བཞི་འཆར་བའི་ཟབ་ལམ་རྫོགས་པ་ཆེན་པོའི་དོན་ཉམས་སུ་བླངས་ཏེ་རང་རིག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བྱས་ནས་འགྲོ་བ་རྣམས་འདྲེན་(༦ན)
པར་བྱེད་སྙམ་དུ་འཇུག་པ་སེམས་བསྐྱེད་ཀྱི་ཆེད་དུ། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས། །ཞེས་སོགས་ཚིག་རྐང་དྲུག་ཅི་རིགས་པ་བརྗོད་དོ། །གསུམ་པ་ཡིག་བརྒྱའི་རྣལ་འབྱོར་ནི། རྒྱལ་བའི་ཐུགས་སྲོག་ཡི་གེ་བརྒྱ་པ་ནི། །སྟོབས་བཞིའི་བཤགས་པའི་ཚུལ་གྱིས་རང་རྒྱུད་སྦྱང་། །ཞེས་པ་ལྟར། རང་གི་སྒྱུ་ལུས་བེམ་པོ་འདིའི་ཞེས་སོགས་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྐྱེད་ལུགས། ཞེ་སྡང་ཤས་ཆེ་བ་ལ་མཐིང་ག །སེར་སྣ་དང་ང་རྒྱལ་ཅན་ལ་སེར་པོ། གཏི་མུག་ཅན་ལ་དཀར་པོ། འདོད་ཆགས་ཅན་ལ་དམར་པོ། ཕྲག་དོག་ཅན་ལ་ལྗང་གུ་རྣམས་གང་འདུལ་གྱི་སྐུ་དང་། དུག་ལྔ་སྤྱི་འཇོམས་ལ་རྡོར་སེམས་ཀྱི་གནས་ལྔར་རྡོར་སེམས་རིགས་ལྔ་རྣམས་བསམ། དེ་ཡི་ཐུགས་ཀར་ཡི་གེ་ཨཱཿཞེས་པ་ཧཱུཾ་དུ་བསྒྱུར་ཧཱུཾ་ལ་ཡི་གེ་བརྒྱ་པ་རང་མདོག་དང་མཐུན་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་ཞབས་ཀྱི་མཐེ་བོང་ནས་ཐོན། རང་གི་སྤྱི་བོ་ནས་ཞུགས་ཏེ་སྡིག་སྒྲིབ་ནད་གདོན་ཐམས་ཅད་དུད་ཁུ། སོལ་ཁུ། རྣག་ཁྲག །སྲོག་ཆགས་ཀྱི་རྣམ་པར་རྐང་མཐིལ་གཉིས་དང་བཤང་གཅི་གཉིས་ནས་ཐོན་ཏེ་རང་གི་ལུས་ཤེལ་གོང་ལྟར་དག་པར་བསམས་པའི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་གྲག་སྟོང་གི་ངང་ནས་ཅི་ནུས་བཟླ། དེའང་སྤྱི་བོར་ལྷ་བསྒོམ་པ་རྟེན་གྱི་སྟོབས།སྔགས་དང་ཏིང་ངེ་འཛིན་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །སྔོན་ཆད་ཀྱི་སྡིག་པ་ལ་འགྱོད་སེམས་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་ཀྱི་སྡིག་པ་ལ་སྡོམ་སེམས་ནི་སླར་ལྡོག་པའི་སྟོབས་ཏེ་སྟོབས་བཞི་ཚང་བའི་སྒོ་ནས་ཐལ་མོ་སྦྱར་ཞིང་དོན་རྡོར་སེམས་ཀྱང་བླ་མའི་བར་བལྟས་ནས། བདག་གིས་མི་ཤེས་པ་དང་བག་(༦བ)
མེད་པ་དང་མ་གུས་པ་དང་སྙོམས་ལས་ཀྱི་དབང་གིས་སྡིག་ལྟུང་ཉེས་པའི་ཚོགས་ཅི་བསགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སྒྲིབ་པར་མི་འགྱུར་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་པའི་སྤྲོས་བྲལ་གྱི་ངང་དུ་ཅུང་ཟད་ཅིག་མཉམ་པར་འཇོག་ཅིང་སེམས་ཅན་ཐམས་ཅད་ཀྱང་སྡིག་སྒྲིབ་དག་བྱ་དག་བྱེད་དང་བྲལ་ཏེ་སྣང་གྲག་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་སྒོ་ནས་བསྐྱང་། དེའང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཀ་ནས་དག་པའི་གནས་ལུགས་ཀྱི་རང་ངོ་འཕྲོད་པ་རྣམས་ལ་བསྲུང་བྱ་སྲུང་བྱེད་སྦྱང་བྱ་སྦྱོང་བྱེད་དང་བྲལ་ཡང་། དེ་ལྟར་མ་རྟོགས་པ་རྣམས་ལ་ནི་མཚམས་མེད་ལྔའི་ལས་བྱས་ཀྱང་སྐད་ཅིག་ལ་སྦྱངས་ཏེ་འཁོར་བ་དོང་ནས་སྤྲུག་གོ །བཞི་པ་མོས་གུས་རྣལ་འབྱོར་ནི། བྱིན་རླབས་དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །བླ་མའི་ལམ་མཆོག་མོས་གུས་གནད་དུ་བསྣུན། །ཞེས་པ་ལྟར་ཉམས་སུ་བླང་བ་ལ་འཆི་བ་མི་རྟག་པའི་གཟར། རང་གི་ཡུལ་མཁར་ཁང་ཁྱིམ་དང་། །ཞེས་སོགས་ཀྱི་དོན་ཕྱི་སྣོད་ཀྱི་འཇིག་རྟེན་འཇིག །ནང་བཅུད་ཀྱི་སེམས་ཅན་འཆི་བ་སོགས་རིགས་དྲུག་གི་སྡུག་བསྔལ་བསམ་པའི་མི་རྟག་པ་ཐུན་དུ་བཅད་དེ་བསྒོམས་པས་ཆོས་ལ་ངམ་ངམ་ཤུགས་ཀྱིས་འཇུག་ཅིང་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ནའང་རང་ཉིད་སྐལ་བ་དམན་པས་འཁོར་བར་འཁྱམས་པ་འདིར་དེ་ལས་སྒྲོལ་བའི་ཐེག་པའི་ཡང་རྩེ་འོད་གསལ་རྡོ་རྗེ་སྙིང་པོ་སྟོན་པའི་རྡོ་རྗེ་སློབ་དཔོན་དེས་ཚེ་(༧ན)
འདིར་སངས་རྒྱས་ཀྱི་སར་འགྲོ་བའི་ལམ་བསྟན་པས་རང་ངོས་ནས་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟར་དཀོན་པའི་རྒྱུ་མཚན་གྱིས་བླ་མའི་རྣལ་འབྱོར་བསྒོམ་སྙམ་དུ་བསམས་ཏེ། རང་ཉིད་ལྷར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་རྣམ་པ་བླ་མ་རྡོ་རྗེ་འཆང་པདྨ་ཐོད་འཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ གཡོན་དུ ་ཡུམ་ཡེ་ཤེས་འཚོ་རྒྱལ་སྐུ་མདོག་དཀར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ནུ་མ་དང་བྷ་ག་རྒྱས་པ། ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་ཐོད་པ་བདུད་རྩིས་གང་བ་སྟོབ་པ། དབུ་སྐྲ་གནག་སྣུམ་རྒྱབ་ཏུ་ཉིལ་བ། ཕྱག་རྒྱ་ལྔ་དང་རིན་པོ་ཆེས་བརྒྱན་པ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང་ཡུམ་པདྨའི་འདུག་སྟངས་མཛད་པ། མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ཅན་ཡེ་ཤེས་རང་འོད་འཁྲུག་པའི་ཀློང་ན་བཞུགས་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྟེ་བར་ཧྲཱིཿདམར་པོ་དང་མ་མཐིང་གས་མཚན་པ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བསམས་ཏེ་གདུང་ཤུགས་དྲག་པོའི་སྒོ་ནས་ཐོག་མར་ལས་བྱང་གི་རྒྱུད་འདེབས་ཚར་གཅིག་གམ་མི་སྤྲོ་ན་ཆད་སྐྱོན་དུ་མི་འགྱུར་བས། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་རློབ་ཏུ་གསོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་༴། །བདག་ལ་༴། །སྤྲུལ་སྐུ་པདྨ་(༧བ)
འབྱུང་གནས་ལ་༴། །བདག་ལ་༴། །མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ༴།། བདག་ལ་༴། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་༴། །བདག་ལ་༴། །གཏེར་སྟོན་ཉི་ཟླ་འོད་ཟེར་ལ་༴། །བདག་ལ་༴། །ཆོས་བདག་རྣམ་རྒྱལ་དཔལ་བཟང་ལ་༴། །བདག་ལ་༴། །མཁས་བཙུན་ངག་དབང་རྣམ་རྒྱལ་ལ་༴། །བདག་ལ་༴། །མཚུངས་མེད་བཀྲ་ཤིས་དཔལ་གྲུབ་ལ་༴། །ཁྱབ་བདག་བློ་མཆོག་རྡོ་རྗེ་ལ་༴། བདག་ལ་༴། །དྲིན་ཅན་རྩ་བའི་བླ་མ་ལ་༴། །བདག་ལ་༴། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་༴། །བདག་ལ་༴། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ་༴། །བདག་ལ་༴། །དབང་བཞིས་བདག་རྒྱུད་སྨིན་པར་བྱིན་གྱིས་རློབས། །བསྐྱེད་རིམ་ཕྲ་རགས་འབྱོངས་པར་བྱིན་གྱིས་༴། །ཟབ་ལམ་གཏུམ་མོ་འབྱོངས་པར་༴། །དགའ་བཞིའི་བདེ་ཆེན་འདྲོངས་པར་༴། །གནས་ལུགས་རང་ངོ་ཤེས་པར་༴། །བདག་འཛིན་འཁྲི་བ་ཆོད་པར་༴། །ཞེན་མེད་བློ་ལས་འདས་པར་༴། །ཡེ་གྲོལ་ཀ་དག་རྟོགས་པར་༴། །ཆོས་ཉིད་མངོན་སུམ་མཐོང་བར་༴། །ཉམས་སྣང་གོང་དུ་འཕེལ་བར་༴། །རིག་པ་ཚད་ལ་ཕེབས་པར་༴། །ཆོས་རྣམས་ཟད་སར་འཁྱོལ་བར་༴། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ཅི་རིགས་དང་། རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །བསྐྱེད་རྫོགས་རྫོགས་ཆེན་འབྱོངས་པར་བྱིན་གྱིས་རློབས། །ཞེས་པ་བརྒྱ་ཕྲག་ཙམ་གྱིས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱི་སྐུ་རྡོ་རྗེའི་ངོ་བོ་དཔྲལ་བའི་ཨཱོཾ་ལས་འོད་དང་བདུད་རྩི་དཀར་པོ་བྱུང་བ་(༨ན)
རང་གི་སྤྱི་བོར་ཐིམ་པས་རྩེ་མོ་རྣམ་བཀོད་འཁོར་ལོའི་རྩ་འདབ་སུམ་བརྒྱ་དྲུག་ཅུ་གང་བས་ལུས་སྒྲིབ་དག །བུམ་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ། དེ་བཞིན་དུ་གསུང་རྡོ་རྗེའི་ངོ་བོ་མགྲིན་པའི་ཨཱཿལས་༴ ། མགྲིན་པར་ཐིམ་པས་རོ་འདུས་འཁོར་ལོའི་རྩ་འདབ་བཅུ་དྲུག་གང་བས་ངག་སྒྲིབ་དག །གསང་དབང་ཐོབ། ལམ་གཏུམ་མོ་༴། འབྲས་བུ་ལོངས་སྐུ་༴། ཐུགས་རྡོ་རྗེའི་ངོ་བོ་ཐུགས་ཀའི་ཧཱུཾ་ལས་༴། སྙིང་ག་དྲན་པའི་འཁོར་ལོའི་རྩ་འདབ་བརྒྱད་གང་བས་ཡིད་སྒྲིབ་དག །ཤེར་དབང་ཐོབ། ལམ་དགའ་བཞི་༴། འབྲས་བུ་ཆོས་སྐུ་༴། ཡེ་ཤེས་རྡོ་རྗེའི་ངོ་བོ་ལྟེ་བའི་ཧྲཱིཿ མ་ལས་༴། ལྟེ་བར་ཐིམ་པས་སྐྱེད་བྱེད་འཁོར་ལོའི་རྩ་འདབ་རེ་བཞི་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་༴། རིག་པའི་རྩལ་དབང་༴། ལམ་རྫོགས་པ་ཆེན་པོ་༴། འབྲས་བུ་ངོ་བོ་ཉིད་སྐུ་༴། དེའང་སངས་རྒྱས་ཀྱི་རྒྱུ་རང་རིག་ཀུན་ཏུ་བཟང་པོ་གདོད་མ་ནས་རང་ལ་གནས་ཀྱང་དེ་ཉིད་ངོ་འཕྲོད་པ་བླ་མ་ལ་རག་ལས་པས་བླ་མ་ཆོས་སྐུར་བལྟས་ཏེ་གསོལ་བ་བཏབ་པས་ཆོས་ཉིད་ཀྱི་དོན་རྟོགས། ལོངས་སྐུར་བལྟས་པས་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་སྐྱེ། སྤྲུལ་སྐུར་བལྟས་པས་ས་ལམ་གྱི་ཡོན་ཏན་སྐྱེ་བའི་ཕྱིར་རྣལ་འབྱོར་འདི་ཉིད་ལམ་ཐམས་ཅད་རྒྱུད་ལ་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པའོ། །ལྔ་པ་ཚོགས་གསོག་པ་ན། བསོད་ནམས་མི་ཟད་རྒྱ་མཚོ་སྤེལ་བའི་ཕྱིར། །ཕྱི་ནང་གསང་གསུམ་མཎྜལ་ཚོགས་འཁོར་བྱ། །ཞེས་པ་ལྟར་སངས་རྒྱས་བསྒྲུབ་པ་ལ། སྔོན་བྱུང་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཚོགས་གཉིས་གསོག་པར་མཛད་པས་ངེས་པར་གལ་(༨བ)
ཆེ་ཞིང་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་དཀའ་བ་བརྒྱ་ཕྲག་སྤྱོད་པ་རྣམས་འདིར་མཎྜལ་དུ་བསྡུས་ཏེ་ཐབས་ཟབ་མོའི་སྒོ་ནས་མཛད་པས་ཕྱིའི་མཎྜལ་ལ་གསེར་དངུལ། འཁར་བ། རྡོ་ཤིང་སོགས་ཅི་འབྱོར་བའི་མཎྜལ་དང་ཚོམ་བུའི་རྒྱུར་གྲོ་ནས་ཀྱིས་མཚོན་པ་སྟ་གོན་བྱ་བླ་མ་སྤྲུལ་སྐུའི་ཞིང་ལ་གླིང་བཞི་རི་རབ་ཉི་ཟླ་སོགས་དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ། །ཞེས་སོགས་ཀྱིས་དབུལ། བླ་མ་ལོངས་སྐུའི་ཞིང་ལ་ནང་གི་མཎྜལ་སྒྲུབ་པ་པོ་རང་ཉིད་ཚོགས་རྫོགས་པའི་ཆེད་དུ་ཤ་ཁྲག་རུས་པ་དང་གཞན་ཡང་འཇིག་རྟེན་ཁམས་ཀྱི་ཤ་ལྔ་བདུད་རྩི་ལྔ་གཅིག་ཏུ་བྱས་ཏེ། ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ། །ཞེས་སོགས་བརྗོད། བླ་མ་ཆོས་སྐུའི་ཞིང་ལ་གསང་བའི་མཎྜལ་དངོས་སམ་ཡིད་ཀྱིས་གཟུང་མ་དབུལ་ཏེ། ཧཱུཾ། པདྨ་ཅན་སོགས་ཡིད་འཕྲོག་ལྷ་མོའི་གཟུགས། །རྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །དབང་པོ་དྲུག་ལ་དགའ་བའི་དཔལ་སྟེར་བ། །ནམ་མཁའི་ཁམས་ཀུན་ཡོངས་སུ་བཀང་སྟེ་དབུལ། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །དགའ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་དྲངས་པའི། །བདེ་སྟོང་ཡེ་ཤེས་མཆོག་གིས་དགྱེས་བསྐྱེད་ནས། །ཐབས་ལམ་ཟབ་མོས་ཚེ་འདིར་གྲོལ་བྱིན་རློབས། །ཞེས་བརྗོད། བླ་མ་ངོ་བོ་ཉིད་ཀྱི་ཞིང་ལ་ཡང་གསང་སྤྲོས་པ་མེད་པའི་མཎྜལ་དབུལ་བ་ནི། རང་སེམས་མཁའ་ལ་མཆོད་བྱ་མཆོད་བྱེད་ཡུལ། །སྤྲིན་འཇའ་ལྟར་སྣང་སེམས་ཉིད་གཅིག་པུའི་འཕྲུལ། །བློ་འདས་རིག་ངོ་འཕྲོད་པའི་མཆོད་པ་ཡིས། །སྤྲོས་བྲལ་ཀ་དག་རྟོགས་པར་བྱིན་གྱིས་རློབས། །ཞེས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཚོགས་བསགས་ནས་(༩ན)
མཆོད་ཡུལ་གྱི་བླ་མ་འོད་དུ་ཞུ་རང་སེམས་དང་དབྱེར་མེད་དུ་ཁྲུག་གིས་འདྲེས་པས། ནང་གི་འབྱུང་བ་བཞི་འོད་དཀར་སེར་དམར་ལྗང་དུ་ཞུ། ཕྱི་རོལ་གྱི་འབྱུང་བ་བཞི་ཡང་འོད་དུ་ཞུ་སྟེ་ནང་གི་འབྱུང་བ་བཞི་ལ་ཐིམ། འོད་དེས་རིགས་དྲུག་གི་སྡུག་བསྔལ་སྦྱངས། གཟུགས་སུ་སྣང་བ་ཐམས་ཅད་ལྷ་ཡི་ངོ་བོར་ཤིག་གི །སྒྲར་གྲག་ཚད་ཆོས་ཀྱི་སྒྲར་དིར་རི། སེམས་གསལ་སྟོང་དུ་ཡེར་རེ་བའི་ངང་ནས་རང་བབས་སུ་མཉམ་པར་འཇོག །མཎྜལ་ཕུལ་བས་གནས་སྐབས་སུ་དངོས་པོ་ལ་ཞེན་པ་ལྡོག་ཅིང་ལོངས་སྤྱོད་འཕེལ། ཞིང་ཁམས་བཟང་པོར་སྐྱེ། བླ་མ་ངོ་བོ་ཉིད་སྐུར་བལྟས་ནས་ཕུལ་བས་རིག་པ་ཀུན་ཏུ་བཟང་པོར་ངོ་འཕྲོད། ཆོས་སྐུར་བལྟས་པས་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ། ལོངས་སྐུར་བལྟས་པས་སྐུ་དང་ཞིང་ཁམས་རྒྱས། །སྤྲུལ་སྐུར་བལྟས་པས་འགྲོ་བ་དཔག་མེད་འདྲེན་པར་ནུས་པའི་ཡོན་ཏན་མཐའ་ཡས་པ་རྒྱུད་ལ་སྐྱེ་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསོག་ནུས་པའི་དགོས་པ་ཡོད་དོ། །རྫོགས་ཆེན་གཞན་ལ་སྐབས་འདིར་ཀུ་སུ་ལུའི་ཚོགས་གསོག་ཡོང་བ་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ཀྱང་གཏེར་གཞུང་དུ་མི་གསལ་བས་བཏང་སྙོམས་སུ་བཞག་ལ་སྤྲོ་ན་གཞན་ནས་འབྱུང་བ་བཞིན་བྱ། དྲུག་པ་སྲུང་འཁོར་དང་བདུན་པ་བུམ་དབང་གཉིས་ནི། ཕྱི་ནང་མཚམས་བཅད་སྒྲུབ་པའི་གཞུང་བསྲངས་ཏེ། བསྙེན་སྒྲུབ་རྫོགས་ནས་བུམ་དབང་ལེགས་པར་བསྐུར། །ཞེས་པ་ལྟར་དབང་བསྐུར་བའི་སྔོན་དུ་སློབ་དཔོན་བསྙེན་པའི་ཁ་གསོ་བྱེད་པའི་ཆེད་དུ་སྲུང་འཁོར་བསྒོམ་ཞིང་གཞུང་བསྲངས་ནས་བསྙེན་སྒྲུབ་བྱས་ཏེ་བུམ་དབང་བསྐུར་རྗེས་བུམ་དབང་གི་འཁྲིད་འབེབས། དེས་(༩བ)
མཚོན་འོག་མའི་འཁྲིད་རྣམས་ཀྱི་འགོར་སོ་སོའི་དབང་བསྐུར་བ་ལ་དགོངས་ཤིང་རྒྱས་པར་སྤྲོ་ན་དེ་ལྟར་ལེགས་མོད་འཇུག་པ་བདེ་ཕྱིར་དབང་ཐམས་ཅད་གོང་དུ་བསྐུར་བའི་ལུགས་སུ་བགྱིས་ནས་མ་སྤྲོས་སོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་དང་སྡིག་ཅན་བཙན་ཐབས་སུ་འཕོ་བའི་གདམས་པ་དང་གསུམ་གྱི། དང་པོ་ལ། བུམ་དབང་གི་འཁྲིད། གསང་དབང་གི་འཁྲིད། ཤེར་དབང་གི་འཁྲིད། རིག་པའི་རྩལ་དབང་གི་འཁྲིད་དང་བཞིའི་དང་པོ་བུམ་དབང་གི་ལམ་སྣང་སྟོང་ལྷའི་བསྐྱེད་རིམ་གྱི་འཁྲིད་ལ། ཕྱི་ནང་བདེན་འཛིན་འཁྲུལ་པ་དག་བྱའི་ཕྱིར། །གསལ་སྟོང་སྒྱུ་འཕྲུལ་ལྷ་ཡི་བསྐྱེད་རིམ་བསྒོམ། །ཞེས་པ་ལྷར་སྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཨ་ཏི་ཡོ་ག་དང་གསུམ་ལས་དང་པོ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲི༔ ཞེས་པའི་སྟོང་ཉིད་ཀྱི་དོན་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཀ་དག་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས་དེ་ལྟར་མ་རྟོགས་པས་དོན་དམ་པར་མེད་བཞིན་དུ་མ་རིག་པའི་དབང་གིས་བདེན་པར་བཟུང་བས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་གདངས་འགག་མེད་དུ་ཤར་བ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་གདངས་དེའི་ངང་ནས་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་རང་གི་རིག་པ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལམ་གྱིས་ཤར་བ་ནི་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན། དེ་ལས་འོད་ཟེར་སྔོ་ལྗང་དཀར་སེར་དམར་པོ་རྣམས་ཀྱི་ཐིགས་པ་ཆད་པ་ལས་འབྱུང་བ་ལྔ་རིམ་བརྩེགས་སུ་བསྐྱེད། དེའི་སྟེང་དུ་བྷཱུཾ་ཡིག་ཆད་པ་ལས་འོག་གཞི་སྣ་(༡༠ན)
ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེ་ལྟེ་བ་གྲུ་བཞིའི་སྟེང་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དམར་དཀར་སེར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་ཕ་གུ་ཕྱེད་འབྱར་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། སྒྱུ་འཕྲུལ་དུ་འདོད་སྣམ་གྱི་ཁ་འགྲམ་ཕ་གུས་བསྐོར་བར་བཤད་པས་མཐའ་གཅིག་ཏུ་ངེས་པ་མེད་ཅིང་སྔ་མ་ལྟར་ན། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་གསེར་གྱི་སྤང་ལེབ་ཀྱི་ཁ་ནས་དྲ་བ་དང་དྲ་ཕྱེད་འཕྱང་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་པདྨའི་གདུང་བཞི་མིག་མངས་རིས་སུ་བྲིས་པ་གདུང་ཟླུམ་གྱིས་བསྐོར་བ་ཕྱེ་མ་སྣེ་ནང་མ་དང་ཕྱི་མ་གསེར་གྱི་སྐ་རགས་ལ་བཀལ་བའི་བྱ་འདབས་ལས་འཕྱང་བའི་མདའ་ཡབ་སྤྱི་བླུགས་ཁ་ཐུར་དུ་བསྟན་པའི་དབྱིབས་ཅན། དེའི་སྟེང་དུ་པུ་ཤུ་པདྨ་འདབ་མ་ཕྱེད་པའི་རྣམ་པས་བསྐོར་བར་གདུགས་དང་རྒྱལ་མཚན་ལ་སོགས་པས་སྤྲས་པ། དབུས་ཀྱི་རེའུ་མིག་གི་སྟེང་ནས་ཀ་ཆུང་གིས་བཏེག་པའི་རྒྱ་ཕུབས་རིན་པོ་ཆེའི་ཏོག་དང་བཅས་པ། སྔ་འགྱུར་གྱི་གཞུང་ལས། འདི་ཡན་མཆོད་རྟེན་གྱི་བུམ་པའི་དབྱིབས་འདོན་པའང་ཡོད། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བཞི་ལ་འཁོར་ལོ་རི་དྭགས་སོགས་ཡོད་པའི་བུམ་མགོ་ཅན་མཛད། རྩིག་པའི་འགྲམ་དུ་འདོད་སྣམ་ལ་མཆོད་ལྷ་གར་བྱེད་པ། ཕྱི་རོལ་ཏུ་རྡོ་རྭ་མེ་རི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། གཞལ་ཡས་ཁང་གི་ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ་འཁོར་ལོ་སེར་པོ་ལྟེ་བ་སྟོང་པ་རྩིབས་བཞི་སྦུབས་སྟང་ཅན་རྩིབས་ཀྱི་རྩ་བ་ལས་ཆ་ཕྲན་ཕྱེད་གསུམ་གྱིས་མཐོ་བའི་པདྨ་འདབ་མ་བཞི་པའི་ལྟེ་བའི་མདུན་ངོས་དང་ཕྱོགས་ཀྱི་འདབ་མ་བཞིར་ཟླ་གདན། ལྟེ་རྒྱབ་ཏུ་ཉི་མ་དང་བཾ། རྩིབས་བཞི་དང་སྒོ་བཞིར་(༡༠བ)
པད་ཉི་ཞིང་རྐྱང་གི་གདན་རེ་གསལ་གདབ། དབུས་ཀྱི་གདན་སྟེང་དུ་རྒྱུའི་ས་བོན་ཧྲཱིཿཡིག་བབས་པ་འོད་དུ་ཞུ་ནས་ལྟེ་བའི་གདན་གཉིས་ཀྱི་སྟེང་དུ་ཐིག་ལེ་ཡེ་ཤེས་ལྔའི་རང་གདངས་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་རེ་རེ་བསམ། འཁོར་རྣམས་ནི་དཔེར་ན་གཙོ་བོའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ལས་མི་བསྐྱོད་ཐུགས་རྗེ་ཆེན་པོ་དང་བྱམས་པ་ཚད་མེད་ལས་ཤར་གྱི་སྒོ་མ་གསལ་འདེབས་པས་ས་བོན་ཟུར་དུ་མི་དགོས། དེའང་གཙོ་འཁོར་རྣམས་ཀྱི་མངོན་རྟོགས་ལས་བྱང་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་སྟེ། རྟེན་བརྟེན་པ་རྣམས་ཀྱི་རྣམ་པ་སྤྱི་ལ་སེམས་འཛིན། བྱེ་བྲག་ཏུ་སེམས་འཛིན་པ་ནི། གཞལ་ཡས་ཁང་ལ་མཚོན་ན་རྩིག་པ་རིམ་པ་ལྔ་ལ་དམིགས་ཏེ། ཆེད་དུ་གསལ་བཏབ་ནས་རེག་མཐོང་གི་མཚན་མ་མ་བྱུང་གི་བར་དུ་བསྒོམ། དེ་བཞིན་དུ་ཕྱིའི་དུར་ཁྲོད་ནས་ནང་གི་གདན་གྱི་བར་ཐམས་ཅད་ལ་སེམས་འཛིན། བརྟེན་པ་ལྷ་ལའང་ཐུགས་རྗེ་ཆེན་པོའི་སྤྱན་གྱི་མཛོད་སྤུ་དང་རྟ་མགྲིན་གྱི་སྤྱན་དབུས་མ་ལ་སེམས་བཟུང་སྟེ་སྤྱན་གྱི་དཀར་ནག་ཚུན་མ་འདྲེས་པ་གསལ་འདེབས། རིམ་བཞིན་ཤངས་དང་སྙན་སོགས་སྐུའི་ཆ་ཤས་སོ་སོ་དང་རྒྱན་ཆ་ལུགས་ལ་བརྟག །དེ་ནས་སྒོ་མའི་བར་གྱི་འཁོར་རྣམས་ལའང་དམིགས་པ་སྤོ། དེའང་ལོ་ཟླར་སྦྲེལ་ཏེ་ཉམས་འཁྲིད་བྱར་ཡོད་ན་དམིགས་པ་ཤིན་ཏུ་ཞིབ་པར་ངོ་སྤྲོད་ཅིང་ཟླ་གྲངས་དང་ཞག་གྲངས་ལ་ཚར་དགོས་པའི་རིགས་ལ་གཙོ་བོའི་སེམས་འཛིན་རགས་པ་ཙམ་དང་གཞན་རྣམས་ལ་མདོར་བསྡུས་རིག་པས་དཔྱོད། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་དེ་ངའོ་སྙམ་པའི་ང་རྒྱལ་བརྟན་པོ་སོགས་ལ་སེམས་འཛིན་དུ་འཇུག །བཟླས་པའི་ཚེ་རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་(༡༡ན)
སྐྱབས་གནས་ཐམས་ཅད་མཆོད་ཅིང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྣམས་འོད་ཟེར་དམར་པོའི་རྣམ་པར་བསྡུས། བདག་གི་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་སྐུ་གསུམ་ཡེ་ཤེས་ལྔའི་དབང་ཐོབ་པར་བསམ། དེས་མཚོན་རང་ཉིད་ལྷ་སོ་སོའི་གསལ་སྣང་དང་ང་རྒྱལ་ལ་བརྟེན་ནས་དམིགས་པ་གོང་ལྟར་ཁ་སྤོ། བྱེ་བྲག་གི་དམིགས་པ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་བསྡུས་པའི་སྣང་མཛད་རིགས་ཀྱི་བདེར་གཤེགས་རྣམས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་རང་ལ་ཐིམ་པས་ཉོན་མོངས་པ་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ཏེ་མེ་ལོང་ཡེ་ཤེས་མངོན་དུ་བྱེད། དེ་བཞིན་དུ་མི་བསྐྱོད་པའི་ང་རྒྱལ་བཟུང་ནས་མི་བསྐྱོད་རིགས་ཀྱི་འོད་ཟེར་ཐིམ་པས་ཞེ་སྡང་སྦྱང་བ་སོགས་རིགས་འགྲེ། ཡང་འོད་ཟེར་དཀར་པོ་འཕྲོས། ནད་གདོན་སྡིག་སྒྲིབ་སྦྱང་བ་སོགས་ལས་བཞིའི་དམིགས་པ་སོ་སོར་སྤོའོ། །དེ་ལྟར་ཉམས་སུ་བླངས་པས་དངོས་གྲུབ་ཡིད་བཞིན་དུ་འགྲུབ་ཅིང་ཞི་སོགས་ཀྱི་ལས་རྣམས་ཐོགས་པ་མེད་པར་བྱིན་ནོ། །གཉིས་པ་ལུང་ཨ་ནུ་ཡོ་ག་ལ་སྟོང་པ་དེ་བཞིན་ཉིད་ཀྱི་གདངས་སྙིང་རྗེ་ཀུན་སྣང་གི་རྒྱུ་ལས་སྲུང་འཁོར་གྱི་དབུས་སུ་རང་ཉིད་འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་དུ་གསལ་བའི་ཡབ་ཡུམ་གྱི་སྐུ་ཕྲུ་མ་ཕུས་བཏབ་པ་འཇའ་དམར་གྱི་གུར་ལྟ་བུའི་ནང་དུ་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ་སྟེ་ཁྱད་ཆོས་བཞི་ལྡན། ལུས་ཀྱི་སྲོག་ཤིང་ལྟར་གནས་པའི་སྙིང་ག་དང་སྤྱི་བོ་གཉིས་སུ་རྩ་འདབ་བརྒྱད་པ་གདུགས་ཀྱི་རྩིབ་མའི་དབྱིབས་ཅན་རེ་རེ་བསམ། དེའི་རྒྱུ་མཚན་དཔེར་ན་ཙན་དན་གྱི་དྲི་སྡོང་པོ་ཀུན་ལ་ཁྱབ་ཀྱང་རྩ་བར་བཟང་ཞིང་ཁྲག་ལུས་བྱིངས་ལ་ཁྱབ་ཀྱང་རྩ་ཆེན་རྣམས་ནས་ལྷག་པར་འབབ་པ་དང་འདྲ་བས་(༡༡བ)
