Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །གང་ལ་སྙིང་རྗེ་ཆེན་པོའི་སྟོབས་མངའ་བས།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
སྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །གང་ལ་སྙིང་རྗེ་ཆེན་པོའི་སྟོབས་མངའ་བས།
[Clear Hits]

 
previousསྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིགnext

སྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིག

༄༅། །སྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིག །ཨ་ཧོ། རབ་སྙན་མགྲིན་པའི་དབྱངས་ལྡན་རྐང་དྲུག་ནི་གཞོན་ནུ། །ལྡེམ་ལྡེམ་མཁའ་ལ་བསྐྱོད་པའི་སྣང་ཤེས་ལ་མ་ཞེན། །པད་ལྗོངས་ཟིལ་དངར་བདོ་ཚེ་རྩི་བཅུད་རེ་གཞིབ་ལ། །སྟོན་གསུམ་ལྷགས་པ་བདོ་ཡང་འགྱོད་མེད་རེ་གྱིས་ཨང་། །ཡིད་འོང་ལྗོན་ཤིང་རྩེ་ན་སྒྲོ་གདུགས་དེ་ངོམ་པའི། །གྲེ་འགྱུར་སྨྲ་ལྕེ་བདེ་མོ་གཞན་གསོས་ཀྱི་བུ་མོ། །ལྷ་ཆབ་བདུད་རྩི་བཏུང་བ་ངོམས་ངོམས་ཤིག་འཐུང་ལས། །དབང་མེད་ཐན་པ་བྱུང་ཚེ་འགྱོད་འགྱོད་ཞིག་འདྲའོ། །འོད་ཟེར་སྟོང་གིས་སྤྲས་པའི་ཉིན་མོ་ཡི་མགོན་པོ། །འལ་འོལ་སྤྲིན་དཀར་གསེབ་ན་བཏང་སྙོམས་སུ་མ་བཞུགས། །རྣམ་དག་དྲི་བཟང་ཁང་པའི་འདབ་རྒྱ་དེ་ཟུམ་ན། །མགོན་མེད་རྐང་དྲུག་ཚོགས་ཀྱི་རེ་ལྟོས་དེ་གར་འཆའ། །དལ་འབྱོར་སྐྱོན་མེད་རྙེད་པའི་སྐལ་བཟང་གི་གྲོགས་ཚོ། །འདིར་སྣང་བག་མེད་འཁྲུལ་པའི་རྣམ་གཡེང་ལ་མ་ཞེན། །བླ་མ་མཆེད་གྲོགས་འཛོམས་ཚེ་ཐོས་བསམ་རེ་མཛོད་ལ། །མི་རྟག་སོ་སོར་འབྲལ་ཚེ་འགྱོད་མེད་རེ་གྱིས་ཨང་། །མཐོན་པོའི་གོ་སར་སྟོབས་འབྱོར་ལོངས་སྤྱོད་ཀྱིས་དྲེགས་བཞིན། །རིགས་ལམ་བཤད་ཡམ་ཆེ་བ་མཚན་ཉིད་ཀྱི་སྟོན་ཆེན། །ཐོས་དོན་མན་ངག་ཟབ་མོ་རང་རྒྱུད་ལ་དྲིལ་ལས། །དབང་མེད་ན་འཆིས་གཏུགས་ཚེ་འགྱོད་འགྱོད་ཅིག་འདྲ་འོ། །མཁྱེན་རྟོགས་ལང་ཚོ་དར་བའི་སྐྱེས་ཆེན་གྱི་ཚོགས་རྣམས། །རང་དོན་ཞི་བདེའི་མལ་དུ་ངལ་གསོ་ལ་མ་བཞུགས། །བཤད་སྒྲུབ་ཐུབ་བསྟན་སྙིང་པོའི་རིང་ལུགས་དེ་ཉམས་ན། །གངས་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་རེ་ལྟོས་དེ་གར་འཆའ། །ལས་ཤུགས་བསོད་ནམས་བཙན་པ་ས་བདག་གི་རྒྱལ་བློན། །ད་ལྟ་རང་དབང་ཡོད་ཚེ་ལས་འབྲས་ལ་འཛེམས་དང་། །དུས་ཀྱི་ཞགས་པས་ཟིན་ཚེ་བློ་བདེ་ཡི་ངང་ནས། །ཐར་གྲོལ་སྐས་ལ་འཛེགས་པའི་ངོ་མཚར་ཞིག་ཡོད་དོ། །སྨྲ་ཤེས་དོན་གོ་སྤུར་རྒྱལ་སྐྱེ་དགུ་ཡི་ཚོགས་རྣམས། །མི་ཚེའི་ཉིན་བྱེད་ཆུ་ལྷའི་ཕོང་པ་ལ་གཞོལ་ཞིང་། །འཆི་བདག་བཟློག་དཀའི་གྲིབ་སོ་སྒོ་དྲུང་ན་བསླེབས་འདུག །འབུངས་གསུམ་དམ་པའི་ཆོས་ལ་འདོན་རན་དུ་གདའ་འོ། །སོར་གསུམ་ལྕང་ལོའི་ཟར་བུ་མཁན་སློབ་ལ་ཕུལ་ནས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་རབ་བྱུང་གི་སྡེ་རྣམས། །བག་མེད་འདོད་ཡོན་སྒྱུ་མའི་བསླུ་བྲིད་ལ་མ་ཡེངས། །བསླབ་གསུམ་ནོར་བུའི་མེ་ལོང་བྱི་དོར་རེ་མཛོད་ཅིག །སྨིན་གྲོལ་གདམས་ངག་ཟབ་མོའི་བདུད་རྩི་ལ་སྤྱོད་བཞིན། །གོས་དཀར་ལྕང་ལོ་འཆང་བ་སྔགས་སྤྱོད་ཀྱི་ཚོགས་རྣམས། །གྲོང་ནག་ར་བཤའ་རྔ་བརྡུང་གཏོ་ཆོག་ལ་མ་ཡེངས། །བསྙེན་སྒྲུབ་རིམ་གཉིས་ཟབ་མོའི་ཕ་ནོར་དེ་ཟུངས་ཤིག །ཆགས་སྡང་ཆོས་བརྒྱད་ཞེན་པའི་ཕ་ཡུལ་དེ་སྤོངས་ནས། །ཕྱོགས་བྲལ་གཉན་ཁྲོད་འགྲིམ་པའི་སྤྱོད་ཡུལ་གྱི་རྣལ་འབྱོར། །རང་སྣང་དགྲ་རུ་མཐོང་བའི་འདྲེར་འཛིན་དེ་བོར་ལ། །བདག་འཛིན་རྣམ་རྟོག་མགོ་ལ་བྲོ་བརྡུང་རེ་མཛོད་ཅིག །ཤུགས་སྒྲོལ་དམོད་པའི་མཚོན་ཆ་བར་མེད་དུ་བསྐོར་བས། །གཞན་སྡེ་ལྔ་པར་བཏང་བའི་དྲག་སྔགས་ཀྱི་མཁན་པོ། །སྨོན་སེམས་རྩད་ནས་གཅོད་པའི་བསམ་ངན་དེ་བོར་ལ། །ཚེ་ཁྲུས་སྤར་གསུམ་དགོངས་པས་འཚེངས་གསུམ་དུ་མཛོད་ཅིག །ཟ་འདུས་འཁོར་སློབ་རྒྱས་པའི་འདུ་ལོང་གི་དབུས་ན། །བར་མེད་གཞན་དོན་གནང་བའི་བླ་ཆེན་གྱི་ཚོགས་རྣམས། །གདམས་ངག་བུམ་སྟོང་བྱོ་བླུག་མགོ་བསྐོར་ལ་མ་ཡེངས། །བསྙེན་སྒྲུབ་ཡན་ལག་བཞི་ཡི་རྒྱུད་སྨིན་རེ་མཛོད་ཅིག །སྙིང་པོ་མེད་པའི་ཟང་ཟིང་སྒྱུ་མ་ཡི་ནོར་ལ། །དོན་ཆེན་སྙིང་པོ་ལེན་པའི་ཡོན་བདག་གི་ཚོགས་རྣམས། །ལན་དང་རྣམ་སྨིན་རེ་བའི་འཁོང་ར་དེ་སྤོངས་ལ། །བསམ་སྦྱོར་དག་པའི་མཆོད་སྦྱིན་ཕྱོགས་མེད་དུ་ཐོངས་ཤིག །དཀར་ནག་རྒྱ་ཟོང་བྲིམ་པའི་ཚོང་དཔོན་གྱི་ཚོགས་རྣམས། །བྲེ་སྲང་གཡོ་སྒྱུའི་སྦྱོར་བས་གཞན་མགོ་དེ་བསྐོར་ནས། །ཕྱི་མ་ཡི་དྭགས་སྒྲུབ་པའི་ཤོམ་ར་དེ་བོར་ལ། །འདི་ཕྱིར་རྒུད་པ་ཞི་བའི་བསོད་ནམས་རེ་བསགས་འཚལ། །མི་བརྟན་གཡོ་བའི་ལུས་འདི་དོན་ལྡན་དུ་བགྱིད་སླད། །གནས་རྟེན་གང་བཟང་བསྐོར་བའི་ཐག་རིང་གི་མགྲོན་པོ། །གཡོ་སྒྱུ་རྐུ་འཕྲོག་སྦྱོར་བས་གཉིས་ཕུང་འདི་མ་བསྒྲུབས། །དད་གུས་ཕྱག་མཆོད་ཚོགས་གཉིས་འབྲེལ་འཇོག་རེ་མཛོད་ཨང་། །མཐོ་མཐའ་ལྷུང་བར་ངེས་ན་ཐོབ་ཐང་དེས་ཅི་བྱེད། །བསགས་ཚད་འཛད་པར་ངེས་ན་ལོངས་སྤྱོད་འདིས་ཅི་བྱ། །འདུས་ཚད་འབྲལ་བར་ངེས་ན་གཉེན་གྲོགས་དེས་ཅི་ཕན། །སྐྱེས་མཐའ་འཆི་བར་ངེས་ན་བསླབ་ཤེས་དེས་ཅི་མཁོ། །བརྒྱ་བསམ་འགྲུབ་དུས་མེད་པའི་བློ་རྒྱ་འདི་བསྐྱུར་ཐོངས། །ཐམས་ཅད་ཐམས་ཅད་བོར་ནས་དབེན་རི་ཡི་སུལ་དུ། །ཕན་ངེས་ཡིག་དྲུག་འདྲེན་པའི་སྐལ་བཟང་ཞིག་བྱུང་ན། །འདུན་མ་ཐམས་ཅད་འགྲུབ་པའི་ཕོ་རྒོད་ཅིག་ལགས་སོ། །མདོ་དོན་དེ་ཀ་ལགས་ཀྱི་སྙིང་གྲོགས་ཀྱི་ཚོགས་རྣམས། །སྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིག །བདག་ཀྱང་རྣམ་གཡེང་འདུ་འཛིའི་འཁྲུལ་འཁོར་ལས་གྲོལ་ནས། །བས་མཐར་ཡིག་དྲུག་འདྲེན་པའི་སྐལ་བཟང་ཞིག་སྨོན་ནོ། །ཞེས་པའང་རྐྱེན་རྣམ་པ་སྣ་ཚོགས་པས་རྒྱུད་བསྐུལ་ནས་སྙོམ་ལས་པ་པདྨ་བི་ཛས་བོད་ཡུལ་དབུས་སུ་བྲིས་པ་དགེ།
༄༅། །ཨ་ཧོ། འཕགས་མཆོག་མིག་མི་འཛུམ་པའི་ཞིང་ཁམས་ཀྱི་ལྟེ་བ། །སྒྲུབ་གནས་ཡོན་ཏན་ཀུན་རྫོགས་ཡེར་བ་ཡི་བྲག་རྫོང་། །མ་ཧཱ་གུ་རུའི་བྱིན་རླབས་ཟླ་བ་ཡི་ཕུག་པ། །རྩ་གསུམ་སྤྲིན་བཞིན་འདུ་བའི་ཚོགས་ཁང་འདི་སྐྱིད་དོ། །རྒྱུད་ལུང་བྱེ་བའི་སྙིང་པོ་བསྟན་གཉིས་དང་སྐོར་གསུམ། །མཚོ་སྐྱེས་རྒྱལ་བའི་ཐུགས་བཅུད་ཟབ་དགུ་ཡི་ཡང་སྙིང་། །མཁའ་འགྲོའི་ཞལ་རླངས་མ་ཡལ་སྙན་བརྒྱུད་ཀྱི་བདུད་རྩི། །བཀའ་འདུས་ཡིད་བཞིན་ནོར་བུའི་གསེར་ཆོས་འདི་ཨ་ཧོ། །དད་དམ་ཐུགས་སྨོན་དཀར་བ་རྡོ་རྗེ་ཡི་མཆེད་ལྕམ། །ཟབ་གསང་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས་ནས། །བདེ་སྟོང་ག་ཎཱ་ཙཀྲའི་འདུ་བ་ལ་སྤྱོད་ཚོ། །རིང་མིན་རིག་འཛིན་རྣམ་བཞིའི་རྒྱལ་ཐབས་ལ་ཕེབས་ཤོག །ངེས་འབྱུང་རྣམ་པར་དག་པའི་ཆུ་གཏེར་ལས་འཁྲུངས་པའི། །བདེན་བཞིའི་འཇུག་ལྡོག་ཟབ་མོའི་ཨུཏྤལ་ནི་གཞོན་ནུ། །རྣམ་དག་ཚུལ་ཁྲིམས་དྲི་བསུང་ཕྱོགས་བརྒྱ་རུ་འཐུལ་བའི། །ཕྱི་ཚུལ་སོ་སོར་ཐར་པའི་ཀུན་སྤྱོད་འདི་གཙང་ངོ་། །རྨད་བྱུང་སྙིང་རྗེ་ཆེན་པོའི་རྩ་བ་ནི་རབ་བརླིང་། །ཤེས་རབ་བདག་མེད་གཉིས་རྟོགས་དཔག་བསམ་གྱི་ལྗོན་ཤིང་། །གཞན་ཕན་ཕར་ཕྱིན་དྲུག་གི་མེ་འབྲས་ཀྱིས་ཕྱུག་པའི། །ནང་ཚུལ་བྱང་ཆུབ་སེམས་དཔའི་དགེ་འདུན་འདི་འཕགས་སོ། །གཞི་རྒྱུད་དབང་བཞིའི་སྨིན་པ་བདེ་གཤེགས་ཀྱི་སྙིང་པོ། །ལམ་རྒྱུད་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་རང་ཆས་སུ་བཞུགས་པའི། །གསང་བ་རིག་འཛིན་འདུས་པའི་ཚོགས་གྲལ་འདི་ཨ་ཧོ། །སྣང་བ་ཡེ་ནས་རང་གསལ་ལྷ་སྐུ་ཡི་ཕྱག་རྒྱ། །སྒྲ་གྲགས་སྐྱེ་བ་མེད་པ་རྒྱལ་ཀུན་གྱི་སྙིང་པོ། །འགྱུ་བ་རང་གྲོལ་ཡེ་ནས་རྒྱལ་ཀུན་གྱི་ཐུགས་མཛོད། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་མེད་འདི་མཚར་རོ། །ཆོས་ཅན་སྣ་ཚོགས་སྣང་བའི་ཁུ་རླངས་ཀྱི་ཚོགས་རྣམས། །ཆོས་ཉིད་སྐྱེ་མེད་མཁའ་ལས་འགགས་མེད་དུ་ཤར་ཡང་། །རང་ཤར་རང་གྲོལ་གཤིས་ལ་ཕན་གནོད་དང་བྲལ་བའི། །གང་ཤར་སྤང་བླང་བྲལ་བའི་ལྟ་བ་འདི་བདེའོ། །རང་རིག་ཀ་དག་ཕྱམ་བརྡལ་ཀུན་བཟང་གི་དགོངས་པ། །རྟོགས་གྲོལ་ཟང་མ་ཐལ་བྱུང་བཟང་མོ་ཡི་སྙིང་ཏིག །ཡེ་ནས་འདུ་འབྲལ་མེད་པའི་གཤིས་ལུགས་འདི་མཐོང་ནས། །གུ་ཡང་གཏད་མེད་ཉལ་བའི་སྒོམ་ཆེན་ཚོ་སྐྱིད་དོ། །གང་ཤར་ཤར་རྗེས་མ་བཅད་ཤར་མཁན་ལ་བལྟས་པས། །འགྱུ་བ་རང་གྲོལ་བར་སྣང་བསིལ་བུ་ཡི་ངང་ཚུལ། །དུག་ལྔ་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་དུ་ཁྱེར་བའི། །རང་གྲོལ་རྟོགས་པའི་གནད་ཀྱི་ལམ་ཁྱེར་འདི་ཟབ་བོ། །ལྟ་དགོངས་ཚད་དུ་འཁྱོལ་བའི་སྔགས་སྤྱོད་ཀྱི་སྐྱེས་བུས། །གང་ཤར་འཛིན་མེད་གཉུག་མའི་འདོད་ཡོན་ལ་རོལ་བཞིན། །ཀ་དག་ཕྱམ་བདལ་ཆེན་པོའི་གླུ་བྲོ་ལ་ཕེབས་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཁྱད་ཆོས་ཤིག་ཡོད་དོ། །མཆོག་གི་རིག་འཛིན་མཁའ་ལྡིང་དབང་པོ་ཡི་རྗེས་འཇུག །ད་ལྟ་གཉིས་འཛིན་འཁྲུལ་བའི་སྒོང་རྒྱ་ལ་འཐུམས་ཀྱང་། །རིང་མིན་ལྟ་དགོངས་མཐོན་པོའི་གཤོག་ཡངས་དེ་བརྒྱངས་ནས། །གོང་མའི་རྗེས་སུ་སྙོག་ནུས་སྨོན་ལམ་འདྲ་ཞུ་འོ། །རྩ་བརྒྱུད་རིག་འཛིན་བླ་མའི་བྱིན་རླབས་ཀྱི་མཐུ་དང་། །གསང་སྔགས་ཐབས་མཆོག་ཟབ་མོའི་རྟེན་འབྲེལ་གྱི་མཐུ་ལས། །ཚོམ་བུ་གཅིག་ཏུ་འཚོགས་པའི་རྡོ་རྗེ་ཡི་སྤུན་རྣམས། །འཇའ་ལུས་འཕོ་ཆེན་འགྲུབ་པའི་སྨོན་ལམ་ཞིག་འཚལ་ལོ། །ཞེས་པའང་བོད་ཡུལ་སྒྲུབ་གནས་ཀུན་གྱི་རྒྱལ་པོ་དཔལ་འཕྲུལ་སྣང་གི་གཙུག་ལག་ཁང་དང་འབྲེལ་བའི་ཡེར་བ་བྱང་ཆུབ་ཀྱི་ནགས་ཁྲོད་མ་ཧཱ་གུ་རུའི་སྒྲུབ་གནས་ཟླ་བ་ཕུག་ཏུ་འདྲ་ཞལ་ང་འདྲ་མའི་མདུན་བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་སྐབས། སྔགས་བཙུན་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་ཐོལ་བྱུང་དུ་བཀོད་པ་སྟེ། འདིས་ཀྱང་ཟབ་གསང་རྟོགས་པའི་ཡོན་ཏན་ཡར་ཟླ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག
༈ ཚོགས་གླུ་ཁ་སྒྱུར། ཨ་ཧོ། འཕགས་མཆོག་མིག་མི་འཛུམ་པའི་ཞིང་ཁམས་ཀྱི་བྱེ་བྲག །དགེ་བཅུ་གཡང་དུ་འཁྱིལ་བ་བོད་ཆེན་གྱི་ཡུལ་ལྗོངས། །སྔོན་བྱོན་དམ་པས་བྱིན་རླབས་སྒྲུབ་གནས་ཀྱི་ཡང་རྩེ། །རྩ་གསུམ་སྤྲིན་བཞིན་འདུ་བའི་ཚོགས་ཁང་འདི་སྐྱིད་དོ། །ཀུན་བཟང་རྡོ་རྗེ་འཆང་གི་ཐུགས་བཅུད་ཀྱི་ཉིང་ཁུ། །མ་ཚོགས་ཌཱ་ཀི་འབུམ་གྱི་ཞལ་རླངས་ནི་ཐོལ་ལེ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་ཟླ་མེད་ཀྱི་གསེང་ལམ། །ཚེ་གཅིག་གདོད་གཞིར་སྦྱོར་བྱེད་གསེར་ཆོས་འདི་ཨ་ཧོ། །དད་དམ་ཐུགས་སྨོན་སོགས་དཀྱུས་ལྟར་བྱའོ། །
༄༅། །ཨེ་ཧོ། ལེགས་སྨོན་རྟེན་འབྲེལ་འཛོམས་པ་རྡོ་རྗེ་ཡི་སྤུན་ཚོ། །དད་དམ་རྣམ་པར་དག་པའི་ཉེར་བསྡོགས་ལ་བརྟེན་ནས། །བསྙེན་སྒྲུབ་ཡན་ལག་བཞི་ཡི་གཞུང་ལམ་ལ་ཞུགས་དང་། །རྣམ་བཞིའི་རིག་འཛིན་གྲོང་མཆོག་ཐག་རིང་ཞིག་མིན་སྐད། །སྔོན་བྱོན་གྲུབ་པའི་ཚོགས་རྣམས་ལམ་འདི་ལ་བརྟེན་ཏེ། །དོན་གཉིས་ནོར་བུའི་གླིང་ལ་མིག་འཕྲུལ་བཞིན་གཤེགས་སོང་། །རྗེས་འཇུག་སྐལ་བཟང་ཡོད་ན་ལ་འུར་དུ་ཤོག་ཅེས། །ངོ་མཚར་རྡོ་རྗེའི་མགུར་གྱིས་ལྷང་ལྷང་དུ་འབོད་འདུག །གསང་ཆེན་རྡོ་རྗེ་ཐེག་པའི་ཉེ་རྒྱུ་ཡི་སྤྱོད་པ། །བདེ་སྟོང་ག་ཎ་ཙཀྲའི་འདུ་བ་ལ་སྤྱོད་ཚོ། །གཞན་གནོད་གཞིར་བཅས་སྤོང་བ་ཀུན་མཁྱེན་གྱི་རྗེས་འཇུག །རླབས་ཆེན་གཞན་ཕན་སྒྲུབ་པ་ཐེག་ཆེན་གྱི་ལམ་རྩ། །ཐ་མལ་སྣང་ཞེན་དག་པ་གསང་སྔགས་ཀྱི་ཁྱད་ཆོས། །ཆགས་དང་སེར་སྣས་མ་སྦགས་གཏོང་ཕོད་ཀྱི་ཁྱད་པར། །ཤགས་དང་ཀུ་ཅོ་སྡོམ་པ་སྔགས་སྤྱོད་ཀྱི་དམ་ཚིག །གཙང་རྨེ་བླང་དོར་བྲལ་བ་འདོད་ཡོན་གྱི་དམ་རྫས། །ཚུལ་འཆོས་མཆོག་འཛིན་མེད་དེ་བརྟུལ་ཞུགས་ཀྱི་རྣལ་འབྱོར། །རེ་དོགས་འཛིན་ཞེན་བྲལ་བར་རྡོ་རྗེ་ཡི་གླུ་གར། །མ་བཅོས་ཤུགས་འབྱུང་ཀློང་ནས་ཅི་དགའ་རུ་བསྒྱུར་ཀྱང་། །ཟ་འདོད་ཤ་དགའ་ཆང་སྲེད་གདོལ་སྤྱོད་ཀྱི་ངང་ནས། །བསླབ་སྡོམ་སྲོག་རྩ་གཅོད་པའི་ཐོ་ཅོ་དེ་མ་ཡིན། །སྡོམ་གསུམ་ཡར་ལྡན་རྫོགས་པའི་རྣལ་འབྱོར་ཚོ་སྐྱིད་དོ། །ཟབ་མོའི་གདམས་ངག་འཆུན་པའི་བཀའ་དྲིན་རང་ལོས་ཡིན། །ཕུང་ཁམས་སྐྱེ་མཆེད་ཡེ་ནས་གདན་གསུམ་གྱི་འཁོར་ལོ། །ཨ་ཧཾ་འབར་འཛག་ཞུ་བདེ་བདེ་སྟོང་གི་མཆོད་སྤྲིན། །ཡེ་གྲོལ་བསལ་བཞག་བྲལ་བ་ཆོས་ཉིད་ཀྱི་གཤིས་ལུགས། །ཟང་ཐལ་ཀློང་ཆེན་དགོངས་པའི་གསང་མཛོད་འདི་ཨ་ཧོ། །ཉེ་རྒྱུའི་སྤྱོད་པ་ཐབས་མཁས་རྟེན་འབྱུང་གི་རྒྱུ་ལས། །དོན་བརྒྱུད་བྱིན་རླབས་མཛེས་མའི་འགྲམ་ཆང་གིས་བརླན་ཏེ། །དོན་གཉིས་བ་ཀུ་ལ་ཡི་མེ་ཏོག་གི་རྩི་བཅུད། །བསྐལ་བཟང་བུང་བ་དགའ་བའི་ངལ་འཚོ་རུ་སྨོན་ནོ། །ཞེས་པའང་མཆོག་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ། སྙོམ་ལས་པ་པད་རྣམ་གྱིས་བྲིས་པ་དགེ།
༄༅། །ཨ་ཧོ། གཉུག་མ་མི་ཤིགས་ཐིག་ལེ་བདེ་བ་ནི་ཆེན་པོ། །སྟོང་ཆེན་དབྱིངས་ཀྱི་དགའ་མར་རྗེས་ཆགས་ཀྱི་རོལ་རྩེད། །གང་འདུལ་ཕྱག་རྒྱའི་རོལ་གར་བསམ་མི་ཁྱབ་འཕྲུལ་མཛད། །ཡེ་གྲོལ་གདོད་མའི་མགོན་པོ་སྙིང་དབུས་སུ་བཞུགས་ཤིག །བདེ་སྟོང་འདུ་འབྲལ་སྤངས་པའི་ཡེ་ཤེས་ཀྱི་ཕྱག་རྒྱས། །བརྟན་གཡོ་སྲིད་ཞིའི་ཆོས་ཀུན་མ་བཏབ་པ་སྲིད་མིན། །དེ་སླད་གང་སྣང་ཐམས་ཅད་ཆོས་སྐུ་ཡི་ཡོ་ལང་། །ཟུང་འཇུག་སྤྲོས་པ་བྲལ་བའི་གཤིས་ལུགས་འདི་ཨ་ཧོ། །རྡུལ་མིན་རྡུལ་བྲལ་སྤངས་པ་ལྷན་སྐྱེས་ཀྱི་ཡེ་ཤེས། །མ་བཅོས་གཉུག་མའི་ངང་དུ་རང་བབས་སུ་བཞག་ན། །གཟུང་འཛིན་ཀུན་རྟོག་གཡོ་བའི་དྲི་བཞོན་དང་བཅས་པ། །རང་བྱུང་གདོད་མའི་དབྱིངས་སུ་རང་ཐིམ་དུ་ལོས་འགྲོ། །གཉིས་སྣང་རྟོག་པའི་དྲྭ་བ་དབུ་མ་རུ་དག་ཚེ། །མི་འགྱུར་འཕོ་མེད་ལྷན་སྐྱེས་འཁོར་ལོ་ཡི་དབང་ཕྱུག །རྟག་ཏུ་བགྲེས་རྒུད་བྲལ་བའི་རང་ཞལ་དེ་མཇལ་ནས། །དོན་གཉིས་ནོར་བུའི་གཏེར་ལ་ཅི་དགའ་རུ་རྩེན་ནོ། །ཐམས་ཅད་མཉམ་ཉིད་རྟོགས་པའི་རྣལ་འབྱོར་གྱི་དབང་ཕྱུག །སྤང་བླང་དགག་སྒྲུབ་བྲལ་བ་མཉམ་ཉིད་ཀྱི་སྤྱོད་པ། །ནགས་ལ་མེ་མཆེད་ལྟ་བུའི་ངང་ཚུལ་ལ་གནས་ན། །གང་སྤྱད་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལས་གཞན་ཅི། །ཕ་རྒན་གླང་ཆེན་སྨྱོན་པའི་བརྟུལ་ཞུགས་དེ་མཐོང་ཚེ། །གཞོན་ཆུང་ལུས་ཤེད་མ་རྫོགས་གོམས་འགྲོས་ཀྱང་འཁྱོལ་ལེ། །ཡིད་སྨོན་མགྲིན་པ་བཏེགས་ལས་བྱ་རྒྱུ་གཞན་ཟད་པས། །རྟེན་འབྱུང་རྟོགས་པའི་གར་ཆང་འཐུང་བ་ལ་སྨོན་ནོ། །མི་མངོན་དབྱིངས་ནས་གཟིགས་ཤིག་བརྒྱུད་གསུམ་གྱི་བླ་མ། །བྱིན་རླབས་ཐུགས་རྗེའི་གྲུ་ཆར་ལ་འུར་དུ་ཕོབས་ལ། །ཉམས་མྱོང་རྟོགས་པའི་མྱུ་གུ་གོང་འཕེལ་དུ་བསྐྱེད་ནས། །དོན་གཉིས་འབྲས་བུར་སྨིན་པའི་དགའ་སྟོན་དེ་སྩོལ་ཅིག །ཅེས་པའང་པདྨ་ཆགས་པའི་རྡོ་རྗེས་གང་དྲན་བརྗོད་པ་དགེ།
༄༅། །ཨ་ཧོ། མཐའ་བརྒྱད་སྤྲོས་པའི་དྲྭ་བ་དབུ་མ་རུ་བསྡོམས་པའི། །སྙིང་དབུས་གཞོན་ནུ་བུམ་པ་བློ་བྲལ་གྱི་རྒྱལ་ཁབ། །ཞལ་ཕྱག་འཛིན་པ་ལས་འདས་སྤྲོས་བྲལ་གྱི་རང་བཞིན། །ཀ་དག་ཆོས་སྐུའི་བླ་མ་མཚོ་སྐྱེས་རྗེ་དྲན་ནོ། །ཡིད་དཔྱོད་འཛིན་པ་དག་པའི་བྱིན་རླབས་ཤིག་སྩོལ་ཅིག །འོད་གསལ་བསམ་མི་ཁྱབ་པའི་ཆོས་ཉིད་ཀྱི་གཤིས་ལ། །ཡེ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་ནི་སྤངས་པས། །ལྔ་ལྡན་ཐིག་ལེ་འཇའ་འོད་ཟེར་ཕྲེང་གི་ཀློང་ནས། །ལྷུན་གྲུབ་ལོངས་སྐུའི་བླ་མ་མཚོ་སྐྱེས་རྗེ་དྲན་ནོ། །སྣང་བཞི་མཐའ་རུ་ཕྱིན་པའི་དངོས་གྲུབ་ཅིག་སྩོལ་ཅིག །རྩལ་སྣང་ཐུགས་རྗེའི་རོལ་པ་འགག་མེད་ཀྱི་འཆར་སྒོ། །གང་ཤར་རང་གྲོལ་སྤང་བླང་མཚན་མ་ལས་གྲོལ་བས། །གཟུང་འཛིན་དབྱིངས་སུ་སྒྲོལ་བའི་བརྟུལ་ཞུགས་ཀྱི་དཔའ་བོ། །རིག་རྩལ་སྤྲུལ་སྐུའི་བླ་མ་མཚོ་སྐྱེས་རྗེ་དྲན་ནོ། །དུག་ལྔ་རང་གྲོལ་ཆེན་པོའི་དངོས་གྲུབ་ཅིག་སྩོལ་ཅིག །ཕྱི་སྣོད་རྣམ་དག་པདྨ་དྲྭ་བ་ཡི་ཞིང་ཁམས། །ནང་བཅུད་ཕུང་ཁམས་སྐྱེ་མཆེད་དཔའ་བོ་དང་མཁའ་འགྲོ། །ཅིར་སྣང་རྒྱན་དུ་ཤར་བ་འདོད་ཡོན་གྱི་རོལ་རྩེད། །དག་པ་རབ་འབྱམས་འཁོར་ལོའི་ཚོགས་གྲལ་འདི་སྐྱིད་དོ། །སྨིན་བྱེད་དབང་བཞིས་དུལ་བའི་ཞིང་ས་ནི་གཤིན་པོར། །བསྐྱེད་རྫོགས་རིམ་གཉིས་ལམ་གྱི་མྱུ་གུ་ནི་གསར་འཁྲུངས། །དམ་ཚིག་རྣམ་པར་དག་པའི་བརླན་དྲོད་ཀྱིས་བསྐྱངས་ན། །སྐུ་བཞིའི་འབྲས་བཟང་སྨིན་ལ་དཀའ་བ་རང་མིན་ནོ། །དག་སྣང་དཀར་པོའི་ཚོམ་བུ་རྡོ་རྗེ་ཡི་མཆེད་གྲོགས། །བདེ་སྟོང་ག་ཎ་ཙཀྲའི་དགའ་སྟོན་ལ་སྤྱོད་རྣམས། །རིང་མིན་མཚོ་སྐྱེས་བླ་མའི་ཐུགས་རྗེ་ཡི་ཕྱག་གིས། །མཁའ་སྤྱོད་རིག་འཛིན་གྲལ་དུ་མིག་འཕྲུལ་བཞིན་དྲོངས་ཤིག །ཀུན་བཟང་པདྨའི་བཀའ་བརྒྱུད་ཟུང་འཇུག་གི་བརྒྱུད་པ། །སྣང་སྟོང་ཕྱོགས་རེ་ཞེན་པའི་ཁས་ལེན་དང་བྲལ་བས། །རྟག་ཆད་མཐའ་ལ་མི་འཇིགས་ངེས་དོན་གྱི་ཀློང་དུ། །ཆོས་ཀུན་རོ་མཉམ་རྟོགས་པའི་སྐལ་བཟང་ཞིག་ལགས་སོ། །ཆོས་ཀུན་ཡེ་ནས་སངས་རྒྱས་དག་མཉམ་ཀྱི་བདེན་པ། །དབྱེར་མེད་ཆོས་ཀྱི་སྐུ་ཡི་ཕྱག་རྒྱ་རུ་སྣང་བས། །གང་བྱུང་ཚོགས་སུ་བསྒྱུར་བའི་ཐབས་མཁས་ཀྱི་འཕྲུལ་ཆེན། །བསྐྱེད་རྫོགས་དབྱེར་མེད་ཤེས་པའི་རྣལ་འབྱོར་ཚོ་སྐྱིད་དོ། །མཐར་ཐུག་འབྲས་བུའི་དཀྱིལ་འཁོར་གཞན་ཞིག་ན་མི་སྣང་། །རང་སྣང་སྐུ་དང་ཡེ་ཤེས་གཟོད་མ་ནས་རང་ཆས། །ཟབ་མོའི་གནས་ལུགས་རྟོགས་པའི་བློ་ལྡན་གྱི་ཚོགས་རྣམས། །རིག་འཛིན་རྣམ་བཞིའི་ལམ་ནས་གདོད་གཞི་རུ་གཤེགས་ཤིག །དེ་སྐད་ཡིད་ལ་གང་ཤར་ཉམས་མཚར་གྱི་གླུ་ཕྲེང་། །དུས་ཀྱི་རྒྱལ་པོ་སྤྲེལ་ཟླའི་ཚེས་བཅུ་ཡི་སྐབས་སུ། །འོག་མིན་བླ་མའི་གཟིམས་སྤྱིལ་ངོ་མཚར་གྱི་བཀོད་པར། །རྡོ་རྗེ་ཐུགས་མཆོག་རྩལ་གྱིས་རྟེན་འབྱུང་དུ་སྨྲས་སོ།
༄༅། །གདོད་མའི་མགོན་པོ་མི་ཡི་ཤ་ཚུགས་ཅན། །གཅིག་ཆོག་རྒྱལ་པོ་བློ་གྲོས་མཐའ་ཡས་ཀྱི། །ཞབས་པད་གཙུག་ན་བསྟེན་པའི་བཀའ་དྲིན་ལས། །རྨོང་བློའི་ཡིད་ལ་གོ་བ་འདི་ལྟར་ཆགས། །རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག །མ་བཅོས་རང་སར་བཞག་པའི་ཁྱད་ཆོས་ཀྱིས། །གཟུང་འཛིན་ཉོན་མོངས་རྟོག་ཚོགས་སྡོམ་པ་འདིར། །སོ་སོར་ཐར་པའི་སྡོམ་པ་འདུའམ་སྙམ། །ཆོས་ཀུན་སྒྱུ་མ་ལྟ་བུའི་ཚུལ་རིག་པའི། །རང་རྩལ་སྙིང་རྗེའི་འཆར་སྒོ་མ་འགགས་པས། །བདེན་གཉིས་ཟུང་འབྲེལ་རྒྱལ་བ་དགྱེས་བའི་ལམ། །བྱང་སེམས་སྡོམ་པའི་ངོ་བོ་ཡིན་ནམ་སྙམ། །རིག་པའི་རྩལ་ལས་འཁོར་འདས་སྣང་སྲིད་ཀྱི། །རོལ་པ་མ་འགགས་སྒྱུ་མའི་ཚུལ་དུ་སྣང་། །ཡེ་ནས་རྣམ་གྲོལ་དབྱིངས་ཀྱི་རྒྱན་དུ་རྫོགས། །གསང་སྔགས་སྡོམ་པ་དེ་ལས་གཞན་མཆིས་སམ། །ཀ་དག་ཕྱམ་བརྡལ་ཆེན་པོའི་གཤིས་ལུགས་ལ། །མཐར་འཛིན་ལྟ་བའི་མུན་པ་ཀུན་སངས་པས། །བདེན་པ་གཉིས་ཀྱང་མིང་ཙམ་བཏགས་པ་ཙམ། །རང་སྟོང་དབུ་མའི་དགོངས་པ་མ་ལགས་སམ། །ལྷུན་གྲུབ་བརྡལ་བ་ཆེན་པོའི་གཤིས་ལུགས་སུ། །སྐུ་དང་ཡེ་ཤེས་ཡེ་ནས་མ་འདྲེས་གསལ། །ཀུན་བརྟགས་གཞན་དབང་འཁྲུལ་བའི་གཡས་མ་གོས། །གཞན་སྟོང་དབུ་མའི་ལྟ་བ་མ་ལགས་སམ། །མ་བཅོས་ཐ་མལ་ཤེས་པ་ཆོས་ཀྱི་སྐུ། །རང་བབས་གཉུག་མར་ལྷོད་པའི་ཉམས་ལེན་གྱིས། །སྣང་སེམས་འཛིན་པ་མཐའ་དག་གཞིལ་བྱེད་པ། །ཕྱག་རྒྱ་ཆེན་པོའི་སྒོམ་པ་མ་ལགས་སམ། །རང་རིག་ཡེ་གྲོལ་ཀུན་ཏུ་བཟང་པོའི་ཀློང་། །གང་ཤར་ཆོས་ཀུན་སྤང་བླང་མེད་པར་གྲོལ། །ཟང་ཐལ་རྒྱ་ཡན་གཏད་མེད་ཆོས་སྐུའི་ངང་། །སྐྱིིད་ཉལ་བྱེད་པ་རྫོགས་ཆེན་རྣལ་འབྱོར་ལགས། །བདག་ལྟ་དམན་ཡང་བརྒྱུད་པ་བཟང་པོའི་བུ། །བློ་གྲོས་ཞན་ཡང་རིག་པའི་གནས་ཚུལ་གོ། སྒོམ་སྲན་ཆུང་ཡང་ཉམས་རྐྱེན་ཁར་མ་ཤོར། །དེ་སླད་སྙིགས་མའི་དུས་ན་སྐལ་བཟང་སྙམ། །སྤྲོ་སེམས་ཁོང་ནས་སྐྱེས་པའི་ཤུགས་འབྱུང་དུ། །ངོ་མཚར་སྒྲུབ་གནས་ཨཱཪྱ་པ་ལོ་རུ། །བདུད་རྩི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས། །པདྨ་དགྱེས་པས་མགྲིན་པའི་རྟ་ལས་དྲངས། །དགེ་བས་འགྲོ་ཀུན་གཏད་མེད་ཡོངས་གྲོལ་ཤོག །
༄༅། །བསྐལ་པ་བྱེ་བ་དུ་མར་ཡང་། །གང་གི་མཚན་ཙམ་ཐོས་དཀའ་བའི། །རྫོགས་སངས་རྒྱས་ལ་ཕྱག་བྱས་ནས། །ཁྱོད་ལ་ཕན་པའི་གཏམ་འདི་བཤད། །ཨེ་མ་སྔོན་བསགས་བཟང་པོའི་མཐུས། །ཤིན་ཏུ་རྙེད་དཀའ་དོན་ཆེ་བའི། །དལ་འབྱོར་ལན་གཅིག་ཐོབ་པ་འདི། །ཀ་ཡེ་དོན་མེད་མ་བྱེད་ཅིག །ཚེ་ནི་བསྣོན་མེད་འབྲི་བའི་ཆོས། །ལང་ཚོ་མི་བརྟན་ཡུད་ཀྱིས་འགྱུར། །འཆི་བདག་མི་སྡོད་ཚུར་ཚུར་འོངས། །སང་ཙམ་འཆིའམ་སུ་ཡིས་ཤེས། །གཞན་དག་སྐྱེས་འཐའ་འཆི་བ་དང་། །མཐོ་བ་ལྷུང་དང་བསགས་པ་མཛད། །འདུས་པ་འབྲལ་བའི་ཚུལ་མཐོང་ཚེ། །རང་ལའང་འབྱུང་བར་མཁྱེན་པར་མཛོད། །འཁོར་བའི་ལས་ལ་ཟིན་དུས་མེད། །ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས། །དམ་ཆོས་བྱེད་སྙམ་ངང་དུ་ལུས། །འཆི་ཁར་ལག་སྟོང་འགྲོ་ཉེན་ཆེ། །བུ་དང་ཆུང་མ་གཉེན་གྱི་ཆེད། །སྡིག་སྡུག་གཏམ་ངན་ཁྱད་གསོད་ཀྱང་། །དེ་དག་ཁྱོད་རྗེས་འབྲང་བ་མེད། །ལས་ནི་ནམ་ཡང་ཆུད་མི་ཟ། །རང་གི་བྱས་པ་རང་ལ་སྨིན། །གཞན་དག་དེ་ཡི་སྐལ་མི་ལེན། །འཁོར་བའི་གནས་ན་བདེ་བ་མེད། །ངན་སོང་སྡུག་བསྔལ་བཟོད་པར་དཀའ། །དེ་རུ་སྐྱེས་ན་ཅི་ཚུག་བྱ། །མི་སྐྱེའི་བློ་གདེང་ཅི་ཡོད་སོམས། །དེ་ལས་སྐྱོབ་པ་དམ་པའི་ཆོས། །ད་ལྟ་རང་དབང་ཡོད་དུས་འདིར། །རང་གིས་བརྩོན་པར་མ་བྱས་ན། །གཞན་གྱིས་གྲོགས་བགྱིར་ཅི་ཞིག་ཡོད། །དེ་ལས་རྨོངས་དང་བསླུས་པའང་གང་། །གཏན་འདུན་ལེགས་ཉེས་ད་རེས་ཡིན། །དེ་ཕྱིར་སྙིང་ལ་རུས་པ་བསྐྱེད། །ཀུན་མཁྱེན་ཤཱཀྱའི་བསྟན་པ་ལ། །རབ་བྱུང་རྟགས་ཙམ་འཆང་བ་ཡང་། །སྐལ་བཟང་འདི་ལ་མྱ་ངན་འདའ། །མི་སྐྱ་ཕལ་ལ་དེ་ལྟ་མིན། །དེ་སླད་སྟོན་དང་བསྟན་པ་ལ། །རྒྱུ་མཚན་ཤེས་ནས་གུས་བྱ་ཞིང་། །རྟག་ཏུ་རིམ་གྲོར་བརྩོན་པར་བྱ། །མ་གུས་བརྙས་པ་རྣམ་པར་སྤོངས། །སྙིགས་མ་དམ་ཆོས་འཇིག་ཉེའི་ཚེ། །ཉིན་མཚན་གཅིག་ཙམ་བསླབ་སྲུང་ཡང་། །བསོད་ནམས་དཔག་མེད་རྒྱལ་བས་གསུངས། །དེ་ཕྱིར་དེ་ལ་འདུན་པར་མཛོད། །གང་ལ་སྐྱབས་སུ་སོང་ཙམ་གྱིས། །བདུད་དམག་བྱེ་བའི་རུ་མཚོན་ཡང་། །ཅིག་ཅར་བསྙིལ་ནུས་དཀོན་མཆོག་གསུམ། །བསླུ་མེད་གཏན་གྱི་སྐྱབས་སུ་ཟུངས། །རང་ལ་དྲིན་ཐོབ་བླ་མ་ནི། །མདོ་རྒྱུད་ཀུན་ནས་རྒྱལ་བར་བསྟན། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །གང་དུ་བསྒོམས་ཀྱང་བྱིན་རླབས་འབྱུང་། །བསྐྱེད་རྫོགས་བཟླས་བརྗོད་བྱེ་བ་བས། །བླ་མ་སྐད་ཅིག་དྲན་པ་དང་། །གསོལ་འདེབས་ལན་གཅིག་བསོད་ནམས་ཆེ། །དེས་ན་དེ་ལ་རྟག་བརྩོན་གཅེས། །མཁའ་མཉམ་འགྲོ་ཀུན་ཕ་མ་སྟེ། །ད་ལྟ་དངོས་འཛིན་གདོན་གྱིས་མྱོས། །དགྲ་གཉེན་སྡེ་རིས་སོ་སོར་བཟུང། །ཀྱེ་མ་ཧོོ་མ་རིག་ལས་ཀྱིས་མཐུ། །དུས་རིང་ཐོག་མ་མེད་པ་ནས། །དཔག་མེད་དྲིན་གྱིས་བསྐྱངས་པ་འི་ཚུལ། །བྱས་པ་ཤེས་ཤིང་དྲིན་གཟོ་སླད། །མི་གནས་མྱང་འདས་སར་འགོད་ཕྱིར། །རྫོགས་བྱང་དོན་དུ་གཉེར་བ་ཡི། །དམ་བཅའི་གོ་ཆ་མ་རྨས་པའི། །བློ་ནི་བྱང་ཆུབ་སེམས་སུ་བརྗོད། །འདི་ཡོད་ཡང་དག་ལམ་དུ་འགྲོ། །ཅི་བྱེད་དགེ་བ་འབའ་ཞིག་འབྱུང་། །འདི་མེད་བྱང་ཆུབ་ལམ་ལས་རིང་། །འཁོར་བ་པ་དང་ཁྱད་པར་མེད། །ཐུབ་པས་གཞན་དོན་མཛད་པ་ཡིས། །བྱང་ཆུབ་བདུད་རྩི་བདག་གིར་བཞེས། །བྱིས་རྣམས་རང་དོན་སེམས་པ་ཡིས། །མི་བཟད་འཁོར་བའི་འདམ་དུ་ཆུད། །འདི་གཉིས་ཁེ་ཉེན་ཤེས་བྱོས་ནས། །བདག་བས་གཞན་གཅེས་བརྩོན་པ་ལ། །ཆོས་པ་དང་ནི་དེ་ལྡོག་ཕལ། །འདི་ན་ཁྱིམ་པ་སྐྱེ་བོར་བརྗོད། །དེ་ཕྱིར་ཆོས་པར་ཁས་བླང་ཕྱིན། །ཁྱོད་ཀྱང་དམ་པའི་རྗེས་སུ་སློབ། །བསླབ་བྱ་གཞན་གནོད་སྤོང་བ་དང་། །གཞན་ཕན་བསྒྲུབ་པ་གཉིས་སུ་འདུ། །རང་ལ་བདེ་སྐྱིད་འཛོམས་པ་ན། །དེ་ལ་རྒྱགས་དང་དྲེགས་མི་བྱ། །དེ་རྒྱུ་བསོད་ནམས་སྤེལ་ཅིག་ཅེས། །བླ་མ་སྲས་བཅས་རྒྱལ་རྣམས་ཀྱིས། །བསྐུལ་བར་ཤེས་ནས་བརྩོན་བྱ་ཞིང་། །དེ་རྒྱུ་ཕངས་མེད་འགྲོ་ལ་བསྔོ། །གཞན་དག་བདེ་ཞིང་སྐྱིད་པ་དང་། །དེ་རྒྱུ་དགེ་ལ་བརྩོན་མཐོང་ན། །དེ་ལ་སྡང་དང་ཕྲག་དོག་སྤོངས། །སྙིང་ནས་དགའ་བས་ཡི་རང་ཕུལ། །རང་ལ་མི་འདོད་བྱུང་གྱུར་ན། །དེ་ཚེ་ཞུམ་དང་འཇིགས་པ་སྤོངས། །དེ་རྒྱུ་སྒྲིབ་པ་སྦྱང་དགོས་བརྡར། །ཤེས་ནས་སྟོབས་བཞིར་འབད་པ་གཅེས། །གཞན་དག་མི་བདེར་གྱུར་མཐོང་ན། །དེ་ཚེ་དེ་ལ་སྙིང་རྗེ་བསྐྱེད། །དེ་དག་སྡིག་སྡུག་རང་ལ་སྨིན། །འགྲོ་ཀུན་སྡུག་བསྔལ་བྲལ་བར་སྨོན། །མདོར་ན་དུས་ཀུན་དྲན་པ་བསྟེན། །ཡང་དང་ཡང་དུ་རང་རྒྱུད་རྟོག །དགེ་བར་འདུག་ན་གཟེངས་བསྟོད་ལ། །ཉེས་པར་འདུག་ན་སྨད་པར་བྱ། །ཆགས་དང་ཞེ་སྡང་གཏི་མུག་པ། །འདི་གསུམ་རྣམ་པ་ཀུན་ཏུ་ནག །མ་ཆགས་མི་སྡང་གཏི་མུག་མེད། །འདི་གསུམ་རྣམ་པ་ཀུན་ཏུ་དཀར། །ནག་གསུམ་འཁོར་བའི་ས་བོན་ཏེ། །དཀར་གསུམ་མཐོ་རིས་བགྲོད་པའི་སྐས། །ནག་གསུམ་གཞོམ་ལ་དཀར་གསུམ་སྤེལ། །རྣམ་ཀུན་ལྷག་བསམ་མ་ཉམས་གལ། །འཁོར་འདས་ཆོས་ཀུན་རྨི་ལམ་ལྟར། །བདེན་པར་མ་གྲུབ་ངོ་བོས་སྟོང་། །སྟོང་གསལ་མཐའ་བྲལ་གཉུག་མའི་གཤིས། །བློ་ཡིས་སྤྲོས་པ་བྲལ་བར་ཞོག །གཞན་ཡང་ཞིང་མཆོག་བགྲོད་པའི་རྒྱུ། །ཡང་ཡང་ཞིང་བཀོད་དྲན་པ་དང་། །ངོམས་པ་མེད་པར་ཚོགས་གཉིས་བསགས། །རྒྱུན་དུ་བྱང་ཆུབ་སེམས་མཆོག་སྒོམ། །དུས་དྲུག་སྨོན་ལམ་གདབ་པ་སྟེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བའི་རྒྱུ་བཞི་ཐུབ་པས་གསུངས། །དག་སྣང་ཕྱོགས་མེད་སྦྱོང་བ་དང་། །ཕན་སེམས་ཕྱོགས་མེད་བསྐྱེད་པ་དང་། །དགེ་ལ་ཡི་རང་ཕྱོགས་མེད་པ། །ཟབ་མོ་སྟོང་ཉིད་བསྒོམ་པ་སྟེ། །འདི་བཞི་བསོད་ནམས་དཔག་ཏུ་མེད། །ཉལ་བས་ཆོག་པའི་དམ་ཆོས་ཡིན། །དགེ་བ་གང་བྱེད་སྦྱོར་དངོས་རྗེས། །སེམས་བསྐྱེད་དམིགས་མེད་བསྔོ་བ་སྟེ། །རྣམ་གསུམ་དམ་པས་ཟིན་གྱུར་ན། །རྣམ་མཁྱེན་ས་བོན་གྲུང་པོར་འགྱུར། །གཅིག་པུར་ལྷ་ཡིས་མ་ཁྲེལ་ཞིང་། །ཚོགས་སུ་གྲོགས་ཀྱིས་མ་ཁྲེལ་བར། །ནང་དུ་བདག་འཛིན་ཐུབ་པ་ཡི། །དགེ་སྦྱོར་ཤི་དང་མཉམ་པར་མཛོད། །དེ་སྐད་ཁྱོད་ལ་ཕན་པའི་གཏམ། །དགེ་སྦྱོང་པདྨ་བི་ཛས་བྲིས། །རྒན་བུ་དད་པའི་རྟེན་དུ་མཛོད། །ཁྱེད་བློ་དགེ་ལ་གཞོལ་གྱུར་ཅིག །
༄༅། །རྗེ་དྲན་པས་གདུང་སེལ་དྲིན་ཆེན་གྱི་བླ་མ། །བདག་གསོལ་འདེབས་བུ་ལ་ཐུགས་རྗེ་ཡིས་གཟིགས་ཏེ། །བློ་ཆོས་ལ་བསྒྱུར་བའི་བྱིན་རླབས་ཤིག་སྩོལ་ཅིག །ཀྱེ་ལེགས་པར་སོམས་དང་སྐལ་བཟང་གི་གྲོགས་པོ། །དོན་གཉུག་མ་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས། །ཐབས་གང་གིས་མཚོན་བྱེད་དྲིན་ལྡན་གྱི་བླ་མ། །ཆོས་མདོ་རྒྱུད་ཀུན་ནས་སངས་རྒྱས་སུ་བསྟན་ཡོད། །བློ་ཐེ་ཚོམ་བྲལ་བའི་མོས་གུས་ལ་རེམ་དང་། ཡིད་ཅི་བསམ་འགྲུབ་པའི་བྱིན་རླབས་ཤིག་གནང་ཡོང་། །འདི་ཉལ་བས་ཆོག་པའི་དམ་ཆོས་ཤིག་ལགས་སོ། །འཕགས་སོ་སྐྱེའི་བྱས་བསགས་རྣམ་དཀར་གྱི་དགེ་ཚོགས། །གང་ལ་ཡང་སྡང་དང་ཕྲད་དོག་གི་བློ་སྤོངས། །སེམས་རབ་དྭངས་བློ་ཡིས་ཡི་རང་ལ་བརྩོན་དང་། །ཚུལ་དེ་ཡི་བསོད་ནམས་ཐུན་མོང་དུ་ཐོབ་ཡོང་། །འདི་ཉལ་བས་ཆོག་པའི་དམ་ཆོས་ཤིག་ལགས་སོ། །མ་འགྲོ་དྲུག་སེམས་ཅན་སྡུག་བསྔལ་གྱི་རང་བཞིན། །ཚུལ་འདི་ལས་སྒྲོལ་ཕྱིར་རྣམ་མཁྱེན་གྱི་གོ་འཕང་། དོན་གཉེར་བ་སྨོན་འཇུག་བྱང་སེམས་ཀྱི་གོ་ཆ། །རྐྱེན་ཅིས་ཀྱང་མི་འཕྲོག་བརྟན་པ་ཞིག་མཛོད་དང་། །ལས་ཅི་བྱེད་རྣམ་དཀར་དགེ་བ་རུ་འགྱུར་ཡོང་། །འདི་ཉལ་བས་ཆོག་པའི་དམ་ཆོས་ཤིག་ལགས་སོ། །དོན་གཉུག་མའི་གཤིས་ལུགས་བློ་བྲལ་གྱི་རྒྱལ་ཁམས། །ཚུལ་ཡིད་དཔྱོད་འཛིན་པའི་ཞགས་པ་ཡིས་མ་འཆིང་། །སེམས་མ་བཅོས་རང་བབས་ལྷུག་པ་རུ་སྐྱོངས་དང་། །གང་ཤར་ཀྱང་ཆོས་སྐུའི་ཡོ་ལང་དུ་འཆར་ཡོང་། །འདི་ཉལ་བས་ཆོག་པའི་དམ་ཆོས་ཤིག་ལགས་སོ། །ཆོས་བསམ་གཏན་ཉལ་ཆོག་སྐུ་བཞི་ཡི་གྲངས་ལྡན། །ཕ་བླ་མའི་ཞལ་ལུང་བདུད་རྩི་ཡི་ཉིང་ཁུ། །ལམ་ཟབ་དགུའི་སྙིང་པོ་འདི་ཀ་རུ་འདུ་བས། །ཚིག་ཙམ་དུ་མ་བཞག་རང་རྒྱུད་ལ་དྲིལ་མཛོད། །གཞོན་སོ་དཀར་སྣང་ཚུལ་ཡད་ཡུད་དུ་ཟད་སོང་། རྒས་སྐྲ་དཀར་གཉེར་མའི་འཇིགས་གཟུགས་ནི་ངོམ་འདུག །ད་ལོང་ཡོད་མ་བྱེད་ལྷ་ཆོས་ལ་དྲིལ་ལ། །དགྲ་འཆི་བས་ཟིན་ཚེ་འགྱོད་མེད་རང་མཛོད་ཅིག །ཚིག་དེ་སྐད་ཕན་པར་འདོམས་པ་ཡི་བསླབ་ཕྲེང་། །བློ་པདྨ་དཀར་པོའི་ཁང་བུ་ནས་ཕྱུང་བ། །གྲོགས་སྐལ་བཟང་རྣམས་ཀྱི་ཐུགས་དབུས་སུ་བཅངས་ནས། །དོན་ཕན་བདེའི་དགའ་སྟོན་འཕེལ་བ་རུ་ཤོག་ཅིག །
༄༅། །ༀ་སྭསྟི། ཡོན་ཏན་ཀུན་གྱི་ནང་ནས་མཆོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །གང་གི་རྒྱུད་ལ་བཞུགས་པ་ཡི། །དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཀྱེ་མ་སྙིགས་མར་སྤྱོད་པའི་མཐུས། །དྲང་པོ་ཉུང་ཞིང་འཁྱོག་པོ་མང་། །འཁྱོག་པོས་འཁྱོག་པོ་དྲང་མཐོང་ཡང་། །དེ་ལ་སུ་ཞིག་ཡིད་རྟོན་འཆའ། །དེ་ཕྱིར་བཟང་སྤྱོད་དྲི་མ་ཡིས། །གོས་མིན་ཀུན་ལས་དམན་བདག་ཀྱང་། །རྨོངས་དང་ཕྱོགས་ཞེན་ཅན་འགའ་ཡིས། །དམ་པར་བཟུང་ནས་རེ་ལྟོས་འཆའ། །མུ་གེའི་བསྐལ་པར་ཀོ་ཊ་པ། །ཟས་ཀྱི་མཆོག་ཏུ་བརྩི་བ་དང་། །འདྲ་སྙམ་ཡི་མུག་མ་གཏོགས་པར། །འདི་ལ་བྲོད་པར་མ་གྱུར་ཏོ། །འོན་ཀྱང་ཀླད་པ་ཡངས་པའི་རྒྱུས། །གང་ཟེར་ཁ་ལ་ཉན་པ་ཡིས། །འབྲེལ་མེད་ཚིག་ཉོག་འགའ་ཞིག་བྲིས། །གཅིག་ལྟ་ཀུན་གྱི་ལེན་པ་འདི། །དེང་སང་སྐྱེ་བོའི་སྤྱི་ལུགས་ཕྱིར། །བན་ཆུང་རེ་ཡིས་ཤོག་ཆུང་རེ། །ཁྱེར་ནས་བསླབ་བྱ་དགོས་སོ་ལོ། །ཀུན་ལ་ཞལ་ངོ་མི་ལྡོག་ཙམ། །ཞུས་ཀྱང་གསན་མཁན་རི་བོང་རྭ། །ཁ་ཅིག་དགོངས་པ་འཚོམས་པའང་མཐོང་། །དེ་ལྟ་ནའང་གྲོགས་ཁྱོད་ཀྱིས། །ཡང་ཡང་གསུང་ནན་ཆེ་བའི་ངོར། །གསན་དང་མི་གསན་གང་ལྟར་ཡང་། །ཡིད་ལ་ཤར་བའི་ཚིག་འདི་གསོལ། །མྱུ་གུ་གསར་པ་ལྟ་བུ་ཡི། །གསར་པ་ལས་ཀྱང་ཆེས་གསར་པའི། །ལང་ཚོའི་དུས་འདིར་མཐོ་དམན་ཀུན། །གྲོགས་ལ་བརྟེན་ནས་འགྱུར་བའི་ཕྱིར། །དགེ་བའི་བཤེས་གྲོགས་བསྟེན་བྱ་ཞིང་། །སྡིག་པའི་གྲོགས་པོ་བརྟགས་ཏེ་སྤོངས། །དེ་ཡིས་རང་ཉིད་མི་ཉམས་ཤིང་། །བཟང་སྤྱོད་རིམ་གྱིས་འགོ་བར་འགྱུར། །ཡོན་ཏན་ཀུན་གྱི་གཞི་རྟེན་ནི། །ལྷག་པའི་ཚུལ་ཁྲིམས་འབའ་ཞིག་ཡིན། །འདི་ཡོད་ལྷར་བཅས་སྐྱེ་བོས་བཀུར། །ལམ་རྒྱགས་ལེགས་པའི་མགྲོན་པོ་བཞིན། །ཤི་ཡང་དེ་ནི་བདེ་བར་འགྲོ། །འདི་མེད་ལྷ་ཡི་དམོད་པའི་གནས། །ལེགས་ཚོགས་མར་ངོའི་ཟླ་བཞིན་འགྲིབ། །སྐྱེ་བ་འབུམ་ཕྲག་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་སླད་དྲན་དང་ཤེས་བཞིན་གྱིས། །རྟག་པར་རང་གི་རྒྱུད་རྟོག་ལ། །ཁས་བླངས་པ་ཡི་བསྲུང་མཚམས་ལས། །ནམ་ཡང་འདའ་བར་མ་བྱེད་ཅིག །ཐོས་པ་མུན་སེལ་སྒྲོན་མེ་སྟེ། །རྐུན་པོས་མི་འཕྲོག་ནོར་གྱི་མཆོག །ཚིགས་བཅད་གཅིག་གི་དོན་ཤེས་ཀྱང་། །ངེས་པར་སྲིད་པ་ཧྲུལ་པོར་བྱེད། །དེ་སླད་ཐུབ་མཆོག་སློབ་པའི་སྐབས། །དམ་ཆོས་ཚིག་བཅད་གཅིག་ཕྱིར་ཡང་། །སྐུ་ལ་ལྕགས་ཀྱི་གཟེར་མ་སྟོང་། །གདབ་སོགས་བརྣག་དཀའི་མཛད་པར་ལྟོས། །རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མིན་ཕྱིར། །ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱི། །དེ་རྒྱུ་བཅུ་ཕྲག་རིག་པར་སློབས། །འབྲི་ཀློག་ཡོན་ཏན་ཀུན་གྱི་གཞི། །གཞན་དག་ཚར་གཅོད་རྗེས་འཛིན་ཕྱིར། །སྒྲ་ཚད་བཟོ་དང་གསོ་བ་དང་། །ཁྱད་པར་རང་རྒྱུད་འགྲོལ་བའི་སླད། །མདོ་དང་སྔགས་ཀྱི་གཞུང་ལུགས་ཀུན། །འབད་པས་བཙལ་ཞིང་མཉན་པར་བྱོས། །ཀུན་མཁྱེན་གོ་འཕང་མ་ཐོབ་བར། །མཐའ་དག་ཤེས་པར་ནུས་མིན་ཡང་། །ཆ་ཤས་ཙམ་རེ་ཤེས་པས་ཀྱང་། །བླང་དོར་གནས་ལ་མི་རྨོངས་ཤིང་། །འཇིག་རྟེན་འདི་ན་སྐྱེ་བོས་བཀུར། །གྲགས་པ་མི་ཉམས་ཕྱིར་ཞིང་འཕེལ། །རང་གཞན་དོན་གཉིས་སྒྲུབ་ལ་དབང་། །གལ་ཏེ་ཚེ་འདིར་མཁས་པ་ཡི། །གོ་འཕང་ཐོབ་པར་མ་གྱུར་ཀྱང་། །རིག་པ་དུ་མར་སྦྱང་བ་ཡི། །ལས་ནི་ཕྱི་མར་རྗེས་སུ་འབྲང་། །གང་དུ་སྐྱེས་ཀྱང་སྐྱེས་ཙམ་ནས། །མཁས་པའི་བག་ཆགས་ངང་གིས་སད། །མ་འབད་ཡོན་ཏན་ཀུན་རྫོགས་ཤིང་། །རིང་མིན་ཀུན་མཁྱེན་མངོན་བྱེད་ན། །འདི་ལ་སུ་ཞིག་སྤྲོ་མི་བྱེད། །གཞལ་བྱ་ཆོས་དབྱིངས་བསམ་མི་ཁྱབ། །གཞལ་བྱེད་རྟོན་པ་རྣམ་བཞི་ཡིས། །ལེགས་འཇལ་ཤིང་རྟ་རྣམ་གཉིས་ཀྱི། །ཟབ་དགོངས་མ་དཀྱོགས་དྲང་པོའི་ལམ། །ངེས་དོན་ཕྱིར་མི་ལྡོག་པའི་ཚུལ། །ལེགས་པར་ཁོང་དུ་ཆུད་པ་ཡི། །ཆོས་ཀྱི་བློ་མིག་སྒྲུབ་པ་གཅེས། །དེ་ལྟར་ཐོས་དང་བསམ་པ་ཡིས། །བློ་མིག་ཤིན་ཏུ་དག་བྱས་ནས། །བརྒྱུད་ལྡན་དམ་པའི་ཞལ་གྱི་ལུང་། །མན་ངག་བདུད་རྩིའི་ཡང་ཞུན་རྣམས། །དབེན་པར་རང་གི་རྒྱུད་ལ་དྲིལ། །རང་དོན་ཆོས་སྐུ་མངོན་བྱས་ནས། །གཞན་དོན་གཟུགས་སྐུའི་ཕྲིན་ལས་རྒྱུན། །འཁོར་མཐའ་གཏུག་པ་དེ་སྲིད་དུ། །རྟག་ཁྱབ་ལྷུན་གྱིས་གྲུབ་འབྱུང་བ། །ངོ་མཚར་བས་ཀྱང་དེ་ངོ་མཚར། །ཡ་མཚན་བས་ཀྱང་དེ་ཡ་མཚན། །སྔོན་གྱི་དམ་པའི་རྣམ་ཐར་ལགས། །རྗེས་འཇུག་ཁ་མིག་ཡར་ལྟའི་གནས། །འདི་ཉིད་ཁོ་ན་ལགས་པས་ན། །ཁྱེད་ཀྱང་དམ་པར་མཛད་བཞེད་ཚེ། །ཚུལ་འདིར་ཞུགས་པར་མཛོད་ཅིག་ཅེས། །བདག་ནི་ཐལ་མོ་སྦྱོར་བ་ལགས། །དེ་སྐད་སེམས་ལ་ཤར་བའི་གཏམ། །རྒྱུད་ཚོད་འཚམ་མིན་གང་ལྟར་ཡང་། །སྦ་བསྲི་མེད་པར་བྲིས་ཏེ་ཕུལ། །རཏྣ་དགྱེས་པའི་དགའ་སྟོན་མཛོད། །དགེ་བར་གྱུར་ཅིག་མདྒལཾ། །
༄༅། །གང་གི་ཞབས་སྐྱེས་རྡུལ་བྲལ་ནོར་བུའི་ཅོད་པཎ་ནི། །ལྷ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་རལ་པའི་རྩེར། །བསྐལ་པ་དུ་མར་འཐོབ་དཀའ་དཔལ་ལྡན་ཤཱཀྱའི་སྲས། །དེས་ནི་དེང་ཁྱོད་ཤིས་པའི་མེ་ཏོག་སྦྱིན་གྱུར་ཅིག །ཀྱེ་ལགས་སྔོན་རབས་དུ་མར་ཚུལ་ཁྲིམས་ས་བོན་མཆོག །བཏབ་གང་སྦྱིན་སོགས་ལེགས་བྱས་བྱེ་བའི་བརླན་དྲོད་ཀྱིས། །དེང་འདིར་མངོན་མཐོ་གསེར་གྱི་སྙེ་མར་ལེགས་འཁྲུངས་གང་། །ཀ་ཡེ་བག་མེད་དབང་གིས་དོན་མེད་མ་བྱེད་ཅིག །ཐུགས་རྗེའི་བདག་ཉིད་མཆོག་དེ་ཞི་བར་མནལ་བའི་ཚེ། །རྗེས་འཇུག་རྣམས་ཀྱི་སྟོན་པ་འདི་ཞེས་སེང་གེའི་སྒྲས། །ཡང་ཡང་རྗེས་སུ་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །ནོར་མཆོག་རྙེད་ནས་འཆལ་སྤྱོད་འདམ་དུ་མ་དོར་ཅིག །གང་ལ་རྣམ་དག་ཚུལ་ཁྲིམས་ནོར་གྱིས་འབྱོར་གྱུར་པ། །དེ་ནི་ལྷར་བཅས་སྐྱེ་བོ་ཡོངས་ཀྱི་མཆོད་གནས་ཏེ། །ལམ་རྒྱགས་ལེགས་པའི་མགྲོན་བཞིན་བདེ་ནས་བདེ་བ་རུ། །འགྲོ་གྱུར་གང་དེ་ཤི་ཡང་སུ་ཞིག་གདུང་བ་བསྐྱེད། །གང་ལ་རིགས་སོགས་ཡོན་ཏན་དུ་མས་བརྒྱན་གྱུར་ཀྱང་། །ཚུལ་ཁྲིམས་ཉམས་ན་ལྷ་ཡི་དམོད་པས་གཟིར་གྱུར་ཞིང་། །སྐྱེ་བ་འབུམ་ཕྲག་བརྒྱར་ཡང་རིགས་བྲལ་གདུང་གྱུར་ན། །རོ་དང་འདྲ་གང་ལོ་བརྒྱར་འཚོ་ཡང་ཅི་ཞིག་འགྱུར། །དེ་སླད་དྲན་ཤེས་བག་ཡོད་གཙང་མའི་པཉྩ་ལིས། །འཆལ་སྤྱོད་གདུག་པའི་གཡའ་དྲི་མ་ལུས་བསལ་བྱོས་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་བྱེ་བའི་གཟུགས་བརྙན་འབུམ། །ཚུལ་ཁྲིམས་གཙང་མའི་མེ་ལོང་ངོགས་སུ་འཆར་མཛོད་ཀྱེ། །བརྟེན་པ་ཙམ་གྱིས་མི་ཁའི་བུན་ལོང་འཕེལ་འགྱུར་ཞིང་། །ཟླ་བ་མར་གྱི་ངོ་བཞིན་དཔལ་འབྱོར་གྲགས་པའི་ཚོགས། །ཀུན་ནས་ཉམས་བྱེད་བུད་མེད་སྲིན་མོའི་སྒྱུ་ཐབས་ལ། །ཆགས་གང་ལྕགས་ཐུར་འབར་བས་འབིགས་ཚེ་འགྱོད་ཀྱང་འཕྱིས། །བླང་དོར་གནས་ཀུན་སྒྲིབ་པའི་མུན་པ་མི་བཟད་པ། །དྲན་ལྡན་དབང་མེད་སྨྱོན་པར་བྱེད་པའི་གདོན་ཆེན་པོ། །དགྲ་བཅོམ་འཕགས་པ་རྣམས་ཀྱང་ཉམས་བྱེད་མ་རུངས་པའི། །ཆང་ནི་རྩ་མཆོག་གང་ཙམ་སུ་ཡིས་འཐུང་བྱེད་པ། །དེ་ནི་ང་ཡི་རྗེས་འཇུག་མིན་ཞེས་སྟོན་པས་གསུངས། །འཇུར་བྱེད་ཁུ་བ་བཏུང་བས་ཀུན་ནས་འབར་བའི་ལུས། །ནང་ཁྲོལ་མེ་ལྕེ་ལག་པའི་གར་སྟབས་གཡོ་བ་ཡི། །སྡིག་པའི་རང་གཟུགས་འདི་ཞེས་ངོམས་པ་བཞིན་གྱུར་པའི། །སྣང་ཚུལ་ཐོས་ཀྱང་མི་འཇིགས་གང་དེ་ཕྱུགས་བས་བླུན། །ཐོག་མ་མེད་ནས་གང་གི་ནུ་ཞོ་ཟག་འཐུང་བའི། །མ་རྣམས་རང་བཞིན་ལས་ཀྱིས་ཤི་བ་མཐོང་ན་ཡང་། །སྙིང་བརྩེས་མཆི་མ་དབྱུང་བར་རིགས་ན་བཟའ་བའི་ཕྱིར། །ཤིན་ཏུ་མ་རབས་ཞིག་ནའང་གསོད་པར་སུ་ཞིག་སྤྲོ། །སྔོན་དུས་ཁྱིམ་པ་སྐྱ་བོར་བཅས་པའི་གཞི་ལྔ་ཡང་། །རབ་བྱུང་རྣམས་ལའང་མེད་པར་གྱུར་པའི་དུས་འདི་རུ། །ཉིན་མཚན་གཅིག་ཙམ་བསླབ་པ་བསྲུང་བའི་བསོད་ནམས་ཕུལ། །དཔག་མེད་ཐུབ་པས་བཀའ་སྩལ་ཕྱིར་ན་སྤྲོ་བར་མཛོད། །སྙིང་རྗེའི་མངའ་བདག་དེ་ཡི་སྟོང་ཕྲག་བརྒལ་བའི་དབུ། །སྦྱིན་སོགས་གཞན་ཕན་འབའ་ཞིག་མཛད་པས་རྩོད་དུས་འདིར། །བྱང་ཆུབ་བདུད་རྩིའི་བགོ་བཤའ་འགྲོ་ལ་སྩལ་བ་ལགས། །དེ་སླད་གཞན་ཕན་འབའ་ཞིག་རྒྱུན་དུ་གོམས་པར་རིགས། །སྐྱོབ་པ་མཆོག་དེ་དགྱེས་པའི་ཐབས་ཀྱང་སེམས་ཅན་རྣམས། །མགུ་བར་བྱ་ལས་གཞན་ཡོད་མ་ཡིན་རང་ཉིད་ཀྱི། །ཕ་རོལ་ཕྱིན་ཀུན་རྫོགས་པར་བྱེད་པའང་དེ་ཡིན་ཏེ། །ས་གསུམ་སྐྱེ་དགུའི་མཆོད་སྡོང་འགྱུར་བའང་དེ་ཉིད་དོ། །དེས་ན་དུས་གསུམ་གཤེགས་དང་འབྱོན་པའི་མི་མཆོག་རྣམས། །གང་ལས་གཤེགས་པའི་ལམ་མཆོག་མཚུངས་མེད་འདི་ཁོ་ན། །ལམ་འདིར་མ་བརྟེན་རྣམ་མཁྱེན་གྲོང་མཆོག་སྙོགས་ནུས་ཅི། །དེ་ཕྱིར་ཁྱེད་བློ་བྱང་ཆུབ་སེམས་ལ་གཞོལ་བར་མཛོད། །ཀུན་དཀྲིས་འཆིང་བ་དམ་ལྡན་མ་རུངས་གསེར་དགྲའི་ཁམས། །སྟོང་ཉིད་སྙིང་རྗེའི་རྩི་ཡིས་རེག་པའི་མོད་ཉིད་ན། །རྣམ་གྲོལ་རིན་ཐང་བྲལ་བའི་དངོས་པོར་བསྒྱུར་བྱེད་པས། །སེམས་ཤེས་སུ་ཞིག་འདི་ལ་ཅི་ཕྱིར་སྤྲོ་མི་མཛད། །དེ་སླད་བདག་ནི་དུས་ཀུན་ཐལ་མོ་སྦྱར་བྱས་ནས། །རིན་ཆེན་བྱང་ཆུབ་སེམས་ལ་ནན་ཏན་མཛོད་ཅིག་ཅེས། །ཡང་དང་ཡང་དུ་གསོལ་བར་བགྱི་ཡི་གྲོགས་པོ་དག །ཚུལ་འདིར་གསན་པར་མཛོད་དང་ཀུན་ཏུ་དགེ་བར་འགྱུར། །དེ་སྐད་རྣམ་དཀར་ཐུགས་སྨོན་དགེ་བའི་གྲོགས་པོ་མཆོག །སྐལ་བཟང་དཔལ་དང་འབྱོར་པས་བརྒྱན་གྱུར་གང་དེ་ཡི། །བཞེད་པ་སྐོང་ཕྱིར་སྙོམ་ལས་མཁན་པོ་བི་ཛས་བྲིས། །དགེ་བས་འགྲོ་ཀུན་ཐར་གྲོལ་ཡོན་གྱིས་འབྱོར་གྱུར་ཅིག །
