Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །སླར་ཡང་ཆེད་དུ་བརྗོད་པ། ཤིན་ཏུ་རྙེད་དཀའ་དོན་ཆེའི་རྟེན།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །སླར་ཡང་ཆེད་དུ་བརྗོད་པ། ཤིན་ཏུ་རྙེད་དཀའ་དོན་ཆེའི་རྟེན།
[Clear Hits]

 
previousརིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར། next

རིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར།

༄༅། །རིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར། གང་མཚན་ངོ་མཚར་བདུད་རྩིའི་ཤས་ཙམ་གྱིས། །སྡུག་བསྔལ་སྲིད་པའི་རིམས་ནད་རྒྱུན་གཅོད་ཅིང་། །ཟག་མེད་ཞི་བའི་སྲོག་ཟུངས་བརྟས་མཛད་པའི། །ཐུབ་ཆེན་འགྲོ་བའི་བླ་མས་དགེ་ལེགས་སྩོལ། །རིང་ནས་གོམས་པའི་ལེགས་བྱས་ནོར་འཛིན་ལྟོར། །དད་པའི་མྱུ་གུ་ཆོས་སུ་སྨན་པའི་འབྲས། །ངུར་སྨྲིག་ཐར་པའི་རྒྱལ་མཚན་སྒྲེང་བརྩོན་པའི། །མཆེད་གསར་རྣམས་ལ་ཕན་པའི་མཆིད་འདི་གསོལ། །རྨད་བྱུང་འཁོར་ལོ་བཞི་ཡི་འབྱོར་བའི་རྟེན། །སྔོན་བསགས་མཐུ་ཡིས་ལན་གཅིག་རྙེད་དུས་འདིར། །དོན་མེད་འཇིག་རྟེན་བྱ་བས་གཡེངས་མིན་པར། །སྙིང་ནས་དམ་པའི་ཆོས་ལ་འབད་པར་རིགས། །དྲན་ཤེས་སྒོ་ལྕགས་ཉམས་པའི་བསླབ་གསུམ་ནོར། །ཉོན་མོངས་ཆོམ་རྐུན་གདུག་པས་འཕྲོག་བརྩོན་པས། །བག་ཡོད་སྒོ་སྲུང་གཉེན་པོ་འབྲལ་མེད་དུ། །བརྟེན་པའི་གོ་ཆ་ནམ་ཡང་ལྷོད་མིན་འཚལ། །རྣམ་དག་ཁྲིམས་ཀྱི་ས་གཞིར་མ་བརྟེན་པའི། །དཀར་ཆོས་ཡོན་ཏན་མེ་འབྲས་མི་སྲིད་པས། །ཐོག་མ་ཉིད་དུ་མཁན་པོས་རྗེས་བསྟན་པའི། །བསླབ་གཞི་མིག་གི་འབྲས་བཞིན་བཙའ་བ་གནད། །དེར་ཡང་ཐོས་བསམ་མིག་བཟང་མ་བསྒྲུབས་ན། །བླང་དོར་གཟུགས་ལ་བལྟ་བར་དབང་མིན་ཕྱིར། །མེ་ཏོག་གསར་དུ་འབུས་འདྲའི་དུས་འདི་རུ། །རྣམ་གསུམ་ཤེས་རབ་ཟིལ་དངར་གསོག་པ་གཅེས། །མ་བསླབས་མཁས་པར་གྱུར་པ་སྲིད་མིན་ཞིང་། །བསླབས་ན་ཤེས་པ་རྒྱུ་འབྲས་ཚད་མའི་ལུགས། །དེ་ཕྱིར་ཀུན་མཁྱེན་ཉེ་རྒྱུ་བཅུ་ཕྲག་རིག །ཐོས་པས་མི་ངོམས་མཚོ་ཆེན་བཞིན་དུ་མཛོད། །ཐོས་དོན་བསམ་པས་ཉམས་སུ་མ་མྱོང་ན། །མ་བཏུང་སྨན་ཡིག་བཀླགས་པས་ནད་ལ་ཅི། །དེ་སླད་བློ་ལྡོག་རྣམ་བཞི་དད་སོགས་ཀྱིས། །རང་རྒྱུད་ཉོན་མོངས་འདུལ་ལ་བརྩོན་པ་གལ། །བསམ་པས་དོན་སྤྱིའི་གོ་བ་ལེགས་རྙེད་ཚེ། །རང་མཚན་རྟོགས་པའི་ཡེ་ཤེས་མངོན་བྱེད་ཕྱིར། །སྒོམ་བྱུང་འཆི་བ་མེད་པའི་བཅུད་ལེན་གྱིས། །རྣམ་གྲོལ་སྲོག་ཟུངས་བརྟས་ལ་འབད་པར་བྱོས། །རྣམ་ཀུན་སྟོང་དང་སྙིང་རྗེ་ཟུང་འབྲེལ་བའི། །བྱང་ཆུབ་སེམས་ནི་རྒྱལ་རྣམས་བསྐྱེད་པའི་གཞི། །རྫོགས་བྱང་གཉེར་ལ་མེད་ཐབས་མེད་པས་ན། །སྲོག་ལྟར་གཅེས་པས་ཉམས་སུ་ལོངས་ཤིག་ཀྱེ། །དེ་སྐད་ཕན་པར་འདོམས་པའི་ངག་འདིས་ཀྱང་། །ཁྱེད་ཅག་དགེ་བློ་ཡར་ཟླའི་དཔལ་ཡོན་ལྟར། །རབ་རྒྱས་དོན་གཉིས་མཐར་ཕྱིན་བཅོམ་ལྡན་འདས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་རིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོས་འཕྲལ་མར་བྲིས་ཏེ་ཕུལ་བ་དོན་དང་ལྡན་པར་རྒྱུར་ཅིག
 ༄༅། །སླརཡངཆེདདུབརྗོདཤིནཏུརྙེདདཀའདོནཆེའིརྟེན ། །ཡིད་བཞིན་ནོར་ལས་ཆེས་ལྷག་པ། །སྔོན་བསགས་མཐུ་ཡིས་རྙེད་དུས་འདིར། །གྲོགས་དག་བག་མེད་མ་བྱེད་ཅིག །ཚེ་ནི་རི་གཟར་ཆུ་བཞིན་གཡོ། །ལང་ཚོའི་མེ་ཏོག་ཡུད་ཀྱིས་རྙིང་། །དཔལ་འབྱོར་རྩྭ་རྩེའི་ཟིལ་ཐིགས་འདྲ། །ཡིད་བརྟན་མི་རུང་ཤེས་ལྡན་དག །སྔོན་ཆད་མཛའ་བཤེས་གཉེན་གྲོགས་ནོར། །འདས་པ་གང་དེ་ཕྱིར་འོང་མིན། །རྨི་ལམ་འདྲ་སྟེ་དྲན་ཡུལ་ཙམ། །རྟག་འཛིན་གདོན་གྱིས་མ་བསླུས་སམ། །བྱས་དང་མ་བྱས་ལྟོས་མིན་པར། །འཆི་བདག་གསོད་སྲེད་གཏུམ་པོའི་ཁས། །དེང་ཙམ་མི་འཛིན་ཆ་ཡོད་དམ། །བག་ཡངས་སྡོད་གང་ཕྱུགས་ལས་བླུན། །འགྲོ་འདི་ལས་ཀྱི་སྤྲུལ་པ་སྟེ། །བདེ་སྡུག་སྣ་ཚོགས་ལས་ཀྱིས་བྲིས། །ལས་ནི་རི་མོ་མཁན་དང་འདྲ། །དེ་ཕྱིར་ལས་ལ་ཡིད་ཆེས་བྱོས། །ད་ལྟ་རང་དབང་བདེར་ཐོབ་ཅིང་། །ལས་འབྲས་བླང་དོར་འབྱེད་པའི་སྐབས། །ཚུལ་བཞིན་བརྩོན་པར་མ་བྱས་ན། །དེ་ལས་རྨོངས་དང་བསླུས་པའང་གང་། །ཉོན་མོངས་མཆིལ་བའི་ཕྲག་གནས་པའི། །འདོད་ཡོན་ཟས་ཀྱིས་བསླུས་པའི་ཉ། །ཐར་པའི་སྲོག་རྩ་གཅོད་ངེས་པས། །རྟག་ཏུ་འདི་ལ་བག་ཡོད་མཛོད། །མཁན་སློབ་བརྩེ་བ་ཆེན་པོ་ཡིས། །ལེགས་པར་རྗེས་སུ་གདམས་པའི་ངག །གུས་པས་སྦྱི་བོར་ལེན་བྱོས་ལ། །བསླབ་གཞི་མིག་ལས་གཅེས་པར་སྲུངས། །ཚུལ་འཆལ་ལོ་བརྒྱར་གསོན་པ་བས། །ཚུལ་ཁྲིམས་ལྡན་པ་ཤི་བ་ལེགས། །བདེ་ནས་བདེ་བར་བགྲོད་པ་ལ། །སེམས་ཤེས་སུ་ཞིག་གདུང་བ་སྐྱེད། །ཐོས་ལྡན་བསླབ་ལ་གུས་དག་ཀྱང་། །དྲན་ཤེས་མེད་པའི་སྐྱོན་ཆགས་ན། །ལྟུང་བའི་རྙོག་མ་ཅན་འགྱུར་ཕྱིར། །ནམ་ཡང་གུད་དུ་བཏང་མི་བྱ། །ཚེ་འདིར་འབད་པར་མ་བྱས་ན། །འཆི་བའི་འོག་ཏུ་སྡུག་བསྔལ་སྐྱེད། །ཤལ་མ་ལ་སོགས་མི་བཟད་པའི། །འཇིགས་པ་མཐོང་ཚེ་ཅི་བྱར་ཡོད། །རྒྱལ་བ་གྲངས་མེད་བྱོན་གྱུར་ཀྱང་། །ཡུ་བུ་རང་གི་ཉེས་པས་སྒྲིབ། །ད་དུང་སྔོན་བཞིན་བགྱིད་ལགས་ན། །ཐར་པའི་སྒྲ་ཙམ་ནམ་ཞིག་ཐོས། །འཁོར་བའི་སྡུག་བསྔལ་ཕ་མཐའ་ཡས། །མེ་འོབས་སྲིན་གླིང་འདྲར་རྟོགས་ནས། །ངེས་པར་ཐར་འདོད་བཅོས་མིན་བློ། །སོ་སོ་ཐར་པའི་ངོ་ཏི་ལགས། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གཞན་གྱི་སྡུག་བསྔལ་ཟད་འདོད་བློ། །ངེས་པར་རྫོགས་བྱང་ལས་མི་ལྡོག །བྱང་ཆུབ་སེམས་ཀྱི་བསླབ་པ་ཡིན། །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ། །ཡེ་ནས་ཡིན་ལ་ཡིན་བཞིན་ཀློང་། །དག་སྣང་བསྐྱེད་རྫོགས་འབྲལ་མེད་ལ། །གསང་སྔགས་སྡོམ་པ་འདུས་ཞེས་བྱ། །མདོར་ན་སྡིག་པ་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་ཐུལ་ཞེས། །རྒྱལ་བས་གསུངས་བཞིན་དང་དུ་ལོངས། །འདི་ན་ཕན་པར་འདོམས་པ་ཉུང་། །འདོམས་ཀྱང་ཚུལ་བཞིན་ཉན་པ་དཀོན། །ལེགས་སྨྲས་གང་དེ་ཚུལ་བཞིན་དུ། །སྒྲུབ་གང་སློབ་མའི་མཆོག་ཏུ་འདོད། །ཚུལ་འདི་གུས་པས་ལེགས་ཉན་ན། །བདག་ལ་འཕྲད་དང་ཁྱད་ཅི་ཡོད། །གཅིག་ཤོས་དག་ལ་འཕྲད་ཀྱང་ཅི། །དེ་ཕྱིར་འདི་ཚུལ་ངེས་པར་མཛོད། །ཅེས་པའང་བདྨ་བི་ཛས་སྨྲས་པ་དགེ།


previousརིག་འཛིན་མཁའ་སྤྱོད་གླིང་གི་བླ་གྲྭ་ཆོས་འདོད་རྣམས་ཀྱི་ངོར། next