འཁོར་ལོ་གཉིས་ཀྱི་གནད་གཅུན་པའི་ཟབ་གནད་འདི་རྫོགས་ཆེན་པ་རྣམས་ཀྱི་མན་ངག་གོ །སྙིང་གའི་རྩ་འཁོར་གྱི་ལྟེ་བར་པདྨ་ཉི་ཟླའི་གདན་ལ་འཁོར་བ་དབྱིངས་སྒྲོལ་ཡབ་ཡུམ་རིགས་བདག་འོད་དཔག་མེད་དང་བཅས་པ་ཕྱོགས་ཀྱི་རྩ་འདབ་བཞིར་རིགས་བཞི་ཡུམ་བཅས། དེ་སོ་སོའི་རྒྱབ་ཙམ་ དུ་སྒོ་མ་ཌཱ་ཀི་བཞི་ཞི་བ་གཡས་ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུ་འཛིན་ཅིང་གཡོན ་སྡིགས་མཛུབ་མཛད་པ་རིན་པོ་ཆེའི་རྒྱན་ལྡན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་མཚམས་ཀྱི་རྩ་ནང་གཞི་ཡེ་ཤེས་ལྔའི་འོད་ཟེར་གྱི་དྲ་བས་འབྲེལ་བར་བསྒོམ། གཙོ་བོའི་ཐུགས་ལས་འཕྲོས་པའི་འོད་ཟེར་དབུ་མའི་ལམ་བརྒྱུད་དེ་སྤྱི་བོར་སླེབས་པར་བརྟེན་དུང་ཁང་གི་རྩ་འཁོར་དབུས་སུ་ཟླ་གམ་དམར་པོར་པད་ཉི་བདུད་བཞི་བསྣོལ་བའི་སྟེང་དུ་རྟ་མགྲིན་ཡབ་ཡུམ། ཕྱོགས་ཀྱི་རྩ་འདབ་བཞིར་དབང་ཆེན་རིགས་བཞི། སོ་སོའི་རྒྱུ་བ་ཙམ་དུ་སྒོ་བ་གིང་ཆེན་སྡེ་བཞི་གཡས་ཐོད་ཁྲག་འཛིན་ཅིང་ གཡོན་སྡིགས་མཛུབ་མཛད་པ་རྣམས་གསལ་གདབ། ཡུམ་གྱི་སྐུའི་ནང་དུ ་དབུ་མ་འཁོར་ལོ་གཉིས་དང་བཅས་པ་འཇའ་ཚོན་རྣམ་པ་སྟེ་འབྲས་བུ་སྐུ་དང་ཡེ་ཤེས་རྣམ་པར་དག་པ་ཡབ་ཡུམ་ལུས་ཀྱི་དཀྱིལ་འཁོར། རང་གི་སྙིང་དབུས་ཀྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿལས་འཕྲོས་པའི་འོད་ཟེར་དམར་པོ་དབུ་མའི་ལམ་བརྒྱུད་དེ་དུང་ཁང་འཁོར་ལོའི་རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ། དེ་ལས་ཕྱོགས་བཅུར་འཕྲོས་པའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་སྤྱན་དྲངས། འོད་ཀྱི་རྣམ་པར་རང་གི་ཞལ་དུ་ཞུགས། སྙིང་གའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཐིམ་པ་ལས་བདུད་རྩིའི་རྒྱུན་བབས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ་སྐུ་གང་། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་པ་དོ་ལིའི་བཟླས་པ། ཅི་རིགས་པའི་མཐར་གཙོ་བོ་ཞལ་ནས་འོད་དང་བདུད་རྩི་འཕྲོས་པ་མི་བསྐྱོད་པའི་ཞལ་དུ་ཞུགས། (༡༢ན)
ཐུགས་ཀར་ཐིམ་པའི་བདུད་རྩི་ཡུམ་གྱི་མཁར་སྤྲོ་བསྡུ། དོ་ལི་སོགས་སྦྱོར་བ་རིགས་གཞན་རྣམས་ལའང་འགྲེ། དེ་ནས་མི་བསྐྱོད་པའི་ཐུགས་ཀ་ནས་འོད་དང་བདུད་རྩིའི་རྒྱུན་བབས་པ་ཤར་གྱི་སྒོ་མའི་ཞལ་དུ་ཞུགས་སྐུའི་ནང་གང་། དེ་ལས་འཕྲོས་པའི་བདུད་རྩིས་ཀྱང་མཚམས་ཀྱི་ཤར་ལྷོའི་རྩ་འདབ་གང་བ་སོགས་གཞན་གསུམ་ལའང་སྦྱར། ཡང་གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དབུ་མའི་ལམ་བརྒྱུད། རྟ་མགྲིན་གྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་སྲས་བཅས་སྤྱན་དྲངས། འོད་ཟེར་གྱི་རྣམ་པ་རང་གི་ཞལ་ནས་ཡར་ཞུགས། སྤྱི་བོའི་རྟ་མགྲིན་གྱི་ཐུགས་ཀར་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་འཁོར་ལུགས་ཞི་བའི་གཙོ་བོ་དང་མཚུངས། གཙོ་བོ་ལས་འོད་ཟེར་སྤྲོས་ཏེ་བཛྲ་ཧེ་རུ་ཀའི་ཞལ་དུ་ཞུགས་པ་སོགས་རྟ་མགྲིན་ཇི་ལྟ་བ་ནས་མཚམས་ཀྱི་རྩ་འཁོར་བདུད་རྩིས་གང་བའི་བར་སྙིང་ག་དང་འདྲ། དེ་ནས་སྙིང་ག་དང་སྤྱི་བོའི་ལྷ་ལས་བབས་པའི་བདུད་རྩིས་དབུ་མའི་ནང་ཀུན་གང་། དེ་ནས་ཕྱི་དཀྱིལ་གྱི་ཡབ་ཀྱི་སྐུའི་ནང་གང་། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས། སྐུ་གང་བས་དབུ་མ་དང་འཁོར་ལོ་གཉིས་འོད་ཟེར་བཀྲག་མདངས་དང་ལྡན་པར་བསམ། དེ་ནས་ཡུམ་གྱི་ཞལ་ནས་རླུང་གི་གདངས་ཨཱོཾ་ཡིག་གི་རྣམ་པ་ཅན་ཐོན། ཡབ་ཀྱི་ཞལ་དུ་ཞུགས་ཏེ་སྙིང་གར་ཨཱའི་རྣམ་པར་གནས། རྡོ་རྗེའི་ལམ་ནས་ཧཱུཾ་གི་རྣམ་པར་ཐོན་ཏེ་ཡུམ་གྱི་པདྨར་ཞུགས་ནས་ཁོར་མོ་ཡུག་ཏུ་རླུང་རྡོ་རྗེའི་བཟླས་པ་བྱའོ། །དེ་ལྟར་ཉམས་སུ་བླངས་པས་རྩ་ཁམས་བྱིན་གྱིས་བརླབས་ནས་རླུང་དབུ་མར་འཇུག་པའི་འགོ་བརྩམས་ཏེ་བདེ་སྟོང་གི་ཡེ་ཤེས་སྐྱེ་བ་སོགས་དངོས་གྲུབ་མཐའ་ཀླས་པ་འགྲུབ་བོ། །གསུམ་པ་རྫོགས་པ་ཨ་ཏི་ཡོ་ག་ནི། རང་སེམས་(༡༢བ)
སྐྱེ་མེད་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། རང་གདངས་འགགས་པ་མེད་པ་ཀུན་སྣང་གི་ཏིང་ངེ་འཛིན། དེ་ཉིད་ཟུང་དུ་འཇུག་པ་རྒྱུའི་ཏིང་ངེ་འཛིན་ཏེ་ཡོ་ག་སྔ་མ་གཉིས་ལྟར་རིམ་བཞིན་བསྐྱེད་མི་དགོས་པར་སྐུ་གསུམ་གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པས་རྡོས་བཅས་འབྱུང་བ་ལྔ་རང་སར་དག་པའི་ཡོན་ཏན་དེ་ག་ལྷུན་གྲུབ་རྟེན་གཞལ་ཡས་ཁང་དང་རིག་པ་རང་བྱུང་རང་ཤར་བ་ཞི་བ་དང་དེའི་རྩལ་འགག་པ་མེད་པ་ཁྲོ་བོ། །སྒྲ་གྲག་སྟོང་དུ་བསྒྲག་པ་བཟླས་པ། འཁོར་འདས་ཀུན་རང་ཤར་རང་གྲོལ་བདེ་ཆེན་དུ་ལྷུན་གྱིས་གྲུབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ལ་རྫོགས་ཏེ་རང་སེམས་ལས་གཞན་དུ་རྟེན་བརྟེན་པ་ཀུན་གང་དུའང་མ་གྲུབ་པས་གཞལ་ཡས་ཁང་དང་ལྷ་ཐམས་ཅད་སེམས་ཀྱི་རོལ་པར་ངེས་པ་རྙེད་པ་ལམ་འདིའི་གཙོ་བོ་ཡིན་པས་ཉམས་སུ་བླང་ཞིང་ཕྱི་རྡུལ་ཚོན་ལྟ་བུ་ལ་བརྟེན་པའི་དཀྱིལ་འཁོར་ནི་སེམས་ཀྱིས་ཆེད་དུ་བཏགས་པའི་བཅོས་མའི་དཀྱིལ་འཁོར་ཡིན་ལ། དེ་ལས་ནང་ཕུང་ཁམས་སྐྱེ་མཆེད་རྟེན་བརྟེན་པའི་སྒྲུབ་གཞི་རང་བྱུང་གི་དཀྱིལ་འཁོར་བག་ལ་ཉལ་བ་སེམས་ཀྱིས་ཆེད་དུ་གསལ་བའི་དཀྱིལ་འཁོར་ཟབ། དེ་ལས་མ་བཅོས་ལྷུན་གྲུབ་རིག་པ་རང་བྱུང་གི་དཀྱིལ་འཁོར་འདུས་མ་བྱས་པ་དེ་ཉིད་ཆེས་ཟབ་པས་ཡོ་ག་གཞན་གཉིས་ལའང་འདིས་རྩིས་ཟིན་པ་གནད་དུ་ཆེ་བ་སྔོན་གྱི་སྔགས་འཆང་རལ་པ་ཅན་རྣམས་ཀྱི་ཐུགས་དམ་གྱི་སྙིང་པོ་ཡིན་པས་རྙིང་གསར་པ་རྣམས་དགོངས་འཚལ་ལོ། །གཉིས་པ་གསང་དབང་གི་འཁྲིད་ནི། ལུས་སྣང་བག་ཆགས་རགས་པ་དག་གྱུར་ནས། །གསང་བའི་དབང་བསྐུར་རྩ་རླུང་མན་ངག་བསྒོམ། །ཞེས་པ་ལྟར་གནས་དབེན་པར་སྐྱབས་སེམས་སྔོན་དུ་འགྲོ་བས་སྟན་བདེ་བར་ཙོག་པུར་རྐང་པ་གཉིས་བསྣོལ། ལག་པ་གཉིས་མཉམ་གཞག་ལྟེ་འོག་ཏུ་བཅའ། སྒལ་ཚིགས་དྲང་བར་བསྲང་། མགྲིན་པ་(༡༣ན)
ཅུང་ཟད་བཀུག །དཔུང་པ་གཉིས་ཕྱིར་བརྒྱང་། ལུས་ཀྱི་ཆ་བསྒྲིམ། མིག་གཉིས་སྣ་རྩེར་ཕབ། རླུང་རོ་ གཡོན་ནས་དལ་བུས་རྒྱང་གིས་འབུད། དེ་བཞིན་དུ ་གཡས་དང་དབུས། ཡང་གཡས་སོགས་གོང་ལྟར་ལ་དྲག་པ་གསུམ། ཡང་ཤིན་ཏུ་དྲག་པ་གསུམ་འབུད། མཐར་མཆིལ་མ་ཞིག་མིད་པ་དང་མཉམ་དུ་སྟེང་རླུང་ཆིར་གྱིས་མནན། འོག་སྒོ་འབྱེད་འཛུམ་ཅུང་ཟད་དང་བཅས་བསྡམ་ཡང་ཡར་འཐེན་དྲག་པ་མི་མཛད། རླུང་གང་ཐུབ་ཀྱི་བར་བཟུང་ནས་མཐར་སྣ་རྩེའི་སྤུ་མི་འགུལ་བའི་ཚུལ་གྱིས་གཏོང་། དེ་འདྲ་ཁ་ཡར་བྱས་པའི་རྗེས་སུ་ལུས་སྟོང་སང་ལྟ་བུར་བསམས་པའི་ངང་ནས་ཆུ་ལས་ཉ་འཕར་བ་ལྟར་རང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་སྐུ་སྟོང་རའི་དབུས་ན་རྩ་དབུ་མ་ཁྱད་ཆོས་བཞི་ལྡན་ཡར་སྣ་ཚངས་བུག་དང་མར་སྣ་རྡོ་རྗེའི་རྩ་བར་ཟུག་པ་སྦ་ལྕག་འབྲིང་པོ་ཙམ་པའི་ཚད་ཀྱི་གཡས་སུ་རོ་མ་དམར་པོ། གཡོན་དུ ་རྐྱང་མ་དཀར་བ་ལ་དམར་ཤར་རེ་བའི་མདངས་ཅན་མདའ་སྨྱུག་ཕྲ་ཤོས་ཙམ་པ་ལྟེ་འོག་ནས་གྱེས་ཏེ་འཁོར་ལོ་རྣམས་ལ་འཁྱུད་དེ་ཀླད་རྒྱའི་ཐད་ཀྱི་སྟེང་ནས་སྨིན་མཚམས་སུ་གུག་པ་སྣ་བུག་གཉིས་པོའི་ནང་དུ་ཟུག་པ། མར་སྣ་དབུ་མའི་ནང་དུ་གུག་པ་ཆའི་དབྱིབས་ཅན། གསང་གནས་བདེ་བའི་འཁོར་ལོ་རྩ་འདབ་ཉི་ཤུ་རྩ་བརྒྱད། ལྟེ་བ་སྐྱེད་བྱེད་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་དྲན་པའི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པ་རོ་འདུས་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོ་རྩེ་མོ་རྣམ་བཀོད་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ། འདབ་མ་རྣམས་གདུགས་ཀྱི་རྩིབ་མ་བཞིན་ཕུབ་པའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་རིན་འབྱུང་ཡབ་ཡུམ་གསལ་བཏབ། དེའི་རྩ་དབུ་མའི་ཡར་སྣར་ཧཾ་དཀར་པོ་ཆུའི་རང་བཞིན་མགོ་བོ་ཐུར་དུ་བསྟན་པ། རང་ཉིད་ཀྱི་(༡༣བ)
གསང་བའི་རྩ་མདུད་དབུས་སུ་ཨ་ཐུང་ཤད་ཀྱི་རྣམ་པ་དྲོད་ཀྱི་རང་བཞིན་དམར་ཧུར་རེ་བ་ཞིག་གསལ་གདབ། རླུང་འཇམ་པོར་སྣ་བུག་གཉིས་ནས་ནང་དུ་རྔུབས། རོ་རྐྱང་གཉིས་ནས་ཐུར་དུ་ཕྱིན་ཏེ་དབུ་མའི་ནང་དུ་ཞུགས་པས་སོལ་མེ་ལ་ཕུས་བཏབ་པ་བཞིན་ཨ་ཤད་ལ་ཕོག་པས་དྲོད་ཇེ་ཆེ་དང་མདོག་ཇེ་དམར་ལ་སོང་བའི་ངང་ནས་མར་མེ་འབྲིང་པོ་ཙམ་ཞིག་ཏལ་གྱིས་འབར་བའི་རྩེ་མོ་རྟ་རྔ་བརྒྱ་གཤགས་ཀྱི་ཚད་ཙམ་པ་ཞིག་ལྟེ་བའི་རིན་འབྱུང་གི་གསང་གནས་ནས་རྩ་ལམ་བརྒྱུད་དེ་སྤྱི་བོའི་ཧཾ་ལ་ཕོག་པས་མར་ལ་ལྕགས་བསྲེགས་བཞིན་ལྟེམ་གྱིས་ཞུ། དེས་རྐྱེན་བྱས་ནས་ཡབ་ཡུམ་གཉིས་ཀྱི་ཐུགས་རྒྱུད་ལ་བདེ་ཆེན་སྐྱེས་ཏེ་སྦྱོར་བ་མཛད་པས་བྱང་ཆུབ་ཀྱི་སེམས་ཐམས་ཅད་རྩ་ལམ་བརྒྱུད་དེ་སྤྱི་བོ་ཧཾ་ལ་ཐིམ། དེ་ནས་འོ་རྐྱལ་ལ་ལྕགས་ཐུར་བསྣུན་པ་ལྟར་ཧཾ་ལས་བྱང་སེམས་བབས་པ་སྐྲ་ཤད་འཛིངས་བཞིན་པའི་ངང་ནས་ཡབ་ཡུམ་གཉིས་ཀྱི་སྐུ་གང་། དེ་ནས་ཕྱིར་ཐོན་ཏེ་དབུ་མའི་ལམ་བརྒྱུད་ནས་རང་གི་གསང་བའི་རྩ་མདུད་ཀྱི་བར་བྱང་སེམས་ཀྱིས་གང་བར་བསམས་ཤིང་བུམ་པ་ཅན་ཅི་ནུས་སུ་བསྒོམ། རླུང་མི་ཐུབ་པར་ཉེ་བ་ན་ཅུང་ཟད་རྔུབས་ནས་འཛིན་ཅིང་། དེ་རྗེས་སྣ་བུག་གཉིས་ནས་དལ་བུར་གཏོང་བའི་ཚེ་དམིགས་པ་རླུང་དབུ་མར་ཞུགས་ཏེ་ཚངས་བུག་ནས་སྔོ་སངས་ཀྱིས་སོང་བར་བསམ། དེ་ལྟར་ཞག་གྲངས་ཅི་ནུས་སུ་ནན་ཏན་བསྒོམས་པས་དྲོད་དང་བདེ་བ་ཆེར་སྐྱེ་ཞིང་དེ་ལ་བརྟེན་ནས་དངས་མ་འཆོར་བའི་ཉེན་བྱུང་ན་ཨ་ཤད་ལྟེ་བར་སྤོ། །སྙིང་གར་མི་བསྐྱོད་པ་ཡབ་ཡུམ་གསལ་བཏབ་སྟེ་སྒོམ་ལུགས་སྔར་ལྟར་བྱས་པས་གཏུམ་མོའི་མེ་ཧཾ་འཕོག་པ་སོགས་གོང་བཞིན་ལ། བྱང་སེམས་ཀྱིས་དབུ་མ་བརྒྱུད་དེ་ལྟེ་བའི་རྩ་འཁོར་གང་ནས་བདེ་དྲོད་མ་སྐྱེས་བར་བསྒོམ། ཡང་ཨ་ཤད་སྙིང་ག་དང་མགྲིན་པར་འོད་དཔག་མེད་གསལ་བཏབ་སྟེ་མེ་སྦར་བས་སྙིང་གའི་བདེ་དྲོད་སྐྱེ། ཨ་(༡༤ན)
ཤད་མགྲིན་པ་དང་སྤྱི་བོར་སྣང་མཛད་གསལ་བའི་འབར་འཛག་གི་མཐར་ཡར་ལུད་པས་སྤྱི་བོ་ཡང་གང་བས་མགྲིན་པ་དང་སྤྱི་བོའི་བདེ་དྲོད་སྐྱེ་བ་སོགས་མ་བྱུང་གི་བར་ཉམས་སུ་བསྟར་རོ། །དེ་ལྟར་བསྒོམས་པས་དབུ་མ་ཁ་བྱེ་ནས་རྩ་བདུད་ཕལ་ཆེར་གྲོལ་དངས་མ་རྒྱས་པས་བདེ་སྟོང་གི་ཡེ་ཤེས་གོང་དུ་འཕེལ། ཐུན་མོང་གི་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཅིང་འཆི་མེད་ཚེའི་རིགས་འཛིན་ལ་མངའ་བརྙེས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་འཁྲིད་ལ། རང་ལུས་ཐབས་ལྡན་ནི། བདེ་དྲོད་ཐོབ་ནས་ཤེས་རབ་ཡེ་ཤེས་དབང་། །རྫོགས་པར་བསྐུར་ཞིང་དགའ་བཞིའི་མན་ངག་བསྟན། །ཅེས་པ་ལྟར་གནས་ཤིན་ཏུ་དབེན་པར་སྐྱབས་སེམས་སྔོན་དུ་བཏང་། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཨ་ཝ་དྷུ་ཏིའི་ཡར་སྣར་ཧཾ་ཡིག་དང་མདུན་དུ་ཡིད་ཀྱིས་སྤྲུལ་པའི་གཟུང་མ་མཛེས་ཤིང་ཡིད་དུ་འོང་བ་བྷ་ག་དང་ནུ་མ་མངོན་པར་རྒྱས་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞིག་གསལ་གདབ། དེ་ཉིད་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མར་བསྒོམ། ཡབ་ཡུམ་གཉིས་ཀྱི་མཁའ་གསང་སྤྱི་ལྟར་བྱིན་གྱིས་བརླབ་པ་ནི་བསྙེན་པ། འཁྱུད་པ་དང་ཙུམྦ་སྣ་ཚོགས་དང་བཅས་ཏེ་མཉམ་པར་སྦྱོར་བ་ནི་ཉེ་བསྙེན། དེ་ནས་བསྲུབ་ཅིང་སྦྱོར་བ་ལ་བརྟེན་ནས་ལྟེ་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཞུ་བའི་བྱང་སེམས་མགྲིན་པར་སླེབས་པས་དགའ་བའི་ཡེ་ཤེས་ཉམས་སུ་མ་མྱོང་གི་བར་དུ་བསྒོམ། དེ་བཞིན་དུ་སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་གནས་སུ་ལྷན་ཅིག་སྐྱེས་དགའི་བར་བསྒོམ་ཞིང་རླུང་འཛིན་པ་ནི་སྒྲུབ་པ། སླར་ཡང་རླུང་གིས་བསྐུལ་ནས་གྱེན་དུ་ལྡོག་སྟེ་ལྟེ་བར་སླེབས་པས་རྒྱུ་མཐུན་གྱི་དགའ་བ། སྙིང་གར་རྣམ་སྨིན། མགྲིན་པར་སྐྱེས་བུ་ཕྱེད། སྤྱི་བོར་དྲི་བྲལ་འབྲས་(༡༤བ)
བུའི་དགའ་བ་རྣམས་ཉམས་སུ་མྱོང་། དེའང་ཐོག་མའི་སྐབས་སུ་རླུང་དང་དམིགས་པ་ཙམ་གྱིས་ཆོག་ཀྱང་བདེ་བ་ཆེར་སྐྱེས་ན་ལྟོ་བ་རི་རབ་ལ་སྦྱར། སོར་མོ་བསྐུམ། ལྕེ་རྩེ་རྐན་ལ་སྦྱར། ཉི་ཟླ་གྱེན་ལ་ལྡོག །ཧཱུཾ་རིང་དང་བཅས་ཏེ་བྱང་སེམས་ཡར་འདྲེན། །དུད་འགྲོའི་སྤྲུག་སྟངས་ཀྱིས་དགྲམ་པར་བྱ་བ་ནི་སྒྲུབ་པ་ཆེན་པོའོ། །རྩ་མདུད་རྫོགས་པར་འགྲོལ་ཕྱིར་གཞན་ལུས་ཐབས་ལྡན་ལ་བརྟེན་ནས་ལས་ལ་སྦྱོར་བ་དངོས་ནི། བདེ་སྟོང་ཏིང་འཛིན་ལས་སུ་རུང་གྱུར་ནས། །ཀརྨ་མུ་དྲའི་བོགས་འབྱིན་རྩལ་སྦྱོང་བྱ། །ཞེས་པ་ལྟར་ཉམས་སུ་བླང་བ་དེང་སང་མཁོ་ཆུང་བས་མ་བྲིས་ཤིང་སྤྲོ་ན་ཤེར་དབང་གི་སྐབས་སུ་ཅུང་ཟད་བསྟན་ཅིང་རྒྱས་པར་ཀློང་གསལ་དང་ཟབ་རྒྱ་སོགས་རྫོགས་ཆེན་གྱི་གཞུང་གཞན་དག་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །བཞི་པ་རིག་པའི་རྩལ་དབང་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་སྔོན་འགྲོ་ལ། བཞི་པའི་དབང་བསྐུར་འཁོར་འདས་རུ་ཤན་དབྱེ། །རྩལ་སྦྱང་རྒྱས་གདབ་མཉེན་བཙལ་ལམ་གཞུག་དང་། །བྱུང་གནས་འགྲོ་གསུམ་མཚང་བཙལ་རྣལ་དབབ་ཅིང་། །མངོན་འགྲོའི་ཡན་ལག་མ་ལུས་རྫོགས་པར་བྱ། །ཞེས་པ་ལྟར་ལ་འཁྲིད་གཞུང་དུ་མདོར་བསྡུས་ཙམ་ལས་མ་གསུངས་པ་འདིར་ཉམས་ལེན་འཁྱེར་བདེ་བའི་ཆེད་དུ་ཅུང་ཟད་སྤྲོས་ན་རུ་ཤན་དབྱེ་བ། སྒྲིབ་པ་སྦྱང་བ། སྔོན་དུ་འགྲོ་བ། རྣལ་དུ་དབབ་པ་དང་བཞིའི། དང་པོ་རུ་ཤན་དབྱེ་བ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ལ། གནས་དབེན་པར་འགྲོ་བ་རིགས་དྲུག་གི་སྤྱོད་ཚུལ་ཚ་དམྱལ་ལ་མེ་མདག་བཤོ་བ་དང་གྲང་དམྱལ་ལ་ཆུར་འཇུག་པ། ཡི་དྭགས་ལ་ཟས་སྐོམ་གཅོད་པ། དུད་འགྲོ་ལ་ཐེག་པར་དཀའ་བ་བསྐུར་བ། མི་ལ་ཞིང་ལས་དང་མཁར་བརྩིག་པ་(༡༥ན)
ལྷ་མིན་ལ་གཡུལ་སྤྲོད་པ། ལྷ་ལ་པི་ཝཾ་བརྡུང་བ་ལྟ་བུས་མཚོན་པ་མཛད་སྲོལ་ཡོད་མོད། འཇུག་པ་བདེ་བར་འདོད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ངག་ཡིད་དང་འཁོར་བ་རུ་ཤན་ཕྱེ་ལ་ཕྱིས་འཁོར་བར་མི་ལྡོག་སྙམ་དུ་སེམས་བསྐྱེད། དམྱལ་བའི་ལུས་ཀྱི་སྐབས་གནས་དེར་དངོས་སུ་སྐྱེས་པར་བསྒོམས་ནས། འཁུམས་པ། རེངས་པ། འགྲེ་ལྡོག །འཕྲ་གཤག །སོ་ཐམ་པ། འདར་བ་རྣམས་དངོས་སུ་བྱ། དེ་ནས་མི་བསྐྱོད་ཐུགས་རྗེ་ཆེན་པོ་དང་དབང་ཆེན་བཛྲ་ཧེ་རུ་ཀ་སོགས་ཞི་ཁྲོའི་བཞུགས་སྟངས་སྣ་ཚོགས་བྱེད་ཅིང་མཐར་རྡོ་རྗེའི་འདུག་སྟངས་ལག་པ་གཉིས་སྤྱི་བོར་ཐལ་མོ་བརྐྱང་སྦྱར། རྐང་པའི་མཐིལ་གཉིས་སྤྲད། ཉྭ་བཞི་བསྒྲིམ། སྒལ་ཚིགས་ཐད་ཀར་བསྲང་། ལྟག་རྩ་དྲང་པོར་འཐེན། མིག་བར་སྣང་ལ་ཧ་རེ་བལྟས་པའི་ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ། མར་རྩེ་གསུམ་སྐུ་གསུམ་མཚོན་ཕྱིར་རྡོ་རྗེ་རྩེ་གསུམ་པའི་དབྱིབས་འབྱུང་བ་དང་སྒོམ་དོན་ཁ་དོག་དཀར་པོ་དང་རྩ་ལྔ་པར་བསླབ། དེ་ནས་དམྱལ་བའི་ལུས་བླངས་པར་སྡུག་བསྔལ། ད་ལྟའི་བདེ་བ། སངས་རྒྱས་ཀྱི་སྐུའི་བཞུགས་སྟངས་རྣམས་ལ་གཉིས་འཛིན་གྱི་རེ་དོགས་དགག་སྒྲུབ་སོགས་ཨེ་འདུག་རྗེས་ཤེས་རང་གི་རྒྱུད་ལ་བཀལ་ནས་བལྟས་ཏེ་སྔོན་ཆད་མ་རིག་པའི་དབང་གིས་དེ་ལྟར་མྱོང་ཡང་རིག་པ་ནི་སངས་རྒྱས་ཀྱི་ཐུགས་དང་དབྱེར་མེད་ཡིན་པས། ད་ཕྱིན་ཆད་དམྱལ་བར་སྐྱེ་འགྱུར་གྱི་སྦྱང་གཞི་ཞི་ཁྲོའི་བཞུགས་སྟངས་ཀྱིས་སྦྱངས་པས་སླད་ནས་དམྱལ་བའི་ལུས་ཀྱི་འབྲེལ་ཐག་གཅོད་སྙམ་དུ་བསམ་ཞིང་གོམས་པའི་དབང་གིས་ལུས་ལ་ཆགས་ཞེན་ཚ་གྲང་གི་སྡུག་བསྔལ་མེད་པའི་རྣམ་པ་ཤར་ན་རུ་ཤན་ཕྱེད་པ་ཡིན་པས་གདེངས་ཚད་མ་རྙེད་ཀྱི་བར་དུ་(༡༥བ)
བསྒོམ། གཉིས་པ་ངག་རུ་ཤན་དབྱེ་བ་ནི། ཨ་ཚ། ཨཱ་ན། ཀྱེ་ཧུད། ཨ་ཆུ། ངུ་བ་སོགས་སྨྲེ་སྔགས་སྣ་ཚོགས་བྱ། དེ་ནས་ཞི་བའི་གསུང་དབྱངས་དྲུག་ཅུ། ཁྲོ་བོའི་གད་མོ་བཅོ་བརྒྱད། ཧཱུཾ་རིང་ཐུང་གི་སྣང་གླུ་དང་ཕགས་སོགས་མང་དུ་བརྗོད། རྗེས་ཤེས་ལྟ་ལུགས་སོགས་གོང་ལྟར་ལ་ངག་ལ་ཉམ་ཐག་པའི་གདངས་ཡོད་མེད་བརྟག །གསུམ་པ་སེམས་རུ་ཤན་དབྱེ་བ་ནི། གཤག་ཅིང་གཏུབ་པ། འཚོད་པ། རྩ་རྒྱུས་རྣམས་ཚིག་ནས་འཁུམས་ཤིང་དབང་པོའི་སྒོ་རྣམས་ནས་མེ་འབར་བ། ཆུ་ཝུར་རྡོལ་བ། རྣག་ཁྲག་འཛག་པ། པདྨ་ལྟར་གས་པ་སོགས་ལ་ནན་ཏན་དུ་བསམ། དེ་རྗེས་བདེ་གསལ་མི་རྟོག་པ་ལྟ་བུ་ཏིང་ངེ་འཛིན་གྱི་ངང་དུ་འཇོག །རྗེས་ཤེས་སྔར་བཞིན་བལྟས་ནས་སེམས་ལ་ཉམ་ང་བའི་འཇིགས་སྐྲག་ཨེ་འདུག་བརྟག །ཡི་དྭགས་ལ་གསུམ་གྱི་ལུས་ཀྱི་ཚེ་ཁྲག་དང་བཤང་གཅི་སོགས་ཡི་གར་མི་འོང་བའི་ཟས་ཟ་བའི་སྟང་ཀ །རིན་འབྱུང་ཞི་ཁྲོ། རྡོ་རྗེ་སེར་པོ། མཇུག་ལུས་ལ་བཀྲེས་སྐོམ་ཡོད་མེད་ལྟ་བ་ཙམ་མ་གཏོགས་གོང་དང་འདྲ། ངག་ལ་བཀྲེས་སོ་སྐོམ་མོ་སོགས་བསྒྱུར། མཇུག་དག་ལ་བཀྲེས་ཉམས། ཡིད་ལ་ཟས་སྐོམ་མ་རྙེད་པར་ལྟོགས་པ། གཞན་གྱིས་བསྲུངས་པ། རྙེད་ཀྱང་ཟར་མི་བཏུབ་པ་ལྟ་བུའོ། །མཇུག་ཡིད་ལ་བཀྲེས་ཉམས། བྱོལ་སོང་ལ་གསུམ་གྱི་ལུས་ལ་སྒུར་པོར་འགྲོ་བ་སོགས། སྣང་མཛད་ཞི་ཁྲོ། རྡོ་རྗེ་མཐིང་ཁ། མཇུག་ལུས་ལ་ངལ་དུབ་ཨེ་འདུག །ངག་ལ་རྟ་གཡག་བྱ་ཁྱི་སོགས་ཀྱི་སྐད་སྣ་ཚོགས། མཇུག་ངག་ལ་སྨྲ་མི་ཤེས་པའི་ཉམས། ཡིད་ལ་ཆང་དགག་གི་སྦང་མ་ལྟར་གཡོ་འགུལ་མི་ནུས་པ། གསོད་སྤྱོད། རྡེག་བཀོལ། མཇུག་དུབ་ཉམས། མི་(༡༦ན)
ལ་གསུམ་གྱི་ལུས་ཀྱི་ཚེ་ལོགས་རྒྱག་པ་སོགས། སྣང་མཐའ་ཞི་ཁྲོ། རྡོ་རྗེ་དམར་པོ། མཇུག་ལུས་ལ་བདེ་སྡུག །ངག་ལ་སོ་ནམ་ཁེ་སྤོགས་སོགས་ཀྱི་གཏམ་སྣ་ཚོགས། །མཇུག་དགའ་སྡུག་བརྗོད་པའི་ཉམས། ཡིད་ལ་སྐྱེ་རྒ་ན་འཆི་སོགས། མཇུག་བདེ་སྡུག་སྤེལ་མའི་ཉམས། ལྷ་མིན་ལ་གསུམ་གྱི་ལུས་ཀྱི་ཚེ་གཡུལ་སྤྲོད་པ་སོགས། དོན་གྲུབ་ཞི་ཁྲོ། རྡོ་རྗེ་ལྗང་གུ། མཇུག་ལུས་ལ་རྨས་པའི་ཟུག་རྔུའི་ཉམས། ངག་ལ་རྒྱོབ་གསོད་དང་ཟུར་ཆག་གི་སྐད་སོགས། མཇུག་ཞེ་སྡང་གི་མཐུས་ང་རོའི་ཉམས། ཡིད་ལ་འཐབ་རྩོད་བྱས་པས་གཡུལ་ཕམ་པའི་བཅད་གཏུབ་སོགས། མཇུག་ཁྲོ་སེམས། ལྷ་ལ་གསུམ་གྱི་ལུས་ཀྱི་ཚེ་བདུད་རྩིའི་བཏུང་བ་ཞིམ་པོ་མྱང་བའམ་ཁྲུས་བྱེད་པ་སོགས། རིན་འབྱུང་ཞི་ཁྲོ། རྡོ་རྗེ་སེར་པོ། མཇུག་མ་རྙེད་ཀྱི་བར་དུ་བྱ། བཤད་མ་ཐག་པ་ལས་སྤྲོས་པ་ཆུང་བའི་ཉམས་ལེན་སྙིང་པོར་དྲིལ་བར་འདོད་ན། ཀློང་གསལ་གྱི་སྔོན་འགྲོ་རུ་ཤན་འབྱེད་པའི་ཊཱིཀྐ་ལྟར་རུ་ཤན་དབྱེ་བ་རྫོགས་ཆེན་གཞན་ལས་ཁྱད་པར་གྱུར་པ་བསྣན་ན་མཆོག་ཏུ་འགྱུར་ཞིང་འཁྱེར་བདེ་བ་སྦས་ཆོས་ཡང་ཏིག་གི་སྟན་གཅིག་ཏུ་རུ་ཤན་དབྱེ་བའི་ཚེ་ལུས་རྡོ་རྗེའི་འདུག་སྟངས། དམིགས་པ་ཧཱུཾ་ཞི་དྲག་སྤེལ་ནས། ལུས་རྡོ་རྗེའི་རྣམ་པ་དེས་འཕར་ཞིང་མཆོངས་ཏེ། ཕྱིའི་རྒྱ་མཚོའི་སྟེང་དུ་ཕར་འགྲོ་བ་དང་དེ་ནས་ཀྱང་སླར་ཤར་ཕྱོགས་ཀྱི་ཞིང་ཁམས་མངོན་པར་དགའ་བ་སོགས་བློས་འཁྱུད་(༡༦བ)
ཚད་ལ་ཕར་སྤྲོ་ཞིང་། ཚུར་རིམ་གྱིས་བསྡུས་ཏེ་རང་གི་སྟན་ཐོག་ཏུ་སླེབས་ནས་རྡེའུ་བཀྲམ་པ་ལྟར་ཡོད་འཕྲོ་ལ་ཕཊ་བརྗོད་ཅིང་དམིགས་བཟླས་ཐམས་ཅད་རྦད་བཅད་དེ་རིགས་འཛིན་རྒྱལ་བ་དེ་དག་དང་དགོངས་པ་བསྲེས་ཏེ་དར་ཅིག་བཞག་པ་སོགས་ལ་བློ་སྦྱང་། དེ་བཞིན་དུ་རིན་ཆེན་ལྡན། པདྨ་འོད། ལས་རབ་བརྩེགས་སོགས་ཕྱོགས་ཐམས་ཅད་ལ་བསླབ། སྤྲོས་པ་ཆུང་བར་འདོད་ན་འདི་ཉིད་གཅིག་པུས་ཀྱང་མཐུས་སོ། །གཉིས་པ་སྒྲིབ་པ་སྦྱང་བ་ནི། རང་ཉིད་ཀྱི་ལུས་མ་རིག་འཁྲུལ་བ་ལས་གྲུབ་པ་འདིའི་སྤྱི་བོར་ཨ་དཀར་ནག །མགྲིན་པར་སུ་སེར་ནག །སྙིང་གར་ཪྣྲི་སྔོ་ནག །ལྟེ་བར་ཏི་དམར་ནག །གསང་བར་པྲེ་ལྗང་ནག །རྐང་མཐིལ་དུ་དུ་དུད་ཁ་སྟེ་རིགས་དྲུག་དང་ཉོན་མོངས་དྲུག་གི་བག་ཆགས་དང་བཅས་པའི་སྦྱང་གཞིའི་ས་བོན་གསལ་བཏབ་པ་ལ། སྦྱོང་བྱེད་གནས་གསུམ་དུ་ཨཱོཾ་ཨཱཿཧཱུཾ་དམིགས་པ་ལས་ཡེ་ཤེས་ཀྱི་མེ་དཀར་དམར་མཐིང་གསུམ་འཕྲོས་པས་རྐང་མཐིལ་ནས་རིམ་གྱིས་ས་བོན་དྲུག་པོ་བསྲེགས། རང་གཞན་གྱི་སྒོ་གསུམ་གྱི་མ་རིག་འཁྲུལ་བའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐུལ་གྱིས་ཚིག །འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་དག་སྟེ་ལུས་ཤེལ་གོང་ཕྱིས་པ་ལྟར་བསམས་ལ་འབྲུ་གསུམ་དབྱངས་དང་བཅས་པ་བཟླའོ། །འདི་འཁྲིད་གཞུང་དུ་མི་གསལ་ཡང་གལ་ཆེ་བའི་ཕྱིར་སྙིང་ཏིག་གཞན་ནས་ཁ་བཀང་། དགོས་པ་གསུམ་ནི། ཐུན་མོང་སྒོ་གསུམ་གྱི་སྡིག་པའི་ས་བོན་དང་བར་ཆད་ཞི་ནས་ཞེན་པ་ལྡོག །ཁྱད་པར་དེ་ལ་བརྟེན་ནས་ཕྱིས་འཁོར་བར་མི་འཁྱམ། མཐར་ཐུག་སངས་རྒྱས་ཀྱི་རྡོ་རྗེ་གསུམ་འགྲུབ་བོ། །གསུམ་པ་སྔོན་འགྲོ་ནི། འཁྲིད་གཞུང་དུ་འགའ་ཞིག་མི་གསལ་ཞིང་ལ་ལ་འཁོར་འདས་རུ་ཤན་དབྱེ་བ་དང་བསྲེས་པ་ཞིག་སྣང་བ་གོ་བདེ་(༡༧ན)
བའི་ཕྱིར་ལོགས་སུ་བཤད་པ་ལ་ལུས་ངག་ཡིད་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་རྡོ་རྗེའི་འདུག་སྟངས་དང་ཁ་དོག་སྔོན་པོ་རྩེ་ལྔ་པ་མེ་འབར་བའི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་བསྲེགས་ཏེ་རྡོ་རྗེ་ཁོང་སྟོང་དུ་བསམས་པས་ལུས་ཁང་རུལ་ཞིག་པ་ལྟ་བུ་དང་ཁོལ་བུར་ན་བ་དང་དྲོད་སྐྱེ་བ་དང་སེམས་མི་རྟོག་པའི་ངང་ལ་གནས་པ་ནི་ཚད་དོ། །དགོས་པ་གསུམ་ནི་ཐུན་མོང་ལུས་ཀྱི་སྒྲིབ་པ་འདག་བར་ཆད་ཞི་ཞེན་པ་ལྡོག །ཁྱད་པར་ལུས་འཁོར་བར་མི་ལྟུང་ཞིང་སྤྲུལ་སྐུར་གྲོལ། མཐར་སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །གཉིས་པ་ངག་གི་སྔོན་འགྲོ་ལ་རྒྱས་གདབ། རྩལ་སྦྱང་། གཉེན་བཙལ། ལམ་དུ་གཞུག་པ་དང་བཞི་ལས། དང་པོ་རྒྱས་གདབ་པ་ནི། སོ་དང་མཆུ་མ་རེག་ཙམ་དུ་རླུང་། ཤེས་པ། ཧཱུཾ་གསུམ་གཅིག་ཏུ་བསྲེས་ལ་ཧཱུཾ་གི་གླུ་སྙན་ལ་རིང་བ་བླགས་པས་སྣང་བ་ཐམས་ཅད་ཧཱུཾ་སྔོན་དུ་རོང་རོང་མེར་མེར་ཡོད་པར་བསམས་པ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པ་སྟེ་ཕྱི་ཧཱུཾ་དུ་རོང་ངེ་ཤར་བ་ནི་ཚད་དོ། །ཕྱིའི་ཧཱུཾ་དེ་དག་ཁ་དང་སྣའི་སྒོར་ཞུགས་ཏེ། ལུས་ཀྱི་ནང་ཧཱུཾ་གིས་མར་ཁེངས་སྙམ་པ་ནི་ནང་ཕུང་པོ་ལ་རྒྱས་གདབ་པ་སྟེ་ལུས་གང་བ་དང་མི་བདེ་སྙམ་པ་ཚད་དོ། །དགོས་པ་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ། །གཉིས་པ་རྩལ་སྦྱང་བ་ནི། ཧཱུཾ་དྲག་ལ་ངར་དང་ལྡན་པ་བརྗོད་ཅིང་ཧཱུཾ་མཐིང་ནག་མེ་འབར་བ་དེས་རི་རབ་ཁང་ཁྱིམ་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་ཕུག་སྟེ་ཁྲོལ་མ་བཞིན་སོང་བར་བསམས་ལ་ཕྱིའི་རྩལ་ཏེ་ཕྱིའི་ཡུལ་ཁྲལ་ཁྲོལ་དུ་སོང་སྙམ་བྱེད་པ་ནི་ཚད་དོ། །ཧཱུཾ་དེས་རང་གིས་ལུས་ཁྲོལ་མ་བཞིན་བཏབ་བར་བསམས་པ་ནི་ནང་གི་རྩལ་ཏེ་ཆུ་ཟླ་ལྟར་སྣང་བ་ནི་ཚད་དོ། །དགོས་པ་ནི། ཕྱི་ནང་གི་ཆོས་རྡོས་བཅས་སུ་སྣང་བ་ཐམས་ཅད་(༡༧བ)
འོད་གསལ་འཇའ་ཚོན་ལྟར་གྲོལ་བར་འགྱུར་རོ། །གསུམ་པ་མཉེན་བཙལ་བ་ནི། རང་གི་མདུན་དུ་ཤིང་བུ་ཁྲུ་གང་པ་ཞིག་བཙུགས་པ་ལ་ཤེས་པ་བསྟད་དེ་ཧཱུཾ་རིང་བར་བརྗོད་པས་ཧཱུཾ་གི་ཐག་པ་ནར་ར་ར་སོང་སྟེ་ཤིང་བུ་ལ་དཀྲིས་ནས་སྟེང་དུ་ཧཱུཾ་ཡེར་རེར་འདུག་པ་ལ་མཉམ་པར་བཞག །ཡང་ནར་ར་ར་གྲོལ་ཏེ་ཚུར་བྱུང་ནས་སྙིང་གར་གནས་པར་བསམ། ཡང་ན་ཤིང་བུའི་རྩེ་མོར་སླེབས་པ་དང་རྩ་བར་མར་ཕུངས་ཀྱིས་བབས་ཏེ་ཧཱུཾ་རྣམས་ཁྲོམ་ཚོགས་སུ་སྔོ་རོང་ངེ་ཡོད་པར་བསམ། ཡང་ནར་ར་ར་ཤིང་བུ་ལ་དཀྲིས། ཡང་ཞིག་པ་སོགས་ལ་བསླབ། ཤེས་པ་གང་བསྟད་དུ་ལྷམ་མེར་སྡོད་སྙམ་པ་ནི་ཚད་དོ། །འདིའི་དུས་སྐྱེས་པ་རླུང་སྣ་བུག་གཡས་དང་བུད་མེད་ཡིན་ན་སྣ་བུག་ གཡོན་ནས་འདྲེན་པ་གནད་ཡིན་ནོ། །དེས་དམིགས་པ་གཞན་དུ ་བསྒྱུར་ཐུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་མདུན་དུ་ཤིང་བུ་ཁྲུ་གང་པ་ཞིག་བཙུགས་པའམ་བསམས་ལ་ཧཱུཾ་ཞེས་བརྗོད་པས་སྙིང་ག་ནས་སེམས་ཀྱི་ངོ་བོ་ཧཱུཾ་ཞིག་བྱུང་། ཤིང་བུ་དེའི་རྩེར་ཡེར་རེ་བཞག །ཡང་ཧཱུཾ་རང་གི་སྙིང་གར་ཧྲིལ་གྱིས་བྱུང་། དེ་ལྟར་ཕར་འགྲོ་ཚུར་ཡོང་ལ་ཤེས་པ་བསྟད། ཡང་ན་རང་གནས་པའི་ཡུལ་ཐམས་ཅད་རི་ར་བ་ཁང་ཁྱིམ་སོགས་མེད་པར་ཁ་དོག་ལྗང་གུ་མེ་ལོང་གི་ངོས་ལྟར་འཇམ་པ་ཞིག་བསམ། དེའི་སྟེང་དུ་སྙིང་ག་ནས་ཧཱུཾ་སྔོན་པོ་ཁྲུ་ཚད་ཙམ་པ་མདུན་ནས་ཕར་གསེགས་འགྲོས་ལྟ་བུའི་ལམ་ཕར་འཁྱོག་ཚུར་འཁྱོག་ལ་རི་དང་ས་མཚམས་མ་ཟད་ཀྱི་བར་དུ་ཕྱིན་པར་བསམས་ལ་ཧཱུཾ་རིང་བར་བརྗོད། ཕ་རོལ་དུའང་མཐའ་མེད་པར་ཕྱིན་པ་ལ་སེམས་གཏོད། དེ་བཞིན་དུ་ཕྱོགས་གཞན་ལ་སྦྱོར། དེས་དགའ་བ་དང་སྐྱེ་བ་སོགས་བྱུང་བ་ནི་ཉམས་སྐྱེས་པའི་ཚད་དོ། །དེས་ལུས་ངག་གི་ལམ་སྲོལ་དུ་ཚུད་པའི་(༡༨ན)
དགོས་པ་ཡོད་དོ། །སྤྱིའི་དགོས་པ་གསུམ་ནི། ཐུན་མོང་ངག་སྡིག་འདག་ཅིང་ཡོན་ཏན་ཐོབ་མངོན་ཞེན་ལྡོག །ཁྱད་པར་ངག་འཁོར་བར་མི་ལྟུང་ཞིང་ལོངས་སྐུར་གྲོལ། མཐར་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གཞི་རྩ་གཅོད་པ། མཚང་བཙལ་བ། གནས་ལུགས་བརྟག་པ་དང་གསུམ་ལས། དང་པོ་གཞི་རྩ་གཅོད་པ་ནི། སེམས་ཀྱི་གཞི་རྩ་བཅད་དེ་ལུས་ངག་ཡིད་གསུམ་པོ་འདི་གང་འཁོར་བར་འཁྱམས་པ་ཡིན། བདེ་སྡུག་དང་དགག་སྒྲུབ་ཀྱི་བྱེད་པ་པོ་གང་ཡིན། ཚེ་སྔ་ཕྱི་གང་དུ་ཡང་འཕོས་ཤིང་བརྒྱུད་པ་ཡིན། གཙོ་བོ་གང་དུ་འདུག་སྙམ་བརྟགས་པས་སེམས་གཙོ་ཆེ་བར་ཤེས་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ། །གཉིས་པ་མཚང་བཙལ་བ་ནི། སེམས་དང་དེའི་ཡུལ་སྣང་གཉིས་གཅིག་དང་ཐ་དད་ལ་བརྟགས་ཏེ། དེའང་ལུས་ངག་སེམས་གསུམ་པོ་གཅིག་གམ་ཐ་དད། གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ། སེམས་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་། ཐ་དད་ན་ལུས་རྡུལ་ཕྲན། ངག་རྗེས་མེད་བྲག་ཅ། སེམས་བྱ་ལམ་རྗེས་མེད་ཡིན་པས་ཐ་དད་བྱ་དད་བྱེད་ཇི་ལྟར་ཡོད། དེ་བཞིན་དུ་ཕྱིའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་གཅིག་དང་ཐ་དད་ལ་བརྟགས་པས་གཅིག་ན་ལུས་ངག་དང་འདྲ་ཞིང་ཐ་དད་ན་སེམས་དེ་གཟུགས་ལ་སོགས་པ་ལྟར་འདི་ཞེས་བརྗོད་པ་ལས་འདས་པ་ནས་ཡུལ་མེད་རྟེན་བྲལ་བ་ཞིག་ཏུ་རྟོགས་སོ། །དེའི་དུས་ན་གཟུང་འཛིན་གྱི་རྩ་བ་ཆོད། གཉིས་འཛིན་གྱི་མཁར་པོ་འགྱེལ། བདག་གཞན་གྱི་སྣང་བ་ནུབ། དགྲ་གཉེན་གྱི་འཁྲུལ་འཛིན་ཞིག །དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས་ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས་པའི་(༡༨བ)
དགོས་པ་ཡོད་དོ། །གསུམ་པ་གནས་ལུགས་བརྟག་པ་ལ། དབེན་པའི་གནས་སུ་སྒོ་གསུམ་གྱི་བྱ་བ་རྣམས་བཏང་སྟེ་རང་བབས་ཀྱི་ངང་ནས་སེམས་ཞེས་པ་འཁོར་འདས་གཉིས་ཀའི་འཆར་གཞི་བྱེད་པ་རིག་རིག་ཏུར་ཏུར་འདིའི་བྱུང་གནས་འགྲོ་གསུམ་ལས། དང་པོ་བྱུང་ས་ནི་སེམས་གང་ལས་བྱུང་རྩད་བཅད་པས་རང་གི་ལུས་ལོངས་སྤྱོད་དགྲ་གཉེན་བར་མ་སོགས་དུག་གསུམ་གྱི་ཡུལ་དུ་གྱུར་བ་དེ་དག་གི་གཉེན་ལ་ཆགས་ཡུལ། ཆགས་བྱ། ཆགས་པར་བྱེད་མཁན། དགྲ་ལ་སྡང་ཡུལ། སྡང་བྱ། སྡང་བར་བྱེད་མཁན། བར་མ་ལ་སྙོམས་ཡུལ། སྙོམས་བྱ། སྙོམས་བྱེད་མཁན་རྣམས་ཀྱི་གཟུགས་སོགས་འདོད་ཡོན་ལྔ་ལ་བཙལ་བ། མི་ལ་མཚོན་ན་དབང་པོ་ཚོགས་དྲུག་ཕུང་ཁམས་སྐྱེ་མཆེད། བྱ་སྤྱོད་སོགས་དྲན་ཡུལ་དུ་བྱས་ཏེ་འདི་ཡིན་ནམ་སྙམ་པའི་རྟོག་པ་འཆར་ཡང་ཞིབ་ཏུ་དཔྱད་ཚེ་གཞན་ནས་མི་རྙེད་པར་ཚེ་འདིའི་མ་ལས་བྱུང་བར་ངེས་ཤེས་རྙེད་པ་ལྟ་བུ་ཡོད་ཡང་དེའི་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་ཤས་ཕྲ་མོ་རེ་རེ་ནས་བཙལ་བས་མི་རྙེད། སེམས་ལས་སེམས་བྱུང་ན་སྐད་ཅིག་རང་དུས་ན་སེམས་ཆ་གཉིས་སུ་འཛིན་དགོས་པ་ལ་དེ་འདྲ་བློས་དཔྱད་མི་བཟོད་པའི་ཕྱིར་སེམས་སྐྱེ་བ་མེད་པ་གཏན་ལ་ཕེབས་པས་ཆོས་སྐུ་བློ་བྲལ་ཆེན་པོ་ཐོག་མའི་ཟད་ས་ཤེས་སོ། །གཉིས་པ་བར་དུ་གནས་ས་མེད་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཕྱི་ནང་བར་གསུམ་དང་ཁྱད་པར་རང་གི་ལུས་ནས་བཙལ་ཀྱང་མི་རྙེད་ཅིང་སེམས་ལ་སེམས་གནས་ན་གནས་ཡུལ་དག་གནས་མཁན་གཉིས་དགོས་པ་ངོས་གཟུང་དུ་མེད་པའི་ཕྱིར་གནས་ས་མེད་པའི་སེམས་ཉིད་ལོངས་སྐུ་བཞི་བྲལ་གསལ་དག་ཆེན་པོའི་ཆོས་ཉིད་རང་བབས་ཀྱི་དགོངས་པར་ཤེས་སོ། །གསུམ་པ་མཐར་འགགས་མེད་པ་ནི། ལུས་(༡༩ན)
སེམས་བྲལ་བའི་རྗེས་སུ་སེམས་འདིར་འགགས་ཞེས་འཁོར་འདས་གང་གི་སར་ཡང་ངོས་ཟིན་རྒྱུ་མེད། འོ་ན་མར་མེ་ཤི་བ་ལྟར་གཏན་མེད་དུ་སོང་ངོ་སྙམ་ན་སེམས་ཀྱི་ཐོག་ཏུ་རིགས་དྲུག་གི་བདེ་སྡུག་རྣམས་མྱོང་བ་མངོན་སུམ་གྱིས་གྲུབ་ཕྱིན་དུ་དེ་ལ་ཁ་དོག །དབྱིབས། ངོ་བོ་ངོས་བཟུང་རྒྱུ་འདུག་གམ་མི་འདུག་བརྟགས་པས་ཁ་དོག་དཀར་པོ་དང་དབྱིབས་ཟླུམ་པོའོ་ཞེས་པ་ལྟ་བུ་བརྗོད་དུ་མེད་པས། སྣང་དུས་ནས་སྟོང་། སྟོང་དུས་ན་སྣང་། གསལ་དུས་ན་གཞི་མེད་རྩ་བྲལ་དུ་གསལ་ལེ་བ། ཚིག་གིས་བརྗོད་དུ་མེད་པ། བློའི་ཡུལ་དུ་བྲལ་བ་ད་ལྟར་གྱི་ཤེས་རིག་ཝལ་ལེ། གསལ་ལེ། ཧྲིག་གེ་བ་འདི་ག་ཐ་མལ་གྱི་ཤེས་པའམ་གཉུག་མ་ལྷན་ཅིག་སྐྱེས་པའི་བཞུགས་ཚུལ་ལམ་ཀ་དག་བློ་འདས་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་ཉིད་ཡིན་པའི་ཕྱིར་ཆོས་བརྒྱད་ཀྱི་རྟོག་པ་ཐམས་ཅད་སྒྱུ་མའི་རྟ་གླང་ངམ་རྨི་ལམ་གྱི་སྣང་བ་ལྟར་ནམ་མཁའི་དབྱིངས་སུ་བན་མ་བུན་བཞིན་ཀ་ནས་དག་པར་ཐག་བཅད་མཉམ་གཞག་གི་ངང་ལ་རྣམ་རྟོག་བཟང་ངན་གང་ཤར་ཡང་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པ་ན་སྦྲུལ་གྱི་མདུད་པ་བཞིན་ཞིག་འགྲོ་བས་མཉམ་རྗེས་བསྲེ་ཞིང་དགེ་སྦྱོར་གྱི་རྒྱུན་བསྐྱང་། དེ་དག་ཐམས་ཅད་ཀྱི་གཞི་མ་རིག་པའི་དབང་གིས་བདེན་པར་མེད་བཞིན་དུ་གཉིས་སུ་བཟུང་བར་བརྟེན་དུག་ལྔ་རྒྱས་ཤིང་ཀུན་གྱི་རྩ་བ་བདག་གཅེས་འཛིན་གྱིས་ལན་པས་དེ་གར་ཡོད་བརྟགས་པ་ན་ཕྱི་ནང་གི་སྣོད་བཅུད་གང་གི་སྟེང་ནས་ཀྱང་མ་རྙེད་པས་སེམས་ཀྱི་འཁྲུལ་སྣང་གི་འཆར་སྒོ་ཙམ་དུ་ཐག་ཆོད། སེམས་ཀྱི་ངོ་བོ་གསལ་སྟོང་གང་ཤར་འཛིན་མེད་ཀྱི་ངང་ལ་ཆམ་གྱིས་འཇོག །དེར་མ་ཟད་ཕྱི་ནང་གི་སྣོད་བཅུད་རྣམས་ལའང་བྱུང་གནས་འགྲོ་གསུམ་དཔྱད་པས་གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། (༡༩བ)
སེམས་རིག་སྟོང་སྟེ་ཐ་སྙད་ཀྱི་ཆོས་ཀུན་ཀ་དག་ཏུ་ཐག་བཅད་པའི་མཉམ་གཞག་ནམ་མཁའ་ལྟ་བུ་ལ་རྗེས་ཐོག་ཏུ་འཁྲུལ་ཤེས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཉམས་འོག་ཏུ་ཚུད་པར་བྱས་པས་མཉམ་ཡངས་ཆེན་པོར་བློ་བདེའོ། །དགོས་པ་གསུམ་ནི། ཐུན་མོང་སེམས་ཀྱི་སྡིག་པ་འདག་ཡོན་ཏན་སྐྱེ་མངོན་ཞེན་ལྡོག །ཁྱད་པར་སེམས་འཁོར་བར་མི་འཁྱམ་ཞིང་ཆོས་སྐུར་གྲོལ། མཐར་ཐུག་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ། །བཞི་པ་རྣལ་དུ་དབབ་པ་ནི། རུ་ཤན་དབྱེ་བ་མན་གྱི་དམིགས་སྐོར་རྣམས་ཀྱི་བར་མཚམས་སུ་སྐབས་དང་བསྟུན་ནས་ཉམས་སུ་ལེན་པ་ནི་བདེ་བའི་མལ་དུ་ལུས་འགུལ་བསྐྱོད་དང་བྲལ། ངག་སྨྲ་བརྗོད་དང་བྲལ། ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་ཉལ་ལོ། །དགོས་པ་གསུམ་ནི། ཐུན་མོང་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུག་ཅིང་ནད་མེད། ཁྱད་པར་ཏིང་ངེ་འཛིན་རང་བབས་སུ་སྐྱེ་ཞིང་ལུས་སེམས་བདེ། མཐར་སྒོ་གསུམ་གྱི་འཛིན་པ་རང་སར་གྲོལ་བའོ། །གཉིས་པ་དངོས་གཞི་ལ་སྐྱོན་ཡེ་ནས་ཀ་དག་ཏུ་སྟོན་པ་ཁྲེག་ཆོད་ཀྱི་ལམ་དང་། ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་ཐོད་རྒལ་གྱི་ལམ་གཉིས་ཀྱི། དང་པོ་ལ་གདོད་མའི་གནས་ལུགས་གཏན་ལ་དབབ་པ་དང་། གཏན་ལ་ཕབ་ནས་ངོ་སྤྲོད་པ་གཉིས་ལས། དང་པོ་ནི། སྔར་བཤད་པའི་སྔོན་འགྲོ་སྤྱི་དང་ཁྱད་པར་བྱུང་གནས་འགྲོ་གསུམ་གྱི་མཚང་ལེགས་པར་རྙེད་པའི་གནས་ཆ་མ་སྐྱེས་པར་ངོ་སྤྲོད་སྔས་ན་དྲེད་པོ་གཡུལ་དུ་ཤོར་ནས་ངེས་པའི་དོན་མི་རྟོགས་པའི་ངང་ལ་འགྲོ་བའི་ཉེན་ཡོད་པས་ནན་ཏན་དུ་བྱས་རྗེས་རྩ་བ་གསུམ་གྱི་ཚོགས་གཏོར། གསེར་སོགས་རིན་པོ་ཆེ། སྨན་དང་འབྲུའི་མཎྜལ་བཤམས་ནས་འབུལ། དེ་(༢༠ན)
ནས་དངོས་གཞིའི་ཁྱད་པར་ཉམས་ལེན་གནད། །གདོད་ནས་ཀ་དག་རིག་པ་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་བྱུང་ཡེ་ཤེས་གཏན་ཕབ་ནས། །ཞེས་པ་ལྟར་འཁོར་འདས་དང་པོ་རྒྱབ་གྱེས་པའི་དུས་སུ་ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ། སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ཏེ་འཁོར་བའི་གཞི་མ་རིག་པ་ནི་འཐོམ་མེ་བ། འཐིབས་པ། ཡེངས་པ། རྨུགས་པ། འབྱམས་པ། མི་དྲན་པ། བརྒྱལ་བ་ལྟ་བུ་འབྱུང་། དེ་ནི་འཁྲུལ་པའི་མ་རྒན་མོ་ལོང་བ་བཞིན་ཡིན་ལ། སེམས་ཞེས་བྱ་བ་ཟི་ལོང་ལོང་བ། གཡོ་བུན་བུན་པ། མཉམ་ཁྲིག་གེ་བ། རྒྱང་ཡེད་ཡེད་པ། ཏི་འཁོར་འཁོར་བ། ང་བདག་ཆེར་བྱེད་པའི་བུ་ལྟ་བུ་ཞིག་སྐྱེས་པ་དེ་སྲིད་པའི་བཙོན་རར་འཇུག་བས་མ་རིག་པ་དེ་ལ་བརྟེན་ནས་བདག་གཞན་འབྱུང་། བདག་ལ་བརྟེན་ནས་འདོད་ཆགས། ང་རྒྱལ། སེར་སྣ། གཞན་ལ་བརྟེན་ནས་ཞེ་སྡང་། ཕྲག་དོག །དེ་ལྔ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱེས་ཏེ་འགྱུ་བྱེད་དབུགས་ཀྱི་རྟ་ལ་ཞོན། མི་དགེ་བ་ཅི་ཡང་བྱེད་ཅིང་སྡུག་བསྔལ་གང་ཡང་མྱོང་བ། དུས་རྒྱུན་དུ་འཁོར་བར་འཁྱམས་པ་འདི་རིག་ན་དེ་ལས་གྲོལ་བས་གདོད་ནས་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་གཤིས་ཀྱི་འདུག་ཚུལ་འདི་ཉིད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་རྒྱ་ཆད་ཕྱོགས་ལྷུང་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པར་ཡེ་ནས་གནས་པས་དང་པོར་འདི་ནས་བྱུང་བ་མེད། རང་བཞིན་གསལ་བ་སྟོང་པ་བྱང་ཆད་དུ་མ་སོང་བར་གདངས་རིག་པའི་རང་རྩལ་ཡེ་ཤེས་ལྔ་ལྡན་ཡོངས་སྤྱོད་རྫོགས་སྐུར་ཡེ་ནས་གྲུབ་པས་འདིར་གནས་མེད་བར་སྟོང་པས་གར་ཁྱབ་རིག་པས་ཁྱབ། ཐུགས་རྗེ་མ་འགགས་ཀུན་ལ་ཁྱབ་ཅིང་སྣང་ནུས་པ་སྤྲུལ་པའི་སྐུར་ཡེ་(༢༠བ)
ནས་གྲུབ་པའི་མཁྱེན་ཆ་རང་བཞིན་གྱིས་གསལ་བ་ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡུལ་ཡུལ་ཅན་གྱི་ཤེས་པའི་སྒྲོ་སྐུར་ཐམས་ཅད་དང་བྲལ་བ་རིན་པོ་ཆེའི་ཤེལ་གོང་འབར་བ་ལྟ་བུ་མཐར་འདིར་འགགས་མེད་པས་གཞི་གནས་ཀྱི་སྐུ་གསུམ་མམ་ཡེ་ཤེས་ལྔ་ལྡན་ནི་ངོ་བོ་སྟོང་པ་ཆོས་དབྱིངས། རང་བཞིན་གསལ་བ་མེ་ལོང་། གསལ་སྟོང་གཉིས་མེད་མཉམ་ཉིད། མཁྱེན་ཆའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྟོག་བྲལ་དུ་རིག་པ་སོར་རྟོག །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ་བྱ་གྲུབ་སྟེ་དེ་ལྟ་བུའི་ཡེ་ཤེས་ལྔ་ལྡན་དེ་ཉིད། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ་དྲི་བྲལ་དུ་གནས་པའི་ཕྱིར། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཡི་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མཐའ་ཟད། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་བྱུང་བས་ན་ཡར་སངས་རྒྱས་ལ་རེ་བ་དང་མར་ངན་སོང་དུ་ལྷུང་གི་དོགས་པ་མེད་པའི་ཕྱིར་ཆོས་སྐུ་སྐྱོན་ཡེ་ནས་དག་པས་གཞི་རིག་པ་ཀ་དག་ལ་ཡོན་ཏན་ལྷུན་གྱིས་གྲུབ་པའི་བདག་ཉིད་དེ་བཏུལ་སྦྱངས་མ་བྱས་ཀྱང་ས་ལེ་སྦྲམ་གདོད་མ་ནས་གསེར་ཡིན་པ་ལྟར་ཐག་རྦད་ཀྱིས་བཅད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ངོ་འཕྲོད་པ་ཡིན་ནོ། །དེ་ནི་ཀུན་གཞི་གཏན་ལ་ཕབ་སྟེ་ངོ་སྤྲད་པའོ། །གཉིས་པ་གཏན་ལ་ཕབ་སྟེ་ངོ་སྤྲོད་པ་ལ་སྣང་བ་སེམས་སུ་ངོ་སྤྲོད་པ། སེམས་སྟོང་པར་ངོ་སྤྲོད་པ། སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ། གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ། ངོ་སྤྲད་པའི་རིག་པ་ཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་དང་ལྔ་ལས། དང་པོ་ནི། ཁྲེག་ཆོད་ཟབ་མོས་འཁོར་འདས་སྣང་བ་རྣམས། །སེམས་ཀྱི་རྩལ་སྣང་ཙམ་དུ་ངོ་སྤྲོད་ཅིང་། །ཞེས་པ་ལྟར་གཞི་འཁོར་བའི་འཁྲུལ་(༢༡ན)
གཟུགས། ལམ་ཐེག་དགུའི་བགྲོད་ཚུལ། འབྲས་བུ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སེམས་ཀྱི་སྣང་ཆ་མ་འགགས་ཙམ་འདིའི་གདངས་ས་མ་རོལ་པ་ཡིན་པས་ན། ཀུན་བྱེད་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་པའི་དོན་ལྟར་བྱེད་མཁན་ཀུན་སེམས་ལས་མ་འདས་པས་ཆུ་ལས་ཆུ་ལྦུར་རྡོལ་བ་ལྟར་གཞན་ནས་བཙལ་དུ་མེད་པས་སྣང་བ་སེམས་སུ་ཐག་ཆོད་པར་ངེས་པ་མ་རྙེད་ཀྱི་བར་དུ་བསྒོམ། འདི་སེམས་ཙམ་ལུགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། །གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སེམས་སྣང་སྣ་ཚོགས་ཇི་ལྟར་ཤར་བ་རྣམས། །རང་ངོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་། །ཞེས་པ་ལྟར་སེམས་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྐུ་སྟེ་དེའི་སེམས་སྣང་མ་འགགས་ཙམ་གྱི་རང་རྩལ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགག་མེད་དུ་རང་སྣང་ཡང་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་ལས་བྲལ་བས། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་འབྱུང་བས་དེ་ཤེས་ན་གནས་སྐབས་སུ་ཉོན་མོངས་པས་མི་གནོད་ཅིང་འཁྲུལ་གཞི་རྩད་ནས་ཆོད། རྟག་ལྟའི་དངོས་འཛིན་ཞིག་ནས་མཐར་ཐུག་སེམས་ཉིད་སྟོང་པར་ཐག་ཆོད་པ་དཔེར་ན་རྨུགས་ཟིལ་དང་ཆུ་བོ་རླན་གཤེར་དུ་ངོ་འཕྲོད་པ་དབུ་མའི་ལྟ་བ་དང་མཐུན་པར་བཞེད་དོ། །གསུམ་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། སྣང་སྟོང་གཉིས་ལ་བཟང་ངན་སྔ་ཕྱི་སོགས། །ཐ་དད་མེད་ཕྱིར་ཟུང་འཇུག་དབྱེར་མེད་དང་། །ཞེས་པ་ལྟར་ཆོས་ཐམས་(༢༡བ)
ཅད་སེམས་ལ་ཤར་བའི་སྣང་བ་དང་འཆར་གཞི་སེམས་རང་བཞིན་གྱིས་སྟོང་པ་གཉིས་དབྱེར་མེད་དེ་སྟོང་པའི་དུས་སྣང་བ་མ་བཀག་པར་དུག་ལྔ་སོགས་ཀྱི་རྟོག་པ་ལམ་གྱིས་ཤར་བའི་ཚེ་དེ་གའི་ངོ་བོ་སྟོང་ཉིད་དུ་གསལ་ལེ་བ། སྣང་བའི་དུས་ན་གང་ཤར་གྱི་ཆོས་རྣམས་སྒྱུ་མའི་རྟ་གླང་ལྟར་དོན་ལ་མེད་པས་སྟོང་པ་མ་སྤངས་པར་སྣང་སྟོང་དབྱེར་མེད་དུ་ཐལ་ལེར་ཤེས་ན་ཉོན་མོངས་ཡེ་ཤེས་སུ་གྲོལ་བས་ན། བརྟག་གཉིས་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དག །ཅེས་འབྱུང་ཞིང་དེ་གཉིས་ལ་རང་བཞིན་གྱི་བཟང་ངན་འདུག་པ་ཐ་དར། །དུས་ལ་སྔ་ཕྱི་མེད་པས་ངོ་བོ་དབྱེར་མེད་གནས་འགྱུའི་སྣང་སྲིད་གཅིག་ཏུ་རྟོགས་པས་ཆོས་ཀུན་ཟུང་འཇུག་ཏུ་གྲོལ་ཞིང་གཉིས་སྣང་གི་གཟུང་འཛིན་དང་བྲལ་བས་སྣང་སྟོང་གཉིས་མེད་དུ་ཐག་ཆོད་པ་བུ་རམ་དང་དེའི་རོ་བཞིན་འདི་ཞེས་སོ་སོར་དབྱེ་མི་ནུས་པ་གསང་སྔགས་ཀྱི་ལྟ་བ་དང་མཐུན་པར་བཞེད་དོ། །བཞི་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲོད་པ་ནི། ཟུང་འཇུག་ཙམ་དུ་འཛིན་པར་རང་དག་ནས། །སེམས་ལས་ཀ་དག་རིག་པ་ཆོས་ཀྱི་སྐུ། །ཞེས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་མ་འགགས་ཙམ་ཡིན་པ་དེ་འཁྲུལ་མེད་དུ་ཤེས་པའི་ཐབས་སུ་ཟུང་འཇུག་ཏུ་ངོ་སྤྲད་ནའང་རིག་པ་ཀ་དག་ཆེན་པོའི་དབྱིངས་སུ་སྤྲོས་པ་དང་བྲལ་བའོ། །དེའང་མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སེམས་དང་རིག་པ་གཉིས་ནི་རྣམ་པ་ཀུན་ཏུ་ཐ་དད་པས་ཀུན་གཞིའི་སེམས་ནི་གློ་བུར་གྱི་ཀུན་རྫོབ་ཡུལ་སྣང་གི་སྤྲོས་པ་ཅན་རྐྱེན་ལས་བྱུང་བའི་འདུས་བྱས་གཉིས་འཛིན་གྱི་རྟོག་པ་ཅན་དེ་གནས་ས་གློ་བར་གནས་ཤིང་ལས་རླུང་གིས་དྲངས་ཏེ་དབང་པོའི་སྒོ་རྣམས་ལས་ཐོན་ནས་ཚོགས་བརྒྱད་ཀྱི་(༢༢ན)
ཡུལ་ལ་ལོངས་སྤྱོད། བྱེད་ལས་བདེན་འཛིན་གྱི་འཁྲུལ་པའི་དབང་གིས་འབྲས་བུ་འཁོར་བར་སྐྱེ་ལ། རིག་པ་རང་བྱུང་གི་རྒྱལ་པོ་ནི་མཐར་ཐུག་དོན་དམ་པ་ཡུལ་ཡུལ་ཅན་གྱི་སྤྲོས་པ་དང་བྲལ་བ་རྒྱུས་མ་བསྐྱེད་པའི་འདུས་མ་བྱས་གཉིས་འཛིན་ལས་འདས་པ་དེ་གནས་ས་ཡང་། ཀུན་བཟང་ཐུགས་ཀྱི་མེ་ལོང་ལས། ཙིཏྟ་སྙིང་གི་གཞལ་ཡས་ན། །རིག་པ་ཞི་བའི་སྐུ་རུ་བཞུགས། །ཞེས་པ་ལྟར་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདུས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ལྡན་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་ཏེ་ཆོས་ཉིད་ཡེ་ཤེས་ཀྱི་རང་སྣང་ལས་ཐོན་ནས་ཆོས་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་ལ། གློ་བ་དང་སྙིང་གི་བར་དུ་རྩ་གྲོ་སོག་གི་སྦུ་གུ་ཙམ་གྱིས་འབྲེལ་ནས་གློ་བའི་ལས་རླུང་ཆེར་གཡོ་བ་དེས་དྲངས་ཏེ་རིག་པ་ཐུགས་རྗེའི་ལས་རླུང་དེ་ཉིད་ལས་རླུང་གི་རྟ་ལ་ཞོན་ནས་འཕྲོ་ཞིང་བྱས་ཆོས་ཀྱང་། ཐལ་འགྱུར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །རྒྱལ་བ་འོད་ཀྱི་ཕུང་པོར་བཞུགས། །ཞེས་གསུངས་པ་ལྟར་བདེན་འཛིན་གྱི་རྣམ་རྟོག་མེད་པའི་འཁྲུལ་བྲལ་ཡེ་ཤེས་གསུམ་དང་ལྡན་པ་དེ་ཡང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པར་སྟོང་དུས་ན་སྣང་། སྣང་དུས་ན་སྟོང་། དབྱེར་མེད་དུ་བདེ་ཆམ་མེ། མཁྱེན་ཆ་ནང་དུ་གསལ་ཞིང་ཡེ་ཤེས་ཀྱི་སྒོམ་བྱེ་བའི་གཞོན་ནུ་བུམ་སྐུ་སྐྱོན་ཡེ་ནས་དག་པའི་ཀ་དག་དང་ཡོན་ཏན་ཡེ་ནས་རྫོགས་པའི་ལྷུན་གྲུབ་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་ལྷུན་གྲུབ་ཀྱི་ཐེག་པ་འདིར་རྫོགས་པའི་རང་བཞིན་རྫོགས་པ་ཆེན་པོ་སྟེ་དེ་ལྟ་བུའི་གནས་ལུགས་ལ་སེམས་རྣམ་རྟོག་གི་དྲི་བཅས་འདིས་གདོད་ནས་མ་གོས་པར་ངོ་སྤྲོད་(༢༢བ)
དོ། །རང་སྟོང་གཞན་སྟོང་གི་དབུ་མ་པ་དང་གནས་ལུགས་ཕྱག་རྒྱ་བ་སོགས་ལ་མ་གྲགས་པའི་ཁྱད་ཆོས་སེམས་རིག་མ་འདྲེས་པར་ཅེར་མཐོང་དུ་དབྱེ་བའི་གསང་ཚིག་འདི་ནི་རྫོགས་ཆེན་པ་རྣམས་ཀྱི་ཟབ་གནད་ཡིན་ལ། ཟབ་གནད་དུ་མ་ཟད་སྔགས་གསར་མའི་དགོངས་པའང་དཔྱིས་བྱིན་པ་རྟོགས་ན་འདི་ལས་གཞན་དུ་མེད་དེ། བསྡུས་རྒྱུད་ལས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། མི་ཤེས་མུན་པས་བསྒྲིབས་རྣམས་ཀྱིས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ལུས་གནས་པ་དེ་ལུས་སྐྱེས་མིན། །ཞེས་པས་ཤེས་ནུས་སོ། །དེའང་བཀོད་པ་ཆེན་པོ་ལས། རིན་ཆེན་ཁ་དོག་ལྔ་ལྡན་པ། །ལུས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་དངས་ཆ་རྣམས་གདོད་ནས་གྲུབ་པའི་ལྷ་སྔགས་བདེ་ཆེན་གྱི་ངོ་བོ་དང་སྙིགས་མ་རྣམས་ཀུན་རྫོབ་འཁྲུལ་བའི་རྫུན་སྣང་དུ་དབྱེ་བས་སྔགས་གསར་མ་བ་ལས་ཟབ་པའི་ཁྱད་ཆོས་ཤིག་འདིར་མཆིས་སོ། །ལྔ་པ་ངོ་སྤྲད་པའི་རིག་པ་ཅེར་མཐོང་ལ་ངེས་ཤེས་དྲངས་ནས་གདེངས་ཚད་བཙལ་བ་ལ་ངེས་ཤེས་དྲང་བ། རྩལ་སྦྱང་བ། བོགས་དབྱུང་བ་དང་གསུམ་ལས། དང་པོ་ནི། རིག་པ་རང་ཤར་ལས། ཡེ་གྲོལ་ཅོག་བཞག་ངང་ལས་གཞན་མེད་པས། །རང་བྱུང་བརྡལ་བའི་སྐུ་དེ་གང་བདེར་གློད། །ཅེས་པ་ལྟར་དྲི་མ་ཐམས་ཅད་དང་བྲལ་བའི་ད་ལྟའི་རིག་པ་རང་གསལ་རྗེན་པ་འདི་ལ་ཅེར་གྱིས་བལྟས་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བརྡལ་བའི་ཆོས་སྐུ་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་ཅིང་གཅིག་ཏུ་ཟླུམ་པ་གཉུག་མ་གཤིས་ཀྱི་གནས་ལུགས་སྟོང་པ་རིག་པའི་(༢༣ན)