༄༅། །དགེ་རྩེ་བླ་མ་ཤཱི་ལའི་མཚན་ཅན་གྱི་བཞེད་ངོར། ན་མོ་གུ་རུ། གདོད་ནས་ཡེ་གྲོལ་རྣམ་དག་བྱང་སེམས། །དོན་དམ་སྤྲོས་བྲལ་ཆོས་སྐུའི་བླ་མར། །བཏང་བཞག་འགྲོ་འོང་བྲལ་བའི་ཕྱག་གིས། །བཏུད་ནས་གང་དྲན་མཆིད་འདི་གསོལ་ལོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩལ་ལས། །རོལ་བ་འཁོར་འདས་སྤྲིན་ཚོགས་སྣང་ཡང་། །རང་བྱུང་རང་ཐིམ་ཕན་གནོད་བྲལ་ཕྱིར། །སྤྲོས་བྲལ་གཉུག་མའི་གཏན་སྲིད་བཟུང་འཚལ། །ད་ལྟའི་རིག་པ་རང་བབས་གཉུག་མ། །བཟང་རྟོག་ལྟ་སྒོམ་ཞེན་པས་མ་བསླད། །ངན་རྟོག་འཇུར་བུའི་མདུད་པས་བཅིང་མིན། །བཞི་ཆ་གསུམ་བྲལ་གདོད་མའི་གཤིས་ལུགས། །འདི་ཀ་ཀུན་བཟང་ཆོས་སྐུའི་དགོངས་པ། །ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་དོ། །ངོ་བོ་སྟོང་པས་རྟག་པའི་མཐའ་གྲོལ། །རང་བཞིན་གསལ་བས་ཆད་པའི་མུ་བྲལ། །གཉིས་སུ་བརྟགས་ཀྱང་གཉིས་འཛིན་རང་སངས། །དབུ་མའི་ལམ་སྟེ་མཐར་འཛིན་རང་དག །བསམ་བརྗོད་ལས་འདས་དོན་དམ་བདེན་པ། །བློ་ཡི་ཡུལ་མིན་སྤྲོས་པས་ཅི་བྱེད། །ཡེ་ནས་གྲོལ་ཟིན་ད་གདོད་གྲོལ་བའི། །ཨུ་ནུས་སྒོམ་གྱིས་སྡུག་བཙིར་མི་དགོས། །གུ་ཡངས་གཏད་མེད་ཉོལ་དང་རྣལ་འབྱོར། །བཟང་རྟོག་ཤར་ཡང་མཁའ་ལ་འཇའ་བཞིན། །ཞེན་འཛིན་མི་དགོས་རང་བྱུང་རང་ཐིམ། །ངན་རྟོག་ཐམས་ཅད་སྦྲུལ་མདུད་བཞིན་དུ། །རང་གིས་རང་གྲོལ་གཉེན་པོ་མི་དགོས། །བར་མའི་རྟོག་ཚོགས་ཆུ་ཡི་རི་མོ། །ཝལ་ལེ་རྗེས་མེད་བག་ཆགས་རྗེས་ཅི། །དེ་ཕྱིར་གནས་ན་གདོད་མའི་ངང་སྟེ། །འཕྲོ་ན་ཡེ་ཤེས་ཆེན་པོའི་རོལ་བ། །འཕྲོ་གནས་གཉིས་མེད་ཆུ་དང་རྦ་རླབས། །གང་ལྟར་སྣང་ཡང་ཆོས་སྐུའི་ཡོ་ལང་། །ཇི་ལྟར་སྡོད་ཀྱང་བྱ་བྲལ་བློ་བདེ། །གུ་ཡངས་གཏད་མེད་ཉལ་ཚོའི་སྐྱིད་པ། །འདི་ནི་དབང་རབ་སྦྱངས་པ་སྔོན་སོང་། །སྐལ་བཟང་བློ་ཆེན་རྣམས་ཀྱི་ངོ་སྟེ། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན་ནོ། །ཞིབ་པར་ཀུན་མཁྱེན་ཡབ་སྲས་བརྒྱུད་པའི། །ལེགས་བཤད་འོད་ཟེར་སྟོང་གི་ཐུར་མས། །འཁྲུལ་རྟོག་སེམས་ཀྱི་དྲྭ་བ་འབུམ་ཕྲག །ཅིག་ཅར་ཕྲོལ་མཛོད་རྣལ་འབྱོར་དབང་ཕྱུག །ཡང་ཅིག་གསོན་དང་རྡོ་རྗེའི་སྤུན་གྲོགས། །དེང་དུས་སྙིགས་མར་སྤྱོད་པའི་དབང་གིས། །རྟོགས་ལྡན་རེ་ལ་མི་འདྲའི་ཉམས་མྱོང་། །གྲུབ་ཐོབ་རེ་ལ་མི་འདྲའི་མཛད་སྤྱོད། །སྟོན་ཆེན་རེ་ལ་མི་འདྲའི་བཤད་སྒྲོས། །སྔགས་སྤྱོད་རེ་ལ་མི་འདྲའི་གཏེར་ཆོས། །མི་ནག་སྐྱེ་བོས་སྒོམ་སྐད་ཤར་ཤར། །རང་རྒྱུད་མི་རྟོག་ཧམ་པ་མཐོ་མཐོ། །རྒྱུད་ཚོད་མ་སྦྱར་གདམས་པ་ཟབ་ཟབ། །རྫིག་རྫིག་མང་པོས་རྒྱལ་ཁམས་གང་འདུག །མ་བརྟགས་ཉམས་དགའ་བརྟགས་ན་ཐེ་ཚོམ། །ནན་གྱིས་བརྟགས་ན་ཡི་མུག་སྐྱེད་བྱེད། །ནང་གི་ཆགས་སྡང་སྒྱུ་མར་གྲོལ་མིན། །ཕྱི་རོལ་ཆོས་ཀུན་སྒྱུ་མར་རྟོགས་བློའི། །སྟོང་པའི་རྦད་ཁམས་རྒྱུ་འབྲས་ཁྱད་གསོད། །སྙིང་རྗེའི་ཐབས་དང་བྲལ་བ་མང་ཞིག །རང་མགོ་གདུགས་ལྟར་འཁོར་བ་མ་ཚོར། །གཞན་དག་དེ་དེར་དཀྲི་བའི་སྙིང་ཁམས། །མི་བསྲུན་འདོད་ལྷའི་བདག་པོས་བྱིན་ནམ། །འོན་ཀྱང་སྟོན་པས་ང་འདྲ་མ་གཏོགས། །གང་ཟག་རྒྱུད་ཚོད་ཕལ་གྱིས་མི་བཟུང་། །བཟུང་ན་ཉམས་པ་ཆེན་པོར་གསུངས་ཕྱིར། །མི་བསྟོད་མི་སྨད་རྗེས་སུ་འབྲང་མིན། །སྔོན་བྱོན་དམ་པའི་གཞུང་བཟང་དཔང་བཙུགས། །རང་ཚོད་བཟུང་བ་སྙིང་གཏམ་སྙིང་པོ། །བློ་མ་སྦྱངས་པར་སྟོང་ཉིད་བརྗོད་སྔས། །ནག་པོ་ཁ་འབྱམས་བདུད་ལྟས་ནོན་ཏེ། །ལས་འབྲས་ཁྱད་གསོད་ངན་སོང་འཕེལ་རྒྱུ། །རྩ་ལྟུང་རིན་གྱིས་ཉོས་ལ་དགོས་ཅི། །དེ་བས་རྒྱལ་གསུང་མི་བསླུ་གཅེས་མཛོད། །ལས་འབྲས་བསླུ་མེད་ཚད་མའི་ལུང་ལ། །ཡིད་ཆེས་འཇུག་ལྡོག་ལག་ལེན་ཞིབ་མོར། །འདོམས་འདི་དེང་སང་དུས་འདིར་ཟབ་བོ། །རྒྱལ་བས་ཐབས་བྲལ་ཤེས་རབ་དག་དང་། །ཤེས་རབ་བྲལ་བའི་ཐབས་ཀྱང་འཆིང་བྱེད། །གསུངས་ཕྱིར་ཐབས་མཆོག་དད་དང་སྙིང་རྗེ། །ཤེས་རབ་བདག་མེད་གཉིས་རྟོགས་ཟུང་འབྲེལ། །རྒྱལ་བ་དགྱེས་པའི་ལམ་ལ་སློབ་འཚལ། །ངས་ནི་མཚན་ལྡན་བླ་མ་མང་བསྟེན། །གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི། །གདམས་པའི་སྙིང་པོ་ཕལ་ཆེར་ཐོབ་མོད། །ཉམས་ལེན་སྟོང་ཉིད་སྙིང་རྗེའི་བདུད་རྩིས། །ནང་དུ་བདག་འཛིན་ཉོན་མོངས་གཞོམ་ལས། །ལྷག་པའི་ཆོས་གཞན་མཐོང་བར་མ་གྱུར། །དེ་སླད་གང་ལ་བྱང་ཆུབ་སེམས་མཆོག །མངའ་དེ་ཁྱིམ་པའམ་ནི་དགེ་སྦྱོང་། །གང་ལྟར་སྣང་ཡང་བདག་གི་སྐྱབས་ཏེ། །ཡི་རང་ཐལ་སྦྱར་སྤྱི་བོས་འདུད་དོ། །རིན་ཆེན་བྱང་ཆུབ་སེམས་དང་བྲལ་ན། །ལྟར་སྣང་འབྲིད་པའི་མངོན་ཤེས་རྫུ་འཕྲུལ། །ཇི་ལྟར་སྣང་རུང་སྐྱབས་འོས་མ་ལགས། །འཕགས་དང་འཕགས་མིན་ཤན་འབྱེད་དེའོ། །ཇི་ཙམ་བླ་མ་བསྟེན་དང་གདམས་ངག །ཉན་བཞིན་རང་རྒྱུད་ཉོན་མོངས་ཐུལ་ན། །ཆོས་དེ་ཡང་དག་ལམ་དུ་སོང་རྟགས། །དེ་ལས་གཞན་པའི་གྲུབ་རྟགས་མི་དགོས། །ཀྱེ་ཧོ་ཡང་ཅིག་གསོན་དང་དགེ་བཤེས། །སྙིགས་མ་དམ་ཆོས་འཇིགས་ཉེའི་དུས་ན། །ཉིན་མཚན་གཅིག་ཙམ་བསླབ་པ་སྲུང་ངམ། །ཚིགས་བཅད་གཅིག་ཙམ་ཉན་བཤད་བྱས་པའི། །བསོད་ནམས་དཔག་མེད་རྒྱལ་བས་བསྔགས་བཞིན། །གཞན་ཕན་འཁོར་ལོ་གསུམ་གྱི་བྱ་བར། །བརྩོན་པའི་སྤྲོ་སེམས་བརྟན་པར་རིགས་སོ། །རྨུ་རྒོད་སྐྱེ་བོའི་ལོག་སྒྲུབ་མང་ཡང་། །མེ་ཚོགས་སྤུ་གྲིའི་སོ་བརྒལ་ཕྱི་མཐར། །དམ་ཆོས་བཙལ་དང་བསྲུང་བའི་གཡར་དམ། །ལེགས་དགོངས་བརྩོན་པའི་གོ་ཆ་བརྟན་འཚལ། །གདོད་མའི་མགོན་པོ་མི་ཡི་ཚུལ་བཟུང་། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཞབས་ཀྱིས། །ཆེད་དུ་སྩལ་བའི་མནོག་ཆོས་ཟབ་མོ། །རིགས་འདུས་བཛྲ་ས་ཏྭའི་སྒོ་ནས། །འགྲོ་མང་གདོད་གཞིར་དཀྲི་བའི་ངོ་མཚར། །སྙིགས་མའི་དུས་ན་དེ་འདྲ་དཀའོ། །དེ་སླད་ཟོལ་སྦྱོར་ཁ་ཙམ་མིན་པར། །སྙིང་ནས་དགའ་བའི་ཡི་རང་འབུལ་གྱིས། །སྔོན་བཞིན་རྣམ་དཀར་བཟང་པོའི་ཕྲིན་ལས། །ཕྱི་མཐའི་བར་དུ་ཉམས་མེད་མཛོད་ཅིག །དེ་སྐད་ལོང་བས་མིག་དང་ལྡན་ལ། །ལམ་སྟོན་ཇི་བཞིན་རིགས་པ་མིན་ཡང་། །དམ་པའི་གསུང་ནན་ལྕི་བའི་གཡར་ཁྲལ། །སྦ་བསྲི་མེད་པའི་ཚིག་འདི་འབུལ་ལོ། །དགེ་བ་དེས་ཀྱང་དམ་པའི་བཤེས་ཁྱོད། །བསྐལ་བརྒྱར་ཞབས་བརྟན་ཐེག་གསུམ་ཆོས་ཆར། །གང་འདུལ་གདུལ་བྱའི་ཞིང་སར་ཕབ་པས། །དོན་གཉིས་མྱུ་གུ་གསར་འཁྲུངས་ཤོག་ཅིག །ཅེས་པའང་བསླབ་གསུམ་དང་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཡོངས་སུ་གཏམས་པའི་དགེ་བའི་གཤེས་གཉེན་ཆེན་པོ་དགེ་རྩེ་བླ་མ་ཤཱི་ལའི་མཚན་ཅན་གྱི་བཞེད་ངོར། སྙོམ་ལས་འདུ་གསུམ་པ་པདྨ་བི་ཛས་བརྗོད་པ་དགེ།
༄༅། །བླ་མ་ལ་ཕྱག་འཚལ་ལོ། །རྙེད་དགའི་དལ་འབྱོར་རྟེན་བཟང་ཐོབ་གྱུར་ཀྱང་། །མི་རྟག་འཆི་བ་ནམ་འོང་ཆ་མ་མཆིས། །འཆི་ཚེ་ཕན་པ་དམ་པའི་ཆོས་ལས་མེད། །དེ་ཕྱིར་སྙིང་ནས་བརྩོན་པའི་དཔུང་བསྐྱེད་འཚལ། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་པར་དཀའ། །མཐོ་རིས་བདེ་སྐྱིད་མི་བརྟན་མྱུར་དུ་འཇིག །ཐུབ་དབང་བསྟན་པའི་ཉི་མ་ནུབ་ལ་ཉེ། །དོན་ཆེན་སྒྲུབ་ལ་བློ་སྣ་མི་མང་འཚལ། །རྒྱལ་གསུངས་མཐའ་དག་ངེས་དོན་ཀློང་དུ་གཅིག །བརྒྱུད་པའི་ཁུངས་དང་རྣམ་ཐར་སོ་སོར་ཆེ། །དེ་ཕྱིར་གསར་རྙིང་རིས་མེད་གྲུབ་པའི་མཐའ། །ཀུན་ལ་དག་སྣང་སྦྱོང་བ་གནད་དུ་ཆེ། །དེང་སང་སྙིགས་མ་དམ་ཆོས་འཇིག་ཉེའི་ཚེ། །ཉིན་མཚན་གཅིག་ཙམ་བསླབ་པ་སྲུང་བ་ཡང་། །བསོད་ནམས་དཔག་མེད་རྒྱལ་བ་ཉིད་ཀྱིས་གསུངས། །དེ་སླད་ཚུལ་ཁྲིམས་ཕུང་པོ་རྣམ་དག་མཛོད། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །འདི་མེད་རྣམ་མཁྱེན་ཐོབ་པའི་ཐབས་མེད་པས། །ཡང་དང་ཡང་དུ་རང་གི་རྒྱུད་རྟོགས་ལ། །སྟོང་ཉིད་སྙིང་རྗེའི་ཉམས་ལེན་སྙིང་པོར་མཛོད། །གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་། །དེ་སྲོག་དམ་ཚིག་ལ་ཐུགས་ཁེ་ཉན་ཕྱིར། །རྩ་བ་ཡན་ལག་བསྲུང་མཚམས་མ་ཉམས་ངང་། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་འབྲལ་མེད་མཛོད། །ཀུན་མཁྱེན་ཐུབ་བའི་བསྟན་པ་ལུང་རྟོགས་གཉིས། །དེར་འཛིན་བྱེད་པ་བཤད་སྒྲུབ་གཉིས་ཁོ་ནར། །སྔོན་བྱོན་དམ་པ་རྣམས་ཀྱིས་མགྲིན་གཅིག་བསྔགས། །དེ་ཕྱིར་དེ་ལ་བརྩོན་པའི་དཔུང་བསྐྱེད་འཚལ། །མདོར་ན་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །ཐོས་བསམ་སྒོམ་པ་བསྐྱེད་བཟླས་རྫོགས་རིམ་སོགས། །རང་གཞན་བསྟན་འགྲོར་སྨན་པའི་ལེགས་བྱས་སྒོ། །བརྒྱ་ཕྲག་འབྱེད་པར་སྙིང་ནས་གསོལ་བ་འདེབས། །དེ་སྐད་ཕན་པར་འདོམས་པའི་ཚིག་ཕྲེང་འདི། །མཆོག་སྤྲུལ་དམ་པའི་བཞེད་པ་སྐོང་སླད་དུ། །སྙོམ་ལས་མཁན་པོ་པདྨ་བི་ཛས་བྲིས། །དགེ་བས་འགྲོ་ཀུན་རྣམ་མཁྱེན་ཐོབ་གྱུར་ཅིག །
