Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཞི་པ།

3 occurrences of མགོན་པོ་བྱང་
[Clear Hits]


  
  
  
 expand section
 expand section
  
  
collapse section
 
སྙན་ངག་གི་མེ་ལོང་ལས་དོན་གྱི་རྒྱན་ཞེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཔེར་བརྗོད་ཉུང་གསལ།
  
  
  
  
  
  
  
 
  
  
  
  
  
  
  
 
  


3 occurrences of མགོན་པོ་བྱང་
[Clear Hits]

 
previous སྙན་ངག་གི་མེ་ལོང་ལས་དོན་གྱི་རྒྱན་ཞེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཔེར་བརྗོད་ཉུང་གསལ།next

སྙན་ངག་གི་མེ་ལོང་ལས་དོན་གྱི་རྒྱན་ཞེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཔེར་བརྗོད་ཉུང་གསལ།

༄༅། །རྒྱན་གྱི་བསྟན་བཅོས་མེ་ལོང་གི་དོན་འགྲེལ་དཔེར་བརྗོད་གསར་བསྐྲུན་ངོ་མཚར་བདྨ་དཀར་པོའི་ཆུན་འཕྱང་ཞེས་བྱ་བ་བཞུགས་སོ། །ངག་གི་དབང་ཕྱུག་འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ལྷ་དབང་ཀླུ་མཆོག་དྲང་སྲོང་གྲུབ་པ་ཡོངས་ཀྱི་གུས་པས་ཕྱག་བྱས་ཤིང་། །སྟོབས་མཆོག་སྟོབས་ཀྱིས་བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་ཀུན་ཚར་བཅད་ནས། །གང་འདུལ་ཐེག་གསུམ་བདུད་རྩིའི་ཆར་གྱིས་འགྲོ་བློའི་དྲི་མ་འཁྲུད་མཁས་པ། །རྐང་གཉིས་གཙོ་བོ་ཆོས་དང་དགེ་འདུན་བཅས་ཀུན་དད་བརྒྱའི་གཙུག་གིས་མཆོད། ༡། ཆོས་ཀྱི་དབང་ཕྱུག་འཆི་བདག་བདུད་བཅོམ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཤིང་། །གང་འདུལ་ཕྲིན་ལས་ཉི་ཟླའི་བགྲོད་པས་སྲིད་ཞིའི་མུན་ཀུན་མཐར་བསྐྲད་ནས། །དོན་གཉིས་སྦྲང་རྩིའི་རྒྱལ་མཚན་རྒྱས་མཛད་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་གསང་མཛོད་འཛིན་དེས་བྱང་ཆུབ་བར་དུ་རྗེས་སྐྱོངས་ཤིག༢། མཁྱེན་རབ་རལ་གྲི་འབར་བའི་གཟི་ཡིས་རྨོངས་པའི་དྲྭ་བ་འཇོམས་མཛད་པའི། །རྒྱལ་ཀུན་ཡབ་གྱུར་རྗེ་བཙུན་གཞོན་ནུའི་ཚུལ་འཆང་ཡེ་ཤེས་ཉི་མ་ཆེ། །བདག་ཡིད་དྭངས་པའི་མཁའ་ལ་ནམ་ཡང་གཡོ་བ་མེད་པར་བཞུགས་ནས་ཀྱང་། །ཇི་ལྟ་ཇི་སྙེད་བློ་གྲོས་སྤོོབས་པའི་འདབ་སྟོང་ཅིག་ཅར་བཞད་མཛོད་ཀྱེ། ༣། ཟླ་གཞོན་བྱེ་བའི་མཛེས་པ་འཕོས་འདྲ་མཐོང་ན་མི་མཐུན་མེད་པའི་སྐུ། །བརྟན་གཡོའི་སྒྲ་དབྱངས་དྭངས་མ་གཅིག་བསྡོམས་ཕུལ་བྱུང་སྙན་པའི་གསུང་མངའ་ཞིང་། །ཟབ་ཞི་སྤྲོས་བྲལ་རྡོ་རྗེའི་ཐུགས་ཀྱིས་སྲིད་ཞི་ཀུན་ལ་ཁྱབ་པའི་དཔལ། །དབྱངས་ཅན་མགྲིིན་པའི་འོ་མཚོར་རྟག་རོལ་སྙན་ངག་སྨྲ་བའི་སྤོབས་པ་བྱིན། ༤། འཇམ་དབྱངས་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་བརྩེ་ཆེན་ཐུགས་རྗེའི་འོད་དཀར་དབང་། །བློ་གྲོས་སྤོབས་པ་མི་ཟད་མཐའ་ཡས་འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །མི་འགྱུར་འཕོ་མེད་བདེན་དོན་མངོན་གཟིགས་ཀུན་བཟང་བསྟན་པའི་ཉི་མ་ཆེ། །རྣམ་གསུམ་དད་པའི་པདྨོར་བསྙེན་ནོ་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། ༥། དཔལ་ལྡན་དཎྜིའི་བློོ་མཚོ་ལས་འོངས་ཚིག་རྒྱན་བསྟན་བཅོས་ལམ་གསུམ་འབབས། །ཤོང་དཔང་སྐལ་ལྡན་ཤིང་རྟས་ཉེར་དྲངས་མཁས་མང་བློ་གྲོས་ཀེ་ལ་ཤར། །འཁྱིལ་ལས་འགྲེལ་ཆུང་ཟེགས་མང་འཐོར་མོད་མཐའ་དག་ཡོན་ཏན་རྫོགས་པའི་དཔལ། །སྔོན་མེད་ལེགས་བཤད་མཚོ་ཆེན་བསྐྱིལ་ནུས་ཀུན་གཟིགས་སི་ཏུ་ཡབ་སྲས་ཙམ། ༦། རྩོད་དུས་ནམ་མཁའི་པགས་པས་ཆེས་ནོངས་ཕྱོགས་གྲངས་ཤེས་བྱའི་པདྨའི་ཚལ། །ཕལ་ཆེར་ཟུམ་ལ་ཕྱོགས་ཚེ་མཁྱེན་སྟོབས་ཟླ་བ་གསར་པའི་འཛུམ་ཟེར་ཅན། །འཇམ་དབྱངས་དགྱེས་པའི་བློོ་གྲོས་མཆོག་འཛིན་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་ཀྱིས། །ལྔ་རིག་བསྟན་པའི་པད་དཀར་ཆེར་བཞད་གང་གི་བཀའ་དྲིན་སུ་ཡིས་དཔོག༧། སྙིང་གི་པདྨོ་འཇམ་མགོན་ཉི་མས་ཅི་དགར་བཞད་དང་ཆབས་ཅིག་པར། །མགྲིན་པའི་རྩ་མདུད་ངག་དབང་ལྷ་མོས་དཀྲོལ་ལས་རྩོད་འཆད་རྩོམ་པའི་ལྗགས། །ཡངས་པོར་རྐྱོང་བ་སྒྲ་དབྱངས་ཟླ་བ་འཆི་མེད་ལང་ཚོ་རྒྱས་པའི་སྡེའི། །ལེགས་མཛད་གྲགས་པའི་དྲི་བསུང་དངར་པོ་འཁོར་ཡུག་རི་བོའི་ཁོངས་སུ་རྒྱུ། ༨། དེ་ཡི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན་ཐོས་བསམ་ཡུར་བར་ཉེར་དྲངས་པའི། །ངག་ལ་དབང་ཐོབ་ལྔ་རིག་སྨྲ་བ་ལེགས་པར་བཤད་པའི་རྒྱ་མཚོ་ཆེའི། །དྲིན་ལས་ཚིག་རྒྱན་མེ་ལོང་གཙང་མར་སྦྱོང་བརྩོན་བྱི་དོར་ལེགས་བྱས་རྒྱུས། །དཔེར་བརྗོད་སྔོན་མེད་ངོ་མཚར་པད་དཀར་ཕྲེང་བ་སྤེལ་གྱིས་དགའ་བས་ལོངས། ༩། དགེ་ལེགས་ཕན་བདེའི་པད་ཚལ་བཞད་མཛད་ཐུབ་དབང་བསྟན་པའི་ཉིན་བྱེད་མཆོག །མཁས་པའི་བྱ་བ་གསུམ་གྱི་ཤིང་རྟས་ཉེར་བསྐུལ་སྲིད་མུན་མིང་མཐར་བྱེད། །དེ་སླད་ཐུན་མོང་ཐུན་མིན་ཤེས་བྱའི་ཆུ་ཀླུང་བྱེ་བ་ཇི་སྙེད་པ། །ངོམས་མེད་བཏུང་བ་རྒྱལ་སྲས་འཕགས་པ་རྣམས་ཀྱི་རྣམ་ཐར་རྨ་མེད་ལགས། ༡༠། སྙན་ངག་མེ་ཏོག་ཆུན་པོས་མཆོོད་ན་ལྷག་པའི་ལྷས་ཀྱང་ཞལ་སྟོན་ཅིང་། །མེ་ཆུ་ཀླུ་གདོན་འཇིགས་ལས་ཡོངས་གྲོལ་བློ་ལྡན་བྱེ་བའི་ཡིད་ཀྱང་འཕྲོག །དཔལ་དང་གྲགས་པ་ཉམས་པར་མི་འགྱུར་བསྐལ་པ་དུ་མའི་ཚོགས་ཀྱང་འདུམ། །མཐར་ཐུག་བྱང་ཆུབ་མཆོག་གི་རྒྱུར་འགྱུར་དེ་སླད་ཐར་འདོད་རྣམས་ཀྱིས་བསྟེན། ༡༡། རྒྱལ་བའི་ཆོས་མཛོད་ཟབ་ཞི་སྤྲོོས་བྲལ་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །དོན་ལ་རྟོན་མོད་དེ་ཉིད་བརྡ་སྤྲོད་བརྗོད་པ་ཚིག་ལ་རག་ལས་ཕྱིར། །སྙན་ངག་ནོར་བུའི་མེ་ལོང་འདི་མེད་མཁས་རྣམས་རྩོམ་པ་དོན་ཡོད་མིན། །དེ་སླད་རྒྱལ་བསྟན་དྲི་མེད་དགོངས་རྣམས་ཐོག་མར་ཚུལ་འདིར་འབད་པར་རིགས། ༡༢། དེ་ཕྱིར་བདག་བློ་ཐོས་དང་སྦྱངས་པའི་ཡོན་ཏན་འགའ་ཡང་མ་མཆིས་ཤིང་། །མཁས་རྣམས་དགའ་བ་བསྐྱེད་པའི་ཚིག་གི་སྦྱོར་བ་ཧ་ཅང་མཛེས་མིན་ཡང་། །དམ་པའི་དྲིན་ལས་ཚུལ་འདིར་ཅུང་ཟད་འདྲིས་པའང་སྔོན་བསགས་བཟང་པོའི་མཐུར། །ཤེས་ནས་དོན་ལྡན་བགྱིད་སླད་ཚུལ་འདིར་འཇུག་ལ་སྤྲོ་བས་བརྩོན་པ་ལགས། ༡༣། ཞེས་བདེ་ལེགས་སུ་བྱེད་པའི་ཚིག་གིས་མདུན་བསུས་ཏེ། འདིར་རྨད་དུ་བྱུང་བའི་འཕགས་ཡུལ་གྱི་མཁས་པ་ཆེན་པོ་དཔལ་ལྡན་དཎྜིའི་ཞབས་ཀྱིས་མཛད་པའི་ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་མེ་ལོང་ཞེས། ཕུལ་དུ་བྱུང་བའི་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་ཆེན་པོར་གྱུར་པ། སརྒ་གསུམ་གྱི་བདག་ཉིད་ཅན་ལས་བྱུང་བའི་རྒྱན་གྱི་བྱེ་བྲག་རྣམས་དཔེར་བརྗོད་ཀྱི་ཚུལ་དུ་སྟོན་པ་ལ། སྤྱིར་བརྗོད་བྱ་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པ་རྒྱན་ཏེ་རྣམ་པ་གཉིས་ལས། སྨྲ་བ་པོས་བརྗོད་པར་འདོད་པ་སངས་རྒྱས་ཀྱི་སྐྱེས་རབས་ལྟ་བུའི་གཏམ་རྒྱུད་སོགས་གང་ཡིན་པའི་བརྗོད་བྱའི་དོན་དེ་ཉིད་ངེས་པར་བྱས་ནས། ཚིག་ལེགས་པར་སྡེབ་པ་ཉིད་ནི་འདོད་པ་དོན་གྱིས་རྣམ་པར་བཅད་པའི་ལུས་དང་། སྦྱར་བ་ལ་སོགས་པ་སྒྲའི་རྒྱན་དང་རིགས་ལ་སོགས་པ་དོན་གྱི་རྒྱན་རྣམས་ཀྱིས་མཛེས་པའམ་བརྒྱན་པར་བྱ་བའི་ཡུལ་ཚིག་ཏུ་པྲ་དང་ཏི་བའི་མཐའ་ཅན་ནམ། བོད་སྐད་སོགས་ལ་དེ་དང་རྗེས་སུ་མཐུན་པའི་ཕྲེང་བ་སྟེ་ངག་ཆེན་པོའམ་གྲོལ་བ་ལ་སོགས་པའི་ཡན་ལག་ཕྲ་མོ་གཞན་རྣམས་ཏེ། ལུས་དེ་ལའང་དབྱེ་ན་ཚིགས་བཅད་འབའ་ཞིག་པ་དང་། ལྷུག་པ་རྐྱང་པ་དང་། དེ་གཉིས་སྤེལ་ཞིང་བསྲེས་པ་སྤེེལ་མ་སྟེ་རྣམ་པ་གསུམ་དང་། སྦྱོར་ཚུལ་གྱི་སྒོ་ནས་གྲོལ་བ་ལ་སོགས་པའོ། །དེ་ལ་ཐོག་མར་ལེའུ་དང་པོའི་དབུ་ལས། བསྟན་བཅོས་ཆེན་པོ་རྩོམ་པའི་སྐབས་སུ་བྱུང་བའི་གྲོལ་བ་སོགས་བཞི་པོ་ནི་ཤུགས་ལས་འཐོན་པ་ཡིན་པས་ན་ཆ་ཤས་ཙམ་ཡིན་ཕྱིར་གཞུང་དུ་དཔེར་བརྗོད་ཟུར་པ་མ་མཛད་ཀྱང་ཕྱིས་ཀྱི་སྙན་ངག་མཁན་ཆེན་པོ་རྣམས་ཀྱིས་དཔེར་བརྗོད་རེ་མཛད་པའི་ཕྱག་སྲོལ་བྱུང་བ་བཞིན་འདིར་ཡང་འགོད་ན། ཐོག་མར་གྲོལ་པ་ནི། ཤློ་ཀ་གཅིག་གིས་བརྗོད་བྱའི་དོན་གཅིག་གཞན་ལ་མི་ལྟོས་པར་རང་དབང་ཅན་དུ་རྫོགས་པ་ཞིག་སྟེ། དཔེར་ན། གྲགས་པའི་གཏེར་གྱུར་ཡོན་ཏན་བྱེ་བའི་རླབས་ཕྲེང་ཅན། །ཉོན་མོངས་ཉེས་པའི་དྲི་མ་མ་ལུས་འཁྲུད་མཁས་པའི། །ས་གསུམ་སྐྱེ་དགུའི་མཆོད་སྡོང་མཚུངས་མེད་བསམ་ཡས་པ། །ངག་གི་དབང་པོའི་ཞབས་པད་དད་བརྒྱའི་གཙུག་གིས་མཆོད། །ཡང་ན། ཐུན་མོང་ཐུན་མིན་གཙུག་ལག་བྱེ་བའི་ཆབ། །རྣམ་དཔྱོད་བློ་གྲོས་ཧུབ་ཀྱིས་ཉེར་དྲངས་ནས། །ལེགས་བཤད་བདུད་རྩིའི་དགའ་སྟོན་སྐྱུག་མཁས་པའི། །པཎ་ཆེན་ཆོས་ཀྱི་བཟང་པོར་རྣམ་ཀུན་དད། །རིགས་ནི། བརྗོད་བྱའི་ཡུལ་གཅིག་ཤླ་ཀ་དུ་མས་སྟོན་ཅིང་བྱ་ཚིག་གཅིག་གིས་གསལ་བ་སྟེ། འཆི་མེད་མཚོ་སྐྱེས་རྒྱལ་བའི་ཐུགས་རྗེའི་ས་འཛིན་སྤོར། །ཉེར་འཁྲུངས་བསླབ་གསུམ་ཁོ་ལག་རྫོགས་པའི་ཡོངས་འདུའི་ལྗོན། །ཕན་བདེའི་གྲིབ་བསིལ་ཐུབ་བསྟན་ངལ་འཚོའི་སྨན་གཅིག་པུ། །ཨ་ཏི་ཤ་ཡི་སྔོོན་སྨོན་ཐུགས་བསྐྱེད་བ་དན་མཆོག །འཇིགས་པ་ཀུན་ལས་མྱུར་དུ་སྐྱོབ་པའི་དཔལ་མོ་དེས། །ལུང་བསྟན་དབུགས་དབྱུང་མཐུན་པའི་རླུང་གིས་ཉེར་བསྐུལ་ཚེ། །ཕུལ་བྱུང་ཡོན་ཏན་རིན་པོ་ཆེས་གཏམས་སྔོོན་མེད་གྲུ། །གངས་ལྗོངས་བསོད་ནམས་ཞིང་སར་བསྐྱོད་ལ་ཕྱོགས་པ་དང་། །བསོད་ནམས་བསགས་པས་ཆེན་པོའི་རིགས་སུ་འཁྲུངས་གྱུར་ཅིང་། །མཚུངས་མེད་རྒྱལ་བའི་བསྟན་ལ་གུས་པ་མི་འཕྲོོག་པར། །དམ་པའི་ངང་ཚུལ་གསེར་ལྟར་འགྱུར་བ་མི་མངའ་བའི། །ལྷ་བཙུན་སྐུ་མཆེད་ཐུགས་བསྐྱེད་དར་བ་ལྷན་ཅིག་བྱས། །དེ་ཚེ་མགོན་པོ་གང་གི་ཡོན་ཏན་ལྕགས་ཀྱུ་ཡིས། །ས་བདག་ཡིད་ཀྱི་གླང་པོ་དབང་མེད་དྲངས་གྱུར་ནས། །སྣ་ཚོགས་རིན་པོ་ཆེ་ཡི་སྒོ་འཕར་བརྒྱ་ཕྱེས་ཏེ། །བསྟན་པའི་ཉི་མ་མཆོག་དེ་ཞིང་འདིར་འདྲེན་པར་བརྩོན། །དེར་ནི་རྒྱལ་སྲས་མཆོག་གི་སྔོན་སྨོན་དམ་བཅའ་དང་། །ལོ་ཙཱ་མཁས་པ་རྣམས་ཀྱི་རྣམ་དཔྱོད་བློ་གྲོས་དཔལ། །གངས་ལྗོངས་སྐྱེ་དགུའི་བསོད་ནམས་སྙེ་མ་གཡུར་སྨིན་པ། །ལྷན་ཅིག་འཚོགས་དེས་བསྟན་པའི་སྒྲོན་མེ་བྱོན་པར་གྱུར། །ཡང་རཏྣཤྲཱིའི་བཞེད་པ་ལྟར་ན། ཇི་སྙེད་སྟོབས་བཅུ་མངའ་རྣམས་གཤེགས་པའི་ཤུལ། །རྒྱལ་སྲས་འཕགས་པ་རྣམས་ཀྱི་བསླབ་པའི་གནས། །ལེགས་གསུངས་ཟབ་དང་རྒྱ་ཆེའི་ཉིང་{སྙིང་འདིའི་རིགས་འདི་ལྟར་ཞུས། }ཁུ་མཆོག །རིན་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་ཆེས། །བདག་འཛིན་གཅོང་ནད་མི་བཟད་གཞིལ་བ་ཡིས། །ཐར་གྲོལ་ལུས་སྟོབས་རྒྱས་པའི་དྲང་སྲོང་མཆོག །བཀའ་གདམས་པ་ཞེས་གྲགས་པའི་སྤྲིང་ཡིག་གིས། །ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས་པར་བྱས། །མཛོད་ནི། གཅོད་མཚམས་དང་བྱ་ཚིག་སྣ་ཚོགས་པ་རང་དབང་ཅན་ཤླ་[ཤྭ་ལོ་འདིའི་རིགས་འདི་ལྟར་ཞུས།] ཀའི་གྲངས་ངེས་བཟུང་མེད་པ་རྒྱལ་པོའི་མཛོད་ནང་གི་ནོར་བུ་ལྟར་དུ་མར་གནས་པ་ཞིག་སྟེ། བསྐལ་པ་བྱེ་བར་གཞན་དོན་འབའ་ཞིག་མཛད་པ་ཡི། །མི་མཆོག་སྐྱོབ་པ་མཚུངས་མེད་ཤཱཀྱ་སེངྒེ་ཡིས། །བྱང་ཆུབ་ཤིང་དྲུང་དམ་བཅའི་གོ་ཆ་ཆེར་བགོས་པས། །ཡིད་སྲུབ་ཁྲོས་པའི་རུ་མཚོན་ཐ་དག་ས་ལ་བསྙིལ། །ཟབ་ཞི་སྤྲོས་བྲལ་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །གཙང་རྟག་བདག་དམ་ཞི་བའི་ཕ་རོལ་ཕྱིན་པ་ཡི། །གོ་འཕང་མཆོག་བརྙེས་མི་བསྙེངས་སེངྒེའི་སྒྲ་ཡིས་ནི། །ས་གསུམ་འཇིག་རྟེན་མ་ལུས་ཀུན་ནས་དགའ་བར་མཛད། །རབ་དཀར་བསོད་ནམས་དཔུང་ལྡན་མིག་སྟོང་རྣ་བརྒྱད་ཟུང་། །ཁེངས་པའི་ལག་པད་ཟུམ་པའི་ཐོར་ཚུགས་མཐོན་ཀ་ཆེས། །སྟོན་པའི་ཞབས་སེན་ཟླ་ཚེས་བསྙེན་དང་ཆབས་ཅིག་པར། །ཕུལ་བྱུང་མཆོད་པའི་སྤྲིན་གྱི་བླ་བྲེས་མཛེས་པར་བྱས། །ཀུན་འབྱུང་ལས་ཉོན་མི་བཟད་གདོན་གྱིས་བསྐྱེད་པ་ཡི། །སྡུག་བསྔལ་མུ་མཐའ་མེད་པའི་ནད་ཀྱིས་མནར་བའི་འགྲོར། །ལམ་བདེན་བདུད་རྩིའི་སྨན་ཆར་བསིལ་བོ་བབས་པ་ཡིས། །འགོག་པ་མངོན་གྱུར་འཕགས་བཞིའི་ཕྲེང་བ་སྤེལ་བར་མཛད། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་ཡེ་སྟོང་དབྱིངས། །མཐའ་བརྒྱད་སྤྲོས་བྲལ་རྣམ་འབྱེད་ཤེས་རབ་རྡོ་རྗེ་ཡིས། །བདག་ལྟའི་རི་བོ་འབུམ་ཕྲག་ཕྱེ་མར་འཐག་པ་ལས། །བློ་ཆེན་སེམས་དཔའ་རྣམས་ལ་ཤེས་རབ་མིག་བུ་བྱིན། །ཀུན་བརྟགས་གཞན་དབང་མཚན་མའི་ཡུལ་ལས་རབ་འདས་པའི། །འོད་གསལ་ལྷུན་གྲུབ་བདེ་གཤེགས་སྙིང་པོ་འདུས་མ་བྱས། །ངེས་དོན་མཐར་ཐུག་སེང་གེའི་སྒྲ་དབྱངས་ཆེར་བསྒྲགས་པས། །རྒྱལ་བའི་ཆོས་མཛོད་མ་ལུས་ཡོངས་སུ་རྫོགས་པར་མཛད། །རྒྱལ་ཚབ་སེམས་དཔའ་གཉིས་ལས་ལེགས་པར་འོང་བ་ཡི། །ཟབ་དང་རྒྱ་ཆེའི་གདམས་པའི་བདུད་རྩིས་ཆེར་མྱོས་པའི། །ཤིང་རྟའི་རིང་ལུགས་ཟབ་དགོངས་མ་དཀྱོགས་དྲང་པོའི་ལམ། །ཚུལ་འདིར་འཇུག་པའང་དེད་དཔོན་མཁས་པའི་དྲིན་གྱིས་སོ། །ཡང་ན། རྒྱལ་བའི་ཆོས་མཛོད་ཟབ་ཅིང་རྒྱ་ཆེ་བ། །གང་གིས་འཛིན་པར་ཐུབ་པས་ལུང་བསྟན་པའི། །ས་བཅུའི་དབང་ཕྱུག་ཟླ་འོད་གཞོན་ནུ་ཡི། །གྲགས་དཀར་ཕུང་པོ་སྲིད་ཞིའི་ཁོངས་སུ་རྒྱུ། །གསུང་རབ་ཡིད་བཞིན་ནོར་བུའི་མཛོད་ཁང་བརྒྱའི། །སྙིང་པོ་གཅིག་བསྡུས་དམ་ཆོས་ཐར་པའི་རྒྱན། །རྒྱལ་བའི་སྲས་ཀྱི་འཇུག་ངོགས་ཟླ་མེད་པ། །སྤེལ་འདིས་གངས་ལྗོངས་བརྗོད་པ་དོན་ལྡན་བྱས། །བཀའ་གདམས་རིང་ལུགས་གཞུང་བཟང་འབྲུ་ཡི་མཆོག །ཕྱག་ཆེན་མན་ངག་ཕབས་ཀྱིས་བྲན་པ་ཡི། །དྭགས་བརྒྱུད་གདམས་པའི་ཨ་མྲྀ་ཏས་མྱོས་པའི། །གྲུབ་པའི་ཚོགས་ཀྱིས་དབྱིག་འཛིན་དོག་པོར་བྱས། །འདུས་པ་ནིི། བརྗོད་བྱའི་དོན་གཅིག་ཡིན་པ་ལ་ཤླ་ཀ་དང་བྱ་ཚིག་དུ་མ་འདུས་པ་སྟེ། རྒྱལ་ཀུན་ཡབ་གྱུར་གཞོན་ནུའི་ཚུལ་འཆང་འཇམ་པའི་དཔལ། །གང་གི་ས་སྐྱ་པཎ་ཆེན། ཐུགས་ལ་གཡོ་བ་མེད་པར་བཞུགས་པའི་རྒྱུས། །ཕུལ་བྱུང་ལུང་རིགས་ནོར་བུའི་སྒོ་བརྒྱ་འབྱེད་མཛད་པའི། །ཆོས་ཀྱི་གྲགས་པའི་དཔལ་འདི་ཁྱོད་ཀྱིས་འཛིན་པ་ལགས། །འཕྲོག་བྱེད་རལ་པ་འཛིན་པའི་རིགས་ལམ་འཇིམ་པའི་བུམ། །མཁྱེན་རབ་རྡོ་རྗེ་རྣོན་པོའི་མཚོན་ཆས་བཅོམ་པའི་ཚེ། །མ་བརྟགས་གྱ་ཚོམ་སྨྲ་བར་བྱེད་པོ་ཨུ་མའི་བདག །སྐྱེངས་ནས་གངས་ཀྱི་རི་བོར་དཀའ་ཐུབ་ཟོལ་གྱིས་བྲོས། །ལུང་རིགས་ཚད་མ་གསུམ་གྱི་ཉག་ཕྲན་འཁྲུལ་འཁོར་གྱིས། །བསྟན་ལ་འཁུ་བའི་དགྲ་སྡེ་མ་ལུས་ཕམ་བྱས་ནས། །དེ་ཡི་རིང་མོ་ཉིད་ནས་སྒྲུབ་པའི་གྲགས་པ་དཀར། །མ་ལུས་ཁྱོད་ཀྱི་དཔུང་པས་བཟུང་འདི་རིགས་སམ་ཅི། །མཆོག་ཏུ་ཟབ་ཅིང་མྱུར་ལ་རྣོ་བའི་རིགས་པ་ནི། །ཤིན་ཏུ་རྒྱ་ཆེའི་ཕ་མཐའ་དཔོག་མིན་སྔོ་བསངས་མ། །སྐྱེངས་ནས་ཆུ་འཛིན་ཕྲེང་བའི་ཕག་ཏུ་ཡིབ་པ་ལ། །སྤྲིན་གྱི་གླང་པོ་འཕྱ་ཕྱིར་ཆེས་ཆེར་དགོད་མིན་ནམ། །ཡང་ན། པཎ་ཆེན་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱི། །ཐུགས་ལ་རྗེ་བཙུན་བརྟན་པའི་འཁོར་ལོ་མཆོག །རྟག་པར་བཞུགས་དེས་ཇི་ལྟ་ཇི་སྙེད་ཀྱི། །མཁྱེན་གཉིས་ཡེ་ཤེས་སྣང་བ་རབ་ཏུ་འབར། །བློ་ཆེན་བློ་ཡིས་དཔོག་པར་དཀའ་བ་ཡི། །རྒྱུད་དང་རྒྱུད་འགྲེལ་ཟབ་བརླིང་སྙིང་པོའི་གཙོས། །ཤེས་དང་ཤེས་བྱའི་ཆོས་ཚུལ་ཇི་སྙེད་པ། །ཀུན་ནས་ཀུན་ཏུ་གཟིགས་པའི་སྤྱན་དཀྱུས་རིང་། །ཕན་བདེའི་རྒྱུར་གྱུར་རྒྱལ་བསྟན་གདུགས་དཀར་མཆོག །སྙིང་སྟོབས་ཆེན་པོའི་དཔུང་པས་སློང་མཛད་པའི། །མགོན་པོ་གང་གི་རྣམ་དཔྱོད་བློ་གྲོས་མཐའ། །ཀུན་གསལ་ཡོངས་པའི་ཁྱོན་དུ་རྫོགས་མིན་མཚར། །ལྟ་བུ་སྟེ། དེ་ཡང་སརྒས་བཅིངས་པའི་སྙན་ངག་ཆེན་པོའི་རྒྱུ་སྣལ་མ་ལྟ་བུ། གྲོལ་པ་སོགས་བཞི་པོ་ནི་སྣམ་བུ་བཏགས་པ་ལྟ་བུ། སྣལ་མ་ལས་ལོགས་སུ་སྣམ་བུ་མེད་པ་ལྟར། སྙན་ངག་ཆེན་པོ་ལས་ལོགས་སུ་གྲོལ་པ་སོགས་བཞི་མེད་ཅིང་། བཞི་པོ་ཕན་ཚུན་མི་འདྲ་བའི་ཁྱད་པར། རིགས་དང་འདུས་པ་གཉིས་ཚིགས་བཅད་མང་པོས་སྟོན་པར་འདྲ་ཡང་། རིགས་ལ་བྱ་ཚིག་གཅིག་དང་འདུས་པ་ལ་མང་པོས་སྟོན། མཛོད་དང་འདུས་པ་གཉིས་བྱ་ཚིག་མང་བའི་སྒོ་ནས་འདྲ་ཡང་། མཛོད་ལ་ཤླ་ཀ་མང་པོ་དགོས་པར་མ་ངེས་ཤིང་། འདུས་པ་ལ་ངེས་པའོ། །གྲོལ་པ་ཤླ་ཀ་གཅིག་གཅོད་མཚམས་དང་བྱ་ཚིག་མི་དགོས་པ་སྟེ། དེ་ལྟར་སྙན་ངག་ཆེན་པོའི་ཆ་ཤས་ཉིད་ཀྱི་ཕྱིར། སརྒས་བཅིངས་པའི་སྙན་ངག་ཚིགས་བཅད་དུ་བརྩམས་པའི་བསྟོད་པ་དང་། རྟོགས་བརྗོད་དང་། གཏམ་རྒྱུད་དང་། སྐྱེས་རབས་ལ་སོགས་པ་ཐམས་ཅད་ཀྱང་ཇི་ལྟར་རིགས་པར་བཞི་པོ་འདིའི་མཚན་ཉིད་དང་ལྡན་པས། དེ་དག་གི་མཚན་ཉིད་ཀྱང་དེར་བསྡུས་པའོ། །སྙན་ངག་ཆེན་པོ་དེ་ལ་འཇུག་པའི་སྒོ་ནི། གཞུང་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་གསུངས་པ་ལྟར། ཤིས་པ་བརྗོད་པ། ཕྱག་བྱ་བ། དངོས་པོ་ངེས་པར་བསྟན་པ་སྟེ་གསུམ་པོ་གང་ཡང་རུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཤིས་བརྗོད་ནི། འདོད་པ་ལ་སྨོན་པ་སྒོར་བྱས་པ་སྟེ། དཔེར་ན། རབ་དཀར་བསོད་ནམས་སྟོབས་ཀྱིས་མངོན་མཐོ་གདོང་བཞི་པ་དང་ཤིས་བརྗོད་ཉན། །དཔལ་གྱི་མགྲིན་ཅན་པད་དཀར་མིག་སོགས་སྲིད་ན་ཆེ་དགུའི་རལ་པའི་རྩེར། །གང་གི་ཞབས་སེན་ནོར་བུའི་ཅོད་པཎ་བསྐལ་པ་བྱེ་བར་ཐོབ་དཀའ་བའི། འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ཡིས་ཁྱོད་ལ་དགེ་ལེགས་གཡོ་མེད་མཛོད། །ཡང་ན། ཟླ་གཞོན་བྱེ་བ་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུག་འདྲའི་འཕགས་མ་དབྱངས་ཀྱི་རྒྱལ། །སྙན་ངག་ཆུ་བོ་སྟོང་གི་འབྱུང་ཁུངས་མཆོག །བདག་གི་ཡིད་ལ་རིང་དུ་གནས་པར་མཛོད། །ཕྱག་བྱ་བ་ནི། གང་མཚན་རབ་སྙན་སྐྱེ་བ་ལྔ་པའི་སྒྲས། །འགྲོ་ཚོགས་མ་རིག་གཉིད་ལས་སློང་མཛད་ཅིང་། །སྲིད་པའི་རིམས་ནད་མ་ལུས་རྒྱུན་གཅོད་པའི། །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །ཡང་ན། ཕུལ་བྱུང་སྐྱེས་ཐོབ་བློ་གྲོས་ཉིན་བྱེད་གཟིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མ་རུ། །འབྱེད་མཛད་འཇམ་མགོན་ཨ་ནུའི་ཞབས་སྐྱེས་རྡུལ། །བཀའ་དྲིན་རྗེས་སུ་དྲན་པའི་གཙུག་གིས་མཆོད། །དངོས་པོ་ངེས་པར་བསྟན་པའི་སྒོ་ནི། དབྱངས་ཅན་མགྲིན་པར་ཆགས་པའི་དཎྜི་ཡི། །གཞུང་ལུགས་ངོ་མཚར་ནོར་བུའི་རྒྱུད་མང་སྒྲ། །རྣམ་དཔྱོད་ཤེས་རབ་སོར་མོའི་རྩེར་བསྒྱུར་ན། །བློ་གསལ་ཉན་པར་འདོད་ཀུན་འདིར་འདུས་ཤིག །ཡང་ན། རང་རིག་ཡེ་ནས་དག་པ་འཇམ་པའི་དབྱངས། །མཁྱེན་གཉིས་ལུས་ཤེད་རྫོགས་པའི་སྤྱན་ལམ་དུ། །དབྱངས་ཅན་བག་མར་བསུས་ལས་འཕྲོས་པའི་གཏམ། །གཟུར་གནས་ཐོས་འཛིན་དཔྱིད་དུ་སྦྱིན་གྱིས་ལོངས། །ཞེས་པ་ལྟ་བུའོ། །དེ་ཡང་སྙན་ངག་གི་ལུས་ནི། བརྗོད་པར་བྱ་བའི་དོན་སྔོན་བྱུང་གི་གཏམ་ཐུབ་པའི་སྐྱེས་རབས། རིག་བྱེད་ཀྱི་གཏམ་རྒྱུད། འཇིག་རྟེན་ན་གྲགས་པའི་སྒྲུང་རྒྱུད་སོགས་ངོ་མཚར་བ་དག་གམ། ཡང་ན་དེའི་གཅིག་ཤོས་ཏེ་ད་ལྟར་བའི་ཡུལ་ལ་སོགས་པའི་བསྔགས་འོས་སུ་འགྱུར་ཞིང་ལེགས་པ་རྣམས་དང་། དེ་ལས་གཞན་ཡང་། རང་གིས་བདག་གིར་བཟུང་བའི་མངའ་རིས་དང་སྐོར་ནོར་གྱིས་འབྱོར་པ་དང་མང་དུ་ཐོས་པ་སོགས་དོན་གྱི་སྡེ། མཐོ་རིས་ཀྱི་ཡོན་ཏན་འདོད་པའི་ཡོན་ཏན་ལྔ་སོགས་ཀྱི་བདེ་སྐྱིད་ལ་རོལ་པ་འདོད་པའི་སྡེ། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་དཀར་ཆོས་ཀྱི་རིགས་ལ་འབད་པ་ཆོས་ཀྱི་སྡེ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབྲས་ལས་ལྡོག་ནས་གཏན་བདེའི་གོ་འཕང་ཐོབ་པ་ཐར་པའི་སྡེ་སྟེ། སྡེ་བཞིའི་འབྲས་བུས་བསྡུས་པ་ཅི་རིགས་ལ། དེ་མཛེས་པར་བྱེད་པའི་རྒྱན་ཡང་ལྷོ་ཤར་གྱི་མཁས་པ་རྣམས་ཀྱི་བཞེད་པ་ཐུན་མིན་དང་ཐུན་མོང་བར་གྱུར་པ། མེ་ལོང་གཞུང་གི་དངོས་བསྟན་ལེའུ་ཐོག་ཐ་བར་གསུམ་གྱི་རྒྱན་གང་འོས་འགོད་པ་སྟེ། བསྔགས་འོས་ཀྱི་ཡུལ་སྤྱིར་བརྗོད་ནས། དེ་དག་གི་རྗེས་འབྲེལ་ཡན་ལག་གི་ཚུལ་དུ། སྙན་ངག་མཁན་པོས་སྙན་ངག་འཇུག་པའི་ཡུལ་ནི། གཞུང་ལས། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་བའི་བསྔགས་པ་དང་། །སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང་། །ཆང་འཐུང་དགའ་བའི་དགའ་སྟོན་དང་། །བསླུ་བ་དང་ནི་བག་མ་དང་། གཞོན་ནུ་སྐྱེ་དང་འཕེལ་བ་དང་། །གྲོས་དང་ཕོ་ཉ་བགྲོད་པ་དང་། གཡུལ་དང་འདྲེན་པ་དར་བས་ཀྱང་། །བརྒྱན་པར་གྱུར་ཅིང་སོགས་ཀྱིས་བསྟན་པའི། དང་པོ་གྲོང་ཁྱེར་གྱི་བསྔགས་པ་ནི། གླིང་བཞིའི་འབྱོར་པའི་ཁྱད་པར་ཇི་སྙེད་པ། །བྱེད་པོའི་ཕྱག་རྒྱས་གཅིག་ཏུ་བསྡོམས་པ་ལྟའི། །ལུགས་གསུམ་མི་འགྱུར་ལྷུན་འགྲུབ་གཙུག་ལག་ཁང་། །སུམ་རྩེན་གྲོང་ཁྱེར་ས་ལ་འཕོས་པ་བཞིན། །བརྒྱ་ཕྲག་ཉི་མའི་གཟི་ཡིས་མི་མཚོན་པའི། །གསེར་གྱི་རྒྱ་ཕིབས་ནོར་བུའི་ཏོག་འབར་ཞིང་། །རྣམ་ཐོས་བུ་ཡི་དཔལ་ཡང་སྨ་འབེབས་པའི། །ཕུལ་བྱུང་ནོར་གཏེར་རིན་ཆེན་བྱེ་བས་གཏམས། །ངོ་མཚར་ཁྱད་འཕགས་རྟེན་གསུམ་བགྲང་ཡས་ཀྱིས། །བྱུར་བུར་འགེངས་པའི་གྲགས་སྙན་དབྱར་གྱི་རྔ། །འཁོར་ཡུག་རི་བོའི་ཁོངས་སུ་ལྡིར་བའི་ཚེ། །དབུས་འགྱུར་འཆང་ལའང་རེ་བ་ལྷོད་པོར་བྱས། །བསླབ་གསུམ་ཁོ་ལག་རྫོགས་པའི་ཡོངས་འདུའི་ལྗོན། །འཕགས་ཚོགས་འདུས་པས་སྡེ་སྣོད་ཆོས་སྒོ་བརྒྱ། །འབྱེད་འདིས་དགའ་བ་བརྒྱ་ལྡན་ཞིང་མཚུངས་ཡང་། །མཁའ་འགྲོའི་གསང་མཛོད་བཏོལ་འདིས་ཁྱད་པར་བྱས། །མ་ཧཱ་གུ་རུའི་བཀའ་ལུང་ནོར་བུའི་ཐོད། །གཙུག་ན་རབ་བརླིང་གནོད་སྦྱིན་སྡེ་དཔོན་ཆེ། །དུ་མའི་འཁོར་བཅས་སྣང་མུན་དུས་དྲུག་ཏུ། །སྲུང་སྐྱོབ་མེལ་ཚེ་གཟུགས་ཅན་བཞིན་དུ་རྒྱུ། །བློ་ཆེན་ཚངས་པའི་བློ་ཡིས་མི་དཔོག་ཞིང་། །སྨྲ་མཁས་ཆུ་ལྷའི་ལྕེས་ཀྱང་གཞལ་མིན་པའི། །མཁན་སློབ་ཆོས་རྒྱལ་ཕྱག་རྗེས་རྨ་མེད་པ། །ཨེ་མ་མངོན་སུམ་མཐོང་འདི་རྨི་ལམ་མིན། །ཡང་ན། ཉི་ཟླའི་དཔལ་འཕྲོག་རིན་ཆེན་ཁམས་ལས་གྲུབ། །གྲངས་མེད་ཁང་བཟང་སྲིད་ཞིའི་དཔལ་གཡང་འདུ། །ལྷ་མིའི་མཆོད་སྡོང་མཚུངས་མེད་གཅིག་པུ་པ། །ལྷ་ལྡན་དཔལ་གྱི་རྒྱལ་ཁབ་ཨེ་མ་མཚར། །གཉིས་པ་རྒྱ་མཚོ་ལ་བསྔགས་པ་ནི། བརྟན་ལྡན་ནོར་འཛིན་བུ་མོའི་ཕང་པ་རུ། །རིན་ཆེན་རྡུལ་མང་འདྲེན་པའི་རྒྱུན་བཟང་འབུམ། །མ་འབད་གཅིག་ཏུ་འཁྱིལ་བའི་མཚུངས་དཔེ་རུ། །མཁའ་འདི་འཇིག་རྟེན་བྱེད་པོས་བཀོད་པ་འདྲ། །གེ་སར་སོ་ཡི་འོད་ཟེར་ངོམ་པ་ཡི། །པད་གཞོན་ལང་ཚོ་དར་བའི་མཛའ་ན་མོ། །ཕན་ཚུན་འདབ་མའི་ལག་པ་སྦྲེལ་བཞིན་དུ། །དུད་པའི་ཡིད་ཀྱིས་ཕྱོགས་བཅུར་གཡོ་བར་ངེས། །དལ་བུའི་འགྲོས་མཛེས་ཡིད་འོང་གཉིས་སྐྱེས་ཚོགས། །མགྲིན་པའི་རྫ་རྔ་འཁྲོལ་བཞིན་རྩེ་བ་ཡང་། །སྲེད་ལྡན་ཡིད་ཀྱི་གདུང་བ་འབོད་སླད་དུ། །མེ་ཏོག་གཞུ་ཅན་དཔུང་གིས་བཀོད་པ་བཞིན། །གདེངས་{གདེང་འདིའི་རིགས་འདི་ལྟར་ཞུས། }ཀ་ནོར་བུ་འབར་བའི་གཟི་འོད་ཀྱིས། །ས་འོག་མུན་པ་སེལ་ནུས་ལག་འགྲོའི་རྗེའི། །བསོད་ནམས་བགོ་སྐལ་མཆོག་ཏུ་ཐོབ་པ་ཡི། །རིན་ཆེན་བྱེ་བའི་འབྱུང་གནས་འདི་རྨད་བྱུང་། །ཡང་ན། ཕྱོགས་ཀྱི་གཙང་བྱེད་རྒྱུན་འབུམ་བྱེད་པོ་ཡི། །གཅིག་ཏུ་བསྡོམས་ལས་གྲགས་པའི་མཚོ་ཆེན་བཞི། །རྒྱ་ཆེ་མཇིང་ཟབ་གནམ་ཀའི་མདངས་གསལ་བར། །པད་འབྱུང་ཕྱག་རྒྱའི་རེ་ཁ་མ་ཉམས་གསལ། །གསུམ་པ་རི་བོ་ལ་བསྔགས་པ་དབེན་པའི་ཡོན་ཏན་ལ་སྦྱར་བ་ནི། རབ་དཀར་ཀེ་ལ་ཤ་ཡི་ལ་ཐོད་ཆེས་བརླིངས་ཤིང་། །རབ་མཛེས་སྤྲིན་དཀར་སར་པའི་སྟོད་གཡོགས་ལང་ལིང་འཁྲིགས། །རབ་གཉེན་ལྕུག་ཕྲན་གཞོན་པའི་སྨད་ཤམ་གྱིས་སྤུད་པའི། །རབ་བརྟན་ས་འཛིན་འདི་ནི་མི་ཡི་དབང་པོ་བཞིན། །ཕུ་ཆུ་ལྷུང་ལྷུང་སྙན་པའི་རྫ་རྔ་འཁྲོལ་བ་དང་། །ཆབས་ཅིག་ལྷོ་ཡི་རླུང་ནི་དལ་གྱིས་རྒྱུ་བ་ཡིས། །དཀའ་ཐུབ་པ་དག་གདུང་བར་གྱུར་ན་མི་རུང་ཞེས། །ཡང་དང་ཡང་དུ་བསིལ་བའི་རེག་བྱས་འཁྱུད་པ་བཞིན། །མེ་ཏོག་ཆར་པ་འབབས་ལྡན་ལྷ་ཡི་ཚལ་ན་ཡང་། །དབེན་ལས་ཐོབ་པའི་དགའ་བ་འདི་མཚུངས་ཡོད་མིན་པས། །གྲོགས་དག་ཁྱིམ་གྱི་འདུ་འཛི་སྤོངས་ལ་འདིར་གཤེགས་ཤིག །གཉིས་འཐུང་སྣ་ལྗགས་བསྐྱོད་བཞིན་དྲག་ཏུ་འབོད་པ་འདྲ། །བསམ་གཏན་པ་དག་བག་མེད་གཉིད་ལ་མ་ཡོལ་ཅིག །ཚེ་སྲོག་གློག་གི་གར་མཁན་ནམ་གཡོ་མི་ཤེས་ཞེས། །རབ་གསལ་གློག་ཕྲེང་གཡོ་བའི་འབྲུག་སྒྲ་སྙན་སྒྲོགས་ཚེ། །མཛེས་ལྡན་གཙུག་སྒྲོས་སྒེག་རྣམས་ཟློས་གར་བསྒྱུར་ལ་ཕྱོགས། །ལྷ་ཆབ་བདུད་རྩིའི་བཏུང་བས་མྱོས་པའི་ཉི་དགའི་ཕྲེང་། །ཕུང་ཕུང་རླུང་གིས་བསྐྱོད་པའི་གར་སྟབས་གཡོ་བ་ལ། །ཡིད་འོང་རྐང་དྲུག་མགྲིན་རྔ་འཁྲོལ་བཞིན་རྒྱུ་བ་ཡང་། །དགོན་པ་བ་དེ་སྐྱོ་བ་བསང་ཕྱིར་ཆས་པ་འདྲ། །འགྲོགས་ན་བདེ་བ་རི་སྐྱེས་བུ་མོའི་ཁྱུ་དག་ཀྱང་། །དྲང་སྲོང་གྲུབ་པའི་དཀའ་ཐུབ་མཆོག་དེ་གྲུབ་བམ་ཞེས། །ནོར་བུ་བཻཌཱུཪྱ་ལྟར་དྭངས་པའི་འདྲེན་བྱེད་ཀྱིས། །ཡང་ཡང་མགྲིན་པ་དཀྱོགས་ཏེ་བལྟ་བ་དག་ཀྱང་གནས། །མ་བརྩེགས་བྲག་སྐྱིབས་ནོར་བུའི་བ་གམ་མངོན་མཛེས་ཤིང་། །འབད་པར་མ་བྱས་ལོ་མ་འབྲས་བུའི་ཁ་ཟས་ལྡན། །བོས་པ་མིན་ཡང་བྱ་ཚོགས་སྙན་པའི་སྒྲ་འབྱིན་ཞིང་། །བསྐྲད་མིན་རྣམ་གཡེང་འདུ་འཛིའི་དགྲ་བོ་རིང་དུ་སོང་། །དེར་ནི་མི་རྟག་སྟོང་དང་བདག་མེད་ལ་སོགས་པའི། །ཆོས་ཀུན་དུ་མའི་བརྡ་ཡིས་སྟོན་པར་བྱེད་པ་ཡང་། །རི་ཁྲོད་པ་དེའི་དྲན་ཤེས་ཡང་ཡང་བསྐུལ་བའི་ཕྱིར། །སྲས་བཅས་རྒྱལ་བའི་ཐུགས་རྗེས་སྤྲུལ་པ་བཞིན་དུ་གནས། །དེ་ལྟའི་ཕུན་ཚོགས་དཔལ་མངའ་རྒྱལ་བསྔགས་དབེན་པའི་རིར། །སྲོོག་དང་བཅས་པའི་ལུས་འདི་ཉེ་བར་བསྐྱོད་བྱས་ནས། །བདག་རྟོག་དབྱིངས་བསྒྲལ་ཞི་བའི་བདུད་རྩིའི་བགོ་སྐལ་མཆོག །འགྲོ་འདིར་འགྱེད་པའི་སྐལ་བཟང་ནམ་ཞིག་ཐོབ་འགྱུར་རམ། །ཡང་ན། རིན་ཆེན་རྡུལ་མང་བརྩེགས་པའི་ལྷུན་པོའི་ངོགས། །སྤངས་ལྗང་ནགས་ཚལ་བྲག་དང་གངས་ཀྱིས་མཛེས། །དཔའ་བོ་མཁའ་འགྲོ་འདུ་བའི་གནས་མཆོག་ཆེ། །དཔལ་གྱི་ཙ་རིའི་ཡོན་ཏན་བརྗོད་ལས་འདས། །བཞི་པ་དུས་ལ་བསྔགས་པ་སྟོན་ཀ་ལ་སྦྱར་བ་ནི། གསེར་སྦྱངས་ཐགས་སུ་བསྐྲུན་འདྲའི་ནོར་འཛིན་གཞིར། །ཕུན་ཚོགས་འབྲས་ཁུལ་ལྕི་བའི་སྙེ་མའི་ཚོགས། ཕུང་ཕུང་མགོ་ལྕོགས་ལྡེམ་པའི་ལང་ཚོ་ཡིས། །སྒྲ་མི་སྙན་ཡང་བྲིས་པའི་རི་མོར་བསྒྱུར། །ཉི་ཟླའི་མིག་ཅན་སྔོ་བསངས་བུ་མོ་ནི། །རྒྱུ་སྐར་སོ་ཡི་འོད་ཟེར་ངོམ་བཞིན་དུ། །དུས་བཞིར་འགྱུར་བའི་སྣང་ཚུལ་འདི་ལྟར་ཞེས། །ཀུན་ཏུ་བལྟ་ཞིང་ཡང་ཡང་དགོད་པ་འདྲ། །ཀེ་ཏ་ཀ་ཡི་ལན་སྟོང་བགྲུངས་པ་ལྟའི། །དྭངས་བསིལ་རྙོག་མེད་ཁྲུས་ཀྱི་རྫིང་བུ་རྣམས། །སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་ཡོན་དུ། །འཇིག་རྟེན་བྱེད་པོའི་འཕྲུལ་གྱིས་བཀོད་པ་བཞིན། །འདི་ན་ལང་ཚོས་དྲེགས་པའི་གཞོན་ནུ་རྣམས། །བག་མེད་རྩེ་དགའི་གནས་ལ་མ་ཡེངས་ཤིག །ན་སོ་སྨིན་ནས་ང་དང་འདྲའོ་ཞེས། །ཨུཏྤལ་རྒན་པོ་འདར་བཅས་ཟག་པར་ངེས། །དེང་སང་ཀུན་བཟང་ཐུགས་ཀྱི་བསྟན་པའི་དུས། །སྒྲུབ་པའི་འབྲས་བཟང་མྱུར་དུ་སྨིན་ནོ་ཞེས། །འབྲས་བུའི་དུད་པའི་རྐང་འཐུང་ཚོགས་ཀྱིས་ནི། །ཐར་པ་དོན་གཉེར་གྲོགས་ལ་སྦྲོན་པ་བཞིན། །དེ་ལྟའི་ངོ་མཚར་སྟོན་གྱི་རྒྱལ་མོ་ཡི། །གྲགས་སྙན་སྒྲོགས་སླད་ངང་མོ་གཞོན་ནུའི་ཚོགས། །མགྲིན་པའི་འཁྲི་ཤིང་བཏེགས་ནས་རྒྱུ་བའི་ཚེ། །ཁོ་བོའི་ཡིད་ཀྱི་ཁྱེ་ཆུང་ཡུད་ཙམ་ཆགས། །ཡང་ན། རབ་མཛེས་བཻཌཱུཪྱ་གསར་པའི་ནོར་འཛིན་གཞིར། །སྲིད་པའི་ཕུན་ཚོགས་མ་ལུས་གཅིག་བསྡོམས་ལྟའི། །དབྱར་གྱི་དཔལ་མོ་དར་བའི་ལང་ཚོ་འདིས། །རྣམ་སད་ཡུལ་ལའང་རེ་བ་ལྷོད་པོར་བྱས། །ལྔ་པ་ཉི་ཟླ་འཆར་བའི་བསྔགས་པ་ལས་ཉི་མ་འཆར་བ་ལ་བསྔགས་པ་ནི། དེ་ནས་སྐྱ་རེངས་ཕོ་ཉས་ནོན་པའི་ཚེ། །སྐྱེངས་པའི་མདངས་ལྡན་སྔོ་བསངས་བུ་མོ་ཡིས། །མུན་པའི་ཚོགས་རྣམས་ལའུར་བྲོས་ཤིག་ཅེས། །སྐར་མདའ་འཕེན་པའི་ཟོལ་གྱིས་སྦྲོན་པ་བཞིན། །ཚ་ཟེར་འོད་མདངས་ཕག་པའི་རྨིག་པ་ཡིས། །གྲངས་རེག་ལག་འགྲོ་སྟོང་ཕྲག་བཅད་པའི་ཁྲག །ཐུན་མཚམས་ཆུ་འཛིན་དམར་པོའི་ཕྲེང་བ་ནི། །སྲིད་པའི་རྩེ་མོར་ཆེས་ཆེར་འཕྱུར་བ་འདྲ། །ལེགས་ལྡན་འགྲོ་བའི་བསོད་ནམས་རྟ་བདུན་གྱིས། །ཉེ་བར་དྲངས་པའི་དགེ་མཚན་ཉིན་མོར་བྱེད། །དབང་ཕྱོགས་ས་འཛིན་མཐོན་པོའི་ཕྲག་པ་ནས། །གསལ་དེས་བླང་དོར་ལམ་བཟང་སྣང་བར་བྱས། །དེ་ཚེ་འོད་ཟེར་བརྒྱ་ཡི་ཐུར་མ་ཡིས། །མུན་པས་ལོང་བའི་ཆུ་སྐྱེས་རྣམས་ཀྱི་མིག །ཕྱེས་དང་ཆབས་ཅིག་ཟླ་བས་བཞད་རྣམས་ཀྱང་། །ཐལ་མོ་སྦྱར་ནས་ཁྱེད་ཞབས་བཏུད་པར་ངེས། །གང་དག་གྲང་བས་ཉེན་ལ་འཇམ་པའི་གོས། །བླང་དོར་གནས་ལ་ལྟ་བའི་འདྲེན་བྱེད་མཆོག །ཕྱོགས་རིས་མེད་པར་ཀུན་ལ་མཉམ་པའི་མ། །འདི་ནི་སྙན་ངག་ཕྲེང་བས་བརྒྱན་པར་འོས། །ཡང་ན་ཟླ་བ་འཆར་བ་ལ་བསྔགས་པ་ནི། དེ་ཡི་ཟླ་བོ་བདུད་རྩིའི་ལང་ཚོ་ཅན། །བཅུ་དྲུག་ཆ་རྫོགས་རི་བོང་འཛིན་པའི་གཟུགས། །རྒྱལ་བའི་སྲས་ཀྱི་མཛད་པ་འདི་འདྲ་ཞེས། །འགྲོ་ལ་འདོམས་པ་བཞིན་དུ་འཆར་བར་གྱུར། །གཟའ་བྲལ་རྒྱུ་སྐར་བྱེ་བས་བསྐོར་བའི་དབུས། །རབ་དཀར་འོད་ཟེར་སྟོང་གི་དྲྭ་བ་ཅན། །དྭངས་པའི་མཁའ་ལ་དལ་བུས་རྒྱུ་བ་ནི། །ལྷ་དབང་འདྲེས་མའི་ཚལ་ན་བསྐྱོད་པ་བཞིན། །ག་བུར་བདུད་རྩིའི་ཐིགས་ཕྲན་འཛག་པའི་རོ། །གེ་སར་བཅུད་དུ་སོན་པའི་ཀུ་མུ་ད། །འཕྱོར་སྒེག་ལུས་ཀྱི་འཁྲི་ཤིང་གཡོ་བ་ཡིས། །ས་འདི་སྐབས་གསུམ་ཚལ་བཞིན་འབྱོར་བར་བྱས། །དྲུག་པ་སྐྱེད་མོས་ཚལ་གྱི་རོལ་པས་བརྒྱན་པ་ནི། རིན་ཆེན་བཻཌཱུར་ཡངས་པའི་གཞིར། གསེར་གྱི་པདྨོ་གར་བྱེད་ཅིང་། །གཡུ་ཡི་རྐང་དྲུག་གླུ་ལེན་པ། །འཕྲུལ་དགའི་ཞིང་ལ་འགྲན་པ་བཞིན། །རབ་མཛེས་མེ་ཏོག་ཐོད་རྒྱན་དང་། །གཡུ་ལོའི་གོས་ལྡན་རྐང་འཐུང་ཕྲེང་། །ཡལ་འདབ་ལག་པ་སྦྲེལ་བ་ཡང་། །མཐོ་རིས་བུ་མོ་ལྟ་བུར་མཛེས། །པད་ཟླུམ་དྲྭ་བས་ཁེབས་པ་ཡི། །རྫིང་བུར་བཞད་སོགས་གཉིས་སྐྱེས་རིགས། །རྩེ་ཞིང་རྣམ་པར་སྙན་པའི་གདངས། །དྲི་ཟའི་རོལ་མོ་དག་ལ་འགྲན། །མཛེས་ལྡན་རྨ་བྱའི་བུ་མོ་རྣམས། །དགའ་བའི་ཟློས་གར་བསྒྱུར་བ་ཡིས། །ལྷ་ཡི་གར་མཁན་ཚར་གཅོད་ཅིང་། །བློ་ཆེན་ཚངས་པའི་ཡིད་ཀྱང་འཕྲོག །ས་སྲུང་ས་ལ་འོང་བ་ལྟའི། །གླང་པོ་དག་ཀྱང་ཉེར་གནས་ཤིང་། །ལི་ཤིའི་མེ་ཏོག་དྲི་བསུང་གིས། །ཁྱབ་བྱས་རྣམ་སད་སྐྱེད་ཚལ་བཞིན། །འདྲེས་མའི་ཚལ་ན་ལྷ་རྣམས་དང་། །རྒྱུ་{སྒྱུ}སྐར་ཁྲོད་ན་ཟླ་བ་བཞིན། །ས་བདག་བཙུན་མོའི་འཁོར་དང་བཅས། །བག་ཕེབས་དལ་གྱིས་ཞུགས་པར་གྱུར། །ཡང་ན། བཻཌཱུའི་ཐང་ག་ཡངས་པའི་ནོར་འཛིན་གཞིར། །བཟའ་ཤིང་གཞོན་ནུའི་ར་བས་བསྐོར་བའི་དབུས། །ཁྲུས་རྫིང་པདྨོས་བརྒྱན་པའི་སྐྱེད་མོས་ཚལ། །འཆི་མེད་ཡུལ་ནས་ས་འདིར་བླང་བཞིན་མཛེས། །བདུན་པ་ཆུ་ཡི་རོལ་རྩེད་ཀྱིས་བརྒྱན་པ་གུ་རུའི་རྣམ་ཐར་གྱི་ཆ་ཤས་ལ་སྦྱར་བ་ནི། གནམ་སྔོན་ཞུན་མའི་མདངས་འཕྲོག་ཆུ་གཏེར་དབུས། །བརྟན་གཡོའི་མཛེས་བཅུད་དྭངས་མ་གཅིག་བསྡོམས་ལྟའི། །ངོ་མཚར་ཨུ་དུམྦཱ་རའི་གེ་སར་རྩེར། །ཉི་འབུམ་གཟི་ཡིས་མི་མཚོན་རྒྱལ་བའི་སྐུ། །ཕུལ་བྱུང་མཚན་དཔེའི་རི་མོ་བརྒྱ་བཅུ་གཉིས། །མ་འདྲེས་ཀུན་ནས་བཀྲ་བའི་ངོ་མཚར་ལ། །ལྷ་དབང་མིག་སྟོང་བགྲད་ནས་བལྟ་བྱས་ཀྱང་། །ཆ་ཙམ་མ་དཔོག་ཚངས་པའི་ཡུལ་ཀུན་སྦྲན། །དེ་ཚེ་སྲིད་པའི་མེས་པོ་ཚངས་ཆེན་གྱིས། །རྣམ་བཀྲའི་དབང་གཞུ་གསར་པའི་མཆོད་རྫས་བཅས། །དུ་མའི་འཁོར་གྱིས་བསྐོར་བ་མདུན་ལྷགས་ནས། །ཡོན་ཏན་བརྗོད་འདོད་སྨྲ་བྱེད་བཞི་ཡང་སྤྲུལ། །གདེངས་ཀ་ནོར་བུའི་འོད་ཀྱིས་ས་འོག་གི། །མུན་པ་མ་ལུས་ཟ་བྱེད་ལག་འགྲོའི་རྗེས། ངེད་ཀྱི་བསོད་ནམས་ཕུང་པོ་འདི་འདྲ་ཞེས། །ངོམ་པ་བཞིན་དུ་རིན་ཆེན་ཆར་ཡང་ཕབ། །བཞད་དཀར་མགྲིན་རིང་ལ་སོགས་ཆུར་རྩེན་རིགས། །མགྲིན་པའི་འཁྲི་ཤིང་བཏེགས་དང་ཆབས་ཅིག་པར། །ཆོས་སྐྱོང་རྒྱལ་པོ་འབྱོར་བའི་དབང་པོ་མཆོག །ལའུར་ཤོག་ཅེས་འབོད་པ་བཞིན་དུ་གནས། །དེ་ཚུལ་བསོད་ནམས་བརྒྱ་ཡི་ཐུར་མ་ཡིས། །གསར་དུ་ཕྱེས་པའི་ས་ཡི་བདག་པོ་ཡི། །འདྲེན་བྱེད་དཔྱིད་དུ་སོན་པའི་དེ་མ་འདྲོག །སྙིང་ལ་དགའ་བའི་རི་མོ་ཅིར་ཡང་བྲིས། །དད་གསུམ་ཁོང་ནས་རྒྱས་པའི་མངོན་རྟགས་སུ། །ཐལ་སྦྱར་པད་དཀར་ཁ་འབུས་བྱེ་འདྲ་བ། །ཚངས་གནས་རྒྱན་དུ་བཀོད་དང་ཆབས་ཅིག་པར། །བསྟོད་དབྱངས་སྙན་པའི་རོལ་མོ་བརྒྱ་ཕྲག་འཁྲོལ། །བསོད་ནམས་བགོ་སྐལ་ཐོབ་པའི་པད་སྡོང་མཆོག །བསོད་ནམས་དཔུང་པས་ཁྱེར་བའི་དགེ་མཚན་གྱིས། །བསོད་ནམས་བྱེ་བའི་རང་བཞིན་རྒྱལ་བའི་སྲས། །བསོད་ནམས་བསགས་པ་རྣམས་ཀྱི་མགོན་དུ་ཐོབ། །ཡང་ན། པད་དཔལ་བུང་བས་བསྟེན་པའི་སྐྱེད་ཚལ་དབུས། །རྙོག་མེད་དྭངས་པའི་ལྷ་ཆུའི་རྫིང་བུ་རུ། །ལྷ་སྲས་བཙུན་མོ་རྩེ་དགའི་ཁྲུས་ལ་ཞུགས། །རབ་མཛེས་པད་དཀར་ཚོགས་དང་མཚོན་མ་ཡིན། །བརྒྱད་པ་ཆང་འཐུང་གིས་བརྒྱན་པ་གྲུབ་དབང་བསྟན་འཛིན་ཉི་མའི་རྟོགས་བརྗོད་དང་སྦྱར་བ་ནི། རོ་བཅུད་ཕུན་ཚོགས་ལྷ་ཡི་བདུད་རྩིར་འགྲན་བཟོད་པའི། །གསང་སྔགས་སྒྲུབ་པའི་དམ་ཚིག་རྫས་མཆོག་ཨ་མྲྀ་ཏ། །བཏུང་བས་ཆེར་མྱོས་རིག་འཛིན་གྲུབ་པའི་རྡོ་རྗེ་ཡི། །ངོ་མཚར་གྲགས་སྙན་སྲིིད་དང་ཞི་བའི་ཁོངས་སུ་རྒྱུ། །ཕལ་དག་མྱོས་པས་དྲན་པ་ཉམས་པའི་སྨྱོན་པ་བཞིན། །དགྲ་བཅོམ་འཕགས་པ་རྣམས་ཀྱི་སྟོབས་ཀྱང་ཉམས་བྱེད་མོད། །ཁྱོད་ཀྱིས་ཇི་ཙམ་གསོལ་བ་དེ་བཞིན་རྫུ་འཕྲུལ་སྟོབས། །ཆེས་ཆེར་འཕེལ་བ་ཨེ་མ་ནགས་ལ་མེ་མཆེད་བཞིན། །ཁོང་ནས་མེ་འབར་ལྟས་ངན་སྒྲར་བཅས་རྒྱུ་བ་ཡིས། །ཉིན་བཞིན་སྲོག་ཆག་བརྒྱ་ཕྲག་གསོན་པོར་ཟ་བྱེད་པའི། །མི་བསྲུན་འཚེ་ལ་གོམས་པའི་བཙན་རྒོད་ཡང་གྷ་ཡང་། །ཁྱོད་གསུང་གྲུབ་པའི་རིགས་སྔགས་ལྕགས་ཀྱུས་བཀོལ་གྱུར་མཚར། །རྒྱགས་སོགས་དྲེགས་པའི་ཆང་གིས་མྱོས་པའི་གླང་པོའི་སྣར། །ཁྲོས་འཁྲུགས་མཚོན་ཆའི་འཁོར་ལོ་བསྐོར་བྱེད་ཙཱི་ནའི་དཔུང་། །དཔོན་སྡེར་བཅས་ཀུན་གྲུབ་མཆོག་གདོང་ལྔའི་བརྟུལ་ཞུགས་སྒྲས། །ཁེངས་པའི་སྣ་ལྗགས་ས་ལ་བསྙིལ་བའི་གཏམ་དེ་སྙན། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཁྱོད་ཐུགས་ཨ་དཪྴར། །ལྐོག་གྱུར་ཆོས་ཀུན་མ་འདྲེས་གསལ་བའི་གཟུགས་བརྙན་འབུམ། །ཅིག་ཅར་བཀྲ་བས་སྐྱེ་དགུའི་ཡིད་ཀྱི་རེ་བའི་ཚོགས། །ཡོངས་སུ་རྫོགས་མཛད་ལྷ་ཡི་དཔག་བསམ་ལས་ཀྱང་འཕགས། །དེ་སླད་ཆེ་དགུའི་གཙུག་ནོར་འོད་ཀྱི་པ་ཏྲ་ཡིས། །ཞབས་སེན་ཟླ་ཚེས་མངོན་པར་བརྒྱན་དང་ཆབས་ཅིག་པར། །སོར་བཅུའི་ཆུ་སྐྱེས་ཟུམ་དང་དད་གསུམ་རྒྱས་པའི་ངག །སྙན་ངག་མེ་ཏོག་གསར་པའི་ཆུན་པོས་བསྙེན་པ་ལགས། །ཡང་ན། འབྲུ་བཅུད་ཕུན་ཚོགས་ལྷ་ཡི་བདུད་རྩི་ལ། །འགྲན་པའི་གར་ཆང་བཏུང་བའི་བིར་ཝ་པ། །མྱོས་པའི་འབྲས་རྟགས་ཉི་མ་གཏེ་བོར་བཅུག །རྫུ་འཕྲུལ་སྟག་ལ་ཆིབས་སོགས་མཛད་པ་མཚར། །དགུ་པ་འཁྲིག་པ་ལ་སྤྱོད་པའི་དགའ་སྟོན་གྱིས་བརྒྱན་པ་གྲུབ་ཐོབ་ཞི་བ་སྦས་པའི་རྟོགས་བརྗོད་ལ་སྦྱར་བ་ནི། གསང་མཆོག་ཐབས་གྲོལ་མན་ངག་གསེང་ལམ་ནས། །ཉི་ཟླའི་འགྲོས་ཐིམ་ས་ལམ་དབུ་མར་རྫོགས། །ཁ་སྦྱོར་བདུན་ལྡན་ཤནྟ་གུཔྟ་ཞེས། །རྡོ་རྗེ་འཆང་དངོས་སྙིགས་འགྲོའི་རྒྱན་དུ་འཁྲུངས། །རིགས་ལྡན་ལྔ་བརྒྱའི་པདྨའི་ཟེ་འབྲུའི་བཅུད། །ཅིག་ཅར་གཞིབ་པའི་ཆགས་མདངས་རྡོ་རྗེའི་སྐུ། །རིན་ཆེན་བྱེརུའི་ལྷུན་པོར་ཐུན་མཚམས་ཀྱི། །ཆུ་འཛིན་གསར་པས་འཁྱུད་དང་མཚོན་མ་ཡིན། །དཔག་ཚད་དུ་མའི་མཁའ་ལ་འདབ་བཟང་བཞིན། །བསྐྱོད་པའི་ངོ་མཚར་སྦྲོན་ཕྱིར་ཀུན་བཟོད་མ། །རྣམ་དྲུག་གཡོ་བའི་གར་སྟབས་བསྒྱུར་པའི་ཚེ། །ལྷ་ཡི་མེ་ཏོག་སྤོས་ཆུའི་ཆར་ཡང་ཕབ། །དེ་ཚེ་དྲེགས་ལྡན་ས་བདག་བློན་འཁོར་བཅས། །ཁེངས་པའི་ལག་པད་ཟུམ་པའི་ཐོར་ཅོག་གིས། །ཞབས་སེན་ཆུ་སྐྱེས་བསྙེན་དང་ཆབས་ཅིག་པར། །ཡིད་ལ་དད་བརྒྱའི་རི་མོ་ཅིར་ཡང་བྲིས། །དེར་ནི་མགྲིན་པ་རྡོ་རྗེའི་བང་མཛོད་ནས། །ཟབ་རྒྱས་དོ་ཧ་ནོར་བུའི་གྲུ་ཆར་གྱིས། །སྐྱེ་དགུའི་སྲིད་པའི་དབུལ་བ་རྒྱུན་བཅད་ནས། །ཟག་མེད་ཞི་བའི་འབྱོར་དགུས་ཕྱུག་པར་མཛད། །ཡང་ན། སྲིད་ན་རྣམ་པར་མཚར་བའི་མཚན་རིས་བཅོ་བརྒྱད་བཀྲ་བའི་རིགས་ལྡན་དཱ་རི་ཀཱ། །རྨོངས་བྱེད་སྔགས་ཀྱིས་བཏབ་ཚེ་ཆགས་བཅས་ཉམས་འགྱུར་སོ་གཉིས་གསལ་བཞིན་མདུན་ན་འཁོད། །སྔགས་སྤྱོད་གྲོགས་སུ་དབང་བསྐུར་འདོད་ལ་གོམས་པའི་སྒྱུ་རྩལ་དྲུག་བཅུ་རྩ་བཞིར་བཅས། །འཁྲིག་ཚུལ་བཅུ་གསུམ་མཁས་པས་དགའ་བཞིའི་ཡེ་ཤེས་མངོན་བྱེད་ཐབས་ལམ་གསང་ཆེན་རྨད། །བཅུ་པ་བསླུ་བའམ་མ་ཚོགས་པས་བརྒྱན་པ་ནི། འདོད་ལ་གོམས་པའི་སྒྱུ་རྩལ་དྲུག་བཅུ་རྩ་བཞི་ཡི། །ཁྱད་པར་བྱས་པའི་སྨིན་ལེགས་ཡིད་ཀྱི་ཆོམ་རྐུན་མོ། །མཐོང་དང་ཆབས་ཅིག་གཞོན་ནུའི་སྙིང་ལ་ཡིད་སྲུབ་ཀྱི། །མཚོན་གྱིས་བསྣུན་པའི་ཚོར་བ་མི་བཟད་གཟུགས་ཅན་བཞིན། །ཡིད་ནི་འདོད་པའི་ཆང་གིས་ཀུན་ནས་མྱོས་པའི་རྒྱུས། །འཆར་ཀའི་དམར་བ་ཕུན་ཚོགས་ལ་འགྲན་འདྲེན་བྱེད་ཀྱིས། །ཡང་ཡང་བལྟས་དང་ཆབས་ཅིག་གཡོན་མ་དེ་ཡིས་ཀྱང་། །ལག་པའི་པདྨོ་ཟུམ་པའི་བརྫུ་ཡིས་སྐབས་ཀྱང་ཕྱེས། །དེ་ནས་ཉིན་བྱེད་ཆུ་ལྷའི་ཕང་པར་ཡིབ་པ་དང་། །སྔོ་བསངས་རྒྱུ་སྐར་དོ་ཤལ་ངོམ་ཚེ་གཞོན་ནུ་དེ། །གཞན་ནོར་འཇོམས་པའི་ཆོམ་རྐུན་བཞིན་དུ་དལ་བུ་ཡིས། །གནས་སུ་ཕྱིན་ཀྱང་གཡོན་ཅན་མ་དེ་འགུགས་མ་གྱུར། །དེར་ནི་བགེགས་ཀྱིས་བཏབ་པའི་སྨྱོན་པ་ཇི་བཞིན་དུ། །སྙིང་ནི་འདོད་པའི་གདུང་བ་བཟོད་དཀས་ཆེར་འཁྲུགས་པས། །ཡང་ཡང་ས་ལ་འདྲེ་ཞིང་ལྡབ་ལྡིབ་{དྷབ་དྷིབ}གཏམ་གྱིས་ནི། །སེམས་ལྡན་ཉིད་དམ་ཅིག་ཤོས་དག་ལའང་སྨྲ་བར་བྱེད། །ཏི་སེའི་རི་བོ་ལྷ་ཡི་ལམ་དུ་ཆས་འདྲ་བའི། །ཀུན་ནས་དཀར་ཞིང་མཛེས་པའི་ཆུ་འཛིན་ཕྲེང་བ་ནི། །ཀ་ཡེ་ཤར་གྱི་ཕྱོགས་ནས་དལ་གྱིས་རྒྱུ་བ་ཁྱོད། །བྲལ་བས་ཉེན་པ་བདག་ལ་ཡུད་ཙམ་གཟིགས་སུ་གསོལ། །གང་གི་ཞལ་རས་ཟླ་བ་རྒྱས་པ་དང་འདྲ་ཞིང་། །མཆུ་སྒྲོས་བིམྤ་ལྟར་དམར་གེ་སར་སོ་ཕྲེང་མཛེས། །འདོད་པའི་འོ་འཛིན་ཁུར་གྱིས་དུབ་པའི་རི་དྭགས་ཅན། །མངོན་དུ་མ་གྱུར་ཀྱེ་མ་བདག་ཉིད་གསོན་ཡང་ཅི། །སིལ་སིལ་རྐང་གདུབ་འཁྲོལ་བའི་སྒྲ་དང་ཆབས་ཅིག་པར། །ལྷང་ལྷང་མགྲིན་པའི་གླུ་དབྱངས་སྙན་པར་སྒྲོགས་བྱེད་མ། །ནད་མེད་གྱུར་ཅིག་མ་ཐོགས་མྱུར་བར་ཤོག་ཅིག་ཅེས། །འདོད་ལྡན་བདག་གི་ཕྲིན་འདི་ལ་འུར་སྐྱེལ་དུ་གསོལ། །ཀྱེ་མ་ཡིད་འོང་ཟླ་བཞིན་མ་ནི་མཐོང་མ་གྱུར། །བརྩེ་བྲལ་ལྷོ་ཡི་རླུང་ཁྱོད་བདག་ལ་ཅི་ཞིག་ཟེར། །མ་རུངས་ཟླ་བ་ཁྱོད་ཀྱིས་བདག་སྲོག་ལེན་མིན་ནམ། །རྣ་རྒྱན་མུ་ཏིག་དམར་པོ་འདི་ཡིས་བདག་ལ་ཅི། །ལྡེམ་ལྡེམ་རླུང་གིས་བསྐྱོད་པའི་ཀུ་མུཏ་ཚོགས་མཐོང་ཚེ། །ཀ་ཡེ་རྩེ་དགའི་ཁྲི་ཤིང་ཁྱོད་ནི་དེ་ཙམ་འགོར། །འདོད་ལྡན་བདག་གི་ཤུགས་རིང་དག་ནི་ནམ་དང་མཉམ། །ད་འདིར་ཤོག་ཅེས་མགུལ་ནས་འཁྱུད་ཅིང་འོ་ཡང་སྦྱར། །ནགས་སུ་གླང་ཆེན་མྱོས་པའི་སྐད་གསོང་ཐོས་པའི་ཚེ། །མཛའ་མོས་འབོད་སྙམ་ཕྱོགས་དེར་ཡང་ཡང་བྱ་རས་བྲེལ། །དེར་ནི་གཡོན་མའི་ངང་ཚུལ་འདི་དང་འདི་འདྲ་ཞེས། །སྐྱ་རེངས་ཕོ་ཉས་སྐར་མདའ་འཕེན་པ་བཞིན་དུ་གྱུར། །ཡང་ན། སེམས་སོང་གྲོགས་མོ་ཟླ་ཟེར་ཁ་ལོ་ཡིས། །བསུ་བའི་གསང་ཚིག་བྱ་མ་རྟས་སྦྲེལ་ནས། །འཕྲད་འདོད་གདུང་བའི་མེ་ཡིས་བསྲེགས་ན་ཡང་། །གཡོན་མའི་རང་ཚུལ་བདེན་མིན་སུ་ཡིས་འགོག །བཅུ་གཅིག་པ་བག་མ་གཏོང་ལེན་གྱིས་བརྒྱན་པ་ནི། དེ་ནས་རྒྱལ་པོ་ཟས་གཙང་གི། །འདུན་ཐབས་ལྷ་མོ་སྒྱུ་འཕྲུལ་མ། །ལྷ་ཡི་དར་གོས་རིན་པོ་ཆེའི། །རྒྱན་གྱིས་རྣམ་པར་བརྒྱན་པར་བྱས། །དེ་ཚེ་ལྷ་དང་ལྷ་མོ་དང་། །ཡ་རབས་མི་མོའི་ཚོགས་རྣམས་ཀྱིས། །སྭ་སྟི་ཤིས་པའི་དབྱངས་དང་བཅས། །ཕན་ཚུན་འདི་སྐད་སྨྲ་བར་བྱེད། །འདི་ཡི་འོ་འཛིན་ལྕི་བའི་ཁུར། །སྐེད་སྐབས་ཕྲ་བས་མ་ཐེག་ནས། །ཅུང་ཟད་ཡོན་པོའི་ཚུལ་འཛིན་པ། །ཨེ་མ་ཚངས་པའི་སྲས་མོ་བཞིན། །ཟླ་བའི་ཞལ་ལྡན་ཨུཏྤལ་མིག་དཀྱུས་རིང་། །བིམྤའི་མཆུ་སྒྲོས་མུ་ཏིག་ཚེམས་ཕྲེང་མཛེས། །ལི་བའི་དབུ་ལྗོན་སྟང་ཟིལ་དཔལ་ལ་འཐབ། །གྲུབ་པའི་བུ་མོ་འདི་ནི་ཨེ་མ་མཚར། །ཇི་ཙམ་བལྟས་ཀྱང་ངོམས་པའི་དུས་མིན་པའི། །མཚར་སྡུག་ཡོན་ཏན་རྫོགས་པའི་ལང་ཚོ་ཡི། །མཛེས་པ་སྒྲིབ་བྱེད་རྒྱན་ཕྲེང་མང་པོ་འདི། །ཅི་ཡི་སླད་དུ་ཁྱོད་ཀྱིས་གསོལ་བར་བྱས། །མཐོ་རིས་བུ་མོའི་མཛེས་པས་མི་མཚོན་པའི། །མི་ཡི་བུ་མོ་སྒྱུ་མས་འཕྲུལ་འདྲ་བའི། །ལྷ་མོ་འདི་དང་ལྷན་ཅིག་རྩེ་བ་ཡི། །ས་བདག་བསོད་ནམས་ཕུང་པོ་འདི་ཅི་ཞིག །རྩིབས་སྟོང་ལྡན་པ་གསེར་འཁོར་ལ་སོགས་རིན་ཆེན་བདུན་གྱིས་མདུན་བསྡར་ནས། །གླིང་བཞིར་དབང་བྱེད་མི་མཆོག་དག་གམ་ཡང་ན་ལྷར་བཅས་སྐྱེ་དགུ་ཡི། །མཆོད་སྡོང་མཚུངས་བྲལ་བདེ་གཤེགས་ཉིད་ཀྱང་འདི་ཡི་བསོད་ནམས་ཕང་པ་ཡིས། །ངེས་པར་འཛིན་ན་སྲིད་པའི་ཁྱོན་དུ་འདི་ཡི་དཔེར་འོས་སུ་ཞིག་ཡོད། །འདི་ཡི་མཛེས་པའི་ཟུར་མིག་གིས། །ས་སྟེང་འགྲོ་རྣམས་ལྟ་ཅི་སྨོས། །ཆགས་བྲལ་ཐུབ་པའི་དྲང་སྲོང་གི། །ཐུགས་ཀྱང་འཕྲོག་ལ་དཀའ་བ་ཅི། །དེ་ལྟའི་ཡོན་གྱིས་རྣམ་མཛེས་པའི། །ལྷ་མོ་བསྙེལ་བར་མ་གྱུར་ཏམ། །ཞེས་ནི་མ་ལ་ཡ་རླུང་གིས། །ལན་བརྒྱར་བསྟི་སྟང་བྱེད་པ་བཞིན། །གསེར་གྱི་པད་མ་རྣམ་རྒྱས་པའི། །ཁྲི་ཤིང་ཡལ་གའི་ལག་པ་ནི། །མདུན་ན་མངོན་པར་སྦྲེང་བཞིན་དུ། །ཤིས་པའི་མེ་ཏོག་འཐོར་བ་བཞིན། །འདི་ཡི་མཛེས་པ་འདི་འདྲ་ཞེས། །འཇིག་རྟེན་ཀུན་ན་སྟོན་སླད་དུ། །འབྲུག་སྒྲས་བསྐུལ་བའི་རྨ་བྱའི་ཚོགས། །ཡང་ཡང་ཟློས་གར་བསྒྱུར་ལ་ཕྱོགས། །དེར་ནི་གྲུབ་པའི་བུ་མོ་མཆོག །དུ་མའི་འཁོར་གྱིས་རབ་བསྐོར་ནས། །ལྷ་དབང་ཚལ་ནས་བསྐྱོད་པ་བཞིན། །སེར་སྐྱའི་གཞི་དེར་སོང་བར་གྱུར། །ཡང་ན། བི་ཤྭ་ཀརྨའི་པིར་གྱིས་འཕྲུལ་འདྲ་བའི། །རྒྱ་རྗེའི་སྲས་མོ་ལྷ་ཅིག་ཀོང་ཇོ་མཆོག །ཐུགས་རྗེ་ཆེ་དངོས་སྲོང་བཙན་སྒམ་པོ་ཡི། །བཙུན་མོར་བྱོན་ལ་ལྷ་དབང་ཐུགས་ཀྱང་ཆགས། །བཅུ་གཉིས་པ་གཞོན་ནུ་སྐྱེ་བ་བརྗོད་པས་བརྒྱན་པ་སྟོན་པའི་མཛད་པ་ལ་སྦྱར་བ་ནི། གང་གི་ཐུགས་ནི་སྙིང་རྗེས་ཟིལ་གྱིས་མནན་པའི་རྒྱུས། །གྲངས་མེད་གསུམ་དུ་གཞན་ཕན་འབའ་ཞིག་མཛད་པ་ཡི། །རྒྱལ་སྲས་མཆོག་དེས་རྨད་བྱུང་གཟིགས་པ་རྣམ་པ་ལྔས། །ལྷུམས་སུ་ཞུགས་གང་བལྟམས་པའི་མཛད་པ་སྟོན་ཉེའི་ཚེ། །ཡན་ལག་བཞི་ལྡན་རྣམ་མང་དཔུང་གིས་བསྐོར་བྱས་ཏེ། །ལྷ་མོ་འཁོར་བཅས་རིན་ཆེན་ཤིང་རྟའི་ཁྲིར་ཞུགས་ནས། །བཀྲ་ཤིས་ལུམྦི་ན་ཡི་ཚལ་དུ་བསྐྱོད་པ་ཡང་། །འཆི་མེད་དབང་པོ་དགའ་བའི་ཚལ་ན་རྩེ་བཞིན་མཛེས། །དེར་ནི་ཡུམ་གྱི་གློ་གཡས་རྩིབ་མའི་སྤྲིན་གསེབ་ནས། །ངོ་མཚར་མཚན་དཔེའི་འོད་ཟེར་སྟོང་གི་དྲྭ་བ་ཅན། །མངོན་དང་ཆབས་ཅིག་ས་གསུམ་རྒུད་པའི་མུན་བསལ་ནས། །ཕན་བདེའི་སྣང་བ་དཀར་པོས་ཀུན་ནས་མཛེས་པར་བྱས། །གང་གི་ཡོན་ཏན་ཁུར་ལྕིས་དུབ་པའི་ནོར་འཛིན་མ། །འདར་ལྡན་ལུས་ཀྱི་ཁྲི་ཤིང་གཡོ་བའི་དེ་མ་འདྲོག །སྲིད་ན་ཆེ་དགུའི་གཙུག་ནོར་མཐོན་ཀའི་འོད་ཟེར་གྱིས། །བསྙེན་བྱས་རྣམ་མང་མཆོད་པའི་སྤྲིན་གྱི་བླ་བྲེ་བྲེས། །ཨེ་མ་དོན་གཉིས་མཐར་ཕྱིན་འཕགས་པའི་ཞབས་པདྨོར། །ལྷ་དབང་ཀླུ་བདག་གྲུབ་པས་བཏུད་ལ་མི་མཚར་ཡང་། །བསོད་ནམས་བྱེ་བ་འབུམ་གྱིས་བསྐྲུན་པའི་རྡོ་རྗེའི་སྐུ། །ཟླ་བཅུར་འཛིན་ནུས་ཡུམ་གྱི་ལྟོ་བ་མཆོག་དེ་རྨད། གང་གི་ཞབས་སེན་བཀྲ་ཤིས་རེ་ཁ{ཁཱ}ས་སྲུང་བའི་ཁྱོན། །དགེ་མཚན་གསེར་གྱི་པདྨོས་རྣམ་པར་བརྒྱན་བྱས་ཤིང་། །རྒྱུན་མཐར་ཞལ་འཆེས་ངོ་མཚར་སེང་གེའི་སྒྲ་ཡིས་ནི། །ས་གསུམ་འཇིག་རྟེན་མ་ལུས་ཀུན་དགའི་དཔལ་ལ་སྦྱར། །དེར་ནི་དྲེགས་ལྡན་ས་བདག་བྱེ་བའི་ཐོར་ཚུགས་རྩེར། །གཞོན་ནུའི་ཞབས་སེན་ཟླ་བ་གསར་པ་མཆོད་བྱས་ནས། །དོན་ཀུན་གྲུབ་གྱུར་གྲགས་པའི་སྤྲིང་ཡིག་སྒྲོགས་པ་ཡིས། །སྐལ་བ་བཟང་གྱུར་མིང་འདི་དོན་ལྡན་བྱས་པ་ལགས། །ཡང་ན། པད་དཀར་འཛིན་པ་མི་མོའི་ཆུ་སྐྱེས་སྦུབས། །འཇིག་རྟེན་ཚུལ་བསྟུན་མཛད་པ་ཡོངས་རྫོགས་མཐར། །མངལ་སྐྱོན་དྲི་མས་ཡོངས་བཏང་ཀརྨ་པ། །རང་བྱུང་རྡོ་རྗེའི་མཚན་དཔེའི་དཀྱིལ་འཁོར་གསལ། །བཅུ་གསུམ་པ་འཕེལ་བའམ་གཞོན་ནུ་བསྐྱེད་བསྲིངས་པས་བརྒྱན་པ་སྔ་མའི་འཕྲོས་བཞིན་སྦྱར་བ་ནི། དེ་ནས་བསྐལ་མང་བསོད་ནམས་མཆོག་ལ་གོམས་བྱས་པའི། །མཚན་མཆོག་གྲངས་ལྡན་མ་མ་སྡུག་གུའི་བསྙེན་བཀུར་གྱིས། །ཇི་ལྟར་རྫིང་ན་གནས་པའི་པདྨོ་ཇི་བཞིན་དུ། །རྒྱལ་སྲས་མཆོག་དེའི་ལང་ཚོའི་དཔལ་ནི་རྣམ་པར་འཕེལ། །དྲུག་བཅུ་རྩ་བཞི་ལས་བརྒལ་སྒྱུ་རྩལ་ང་རོ་ཡིས། །ཤཱཀ་རིགས་དྲེགས་ལྡན་མྱོས་པའི་གཉིས་འཐུང་སྟོང་ཕྲག་གི། །སྤྱི་བོར་ངལ་འཚོ་ཐོབ་པ་སྔོན་མེད་གདོང་ལྔའི་དབང་། །ཁྱོད་མཚུངས་འགའ་ཡང་མ་འཚལ་དེ་སླད་དཔེ་བྲལ་ཉིད། །ཤེས་བྱའི་ཆོས་ཀུན་ཐུགས་སུ་ཆུབ་ཀྱང་བསླབ་ཚུལ་སྟོན། །ཆགས་སོགས་དྲི་མ་བྲལ་ཡང་བཙུན་མོའི་འཁོར་ལ་རོལ། །ཡེ་ནས་རྣམ་གྲོལ་བརྙེས་ཀྱང་ཞིང་འདིར་མཛད་པ་སྟོན། །ཁྱོད་ཀྱི་སྒྱུ་མ་འདི་ནི་སུ་ཡིས་དཔོག་པར་ནུས། །འཇིག་རྟེན་བྱིས་པ་དག་ནི་སྐྱོན་དང་ཡོན་ཏན་འཁྲུལ། །རྨོངས་པ་ཉེ་བར་མ་ཞི་ལག་ན་མཚོན་ཐོགས་ཅིང་། །འགྲོ་ལ་འཚེ་བྱེད་གཏུམ་པོ་དག་ལའང་བསྔགས་བྱེད་མོད། །རོ་དང་འདྲ་བ་དེ་ལ་སྙན་ངག་དག་གིས་ཅི། །བཅོམ་ལྡན་ཁྱེད་ནི་མཆོག་ཏུ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་མཐའ་ཡས་འགྲོ་ལ་ཕན་པར་མཛད་པ་ཉིད། །དེ་སླད་བློ་ལྡན་རྣམ་ཀྱི་དབྱངས་ཅན་བསྙེན་བྱས་ནས། །སྙན་ངག་མེ་ཏོག་གསར་པས་ཁྱོད་གཅིག་བསྙེན་པར་འོས། །ཡང་ན། མཚར་སྡུག་ཡོན་ཏན་རྫོགས་པའི་ལང་ཚོའི་དཔལ། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་བློ། །ཐུབ་བསྟན་ཁུར་ཆེན་ཁྱེར་བའི་སྙིང་སྟོབས་གསུམ། །ཕན་ཚུན་འགྲན་པ་བཞིན་དུ་དར་བར་གྱུར། །བཅུ་བཞི་པ་གྲོས་སམ་བྱ་བ་རྩོམ་པས་བརྒྱན་པ་ནི། དྲང་སྲོང་གྲུབ་པའི་དཀའ་ཐུབ་གནས་རྣམས་བལྟ་བའི་ཕྱིར། །གཞོན་ནུའི་ཚོགས་རྣམས་རྒྱན་གྱིས་བརྒྱན་ནས་ནགས་སུ་སོང་། །དེར་ནི་མི་བཟད་འཇིགས་རུང་དུར་ཁྲོད་ཚུལ་མཐོང་ནས། །རབ་དུ་སྐྱོ་བས་ཕན་ཚུན་འདི་སྐད་བགྲོ་བར་བྱས། །སྔོན་ཆད་རིན་ཐང་བྲལ་བའི་རིན་ཆེན་སྲོག་ཞུ་ཡིས། །མངོན་པར་མཛེས་བྱས་ལྷ་ཡི་དབང་པོའི་ཐོར་ཚུགས་བཞིན། །ཕལ་གྱིས་བལྟ་བར་མི་བཟོད་ས་བདག་ལྕང་ལོ་ཡང་། །ཀྱཻ་མ་དུར་ཁྲོད་ཤིང་ལ་རྔ་ཡབ་གྱུར་ལ་ལྟོས། །ཕྱོགས་ཀྱི་རྒྱལ་ཕྲན་དུ་མས་རང་རང་བདོག་དགུའི་དངོས། །ཕུང་པོར་སྤུངས་ལ་ཡུད་ཙམ་གཡོ་བའང་སྐལ་བཟང་དུ། །འཛིན་གྱུར་བཻཌཱུཪྱ་ལྟར་དྭངས་པའི་འདྲེན་བྱེད་མཆོག །དེ་རིང་མི་བསྲུན་ཁྭ་ཡི་སྤྱད་བྱར་གྱུར་ལ་ལྟོས། །ཁ་ནས་མེ་ཏོག་ཨུཏྤལ་གཞོན་ནུའི་དྲི་འཐུལ་ཞིང་། །སྐད་ཀྱང་ངང་པ་དང་འདྲ་བུད་མེད་མཆོག་རྣམས་ཀྱིས། །རྔ་ཡབ་ནོར་བུའི་ཡུ་བས་ལན་བརྒྱར་བསྙེན་བྱས་དེ། །ཀྱེ་མ་བས་མཐའི་ནགས་སུ་སྒྲེན་མོར་སྐྱུར་ལ་ལྟོས། །རྒྱལ་རིགས་ཆེན་པོ་རྣམས་ཀྱི་ལག་པའི་ཉེ་རེག་གིས། །ལན་བརྒྱར་བསྟི་སྟང་བྱས་དང་ཆབས་ཅིག་དེ་དག་གི། །གཙུག་ནོར་མུ་ཏིག་དམར་པོའི་འོད་ཀྱིས་མཛེས་བྱས་གང་། །བརྩེ་བྲལ་ལྕེ་སྤྱང་གདུག་པའི་སྤར་གྱིས་འདེབས་འདི་ཅི། །སྔོན་ཆད་འདི་ནང་ཡང་ཡང་བསྐོར་ཞིང་རྒྱུ་བྱེད་པའི། །རྒྱགས་སོགས་དྲེག་པའི་ངར་སྐད་གསང་མཐོར་སྒྲོགས་བཞིན་དུ། །ཡུལ་ལ་སྤྱོད་པའི་སེམས་ཀྱི་གླང་པོ་གཅིག་ཡོད་པ། །ལུས་ཀྱི་ཚལ་འདི་བོར་ནས་དེ་རིང་གང་དུ་སོང་། །ཀྱེ་མ་ཀྱེ་མ་སྲིད་པའི་སྣང་ཚུལ་འདི་འདྲ་བ། །འཇིགས་པ་འཇིགས་པ་འདུས་བྱས་རང་མཚན་འདི་ལ་ལྟོས། །མི་རྟག་མི་རྟག་དུས་ཀྱི་རྒྱལ་མོའི་ཞགས་པ་ཡིས། །མྱུར་བར་མྱུར་བར་ཡུ་བུ་དྲངས་ན་ཅི་ཙུག་བྱེད། །སྐྱེས་ཚད་འཆི་བར་ངེས་ན་འདིར་སྣང་བྱ་བས་ཅི། །འདུས་ཚད་འབྲལ་བར་ངེས་ན་གྲོགས་ཀྱིས་ཅི་བྱར་ཡོད། །བསགས་ཚད་འཛད་པར་ངེས་ན་སྒྱུ་མའི་ནོར་འདིས་བསླུས། །འབྱོར་ཚད་རྒུད་པར་ངེས་ན་གྲགས་སྐམ་འདིས་ཅི་བྱེད། །ཤིན་ཏུ་མཛེས་པ་གསེར་གྱི་ལྷུན་པོ་སྒྲིགས་འདྲ་བ། །དབང་པོ་ཞི་ཞིང་ཉེ་བར་ཞི་བའི་དཔལ་ཐོབ་པའི། །དགའ་བ་དེ་མཚུངས་ལྷ་དབང་འདྲེས་མའི་ཚལ་ནའང་མེད། །འུ་ཅག་རབ་ཏུ་མི་འབྱིན་ཅི་སླད་ཁྱིམ་དུ་ལྡོག །སྔར་ཕན་བྱས་པ་དོན་མེད་སྡུག་བསྔལ་ཁོ་ནའི་རྒྱུ། །ད་ནི་འུ་ཅག་ཚེ་འདིར་ཞེན་པར་མི་བྱའོ། །འགྲོ་ལ་ཕན་མཛད་ཐུབ་གསུང་ཞི་བསིལ་བདུད་རྩིའི་རྒྱུན། །ཡང་ཡང་བཏུང་ནས་རྒ་ཤིའི་ནད་ལས་ཐར་བར་བྱ། །ཡང་ན། ལུས་ཀྱི་འཁྲི་ཤིང་ཀྱོག་པོའི་རྩེ་ན་མགོ་སྐྱེས་ཙམ་པ་ཀ་ཡི་རྡུལ། །ཉེར་ལྷུང་དཔྲལ་རིས་གཤིན་རྗེའི་རྒྱུ་ལམ་གཞོན་ལ་འཇིགས་པ་སྟེར་བྱེད་བཞིན། །རྒ་བའི་མགྲོན་པོས་ནོན་ཟིན་གྲོགས་ཁྱོད་ད་ནི་བག་མེད་མ་བྱེད་ཅིག །སྙིང་ནས་སྙིང་ལ་རི་མོ་བྲིས་ཏེ་འཆི་ཆོས་སྙིང་ནས་སྒྲུབས་ཤིག་ཀྭ། །བཅོ་ལྔ་པ་ཕོ་ཉ་བགྲོད་པས་བརྒྱན་པ་ནི། སྙིང་རྗེའི་གཏེར་གྱུར་ཕྱག་ན་པད་དཀར་འཆང་། །སྲིད་སྐྱོང་ཚུལ་བཟུང་སྲོང་བཙན་མདུན་ཐབས་ཆེར། །ཁྲོ་གཉེར་ཅན་སྤྲུལ་འགུགས་པའི་ཕོ་ཉ་བ། །མགར་གྱི་འཕྲུལ་བློན་མེས་པོས་བརྐོས་པ་བཞིན། །དཔུང་ཚོགས་ཡན་ལག་བཞི་པའི་འཁོར་དང་བཅས། །རྒྱ་རྗེའི་ཡུལ་ལྷགས་རྗེ་ཡི་བཀའ་སྒྲོམ་ཕུལ། །བུ་མོ་བག་མར་འགུགས་པའི་རྣམ་དཔྱོད་མཐུ། །འཇུག་པ་བཅུ་པའི་རྣམ་ཐར་ལས་ཀྱང་བརྒལ། །ཡབ་ཡུམ་སྲས་འཁོར་ཕྱོགས་ཀྱི་དོན་གཉེར་བཅས། །གསལ་དག་བརྗིད་པའི་ཚིག་གིས་དཔའ་བཀོང་བས། །ཞུམ་པའི་སེམས་ཀྱིས་རང་རང་སྤྱིལ་པོ་རུ། །ཅིར་ཡང་བྱར་མེད་སྟོང་པའི་ངོ་བོ་བསྐྱང་། །འཕོང་སྐྱེན་ར་མ་ཎ་ཡི་ཉག་ཕྲན་གྱིས། །བསླུ་བྱེད་སྒྱུ་མའི་རི་དྭགས་མ་ཁུག་ཀྱང་། །ཁྱོད་ཀྱི་རྣམ་དཔྱོད་འཕྲུལ་གྱི་ཞགས་པ་ཡིས། །ཡེ་ཤེས་སྒྱུ་མའི་ཀོང་ཇོ་དྲངས་གྱུར་མཚར། །མཚར་སྡུག་ལང་ཚོ་བདོ་བའི་སྨིན་ལེགས་མ། །ལྐོག་གྱུར་ཆོས་ཀུན་གསལ་བའི་གཙུག་ལག་འབུམ། །ལྷར་བཅས་སྐྱེ་དགུའི་མཆོད་སྡོང་མུ་ནེའི་ཞལ། །གངས་ལྗོངས་བསོད་ནམས་མགྲོན་དུ་ཁུག་པར་གྱུར། །ཡང་ན། ཁྲི་སྲོང་བཀའ་ཕྲིན་ཁྱེར་བའི་བྱ་མ་རྟ། །མཁན་པོས་ལུང་བསྟན་སྦ་མི་ཁྲི་གཞེར་ཉིད། །རྒྱ་བལ་མཚམས་བརྟོལ་རྒྱལ་སྲས་པདྨ་འབྱུང་། །བསིལ་ལྡན་སྐྱེ་དགུའི་མགོན་དུ་དྲངས་པར་གྱུར། །བཅུ་དྲུག་པ་ཡུལ་གཞན་དུ་བགྲོད་པས་བརྒྱན་པ་མ་ག་ངྷ་བཟང་མོའི་རྟོགས་བརྗོད་དང་སྦྱར་བ་ནི། སེམས་གཙང་དགེ་བའི་སྤྲིན་ཆེན་ལས་བྱུང་བའི། །བཟང་མོའི་མཆོད་ཚོགས་སུ་མ་ན་ཡི་ཆར། །དྭངས་པའི་མཁའ་ལ་ངང་མོ་བསྐྱོད་པ་བཞིན། །བཅོམ་ལྡན་ཞབས་སེན་རྙོག་མེད་རྫིང་བུར་སྙེགས། །དེ་ཚེ་རྒྱལ་བ་བརྩེ་ལྡན་འགྲོ་བའི་ཡབ། །མཐར་འཁོབ་གདུལ་བྱར་རྗེས་ཆགས་འཛུམ་མདངས་ཀྱིས། །འཁོར་གྱི་ནང་དུ་མི་བསྙེངས་སེང་གེའི་སྒྲས། །བུ་རམ་ཤིང་འཕེལ་གྲོང་དུ་གཤེགས་པར་གནང་། །ཐུབ་གསུང་སྣང་བས་གསལ་བར་མ་བྱས་པའི། །ལམ་གོལ་མུན་པར་མཐོམ་པའི་འགྲོ་རྣམས་ཀྱི། །དད་གསུམ་འདབ་བརྒྱ་ཁོང་ནས་རྒོད་པའི་ཕྱིར། །རྫུ་འཕྲུལ་བྱེ་བའི་འོད་ཟེར་འགྱེད་པར་མཛད། །དྭངས་པའི་མཁའ་ངོས་ཅང་ཤེས་དབང་པོ་ཡིས། །ཉེར་དྲངས་རིན་ཆེན་ཤིང་རྟའི་ཁྲིར་བཞུགས་པའི། །རྫུ་འཕྲུལ་ཀློག་འཁྱུག་ཆར་འབེབས་ཀཌིཎྱ། །སྐལ་བཟང་འདྲེན་བྱེད་དཔྱིད་དུ་ཐོག་མར་གྱུར། །དེ་ནས་རིམ་བཞིན་བྲག་རིའི་ཁང་བཞུགས་འོད་སྲུང་ཆེ། །འཕྲོག་བྱེད་མིག་གིས་དྲངས་པའི་ཤིང་རྟར་ཤཱ་རིའི་བུ། །དེ་བཞིན་མང་གལ་བུ་ནི་གླང་ཆེན་ས་སྲུང་སྟེང་། །གསེར་གྱི་པདྨའི་རྐང་རྟེན་ལ་གནས་མ་འགགས་པ། །སྐྱ་རེངས་ནུ་བོས་བཏེགས་པའི་ཁྲི་ལ་གང་པོ་བདག །རྟ་ཐུལ་སྐུ་ཡིས་དད་བརྒྱའི་རི་དྭགས་དབང་མེད་འགུགས། །གསེར་གྱི་ཏ་ལའི་ནགས་ན་གནས་པ་ཉེ་བར་འཁོར། །རིན་ཆེན་བཻཌཱུཪྱ་ཁང་བརྩེགས་ལ་གནས་ཀ་ཏའི་བུ། །སྟོབས་ཆེན་ཁྱུ་མཆོག་སྲུང་བའི་ཁྲི་ལ་གསུས་པོ་ཆེ། །རབ་མཛེས་ཞི་བའི་འགྲོས་ཀྱི་ཁྲི་ལ་སྲུང་དབང་བུ། །རི་དྭགས་ཚོགས་ཀྱིས་བརྒྱན་པའི་ནགས་ན་གྲོ་བཞིན་སྐྱེས། །སྒྲ་གཅན་འཛིན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ། །དེ་ལ་སོགས་ཏེ་དགྲ་བཅོམ་ཆེན་པོ་ལྔ་བརྒྱ་པོ། །སྣ་ཚོགས་སྐུ་དང་མ་ངེས་རྫུ་འཕྲུལ་བྱེ་བའི་གར། །ལྷ་ལམ་དོག་པོར་བྱེད་པའི་ངོ་མཚར་བཀོད་པའི་སྤྲིན། །སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩིར་རིམ་བཞིན་གྱུར། །དེ་ཚེ་དམ་པའི་ཡོན་ཏན་གྱི། །ཞགས་པས་དྲངས་གྱུར་སྐྱེ་བོ་རྣམས། །བདེ་བར་གཤེགས་པ་འདིའམ་ཞེས། །རེ་རེ་བཞིན་ཡང་བཟང་མོར་དྲིས། །དེས་ཀྱང་འདི་དག་བདེ་གཤེགས་མིན། །སྐྱོབ་པ་དེའི་གསུང་བདུད་རྩི་ཡིས། །ཉོན་མོངས་དྲི་མ་སྦྱངས་བྱས་པའི། །དགྲ་བཅོམ་འདི་ཞེས་སོ་སོར་སྨྲས། །དེ་ནས་ཕྱོགས་དང་ཕྱོགས་མཚམས་ལྷ་དང་ལྷ་མོས་ཁེངས། །ངོ་མཚར་མཆོད་པའི་སྤྲིན་གྱི་བླ་བྲེ་མཛེས་པ་ནས། །འཕྲུལ་དགའི་ལོངས་སྤྱོད་འདོད་དགུའི་གྲུ་ཆར་འཇོ་བ་ཡིས། །བདེ་ལྡན་ཞིང་གི་བཀོད་པ་ས་འདིར་འཕོས་པ་བཞིན། །གང་གི་ཡིད་ནི་དད་བརྒྱས་ཟིལ་གྱིས་ནོན་པ་ཡི། །བརྒྱ་ཕྲག་བསོད་ནམས་དཔལ་མངའ་མིག་སྟོང་རྣ་བརྒྱད་པས། །ནོར་བུའི་ཡུ་བས་བརླིང་བའི་རྔ་ཡབ་མཆོག་དག་གིས། །ལན་བརྒྱར་བསྟི་སྟང་བྱེད་པའི་ཆོ་ག་ཉེར་བཀོད་དབུས། །བསོད་ནམས་བྱེ་བ་འབུམ་གྱིས་བསྐྲུན་པའི་རྡོ་རྗེའི་སྐུ། །མཚན་དཔེའི་འོད་ཟེར་སྟོང་གི་དྲྭ་བས་མངོན་མཛེས་པ། །སྣང་མཛོད་འབུམ་གྱི་གཟི་བརྗིད་ལན་བརྒྱར་ཟིལ་གནོན་གང་། །དཔལ་ལྡན་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན་དུ་གྱུར། །རྒྱལ་ཀུན་གསང་གསུམ་ཡོན་ཏན་ཕུང་པོ་ཇི་སྙེད་པ། །ཉི་མའི་རིགས་འཁྲུངས་མཆོག་དང་ཐུན་མོང་ཉིད་གྱུར་ཕྱིར། །གསང་འཛིན་མགོན་པོ་ཡེ་ཤེས་ཉི་མ་ཆེར་འབར་བའི། །དཔའ་ཆེན་རྡོ་རྗེ་འཛིན་པའང་གྲུབ་པའི་གར་གྱིས་བྲེལ། །གཞན་ཡང་དྲི་ཟའི་རྒྱལ་པོ་རྣམས་ནི་རོལ་མོ་འཁྲོལ། །གདེངས་ཅན་དབང་པོ་རྣམས་ཀྱིས་ནོར་བུའི་ཆར་བཟང་འབེབས། །འཇིག་རྟེན་སྐྱོང་རྣམས་རང་རང་སྡེར་བཅས་མཆོད་རྫས་ཐོགས། །ཀུན་ཀྱང་ཕན་ཚུན་སྟོབས་འབྱོར་ལང་ཚོ་འགྲན་པ་བཞིན། །དེར་ནི་ལམ་དུ་རྒྱུ་དང་མི་རྒྱུ་བའི། །སྐྱེ་བོ་འབུམ་ཕྲག་བདེ་ལེགས་མཛད་པ་ཡི། །ངོ་མཚར་མཐོང་ནས་ནོར་འཛིན་དགའ་མ་ཡང་། །སྙན་པའི་སྒྲར་བཅས་རྣམ་དྲུག་ཟློས་གར་བསྒྱུར། །དེ་ཚུལ་བསོད་ནམས་བརྒྱ་ཡི་ཚོང་ཟོང་གིས། །ཉེ་བར་སྒྲུབ་པའི་འདྲེན་བྱེད་དཔྱིད་གྱུར་ཚེ། །སྲིད་པ་ཧྲུལ་པོར་བྱེད་པའི་དགེ་མཚན་གྱིས། །སྙིང་ལ་དད་གསུམ་དགའ་བ་རྒྱས་པར་བྱས། །གྲོང་ཁྱེར་ཆེན་པོའི་སྒོ་འཕར་བཅོ་བརྒྱད་པོར། །དེ་སྙེད་སྟོན་འཁོར་སྐུ་ཡི་བཀོད་པ་ཡིས། །འབྱོན་པའི་ངོ་མཚར་དགེ་མཚན་གཟུགས་ཅན་བཞིན། །བློ་ཆེན་ཚངས་པའི་བློས་ཀྱང་གཞལ་ནུས་ཅི། །དེ་ཁྱིམ་རིན་ཆེན་ཟླ་ཤེལ་བཻཌཱུཪྱ། །ཤིན་ཏུ་དྭངས་པའི་ངོས་ལྟར་གསལ་གྱུར་ཚེ། །བརྒྱ་བྱིན་རང་གི་གནས་ཁང་ས་འདི་རུ། །འཕོས་སྙམ་ཡིད་ཀྱི་འཁྲི་ཤིང་རྣམ་པར་བསྐྱོད། །དེར་ནི་དྲི་མེད་ཆོས་ཆར་བསིལ་པོ་ཡིས། །ཀུན་དཀྲིས་མེ་མདག་ཆིལ་ཆིལ་གསོད་བྱས་པས། །ཟག་མེད་ཞི་བདེའི་པད་དཀར་རྒོད་པ་ཡི། །འབྲས་བུ་ཐོབ་པ་དབྱིག་འཛིན་རྡུལ་ལས་མང་། །ཨེ་མ་ཨེ་མ་ཐུབ་ཆེན་འགྲོ་བའི་བླ་མ་ཆེའི། །ཨེ་མ་ཨེ་མ་ངོ་མཚར་མཛད་བཟང་འདི་འདྲ་བ། །ཨེ་མ་ཨེ་མ་ལན་གཅིག་ཡིད་ལ་ཤར་ཙམ་ཡང་། །ཨེ་མ་ཨེ་མ་བྱང་ཆུབ་ས་བོན་གྲུང་པོར་འགྱུར། །ཡང་ན། དྲི་མེད་བསླབ་གསུམ་གཤོག་ཡངས་ལེགས་བརྒྱངས་སྡེ་སྣོད་ལུང་གི་མགྲིན་དབྱངས་སྙན། །ལྷག་བསམ་ལུས་དཀར་ཐུབ་བསྟན་མཁར་མཛེས་སྨར་གཡོ་གཙང་གསུམ་ཞི་བའི་འགྲོས། །ས་བདག་སྡིག་པའི་མེ་ཆར་གྱིས་གཙེས་དབུས་ཀྱི་ནགས་ཀླུང་ནས་དོན་ཏེ། །མདོ་སྨད་འོ་མའི་མཚོ་རུ་ཞུགས་དེས་འདུལ་བསྟན་སྲོག་རྩ་སྦམ་པོར་བྱས། །བཅུ་བདུན་པ་གཡུལ་འཐབ་པས་བརྒྱན་པ་རྒྱལ་པོ་མྱ་ངན་མེད་ཀྱི་རྟོགས་བརྗོད་ལ་སྦྱར་བ་ནི། སྔོན་སྨོན་ལས་ཤུགས་བཙན་པོའི་སྟོབས་རྩལ་རྫོགས། །སྲ་བརྟན་བརྗིད་ལྡན་གོ་ཆའི་རལ་ཚོགས་འཐུག །རྣོ་གཅོད་རྡོ་རྗེའི་མཚོན་གྱི་མཆེ་སྡེར་གཟིང་། །ཕས་རྒོལ་གླང་པོ་སྟོང་གི་སྙིང་ཁྲག་གིས། །ཆེས་ཆེར་མྱོས་པའི་དྲག་ཤུལ་ང་རོ་ཡིས། །རྒྱལ་ཕྲན་ཝ་སྐྱེས་སྟོང་གི་ཀླད་འགེམས་པའི། །མྱ་ངན་མེད་ཅེས་མི་ཡི་སེང་གེ་ནི། །བཟློག་མེད་འཆི་བདག་ཕོ་ཉའི་གྲིབ་སོ་བཞིན། །དཔའ་བོ་ཁྱབ་འཇུག་ཁྲོས་པའི་དམག་གི་ཚོགས། །སྦྱིན་སྐྱེས་ཕྲུ་མ་གཞོམ་པའི་རྣམ་སད་དཔུང་། །རྩུབ་འགྱུར་ཚལ་ནས་གསར་དུ་ཆས་འདྲ་བ། །ཁྲོས་པའི་བཞིན་རས་དུས་མཐའི་མེ་ལྟར་འབར། །རུ་མཚོན་བ་དན་གཡོབ་པས་ཆུ་མཐོང་འགོག །འཇིགས་རུང་རྒྱོབ་སོགས་སྒྲ་ཡི་འབྲུག་སྟོང་ལྡིར། །མགྱོགས་པའི་རྨིག་ཟླུམ་ཤུགས་ཀྱིས་ས་གཞི་དབྲལ། །རྡུལ་ཚུབས་གཡོ་བས་ཉི་ཟླའི་མིག་ཀྱང་ཟུམ། །མདའ་མཚོན་རྡོ་རྗེའི་ཚྭ་ཚྭ་མི་བཟད་པས། །དགྲ་སྡེའི་རྐེ་ལག་འདམ་བུ་ལྟར་བཅད་པའི། །ཁྲག་གི་ཆུ་བོ་རྦ་ཀློང་འཕྱུར་བ་ཡིས། །རོ་ཟན་འབྱུང་པོའི་ཚོགས་ལ་སྦྲན་པ་བཞིན། །འདི་ཉིད་མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། །ཕ་རོལ་རྣམས་ཀྱི་སྙིང་དང་ཀླད་འགེམས་ཤིང་། །དྲན་ཙམ་གྱིས་ཀྱང་དགྲ་སྡེའི་ཆུང་མ་རྣམས། །ཆེས་ཆེར་བྲེད་ནས་མངལ་གནས་ལྷུང་བར་བྱེད། །ས་བདག་གཏུམ་པོ་དེ་ཡི་གྲགས་པའི་སྤྲིན། །འཁོར་ཡུག་རི་བོའི་ཁོངས་སུ་རྒྱུ་བའི་ཚེ། །ལྷུན་པོའི་སྤོ་ལ་གནས་པའི་རཱ་ཛ་བཞི། །རང་རང་དཔུང་བཅས་ཚོགས་ནས་མནལ་ཐབས་ཆགས། །ཡང་ན། རྩུབ་འགྱུར་ཚལ་ནས་ཉེ་དབང་འཁོར་བཅས་གསར་དུ་ཆས་འདྲ་བསོད་ནམས་དཔུང་པས་མངོན་མཐོ་གནམ་བསྐོས་འབྱེར་འཇིགས་ཆེན་པོའི་དཔུང་གི་ཚོགས། །ཁྲོས་པའི་བཞིན་དང་དགྲ་ཁྲག་གིས་བགོས་ལག་པའི་ཁྲི་ཤིང་བནྡྷཱུ་ཀཿཡི་རང་འོད་འཐབ་པས་གཞན་སྡེའི་མིག་ཀྱང་ཟུམ་བྱེད་ཅིང་། །ལྕེ་འབབ་དྲག་པོའི་ཚམ་རྔམས་ལ་འཁུ་འཁྱོགས་འགྲོའི་འཁྲུལ་འཁོར་མདའ་མདུང་མཚོན་ཆའི་ཆད་པ་ལྡོག་མེད་དྲང་སྲོང་དམོད་པའི་རྗེས་ཞུགས་པས། །ནག་པོའི་རྩ་ལག་བསམ་བཞིན་ལུས་ངན་ཆར་བཟུང་ཇུན་གར་སྡེར་བཅས་སྙིང་ཁྲག་རྫིང་བུར་བསྐྱིལ་དེས་ནམ་མཁའི་བུ་མོ་བཙོ་བླག་བྱས། །བཅོ་བརྒྱད་པ་འདྲེན་པ་དར་བརྗོད་པས་བརྒྱན་པ་ཀུན་མཁྱེན་བླ་མའི་རྟོགས་བརྗོད་དང་སྦྱར་བ་ནི། རྡོ་རྗེ་རྣོན་པོའི་དགྱེས་སྤྱན་འཛུམ་པའི་མདའ། །མཁྱེན་བརྩེའི་དབང་པོ་ཁྱོད་ཐུགས་ལ་རེག་ཚེ། །ཀུན་དཀྲིས་འཆིང་བ་མ་ལུས་གང་བཏང་ཞིང་། །བློ་གྲོས་སྤོབས་པའི་གཏེར་འདི་གང་ནས་བླངས། །ཐུབ་བསྟན་བཤད་སྒྲུབ་སྙིང་པོའི་ས་ཆེན་ཁྱོན། །མཐའ་དག་འཆད་རྩོད་རྩོམ་པའི་ཕྲག་པ་ཡིས། །ལྔ་བདོའི་མཐར་ཡང་ཆེས་ཆེར་འདེགས་བཟོད་པའི། །སྔོན་མེད་འཇུག་པ་བཅུ་པ་འདི་སུ་ཞིག །གྲངས་མེད་གསུམ་དུ་རླབས་ཆེན་ཚོང་ཟོང་གིས། །འབད་པས་སྒྲུབ་པའི་རྣམ་གྲོལ་ནོར་བུའི་མཛོད། །ཁྱོད་ཀྱིས་སྐུ་ཚེ་གཅིག་ལ་དབང་བྱེད་འདི། །རྒྱལ་བའི་སྲས་ཀྱི་མཛད་པར་ཅུང་རིགས་སམ། །འཕྱེ་བོའི་གཟུགས་ཅན་ཁྱབ་འཇུག་གོམ་པས་ཀྱང་། །ས་ཆེན་རིར་བཅས་ཀུན་ཏུ་བཟུང་བྱས་ན། །ཁྱོད་ཀྱི་ཡེ་ཤེས་ཟབ་མོས་སྲིད་ཞིའི་ཁྱོན། །དབང་བསྒྱུར་དེ་ཙམ་རྒྱགས་པ་མཛད་རིན་ཅི། །བཀའ་བབས་རིན་ཆེན་བདུན་གྱི་གསང་མཛོད་ནས། །ཟབ་རྒྱས་མན་ངག་གདམས་པའི་དབྱིག་མཆོག་གིས། །འགྲོ་ཀུན་སྲིད་པའི་དབུལ་བ་རྒྱུན་གཅོད་པའི། །སྔོན་མེད་དེད་དཔོན་འདི་མཚུངས་སྲིད་ན་སུ། །ཁྱབ་པར་བྱས་སོ་མཁའ་ངོས་ཆུ་འཛིན་ཏེ། །འཁོར་ཡུག་དང་བཅས་ས་ཆེན་རི་བོའི་ཁོངས། །ཁྱོད་ཀྱི་ཡོན་ཏན་གྲགས་པའི་དྲི་བཞོན་དང་། །ཕུལ་བྱུང་ལེགས་མཛད་སྣང་བ་གསར་པས་ཀྱང་། །གངས་ལྗོངས་ཐུབ་བསྟན་འཛིན་པ་ཕལ་མོ་ཆེ། །རང་རང་ལྟ་ལ་ཆགས་ཤིང་གཞན་དག་སྨོད། །ཁྱོད་ནི་ཡོངས་རྫོགས་བསྟན་པའི་ཤིང་རྟ་སྟེ། །རྣམ་ཐར་མཆོག་འདི་སུ་ཡིས་དཔོག་པར་ནུས། །དེ་སླད་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི། །རིང་ལུགས་འཛིན་པ་ཡོངས་ཀྱི་ཅོད་པཎ་དུ། །གང་གི་ཞབས་སེན་ནོར་བུའི་ཏོག་མཛེས་པས། །རྫོགས་ལྡན་གསར་པའི་དགའ་སྟོན་ཅིར་ཡང་དར། །གང་མཚན་རབ་སྙན་ལྷ་ཡི་དུནྡྷཱུ་བྷི། །ལན་གཅིག་ཐོས་མཛིན་དཔྱིད་དུ་སོན་ཙམ་གྱིས། །བསྐལ་པར་བསགས་པའི་ལས་ཉིན་མུན་པའི་དཔུང་། །ལྷག་མེད་བཅོམ་ལ་སུ་ཡིས་སྨྱོན་དུ་ཡོད། །ཐུབ་བསྟན་པད་ཚལ་བཞད་ལ་ཉིན་མོར་བྱེད། །ལུས་ཅན་ཐར་པར་འདྲེན་ལ་དེད་དཔོན་མཆོག །ནག་ཕྱོགས་ཕྲུ་མ་བཅོམ་ལ་དབང་པོའི་མཚོན། །ཡོན་ཏན་ནོར་བུའི་གཏམས་པའི་མཚོ་ཡང་ཡིན། །དེ་སླད་གང་གི་ཞབས་སེན་གདུགས་དཀར་པོའི། །གྲིབ་བསིལ་མཆོག་ལ་ངལ་འཚོ་ཐོབ་པའི་རྒྱུས། །དུག་ལྔའི་འཆིང་བ་མ་ཞིག་དམན་བདག་ཀྱང་། །དལ་འབྱོར་གྲངས་སུ་བསྒྲངས་ཀྱང་རུང་ཙམ་བྱས། །ཡང་ན། ལྷར་བཅས་སྐྱེ་དགུའི་གཙུག་གི་ནོར་བུས་ལན་སྟོང་དུ། །བསྙེན་བྱས་གང་གི་ཕྲིན་ལས་སར་པའི་སྣང་བ་ཡིས། །རྒྱ་མཚོའི་གོས་ཅན་གདུགས་ཐོགས་གཅིག་གི་ཁྱོན་ཡངས་པོར། །ཡོངས་ཁྱབ་དགོངས་པ་རབ་གསལ་ཐུབ་བསྟན་རྒྱན་གཅིག་རྨད། །ཞེས་པ་ལྟ་བུ་སྟེ། དེ་རྣམས་ཀྱིས་ཀྱང་བརྒྱན་པར་གྱུར་པའོ། །གཉིས་པ་རྒྱན་ལ་ཐུན་མིན་དང་། ཐུན་མོང་པ་གཉིས་ལས། དང་པོའི་མཚན་ཉིད་ནི། སྙན་ངག་གི་རྒྱན་གང་ཞིག་རྒྱ་གར་ལྷོ་ཕྱོགས་པ་དང་ཤར་ཕྱོགས་པའི་ལུགས་ཐ་དད་པའོ། །དབྱེ་ན། དངོས་ལྷོ་ཕྱོགས་བཻདརྦྷའི་རྒྱན་བཅུ་དང་། བཟློག་ཟླ་ཤར་ཕྱོགས་ག་ཌ་བའི་ལམ་སྟེ། དེ་ལྟར་ཡང་གཞུང་ལས། སྦྱར་བ་རབ་དྭངས་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་ཉིད། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་ལྡོག་པ་ནི། །ག་ཌའི་ལམ་དག་མཚོན་པ་ཡིན། །ཞེས་པ་ལྟར་བཅུ་ལས། དང་པོ་སྦྱར་བའི་ཡོན་ཏན་ནི། སྤྱིར་ཡི་གེ་འཇམ་རྩུབ་བམ་དམ་ལྷོད་ཀྱི་དོན། གསལ་བྱེད་ཀྱི་ཡི་གེ་རྣམས་ལས། ཀ་ཙ་ཊ་ཏ་པ། ག་ཛ་ཌ་ད་བ། ང་ཉ་ཎ་ན་མ། ཡ་ར་ལ་ཝ་ཅ་ཇ་འ་སྟེ་ཉེར་གཉིས་པོ་རྣམས་ནི། ཁ་ནས་བརྗོད་པའི་སྐབས་སུ་སྲོག་གི་རླུང་ཤུགས་ཆུང་ངུར་འབྱིན་པས་ན། ཡི་གེ་འཇམ་པ་དང་། སྲོག་ཆུང་དང་། ལྷོད་པ་དང་། མཉན་པ་དང་། ཡི་གེ་མཆོག་ཅེས་བྱ་ཞིང་། དེ་ལས་གཞན་ཁ་གྷ་ཚ་ཛྷ་ཋ་བྷ་ཐ་ངྷ་ཕ་བྷ་ཤ་ཥ་ས་ཧ་ཀྵ། ཆ་ཞ་ཟ་བཅོ་བརྒྱད་པོ་རྣམས་ནི། བརྗོད་པའི་ཚེ་ན་སྲོག་གི་རླུང་ཁ་ནས་ཤུགས་ཆེ་བར་འབྱིན་ཅིང་། བརྗོད་པ་གསལ་བ་དང་སྒྲ་རྩུབ་པས་སྲོག་ཆེན་དང་སྦྱོར་བ་རྩུབ་པའམ། སྦྱོར་བ་ལྕི་བ་ཞེས་བྱ་བའི་དབྱེ་བ་འདི་ཁོ་ན་ལས་རྟོགས་དགོས་ཀྱི། སྡེབ་སྦྱོར་གྱི་ཡི་གེ་ལྕི་ཡང་དང་མི་མཚུངས་པས་བསྲེ་བར་མི་བྱའོ། །དེ་ལ་དང་པོ་ཤར་ཕྱོགས་ག་ཌ་པས་ལྷོད་པ་འབའ་ཞིག་པ། དེ་ཡང་རྗེས་ཁྲིད་ལ་དགའ་བས་སྲོག་ཆུང་མ་ཡིག་ལ་བསྐོར་བའི་རྗེས་ཁྲིད་ཀྱི་བློས་སྦྱར་བའི་ཡོན་ཏན་ནི། ཀ་མ་ལ་དང་པདྨའི་དཔལ་འཛིན་མ། །མ་ཅིག་ཡིད་འོང་བློ་གཏེར་དབང་མོ་ཡིས། །མ་རྨད་བློ་གྲོས་མ་ལུས་རབ་སྟེར་ནས། །མ་རིག་རྨོངས་མུན་ལྷག་མེད་བཅོམ་མཛོད་ཀྱེ། །ཡང་ན་ལ་ཡིག་ལ་བསྐོར་ན། ལེགས་པའི་ཡོན་ཏན་ཀུན་ལྡན་ལྷག་པའི་ལྷ། །འགྲོ་ལ་ལེགས་ལམ་སྣང་མཛད་བློ་གཏེར་མགོན། །ལ་འུར་བློ་ཡི་པདྨོར་དགྱེས་རོལ་ལ། །བདག་ལ་བློ་གྲོས་དམ་པ་སྩོོལ་མཛོད་ཀྱེ། །ལྷོ་ཕྱོགས་བཻ་དརྦྷས་སྲོག་ཆུང་གི་ཡི་གེ་མང་ཞིང་སྲོག་ཆེན་ཡང་ཅི་རིགས་འདྲེས་པས་བརྗོད་པའི་སྐབས་སུ་དེ་ཉིད་སྒྲ་ཤུགས་ཆེ་བ་སྦྱར་བའི་ཡོན་ཏན་ནི། འཕགས་ཡུལ་རྒྱལ་བསྟན་རྟ་བདུན་དབང་པོ་མཆོག །གངས་ལྗོངས་ཕན་བདེའི་ཨུཏྤལ་བཞད་པའི་ཕྱིར། །འདྲེན་མཛད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི། །བཀའ་དྲིན་འཁོར་མཐའ་བྲལ་བའི་ཚུལ་འདི་དྲན། །ཡང་ན། མཁྱེན་དཔྱོད་མེ་ལོང་གསར་པའི་ངོགས། །ཤེས་བྱའི་གཟུགས་བརྙན་འབུམ་བཀྲ་བའི། །པཎ་ཆེན་ཆོས་ཀྱི་འབྱུང་གནས་གྱི། །གྲགས་དཀར་ཀུན་བཟོད་གཞི་ལས་བརྒལ། །འདི་ནས་བརྩམས་ཡོན་ཏན་བཅུ་པོ་ཕལ་ཆེར་སྒྲ་རྒྱན་གྱི་རང་བཞིན་དུ་ཡོད་ཕྱིར། རྒྱ་གར་བའི་སྲོག་ཆེ་ཆུང་གི་དབྱེ་བའི་རྒྱས་བཀབ་ནས་བོད་སྐད་ལ་མཁས་པ་སྔ་མ་རྣམས་ཀྱིས་དཔེར་བརྗོད་རེ་མཛད་པའི་སྲོལ་བྱུང་འདུག་ཀྱང་། བོད་རང་ལུགས་ཐུ་མིའི་སུམ་རྟགས་ལ་བྱང་བར་བྱས་རྗེས་བོད་སྐད་རང་གི་ཡི་གེ་བརྗོད་པའི་ཚེ་ན། སྲོག་གི་རླུང་ཁ་ནས་འབྱིན་ཤུགས་ཆེ་ཆུང་ལ་ལྟོས་ནས་སྲོག་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ། དཔེར་བརྗོད་སྦྱར་ན་ལེགས་པར་པཎ་ཆེན་ངྷརྨཱ་ཀ་རའི་བཞེད་པ་སྐྱོང་བ་ཆོས་ཀྱི་ཉི་མས་གསུངས། གཉིས་པ་རབ་དྭངས་ཀྱི་ཡོན་ཏན་ནི། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་སྒྲ་གཉིས་ཀ་ཀུན་ཁྱབ་འཇིག་རྟེན་ན་ཡོངས་གྲགས་ཀྱི་སྒྲ་སྦྱར་བས་སླར་བརྟགས་ཤིང་རྒྱུ་མཚན་གཏན་ཚིགས་ཀྱིས་སྒྲུབ་མི་དགོས་པར་ཚིག་དེ་ཐོས་མ་ཐག་ནས་དོན་བདེ་བླག་ཏུ་གོ་བར་འགྱུར་བ། ལྷོ་ཕྱོགས་པའི་འདོད་པ་ནི། རྒྱལ་ཀུན་འདུས་གཟུགས་མཚོ་སྐྱེས་རྡོ་རྗེ་མཆོག །ཁྲི་སྲོང་སྡེ་བཙན་དད་བསོད་རྒྱལ་མཚན་རྩེར། །མཆོད་དེས་གངས་ལྗོངས་འདྲེ་སྲིན་ཀུན་ཞི་ནས། །ལུས་ཅན་ཕན་བདེའི་སྣང་བས་མཛེས་པར་གྱུར། །ཡང་ན། རྒྱལ་བས་ལུང་བསྟན་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་ཕྱེས་ནས། །ལྷ་ཀླུ་མི་ཡི་གདུལ་བྱ་རྒྱ་མཚོའི་ཚོགས། །རྣམ་གྲོལ་ལམ་ལ་བཀོད་པའི་གྲགས་པ་གསལ། །ཤར་ཕྱོགས་ག་ཌ་པས་བརྗོད་བྱའི་དོན་ཡོངས་གྲགས་ཤིག་དགོས་པ་སྔ་མ་དང་འདྲ་ཡང་། རྗོད་བྱེད་ཀྱི་ཚིག་མི་གསལ་ལ་ངེས་ཚིག་གི་བཤད་པས་སྒྲུབ་ཐུབ་ཙམ་ཡོད་པ་ཡོངས་གྲགས་ཀྱི་སྒྲ་མ་ཡིན་པས་རེ་ཞིག་གོ་དཀའ་བ་རབ་ཏུ་མི་དྭངས་པ་ལྟ་བུ་ནི། འབྱོར་པའི་དབང་པོའི་བསོད་ནམས་བགོ་སྐལ་མཆོག །ཀེ་སར་བཅུད་དུ་སྨིན་པའི་འཕུར་འགྲོའི་རྗེ། །ཚངས་ཆེན་གཙུག་ན་བརླིང་བའི་དགེ་མཚན་གྱིས། །དཀར་མིན་ཕྱོགས་ཀྱི་ཕྲུ་མ་མིང་མཐར་བྱས། །ཡང་ན། གནག་མིན་རྒྱ་ཡི་ཡུལ་དུ་འཁྲུངས། །རྒྱལ་བའི་གདུང་འཚོབ་འཇིག་རྟེན་མིག །དཔལ་ལྡན་ཟབ་མོའི་ཤིང་རྟ་ཡིས། །བྲང་འགྲོའི་ཡུལ་སོགས་ཆོས་ལ་བཀོད། །གསུམ་པ་མཉམ་པའི་ཡོན་ཏན་ནི། སྤྱིར་སྦྱོར་བ་འཇམ་ན་འཇམ་པར་མཉམ། རྩུབ་ན་རྩུབ་པར་མཉམ། བསྲེས་ན་བར་མར་མཉམ་པ་བཻ་དརྦྷའི་གསུམ་ལས། ཐོག་མར་འཇམ་པར་མཉམ་པ་ནི། ཇི་སྙེད་རྒྱལ་ཀུན་བསྐྱེད་པའི་ཡབ་གྱུར་ཀྱང་། །རྣམ་ཀུན་བཅུ་དྲུག་བགྲང་བྱའི་དཔལ་གྱིས་དུད། །འགྲོ་ལ་བློ་གྲོས་སྣང་སྟེར་མཇམ་པའི་དབྱངས། །བདག་གི་སྙིང་ལ་འབྲལ་བ་མེད་པར་མཛོད། །ཡང་ན། རབ་དཀར་འོད་སྣང་སྟོང་གི་དྲྭ་བ་ཡིས། །ཉེས་པའི་མུན་པ་མ་ལུས་འཇོམས་མཛད་པའི། །ངག་གི་དཔལ་མོ་སྙན་ངག་འབྱུང་བའི་གནས། །བདག་ལ་བློ་གྲོས་དམ་པ་དེང་འདིར་སྩོལ། །གཉིས་པ་རྩུབ་པར་མཉམ་པ་ནི། སྲིད་གསུམ་ཁམས་ཟས་ཟ་བྱེད་དུས་མཐའི་མེས། །ཆེར་འཁྱུད་གཞོམ་གཞིག་མཚན་བྲལ་ཁྲོས་འཁྲུགས་ཞལ། །དྲག་ཤུལ་བཟོད་དཀའ་ཧ་ཧར་ཆེར་རྒོད་མཆོག །ཆེ་བའི་ཆེ་མཆོག་ཧེ་རུ་ཀས་སྲུངས་ཤིག །ཡང་ན། མཁྱེན་བཟང་ཆེར་འབར་ཚ་ཟེར་གཟིས། །རྨོངས་ཆེན་ཚང་ཚིང་ཆེར་བསྲེག་ཕུལ། །མཆོག་གསང་ཆེར་འཁྲིད་ས་མཁན་ཆེ། །མཁས་ཕུལ་མཐུ་སྟོབས་མཚན་ཁྱོད་བསྔགས། །གསུམ་པ་ནི་དེ་ལྟ་བུའི་འཇམ་རྩུབ་ཆ་མཉམ་པའི་བར་མ་སྟེ་དབྱེ་ན་འཇམ་པའི་འཇམ་པ་སོགས་དགུར་འགྱུར་བ་རཏྣ་ཤྲཱིའི་རྒྱ་འགྲེལ་ལས་འབྱུང་མོད། བོད་སྐད་ལ་སྦྱོར་དུ་མི་བཏུབ་པས་རེ་ཞིག་བཞག་གོ །དེའི་བཟློག་ཟླ་ག་ཌ་བའི་མཉམ་པ་ལ། མ་བརྟགས་པར་སྦྱོར་བའི་རྣམ་པས་ཚིགས་བཅད་ཕྱེད་མི་མཉམ་པ་སྟེ། རྐང་པ་དང་པོ་གཉིས་འཇམ། ཕྱི་མ་གཉིས་རྩུབ་པ་ནི། རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་དཔལ་རྗེ། །མཛེས་སྡུག་འདབ་བརྒྱའི་རྩེ་མོར་མངོན་སྣང་བའི། །ཁྲོ་གཏུམ་ཤ་རྗེན་ཟ་འདུལ་བྷོ་ཊའི་རྗེས། །གནས་འདིར་བྱིན་རློབས་མཆོག་ཐུན་དངོས་སྩོལ་མཛོད། །ཡང་ན། ཉི་མའི་འོད་ཀྱིས་མུན་པའི་དཔུང་། །གཞོམ་ལ་དཀའ་བ་མེད་པ་ལྟར། །སྒྲགས་ཀྱི་གྲུབ་མཆོག་གནུབས་ཆེན་ཞེས། །དགྲ་ཚོགས་སྒྲོལ་བའི་གཏུམ་གྲགས་འབར། །རྐང་པ་དང་པོ་གཉིས་རྩུབ། ཕྱི་མ་གཉིས་འཇམ་པ་ནི། འཇིགས་རུང་དུར་ཁྲོད་བསྐལ་མེ་ཆེར་འཁྲུགས་ཀློང་། །སྒྲུབ་མཆོག་གྲོགས་མཛད་བསྟན་དགྲ་སྒྲོལ་བའི་གཤེད། །དཔལ་ལྡན་ མགོནཔོ་ལེགས་ལྡན་ནག་པོ་ཡིས། །བདག་ཅག་བྱང next hit་ཆུབ་ལམ་གྱི་གྲོགས་མཛོད་ཅིག །ཡང་ན། བྷོ་ཊའི་མཁས་མང་ཐོར་ཚུགས་རྩེར། །ཆེར་བརྗིད་འབྲོམ་རིགས་ལས་འཁྲུངས་མཆོག །རྒྱལ་བའི་འབྱུང་གནས་སྙན་པ་དཀར། །ནོར་འཛིན་ཡངས་པའི་གཞི་ལས་བརྒལ། །རྐང་པ་དང་པོ་མི་མཉམ་པ་ནི། སྦྲང་རྩིས་མྱོས་དྲེགས་བྷྲཿམ་རར་འགྲན་པའི། །སྙན་འགྱུར་ཁུག་ལྡན་རྡོ་རྗེའི་མགུར་དབྱངས་ཀྱིས། །སྐལ་བཟང་སྐྱེ་བོའི་རེ་བ་ཡིད་བཞིན་དུ། །འགེང་མཛད་དབང་ཕྱུག་བཞད་པ་རྡོ་རྗེར་འདུད། །ཡང་ན། འཇིགས་གཟུགས་དུས་མེ་ལྟར་འབར་བའི། །དབང་ཆེན་གྲུབ་པའི་རིག་པ་འཛིན། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཀྱིས། །སྲིད་པ་གསུམ་པོ་འདར་བར་བྱས། །རྐང་པ་གཉིས་པ་མི་མཉམ་པ་ནི། བསྐལ་མང་གོང་ནས་སྦྱིན་ལ་གོམས་བྱས་རྒྱུས། །ཆེར་བཀྲེས་ཕྲུ་གུར་འཚེར་ཉེའི་རི་བཀྲ་མོར། །བརྩེ་བས་སྐུ་ལུས་ཡོངས་གཏོང་རྒྱལ་བའི་སྲས། །ཁྱོད་ཀྱི་རྣམ་ཐར་ཐོས་ན་མི་དད་སུ། ཡང་ན། ཕ་མཐའ་བྲལ་བའི་ལྷ་ཡི་རྫིང་རིང་ངོགས། །ཆར་སྤྲིན་ཆེར་དཀྲིགས་འབྲུག་སྒྲ་དྲག་སྒྲོགས་ཚེ། །རྨ་བྱའི་བུ་མོ་རྩེ་ཞིང་གར་བསྒྱུར་ཡང་། །ལུས་དཀར་སྙིང་ལ་མི་བཟད་ཚོར་བས་གདུང་། །རྐང་པ་གསུམ་པ་མི་མཉམ་པ་ནི། རབ་འབྱམས་སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །དཔག་མེད་ཡོན་ཏན་ཡིད་བཞིན་འབྱུང་བའི་གནས། །ཀུན་དཀྲིས་འཆིང་རྒྱ་དམ་དཀྲོལ་ཕར་ཕྱིན་བཅུད། །བྱང་ཆུབ་སེམས་གཉིས་རྒྱུན་དུ་གོམས་པར་བྱ། །ཡང་ན། རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་གཞིར། །རྣམ་བཀྲའི་མེ་ཏོག་རྒྱས་པའི་དོ་ར་རུ། །སྦྲང་རྩིས་དྲེགས་གྱུར་སྦྲང་བུས་སྙན་སྒྲ་སྒྲོགས། །མ་བརྟགས་བྱིས་པའི་མིག་ལ་བདུད་རྩི་ཉིད། །རྐང་པ་བཞི་པ་མི་མཉམ་པ་ནི། དཔག་ཡས་སྙིང་རྗེའི་རླབས་ཕྲེང་འབུམ་གཡོ་བའི། །བསླབ་གསུམ་ཡོན་ཏན་རྫོགས་པའི་དག་བྱེད་གཏེར། །ངག་གི་དབང་ཕྱུག་ཀུན་དགའ་བསྟན་འཛིན་ཞེས། །སྤྲིན་སྒྲས་སྒེག་གྱུར་སྒྲུབ་བརྒྱུད་བླ་ན་མཐོ། །ཡང་ན། དབང་བཞིའི་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལ་གོམས་སྔགས་སྤྱོད་སྐྱེས་བུ་ཡིས། །ལས་ལ་སྦྱར་བའི་དྲག་སྔགས་རྣོ་སོ་མཆོག །ཆུ་འཁྲིགས་དང་འགྲོགས་འབིགས་བྱེད་དགྲ་ཟླར་འཐབ། །བཞི་པ་སྙན་པའི་ཡོན་ཏན་ནི། སྒྲ་དང་དོན་གྱི་ཆ་ལ་ཕུན་སུམ་ཚོགས་པའི་ཉམས་དང་ལྡན་པ་སྟེ། རྐང་པ་དང་པོ་ལ་གཟུགས་མཚུངས། གཉིས་པ་ལ་སྐྱེ་གནས། གསུམ་པ་ལ་ཕྱི་མོ། བཞི་པ་ལ་བརྩེགས་པ་མཚུངས་པར་བྱས་པ་ལྟ་བུ། རྐང་པ་རེ་ལ་རིགས་མཐུན་པ་རེ་དང་། ཚིགས་བཅད་གཅིག་ལ་རིགས་མི་མཐུན་པ་མི་མཉམ་པར་གྱུར་བ་དེ་ལྟ་བུར་སྦྱོར་དགོས་ཤིང་། གཉིས་པ་དབྱེ་བ་ལ་ལྷོ་བ་ཁོ་ནས་འདོད་པ་མཚུངས་པར་ཐོས་པའི་སྒྲའི་ཉམས་དང་། གཉིས་ཀ་ཅི་རིགས་པར་འདོད་པའི་རྗེས་ཁྲིད་ཀྱི་ཉམས་སོ། །དང་པོ་ལྷོ་བ་ཁོ་ནས་འདོད་པའི་སྒྲ་ཉམས་ནི། གཟུགས་མཚུངས། ལ་ལར་མ་ཡིན་ལེགས་ལྡན་འགྲོ་རྣམས་ལ། །སྐྱེ་གནས། ཇི་སྙེད་ཆོས་ཚུལ་ཇི་བཞིན་སྩོལ་མཛད་མཆོག །ཕྱི་མོ། ཐམས་ཅད་མཁྱེན་པ་རོང་ཟོམ་ཆོས་བཟང་ཞེས། །བརྩེགས་མ། སྔ་འགྱུར་བསྟན་སྲོག་ཟླ་བྲལ་གྲུབ་བརྒྱའི་གཙོ། །ཡང་ན། སྐྱེ་གནས། མ་རྨད་བློ་གྲོས་ཕུལ་བྱུང་དཔལ་མངའ་བས། །བརྩེགས་མ། རྒྱ་ཆེན་རྒྱུད་སྡེའི་གནས་རྣམས་རྒྱས་འགྲེལ་ཞིང་། །གཟུགས་མཚུངས་ཀུན་ནས་ཀུན་ཏུ་ཀུན་མཁྱེན་བསྟན་པ་མཆོག །སྤེལ་མཛད་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །གཉིས་པ་ལྷོ་ཤར་གཉིས་ཀ་ཅི་རིགས་པར་འདོད་པའི་རྗེས་ཁྲིད་ཀྱི་སྒྲའི་ཉམས་ལས། རྐང་པ་ལ་བསྐོར་བའི་རྗེས་ཁྲིད་ནི། རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བའི་མཛོད། །རྒྱུད་སྡེའི་དགོངས་དོན་མཆོག་ཏུ་ཟབ་པའི་ཕུལ། །རྒྱ་ཆེར་འགྲེལ་མཁས་དོལ་པོ་སངས་རྒྱས་ཀྱི། །རྒྱབ་རྟེན་ལུང་རིགས་མཐུ་ལས་སུ་ཡིས་འགོང་། །ཡང་ན། ཕུལ་བྱུང་སྐྱེས་ཐོབ་བློ་གྲོས་སྦྱོར་བྱུང་ཆེའི། །ཕ་མཐའ་སྤོག་མིན་ལུང་རིགས་གད་རྒྱངས་ཀྱིས། །ཕས་རྒོལ་གླང་པོ་སྟོང་གི་ཀླད་འགེམ་པའི། ཕན་མཛད་ཐུབ་པའི་བསྟན་འཛིན་བུ་སྟོན་རྗེ། །ཚིག་ལ་བསྐོར་བའི་རྗེས་ཁྲིད་ནི། ཤེས་དང་ཤེས་བྱ་ཤིན་ཏུ་རྒྱ་ཆེའི་ཚུལ། །རབ་གཟིགས་རབ་འབྱམས་རྒྱུད་སྡེའི་དོན་རབ་འབྱེད། །འགྲོ་ལ་ལམ་བཟང་སྣང་མཛད་ལེགས་ལྡན་མིག །ཀུན་དགའ་བཟང་པོ་ཀུན་མཁྱེན་བསྟན་པའི་རྒྱན། །ཡང་ན། མུ་མེད་འགྲོ་ལ་མ་ལྟར་རྗེས་བརྩེ་བས། །ཡང་ཡང་སྲིད་པར་ཡོན་གནས་ཚུལ་བཟུང་ནས། །ཀུན་ཀྱང་ཀུན་མཁྱེན་གོ་སར་དཀྲི་མཛད་པའི། །བློ་མཆོག་མངའ་བ་བློ་གསལ་རྒྱ་མཚོས་སྐྱོངས། །རིང་བར་ཐོས་པའི་རྗེས་ཁྲིད་ནི། མཁས་གྲུབ་བྱེ་བའི་ཞལ་ལུང་བདུད་རྩིའི་བཅུད། །བཏུང་བས་ཆེར་མྱོས་གྲུབ་མཆོག་མར་སྟོན་རྗེའི། །རིང་ལུགས་འཁྲུལ་བྲལ་སྒྲུབ་བརྒྱུད་སྙིད་པོའི་སྲོལ། །སྐྱོང་རྣམས་རྡོ་རྗེ་འཆང་སར་རིང་མིན་བགྲོད། །ཡང་ན། ལེགས་བྱས་ཁྱུང་སྔོན་སྐྱེས་ཀྱིས་བོས་པའི་མགྲོན། །བསྟན་པའི་ཉི་མ་ཁྱུང་པོ་རྣལ་འབྱོར་ཞེས། །རྣམ་ཐར་དཔག་ཡས་གངས་ལྗོངས་མཛེས་པའི་རྒྱན། །ཟླ་བྲལ་གྲུབ་པ་མཆོག་དེ་རྣམ་ཀུན་དྲན། །ཤར་བ་ཁོ་ནས་འདོད་པའི་རྗེས་ཁྲིད་རྐང་པ་ཕྱེད་སྔ་མ་གཉིས་རྩུབ་ཅིང་ཕྱེད་ཕྱི་མ་གཉིས་སྦྱོར་བ་ལྷོད་པ་སྟེ་འཇམ་རྩུབ་ཆ་མཉམ་པར་བསྐོར་བ་ནི། ཆར་སྤྲིན་དྲག་དཀྲིགས་སྤྲིན་བཅུད་སྤྲོ་བའི་ཚེ། །སྒྲ་བརྒྱས་སྒྲོག་པས་གཙུག་སྒྲོ་ཅན་སྒེག་བཞིན། །རྒྱལ་བས་ལེགས་གསུངས་ཡན་ལག་བརྒྱད་པ་ཡིས། །མུ་ཏིག་ཁྲི་ཤིང་མ་རྨད་བློ་གྲོས་དར། །ཡང་ན། སྦྲེབས་བྲལ་སྦྲང་བུ་སྦྲང་རྩིས་ཆེར་སྒེག་པས། །འཕང་འགྲོའི་སྒྲར་མཚུངས་ཀླུ་སྒྲ་སྒྲོགས་པ་འདིས། །བདག་ཡིད་ཡང་ནས་ཡང་དུ་སྲེད་བྱེད་པས། །འཇམ་མཉེན་མེ་ཏོག་མདའ་ཅན་མངོན་སུམ་མཚུངས། །དེ་ལྟར་དཔེར་བརྗོད་པ་ཚིགས་བཅད་ཕྱེད་སྔ་མའི་རྐང་པ་གཉིས་ནི་སྦྱོར་བ་རྩུབ་པ་ཤིན་ཏུ་གཞོན་པའི་ཟློག་ཟླ་དང་། ཕྱེད་ཕྱི་མའི་རྐང་པ་གཉིས་ཧ་ཅང་ལྷོད་པས་རེག་པ་བཻ་དརྦྷའི་སྦྱར་བའི་འགལ་ཟླ་གྲོལ་བ་དང་། རྐང་བཞི་ཡོངས་སུ་རྫོགས་པ་དེ་མི་མཉམ་པའི་ཡོན་ཏན་སྟེར་བར་བྱེད་པ་སྟེ། འཇམ་རྩུབ་ཆ་མི་མཉམ་པ་དེའི་ཕྱིར་ལྷོ་ཕྱོགས་པས་ནམ་ཡང་མི་སྦྱོར་ལ། ཤར་བ་རྣམས་ཀྱིས་དེ་ཡང་མཛེས་པར་བསམ་སྟེ་སྦྱོར་བའོ། །སྙན་པའི་ཡོན་ཏན་འདིར་སྒྲའི་རོ་ཉམས་ཕུན་སུམ་ཚོགས་པ་དང་ལྡན་མོད། དོན་གྱི་ཉམས་རང་བཞིན་བརྗོད་པ་སོགས་དོན་རྒྱན་སྤྱི་དང་། ཁྱད་པར་དུ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པར་བྱ་དགོས་སོ། །དེ་ལྟའི་སྒྲ་དོན་གཉིས་ཀ་ལ་གྲོང་ཚིག་སྤོང་དགོས་པ་ལས། སྤང་བྱ་དོན་གྱི་གྲོང་ཚིག་ནི། སྙིང་སྡུག་བུ་མོ་ཁྱོད་མཐོང་བས། །བདག་གི་འདོད་པའི་ཕོ་མཚན་སྒྲེང་། །དེ་ཕྱིར་ཁེངས་པ་མི་འཚལ་བས། །དོ་ནུབ་བདག་གི་མལ་དུ་ཤོག །གྲོང་ཚིག་དེ་སྤོང་བྱེད་ཀྱི་ཉམས་ཇི་ལྟར་སྦྱིན་པ། བཅུ་དྲུག་ལང་ཚོས་དུད་པའི་སྨིན་ལེགས་མ། །ཁྱོད་ཞལ་མིག་གི་བདུད་རྩིར་སིམ་པ་དང་། །སྙིང་ལ་མེ་ཏོག་མདའ་ཡིས་གཟས་ལགས་ན། །ཟླ་བའི་ཟེར་དང་འགྲོགས་ལ་གདུང་སེལ་མཛོད། །བརྗོད་བྱ་དོན་གྱི་སྤང་བྱ་མིན་ནའང་། རྗོད་བྱེད་སྒྲའི་གྲོང་པའི་ཚིག་གི་མཚམས་སྦྱོར་ཞུགས་པ་སྟེ་གཅོད་མཚམས་ལོག་པ་ནི། ས་བོན་དཀར་པོ་འཇོག་ལ་རྟག་བརྩོན་པའི། །ཁྲིམས་ལྡན་དགེ་སློང་མཆོག་དེ་བུད་མེད་དང་། །མཉམ་པོར་ཉལ་མི་བྱེད་ཅིང་བརྩོན་པའི་འབྲས། །བུ་བཟང་རྙེད་པའི་དགའ་བ་ཉམས་མྱོང་ངེས། །འདིར་རྣམ་དཀར་གྱི་ས་བོན་དགེ་བ་ལ་བརྩོན་པའི་ཁྲིམས་ལྡན་གྱི་དགེ་སློང་བུད་མེད་དང་འགྲོགས་པ་སྤངས་ཤིང་བསླབ་པའི་གནས་རྣམས་ལ་བརྩོན་པའི་འབྲས་བུ་བཟང་པོ་མྱོང་ཞེས་བརྗོད་རྒྱུར་གཅོད་མཚམས་ལོག་པའི་དབང་གིས་ཅིག་ཤོས་སུ་གོ་བའོ། །ངག་དོན་གྱི་གྲོང་ཚིག་གོ་བྱ་ཐ་དད་པ་ལས་ཅིག་ཤོས་གྲོང་ཚིག་ཏུ་གོ་བ་ནི། མངོན་འདོད་སྐྱེས་བུས་བརྩོན་པའི་དཔུང་བསྐྱེད་ནས། །ཡུལ་ཕྱོགས་ཀུན་ཏུ་མཚན་ལྡན་ཚོལ་བས་བྲེལ། །རྙེད་ཚེ་དགའ་ཆེས་བདོག་དགུ་ཕངས་མེད་བཏང་། །ཉིན་མཚན་བར་མེད་བསྟེན་པས་འཚེངས་པར་གྱུར། །འདིར་ཐར་འདོད་ཀྱི་སྐྱེས་བུས་བླ་མ་མཚན་ལྡན་ཚོལ་བ་ཡིན་ཡང་། འདོད་ལྡན་གྱིས་ན་ཆུང་མཚན་ལྡན་ཚོལ་བ་དེ་གཉིས་སོ་སོར་ཤན་མི་འབྱེད་པར་སྐྱོན་དུ་གོ་ཤས་ཆེ་བའོ། །དེ་ལྟ་བུའི་དོན་དང་སྒྲའི་གྲོང་པ་ནི་ལྷོ་ཤར་གཉིས་ཀའི་ལམ་ལ་སྐྱོན་ཡིན་པས་སྤང་བར་བྱའོ། །དམིགས་བསལ་སྐྱོན་མེད་ཁས་བླང་བར་འོས་པ་ནི། འཇིག་རྟེན་འདི་ན་ཕ་ཡི་འདོད་པའི་དོན། །མཚན་ལྡན་བུ་མོས་སྒྲུབ་ལ་བརྩོན་པ་བཞིན། །མུ་མེད་འགྲོ་ལ་རྗེས་སུ་ཆགས་པའི་སེམས། །མི་གཏོང་རྒྱལ་སྲས་རྣམས་ཀྱི་ཕན་བདེ་སྒྲུབ། །ལྔ་པ་ཤིན་ཏུ་གཞོན་པའི་ཡོན་ཏན་ནི། དྷ་ཡིག་དང་བྷ་ཡིག་ལ་སོགས་པ་རྩུབ་པའི་སྦྱོར་བས་བརྗོད་དགོས་པའི་ཡི་གེ་མ་ཡིན་པ། ཀ་ཡིག་ལ་སོགས་པ་ཤིན་ཏུ་འཇམ་པའི་ཡི་གེ་མང་བ་ལ། རྩུབ་པ་སྲོག་ཆེན་གྱི་ཡི་གེ་གཏན་མེད་མ་ཡིན་པར་འདྲེས་ཙམ་ཡོད་པས་བརྗོད་བདེ་བ་ལྷོ་ཕྱོགས་པའི་འདོད་པ་ནི། འགྲོ་བ་ཀུན་ལ་ཕན་བདེ་སྦྱིན་མཛད་པའི། །རྐང་གཉིས་གཙོ་བོས་ལེགས་གསུང་རྨད་བྱུང་གང་། །ལན་གཅིག་ཐོས་འཛིན་དཔྱིད་དུ་གྱུར་ཙམ་ཡང་། །རིང་མིན་བྱང་ཆུབ་དགའ་སྟོན་མངོན་བྱེད་འགྱུར། །ཡང་ན། དབྱིག་འཛིན་དབྱར་སྐྱེས་མྱུ་གུའི་ཕྲེང་བའི་དབུས། །ཀུ་མུཏ་རྣམ་པར་རྒྱས་པའི་ཟིལ་དངར་ལ། །རྐང་དྲུག་ཚོགས་རྣམས་དགའ་བས་རྩེན་པ་ལས། །དམ་པའི་ཞལ་ལུང་མྱོང་འདི་སྐལ་བ་སྦོམ། །སྦྱར་བ་དང་འདི་གཉིས་འཇམ་པའི་ཡི་གེ་མང་ཞིག་རྩུབ་པའི་ཡི་གེ་འདྲེས་དགོས་པར་འདྲ་ཡང་། སྦྱར་བར་རྩུབ་པའི་ཡི་གེ་འདི་ལས་མང་བས་འདོན་པའི་སྐབས་སྒྲ་ཤུགས་ཆེ་བ་དང་། འདིར་རྐང་པ་རེར་རྩུབ་པའི་ཡིག་འབྲུ་རེ་རེ་ཙམ་ལས་མེད་ཅིང་། རྗོད་བྱེད་ཀྱི་རྒྱན་ཡང་རང་བཞིན་བརྗོད་པ་ཙམ་ལས་མེད་པས་ཁྱད་པར་ཕྱེའོ། །ཡི་གེ་རྩུབ་པ་མང་བས་བརྗོད་དཀའ་ཞིང་བརྗོད་པ་གསལ་བ་ཤར་ཕྱོགས་པའི་འདོད་པ་ནི། འཇིགས་གཟུགས་ཕུར་སྒྲ་ཆེར་སྒྲོགས་བྲང་འགྲོ་ཡིས། །འཆིང་གྱུར་ངར་སྐད་དྲག་སྒྲོགས་རྒྱ་སྟག་མོར། །ཉིར་ཞོན་ཚ་ཟེར་གཏེ་བོར་བཅུག་མཁས་པའི། །བདུད་རྩིས་མྱོས་དྲེགས་བིཪྦ་པར་འགྲན་སུ། །ཡང་ན། ཆར་རྡུལ་དཀྲིགས་འདྲ་ཁྲོས་འཁྲུགས་འཇིགས་གཟུགས་སྐུ། །དགྲ་ཁྲག་གིས་མྱོས་ངར་སྒྲ་དྲག་སྒྲོགས་པས། །བདུད་སྡེའི་ཀླད་སྙིང་ཆེར་འགེམ་བསྟན་སྲུང་གཙོ། །དུག་གི་སྤུ་གྲིས་དགྲ་ཁྲག་ཧུབ་འདྲེན་མཛོད། །མཉམ་པའི་སྐབས་རྩུབ་ན་རྩུབ་པར་མཉམ་པ་དང་མི་མཚུངས་ཏེ། དེ་ནི་ཡི་གེ་རྩུབ་འདྲ་མཉམ་དང་། འདི་ཚིག་སྦྱོར་བརྗོད་དཀའ་བ་ཁོ་ན་དགོས་པའི་ཁྱད་པར་ཡོད་གསུངས། དྲུག་པ་དོན་གསལ་གྱི་ཡོན་ཏན་ནི། བརྗོད་བྱའི་དོན་གང་ཡིན་པ་དེ་ཉིད་རྗོད་བྱེད་ཀྱི་ཚིག་ཐོས་མ་ཐག་ཏུ་རྟོགས་པར་འགྱུར་ཕྱིར། སླར་བརྟག་དཔྱད་མི་དགོས་པར་གསལ་བར་སྟོན་པ་སྟེ་ཤར་ལྷོ་འདོད་པ་མཐུན་པའི་དོན་གསལ་ནི། སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་ཟེར་གྱིས། །བློ་མཆོག་པདྨོ་ཅིག་ཅར་བཞད་པའི་རྒྱུས། །ཆོས་ཉིད་བདེན་པ་ལེགས་གཟིགས་གྲུབ་པའི་དབང་། །ཤེས་རབ་ཡར་འཕེལ་བཻ་རོའི་གསུང་སྤྲུལ་ངེས། །ཡང་ན། ལས་ཤུགས་བསོད་ནམས་བཙན་པོའི་དཔུང་པ་ཡིས། །གངས་ལྗོངས་ཡོངས་ལ་དབང་བྱེད་ཕག་གྲུ་པ། །ཏ་ཡི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས། །ལེགས་བསྐྲུན་ཆོས་གྲྭ་ཆེན་པོ་རྩེ་ཐང་མཛེས། །གཉིས་ཀས་སྐབས་འགར་འདོད་པའི་དོན་གསལ་བརྟག་དཀའ་བ་ཙམ་ནི། རིགས་སྔགས་རླུང་གིས་འཕགས་པའི་ཐུགས་རྗེའི་མཚོ། །བསྲུབས་སྐྱེས་ཟླ་བ་གསར་པའི་འཛུམ་ཟེར་གྱིས། །ཐ་སྙད་འཆིང་ཐག་ཆད་པའི་ཀུ་མུཏ་ཚལ། །མངོན་གྱུར་གང་དེ་གན་འཇགས་ཐང་ཏའི་འཕྲུལ། །ཡང་ན། དཔལ་གྱི་སེངྒེའི་རིགས་ཀྱི་མྱུ་གུ་ཡིས། །ལེགས་བྱས་ཟླ་བའི་མ་མ་བསྲུབས་པ་ལས། །བཤད་སྒྲུབ་ཆ་ཤས་རྫོགས་པའི་འོད་དཀར་ཅན། །སྐལ་བཟང་སྐྱེ་བོའི་མིག་ལ་བདུད་རྩི་སྦྱིན། །འདི་དང་གོང་གི་རབ་དྭངས་ཀྱི་ཁྱད་པར་སྔ་མ་ལ་བརྗོད་བྱའི་དོན་ཡོངས་གྲགས་ཁོ་ན་བརྗོད་དགོས་ཤིང་འདིར་ནི་དེར་མ་ངེས་སོ། །བདུན་པ་རྒྱ་ཆེ་བའི་ཡོན་ཏན་ལས། དངོས་བསྟན་གྱི་ཤུགས་ཀྱིས། བརྗོད་ཡུལ་དེ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པར་རྟོགས་ནུས་པའི་ཡོན་ཏན་དང་ལྡན་པ་བཻ་དརྦྷའི་འདོད་པ་ནི། བསོད་ནམས་བསགས་པ་གང་གི་སྒྲ་འཛིན་དུ། །ལན་གཅིག་བདེ་གཤེགས་མཚན་གྱི་བདུད་རྩིའི་ཟེར། །ལྷུང་ཙམ་ཉིད་ནས་སྲིད་པའི་འབྲོག་དགོན་དུ། །ཡང་ཡང་རྒྱུ་བའི་གོ་སྐབས་མཆིས་མ་ལགས། །ཡང་ན། གངས་རིའི་ཁྲོད་ཀྱི་དཔལ་ལྡན་བསམ་ཡས་པའི། །གསུང་རབ་ཆ་ཙམ་སྙིང་གི་བདུད་རྩི་རུ། །སིམ་པའི་མོད་ནས་དབྱིག་འཛིན་གཞིར་འཁོད་པའི། །བསྟན་བཅོས་ཕལ་ལ་རེ་བ་ལྷོད་པོར་བྱས། །ག་ཌ་པས་ཀྱང་སྔ་མ་ཉིད་མི་འདོར་ལ། བསྔགས་པར་འོས་པའི་ཁྱད་ཆོས་ཕུལ་དུ་བྱུང་བ་འགའ་ཞིག་བརྗོད་པའི་ཤུགས་ཀྱིས། དེ་གང་ལ་མངའ་བའི་ཆོས་ཅན་དེ་ཉིད་ཆེས་ཁྱད་པར་དུ་འཕགས་པའི་ངོ་མཚར་རྒྱ་ཆེ་བ་མཚོན་ནུས་པ་རྒྱ་ཆེའི་ཡོན་ཏན་ཤར་ཕྱོགས་པ་འགའ་ཞིག་གི་འདོད་པ་ནི། རྒྱ་མཚོའི་གོས་ཅན་གདུགས་ཐོགས་གཅིག་གི་སར། །གསེར་མདོག་ཅོད་པཎ་མཛེས་པའི་དགེ་འདུན་སྡེས། །བཤད་སྒྲུབ་བསྟན་པའི་ག་དར་བརྩོན་བཞིན་དུ། །དགའ་བ་བརྒྱ་ལྡན་གྲོང་དུ་བགྲོད་ལ་ཕྱོགས། །ཡང་ན། སྔ་འགྱུར་རིང་ལུགས་པདྨའི་དགའ་ཚལ་ཆེར། །མཁས་མཆོག་ངང་རྒྱལ་རྣམས་ཀྱི་མགྲིན་རྒྱན་དུ། །ཀུན་ནས་མཛེས་པའི་སྡོམ་གསུམ་རཏྣའི་ཕྲེང་། །བསྟར་ལ་བརྒྱུས་མཁས་མཆོག་སྤྲུལ་མངའ་རི་བ། །ལྟ་བུ་སྟེ་སྔ་མས་ཀུན་མཁྱེན་ཙོང་ཁ་པ་དང་ཕྱི་མས་མངའ་རིའི་པཎ་ཆེན་གྱི་ཡོན་ཏན་ཤུགས་ཀྱིས་གོ་བས་མཚོན་ནོ། །བརྒྱད་པ་བརྗིད་པའི་ཡོན་ཏན་ནི། རྣམ་དབྱེ་སོགས་བསྡུས་པའི་ཚིག་སྡུད་མང་པོ་ཅན་ཏེ། དེ་ཡང་སྤྱིར་མིང་སྔ་ཕྱི་གཉིས་ཀྱི་བར་ན་རྣམ་དབྱེ་མ་སྦྱར་བར་བསྡུས་པ་ནི་ཚིག་སྡུད་དེ། དབྱེ་ན་ཀ་ལཱ་པར། འབྲུ་མང་པོ་དང་ལས་འཛིན་དང་། །བ་གཉིས་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་གྲངས་མེད་པའོ། །ཞེས་འབྱུང་བ་ལྟར། མེ་མཚམས་ལ་ཤར་ལྷོར་བརྗོད་པ་ལྟ་བུ་འབྲུ་མང་པོ་དང་། ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུས་པ་ཨུཏྤལ་སྔོན་པོ་ལྟ་བུ་ལས་འཛིན་པ་དང་། བགྲང་གཞི་དང་བགྲང་བྱའི་བར་ནས་བསྡུས་པ་ལམ་ལྔ་ལྟ་བུ་བ་གཉིས་པ་དང་། རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་གང་རུང་བསྡུས་པ་དེའི་སྐྱེས་བུ་དང་། རྣམ་དབྱེ་རིགས་མཐུན་དུ་མ་བསྡུས་ནས་མཐར་རྣམ་དབྱེ་གཅིག་སྦྱར་བ་སངས་རྒྱས་ཆོས་དགེ་འདུན་ལ་ཕྱག་འཚལ་ལོ་ལྟ་བུ་ཟླས་དབྱེ་བ་དང་། ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཅན་གྱི་བསྡུ་བ་སོ་སོར་རྟོག་པ་ལ་སོར་རྟོག་ལྟ་བུ་མི་ཟད་པའམ་གྲངས་མེད་པའི་བསྡུ་བ་སྟེ། དེ་ལྟར་རྣམ་པ་དྲུག་གོ །དེ་ལྟ་བུའི་ཚིག་སྡུད་མང་པོ་ཅན་ནི་སྤྱིར་ཚིག་ལྷུག་པ་དག་གི་སྲོག་གམ་གསོས་སམ་སྙིང་པོ་ལྟ་བུ་ཡིན་ལ། ཚིག་བཅད་ཀྱི་སྐབས་སུ་ཡང་ཟོལ་ཡང་ཞིང་མཛེས་པ་ཡིན་པས། དྲུག་པོ་དེ་ལས་ཅི་རིགས་དང་ལྡན་པས་ཚིག་སྡུད་ཀྱི་འཇུག་པ་མང་པོ་ཡོད་པ་ཞིག་ཤར་ལྷོ་ཐུན་མོང་དུ་འདོད་ཅིང་ནང་གསེས་ཤར་ཕྱོགས་པའི་འདོད་པ་ནི། ལྕི་ཡང་མཐོ་དམན་འཁྲུགས་ཤིང་མ་ངེས་པའི་རྣམ་པ་སྟེ། དང་པོ་ལྕི་བ་མང་ལ་ཡང་བ་ཉུང་བ་ནི། རྒྱལ་སྲས་དམ་པ་འཇམ་དཔལ་རྗེས་བཟུང་ཕུལ། །རྒོལ་བ་ཚར་གཅོད་ཐུབ་བསྟན་རྒྱལ་མཚན་བསྒྲེངས། །ཕྱོགས་གླང་ཆོས་གྲགས་ས་སྐྱ་པཎ་ཆེན་རྣམས། །འགྲོ་ཕན་རྨད་བྱང་གྲགས་པ་རྣམ་འཕེལ་ཉིད། །ཡང་ན། བསླབ་གསུམ་རྣམ་དག་སྦྱངས་ཡོན་ཕུལ་བྱུང་བ། །ཐུབ་བསྟན་སྒྲོན་མ་འཕགས་བོད་ཕྱོགས་ཀུན་སྦར། །བཀའ་གདམས་སྲོལ་བཏོད་དཔལ་ལྡན་ཨ་ཏི་ཤ །བདག་སོགས་བྱིན་རློབས་བསྟན་པ་འཕེལ་རྒྱས་མཛོད། །དེའི་ཟློག་ཟླ་ཡང་བ་མང་ཞིང་ལྕི་བ་ཉུང་བ། ཀ་མ་ལ་འདྲ་དྲི་ཟ་ན་ཆུང་། །ཀ་ལ་པིངྐ་ཀོ་ཀི་ལ་བཞིན། །ཨ་ལ་ལ་ཧོ་སྒྲ་སྙན་དོན་རབ། །ཨེ་མ་འཇོ་འདི་ཅི་ཕྱིར་མི་དགའ། །མཉམ་ལ་འཁྲུགས་པ་སོགས་རིགས་འགྲེ་དེ་ཡང་ཡི་གེ་ལྕི་བ་རྣམས་སྒྲ་མཐོ་ཞིང་ཡང་བ་རྣམས་སྒྲ་དམའ་བས་འདིར་མཐོ་དམན་ཤས་ཆེ་ཞིང་མང་ཉུང་བྱས་པས་ཤླ་ཀའི་རྒྱུན་དེ་ལ་མི་མཉམ་པར་གྱུར་པ་ཡིན་གྱི་ཤླ་ཀ་གཅིག་ལྟ་བུར་རྣམ་པ་གསུམ་ཀ་ཚང་བའི་མཐོ་དམའ་དགོས་པ་ནི་མ་ཡིན་ནོ། །ཡི་གེ་ལྕི་ཡང་མི་སྙོམས་པར་འཁྲུགས་པ་དེ་ལྟ་བུ་མ་ཡིན་པར། ལྕི་ཡང་གྲངས་མང་ཉུང་སྤེལ་མར་སྙོམས་ཕྱིར་མ་འཁྲུགས་ཤིང་ཐད་ཀར་ཡོད་པའི། བརྗོད་དོན་གསལ་ཞིང་རྗོད་བྱེད་ཀྱང་གོ་རིམ་མ་འཆོལ་བར་འཇམ་རྩུབ་མཉམ་པས་ཡིད་དུ་འོང་བ་ལ་ཚིག་སྡུད་མང་པོ་ཡོད་པར་འདོད་པ་བཻ་དརྦྷའི་བརྗིད་པ་ནི། ཟླ་གཞོན་པད་དཀར་མུ་ཏིག་ཁ་བ་དུང་། །གཅིག་བསྡོམས་བཞུ་བླུགས་བགྱིས་མཚུངས་ཚངས་སྲས་མོ། །རྫུན་སྤངས་བདེན་དུལ་མི་འཚེ་སྦྱོར་བྱེད་པ། །བདག་ཡིད་འོ་མཚོ་དཔལ་བསྐྱེད་སྙན་ངག་བྱིན། །ཡང་ན། རབ་མཛེས་གསེར་རི་ཇི་བཞིན། །ཨ་ཧོ་བློ་གཏེར་མགོན་མཆོག །སྲིད་ན་རབ་དཀོན་དངོས་པོ། །ཐོབ་གང་ཅི་ཕྱིར་མི་དགའ། །རྒྱན་སྔ་ཕྱི་འདི་གཉིས་ལ་དྲུག་སྒྲ་སོགས་རྣམ་དབྱེ་ཕལ་ཆེར་བསྡུས་པ་དགོས་ཤིང་བོད་སྐད་ལ་པྲས་སྟཱ་རའི་ཁུངས་མེད་པས་འགོད་དུ་མི་རུང་བར་བཞེད་དོ། །དགུ་པ་མཛེས་པའི་ཡོན་ཏན་ནི། འཇིག་རྟེན་པས་ཤེས་ཤིང་བརྗོད་པའི་གྲགས་པ་ལས་མ་འདས་པས་འགྲོ་བ་མཁས་རྨོངས་ཀུན་ལ་མཛེས་ཤིང་ཡིད་འཕྲོག་པ་ཞིག་སྟེ། དེ་ལས་དང་པོ་བཻ་དརྦྷའི་མཛེས་པ་གཏམ་ལ་སྦྱར་བ་ནི། སྤྱིར་གཏམ་ཞེས་པ། སྙན་ངག་མཁན་གྱིས་མི་ཕན་ཚུན་གཏམ་གླེང་མོ་སྐད་དུ་སྦྱར་བ་སྟེ། པཎ་གྲུབ་བྱེ་བའི་བཀྲ་ཤིས་ཞབས་ཀྱི་མཐིལ། །ཉེར་བཀོད་དབུས་འགྱུར་དཔལ་གྱི་བསམ་ཡས་འདི། །རྣམ་མང་དགེ་མཚན་སྣང་བ་འབུམ་བརྡལ་བས། །ཆོས་འཁོར་ཆེན་པོ་ཞེས་བརྗོད་དོན་དང་ལྡན། །ཡང་ན། བཻ་རོ་དངོས་བྱོན་པྲཛྙཱའི་མཚན་ཅན་སོགས། །སྣང་བཞི་མཐར་ཕྱིན་གྲུབ་མཆོག་ཕྲེང་བ་ཡི། །ཞབས་ཀྱིས་སྲུང་བའི་ངོ་མཚར་སྒྲུབ་སྡེ་འདི། །པདྨ་འོད་གླིང་ཞེས་བརྗོད་དོན་ལྡན་ཉིད། །བཻ་དརྦྷའི་མཛེས་པ་བསྔགས་པ་ལ་སྦྱར་བ་ནི། བསྔགས་འོས་ཀྱི་ཡོན་ཏན་བརྗོད་པ་སྟེ། མི་ཤིགས་རྡོ་རྗེའི་གར་མཁན་པདྨ་འབྱུང་། །གང་གི་རྣམ་བཞིའི་ཕྲིན་ལས་ཟབ་མོ་ཡིས། །བསྟན་འགྲོའི་དོན་སྒྲུབ་ཕུལ་བྱུང་གྲགས་དཀར་ཕྲེང་། །དཀར་ནག་རྒྱ་ཡི་ཡུལ་གྲུར་ཤོང་སྲིད་དམ། །ཡང་ན། གཡུ་སྒྲའི་རྣམ་འཕྲུལ་མ་ཧཱ་པཎྜི་ཏ། །ཀུན་གཟིགས་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཀྱིས། །ཕྱོགས་གྲངས་ཤེས་བྱར་གཟིགས་པའི་དཀྱུས་རིང་སྤྱན། །སྤྲོས་པའི་ཕ་མཐའ་སྙན་ཟུང་བར་དུ་མིན། །བརྗོད་བྱའི་དོན་གང་ཞིག་རྗོད་བྱེད་ཧ་ཅང་འུད་ཆེ་བའི་ངག་གིས་སྒྲོ་བཏགས་པའི་བརྗོད་པ་ཕུལ་དུ་བྱུང་བས་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པ་ག་ཌ་པའི་མཛེས་པ་སྟེ། སྔར་ལྟར་གཉིས་ལས་གཏམ་ལ་སྦྱར་བ་ནི། དེང་ནས་བཟུང་སྟེ་དབུས་འགྱུར་གཞི་འདི་ཉིད། །དག་པའི་ཞིང་གཞན་ཕལ་གྱིས་མཚོན་མིན་ཏེ། །གྲུབ་རིགས་བྱེ་བའི་ཞབས་ཟུང་ཆུ་དྭངས་ཀྱིས། །མ་དག་ཉེས་པའི་དྲི་མ་བགྲུང་ངེས་སོ། །ཡང་ན། པཎ་གྲུབ་ཟུང་གི་ཞབས་སེན་མཐོན་ཀ་ཆེས། །ཉེར་བརྟེན་སེང་བྲག་གྲུབ་པའི་ནགས་ཁྲོད་དུ། །མངོན་མཛེས་པདྨ་འོད་གླིང་སྒྲུབ་སྡེ་འདི། །དེང་ནས་འོག་མིན་ལས་ཀྱང་བསྔགས་པར་འོས། །བསྔགས་པ་ལ་སྦྱར་བ་ནི། རྒྱལ་ཀུན་གདུང་འཚོབ་རིག་འཛིན་པད་འབྱུང་རྗེའི། །ཕྲིན་ལས་རྒྱ་མཚོས་རྣམ་མང་བསྟན་འགྲོའི་དོན། །མཛད་པའི་གྲགས་སར་སྤྲིན་དཀར་ཕུང་པོའི་མཐའ། །སྔོ་བསངས་དགའ་མའི་ཕང་པར་ཅི་སྟེ་རྫོགས། །ཡང་ན། རྡོ་རྗེ་རྣོན་པོ་ངུར་སྨྲིག་འཆང་བའི་གར། །ལྔ་བདོའི་འདྲེན་པ་མཐུ་སྟོབས་རྣམ་རྒྱལ་གྱི། །གཙུག་ལག་བྱེ་བར་གཟིགས་པའི་སྤྱན་ཡངས་པོ། །མཐའ་ཀླས་སྲིད་ཞིའི་ཁྱོན་དུ་རྫོགས་འགྱུར་རམ། །སྐབས་འདིར་ཕུལ་བྱུང་གི་བརྗོད་གཞི་ལ་འཁྲུལ་ནས་ཕུལ་བྱུང་གི་རྒྱན་གྱི་བརྗོད་པ་ཞེས་བཀྲལ་བ་ནི་དོན་གཅིག་པའི་སྐྱོན་དུ་འགྱུར་བས་མི་འཐད་དེ། ག་ཌ་པའི་མཛེས་པ་འཇིག་རྟེན་གྱི་གྲགས་པ་ལས་ཆེས་རིང་དུ་བརྒལ་བའི་འུད་ཅི་ཆེར་བརྗོད་པ་ལས་བརྗོད་ཚུལ་གྱི་རྣམ་པ་གཞན་ཅི་ཡང་མེད་ཅིང་། དོན་རྒྱན་གྱི་ཕུལ་བྱུང་ལ་འཇིག་རྟེན་ལས་བརྒལ་ཙམ་ལས་འུད་དེ་ཙམ་མི་ཆེ་བར་བརྗོད་ཚུལ་གྱི་རྣམ་པ་མཚར་ཕུལ་ཅི་ཆེར་བྱེད་དགོས་པའི་ཁྱད་པར་རོ། །བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ནི། ཆོས་ཅན་གཞན་སེམས་ལྡན་གྱི་ཡོན་ཏན་དུ་གྲགས་པའི་མིག་འབྱེད་འཛུམ་ལ་སོགས་པའི་ཆོས་གང་ཡང་རུང་བ་གཅིག་གམ་མང་པོ་བླངས་ནས། ཆོས་ཅན་གཞན་སེམས་མེད་ཀུ་མུད་དང་པདྨ་ལ་སོགས་པའི་བེམ་པོའི་སྟེང་དུ་འཇིག་རྟེན་ན་གྲགས་པ་དང་མཐུན་པར་འཛིན་ཅིང་སྒྲོ་བཏགས་ནས་མ་ཉམས་པར་མཉམ་པར་བཞག་པའམ་བཀོད་པས་དེས་དེ་ཡང་དག་པར་འཛིན་པར་བྱེད་པ་ནི་ཏིང་ངེ་འཛིན་ཅེས་སུ་བརྗོད་ཅིང་ལྷོ་ཤར་ཐུན་མོང་དུ་འདོད་པ་དེ་ལའང་། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ཆོས་སྤྱིར་བཀོད་པའི་ཏིང་ངེ་འཛིན་ནི། རྒྱུ་སྐར་འདྲེན་བྱེད་སུབ་ནུས་མེ་ཤེལ་དབང་། །བཅུ་གཉིས་ཁྱིམ་དུ་རྒྱུ་ཚེ་མུན་པ་ཡི། །ལོང་གྱུར་སྦྲང་རྩིའི་རྒྱལ་མཚན་རྣམས་ཀྱི་མིག །འོད་ཟེར་སྟོང་གི་ཐུར་མས་འབྱེད་གྱུར་མཚར། །ཡང་ན། བསིལ་བྱེད་འཛུམ་དཀར་གྲོལ་བས་ཉི་དགའི་ཕྲེང་། །སྐྱེང་གྱུར་དགའ་བའི་འདྲེན་བྱེད་ཟུམ་པ་ན། །མིག་སྨན་གྲོགས་ཀྱིས་ནོན་པའི་ཀུ་མུཏ་ཚོགས། །འདབ་མ་ནས་བཟུང་མཐོང་བྱེད་ཕྱེས་པ་བཞིན། །གཉིས་པ་བྱེ་བྲག་ཏུ་ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་ནི། མཁའ་ལས་མིག་སྨན་འཛག་པའི་བཅུད། །འཐུང་བའི་ཆུ་སྐྱེས་གཞོན་ནུའི་ཚོགས། །ཉིན་བྱེད་སྣང་བས་གཙེས་པའི་ཚེ། །གེ་སར་རྡུལ་མང་སྐྱུག་པ་བཞིན། །ཡང་ན། སྟོན་གྱི་ལང་ཚོ་བདོ་བ་ཡིས། །སྦྲང་རྩི་འཛག་པའི་ཨམྲའི་ཤིང་། །འབྲས་བུས་དུད་ལ་ལོངས་སྤྱོད་པ། །མངོན་དགའི་བརླན་བཅུད་འཛག་པ་བཞིན། །ཆོས་དུམ་བཀོད་པའི་ཏིང་ངེ་འཛིན་ནི། ཉི་ཟླའི་མིག་ཅན་ཀུན་གསལ་བུ་མོ་ནི། །རྒྱུ་སྐར་མགུལ་ཕྲེང་ངོམ་པའི་རྩེད་འཇོ་ཡིས། །བྲེལ་ལ་ཆུ་འཛིན་རྒན་པོའི་བཞིན་བསྡུས་ནས། །རྣོ་མྱུར་གློག་གི་ཐལ་ལྕག་བྲབ་མིན་ནམ། །ཡང་ན། ནམ་མཁའི་གླང་པོ་སྦོས་པའི་འཁུན་སྒྲར་བཅས། །ཁུ་འཕང་སེར་བའི་ངན་སྐྱུགས་འཛག་པ་ཡིས། །ནོར་འཛིན་བུ་མོ་བསླད་གང་མ་བཟོད་ནས། །ཚ་ཟེར་དག་བྱེད་ཟེར་གྱིས་འཁྲུད་པ་བཞིན། །ཞེས་པ་ལྟ་བུ་སྟེ། སེམས་ལྡན་གྱི་ཆོས་བྱ་བྱེད་སོགས་སེམས་མེད་ཀྱི་སྟེང་དུ་འགོད་ཚེ། མེ་ཏོག་ཁ་ཟུམ། ཐལ་མོ་ཁ་བྱེ་ལྟ་བུའི་འཇིག་རྟེན་ལུགས་ཀྱི་ཐ་སྙད་མཛེས་པ་དག་འགོད་ཀྱི། འཇིག་རྟེན་ན་མ་གྲགས་པ་མི་མཛེས་པས་མི་འགོད་ལ། མིག་འབྱེད་འཛུམ་ལྟ་བུ་ཆོས་ཀྱི་སྤྱི་ཁྱབ་ཏུ་བཀོད་པ་དང་། སེམས་ལྡན་གྱི་ཆོས་གཅིག་གི་མཚན་ཉིད་སེམས་མེད་ཀྱི་སྟེང་དུ་བཀོད་པ་དང་། ཆོས་དུ་མ་ཡོངས་སུ་བཀོད་པ་རྣམས་ནང་གསེས་ཀྱི་དབྱེ་བ་ཡིན་ལ། སྤྱིར་དེ་ཐམས་ཅད་ཀྱང་རབ་བརྟགས་ཀྱི་མཚན་ཉིད་གསལ་བ་ཅན་ནོ། །དེ་དག་ལས་ཤར་ལྷོ་ཐུན་མོང་དུ་འདོད་པ་དོན་གསལ་དང་། བཤད་མ་ཐག་པའི་ཏིང་ངེ་འཛིན་སོགས་འགའ་ཞིག་མ་གཏོགས་ཕལ་ཆེར་གོ་ལྡོག་པ་ག་ཌ་པའི་འདོད་པ་འགྲུབ་པའོ། །རྣམ་མང་འཕགས་ཡུལ་མཁས་པའི་བཞེད་གཞུང་དྲི་མེད་ཚངས་པའི་རལ་ཀླུང་མཆོག །ཤོང་དཔང་བྷ་གོ་ར་ཐས་ཉེར་དྲངས་བསིལ་ལྗོངས་མཁས་མང་ཛཧྣུའི། །རྣམ་དཔྱོད་ལྟོ་བར་བསྐྱིལ་ལས་ལེགས་འོངས་བདག་བློའི་གསེར་གྱི་བུམ་པ་རུ། །ཆ་ཙམ་འཁྱིལ་འདི་ཡོངས་འཛིན་དམ་པའི་དྲིན་ལས་ཡིན་གྱི་རང་སྟོབས་མིན། ༡། དེ་སླད་དམ་པའི་སྐུ་དྲིན་འཚོབ་དང་རང་གི་བློ་གྲོས་གོམས་བྱའི་ཕྱིར། །ལྷོ་ཤར་མཁས་པའི་ལམ་བཟང་ལེགས་དབྱེ་ངོ་མཚར་རྒྱན་གྱི་པདྨ་དཀར། །སྡེབ་ལེགས་ཚིག་གི་སྲད་བུར་ལེགས་བརྒྱུས་སྔོན་མེད་དཔེར་བརྗོད་ཕྲེང་བ་འདི། །གཟུར་གནས་བློ་ལྡན་སྐྱེ་བོ་མཆིས་ན་མགྲིན་པའི་རྒྱན་དུ་འབུལ་གྱི་བཞེས། ༢། དེང་དུས་ཕྱོགས་འདིར་རྣམ་དག་རིག་ལམ་ལྟ་བའི་བློ་མིག་ཆེས་ཕྲ་བས། །ནུབ་པར་ཕངས་ནས་ལྷག་པའི་བསམ་པས་ཀུན་གྱི་བློ་དང་འཚམ་པའི་ཕྱིར། །བཤད་ཡམ་ཚིག་ཚོགས་སྤྲོས་པ་དོར་ནས་དོན་གནད་རྗེན་པར་སྟོན་འདི་བྱས། །དེ་ཕྱིར་ཚུལ་འདིར་འཇུག་འདོད་བློ་གསལ་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། ༣། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་རྒྱན་གྱི་བསྟན་བཅོས་སྙན་ངག་གི་མེ་ལོང་ལས་ལམ་རྣམ་པར་དབྱེ་བ་རབ་ཏུ་བཤད་པ་ལེའུ་དང་པོའི་དཔེར་བརྗོད་རེ་ཞིག་བཤད་ཟིན་ཏོ།། །། ༈ རབ་དཀར་ཟླ་བ་རྒྱས་པའི་ཞལ་ཁྱིམ་ལས། །འཛུམ་ཟེར་བདུད་རྩིའི་དགའ་སྟོན་འགྱེད་པའི་མོད། །སྙིང་གི་བུམ་པ་འགེངས་ལས་ལེགས་བཤད་རྒྱུན། །ཅིར་ཡང་འཇོ་མཛད་ལྷག་པའི་ལྷ་མོར་འདུད། །ཁྱོད་སྲས་འཕགས་བོད་མཁས་པའི་སྐྱེ་བོ་ཡིས། །ལེགས་བཀྲལ་ངོ་མཚར་བྱེ་བའི་བདུད་རྩིའི་ཀླུང་། །ཤེར་བརྩོན་སྙིམ་པས་འཐུང་བའི་སྐལ་བཟང་དཔལ། །ཨེ་མ་ཉམས་སུ་མྱོང་འདི་རྨི་ལམ་མིན། །དེ་སླད་ལྷག་པའི་ལྷ་མོ་མཉེས་ཕྱིར་དང་། །དོན་མཐུན་བློ་གསལ་ཚོགས་རྣམས་དགྱེས་བསྐྱེད་སླད། །དོན་རྒྱན་རིན་ཐང་བྲལ་བའི་སུ་མ་ན། །དད་པའི་སྙིམ་པས་འཐོར་ལ་བརྩེ་བས་དགོངས། །ད་ནི་ལྷོ་ཤར་གྱི་མཁས་པ་རྣམས་ཀྱི་བཞེད་པ་ཐུན་མོང་དུ་གྱུར་པའི་རྒྱན་རྣམས་སྟོན་པ་ལ། དོན་གྱི་རྒྱན་དང་། སྒྲའི་རྒྱན་དང་། གབ་ཚིག་གི་རྒྱན་དང་གསུམ་ལས། །དང་པོ་དོན་གྱི་རྒྱན་ལའང་སུམ་ཅུ་རྩ་ལྔ་སྟེ། གཞུང་ལས། རང་བཞིན་༡བརྗོད་དང་དཔེ་དང་༢ནི། །གཟུགས་ཅན་༣གསལ་བྱེད་༤བསྐོར་བ་དང་༥། །འགོག་དང་༦དོན་གཞན་བཀོད་པ་དང་༧། །ལྡོག་པ་ཅན་དང་༨སྲིད་པ་ཅན༩། །བསྡུས་དང་༡༠ཕུལ་བྱུང་༡༡རབ་བརྟགས་དང་༡༢། །རྒྱུ་དང་༡༣ཕྲ་མོ་༡༤ཆ་དང་༡༥རིམ༡༦། །དགའ་དང་༡༧ཉམས་ལྡན་༡༨གཟི་བརྗིད་ཅན༡༩། །རྣམ་གྲངས་བརྗོད་དང་༢༠ཀུན་ཏུ་ཕན༢༡། །རྒྱ་ཆེ་༢༢བསྙོན་དོར་༢༣སྦྱར་བ་དང་༢༤། །ཁྱད་པར་༢༥མཚུངས་༢༦པར་སྦྱོར་བ་དང་། །འགལ་དང་༢༧སྐབས་མིན་བསྟོད་པ་དང་༢༨། །ཟོལ་བསྟོད་༢༩ངེས་པར་བསྟན་པ་དང་༣༠། །ལྷན་ཅིག་བརྗོད་དང་༣༡ཡོངས་བརྗེས་༣༢ཤིས༣༣། །རབ་སྤེལ་༣༤དེ་ནས་དགོངས་པ་ཅན༣༥། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཞེས་སོ། ། ༈ དེ་ལ་དང་པོ་རང་བཞིན་བརྗོད་པའི་རྒྱན་གྱི་མཚན་ཉིད་ནི། དངོས་པོ་བརྗོད་པར་བྱ་བ་རྣམས་ཀྱི་རང་བཞིན་རིགས་བྱ་བ་ཡོན་ཏན་རྫས་བཞི་པོ་གང་ཡང་རུང་བའི་ཁྱད་གཞི་དེའི་གནས་སྐབས་ཏེ། མཚན་ཉིད་གཅིག་མ་ཡིན་པར་སྣ་ཚོགས་པའི་སྒོ་ནས་བསྟོད་སྨད་དང་འཁྱོག་བརྗོད་ཀྱིས་མ་བསླད་ཅིང་དེ་ཡང་ཤུགས་བསྟན་ཙམ་མ་ཡིན་པར་དངོས་སུ་ཚིག་གི་བྱེད་པས་གསལ་བར་བྱེད་པའི་རྒྱན་ཏེ། དབྱེ་ན་བཞི་ལས། དང་པོ་རིགས་བརྗོད་པ་རང་བཞིན་གྱི་རྒྱན་ནི། སྤྱི་སྒྲ་གཅིག་གིས་དེའི་རིགས་སམ་མཚན་ཉིད་ཅན་མང་པོ་གོ་བར་བྱེད་པ་སྟེ། དབུ་ལ་གཙུག་ཏོར་སྨིན་དཔྲག་མཛོད་སྤུ་དང་། །མགྲིན་པར་ཆོས་དུང་ཕྱག་ཞབས་འཁོར་ལོ་སོགས། །བཀྲ་ཤིས་རི་མོ་བརྒྱད་བཅུས་ལེགས་མཚན་པའི། །སངས་རྒྱས་རྣམས་ཀྱི་སྐུ་མཆོག་མཐོང་ན་མཛེས། །གཉིས་པ་བྱ་བ་བརྗོད་པ་རང་བཞིན་གྱི་རྒྱན་ནི། བྱ་བ་སྣ་ཚོགས་གསལ་བར་སྟོན་པ་སྟེ། ངལ་བ་ཁྱད་བསད་འཕགས་པའི་ཡུལ་དུ་བགྲོད། །པཎ་ཆེན་མང་བསྟེན་གསེར་གྱི་མཎྜལ་ཕུལ། །མདོ་སྔགས་གཞུང་ཉན་གངས་ཅན་བརྡ་ལ་དྲངས། །སྒྲ་སྒྱུར་ཚོགས་རྣམས་བཀའ་དྲིན་ཆེ་བར་ཁུམས། །གསུམ་པ་ཡོན་ཏན་བརྗོད་པ་རང་བཞིན་གྱི་རྒྱན་ནི། དངོས་པོའི་ཡོན་ཏན་དྲང་པོར་བསྟན་པ་སྟེ། ཐུབ་པ་མཆོག་གི་སྔོན་རབས་མཛད་པ་རྣམས། །ཐོས་པས་ཡིད་ལ་དགའ་བ་རབ་རྒྱས་ཤིང་། །ལུས་ཀྱི་བ་སྤུ་རྣམ་པར་གཡོ་བ་དང་། །མིག་ཀྱང་མཆི་མའི་རྡུལ་གྱིས་བརླན་པར་བྱེད། །བཞི་པ་རྫས་བརྗོད་པ་རང་བཞིན་གྱི་རྒྱན་ནི། དངོས་པོ་བྱེ་བྲག་པ་གཅིག་སྟོན་པ་སྟེ། །སིནྡྷཱུའི་རྒྱ་མཚོར་པདྨའི་གེ་སར་རྩེར། །ཉེར་འཁྲུངས་ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་ཚུལ། །འཕགས་བོད་འགྲོ་ལྡིང་རྔ་ཡབ་སྲིན་གླིང་གི། །གདུལ་བྱའི་མགོན་གྱུར་པད་འབྱུང་རྣམ་ཐར་གསལ། །ལྟ་བུའོ། ། ༈ གཉིས་པ་དཔེ་ཡི་རྒྱན་གྱི་མཚན་ཉིད་ནི། བརྗོད་བྱའི་དོན་གྱི་དཔེར་བྱའམ་དཔེ་ཅན་གྱི་དངོས་པོ་དང་དཔེའི་དངོས་པོ་གཉིས་ཕན་ཚུན་མཚུངས་ཆོས་གཉིས་མཚུངས་པའི་མཚུངས་ཆོས་སྒྲས་ཟིན་པར་དངོས་སུ་བརྗོད་པའམ། མ་བརྗོད་ཀྱང་དོན་གྱི་ཤུགས་ལས་རྟོགས་པར་བྱེད་པ་སྟེ། དེ་ལའང་དབྱེ་ན་སོ་གཉིས་ལས། དང་པོ་ཆོས་དཔེ་ནི། མཚུངས་ཆོས་དངོས་སུ་སྒྲས་ཟིན་པ་སྟེ། ཟབ་མོ་ལྟ་བའི་རྒྱན་གྱུར་ཀླུ་སྒྲུབ་ཀྱི། །མཁྱེན་རབ་ལྷ་ཡི་ལམ་བཞིན་ཕ་མཐའ་བྲལ། །བསྟན་དང་འགྲོ་ལ་ཕན་པའི་མཛད་ཕྲིན་ཆེ། །ཉིན་མོར་བྱེད་པའི་རྗེས་འགྲོ་ཡོངས་ལ་གསལ། །གཉིས་པ་དངོས་པོའི་དཔེ་ནི། མཚུངས་ཆོས་དངོས་སུ་མ་སྨོས་པར་ཤུགས་ལས་གོ་བར་བྱས་པ་སྟེ། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་ཐོགས་མེད་ཞབས། །ས་བཅུའི་དབང་ཕྱུག་མ་ཕམ་མགོན་པོ་བཞིན། །རྒྱལ་དགོངས་མཐའ་དག་འགྲེལ་བའི་རྣམ་དཔྱོད་ཕུལ། །དག་བྱེད་གཏེར་གྱི་རྗེས་སུ་རྐང་པ་འཇོག །གསུམ་པ་གྲགས་པ་བཟློག་པའི་དཔེ་ནི། དཔེ་དཔེ་ཅན་ཕན་ཚུན་གོ་བཟློག་པ་སྟེ། ཕྱོགས་ཀྱི་གླང་པོའི་མཁྱེན་རབ་ཇི་བཞིན་དུ། །ལྷས་རྩེན་མ་འདིའི་ཕ་མཐའ་གཞལ་བར་དཀའ། །གང་གི་གྲགས་པས་ཕྱོགས་ཀུན་ཁྱབ་པ་བཞིན། །དབྱར་སྐྱེས་ཆུ་འཛིན་ཕྲེང་བས་མཛེས་པར་བྱས། །བཞི་པ་ཕན་ཚུན་གྱི་དཔེ་ནི། དེ་གཉིས་ཕན་ཚུན་དཔེ་ལེན་རེས་བྱས་པ་སྟེ། ཨཱཪྱ་དེ་ཝས་དེ་ཉིད་གཟིགས་པ་བཞིན། །འཇམ་དཔལ་དཔའ་བོས་ཆོས་ཀུན་གནས་ལུགས་མཁྱེན། །སྨྲ་བའི་སེང་གེས་ཐེག་མཆོག་སྒོ་དབྱེ་ལྟར། །འཕགས་པས་ཟབ་མོ་དབུ་མའི་གཞུང་བཟང་འགྲོལ། །ལྔ་པ་ངེས་པའི་དཔེ་ནི། མཚུངས་དཔེ་བཀོད་པ་དེ་ཁོ་ན་ལས་གཞན་མེད་ཅེས་ངེས་པར་བྱས་པ་སྟེ། ཤེས་བྱ་ཀུན་གཟིགས་འཕགས་པ་དབྱིག་གཉེན་གྱི། །མང་དུ་ཐོས་པ་རྒྱ་ཆེའི་དཔེར་འོས་པ། །སྔོན་དུས་ཐུབ་པའི་ཉེ་གནས་ཀུན་དགའ་བོ། །དེ་ལས་གཞན་དག་འཇིག་རྟེན་གསུམ་ན་དབེན། །དྲུག་པ་ངེས་མེད་ཀྱི་དཔེ་ནི། དེ་ལྟར་སྲིད་མཐའ་མ་བཀག་པ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་རིགས་ལམ་དང་། །ཟབ་མྱུར་སྤོབས་པའི་དཔེ་ཟླ་སྨྲ་བའི་རྒྱལ། །དེ་ལས་གཞན་དག་དེ་འདྲའི་ཚུལ་འཛིན་པའི། །རྒྱལ་སྲས་མཆོག་འགའ་མཆིས་ནའང་དེ་བྱེད་འགྱུར། །བདུན་པ་བསྡུས་པའི་དཔེ་ནི། རྗེས་སུ་འགྲོ་བའི་བྱ་བ་གཅིག་ལ་ཡོན་ཏན་དང་བྱེད་ལས་ལྟ་བུ་ཆོས་གཉིས་བསྡུས་པ་སྟེ། ངུར་སྨྲིག་འཛིན་པ་འཕགས་པ་ཡོན་ཏན་འོད། །རྣམ་དག་ཚུལ་ཁྲིམས་རྒྱན་མཆོག་འདི་ཁོ་ནས། །ཉེ་བར་འཁོར་དང་མཚུངས་ཞེས་བརྗོད་མིན་ཏེ། །དམ་ཆོས་འདུལ་གཞུང་རྒྱ་མཚོ་འཆད་འདིས་ཀྱང་། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། དེ་གཉིས་ཆོས་ཐ་དད་དུ་མ་ཡོད་ཀྱང་མེད་ཅེས་ཕུལ་བྱུང་གི་བརྗོད་པ་དཔེ་དང་ལྷན་ཅིག་ཏུ་སྦྱར་བ་སྟེ། འཕགས་ཡུལ་ཐམས་ཅད་ཡོད་སྨྲའི་དགེ་འདུན་དབུས། །མཁས་མཆོག་ཤཱཀྱ་འོད་འདི་མངོན་མཐོང་གི། །མ་ཕམ་རྒྱལ་བ་དགའ་ལྡན་ལྷ་བརྒྱའི་གཙོ། །ཐ་དད་ཙམ་ལས་གཞན་པའི་འབྱེད་ཆོས་གང་། །དགུ་པ་རབ་བཏགས་ཀྱི་དཔེ་ནི། མེད་པ་ལ་ཡོད་པར་སྒྲོ་བཏགས་ཏེ་རབ་བཏགས་དང་དཔེ་རྒྱན་སྦྱར་བ་སྟེ། རྨད་བྱུང་སློབ་དཔོན་ཤནྟ་དེ་ཝ་ཡི། །ཐུགས་རྒྱུད་སྙིང་རྗེའི་རླན་གྱིས་ཁྱབ་པའི་དཔལ། །ཡོད་ཅེས་ཨུཏྤལ་གཞོན་ནུས་སྙེམས་མི་འཚལ། །པདྨ་དཀར་པོ་ལ་ཡང་དེ་ཡོད་ཕྱིར། །བཅུ་པ་རྨད་བྱུང་གི་དཔེ་ནི། དཔེ་ཅན་དཔེས་བསྐྲུན་དུ་མེད་པར་བརྗོད་པ་སྟེ། སྤྲིན་བྲལ་ཟླ་བ་རྒྱས་པའི་དཀྱིལ་འཁོར་གྱིས། །འགྲོ་ལ་བླང་དོར་སྣང་བ་མཆོག་སྟེར་ཞིང་། །ཟུང་འཇུག་གྲུབ་པའི་དཔལ་གྱིས་མཛེས་གྱུར་ན། །ཙཎྜ་གོ་མི་མཆོག་གི་སྤུན་ཟླར་འོས། །བཅུ་གཅིག་པ་རྨོངས་པའི་དཔེ་ནི། དཔེ་དཔེ་ཅན་དུ་འཁྲུལ་ནས་སོ་སོར་དབྱེ་བ་མ་ཕྱེད་པར་རྨོངས་པ་སྐད་དུ་བརྗོད་པ་སྟེ། མཁན་ཆེན་ཞི་མཚོའི་རླབས་ཆེན་ཕྲིན་ལས་ཆེ། །སྟོན་མཆོག་ཤཱཀྱ་སེང་གེ་ཉིད་དུ་འཁྲུལ། །སླར་ཡང་མི་མཆོག་ཐུབ་པའི་རྣམ་ཐར་ཕུལ། །ཤནྟ་རཀྵི་ཏ་ཡི་མཛད་པར་རྟོགས། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། སོམ་ཉིའི་སྒོ་ནས་དཔེ་དོན་མཚུངས་པར་བསྟན་པ་སྟེ། དབང་པོ་ཞི་ཞིང་མཆོག་ཏུ་མཛེས་པའི་དཔལ། །དུ་མའི་འཁོར་གྱི་དབུས་ན་མངོན་འཕགས་འདི། །ཐུབ་དབང་ཛེ་ཏའི་ཚལ་ན་གཤེགས་པའམ། །ཞི་འཚོ་གང་ཡིན་བདག་སེམས་རྣམ་པར་གཡོ། །བཅུ་གསུམ་པ་གཏན་ཕེབས་ཀྱི་དཔེ་ནི། རྒྱུ་མཚན་ལ་བརྟེན་ནས་སྒྲོ་འདོགས་ཆོད་པ་སྟེ། ཞིབ་མོའི་བློ་ཡིས་བརྟགས་ཚེ་བསིལ་ལྗོངས་ཀྱི། །ཆོས་རྒྱལ་ལོ་པཎ་དུ་མས་བསྐོར་མཐོང་ཞིང་། །མཐའ་འཁོབ་འདུལ་བའི་ཕྲིན་ལས་ཁྱད་འཕགས་འདིས། །མཁན་ཆེན་བྱང་ཆུབ་སེམས་དཔར་ངེས་པ་རྙེད། །བཅུ་བཞི་པ་སྦྱར་བའི་དཔེ་ནི། གཉིས་ཀ་མཚུངས་ངེས་སྒྲ་དོན་སྦྱར་ཞིང་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པ་སྟེ། སྤངས་རྟོགས་མཐར་ཕྱིན་ཆོས་སྐུ་མཉམ་པ་ཉིད། །གང་འདུལ་འགྲོ་ལ་མཚན་དཔེའི་དཔལ་དུ་ཤར། །འདུལ་བ་བཞི་ཡི་ཕྲིན་ལས་བསམ་མི་ཁྱབ། །པད་འབྱུང་ཐུབ་མཆོག་ཤཱཀྱ་སེངྷ་བཞིན། །ཡང་ན། ཆོས་ནོར་འདོད་ཐར་སྡེ་བཞི་ཡི། །འབྱོར་པ་ཚད་མེད་རཱ་ཛཿམཆོག །དཔལ་དང་གཟི་བརྗིད་མཐུ་རྩལ་ཆེས། །ཁྲི་སྲོང་ལེགས་བྲིས་གཙོ་བོ་བཞིན། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། དཔེ་དཔེ་ཅན་གཉིས་བརྗོད་བྱ་དོན་གྱི་མཚུངས་ཆོས་ཆེར་མེད་ཀྱང་མཚུངས་གསལ་གྱི་སྒྲས་མཉམ་དུ་བརྗོད་ནས། དེ་གཉིས་གཅོད་མཚམས་གྱི་དབང་གིས་སོ་སོར་དོན་གོ་ཡང་གཉིས་ཀ་སྒྲ་མཚུངས་པས་སྒྲ་མཉམ་པ་ཉིད་དུ་སོང་བ་སྟེ། བདག་ལ་བརྩེ་བའི་མ་འདི་ནི། །དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་བཞིན། །སྒྱུ་ལུས་སྐྱེད་བྱེད་མ་ལགས་ཀྱང་། །སྡུག་བསྔལ་སྲིད་རྩ་གཅོད་མི་བྱེད། །ཡང་ན། མཁས་པའི་མཆོག་གྱུར་དཔལ་ལྡན་ཟླ་བའི་ཞབས། །གསུང་རབ་རྣམ་འབྱེད་འཕགས་པ་གྲོལ་སྡེ་བཞིན། །ཐལ་འགྱུར་གྲུབ་མཐའི་སྲོལ་འབྱེད་དངོས་མ་ཡིན། །རང་རྒྱུད་དགོངས་པའི་གནད་གསང་སྟོན་མི་བྱེད། །བཅུ་དྲུག་པ་སྨད་པའི་དཔེ་ནི། དཔེ་སྨད་ནས་དཔེ་ཅན་ཁྱད་འཕགས་སུ་བསྟན་པ་སྟེ། ལྷ་ཆེན་ཐིག་ལེ་མཆོག་མས་བསླུས། །བརྒྱ་བྱིན་གཤོལ་མེད་མ་དང་རྩེས། །དེ་ལས་མི་བདག་ཁྲི་སྲོང་མཆོག །མཚུངས་པ་ལས་ཀྱང་ཁྱད་འཕགས་ཉིད། །བཅུ་བདུན་པ་བསྔགས་པའི་དཔེ་ནི། དཔེ་ལ་བསྔགས་པའི་སྒོ་ནས་མཚུངས་པར་བསྟན་པ་སྟེ། ཚངས་པས་རིག་བྱེད་ཐོག་མར་དྲན། །བརྒྱ་བྱིན་མཐོ་རིས་གྲོང་གི་གཙོ། །དེ་དང་ཚངས་ཆེན་ལྷའི་མེ་ཏོག །རྣམ་པ་ཀུན་ཏུ་མཚུངས་པ་ཉིད། །བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། སྐྱོན་ཡོན་གང་དུ་གྱུར་ཀྱང་བརྗོད་འདོད་ཀྱི་སྒོ་ནས་དེ་གཉིས་མཚུངས་པར་བསྟན་པ་སྟེ། མང་དུ་ཐོས་པས་མཛེས་གྱུར་ཏམ། །ཅིག་ཤོས་དག་གིས་སྐྱོན་འགྱུར་ཡང་། །ལྷ་བྱིན་དང་ནི་དཔལ་འཛིན་གཉིས། །མཚུངས་ཤེས་བརྗོད་འདོད་བདག་ལ་སྐྱེས། །བཅུ་དགུ་པ་འགལ་བའི་དཔེ་ནི། ཆོས་གཅིག་ལ་རྣམ་པ་ཐ་དད་པ་ཙམ་གྱི་འགལ་བ་བརྗོད་པས་མཚུངས་པར་བསྟན་པ་སྟེ། འདོད་པས་གཟིར་དང་གདོན་གྱིས་རློམ། །ཆང་གིས་མྱོས་དང་དྲན་ཉམས་པ། །བབ་ཅོལ་ཐོ་ཅོའི་སྤྱོད་པ་རྣམས། །གཅིག་ཀྱང་ཕན་ཚུན་རྣམ་པ་འགལ། །ཉི་ཤུ་པ་དགག་པའི་དཔེ་ནི། དཔེས་འགྲན་ནུས་བཀག་པའི་སྒོ་ནས་མཚུངས་པར་བྱས་པ་སྟེ། ཉེ་བར་མ་ཞི་ལག་ན་མཚོན་ཆ་ཉེར་ཐོགས་ཤིང་། །ས་ཆེན་འདི་ཉིད་བྱིན་ཀྱང་བཅིང་བ་རྣམ་སྟེར་བའི། །གཡོན་ཅན་བྱས་པ་གཟོ་མིན་གོམ་གསུམ་པ་ཡིས་ནི། །བདེན་དུལ་མི་འཚེ་བཟོད་ལྡན་ཁྱོད་ལ་འགྲན་ནུས་མིན། །ཉེར་གཅིག་པ་མཛེས་པའི་དཔེ་ནི། དཔེ་ཅན་ལ་ངོ་བསྟོད་ཀྱི་ཟོལ་གྱིས་མཚུངས་པར་བསྟན་པ་སྟེ། བརྒྱ་བྱིན་འདྲེན་བྱེད་སྟོང་དང་ལྡན། །ལྷ་ཁྱོད་ལ་ནི་སྤྱན་གཉིས་མངའ། །འོན་ཀྱང་གཙུག་ལག་ཀུན་གཟིགས་པར། །མཚུངས་ལས་ཁྱད་འཕགས་གཞན་ཡོད་མིན། །ཉེར་གཉིས་པ་དེ་ཉིད་བརྗོད་པ་ནི། དཔེ་དཔེ་ཅན་གཉིས་མ་འཁྲུལ་པར་ཡིན་ལུགས་བདེན་པར་བརྗོད་པ་སྟེ། འདི་ནི་ས་ཡི་ཚངས་པ་སྟེ། །སྐབས་གསུམ་པ་ཡི་བདག་མ་ཡིན། །འདི་དག་ཉེ་དབང་འཁོར་མིན་ཏེ། །ལུགས་ཤེས་ཆོས་བློན་འདུས་ཚོགས་སོ། །ཉེར་གསུམ་པ་ཐུན་མོང་མིན་པའི་དཔེ་ནི། འཇིག་རྟེན་ན་དཔེ་གཞན་མ་རྙེད་ནས་རང་ཉིད་དཔེར་བྱས་པ་སྟེ། ཡིད་བཞིན་ནོར་དང་བུམ་བཟང་དཔག་བསམ་ཤིང་། །འདོད་འབྱུང་དགའ་ཚལ་ནོར་བུའི་གཏེར་སོགས་ཀྱིས། །ཆ་ཙམ་མཚོན་མིན་ཁོ་བོའི་འདྲེན་མཆོག་རྗེའི། །ཕྲིན་ལས་རང་ཉིད་དཔེ་ཟླར་བཞག་ལས་ཅི། །ཉེར་བཞི་པ་བྱུང་མིན་གྱི་དཔེ་ནི། སྔར་དེ་ལྟར་མ་བྱུང་བ་ལ་སྙན་ངག་མཁན་གྱིས་རྟོག་པས་བཏགས་པ་ངོ་མཚར་བའི་དཔེར་བྱས་པ་སྟེ། སྔོན་བྱོན་འཕགས་བོད་མཁས་གྲུབ་ཇི་སྙེད་པའི། །མཁྱེན་རྟོགས་ལེགས་མཛད་རྣམ་ཐར་བཟང་པོའི་ཚོགས། །བྱེད་པོའི་ཕྱག་རྒྱས་གཅིག་ཏུ་བསྡོམས་གྱུར་ན། །ཁོ་བོའི་འདྲེན་མཆོག་ཡོན་ཏན་རྗེས་སུ་བྱེད། །ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི། དཔེ་དོན་ཀུན་ལ་རྣམ་དབྱེ་ལྔ་པ་སྦྱར་ཞིང་འབྱུང་མི་སྲིད་པའི་བསམ་པས་དེ་གཉིས་མཚུངས་པར་བྱས་པ་སྟེ། ཉིན་མོར་བྱེད་ལས་མུན་པ་དང་། །ཟླ་བ་ལས་ནི་མེ་བཞིན་དུ། །མགོན་ཁྱོད་ཞལ་ནས་ཉེས་བཤད་ཚིག །འབྱུང་བ་ནམ་ཡང་སྲིད་མ་ཡིན། །ཉེར་དྲུག་པ་མང་བའི་དཔེ་ནི། དཔེ་མང་པོ་བཀོད་པས་བརྗོད་གཞི་དེ་ཁྱད་འཕགས་སུ་གསལ་བར་བྱེད་པ་སྟེ། རབ་གསལ་ཉི་མ་ཟླ་བ་དང་། །ནོར་བུ་སྒྲོན་མེ་གློག་འོད་བཞིན། །མཁས་པ་ཁྱོད་ཀྱི་ལེགས་བཤད་ཀྱིས། །འཇིག་རྟེན་ཐམས་ཅད་སྣང་བར་བྱས། །ཉེར་བདུན་པ་རྣམ་འགྱུར་ཀྱི་དཔེ་ནི། ངོ་བོ་གསེར་ལྟ་བུ་ལ་རྣམ་འགྱུར་རྣ་རྒྱན་སོགས་ཀྱི་ཁྱད་པར་ལྟར་དཔེ་ཉིད་དཔེ་ཅན་གྱི་རྣམ་འགྱུར་ཐ་དད་དུ་སྣང་བ་ཙམ་དུ་བརྗོད་པ་སྟེ། ཁྱོད་གསུང་ཉམས་བརྒྱས་སྒེག་པའི་དཔལ། །ཚངས་སྲས་རྒྱུད་མངས་ལས་དྲངས་བཞིན། །བསྟན་ལ་དགོངས་པའི་ཐུགས་བསྐྱེད་མཐུ། །སྲས་བཅས་རྒྱལ་ལས་བྱུང་བ་བཞིན། །ཉེར་བརྒྱད་པ་ཕྲེང་བའི་དཔེ་ནི། སྔ་མ་སྔ་མ་དཔེ་དང་ཕྱི་མ་ཕྱི་མ་དཔེ་ཅན་དུ་འགྱུར་བ་སྔ་ཕྱི་ལྟོས་པ་ཅན་གྱི་སྒོ་ནས་ཕྲེང་བ་ལྟར་སྤེལ་བ་སྟེ། རྒྱ་མཚོའི་རླབས་ལས་སྤྲིན་དང་ནི། །སྤྲིན་ལས་ཆར་དང་དེ་ཡིས་ཀྱང་། །ཆུ་གཏེར་འཕེལ་བར་བྱེད་པ་བཞིན། །མགོན་འདིས་བསྟན་འགྲོའི་བདེ་སྐྱིད་སྤེལ། །ཉེར་དགུ་པ་ངག་དོན་གྱི་དཔེ་ནི། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིགཚིག་དུ་མ་འདུས་པ་ལས་བཅད་ལྷུག་སྤེལ་མ་སོགས་ཀྱི་ངག་དོན་དུ་གྲུབ་པ་ཡིན་པས། གཞལ་བྱ་དཔེ་ཅན་དང་འཇལ་བྱེད་དཔེ་གཉིས་ཀ་ལ་བྱ་བྱེད་ལས་གསུམ་གཙོ་བོར་གྱུར་པའི་རྣམ་དབྱེ་བདུན་གསུམ་ཉེར་གཅིག་པོ་གང་རུང་ལས་ཅི་རིགས་པས་སྦྲེལ་བ་ཞིག་གི་དཔེའི་ངག་དོན་གྱིས་དོན་གྱི་ངག་དོན་ཉེ་བར་འཇལ་བས་བཞིན་སྒྲ་དང་བཅས་པ་ཞིག་སྟེ། དེ་ལ་བཞིན་སྒྲ་གཅིག་པ་ནི། ཁྱོད་སྐུ་ངུར་སྨྲིག་གིས་ཀླུབ་ཅིང་། །ཚུལ་ཁྲིམས་དྲི་བསུང་འཐུལ་བ་ཡང་། །གསེར་གྱི་ལྷུན་པོར་ལྷ་ཤིང་གི། །དྲི་ཡིས་ཀུན་ནས་འཁྱུད་བཞིན་མཛེས། །བཞིན་སྒྲ་དུ་མ་ཅན་ནི། ཡོངས་འདུའི་ལྗོན་བཞིན་གང་སྐུའི་དཔལ། །གྲིབ་བསིལ་བཞིན་དུ་ཉེས་ཀུན་སེལ། །འདོད་པ་འཇོ་བཞིན་བདག་གིས་ནི། །ཡང་ཡང་སྨིན་གྲོལ་དཔལ་ལ་སྤྱོད། །ཡང་ན། འོ་མའི་མཚོ་བཞིན་དབྱངས་ཅན་ཞལ། །ཨུཏྤལ་རྒྱས་བཞིན་འཛུམ་པའི་སྤྱན། །བུང་བས་རྩེན་བཞིན་ཁོ་བོ་ཡིས། །ཡང་དང་ཡང་དུ་བསྙེན་ཅིང་བསྟེན། །སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ་ནི། བརྗོད་བྱའི་དོན་དེ་ཉིད་ཉེ་བར་བཀོད་ནས། དེ་དང་ཆོས་མཚུངས་དཔེར་འོས་པ་ཞིག་ཟླ་གྲོགས་ཀྱི་ཚུལ་དུ་བཀོད་པ། དེ་གཉིས་མཚུངས་པར་དངོས་སུ་མ་བརྗོད་ཀྱང་ཤུགས་ལས་རྟོགས་པར་བྱེད་པ་སྟེ། འཕགས་བོད་གཞུང་འགྲེལ་བསྟན་བཅོས་ཆེས་མང་ཡང་། །ཤེས་བྱ་ཀུན་ཁྱབ་རྣམ་དཔྱོད་འགྲན་ནུས་སུ། །འཇིག་རྟེན་འདི་ན་སྒྲ་སྐད་རྣམ་མང་ཡང་། །ལྷ་ཡི་རྔ་ཆེན་གཅིག་ལས་གཉིས་ཡོད་མིན། །ཡང་། ཐེག་མཆོག་སྙིང་པོའི་ཟབ་གནད་མང་བཤད་ཀྱང་། །སྔོན་གོམས་ཀུན་རྟོག་སྤྲོས་པ་ཆོད་མ་གྱུར། །ལོ་ཧའི་ཏ་ཡིས་ལོ་བརྒྱར་བརླན་བྱས་ཀྱང་། །སྲ་མཁྲེགས་རྡོ་བའི་རང་ཚུལ་ག་ལ་གཏོང་། །ཡང་། ཁྲི་གདན་ཟླ་བའི་རྒྱབ་ཡོལ་ངོགས། །རྣམ་པར་འགྱིང་བའི་འཕགས་མ་ནི། །ཀེ་ལ་ཤ་རིའི་ཕྲག་གནས་པའི། །རི་བོང་འཛིན་པ་ཇི་བཞིན་མཛེས། །ཕྱི་མ་གཉིས་ཀྱང་ཟླ་བོ་དངོས་པོའི་དཔེར་འགྲོ་བར་བསྟན་བཅོས་གཞན་ལས་བཤད་པ་ལྟར་ཟུར་བརྒྱན་པའོ། །སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་ནི། རྗོད་བྱེད་ཀྱི་དཔེ་ལྷག་པས། བརྗོད་བྱའི་དཔེ་ཅན་གྱི་དོན་དམན་པ། བརྗོད་ཚུལ་བྱ་བ་གང་ཡང་རུང་བ་ལ་བྱེད་པ་མཚུངས་པར་བསྡུས་ནས་སྨྲས་པ་སྟེ། མཚོ་སྐྱེས་རྒྱལ་བས་རྔ་ཡབ་དཔལ་རི་དང་། །རྒྱལ་དབང་མཆོག་གི་གངས་ལྗོངས་རྒྱལ་ཐབས་འཛིན། །དེས་ནི་མི་བསྲུན་ཤ་རྗེན་ཟ་རྣམས་དང་། །ཁྱོད་ཀྱིས་རྨུ་རྒོད་སྐྱེ་བོའི་ཚོགས་རྣམས་འདུལ། །སོ་གཉིས་པ་རྒྱུའི་དཔེ་ནི། དཔེ་དཔེ་ཅན་གཉིས་རྒྱུའི་སྒོ་ནས་མཚུངས་པར་སྒྲུབ་ཅིང་མཚུངས་གསལ་གྱི་སྒྲས་ཟིན་པ་ཞིག་སྟེ། མགོན་ཁྱོད་མཁྱེན་པས་འཇམ་པའི་དབྱངས། །ཡོངས་ལ་བརྩེ་བས་སྤྱན་རས་གཟིགས། །ནུས་མཐུའི་སྟོབས་ཀྱིས་གསང་བའི་བདག །སྙན་པས་ཐུབ་པའི་རྗེས་སུ་བྱེད། །ལྟ་བུ་སྟེ་དེ་དག་གིས་གཞུང་གི་དངོས་བསྟན་རྣམས་སོང་ནས། ཤུགས་བསྟན་གྱིས་མཚོན་པ་གཞན་ཡང་སྤྲོས་པས་ཆོག་གོ །ཞར་བྱུང་དཔེའི་སྐྱོན་ཡོན་དཔྱད་པ་ལ། སྐྱོན་ལྟར་སྣང་ཡང་སྐྱོན་དུ་མི་འགྲོ་བས་མཁས་པ་རྣམས་ཀྱིས་སྤང་བྱར་མི་འདོད་པ་རྟགས་ཐ་དད་ཀྱང་སྐྱོན་མེད་ནི། མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་གྱི། །མཁྱེན་རྟོགས་འཇམ་དཔལ་དབྱངས་ལྟར་ཚད་བཟུང་བྲལ། །གང་གི་གསུང་ལས་སྐྱེས་པའི་མཁས་རྣམས་ཀྱིས། །བརྩེ་བའི་མ་ལྟར་འགྲོ་ལ་བླང་དོར་འདོམས། །མང་ཚིག་དང་ཉུང་ཚིག་ཐ་དད་པས་འཁྲུགས་པ་ལྟར་སྣང་ཡང་སྐྱོན་མེད་ནི། ངག་ལ་དབང་ཐོབ་ཆོས་དཔལ་རྒྱ་མཚོའི་སྡེ། །སྤྲུལ་པའི་ལོ་པཎ་རྣམས་བཞིན་སྤོབས་པ་ཟབ། །གསུང་སྐྱེས་མཁས་དང་གྲུབ་པ་ཆེས་མང་བའི། །གྲགས་དཀར་ཟླ་གཞོན་གཅིག་པུའི་དཔལ་ལ་འཐབ། །དཔེ་དོན་དམན་ལྷག་ཧ་ཅང་འགྱང་ཆེས་པ་ལྟར་སྣང་ཡང་སྐྱོན་མེད་ནི། བོད་མཁས་མི་ཕམ་དགེ་ལེགས་རྣམ་པར་རྒྱལ། །དཔལ་ལྡན་དཔའ་བོ་བཞིན་དུ་སྡེབ་སྦྱོར་མཁས། །དཎྜིའི་དགོངས་པ་གསལ་བྱེད་དཔེར་བརྗོད་ཕྲེང་། །མཚོ་བྱུང་ཕྱག་གི་རྒྱུད་མང་འཁྲོལ་བཞིན་སྙན། །དེ་ལས་བཟློག་པ་སྤང་བྱར་འདོད་པ་ནི། གཡོན་ཅན་ཆང་མིག་མ་ལྟར་མི་དབང་མཆོག །འདབ་ལྡན་ནེ་ཙོ་ཇི་བཞིན་སྨྲ་ལ་མཁས། །མི་འཇིགས་དཔའ་བ་ནོར་སྐྱོང་རྗེས་འགྲོ་ཞིང་། །མིག་གི་འབྲས་མཚུངས་ནོར་རྣམས་ཐུགས་སུ་བརྣག །ལྟ་བུ་སྟེ་མཁས་པས་ནམ་ཡང་སྦྱར་བར་མི་བྱའོ། །དཔེ་རྒྱན་དེ་དག་གི་སྐབས་སུ་བཤད་པའི་མཚུངས་གསལ་ཀྱི་སྒྲ་ཡི་རྣམ་གྲངས་བཤད་པ་ལ། ཤོང་དཔང་སོགས་ལོ་ཙྭ་བ་སྔོན་མས། མཚུངས་པ་གསལ་བྱེད་ཀྱི་སྒྲ་འདི་སཾ་སྐྲྀ་ཏའི་སྐད་སོར་བཞག་མང་དུ་ཡོད་ཅིང་། གྲངས་ཀྱང་དྲུག་ཅུ་རྩ་གསུམ་དུ་བཤད་སྣང་ཡང་། ཕྱིས་སྣར་ཐང་བ་སཾ་གྷ་ཤྲཱིས་ཐམས་ཅད་རྫོགས་པར་བསྒྱུར་ཞིང་གྲངས་ཀྱང་དྲུག་ཅུ་རྩ་ལྔར་བཤད། དེ་ཡང་སྡེ་ཚན་བཞིར་ཕྱེ་སྟེ། དཔེ་དོན་གསལ་བར་བྱེད་པའི་ཚིག་ཉི་ཤུ་རྩ་གཉིས། འདྲ་བའི་དོན་གསལ་བར་བྱེད་པ་བཅོ་བརྒྱད། དཔེ་རྒྱན་གསལ་བྱེད་བཅོ་ལྔ། དེ་ལྟ་བུ་ལ་སོགས་པའི་སྒྲ་བཅུ་སྟེ། འདི་རྣམས་ཚིག་སྦྱོར་གང་དང་གང་དུ་བྱུང་ཡང་དཔེ་དང་དཔེར་བྱ་དག་མཚུངས་པ་གསལ་བར་བྱེད་བ་ཡིན་པས་དཔེ་རྒྱན་དུ་ཤེས་པར་བྱའོ། །ཞེས་བོད་མཁས་པས་བཞེད་པའི་རྗེས་སུ་འབྲང་ན། སྡེ་ཚན་དང་པོ་ནི། ༡བཞིན་༢ལྟར་༣ལྟ་བུ་༤ཇི་ལྟར་སྒྲ། །༥མཐུན་༦མཚུངས་༧ཡང་དག་མཚུངས་དང་༨མཉམ། །༩ཡང་དག་གསལ་དང་༡༠ངེས་པར་གསལ། །༡༡རབ་གསལ་༡༢གཟུགས་ཀྱི་ཟླ་བོ་དང་། །༡༣གཉེན་པོ་དང་ནི་༡༤དགྲ་ཟླ་དང་། །༡༥སོ་སོར་རྟོག་དང་༡༦འགལ་དང་༡༧འདྲ། །༡༨བལྟ་བཅས་དང་ནི་༡༩བསླུ་བ་དང་། །༢༠རིགས་མཐུན་༢༡རྗེས་སུ་སྨྲ་བ་དང་། །ཞེས་འབྱུང་བ་རྣམས་རིམ་པར་དཔེར་བརྗོད་ན། རྫོགས་པའི་བྱང་ཆུབ་ལ་འདུན་པ། །ས་བཞིན་དཀར་པའི་ཆོས་ཀུན་རྟེན། །ལྷག་པའི་བསམ་པ་གསེར་བཟང་ལྟར། །ནམ་ཡང་རྐྱེན་གྱིས་འགྱུར་བ་མིན། །སྦྱོར་བ་ཡར་ངོའི་ཟླ་ལྟ་བུར། །དགེ་ཆོས་མཐའ་དག་གོང་འཕེལ་བྱེད། །ལྷག་བསམ་མེ་ཆེན་ཇི་ལྟ་བར། །རང་གིས་བྱ་བར་ངང་གིས་འཇུག །འཁོར་ཚེ་ལོངས་སྤྱོད་འཛད་མི་ཤེས། །སྦྱིན་པ་རིན་ཆེན་གཏེར་དང་མཐུན། །ཡོན་ཏན་མ་ལུས་འབྱུང་བས་ན། །ཚུལ་ཁྲིམས་རིན་ཆེན་འབྱུང་གནས་མཚུངས། །ནམ་ཡང་རྐྱེན་གྱིས་འཁྲུགས་མིན་པས། །བཟོད་པ་མཚོ་ཆེན་ཡང་དག་མཚུངས། །མི་མཐུན་ཕྱོགས་ཀུན་འཇོམས་བྱེད་པར། །བརྩོན་འགྲུས་རྡོ་རྗེའི་སྟོབས་དང་མཉམ། །བསམ་གཏན་གཡེང་བས་བསྐྱོད་མིན་པ། །ལྷུན་པོའི་མཚན་ཉིད་ཡང་དག་གསལ། །ཤེས་རབ་སྒྲིབ་ཀུན་ངེས་སེལ་བས། །སྨན་པའི་རྒྱལ་པོར་ངེས་པར་གསལ། །ཚད་མེད་རྣམ་བཞིས་ཕན་འདོགས་པ། །བཤེས་གཉེན་དམ་པའི་ཚུལ་རབ་གསལ། །གཞན་དོན་བྱེད་ལ་མཐུ་ལྡན་ཕྱིར། །མངོན་ཤེས་ནོར་བུའི་གཟུགས་ཀྱི་ཟླ། །གདུལ་བྱ་མཐའ་དག་ཡོངས་སྨིན་པའི། །བསྡུ་བཞི་འོད་འབྱིན་གཉེན་པོ་བྱེད། །སོ་སོར་ཡང་དག་རིག་བཞི་ཡིས། །ཆོས་སྟོན་དྲུག་སྐྱེས་དགྲ་ཟླར་འཐབ། །ངེས་དོན་ཆོས་ལ་དབང་བསྒྱུར་བའི། །རྟོན་བཞི་མི་བདག་སོ་སོར་རྟོག །ནམ་ཡང་འཛད་པར་མི་འགྱུར་བ། །ཚོགས་གཉིས་བང་བཛོད་རྣམ་པ་འགལ། །འཕགས་རྣམས་གང་ལས་གཤེགས་པའི་ཤུལ། །བྱང་ཕྱོགས་ལམ་པོ་ཆེ་དང་འདྲ། །ཞི་ལྷག་བཞོན་པ་བཟང་པོ་དང་། །གཟུངས་སྤོབས་བཀོད་མའི་ཆུ་འདྲར་མཐོང། །འདི་ལ་སྔར་བལྟ་བཅས་སུ་བསྒྱུར་ཅིང་གྲངས་གཉིས་སུ་འདྲེན་ཀྱང་འདི་ལྟར་འཐད་པར་ངག་རོལ་དུ་གསུངས། སྡོམ་བཞིའི་ཆོས་ཀྱི་དགའ་སྟོན་གྱིས། །སྒྲ་སྙན་དཔལ་ཀུན་བསླུ་བར་བྱེད། །མཐར་འབྲས་ལ་གཞོལ་བགྲོད་གཅིག་ལམ། །ཆུ་ཀླུང་ཆེ་དང་རིགས་མཐུན་ཉིད། །ཐབས་ལ་མཁས་པའི་མཛད་པ་ནི། །ཀུན་སྙོམས་སྤྲིན་ཆེན་རྗེས་སུ་སྨྲ། །མདོ་ནས་གསུངས་པ་ཇི་ལྟ་བར། །དཔེ་དོན་གསལ་བར་བྱས་པ་དགེ། །སྡེ་ཚན་གཉིས་པ་ནི། གཞུང་ལས། ༢༢གཟུགས་བརྙན་དང་ནི་༢༣སོ་སོར་སྡེབ། །༢༤གཟུགས་མཚུངས་༢༥མཉམ་དང་༢༦ཡང་དག་འཇལ། །༢༧མཚན་ཉིད་༢༨མཐུན་འདྲ་༢༩མཚུངས་པ་དང་། །༣༠མཐུན་ཕྱོགས་༣༡དཔེར་བྱས་༣༢དཔེ་དང་༣༣རྟོག །༣༤དམན་དང་༣༥ཅུང་ཟད་དམན་སོགས་དང་། །༣༦རབ་ཏུ་སྨྲ་དང་༣༧སོ་སོར་བཟློག །༣༨རིགས་མཐུན་༣༩མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག །ཅེས་པ་རྣམས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་གསུངས་པའི་ཁམས་ཀྱི་དཔེ་དོན་ལྟར་སྦྱར་ན། འདོད་ཆགས་བག་ཉལ་སྒྲིབ་པའི་ཚོགས། །རྙིང་གྱུར་པདྨའི་གཟུགས་བརྙན་འཛིན། །ཞེ་སྡང་ཤིན་ཏུ་མི་བཟད་དང་། །སྦྲང་བུའི་མཚོན་བརྡེག་སོ་སོར་སྡེབ། །གཏི་མུག་ཡང་དག་དོན་སྒྲིབ་པས། །སྤུན་པ་དག་དང་གཟུགས་མཚུངས་ཉིད། །ཀུན་ནས་ལྡང་བ་ཡིད་མི་འོང་། །ལྗན་ལྗིན་རུལ་བ་དག་དང་མཉམ། །མ་རིག་བག་ཆགས་སྒྲིབ་མཚན་ནི། །དབུལ་ཁྱིམ་ས་ཡིས་ཡང་དག་འཇལ། །མཐོང་སྤོང་སྒྲིབ་པ་ངེས་གཅོད་ཕྱིར། །འབྲས་སོག་ཤུན་དང་མཚན་ཉིད་མཐུན། །སྒོམ་སྤང་རགས་པ་ཟད་པའི་ལྷག །གོས་རུལ་རྙིང་དང་མཚན་ཉིད་འདྲ། །ས་བདུན་འབད་རྩོལ་ལ་ལྟོས་ཕྱིར། །མངལ་གྱི་སྦུབས་དང་མཚན་ཉིད་མཚུངས། །དག་སའི་སྒྲིབ་ཀུན་གཞོམ་སླ་བ། །ལུགས་སའི་འདོམ་གྱི་མཐུན་ཕྱོགས་ཉིད། །ཆོས་ཀྱི་སྐུ་ནི་དཔེ་བྲལ་ཕྱིར། །རང་ཉིད་མཚོན་པའི་དཔེ་རུ་བྱས། །དེ་བཞིན་ཉིད་དུ་རོ་གཅིག་པའི། །ཟབ་པ་སྦྲང་རྩིའི་རོ་ཡི་དཔེ། །རྣམ་པ་མང་སྟོན་རྒྱ་ཆེ་བ། །སྣ་ཚོགས་འབྲུ་ཡི་སྙིང་པོར་རྟོག །རང་བཞིན་གནས་རིགས་འབྱོར་པ་ལས། །ས་འོག་གཏེར་ནི་ཅུང་ཟད་དམན། །རྒྱས་འགྱུར་ཡོན་ཏན་གོང་འཕེལ་བ། །འབྲས་ལྡན་ལྗོན་བཟང་རབ་ཏུ་སྨྲ། །ཆོས་ཀྱི་སྐུ་དང་རིན་ཆེན་གཟུགས། །རྐྱེན་ལ་ལྟོས་མིན་སོ་སོར་བཟློག །ལོངས་སྤྱོད་རྫོགས་སྐུའི་དབང་འབྱོར་སྟོབས། །འཁོར་སྒྱུར་སྲས་དང་རིགས་མཐུན་ཉིད། །གང་འདུལ་སྤྲུལ་པའི་རོལ་རྩེད་ནི། །སྣ་ཚོགས་གསེར་གཟུགས་མཉམ་བྱས་སྟོན། །འདི་ཡང་མདོ་ལས་གསུངས་པ་སྟེ། །མཐར་ཐུག་དཔེ་བྲལ་མཁྱེན་པར་མཛོད། །སྡེ་ཚན་གསུམ་པ་ནི། འབྲུ་མང་པོ་ཡི་ཚིག་སྡུད་ནི། །རི་བོང་མཚན་མའི་གདོང་ཅན་སོགས། །འགྲན་དང་རྒྱལ་དང་སྡང་བ་དང་། །འཁུ་དང་མི་མཐུན་སྒྲོགས་པ་དང་། །འཐབ་པ་དང་ནི་འཕྱ་བ་དང་། །སྨ་འབེབས་བྱེད་དང་སྨོད་པ་དང་། །ཅོ་འདྲི་བ་དང་མགོག་པ་དང་། །དགོད་དང་ཕྲག་དོག་མི་བཟོད་དང་། །ཞེས་པ་སྟེ། དེ་ཡང་དཔེར་བརྗོད་པ། ཟླ་བའི་གདོང་མཛེས་ཨུཏྤལ་མིག་དཀྱུས་རིང་། །བིམྤའི་མཆུ་སྒྲོས་གེ་སར་ཚེམས་ཕྲེང་དངར། །ལྕུག་ཕྲན་ཕྱག་མངའ་ཆུ་ཤིང་གཞོན་ནུའི་བརླ། །རྒྱ་མཚོའི་ལྷ་མོ་བདག་ཡིད་འོ་མཚོར་རོལ། །ཞེས་པ་འབྲུ་མང་པོའི་ཚིག་སྡུད་དེ་རང་མིང་གིས་ཀྱང་དཔེར་བརྗོད་མཚོན་པར་ནུས་སོ། །དེ་ནས་རིམ་པར། བརྟན་གཡོའི་མཛེས་ཕུལ་བྱེད་པོའི་ཕྱག་རྒྱ་ཡིས། །གཅིག་ཏུ་བསྡོམས་ལ་འགྲན་བཟོད་ཚངས་སྲས་མ། །ཕུལ་བྱུང་མཚན་དཔེའི་འོད་ཟེར་འབུམ་ཕྲག་གིས། །གཟི་ལྡན་བྱེ་བའི་དཔལ་ལས་ཅིས་མི་རྒྱལ། །ཟླ་གཞོན་བཞུས་པའི་ཁུ་བས་ཏི་སེའི་རིར། །ལན་སྟོང་བྱུགས་ལ་སྡང་བྱེད་ཁྱོད་སྐུའི་དཔལ། །སྲིད་འབྱོར་མཐའ་དག་སྤུངས་ལ་འཁུ་བ་ཡི། །བརྒྱ་ཕྲག་རིན་པོ་ཆེ་ཡི་རྒྱན་ཆས་སྒེག །ལྷ་རྫས་པཉྩ་ལི་ཀའི་གོས་བཟང་དང་། །དབང་གཞུ་མཛེས་བཀྲག་སུ་ཆེར་མི་མཐུན་སྒྲོགས། །བཻཌཱུཪྱ་རྒྱུད་མང་སྦྲེང་བའི་སྙན་འགྱུར་དབྱངས། །རིག་བྱེད་དྲན་པོའི་ངག་དང་ཕན་ཚུན་འཐབ། །དགྱེས་ཞལ་འཛུམ་པའི་ཟུར་མིག་གཡོ་བ་ཡིས། །པད་དཔལ་བུང་བས་བསྟེན་ལ་འཕྱ་བར་བྱེད། །ཙོག་པུའི་ཚུལ་གྱིས་འགྱིང་བག་ལྡན་པའི་སྐུས། །ཐིག་ལེ་མཆོག་མའི་མཛེས་སྡུག་སྨ་འབེབས་བྱེད། །དཀའ་བཟློག་དྲེགས་པ་སྨོད་པའི་ལང་ཚོ་ཅན། །ཁྱོད་སྐུས་སྲིད་གསུམ་འགྲོ་བ་མ་བཅོམ་སུ། །རྡོ་རྗེ་སྒྲ་མའི་དབྱངས་ལའང་ཅོ་འདྲི་བའི། །གང་གསུང་ས་གསུམ་རྣ་བའི་བཅུད་ལེན་ཉིད། །ལྷས་རྩེན་ཕ་མཐའ་འགོག་པའི་མཁྱེན་རབ་ཕུལ། །འགྲོ་ལ་རྗེས་ཆགས་བརྩེ་བའི་དཀྱིལ་འཁོར་རྒྱས། །སྲིད་ཞིའི་ཁོངས་ན་རྫོགས་མིན་ཡོན་ཏན་ཆེས། །ཀུན་མཁྱེན་ཡེ་ཤེས་མཛོད་ལའང་དགོད་དུ་འགྲོ། །བུམ་བཟང་དཔག་བསམ་ནོར་བུས་ཕྲག་དོག་པའི། །ཕན་བདེའི་རེ་སྐོང་ཕྲིན་ལས་ཕ་མཐའ་ཡས། །ལུགས་ཤེས་ཕུར་བུའི་བློས་ཀྱང་མི་བཟོད་པའི། །ཁྱོད་ཞབས་བསྟེན་རྣམས་སྤོབས་པ་དགེ་བས་འཚེངས། །དེ་སྐད་དཔེ་རྒྱན་གསལ་བྱེད་གསུམ་པའི་སྡེས། །ངག་དབང་ལྷ་མོ་གུས་པས་མཆོད་པའི་མཐུས། །ཡིད་ལ་ཡེ་ཤེས་འཇུག་པས་རབ་སྲུང་ནས། །བརྗོད་པའི་ངག་འདི་ནཱ་དར་གྲོལ་གྱུར་ཅིག །རྒྱ་འགྲེལ་གཉིས་ཀར་འདི་ཡན་ཆད་སྡེ་ཚན་གཅིག་ཏུ་བྱས་ཡོད་པར་ངག་རོལ་ལས་བཤད་དོ། །སྡེ་ཚན་བཞི་པ་ནི། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་༥༥། །དེ་ཡི་འཛེས་པ་ཟུམ་བྱེད་དང་༥༦། །དེ་དང་འགྲན་ལས་ཚར་གཅོད་དང་༥༧། །དེ་དང་མཚུངས་ལས་ལྷག་པར་འཛེགས༥༨། །དེ་ཡི་རྗེས་སུ་རྐང་འཇོག་དང་༥༩། །དེ་ཡི་ནུས་པ་ལ་འཇུག་དང་༦༠། །དེ་ཡི་རྗེས་འགྲོ་༦༡རྗེས་སུ་འཆིངས༦༢། །དེ་ཡི་ངང་ཚུལ་༦༣དེ་འགོག་དང་༦༤། །དེ་ཡི་རྗེས་སུ་༦༥བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་པ་སྟེ། དེ་རྣམས་དཔེར་བརྗོད་པ། ཐུབ་དབང་གཟུགས་སྐུ་འགྲོ་ལ་སྣང་བྱེད་པས། །ལྷ་དབང་གཟུགས་བརྙན་སྐལ་བཟང་འཕྲོག་པར་བྱེད། །གང་གསུང་གདམས་ངག་རྗེས་སུ་བསྟན་པ་ཡིས། །ལྷ་ཡི་རྔ་སྒྲའི་མཛེས་པ་ཟུམ་པར་བྱེད། །ཁྱོད་ཐུགས་མཁྱེན་དང་བརྩེ་བས་ཡོངས་ཁྱབ་པས། །མཁའ་དབྱིངས་སྤྲིན་དང་འགྲན་ལས་ཚར་གཅོད་དོ། །དབྱིངས་ལས་མ་གཡོས་རྣམ་འཕྲུལ་ཚད་མེད་པ། །ཚངས་པའི་སྤྲུལ་དང་མཚུངས་ལས་ལྷག་པར་འཛེགས། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྤྲོ་བ་ཡང་། །ཉིན་མོར་བྱེད་པའི་རྗེས་སུ་རྐང་པ་འཇོག །རྣམ་པར་མི་རྟོག་ཐུགས་ཀྱི་གསང་བ་མཆོག །ཡིད་བཞིན་མཐོན་ཀའི་ནུས་ལ་རབ་ཏུ་འཇུག །སྒྲ་ཚིག་ཡི་གེའི་ངོ་བོར་མི་གནས་པའི། །གསུང་གི་གསང་བ་སྒྲ་སྙན་རྗེས་འགྲོ་ཟབ། །སྣ་ཚོགས་སྣང་ཡང་དེ་ངོར་མི་དམིགས་པའི། །ཁྱོད་སྐུའི་གསང་བས་མཁའ་འདི་རྗེེས་སུ་འཆིིང་། །ཐུགས་རྗེ་ཆེན་པོས་རླབས་ཆེན་གཞན་དོན་ལ། །ནམ་ཡང་མི་ངལ་བཟོད་ལྡན་ངང་ཚུལ་འཛིན། །ཟག་བྲལ་ཡོན་ཏན་ལྷུན་གྲུབ་འདུས་མ་བྱས། །ནམ་ཡང་འབྲལ་མིན་ཉི་མཁའི་ངང་ཚུལ་འགོག །འཁོར་མཐའ་ཇི་སྲིད་རྒྱུན་མི་འཆད་པ་ཡི། །ཕྲིན་ལས་སྐལ་ལྡན་ཤིང་རྟའི་རྗེས་སུ་བྱེད། །ཨེ་མ་ངོ་མཚར་རྨད་བྱུང་ཐུབ་མཆོག་གི། །གསང་བ་ཟབ་མོའི་ཚུལ་ལ་ཉེར་བསྔགས་པའི། །དགེ་བས་བདག་གཞན་རྗོགས་སྨིན་སྦྱངས་མཐར་ཕྱིན། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཅེས་པ་ལྟ་བུ་དངོས་བསྟན་དང་གཞན་ཡང་རྒྱ་འགྲེལ་ལས་བཤད་པའི། མང་རིག་ཆོས་མཐུན་སོགས་ལྔ་དང་། ཆ་གྲོགས་སོགས་བོད་འགྲེལ་དུ་ཁ་བསྐང་བ་བཅུ་གཅིག་གིས་མཚོན་མཚུངས་པ་གསལ་བྱེད་ཀྱི་སྒྲ་དུ་མ་ཡོད་པ་རིགས་པས་དཔྱད་ལ་སྦྱར་བར་བྱའོ། །དེ་ཡང་དཔེ་རྒྱན་གྱི་མཚུངས་གསལ་སྒྲ་དང་། རབ་རྟོག་གསལ་བྱེད་ཀྱི་སྒྲ་གཉིས་ཀྱི་ཁྱད་པར། སོ་སོའི་སྐབས་རྒྱ་དཔེའི་སྟེང་ནས་མ་དཔྱད་པར་གོ་དོན་དཔྱིས་ཕྱིན་པ་རྙེད་དཀའ་ཡང་། གང་ཞིག་དཔེ་དང་དཔེ་ཅན་མཚུངས་ཆོས་གསུམ་ཚང་ཞིང་དེ་གསལ་བའི་དོན་དུ་བཞིན་སྒྲ་སྦྱར་ན་དཔེའི་མཚུངས་གསལ་དང་། ཡང་སེམས་ལྡན་ནམ་སེམས་མེད་གང་རུང་གང་ཞིགདཔེ་དཔེ་ཅན་མཚུངས་ཆོས་གསུམ་མ་ཚང་ཞིང་རང་གི་རྣམ་པ་ཇི་ལྟར་གནས་པའི་ཚུལ་དེ་ལས་རྣམ་པ་གཞན་དུ་སྒྲོ་འདོགས་པའམ་རབ་ཏུ་རྟོག་པ་གསལ་བའི་ཕྱིར་བཞིན་སྒྲ་སྦྱར་ན་རབ་རྟོག་གསལ་བྱེད་དུ་འགྱུར་བ་ཡིན་གྱི། ཚིག་གྲོགས་གཞན་གང་ལའང་མ་ལྟོས་པའི་ཨི་བའམ་བཞིན་གྱི་སྒྲ་རྐྱང་པའི་ངོས་ནས་དེ་གཉིས་ཀྱི་དབྱེ་བ་འབྱེད་མི་ཤེས་ཤིང་དགོས་པའང་མེད་དོ། །འོན་ཀྱང་དེ་ལྟར་བཤད་པའི་མཚུངས་གསལ་གྱི་སྒྲ་དེ་ཁོ་ནས་གསལ་བར་མ་བྱས་པའི་དཔེ་རྒྱན་མི་སྲིད་པ་ལྟ་བུ་མིན་ཏེ། གཞུང་གི་དཔེར་བརྗོད་ལའང་བསྡུས་པའི་དཔེ། ཕུལ་བྱུང་དཔེ། རབ་རྟོག་དཔེ། ཐེ་ཚོམ་དཔེ། གཏན་ཕེབས་དཔེ། དགག་དཔེ། དེ་ཉིད་བརྗོད་དཔེ། ཟླ་བོ་དངོས་པོ། །མཚུངས་སྦྱོར་གྱི་དཔེ་སོགས་མང་པོ་ཞིག་ལའང་མཚུངས་གསལ་གྱི་སྒྲ་འདི་རྣམས་མ་ཡིན་པའི་བརྗོད་ཚུལ་གྱི་རྣམ་བཞག་གཞན་གྱིས་མཚུངས་པ་གསལ་བར་བྱས་པ་དངོས་སུ་མཐོང་བ་ལྟར་དང་། ཡང་ལྡོག་པ་ཅན་སོགས་རྒྱན་གཞན་གྱི་སྐབས་སུའང་མཚུངས་གསལ་གྱི་སྒྲ་འདི་རྣམས་ལས་འགའ་ཞིག་གིས་དཔེ་དོན་མཚུངས་པ་གསལ་བར་བྱས་པ་ཡོད་མོད་ཀྱི། དེ་དག་ལ་རང་རང་གི་ཁྱད་ཆོས་མི་འདྲ་བ་ཡོད་པའི་ཕྱིར་དཔེ་རྒྱན་དང་ཟློས་པར་མི་འགྱུར་བ་སོགས་ཀྱི་གནད་ཀྱང་ཤེས་པར་བྱའོ། ། ༈ གསུམ་པ་གཟུགས་ཅན་གྱི་རྒྱན་ནི། གང་ཞིག་ཆོས་མཚུངས་པར་གྱུར་པའི་དཔེ་དང་དཔེ་ཅན་གཉིས་པོ་ཐ་དད་དུ་བཀོད་ནས་འདྲ་བར་བརྗོད་པ་མ་ཡིན་པར། དཔེ་ཅན་དཔེའི་ངོ་བོའམ་དེའི་གཟུགས་སུ་བཀོད་པས་དེ་གཉིས་ཐ་དད་དུ་སྣང་བ་མིན་པར་དོན་གཅིག་ཏུ་བརྟགས་པའི་དཔེ་རྒྱན་ཟུར་པ་ཞིག་སྟེ། དཔེའི་གཟུགས་ཅན་མ་གཏོགས་གཞན་རྣམས་ལ་མཚུངས་གསལ་གྱི་སྒྲ་སྤོང་བ་གལ་ཆེའོ། །དེ་ལ་རྣམ་གྲངས་ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན་ནི། རྒྱ་དཔེར་ཁྱད་པར་གྱི་བསྡུ་བའམ་ཐམས་ཅད་ལས་འཛིན་པའི་བསྡུ་བས་གཞི་མཐུན་བྱས་ནས་བསྡུས་པས་རྣམ་དབྱེ་དང་པོ་བསྡུས་རྗེས་གསལ་ཡང་། བོད་སྐད་ལ་ནི་གཟུགས་ཅན་གྱི་སྐབས་འདིར་དཔེར་བྱ་དཔེའི་ངོའམ་རྣམ་པར་བཀོད་པའི་རྣམ་དབྱེ་ཐམས་ཅད་དྲུག་པ་ཀྱི་གྱི་གི་ཡི་འི་གང་རུང་འབྱུང་བས་དེ་ཉིད་བསྡུས་པ་སྟེ། དཔེར་ན། དག་པ་གཉིས་ལྡན་ཀུན་གསལ་ངོགས། །ངེས་པ་ལྔ་རྫོགས་ཆུ་འཛིན་འཁྲིགས། །མཁྱེན་གཉིས་ཆར་རྒྱུན་འབུམ་འཇོ་བ། །སྐུ་གསུམ་དབྱེར་མེད་བླ་མས་སྐྱོངས། །གཉིས་པ་མ་བསྡུས་པ་ནི། དཔེ་དཔེ་ཅན་བར་གྱི་དྲུག་སྒྲ་མ་བསྡུས་པ་སྟེ། མང་ཐོས་ལུང་གི་ཆུ་ཁུར་དཀྲིགས། །རྣམ་དག་རིགས་པའི་འབྲུག་སྒྲ་ལྡིར། །མན་ངག་ཟབ་དགུའི་ཆར་འབེབས་པའི། །རིག་འཛིན་བརྒྱུད་པར་བཅས་ཀུན་རྒྱལ། །གསུམ་པ་བསྡུས་ཤིང་མ་བསྡུས་པ་ནི། དཔེར་བརྗོད་གཅིག་ལ་བསྡུས་མ་བསྡུས་གཉིས་ཀ་ཡོད་པ་སྟེ། སྔོན་སྨོན་ཐུགས་བསྐྱེད་དབང་ཕྱོགས་ས་འཛིན་རྩེར། །རྨིས་ལྟས་ཁྱད་འཕགས་སྐྱ་རེངས་ཁ་ལོ་ཡིས། །ཉེར་དྲངས་བཅོ་བརྒྱད་ཏནྟྲའི་ཉིན་བྱེད་གཟིས། །དམན་ལམ་གྲུབ་མཐའི་མུན་སེལ་རྒྱལ་པོ་ཛཿ། །དེ་ལྡོག་མ་བསྡུས་ཤིང་བསྡུས་པ་ནི། མཁྱེན་བཟང་རྟོགས་པའི་གེ་སར་རྩེར། །ཟབ་རྒྱས་གདམས་པའི་ཟིལ་དངར་འཇོ། །སྐལ་བཟང་རྐང་དྲུག་རེ་སྐོང་མཛད། །རིག་འཛིན་ཨུ་དུམ་དགའ་ཚལ་མཛེས། །བཞི་པ་མཐའ་དག་གཟུགས་ཅན་ནི། ཡན་ལག་དང་ཡན་ལག་ཅན་གཉིས་ཀ་གཟུགས་སུ་བཀོད་པ་སྟེ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་རྩ་བརྟན་གཞན་ཕན་ཕྱིན་དྲུག་ཡལ་འདབ་མཛེས། །ས་ལམ་ཡོན་ཏན་མེ་འབྲས་ཆེར་སྨིན་ཕན་བདེའི་གྲིབ་བསིལ་རྒྱ་ཆེན་ལྡན། །སྐལ་བཟང་ཐར་འདོད་འཕུར་འགྲོས་ཉེར་བརྟེན་གྲགས་པའི་དྲི་བསུང་རྨད་བྱུང་བའི། །སྲས་བཅས་རྒྱལ་བའི་དཔག་བསམ་ལྗོན་བཟང་སུ་ཞིག་གིས་ནི་བཀུར་མི་བྱེད། །ལྔ་པ་ཆ་ཤས་གཟུགས་ཅན་ནི། ཆ་ཤས་སམ་ཡན་ལག་གཟུགས་སུ་བཀོད་ནས། ཆ་ཤས་ཅན་ནམ་ཡན་ལག་ཅན་གཟུགས་སུ་མ་བྱས་པ་སྟེ། སྟོན་པའི་ཞལ་ཚབ་འོད་སྲུང་ཆེའི། །ཚེམས་ཕྲེང་མུ་ཏིག་མཛེས་པར་ལས། །ཆོས་མངོན་བདུད་རྩིའི་ཆར་ཕབ་པས། །འགྲོ་བློའི་བུམ་བཟང་འགེངས་པར་བྱས། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ནི། ཡན་ལག་ཅན་གཟུགས་སུ་བཀོད་ནས་ཡན་ལག་རྣམས་གཟུགས་སུ་མ་བྱས་པ་སྟེ། མང་དུ་ཐོས་པའི་ཉེ་གནས་མཆོག །དགའ་བོ་འཆི་མེད་ལྗོན་བཟང་ཆེས། །མདོ་སྡེ་ལེགས་པར་བཤད་པ་ཡིས། །དགྲ་བཅོམ་ལྔ་བརྒྱའི་གདུང་བ་བསལ། །བདུན་པ་ཡན་ལག་གཟུགས་ཅན་ནི། ཡན་ལག་ཅན་གཟུགས་སུ་མ་བཀོད་པར་ཡན་ལག་རྣམས་གཟུགས་སུ་བཀོད་པ་སྟེ། དེ་ལས་ཡན་ལག་གཅིག་གཟུགས་སུ་བཀོད་པ། དགྲ་བཅོམ་ཉེ་བར་འཁོར་མཆོག་གིས། །ཆོས་འདུལ་རིན་ཆེན་སྒྲོམ་གྱི་ཁ། །ལེགས་པར་ཕྱེས་དེས་དབྱིག་འཛིན་ཁྱོན། །རྣམ་བཞིའི་འཁོར་གྱིས་མཛེས་པར་བྱས། །ཡན་ལག་གཉིས་གཟུགས་སུ་བཀོད་པ། མཁན་པོའི་ལུང་བསྟན་སྐྱ་རེངས་ཀྱིས། །ཉེར་དྲངས་བརྩོན་པའི་ཉིན་བྱེད་གཟིས། །ཁ་ཆེའི་ཡུལ་སོགས་མཐའ་འཁོབ་འགྲོ། །འདུལ་མཛད་འཕགས་པ་ཉི་མ་གུང་། །ཡན་ལག་གསུམ་གཟུགས་སུ་བཀོད་པ། བསླབ་གསུམ་པདྨ་དཀར་པོའི་དྲིས། །སྐལ་བཟང་བུང་བ་ཉེར་སྡུད་ཅིང་། །རྣམ་གྲོལ་ཟག་མེད་མྱོས་གླུ་ཡིས། །འགྲོ་མང་དགའ་བསྐྱེད་ཤཱ་ནའི་གོས། །དེ་ཡང་སྤྱིར་ཡན་ལག་དང་ཆ་ཤས་དོན་གཅིགཡན་ལག་ཐམས་ཅད་གཟུགས་སུ་བཀོད་པ་དང་། ཆ་ཤས་གཟུགས་ཅན་གཉིས་ལ་དབྱེ་བ་མེད་པས། ཡན་ལག་གཅིག་གཟུགས་སོགས་དེ་ཡན་ལག་ཅན་དེ་ལ་ཡན་ལག་ཇི་ཙམ་སྨོས་པ་དེ་ལས་གཅིག་སོགས་གང་རུང་གཟུགས་སུ་བཀོད་པ་དེ་ཡིན་ལ། ཆ་ཤས་གཟུགས་ཅན་ལ་ཆ་ཤས་སམ་ཡན་ལག་ཐམས་ཅད་རྣམ་པ་ཀུན་ཏུ་གཟུགས་སུ་བཀོད་པའི་ཁྱད་པར་རོ། །བརྒྱད་པ་ལྡན་པའི་གཟུགས་ཅན་ནི། དཔེའི་ངོ་བོར་བཀོད་པའི་ཡན་ལག་རྣམས་འགྲོགས་པས་ལྡན་ཅིང་འབྲེལ་བ་སྟེ། ཐུབ་བསྟན་ཀུན་གསལ་ཡངས་པའི་ངོགས། །ཉེར་སྦས་འཇིག་རྟེན་མིག་ཤར་བས། །ཡིད་སྲུབ་གཡོ་འཕྲུལ་མུན་པའི་དཔུང་། །གཏན་བཅིལ་གྲགས་དཀར་སྣང་བས་ཁྱབ། །དགུ་པ་འོས་མིན་གྱི་གཟུགས་ཅན་ནི། ཡན་ལག་རྣམས་མི་འོས་ཤིང་མི་འགྲོགས་པ་སྟེ། ལེགས་མཛད་ཧ་རིའི་བཞོན་པའི་དྲིས། །ཐུབ་བསྟན་མཚོ་ཆེན་ཆེར་སྤེལ་ཞིང་། །གདུལ་བྱའི་ཀུན་དཀྲིས་འཆིང་བ་ཀུན། །གཅོད་མཛད་འཕགས་པ་ངྷཱི་ཏི་ཀ །བཅུ་པ་མི་མཉམ་པའི་གཟུགས་ཅན་ནི། ཡན་ལག་རྣམས་གཟུགས་སུ་བྱས་པ་དང་མ་བྱས་པ་དང་འཕར་གཟུགས་སོགས་མི་མཉམ་པ་སྟེ། བསླབ་གསུམ་སྦྱངས་ཡོན་ཕུལ་དུ་བྱུང་། །དགྲ་བཅོམ་འབྲས་ལྡན་དཔག་བསམ་དབང་། །ཕན་བདེའི་གྲིབ་བསིལ་འདོད་དགུའི་ཆར། །སྦྱིན་མཛད་འཕགས་པ་ནག་པོའི་ཞབས། །བཅུ་གཅིག་པ་ཁྱད་པར་གྱི་གཟུགས་ཅན་ནི། དངོས་པོའི་ཁྱད་པར་མི་འདྲ་བ་གཉིས་ཚོགས་པས། དཔེ་རྒྱལ་མཚན་ལ་སོགས་པ་དཔེར་བྱའི་དངོས་པོ་གཉིས་ལས་གཞན་ཞིག་གི་གཟུགས་སུ་གྲུབ་པ་སྟེ། གངས་ལྗོངས་བཤད་སྒྲུབ་ལྷ་གོས་རྩེར། །རྣམ་གསུམ་ཡོ་གའི་ཏོག་འབར་བས། །དམན་ལམ་རྒོལ་བས་བརྫི་མིན་པའི། །མཆོག་བསྟན་རྒྱལ་མཚན་རྒྱལ་གྱུར་ཅིག །བཅུ་གཉིས་པ་འགལ་བའི་གཟུགས་ཅན་ནི། དཔེ་ཅན་རང་གི་བྱ་བ་མི་བྱེད་པར་གཞན་གྱི་བྱ་བ་བྱེད་པས་བྱ་བ་འགལ་བ་སྟེ། དཀའ་ཐུབ་མཐུ་ཡིས་རྣམ་སད་གྲོང་ཁྱེར་ནས། །ཕབ་མིན་དྲང་སྲོང་ལྟོ་བར་མ་བསྐྱིལ་བའི། །དཎྜིའི་ཚིག་རྒྱན་ཚངས་པའི་རལ་ཀླུང་འདིས། །ཁོ་བོའི་ཡིད་ནི་དབང་མེད་རྣམ་ཀུན་འཆིང་། །བཅུ་གསུམ་པ་རྒྱུ་ཡི་གཟུགས་ཅན་ནི། རྒྱུའམ་རྒྱུ་མཚན་གྱི་སྒོ་ནས་གཟུགས་སུ་བཀོད་པ་སྟེ། དད་པ་སྔོན་དུ་འགྲོ་བས་འཁོར་ལོ་མཆོག །དགེ་བའི་ཆོས་ཀུན་སྡུད་པས་ལག་པ་སྟེ། །ཉེས་པའི་མུན་ཚོགས་སེལ་བས་ཉིན་མོར་བྱེད། །བདེ་བའི་གྲོང་དུ་འཁྲིད་ཕྱིར་མིག་བུའང་ཡིན། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། དཔེ་ཅན་དཔེའི་གཟུགས་སུ་བཀོད་ནས་དེར་འོས་པའི་སྒྲ་དང་དོན་སྦྱར་བས་གཟུགས་ཅན་དང་སྦྱར་བ་གཉིས་ཀ་ངག་གཅིག་གི་རྒྱུན་ལ་ཡོད་པ་སྟེ། གཏོང་བ་ཕུན་ཚོགས་དཔག་བསམ་ལྗོན། །རཱ་ལྷ་མིའི་རྒྱལ་པོ་སྒྲ་སྦྱར་ཛ་མཆོག་གི་དཔལ་ཡིན་ཞིང་། །གང་འདོད་འབྲས་དོན་སྦྱར་མང་སྦྱིན་པས་ན། །ལུས་ཅན་རྣམས་ཀྱིས་བསྟེན་བྱར་འོས། །བཅོ་ལྔ་པ་དཔེའི་གཟུགས་ཅན་ནི། དཔེ་ཅན་དཔེའི་ངོ་བོར་བཀོད་པས་གཟུགས་ཅན་དང་མཐུན་། ཆོས་མཚུངས་པ་གསལ་བྱེད་ཀྱི་སྒྲས་གསལ་བས་དཔེ་རྒྱན་ཏེ། འཆལ་སྤྱོད་སྐྱོན་གྱིས་གོས་མིན་པའི། །ཚུལ་ཁྲིམས་ཡིད་བཞིན་ནོར་བུ་མཆོག །སྣ་ཚོགས་འཛིན་མ་ཇི་བཞིན་དུ། །དཀར་ཆོས་ཡོན་ཏན་ཀུན་རྟེན་ཉིད། །བཅུ་དྲུག་པ་ལྡོག་པའི་གཟུགས་ཅན་ནི། དཔེ་གཙོ་བོ་དང་དཔེ་ཅན་ཕལ་པ་གཉིས་ཆོས་མཐུན་པ་ལས། སླར་ཆོས་མི་མཐུན་པར་སོ་སོར་འབྱེད་པ་སྟེ། དཔལ་མགྲིན་ཅན་གྱིས་རྒྱུ་སྐར་རྒྱལ་པོ་མཆོད། །བདག་གིས་འཇམ་མགོན་ཞབས་སེན་ཟླ་ཚེས་བསྙེན། །དེ་ནི་བེམ་དངོས་དམར་ཕྱོགས་འཛད་པའི་ཆོས། །འདི་ནི་མཁྱེན་གཉིས་ཡེ་ཤེས་བྲི་གང་བྲལ། །བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། དཔེ་ཅན་དཔེའི་གཟུགས་སུ་བཀོད་པ་དེ་ལ་སྨད་ནས་གཙོ་བོ་དཔེ་དངོས་མ་ཡིན་པར་བཀག་པ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པ་ཡི། །ལེགས་བཤད་ཉིན་མོར་བྱེད་པའི་གཟིས། །ཕྱིར་རྒོལ་སྙིང་ལ་བརྣག་དཀའི་མུན། །སྟེར་འདིས་སྣང་བྱེད་གང་གིས་གྲུབ། །བཅོ་བརྒྱད་པ་མཉམ་འཇོག་གཟུགས་ཅན་ནི། ཡུལ་གཉིས་ཀ་ལ་སྨད་ནས་སྐྱོན་མཉམ་པོར་འཇོག་པ་སྟེ། གང་གསུང་སྡེ་བདུན་ཉིན་བྱེད་གཟིས། །ལོག་སྨྲའི་སྙིང་ལ་མུན་སྟེར་བ། །ལུང་རིགས་གཟི་བྱིན་ཆེས་དྲགས་པ། །མ་ཟད་ལོག་ལྟས་མིག་སྒྲིབ་སྐྱོན། །ཡང་ན་ཡོན་ཏན་མཉམ་འཇོགལེགས་བཤད་ཟླ་བའི་བདུད་རྩིའི་རོས། །བདག་ཡིད་ཀུ་མུད་ཆེར་བཞད་པ། །ངེས་དོན་ཟབ་གནད་འདོམ་མཁས་དང་། །རང་ཡང་ཤེར་བརྩོན་གཟོབ་པས་སོ། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། དཔེ་ཅན་ལ་དཔེ་འཕར་མར་གཟུགས་སུ་བཀོད་པ་ལ་དེ་དག་ནང་ཕན་ཚུན་འབྲེལ་ཆགས་པ་ཞིག་སྟེ། སྔ་འགྱུར་རིང་ལུགས་ཀུན་གསལ་དོ་ར་འདིར། །མཁས་གྲུབ་བརྒྱུད་པའི་གཟའ་སྐར་གར་མཁན་རྣམས། །ལེགས་མཛད་འོད་ཟེར་རིན་ཆེན་རྒྱན་བཟང་གིས། །སྒེག་འདིས་རྫོགས་ལྡན་དུས་སྟོན་གསར་པར་བྱས། །ཉི་ཤུ་པ་བསྙོན་དོར་གྱི་གཟུགས་ཅན་ནི། མངོན་སུམ་པའི་སྤྱོད་ཡུལ་གྱི་དཔེ་ཅན་དེ་ཉིད་མིན་ཞེས་བསྙོན་ནས་བཟློག་སྟེ་དཔེ་བཀོད་པ་དེ་ཉིད་ཡིན་པར་བརྗོད་པས་དེ་དང་འདྲ་བའི་ཡོན་ཏན་ཁྱད་འཕགས་ཡོད་པར་སྟོན་པ་སྟེ། མངོན་གྱུར་གནས་འདི་དཔལ་གྱི་བསམ་ཡས་མིན། །མཉན་ཡོད་རྒྱལ་བྱེད་ཚལ་གྱི་བཀོད་པ་སྟེ། །ཞི་བ་འཚོ་ཡི་གསང་གསུམ་མ་ལགས་པས། །སྒྱུ་འཕྲུལ་སྲས་པོའི་སྐུ་གསུང་ཐུགས་སུ་ངེས། །ཞེས་པ་ལྟ་བུ་དངོས་བསྟན་གྱིས་མཚོན་ཏེ་གཞན་ཡང་སྤྲོས་པས་ཆོག་གོ ། ༈ བཞི་པ་གསལ་བྱེད་ཀྱི་རྒྱན་གྱི་མཚན་ཉིད་ནི། རིགས་དང་བྱ་བ་ཡོན་ཏན་རྫས་བཞི་པོ་གང་རུང་རྗོད་བྱེད་ཀྱི་ཚིག་གམ་ངག་གི་ཕྱོགས་གཅིག་སྟེ་ཐོག་ཐ་བར་གསུམ་གང་རུང་ན་གནས་པ་སྟེ། དེ་མེད་ན་ལྷག་མའི་ཚིག་རྣམས་མི་གསལ་ཞིང་འབྲེལ་མེད་དུ་འགྱུར་བ་ལ། དེ་ཉིད་ཡོད་པས་ངག་དེའི་རྒྱུན་སྔ་ཕྱི་ཀུན་གསལ་བར་བྱེད་པ་ཉིད་དོ། །དེ་ལ་དབྱེ་ན་བཅུ་དྲུག་ལས། དང་པོ་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། སྤྱིའི་རིགས་བརྗོད་པའི་སྒྲ་ཚིག་གི་ཐོག་མར་ཡོད་པས་ངག་ཀུན་གསལ་བར་བྱེད་པ་ནི། བདེ་བར་གཤེགས་པས་རིགས་ཅན་གདུལ་བྱའི་འཁོར། །རྣམ་གྲོལ་གསུམ་གྱི་ལམ་ལ་འགོད་མཛད་ཅིང་། །ཆུ་སྲིན་རྒྱལ་མཚན་ཁྲོས་པའི་གཡོ་འཕྲུལ་འབུམ། །བྱམས་པའི་གོ་ཆ་གཅིག་པུས་སྲུང་ལ་དབང་། །ཡང་ན། ཆོས་ལྡན་རྒྱལ་པོས་ནོར་འཛིན་ཁྱོན། །དགེ་བཅུའི་ཁྲིམས་ཀྱིས་སྲུང་ནུས་ཤིང་། །རིས་མེད་བསྟན་དང་དེར་འཛིན་བཅས། །ཕུལ་བྱུང་སྲི་ཞུས་བསྙེན་ལ་དབང་། །གཉིས་པ་བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད་ནི། བྱ་ཚིག་ཐོག་མར་ཡོད་པ་སྟེ། རྒྱས་པར་བྱས་སོ་སྦྲང་རྩིའི་རྒྱལ་མཚན་ཚལ། །མཁའ་ངོས་ཉིན་བྱེད་གསར་པའི་གཟི་ཡིས་ཏེ། །འདི་ན་བློ་གསལ་ཡོངས་ཀྱི་རྣམ་དཔྱོད་དཔལ། །ཀུན་མཁྱེན་བླ་མའི་ལེགས་བཤད་མཐུ་ཡིས་ཀྱང་། །གསུམ་པ་ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཁ་དོག་སོགས་ཡོན་ཏན་གྱི་ཚིག་ཐོག་མར་ཡོད་པ། སེར་གསལ་ཉིད་དོ་གསེར་རིའི་ཕྲེང་བའི་ངོགས། །ཉིན་བྱེད་འོད་ཟེར་གསར་པ་འཕོས་པས་ཏེ། །འཛམ་བུའི་རྐང་འཐུང་འཁྲིགས་པའི་ལྗོངས་འདི་ན། །བློ་བཟང་རྒྱལ་བའི་བརྒྱུད་འཛིན་ཚོགས་ཀྱིས་ཀྱང་། །བཞི་པ་རྫས་བརྗོད་པ་ཐོག་མའི་གསལ་བྱེད་ནི། རྫས་གེར་མཚན་པ་ཞིག་ངག་གི་ཐོག་མར་ཡོད་པ་སྟེ། མཁྱེན་བརྩེའི་ཟློས་གར་ཐུགས་ཀྱི་དཔལ་བེ་རུ། །ལྷག་པའི་ལྷ་ཡི་ཕྱག་རྒྱ་ཐིམ་པའི་མོད། །ཀུན་རྨོངས་དགྲ་བོ་མ་ལུས་གང་བཏང་ཞིང་། །ཕུལ་བྱུང་བློ་གྲོས་དཔལ་དེ་གང་ནས་བླངས། །ལྔ་པ་རིགས་བརྗོད་པ་བར་གྱི་གསལ་བྱེད་ནི། རབ་འབྱམས་ཤེས་བྱའི་ཆོས་ལ་ལེགས་སྦྱངས་པས། །གཏན་ཚིགས་ཁོང་ནས་རྒྱས་དེ་མཁས་པ་ཉིད། །ཚད་མ་གསུམ་འབྲེལ་ལེགས་པར་བཤད་པ་ཡིས། །རྒྱལ་བའི་དགོངས་པ་ཇི་བཞིན་འགྲོལ་དེ་ཡང་། །དྲུག་པ་བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ནི། སྲིད་པའི་ཕུན་ཚོགས་སྙན་གྲགས་སྟོབས་འབྱོར་རིགས། །ཐར་པ་དོན་གཉེར་རྣམས་ལ་བདུད་དུ་གྱུར། །འདྲེན་བྱེད་མཆི་མའི་བརླན་ལྡན་མཛའ་བཤེས་ཀྱིས། །ཕན་པར་བསླབས་པའི་གཏམ་གྱི་བསླུ་བྲིད་ཀྱང་། །བདུན་པ་ཡོན་ཏན་བརྗོད་པ་བར་གྱི་གསལ་བྱེད་ནི། སྔོན་བྱོན་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱིས། །བསྟན་ལ་ལེགས་མཛད་གྲགས་པའི་ཕུང་པོ་ཡང་། །གཅིག་ཏུ་དཀར་རོ་དེང་དུས་འབྱོར་ལྡན་གྱི། །བསམ་སྦྱོར་དག་པའི་མཆོད་སྦྱིན་འབྲས་བུ་ཡང་། །བརྒྱད་པ་རྫས་བརྗོད་པ་བར་གྱི་གསལ་བྱེད་ནི། གངས་རིའི་ཁྲོད་འདིར་རྒྱལ་བློན་པཎྜི་ཏ། །དུ་མིའི་གཟུགས་ཀྱིས་ཕན་བདེ་མཆོག་སྦྱིན་པ། །སྙིང་རྗེའི་ལྷ་སྟེ་བསྐལ་བཟང་ཞིང་འདི་ཡི། །འདྲེན་པ་སྟོང་རྩ་སྤྲོ་བསྡུའི་བྱེད་པོ་ཡང་། །དགུ་པ་རིགས་བརྗོད་པ་མཐའ་ཡི་གསལ་བྱེད་ནི། ལ་ལ་འཕགས་པའི་རྣམ་འཕྲུལ་བསྟན་པ་སྤེལ། །ཁ་ཅིག་དཔུང་པ་གཏུམ་པོས་གཞན་སྡེ་འཇོམས། །མང་དག་གནའ་བོའི་ཚུལ་བཟུང་ཁྲིམས་སྲོལ་གྱིས། །ཆབ་འབངས་བདེ་བར་སྐྱོང་བ་ས་བདག་རྣམས། །བཅུ་པ་བྱ་བ་བརྗོད་པ་མཐའ་ཡི་གསལ་བྱེད་ནི། ལུང་དང་མི་མཐུན་མུ་ཅོར་སྨྲ་བའི་གཏམ། །རིགས་པས་མི་འགྲུབ་རྣམ་བཞག་ཕྱིན་ཅི་ལོག །མན་ངག་མི་ལྡན་ཟོག་པོའི་འུར་ཁྲིད་རྣམས། །མགོན་པོ་ཁྱོད་ཀྱི་ལུང་རིགས་མཐུ་ཡིས་བཀག །བཅུ་གཅིག་པ་ཡོན་ཏན་བརྗོད་པ་མཐའ་ཡི་གསལ་བྱེད་ནི། འཕགས་བོད་གྲུབ་པའི་དབུས་ན་མདའ་བསྣུན་ཞབས། །ཆོས་ལྡན་རྒྱལ་པོའི་ཁྲོད་ན་ཁྲི་སྲོང་རྗེ། །འབྱོར་ལྡན་སྐྱེ་བོའི་དབུས་ན་ཟས་སྦྱིན་ཉིད། །རྐང་གཉིས་ཐོས་འཛིན་དཔྱིད་དུ་གྲགས་པ་དཀར། །བཅུ་གཉིས་པ་རྫས་བརྗོད་པ་མཐའ་ཡི་གསལ་བྱེད་ནི། སྒྲུབ་བརྒྱུད་བརྒྱད་ཀྱི་བཀའ་སྲོལ་འཛིན་པ་པོ། །ངོ་མཚར་མཛོད་ཆེན་ལྔ་ཡི་སྲོལ་འབྱེད་མཁན། །མཁས་གྲུབ་བྱེ་བའི་གཙུག་གི་རྒྱན་གཅིག་པུ། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་སོ། །བཅུ་གསུམ་པ་ཕྲེང་བའི་གསལ་བྱེད་ནི། སྔ་མ་སྔ་མའི་རྒྱུ་ལ་ལྟོས་པའི་ཕྱི་མ་ཕྱི་མའི་འབྲེལ་ཕྲེང་བ་ལྟར་རིམ་པར་བསྟར་བ་ལ་གསལ་བྱེད་ཀྱི་ཚིག་གིས་གསལ་བར་བྱས་པ་སྟེ། ཨ་ཏི་ཤ་ཡིས་ལྷ་ཆོས་བདུན་ལྡན་སྲོལ། །རྒྱས་པར་སྤེལ་དེས་བཀའ་གདམས་བསྟན་འཛིན་ཚོགས། །དེས་ནི་འགྲོ་ལ་སྐྱེས་བུ་གསུམ་གྱི་ལམ། །དེས་ཀྱང་མངོན་པར་མཐོ་དང་ངེས་ལེགས་དཔལ། །བཅུ་བཞི་པ་འགལ་དོན་གྱི་གསལ་བྱེད་ནི། བྱེད་པ་པོར་གྱུར་པའི་ཚིག་དང་ལས་སུ་གྱུར་པའི་ཚིག་གིས་བྱ་བ་འགལ་བ་དག་སྦྱོར་བ་སྟེ། མཁན་སློབ་ཆོས་གསུམ་ཐུགས་བསྐྱེད་བརྩོན་པ་ཡིས། །མཆོག་བསྟན་བསིལ་ལྡན་ལྗོངས་འདིར་འཕོས་པ་ཡིས། །དཀར་ཕྱོགས་ལྷ་མིའི་དགའ་བ་ཆེར་འཕེལ་ཡང་། །ནག་ཕྱོགས་སྡེར་བཅས་སྤྲོ་བ་ཉམས་པར་བྱས། །བཅོ་ལྔ་པ་དོན་གཅིག་གསལ་བྱེད་ནི། དོན་གཅིག་གི་བྱ་བ་ཁོ་ན་གསལ་བར་བྱེད་པ་སྟེ། ཐོས་པས་རྒྱུད་གྲོལ་མཁས་པས་འཆད་པའི་ཚེ། །ལུང་རིགས་མན་ངག་བྱེ་བའི་སྒོ་འབྱེད་ཅིང་། །མདོ་རྒྱུད་གནད་རྣམས་འགལ་མེད་གཅིག་ཏུ་དྲིལ། །དག་སྣང་དཔལ་བསྐྱེད་སློབ་མའི་ཤེས་རྒྱུད་འགྲོལ། །བཅུ་དྲུག་པ་སྦྱར་བའི་གསལ་བྱེད་ནི། ཁྱད་གཞི་དང་ཁྱད་ཆོས་མཐུན་པ་དག་ཕན་ཚུན་སྒྲ་དོན་སྦྱར་བ་ལ་གསལ་བྱེད་ཀྱི་ཚིག་གིས་གསལ་བར་བྱས་པ་སྟེ། ཆགས་ལྡན་སྙིང་ལ་ཉལ་བའི་ལུས་མེད་དཔུང་། །སྒྲོན་བྱེད་དཀར་མཛེས་ཆ་རྫོགས་རི་དྭགས་སྒྲ་དོན་སྦྱར་མཚན། །བདེ་འབྱུང་གཙུག་རྒྱན་ཀུན་གསལ་རྒྱུ་སྐར་ཁྲོད། །རྩེ་དགའི་འཁྲི་ཤིང་སྐྱེད་ཚལ་ས་འདིར་རྒྱུ། །ལྟ་བུ་དངོས་བསྟན་གྱིས་མཚོན་ནས་གཞན་ཡང་སྤྲོས་པས་ཆོག་གོ ། ༈ ལྔ་པ་ཟློས་པའམ་བསྐོར་བའི་རྒྱན་ནི། བརྗོད་མ་ཐག་པའི་གསལ་བྱེད་ཀྱི་གནས་ཐོག་མ་བར་མཐའ་གང་རུང་དུ། དོན་དང་། ཚིག་དང་། ཚིག་དོན་གཉིས་ཀ་བཟླས་ཏེ་བསྐོར་ཡང་སྐྱོན་དུ་མི་འགྱུར་བའི་རྒྱན་ཏེ། དབྱེ་ན་གསུམ་ལས། དང་པོ་དོན་བསྐོར་ནི། དོན་གཅིག་བཟླས་ཏེ་བསྐོར་ཡང་སྐྱོན་དུ་མི་འགྱུར་བར་ཚིག་ཐ་དད་པ་སྟེ། པདྨ་ལས་འབྲེལ་ཤར་གཏེར་འབྲས་བུར་སྤྱོད། །རྒྱལ་སྲས་པད་གླིང་ལྷོ་གཏེར་འབྱེད་ལ་དབང་། །རྒོད་ཀྱི་ལྡེམ་ཕྲུ་བྱང་གཏེར་ཡོངས་ཀྱི་བདག །འགྱུར་མེད་རྗོ་རྗེས་དབུས་གཏེར་རྩ་བ་འཛིན། །གཉིས་པ་ཚིག་བསྐོར་ནི། ཚིག་གཅིག་བཟླས་ཏེ་སླར་བསྐོར་ཡང་དོན་ཐ་དད་པ་སྟེ། སྔ་འགྱུར་བསྟན་པའི་བབས་སོ་གནུབས་ཆེན་རྗེ། །ཕུལ་བྱུང་མཁྱེན་རྟོགས་ནུས་མཐུ་ཆེས་ཆེར་འབར། །དྲག་སྔགས་ཕུར་པ་གདེངས་པའི་མེ་དཔུང་གིས། །དགྲ་རི་ནགས་ཚལ་བཅས་ཀུན་ཆེས་ཆེར་འབར། །གསུམ་པ་ཚིག་དོན་གཉིས་ཀ་བསྐོར་བ་ནི། དེ་ལྟར་བཟླས་ཏེ་བསྐོར་ཡང་སྐྱོན་དུ་མི་འགྱུར་བ་སྟེ། ཡོན་ཏན་རྒྱ་མཚོའི་གཏེར་མངའ་རྗེ་བླ་མས། །གངས་ལྗོངས་བཤད་སྒྲུབ་ཐུབ་བསྟན་རྒྱས་པར་མཛད། །གང་གི་གསུང་སྐྱེས་སློོབ་ཚོགས་བགྲང་ཡས་ཀྱིས། །རིས་བྲལ་བསྟན་འགྲོའི་དགེ་མཚན་རྒྱས་པར་མཛད། །ཡང་ན། མི་བསྲུན་བདུད་དགྲའི་གཡུལ་ལས་རྣམ་རྒྱལ་ནས། །གྲུབ་མཆོག་རིག་འཛིན་ཚོགས་རྣམས་འཇིགས་མེད་ཉིད། །ཤུགས་སྒྲོལ་དམོད་པས་ཟིན་པ་གཞན་སྡེའི་ཚོགས། །དཔལ་ཆེན་སྲས་གྱུར་སྲིད་ན་འཇིགས་མེད་ཉིད། །ལྟ་བུའོ། ། ༈ དྲུག་པ་འགོག་པའི་རྒྱན་ནི། དགག་བྱ་གང་ཡང་རུང་བ། འགོག་བྱེད་ཀྱི་ཚིག་མ་ཡིན་མེད་མ་བྱེད་སོགས་བརྗོད་པས་དགག་པ་ནི་འགོག་རྒྱན་གྱི་མཚན་ཉིད་དེ། དེ་ཡང་དགག་བྱ་དུས་གསུམ་ལ་ལྟོས་ནས་རྣམ་པ་གསུམ་དང་། འགོག་ཚུལ་གྱི་ཚིག་གི་སྒོ་ནས་ཅི་རིགས་པར་བསྟན་པ་སྟེ། དེ་ཡང་ཚིག་གིས་འགོག་པ་ཙམ་ལས་དོན་གྱིས་མ་བཀག་པའང་ཡོད་པས་དབྱེ་བ་ཕྱེད་པར་བྱའོ། །དེ་ལ་དབྱེ་ན་འདིར་དངོས་བསྟན་ཉེར་གསུམ་ལས། དང་པོ་བྱུང་བ་འགོག་པ་ནི། དགག་བྱ་སྔར་བྱུང་བ་ཉིད་འགོག་པ་སྟེ། བགྲང་བྱ་དགུ་བཅུས་དུབ་པའི་རྒན་བུ་ཞིག །འཇམ་དཔལ་བསྒྲུབས་པས་ཤེས་བྱ་ཀུན་ཆུབ་ཅིང་། །བཅུ་དྲུག་གཞོན་ལུས་གྱུར་ཅེས་གཏམ་འདི་རྫུན། །འོན་ཀྱང་རྟེན་འབྱུང་ནུས་པ་བསམ་མི་ཁྱབ། །འདིའི་དགག་བྱ་མི་བདེན་སྙམ་པ། འགོག་བྱེད་རྟེན་འབྱུང་གི་མཐུ་སྟེ། དེ་ལྟར་སྙམ་པའི་བློ་སྔར་བྱུང་བའམ་འདས་པ་དེ་དེའི་རྗེས་སུ་བྱུང་བ་ད་ལྟ་བའི་བློས་བཀག་པའོ། །གཉིས་པ་མངོན་གྱུར་འགོག་པ་ནི། དགག་བྱ་དུས་ད་ལྟ་བ་མངོན་དུ་གྱུར་པའི་ཆོས་ལ་དགོས་པ་མེད་ཚུལ་གྱིས་འགོག་པ་སྟེ། སྐུ་གསུམ་འདུས་ཞལ་པདྨ་ཐོད་ཕྲེང་ཉིད། །དྲག་པོར་ཁྲོ་ཚུལ་སྟོན་ལ་དགོས་པ་གང་། །ཁྱོད་མཚན་སྡེ་བརྒྱད་དྲེགས་པའི་རྣ་བ་རུ། །སོན་ཙམ་ཉིད་ན་སུ་ཞིག་གཡོ་བར་ནུས། །ཡང་ན། འཇིག་རྟེན་དབང་ཕྱུག་ཀརྨ་ཀ །ཅི་ཕྱིར་སྤྱོས་བཅས་ཚུལ་ལ་འཇུག །ཁྱོད་ཞལ་ལན་གཅིག་མཐོང་ཙམ་གྱིས། །ཡེ་ཤེས་རྒྱུད་ལ་སྐྱེད་མིན་ནམ། །གསུམ་པ་འབྱུང་འགྱུར་འགོག་པ་ནི། མ་འོངས་པ་ན་གནོད་པ་འདི་ལྟ་བུ་འབྱུང་གིས་དོགས་པ་དེ་ཉིད་དགག་བྱར་བྱས་ནས་འགོག་བྱེད་བརྗོད་པ་སྟེ། མི་བདག་བདེན་པར་གསོལ་ལོ་ཟང་ཟིང་ལ། །གཟིགས་པའི་འབབས་སྟེགས་ཡོན་པོའི་ལུང་གནང་ན། །ཉམ་ཆུང་དྲང་པོར་གནས་པ་ཁོ་བོ་ཅག །ཉུང་ངུའི་ཡོ་བྱད་སྲུང་སླད་གཞན་དུ་འགྲོ། །བཞི་པ་ཆོས་འགོག་པ་ནི། ཆོས་ཅན་དེ་ཉིད་ཀྱི་ཁྱད་པར་གྱི་ཆོས་དག་འགོག་པར་བྱེད་པ་སྟེ། འགྲོ་ལ་ཕན་མཛད་ཐུབ་པའི་ལེགས་གསུང་ཆོས། །ཞི་བསིལ་བདུད་རྩིའི་བདག་ཉིད་ཅེས་འདི་རྫུན། །གལ་ཏེ་བདེན་ན་སྟོན་པ་སྡེ་དྲུག་གི། །སྙིང་ལ་བརྣག་དཀའི་ཚོར་བ་ཅི་སྟེ་བསྐྱེད། །ལྔ་པ་ཆོས་ཅན་འགོག་པ་ནི། ཁྱད་ཆོས་ཙམ་ཁས་བླངས་ནས་དེ་གང་ལ་མངའ་བའི་ཆོས་ཅན་དེ་ཉིད་འགོག་པ་སྟེ། ལྔ་བདོའི་འགྲོ་ལ་རྗེས་བརྩེ་ཤཱཀྱའི་སྲས། །གང་སྐུར་མཚན་དཔེའི་ཡོན་ཏན་བརྒྱ་བཅུ་གཉིས། །རྫོགས་མིན་རྣམ་རིག་འདི་ནི་ཅི་ལས་སྐྱེས། །འོད་ཀྱི་ཕུང་པོ་ཙམ་ལས་སུ་ཡིས་མཐོང་། །དྲུག་པ་རྒྱུ་འགོག་པ་ནི། འཇིགས་པ་སོགས་འབྱུང་བའི་རྒྱུ་རང་གི་ཉེས་པ་འགོག་པ་སྟེ། ས་བདག་ཁྲོས་པའི་སྡང་མིག་གི། །སྨིན་མའི་འཁྲི་ཤིང་གཡོ་བྱེད་ཅིང་། །བརྗིད་ལྡན་གཏམ་གྱིས་སྡིགས་ན་ཡང་། །ཉེས་པ་མེད་པས་བདག་མི་འཇིགས། །བདུན་པ་འབྲས་བུ་འགོག་པ་ནི། རྒྱུ་ཉེ་བར་བཀོད་ནས་དེས་བསྐྱེད་འོས་ཀྱི་འབྲས་བུ་འགོག་པ་སྟེ། སྐྱེས་བུ་དམ་པ་རྣམས་ནི་ཞིང་གཞན་གཤེགས། །ངན་སྤྱོད་སྣ་དགུས་ས་སྟེང་འདི་ཁྱབ་པས། །ཅུང་ཟད་བདེ་བའི་སྐབས་མེད་དུས་འདི་རུ། །གཅིག་པུར་དབེན་པར་མི་འགྲོ་འདི་ཅི་ཞིག །བརྒྱད་པ་རྗེས་གནང་གི་འགོག་པ་ནི། རྗེས་སུ་གནང་བའི་ཚུལ་གྱིས་བྱ་བ་དེ་འགོག་པར་བྱེད་པ་སྟེ། འདྲིས་པའི་གྲོགས་ཁྱོད་འདོད་པའི་མེ་ཆེན་གྱིས། །སྙིང་ལ་གདུང་ན་ཇི་ལྟར་དགྱེས་དེ་མཛོད། །སླད་ནས་དགེ་འདུན་འཁྲུགས་པའི་གནས་དབྱུང་གིས། །ཁྱོད་ཞལ་མཐོང་བར་མི་འགྱུར་ཚོམ་ཅི་འཚལ། །དགུ་པ་དབང་གིས་འགོག་པ་ནི། བྱ་བ་ལ་འཇུག་རུང་བའི་རྒྱུ་རྣམས་བཤད་ནས་སླར་དབང་ཡོད་ཀྱིས་བྱ་བ་དངོས་འགོག་པ་སྟེ། དེང་སང་ངན་པ་རྣམས་ནི་མགོ་འཕང་མཐོ། །འདི་ན་གནས་དབྱུང་བྱ་བའི་ཁྲིམས་ཀྱང་མེད། །དེ་ཕྱིར་ཁྱོད་ཀྱི་ནོར་དང་གྲགས་མི་ཉམས། །འོན་ཀྱང་གྲོགས་ཁྱོད་ཚུལ་དེར་འཇུག་མི་འཚལ། །བཅུ་པ་མ་གུས་པས་འགོག་པ་ནི། ཡུལ་ལམ་བྱ་བ་དེ་ལ་མ་གུས་པ་ལྟར་བརྗོད་པས་འགོག་པ་སྟེ། བདག་ནི་བསྐལ་མང་རྙེད་དཀའ་འཕགས་པའི་ནོར། །ཚུལ་ཁྲིམས་རིན་ཆེན་རྒྱན་འདོད་ཅིག་ཤོས་མིན། །གྲོགས་ཁྱོད་དམན་མཆོག་སྤྱོད་པ་གང་མཛད་ཀྱང་། །རང་གི་བསམ་ཚུལ་དྲང་པོར་སྨྲས་པ་ལགས། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། ཤིས་པ་བརྗོད་པའི་ཟོལ་གྱིས་འགོག་པ་སྟེ། ཁྱོད་ཀྱི་འདོད་པ་ཇི་བཞིན་འགྲུབ་གྱུར་ཅིག །ནམ་ཞིག་རྣམ་སྨིན་རྩུབ་མོ་དམྱལ་སོགས་ལས། །མྱུར་ཐར་དགེ་བའི་བཤེས་སུ་བདག་གྱུར་ཏེ། །ཚངས་སྤྱོད་ཡང་དག་ལམ་ལ་འགོད་གྱུར་ཅིག །བཅུ་གཉིས་པ་རྩུབ་མོས་འགོག་པ་ནི། ཚིག་རྩུབ་ལྟོས་པ་མེད་པར་སྔོན་དུ་འགྲོ་བས་འགོག་པ་སྟེ། ཉེས་ཀུན་རྩ་བ་འདོད་བདེ་གཉེར་བདེན་ན། །རང་མགོ་འདོན་པའི་སྐྱབས་གཞན་མྱུར་དུ་ཚོལ། །འདི་ན་དགེ་འདུན་འདུས་པའི་ཚོགས་གྲལ་ནས། །ཆུ་ཤིང་རུལ་བ་བཞིན་དབྱུང་སླར་མཐོང་མིན། །བཅུ་གསུམ་པ་གྲོས་ཀྱིས་འགོག་པ་ནི། གྲོས་མོལ་བའི་ཚུལ་གྱིས་འགོག་པ་སྟེ། གྲོགས་ཁྱོད་འཁྲིག་བདེ་གཉེར་བཞེད་མྱུར་བརྩོན་རིགས། །རིང་མིན་གྲགས་པ་ཉམས་ཤིང་ནོར་རྣམས་ཟད། །ན་རྒ་འཆི་བའི་སྡུག་བསྔལ་གྱིས་གདུང་ཚེ། །ཁྱོད་ཉིད་འདོད་པ་རང་དབང་སྤྱོད་མི་འགྱུར། །བཅུ་བཞི་པ་འབད་པས་འགོག་པ་ནི། མི་འདོད་པའི་དངོས་པོ་ལ་འབད་ཀྱང་འབྲས་བུ་ཕྱིན་ཅི་ལོག་རང་གི་འདོད་པ་ལྟར་བྱུང་བས་འབད་པ་དོན་མེད་དུ་སོང་བའི་ཚུལ་གྱིས་འགོག་པ་སྟེ། ཁྱོད་དགྱེས་སླད་དུ་ཅི་བདེར་མཛོད་ཅིག་ཅེས། །བརྗོད་པར་འདོད་ཀྱང་བསྐལ་མང་རྙེད་དཀའ་བའི། །ཐུབ་པའི་བསྟན་དང་མཇལ་ཚེ་ཚངས་སྤྱོད་མཆོག །མ་ཉམས་མཛོད་ཅེས་ཐལ་ལ་བདག་ཅི་བྱེད། །བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། གཞན་གྱི་དབང་ལ་བསྙད་ནས་འགོག་པ་བརྗོད་པ་སྟེ། སོ་དཀར་གཞོན་དུས་འདོད་ལྔ་དང་བླངས་ནས། །རྒས་ཚེ་ཚངས་སྤྱོད་བརྟུལ་ཞུགས་ལེན་ནོ་ཞེས། །གྲོས་དེ་བརྩེ་བྲལ་ལྷོ་ཕྱོགས་བདག་པོར་བྱོས། །ཁོ་ཡི་གཞན་དབང་ཉིད་ལས་བདག་གིས་མིན། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི། བྱ་བ་དེ་ཐབས་ཀྱིས་བསྐོར་ནས་འགོག་པ་སྟེ། གྲོགས་དག་ཁོ་བོས་བསྟན་དགོན་བྱ་བའི་ཁུར། །ལེན་པར་བགྱི་ཡི་གང་ཞིག་ཟོས་ཙམ་གྱིས། །དེང་ནས་ན་རྒ་འཆི་བ་རྒྱུན་ཆོད་པའི། །བཅུད་ལེན་རྫས་དེ་བདག་ལ་སྩལ་བར་མཛོད། །བཅུ་བདུན་པ་ཁྲོ་བས་འགོག་པ་ནི། ཁྲོས་པའི་དབང་གིས་ངག་མ་བསྡམས་པར་སྨྲ་བའི་སྒོ་ནས་འགོག་པ་སྟེ། ས་བདག་ཡོན་པོ་ཁྱོད་ཀྱི་འཁྱོགས་པོའི་ངག །ཟང་ཟིང་བརྣག་པའི་ཁྱད་པར་བྱུང་ཟིན་པས། །ད་ཀོ་དྲང་པོའི་ངག་གིས་བྲིད་བྱེད་ཀྱང་། །འབངས་འཁོར་ཉམ་ཆུང་རྣམས་ཀྱི་ཡིད་སོས་ཅི། །བཅོ་བརྒྱད་པ་སྙིང་རྗེས་འགོག་པ་ནི། མཆོད་སྦྱིན་མ་བྱས་བསོད་ནམས་ཚོགས་མ་བསགས། །རང་གིས་མ་སྤྱད་གཉེན་ལའང་བྱིན་མིན་པར། །དེ་དུས་ས་བདག་ཕལ་གྱི་བང་མཛོད་རྣམས། །ཀྱེ་མ་ཡུད་ཀྱིས་སྟོང་པའི་ཚུལ་འདིར་གཟིགས། །འདིར་དགག་བྱ། མཆོད་སྦྱིན་བྱས་པ། ཚོགས་བསགས་པ། རང་གི་སྤྱོད་པ། གཉེན་ལ་བྱིན་པ་རྣམས། འགོག་བྱེད། མ་བྱས། མ་བསགས། མ་སྤྱད། བྱིན་པ་མིན་ཞེས་པའི་ཚིག་གིས་བཀག་ནས་གནས་སྐབས་གསལ་བར་བྱས་པས་མཛོད་བདག་ལ་སྙིང་རྗེ་བ་ལྟར་བརྗོད་པའོ། །བཅུ་དགུ་པ་འགྱོད་པས་འགོག་པ་ནི། བཅུ་ཕྲག་ཤེས་བྱའི་གནས་ལ་མ་སྦྱངས་ཤིང་། །རང་དོན་དབེན་པར་དཀའ་ཐུབ་བརྩོན་མ་ནུས། །གཞན་ཕན་བྱ་བ་ཅུང་ཟད་མ་འགྲུབ་པར། །ན་ཚོད་མཐའ་དག་ཡོལ་བ་ད་གཟོད་མཐོང་། །འདིའི་ཤུགས་ཀྱིས་འགྱོད་པ་གཙོ་བོར་སྟོན་པས་འགྱོད་པས་འགོག་པ་སྟེ། འདི་དང་འོག་ནས་འབྱུང་བའི་སྔ་ན་མེད་པའི་བྱེད་རྒྱུ་གཉིས་ཕྱོགས་འདྲ་ཡང་། འདིར་འགྱོད་པའི་སྒོ་ནས་དགག་བྱ་དགག་ཚིག་གིས་བཀག་པ་ཙམ་གྱིས་ཆོགརྒྱུ་རྒྱན་སྐབས་སྔོན་ཆད་བྱས་པ་མེད་པའི་རྒྱུ་དངོས་མེད་དེས་འབྲས་བུ་སྡུག་བསྔལ་དངོས་པོར་གྱུར་པ་ཞིག་བསྐྱེད་པས་གདུང་བར་གྱུར་ཅེས་རྒྱུ་འབྲས་ཀྱི་ཚིག་ནུས་དངོས་སུ་ཐོན་དགོས་པའི་ཁྱད་པར་རོ། །ཉི་ཤུ་པ་ཐེ་ཚོམ་འགོག་པ་ནི། དགག་བྱ་ཐེ་ཚོམ། འགོག་བྱེད་གཏན་ཚིགས་ཀྱིས་བཤད་པ་སྟེ། ཅི་སྟེ་གསེར་རིའི་ཕྲེང་བའམ། །ཡང་ན་དགྲ་བཅོམ་ཚོགས་སམ་ཅི། །ཚུལ་ཁྲིམས་དྲི་བསུང་དངར་པོ་དག །འཐུལ་བས་དེ་ནི་ས་འཛིན་མིན། །ཡང་ན། གངས་རིའི་ལ་ཐོད་ཟླ་བས་མཛེས་སམ་ཅི། །དབྱངས་སྙན་ནོར་བུའི་རྒྱུད་མངས་གླུར་ལེན་པས། །མཁས་མང་ངག་གི་དཔལ་བསྐྱེད་ཉིད་ངེས་པ། །མཚོ་བྱུང་ལྷ་མོས་དེང་འདིར་དགེ་ལེགས་མཛོད། །ཉེར་གཅིག་པ་སྦྱར་བའི་འགོག་པ་ནི། དགག་བྱ་འགོག་བྱེད་གཉིས་སྒྲ་དོན་སྦྱར་ནས་འགོག་པ་བརྗོད་པ་སྟེ། དྲི་བྲལ་མཚོ་ལས་ཉེར་འཁྲུངས་རྡུལ་གྱིས་དབེན། །ཡིད་འོང་སིམ་པ་མཆོག་སྟེར་ཀ་མ་ལ། །པད་འབྱུང་ཞབས་སེན་ཆུ་སྐྱེས་བསྙེན་བཞིན་དུ། །སྦྲང་རྩིའི་རྒྱལ་མཚན་ཕལ་གྱིས་ཅི་ཞིག་བྱ། །ཉེར་གཉིས་པ་དོན་གཞན་འགོག་པ་ནི། དགག་བྱ་དེ་དང་ཆོས་མཐུན་པའི་དོན་གཞན་འགོག་བྱེད་དུ་བཀོད་པ་སྟེ། ཕྱོགས་གྲངས་ཤེས་བྱའི་ཆོས་ཀུན་ཐུགས་ཆུབ་ཀྱང་། །ད་དུང་ངོམས་མེད་ཐོས་པ་འཚོལ་འདི་མཚར། །འོན་ཀྱང་གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེར། །ཇི་སྙེད་ཆུ་བྲན་སྡུད་ལ་ཚིམ་པ་ཅི། །ཉེར་གསུམ་པ་རྒྱུའི་འགོག་པ་ནི། རྒྱུ་མཚན་གྱི་སྒོ་ནས་འགོག་པ་སྟེ། སྣ་ཚོགས་ཐབས་ཀྱིས་བསིལ་ལྡན་འགྲོ་བ་ལ། །ཕན་བདེ་མཛད་ཅེས་ཁྱོད་ལ་མི་བསྟོད་དེ། །སྔོན་གྱི་དམ་བཅས་གངས་ཅན་མགོན་པོ་ཞེས། །ལྗོངས་འདིའི་ལྷ་སྐལ་གཅིག་པུར་ཐོབ་དེའི་ཕྱིར། །ཞེས་པ་ལྟ་བུ་དངོས་བསྟན་གྱིས་མཚོན་ཏེ་གཞན་ཡང་སྤྲོས་པས་ཆོག་གོ ། ༈ བདུན་པ་དོན་གཞན་བཀོད་པ་ནི། གང་ཞིག་བསྒྲུབ་པར་བྱ་བའི་དངོས་པོ་འགའ་ཞིག་སྔོན་དུ་བཀོད་ནས། དེ་སྒྲུབ་བྱེད་ནུས་པ་ཅན་གྱི་དངོས་པོ་གཞན་རྗེས་སུ་འགོད་པར་བྱེད་པ་སྟེ། སྐབས་འདིར་དཔང་ཊཱིཀ་ཏུ། འདི་དང་ཟླ་བོ་དངོས་པོའི་དཔེ་གཉིས་ལ་ཁྱད་པར་ཅི་ཡོད་དེ། གཉིས་ཀ་ལའང་དོན་གཞན་འགོད་པར་བྱེད་པས་སོ་ཞེ་ན། ཁྱད་པར་ཡོད་དེ། དེ་ལ་ནི་འདྲ་བའི་དོན་གཞན་བཀོད་ཀྱི་སྒྲུབ་བྱེད་དུ་གྱུར་པ་མ་ཡིན་ལ། འདིར་ནི་བཀོད་པའི་དོན་དེ་དང་འདྲའམ་མི་འདྲ་ཡང་རུང་། སྒྲུབ་བྱེད་དུ་གྱུར་པ་ཁོ་ན་འགོད་དགོས་པས་སོ། །ཞེས་གསུངས། དེ་ལ་དབྱེ་ན་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། སྒྲུབ་བྱེད་དེ་དངོས་པོ་ཀུན་ལ་ཁྱབ་པའི་དོན་གྱིས་ཏེ། སྲིད་ན་བརྟན་པར་གྲགས་པའི་ནོར་འཛིན་མ། །མི་བརྟན་གཡོ་བའི་གར་སྟབས་གཅིག་བསྐྱོད་པས། །གྲོང་ཡུལ་བརྒྱ་ཕྲག་རྡུལ་དུ་གཞིག་ལ་ལྟོས། །འདུས་བྱས་མི་རྟག་རྒྱ་ལས་སུ་ཡིས་འགོང་། །གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། སྒྲུབ་བྱེད་ཀྱི་ཆོས་ཁྱད་པར་བ་ལ་གནས་པའི་དོན་ཅན་སྟེ། དམ་པའི་བཤེས་དང་འགྲོགས་པའི་སྐྱེ་བོ་ཕལ། །རིང་པོར་མི་འཐོག་བསྔགས་འོས་དཔལ་གྱིས་མཛེས། །མ་ལ་ཡ་ཀླུང་འཁྱམས་པའི་སྡོང་དུམ་ཕལ། །ཡལ་འདབ་བརླན་པ་དྲི་བསུང་ཕུན་ཚོགས་བྱེད། །གསུམ་པ་སྦྱར་བ་ཅན་གྱི་དོན་གཞན་བཀོད་པ་ནི། བསྒྲུབ་བྱ་སྒྲུབ་བྱེད་སྒྲ་གཅིག་དོན་ཐ་དད་པ་ལ་སྦྱོར་བ་སྟེ། ངྷརྨ་ཤྲཱིའི་ལེགས་བཤད་གྲུབ་རྩིས་ཀྱིས། །ལྐོག་གྱུར་ཆོས་རྣམས་སྒྲིབ་མེད་གསལ་བར་མཛད། །ཉི་མ་དང་རྩིས་གཞུང་སྒྲ་སྦྱར། ཉིན་བྱེད་སྣང་བ་གསར་པས་འཇིག་རྟེན་གྱི། །བླང་དོར་བྱ་བའི་ཡུལ་རྣམས་སྟོན་མིན་ནམ། །བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་ལ་ཡང་ཆོས་སམ་བྱེད་པ་འགལ་བ་ཉིད་བརྗོད་འདོད་ཀྱི་གཙོ་བོར་བྱས་པ་སྟེ། ཨཱཪྱ་དེ་ཝ་ཤ་ཡི་སྤྱན་ཉམས་ཀྱང་། །མིག་ལྡན་བྱེ་བའི་ལམ་སྟོན་གཅིག་པུར་གྱུར། །མཚན་མོར་བྱེད་འདི་ར་རིའི་དྲི་ལྡན་ཡང་། །མཛེས་ལྡན་ཀུ་མུཏ་ཚོགས་རྣམས་བཞད་ལ་དབང་། །ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། བསྒྲུབ་བྱའི་དོན་མི་འོས་པ་ཞིག་སྐབས་རེར་དེ་ལྟར་ཡང་འབྱུང་སྲིད་པའི་སྒྲུབ་བྱེད་འགོད་པ་སྟེ། ཕུལ་བྱུང་མཁྱེན་བརྩེའི་གཟིགས་པས་མུ་མེད་འགྲོར། །ཕན་བདེའི་ལམ་བཟང་སྟོན་མཛད་ཐུབ་ཆེན་གྱི། །བདེན་གསུང་ལེགས་སྐར་རྣ་བར་འཁྱོགས་པོའི་ཚིག །རང་རྒྱུད་ལོག་ལྟས་ནོན་པའི་སྡིག་འདི་འདྲ། །དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི། འོས་པ་ལ་འོས་པར་སྒྲུབ་བྱེད་གཞན་བཀོད་པ་སྟེ། སྟང་ཟིལ་མདངས་འཕྲོག་གཡོན་མའི་ཟུར་མིག་མདའ། །ཆགས་ལྡན་སྐྱེ་བོའི་འབེམ་ལ་རེག་པའི་མོད། །རྨོངས་པར་བྱེད་འདི་གནག་པའི་ཁ་དོག་གིས། །བྱེད་ཆོས་དེ་ལྟའི་ཚུལ་ལ་མི་འོས་ཅི། །བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། དེ་གཉིས་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་ལ་རིམ་པར་བཀོད་པ་སྟེ། བྲམ་ཟེས་མཆོད་སྦྱིན་སླད་དུ་ཕྱུགས་འགུམ་མོད། །བཙུན་རྣམས་ཆོས་སྟོན་ཆེད་དུ་ཅི་ཕྱིར་གསོད། །ལྷ་ཆེན་རྗེས་སུ་སྨྲ་བའི་ངན་སྤྱོད་ཕལ། །མཆོག་གསུམ་སྐྱབས་སུ་འཛིན་པས་འོས་ལགས་སམ། །བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། སྒྲུབ་བརྒྱུད་འཛིན་རྣམས་རྩོད་པ་ལྷུར་ལེན་ན། །རྟོག་གེའི་རིགས་པ་སྨྲ་རྣམས་ཅིས་མི་རྩོད། །དོན་གནད་སྙིང་པོ་འཚོལ་རྣམས་དུལ་མིན་ན། །ཚིག་གི་རྗེས་མཐའ་དེད་རྣམས་ཞི་མི་འགྱུར། །ཞེས་པ་ལྟ་བུའོ། ། ༈ བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ནི། མཚུངས་པར་བརྗོད་པའི་སྒྲས་དངོས་སུ་ཟིན་པའམ་མ་ཟིན་ཀྱང་རུང་སྟེ་དོན་གྱི་ཤུགས་ལས་ཐོག་མར་དཔེ་དོན་མཚུངས་ཆོས་བཅས་བཀོད་ནས། སླར་དེ་གཉིས་ཀྱི་ཁྱད་པར་འབྱེད་ཆོས་ཀྱི་དབྱེ་བ་འགའ་ཞིག་བརྗོད་པས་དེ་གཉིས་སོ་སོར་འབྱེད་ཅིང་ལྡོག་པས་ན་ལྡོག་པ་ཅན་ཏེ། དབྱེ་ན་བཅུ་ཡོད་ཀྱང་དེ་དག་སྤྱི་རིགས་ནས་བཞིར་འདུ་སྟེ། སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན། མཚུངས་པར་རྟོགས་པའི་ལྡོག་པ་ཅན། འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན། རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནོ། །དེའི་དང་པོ་ལ་ལྔ་ལས། དང་པོ་གཅིག་གི་ལྡོག་པ་ཅན་ནི། ཟབ་དང་རྒྱ་ཆེ་བརྟན་པ་ཡིས། །ཁྱོད་ཀྱི་ཐུགས་དང་རོལ་པ་ཅན། །མཚུངས་མོད་ཐ་དད་འབྱེད་པའི་ཆོས། །མཆོག་གསང་ཟག་མེད་ཡེ་ཤེས་རྒྱས། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། ཀུན་གསལ་ཁྱོན་དང་ཆོས་དབྱིངས་ཆེ། །ཁྱབ་ཅིང་དྲི་མ་མེད་པ་སྟེ། །དེ་ནི་སྟོང་རྐྱང་བེམ་པོའི་ཆོས། །འདི་ནི་དབྱིངས་ཡེ་ཟུང་འཇུག་ཉིད། །འདིའི་རྒྱན་སྔ་མར་འབྱེད་བྱེད་ཀྱི་ཆོས་གཅིག་བསྟན་ལ་ཕྱི་མར་གཉིས་ཀ་བསྟན་པའི་ཁྱད་པར་སྟེ་འདི་གཉིས་འོག་མ་རྣམས་ལ་ཁྱབ་བྱེད་དུ་འཇུག་གོ །གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། སྒྲ་དོན་གྱི་ཆོས་སྦྱར་ཞིང་འབྱེད་བྱེད་ཀྱི་ཆོས་ཐ་དད་དུ་བསྟན་པ་སྟེ། ཁྲི་སྲོང་ཡང་སྤྲུལ་མཁྱེན་བརྩེའི་གནས་གསར་བ་དང་རྗེ་བླ་མ་མཚན་གྱི་སྒྲ་སྦྱར་ཞབས། །ཟབ་གཏེར་སྒོ་འབྱེད་དོན་སྦྱར་མཁས་ཤིང་གྲུབ། །གནས་གསར་རྗེ་ཡིས་སློབ་བཤད་དང་། །མགོན་འདིས་བཀའ་བབ་བདུན་སྲོལ་དབྱེ། །ཡང་ན། མི་ཡི་བདག་དང་བོ་དོང་པ། །ངང་ཚུལ་དང་ཚུལ་ཁྲིམས་ཚུལ་རིགས་པའི་གནས་ཆེན་ལྔ་དང་འཕོང་ཀྱི་གནས་ལྔ་རྣམས་སྦྱར་གནས་མཛོད་བང་མཛོད་དང་ཐོས་པའི་མཛོད་མང་གནས་ལྔར་མཁས། །དེས་ནི་ལུགས་གཉིས་ཁྲིམས་སྲོལ་དང་། །པཎ་ཆེན་དེ་ཉིད་འདུས་ཆེན་དབྱེ། །བཞི་པ་འགོག་པ་ཅན་ནི། དགག་པའི་ཚུལ་གྱིས་ལྡོག་པ་བརྗོད་པ་སྟེ། ཆེན་པོའི་རིགས་སྐྱེས་སྟོབས་དང་ལྡན། །རྐང་གཉིས་རྣམས་ཀྱིས་བཀུར་གྱུར་ཀྱང་། །ལྟ་བ་ངན་ཞེན་སྟག་གཟིག་རྒྱལ། །བོད་རྗེའི་འགྲན་ཟླར་འགྱུར་མ་ཡིན། །ལྔ་པ་གཏན་ཚིགས་ཅན་ནི། རྒྱུ་མཚན་བཀོད་ནས་ལྡོག་པ་བརྗོད་པ་སྟེ། ཚངས་སྲས་མགྲིན་པར་འཁྱུད་པའི་གླུས། །ས་གསུམ་འགྲོ་བ་དགའ་བསྐྱེད་ཀྱང་། །ཁྱིམ་ལ་གནས་བཅས་འདོད་ལྡན་ཕྱིར། །དགེ་དབང་དཔའ་བོ་ཁྱོད་ལས་དམན། །དེ་ཡན་ཆད་སྒྲས་འཇུག་པའམ་སྒྲས་ཟིན་པས་དངོས་པོ་གཉིས་མཚུངས་པ་སླར་ཐ་དད་དུ་འབྱེད་པའི་ལྡོག་པ་ཅན་ཡིན་ལ། སླར་འཆད་འགྱུར་ནི་སྒྲས་ཟིན་པ་མེད་ཀྱང་དོན་གྱི་གོ་བས་མཚུངས་པར་རྟོགས་པ་ལས་འབྱེད་པའི་ལྡོག་པ་ཅན་གྱི་རིགས་ཏེ། དེ་ལ་གཉིས་ལས་དང་པོ་རྟེན་གྱི་དབྱེ་བའི་ལྡོག་པ་ཅན་ནི། ཆོས་རྒྱལ་མཆོག་དང་ཡོངས་འདུའི་ལྗོན། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་། །ལྷ་ཤིང་འཆི་མེད་གྲོང་ཁྱེར་དང་། །ལྷ་ཁྱོད་བསིལ་ལྡན་ལྗོངས་འདིར་མངོན། །འདི་དང་ཕུལ་བྱུང་དཔེའི་ཁྱད་པར། དཔེ་རྒྱན་སྐབས་གནས་ཐ་དད་པ་ཁོ་ནའི་ཁྱད་ལས་གཞན་མེད་ཅེས་མཚུངས་ཆོས་གཙོ་བོར་སྟོན་པ་ཡིན་ལ། འདིར་རྟེན་ཐ་དད་ཙམ་གྱིས་འབྱེད་ཆོས་གཙོ་བོར་སྟོན་པ་ཡིན་ནོ། །གཉིས་པ་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། དཔེ་བས་དཔེ་ཅན་གྱི་ཡོན་ཏན་ལྷག་པར་བརྗོད་པའི་སྒོ་ནས་ལྡོག་པ་སྟེ། དཔག་བསམ་ཤིང་ལ་རྣམ་དཔྱོད་བློ། །ཟག་མེད་ཏིང་འཛིན་འབྱོར་པས་དབེན། །ཚངས་ཆེན་ལྷ་ཡི་མེ་ཏོག་མཆོག །ཡོན་ཏན་དེ་ཡི་དཔལ་གྱིས་འཁྱུད། །གསུམ་པ་གཞི་གཉིས་པོ་མཚུངས་པར་མ་ཟད་དེ་གཉིས་ཀྱི་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་ལ་གཉིས་ལས། དང་པོ་མཚུངས་ཆོས་སྒྲས་ཟིན་ཅིང་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་ནི། མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པ་སྟེ། ཚངས་སྲས་ཞལ་དང་པདྨ་དཀར། །རྒྱས་ཤིང་ཡིད་འོང་དྲི་བཟང་ལྡན། །འདམ་སྐྱེས་རྐང་དྲུག་སྙན་གླུ་ལེན། །ཁྱོད་ཞལ་སྙན་ངག་བྱེ་བས་མཆོད། །གཉིས་པ་མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན་ནི། དཔག་བསམ་ལྗོན་པ་ལྷ་རྣམས་དང་། །ས་བདག་རྐང་གཉིས་རྣམས་ཀྱི་དཔལ། །ལྷ་རྣམས་བདུད་རྩིའི་ཟས་དང་ནི། །མི་རྣམས་བག་ཡོད་ཁྲིམས་ཀྱིས་འཚོ། །བཞི་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནི། གང་དང་རིགས་མཐུན་པ་ལས་ཁྱད་པར་དུ་འབྱེད་པ་སྟེ། མཐོ་རིས་གནས་ནས་མ་ཕབ་ཅིང་། །དྲང་སྲོང་ལྟོ་བར་མ་བསྐྱིལ་བའི། །མཁས་པའི་ལེགས་བཤད་གངྒཱ་ཡིས། །བདག་བློའི་ཀུན་རྨོངས་འཁྲུད་པར་བྱེད། །ཞེས་པ་ལྟ་བུའོ། ། ༈ དགུ་པ་སྲིད་པ་ཅན་གྱི་རྒྱན་ནི། འཇིག་རྟེན་ན་དེའི་རྒྱུ་ཡིན་པར་གྲགས་པ་དེ་བཟློག་ཅིང་མེད་པར་བརྗོད་ནས། དེའི་འབྲས་བུ་རང་ཉིད་དངོས་སུ་བརྗོད་པ་ལ་གང་ཞིག་རྒྱུ་གཞན་པ་ཅུང་ཟད་ཙམ་ཤུགས་ཀྱིས་མཚོན་པའམ། གང་དུ་རྒྱུ་གཏན་ནས་མེད་པ་སྐད་དུ་བརྗོད་བྱ་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའི་ངག་སྟེ། སྤྱིར་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་ཀྱང་ངག་གི་བརྗོད་ཚུལ་གྱི་དབང་དུ་སྲིད་པ་ལྟ་བུར་སྟོན་པའོ། །དབྱེ་ན་གཉིས་ཀྱི། དང་པོ་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་ལས། ཕྱི་དུས་ལ་སྦྱར་བ། སྣ་ཚོགས་ཚོན་གྱིས་བསྒྱུར་མིན་ཆུ་སྐྱེས་རྣམ་པར་བཀྲ། །མ་བོས་མགྲོན་དུ་འོང་བའི་ཁུ་བྱུག་གླུ་དབྱངས་ལེན། །གཞན་གྱིས་བསྐུལ་མིན་རྨ་བྱའི་བུ་མོ་ཟློས་གར་རྩེན། །དཔྱིད་དཔལ་ལང་ཚོ་དར་བས་འགྲོ་ཡིད་འཕྲོག་པར་བྱེད། །ནང་ལང་ཚོ་ལ་སྦྱར་བ། མ་བཀུག་དྲང་པོར་སྐྱེས་པའི་ལུས་འཁྱོགས་ཤིང་། །སུས་ཀྱང་མ་བསྒྱུར་མགོ་སྐྱེས་རྣམ་པར་དཀར། །ཆེད་དུ་བྲིས་མིན་དཔྲལ་རིས་ལྷག་པར་གསལ། །བྱས་པ་མེད་ཀྱང་མི་ཁས་མནར་འདིས་སྐྱོ། །འདི་གཉིས་རྒྱན་གཅིག་ལ་དཔེར་བརྗོད་གཉིས་བྱས་པ་སྟེ། སྨོས་མ་ཐག་པའི་ཡོངས་གྲགས་ཀྱི་རྒྱུ་རྣམས་བཀག་ནས་དུས་དང་ལང་ཚོའི་གནས་སྐབས་ཀྱི་རྒྱུ་ཅུང་ཟད་ཤུགས་ཀྱིས་བསྟན་པའོ། །གཉིས་པ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ནི། ཕྱི་ནང་གི་རྒྱུ་གཞན་ཅུང་ཟད་ཙམ་ཡང་ཤུགས་ལས་མི་གོ་བར་འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པ་སྟེ། མ་བསྐྱིལ་གཅིག་ཏུ་འཁྱིལ་བའི་གངྒཱ་འཛིན། །བཀོད་མིན་གསེར་རིའི་ཕྲེང་བས་ཡོངས་བསྐོར་དབུས། །མ་བརྩིགས་འཆི་མེད་རི་བོའི་བང་རིམ་ངོགས། །བསྐུལ་མིན་ཉི་ཟླའི་བགྲོད་པས་རྣམ་པར་མཛེས། །ལྟ་བུ་སྟེ་འདི་རྣམས་འགྲོ་བ་སྤྱི་མཐུན་གྱི་ལས་ལས་བྱུང་མོད་དེ་ཚུར་མཐོང་བའི་བློ་མངོན་སུམ་པས་མཐོང་བར་མི་ནུས་པའི་ཕྱིར་རྒྱུ་མེད་པ་ལྟར་བསྒྲགས་པ་སྟེ་ཚིག་གི་ཉམས་འགྱུར་རོ། ། ༈ བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་འགའ་ཞིག་ཡིད་ལ་བསམས་ནས། བསམ་བྱ་དེའི་དོན་བརྗོད་རྒྱུ་དེ་ཉིད་བསམ་བྱ་དེ་དང་ཆོས་མཚུངས་པའི་དངོས་པོ་གཞན་ཞིག་ལ་ཁ་གཡར་ནས་དོན་གཅིག་ཏུ་བསྡུས་པའི་ཚུལ་གྱིས་ངག་ཏུ་རྗོད་པར་བྱེད་པ་སྟེ། དབྱེ་ན་སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། བསྡུས་བརྗོད་བརྗོད་ཚུལ་གྱི་དཔེ་སྤྱིར་བསྟན་པ་སྟེ། བསིལ་ཞིང་ཡང་ལ་ལྟོ་བར་མི་གནོད་པའི། །ཡན་ལག་བརྒྱད་ལྡན་ལྷ་ཆབ་རིང་དོར་ནས། །རྙོག་ལྡན་བ་ཚྭ་ཅན་གྱི་ཁྲོན་པ་ལ། །རེ་བའི་སྐྱེ་བོ་མང་ཞིག་དེང་དུས་མཐོང་། །གཉིས་པ་བྱེ་བྲག་ཏུ་དཔེར་བརྗོད་པ་ལ་གསུམ་ལས། དང་པོ་ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི། བརྗོད་འདོད་ཀྱི་དབང་གིས་ཆོས་ཅན་ནམ། ངོ་བོ་ཙམ་ཞིག་ཐ་དད་པ་ལས། དེ་གཉིས་ཀྱི་ཁྱད་ཆོས་བརྗོད་པ་རྣམས་མཚུངས་པས་སྒྲ་གཉིས་ཀར་ཐུན་མོང་དུ་འཇུག་པས་ཐ་མི་དད་པ་སྟེ། མཆོག་ཏུ་རྩ་བ་བརྟན་གྱུར་ཅིང་། །རྣམ་མང་འབྲས་བུའི་ལྕིད་ཀྱིས་ནོན། །ཡོངས་ལ་སྙོམས་ཤིང་རེ་སྐོང་པའི། །ལྗོན་བཟང་མཆོག་འདི་བདག་གིས་ཐོབ། །གཉིས་པ་ཁྱད་ཆོས་ཐ་དད་དང་ཐ་དད་མིན་པའི་བསྡུས་བརྗོད་ནི། དེ་གཉིས་ཀྱི་ཁྱད་ཆོས་འགའ་ཞིག་ཐ་དད་ཅིང་། འགའ་ཞིག་ཐ་མི་དད་གཉིས་ཀ་དང་ལྡན་པ་སྟེ། རྨ་བྱའི་མགྲིན་ལྟར་མཛེས་ཤིང་ཡིད་དུ་འོང་། །སྨན་མཆོག་སི་ཏ་ཟོས་པའི་འཚེར་སྒྲར་བཅས། །ཉམ་ཐག་སྐྱེ་བོ་སྒྲོལ་བའི་ཁུར་ཁྱེར་བའི། །ཅང་ཤེས་མཆོག་འདི་བདག་གི་སྐལ་བས་རྙེད། །གསུམ་པ་སྔོན་མེད་པའི་བསྡུས་བརྗོད་ནི། དངོས་དོན་ལ་སྔོན་ཆད་དེ་ལྟ་བུ་མ་བྱུང་བས་བསམ་དོན་ཉིད་གོ་བར་བྱེད་པ་སྟེ། བཤོལ་མེད་འདོད་པས་རྨོངས་མིན་ཞིང་། །དྲང་སྲོང་དམོད་པས་མ་རྨས་པའི། །ངང་ཚུལ་དགེ་བའི་ལྷ་དབང་འདི། །ཀྱེ་མ་ལྷ་མིན་གདུག་པས་བཅོམ། །ལྟ་བུའོ། ། ༈ བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་དེ་ཉིད་ཆེས་འཕགས་པའི་ཁྱད་པར་འཇིག་རྟེན་ན་ཡོངས་སུ་གྲགས་པའི་མཚམས་ལས་བརྒལ་བར་གྱུར་པའི་འུད་བརྗོད་པ་ལ། བརྗོད་ཚུལ་ཉམས་ཀྱི་ཁྱད་པར་མཚར་ཕུལ་ཅི་ཆེར་བརྗོད་པ་སྟེ། དབྱེ་ན་བཞི་ལས། དང་པོ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང་ནི། རབ་དམར་ཁྲག་གིས་བགོས་པའི་བཞིན་རས་ཅན། །ལེ་བརྒན་རུ་མཚོན་གསར་པ་གཡོ་བྱེད་ཅིང་། །རྟ་དམར་རླུང་གཤོག་ཞོན་ནས་རྒྱུ་བ་ཡི། །བཙན་རྒོད་དུས་མེའི་འོད་ལ་མཚོན་མ་ཡིན། །ཞེས་དམར་བའི་ཡོན་ཏན་ཁྱད་འཕགས་བརྗོད་འདོད་ཀྱིས་དུས་མཐའི་མེ་ཡི་འོད་དང་སོ་སོར་འབྱེད་མ་ནུས་སྐད་དུ་བརྗོད་པ་ལྟ་བུའོ། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། འདི་འདྲའི་ཐེ་ཚོམ་སྐྱེ་མི་སྲིད་ཀྱང་བརྗོད་འདོད་ཀྱིས་སྒྲོ་བཏགས་པ་སྟེ། མཚོ་སྐྱེས་རྒྱལ་བའི་ཐུགས་རྗེའི་གྲུས། །བསྒྲལ་བར་མ་བྱས་ཡིད་ཅན་འགའ། །ཞིང་འདིར་སྲིད་དམ་མི་སྲིད་ཅེས། །བདག་ཡིད་ཐེ་ཚོམ་ཟློག་མ་གྱུར། །གསུམ་པ་ངེས་པ་ཕུལ་བྱུང་ནི། མཚོ་སྐྱེས་རྒྱལ་བས་མ་བསྒྲལ་བའི། །ལོག་སྲེད་ཅན་འགའ་ལུས་པར་ཤེས། །སླད་ནས་འདྲེན་པ་མ་ཕམ་སོགས། །ཞིང་འདིར་གདུལ་བྱ་སྐྱོང་དེའི་ཕྱིར། །འདི་གཉིས་རྒྱན་གཅིག་གི་དབྱེ་བར་ཡང་བཤད་དོ། །བཞི་པ་གྲགས་པ་ཕུལ་བྱུང་ནི། དེ་ཉིད་ཁྱད་འཕགས་སུ་བརྗོད་པར་འདོད་པའི་ངག་གི་ཉམས་འགྱུར་ཏེ། གངས་ལྗོངས་སྣང་བའི་སྒོ་འབྱེད་པའི། །མཁན་སློབ་ཆོས་རྒྱལ་ལོ་པཎ་གྱི། །ཕུལ་བྱུང་ལེགས་མཛད་གྲགས་པའི་གཏེར། །འདེགས་བཟོད་ནོར་འཛིན་གཞི་འདི་བརླིང་། །ཞེས་པ་ལྟ་བུ་སྟེ་གཞན་ཡང་རྒྱ་འགྲེལ་ལས་འབྱུང་བ་སོགས་སྤྲོས་པས་ཆོག་གོ ། ༈ བཅུ་གཉིས་པ་རབ་རྟོག་གི་རྒྱན་ནི། སེམས་ལྡན་ནམ་སེམས་མེད་ཀྱི་དངོས་པོ་གང་གི་རང་བཞིན་ཇི་ལྟར་གནས་པའི་ཚུལ་དེ་ལ་བརྗོད་འདོད་ཀྱི་དབང་གིས་གཞན་དུ་བསྒྱུར་ནས་རབ་ཏུ་རྟོག་ཅིང་སྒྲོ་འདོགས་པ་སྟེ། །དབྱེ་ན་དྲུག་ལས། དང་པོ་སེམས་ལྡན་རབ་རྟོག་སྙམ་སྒྲ་ཅན་ནི། འདོད་ལྷ་རྒན་པོའི་འཕྲུལ་གྱིས་སེར་སྐྱའི་གྲོང་། །བཅོམ་པའི་འཁོན་ལན་བླན་ཕྱིར་ཀུན་དགའ་བོ། །ཡང་ཡང་བསིལ་ལྡན་ལྗོངས་འདིའི་མགོན་ཕེབས་ནས། །ཡིད་སྲུབས་མངའ་ཐང་རྨང་ནས་འཕྲོག་གམ་སྙམ། །གཉིས་པ་སེམས་མེད་རབ་རྟོག་འདྲ་སྒྲ་ཅན་ནི། ཐེག་རྩེ་བླ་མེད་ཨ་ཏི་རྫོགས་པ་ཆེར། །དཔལ་འཛིན་བྱིས་བློས་མ་རྟོགས་ལོག་ལྟ་ཡིས། །སྐུར་འདེབས་ཆོས་སྤོང་སྡིག་ལྟུང་ལྕི་བའི་ལུས། །འཛིན་མའི་གཞི་ཡིས་མ་ཐེག་རལ་བ་འདྲ། །གསུམ་པ་རབ་རྟོག་བཞིན་སྒྲ་ཅན་ནི། སྟོན་པའི་ཞབས་སེན་བཀྲ་ཤིས་རེ་ཁ་ཡིས། །རེག་པའི་མོད་ལ་མདག་མེ་འབར་བའི་འོབས། །ཁྲུས་རྫིང་པདྨ་དཀར་པོའི་རྐང་རྟེན་ཕྲེང་། །གཡོན་ཅན་གྲོགས་ལ་འཕྱ་བས་དགོད་པ་བཞིན། །བཞི་པ་རབ་རྟོག་དོགས་སྒྲ་ཅན་ནི། བབ་ཅོལ་དྲེགས་པའི་མྱོས་པའི་ཐུབ་དཀའ་ནག །འཕགས་པའི་རིགས་ལམ་ལྕགས་ཀྱུས་བཀོལ་མཐོང་ནས། །དེ་ཡི་ཕྱོགས་གྱུར་དགྲ་སྟྭའི་དུམ་བུ་ཡང་། །སྐྱེངས་ནས་གངས་ཀྱི་རི་བོར་ཡིབ་པར་དོགས། །ལྔ་པ་རབ་རྟོག་ངེས་སྒྲ་ཅན་ནི། རྒྱ་མཚོའི་ལྷ་མོའི་སྐུ་ཡིས་ང་ཅག་གི། །མཛེས་པ་ཕྲོགས་ནས་ཡལ་དོར་མི་རིགས་ཞེས། །རྫིང་བུའི་བསྟི་གནས་སྤངས་ནས་སྟེང་འཐུང་དཀར། །ཞབས་སེན་ཟླ་ཚེས་དྲུང་དུ་བསྙེགས་པར་ངེས། །དྲུག་པ་རབ་རྟོག་མིན་ནམ་སྒྲ་ཅན་ནི། མགྲིན་པའི་འོ་མཚོར་དགྱེས་རོལ་དབྱངས་ལྷ་མོས། །སྙན་ངག་ནོར་བུའི་རྒྱུད་མང་སྦྲེང་བའི་སྒྲ། །མཉན་ལ་རབ་དགའ་རིག་བྱེད་དྲན་པོ་ཡིས། །ཐོས་འཛིན་ཟུང་བཞིར་འབད་པས་སྤྲུལ་མིན་ནམ། ལྟ་བུ་སྟེ་རབ་རྟོག་གསལ་བྱེད་ཀྱི་སྒྲ་གཞན་ཡང་སྦྱར་ཏེ་སྤྲོས་པས་ཆོག་གོ ། ༈ བཅུ་གསུམ་པ་རྒྱུ་ཡི་རྒྱན་ནི། བརྗོད་བྱའི་དོན་གང་ཡིན་པ་དེའི་སྐྱེད་བྱེད་དམ་མེད་ན་མི་འབྱུང་བའི་བྱེད་པོ་གང་ཡིན་པ་དེ་གོ་བར་བྱེེད་པའི་ཆ་ནས་བརྗོད་པའི་ངག་སྟེ། དེ་ལ་སྤྱིར་རྒྱུའི་དབྱེ་བ་མང་ཡང་། སྐབས་འདིར་ས་བོན་ལས་མྱུ་གུ་ལྟ་བུ་བྱེད་པ་པོའི་རྒྱུ་དང་། དུ་བ་ལས་མེ་དང་ཆུ་སྐྱལ་ལས་ཆུ་ལྟ་བུ་ཤེས་བྱེད་ཀྱི་རྒྱུ་གཉིས་གཙོ་བོ་ཡིན་ལ། རྒྱུ་གཞན་རྣམས་དེ་ལས་འཕྲོས་པར་བཞེད། དེ་ཉིད་དཔེར་བརྗོད་པ་ལ་སྤྱི་རིགས་ནས་དངོས་པོའི་རྒྱུ་དང་། དངོས་མེད་ཀྱི་རྒྱུ་དང་། མཚར་བའི་རྒྱུ་ཞེས་རྣམ་གྲངས་གསུམ་དང་། ནང་གི་དབྱེ་བ་ལ། དང་པོ་ལ་དྲུགཕྱི་མ་གཉིས་ལ་ལྔ་ལྔ་སྟེ་ཁྱོན་བསྡོམས་བཅུ་དྲུག་ལས། དང་པོ་འགྲུབ་བྱེད་འོས་པའི་རྒྱུ་ནི། རྒྱུ་དེས་འབྲས་བུ་དགའ་བ་སོགས་བསྐྱེད་པར་འོས་པ་སྟེ། སྣང་མཛད་ལོ་ཙཱའི་ཐུགས་བསྐྱེད་དུས་བབས་འཕྲུལ། །མཁས་གྲུབ་བྱེ་བའི་གཙུག་ནོར་མྱོས་སྟོན་རྗེས། །ངེས་གསང་བསྟན་མཆོག་ཆེས་ཆེར་གསལ་བྱས་པས། །གཟུར་གནས་ཡིད་ལ་ཀུན་དགའི་དཔལ་སྟེར་བྱེད། །གཉིས་པ་འགྲུབ་བྱེད་མི་འོས་པའི་རྒྱུ་ནི། དེ་ལས་ལྡོག་པ་སྟེ། ཐུབ་བསྟན་མཛེས་པའི་རྒྱན་གཅིག་སྨིན་གླིང་པའི། །བཤད་སྒྲུབ་ཕྲིན་ལས་བཟང་པོའི་སྙན་པའི་དབྱངས། །ཡིད་སྲུབ་སྙིང་ཞུགས་ཕྱོགས་ཞེན་ཅན་འགའ་ཡི། །སྙིང་གི་དགའ་བ་ཉམས་ཕྱིར་ཉེ་བར་གནས། །གསུམ་པ་རྣམ་འགྱུར་གྱི་རྒྱུ་ནི། དགའ་བ་སོགས་བསྐྱེད་པར་འོས་པའི་རྒྱུ་རྣམས་རང་གི་ཉེས་པའི་རྒྱུས་གཞན་དུ་འགྱུར་བ་མཚོན་པ་སྟེ། གཏེར་ཆེན་ཐུགས་བསྐྱེད་དུས་བབས་ཕྲིན་ལས་སྒོ། །ལོ་ཆེན་མཁས་པའི་རྣམ་དཔྱོད་འཆད་རྩོམ་དཔལ། །འདུས་ཚོགས་བསླབ་གསུམ་སྦྱངས་ཡོན་ཕུལ་བྱུང་རྣམས། །ཕྱོགས་ཞེན་དབང་གིས་སྙིང་ལ་དུག་ཏུ་གྱུར། །འདིར་ཐུགས་བསྐྱེད་དུས་བབས་ཀྱི་ཕྲིན་ལས་སོགས་བསྒྱུར་བྱ། རྣམ་པར་སྒྱུར་བྱེད་རྒྱུ་གྲུབ་མཐའི་ཕྱོགས་ཞེན། བསྒྱུར་འབྲས་སྙིང་ལ་དུག་ཏུ་གྱུར་ཏེ་ཐར་པའི་སྲོག་འཕྲོག་པའོ། །བཞི་པ་འཐོབ་བྱེད་ཀྱི་རྒྱུ་ནི། དོན་གང་ཞིག་ཐབས་གང་གིས་འཐོབ་པར་བྱེད་པ་སྟེ། གངས་ལྗོངས་དགེ་བཅུའི་བཀའ་ཁྲིམས་འཛུགས[བཙུག]པའི་ཆེད། །སྲོང་བཙན་རང་གིས་སྤྲུལ་པའི་སྐྱེ་བོ་འགར། །ཁྲག་སྦྱོར་མནར་བའི་ཟོལ་གྱིས་ཆབ་འབངས་འཁོར། །སེམས་ལ་འཕྲིགས་ཚུགས་བག་ཡོད་ཁྲིམས་ཀྱིས་འཚོ། །ལྔ་པ་ཤེས་བྱེད་ཀྱི་རྒྱུ་ལ་དཔེར་བརྗོད་གཉིས་ཀྱི། ཕྱི་དུས་ཤེས་བྱེད་ནི། དགེ་བཅུའི་དཔུང་པ་ཤིན་ཏུ་ཉག་ཕྲ་ཞིང་། །གནའ་བོའི་སྲོལ་ནུབ་ངན་སྤྱོད་སྣ་ཚོགས་དར། །ཕ་མ་དགེ་སྦྱོང་བཀུར་འོས་ཀུན་ལ་བརྙས། །ཀྱེ་མ་སྣོད་བཅུད་སྡིག་པས་གང་འདིས་སྐྱོ། །འདིས་རྩོད་པའི་དུས་མཚོན་ནུས་པ་དང་། དྲུག་པ་ནང་ཤེས་བྱེད་ནི། གང་ལ་ཐེག་མཆོག་རིགས་ཁམས་ཡོད་པའི་རྟགས། །སྡུག་བདེའི་སྐྱོན་ཡོན་མཐོང་དང་འགྲོ་བ་ལ། །སྙིང་རྗེ་སྐྱེ་དང་ཟབ་མོ་སྟོང་པ་ཉིད། །ཐོས་ན་དད་པའི་སྤུ་ལོང་གཡོ་བས་ཤེས། །ཞེས་རྗེས་དཔག་གི་རིགས་པས་གོ་བ་ལྟ་བུའོ། །དེས་བསྐྱེད་བྱེད་ཀྱི་རྒྱུ་དངོས་པོ་ཅན་རྣམས་སོང་ནས། དངོས་མེད་ཀྱི་རྒྱུ་ལས། བདུན་པ་སྔ་ན་མེད་པའི་བྱེད་པ་པོའི་རྒྱུ་ནི། སྤྱིར་དངོས་མེད་ནི་རྒྱུ་འབྲས་ཀྱི་དངོས་པོ་གང་དུའང་མི་འགྱུར་མོད། འོན་ཀྱང་མེད་ན་མི་འབྱུང་བའི་ཐ་སྙད་ཀྱི་སྒོ་ནས་རྗོད་ཚུལ་འདི་ལྟ་བུའི་དབང་དུ་བྱས་ན་དངོས་མེད་ཀྱི་རྒྱུས་དངོས་པོར་ཡོད་པ་དང་མེད་པའི་འབྲས་བུ་བསྐྱེད་པ་ལྟ་བུའི་ཐ་སྙད་བྱར་རུང་བའི་ཕྱིར་ཚིག་གི་ཉམས་ཁྱད་པར་བ་སྟེ་དེ་ཡང་རྒྱུ་དངོས་མེད་ཀྱིས་འབྲས་བུ་སྡུག་བསྔལ་དངོས་པོར་གྱུར་པ་བསྐྱེད་པ་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་འཕགས་པའི་ནོར། །བསགས་པར་མ་བྱས་ཉེས་སྤྱོད་གདུག་པ་ལ། །འཛེམ་བག་ཅུང་ཟད་བྱས་མིན་སྐྱེ་བོ་རྣམས། །དུས་ཀྱི་ཐ་མར་རབ་ཏུ་གདུང་བར་གྱུར། །བརྒྱད་པ་ཞིག་ནས་མེད་པའི་བྱེད་པ་པོའི་རྒྱུ་ནི། སྔར་ཡོད་ཀྱི་སྐྱོན་རྣམས་ཞིག་ནས་མེད་པའམ། ཉམས་པ་ལས་འབྲས་བུ་དགེ་བློ་སོགས་དངོས་ཡོད་བསྐྱེད་པ་སྟེ། བདག་རྒྱལ་གཞན་ཕམ་ཚིག་གི་རྩོད་བློ་ཞི། །ཤགས་དང་ཀུ་ཅོ་རྒྱུག་མཆོང་ལུས་མཐུ་ཉམས། །འདོད་ལྔ་དང་དུ་ལེན་པའི་བསམ་སྤྱོད་བྲལ། །རྒྱུ་དེས་སྙིང་ནས་འཆི་ཆོས་འབའ་ཞིག་བརྣག །དགུ་པ་ཕན་ཚུན་མེད་པའི་བྱེད་པ་པོའི་རྒྱུ་ནི། ཁྱིམ་དང་ནགས་ཚལ་སོགས་ཕན་ཚུན་གཅིག་ལ་གཅིག་མི་གནས་ཤིང་མེད་པའི་རྒྱུ་དངོས་མེད་ཀྱིས། འབྲས་བུ་དགའ་བའི་དངོས་པོ་སྐྱེད་པ་སྟེ། ཕང་པར་གནས་པའི་ལྷུང་བཟེད་འདི་ནི་སྲེད་ལྡན་འཆིང་བའི་ཆུང་མ་མིན། །རྣམ་གསུམ་ངུར་སྨྲིག་བགོ་བ་མཆོག་འདི་གསེར་དགྲས་འཆོས་པའི་ལུས་སྐྱོབ་མིན། །སྤང་དང་ཀློག་པའི་བྱ་བ་འདི་ཀུན་ཟིན་མེད་འཁོར་བའི་རྣམ་གཡེང་མིན། །དེ་སླད་ཁོ་བོའི་ཡིད་ལ་སྔོན་མེད་སྤྲོ་བའི་དགའ་སྟོན་འཕེལ་བར་གྱུར། །བཅུ་པ་སྤངས་ནས་མེད་པའི་བྱེད་པ་པོའི་རྒྱུ་ནི། སྤང་བྱ་སྤངས་ནས་མེད་པའི་རྒྱུ་དེས་འབྲས་བུ་ཕུན་ཚོགས་ཀྱི་དངོས་པོ་སྐྱེད་པ་སྟེ། རང་དོན་ཡིད་བྱེད་ཀུན་རྟོག་དམན་པའི་སེམས། །བློ་ཆེན་རྒྱལ་སྲས་རྣམས་ལ་ཡོད་མ་ཡིན། །རྒྱུ་དེས་བག་མེད་གྱུར་ཀྱང་བསོད་ནམས་ཚོགས། །རིམ་གྱིས་འཕེལ་བས་ས་བཅུའི་རྩེ་མོར་སྦྱོར། །བཅུ་གཅིག་པ་རྒྱུ་དངོས་མེད་ཀྱིས་འབྲས་བུ་དངོས་མེད་སྐྱེད་པ་ནི། སྔ་འགྲེལ་དུ། དགག་པ་གཉིས་ཀྱིས་རྣལ་མར་གོོ་ཡང་། དགག་ཚིག་བརྩེགས་མའི་དབང་གིས་རྒྱུ་དངོས་མེད་དུ་བཞག་ནས་འབྲས་བུ་འཆི་བ་དངོས་མེད་དུ་བཀྲལ་བའི་ལུགས་ལྟར་ན། གནུབས་ཆེན་ཁྲོས་པའི་རིགས་སྔགས་རྣོ་དབལ་གྱིས། །ཕས་རྒོལ་དཔུང་ཚོགས་མ་བཅོམ་པ་མིན་ན། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་གྱི། །མི་ཕྱུགས་མཐའ་དག་གསུར་གྱིས་བརྔན་བྱར་གྱུར། །ཡང་ཕྱི་འགྲེལ་དུ། རྒྱུ་མ་ཚོགས་པས་འབྲས་བུ་མི་བསྐྱེད་པའི་དོན་དུ་བཀྲལ་བ་ལྟར་ན། གནུབས་ཆེན་ཁྲོས་པའི་རིགས་སྔགས་དབལ། །ཉམ་ཆུང་ཕལ་ལ་གཟས་མིན་པས། །དེ་དག་གསུར་གྱི་འཚོ་བ་ལ། །རེ་བའི་གནས་སྐབས་ཐོབ་མ་ལགས། །ལྟ་བུ་ཡིན་ནམ་དཔྱད་པར་བྱའོ། །དེས་དངོས་མེད་ཀྱི་རྒྱུ་རྣམས་སོང་ནས། མཚར་བའི་རྒྱུ་ལས། བཅུ་གཉིས་པ་རིང་འབྲས་ཀྱི་རྒྱུ་ནི། སྤྱིར་ཆེད་དུ་མ་བྱས་པའི་འབྲས་བུ་དང་། རྒྱུ་འབྲས་དུས་མཉམ་དང་། འབྲས་བུ་སྔ་བ་སོགས་འདི་ལྟ་བུ་དངོས་དོན་ལ་ཡོད་མི་སྲིད་པ་ཞིག་ཚིག་གི་ལམ་དེའི་དབང་དུ་བྱས་ན་དེ་ལྟར་ཐ་སྙད་དུ་རུང་ཞིང་ལེགས་པས་ངོ་མཚར་བའི་རྒྱུ་སྟེ། དེ་ལས། རྒྱུ་ཡི་བྱ་བ་ལས་རིང་དུ་འབྲས་བུ་སོན་པ་རིང་འབྲས་ཀྱི་རྒྱུ་སྟེ། འཇམ་དཔལ་དགྱེས་པས་འཐད་ལྡན་ལུང་རིགས་ཀྱིས། །ཕྱོགས་འདིའི་མུ་ཅོར་སྨྲ་འགའ་ཚར་བཅད་ཚེ། །མཐའ་དབུས་ཀུན་ན་གནས་པའི་རིགས་ལམ་མཁན། །མ་ལུས་གཅིག་ཏུ་འདུས་ནས་མནལ་ཐབས་ཆགས། །བཅུ་གསུམ་པ་ལྷན་ཅིག་སྐྱེས་པའི་རྒྱུ་ནི། རྒྱུ་འབྲས་དུས་མཉམ་དུ་སྐྱེས་པ་སྟེ། ཚེ་སྔོོན་འབྲེལ་བའི་བླ་མ་ཡི། །ཞལ་དཀྱིལ་འདྲེན་བྱེད་དཔྱིད་གྱུར་དང་། །ལྷན་ཅིག་བདེ་ཆེན་ཡེ་ཤེས་མཆོག །སྐལ་བཟང་སློབ་མའི་རྒྱུད་ལ་མཛའ། །བཅུ་བཞི་པ་འབྲས་བུ་སྔ་བའི་རྒྱུ་ནི། འབྲས་བུ་སྔར་སྐྱེས་ཤིང་དེའི་དེ་མ་ཐག་རྒྱུ་སྐྱེས་པ་སྟེ། ལས་ཤུགས་དཔུང་པ་གཏུམ་པོས་བྷོ་ཊའི་ལྗོངས། །དབང་བྱས་ཁྲི་སྐོར་བཅུ་གཉིས་རལ་པའི་རྩེར། །ངལ་གསོ་ཐོབ་ཟིན་མི་དབང་ཕོ་ལྷ་བ། །སླད་ནས་གནམ་བསྐོས་གོང་མའི་ལུང་གིས་སྤུད། །བཅོ་ལྔ་པ་རིགས་མིན་གྱི་རྒྱུ་ནི། མི་འོས་པའི་འབྲས་བུ་སྐྱེད་པ་སྟེ། སྟོན་པའི་ཞབས་སེན་འཆར་ཀའི་ཟླ། །ས་བདག་མགོ་བོའི་རྒྱན་ཐོབ་ཚེ། །སྙིང་ལ་དད་པ་འབར་བའི་ཉམས། །ལག་པའི་ཀུ་མུཏ་ཟུམ་འདི་ཅི། །བཅུ་དྲུག་པ་རིགས་པའི་རྒྱུ་ནི། འོས་པའི་འབྲས་བུ་སྐྱེད་པ་སྟེ། རྒྱལ་བ་ཐུབ་པ་ཉི་མ་ནི། །འཇིག་རྟེན་འདི་ན་མངོན་འཆར་ཚེ། །དྲུག་ཚན་གསུམ་གྱི་ཏརྐའི་སྡེའི། །སྤོབས་པའི་ཀུ་མུཏ་ཟུམ་ལ་དབང་། །ལྟ་བུའོ། ། ༈ བཅུ་བཞི་པ་ཕྲ་མོའི་རྒྱན་ནི། དཔང་ཊཱིཀ྄་ལས། སྒྲས་སྣང་བ་མེད་པར་དངོས་པོ་དེ་ལུས་ཀྱི་རྣམ་པར་རིག་བྱེད་ཙམ་གྱིས་མཚོན་པར་བྱས་པས་ན་ཕྲ་བའི་ཕྱིར་ཕྲ་མོ་ཞེས་པར་བརྗོད་དོ། །ཞེས་གསུངས། དབྱེ་ན་རྣམ་གྲངས་གཉིས་ལས། དང་པོ། ནང་གི་བསམ་པ་འགའ་ཞིག་གོ་བར་བྱེད་པའི་དོན་དུ་བློས་དཔྱད་པ་སྔོན་དུ་བཏང་སྟེ་དོན་དེ་དངོས་སུ་མ་བརྗོད་པར་བརྡའ་ཐབས་ཀྱི་ཟུར་ཙམ་གྱིས་སྟོན་པ་ཟུར་གྱི་ཕྲ་མོ་ནི། མཁྱེན་རབ་མཆོག་གྱུར་ཕྱོགས་ཀྱི་གླང་པོ་ཡིས། །སློབ་དཔོན་ནཱ་ག་དནྟའི་སྤྱན་ལམ་དུ། །ཉི་ཟླའི་ཟེར་དང་སྒྲོན་སོགས་སྣང་བའི་ངོགས། །གཅེར་བུར་ཁྲུས་ལ་ཞུགས་ནས་ཡང་ཡང་བལྟས། །གཉིས་པ། བློ་སྔོན་དུ་བཏང་ནས་ཆེད་དུ་བརྡ་བྱས་པ་མིན་ཀྱང་། ནང་གི་སེམས་ཀྱི་འགྱུར་བ་དང་རྗེས་མཐུན་ལུས་ངག་གི་རྣམ་པས་དོན་གང་ཡིན་གོ་བ་རྣམ་པའི་ཕྲ་མོ་ནི། དེ་ཚེ་མང་ཐོས་བརྡ་ལ་རྣམ་བྱང་བའི། །གནས་བརྟན་གླང་པོའི་བྱིན་སོགས་གནས་མ་བུའི། །སྡེར་རྟོགས་མཁས་རྣམས་མི་སྨྲའི་བརྟུལ་ཞུགས་ཀྱིས། །གནག་པའི་བཞིན་རུམ་འདྲེན་བྱེད་རྣམ་པར་གཡོ། །ལྟ་བུ་སྟེ། འདི་དང་ཤེས་བྱེད་ཀྱི་རྒྱུའི་ཁྱད་པར། འདིར་རྣམ་འགྱུར་ཕྲ་མོ་ལས་ནང་གི་བསམ་པ་གོ་བ་ཙམ་ཡིན། ཤེས་བྱེད་ཀྱི་རྒྱུ་ལ་ཡིན་མིན་སོགས་ཀྱི་ཤེས་བྱེད་ལ་བརྟགས་ཤིང་དཔྱད་དེ་རྗེས་སུ་དཔག་པའི་རྒྱུས། གནས་སྐབས་ཀྱི་ཡིད་རྟོགས་དགོས་པའི་ཁྱད་པར་ཆེ་བས་འདྲ་བའི་གནས་མེད་དོ། ། ༈ བཅོ་ལྔ་པ་ཆ་ཡི་རྒྱན་ནི། མི་མཛེས་པའི་སྐྱོན་མཚང་གི་རྣམ་པ་བསྒྲིབ་བྱ། དེ་སྒྲིབ་བྱེད་རྣམ་པ་མཐུན་པ་གཞན་ཞིག་གིས་བསྒྲིབས་པར་བྱས་པ་ཞིག་སྟེ། དབྱེ་ན་བཞི་ལས། དང་པོ་ཟོལ་གྱིས་སྦེད་པ་འོས་པའི་ཆ་ནི། མཁས་མང་གསེར་རི་ཕྲེང་བཟང་བསྒྲིགས་པའི་མདུན། །ལུགས་གཉིས་འབེལ་གཏམ་ལ་ཞུགས་དཔྱོད་ལྡན་འདིའི། །ལུས་ཀྱི་འཁྲི་ཤིང་རྣམ་པར་བསྐྱོད་པ་འདི། །རླུང་ཁྲག་འདུ་བ་འཁྲུགས་ལས་གཞན་དུ་ཅི། །གཉིས་པ་མི་འོས་པའི་ཆ་ནི། མཚར་སྡུག་ལང་ཚོ་བདོ་བའི་ཟླ་བཞིན་མར། །སྤྱན་ཟུང་ཨུཏྤལ་དམར་པོ་གཡོ་བ་ཡང་། །ཚེ་སྔོན་རང་གི་མ་རུ་ངེས་རྙེད་ནས། །སྙིང་རྗེས་རྗེས་སུ་ཆགས་པའི་རོལ་གར་ངེས། །གསུམ་པ་ཆ་ལས་སྨད་པ་ནི། གོང་མ་མཉེས་བྱས་ཆེན་པོའི་ལུང་གིས་བརྗིད། །མངའ་འབངས་རྒྱ་ཆེ་མཐའ་མིའི་འདུ་འགོད་མང་། །ཉིན་མཚན་བར་མེད་ལུགས་གཉིས་ཕྲིན་ལས་སྐྱོང་། །མགོན་འདི་ཐར་འདོད་ཉམ་ཆུང་ཁྱོད་བསྟེན་འོས། །བཞི་པ་ཆ་ལས་བསྟོད་པ་ནི། རང་སྲིད་ཉམས་པར་དོགས་ནས་འཇམ་པའི་དཔྱས། །ཆབ་འབངས་འབྲིད་པར་ཟད་དེ་གཞན་སྡེའི་ངོར། །བརྩེ་མེད་ཕ་རོལ་གནོན་གྱིས་དུས་འདའ་བའི། །གཡོན་ཅན་ས་བདག་འདི་ཡིས་བདག་ལ་ཅི། །ལྟ་བུ་སྟེ། ཟོལ་བསྟོད་དང་འདི་གཉིས་ཀྱི་ཁྱད་པར། ཟོལ་བསྟོད་ནི་སྐྱོན་ལྟར་བརྗོད་པའི་ཟོལ་གྱིས་མཐུ་ལ་སོགས་པ་ཕུལ་དུ་བྱུང་བ་ཤུགས་ཀྱིས་སྟོན་ལ། འདི་ནི་བརྗོད་འདོད་ཀྱི་སྐབས་དོན་བསྟོད་སྨད་གང་ཡིན་པ་དེ་ཉིད་དེའི་ལྡོག་ཕྱོགས་སྒྲིབ་བྱེད་ཀྱི་ཟོལ་གྱི་ནང་ནས་ཆ་ཙམ་ལས་མི་མངོན་པ་ཞིག་སྟེ། དཔེར་ན་ཆ་ལས་སྨད་པ་ལ། བསྟོད་པ་འབའ་ཞིག་གི་ནང་དུ་སྨད་པའི་ཆ་ཅུང་ཟད་མངོན་པ་དང་། དེ་བཞིན་དུ་ཆ་ལས་བསྟོད་པར་སྨད་པ་འབའ་ཞིག་གི་ནང་དུ་བསྟོད་པའི་ཆ་ཅུང་ཟད་མངོན་པ་ལྟ་བུའོ། ། ༈ བཅུ་དྲུག་པ་གྲངས་སམ་རིམ་པ་ཅན་གྱི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་དཔེ་ཅན་རྣམས་སྔོན་ལ་རིམ་པས་བཀོད་ཅིང་རབ་ཏུ་བསྟན་པ་རྣམས་ཀྱི་གོ་རིམ་ལས་མ་འཆོལ་བར་འོག་ཏུ་སོ་སོའི་དཔེ་རྣམས་ཀྱང་རིམ་པ་བཞིན་དུ་རྗེས་སུ་སྟོན་པ་སྟེ། གངས་ཁྲོད་སྨྲ་བའི་སེང་ཆེན་རོང་ཟོམ་པ། །ཁྱོད་ཀྱི་འཆད་རྩོད་རྩོམ་པའི་རྣམ་དཔྱོད་དཔལ། །ཙཎྜ་གོ་མི་ཕྱོགས་གླང་དཔའ་བོ་ལས། །བརྐུས་པར་ངེས་སོ་དཔལ་ལྡན་ཆོས་ཀྱི་བཟང་། །ལྟ་བུའོ། ། ༈ བཅུ་བདུན་པ་དགའ་བའི་རྒྱན་ནི། མཆོག་ཏུ་དགའ་བར་གྱུར་པའི་རང་བཞིན་བརྗོད་པའི་ཉམས་དང་ལྡན་པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་རེ་བ་དང་བཅས་པའི་དགའ་བ་ནི། ཨེ་མ་རིང་ནས་བསྙེན་པའི་ལྷ། །དེ་རིང་མངོན་དུ་གྱུར་པ་ཡི། །བདག་ཡིད་དགའ་བ་སྐྱེས་པ་གང་། །སླད་མར་མཇལ་ནའང་དེ་འོང་འགྱུར། །གཉིས་པ་རེ་བ་མེད་པའི་དགའ་བ་ནི། དཀྱིལ་འཁོར་འབྲི་དང་ཕྱག་རྒྱ་འཆིང་། །སྔགས་ཟློས་རྣམ་པ་གསལ་བ་ལས། །རིང་འདས་ཡེ་ཤེས་སྒྱུ་མའི་སྐུ། །མངོན་སུམ་ལྟ་བར་ངེད་ཀྱིས་ཅི། །ལྟ་བུའོ། ། ༈ བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ནི། སྒེག་པ་སོགས་ཀྱི་ཉམས་བརྗོད་པའི་ཚིག་གི་ནུས་པ་ཐོན་པས་སོ་སོའི་རྣམ་པ་ཆེས་ཡིད་ལ་འབབ་པའམ་གསལ་བ་སྟེ། དབྱེ་ན་བརྒྱད་ལས། དང་པོ་དགའ་བ་འཕེལ་བ་སྒེག་པའི་ཉམས་ནི། རྒ་བས་ཆེས་ནོན་ལྔ་པར་ཕྱོགས་ཉེ་བའི། །སྤང་རྒན་བདག་ལ་བགྲེས་རྒུད་བྲལ་བའི་སྐུ། །མངོན་སུམ་སྦྱིན་མཛད་ལོ་ཆེན་བཻ་རོ་མཆོག །ཐོབ་འདི་བདག་གིས་ཇི་ལྟར་བཏང་བར་ནུས། །ཞེས་སྤང་རྒན་གྱིས་བཻ་རོའི་མགུལ་ནས་འཁྱུད་པའི་ཚེ་སྨྲས་ཚུལ་ལྟ་བུ་དང་། གཉིས་པ་ཁྲོ་བ་འཕེལ་བ་དྲག་ཤུལ་གྱི་ཉམས་ནི། གླིང་དཀར་སྟོད་བཅོམ་ཕུ་ནུའི་གྲལ་ར་བཤིག །སེང་ཕྲུག་མཁར་གཏོར་འབྲུག་མོ་རིན་མེད་འཕྲོག །མི་བསྲུན་སྡིག་ཅན་ཧོར་རྗེ་ཐོབ་པ་འདི། །སྐད་ཅིག་གཉིས་པར་འཚོ་བའི་སྐབས་ཡོད་དམ། །ཞེས་གེ་སར་གྱིས་གུར་དཀར་ལ་སྨྲས་ཚུལ་ལྟ་བུ་དང་། གསུམ་པ་སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ནི། འཕགས་ཡུལ་མཁས་པའི་རིགས་སུ་མ་སྐྱེས་ཤིང་། །ཡུན་རིང་སྦྱངས་{སྦྱང}པར་མ་བྱས་ཙ་མི་བདག །དབུས་འགྱུར་མ་ག་ངྷ་ཡི་སེང་གེའི་ཁྲིར། །འཇིགས་མེད་བག་ཕེབས་སྤྱོད་འདི་ཇི་ལྟར་འགྱུར། །ཞེས་རྡོ་རྗེ་གདན་གྱི་མཁན་པོར་གྱུར་སྐབས་བརྗོད་པའི་ཚུལ་དང་། བཞི་པ་མྱ་ངན་འཕེལ་བ་སྙིང་རྗེའི་ཉམས་ནི། ཡིད་འོང་མཐོ་རིས་ཚལ་ན་པདྨའི་སྟན། །རེག་པ་རྩུབ་སྙམ་བྱེད་པའི་ལྷ་མོ་དེ། །རབ་འཇིགས་མེ་ལྕེ་འབར་བའི་ལྕགས་སྲེག་གཞིར། །དབང་མེད་སྒྲེན་མོར་བསྲེག་གང་ཇི་ལྟར་བཟོད། །ལྔ་པ་སྐྱུག་བྲོ་བ་འཕེལ་བ་མི་སྡུག་པའི་ཉམས་ནི། གུར་དཀར་སྤྲེལ་འཇོག་མདུང་ཁྲིའི་ཁ་ནས་ལྷུང་། །ཧོར་པ་རི་ཐང་ཤོག་པ་བཅོ་བརྒྱད་ཀྱི། །བཤང་གཅིའི་མཚོར་བྱིང་ཁ་སྣ་མི་གཙང་བས། །ཡོགས་ནས་རྐྱལ་གྱིན་རྐྱལ་གྱིན་ཕྱིར་འཐོན་ནོ། །དྲུག་པ་དགོད་བྲོ་བ་འཕེལ་བ་བཞད་གད་ཀྱི་ཉམས་ནི། ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་མཁན། །དྲངས་ཤིང་སྒྱུ་མེད་འགོས་ལོ་ལྷས་བཙས་རྗེ། །བོད་བླུན་ཚིག་འཁྱལ་རྒྱ་གཞུང་ཚད་མ་འགར། །སྣང་འདི་རྒྱ་སྐྱེགས་ཁུ་བས་སྒྲིབ་པར་མཛོད། །བདུན་པ་ངོ་མཚར་བ་འཕེལ་བ་རྨད་བྱུང་ངམ་དམ་པའི་ཉམས་ནི། ཨ་ལ་ལ་ཧོ་དེ་ཝཱི་ཀོ་ཊའི་ཞིང་། །བདག་ཅག་མགོན་འདི་གསང་བདག་དཔའ་བོ་དངོས། །འདུས་པའི་འཁོར་ཚོགས་རིག་པ་འཛིན་པའི་དལ། །ཟབ་གསང་ཆོས་འཁོར་ཉིན་མཚན་བར་མེད་འཚེངས། །བརྒྱད་པ་འཇིགས་པ་འཕེལ་བ་འཇིགས་རུང་གི་ཉམས་ནི། རབ་འབར་དུས་མེས་འཁྱུད་པའི་བཟོད་དཀའི་ཉམས། །འཇིགས་རུང་བདུད་བཞིའི་ཁྲག་གིས་མྱོས་པའི་གདངས། །རི་རབ་འབུམ་ཕྲག་བསྙིལ་འདྲ་རྡོ་རྗེ་ཅན། །དྲན་པས་བགེགས་ཚོགས་དོན་སྙིང་ཁ་སྒོར་འཕེན། །ལྟ་བུའོ། ། ༈ བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་ནི། ནང་དུ་ང་རྒྱལ་འཕེལ་བའི་ཚིག་སྟེ། ཁོ་བོ་ས་སྐྱ་པཎ་ཆེན་རིགས་ལམ་གྱིས། །རྟག་ཆད་སྨྲ་བའི་སྡེ་ཀུན་ཚར་བཅད་ཅེས། །དབུས་འགྱུར་སནྡྷཱ་པ་རྣམས་དོགས་མི་འཚལ། །ཤཱཀྱའི་སྲས་རྗེས་ཞུགས་རྣམས་ནམ་ཡང་མིན། །ལྟ་བུའོ། ། ༈ ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ནི། འདོད་པའི་དོན་དེ་མངོན་དུ་མ་བརྗོད་པར་དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། ཐབས་མཁས་ཀྱི་སྒོ་ནས་རྣམ་པ་གཞན་དག་བརྗོད་པ་སྟེ། ཁོ་བོའི་ལྔ་ཕུང་འདུ་བ་ཅུང་འཁྲུགས་པས། །ཞག་ཤས་ནང་དུ་ཡང་དག་འཇོག་གནས་པས། །བློ་གསལ་ཁྱེད་རྣམས་ཉམས་དགའི་ཀུན་དགའ་རར། །བག་ཕེབས་བདེ་བར་རྒྱུ་བའི་དཔལ་ལ་རྩེན། །ལྟ་བུའོ། ། ༈ ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ནི། བྱ་བ་གང་ཞིག་རྩོམ་པ་ལ། རྩོམ་པ་པོ་དེའི་ཁ་རྗེའམ་སྐལ་བའི་སྟོབས་ལས། བྱ་བ་གང་རྩོམ་པ་དེའི་སྒྲུབ་བྱེད་ཕུན་སུམ་ཚོགས་པ་གང་ཞིག་དེའི་སྐབས་སུ་གློ་བུར་དུ་བྱུང་བ་སྟེ། ཁོ་བོ་འདུ་འཛིར་ཡིད་སུན་ཞི་བའི་ནགས། །བསྙེན་པའི་སྐལ་བཟང་རིང་ནས་རེ་བའི་འབྲས། །གློ་བུར་འདུ་བ་འཁྲུགས་པའི་དཔུང་ཆེན་པོས། །གཞན་དབང་མཐུན་འཇུག་ཐག་པ་བཅད་དེས་འཚེང་། །ལྟ་བུའོ། ། ༈ ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ནི། བསམ་པའམ་འབྱོར་པའི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་ཉིད་སྟོན་པའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། རྒྱལ་སྲས་སྤྱོད་ཚེ་པདྨ་རྒྱས་འདྲའི་དབུ། །སྟོང་ཕྲག་བརྒལ་བ་འགྲོ་ལ་སྩལ་མཛད་གང་། །གཞན་ལ་ཕན་པར་བཞེད་པ་འབའ་ཞིག་ལས། །རང་འདོད་དྲི་མས་གཞར་ཡང་གོས་མ་ལགས། །ཡང་ན། མི་བསྲུན་དུག་ཆུས་མྱོས་པའི་གླང་པོ་ཡང་། །ཡ་གཅིག་སོར་མོའི་རྩེ་ཡིས་འཕེན་བཟོད་པའི། །སྟོབས་ལྡན་ཤཱཀྱའི་ཚོགས་རྣམས་སྲོག་ཕྱིར་ཡང་། །གཤེད་མར་འཁུ་བའི་བསམ་སྦྱོར་བགྱིད་མ་གྱུར། །གཉིས་པ་འབྱོར་པ་རྒྱ་ཆེ་བ་ནི། རྣམ་སད་དཔལ་འབྱོར་བསོད་ནམས་དཔུང་པ་ཡིས། །ཡོངས་བཟུང་བཻཌཱུར་གཙང་མའི་ཁྱིམས་ཀྱི་གཞིར། །མི་དབང་ལུས་ཀྱི་གཟུགས་བརྙན་འཆར་བའི་དཔལ། །མེ་སྐྱེས་སོར་གདུབ་འཕངས་པའི་སྒྲ་ཡིས་ཤེས། །ཡང་ན། ལྷ་མིའི་བསོད་ནམས་དཔལ་ཀུན་བསྡོམས་པ་ཡིས། །ཆ་ཙམ་མཚོན་མིན་ཟག་མེད་འབྱོར་པ་ཆེས། །ཡོངས་གང་ཆོས་དབྱིངས་དང་མཉམ་འོག་མིན་གྱི། །ཡོན་ཏན་བསྐལ་མང་བརྗོད་ཀྱང་རྫོགས་མི་འགྱུར། །ལྟ་བུའོ། ། ༈ ཉེར་གསུམ་པ་བསྙོན་དོར་རྒྱན་ནི། བརྗོད་བྱའི་དངོས་པོ་དེའི་དོན་ལ་མ་ཡིན་ཞེས་བསྙོན་པར་བྱས་ནས་བརྗོད་ན་ཡང་དེ་ལྟར་བསྙོན་པའི་ངག་དེ་ལ་རྒྱུ་མཚན་ནམ་དོན་གཞན་ཅུང་ཟད་སྟོན་རྒྱུ་ཡོད་པར་བརྗོད་པ་སྟེ། དབྱེ་ན་གསུམ་ལས། དང་པོ་ཆོས་ལ་བསྙོན་དོར་ནི། དུས་གསུམ་ཤེས་བྱ་ཀུན་གཟིགས་རྒྱལ་བའི་སྤྱན། །ཟུང་ཉིད་མ་ལགས་དེ་སྙེད་རྣམ་པའི་གྲངས། །བསམ་འདས་ཆོས་སྒོ་འབྱེད་བྱེད་ལྗགས་གཅིག་མིན། །སྟོང་ཁམས་རྡུལ་གྱི་གྲངས་ལས་བརྒལ་བར་ངེས། །གཉིས་པ་ཡུལ་ལ་བསྙོན་པ་ནི། ཤེས་རབ་རྒྱལ་མཚན་མཁས་པའི་རྣམ་དཔྱོད་དང་། །གྲུབ་པའི་ཉམས་མྱོང་བཟང་པོའི་ཕྲིན་ལས་དཔལ། །དེང་དུས་སྐྱེ་བོའི་སྙིང་གི་མུན་པ་སྟེ། །གཞན་ངོར་ཀུན་དགའི་སྣང་བ་སྦྱིན་ཞེས་གྲགས། །གསུམ་པ་རང་བཞིན་བསྙོན་དོར་ནི། གང་ཞིག་ཐོས་པས་ཉོན་མོངས་དགྲ་གཞོམ་ཞིང། །ཉེས་པའི་གདུང་བ་འཕྲོག་ལ་ཆོས་ཞེས་འདོད། །སྔོན་མེད་ལོག་པར་རྟོག་པའི་འཆིང་ཐག་གིས། །གསར་དུ་བསྡམས་པར་བྱེད་པོ་འདི་ནི་གཞན། །ལྟ་བུ་སྟེ་གཞན་དག་ཀྱང་སྤྲོས་པས་ཆོག་གོ ། ༈ ཉེར་བཞི་པ་སྦྱར་བའི་རྒྱན་ནི། རྗོད་བྱེད་སྒྲ་ཡི་གཟུགས་གཅིག་དང་ལྡན་པའི་ཚིག་གཅིག་ལ་དོན་མི་འདྲ་བ་གཉིས་སོགས་དུ་མའི་དོན་ཅན་དུ་གནས་པ་སྟེ། དབྱེ་ན་དགུ་ལས། དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། དོན་གཉིས་ཀ་ལ་ཚིག་ཐ་དད་གཅོད་མཚམས་ཐ་དད་མིན་པར་གཅིག་པ་སྟེ། རང་བཞིན་རྩུབ་ཅིང་འཁྱོགས་ལ་མི་བརྟན་པས། །བྱ་དང་བྱ་མིན་རྣམ་དཔྱོད་འགའ་མེད་པར། །བདག་བསྐྱེད་པའང་རླག་བྱེད་གཙུག་ཕུད་ཅན། །ཀྱེ་མ་ཐལ་བས་ནོན་ཏེ་ཤི་བར་གྱུར། །འདི་ཉི་འོག་གི་རྒྱལ་བུ་དང་མེ་གཉིས་སྦྱར་བ་སྟེ། གཙུག་ཕུད་ཅན་ནི་གཉིས་ཀའི་དངོས་མིང་སྟེ་སྒྲ་སྦྱར། དེ་ཡང་རྒྱལ་བུའི་སྐབས་རང་བཞིན་གྱིས་རྒྱུད་རྩུབ་ཅིང་དྲང་པོར་མི་གནས་པས་འཁྱོགས་ལ་བློ་མི་བརྟན་པས་རིགས་མི་རིགས་སམ་བྱ་བྱ་མིན་གྱི་རྣམ་པར་དཔྱོད་པ་འགའ་ཡང་མེད་པར་བདག་ཉིད་ཀྱི་ལུས་བསྐྱེད་པའི་ཕ་ཆོས་ལྡན་གྱི་རྒྱལ་པོ་ཡང་བརླགས་ཏེ་གསོད་པར་བྱེད་པ་དེ་ནི་མཐར་ས་ཡི་ཆར་པ་བབས་པས་ཐལ་བའི་འོག་ཏུ་ནོན་ཏེ་ཤིའོ་ཞེས་དང་། མེའི་སྐབས། རང་བཞིན་ཚ་ཞིང་རྩུབ་པ་དབྱིབས་འཁྱོགས་པོར་འབར་ཞིང་རླུང་གི་གཡོ་བས་མི་བརྟན་ལ། བྱ་བྱ་མིན་གྱི་བླང་དོར་ལ་རྣམ་པར་དཔྱོད་པའི་སེམས་མེད་པས། བདག་ཉིད་བསྐྱེད་བྱེད་བུད་ཤིང་ཡང་བསྲེགས་ནས་རླག་པར་བྱེད་པའི་མེ་ཐལ་བས་ཡོགས་ཏེ་ཤིའོ་ཞེས་པ་སྟེ་དེ་གཉིས་སོ་སོར་སྒྲས་གཅོད་མཚམས་ཀྱི་དབྱེ་བ་མེད་པའོ། །གཉིས་པ་ཐ་དད་ཚིག་འདྲའི་སྦྱར་བ་ནི། གཅོད་མཚམས་འགའ་ཞིག་ཐ་དད་པས་ཚིག་དོན་མི་འདྲ་བ་གཉིས་སོགས་སྟོན་པ་སྟེ། རྟག་པར་བྱམས་དང་བརྩེ་བ་ཡིས། །རྗེས་སུ་སྐྱོང་མཛད་རི་དྭགས་ཅན། །ཁྱོད་ནི་ལུས་བསྐྱེད་མ་ལགས་ཀྱང་། །སྲིད་པའི་འཇིགས་ལས་སྒྲོལ་མ་ཡིན། །འདི་རང་གི་མ་དང་སྒྲོལ་མ་སྦྱར་ཏེ། དེ་ཡང་མ་ཡི་སྐབས་སུ་རྟག་པར་བྱམས་བརྩེས་སྐྱོང་བར་མཛད་པའི་རི་དྭགས་མིག་ཅན་ཁྱོད་ནི་བདག་གི་ལུས་བསྐྱེད་པའི་མ་དངོས་ཉིད་ལགས་ཀྱང་བདག་སྲིད་པའི་འཇིགས་པ་ཀུན་ལས་སྒྲོལ་བར་བྱེད་པ་མ་ཡིན་ཏེ་མི་ནུས་སོ། །ཡང་སྒྲོལ་མའི་སྐབས། བྱམས་བརྩེས་སྐྱོང་མཛད་རི་དྭགས་རྟགས་ཅན་ཕྱག་ན་བསྣམས་པའི་འཕགས་མ་ཁྱོད་ནི་བདག་གི་ལུས་སྐྱེད་བྱེད་དངོས་ནི་མ་ལགས་ཏེ་མིན་ཀྱང་སྲིད་པའི་འཇིགས་པ་ཀུན་ལས་སྒྲོལ་བར་བྱེད་པའི་སྒྲོལ་མ་ལྷག་པའི་ལྷ་མོ་ཡིན་ནོ་ཞེས་གཅོད་མཚམས་ཀྱིས་སོ་སོར་གོ་བའོ། །གསུམ་པ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། ཁྱད་གཞི་གཉིས་ཀས་བྱ་བ་ཐ་དད་མིན་པར་གཅིག་བྱེད་པ་སྟེ། འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་འཁོན་རིགས་འཁྲུངས། །གྲགས་པའི་གཏེར་གྱུར་ཤེས་བྱའི་ཆོས་ཀུན་མཁྱེན། །ཀུན་དགའི་མཚན་ཅན་བརྩེ་བ་ཆེན་པོ་དང་། །པཎྜི་ཏས་ཀྱང་ལམ་འབྲས་བསྟན་པ་སྤེལ། །འདིས་ས་ཆེན་དང་ས་པཎ་གཉིས་ཕན་ཚུན་མཚན་སོགས་སྒྲ་དོན་སྦྱར་ནས་གཉིས་ཀས་ལམ་འབྲས་ཀྱི་བསྟན་པ་སྤེལ་བ་ལ་བྱ་བ་ཐ་དད་མིན་པའོ། །བཞི་པ་བྱ་བ་འགལ་མིན་གྱི་སྦྱར་བ་ནི། དེ་གཉིས་ཀྱི་བྱ་བ་ཐ་དད་ཀྱང་གཉིས་ཀ་བྱ་བ་གཅིག་བྱེད་པ་ལ་འགལ་བ་མིན་པ་སྟེ། མཚོ་བྱུང་འགྲོ་ལ་སིམ་སྟེར་བའི། །དཀར་མཛེས་རི་དྭགས་མཚན་མ་ཅན། །ཟུར་ཕུད་ཟླ་ཚེས་མཐོང་བའི་མོད། །དབྱངས་ཅན་མགྲིན་པའི་རྒྱན་དུ་འཐོག །འདིར་ཁྱད་གཞི་ཟླ་བ་དང་དབྱངས་ཅན་མ། ཁྱད་ཆོས་མཚོ་ལས་བྱུང་བ་སོགས་བཞིའི་སྒོ་ནས་སྒྲ་དོན་སྦྱར། དེ་གཉིས་མཐོང་བྱ་དང་འཐོབ་བྱའི་སྒོ་ནས་ཐ་དད་ཀྱང་། མཐོང་བྱ་མཐོང་བའི་རྐྱེན་གྱིས་འཐོབ་བྱ་ཐོབ་པས། དེ་གཉིས་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་གཉིས་ཀ་འཐོབ་པའི་བྱ་བ་ལ་ཕན་འདོགས་པས་ན་བྱ་བ་འགལ་མིན་གྱི་སྦྱར་བའོ། །ལྔ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། འགལ་བའི་བྱེད་ལས་ཅན་ཏེ། བདུད་རྩིའི་དགའ་སྟོན་འགྱེད་མཁས་པདྨ་དཀར། །རྒྱས་ཤིང་ཡིད་འོང་དྲི་མེད་དག་པའི་དངོས། །འདབ་ལྡན་རྒུན་གྱི་རེག་བྱས་ཉམས་གྱུར་ཅིང་། །མགོན་ཁྱོད་གྲགས་པ་མི་ཉམས་རྣམ་ཀུན་འཕེལ། །འདིར་ཁྱད་གཞི་འབྲུག་པད་དཀར་དང་ཆུ་སྐྱེས་གཉིས། ཁྱད་ཆོས་རྣམས་མཐུན་པར་སྒྲ་དོན་སྦྱར་ནས་ཉམས་པ་དང་འཕེལ་བའི་བྱ་བ་འགལ་བར་བྱས་པའོ། །དྲུག་པ་ངེས་པ་ཅན་གྱི་སྦྱར་བ་ནི། ཐོག་མར་སྒྲ་འཇུག་པ་གཅིག་པའི་དབང་གིས་ཁྱད་གཞི་གཉིས་ལ་སྦྱར་ནས་མཐར་དེ་ལས་གཅིག་ཁོ་ན་ལ་ངེས་བཟུང་བྱེད་པ་སྟེ། སྲིད་རྩ་ཉོན་མོངས་དགྲ་ཚོགས་བཅོམ་ལ་ཐུབ་པ་སྟེ། །དྲངས་ཤིང་སྒྱུ་བྲལ་བདུད་བཞི་ལས་རྒྱལ་མིའི་སེང་གེ། །འགྲོ་ཀུན་འདུན་མ་ཐར་པར་འདྲེན་པས་རྐང་གཉིས་གཙོ། །གཏན་གྱི་སྣང་བ་སྦྱིན་ལ་འགྲོ་བའི་སྒྲོན་མེར་ངེས། །འདིར་ཐུབ་པ་དང་། མིའི་སེང་གེ་དང་། རྐང་གཉིས་གཙོ་དང་། འགྲོ་བའི་སྒྲོན་མེ་རྣམས་རིམ་པར། སངས་རྒྱས་བཅོམ་ལྡན་འདས་དང་། དྲང་སྲོང་། ཁྱབ་འཇུགམིའི་རྒྱལ་པོ། ཉི་མ་རྣམས་སྒྲ་སྦྱར་ནས་འདིར་ཁམས་གསུམ་གྱི་འདོད་ཆགས་དང་མ་བྲལ་བའི་དྲང་སྲོང་སོགས་སྨད་འོས་ཀྱི་སྐྱོན་རྣམས་བཀག་ནས་སྤངས་པ་ཕུན་ཚོགས་སོགས་ཀྱི་ཆ་ལས་བཏགས་པའི་ལེགས་པའི་ཡོན་ཏན་ཁོ་ནར་ངེས་བཟུང་བྱས་པའོ། །བདུན་པ་ངེས་པ་འགོག་པའི་སྦྱར་བ་ནི། དེ་ལྟར་བྱས་པའི་ངེས་བཟུང་དེ་སླར་ཡང་འགོག་པ་བརྗོད་པ་སྟེ། རྣམ་དག་འདུལ་བ་འཛིན་པ་མཆོག་ཁྱོད་ཀྱི། །འདུས་པའི་འཁོར་ལ་ལུས་སྐྱེས་གཡོ་བ་ནི། །དད་གདུང་སྙིང་ནས་སྐྱེས་པའི་ཉམས་འགྱུར་ཙམ། །འོན་ཀྱང་བསེར་བུའི་རེག་བྱས་གདུང་ལ་མཐོང་། །འདིར་ལུས་སྐྱེས་ཞེས་པ་འདོད་ཆགས་དང་བ་སྤུ་སོགས་ལ་འཇུག་པས་དེ་དག་སྒྲ་སྦྱར་ཏེ། དེ་ཡང་འདུལ་བ་འཛིན་པ་མཆོག་གི་འཁོར་རྣམས་ལ་ལུས་སྐྱེས་གཡོ་བ་ནི་དད་པས་སྤུ་ལང་གཡོ་བ་ཙམ་དུ་ཟད་དོ་ཞེས་ཐོག་མར་ངེས་པར་བྱས་ནས། སླར་ཞིབ་ཏུ་བརྟགས་པས་ད་དུང་རླུང་བསེར་བུས་བ་སྤུ་སོགས་བསྐྱོད་པ་ཙམ་ཞིག་མཐོང་ངོ་ཞེས། དེ་ལས་འདོད་ཆགས་སོགས་ཀྱི་སྐྱོན་གཞན་མ་རྙེད་པས་བསྔགས་ཡུལ་ལ་ཆེས་བསྔགས་པ་ནི་བརྗོད་ཚུལ་ཤིན་ཏུ་མཛེས་པའི་ངག་གོ །བརྒྱད་པ་འགལ་མིན་གྱི་སྦྱར་བ་ནི། ཁྱད་པར་གྱི་ཆོས་དེ་ཁྱད་གཞི་གཉིས་ཀར་མི་འགལ་བར་སྦྱར་བ་སྟེ། པདྨ་ལས་སྐྱེས་ལྷར་བཅས་སྐྱེ་བོས་མཆོད། །ཤཱཀྱ་སེང་གེ་བྲལ་སྨིན་དཔལ་གྱིས་འབྱོར། །ཉི་མ་འོད་ཟེར་འགྲོ་ལ་སྣང་བ་སྟེར། །སེང་གེ་སྒྲ་སྒྲོགས་གཞན་སྡེ་སྐྲག་པར་བྱེད། །འདིར་ཨོ་རྒྱན་ཆེན་པོ་དང་། ཚངས་པ། སངས་རྒྱས། ཉི་མ། སེང་གེ་རྣམས་སྦྱར་ཏེ་ཁྱད་ཆོས་ལྷ་མིས་བཀུར་བ་སོགས་གཉིས་ཀ་ལ་མཉམ་པོར་འཇུག་ཅིང་མི་འགལ་བའོ། །དགུ་པ་འགལ་བ་ཅན་གྱི་སྦྱར་བ་ནི། ཁྱད་གཞི་རྣམས་སྒྲ་སྦྱར་ཡང་ཁྱད་ཆོས་རྣམས་ཅིག་ཤོས་ལ་འགལ་ཞིང་བརྗོད་དོན་དངོས་ལ་མི་འགལ་བར་འཇུག་པ་སྟེ། རཱ་ཛ་པུ་ཏྲ་ཡིན་ཡང་སྐྱེ་འཆིའི་འཇིགས་ལས་གྲོལ། །དབང་ཕྱུག་འདོད་དགུར་བསྒྱུར་ཡང་ཨུ་མས་བསླུས་མ་ཡིན། །མཚོ་ལས་སྐྱེས་ཀྱང་ར་རིའི་དྲི་བྲལ་རྟག་ཏུ་གང་། །ཨོ་རྒྱན་མཁན་པོ་མི་མིན་འབོད་སྒྲོགས་འདུལ་དེར་བསྔགས། །འདིའི་རྐང་པ་དང་པོ་ནས་རིམ་པ་བཞིན། རྒྱལ་པོའི་སྲས་ཕལ་པ་དང་། ལྷ་དབང་ཕྱུག་དང་། ཟླ་བ་དང་། ཨོ་རྒྱན་མཁན་པོ་རཱ་ཛ་ཧ་ཏི་རྣམས་དང་། གུ་རུ་རིན་པོ་ཆེ་ཉིད་སྒྲ་དོན་སྦྱར་ལ། ཁྱད་ཆོས་རྡོ་རྗེའི་སྐུ་བརྙེས་པ་སོགས་བཞི་པོ་སྔ་མ་བཞི་ལ་མེད་པས་འགལ་ཞིང་ཕྱི་མ་གུ་རུ་ཉིད་ལ་མི་འགལ་བར་བྱས་པ་ལྟ་བུའོ། ། ༈ ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ནི། དངོས་པོ་འགའ་ཞིག་གི་འབྲས་བུ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར། རྒྱུ་དེ་ལ་ཡོན་ཏན་དང་རིགས་སོགས་ངག་གང་དུ་མ་ཚང་བ་ཉིད་བསྟན་པ་སྟེ། དེ་ཡང་རྒྱུ་མ་ཚང་བས་འབྲས་བུ་བྱེད་པ་མིན་ཡང་འདི་དག་ལ་མ་ཚང་བ་ལྟ་བུར་གྱུར་ཀྱང་འབྲས་བུ་སྐྱེད་པའི་བྱ་བ་བྱེད་ནུས་པར་བསྟན་པ་ནི་དངོས་པོའི་རང་བཞིན་སྤྱི་མཐུན་པ་ལས་ཁྱད་པར་དུ་གྱུར་པ་བརྗོད་པའོ། །དབྱེ་ན་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ནི། འཇམ་དཔལ་བཤེས་གཉེན་སྡིགས་མཛུབ་སོར་མོའི་རྩེ། །རྩུབ་མཁྲེགས་རྣོ་ངར་ཆོས་ཀྱིས་སྤ་མིན་ཡང་། །ལོག་ལྟའི་རྒྱལ་པོ་གཉིས་འཐུང་བཞོན་པར་བཅས། །མགོ་ལུས་ཕྱེད་ཚལ་གཤོག་པའི་ངོ་མཚར་འབར། །གཉིས་པ་རིགས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཀུ་ཤའི་གྲོང་དང་ཧོར་གྱི་རྒྱལ་ཁམས་ཀྱི། །གྱད་རིགས་ཆེན་པོ་རྣམས་སུ་སྐྱེས་མིན་ཡང་། །སོག་པོ་ལྷ་དཔལ་སྟོབས་ཀྱིས་རི་བཀྲ་མོའི། །གཉའ་ནས་བཟུང་ཞིང་འཆིང་ལ་དཀའ་བ་ཅི། །གསུམ་པ་བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཡན་ལག་བཞི་ཡི་དཔུང་ཚོགས་མ་བསྐུལ་ཞིང་། །ཁྲོས་འཁྲུགས་མཚོན་ཆའི་ཆད་པ་སྦྱིན་མིན་ཡང་། །ཐུབ་མཆོག་བྱམས་པ་ཆེན་པོའི་ཏིང་འཛིན་གྱིས། །བདུད་དམག་བྱེ་བའི་རུ་མཚོན་ཅིག་ཅར་བསྙིལ། །བཞི་པ་རྫས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། རིག་སྔགས་གྲུབ་པའི་མཆིལ་ལྷྭམ་མི་ལྡན་ཞིང་། །ཅང་ཤེས་བཞོན་པ་མེད་ཅིང་གཤོག་པའང་མེད། །དེ་ལྟ་ན་ཡང་རྡོ་རྗེ་བདུད་འཇོམས་ཀྱིས། །སྟོང་གསུམ་ཞིང་ཀུན་སྐད་ཅིག་བསྐོར་ལ་དབང་། །ལྔ་པ་རྒྱུའི་ཁྱད་པར་བརྗོད་པ་ནི། གྲོགས་མེད་ཉམས་ང་ལུང་སྟོང་གངས་རྩེ་རུ། །བ་སྤུ་རྣོ་ལྡན་ཚོད་མའི་དཀའ་ཐུབ་ཀྱིས། །སྐེམ་རིད་གཅེར་བུར་རྒྱུ་ཡང་མི་ལ་རྗེས། །རྟོགས་པའི་མཐུ་ཡིས་ལྷར་བཅས་ཟིལ་གྱིས་མནན། །ལྟ་བུ་སྟེ་འདིས་མཚོན་ཏེ་གཞན་ཡང་སྤྲོས་པས་ཆོག་གོ ། ༈ ཉེར་དྲུག་པ་མཚུངས་པར་སྦྱོར་བའི་རྒྱན་ནི། ཚིག་སྦྱོར་གང་ཞིག་བརྗོད་པར་འདོད་པའི་ཡོན་ཏན་ཁྱད་པར་འཕགས་པའམ། འཕགས་པ་མིན་པ་གཞན་ཞིག་ཡུལ་དེ་དང་དོན་མི་མཚུངས་ཀྱང་མཚུངས་པར་བྱས་ཏེ་བསྟོད་སྨད་ཀྱི་དོན་དུ་སྦྱར་བའི་ངག་སྟེ། དབྱེ་ན་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཕགས་ཡུལ་མྱ་ངན་མེད་དང་པཱ་ལ་བདུན། །གངས་ཅན་ལྗོངས་འདིར་མེས་དབོོན་རྣམ་གསུམ་དང་། །ཕྱིས་དུས་བསྟན་པ་ཚེ་རིང་ཁྱོད་ཉིད་ཀྱང་། །ཆོས་སྐྱོང་རྒྱལ་པོའི་སྒྲ་ནི་རྣམ་པར་འཛིན། །གཉིས་པ་སྨད་པའི་མཚུངས་སྦྱོར་ནི། གྱ་གྱུའི་རི་མོ་ཨེ་རཎྜ་ཡི་སྙིང་། །ཐོ་ཅོའི་སྨྱོོ་སྤྱོད་རྫུན་གཏེར་ཟོག་པོའི་ཁྱུ། །རྟོག་གེ་མགོ་མཁྲེགས་རང་བཟོས་བསླད་པའི་གཞུང་། །རྨོངས་ངོར་བྲིམ་ཡང་བརྟགས་ན་རང་མཚང་{མཚངས་འདིའི་རིགས་འདི་ལྟར་ཞུས། }ངོམས། ལྟ་བུའོ། ། ༈ ཉེར་བདུན་པ་འགལ་བའི་རྒྱན་ནི། འགལ་ཟླ་སྒྲུབ་པའི་སླད་དུ། ཚིག་དང་དོན་གྱི་སྒོ་ནས་ཕན་ཚུན་འགལ་བ་རྣམས་གཞི་གཅིག་ལ་འགྲོགས་པར་སྟོན་པའི་ངག་སྟེ། དབྱེ་ན་དྲུག་ལས། དང་པོ་གཞི་ཐ་དད་ཀྱི་བྱ་བ་འགལ་བ་ནི། མཁས་རྣམས་གཏན་ཚིགས་ཁོང་ནས་རྒྱས་པའི་ངག །ཐལ་འགྱུར་མགྲིན་པའི་གསོང་མཐོ་སྤོབས་པ་དགེ། །བླུན་དང་མགོ་བོ་འཁོར་བའི་ངོ་ཚའི་བཞིན། །རྔུལ་ཆུའི་རི་མོས་གོས་བཞིན་རྣམ་པར་སྨད། །འདིར་རྩོད་པའི་རིགས་གྲར་མཁས་བླུན་གཞི་ཐ་དད་ཅིང་མཐོ་དམན་གྱི་བྱ་བ་འགལ་བར་རྗོད་པའོ། །གཉིས་པ་ཡོན་ཏན་འགལ་བ་ནི། ཟུར་མིག་ཡོན་པོར་སྤྲོ་བའི་སྨིན་ལེགས་མས། །རོལ་སྒེག་འདོད་པའི་སྒྱུ་རྩལ་ངོམས་པ་ལ། །ཆགས་བྲལ་འཕགས་རྣམས་ཡིད་འབྱུང་ཆེར་སྐྱོ་ཡང་། །འདོད་ལྡན་སྙིང་གི་དགའ་བ་འཕེལ་བར་བྱེད། །འདིར་སྐྱོ་བ་དང་དགའ་བའི་ཡོན་ཏན་འགལ་བའོ། །གསུམ་པ་རྫས་འགལ་བ་ནི། གཞོན་ཡང་རྒན་པོའི་ངང་ཚུལ་ལ་གནས་ཤིང་། །ཤེས་རབ་ཆེ་ལ་གྲུབ་མཐའི་ཕྱོགས་ཞེན་ཆུང་། །དགོངས་པ་མཐོ་ཡང་དམན་ལ་ཐུགས་བརྩེས་གཟིགས། །མཛད་ཕྲིན་རབ་དཀར་ཞྭ་ནག་སྲས་ཁྱོད་རྒྱལ། །འདིར་རྒན་གཞོན་ཆེ་ཆུང་མཐོ་དམན་དཀར་ནག་གི་རྫས་ཕན་ཚུན་འགལ་བ་ཅན་ནོ། །བཞི་པ་རྫས་དང་བྱེད་ལས་འགལ་བ་ནི། ཟླ་བའི་ཞལ་རས་ཨུཏྤལ་མིག་དཀྱུས་རིང་། །པདྨའི་མཆུ་སྒྲོས་རྒྱུ་སྐར་ཚེམས་ཕྲེང་ཅན། །རྒྱ་མཚོའི་ལྷ་མོ་ཁྱོད་སྐུས་བདག་ཡིད་ཀྱི། །བློ་གྲོས་ངན་པ་མ་ལུས་སྲེག་མིན་ནམ། །འདིར་ཟླ་བ་སོགས་བསིལ་བའི་རྫས་ཀྱིས་སྲེག་པའི་བྱ་བ་བྱེད་པ་འགལ་བའོ། །ལྔ་པ་གཞི་གཅིག་པའི་བྱ་བ་འགལ་བ་ནི། འགྲོ་ལ་ཕན་མཛད་ཐུབ་པའི་ཞབས་སྐྱེས་རྡུལ། །དངོས་སུ་རེག་པ་མིན་ཡང་དེང་དུས་ཀྱི། །རྗེས་འཇུག་དད་པ་རྒྱས་པའི་འདྲེན་བྱེད་ཟུང་། །མཆི་མས་ཆེས་ཆེར་བརླན་པའི་ཚུལ་ཡང་མཐོང་། །འདིར་གཞི་མིག་གཅིག་ལ་མ་རེག་པ་དང་མཆི་མ་ཟག་པར་བྱེད་པ་གཉིས་འགལ་བའོ། །དྲུག་པ་སྦྱར་བའི་འགལ་བ་ནི། བདུད་ལས་རྒྱལ་གང་འཇིག་རྟེན་ན། །སྣང་བར་བྱེད་པ་མཆོག་ཡིན་མོད། །ཁ་ཅིག་ལྟ་བ་འགོག་བྱེད་ཕྱིར། །གཅིག་ཏུ་ཡིད་བརྟན་འཆའ་འགྱུར་རམ། །འདིར་བདུད་ལས་རྒྱལ་ཞེས་པ་སངས་རྒྱས་དང་ཉི་མ་གཉིས་ཀའི་དངོས་མིང་ཡིན་པས་སྒྲ་སྦྱར་ལ་སངས་རྒྱས་ཀྱི་སྐབས་སུ་འཇིག་རྟེན་ན་ཐར་པའི་ལམ་བཟང་སྣང་ཞིང་འགྲོ་ཀུན་དགའ་བ་སྐྱེད་པའི་མཆོག་ཡིན་མོད་ཀྱང་། རྫོགས་བྱེད་སོགས་ལོག་སྲེད་ཅན་ཁ་ཅིག་གི་ལྟ་བ་འགོག་པ་སྟེ་སྙིང་ལ་མུན་པར་བྱེད་པས་དང་། ཉི་མའི་སྐབས་མིག་གི་དབང་ཤེས་ཡུལ་ལ་འཇུག་པ་ལ་སྣང་བའི་སྐབས་འབྱེད་པར་བྱེད་པའི་མཆོག་ཡིན་ཀྱང་། འབྱུང་བྱ་སོགས་ཁ་ཅིག་གི་ལྟ་བ་འགོག་པ་སྟེ་མིག་སྒྲིབ་པར་བྱེད་པས་ན། དེ་གཉིས་ཀར་སྣང་བར་བྱེད་པ་པོ་ཡིན་ཞེས་མཐའ་གཅིག་ཏུ་ཡིད་བརྟན་འཆའ་བར་འགྱུར་རམ་ཞེས་པ་སྟེ། སྣང་བ་དང་ལྟ་བ་འགོག་པ་འགལ་བར་བྱས་པའོ། ། ༈ ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ནི། བསྟོད་བྱར་གྱུར་པ་འདི་ལ་ཅིས་མི་བསྟོད་སྙམ་པའི་བསྟོད་འོས་ཀྱི་སྐབས་སུ་བབ་པ་ཞིག་མིན་ནའང་རང་གི་གནས་སྐབས་ཀྱི་འདོད་པས་བསྟོད་པ་ནི་སྐབས་སུ་མ་བབས་པར་བསྟོད་པའི་རྒྱན་ཏེ། དགྲ་འདུལ་གཉེན་སྐྱོང་ལོག་འཚོའི་བུན་སྐྱེད་དང་། །དགོན་གོག་ཁ་འཛིན་གྲུབ་མཐའི་ཆགས་སྡང་བྲལ། །སྒོ་གསུམ་གཞན་དབང་གྱུར་མིན་ཀུ་སཱ་ལི། །ཕྱོགས་མེད་རྒྱལ་ཁམས་འགྲིམ་ཚོའི་སྐྱིད་པ་ལ། །ཞེས་གོང་གི་སྐྱོན་རྣམས་ཀྱིས་ཆེས་སུན་ནས་སྤྲང་པོ་ལ་སྨོན་པའམ་བསྔགས་པ་ལྟ་བུའོ། ། ༈ ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ནི། ཚིག་སྦྱོར་གང་ཞིག་རྣམ་པ་སྨད་པའི་ཟོལ་གྱིས་དོན་དུ་བསྟོད་བསྔགས་ཀྱི་ཁྱད་པར་ཕུལ་དུ་བྱུང་བ་ཐོབ་པར་བྱེད་པའི་ངག་སྟེ། དབྱེ་ན་གསུམ་ལས། དང་པོ་མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། ཨཱཪྱ་དེ་ཝ་སྤྱན་གཅིག་པ་ཡིས་ཀྱང་། །ཇི་སྙེད་ཤེས་བྱའི་ཆོས་འདི་ལེགས་གཟིགས་ན། །སྐྱོན་བྲལ་ཡོན་ཏན་རྫོགས་པ་ཁྱོད་སྤྱན་ཀྱིས། །མངོན་དུ་གྱུར་ལ་རྒྱགས་པ་མཛད་རིགས་སམ། །ཞེས་ཤེས་རབ་ཀྱི་མཐུ་བསྟན་པའོ། །གཉིས་པ་དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། ཤིན་ཏུ་བརྩོན་ལྡན་དབང་པོ་རྣོན་པོ་ཡིས། །གྲངས་མེད་གསུམ་དུ་བསྒྲུབས་པའི་རྣམ་གྲོལ་དཔལ། །སྙིགས་དུས་སྐུ་ཚེ་གཅིག་ལ་དབང་བྱེད་འདི། །ཤཱཀྱའི་སྲས་ཀྱི་བསྟན་ལ་ཅུང་རིགས་སམ། །གསུམ་པ་སྦྱར་བའི་ཟོལ་བསྟོད་ནི། ཁྱོད་ཀྱི་ཕྲིན་ལས་འཇུག་པའི་ཡུལ་རྣམས་ནི། ཟླ་བའི་ཐོད་ཅན་དག་དང་ཐུན་མོང་དུ། །གྱུར་ན་ཅི་སླད་བློ་གྲོས་མཐའ་ཡས་མཆོག །སྙེམས་པ་མཆོག་གི་ཁྲི་ལ་འཛེགས་པར་འོས། །འདིར་རྗེ་བླ་མ་མཆོག་གི་ཕྲིན་ལས་འཇུག་པའི་གདུལ་བྱའི་ཡུལ་རྣམས་ནི། ཟླ་བའི་ཐོད་ཅན་ཏེ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དང་ལྷ་དབང་ཕྱུག་གཉིས་ཀར་སྒྲ་དེ་འཇུག་པར་སྒྲ་སྦྱར་ནས། དེ་གཉིས་དང་ཐུན་མོང་དུ་གྱུར་པས་སྙེམས་པ་གནང་མི་རིགས་ཞེས་པ་སྟེ། དོན་ལ་སངས་རྒྱས་ཀྱིས་འདུལ་བར་མི་འགྱུར་བའི་འགྲོ་བ་ནི་འགའ་ཡང་སྲིད་ན་མེད་པའི་ཕྱིར་དང་། དབང་ཕྱུག་གིས་ཀྱང་སྣོད་བཅུད་ཐམས་ཅད་བྱེད་པ་པོ་ཁོ་རང་ཡིན་པས་དེས་མ་ཁྱབ་ཅིང་དབང་དུ་མ་གྱུར་པ་མེད་པར་བཤད་པས། དེ་ལྟ་ན་དེ་ཐམས་ཅད་ལ་ཁྱེད་ཀྱི་ཕྲིན་ལས་ཀྱིས་ཁྱབ་བོ་ཞེས་ཕྲིན་ལས་ཀྱི་ཆེ་བ་བསྟན་པའོ། །ཞེས་པ་ལྟ་བུ་སྟེ་གཞན་ཡང་སྤྲོས་པས་ཆོག་གོ ། ༈ སུམ་ཅུ་པ་ངེས་པར་བསྟན་པའི་རྒྱན་ནི། དོན་ངེས་པར་བསྟན་བྱ་དེ་ལས་གཞན་པའི་སྟོན་བྱེད་དཔེའི་འཇུག་པ་འཇིག་རྟེན་ན་ཡོངས་སུ་གྲགས་པ་འགའ་ཞིག་གིས། རང་དང་ཕྱོགས་མཚུངས་པའི་མཆོག་དམན་གང་ཡང་རུང་བ་གསལ་ཞིང་སྟོན་པར་བྱེད་པ་སྟེ། དབྱེ་ན་གཉིས་ལས། མཆོག་ངེས་བསྟན་ནི། ལྷོ་ཕྱོགས་མ་ལ་ཡ་ཀླུང་དྲི་བཞོན་གྱིས། །བགོས་པའི་རྐང་འཐུང་ཕལ་ཡང་དྲི་བསུང་ལྡན། །དམ་པ་ཡུན་རིང་བསྟེན་པས་དམན་ལ་ཡང་། །ལེགས་པའི་ཡོན་ཏན་འགོ་བ་བསྟན་པའི་ཕྱིར། །འདི་ཡང་། དབྱངས་ཅན་ཕྱག་སོར་ནོར་བུའི་རྒྱུད་མང་ལ། །དགྱེས་འཛུམ་སྤྱན་ཟུར་ཆགས་པའི་མཛེས་སྡུག་ནི། །སྙན་འགྱུར་རྫོགས་པའི་དབྱངས་ཀྱིས་སྐལ་བཟང་འགྲོ། །རྗེས་བཟུང་རྣམ་གྲོལ་དབུགས་དབྱུང་སྩལ་པ་མཚོན། །གཉིས་པ་མཆོག་མིན་ངེས་བསྟན་ནི། རོ་འཛིན་ཡུལ་གྱིས་བསླུས་པའི་གསེར་མིག་ཅན། །དབང་མེད་མཆིལ་པས་བཏབ་ནས་མ་རུངས་གྱུར། །ངོམས་མེད་ཆང་ལ་སྤྱོད་པའི་བཙུན་གཟུགས་ཕལ། །འཕྲལ་ཡུན་ཕན་པ་བརླག་གང་གསལ་བར་བྱེད། །ལྟ་བུའོ། ། ༈ སོ་གཅིག་པ་ལྷན་ཅིག་བརྗོད་པའི་དཔེ་ནི། ཡོན་ཏན་དང་ལས་རྣམས་ལྷན་ཅིག་པའི་ཚུལ་དུ་ཡོད་པའི་དངོས་པོ་བརྗོད་པ་སྟེ། དབྱེ་ན་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། བགྲང་བྱས་ཡོངས་སུ་སྨིན་པའི་དབུ་སྐྱེས་དང་། །དགེ་ལ་འདུན་པའི་ཐུགས་སྨོན་ལྷན་ཅིག་དཀར། །ལང་ཚོ་ཡོལ་བའི་དཔྲལ་རིས་གསར་པ་ཡང་། །ནང་གི་རྣལ་འབྱོར་དག་དང་ལྷན་ཅིག་འཕེལ། །འདིར་དཀར་བ་དང་འཕེལ་བའི་ཡོན་ཏན་ལྷན་ཅིག་བརྗོད་པའོ། །གཉིས་པ་བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པ་ནི། རྨ་སོ་སྐམ་གསུམ་དད་བརྩོན་ཤེས་རབ་དང་། །དམ་པ་རྒྱ་གར་ཐུགས་བརྩེ་ལྷན་ཅིག་རྒྱས། །བཅོས་མིན་མོས་གུས་གདུང་བའི་མཆི་མ་དང་། །མཉམ་དུ་ཞི་བྱེད་གདམས་པའི་སྨན་ཆར་འབབ། །འདིར་རྒྱས་པ་དང་འབབ་པའི་བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པའོ། །གསུམ་པ་བྱ་བ་ཐ་མི་དད་པ་ལྷན་ཅིག་བརྗོད་པ་ནི། སྐྱོན་བྲལ་ཡོན་ཏན་རྫོགས་པའི་ལང་ཚོའི་དཔལ། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་བློ། །བསྟན་པའི་ཁུར་ཆེན་ཁྱེར་བའི་སྙིང་སྟོབས་ཏེ། གསུམ་པོ་འདི་ནི་ལྷན་ཅིག་འཕེལ་བར་གྱུར། །ཅེས་གཞི་ཐ་དད་པ་དེ་རྣམས་ཀྱི་འཕེལ་བའི་བྱ་བ་ཐ་མི་དད་པ་ལྷན་ཅིག་བརྗོད་པའོ། ། ༈ སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། ཡོན་ཏན་དང་བྱ་བ་སོགས་དོན་རྣམས་ཕན་ཚུན་བསྣོལ་བའམ་དེ་གཉིས་བརྗེ་བའི་ཚུལ་གྱིས་བརྗོད་པའི་ངག་སྟེ། རྣམ་འདྲེན་མཆོག་གིས་ལུང་དང་རིགས་པའི་མཚོན། །ས་སྟེང་རྒོལ་བ་ཡོངས་ལ་གཟས་པ་ཡིས། །དེ་དག་རིང་མོ་ཉིད་ནས་སྒྲུབ་པ་ཡི། །སྙན་པའི་གྲགས་དཀར་མ་ལུས་ཅིག་ཅར་ཕྲོགས། །ལྟ་བུའོ། ། ༈ སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ནི། གང་མངོན་པར་འདོད་པའམ་དོན་དུ་གཉེར་བྱར་གྱུར་པའི་དངོས་པོ་ལ་སྨོན་པའི་ཚིག་བརྗོད་པ་སྟེ། རབ་འབྱམས་སྲས་བཅས་རྒྱལ་བའི་ཡེ་ཤེས་བྱིན། །ཆོས་དབྱིངས་ཕ་མཐར་འཁྱུད་པའི་དགེ་མཚན་གྱིས། །ནམ་ཡང་འཛད་པ་མེད་པའི་ཕན་བདེའི་ཆར། །ས་གསུམ་འགྲོ་བ་ཀུན་གྱིས་སྤྱོད་གྱུར་ཅིག །ཡང་ན། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་དོན་ཟབ་མྱོང་བའི་གར། །སོ་སོ་ཡང་དག་རིག་བཞིའི་སྤོབས་པའི་གཏེར། །མངོན་གྱུར་འགྲོ་ལ་ཆོས་ཆར་འབེབས་བྱེད་ཤོག །ལྟ་བུའོ། ། ༈ སོ་བཞི་པ་རབ་སྤེལ་གྱི་རྒྱན་ནི། གོང་དུ་བསྟན་པའི་མཚན་ཉིད་ཐ་དད་པའི་རྒྱན་རྣམས་ངག་སྦྱོར་གང་དུ་བསྲེས་པ་སྟེ་ཅི་རིགས་སུ་འདྲེས་པར་བྱས་པའོ། །དབྱེ་ན་གཉིས་ལས། སྒྲུབ་བྱེད་མཚུངས་པའི་རབ་སྤེལ་ནི། ཡན་ལག་ཅན་ནམ་བསྒྲུབ་བྱའམ་ཕན་གདགས་བྱའི་དངོས་པོ་སྔར་བཀོད་ནས། དེ་ཉིད་སྒྲུབ་བྱེད་དམ་དེའིི་ཡན་ལག་གམ་ཕན་འདོགས་བྱེད་ཅིག་ཕྱིས་བཀོད་ནས། དེ་གཉིས་རང་དབང་ཅན་མ་ཡིན་པར་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་ཅན་ཏེ། མཁས་ཁྱོད་རྣམ་དཔྱོད་བློ་མཐུ་ཡིས། །ལུགས་ཤེས་ཕུར་བུའི་ཁེངས་པ་འགོག །ཟབ་བའི་གཏེར་དང་སྤོབས་པ་ཡིས། །འདི་ལ་བྱ་དཀའ་ཅི་ཞིག་ཡོད། །འདིར་མཁས་པ་ཁྱོད་ཀྱི་རྣམ་པར་དཔྱོད་པའི་བློ་མཐུས་ལུགས་ཤེས་ཕུར་བུའི་ཁེངས་པ་འགོག་གོ་ཞེས་སྒྲུབ་བྱ་སྟེ་དེའི་ཤུགས་ཀྱིས་མཚུངས་པ་གསལ་བར་བྱས་པས་དཔེ་རྒྱན་དང་། དེ་སྒྲུབ་བྱེད་མཁྱེན་རབ་ཤིན་ཏུ་ཟབ་པའི་གཏེར་དང་ཐོགས་མེད་དུ་འབྱིན་པའི་སྤོབས་པ་ཕུན་སུམ་ཚོགས་པས་ཕུར་བུའི་ཁེངས་པ་འགོག་པ་ལ་བྱ་དཀའ་བ་ཅི་ཡོད་ཅེས་སྔ་མའི་སྒྲུབ་བྱེད་དུ་གྱུར་པས་དོན་གཞན་བཀོད་པ་དང་། ཟབ་པའི་གཏེར་ནི་ཆུ་གཏེར་གཏིང་ཟབ་པ་དང་། མཁས་པའི་ཤེས་རབ་ཟབ་པ་སོགས་སྤོབས་པ་འཛད་མི་ཤེས་པའི་དོན་གྱིས་སྒྲ་དོན་སྦྱར་བའང་ཤུགས་ལས་གྲུབ་པས་རྒྱན་གསུམ་བསྲེས་པའོ། །གཉིས་པ་སྟོབས་མཚུངས་རབ་སྤེལ་ནི། གོང་ལྟར་འབྲེལ་བ་ཅན་མ་ཡིན་པས་ཚིག་རྐང་སོ་སོས་དོན་རེ་སྟོན་པ་ཕན་ཚུན་མི་ལྟོས་པས་ཐམས་ཅད་སྟོབས་མཚུངས་པར་བྱས་པ་སྟེ། གང་ཞིག་གཟི་བརྗིད་མཚུངས་མེད་བདུད་ལས་རྒྱལ། །ལེགས་གསུང་དབྱངས་ཀྱིས་འགྲོ་ཀུན་དགའ་བ་བསྐྱེད། །མཁྱེན་བཟང་ཟླ་བ་བརྩེ་བའི་འོད་དཀར་ཅན། །མ་འདྲེས་མཛའ་བཤེས་ཆེ་དེས་ཁྱོད་ལ་སྲུངས། །འདིའི་རྐང་པ་དང་པོ་སྦྱར་བ། གཉིས་པ་རང་བཞིན་བརྗོད་པ། གསུམ་པ་གཟུགས་ཅན། བཞི་པ་སྲིད་པ་ཅན་དང་ཤིས་བརྗོད་ཀྱི་རྒྱན་བཅས་བསྲེས་ཏེ་སྤེལ་མར་བྱས་པའོ། ། ༈ སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། རྒྱུ་སྙན་ངག་མཁན་གྱིས་སྙན་ངག་གི་རྒྱུན་སྒྲུབ་པར་བྱེད་པའི་བསམ་པ་ནི་དགོངས་པ། ཁྱད་པར་ནི་ཐོག་མཐའ་བར་གསུམ་དུ་ཁྱབ་བྱེད་ཀྱི་བསམ་པ་ཉི་ཚེ་བ་མ་ཡིན་པ། ངོ་བོ་ནི་བསྟན་བཅོས་ཀྱི་ལུས་བཅད་ལྷུག་སྤེལ་མ་གསུམ་གང་ཡིན་པ་དེའི་ཡུལ་ལ་སྙན་ངག་མཁན་གྱི་བསམ་པས་རབ་ཏུ་སྦྱར་བའི་རྒྱན། མཆོག་གི་གཞུང་ལས་བཤད་པའི་ངེས་པ་དང་ལྡན་པའི་ཡོན་ཏན་གྱི་ཁྱད་པར་ཅན་དེ་ནི་རིགས་པ་དང་མི་རིགས་པ་རྣམ་པར་འབྱེད་པའི་སྤང་བླང་དང་ལྡན་པ་ཡིད་ཀྱི་འབྲས་བུ་ཡིན་པས་བསམ་པ་ཁོ་ནའི་དབང་དུ་གྱུར་པའི་ཕྱིར་དགོངས་པ་ཅན་གྱི་རྒྱན་ཞེས་བྱ་སྟེ་ཁྱད་གཞིའོ། །དེ་ཉིད་ཁྱད་ཆོས་བཞིའི་སྒོ་ནས་རྒྱས་པར་བཤད་པ་ལ། དངོས་པོ་སྙན་ངག་གི་རྒྱུན་རིངས་པོའི་ཚིགཆ་ཤས་གྲོང་ཁྱེར་གྱི་བསྔགས་པ་སོགས་སོར་མོ་རིངས་པོའི་ཚིག་བཞིན་དུ་ཡན་ལག་དང་། ཡན་ལག་ཅན་གྱི་དངོས་པོ་གཅིག་ལ་གཅིག་ལྟོས་ཤིང་འབྲེལ་བ་ཅན་དུ་ཕན་ཚུན་ཕན་འདོགས་པར་བྱེད་པ་ཁོ་ན་དགོས་ཀྱི། རང་དབང་ཅན་ཕན་ཚུན་མི་ལྟོས་པ་ལྕགས་ཀྱི་ཐུར་མ་ལྟ་བུའི་ཚིག་གི་ཚོགས་པས་ནི་རྒྱུན་གཅིག་མི་རྩོམ་པར་འབྲེལ་མེད་དུ་འགྲོ་བ་འཆད་འགྱུར་སྐྱོན་བཅུའི་དང་པོ་དོན་ཉམས་ལྟ་བུ་ནི། བསྟན་བཅོས་ཀྱི་གཞུང་ཚད་མང་ཉུང་གང་ལ་ཡང་སྤང་དགོས་པ་ནི་ཁྱད་ཆོས་དང་པོའོ། །དོན་དང་བྲལ་བ་སྐབས་ཀྱི་དོན་མ་ཡིན་ཞིང་ཉེར་མཁོ་མེད་པའི་ཚིག་གི་རོ་མ་མང་པོའི་རྙོགས་པས་མ་བསླད་པར་དོན་དང་བཅས་པ་སྐབས་སུ་ཉེ་བར་མཁོ་བའི་ཚིག་ཁོ་ན་སྦྱོར་བ་ནི་ཁྱད་ཆོས་གཉིས་པའོ། །བརྗོད་བྱ་བསྔགས་ཡུལ་གང་ཡིན་པ་དེ་ཉིད་ཁྱད་པར་དུ་འཕགས་པར་དངོས་སམ་ཤུགས་ལས་སྟོན་ནུས་པའི་ཚིག་གི་རོ་ཉམས་དུ་མའི་སྒོ་ནས་བརྗོད་ཀྱང་བརྗོད་དོན་ཐམས་ཅད་དེར་འབབ་པ་ཞིག་དགོས་པ་ནི་ཁྱད་ཆོས་གསུམ་པའོ། །བརྗོད་བྱའི་དོན་དེ་ཉིད། མཁས་པས་བལྟས་ཀྱང་མགོ་རྨོངས་པར་འགྱུར་བ་དེ་ལྟ་བུ་གནས་སྐབས་ཀྱི་དགོས་པ་མེད་བཞིན་དུ་སྦྱར་བའང་སྐྱོན་ཡིན་པས་དེ་འདྲ་སྤངས་ནས། དོན་ཤིན་ཏུ་ཟབ་མོ་དག་ཀྱང་སྡེབ་ལེགས་པའི་ཚིག་གིས་གསལ་བར་མཚོན་ནུས་པ་ནི་ཁྱད་ཆོས་བཞི་པའོ། །དེ་ལྟ་བུའི་ཁྱད་ཆོས་བཞི་པོ་དེ་ཀུན་སྙན་ངག་གི་རྒྱུན་ལ་ཁྱབ་ཅིང་དེ་ཡང་འོས་མི་འོས་སམ་རིགས་མི་རིགས་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་འབྲས་བུ་ཡིན་པས། དེ་ཀུན་ཀྱང་དགོངས་པ་སྟེ་རྒྱུར་གྱུར་པའི་བསམ་པ་དང་ལྡན་ཅིང་དེའི་དབང་དུ་གྱུར་པའི་ཕྱིར་དགོངས་པ་ཅན་གྱི་རྒྱན་ཞེས་བྱ་སྟེ་དོན་རྒྱན་སོ་ལྔ་པར་བཞག་པ་འདི་ནི་རྒྱན་ཐམས་ཅད་ཀྱི་ཡང་རྒྱན་དུ་གྱུར་པར་རིག་ཅིང་ཤེས་པར་བྱའོ། །ཕྱོགས་འདིར་སྔོན་ཆད་བཅུ་ཕྲག་རིག་པའི་གཞུང་། །སྨྲ་བའི་ཉིན་བྱེད་ཕྲེང་བར་བྱོན་མོད་ཀྱི། །དེང་དུས་སྐྱེ་བོ་ཕལ་ཆེར་ཚུལ་འདིར་གཤེ། །དོན་དུ་གཉེར་བ་ཉིན་མོའི་སྐར་མ་ཙམ། །དེ་ཕྱིར་ཉུང་གསལ་གོ་བདེར་བརྗོད་ན་ཡང་། །བྱ་རོག་དཀར་པོའི་བརྟུལ་ཞུགས་ཙམ་དུ་བས། །གཞན་ལ་ཕན་པར་འགྱུར་སྙམ་རེ་བའང་ཅི། །འོན་ཀྱང་ལྷག་བསམ་དཀར་པོའི་རྒྱུ་ལས་སོ། །རྗོད་བྱེད་ཚིག་གི་སྡེབ་ལ་མ་བྱང་ན། །བརྗོད་བྱའི་དོན་ཟབ་ཇི་ལྟར་འདོམས་པར་ནུས། །དེས་ན་བློ་གསལ་དོན་མཐུན་འགའ་མཆིས་ན། །སྔོན་བྱོན་མཁས་པའི་གཞུང་ལ་འདྲིས་པར་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲང་པོར་སྨྲས་པའི་ངག་སྟེ་རྒྱན་གྱི་བསྟན་བཅོས་སྙན་ངག་གི་མེ་ལོང་ལས་དོན་གྱི་རྒྱན་ཞེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཔེར་བརྗོད་ཉུང་གསལ་རེ་ཞིག་བཤད་ཟིན་ཏོ།། །།ཟླ་བ་བདུད་རྩི་བཞུས་པའི་ཁུ་བ་ཡིས། །ལན་སྟོང་བྱུགས་འདྲ་འཕགས་མ་དབྱངས་ཀྱི་རྒྱལ། །མགྲིན་པའི་འོ་མཚོར་ཡང་ཡང་རྩེན་མཛོད་ལ། །ད་དུང་སྙན་ངག་སྨྲ་བའི་སྤོབས་པ་སྩོལ། །མཆོག་བྱིན་གངས་རི་ལས་སྐྱེས་ལེགས་བཤད་རྒྱུན། །ཆ་ཙམ་བདག་བློའི་ཤེར་བརྩོན་བུམ་པ་རུ། །བསྐྱིལ་ལས་སྒྲ་རྒྱན་ཟེགས་མ་འདི་སྦྱིན་པས། །བློ་གསལ་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །


previous སྙན་ངག་གི་མེ་ལོང་ལས་དོན་གྱི་རྒྱན་ཞེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཔེར་བརྗོད་ཉུང་གསལ།next