སྙིང་པོ་ཅན། ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་འདི་ལ་རྟོག་པ་མ་འཕྲོ། རྩེ་གཅིག་ཏུ་མ་བཟུང་། སྤང་བླང་དང་རེ་དོགས་ཀྱིས་མ་བསླད། གཤིས་ཅིར་ཡང་མ་གྲུབ་པའི་སྟོང་པ་ལ་གདངས་གང་དུའང་མ་འགགས་པར་སྟོང་པས་གར་ཁྱབ་ལ་གསལ་བས་ཁྱབ་པས་གསལ་ལ་འཛིན་པ་མེད། དངས་ལ་ཕྱི་ནང་མེད། ཡངས་ལ་འཆལ་པར་མ་ཤོར། ངང་དངས་ལ་ངོས་བཟུང་མེད། གསལ་བས་གར་ཁྱབ་ལ་རིག་པས་ཁྱབ་པས་ཟང་ཐལ་ཆམ་བརྡལ་བའི་སྟོང་གསལ་རིག་གསུམ་དབྱེར་མེད་ཉག་གཅིག་མཁྱེན་ཆ་ནང་ནས་གསལ་ཞིང་རྟོག་པས་མ་བསླད་པ་ཡེ་ཤེས་སུམ་ལྡན་དེ་ཉིད་ཀྱི་གཤིས་རང་བབ་ཅོག་བཞག་རྒྱ་ཡན་ཆེན་པོར་བཞག་པས་སྣོད་བཅུད་ནམ་མཁའ་ལ་བརྟེན་ཀྱང་ནམ་མཁའ་ལ་སྣོད་བཅུད་ཀྱིས་མ་གོས་ཤིང་ཉི་མའི་སྙིང་པོ་མུན་པ་ཐམས་ཅད་དང་གཏན་བྲལ་ཡིན་པ་ལྟར་ལ་ངེས་པ་རྙེད་ནས་རྒྱུན་བསྐྱང་ངོ་། །རྒྱས་པར་སྤྲོ་ན། སྙིང་ཏིག་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །གསལ་ལེ་སིང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །འཕྲོག་ནས་རང་རིག་དངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་གང་དུ་འཕུར་ན་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོས་པ་མེད་པར་ཞོག །ཅེས་དང་། འགྲོ་བ་ཀུན་སྒྲོལ་ལས། དཔེར་ན་རྫིངས་ཀྱི་བྱ་ལྟ་བུ། །དང་པོ་ཡེངས་མེད་བསྐྱངས་པ་ན། །(༢༣བ)
བར་དུ་ཡན་པར་བཏང་ཡང་ལྡེག །ཐ་མ་བཏང་ཡང་འགྲོར་མི་བཏུབ། །ཅེས་སོགས་ཀྱི་དོན་བཤད་ལ་ངོ་ལེགས་པར་སྤྲད་དོ། །སྙིང་པོར་དྲིལ་ན་དྲན་འཛིན་རེ་དོགས་བླང་དོར་ཐམས་ཅད་ནི་སེམས་ཀྱིས་བྱས་པའི་སྒྲིབ་རྐྱེན་ཡིན་ལ། འཛིན་མེད་རང་གྲོལ་དུ་བཞག་པས་རིག་པ་ཡེ་ཤེས་རྙོག་མ་དང་བྲལ་པའི་ཆུ་ལྟར་གྲོལ་ལོ། །གཉིས་པ་རྩལ་སྦྱང་བ་ལ་རང་གནས་བསམ་གཏན་གྱི་ངང་ལ་སྦྱང་བ། རང་གདངས་ཡེ་ཤེས་ཀྱི་རོལ་པར་སྦྱང་བ་གཉིས་ཀྱི། དང་པོ་ལ་བསམ་གཏན་ངོས་འཛིན་པ་དང་མཉམ་རྗེས་བསྲེ་བའོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ་ཁྱད་པར་མིག་ཅུང་ཟད་ཐུར་དུ་ཕབ་པས་སེམས་དང་ས་ལ་མི་རྟོག་པ་འཆར། དེའི་ངང་ནས་མིག་དྲང་ཐད་དུ་ཧར་རེར་བསྟད་པས་སྔར་གྱི་མི་རྟོག་པའི་དངས་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་པ་གཞི་ཆལ་པ་ཞིག་འཆར་ཏེ་དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་དུ་ཤེས་པར་བྱ། དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་འཕྲོ་གནས། དགག་སྒྲུབ། ཉོན་མོངས། མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སོགས་གང་གི་དུས་སུའང་དེ་གའི་ངོ་བོར་རང་རིག་རང་བབས་ལ་ཅེར་བསྟད་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་དེ་རྗེན་སངས་ཀྱིས་འཆར་ཏེ་འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་སྒོམ་ཆུ་བོ་ལྟ་བུ་ཡིན་ནོ། །དེ་ངོ་མ་ཤེས་ན་མཉམ་བཞག་རེས་འགའ་བའི་སྒོམ་གྱིས་རྐྱེན་མི་ཐུབ་ཅིང་བར་དོའི་བསམ་གཏན་ངོས་མི་ཟིན་པའི་སྐྱོན་ཡོད་དེ། ཀློང་དྲུག་པ་ལས། རང་བཞིན་གནས་པའི་བསམ་གཏན་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་བྱུང་བས་ཆོས་འདིའི་དཀའ་བའི་གནད་འདི་རང་བྱུང་པདྨའི་བྱིན་(༢༤ན)
རླབས་ལས་རང་བབས་པའི་ཤེས་པ་ཡིན་ཞེས་ཀུན་མཁྱེན་ཀློང་ཆེན་པ་གསུང་བ་དོན་ལ་གནས་པས་རྩལ་སྦྱོང་བོགས་འབྱིན་གྱི་ས་བཅད་གཉིས་པོ་གཏེར་གཞུང་གི་ཟིན་སོ་མེད་ཀྱང་དོན་གྱི་ཐོབ་པ་བརྒྱན་པ་ཡིན་ནོ། །དེ་ལྟར་བསྐྱངས་པས། ཇི་སྐད་དུ། གཉིས་འཛིན་གྱི་མདུད་པ་མ་གྲོལ་གྱི་བར་དུ་བརྡར་ཤ་ནང་དུ་བཅད་ཅིང་གཉེན་པོའི་བྱ་ར་བསྟེན། བརྩོན་འགྲུས་ཀྱི་འཕྲད་དུ་བཅུར་ན་རང་སེམས་ཕྱི་རོལ་གྱི་རྐྱེན་གྱིས་མི་འཕྲོག །ཅེས་གསུངས་པས་མཉམ་གཞག་འདི་ལ་གོམས་འདྲིས་བརྟན་པ་ཐོབ་པར་བྱའོ། །གཉིས་པ་མཉམ་རྗེས་བསྲེ་བ་ནི། མཉམ་གཞག་དེ་གའི་ངང་ནས་བསྡད་པ་ལས་ལངས་ཏེ་གཡས་བསྐུམ་ གཡོན་བརྐྱང་མིག་ཕར་འཕྲུལ་ཚུར་འཕྲུལ་སོགས་ཞི་ཁྲོའི་སྟང་སྟབས། གོམ་པ་དལ་བུས་གྱ་ཚོམ་དུ ་དོར་བའི་གྱད་ཀྱི་དོར་སྟབས། དྲག་ཏུ་འགྲོ་ཞིང་མཆོད་པ། དལ་འགྲོས་ཀྱི་ངང་ནས་སྡོད་པ་ལས་སྐད་ཅིག་ལ་ལངས་ཤིང་ཅ་ཅོ་སྒྲོག་པའི་སེང་གེའི་མཆོད་སྟངས་སོགས་སྤྱོད་ལམ་ཐམས་ཅད་གོང་གི་རང་བཞིན་གྱི་བསམ་གཏན་དང་ཨེ་འདྲེས་བལྟ། མ་འདྲེས་པ་འདུག་ན་གོང་གི་མཉམ་གཞག་བསྐྱར་ཏེ་བསྒོམ་འདྲེས་ན་བྱ་བྱེད་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་རོལ་པར་ཤར་ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱའི་བློ་མེད། ཡིན་མིན་གྱི་རྩིས་གདབ་མེད་པར་ཐམས་ཅད་རིག་པའི་རང་གདངས་རོལ་པ་གཅིག་ཏུ་འདྲེས་པ་རྒྱ་ཡན་དུ་སོང་ཡང་འཆལ་བར་མི་ཤོར། ཆེད་དུ་མ་བསྒོམས་ཀྱང་ཏིང་ངེ་འཛིན་དང་མི་འབྲལ། ཆོས་ཟད་ཀྱི་དགོངས་པ་དགེ་སྡིག་གིས་ཕན་གནོད་མེད་པར་རྟོགས་པ་ནི་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཏེ། ཀློང་གསལ་ལས། དགེ་སྦྱོར་མཉམ་རྗེས་(༢༤བ)
འདྲེས་དུས་ཡུལ་ཕྱིན་མི་འབྲེང་། ཞེས་པའི་དོན་ནོ། །གཉིས་པ་རང་གདངས་ཡེ་ཤེས་ཀྱི་རོལ་པར་སྦྱང་བ་ལ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་བར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་དང་གསུམ་ལས། དང་པོ་ནི། ལུས་ངག་ཡིད་གསུམ་ཁོང་གློང་ལ་སོས་གདལ་དུ་གནས་པའི་ངང་ནས་རྟོག་པ་སྣ་ཚོགས་འཕྲོར་བཅུག །ཆམ་གྱིས་བཞག་ལ་ཅེར་གྱིས་བལྟས་པས་རྒྱ་མཚོ་ལ་རླབས་ཞི་བ་ལྟར་འགྲོ་མཁན་དང་འཕྲོ་མཁན་དང་འཕྲོ་བྱ་མ་གྲུབ་བར་གཞི་མེད་རྩ་བྲལ་གྱི་རང་བཞིན་གཞིའི་ངང་དུ་གནས་པ་ནི་གདོད་མའི་ཀ་དག་གི་གནས་ལུགས་ཆོས་སྐུ་འཕོ་འགྱུར་མེད་པ་ཡིན་ཅིང་དེར་ངོ་སྤྲོད་དོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ་ནི། སྣ་ཚོགས་པའི་རྟོག་པ་སྤྲོས་ལ་དགག་སྒྲུབ་རེ་དོགས་མེད་པར་གང་ཤར་འཛིན་མེད་ཡན་དུ་བཅུག་པས་སྔ་ཕྱི་དྲན་བསམ་གྱི་མདུན་པ་བོར་ནས་ད་ལྟའི་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ་འགྲོ་བ་གཤིས་ཀྱི་གནས་ལུགས་ཇི་ལྟར་འཕྲོས་ཀྱང་རྫིངས་ལ་གནས་པའི་བྱ་རོག་བཞིན་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ་རྒྱ་མཚོ་ལས་རླབས་པོ་ཆེ་ཤར་བ་ལྟར་རང་ཤར་རང་གྲོལ་ཐུགས་རྗེ་འགག་མེད་དུ་ངོ་སྤྲོད་དོ། །གསུམ་པ་གཉིས་མེད་མཉམ་པའི་ངང་དུ་གནས་པ་ནི། འཕྲོ་གནས་གཉིས་སུ་མེད་པ་སྟེ་གནས་བདོ་བའི་དུས་སུ་མིག་བསྒྲིལ་བ་འཕྲོ་བ་རང་བབས་སུ་གནས་ལ། འཕྲོ་བདོ་བའི་དུས་མིག་མི་འགུལ་བར་ཆམ་བཞག་པས་གནས་ཏེ་འཕྲོ་གནས་གཉིས་སུ་མེད་པ་རླབས་པོ་ཆུ་རྒྱ་མཚོའི་ངང་དུ་ཞི་བ་ལྟར་བཞག་གོ །དེའང་གནས་པ་མི་གསེང་། འཕྲོ་བ་མི་དགག །མཉམ་པ་མི་བསྒྲུབ། གང་ཤར་ཡང་འཛིན་མེད་བླང་དོར་རེ་དོགས་དང་བྲལ་བའི་ཆོས་ཉིད་ཡེ་གྲོལ་རྫོགས་པ་ཆེན་པོར་ངོ་སྤྲོད་པ་ནི་གཞི་གོམས་དང་རྐྱེན་མིག་ལ་བརྟེན་(༢༥ན)
པའོ། །གསུམ་པ་བོགས་དབྱུང་བ་ལ་དུག་ལྔ་རང་གྲོལ། སྒོ་ལྔ་རང་གྲོལ། ཚོགས་དྲུག་རང་གྲོལ་དང་གསུམ་ལས། དང་པོ་ནི། ཕྱི་ནད་ཀྱི་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་རྣམས་མི་བཟོད་པ་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་དང་པོ་ལ་བདེ་སྟོང་གཉིས་མེད། གཉིས་པ་ལ་གསལ་སྟོང་གཉིས་མེད། གསུམ་པ་ལ་ཆོས་སྐུ་གཞི་བྲལ། བཞི་པ་དང་ལྔ་པ་གཉིས་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གྲོལ་བའོ། །གཉིས་པ་སྒོ་ལྔ་རང་གྲོལ་ནི། མིག །རྣ་བ། སྣ། ལྕེ། ལུས་རྣམས་ཀྱི་འཛིན་པ་གང་སྐྱེས་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ལ་ཆམ་གྱིས་བཞག་པས་ཆོས་སྐུ་ཀ་དག་ཆེན་པོར་རང་གྲོལ་ལོ། །གསུམ་པ་ཚོགས་དྲུག་རང་གྲོལ་ནི། གཟུགས། སྒྲ། དྲི། རོ། རེག་བྱ། ཡིད་ཀྱི་བྱུང་ཚོར་དྲན་རིག་གི་དགག་སྒྲུབ། ཆགས་སྡང་སྐྱེས་བ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ལ་ཆམ་གྱིས་བཞག་པས་ཡེ་སྔོད་རྩ་བྲལ་ཆེན་པོའི་ངང་དུ་ལ་ཟློས་ཏེ། གནས་ལུགས་སྟོང་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་བོ། །དེས་ནི་གང་ཤར་བླང་དོར་རེ་དོགས་ལས་འདས་པ་མ་བསྒོམ་ཡེ་ཤེས་ལྷུག་པ་རང་བཞིན་དུ་ཁྲེག་ཆོད་པས། ཀློང་གསལ་ལས། དེ་ལྟར་རྒྱུན་དུ་ཉམས་སུ་བླངས་པས་ནམ་ཞིག་ན་སྣང་སེམས་འདྲེས་ཏེ་དགེ་སྦྱོར་ལ་ཆེད་འཛིན་མེད་ཀྱང་བྱ་རོག་གཟིངས་ལ་འཁོར། གཉེན་པོའི་བྱ་ར་མི་དགོས་ཉམས་མྱོང་ཟད། ཅེས་གསུངས་པ་སོགས་ཀྱི་ཤེས་སོ། །གཉིས་པ་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་ཐོད་རྒལ་གྱི་ལམ་ནི། དེ་ལྟར་གཞི་དོན་ཁྲེག་ཆོད་གཏན་ལ་ཕབ་ནས། ལྷུན་གྲུབ་ཡོན་ཏན་(༢༥བ)
མངོན་དུ་འབྱིན་པའི་ཕྱིར། །ཐོད་རྒལ་སྣང་བ་བཞི་ཡི་ལམ་ལ་འཇུག །ཅེས་པ་ལྟར་ཁྲེག་ཆོད་ཀྱི་ལམ་ལ་གཏན་ལ་ལེགས་པར་ཕབ་གྲུབ་པའི་རྗེས་སུ་གོ་རིམ་བཞིན་སྟོན་པར་གསུངས་པ་ལ་དངོས་དང་རྗེས་ཀྱི་བྱ་བ་གཉིས་ལས། དང་པོ་ལ། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བ། སྒྲོན་མ་བཞི་གནད་དུ་བཙལ་བ། སྒོ་གསུམ་གྱི་གནད་གཅུན་པ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། སྣང་བ་བཞིའི་འཆར་ཚུལ་དང་ལྔ་ལས། དང་པོ་ནི། ལུས་ངག་ཡིད་ཀྱི་རྩོལ་བ་དགུ་ཕྲུགས་བཏང་། །ཞེས་པ་ལྟར་ལུས་ཀྱི་བྱ་བ་ཕྱི་འཇིག་རྟེན་གྱི་སྤྱོད་ཚུལ། ནང་ཕྱག་དང་སྐོར་བ། གསང་བ་ལྷའི་གར་དང་ཕྱག་རྒྱ་སྤངས་ཏེ་གཅིག་པུར་གནས། ངག་གི་ཕྱི་ལོང་གཏམ། ནང་ཐུན་མོང་གི་ཆོས་སྤྱོད། གསང་བ་སྔགས་རླུང་གི་བཟླས་བརྗོད་སྤངས་ཏེ་སྨྲ་མེད་དུ་གནས། ཡིད་ཀྱི་ཕྱི་འཇིག་རྟེན་གྱི་འགྱུ་དྲན། ནང་བྱམས་སྙིང་རྗེ། གསང་བ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་རྣམས་སྤངས་ཏེ་བསམ་མེད་རྟོག་བྲལ་དུ་གནས་སོ། །གཉིས་པ་སྒྲོན་མ་བཞི་གནད་དུ་བཙལ་བ་འདི་དང་ས་བཅད་གསུམ་པ་གཉིས་ཚིགས་བཅད་གཅིག་གིས་སྟོན་པས། སྒྲོན་མ་བཞི་ལ་སྒོ་གསུམ་གནད་གཅུན་ཞིང་། །ཞེས་པ་ལྟར་རྒྱང་ཞགས། ཐིག་ལེ། ངག་དབྱིངས། ཤེས་རབ་ཀྱི་སྒྲོན་མ་དང་བཞི་ལས། སྤྱིར་ཀུན་རྫོབ་རྡོས་བཅས་ཟད་པའི་དོན་དམ་གྱི་འབྱུང་བཞི་རྣམ་པར་དག་པ་སྒྲོན་མ་བཞིར་སྨིན་ཏེ་ལས་རླུང་དག་ཅིང་ཡེ་ཤེས་ཀྱི་རླུང་གི་ཆ་ལས་སྒྲོན་མ་བཞི་བྱུང་བ་དཔེར་ན་རྒྱང་ཞགས་ཀྱི་རྟེན་ཆུང་ངུས་རི་སོགས་ཆེན་པོ་སྣང་བ་རླུང་གི་ཆའི་ཕྲ་ཞིབ་ལས་བྱུང་ལ། སྒྲོན་མ་བཞི་ག་རིག་པའི་རང་རྩལ་ཡིན་པས་སེམས་འཁྲུལ་སྣང་དང་ཐ་དད་(༢༦ན)
ནས་རིག་པ་མྱང་འདས་ཀྱི་ཆ་འཛིན་པ་དང་སེམས་སྣང་འཁོར་བའི་ཆ་འཛིན་པ་གཉིས་སྣང་བ་ཙམ་དུ་འདྲ་ཡང་སྔར་ཐ་དད་པ་ཁྲེག་ཆོད་ཀྱི་སྐབས་སེམས་རིག་དབྱེ་ཚུལ་གྱིས་རྟོགས་པས་གནད་འདི་སྒྲོན་མ་ཀུན་ལ་ཤེས་པར་བྱ་བ་ལ། དེའང་དང་པོ་ནི། ལུས་ཆགས་པའི་གཞི་རྩ་མདུད་གྲུ་གསུམ་གྱི་ནང་དུ་འབྱུང་བ་དང་སྒྲོན་མའི་སྤྱན་གཉིས་ལས་སྔ་མས་ལུས་དང་ཕྱི་མས་སྣང་བ་ཡེ་ཤེས་ཀྱི་འོད་དང་ཐིག་ལེ་སྐུ་ལ་སོགས་པའི་མྱང་འདས་ཀྱི་ཆོས་རྣམས་འཛིན་པས་དེ་ཉིད་ཀྱི་རྟེན་ལྟེ་བ་ནས་སྙིང་། དེ་ནས་སྒལ་ཚིགས་འདབས་ནས་རྣ་བ་གཉིས་ཀྱི་ནང་ངོས་ཀླད་རྒྱའི་འཁྲིས་ནས་མིག་གི་ཨ་འབྲས་གཉིས་སུ་ཟུག་པའི་རྩ་བ་མེན་གྱི་རྭ་འདྲ་བ་ཁྲག་དང་ཆུ་སེར་མེད་པའི་འོད་ཀྱི་སྣལ་མས་ཁེངས་ནས་སྒོ་ཆུའི་སྒྲོན་མར་ཟུག་པའི་རྩ་གཉིས་ཀྱི་ནང་དུ་གནད་གཅུན་མ་གཅུན་གྱི་ཁྱད་པར་ལས་ཡེ་ཤེས་དང་འཁྲུལ་པའི་རྩ་རྟེན་བརྟེན་པའི་ཚུལ་དུ་ཡོད་པའི་འོད་རྩ་གཉིས་ནི་ཆུའི་སྒྲོན་མ་དངོས་ཡིན་ལ། དེའི་ངོ་བོ་ནི་ཆུའི་སྒྲོན་མའི་རྟེན་གྱིས་གཟུགས་སོགས་རགས་པ་འཁོར་བ་དང་དེའི་བརྟེན་པ་སྒྲོན་མ་མྱང་འདས་ཡེ་ཤེས་རང་སྣང་གི་ཆ་འཛིན་པས་དག་སྣང་དང་འཁྲུལ་སྣང་མཐོང་བྱེད་ཀྱི་དབང་རྟེན་ཡིན་ཞིང་ངེས་ཚིག་འོད་གསལ་དངས་པའི་གཟུགས་བརྙན་དང་འཁྲུལ་སྣང་རགས་པ་ཐམས་ཅད་རྒྱང་རིང་པོ་ནས་འཛིན་པས་ན་རྒྱང་ཞགས་དང་སྣང་བ་ལ་ཞེན་པ་མེད་པར་ནང་ཏིང་ངེ་འཛིན་གྱི་དགའ་བ་དེས་བརླན་པར་བྱེད་ཅིང་ཆུའི་དངས་མ་འདུས་པས་ན་ཆུ་ཞེས་བྱ་ལ། གཟུགས་སྣང་དབང་ཤེས་ལ་གསལ་བ་དང་འོད་སྣང་གོང་འཕེལ་དུ་འཆར་བས་སྒྲོན་མ་ཞེས་བྱའོ། །དེ་ལ་ཡང་རླུང་གི་དངས་མ་རྩ་བ་མེན་གྱི་རྭ་འདྲ་བ་འབྱུང་བའི་རྒྱང་ཞགས། འོད་རྩ་དངས་པ་ཡེ་ཤེས་ཀྱི་ཁ་དོག་འཛིན་ཅིང་འཁྲུལ་སྣང་མི་འཛིན་པ་ཡེ་ཤེས་འདུས་པའི་རྒྱང་ཞགས། དབང་པོའི་དངས་མ་མིག་(༢༦བ)
གི་ཨ་འབྲས་ཀྱི་དཀྱིལ་ན་དབང་རྟེན་དངས་པ་གཟུགས་མཐོང་བྱེད་དུ་བསྐྱེད་པ་འཁྲུལ་སྣང་མཐོང་ཞིང་ཡེ་ཤེས་མི་མཐོང་བ་དབང་པོ་འདུས་པའི་རྒྱང་ཞགས་གསུམ་དུ་ཡོད་པའི་སྔ་ཕྱི་གཉིས་ལྟར་སྣང་དང་བར་མ་དངོས་ཡིན། མཐུན་དཔེ་གླང་པོའི་སྣར་ལྕགས་ཀྱུ་འདེབས་པ་བཞིན་འཁོར་འདས་ཀྱི་རྩལ་སྣང་འཛིན་པས་ལྕགས་ཀྱུ་དང་འདྲ་ལ། སྣང་བ་བཞི་ལས་ཆོས་ཉིད་མངོན་སུམ་མཐོང་བས་གྲུབ་མཐའ་འདོད་རྒྱལ་དུ་འཛིན་པ་ལས་བློ་ལྡོག་གོ །གཉིས་པ་ཐིག་ལེ་སྟོང་སྒྲོན་ནི། ངོ་བོ་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་དང་བཅས་པ་དེ་ལས་སྒྲོན་མ་ཕྱི་མ་གཉིས་འབྱུང་ངོ་། །ངེས་ཚིག་ནི། རང་གནས་འོད་ཟླུམ་པོ་མི་འགྱུར་བས་ཐིག །ཀུན་ལ་ཁྱབ་པར་བརྡལ་བས་ལེ། དངོས་པོ་ངོས་བཟུང་མེད་པ་སྟོང་། རང་འོད་འཆར་བས་སྒྲོན་མའོ། །དེ་ལ་གནས་པ་བཞིའི་ཐིག་ལེ་སྙིང་ག་ཡེ་ཤེས་ཀྱི་དཔལ་བེའུ་ན་འཁོར་འདས་ཀུན་གྱི་གྱེས་མདོའམ་འབྱུང་གནས་སམ་ཟད་པར་གནས་པ། ལུས་གནས་རྩའི་ཐིག་ལེ་ཁྱད་པར་ཆེན་པོའི་རྩ་བཞིན་རང་གསལ་བས་བདེ་སྡུག་རང་གྲོལ་ཡེ་གྲོལ་དུ་གནས་པ། ཀུན་རྫོབ་རྒྱུའི་ཐིག་ལེ་རོ་མ་ལ་སོགས་པ་ན་ལུས་ཀྱི་ཟུངས་ཙམ་འཛིན་བྱེད་དུ་གནས། དོན་དམ་སྤྲོས་བྲལ་གྱི་ཐིག་ལེ་རིག་པ་ཀ་ནས་དག་པས་དབྱིངས་རིག་དབྱེར་མེད་པའི་དགོངས་པ་ལ་གནས་པ། རང་བྱུང་འབྲས་བུའི་ཐིག་ལེ་དབང་པོའི་མངོན་སུམ་དུ་སྣང་བས་ཉིན་མཚན་འོད་གསལ་དུ་སྣང་བ་སྟེ་ལྔར་དབྱེ་ལ། མཐུན་དཔེ་མདངས་ཟླུམ་པོ་རྨ་བྱའི་མདོངས་སམ། དངས་ཆ་དེའི་གདངས་གསལ་བ་ཁྲའི་མིག་གམ། སྣང་བ་ཉ་མིག །འཚེར་བཀྲག་འོད་ཟེར་བྱི་ལའི་མིག་དཔེར་བཟུང་ལ། སྣང་བ་བཞི་ལས་ཉམས་གོང་འཕེལ་དུ་མཐོང་བས་བདེ་བ་རང་རྒྱུད་དུ་འཛིན་པ་ལས་བློ་ལྡོག་གོ །གསུམ་པ་དག་པ་(༢༧ན)
དབྱིངས་ཀྱི་སྒྲོན་མ་ནི། ཕྱིའི་ངོ་བོ་ནི་ནམ་མཁའ་དངས་པའི་དཀྱིལ་ན་གདངས་སྔོ་སང་ངེ་བ་ཞིག་འཆར་ལ། ནང་གི་ངོ་བོ་མཐིང་ཁ་ལས་ལྔ་ལྡན་དུ་མཆེད་དེ་འོད་ལྔའི་མུ་ཁྱུད་ཟླུམ་པོ་ནང་ན་པད་འདབ་དང་བཅས་པ་ཟ་འོག་བེར་ཁྱིམ་ལྟར་སྣང་བ་སྟེ། རིག་པ་ལུ་གུ་རྒྱུད་གཟེར་འདེབས་པའི་ར་བར་བྱུང་ལ། ཐིག་ལེའི་འོད་ཁྱིམ་ཡིན་པས་འགུལ་འཕྲིགས་ཤས་ཆུང་ངོ་། །ངེས་ཚིག་ནི། རིག་པའི་རང་ཡུལ་དང་སྣང་བའི་འཆར་གཞི་བྱེད་པས་ན་དབྱིངས། ཡུལ་དུ་སྣང་ཡང་དྲི་མ་མེད་པས་རྣམ་པར་དག་པ། ལུ་གུ་རྒྱུད་གོ་རར་བཟུང་ནས་སྣང་རིག་གསལ་བར་བྱེད་པས་སྒྲོན་མ་དེ་ལ་གཞིའི་དབྱིངས་སྒྲོན་སྙིང་ནང་ན་ཡེ་ཤེས་རང་འོད་ཀྱི་སྐུ་ལྷུན་གྲུབ་ནང་གསལ་དུ་གནས་པ། ལམ་མུ་ཁྱུད་ལྔ་ལྡན་གྱི་ར་བའི་དབུས་ན་པད་འདབ་ཅན་གྱིས་ཐིག་ལེ་དངས་མ་སྡུད་པ། འབྲས་བུ་ལུ་གུ་རྒྱུད་བཙོན་དུ་འཛིན་པ་སྟེ་འོད་ལྔའི་དྲ་བ་དྲ་ཕྱེད་ཟ་འོག་རིས་སོགས་འཆར་བས་གསུམ་དུ་དབྱེའོ། །མཐུན་དཔེ་ནི། ཡི་གེའི་ན་རོ་ལྟ་བུ་སྟེ་ན་རོ་ནི་གཤོག་པ་གཉིས་བསྡོམས་པས་ན་རོ་གཅིག་གྲུབ་པ་ལྟར་ཕྱིའི་དབྱིངས་མཐིང་ཁ་དང་དེ་ལས་ཤར་བའི་སྣང་བ་གཉིས་བསྡོམས་པས་དབྱིངས་ཀྱི་སྒྲོན་མ་ཞེས་བཏགས་ལ། སྣང་བ་བཞི་ལས་རིག་པ་ཚད་ཕེབས་སུ་མཐོང་བས་མ་དག་པ་འཁྲུལ་པའི་སྣང་བ་ལས་བློ་ལྡོག་གོ །བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། རང་ཤེས་རིག་པ་ཀ་ནས་དག་པ་སྟེ། །དེའང་ངོ་བོ་རྩལ་གདངས་གསུམ་ལ། ངོ་བོ་ནི་རྒྱང་ཞགས་གཟིགས་སྟངས་ཀྱི་གནད་ལས་ཐིག་ལེ་སྟོང་སྒྲོན་ལ་བསྟད་དུས་ནང་གི་རིག་པ་དངས་སངས་རང་གསལ་དུ་མྱང་བ་དེའོ། །རྩལ་ནི་ཕྱི་གསལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ཞིང་ཚིག་དོན་ཀློང་རྡལ་དུ་འཆར་བ་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུ་དང་བཅས་པ་(༢༧བ)
ཡིན་ལ། དེའང་སྒྲོན་མ་ཀུན་ཤེས་པར་བྱེད་པའི་དགོངས་པ་ཆོས་ཉིད་སྟོང་གསལ་རང་གནས་ཤེས་པའི་རྩལ་དང་བཅས་པ་སྟེ་ཐབས་སུ་སྒྲོན་མ་གཞན་གསུམ་མ་འགུལ་བར་བསྟད་པས་ནང་དུ་རང་རིག་དངས་སངས་ཕྱེད་པ་རང་གནས་ཀྱི་དགོངས་པ་ཀློང་རྡོལ་གྱི་ཤེས་རབ་དང་བཅས་པ་ཡིན་ངེས་ཚིག་ནི། གཞི་དོན་ཀ་དག་གཏན་ལ་ཕེབས་པས་ཆོས་ཐམས་ཅད་སྟོངས་ཤིང་བདག་མེད་པ་ཤེས་པ་དེ་ལྟ་བུའི་དགོངས་པ་ཀུན་གྱིས་རྟོགས་དཀའ་ཞིང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་རབ་གཞན་ནས་འབྱུང་མིན་ལྷན་ཅིག་སྐྱེས་པ་རང་ངོ་ཤེས་པས་རང་བྱུང་། ངོ་བོ་སྟོངས་ཤིང་རང་བཞིན་གསལ་གདངས་འགག་མེད་དུ་ཤར་བས་སྒྲོན། ཐམས་ཅད་ལ་ཁྱབ་པས་མ་ཞེས་བྱ། གཞི་གནས་རང་བྱུང་གི་ཤེས་རབ་ནི་རིག་པའི་མཁྱེན་ཆ་སྟེ་འཆར་གཞི་དང་རྟེན་དུ་གནས་པའོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི་དབྱིངས་རིག་གཉིས་མེད་ཟུང་འཇུག་གིས་རང་དུས་ན་རང་གསལ་དྲི་མེད་དག་པས་དགོངས་པ་ཆོས་ཉིད་དུ་སྐྱེལ་བར་བྱེད་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ནི་རིས་མེད་དུ་མར་ཤར་ཡང་ངོ་བོ་ཆོས་ཉིད་དུ་སྡུད་པར་བྱེད་པའོ། །སོ་སོར་རྟོག་པའི་ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་རང་དང་སྤྱི་མཚན་ཉིད་ལ་སོགས་པ་ཇི་ལྟར་སྣང་བ་མ་འདྲེས་པར་ཤེས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི་རང་བཞིན་གྱི་བར་དོ་འདིར། ཐོས་པས་གཏན་ལ་འབེབས། བསམ་པས་ངེས་པར་བྱེད། སྒོམ་པས་རོ་མྱོང་། འཁོར་བ་ལས་ངེས་པར་འབྱིན་པ་སྟེ། ཚིག་དོན་རྟོགས་པར་བྱེད་པའོ། །མཐུན་དཔེ་གང་ལ་བལྟས་པའི་ཡུལ་རིག་ཅིང་རྟོགས་ལ་ཉོན་མོངས་པ་ཐམས་ཅད་བསྲེག་པས་སྤྲ་བ་ལ་མེ་མཆེད་པ་འདྲ་ལ། སྣང་བ་བཞི་ལས་ཆོས་ཟད་ཀྱི་སྣང་བ་མཐོང་བས་སྐུ་དང་ཡེ་ཤེས་སུ་ཞེན་པ་ལས་བློ་ལྡོག་གོ །གསུམ་པ་སྒོ་གསུམ་གྱི་གནད་གཅུན་པ་ལ་ལུས་ངག་ཡིད་(༢༨ན)
གསུམ་གྱི། དང་པོ་ལུས་ཀྱི་གནད་བཅུན་པ་ལ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི་ཐབས་ཤེས་འདྲེས་གནད་རྐང་པའི་ལོང་བུ་གཤིབས། གཟུང་འཛིན་དང་ལས་རླུང་གཉིས་གནོན་རྐང་མཐིལ་ས་ལ་བཅར། འབྱུང་བ་ཡེ་ཤེས་ཀྱི་རྩལ་འབྱིན་གནད་བུས་བྲང་སྦྱར། དབྱིངས་རིག་བསྲེ་གནད་ཐལ་མོ་པུས་སྟེང་བསྣོལ། རྩ་མི་འཆུས་ཤིང་རླུང་དལ་གནད་ལུས་དྲང་པོར་བསྲང་། རླུང་ཡུལ་ལ་ཕུལ་བས་རང་དངས་ལ་གཏོད་གནད་མཇིང་པ་ཐད་ཀར་བསྲང་བ་རྣམས་བཅའ་བ་རྒྱུན་གྱི་གནད་ཡིན། དེས་རྟོག་པ་འཕྲོ་ཞིང་ཡེ་ཤེས་མ་སྐྱེས་ན། ཙོག་པུས་འཕོ་བ་ལས་རླུང་ལྡོག་སྟེ་སྐུ་སྣ་ཚོགས་ཕྱི་རོལ་དུ་སྣང་བས་སེམས་ནང་དུ་སྡོད། རྐང་མཐིལ་གྱིས་སྲོག་རྩོལ་ལས་ཀྱི་རླུང་ལྡོག་སྟེ་ཕྱིར་དྲོད་དང་ནང་དུ་སྐྱེ་མེད་ཀྱི་ཉམས་འཆར། ལག་པ་མཇིང་པར་འཁྱུད་དེ་བསྲངས་པས་ལྡེམ་པ་ལས་རླུང་ལྡོག་སྟེ་ནང་དུ་རྟོག་པ་དུ་མ་འགགས། ཕྱི་རོལ་དུ་ཡེ་ཤེས་ཀྱི་མཐོང་བ་རྣམ་དག་གོང་དུ་འཕེལ་བ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། ལུས་ཀྱི་ཚོགས་པའི་ཆོས་གནོན་གནད་ཁ་བུག་ཏུ་ཉལ། དྲོད་འབེབས་གནད་པུས་མོ་གཉིས་སྦྱར། གཡོ་བྱེད་ཀྱི་ལས་རླུང་གནོན་གནད་རྐང་སོར་སྤྱི་དང་ཁྱད་པར་མཐེ་བོང་ཕྱི་ལ་འཕུལ། དབྱིངས་ལ་རིག་པ་འདྲེན་གནད་གྲུ་མོ་ས་ལ་བཙུགས། རྣམ་རྟོག་ཡེ་ཤེས་སུ་འཆར་གནད་མཇིང་པ་གྱེན་ལ་བཏེག་པ་རྣམས་བཅའ་བ་རྒྱུན་གྱི་གནད་ཡིན། ཁ་བུབ་པས་ཞེན་འཛིན་ཟིལ་གྱིས་གནོན། ཡན་ལག་གིས་རྣམ་རྟོག་གི་ལས་རླུང་ལྡོག་སྟེ་ཕྱིར་འཁྲུལ་སྣང་འགགས་ཤིང་ནང་དུ་ལུས་སེམས་ལ་བདེ་དྲོད་སྐྱེ། ལག་མཐིལ་ས་ལ་བཅར་བས་འགྱུ་བ་(༢༨བ)
ལས་རླུང་ལྡོག་སྟེ་ཕྱིར་ཐིག་ལེ་ཐིག་ཕྲན་དང་ནང་དུ་ཉིན་མཚན་མེད་པའི་ཉམས་འཆར། མཇིང་པ་ཡིད་ཙམ་བཏེག་པས་འཛིན་པ་ལས་ཀྱི་རླུང་ལྡོག་སྟེ་ཕྱིར་སྐུའི་སྣང་བ་མཐོང་ཞིང་ནང་དུ་རླུང་གི་འགྱུ་བ་ཟད་པར་བྱེད་པ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཡེ་ཤེས་ཀྱི་རླུང་འཕངས་པས་ལས་རླུང་གནོན་གནད་ཀྱི་འགྱིང་ཚུགས་སུ་བྱ། འབྱུང་བ་སྙོམས་པ་དྲོད་ཀྱི་གནད་པུས་མོ་གཉིས་ཕྱིར་བགྲད་རྐང་པའི་མཐིལ་གཉིས་མ་རེག་ཙམ་དུ་སྤྲད་དེ་སར་ཕབ། འཕྲོ་བ་ལས་རླུང་ལྡོག་གནད་ལག་སོར་གྱི་ཚིགས་བསྐུམ་སྟེ་རྐང་མཐིལ་གཉིས་ཀྱི་ནང་ལོགས་ཀྱི་ས་ལ་འཛུགས། ཉམས་སྣང་མྱུར་དུ་འཆར་གནད་རོ་སྟོད་བསྲངས་ལ་བོར། དབྱིངས་རིག་དང་མི་འབྲལ་བའི་གནད་རྩལ་མཇིང་བ་ལ་འགེལ་བ་རྣམས་བཅའ་བརྒྱུད་ཀྱི་གནད་ཡིན། རྐང་པས་ཁྱབ་བྱེད་ཀྱི་ལས་རླུང་ལྡོག་སྟེ་ཕྱིར་ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་མཐོང་ཞིང་ནང་དུ་ཉོན་མོངས་པའི་རྒྱུན་དུམ་པ་འགགས། ལག་པས་བཟུང་བའི་ལས་རླུང་འགགས་ཏེ་ཕྱིར་ཡེ་ཤེས་ཀྱི་སྣང་བ་མཐོང་ཞིང་ནང་དུ་འཛིན་པ་ཡུལ་ཅན་གྱི་རྟོག་པ་གཅོད། རོ་སྟོད་ཀྱིས་འཕན་པ་ལས་རླུང་ལྡོག་སྟེ་ཕྱིར་ཡེ་ཤེས་ཀྱི་སྣང་བ་དང་ནང་དུ་ཉོན་མོངས་པའི་རྒྱུན་འགགས་པ་རྣམས་ངལ་གསོ་ཡེ་ཤེས་ཀྱི་གནད་ཡིན་ནོ། །དེའང་སྤྲུལ་སྐུ་ས་དྲོད་སྐྱེ་ཞིང་འབྱུང་བ་སྙོམས། ལོངས་སྐུས་གཡོ་བྱེད་ཀྱི་རླུང་ཟིན། ཆོས་སྐུས་ནང་གི་འབྱུང་བ་ཟད་ཅེས་གཞུང་རྙིང་མང་པོར་བཤད་དོ། །གཉིས་པ་ངག་གི་གནད་གཅུན་པ་ནི། ཐོག་མར་ཐུན་ཆུང་ངུར་སྨྲ་བ་བཅད་དེ་གོམས་པ་ན་ཇེ་རིང་དུ་གཏོང་། སྐབས་འགར་རྒྱུ་རྐྱེན་མེད་པར་གཅིག་པུར་སྨྲ་བ་ལ་བསླབ། དེ་ནས་བཟླས་བརྗོད་སོགས་མ་བཀག་པ་ལ་གཞན་དང་ངག་མ་འདྲེས་པའི་ངོས་བརྡ་ཙམ་སྟོན་པ་ལ་གནས་པར་(༢༩ན)