༄༅། །རྒྱལ་ཀུན་ཡབ་གྱུར་རྗེ་བཙུན་གཞོན་ནུའི་ཚུལ། །མཁྱེན་པའི་གཏེར་ལ་དང་བས་ཕྱག་བྱས་ནས། །མོས་དང་ལྷག་བསམ་རྣམ་པར་དཀར་བའི་མཐུས། །སོར་བཅུའི་ཐལ་མོ་སྦྱོར་ཏེ་མཆིད་འདི་གསོལ། །གྲགས་ལྡན་ལྷར་བཅས་སྐྱེ་དགུའི་མཆོད་སྡོང་མཆོག །ཐུབ་པ་ཆེན་པོའི་རིང་ལུགས་པདྨོའི་ཚལ། །སྙིགས་སྤྱོད་མུན་པས་ཟུམ་ལ་ཉེ་བའི་ཚེ། །འདི་འདྲའི་མཛད་བཟང་མ་རྨས་ངོ་མཚར་ཕུལ། །ཐུགས་རྗེ་ཅན་དེས་གྲངས་མེད་གསུམ་གྱི་སྔོན། །ཡུ་བུའི་དོན་ཏུ་བརྩོན་པའི་གོ་བགོས་ཏེ། །ཚོགས་གཉིས་དཔུང་གིས་བླངས་པའི་བྱང་ཆུབ་ཀྱི། །བདུད་རྩིའི་བགོ་བཤའ་ཕངས་མེད་སྩལ་བའི་དྲིན། །བཤད་སྒྲུབ་མཐུ་ཡིས་གསོབ་ཀྱིས་གཞན་གྱིས་མིན། །དྲི་མེད་ལུང་གི་རྒྱལ་མཚན་མཐོན་པོའི་རྩེར། །དོན་བརྒྱུད་རྟོགས་པའི་ནོར་བུ་གཟི་འབར་བས། །རང་གཞན་སྲིད་ན་རྒུད་པའི་དབུལ་བ་བརྒྱ། །ཅིག་ཅར་གཞོམ་པའི་དགེ་མཚན་འདོད་དགུའི་ཆར། །བཤད་སྒྲུབ་མཐུ་ལས་ཟང་ཟིང་རྩོལ་བས་མིན། །ཕུལ་བྱུང་གྲགས་པའི་དྲི་བསུང་དངར་པོ་དང་། །ཉེར་འགྲོགས་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱིས། །སྐལ་བཟང་ཡིད་ཀྱི་བུང་བ་ལེགས་འགུགས་པའི། །ཐུབ་བསྟན་པད་ཚལ་མཛེས་པའི་རྒྱན་མཆོག་ཀྱང་། །བཤད་སྒྲུབ་ཡིན་གྱིས་ཟང༴ སྔོན་རབས་འཕགས་བོད་མཁས་གྲུབ་རྒྱུ་སྐར་ཕྲེང་། །ཐུབ་བསྟན་ཡངས་པའི་མཁའ་ལ་རྟག་རྒྱུ་བའི། །ལེགས་མཛད་ཕན་བདེའི་འོད་དཀར་འགྲོ་མང་ལ། །འགྱེད་པའི་ངོ་མཚར་རྣམ་ཐར་གཏམ་གྱི་ཕྲེང་། །བཤད་སྒྲུབ་ཡིན༴ སྲས་བཅས་རྒྱལ་བ་དགྱེས་བརྩེས་འཛུམས་པའི་སྤྱན། །གང་ལ་ཆགས་བའི་རྟེན་དང་དཀར་ཕྱོགས་ཀྱི། །ལྷ་ཀླུ་དགའ་བས་རྟག་ཏུ་སྲུང་གྱུར་པའི། །དགེ་མཚན་གཟུགས་ཅན་བཞིན་དུ་རྒྱུ་བའང་། །བཤད་སྒྲུབ་མཐུས་ཏེ༴ དུས་རིང་ཐོག་མ་མེད་ནས་ད་ལྟའི་བར། །ཡང་ཡང་འཛུམ་པའི་མིག་དང་བྱམས་པའི་ངག །ལུས་བཅུད་ནུ་ཞོ་མངར་པོས་བསྙེན་བྱས་པའི། །དྲིན་ལྡན་རྣམས་ཀྱི་དྲིན་ལན་གསོབ་བྱེད་ཀྱང་། །བཤད་སྒྲུབ་ཡིན་གྱིས༴ ལུང་དང་རྟོགས་པ་ཟུང་འབྲེལ་ཀུན་མཁྱེན་བསྟན། །ཐོས་བསམ་སྒོམ་པའི་དཔུང་པས་བཟུང་མིན་ན། །བསྟན་འཛིན་སྐྱེས་བུའི་མཚན་སྙན་ནོར་བུའི་ཏོག །གཙུག་ན་འཆིང་བའི་དགོས་པ་དེ་གང་ཞིག །ཐུགས་རྗེེས་ཡས་སྤྲུལ་དམ་པས་ལུང་ཟིན་ཀྱང་། །མ་བསླབས་སྦྱོར་ཀློག་ཙམ་ཡང་མཁྱེན་དཀོན་ན། །སྔོན་སྦྱངས་དོན་བརྒྱུད་རྟོགས་པའི་ཡོན་ཏན་ཀྱང་། །རྐྱེན་ལ་མ་བརྟེན་སད་པར་ཅི་ཞིག་འགྱུར། །སྐྱོབ་པ་མཚུངས་མེད་དེས་ཀྱང་ནཻརཉྫར། །ལོ་དྲུག་དཀར་བ་སྤྱད་པའི་ཚུལ་བསྟན་ན། །འཆིང་བ་བརྒྱ་ཡིས་བཅིངས་པའི་སོ་སྐྱེ་ཕལ། །མ་བསྒྲུབས་འབྲས་བུ་ཇི་ལྟར་ཐོབ་པར་འགྱུར། །དེ་ཕྱིར་འཕགས་ཁྱོད་ལྷག་བསམ་དཔུང་བསྐྱེད་དེ། །དམ་པས་བསྔགས་འོས་ཐོས་བསམ་སྒོམ་པ་ལ། །གཅིག་ཏུ་དྲིལ་བའི་ལེགས་མཛད་གསར་པའི་ཕྲེང་། །རིས་བྲལ་བསྟན་དང་འགྲོ་ལ་སྨན་པར་མཛོད། །སུས་ཀྱང་མ་བཅོལ་ཉིད་ཀྱིས་ཞལ་བཞེས་པའི། །འགྲོ་བ་སྐྱོབ་མཛད་ཐུབ་དབང་སྲས་དང་བཅས། །དཀར་ཕྱོགས་སྐྱོང་བ་སྡེ་དང་བཅས་རྣམ་ཀྱིས། །འགྲུབ་པའི་མཐུན་འགྱུར་འདི་ལ་སྩལ་བར་རིགས། །དེ་སྐད་དུག་ལྔའི་མལ་ན་ལྡང་མེད་དུ། །ལྷུང་ཡང་ལྷག་བསམ་མཁར་བས་མ་བཏང་རྒྱུས། །དྲང་པོར་གསོལ་བའི་མཆིད་འདི་ཁྱེད་ཐུགས་ལ། །སྨིན་ནས་དམ་བཅའི་རི་བོ་བརྟན་པར་མཛོད། །ཅེས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཟུར་མང་དྲུང་སྤྲུལ་རིན་པོ་ཆེ་སྐུ་ན་གཞོན་དུས་ཐོག་མར་ཆོས་བྲོས་ལ་ཕེབས་པའི་ཚེ་དད་སྤྲོ་སྐྱེས་ནས་ཆེད་དུ་གསོལ་བ་དགེ།
 ༄༅། །གངསྙིངརྗེཆེནཔོའིསྟོབསམངའབས ། །མཐའ་ཡས་འགྲོ་ཀུན་སྒྲོལ་བའི་གཉེན་གཅིག་པུ། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །འཕགས་མཆོག་ཕྱག་ན་པདྨས་དགེ་ལེགས་སྩོལ། །གཞན་གྱི་དོན་དུ་སྟོང་ཕྲག་བརྒལ་བའི་དབུ། །སྦྱིན་མཛད་ཐུབ་པའི་དྲང་སྲོང་མཆོག་དེ་ཡི། །རྗེས་འཇུག་ངུར་སྨྲིག་རྒྱལ་མཚན་འཛིན་རྣམས་ཀྱིས། །གཞན་ཕན་འབའ་ཞིག་རྒྱུན་དུ་བརྣག་པར་རིགས། །ཡུ་བུའི་དོན་དུ་བྱང་ཆུབ་མངོན་མཛད་པའི། །ཐུགས་རྗེའི་དབང་ཕྱུག་མཆོག་དེ་དགྱེས་ཐབས་ཀྱང་། །སེམས་ཅན་མགུ་བྱ་ཉིད་ལས་གཞན་མིན་ན། །འཕགས་གུས་སླད་དུའང་གཞན་ཕན་བསྒོམ་པར་རིགས། །སྡུག་བསྔལ་མེ་ཚོགས་སྤུངས་པའི་འཇིག་རྟེན་ན། །བཟོད་དཀའི་སྡུག་བསྔལ་བརྒྱ་ཡིས་ཉམས་གྱུར་ཡང་། །གང་གི་མཐུ་ཡིས་ལྷ་མིས་མཆོད་འགྱུར་ཕྱིར། །རང་གི་དོན་དུའང་གཞན་ཕན་བསྒོམ་པར་རིགས། །རྒྱུན་རིང་ཐོག་མེད་དུས་ནས་ད་ལྟའི་བར། །དཔག་མེད་དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོ། །དྲིན་གཟོའི་སླད་དུ་སྲིད་ལས་སྒྲོལ་འདོད་བློས། །གཞན་གྱི་དོན་དུའང་གཞན་ཕན་བསྒོམ་པར་རིགས། །རང་གཞན་སྲིད་པའི་འཇིགས་ལས་སྐྱོབ་ནུས་པའི། །དཔག་མེད་རྒྱལ་ཆོས་ཡོན་ཏན་ཇི་སྙེད་པ། །གཞན་ཕན་བྱང་ཆུབ་སེམས་ལས་འཁྲུངས་གྱུར་ཕྱིར། །གཉིས་དོན་ཕྱིར་ཡང་གཞན་ཕན་བསྒོམ་པར་རིགས། །རྒྱལ་ཆོས་མྱུ་གུ་འཁྲུང་པའི་ས་བོན་ཏེ། །དཀར་ཆོས་རྣམ་པར་འཕེལ་བའི་ཞིང་ས་མཆོག །ཉེས་བྱས་ཐམས་ཅད་བསྲེགས་ལ་བསྐལ་པའི་མེ། །མི་དགེའི་ཚོགས་རྣམས་ཟད་བྱེད་ས་ཡི་འོག །དོན་རྣམས་སྒྲུབ་བྱེད་ཡིད་བཞིན་དབང་གི་རྒྱལ། །བསམ་ཀུན་རྫོགས་བྱེད་བུམ་པ་བཟང་པོ་སྟེ། །འཁོར་མཚོར་བྱིང་བ་འདོན་པའི་ལྕགས་ཀྱུ་མཆོག །ལྷར་བཅས་འཇིག་རྟེན་ཀུན་གྱི་མཆོད་སྡོང་ཡིན། །མདོར་ན་དུས་གསུམ་གཤེགས་པའི་རྒྱལ་བ་རྣམས། །གཤེགས་ཤིང་འབྱོན་པའི་ལམ་མཆོག་འདི་ཁོ་ན། །དེ་སླད་དོན་གཉིས་སྒྲུབ་པར་འདོད་རྣམས་ཀྱིས། །རིན་ཆེན་བྱང་ཆུབ་སེམས་ལ་ནན་ཏན་མཛོད། །སྙིགས་ལྔའི་རང་མཚང་ལྷག་པར་བདོ་དུས་འདིར། །རྐྱེན་ངན་རླུང་དམར་མི་བཟད་འཁྲུགས་པ་ཡང་། །ཡང་དག་བྱང་ཆུབ་ལམ་དུ་བསྒྱུར་བའི་ཐབས། །འདི་ལས་ལྷག་པའི་གདམས་ངག་ཡོད་མ་ཡིན། །དེ་སླད་ཉིན་དང་མཚན་མོ་ཡང་དང་ཡང་། །དྲན་ཤེས་བརྟན་པོས་རང་གི་རྒྱུད་རྟོག་ལ། །འདི་ཉིད་འབའ་ཞིག་རྒྱུན་དུ་གོམས་མཛོད་ཅེས། །སོར་བཅུའི་ཐལ་མོ་སྦྱར་ནས་ལན་སྟོང་གསོལ། །འདི་དོན་ཚུལ་བཞིན་སྒྲུབ་པའི་སྐལ་བཟང་ལ། །སྲས་བཅས་རྒྱལ་བས་དབྱིངས་ནས་བྱིན་རློབས་ཤིང་། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བུ་བཞིན་དུ། །སྲུང་སྐྱོབ་གཡེལ་བ་མེད་ལ་བསྙོན་དུ་ཅི། །དེ་སྐད་ཕན་པར་འདོམས་པའི་བསླབ་ཕྲེང་འདི། །ཆོས་མེད་དྲེད་པོ་པདྨ་རྣམ་རྒྱལ་གྱིས། །ལྷག་བསམ་དག་པས་ཡང་ཡང་གསོལ་བའི་མཐུས། །ཉོན་མོངས་སྐྱེས་དུས་གཉེན་པོས་བསླེབས་གྱུར་ཅིག །