བྱེད། རིམ་གྱིས་བཟླས་བརྗོད་སོགས་སྨྲ་བ་མཐའ་དག་སྤངས་ཏེ་ལ་བཟླ། མཐར་ལུས་བརྡ་ཙམ་ཡང་མི་བྱ་བར་བརྟན་པར་བྱས་པས་ལུས་འབྱོངས། རྩ་བ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་ལུང་སྟོན། ལུས་སྒྱུ་མའི་སྐུར་གྲོལ། མི་མ་ཡིན་གྱིས་བརྡ་དང་གཏམ་ཟར་ཞིང་མཐོང་སྣང་ཕྲ་མོའི་མངོན་ཤེས་འཆར། ཁྱད་པར་ལུས་སེམས་མཚམས་ཀྱི་རྟོག་པའི་འབྲེལ་བ་ཐག་གཅོད་ཅིང་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེའོ། །གསུམ་པ་ཡིད་ཀྱི་གནད་གཅུན་པ་ནི། མ་ཡེངས་པར་མདུན་ཚུགས་སུ་ནམ་མཁའ་ལ་སེམས་དང་མིག་བསྟད། དུས་གསུམ་གྱི་རྟོག་པའི་རྒྱུན་བཅད་པས་ཡུལ་དང་རིག་པ་གཉིས་ཀ་སྟོང་པར་འཆར་བ་སོགས་རྟོག་བྲལ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པ་དེས་སྐུ་གསུམ་རིག་པ་རང་གཟུགས་སྟོང་པའི་དབྱིངས་སུ་འཆར་རོ། །བཞི་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། སྒོ་ཡི་གནད་ནི་ལྡོག་པ་བཟུང་ལྟ་དང་། །ཡུལ་གནད་རྐྱེན་བྲལ་ནམ་མཁའ་དངས་པ་ལ། །རླུང་གནད་དལ་བུས་མངོན་སུམ་ཡེ་ཤེས་འགྲུབ། །རིག་གནད་ལུག་རྒྱུད་བརྩོན་འགྲུས་དྲག་པོས་བཟུང་། །ཞེས་པ་ལྟར་སྒོའི་གནད། ཡུལ་གྱི་གནད། རླུང་གི་གནད། རིག་པའི་གནད་དང་བཞི་ལས། དང་པོ་སྒོའི་གནད་ནི། ཆོས་ཉིད་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་སྤྲུལ་སྐུའི་གཟིགས་སྟངས་ཕྱེད་ཟུམ་ཕབ་པས་མིག་ཤེས་ངན་པར་མི་འགྲིབ་པ་དང་གདུལ་བྱ་ལ་གཟིགས་པའི་དགོས་པ། ཡེ་ཤེས་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་ལོངས་སྐུ་ཟུར་ལ་དལ་ཉམས་ཀྱིས་གཟིགས་པས་མིག་སྐྱོན་ཅན་སླར་གསལ་དུ་འགྲོ་བ་དང་ཞིང་ཁམས་གཞན་ལ་གཟིགས་པའི་དགོས་པ། ཤེས་རབ་ཀྱི་སྤྱན་ཁོང་དུ་ཆུད་པའི་གནད་ཆོས་སྐུ་གྱེན་དུ་གཟིགས་པས་མིག་ཤེས་བཟང་བ་སྣང་བ་མྱུར་དུ་ཚད་ལ་ཕེབས་(༢༩བ)
པ་དང་གཞི་ལ་གཟིགས་པའི་དགོས་པ་ཡོད་དོ། །གཉིས་པ་ཡུལ་གྱི་གནད་ནི། སྟོང་ཉིད་སྤྲོས་པ་དང་བྲལ་བའི་གདངས་ནང་ནས་འཆར་བ་ལ་ཡུལ་རི་ར་བ་སོགས་ཀྱིས་མི་ཡོད་པར་ཕྱི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ་ནང་གི་དབྱིངས་ངོ་བོ་སྟོང་པ་སྤྲོས་དང་བྲལ་བར་ཆེད་འཛིན་རེ་དོགས་མེད་པའི་ངང་ནས་ཉིན་མོ་དང་སྣང་འཁྲིད་ཀྱི་དུས་ལྟ་སྟངས་སྨིན་མཚམས་ཀྱི་མཛོད་སྤུར་བསྟད་དེ་ཆམ་གྱིས་བཞག །མཚན་མོ་དང་མུན་འཁྲིད་ཀྱི་དུས་མདུན་གྱི་མུན་པ་ནག་ལྷིང་བ་དེ་ལ་བསྟད་ཅིང་བཞག་པས་གསང་དབྱིངས་རྣམ་པར་དག་པའི་སྒྲོན་མ་མཐིང་ཁ་དང་དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་འཆར་བས་ཕྱི་རིག་པ་འཆར་བའི་ཡུལ་དང་ནང་ཉམས་འཕེལ་བའི་ཡུལ་ཏེ་རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱ་ཞིང་དེ་ལྟར་ཡུལ་ཕྱི་ནང་འདྲེས་པ་ལས་མཉམ་པ་རིས་མེད་དམ་འཁོར་འདས་རོ་མཉམ་མམ་དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་མངོན་དུ་འགྱུར་བའི་དགོས་པ་ཡོད་དོ། །གསུམ་པ་རླུང་གི་གནད་ནི། ཡུལ་དང་སྒོ་གཉིས་འཛོམ་དུས་རླུང་རང་བབས་སུ་བཞག་ནས་དལ་བར་བསྟེམས་པས་རིག་པ་བཙོན་དུ་འཛིན་པ་སྟེ་མཆུ་དང་སོ་གཉིས་བག་ཙམ་མ་རེག་པ་ཁ་ནས་རླུང་ཤིན་ཏུ་དལ་བར་རྒྱང་རིང་དུ་འཕེན་ཅིང་ཕྱི་རོལ་ཏུ་བཟུང་བས་ཕྱི་ལྟར་ཚེ་རྒྱས། ནང་རྟོག་པ་ནུབ་སྐྱེན། གསང་བ་རིག་པ་མངོན་སུམ་དུ་མཐོང་བའི་ལམ། དེ་ཁོ་ན་ཉིད་ཟག་བཅས་མི་སྣང་བར་འཚང་རྒྱ་བའི་དགོས་པ་ཡོད་དོ། །བཞི་པ་རིག་པའི་གནད་ནི། རང་བབས་ཀྱི་ངང་ནས་རང་གདངས་ལུ་གུ་རྒྱུད་དབྱངས་ཀྱི་ར་བར་བཞག་ནས་མི་འབྲལ་བར་བྱེད་པ་སྟེ་དེ་ཡང་རླུང་དལ་བས་རྟོག་བྲལ་གྱི་དོན་རྒྱུད་ལ་སྐྱེ། རིག་པ་ལུ་གུ་རྒྱུད་ཨར་ལ་གཏད་པས་རྣམ་རྟོག་ཟད་ནས་འཁྲུལ་པ་ལོག་སྟེ་ཡེ་ཤེས་མ་བུ་འཕྲོད། རིག་པ་རླུང་དང་བྲལ་བས་འགྲོ་འོང་མེད་པར་ནང་བྱན་ཆུད་(༣༠ན)
པའི་ལུ་གུ་རྒྱུད་གསེར་སྐུད་ནམ་མཁའ་ལ་ལྡིང་བ་ལྟ་བུ། དབྱིངས་འོད་གསལ་གྱི་སྣང་བ་དང་བཅས་པ་ནི་དོན་གྱི་སངས་རྒྱས་ཀ་དག་དང་ལྷུན་གྲུབ་ཀྱི་རང་གདངས་ཡིན་ལ། དེའི་ངང་ལས་ཡེ་གྲོལ་ཆེན་པོར་ཅོག་གིས་བཞག་པ་ན་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གདངས་ཤར་བས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ཤེས་རབ་རང་བྱུང་གི་ཡེ་ཤེས་དང་ཞལ་མཇལ་བས་ཀུན་ཏུ་བཟང་པོ་ལོགས་སུ་མེད་པ་དེའོ། །དེའང་སྒོ་གསུམ་གྱི་གནད་ཕྱི་མ་ནི་ཡིད་གནད་གཅུན་པས་རྟོག་པ་བསྡུས་པའི་གནས་ཆ་གཙོ་ཆེ་ལ། འདིར་རིག་པའི་གནད་གཅུན་པ་མངོན་སུམ་གྱི་ཆོས་ཉིད་ཡིད་སྤྱོད་དང་བྲལ་བའི་ངང་ལ་སྤྲོ་བསྡུའི་མཚན་མ་མེད་པར་རིག་སྟོང་རྗེན་པར་འཇོག་པས་མི་འདྲའོ། །དེ་ལྟར་ཉམས་སུ་བླངས་པས་རྡོས་བཅས་རང་སར་གྲོལ། མཐར་མ་ཕྱིན་ཀྱང་བར་དོའམ་རང་བཞིན་སྤྲུལ་པའི་ཞིང་དུ་བགྲོད། འགྲོ་དྲུག་གི་གཡང་ས་ལ་ཡ་མི་ང་བའི་དགོས་པ་ཡོད་དོ། །ལྔ་པ་སྣང་བ་བཞིའི་འཆར་ཚུལ་ནི། དེ་ལྟར་བསྒོམས་པས་ཆོས་ཉིད་རིག་པའི་རྩལ། །རང་བྱུང་ཡེ་ཤེས་སྣང་བཞི་རིམ་པས་འཆར། །ཞེས་པ་ལྟར་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཆད་ཕེབས། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ནི། སྤྱིར་མངོན་སུམ་ལ་ཀུན་རྫོབ་དང་དོན་དམ་གཉིས། ཕྱི་མ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས། འདས་པ་ལ་སེམས་དང་རིག་པ་གཉིས་ཀྱི་འདིར་རིག་པའི་མངོན་སུམ་ངོ་སྤྲོད་པ་ཡིན་པས། དེའང་ཕྱི་འོད་གསལ་དགག་སྒྲུབ་དང་བྲལ་བར་བལྟས་པས་ནང་གཟུང་འཛིན་གྱི་རྟོག་པ་དང་བྲལ་ཏེ་རིས་མེད་མཉམ་པར་གྲོལ་བའི་གནད་དང་ལྡན་ན་ཀ་དག་གི་རིག་གདངས་དང་ལྷུན་གྲུབ་(༣༠བ)
ཀྱི་འོད་གདངས་ཟུང་དུ་འབྲེལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་བླ་ན་མེད་པ་ཡིན་པས་དེ་འཆར་བ་ལ། སྣང་བ་བཞི་གར་བཞུགས་སྟངས། གཟིགས་སྟངས། གནད་བཞི་ལས་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་ལེན་དགོས་པའི་ཐོག་མར་ལུས་གནད་སྤྲུལ་སྐུའི་བཞུགས་སྟངས་ཀྱི་རྡུལ་མེད་པའི་ཉི་ཟེར་ལ་ཟིམ་བུའི་མིག་གིས་བལྟས་པས་སྙིང་ག་ན་གདོད་མའི་མགོན་པོ་འོད་མི་འགྱུར་བ་དབྱིངས་འོད་ཕུང་ཆེན་པོའི་དབུས་ན་ཡེ་ཤེས་སུམ་ལྡན་གྱི་སྙིང་པོ་རྨ་བྱའི་སྒོ་ད་ལྟར་ནང་གསལ་དུ་བཞུགས་པའི་གདངས་ལས་ཞི་ཁྲོའི་སྣང་བ་སྐུ་དང་ཐིག་ལེ་ཞིང་ཁམས་མཐའ་ཀླས་པ་ལྷུན་གྱིས་གྲུབ་པ་སྐལ་བ་ཅན་གྱི་ནམ་ཐོབ་པ་ན་རང་སྣང་འོག་མིན་གྱི་ཞིང་དུ་འཚང་རྒྱ་བ་ཡིན་པས་རིག་པའི་ངོ་བོ་ཐིག་ལེ་སྟོང་པའི་སྒྲོན་མེ་དེའི་རང་གདངས་དེ་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ལམ་རྩ་ཀ་ཏི་ཀ་ཤེལ་གྱི་སྦུ་གུ་ལས་བརྒྱུད་ནས་སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ཚེས་མིག་གཉིས་ཀྱི་སྒོ་ལས་ཐོན་པ་ཉི་མ་མ་གཡོས་ཀྱང་འོད་ཟེར་འཕྲོས་པ་བཞིན་བྱུང་བ། རིག་པ་ཡེ་ཤེས་ཀྱི་སྒྲོན་མ་ཆོས་ཉིད་ཀྱི་སྣང་བ་དེ་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་བྲེང་ཆགས་པ་འཁྱོགས་མཚམས་ཐིག་ལེས་འབྲེལ་བ་ཐོག་མར་དཀར་ཟང་ཟང་། སྐར་མ་འཕོ་བ་ལྟ་བུ་ལས་ཐིག་ལེ་ཁ་དོག་ལྔ་ལྡན། རེ་རེ་བ་སུམ་འབྲེལ་བར་གྱི་སྣང་བ་ཚུན་ཆད་རེ། ལུ་གུ་རྒྱུད་ད་ནི་རིག་པ་ཆོས་ཉིད་ཀྱི་ངོ་བོ་ཡིད་སྤྱོད་ལས་འདས་པ་མངོན་པ་དང་མི་མངོན་པའི་སྒོ་ནས་ཐོན་ཏེ་རིམ་གྱིས་མཐར་ཕྱིན་པ་ལ་སྐུ་དང་ཡེ་ཤེས་ལ་སོགས་པའི་ངོ་བོ་ཉིད་ཡིན་ལ། ངེས་ཚིག་གི་དབང་དུ་བྱས་ན། རྡོ་རྗེ་ནི་སངས་རྒྱས་སེམས་ཅན་ཀུན་ལ་མཉམ་ཞིང་མི་འགྱུར་བར་གནས་པའི་ཆ་ནས་བཞག་ལ། ལུ་ནི་ལུ་མ་བཟང་པོ་ནས་འཕེལ་འགྲིབ་མེད་པར་འབྱུང་བ་ལྟར་སྐུ་དང་ཡེ་ཤེས་ཀྱི་འཕེལ་སྒོ་སྣ་ཚོགས་སུ་ལམ་སྣང་མ་རྫོགས་ཀྱི་བར་ལ་དེ་(༣༡ན)
ལས་འཆར་བར་བྱེད། གྲུ་ནི་དེ་ཉིད་ཀྱི་ནང་དུ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ལྟ་སྒོམ་འགུགས་པ། རྒྱུད་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས་སྐུ་དང་ཐིག་ལེ་འཕྲོ་བ་དང་མཆེད་པ་དང་འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །དེ་ཡུལ་གང་ལ་འཆར་ན་ཕྱིའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་འཆར། ཇི་ལྟར་འཆར་ན་འོད་དང་འོད་ཁྱིམ། ཐིག་ལེ་དང་ཐིག་ཕྲན། ལུ་གུ་རྒྱུད་ཀོ་མོག་ཏུ་རྡོ་བསྐྱུར་བའམ་སྦ་ཕུབ་རེ་ལྡེ་མཐིང་ཕྱར། རྨ་བྱའི་མདོངས་སམ་མེ་ལོང་ལྟ་བུར་འཆར། དེ་ལ་མ་ཡེངས་པར་བལྟས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གིས་སྐྱེས་པའི་ངང་ལ་མཉམ་པར་འཇོག་པའི་ཤེས་རབ་གསལ་དངས་ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཤེས་རབ་རང་བྱུང་གི་སྒྲོན་མས་གདོད་མའི་གཞིའི་སྣང་ལུགས་ད་ལྟར་གྱི་སྣང་སེམས་འབྲས་བུ་ཡེ་གྲོལ་དུ་སྨིན་པར་བྱེད་པའི་དོན་ལ་དཔྱད་དེ་གོམས་པས་མངོན་སུམ་རང་སྣང་དབྱིངས་རིག་དབྱེར་མེད་དུ་འཆར་ཞིང་འདི་ཉིད་དང་པོར་མཐོང་བ་ཙམ་གྱིས་ཆོས་ཅན་དུམ་བུར་ཤིག །ཡིད་སྤྱོད་བློ་ལས་འདས། རྟོག་དཔྱོད་ཀྱི་ལྟ་བ་ནུབ། རིག་པ་མངོན་སུམ་དུ་མཐོང་བས་དགེ་སྡིག་གིས་མི་གོས་ཤིང་ཕྱིར་མི་ལྡོག་པའི་གདེངས་དང་ལྡན་པའི་ཕྱིར། ཡི་གེ་མེད་པ་ལས། མངོན་སུམ་མཐོང་བའི་གང་ཟག་ལ། །འཁོར་བ་བྱ་བ་ཡོད་མིན་པས། །སྲིད་གསུམ་བདར་ཤ་ཆོད་པ་ཡིན། །ཞེས་པས་ཤེས་ནུས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ་སྣང་ཉམས་དང་ཤེས་ཉམས་གཉིས་སུ་བྱུང་བའི་ཤེས་པ་དགའ་བདེ་ཀླུངས་སུ་ཕེབས་མ་ཕེབས་ཀྱི་བསམ་གཏན་དང་། མཐར་འགྱུར་ཞེས་པ། སྲིན་བུ་མེ་ཁྱེར་སྤྲིན་དུ་བ། །རྨུགས་ཟིལ་ཟླ་(༣༡བ)
བ་སྐར་མ་དང་། །ནམ་སྲོས་ཉི་ཤར་ལྟ་བུ་བརྒྱད། །ཅེས་པའི་རྟགས་སྦྱོར་དྲུག་པ་སོགས་ཀྱི་ཟབ་གནད་ནི་རྫོགས་ཆེན་པའི་ལུགས་ལ་དག་བྱར་གསུངས་པས་རྒྱས་པར་མི་སྤྲོ་ཞིང་སྣང་ཉམས་ནི་ལམ་གྱི་ཚད་ངེས་པར་མི་བསླུ་བ་ཡེ་ཤེས་སྣང་བའི་ཉམས་ཕྱིར་ཤར་བས་རིག་པ་ནང་དུ་གྲོལ་བའི་ཚད་ཟིན་པ་ནི་ཆོས་འདིའི་ཁྱད་པར་གྱི་དགོངས་པ་ཟབ་མོ་སྟེ། ཤིན་ཏུ་སྦས་པའི་ཉེ་ལམ་ཆེན་པོ་ཡིན་པས། དེའང་ཆོས་ཉིད་མངོན་སུམ་དབྱིངས་རིག་འོད་གསལ་གྱི་སྣང་བ་དེ་ཉིད་ལ་སྦྱངས་པས་ཕྱི་དབྱིངས་ནང་དུ་རིག་པ་ལུ་གུ་རྒྱུད་དབྱེར་མེད་དུ་གནས་པ་བཞིན་ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་དབྱིངས་གཉིས་མེད་དུ་གནས་པས་འོད་གསལ་མ་བུ་འདྲེས་པ་ཞེས་བྱ་ལ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས་འཁོར་བའམ་ལས་ཀྱི་མཐའ་ཕྱེད་གཟུང་བ་ཡུལ་དུ་སྣང་བ་ལས་འདས་ལ། དབྱིངས་ཀྱི་སྣང་བ་མཐོང་སྟེ་དེའི་སྟེང་དུ་འཛིན་པ་རྟོག་པའི་ཆའི་ཕྱེད་མེད་པ་སྟོང་ཆད་དུ་འཛིན་པ་ལོག་པས་འཁོར་བའི་ཆའི་སུམ་གཉིས་ལས་འདས་ལ། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་སྟེ་འཛིན་ཆའི་ཕྱེད་སྣང་བ་རང་མཚན་དུ་འཛིན་པ་ལོག་པས་གཟུང་འཛིན་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་གནད་ཡོད་ཅིང་འཁྲིད་ཚུལ་འདི་ལས་ཉམས་སྣ་ཚོགས་སུ་འཕེལ་བ་སྟེ་འཕེལ་ལུགས་ནི། སྒྲོན་མ་འབར་བ་ལས། ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེངས་རྙེད་ནས། །བར་སྣང་འཇའ་ཚོན་དེ་བཞིན་དུ། ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །ཞེས་པ་ལྟར་ཐོག་མར་སྨིན་མཚམས་སུ་སྣང་དུས་རེ་ཁཱ་ནག་པོའི་རྣམ་པ་བྲེང་ཙམ་སྣང་བར་གོམས་པས་རིམ་གྱིས་འཇའ་ཚོན་ལྟར་འཆར་ཡང་སྔར་དབྱིངས་རིག་གསལ་འགྲིབ་སྤེལ་མ་ལས་འདིར་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབྱིངས་ཁྲུ་(༣༢ན)
གང་ཙམ་དུ་སྣང་ཞིང་དབང་པོའི་མངོན་སུམ་དུ་གསལ་ལ། དེའང་ལུས་ལོངས་སྐུའི་བཞུགས་སྟངས་ཀྱིས་མིག་ཉི་མའི་ཕྱོགས་སུ་ཟིམ་བུར་བལྟས་ཏེ་གཡས་ གཡོན་དུ ་དལ་བུས་འཁྲིད་པས་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པ་ལས་སྔ་མ་ནི་རྡོ་རྗེའི་རིགས་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོ། དེ་ཉིད་མི་བསྐྱོད་པའི་གདངས་དཀར་ལ་འཚེར་བ། དེའི་རྗེས་སུ་དེ་བཞིན་རིགས། རིན་ཆེན། པདྨ། ལས་རྣམས་རིམ་བཞིན་མཐིང་སེར་དམར་ལྗང་། དེ་དག་ཐ་དད་མེད་པ་མཚོན་ཕྱིར་ཕྱི་རོལ་ཏུ་མཐིང་ཁ་རྡོ་རྭས་བསྐོར་བ། དེ་ལས་སྣང་བའི་འཕེལ་བ་ནི་འོད་ལྔ་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའི་ཐིག་ལེ་རྣམས་སྲན་མ་ཙམ་ལ་ལུག་རྒྱུད་སྐར་མདའ་འཕྲོ་བ་བཞིན་དུ་མགྱོགས་པ། དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ། མཉམ་ཉིད། སོར་རྟོག །བྱ་གྲུབ། ཆོས་དབྱིངས་ལྔ་རིམ་བཞིན། གྱེན་སྒྲེང་། རྩིབས་ཤར། གྲུ་ཕྱེད། རེ་ལྡེ། ཡུལ་གྲུ་རྣམས་ཐིག་ལེ་མེ་ལོང་ཙམ་ལ་རིག་པ་བྱ་འཕུར་སྐྱེན་ལྟ་བུར་ཤར་བ་ལ་བརྟེན་ནས་རིམ་པ་བཞིན་སོ་སོའི་ཡོན་ཏན་ཉམས་འཕེལ་བ། འཁྲུལ་སྣང་ཟད་དུ་ཉེ་བ། འབྱུང་བའི་ཕྲ་བ་འགགས་པ། ཡེ་ཤེས་རང་གདངས་སོ་སོར་གསལ་བ། རྟོག་པ་རགས་པ་འགགས་པ་རྣམས་འབྱུང་བ་ལས། དེ་དག་གི་ལམ་སྐྱེ་བའི་རིམ་པ་ནི་བརྩོན་འགྲུས་རབ་ཞག་ལྔ། འབྲིང་བདུན། ཐ་མ་ཉེར་གཅིག་རེ་ནས་སྔ་མའི་སྣང་བ་འགགས་ཤིང་ཕྱི་མ་རིམ་པས་སྐྱེའོ། །སྐབས་འདིར་རེ་ཞིག་འཆར་འགྲིབ་མེད་པར་གནས་(༣༢བ)
པའང་ཡོད་དོ། །ཕྱི་མ་ནི། དེ་དག་ནུབ་ནས་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་འཆར་ཏེ་མེ་ལོང་ལྟ་བུ་སོགས་ཡེ་ཤེས་ལྔ་རིམ་གྱིས་མིག་ཆགས་དང་མིག་མངས་རིས། དྲ་བ་དང་དྲ་ཕྱེད། མེ་ཏོག་ཚོམ་བུ། མཚོན་ཆའམ་རིགས་ཀྱི་ཕྱག་མཚན་མཁར་ཐབས་དང་ཟ་འོག་གི་གུར་ཁྱིམ་རྣམས་ཐིག་ལེ་ཁམ་ཕོར་ཙམ་ལ་ལུག་རྒྱུད་སྤང་རྩིབས་ལ་རི་དྭགས་རྒྱུག་པ་འདྲ་བ། དེ་ནས་ཀྱང་ཐིག་ལེ་བསེ་ཕུབ་ཙམ་ལ་རིག་པ་བུང་བ་རྩི་བཅུད་མྱང་བ་ལྟ་བུ་འཆར་བ་ནི་སྔོན་འགྲོ་ཚད་དུ་ཕྱིན་པ། རླུང་གི་སྦྱང་བ་དག་པ། གཟིགས་སྟངས་ཅུང་ཟད་མ་འཁྲུལ་བ། སྔོན་འགྲོ་འབྱངས་པ། བཅོས་མ་བཅོས་པ། སྔོན་འགྲོ་མཐར་ཕྱིན་པ། རིག་པ་མི་གནས་དྲངས་པ་སོགས་ལས་འབྱུང་སྟེ་དེ་དག་ཀྱང་། བརྩོན་འགྲུས་ཀྱི་ཁྱད་པར་ལས་ཞག་གསུམ་མམ། བདུན་བཅུ་བཞི་སོགས་ནས་གཅིག་སྐྱེས་སུ་གཅིག་འགགས་པར་འགྱུར་ཞིང་དེ་ནས་རིག་པ་རང་གི་ངོ་བོའི་སྣང་བ་འཆར་ཚུལ་འོད་དེ་དག་ཐིག་ལེའི་རྣམ་པ་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་དེ་ནས་ཐབས་ཤེས་དག་པའི་ཐིག་ལེ་ཉིས་འབྲེལ། ཡེ་ཤེས་ལྔ་ལ་ནང་བྱན་ཆུད་པའི་ལྔ་འབྲེལ་བ་ཆོས་ཉིད་མངོན་སུམ་གྱི་ཐིག་ལེ་ལས་ཆེ་ཆུང་གི་ཁྱད་ཞུགས་པ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་བར་དོའི་སྣང་བ་ཐམས་ཅད་ད་ལྟ་གཏན་ལ་ཕེབས་པས་ལྷུན་གྲུབ་བར་དོ་ཡན་ཆད་དུ་གྲོལ་བར་ངེས་པ་ནི་དགོས་པའམ་འབྲས་བུའི་རིམ་པས། ཐལ་འགྱུར་ལས། ཉམས་སྣང་གོང་འཕེལ་སྣང་བ་ཡིས། །བར་དོའི་ཡེ་ཤེས་རང་ངོས་ཟིན། །ཞེས་པས་ཤེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། ཞི་གནས་ཀྱི་རིག་པ་ཡེ་ཤེས་སུམ་ལྡན་དེ་ཉིད་རང་གདངས་འགག་མེད་དུ་ཤར་བས་སྣང་སྲིད་(༣༣ན)
སྐུ་གསུམ་རྫོགས་པ་ཞེས་བྱ་བ་ལ་ལུས་གནད་ཆོས་སྐུའི་བཞུགས་སྟངས་བྱས་ཏེ་མིག་ཟིམ་བུའི་ཚུལ་གྱིས་སྔར་བཞིན་འཁྲིད་པས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་པར་རེ་རེ་སྣང་བ་སྤྲུལ་སྐུའི་སྦྱང་བ་རྣམ་པར་དག་པ་ལས་བྱུང་བ། དེ་ནས་སྐུ་རྐྱང་བ་སྣང་བ་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་། དེ་ནས་སྐུ་ཡབ་ཡུམ་ལྔ་ལྔར་སྣང་བ་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ། དེ་ནས་སྟེང་ཕྱོགས་སུ་རྣམ་སྣང་གིས་གཙོ་བྱས་པའི་རིགས་ལྔ། ཕྱོགས་བཞིར་རིགས་སོ་སོས་གཙོ་བྱས་པའི་ཡབ་ཡུམ་ཟུང་འཇུག་གི་ཚོམ་བུའི་དཀྱིལ་འཁོར་བགྲང་བ་ལས་འདས་པ་དང་བཅས་པར་སྣང་བ། མུ་ཁྱུད་ཀྱི་ར་བ་དང་སོ་སོའི་གཙོ་འཁོར་དུ་སྣང་བ་ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་བྱུང་བ། སྟོང་གསུམ་གང་དུ་བལྟས་ཚད་དབྱིངས་རིག་ལ་ཉིན་མཚན་མེད་པར་གསལ་བའོ། །འདི་ནི་ཚད་དུ་ཕེབས་པའི་སྣང་བ་སྟེ་སྔོན་འགྲོའི་དུས་ལུས་ཀྱི་དག་བྱེད་དེ་དག་གིས་འབྲེལ་ཆད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །དེའང་དག་བྱ་དྲི་མ་སྦྱོང་བའི་གཉེན་པོར་སྔོན་འགྲོ་གནད་དུ་ཕྱིན་པ་ལས་སྣང་བ་དེ་དག་འཆར་བར་སྒྲོ་བཏགས་ཀྱང་བྲལ་འབྲས་དང་དག་བྱ་དག་བྱེད་ཀྱི་རྒྱུ་འབྲས་བཏགས་པ་བ་ཡིན་པས་དེས་བསྐྱེད་པ་ལས་བྱུང་བ་མིན་པ། ཡེ་ཤེས་རང་གནས་ཀྱི་གདེངས་གློ་བུར་དྲི་མས་གོས་པ་དག་པའི་སྟོབས་ལས་བྱུང་བའོ། །ཚད་ཕེབས་ཞེས་པས་རིག་པ་ནི་གཞི་གནས་ཀྱི་རིག་པ་སྔར་བརྗོད་པ་ཉིད་དང་ཚད་ཅེས་པ་དང་པོ་སྐུ་ཕྱེད་ནས་སྐུའི་དཀྱིལ་འཁོར་རྫོགས་པའི་བར་དང་ཕེབས་པ་ནི་དེ་ལས་འདའ་ས་མེད་པས་རྣམ་པར་སྣང་བ་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ་འཕེལ་ཟད་དཀྱིལ་འཁོར་རྫོགས་པས་རང་ངོས་ནས་བཅོས་སུ་མེད་དོ། །དེའང་ཐད་ཀའི་དངོས་སྣང་འགགས་པ་སོགས་སྣང་བ་ལ་དབང་སྒྱུར་ཞིང་ཅིར་སྣང་(༣༣བ)
གཟུགས་སྐུར་ཤར་བ་སོགས་ཞིང་ཁམས་འོད་གསལ་དུ་རྫོགས་པ་ཐལ་འགྱུར་དུ་བཤད་པ་རྣམས་ཕྱི་ཚང་བའི་ཚད། ལུས་ཀྱི་རྡོས་བཅས་དག་ནས་སྙིང་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་ལྔ་སྒྲིལ་མཐོང་ཁུང་གི་ཉི་ཞུར་ལྟར་བར་སྣང་ལ་འོད་ཀྱི་སྐར་ཁུང་གི་ནང་དུ་ཤར་བར་ཟུག་ཅིང་ཐོར་ཚུགས་ན་ཡེ་ཤེས་ཀྱི་རླུང་གནས་པས་རང་བཞིན་གྱི་འདེགས་པར་སྣང་ལ། མཛོད་སྤུ་ནས་འོད་ཟེར་སྣ་ལྔ་འདོམ་གང་དུ་གསལ་ཞིང་ལག་པའི་སོར་མོ་ལྔ་ལ་འོད་ལྔའི་ཕྲེང་བ་འཁྲིགས་པའི་ལུས་ཀྱི་བ་སྤུའི་སྒོ་ལ་སོགས་པ་ཕྱི་ནང་གི་ཆ་རྡུལ་ཕྲན་གྱི་ཁྱོན་ལས་ཆུང་ངུ་རེའི་གོ་ན་ཡང་ཞིང་ཁམས་གྲངས་མེད་དང་དེ་དག་རེ་རེར་ཡང་སངས་རྒྱས་སེམས་ཅན་ཚད་མེད་པར་སྣང་ལ། ལྷུན་གྲུབ་ཀྱི་སྒོ་བརྒྱད་ཤར་པའི་སྣང་བ་ཀུན་འདིར་ལྷག་ཆད་མེད་པར་རང་སྣང་དུ་གསལ་བ་ཡིན་པས་དུང་ཁང་དང་དེའི་མཁར་དབང་ཆེན་ཁྲོ་བོའི་ལྷ་ཚོགས་སྙིང་ག་དང་དེའི་མཁར་ཐུགས་རྗེ་ཆེན་པོ་རིགས་འདུས་ཞི་བའི་ལྷ་ཚོགས་ཤར་བའི་ལུས་ཀྱི་ཆ་ནས་རང་བཞིན་སྤྲུལ་པ་དང་འགྲོ་འདུལ་སྤྲུལ་པ་དང་སྣ་ཚོགས་སྤྲུལ་པ་མཐའ་ཡས་པ་སྣང་བས་རང་སྣང་གི་འགྲོ་དོན་མཛད། ཐུགས་རྗེའི་སྒོ་ལས་མངོན་ཤེས་དྲུག་ཚན་རྣམས་དང་ཆོས་ཐམས་ཅད་ཤེས་པའི་ཤེས་རབ་འཆར། དག་པ་ཡེ་ཤེས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཞིང་དག་པ་རང་དག་ལོངས་སྐུར་རྫོགས་པ་དང་སེམས་ཀྱི་དྲི་མ་དག་ཅིང་རྡུལ་དང་བྲལ་བ་ཉིད་ཐེབས་པས་ས་དང་སའི་བག་ཆགས་རང་དག་པ་ནང་ཕུང་པོའི་ཚད། ཕྲ་རགས་འགྱུ་བའི་སེམས་དག་ཀྱང་ཀུན་གཞི་རྣམ་ཤེས་ཙམ་གྱི་སེམས་ཡོད་ལ། རིག་པའི་ཡོན་ཏན་མངོན་ཤེས་དང་སྤྱན་ཆགས་པ་མེད་པར་འཆར་བ་གསང་བ་རིག་པའི་ཚད་དོ། །དེའང་སྣང་བ་གང་མ་གཉིས་སུ་ཉོན་ཡིད་དང་ཡེ་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས་འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་སྔ་མ་བདུན་དག་(༣༤ན)
པས་ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་ལུས་སེམས་ཀྱི་འབྲེལ་ཆོད་པས་ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ་པ་སྟེ་འདིའི་དུས་སུ་གཉེན་པོས་ཆེད་དུ་ལྟ་སྟངས་གཏོད་པ་སོགས་མེད་དེ། རྟག་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བས། ཉམས་ལེན་གྱི་ཚད་རྫོགས་པ་ཞེས་བྱའོ། །དེ་ལྟར་གོམས་པ་མཐར་ཕྱིན་པས་ཚེ་འདི་ཉིད་ལ་ཞིང་ཁམས་ཆོད་ཅིང་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་འགྱུར་བས། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། ཞེས་སོ། །བཞི་པ་ཆོས་ཉིད་ཐད་པའི་སྣང་བ་ནི། ཚང་ཕེབས་ཀྱི་དུས་ཀྱི་སྐུ་དང་ཡེ་ཤེས་སོགས་ཀ་དག་གི་དབྱིངས་སུ་ཐིམ་པ་ནི་གཏན་མེད་མ་ཡིན་པར་གྲིབ་མའི་ཤེལ། བུམ་ནང་གི་མར་མེ། གནམ་སྟོང་གི་ཟླ་བ་ལྟར་རྐྱེན་གྱི་དབང་གིས་མི་གསལ་བ་སྟེ་ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་དུ་འདྲེས་པ་ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ་རིགས་ལྔའི་ཐུགས་ཀར་ཐིམ་ནས་མཐར་ཕྱིན་པས་སློབ་པའི་ལམ་སངས་རྒྱས་ཀྱི་གཞི་གདོད་མའི་ངང་ཀུན་ཏུ་བཟང་པོའི་ཀློང་དུ་འཚང་རྒྱ་བར་བྱེད་པའི་ཚུལ་ལ་རྫོགས་ཆེན་པ་ཕལ་ཆེར་ལ་མ་གྲགས་པའི་ཟབ་གནད་ནི་གནད་ཆོས་སྐུའི་བཞུགས་སྟངས་ལས་རང་གི་སྙིང་གར་རིག་པའི་ད་བ་ཨ་དཀར་པོ་ཞིག་བསམ། ཨ་དེ་ལས་ཐོག་མར་འོད་མཐིང་ཁ་བྱུང་ལུས་ཀྱི་སྟོད་སྨད་ཐམས་ཅད་ལ་ཁྱབ། དེ་བཞིན་ དུ་མདུན་ནས་འོད་དཀར་པོ། གཡས་ནས་སེར་པོ། རྒྱབ་ནས་དམར་པོ། གཡོན ་ནས་ལྗང་གུ་རྣམས་བྱུང་། འོད་ཁ་དོག་ལྔ་ལྡན་གཅིག་ལ་གཅིག་མ་འདྲེས་པ་དེས་ལུས་ཀྱི་སྟེང་འོག་ཐམས་ཅད་ཁྱབ་པས་ལུས་འོད་ཕུང་དུ་ཁྱོམ་ཁྱོམ་པ་དང་དེའི་ལམ་ལས་ཐིག་ལེ་ཁ་དོག་ལྔ་(༣༤བ)