༄༅། །ན་མོ་གུ་རུ་བུདྡྷ་བོདྷི་ས་ཏྭ་ཡ། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །འདི་ཡོད་རྣམ་གྲོལ་ལམ་ལས་ཕྱིར་མི་ལྡོག །འདི་མེད་ཇི་ལྟར་བྱས་ཀྱང་དམན་པའི་ལམ། །སྲིད་པའི་སྡུག་བསྔལ་རིམས་ནད་རྒྱུན་མི་འཆད། །བློ་མཆོག་མངའ་བ་ཐུབ་དབང་སྲས་བཅས་ཀྱིས། །གྲངས་མེད་དུ་མར་ཤེས་རབ་ཆེན་པོའི་མཐུས། །ལེགས་པར་བརྟགས་པས་གཞན་ཕན་བྱང་ཆུབ་སེམས། །འདི་ཉིད་འབའ་ཞིག་ཀུན་ཏུ་ཕན་པར་གཟིགས། །དེ་སླད་ལམ་མཐར་ཕྱིན་ཀུན་འདི་ལས་གཤེགས། །ལམ་འདིར་མ་བརྟེན་སངས་རྒྱས་འབྱུང་མི་སྲིད། །ཐུབ་པས་གཞན་དོན་མཛད་དང་བྱིས་པ་རྣམས། །རང་དོན་སེམས་པའི་ཁེ་ཉན་དྲན་བྱོས་དང་། །འདི་ལས་ཡིད་ཆེས་དཔང་པོ་གཞན་ཅི་དགོས། །རྒྱལ་བ་དགྱེས་སྐྱེད་མཆོག་ཀྱང་འདི་ཡིན་ཏེ། །མཁའ་མཉམ་འགྲོ་བ་སྒྲོལ་བའི་འདྲེན་པའང་འདི། །རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དེ། །ལྷར་བཅས་སྐྱེ་དགུའི་མཆོད་སྡོང་གཅིག་པུའང་ཡིན། །མདོར་ན་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །དཔག་མེད་ཡོན་ཏན་ཕུང་པོ་ཇི་སྙེད་པ། །དེ་ཀུན་བྱང་ཆུབ་སེམས་ལས་བྱུང་བས་ན། །སེམས་ཤེས་སུ་ཞིག་འདི་ལ་ཅིས་མི་སྤྲོ། །འདི་ནི་ཐེག་ཆེན་ལམ་གྱི་མདོ་འགག་སྟེ། །བསླབ་བྱ་ཡོངས་ཀྱི་རྩ་བ་འདི་ལ་ཐུག །ཕན་ཡོན་དཔག་མེད་རྒྱལ་བ་མཆོག་གིས་ཀྱང་། །བསྐལ་པར་བསྒྲངས་ཀྱང་མཐའ་གཏུག་འགྱུར་མ་ཡིན། །དེ་སླད་སྲོག་ལ་བབས་ཀྱང་འགྲོ་སྒྲོལ་གྱི། །དམ་བཅའི་གོ་ཆ་ལྷོད་པར་མ་བྱེད་ཅེས། །བདག་ནི་དུས་ཀུན་ཐལ་མོ་སྦྱར་བྱས་ནས། །ཀུན་ལ་གསོལ་བར་བགྱིའོ་གྲོགས་པོ་དག །དལ་འབྱོར་རྙེད་དཀའ་མཐུན་རྐྱེན་འཛོམ་པར་དཀའ། །གློག་འདྲའི་ཚེ་འདི་མི་བརྟན་ཡུད་ཀྱིས་འགྱུར། །སྙིང་པོ་མེད་པ་འཁོར་བའི་བྱ་བ་ཀུན། །རྒྱབ་ཏུ་སྐྱུར་ལ་ཐེག་མཆོག་ལམ་འདིར་སློབ། །རིན་ཆེན་བྱང་ཆུབ་སེམས་དང་མ་འབྲལ་ན། །ལུས་ངག་དགེ་སྦྱོར་སྣ་གཅིག་མ་འགྲུབ་ཀྱང་། །ངེས་པར་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །དེ་ཕྱིར་དེ་ལ་བརྩོན་པའི་དཔུང་བསྐྱེད་འཚལ། །དེ་སྐད་ཕན་པར་འདོམས་པའི་གཏམ་འདི་ནི། །ཐེག་མཆོག་ལམ་ལ་གུས་པ་ལྷུར་ལེན་པའི། །པདྨ་བི་ཛས་ལྷག་བསམ་དག་པས་བྲིས། །དགེ་བས་འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག །
༄༅། །ཨ་ཧོ། རྩ་གསུམ་སྤྲིན་བཞིན་འདུ་བ་ས་སྤྱོད་ཀྱི་འོག་མིན། །བདེ་ཆེན་དཔལ་གྱི་ཙ་རིའི་བྱིན་རླབས་ཀྱི་ཟླ་གཟུགས། །འབྲེལ་ཚད་རིག་འཛིན་ས་ལ་བདེ་བླག་ཏུ་སྦྱོར་མཛད། །ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་འདི་བཟང་ངོ་། །ཀུན་མཁྱེན་པདྨས་ལུང་བསྟན་དམ་ཆོས་ཀྱི་སྤྱན་ལྡན། །པདྨའི་ལྗགས་ལྡན་གྲུབ་མཆོག་རིག་འཛིན་གྱི་སར་བཞུགས། །འགྲན་བྲལ་སྐྱེས་ཆེན་དུ་མས་བྱིན་རླབས་ཀྱི་སྒྲུབ་སྡེ། །བདེ་ཆེན་ས་ལ་སྤྱོད་པའི་འོག་མིན་འདི་མཛེས་སོ། །ཀུན་བཟང་པདྨའི་ཞལ་ཚབ་གྲུབ་མཆོག་གི་རྒྱལ་པོ། །སྣང་སེམས་རོ་མཉམ་རྟོགས་པའི་ཚེ་དབང་གི་རིག་འཛིན། །ཀུན་གཟིགས་རྒྱལ་བས་ལུང་བསྟན་ཟླ་མེད་ཀྱི་བཤེས་གཉེན། །བློ་གྲོས་མཐའ་ཡས་ཡོངས་ཀྱི་འདྲེན་པ་འདི་མཆོག་གོ། རང་དོན་ཡེ་ནས་གྲུབ་ཀྱང་མཐའ་མེད་ཀྱི་འགྲོ་ལ། །ཐུགས་བརྩེ་ལྷག་པར་རྒྱས་པའི་ངོ་མཚར་གྱི་ཟློས་གར། །བསམ་བཞིན་སྐྱེ་བར་སྣང་བ་ཟླ་བྲལ་གྱི་འདྲེན་པ། །འཕགས་ཆེན་རིག་འཛིན་འདུས་པའི་ཚོགས་གྲལ་དེ་རྒྱལ་ལོ། །རྒྱུད་ལུང་མན་ངག་བྱེ་བའི་སྙིང་པོ་ཡི་ཡང་ཏིག །འབྲེལ་ཚད་རིག་འཛིན་སར་སྦྱོར་གུ་རུ་ཡི་ཐུགས་བཅུད། །གྲུབ་མཆོག་རིག་འཛིན་བྱེ་བའི་གཤེགས་ཤུལ་གྱི་གསང་ལམ། །བླ་མ་དགོངས་པ་འདུས་པའི་གསེར་ཆོས་འདི་ཟབ་བོ། །སྔོན་བསགས་བསོད་ནམས་མཆོག་གི་དལ་འབྱོར་གྱི་རྟེན་ལ། །སངས་རྒྱས་དངོས་སྣང་ཡོངས་འཛིན་དུ་མ་ཡིས་རྗེས་བཟུང་། །ཟབ་རྒྱས་གདམས་པའི་བདུད་རྩིས་ཅི་དགའ་རུ་བསྐྱངས་པའི། །བག་ཡངས་ལྷོད་པོ་པདྨ་བི་ཛ་ང་སྐྱིད་པ། །རང་རིག་ཀ་ནས་དག་པ་འོད་གསལ་གྱི་ངང་ལ། །སྣ་ཚོགས་ཉམས་ཀྱི་འཆར་སྒོ་སྒྱུ་འཕྲུལ་གྱི་བཀོད་པ། །གང་ཤར་རང་གྲོལ་རྟོགས་པའི་རྩལ་སྦྱང་ལ་གོམས་པས། །ཀུན་བཟང་ཆོས་སྐུའི་རྒྱལ་སར་དབང་བསྒྱུར་རང་ཤོག་ཅིག །
༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཀ་ཏི་ཤེལ་གྱི་རྩ་ཆེན་གཏད་མེད་མཁའ་ལ་ཕྱེ། །ཁ་སྦྱོར་རླུང་འཆིང་གང་ཤར་རྣམ་རྟོག་ཐད་ཀར་བཅད། །ག་ལེར་ཆོས་ཉིད་དྲན་པའི་རྩི་དང་མ་བྲལ་ངང་། །ང་བདག་གཟུང་འཛིན་སྦྲུལ་མདུད་བཞིན་དུ་རང་གྲོལ་གཏོང་། །ཅ་ཅོ་འཁྲུལ་བའི་གཏམ་སྤངས་མཚུངས་མེད་བླ་མ་རྗེར། །ཆ་ཙམ་མ་ཡིན་སྙིང་ནས་སངས་རྒྱས་དངོས་མཐོང་མཐུས། །ཇ་བཟང་འཇོ་འདྲའི་དགོངས་བརྒྱུད་བྱིན་རླབས་འཕོས་པ་ཡི། །ཉ་རྒྱས་ཟླ་ལྟའི་རྟོགས་པའི་རང་ཞལ་སྐྱོངས་ཤིག་ཀྱཻ། །ཏ་ལའི་ནགས་སམ་སྤྱོད་ཡུལ་གྲོང་དུ་གནས་ཀྱང་རུང་། །ཐ་མལ་ཤེས་པ་མ་བཅོས་གཉུག་མའི་རང་འགྲོས་ཉིད། །ད་ནི་ལྟ་སྒོམ་ཞེན་པའི་སྒྲོག་གིས་བཅིངས་མིན་པར། །ན་མར་མ་ཡེངས་མི་སྒོམ་ལྷུག་པར་ཀློད་ཅིག་ཀྱེ། །པ་པཾ་ལས་ཉོན་འཁྲུལ་རྟོག་གཞི་མེད་རྩ་བྲལ་ཀློང་། །ཕ་རོལ་གཤིན་རྗེའི་འཇིགས་པ་བྱུང་ཡང་ཡ་ང་ཅི། །བ་ཐག་འཛིང་འདྲའི་གཟུང་འཛིན་རྣམ་རྟོག་ལུག་རྒྱུད་ཕྲེང་། །མ་བཅོས་གཉུག་མའི་ཀློང་དུ་གློད་དང་ལྟད་མོ་ཆེ། །ཙཱ་རི་ཏྲ་སོགས་གནས་ཆེན་བསྐོར་བའི་ངལ་དུབ་སོགས། །ཚ་གྲངས་དཀའ་ལས་སྡུག་སྒུར་བྱས་ཡུས་འདྲེན་མི་དགོས། །ཛ་ལང་བདུད་སྡེའི་གཡུལ་ངོ་བཟློག་ལ་དཀའ་བ་ཅི། །ཝ་ལེར་རིག་སྟོང་རྡོ་རྗེའི་རང་ཞལ་འབྲལ་མེད་མཛོད། །ཞྭ་མོའི་ཁ་དོག་རྩོད་པས་གྲུབ་མཐའ་འཁྱོང་བ་མིན། །ཟ་ཆོག་དཔེ་བྲིམ་ལྟོ་འཚོལ་གཞན་ཕན་ཕྲིན་ལས་ཅི། །འ་ཅག་སྙིང་ནས་ཆོས་འདོད་ཀུ་སཱ་ལི་ཡི་ཚོགས། །ཡ་མཚན་དོན་བརྒྱུད་རྟོགས་པ་འཕོས་པས་འཚེངས་པ་ཡིན། །ར་མ་ཎ་བཞིན་འདོད་པའི་ཁོལ་པོར་འཁྱམས་མིན་པར། །ལྭ་བ་པ་བཞིན་དོན་བརྒྱུད་སྒྲུབ་པའི་བཅུད་ལེན་གྱིས། །ཤ་ཁྲག་གདོས་བཅས་དྭངས་མ་འོད་ཀྱི་སྐུར་སྨིན་པའི། །ས་བཅུའི་རྒྱལ་ཐབས་མཆོག་ལ་ཚེ་འདིར་འབྱོར་བར་མཛོད། །ཧ་ཅང་བྱེད་སྤྱོད་མང་ན་སྒོམ་ཆེན་འཆལ་བའི་རྒྱུ། །ཨ་དོན་སྐྱེ་མེད་སྐྱོངས་དང་སྒྲུབ་བརྩོན་རྣལ་འབྱོར་པ། །

༄༅། །ན་མོ་གུ་རུ་བུངྔྷ་ཡ། ཀོ་ལོང་གདུག་རྩུབ་སྔར་བས་ཆེས་ཧྲགས་ཤིང་། །ཁོ་བས་ང་ལྷག་སྙམ་པའི་ང་རྒྱལ་གྱིས། །གོ་མྱོང་རྟོགས་གསུམ་མེད་པའི་འུད་གོག་ཞིག །ངོ་སོར་ཁྱེར་འདི་བདུད་ཀྱི་རློམ་རྟགས་དངོས། །ཅོ་བྲེགས་ཙམ་གྱིས་དགེ་སྦྱོང་ག་ལ་འགྲུབ། །ཆོ་ལོ་ལ་སོགས་བག་མེད་ལ་གཡེངས་ཤིང་། །ཇོ་ཇོ་རྣམས་དང་ལྷན་དུ་རྒྱ་བོད་ཀྱི། །ཉོ་ཚོང་བསྐོར་བས་གཏན་འདུན་འགྲུབ་བམ་སོམས། །ཏེ་ལོ་བཞིན་དུ་འགྲོ་ལ་འཚེ་བྱེད་ཅིང་། །ཐེ་ཚོམ་མེད་པར་ལོག་འཚོའི་སྐོར་ལ་སྤྱོད། །དེ་རིང་ཤི་ཡང་ཚེ་འདིར་མངོན་ཞེན་པའི། །ནེ་ཙོའི་ཀློག་འདྲ་ཁ་བཤད་མཁས་པས་ཅི། །པུ་ཏོ་པ་ཡི་རྣམ་ཐར་མི་འཁྱོང་བར། །ཕུ་མདའ་མེད་པར་ཆུ་བཞིན་མྱུལ་མྱུལ་ནས། །བུ་ཚའི་ཞབས་ཏོག་རེམ་ཚོར་དམ་ཆོས་ཀྱི། །མུ་གེ་ཕོག་འདི་ཀྱི་ཧུད་ལས་ཀྱིས་བསྐལ། །ཙི་ནའི་ཡུལ་སོགས་མཐའ་འཁོབ་སྐྱེ་བོ་བཞིན། །ཚུ་རོལ་མཛེས་པའི་ལས་ལ་རྟག་བརྩོན་ཏེ། །ཛེ་ཏའི་ཚལ་བཞུགས་རྒྱལ་བའི་རྗེས་འཇུག་ཏུ། །ཝོ་ཞེས་སྙིང་ཁམས་སྨྲ་རྣམས་མནོ་བསམ་ཐོངས། །ཞི་གྱུར་དགེ་བ་སྤངས་རྣམས་ལྕགས་བསྲེགས་ཀྱི། །ཟི་ར་རབ་འཁྲུགས་དམྱལ་མེར་དབྱེར་མེད་ལུས། །འི་ཞེས་མྱ་ངན་རྒྱུན་ལྡན་ཚུལ་སོམས་ལ། །ཡི་ག་འཁོར་བའི་ཆོས་ལ་ལྡོག་པར་འཚལ། །རི་ཀླུང་གང་དུ་སྡོད་ཀྱང་དྲན་པ་བསྟེན། །ལོ་འདོད་ཆོས་བརྒྱད་མ་གཉེར་དམན་ས་ཟུང་། །ཤི་དུས་མི་འཚེར་གདེང་ཚད་ཅི་འདུག་སོམས། །སུ་མ་མགུ་ཡང་རང་སེམས་དཔང་པོར་མཛོད། །ཧུ་ཧུ་སྔར་ཕན་འཆི་བ་མ་དྲན་ནོངས། །ཨོ་ཨོ་ད་ནི་མི་ཚེ་ཕལ་ཆེར་ཟད། །འཆི་བདག་ཕོ་ཉའི་ཕྲིན་པ་སྤྱི་བོར་བསླེབས། །ཚུལ་འདི་བསམ་ཚེ་སྙིང་རླུང་མི་ལྡང་ངམ། །ད་ནི་འཇགས་ཚོ་དམ་པའི་ཆོས་ལ་སྤྱོན། །རྒྱལ་བས་ལེགས་བསྔགས་ཉམས་དགའ་དབེན་པའི་རིར། །བག་ཡོད་ཆོག་ཤེས་བདུད་རྩིས་ལུས་འཚོ་བཞིན། །བྱང་ཆུབ་སེམས་གཉིས་ཡི་དམ་བགྱིད་པར་རིགས། །དེ་སྐད་དུས་མཐའི་ཆོས་མེད་སྙོམ་ལས་མཁན། །མི་རྗེས་མ་བསླེབས་བས་མཐའི་ཡིག་དྲུག་པ། །འགྱུར་མེད་པདྨ་རྣམ་རྒྱལ་འབོད་དེ་ཡིས། །གྲོས་འདི་ཁ་ཙམ་མིན་པར་སྙིང་ནས་ཕུལ། །འདི་ནི་རང་གི་ཡིད་ལ་ཤར་བའི་ཚུལ། །རང་སྐྱོན་ངན་པ་རྟོག་ཕྱིར་བྲིས་པ་སྟེ། །གཞན་མཚང་བྲུས་མིན་བདག་ལ་བཀའ་མ་བཀྱོན། །དགེ་འབྲས་མཆིས་ན་འགྲོ་ལ་སྨིན་པར་ཤོག །


previousསྙིང་གཏམ་ནང་མ་ལགས་ཀྱི་ཐུགས་དབུས་སུ་ཆོངས་ཤིགnext