ལྡན་དང་ཡི་གེ་ཨ་དང་ཧྲཱིཿགྲངས་མེད་པ་ཆུའི་གཉེར་མ་བཞིན་བྱུང་། འོད་དང་ཡི་གེ །ཐིག་ལེ་ཐམས་ཅད་བ་སྤུའི་ཁུང་བུ་ནས་ཕྱིར་ཐོན། སྣང་སྲིད་ཐམས་ཅད་ཀྱང་འོད་ཕུང་དུ་ཁྱོམ་ཁྱོམ་ཤིག་ཤིག་པ་ལ་མཉམ་པར་བཞག །དེའི་ཚེ་རང་གི་ལུས་ཀྱང་ཡོད་དུ་མི་ཚོར་ཞིང་སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་ཅན་འོད་ལུས་སྒྱུ་མ་ཙམ་ཞིག་ཏུ་འཆར་རོ། །དེའང་ངོ་བོ་ཕྱི་འོད་ལྔའི་སྣང་བ་སྐུ་དང་བཅས་པ། ནང་རྡོས་བཅས་རྟོག་ཚོགས་ཉམས་སྣང་གི་ཡུལ་དང་བཅས་པ་ཟད་ནས་ཀ་དག་གི་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ་རིག་པ་གནས་པའི་རྒྱུ་མཚན་གྱིས་ངེས་ཚིག་ཀྱང་སྦྱང་གཞི་སྦྱོང་བྱེད་སོགས་མཚན་བཅས་ཐམས་ཅད་རྫོགས་པ་ཆེན་པོའི་ཀློང་དུ་ཟད་པས་དེའི་རང་བཞིན་ནམ་མཁའ་སྔོ་སྐྱའི་མདངས་ལྟར་ཀ་དག་གི་རང་གདངས་ཙམ་ལ་སྤྱོད་ལ། ཆོས་ཉིད་ལ་སྣང་སྟོང་སོ་སོར་བྱུང་བའི་སྔ་མ་ཕྱི་ནང་གི་རྡོས་བཅས་ཟད་པས་རྩ་རླུང་ཟད། དེས་སེམས་ལ་བརྟེན་པའི་བག་ལ་ཉལ་ཀུན་ནས་ལྡང་བའི་མཚན་ཉིད་ཅན་གྱི་དྲི་མ་ཕྲ་བ་ས་བོན་གྱི་ཆ་རྣམས་ཀྱང་ཟད་དེ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་ཞིང་སྤྱན་དང་མངོན་ཤེས་ཆེན་པོ་ལ་མངའ་སྒྱུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་ཐོབ་པ་ལ་ཀུན་གཞི་ཕྲ་མོ་ཤེས་བྱའི་སྒྲིབ་པ་དར་དཀར་ཡོལ་བ་ཙམ་གྱིས་ཆོད་པ་མ་གཏོགས་སྒྲིབ་པ་མེད་པས་ལམ་གྱི་ཆོས་ཟད་ཀྱི་འབྲས་བུ་ཞེས་བྱ་ཞིང་འདི་སྐབས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐུས་ཤེས་སྒྲིབ་བསལ་པ་ཙམ་གྱིས་མི་སློབ་པའི་ལམ་སྒྲིབ་བྲལ་ནང་དབྱིངས་ཀ་དག་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ་ཡིན་ནོ། །སྟོང་པའི་ཆོས་ཉིད་ནི། རྩ་རླུང་རགས་པ་ཟད་པས་སེམས་དང་སེམས་བྱུང་ཟད། སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་དུ་ཕེབས་པའི་ཟླ་བ་ཉ་བ་ལྟ་བུའང་ནང་དབྱིངས་སུ་ནུབ་ནས་ཀ་དག་གི་སྣང་བ་ལ་གནས་པས་ཆོས་སྐུའི་(༣༥ན)
སྣང་བ་སྟེ་འབྲས་བུའི་ཆོས་ཉིད་རང་སྣང་བ་ཞེས་བྱ་བར་བརྗོད་པའོ། །དེ་ལྟ་བུའི་ས་མཚམས་ནི་ཆོས་ཟད་ཀྱི་འགོ་རྩོམ་པ་ན་རང་གི་ཡན་ལག་བཞིའི་སོར་མོ་འོད་ལྔར་གསལ་བ་ཙམ་གྱི་ཚེ་ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་སོ་སོ་ལ་ཐིམ་པས་ཕྱིའི་འབྱུང་བ་ཟད། ནང་གི་འབྱུང་བ་བཞི་ཕྱིའི་འབྱུང་བ་བཞི་ལ་ཕར་ཐིམ་པས་ནང་གི་འབྱུང་བ་ཟད། གསང་བ་སེམས་ཀྱི་རྟོག་ཚོགས་ཟད། དངས་མ་འོད་སྐུར་སོང་བས་གཞོན་ནུ་བུམ་སྐུ་འགྲུབ། ཤ་ལྤགས་རུས་གསུམ་གྱི་སྙིགས་མ་དང་སྐྲ་སེན་སོ་ཙམ་ཤུལ་དུ་ལུས་ཏེ་ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ། དེའང་སྐུ་ངེས་སེམས་ཅན་གྱི་དོན་དངོས་སུ་ཆེར་མི་མཛད་ན་སོར་མོའི་འོད་ལ་རིག་པ་བསྟད་པས་ཕྱིའི་སྣང་བ་རང་རང་ལུས་ཀྱི་འོད་གསལ་རྣམས་ནང་དབྱིངས་སུ་ཇེ་ཐིམ་ལ་འགྲོ་ཞིང་ཐད་ཀའི་དངོས་སྣང་མཐིང་ཁ་དག་པ་ཙམ་ལས་འོད་ལུས་སུ་ཡལ་བ་ཤེལ་འོད་ནང་དུ་ཐིམ་པ་ལྟར་ལུས་དང་སྣང་བའི་རང་གདངས་ཀྱང་ལོག་སྟེ་ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་ཞུགས་ནས་ཕྱི་སྣང་མཐིང་ཁར་སྣང་བའི་ཆ་ཙམ་ཡང་མེད་པར་བུམ་ནང་དུ་མར་མེ་བཞག་པ་ལྟར། རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བའོ། །ཕྱི་སྣང་བར་ཚུར་ལོག་ན་སྐུ་དེས་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པ་འགྲུབ་པའི་རྟགས་ཏེ། དེ་ཡང་སྐྱེ་བ་དང་འཇུག་པར་དབང་བ་ལས་རིག་པ་སེམས་ལ་ཐུགས་རྗེ་བསྟད་པས་ཅི་ཡང་མེད་པ་ཀ་དག་གི་སྣང་བ་དེ་རང་ལོག་ནས་འཁྲུལ་སྣང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང་རང་གི་སྐུ་དེ་ཡང་ཆུ་ཟླ་ལྟར་ཡེ་ཤེས་སྒྱུ་མའི་སྐུར་སྣང་ལ་ཟང་ཐལ་བས་འབྱུང་བའི་གནོད་པ་དང་བྲལ་ཏེ་རྡོ་རྗེའི་སྐུ་ཐོབ་ནས་སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཞེས་བྱའོ། །མ་(༣༥བ)
དག་པའི་ངོར་རྡོས་བཅས་སུ་མཐོང་བ་ནི་རྒྱལ་མཆོག་པདྨ་ཐོད་ཕྲེང་དང་བི་མ་ལ་མི་ཏྲ་ལྟ་བུ་སྟེ་སྐྱེ་འཇུག་ལ་དབང་ཐོབ་པས་སྐད་ཅིག་གིས་ཆོས་ཀྱི་སྐུར་གནས་པའམ་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལ་དབང་འབྱོར་བ་ནས་དུས་གསུམ་གྱི་བདེར་གཤེགས་ཐམས་ཅད་དང་དགོངས་ཀློང་དབྱེར་མེད་ཆུ་ལ་ཆུ་བཞག་ལྟར་གྱུར་བའོ། །སྐྱེ་བ་ལ་དབང་བས་ནང་དབྱིངས་སུ་འཇུག་ཁར་སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་བཅུག་པས་ཐམས་ཅད་དུས་གཅིག་ལ་གྲོལ་བ་དང་སྲིན་བུ་རྣམས་ཀྱང་འོད་དུ་དེངས་པ་དང་གང་ལ་ཅི་འདོད་དུ་སྤྲུལ་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བའོ། །འཇུག་པ་ལ་དབང་བས་བེམ་པོ་ལ་རིག་པ་བཅུག་པས་མགུལ་འཕྲིག་སྐད་འབྱིན་པ་དང་ས་རྡོ་སོགས་དངོས་པོ་གང་ལ་བཅུག་པ་དེས་ཆོས་ཀྱི་སྒྲ་འབྱིན་པས་སེམས་ཅན་སྨིན་པར་བྱེད་ཅིང་ཟས་གོས་སོགས་འདོད་དགུའི་ཆར་འབེབས་པར་བྱེད་དོ། །སྐྱེ་འཇུག་ལ་དབང་བ་འདི་གཉིས། ཟད་པའི་རྗེས་སྣང་བ་དབྱིངས་སུ་འཇུག་ཁ་མ་དེར་ཐོབ་པས། སེམས་ཅན་གྱི་དོན་དུ་ཚུར་མི་ལྡོག་པ་ན་བར་དོར་སེམས་ཅན་སུམ་སྟོང་ཅིག་ཅར་དུ་གྲོལ་བར་བྱས་ནས་དབྱིངས་སུ་འཇུག་ལ། ལྡོག་ན་སྐྱེ་བ་ལ་དབང་བས་ཚུར་ལོག་སྟེ། རིམ་གྱིས་སུམ་སྟོང་གྲོལ་བར་བྱས་ནས། སྐྱེ་འཇུག་དུ་མས་བསྐལ་པ་ཞིང་གི་རྡུལ་སྙེད་དུ། སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་མི་གཡེལ་བར་འཕྲིན་ལས་རྒྱུན་མི་ཆད་པའོ། །གཉིས་པ་རྗེས་ཀྱི་བྱ་བ་ལ་མི་འགུལ་བ་གསུམ་གྱི་གཞི་བཅའ་བ། སྡོད་པ་གསུམ་གྱི་ཚད་བཟུང་བ། རྟགས་གསུམ་སྒོ་གསུམ་ལ་འཆར་བ། ཚད་གསུམ་རྨི་ལམ་གྱིས་འཛིན་པ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེངས་བཞིའི་དྲོད་ཚད་བསྟན་པ་དང་དྲུག་ལས། དང་པོ་ནི། མི་འགུལ་གསུམ་ལ་གཞི་བཅའ་གཡོ་མེད་བསྐྱེད། །(༣༦ན)
ཞེས་པ་ལྟར་ཁྱབ་པ་སྐུ་གསུམ་གྱི་བཞུགས་སྟངས་མི་འགུལ་ལས་རྩ་གནད་ལ་དབབ། འཆར་བྱེད་གཟིགས་སྟངས་གསུམ་གྱིས་རླུང་ཕྱིར་འཕང་བ་དང་བཅས་ལམ་སྣ་འདྲེན། བཅུད་པ་བསྟེམས་ཀྱིས་མི་འགུལ་བས་རླུང་གི་འགྲོ་འོང་དགག་པ་ནི་ལུས་ཀྱི་ཡན་ལག་བཅུད་པས་འཁྲུལ་པའི་འཁོར་ལོ་རྒྱུན་ཆད། སོར་ཚིགས་རྣམས་བསྐུམ་པས་ལུས་ཀྱི་བྱ་བ་འཇིག །སྐབས་སུ་མཇིང་རྩ་བལྟེམས་པས་འོད་རྣམས་རང་ལུགས་སུ་འཆར་བའི་གཞི་བྱེད། ལུས་ཀྱི་བཅུད་པ་སོར་བཞག་པས་ཁམས་གསུམ་མིང་མེད་དུ་བྱེད་པའོ། །ངག་གི་གསུམ་ནི་སུ་དང་ཡང་དག་མ་འདྲེས་པས་འགྲོ་དྲུག་ཕལ་པའི་ལས་གཏོད། ཚིག་གི་འགྲེ་ལྡོག་བཅད་པས་ཚིག་རང་བྱུང་གི་ཡེ་ཤེས་སུ་འཆར། ངག་གི་བརྗོད་པ་བཀག་པས་ཆོས་ཐམས་ཅད་བརྗོད་མེད་ཀྱི་དོན་ལ་གནས་པར་ངེས་སོ། །སེམས་ཀྱི་གསུམ་ནི་བསྟད་པའི་འབེམ་དང་མ་བྲལ་བས་རྟག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་གནས། རིག་པ་དབྱིངས་ཀྱི་གོ་རར་ཆུད་པས་དངོས་པོའི་གནས་ལུགས་ལས་འཁྱར་ས་མེད། རྟག་ཏུ་དེ་ཉིད་དང་མ་བྲལ་བས་སྣང་བཞི་ཚད་དུ་ཕྱིན་པར་ངེས་ཏེ་དོན་ཧྲིལ་གྱིས་དྲིལ་ན་བཞུགས་སྟངས་གསུམ་ལ་རྒྱུན་དུ་གནས་པ་སྟེ་ལུས་མ་འགུལ་བས་རྩ། རྩ་མ་འགུལ་བས་མིག །མིག་མ་འགུལ་བས་རླུང་། རླུང་མ་འགུལ་བས་སེམས་མི་འགུལ། དེ་ཉིད་ཀྱིས་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གཡོ་འགུལ་མེད་པར་གནས་པའི་དགོས་པ་ཡོད་དོ། །གཟིགས་སྟངས་གསུམ་གྱི་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །དེའང་རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། །སྒྲོན་མ་མ་འགུལ་བས་སེམས། སེམས་མ་འགུལ་བས་རྟོག་ཚོགས་འབྱུང་(༣༦བ)
མི་སྲིད་ལ། བརྟགས་ན་རྟོག་ཚོགས་ཡེ་ཤེས་ཀྱི་རྩལ་ཡིན་ཀྱང་མ་ཤེས་ན་འཁོར་བའི་ངོ་བོ་ཡིན་པས་སོ། །གཉིས་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི། སྡོད་པ་རླུང་གསུམ་སྐྱོད་བྱེད་བྲལ་བར་བྱ། །ཞེས་པ་ལྟར་ཕྱི་སྣང་བ་བསྐྱེད་པའི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་འགུལ་བ་མེད་པར་སྡོད། གསང་བ་འགྱུ་བྱེད་ཀྱི་རླུང་ཟད་པས་རྟོག་པ་འགྱུ་དྲན་དང་བྲལ་བར་སྡོད་པའོ། །གསུམ་པ་རྟགས་སྒོ་གསུམ་ལ་འཆར་བ་ནི། རྟགས་ནི་སྣང་བཞི་རེ་རེ་གསུམ་བདག་ཉིད། །ལུས་ངག་ཡིད་ལ་འཆར་བ་ཤེས་པར་བྱ། །ཞེས་པ་ལྟར་ཆོས་ཉིད་མངོན་སུམ་སོགས་སྣང་བ་བཞི་ལ་ལུས་ཀྱི་རྟགས་རེ་རེ་འབྱུང་བ་ནི། རིམ་པ་བཞིན་འཁར་གཞོང་འཇམ་པོར་རུས་སྦལ་བཅུག་པ་ན་ཁོག་པ་གཡོ་འགུལ་མི་ནུས་པ་ལྟར་རྩ་དལ་བས་ལུས་སྒུལ་བསྐྱོད་མེད་པ་སྟེ་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བ་ལུས་ཀྱི་ཡན་ལག་ལ་ཞུགས་པ་བུམ་དབང་གིས་ལུས་ངག་དག་པས་རྡོས་བཅས་ཡེ་ཤེས་རང་བྱུང་དུ་འབྱུང་བ་འགྱུར་བར་བྱེད། སྐྱེས་བུ་ནད་ཀྱིས་ཟིན་པ་ལྟ་བུ་རྒྱན་དང་བྱི་དོར་གྱི་རྩོལ་བ་མེད་པ་ནི་དབུ་མར་རླུང་ཞུགས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ལུས་སྤྱི་ལ་ཞུགས་པ་གསང་དབང་གིས་ལུས་དག་པས་སྤྲོས་མེད་ཀྱི་ལམ་རང་བྱུང་དུ་འབྱུང་བ། གླང་པོ་ཆེ་འདམ་དུ་ཆུད་པ་སྟོབས་རྩལ་གྱིས་སྐད་ཅིག་ལ་ཐོན་པ་ལྟར་ལུས་ལ་འཁྲུལ་པའི་བྱ་བྱེད་དང་བྲལ་བ་ནི་སེམས་རྩ་རླུང་ལ་བརྟེན་ནས་བྱུང་བ་སྟེ་རྫོགས་པ་ཆེན་པོ་སྤང་བླང་མེད་པའི་དོན་སྙིང་ལ་ཞུགས་པ་ཤེར་དབང་གིས་ལུས་དག་པས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་བ། དུར་ཁྲོད་ཀྱི་མི་རོ་ལྟ་བུ་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཉམ་ང་དང་བག་ཚ་མེད་པ་སེམས་འོད་གསལ་གྱི་དྲ་བར་ཆུད་(༣༧ན)
པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་རང་གྲོལ་གྱི་དོན་ལུས་ཀྱི་དམིགས་མ་ཞུགས་པ་ནི་ཚིག་དབང་གིས་ལུས་དག་པས་རབ་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་འབྱུང་སྟེ་འབྱུང་བ་བཞིས་བཅིངས་པ་ལས་གྲོལ་བས་ཕྱིན་ཆད་འབྱུང་བ་རང་རྒྱུད་དུ་མི་ལྡོག་པའི་དགོས་པ་ཡོད་དོ། །ངག་གི་བཞི་ནི་རིམ་པ་བཞིན་ལྐུགས་པ་ལྟར་སྨྲ་མི་འདོད་པ་རྩ་ནང་དུ་རྣམ་ཤེས་ཞུགས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་བརྗོད་པ་རང་དག་པ་ལ་ཞུགས་ནས་སྤྲོས་བྲལ་ཡེ་ཤེས་ཀྱི་ངང་དུ་གསལ་བ། སྨྱོན་པ་ལྟར་གཏམ་ཐམས་ཅད་དོན་མེད་ཅལ་ཅོལ་དུ་སྨྲ་བ་ནི་བརྗོད་རྐྱེན་གྱི་ཚིག་རང་ངོ་དག་པའི་ཡེ་ཤེས་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་བརྗོད་ཚིག་ངེས་པར་གྲོལ་བ་དག་གི་གདངས་ལ་བཞུགས་པས་སྤྲོས་མེད་ཀྱི་གདངས་ནང་དུ་ཆོད་པ། གྲུལ་བུམ་གྱི་ཕྲུག་གུ་ལྟར་སྐད་སྙན་པོས་གཞན་ཡིད་འཕྲོག་པས་ཅི་སྨྲས་གཞན་ལ་ཕན་པར་འགྱུར་བ་ནི་ཤེར་དབང་དུ་སྙིང་འདུས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པ་ཤིན་ཏུ་སྤྲོས་མེད་བརྗོད་བྱའི་ཡུལ་ལས་འདས་པར་རང་བྱུང་བ། བྲག་ཅ་ལྟར་གཏམ་གྱི་ཟུངས་ཟད་ནས་རྗེས་ཟློས་བྱེད་པ་ནི་རྩའི་ཡི་གེ་རླུང་གི་ཐིག་ལེར་ཆུད་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་རྗོད་བྱེད་དང་བྲལ་བའི་དོན་ངག་གི་གདངས་ལ་ཞུགས་པས་རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པར་བྱུང་བ་སྟེ་བརྗོད་པ་སོགས་བཞིས་བཅིངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཚིག་རང་རྒྱུད་དུ་སྨྲ་མི་སྲིད། ཡིད་ཀྱི་བཞི་ནི་རིམ་པ་བཞིན་འདབ་ཆགས་སྒྲོག་ཏུ་ཆུད་པ་འཕུར་བར་འདོད་ཀྱང་འཕུར་མི་ཐུབ་པ་ལྟ་བུ་ནི་རིག་པ་འོད་གསལ་དང་འདྲེས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་བ། སེམས་སྣང་བ་ལ་ཞུགས་པས་སྤྲོས་མེད་ཀྱི་(༣༧བ)
དབང་གི་ལམ་དྲན་པ་དང་ལྡན་པ་ཕྱིན་ཆད་འཁོར་བར་མི་ལྡོག་པའི་ཆོས་ཉིད་ཀྱི་གདེངས་རྙེད་པ། སྐྱེས་བུ་རྩི་དུག་གིས་ཟིན་པས་ཤེས་པ་སྨྱོས་པ་ལྟར་སེམས་དྲན་པ་མེད་པའི་ཀློང་དུ་རང་གྲོལ་བ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་མཐའ་བྲལ་རྟོག་པ་རང་གྲོལ་སེམས་ཀྱི་བྱུང་བ་ལ་བཞུགས་པ་ནི་སྤྲོས་པ་མཐའ་དག་ཡེ་ནས་བྲལ་བའི་དབང་སངས་རྒྱས་རང་ངོ་ཤེས་ནས་རང་ཐོག་ཏུ་གསལ་བའི་རྟགས། སྐྱེས་བུ་འབྲུམ་ནད་བྱང་བ་སླར་ལྡོག་མི་སྲིད་པ་ལྟར་སེམས་རྣམ་དག་རླུང་གནས་པ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་ཡེ་གྲོལ་གྱི་ངོ་བོ་སྐྱེ་མེད་ལ་བསྐྱར་གཞི་མེད་པར་རང་སྣང་དུ་གྲོལ་བས་ཁམས་གསུམ་དུ་མི་ལྡོག་པར་ཐག་ཆོད་པ། བར་སྣང་གི་ན་བུན་ལྟར་བློ་ལས་འདས་པས་སྐད་ཅིག་མ་ལ་མྱུར་བའི་ཚད་བག་ཆགས་ཀྱི་ཕུང་པོ་སྣང་བ་ལས་བྱུང་བ་སྟེ་རྫོགས་པ་ཆེན་པོ་ཀ་དག་ཆོས་ཉིད་ཟད་སར་ཐུག་ནས་འཚང་རྒྱ་བ་སྟེ་དྲན་པ་སོགས་བཞིས་བཅིངས་པ་ལས་གྲོལ། ཕྱིས་དྲན་བསམ་ཡུལ་གྱི་འཁོར་ལོ་ལ་འཇུག་མི་སྲིད་དོ། །བཞི་པ་ཚད་རྨི་ལམ་གྱིས་འཛིན་པ་ནི། ཚད་ནི་རྨི་ལམ་གསུམ་གྱིས་འཛིན་པར་བྱེད། །ཅེས་པ་ལྟར་བརྩོན་འགྲུས་རབ་རྨི་ལམ་དབྱིངས་སུ་ཐིམ་པ་ནི་གོམས་པ་ཆེན་པོ་ལས་བྱུང་བས་ལས་དང་བག་ཆགས་ཀྱིས་ཕན་གནོད་མེད། འབྲིང་རྨི་ལམ་དུ་ངོ་ཤེས་པ་གོམས་པ་ངེས་པ་ལས་ཏེ་བག་ཆགས་བཟང་ངན་གྱི་རྟོག་པ་མེད། ཐ་མ་རྨི་ལམ་བཟང་པོར་གནས་འགྱུར་བ་ནི་བག་ཆགས་དགེ་བར་རོ་གཅིག་པས་སྤང་གཉེན་རྒྱུ་འབྲས་ཀྱི་ལས་ལ་བླང་དོར་དུ་བྱའོ། །ལྔ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་འཇུག་རླུང་གསུམ་ཐོབ་པའི་གཟེར་གདབ་ཅིང་། །ཞེས་པ་ལྟར་སྐྱེ་བ་ལ་དབང་ཐོབ་པས་ཕུང་པོའི་སྣང་བ་འགགས་ནས་རྡོས་བཅས་མི་སྣང་བའི་དུས་མི་ལ་སོགས་པའི་འགྲོ་བ་ལ་རིག་པ་བཅུག་པ་ལ་(༣༨ན)
དེས་མི་དགེ་བའི་ལས་ཇི་ཙམ་སྤྱད་ཀྱང་དེ་ལ་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་འདི་ཉིད་དུ་འབྱུང་བ་རང་དག་ནས་འཚང་རྒྱ། གཞན་ཡང་བེམ་པོ་འདི་ལ་རིག་པ་བཅུག་པས་འགུལ་ཞིང་ཆོས་ཀྱི་སྒྲ་འབྱིན་པ་སོགས་ཕུལ་དུ་ཕྱིན་པའི་ཡོན་ཏན་དུ་མ་ལྡན་པའོ། །འཇུག་པ་ལ་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་བསྟད་ནས་རང་ལུགས་སུ་བཞག་པས་དེ་ཉིད་དུ་མི་སྣང་བར་འཚང་རྒྱ། རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་དུས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རང་གི་ཤེས་པ་བཅུག་སྟེ་རིག་པ་ཀ་དག་ཆེན་པོར་བཞག་པས་ལས་ལ་བཟང་ངན་མེད་དེ་རང་ཉིད་དང་མཉམ་དུ་འཚང་རྒྱའོ། །འཕོ་བ་འདེབས་པའི་ཟབ་གནད་ལ་འདི་དོན་རྒྱུད་ལ་ཁེལ་བ་ཞིག་དགོས་པ་འདྲ་ཡང་ལམ་འདི་ལ་ཞལ་འདྲིས་མ་ཐོབ་པའི་མཁས་རློམ་རྣམས་ཀྱི་ཐུགས་ཡུལ་དུ་མི་འཆར་རོ། །དྲུག་པ་གདེངས་བཞིའི་དྲོད་ཚད་བསྟན་པ་ནི། གདེངས་བཞིའི་འབྲས་བུ་མཐར་ཕྱིན་ཉིད་དུ་བཟུང་། །ཞེས་པ་ལྟར་རིགས་དྲུག་གི་སྡུག་བསྔལ་མཐོང་ཡང་རྣམ་རྟོག་དབྱིངས་ཐིམ་སྟེ་ལྷུང་མཁན་མེད་པས་ཡ་ང་དང་བག་ཚ་མེད་པའི་གདེངས། སངས་རྒྱས་ཀྱི་ཡོན་ཏན་ཐོས་ཀྱང་རང་རིག་ལས་གཞན་པའི་སངས་རྒྱས་མེད་པས་ཐོབ་ཏུ་རེ་བ་མེད་པའི་གདེངས། ལས་རྒྱུ་འབྲས་ཐོས་ཀྱང་མྱོང་བྱ་མྱོང་བྱེད་དང་བྲལ་བས་རྒྱུ་འབྲས་ལ་ཟླ་བའི་གདེངས། མྱ་ངན་ལས་འདས་པའི་རང་ས་མཐོང་ཡང་སླར་གྲོལ་དུ་རེ་བའི་དགའ་བྲོད་མེད་པས་ཀ་དག་རང་རྫོགས་བཙན་ས་ཟིན་པའི་གདེངས་དང་བཞིའོ། །འདི་དག་གི་ཞར་བྱུང་དུ་སྣང་བ་བཅུ་དྲུག་གི་བཤད་ཚུལ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ས་བཅུ་དྲུག་དང་སྦྱར་ཚུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་(༣༨བ)
ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ་སོགས་ལས་ཤེས་པར་བྱ་ཞིང་དེའང་ས་བཅུ་སོགས་དོད་ཐུབ་ཀྱི་སྦྱར་བ་ཙམ་ལས་དོན་དམ་པར་རིག་པའི་ས་གཅིག་ཉིད་ལ་མདོ་སྔགས་ཐུན་མོང་བ་རིམ་གྱིས་རྩོལ་སྒྲུབ་ཀྱིས་ཐོབ་ཅིང་སྦྱང་དུ་མེད་དེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་པ། །ཞེས་དང་། བཏགས་གྲོལ་ལས། རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་གསུངས་སོ། །དེ་ལྟར་སྣང་བ་བཞི་རྫོགས་ནས་གདོད་མའི་ཀ་དག་ཆེན་པོར་རང་གྲོལ་ཏེ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པ་སྤྲུལ་སྐུ་ཡེ་ཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་བོ། །སླར་ཡང་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི་འགྲོ་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་མ་ཆད་པར་མཛད་པའོ། །རྩ་བའི་ས་བཅད་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བ་ལ་བར་དོ་སྤྱིའི་མཚན་ཉིད་ངོས་བཟུང་བ། ངོས་བཟུང་ནས་དོན་ཉམས་སུ་ལེན་ཚུལ་བསྟན་པ་གཉིས་ཀྱི། དང་པོ་ལ་ས་མཚམས། གནས་ལུགས་སྣང་ཚུལ་དང་གསུམ་ལས། དང་པོ་ནི། སྐྱེ་གནས་ཀྱི་བར་དོ་མངལ་དུ་ཆགས་པ་ནས་བཟུང་འཆི་རྐྱེན་གྱི་ནད་དྲག་པོས་ཐེབས་ཏེ་འཆི་བར་ཉེ་བ་ཚུན། འཆི་ཁའི་བར་དེ་འབྱུང་བ་ཐིམ་པར་འགོ་བརྩམས་ནས་ནང་དབུགས་ཆད་པ་ཚུན། ཆོས་ཉིད་བར་དོ་ནང་དབུགས་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་ཚུན། སྲིད་པའི་བར་དོ་ཆོས་ཉིད་ཀྱི་འོད་གསལ་མ་ཟིན་པར་སྲིད་པའི་ཤ་ཚུགས་ཅན་ནས་སྐྱེ་གནས་སུ་འཇུག་པ་ཚུན་ནོ། །གཉིས་པ་གནས་ལུགས་ནི། སྐྱེ་གནས་བར་དོ་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ལྷུན་གྲུབ་ཁྱབ་གདལ་ཆེན་པོར་(༣༩ན)
གནས་པ་ངོ་མ་ཤེས་པར་མ་རིག་པས་བསྐྱེད་པའི་ལུས་བླངས་ཏེ་འཁོར་བར་འཁྱམས་ནས་བདེ་སྡུག་སྣ་ཚོགས་ཀྱི་བྱ་བ་ལ་འཇུག་པ། འཆི་ཁའི་བར་དོ་ནད་སྣ་ཚོགས་ཀྱིས་མནར་ཞིང་ཤིར་དོགས་པ་དང་འཆི་བར་ཐུག་པའི་སྡུག་བསྔལ་བ། ཆོས་ཉིད་བར་དོ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་ཞིང་རང་བཞིན་རྣམས་ཀྱི་བསམ་གཏན་ལ་སྤྱོད་པ། སྲིད་པའི་བར་དོ་ཡིད་ལུས་སྲིད་པའི་ཤ་ཚུགས་ཅན་ཀུན་ལ་འཇུག་ཅིང་ཐོགས་མེད་དུ་རྒྱུ་བའོ། །གསུམ་པ་སྣང་ཚུལ་ནི། སྐྱེ་གནས་བར་དོ་རིགས་དྲུག་གི་བྱེད་དབྱིབས་དང་སྤྱོད་ཡུལ་སྣ་ཚོགས་པ། འཆི་ཁ་བར་དོ་འབྱུང་བ་རྣམས་སྡུད་ཅིང་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པ། ཆོས་ཉིད་བར་དོ་སྒྲ་འོད་ཟེར་གསུམ་སྐུ་དང་ཡེ་ཤེས་སྣ་ཚོགས་འཆར་བ། སྲིད་པ་བར་དོ་རང་དབང་མི་ཐོབ་པར་འཇིགས་སྐྲག་དང་སྡུག་བསྔལ་སྣ་ཚོགས་མྱོང་བའོ། །གཉིས་པ་ངོས་བཟུང་ནས་དོན་ཉམས་སུ་ལེན་ཚུལ་བསྟན་པ་ལ་རང་བཞིན་ནམ་སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་དེད་དཔོན་གསེར་གླིང་དུ་ཕྱིན་པ་ལྟ་བུ། འཆི་ཁའི་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམས་བསྐུར་བ་ལྟ་བུ། །ཆོས་ཉིད་བར་དོར་རང་སྣང་ལ་ཡིད་ཆེས་ཕ་མའི་པང་དུ་བུ་རྒྱུག་པ་ལྟ་བུ། སྲིད་པ་བར་དོར་ལས་ཀྱི་འཐོབ་འདྲ་བ་ཡུར་བ་ཀོད་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་བཞི་ལས། དང་པོ་ནི། དང་པོ་རང་བཞིན་བར་དོའི་ཉམས་ལེན་ནི། །ཐོས་བསམ་སྒོམ་པ་མ་ཡེངས་གནད་དུ་བསྣུན། །སྒྲོ་འདོགས་ཐམས་ཅད་ནང་ནས་ཆོད་པའི་ཚེ། །ཐི་བྱ་ཚང་འཇུག་ཐེ་ཚོམ་བྲལ་དང་མཚུངས། །ཞེས་པ་ལྟར་དེད་དཔོན་ནོར་བུའི་གླིང་དུ་འགྲོ་བའི་ཚེ་བྱ་རོག་དུང་། ཆུ་སྲིན་སོགས་ཀྱིས་སྒྲོ་འདོགས་གཅོད་པ་བཞིན་བླ་མ་བསྟེན་ནས་ཕྱི་(༣༩བ)
རྒྱུད་ལུང་མན་ངག་ལ་ཐོས་པས་བློ་སྦྱང་། ནང་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་བཅད་དེ་བསམ། གསང་བ་རང་ཐོག་ཏུ་ཕབ་སྟེ་ཡིན་མིན་གྱི་བརྗོད་གཞི་ཆོས་ཉིད་ཀྱི་ངང་དུ་ཟླ་བར་བསྒོམས་ནས་བར་དོའི་འོད་གསལ་ལ་འཇུག་པ་རྒྱ་ཁྲ་རང་གི་ཚང་དུ་འཇུག་པ་ལ་ཐེ་མི་ཆོམ་པ་ལྟར་ཆོས་ཉིད་མངོན་སུམ་དབང་པོའི་ཡུལ་དུ་ཤར་བ་ལ་ཐེ་ཚོམ་མ་ཆོད་པ་ནི་ཀ་དག་ཆོས་སྐུའི་བར་དོ་ཞེས་བྱ་བ་འཆི་བའི་ཚེ་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་དུས་དབང་པོ་རབ་ཀྱི་རབ་འོད་གསལ་མ་བུ་འདྲེས་ནས་སྐད་ཅིག་དང་པོ་ལ་ངོ་ཤེས། གཉིས་པ་ལ་རང་བཞིན་དུ་གནས། གསུམ་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སོགས་ཆོས་སྐུའི་མཁྱེན་པ། ཡེ་ཤེས་ལྔ་སོགས་ལོངས་སྐུའི་མཁྱེན་པ། ཇི་ལྟ་ཇི་སྙེད་སོགས་སྤྲུལ་སྐུའི་མཁྱེན་པ་རྫོགས་ཏེ་སྦྲུལ་མདུད་ནམ་མཁར་གྲོལ་བ་ལྟར་ཤར་གྲོལ་དུས་མཉམ་པས་བར་དོ་མེད་པར་འཚང་རྒྱ་རབ་ཀྱི་འབྲིང་སྐད་ཅིག་དང་པོ་ལ་གནས་པར་མི་ནུས་ཀྱང་གཉིས་པ་ལ་འོད་གསལ་རང་ངོ་ཤེས་ནས་གང་ནས་ང་སྐྱེ་མེད་ཀྱི་རང་བཞིན་དུ་རྟོགས་པས་མཚོ་ལ་ཁ་བ་བབས་པ་ལྟར་ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པར་གྲོལ་བས་སྐད་ཅིག་མ་གསུམ་པ་ལ་ཡོན་ཏན་རྣམས་རྫོགས་ཏེ་ས་དང་ལམ་ལ་གནས་པར་འཚང་རྒྱ། རབ་ཀྱི་ཐ་མ་གདམས་པ་མཐར་མ་ཕྱིན་ཀྱང་མྱོང་བས་འཁྲུལ་པ་རང་ཐོག་ཏུ་ཆོད་པའི་གནད་ཀྱིས་སྐད་ཅིག་མ་དང་པོ་ལ་ངོ་འཕྲོད་པ་གཉིས་པ་ལ་ངོ་མ་ཤེས་པར་གནས་མ་ནུས་རུང་ཆོས་ཉིད་བར་དོའི་སྣང་བར་མ་སླེབ་ཙམ་ལ་འཁྱགས་རོམ་ཆུར་ཞུ་བ་ལྟར་རང་སྣང་དུ་ངོ་ཤེས་ནས་དེ་གའི་སྟེང་དུ་རང་གསལ་རྟོག་མེད་དུ་སྣང་བ་ལས་འོད་གསལ་རྒྱ་ཆེར་མཆེད་དེ་འཁྲུལ་བས་བར་མ་ཆོད་པར་རིམ་གྱིས་གྲོལ་ཏེ་ཐོག་མའི་གཞི་ཐོག་ཏུ་འཚང་རྒྱའོ། །བློ་བརྩོན་ལས་འཕྲོ་ཅུང་ཟད་ཞན་པས་འོད་གསལ་གྱི་གདམས་པ་(༤༠ན)
མཐར་མ་ཕྱིན་ཅིང་ཆོས་ཉིད་བར་དོའི་གྲོལ་ཚད་ལ་ཕྱོགས་འདྲ་ལས་གདེངས་མ་རྙེད་པའི་རིགས་ལ་ད་ལྟ་ནས་གནད་འདི་ཉམས་འོག་ཏུ་ཆུད་པ་གཅེས་པས་དེ་ཡང་ཉིན་མོའི་དུས་སྒྱུ་མའི་འདུན་པས་སྦྱོང་བ་ནི། མཐོང་སྣང་གསལ་བར་ཕྱིན་ཏེ་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་སོགས་མདོར་ན་བདེ་སྡུག་གང་ཤར་ཡང་ངེས་པར་ང་ཤི་བ་ཡིན། སྣང་བ་འདི་བར་དོའི་སྣང་བ། ཡིད་ནི་བར་དོའི་ཡིད། ལུས་ནི་བར་དོའི་ལུས་ཡིན་པས་སྣང་སྲིད་ཐམས་ཅད་འཁྲུལ་པའི་སྣང་བ་ཙམ་མ་གཏོགས་དོན་རང་གི་སེམས་ཀྱི་ཆོ་འཕྲུལ་རྫུན་པ་སྒྱུ་མ་ལྟ་བུ་ལས་བདེན་མེད་དུ་སྦྱངས་ནས་གང་ཤར་བླ་མའི་རང་བཞིན་དུ་བལྟས་པས་རང་ཡང་ཡོད་སྙམ་མི་བྱེད་པར་དྲན་མེད་དུ་ཆམ་གྱིས་འགྲོ། མཚན་མོ་འོད་གསལ་གྱིས་སྦྱོང་བའི་ཚེ་གཉིད་དུ་འགྲོ་ཁར་འོད་ཀྱི་སྣང་སྲིད་ཐམས་ཅད་བླ་མའི་རང་བཞིན་དེ་ཚུར་བསྡུས་ནས་སྙིང་གའི་བླ་མ་ལ་བསྟིམ་པས་སྣང་སྲིད་བླ་མའི་རང་བཞིན་ལས་མི་དམིགས་པའི་ངང་ནས་སྙིང་གའི་བླ་མའི་འོད་ཟེར་གྱིས་འཇིག་རྟེན་ཀུན་དཀར་མེར་གྱིས་སོང་བ་ལ་ཤེས་པ་བསྟད་དེ་གཉིད་ལོག་པས་འོད་གསལ་དུ་འགྲོ་ཞིང་། རྨི་ལམ་དུའང་གོང་གི་དམིགས་པ་འཆར་བ་ལ་བསླབས་པས་ཉིན་མཚན་གྱི་འཁྲུལ་ཤེས་ཆོད་དེ་ཁྱུང་ཕྱུག་སྒོང་རྒྱ་ཞིག་པ་བཞིན་གྲོལ། གནས་སྐབས་ཉི་མ་དང་མར་མེ་སོགས་ལ་བརྟེན་འཇའ་ཤེལ་མིག་དབང་ལ་བསྟད་པས་འོད་ལྔའི་མདངས་ལ་གོམས་འདྲིས་བྱས་ཏེ་ཆོས་ཉིད་བར་དོ་ལ་ཡང་འོད་དེ་ཁོ་ནར་འཆར་བའི་གནད་མཚང་རིག་ནས་གྲོལ། གནས་དབེན་པར་ཧ་ཧ་ཧེ་ཧོ། ངུ་དགོད་སོད་རྒྱོབ་སོགས་སྣ་ཚོགས་བརྗོད་རྗེས་སྒྲ་འོད་ཟེར་གསུམ་དེ་དག་ཀྱང་བར་དོའི་འཁྲུལ་སྣང་བདེན་མེད་དུ་སྦྱངས་པས་གང་ཤར་ཡང་སྔར་འདྲིས་ཀྱི་གྲོགས་དང་ཕྲད་པ་ལྟར་སྐད་ཅིག་ལ་རང་རིག་གི་(༤༠བ)
རྩལ་ཡིན་པས་མཚང་རིག་ནས་གྲོལ་བའི་གནད་ཟབ་མོ་འདི་ཉིད་གཅེས་ཤིང་བློ་དམན་སྲིད་པ་བར་དོའི་དུས་སུ་དགོས་པའི་བུམ་དབང་མན་ཆད་ཀྱི་ཉམས་ལེན་རྣམས་ཀྱང་འདིའི་དུས་ནས་གོམས་འདྲིས་བྱ་ཞིང་སྤྱིར་བར་དོ་བཞི་པོ་ལམ་དུ་བྱེད་པ་ལ་ད་ལྟའི་དགེ་སྦྱོར་ཁྲེག་ཆོད་ཐོད་རྒལ་འོད་གསལ་བར་དོ་ཐམས་ཅད་ལ་ཉིན་མོ་དྲན་འཛིན་རྩེ་གཅིག་གི་དྲན་པ་རྒྱུན་ཆགས་དེའི་ཤུགས་ཀྱིས་མཚན་མོའི་དྲན་འཛིན་དང་རྒྱུན་ཆགས་འབྲེལ། མཚན་མོའི་འོད་གསལ་དང་དྲན་པའི་རྒྱུན་ཤུགས་ཀྱིས་ཉིན་མོའི་དགེ་སྦྱོར་ལམ་དུ་བླངས་ཏེ་མདོར་ན་གཅིག་གྲོགས་གཅིག་གིས་འདོད་པ་ནི་གནད་ཀྱི་གདམས་པ་ཡང་དག་པའོ། །གཉིས་པ་འཆི་ཁ་བར་དོ་ལ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམས་བསྐུར་བ་ལྟ་བུའི་གདམས་པ་ནི། འཆི་བ་བརྟག་བླུས་མ་བཟློག་ཆགས་མེད་བྱ། །བླ་མའམ་ནི་གྲོགས་ཀྱིས་གསལ་གདབ་ལ། །མི་གསལ་གསལ་བྱེད་མེ་ལོང་བྱད་ཤར་འདྲ། །ཞེས་པ་ལྟར་ཡོ་ག་གསུམ་གྱི་རྒྱུད་ལུང་མན་ངག་ལས་བཤད་པའི་ཕྱི་ནང་གསང་བའི་འཆི་བ་བརྟག་བླུའི་རིམ་པ་བྱས་ཀྱང་གསང་བའི་འཆི་ལྟས་ངེས་པར་ཚང་བའི་དུས་ལ་བབས་ནས་མི་བཟློག་པར་ཤེས་ཏེ་ལམ་འདི་ལ་བརྟེན་དགོས་པར་དཔེར་ན་རྒྱལ་པོའི་བཀའ་འཕྲིན་བསྐུར་བསྐུར་བའི་མི་དེ་ཆད་པས་འཇིགས་ནས་མི་བརྗེད་པ་ལྟར་འཆི་ཁའི་དུས་སུ་རང་ཉིད་འཁོར་བར་སྐྲག་ནས་བར་དོའི་གདམས་པ་མི་བརྗོད་པའོ། །དེའང་དཀོན་མཆོག་མཆོད་ཅིང་ངན་ལོང་ལ་སྦྱིན་པ་གཏོང་། སློབ་དཔོན་མཆེད་ལྕམ་ལྟ་བུ་ལ་སེལ་ཡོད་ན་སྐོང་སོགས་ཀྱིས་ཉམས་ཆགས་བཤགས། དབང་ཞུ་བའམ་བླངས་ཏེ་དམ་ཚིག་གསོ། །གཞན་གྱི་འབུན་སྐྱིན་ཡོད་པ་སོགས་ལན་ཆགས་རྣམས་གཞལ་བས་མཚོན་ཏེ་ཚོགས་གསོག་མང་དུ་བྱ། ཡི་དམ་གྱི་ལྷ་ལ་ཆགས་ཀྱང་འཁོར་བར་བསྐྱུར་བས་ཉེ་དུ་(༤༡ན)
ཀ་ཅ་སོགས་གང་ལའང་ཆགས་ཞེན་མེད་པར་ཚེ་འདིའི་འཁྲི་བ་བཅད། དབང་པོ་རབ་ནི་དགའ་བའི་མཛའ་བོ་མཐོང་བ་ལྟར་གདམས་ངག་ཡིད་ལ་དུང་བ་འདུག་ན་དེས་ཆོག །འབྲིང་མེ་ལོང་ལ་བྱད་གསལ་བ་ལྟར་འཆི་ཁར་བླ་མའམ་གྲོགས་དམ་ཚིག་དང་ལྡན་པས་རྣ་བར་ཁ་བསྟད་དེ་ཆོས་ཉིད་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་དེ་རང་སྣང་དུ་ངོ་ཤེས་པར་མཛོད་ཅིག །ཅེས་གསལ་བཏབ་མ་ཐག་ངོ་ཤེས་པ་ལྟ་བུའོ། །དབང་པོ་ཐ་མར་འོག་ནས་འབྱུང་བའི་གསལ་འདེབས་རྣམས་རིམ་བཞིན་བྱ། དེའང་དབང་པོ་རབ་འབྲིང་གསུམ་པོ་འདི་དབང་པོ་རབ་ཀྱི་རབ་ནས་བཟུང་མཐར་ཕྱིན་པ་ལྷུན་གྲུབ་རིན་པོ་ཆེ་སྦུབས་སུ་གྲོལ་བའི་བར་གང་ལའང་བློའི་མཆོག་དམན་གྱི་སྐབས་ཐོབ་རྩི་བ་མ་གཏོགས་འདི་ལ་འདི་སྦྱོར་གྱི་པར་བཀབ་མེད་དེ་གདམས་པ་ལ་ནང་བྱན་ཆུད་ན་གསལ་འདེབས་ལ་མ་བལྟོས་པར་ཀ་དག་ལྷུན་གྲུབ་ཀྱི་འོད་གསལ་གང་རུང་ཞིག་ནས་གྲོལ་ནུས། འབྲིང་རྟུལ་གཉིས་ཀྱང་གསལ་འདེབས་ནན་ཏན་གྱི་ཆེ་ཆུང་ཁྱད་མིན་པ་གྲོལ་ཞིང་ས་མཚམས་གང་ཟག་དེ་གའི་གོམས་པ་ལ་བལྟོས་པས་སོ། །དེའང་དབང་པོའི་ཁྱད་པར་གསུམ་ག་ལ་བེམ་རིག་བྲལ་བར་ཉེ་བའི་ཚེ་ནང་གི་འབྱུང་བ་ལྔ་ཞིག་པ་ཕྱི་རོལ་གྱི་འབྱུང་བ་ལྔ་ལ་ཐིམ་སྟེ་ས་ས་ལ་ཐིམ་པའི་རྟགས་སུ་ལུས་སྒུལ་བསྐྱོད་མི་ནུས་ཤིང་བྱིང་བ་སྙམ་བྱེད། ཆུ་ཆུ་ལ་ཐིམ་དུས་ཁ་ཆུ་དང་མིག་ཆུ་ཙར་གྱིས་འབྱུང་ཞིང་ཆུ་བོ་ཆེན་པོས་གཡེང་བ་སྙམ་བྱེད། མེ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང་མཐིལ་བཞི་ནས་དྲོད་སྡུད། རླུང་རླུང་ལ་ཐིམ་པས་དབུགས་ངར་ངར་དང་ཕྱིར་རིང་ཞིང་ནང་དུ་སྡུད་དཀའ། ཡན་ལག་གཡབ་ཅིང་མིག་གྱེན་ལ་ལྡོག །འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག་ཅིང་སྒྱིད་པ་སྒྱུར། ཡན་ལག་(༤༡བ)
རང་དབང་མི་འདུས་ཤིང་སྨྲ་བརྗོད་དཀའ། དབུགས་ཕྱིར་འཕུལ། བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས་ཁ་སྣ་རབ་ལ་རྡུལ་ཆགས་ཤིང་ཤ་ཚ་ཁ་སྐམ་ཤི་དྲི་མནམ། དངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་སྐྱུགས་འབྱངས་དང་ལུས་སྟོབས་འཆོར། མེ་མཉམ་གྱི་རླུང་བྲོས་པས་ལུས་ཀྱི་དྲོད་མཐའ་ནས་འཆོར། ་འདིའི་དུས་མི་གནས་རང་རིག་འོད་ཟེར་དུང་གི་ཐག་པ་ལྟ་བུ་ལ་རྡོ་རྗེ་སེམས་དཔའི་སྣ་ཐག་བྱུང་བར་ངོ་ཤེས་ནས་རིག་པ་རྩེ་གཅིག་ཏུ་གཏོད་པའི་འདུན་པ་དྲག་པོས་ཡར་གྱི་ཟངས་ཐལ་དུ་སྐད་ཅིག་ལ་གྲོལ་བའི་གནད་དང་འཕོ་བ་འདེབས་དགོས་པའི་རིགས་ལ་རང་གིས་དམིགས་པ་བྱེད་དམ་གཞན་གྱིས་གསལ་འདེབས་པའི་དུས་མཚམས་ཀྱང་འདི་ཉིད་དུ་ཟབ་བོ། །བསྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་ཆ་ཆོ་བྱེད་ཅིང་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩར་འདུས་པས་ཕྱིའི་སྣང་བས་སྲོས་བཞིན་འཐིབས་ཀྱིས་འགགས། རིག་པ་སྙིང་གི་དཀྱིལ་དུ་དྲན་པ་ཉམས། ཁྲག་ཐིགས་དང་པོ་གཅིག་བརྒྱབ་པས་ཁ་མིག་སྐྱ་ལོག་གིས་འགྲོ་བ་དང་དབུགས་ཕྱིར་ཁྲུ་གང་སོང་ནས་ཆད། གཉིས་པས་མགོ་ཁུག་པ་ཞིག་བྱུང་ནས་ཧ་ཞེས་དབུགས་མདའ་གང་སོང་ནས་ཆད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཁྲག་ཐིགས་གསུམ་པས་ཨིག་ཅེས་ཟེར་ཞིང་དབུགས་འདོམ་གང་དུ་སོང་ནས་ཕྱི་དབུགས་ཆད། དེ་དུས་རིག་པ་སྙིང་ནང་དུ་ཁྲག་ཐིག་གིས་བརྒྱལ་ནས་ཟན་ཟ་ཡུན་གྱི་རིང་ཙམ་དྲན་རྟོག་གང་ཡང་མི་འབྱུང་དེ་ནས་རྩ་མདུད་རྣམས་གྲོལ་བས་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་ཧཾ་གི་དབྱིབས་ཅན་ཐུར་དུ་བབས་པ་ན་སྟོང་སང་དཀར་ལམ་གྱི་སྣང་བ་ཤར་བས་ཞེ་སྡང་ལས་གྱུར་པའི་རྟོག་པ་ས་གསུམ་འགགས། མ་ལས་ཐོབ་པའི་མཉམ་གནས་ཀྱི་དངས་མ་རཀྟ་ཨ་ཐུང་གི་(༤༢ན)
དབྱིབས་ཅན་གྱེན་དུ་ལོག་པས་སྟོང་སང་དམར་ལམ་པའི་སྣང་བ་ཤར་ནས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། དེ་གཉིས་ཀྱི་བར་དུ་རྣམ་ཤེས་གྱད་སྟོབས་ཅན་གྱིས་སེ་གོལ་ལན་བདུན་གཏོགས་པའི་ཡུན་ཙམ་ཞིག་འཐུམ་ནས་སྟོང་སང་ནག་ལམ་པའི་སྣང་བ་ཤར་བས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེ་ནས་དཀར་ཆ་རྣམས་རུས་དང་དམར་ཆ་རྣམས་ཤ་ལ་ཐིམ། རིག་པ་མེ་སྟག་ཡར་བ་ལྟར་འགྲོ་བས་འཕྲད་རིང་འདི་ལ་སློབ་དཔོན་པདྨ་འབྱུང་གནས་དང་པཎ་ཆེན་དྲི་མེད་བཤེས་གཉེན་སོགས་འཕོ་བ་ཆེན་པོའི་སྐུ་འགྲུབ་པའི་རིགས་འཛིན་རྣམས་མ་གཏོགས་མཆོག་དམན་བར་པ་མཐའ་དག་གི་ཕེབས་ལམ་གཅིག་པུ་ཡིན་ཅིང་འགྲོ་བའི་འདྲེན་པར་རློམ་པའི་སྐྱེ་བ་དང་གདུང་བརྒྱུད་བཀའ་པོད་བཅུ་དང་སྒྲ་ཚད་བཟོ་གསོ་སོགས་ལ་སྦྱངས་པའི་མཁས་པ་རྣམས་ཀྱང་འོ་བརྒྱལ་ས་ཡིན་པས་སྔགས་རྒན་རྣམས་ཀྱིས་གདམས་པ་སྦར་ཆངས་མ་འདི་བཞིན་བླང་འཚལ་ཏེ་བླ་མའམ་གྲོགས་ཀྱིས་གསལ་གདབ་པ་ནི། སྨྱུག་སྦུགས་ཤིག་སྐྱེས་པའི་རྣ་བ་གཡས་དང་བུད་མེད་ཀྱི་ གཡོན་དུ ་བསྟད་ལ། ཨེ་མ་རིགས་ཀྱི་བུ་ཚེ་འདིའི་མ་དག་པའི་སྣང་བ་ལ་མ་ཆགས་ཤིག །ཅེས་ལན་གསུམ་བྱ། དེའི་རྗེས་ལ། ཀྱེ་རིགས་ཀྱི་བུ་ཁྱེད་རང་གི་ཤེས་པ་དག་པའི་སྣང་བ་ཆོས་ཉིད་ཀྱི་བར་དོ་ལ་འོད་དང་ཐིག་ལེ་དང་སྐུའི་རྣམ་པར་འཆར་བ་ཡིན་གྱིས་དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །ཅེས་ལན་གསུམ་བྱ། །ཡང་བུ་ཁྱོད་བདེ་བར་གཤེགས་ཤིག །ཅེས་ལན་གསུམ་བྱ། གདམས་ངག་འདེབས་ལོང་མེད་པར་ནང་དབུགས་ཆད་པ་འདྲ་ན་ནད་པ་དང་ཁ་སྣ་སྤྲད་ལ་རང་གི་ཁ་སྣའི་དབུགས་གསུམ་ཨོཾ་ཨཱཿ ཧཱུཾ་དུ་བསམས་པ། ཁོའི་ཁོང་པར་ཧ་ཞེས་འཕངས་པས་ནད་པ་མིག་(༤༢བ)
ཧྲིག་ཧྲིག་གིས་འོད། དེའི་དུས་སུ་སྔར་གྱི་མན་ངག་གདབ་པར་བྱ། འདིའི་ཚོགས་གསོག་དང་མན་ངག་གདབ་པ་ནི་ནང་གི་འཆི་ལྟས་ཤར་བ་ནས་བཟུང་ཡང་ཡང་གདབ་པ་གནད་དུ་ཆེའོ། །གསུམ་པ་ཆོས་ཉིད་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་པ་ནི། གསུམ་པ་ཆོས་ཉིད་བར་དོའི་ཉམས་ལེན་ནི། །འཇུག་དང་གྲོལ་དང་མཐར་ཕྱིན་ཞེས་བྱ་བའི། །དུས་གསུམ་གནད་ཀྱི་གདམས་པ་དྲན་བྱས་པས། །ཆོས་ཉིད་མར་ཐིམ་མ་པང་བུ་རྒྱུག་འདྲ། །དེ་དག་དབང་འབྲིང་ལོངས་སྐུར་གྲོལ་བྱེད་ལམ། །ཞེས་པ་ལྟར་མ་པང་དུ་བུ་འགྲོ་བ་ལ་ཡིད་ཆེས་ཏེ་འཇིགས་པ་མེད་པ་ལྟར་བར་དོའི་འོད་གསལ་རྣམས་ངོ་ཤེས་ནས་རེ་དོགས་མེད་པ་ཞིག་དགོས་པས། དེ་ཡང་ནང་གསེས་ཀྱི་ལུས་ཐོག་འདིར་འཆར་བ་ཀ་དག་ཆོས་སྐུའི་བར་དོ་དང་ལུས་དོར་ནས་འཆར་བ་ལྷུན་གྲུབ་ཀྱི་བར་དོ་གཉིས་ཡོད་པའི་སྔ་མ་ནི་ཨ་ཧཾ་གྱེས་ནས་བརྒྱལ་བ་སངས་ཏེ། ཆོས་ཉིད་ཀྱི་བར་དོ་ལ་སླེབས་པ་ན་སེམས་རྣམ་རྟོག་གློ་བུར་གྱི་དྲི་མ་དང་བྲལ་བ་ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ་སྟེ་སྟོན་གནམ་གཡའ་དག་པ་ལྟ་བུའི་གཞིའི་འོད་གསལ་འཆར། དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བ་རང་བཞིན་བར་དོའི་སྐབས་བསྟན་པའི་དབང་པོ་རབ་འབྲིང་ཐ་གསུམ་དུ་གྲོལ་ལུགས་སོ། །དེ་ནས་ཕ་མ་ལས་ཐོབ་པའི་ཁམས་གཉིས་ཀྱི་དམར་ཆ་སྣ་བུག་དང་དཀར་ཆ་འོག་སྒོ་ནས་ཐོན། རླུང་ནམ་མཁར་ཡལ་ནས་དབུགས་ཆད། ལུས་བེམ་པོར་ལིངས་ཀྱི་འགྲོའོ། །འདི་དང་གོང་གི་ས་མཚམས་གཉིས་ཅུང་ཟད་མི་མཐུན་ཙམ་བྱུང་བ་ནི་ཀ་དག་གི་གཞི་ལ་ཐོག་མར་གྲོལ་བ་ཕན་ཆད་ལུས་རྒྱ་དང་མ་བྲལ་བའི་དུས་ཡིན་པས་འཆི་ཁ་བར་དོའི་ཁོངས་སུ་འགྲོ་དགོས་ལ། འདིར་ས་བཅད་ཀྱི་བརྗོད་དོན་དང་བསྟུན་ཆོས་(༤༣ན)
ཉིད་བར་དོའི་ཁོངས་སུ་བསྡུས་པ་དོན་ལ་མི་འགལ་ཞིང་ཞིབ་མོར་བྱེད་ན་ལྷུན་གྲུབ་ཀྱི་འོད་གསལ་ཤར་ནས་ཆོས་ཉིད་བར་དོར་ངོས་འཛིན་དགོས་སོ། །དེ་ནས་དབང་པོ་འབྲིང་གི་རབ་ནི་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ་མདུན་གྱི་མཁའ་ལ་ཡེ་ཤེས་ཀྱི་མཐོང་བ་འཇའ་ཚོན་ལྔའི་ཟེར་ཐག་བརྐྱང་བ་ལྟ་བུ་མིག་ནས་ཟུག་པ་མིག་ཐུགས་རྗེ་རྒྱུན་མི་ཆད་ཀྱི་ཐག་པ་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ལ་བསྟད། རིག་པ་སྟོང་གསལ་འདུས་མ་བྱས་ལ་བསྟད་དེ་མ་ཡེངས་པས་ཡར་གྱི་ཟང་ཐལ་དུ་སྐད་ཅིག་ལ་གྲོལ་ལོ། །དེ་ངོས་མ་ཟིན་ན་ཟེར་ཐག་དེ་ལས་མཆེད་པས་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ་འོད་གསལ་གྱི་ཞིང་ཁམས་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་བ་ནི་རི་བྲག་རྩི་ཤིང་ནགས་ཚལ་ཉི་ཟླ་སོགས་ཕྱིའི་སྣང་བ་ནུབ་ནས་ཆོས་ཉིད་དག་པའི་འོད་གསལ་གྱི་སྣང་བ་རྣམ་པར་དག་པས། ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱི་བཀྲག་ལ་ཉམ་ང་བ། ཕྱིའི་རྒྱ་མཚོ་མཐོང་བ་ལྟར་མེར་རེར་ཤར་བ། འཇིག་རྟེན་ཀུན་ཏུ་ཁྱབ་པར་བརྡལ་བ། སྣང་སྲིད་འོད་ཀྱི་ཕུང་པོར་འབར་བ། མནན་ན་ནེམ་བྱེད་པ། བཏེག་ན་སྦར་བྱེད་པ། འགྱུ་བ། འགུལ་པ། འཕྲིག་པ། རང་ཉིད་སྣང་བྱེད་འོད་ཀྱི་ལུས་སུ་གསལ་ཞིང་། ཕྱོགས་བཅུ་ཀུན་ཏུ་ཁ་དོག་ལྔ་ལྡན་གྱི་འོད་ཟེར་དང་ཐིག་ལེའི་ར་གུར་གླ་བ་ཆེན་པོའི་རྣམ་པ་ཡོམ་ཡོམ། མེར་མེར། ཤིག་ཤིག་པར་སྣང་བ་ཐམས་ཅད་རྒྱ་ཆེ་ལ་ལྷུན་སྟུག་ཅིང་། དམིགས་སུ་མི་ཆུདཔར་འཆར་བ་དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོ་ཤེས་པས་སྐད་ཅིག་ལ་གྲོལ་ལོ། །དབང་པོ་འབྲིང་གི་འབྲིང་འོད་གསལ་ཟུང་འཇུག་གི་སྐུ་ལ་ཐིམ་པས་སེང་གེའི་གསོབ་མཐོང་བ་ལྟར་(༤༣བ)
ལྷུན་གྲུབ་རང་སྣང་གི་དཀྱིལ་འཁོར་དབང་ཆེན་ཁྲག་འཐུང་གི་ལྷ་ཚོགས་སྐུ་ཆེ་ཆུང་། གཟུགས་དང་མགོ་བརྙན་ཁ་དོག་ཕྱག་མཚན་སྣ་ཚོགས་པ་མི་སྡུག་པའི་རྣམ་པ་སྟོན་པ་རང་དང་ལྷན་ཅིག་པའི་གནད་ཀྱིས་རང་གང་འགྲོར་རྒྱུག་ཅིང་གདོང་དུ་འོད་ཟེར་ཐམས་ཅད་མཚོན་ཆར་སྣང་བ་བརྡེག །ཆོས་ཉིད་ཀྱི་རང་སྒྲ་འབྲུག་གི་སྒྲ་སྐད་ཙམ་ལ་རང་སྣང་འཁྲུལ་པས་རྒྱོབ་དང་སོད་ཀྱི་སྒྲའི་ང་རོ་འབྱུང་། ལུས་ཀྱི་དུང་ཁང་ན་སྐུ་དེ་དག་ཡུངས་འབྲུ་ཙམ་ལས་མེད་ཀྱང་ལུས་རྒྱ་གྲོལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འཆར། དེའི་ཚེ་གདམས་པ་དྲན་པས་ལྔར་འདྲིས་ཀྱི་མི་ལྟར་གོམས་པ་མའི་འོད་གསལ་དང་ཕྱིས་ཤར་བ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་བསྲེས་པས་རང་ཤར་རང་སྣང་དུ་གྲོལ་ལོ། །དེ་ནས་དབང་པོ་འབྲིང་གི་ཐ་མ་ཟུང་འཇུག་ཆེན་པོའི་སྣང་བ་ནི། སྙིང་གའི་ཞི་བའི་ཚོམ་བུ་ལྔ་ཚན་ལྔ་རིམ་གྱིས་འཆར་བས་ཞག་དང་པོ་འབྱུང་བ་ནམ་མཁའ་རྣམ་པར་དག་པ་གདངས་མཐིང་ཁའི་དབུས་སུ་རྣམ་སྣང་གི་གཙོ་བྱས་པའི་རིགས་ལྔའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱི་ཚོམ་བུ་འབུམ་ཕྲག་གྲངས་མང་བ་འཆར་བ་དེ་རང་སྣང་དུ་ངོ་ཤེས་པས་རྣམ་སྣང་གི་ངོ་བོར་གྲོལ། ཞག་ལྷག་མ་བཞི་ལ་རིགས་གཞན་རྣམས་རིམ་པ་ལྟར་རིགས་ལྔ་ལྡན། ཡབ་ཡུམ་ཟུང་གིས་བཅུ་ལྡན། ཡེ་ཤེས་ཀྱི་དབྱངས་བརྒྱ་ལྡན། ཕྱོགས་བཅུར་བརྒྱ་ཕྲག་བཅུ་སྣང་བས་སྟོང་ལྡན། གདངས་ཕྱོགས་བཅུ་དེ་ཉིད་དུ་སྣང་བས་འབུམ་ལྡན། དེ་ལས་མཆེད་དེ་སངས་རྒྱས་ནམ་མཁའ་ཀུན་ཁྱབ་གསལ་ལྷུན་སྟུག་པ་བཀོད་པས་ཁྱད་བར་དུ་འཕགས་པ་འཆར་རོ། །དེའི་ཚེ་དུས་གསུམ་གནད་ཀྱི་གདམས་པ་འཇུག་པ་ཤེས་པའི་གནད་གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་དྲན་དགོས་པས་འཇུག་པའི་སྐབས་རིག་པ་འོད་(༤༤ན)
ལ་ཕར་འཇུག་པ་ནི་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་འབྲེལ་བར་ཐིག་ལེ་གྲངས་མེད་པར་འཆར། དེའི་ཚེ་ཚོམ་བུའི་སྣང་བ་ལ་སེམས་ཟིན་ཏེ་དེའི་ངང་གསལ་སྟོང་གི་བསམ་གཏན་ལ་ཞག་ལྔར་གནས་པ་འབྱུང་། འོད་རིག་པ་ལ་ཚུར་འཇུག་པའི་ཚོམ་བུའི་ཐུགས་ཀ་ནས་རང་གི་སྙིང་གར་ཟེར་ཐག་ཟུག་པར་སྣང་བ་དང་ཚོམ་བུའི་སྣང་བ་རྣམས་རང་ཤར་རང་ལ་འདུས་པར་འགྱུར། དེའི་རང་ངོ་ཤེས་པའི་གདམས་ངག་དྲན་པ་ཙམ་གྱིས་ལུས་འོད་གསལ་དུ་གནས་པའི་མཚན་མའི་བག་ཆགས་ལས་གྲོལ་བ་དང་རིག་པ་རང་ངོ་ཤེས་པས་མངོན་པར་ཤེས་པ་དང་ལྡན་པ་འབྱུང་བས་དེ་ཉིད་དུ་ཕྱིར་མི་ལྡོག་པའི་གདེངས་རྙེད་པ་ཡིན། གྲོལ་བའི་དུས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་སྟེ་གོང་མ་ལ་གདེངས་མ་རྙེད་ན་འདིའི་དུས་རང་གི་སྙིང་ག་ནས་འོད་ཟེར་དཀར་པོ་ཞིག་ཤར། དེ་ལས་མཆོད་ནས་རང་གི་དབང་པོའི་ཡུལ་ཙམ་ཁ་དོག་དཀར་པོའི་སྣམ་བུ་ཤིན་ཏུ་གསལ་བའི་དཀྱིལ་དུ་ཤེལ་གྱི་མེ་ལོང་འདྲ་བའི་ཐིག་ལེ་དཀར་ཞིང་མཆོག་ཏུ་གསལ་བ་ལ་ཁ་དོག་བཞིའི་ཐིག་ཆུང་བཞིས་བརྒྱན་པ་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཡིན། དེའི་སྟེང་དུ་སེར་པོའི་སྣམ་བུ་གྲུ་བཞིའི་དབུས་སུ་གསེར་གྱི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་མཉམ་ཉིད་ཡེ་ཤེས། དེའི་སྟེང་དུ་དམར་པོའི་སྣམ་བུའི་དབུས་སུ་པད་རག་གི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་སོར་རྟོག་ཡེ་ཤེས་དེའི་སྟེང་དུ་མཐིང་ཁའི་སྣམ་བུའི་དབུས་སུ་མཐིང་ཤུན་གྱི་མེ་ལོང་ལྟ་བུའི་ཐིག་ལེ་ཁ་དོག་བཞིའི་ཐིག་ཆུང་གིས་བརྒྱན་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ཡིན་ལ། ལྗང་གུའི་སྣམ་བུ་མི་སྣང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་སོ། །འདི་ནི་ཡེ་ཤེས་བཞི་སྦྱོར་(༤༤བ)
གྱི་སྣང་བ་ཞེས་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་མམ་གསེགས་ལམ་ཞེས་བྱ། དེའི་ཚེ་སྙིང་ཆུ་ཞུགས་པ་གསེར་གྱི་ཐུར་མས་ཡིད་གཞུངས་ཏེ་འདྲེན་པ་ལྟར། མི་འགྱུར་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་བྱས་ཏེ་འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར་རང་སྣང་དུ་ཤེས་པར་བལྟས་པས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེ་ཞིང་། དེས་མཚོན་ཡེ་ཤེས་ཀྱི་སྣང་བ་རང་ཤར་རང་ངོ་ཤེས་པར་བྱ་བའི་གདམས་པ་དྲན་པར་བྱ་བ་གནད་ཡིན་ཅིང་ཡེ་ཤེས་བཞི་སྦྱོར་གྱི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུའི་སྣང་བ་འཆར་བ་ནི་སྒྲོན་མ་བཞིའི་དབྱིངས་སུ་འཁྱིལ་བའི་སྣང་བའོ། །དེའི་དུས་ལུས་རྡོས་བཅས་དང་བྲལ་བས་འབྱུང་བ། རིག་པ་དྲི་མ་མེད་པས་ཉོན་མོངས་པ། རིག་པ་ལ་ཕྱི་ནང་མེད་པས་གཟུང་འཛིན་ལས་གྲོལ་བ་སྟེ་གྲོལ་པ་གསུམ་འབྱུང་ངོ་། །མཐར་ཕྱིན་བའི་དུས་སུ་དེའང་སྔར་འདྲིས་ཀྱི་གྲོགས་དང་ཕྲད་པ་སོགས་གདམས་པ་གསུམ་དྲན་པར་བྱས་ནས་རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་སྐབས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པ་ཞེས་བྱ་སྟེ་གྲོལ་བའི་ཚེ་གདེངས་མ་རྙེད་ན་འདིར་ཡེ་ཤེས་བཞིའི་སྣང་བ་རང་ལ་ཐིམ་པའི་སྐད་ཅིག་མར་སྣང་བ་འདི་དག་ལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་ཁྱིམ་ཟླུམ་པོ་དབུས་མཐིང་ཁ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ལ། མཐའ་དམར་ནག་དཀར་དམར་སེར་ལྗང་བའི་ཁ་དོག་ལྔས་ཟླུམ་པོར་བསྐོར་ཞིང་ཕྱི་ནང་ཟང་ཐལ་བ། དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་དེ་ལྟར་སྣང་བའི་ནང་རྣམས་སུ་ཞི་ཁྲོའི་སྐུ་གྲངས་མེད་པ་སྟེ་འོད་ཟླུམ་ཁ་དོག་ལྔ་ལྡན་གསལ་བར་འཆར་བ་ནི་ལྷུན་གྲུབ་རིན་པོ་ཆེའི་སྣང་བའམ་རིན་པོ་ཆེ་གསང་བའི་སྤུངས་ཞེས་ཀྱང་བཏགས་སོ། །དེ་དུས་སུ་ལྷུན་གྲུབ་ཀྱི་སྒོ་བརྒྱད་དུ་གྲགས་པའི་འཆར་ལུགས་བརྒྱད་སྐད་ཅིག་ལ་འབྱུང་སྟེ་(༤༥ན)
ཐུགས་རྗེ་ཤར་བས་སེམས་ཅན་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་ནས་འཁོར་འདས་རྒྱ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ་ནས་འཇིག་རྟེན་སྣང་བར་ནུས། སྐུ་ལྷར་ཤར་བས་ཤེས་པ་ཁ་ཕྱིར་ཤོར་བར་སྣང་བ་ཐམས་ཅད་ཡི་དམ་ཀྱི་སྐུར་སྣང་། ཡེ་ཤེས་ལྟར་ཤར་བས་སངས་རྒྱས་ཀྱི་ཞིང་ཁམས་དག་པ་རང་གི་དབང་པོའི་མངོན་སུམ་དུ་ཟང་ཐལ་ལེར་གསལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་མི་རྟོག་པར་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་གང་ལའང་མི་གནས་པར་ཆོས་ཉིད་ཟང་ཐལ་དུ་རྟོགས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་འཁྲུལ་སྣང་གི་ཆོས་ཀུན་གྱི་འབྱུང་ཁུངས་མ་འགགས་པར་རྨི་ལམ་སྒྱུ་མ་ལྟར་རྟོགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཇི་ལྟ་ཇི་སྙེད་པའི་ཡེ་ཤེས་ཀྱི་མཁྱེན་ཆ་ཅི་རིགས་ལྟར་གསལ་བས་ཆོས་ཉིད་མ་བུ་འབྲེལ་ལོ། །འདི་དག་གི་སྐབས་སུ་གདམས་ངག་གསུམ་དྲན་པ་ནི། སྔར་འདྲིས་ཀྱི་མི་དང་ཕྲད་པས་ངོ་ཤེས་ནས་སྒྲོ་འདོགས་ཆོད་དེ་རང་ལ་ཡིད་ཆེས་པ་ལྟར་སྔོན་གྱི་གདམས་པ་ངོ་འཕྲོད་ནས་གྲོལ་བ། མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུས་མ་ཡེངས་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བ། མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུས་ཟང་ཐལ་ཚིག་རྫོགས་སུ་རིག་པ་ལྷུན་གྲུབ་ཆེན་པོའི་སྐུར་ཐིམ་པར་བྱ་བ་གསུམ་ནི་ཆོས་ཉིད་བར་དོའི་གནས་སྐབས་ཐམས་ཅད་དུ་དྲན་པ་གཅེས་སོ། །དེའང་ལྷུན་གྲུབ་ཡེ་ཤེས་རིན་པོ་ཆེའི་སྣང་བ་མཐར་ཕྱིན་ནས་གདེངས་རྙེད་པ་དེའི་ཚེ་དབང་པོ་ལས་སུ་རུང་བ། སེམས་ལས་སུ་རུང་བ། ཤེས་རབ་ལ་དབང་ཐོབ་པ། ཡེ་ཤེས་ལ་གཟིགས་པ་རྣམ་པར་དག་པ། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ། (༤༥བ)
སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་སྟེ་ནང་གསེས་ཀྱི་མངོན་ཤེས་དྲུག་ཚན་དྲུག་འཆར་རོ། །ཀློང་གསལ་དུ་མངོན་ཤེས་དགུ་དང་རྗེས་དྲན་བདུན་བཤད་ལ། ཀུན་མཁྱེན་ཆེན་པོའི་འཁྲིད་ཡིག་རིན་ཆེན་ཕྲེང་བར་དྲུག་བྱུང་ནའང་གཏེར་གཞུང་དངོས་ཀྱི་དགོངས་པ་ལྟར་ལམ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་སྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེངས་སུ་ཐག་ཆོད། བསམ་གཏན་རྗེས་སུ་དྲན་པས་མི་འགྱུར་བའི་ཏིང་ངེ་འཛིན་ལ་གནས། ལྷ་རྗེས་སུ་དྲན་པས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་གྲོལ། གདམས་པ་རྗེས་སུ་དྲན་པས་ཟབ་མོའི་དོན་ལ་དབང་ཐོབ་པ་སྟེ་ལྔའི་གནད་ལས་མར་འཁོར་བའི་སྣང་བ་མཐོང་བས་དེར་མི་འཇུག །ཐད་ཀར་ཆོས་ཉིད་ཀྱི་སྣང་བ་མཐོང་བས་རང་ངོ་ཤེས། ཡར་ཀ་དག་གི་མཚན་ཉིད་མཐོང་བས་ཐོག་མའི་གྲོལ་ས་ངོས་ཟིན་པ་གསུམ་འབྱུང་ཞིང་གཟུངས་དང་ཏིང་ངེ་འཛིན་སོགས་བདེ་བར་གཤེགས་པའི་ཡོན་ཏན་རྣམས་མངོན་དུ་གྱུར་བས་ཡེ་ཤེས་ཀྱི་རྩལ་རྫོགས། དེ་ནས་ལྷུན་གྲུབ་ལ་གདེངས་ཐོབ་པའི་ཚེ་གོང་དུ་ཕྱིར་ཤར་ལུགས་བརྒྱད་པ་ནང་དུ་ཐིམ་ལུགས་བརྒྱད་འབྱུང་བ་ན་ཐུགས་རྗེ་ཕྱིར་གསལ་ནང་གི་ཐུགས་རྗེ་ལ་ཐིམ་པས་ཉི་མ་རྒས་པའི་ཟེར་ལྟར་གདུལ་བྱ་འདུལ་བྱེད་རྣམ་པར་དག །འོད་འོད་ལ་ཐིམ་པས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར་རིས་མེད། སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་མཁྱེན་ཆ་ནང་དུ་གསལ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་པ་ལྟར་རིག་པ་གཞི་ཐོག་ཏུ་གྲོལ། གཉིས་མེད་གཉིས་མེད་ལ་ཐིམ་པས་ཆུ་ལ་ཆུ་བཞག་ལྟར་ཆོས་ཉིད་དང་ཆོས་ཉིད་འདྲེས། མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས་བུམ་པ་ཆག་པ་དེའི་ནམ་མཁའ་ཕྱིའི་ནམ་མཁའ་ལ་ཐིམ་པ་(༤༦ན)
ལྟར་དམིགས་ལྟས་ཐམས་ཅད་བྲལ་བས་ཆོས་ཉིད་རང་ངོ་ལ་གནས། མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པས་སྦྲའི་ཕྱོང་ཐག་བསྡུས་པ་ལྟར་འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་འདུས། དག་པ་ཡེ་ཤེས་ཀྱི་སྒོ་སྤྲུལ་ལོངས་ཀྱི་སྣང་བ་ངོ་བོ་སྟོང་པ་ལ་ཐིམ་པས་སེང་གེས་གངས་ཟིན་པ་ལྟར་ཆོས་ཉིད་ཀ་དག་གི་རང་ས་ཟིན་པས་ལྷུན་གྲུབ་ཀྱང་ཀ་དག་ལ་ཐིམ་པ་ཞེས་བྱ་སྟེ་གདོད་མའི་སར་གྲོལ་བའི་གཞི་མཐར་ཕྱིན་པའོ། །དེ་ལྟར་དུས་གསུམ་གནད་ཀྱི་གདམས་པ་ལ་མ་ངེས་ཏེ་རང་བཞིན་བར་དོ་ལ་གསལ་འདེབས་ཚུལ་གྱི་ཁྱད་པར་དང་ཆོས་ཉིད་བར་དོ་རང་སྣང་ཟིན་མ་ཟིན་དང་དབང་པོ་རྣོ་རྟུལ་གྱི་རིམ་པས་རབ་སྐད་ཅིག་མ་གསུམ་ལྔ་ཉེར་གཅིག་དང་འབྲིང་ཞག་ལྔ་ལ་གདེངས་རྙེད་པར་གསུངས་ཤིང་འདིར་ནི་འཇུག་པ་ཚོམ་བུའི་སྣང་བ་ལ་ཞག་ལྔ། གྲོལ་བ་ཡེ་ཤེས་ཀྱི་སྣང་བ་ཞག་བཞི། མཐར་ཕྱིན་ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་བརྒྱད་དེ་བཅུ་བདུན་ནོ། །དེའང་རང་གི་ངོ་བོ་ལ་ཞག་ལྔ་མན་ཆད་དུ་གདེངས་ཐོབ། མདོར་ན་གྲོལ་བའི་ཚེ་སྐད་ཅིག་དང་པོ་ལ་བརྟན་པ་ཐོབ་པ། གཉིས་པ་ལ་མངོན་ཤེས་འཆར་བ། གསུམ་པ་ལ་གྲོལ་ས་རྣམས་གནད་དུ་ཆེའོ། །བཞི་པ་སྲིད་པ་བར་དོ་ལས་ཀྱི་འཕྲོ་འཐུད་དེ་ཡུར་ཀོང་ཆག་པ་ལ་ཝ་བཙུགས་ནས་ཆུ་འདྲེན་པ་ལྟ་བུ་ལ། བརྩོན་འགྲུས་ཞན་པས་བར་དོ་ཤར་ཡང་བག་ཆགས་བཟང་པོས་རང་བཞིན་སྤྲུལ་པའི་སྐུར་འཚང་རྒྱ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བར་མ་ནུས་པ་དབང་དུས་ཀྱི་ཉམས་ལེན་དྲན་ནས་མངལ་སྒོ་དགག་པ་དང་གཉིས། དང་པོ་ནི། དབང་རྟུལ་སྲིད་པའི་བར་དོ་གྲོལ་བྱེད་པའི། །གདམས་ངག་རིན་ཆེན་སྙིང་པོའི་ཡང་ཞུན་ནི། །གཞན་སྟོབས་རང་སྟོབས་གཉིས་ཀྱི་(༤༦བ)
དུས་གནད་དང་། །ཡང་ཟབ་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །ཞེས་པ་ལྟར་ཐ་མའི་རབ་ཚེ་འདིར་ཆོས་ཉིད་མངོན་སུམ་གྱི་དོན་ཤེས་ཀྱང་བསྒོམ་ལོང་མ་བྱུང་བར་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་ཙམ་དུ་སྣང་བ་ན་རྡོ་རྗེ་སློབ་དཔོན་གྱིས་རྣམ་ཤེས་བཀུག་ནས་གདམས་ངག་བསྟན་པས་གཞན་སྟོབས་ཀྱིས་གྲོལ་བ་དང་རང་གི་གདམས་ངག་དྲན་པས་རང་སྟོབས་ཀྱིས་གྲོལ་བ་གཉིས་སུ་ཡོད་པའི་ཕྱི་མ་ལ་སྔོན་བླ་མས་ངོ་སྤྲད་པའི་ཆོས་ཉིད་མངོན་སུམ་གྱི་དོན་ལ་ཡིད་ཆེས་ཤིང་ཅུང་ཟད་ཉམས་སུ་བླངས་པའི་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་སྤྲུལ་པའི་ཞིང་དེ་དྲན་པ་ཙམ་གྱིས་གོང་གི་བག་ཆགས་སད་པའི་སྟོབས་ཀྱིས་རྨི་ལམ་སད་པ་ལྟར་སྲིད་པའི་བར་དོ་ལས་སྐད་ཅིག་གིས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཤེལ་ལས་གྲུབ་པའི་ས་གཞི་གྲུ་ཆེ་ཞིང་རེག་ན་འཇམ་པ། བསེར་བུའི་ངད་དང་ལྡན་པ། མཐའ་རིན་པོ་ཆེ་ར་བས་བསྐོར་བའི་ནང་དུ། མཚོ། ལྟེང་ཀ །ལྗོན་ཤིང་སྣ་ཚོགས་ཚར་དུ་བསྒྲེངས་པའི་རྔ་ཡབ་དར་དཔྱངས་དྲིལ་བུ་ལས་ཆོས་ཀྱི་སྒྲ་སྒྲོག་པའི་དབུས་སུ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཅན་ལ་ཁང་བཟང་དེ་འདྲ་གྲངས་མེད་ཀྱིས་བསྐོར་བ། གདུགས་དང་རྒྱལ་མཚན་སོགས་རྒྱན་དུ་མས་སྤྲས་ཤིང་ཟུར་བཞིར་མཆོད་རྟེན་རིན་པོ་ཆེའི་ཕྲེང་བས་སྦྲེལ་བར་སྙན་པས་སྒྲ་འཁྲོལ་བ། ཁང་བཟང་དུ་ཆོས་འཆད་པའི་སྟན་ལ་དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་གིས་བསྐོར་བ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་ཉོན་མོངས་པ་དང་བྲལ་ཞིང་འདོད་ཡོན་སྣ་ཚོགས་ལ་དབང་འབྱོར་བ་ཏིང་ངེ་འཛིན་གྱི་ཟས་ཀྱིས་འཚོ་བར་མཛད་པ་དེ་དག་ལ་ཆོས་བསྟན་ནས་སྨིན་པར་མཛད་(༤༧ན)
པ་དེར་རང་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མདོག་དཀར་པོར་ལུས་བླངས་ཏེ་ལོ་བརྒྱར་བཅོམ་ལྡན་འདས་འཁོར་བཅས་ཀྱི་ཞལ་ལྟ་ཞིང་ཆོས་ཉན་པས་ཉོན་མོངས་ལ་ཞེ་སྡང་ལས་གྱུར་པའི་བག་ཆགས་ཕྲ་མོ་དང་ལྷན་ཅིག་པའི་ཤེས་བྱའི་སྒྲིབ་པ་ཡོངས་སུ་སྦྱོང་། དེ་ནས་ལྷོ་ཕྱོགས་དཔལ་དང་ལྡན་པར་གཞལ་ཡས་ཁང་ས་གཞི་དང་བཅས་པ་གསེར་ལས་གྲུབ་པའི་མཚན་ཉིད་གོང་ལྟ་བུར་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་བྱང་སེམས་འཁོར་དང་བཅས་པ་སེར་པོ་དེར་རང་ཉིད་ཀྱང་བྱང་སེམས་སེར་པོར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་དབང་བསྐུར་ཏེ་ཉོན་མོངས་པ་ང་རྒྱལ་དང་ཤེས་སྒྲིབ་སྦྱོང་། དེ་ནས་ནུབ་ཕྱོགས་པདྨ་བརྩེགས་པ་གཞི་དང་གཞལ་ཡས་ཁང་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པའི་མཚན་ཉིད་གོང་ལྟ་བུར་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འཁོར་བཅས་དམར་པོ་དེར་རང་ཉིད་ཀྱང་བྱང་སེམས་དམར་པོར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་ལུང་བསྟན་ནས་ཉོན་མོངས་པ་འདོད་ཆགས་དང་ཤེས་སྒྲིབ་སྦྱོང་། དེ་ནས་བྱང་ཕྱོགས་ལས་གྲུབ་ཀྱི་ཞིང་ས་གཞི་དང་གཞལ་ཡས་ཁང་ཐམས་ཅད་མར་གད་ལས་གྲུབ་པའི་མཚན་ཉིད་སྔ་མ་ལྟ་བུར་བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་འཁོར་བཅས་ལྗང་གུར་གནས་པ་དེར་རང་ཉིད་ཀྱང་བྱང་སེམས་ལྗང་གུར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་དབུགས་དབྱུང་སྟེ་ཉོན་མོངས་པ་ཕྲག་དོག་དང་ཤེས་སྒྲིབ་སྦྱོང་། དེ་ནས་དབུས་ཕྱོགས་སྟུག་པོ་བཀོད་པ་ཞིང་ཁམས་གཞལ་ཡས་ཁང་དང་བཅས་པ་བཻཌཱུརྱ་ལས་གྲུབ་པ་མཚན་ཉིད་སྔ་མ་ལྟ་བུར་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་འཁོར་བཅས་མཐིང་ཁར་བཞུགས་པ་དེར་རང་ཉིད་ཀྱང་བྱང་སེམས་མཐིང་ཁར་བྱས་ཏེ་ཆོས་ཉན་པར་ལོ་བརྒྱར་གནས་པས་དེས་ཏིང་ངེ་འཛིན་གྱི་སྒོ་དུ་(༤༧བ)
མ་བསྐྱེད་ནས་ཉོན་མོངས་པ་གཏི་མུག་དང་ཤེས་སྒྲིབ་སྦྱོང་། དེ་ནས་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ཞེས་བྱ་བ་འཇིགས་པའི་དུར་ཁྲོད་མེ་རི་འབར་བར་ཟླ་གམ་དབང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་དབང་ཆེན་ཡོངས་རྫོགས་ཁྲོ་བོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་མཐོང་སྟེ་འདི་ཉིད་མཐོང་བ་ཙམ་གྱིས་སྐལ་བ་དང་ལྡན་པའི་སྐྱེས་བུ་དེ། དེ་ཉིད་དུ་གྲོལ་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་ནས་གང་ལ་གང་འདུལ་གྱིས་སེམས་ཅན་མཐའ་ཀླས་པའི་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པའོ། །གཉིས་པ་སྤྲུལ་སྐུའི་ཞིང་དུ་གྲོལ་བར་མ་ནུས་པ་དབང་དུས་ཀྱི་ཉམས་ལེན་དྲན་ནས་མངལ་སྒོ་དགོག་པ་ནི། རང་བཞིན་སྤྲུལ་པའི་སྐུའི་ཞིང་དུ་གྲོལ་བར་མ་ནུས་པའི་བློ་དམན་དག་སྔར་བཤད་པའི་བར་དོ་རྣམས་ཤར་ཡང་ངོས་མ་ཟིན་པའི་རྒྱུས་འཁྲུལ་སྣང་ལ་ཨ་འཐས་པའི་བག་ཆགས་ཀྱིས་སྔོན་དུས་ཀྱི་ལུས་ཡོད་སྙམ་པའི་རྨི་ལམ་ལྟ་བུའི་ལུས་དེར་ཇི་ཙམ་གནས་པའི་ཕྱེད་སྔ་མ་ལ་སྔོན་དུས་ཀྱི་གཟུགས་དང་བག་ཆགས། ཕྱེད་ཕྱི་མར་ཡང་སྲིད་རྗེས་མའི་གཟུགས་སྣང་འཆར་བཞིན་པར་ཞག་བཞི་བཅུ་ཞེ་དགུ་ཚུན་གནས་པས། དེའི་ཚེ་བར་དོ་ནང་དང་ལྷ་མིག་དག་པས་མཐོང་། སྔར་བས་དྲན་པ་བདུན་འགྱུར་གྱི་གསལ། མངོན་ཤེས་ཕྲ་མོ་འཆར། དབང་པོ་ཀུན་ཚང་བ་དེ་རྡོ་རྗེ་གདན། རི་རབ། མའི་མངལ་གསུམ་མ་གཏོགས་གང་ལའང་ཐོགས་པ་མེད་པར་ཡད་ཡུད། ཆད་ཆོད། བལ་འདབ་རླུང་གིས་བསྐྱོད་པ་ལྟར་འགྲོ་ཞིང་ཡུལ་ཙམ་རེ་ལ་གར་ཡང་སླེབས་པ་རང་གི་ཁྱིམ་དང་ཉེ་འཁོར་རྣམས་རྨི་ལམ་ཙམ་དུ་འཕྲད་ནས་སྔོན་གྱི་བྱ་བར་བག་ཆགས་ཀྱིས་འཇུག་པ་བྱེད་ཀྱང་ལུས་རྒྱའི་རྟེན་མེད་པས་རང་དབང་མི་ཐོབ། སེམས་སྐྱོ་ཞིང་(༤༨ན)
བག་དྲང་། ཚིག་པ་ཟ། སྙིང་མི་དགའ། སྐྱི་ཟིང་ཟིང་བྱེད། འབྱུང་བཞིའི་རླུང་གིས་བསྐྱོད་པས་རླུང་གིས་གཡེངས་པ། སས་ནོན་པ། ཆུས་ཁྱེར་བ། མེས་ཚིག་པ་སོགས་སྡུག་བསྔལ་གྱི་འཇིགས་སྣང་ཆེ་བས་ལུས་དང་བྲལ་བར་ཤེས་ཏེ་ཤི་བ་ཡིན་འདུག་སྙམ་སྡུག་བསྔལ་ཆེན་པོས་བརྒྱལ་ནས་འཆི་ཆུང་རེ་བྱེད། རགས་པའི་ལུས་རྟེན་མེད་པར་ཉམ་ཐག་པས་ལུས་ཤིག་ཐོབ་ན་ཅི་འདྲ་ཞིག་བྱུང་ཡང་ཆོག་སྙམ་པ་འབྱུང་བར་དེའི་ཚེ་གང་ལ་ཐུག་ཀྱང་གནས་ངན་དུ་མི་འཇུག་བསམ་པའི་གཉེན་པོ་དང་དྲན་འདུན་གལ་ཆེ་ཞིང་སྤང་བླང་གི་སྐྱེ་གནས་ངོས་ཟིན་དགོས་པས། ལྷ་ལ་གཞལ་ཡས་ཁང་ངམ་སྐྱེད་ཚལ། ལྷ་མིན་ལ་འོད་ཀྱི་འཁོར་ལོའམ་རི་རབ་ཀྱི་ཟོམ། མི་ལ་ཁང་བཟང་ངམ་སྐྱེ་བོའི་འདུ་ཚོགས་དབུས་སུ་འདུག་པ། དུད་འགྲོ་ལ་གྲོག་པོའམ་ཆུ་གླིང་། ཡི་དྭགས་ལ་ས་ཕུག་གམ་སྤྱིལ་བུ། དམྱལ་བ་ལ་མུན་ནག་གམ་ཆར་འཐིབས་པ་ལྟ་བུ། འོད་ལམ་དང་འགྲོ་ཚུལ་ཡང་ལྷ་མི་གཉིས་དཀར་པོ་དང་པོ་མགོ་བོ་གྱེན་བསྟན། ལྷ་མིན་དང་བྱོལ་སོང་སེར་ཞིང་འཕྲེད་བསྟན་དམྱལ་བ་དང་ཡི་དྭགས་ནག་ཅིང་ཐུར་དུ་འགྲོ་བ་སྙམ་བྱེད། ཁྱད་པར་མི་ལ་ལུས་འཕགས་གླིང་དུ་སྐྱེ་ན་ངང་པ། སྒྲ་མི་སྙན་དུ་ཉ། བ་ལང་སྤྱོད་དུ་གླང་། འཛམ་བུ་གླིང་དུ་མི་ཕོ་མོ་སྤྱོད་པའི་ཉམས་འཆར་བས་ཐོད་རྒལ་མ་བསྒོམས་ཀྱང་ཁྲེག་ཆོད་ཙམ་མམ་ལུས་ངག་གི་རུ་ཤན་འབྱེད་པའི་དུས་གློ་བུར་དུ་ཚེའི་དུས་བྱས་པ་རྣམས་ལས་བཟང་པོའི་འཕྲོ་འཐུད་དེ་བར་དོ་ནས་འཁོར་བའི་རྒྱུན་ལྡོག་པ་ནི་དབང་པོ་ཐ་མའི་འབྲིང་གིས་གང་ཤར་ཡང་མ་དག་རིགས་དྲུག་གི་ལམ་དང་སྐྱེ་གནས་སུ་ཤེས་པར་བྱས་ནས་སྔོན་བླ་མ་ལ་དབང་ནོད་
པ་དྲན་པས་བུམ་དབང་གི་ལམ་གསལ་བཏབ་སྟེ་སྣང་བ་ཡབ་ལ་སྟོང་པ་ཡུམ་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་ཤེས་པར་བྱ། གཞན་དག་འཁྲིག་པ་བསྟེན་པ་མཐོང་ན་བླ་མ་དང་ཡི་དམ་ཡབ་ཡུམ་དུ་བསྒོམས་ཏེ་གསང་དབང་ལམ་དུ་ལེན། ཆགས་སེམས་དྲག་པོ་བྱུང་ན་མིག་སེར་དང་ཞེ་སྡང་སྤངས་ནས་ཡབ་ཡུམ་བདེ་བ་གསུམ་པོ་རང་སེམས་སུ་ཤེས་པར་བྱས་ཤིང་དགའ་བཞིའི་དོན་བསྒོམས་པས་ཆགས་སེམས་བདེ་སྟོང་དུ་ངེས་ནས་ཤེར་དབང་ལམ་དུ་ལེན། འཛིན་ཞེན་དང་མིག་སེར་ལ་ནང་བྱན་ཆུད་ནས་རིག་པའི་རྩལ་དབང་ཀ་དག་དང་ལྷུན་གྲུབ་ཀྱི་དོན་བསྒོམས་པས་མངལ་སྒོ་ཁེགས་ནས་གྲོལ། དེ་ཙམ་མ་ནུས་ཀྱང་བདེན་མེད་དང་ཞེན་ལོག་གིས་བཀག་སྟེ་མངོན་དགའ་སོགས་ཞིང་ཁམས་ཡིད་ལ་བྱས་པས་འགྲོ་དྲུག་གི་མངལ་དུ་མི་འཇུག་པར་དག་པའི་ཞིང་དུ་པདྨ་ལས་བརྫུས་ཏེ་སྐྱེ། ཐ་མའི་ཐ་མས་བསྐྱེད་རིམ་གསལ་བཏབ་བླ་མའི་རྣལ་འབྱོར་བསྒོམ་ཞིང་བློས་ལིང་གིས་བཀལ། སྐྱིད་སྡུག་ཁྱེད་ཀྱིས་ཤེས་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བྱས་པའི་བྱིན་རླབས་དང་སྐྱེ་གནས་དེ་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་དུ་པདྨ་ཉི་ཟླའི་སྟེང་ན་ཡི་དམ་གྱི་ས་བོན་གསལ་བཏབ་སྟེ་རྣམ་ཤེས་བཅུག་པས་ཁམས་དྲུག་རྡོ་རྗེའི་ལུས་ཐོབ་ནས་གདམས་པ་འདི་ཉིད་མཁྱེན་པའི་བླ་མ་དང་མཇལ་ཏེ་ཉམས་ལེན་གྱི་འཕྲོ་འཐུད། ཐ་མས་བླ་མ་དང་ཕྱོགས་བཅུའི་སངས་རྒྱས། བདེར་གཤེགས་ཞི་ཁྲོ་སོགས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྩེ་གཅིག་ཏུ་ཡིད་ཀྱིས་བསམ་ཞིང་ངག་ཏུ་བརྗོད་པས་སྐྱེ་གནས་ངན་པའི་སྒོ་ཁེགས་ཏེ་དལ་འབྱོར་གྱི་ལུས་ཐོབ་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམས་པས་འཚང་རྒྱ་བ། རྩ་བའི་ས་བཅད་གསུམ་པ་བརྩོན་འགྲུས་ཐ་མ་དང་སྡིག་ཅན་དག་ཞིང་དུ་འཕོ་བའི་གདམས་(༤༩ན)
པ་ནི། སྡིག་ཅན་ངན་འགྲོ་ལས་སྐྱོབ་འཕོ་བའི་དོན། །ཆགས་མེད་དག་ནས་གནད་བཞིས་གྲོལ་བར་བྱེད། །ཅེས་པ་ལྟར་གྱི་ཉམས་ལེན་ནི་གཏེར་གཞུང་གི་འཕོ་བ་ཡེ་ཤེས་ཟང་ཐལ་ལ་མན་ངག་ཕྱག་ལེན་གྱིས་བརྒྱན་པ་བརྒྱུད་ལྡན་བླ་མའི་ཞལ་ལས་ཤེས་པར་བྱའོ། །རྩ་བའི་ས་བཅད་གསུམ་པ་རྗེས་ལ་གཙིགས་ཆེ་བས་བཀའ་རྒྱས་གདམས་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ལུགས། སྨོན་ལམ་དང་གསུམ་ལས། དང་པོ་ནི། འདི་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་བས་ཀྱང་ཆེས་དཀོན་པས་ཕྱི་རབས་ཀྱི་གང་ཟག་སྐལ་བ་དང་ལྡན་པ། བླ་མ་ལ་གུས་པ། དམ་ཚིག་དང་སྡོམ་པ་གསུམ་ལ་གནས་པ། སྒྲུབ་པ་ལ་བརྩོན་པ། རྫོགས་པ་ཆེན་པོའི་སྣོད་དུ་རུང་ཞིང་མཁའ་འགྲོའི་མཚན་རྟགས་ཚང་བ་མ་གཏོགས་རླུང་ཕྱོགས་ཙམ་དུ་ཡང་བསྒྲག་པར་མི་བྱའོ། །ཞེས་གཞུང་ཀུན་ལས་གསུངས། ཅིའི་ཕྱིར་ན། ཉེ་ལམ་འདི་ལྟ་བུ་ན། ཀུན་གྱི་སྤྱད་ཡུལ་མ་ཡིན་པས་ལྟོ་འགྲོས་རི་དྭགས་ཀྱི་འདོམས་རྩིའི་དྲི་ཚོར་བ་ལྟར་སྔར་རྣ་བར་མ་ཐོས་པ་རྒྱུ་མཚན་དུ་བྱས་ཏེ། ལམ་འདི་ལ་གཤེ་སྐུར་བཏབ་ནས་ཆོས་ལ་བརྟེན་པའི་སྡིག་བསགས་པས་ངན་འགྲོར་ལྷུང་བས་སོ། །གདམས་པ་འདིའི་སྣོད་དང་ལྡན་པའི་སྐལ་བ་མཆོག་གི་གང་ཟག་གཅིག་ཙམ་ལ་སྦྱིན་ཏེ། དེ་ཡང་ཐོག་མར་རང་གིས་བར་དོའི་གྲོལ་ཚད་ཡན་ཆད་རྒྱུད་ལ་སྐྱེས་པར་བྱས་ངོས། དེ་ནས་གཞན་གཅེས་འཛིན་གྱི་བསམ་པས་སྐྱོ་ངལ་མེད་པར་བསྟན་པར་བྱའོ། །དེའང་སྤྱིའི་སྲུང་མ་ཨེ་ཀ་ཛཱ་ཊི། སྒོས་སྲུང་ཁྱབ་འཇུག་ཆེན་པོ་དང་ཤིང་བྱ་ཅན་སོགས་བཀའ་གཉན་པས་འཁྲིད་དཔེ་འདི་ཉིད་ཀྱང་ཆོས་འདིར་སྙིང་ནས་མོས་པའི་དོན་གཉེར་ཅན་མ་(༤༩བ)
གཏོགས་ཀུན་ལ་འཆལ་པར་མི་སྟོན་པའི་བཀའ་རྒྱས་བཏབ་པ་གུ་ཧྱ་ས་མ་ཡ་དྷ་ཐིམ། གཉིས་པ་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ལུགས་ནི། གོང་དུ་བཤད་པའི་ཉམས་ལེན་རྒྱས་པ་མ་འགྲུབ་ཅིང་རྒྱུན་དུ་ཉམས་ལེན་བྱ་འདོད་པ་རྣམས་ཀྱིས་ཐུན་མོང་གི་སྔོན་འགྲོས་རྩིས་ཟིན་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡོངས་རྫོགས་བྱ་བའམ་བསྡུ་ན་སྐྱབས་སེམས་ཀྱིས་གོ་བཅད། སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་རིག་ཧྲཱིཿ། ཞེས་སོགས་ཀྱིས་རྟེན་བརྟེན་པ་བསྐྱེད་པ་དང་མཉམ་དུ་ལུས་དཀྱིལ་མོས་བློས་གསལ་འདེབས་པའམ་བསྡུ་ན་དག་པ་སྦྱོར་ཀ་དག་གི་རྩིས་ཟིན་པས་ཡོ་ག་རྣམ་གསུམ་གྱི་བསྐྱེད་རིམ་ཚང་། འཛབ་ཅུང་ཟད་བཟླ་བའམ་མ་བྱས་ཀྱང་འགལ་བ་མེད། ལོང་ཡོད་ཚེ་གཏུམ་མོའི་དམིགས་རྐང་གཅིག་ཙམ་བྱ། གཙོ་བོར་ཁྲེག་ཆོད་ཀྱིས་གདོད་མའི་གནས་ལུགས་གཏན་ལ་དབབ་པ། ཕབ་ནས་ངོ་སྤྲོད་པའི་ས་བཅད་དང་པོ་བཞི་པོར་བྱང་མ་ཆུབ་ན་དོན་གྱི་སྙིང་པོ་གསལ་འདེབས་ཀྱི་ཚུལ་དུ་ཤར་སྦྱང་ཙམ་དང་གོ་ཡུལ་དུ་ངེས་ཚེ་པར་བཀབ་མི་དགོས་པས། ས་བཅད་ལྔ་པ་ཉིད་ཉམས་ལེན་དངོས་ཡིན་པས་ཆིག་དྲིལ་དུ་བསྐྱང་། ཐོད་རྒལ་གྱི་ཆོས་ཉིད་མངོན་སུམ་དུས་སྐབས་དང་བསྟུན་ནས་ཉམས་སུ་བསྟར་ཞིང་བར་དོ་དང་འཕོ་བ་ཡང་མཆོག་དམན་གྱི་བློ་དང་འཚམ་པར་སྦྱང་ངོ་། །གསུམ་པ་སྨོན་ལམ་ནི། རྒྱལ་བ་ཀུན་གྱི་ཐུགས་བཅུད་འདུས་པ་སྟེ། །མཚོ་སྐྱེས་རྡོ་རྗེ་གུས་པའི་ཡིད་ཀྱིས་གཟུང་། །སྲིད་མཚོ་མི་བཟད་སྐེམ་པའི་ཉི་མ་ཡིན། །སྡུག་བསྔལ་ཆུ་བོ་སྒྲོལ་པའི་གྲུ་ཆེན་ཡིན། །དུས་གསུམ་རྒྱལ་བའི་དགོངས་པའི་ཡང་ཞུན་ཏེ། །སྡེ་གསུམ་རིམ་དགུ་བཅུད་ཀྱི་དངས་མ་འདི། །མཁའ་ཁྱབ་འགྲོ་བ་སྒྲོལ་བྱེད་དཔལ་དུ་ཤོག །ཅེས་རྒྱས་པར་བཀའ་སྩལ་(༥༠ན)
ཏོ། །འཇིག་རྟེན་དབང་ཕྱུག་དགོངས་པ་སྙིང་གི་ཐིག །རྒྱལ་དབང་པདྨའི་ཞལ་གྱི་ལུང་བཟང་རྒྱུན། །ལྷུན་གྲུབ་རྣམ་སྣང་ཐུགས་ཀྱི་ཟབ་མོའི་གཏེར། །ཐེག་མཆོག་རྒྱ་མཚོའི་ཆོས་ཀྱི་ཡང་རྩེར་སོན། །སྔགས་ཀྱི་རྣལ་འབྱོར་སྤྱོད་པ་སྣ་ནམ་ཞང་། །ལེགས་ལྡན་ནག་པོའི་མཐུ་ལས་རྣམ་འཕྲུལ་བས། །བདུད་སྡེ་འཇོམས་ཕྱིར་ནུས་སྟོབས་རྡོ་རྗེའི་མཚོན། །གདེངས་མཛད་པདྨའི་གདུང་འཚོབ་མངའ་རིས་པ། །མགོན་ཁྱོད་སྐལ་ཐོབ་རྩོད་མེད་ཟབ་གསང་ལམ། །ཕན་བདེའི་སྲོག་འཚོར་བདུད་རྩིས་བློ་ཅན་གྱི། །སྙིང་བུམ་གཏམས་ཚེ་ཉི་ཟླ་འོད་ཟེར་ཞེས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མཚན་དེ་སྙན། །འདི་དོན་ཐོས་དང་བསམ་ཞིང་ལེགས་བསྒོམ་པའི། །སྣོད་ལྡན་གདུལ་བྱར་གྱུར་པ་ཐོག་མེད་ནས། །བསོད་ནམས་དབྱར་གྱི་ཆུ་བོ་གྱེན་ནས་གྱེན། །འཕྱུར་བའི་མཐུ་ལས་བྱུང་གི་གཞན་དུ་ཅི། །མ་ཞིག་ཞིག་བརྫུ་དྭགས་ཀོང་ཁམས་ཕྱོགས་དིང་། །རྨུགས་པས་རང་མདོག་སྟོན་པའི་གཏེར་བརྫུས་མཁན། །ལྷ་མིན་གདོན་མདས་རང་སྙིང་མ་ཕུག་པའི། །ལེགས་བྱས་འདི་ལ་གཅིག་ཏུ་སྤྲོ་ཞིང་རངས། །བདག་འདྲས་གནས་ལྔ་མ་རིག་དབང་རྟུལ་ཡང་། །དྲུག་ལྡན་བརྒྱུད་པའི་ཆུ་བོ་མ་ཆད་ཅིང་། །གཏེར་སྟོན་དངོས་ཀྱི་གནང་བ་རབ་ཐོབ་པས། །བསྟན་བཅོས་རྩོམ་པའི་རྒྱུ་གཉིས་ཚང་ངམ་སྙམ། །དཔེ་མཐོང་ཙམ་ལ་རང་བཟོའི་རྩལ་བཤད་ཀྱིས། །གཞན་འདྲིད་བུམ་སྟོང་གཅིག་ནས་གཅིག་འཕྱོ་བའི། །རྣམ་ཐར་མ་ཡིན་དམར་འཁྲིད་རྒྱུད་ཐོག་ཏུ། །བཀལ་བའི་ཉམས་མྱོང་གདེངས་ཚད་ཅུང་ཟད་མཆིས། །ཟབ་དོན་འདི་ཀོ་ཐུབ་བསྟན་དེ་སྲིད་བར། །གནས་ཤིང་བདག་འདྲའི་དང་པོའི་(༥༠བ)
ལས་ཅན་ལ། །ཕན་ཕྱིར་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས། །བསྐྲུན་ལས་ཆོས་བརྒྱད་ཉོན་མོངས་ཅན་གྱིས་མིན། །སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱི། །སྟོང་བཤད་ཤར་འདྲེར་ནུབ་ཏུ་ཀླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་འདི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །སྔགས་སྐྱོང་རག་གདོང་མ་དང་གཏོར་སྲུང་ཆེ། ཁྱབ་འཇུག་གནས་བདག་ཤིང་བྱ་ཅན་རྣམས་ཀྱིས། །ལོག་ལྟ་མཁན་ལ་སྦ་པའི་བྱ་ར་དང་། །སྣོད་ལྡན་ཚོགས་ལ་རྒྱས་པའི་འཕྲིན་ལས་མཛོད། །ལུས་ལ་སྣང་སྟོང་མཚན་དཔེ་འོད་སྐུར་སྨིན། །ངག་ལ་གྲག་སྟོང་ཚངས་པའི་དབྱངས་སུ་སྒྲོག །ཡིད་ལ་རིག་སྟོང་ཡེ་ཤེས་ཆེན་པོར་གསལ། །བདེ་སྟོང་ཟུང་དུ་འཇུག་པའི་བཀྲ་ཤིས་ཤོག །ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་འོད་ཟེར་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་བར་ཁང་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་འཁྲིད་ཡིག་རིགས་འཛིན་ཞལ་ལུང་ཞེས་བྱ་བ་འདི་ནི། གཏེར་བྱོན་དུ་རྡོ་རྗེའི་ཚིག་རྐང་དང་རྫོགས་རིམ་འཇའ་ལུས་མཆོག་སྦྱིན་སོགས་ཡིག་ཆ་འགའ་ཞིག་སྣང་བ་རྡོ་རྗེའི་ཚིག་བརླིང་བ་དང་ཆོས་བདག་བ་ལེ་བ་རྣམ་རྒྱལ་དཔལ་བཟང་གིས་མཛད་པའི་འཁྲིད་གཞུང་ནོར་བུའི་སྒྲོན་མེར་བུམ་དབང་ཡན་དང་བར་དོའི་སྐོར་མི་གསལ་པ་འདུག་པས་རིགས་འཛིན་ཆེན་པོ་ཉིད་ཀྱིས་རང་གཏེར་ལ་རྒྱུན་བསངས་འཆད་ཉན་བསམ་སྒོམ་གྱིས་ཤིག་པར་གནང་བར་སྩལ་བའི་རྐྱེན་གྱིས་སྦྱོར་དངོས་རྗེས་ཚང་ཞིག་བྱེད་པའི་འདུན་པ་ལྷག་པར་ཆེ་བའི་སྟེང་དགེ་སློང་འཇམ་དབྱངས་གྲགས་པ་དང་འཚོ་བྱེད་དར་མོ་བ་བློ་བཟང་ཆོས་གྲགས་གཉིས་ཀྱིས་མཚམས་(༥༡ན)
སྦྱར་བས་ཀྱང་བྱེད་པོས་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་དང་ཟུར་གསང་བདག་སྒྲོ་ཕུག་པ་སོགས་ཟབ་ལམ་རྫོགས་པ་ཆེན་པོ་ལ་བརྟེན་ནས་གྲོལ་བ་བརྙེས་པ་དམ་པ་དུ་མའི་རྣམ་སྤྲུལ་དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་བམ་མཚན་གཞན་བསོད་ནམས་རྣམ་རྒྱལ་གྱི་མཁྱེན་བརྩེ་ནུས་གསུམ་གྱི་མཐུས་རང་བཞིན་རྫོགས་པ་ཆེན་པོར་བག་ཆགས་སད་ཅིང་གཉགས་ཛྙཱ་ན་ཀུ་མཱ་རའི་ཟློས་གར་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་ཐུགས་རྗེའི་འོད་ཟེར་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ། པ་ཀོར་བཻ་རོ་ཙ་ནའི་ཡང་སྲིད་ཆོས་རྒྱལ་གཏེར་བདག་གླིང་པ་གསུམ་གྱི་སྤྱན་སྔར་གཏེར་ཁ་དུ་མའི་རྫོགས་པ་ཆེན་པོའི་དབང་ལུང་འཁྲིད་མན་ངག་མྱོང་ཐོག་ཏུ་གཏན་ལ་ཕབ་པའི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་མིག་ཡངས་པོ་ཡུལ་ལྷ་རྒྱུད་དུ་བྱུང་བའི་ཟ་ཧོར་གྱི་རིགས་ལས་སྔགས་པ་རྒན་པོ་གང་ཤར་རང་གྲོལ་གྱིས་གཏེར་བྱོན་གྱི་དགོངས་པ་གཙོ་བོར་བཟུང་རིན་པོ་ཆེ་བ་ལེ་བའི་འཁྲིད་ཡིག །གཞན་ཡང་མཁའ་འགྲོ་ཡང་ཏིག །རིགས་འཛིན་རཏྣ་གླིང་པའི་ཀློང་གསལ། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པའི་གསང་སྐོར་གྱི་འཁྲིད། རྗེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཀུན་བཟང་དགོངས་འདུས་ཀྱི་སྙིང་པོ་དོན་འཁྲིད་རྣམས་ནས་ཁ་འགེང་དགོས་པ་བསྣན། དཔལ་ལྡན་བླ་མ་རྣམས་ཀྱི་གསུང་སྒྲོས་ཁྱད་པར་ཅན་ལས་བྱུང་བས་ལེགས་པར་བརྒྱན་ཏེ་དཔྱད་པས་དག་པར་བྱས་ནས་བློ་གྲོས་ཡངས་པའི་རིགས་ལ་ཡིག་ཆ་གཞན་ནས་རྒྱས་བཤད་ལེན་རྩིས་དང་ཉམས་འཁྲིད་མྱོང་ཐོག་ཏུ་བསྒྲིལ་བའི་སྐབས་མཐའ་གཅོད་རྩོད་སྤོང་ལུང་སྦྱོར་མངས་པ་མགོ་རྨོངས་ཀྱི་རྒྱུར་འགྲོ་འདུག་པས་དགོས་ངེས་འགའ་ཞིག་མ་གཏོགས་(༥༡བ)
ཚིག་ཉུང་བ་གཙོ་བོར་བྱས་ཏེ་ཀུན་དགའ་ཞེས་པ་ཤིང་སྟག་ཧོར་ཟླ་དང་པོའི་ཆོ་འཕྲུལ་གྱི་དུས་ཆེན་ཚེས་བཅོ་ལྔའི་ཉིན་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།