Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༈ མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དེ།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
གཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༈ མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དེ།
[Clear Hits]

 
previousགཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ། next

གཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ།

༄༅། །གཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། དཔག་མེད་ཏིང་འཛིན་རྣམ་གྲོལ་ཞི་བའི་མཛོད། །གང་གིས་འཛིན་པར་ཐུབ་པས་ལུང་བསྟན་པའི། །བློ་གྲོས་སྤོབས་པ་མཐའ་ཡས་གདོད་མའི་མགོན། །མཚུངས་མེད་འདྲེན་པ་མཆོག་ལ་ཕྱག་འཚལ་ལོ། །གཉེན་པོའི་སྟོབས་ཉམས་དྲན་ཤེས་མཁར་བ་ཆག །ལེ་ལོའི་མལ་ན་ཉོན་མོངས་ཟུག་རྔུ་ཡིས། །ལྡང་མེད་ནོན་པའི་རྨོངས་པ་རང་ཉིད་ཀྱིས། །རང་གི་སེམས་ལ་ཕན་པའི་གྲོས་ཤིག་འདེབས། །གང་ཞིག་རྙེད་དཀའ་ཤིན་ཏུ་དོན་ཆེ་བའི། །ཡིད་བཞིན་ནོར་འདྲའི་ལྷ་བས་ལྷག་པའི་རྟེན། །སྔོན་གོམས་དགེ་བས་ལན་གཅིག་རྙེད་དུས་འདིར། །སྙིང་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་འཚལ། །ལང་ཚོའི་མེ་ཏོག་རྙིང་པའི་ཁྲི་ཤིང་རྩེར། །ལྷོ་ཕྱོགས་བདག་པོས་སྤྲིང་བའི་ཁ་བའི་རྡུལ། །ཉེ་བར་ཕེབས་ཀྱང་ཡུན་རིང་སྡོད་རློམ་པའི། །སེམས་ཁྱོད་དེང་ནས་དགེ་ལ་འཇུག་པར་རིགས། །གང་ཞིག་མཆིལ་བས་ཉ་ལ་འདེབས་པ་བཞིན། །མི་རྣམས་ཉིན་བཞིན་ཁྱིམ་ནས་དྲངས་པའི་གཏམ། །ཐོས་འཛིན་གསར་པའི་ལམ་དུ་ཉེར་རྒྱུ་ཡང་། །མི་སྐྱོའི་སེམས་ཁྱོད་རྡོ་བའི་རང་བཞིན་དངོས། །རི་དྭགས་རྒྱལ་པོས་གླང་པོའི་ཁྱུ་ལ་བཞིན། །ཉེ་དུའི་ཁྲག་གིས་སྦགས་པའི་མཆེ་བ་ཅན། །བརྩེ་བྲལ་ལྷོ་ཕྱོགས་བདག་པོ་ཁྲོས་པའི་ཁ། །སང་ཙམ་མི་འདེབས་ངེས་པ་སུ་ཡིས་བྱིན། །རྨི་ལམ་ཡུལ་གྱི་རྒྱལ་སྲིད་དང་འདྲ་བའི། །མི་རྟག་སྙིང་པོས་དབེན་པ་ཚེ་འདིའི་ཆེད། །དཀར་མིན་ལས་ཀྱི་ཞགས་པས་བཅིངས་གྱུར་ན། །སེམས་ཀྱི་གླང་པོ་ངེས་པར་མ་རུངས་བྱེད། །སྲིད་པའི་ཕུན་ཚོགས་སྲིན་མོའི་འཇོ་སྒེག་གིས། །སེམས་ཀྱི་ཁྱེའུ་ཆུང་སྣང་བ་གཡེངས་གྱུར་ན། །ངན་འགྲོའི་ལྕགས་ཁྱིམ་འབར་བའི་དོ་ར་རུ། །སྡུག་བསྔལ་གསུམ་གྱི་ཅ་ཅོ་རྒྱུན་མི་འཆད། །བཤེས་གཉེན་དེད་དཔོན་མཁས་པས་རྗེས་བཟུང་རྒྱུས། །ཟབ་རྒྱས་གདམ་པའི་གྲུ་གཟིངས་ཐོབ་པ་འདི། །རང་བཞིན་ངན་པའི་ཀློང་སྒོར་ཡར་བོར་ན། །ཐར་པའི་སྐམ་སར་ཇི་ལྟར་ཕྱིན་པར་འགྱུར། །འདི་ན་ཉོན་མོངས་དགྲ་ཡི་སྒོ་མནན་ནས། །དགེ་བའི་ནོར་ཚོགས་འཕྲོག་ལ་རྟག་བརྩོན་ན། །དྲན་པའི་མདུང་རིང་ཐོགས་པའི་གཉེན་པོའི་དཔུང་། །མི་བསྐུལ་སེམས་ཁྱོད་ངེས་པར་ཕྱུགས་པས་བླུན། །ངེས་པར་འབྱུང་བའི་ཅང་ཤེས་གསར་པ་དག །དད་པའི་སྲབ་སྐྱོགས་དགེ་ལ་བསྒྱུར་རློམ་ཡང་། །ཡང་ཡང་བརྩོན་འགྲུས་ལྕག་གིས་བསྐུལ་མིན་ན། །འདོད་པའི་ཕྱོགས་སུ་ཇི་བཞིན་འབྱོར་བར་དཀའ། །ཐོས་པས་ཆུ་ཡི་རྣམ་གྲངས་ཤེས་གྱུར་ཀྱང་། །ཉམས་མྱོང་མགྲིན་པའི་ལམ་ནས་བརྒྱུད་མིན་ན། །ཉོན་མོངས་སྐོམ་པ་གཞིལ་བར་མི་ནུས་ཕྱིར། །ཐར་པའི་ལུས་ཟུངས་ཇི་ལྟར་བརྟས་པར་འགྱུར། །དཔག་ཡས་ཐུགས་རྗེའི་ཆར་རྒྱུན་བསིལ་བོ་ཡིས། །འཇིགས་གསུམ་མེ་ཚོགས་ལྷག་མེད་གཞིལ་ནུས་པའི། །རིན་ཆེན་རྣམ་གསུམ་བདུད་རྩིའི་སྤྲིན་ཕུང་མཆོག །དད་བརྒྱའི་མཁའ་ལ་རྣམ་ཀུན་གཏིབ་པར་འཚལ། །བསོད་ནམས་ལས་སྐྱེས་གསེར་སྦྱངས་རྩིབས་སྟོང་ཅན། །གང་དུ་མཆིས་དེར་དཔུང་ཚོགས་རྗེས་འགྲོ་བཞིན། །རྒྱལ་བའི་ཆོས་ཁམས་མ་ལུས་འདྲེན་པའི་གཉེན། །བྱམས་དང་སྙིང་རྗེའི་ཕ་མཁར་བརྟན་པ་གཅེས། །རྒྱལ་སྲས་ཀླུ་མཆོག་བྱེ་བའི་གདེངས་ཀའི་རྒྱན། །ཉེས་པའི་མུན་ཚོགས་འཇོམས་པའི་གཟི་འོད་ཅན། །བྱང་ཆུབ་སེམས་མཆོག་དགོས་འབྱུང་ཡིད་བཞིན་དབང་། །སྲོག་གི་ཕྱིར་ཡང་མི་འདོར་གཡར་དམ་འཚལ། །གང་གི་ཡིད་ལ་ཡུད་ཙམ་ཤར་བས་ཀྱང་། །རབ་འབར་ལྕགས་སྲེག་འཁྲུགས་པའི་འཁོར་ལོ་ཡང་། །གུས་པའི་སེམས་ལྡན་བཞིན་དུ་གནས་གྱུར་པའི། །བདག་བས་གཞན་གཅེས་མི་སྒོམ་སྨྱོས་སམ་ཅི། །སེར་སྣའི་དྲི་ཡི་མ་སྦགས་བཞིན་བྱད་གཙང་། །གཏོང་སེམས་དགེ་བ་རིན་ཆེན་རྒྱན་གྱིས་སྤྲས། །མངོན་མཐོའི་ཁྱིམ་ཐབས་འགུགས་པའི་སྒྱུ་ཐབས་ཅན། །སྦྱིན་པའི་བག་མ་གསར་པ་ཁབ་ཏུ་སུས། །དཔག་མེད་ཡོན་ཏན་གཟུགས་བརྙན་འབུམ་འཛིན་པའི། །ཚུལ་ཁྲིམས་བཀོད་མའི་རྫིང་བུ་ཉམས་དགའ་བ། །དྲན་ཤེས་ཀེ་ཏ་ཀ་ཡི་ནོར་བུ་ཡིས། །ལན་སྟོང་བགྲུང་པའི་ཆོ་ག་མི་ལྷོད་འཚལ། །སྡང་སེམས་ལྟོ་འགྲོའི་ཁ་ཡི་དུག་རླངས་གིས། །ལེགས་དཔྱད་སྲོག་རྩ་དབྲལ་ལ་གཟས་གྱུར་ཚེ། །མི་འཁྲུགས་བཟོད་པའི་མཁའ་ལྡིང་གཤོག་རླབས་ཀྱིས། །ལྷག་མེད་བརླག་པའི་དམ་བཅའ་མི་བསྙེལ་འཚལ། །ལེ་ལོ་ལག་འགྲོ་གདུག་པའི་སེར་སྣ་ཡིས། །ཚོགས་གཉིས་ཡིད་བཞིན་ནོར་བུ་འཕྲོག་གྱུར་ན། །དཔག་མེད་བརྩོན་འགྲུས་དེད་དཔོན་སྙིང་སྟོབས་ཀྱིས། །བག་མེད་མཚོ་ཆེན་སྐེམ་པའི་ཆོ་ག་སྒྲུབས། །རྣམ་རྟོག་གཡོ་བའི་རླུང་གིས་བསྐྱོད་མིན་པའི། །ཞི་ལྷག་ཟུང་འབྲེལ་གསེར་རིའི་ར་བ་ཡིས། །ཡོངས་བསྐོར་དཔག་མེད་ཏིང་འཛིན་བང་རིམ་ཅན། །སྔོན་མེད་ལྷུན་པོ་སྲིད་ཞིའི་དཔལ་དུ་སྒྲུབས། །ཐོས་བསམ་སྒོམ་པའི་སྤྲིན་སྒྲས་ཉེར་བསྐུལ་བའི། །བདག་མེད་རྟོགས་པའི་ཤེས་རབ་གནམ་ལྕགས་མེས། །འཇིག་ཚོགས་ལྟ་བའི་བྲག་རི་རྨེག་{རྨིག}མེད་དུ། །གཞོམ་པའི་ཆོ་ག་དུས་ལས་ཡོལ་མིན་འཚལ། །བསོད་ནམས་ཆ་མཐུན་དགེ་བའི་ལྕགས་ཁམས་ཆ། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་ཡོངས་བསྔོའི་རྩིས། །ཐར་པ་ཆ་མཐུན་རིན་བྲལ་སུ་ཝརྞར། །བསྒྱུར་བའི་ཐབས་ཚུལ་ཉིན་མཚན་བར་མེད་བྱོས། །དུས་རྣམས་ཀུན་ཏུ་རང་གི་རྒྱུད་ལ་དྲིས། །མདོ་རྒྱུད་བཀའ་བསྟན་གཞུང་དང་མཐུན་མིན་སོམས། །ཡང་དང་ཡང་དུ་རང་གི་སྤྱོད་ལ་རྟོག །གོང་མའི་རྣམ་ཐར་རྗེས་སུ་སྙོག་གམ་ལྟོས། །ཉིན་པར་རྣམ་གཡེང་སྤྲོས་པའི་འཁོར་ལོ་བསྐོར། །མཚན་མོ་གཏི་མུག་གཉིད་ཀྱི་བདེ་བར་ཞེན། །དབེན་པའི་གནས་སུ་འཕྱི་སྒོམ་བརྟུལ་ཞུགས་ཅན། །མདོ་མེད་པོ་ཁྱོད་ད་ནི་མནོ་བསམ་ཐོང་། །དོན་བརྒྱུད་མན་ངག་བཤལ་སྨན་བཟང་པོ་ཡིས། །བདག་འཛིན་ཉོན་མོངས་ཁོང་སྐྲན་དཔྱིས་ཕྱུང་ནས། །གཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ་ཡིས། །འགྲོ་བ་ཀུན་ལ་ཕན་བདེའི་དངོས་པོ་བྱིན། །དེ་སྐད་རང་སེམས་རང་ལ་དཀར་བའི་རྒྱུས། །སེམས་ཀྱིས་སེམས་ལ་ནང་དུ་ཕྲིན་འདི་གསོལ། །འདི་ལ་ཉན་ན་སེམས་ཁྱོད་ཀུན་ཏུ་དགེ། །དགེ་བས་སེམས་ཀྱི་རྡོ་རྗེ་འགྲུབ་གྱུར་ཅིག །ཅེས་པའང་བསམ་གཏན་གྱི་ཁང་བུ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ངེས་པར་འབྱུང་བའི་བློས་བྲིས་པ་དགེ།
༄༅། །གང་ཞིག་དྲན་པས་གནས་སྐབས་མཐར་ཐུག་གི། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་མཛད་པའི། །ཡིད་བཞིན་ནོར་འདྲའི་དྲིན་ཆེན་ཆོས་ཀྱི་རྗེ། །འབྲལ་མེད་སྙིང་དབུས་དད་པའི་པདྨོར་རོལ། །ཡོན་ཏན་ཆུང་ལ་རང་མཐོང་ཧམ་པ་ཆེ། །བྱ་བྱེད་མང་ལ་གྲུབ་འབྲས་གཅིག་ཀྱང་མེད། །ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་མཁན། །རྨོངས་པ་རང་ལ་རང་གིས་གྲོས་ཤིག་འདེབས། །མ་བརྟགས་བྱིས་པ་གྲགས་པའི་རྗེས་སུ་འབྲངས། །མིང་སྐམ་སྙན་པར་འདི་ཕྱིའི་གཏད་ཡུལ་བཟུང་། །རི་རབ་ཙམ་གྱི་དཀོར་ལ་ཁྱོད་སྤྱོད་ན། །ནང་དུ་ཡོན་ཏན་ཅི་ཡོད་པད་རྣམ་པ། །ཆགས་སྡང་ཆོས་བརྒྱད་ཞེན་པའི་ལྕགས་སྒྲོག་འདིས། །ཐོག་མེད་ནས་བཅིངས་འཇིགས་དང་སྡུག་བསྔལ་གྱི། །ཁུར་ཆེན་དེས་ཀོ་ཁྱོད་ལ་མི་ཆོག་གམ། །ད་དུང་དེ་རྗེས་འབྲང་ངམ་པད་རྣམ་པ། །ཇི་ཙམ་འབྱོར་ཡང་སེམས་ལ་ངོམས་དུས་མེད། །བསྲུང་བསྲེལ་སྡུག་བསྔལ་ཇེ་བས་ཇེ་འཕེལ་རྒྱུ། །བྱ་བཏང་ནོར་མེད་འཇིགས་པའི་དགྲ་དང་བྲལ། །སྤྲང་པོ་རང་ཚོད་ཟུང་ཤིག་པད་རྣམ་པ། །གཅིག་སེམས་ཟིན་ཡང་ཀུན་སེམས་ག་ལ་ཟིན། །ཐམས་ཅད་མགུ་བྱ་རྒྱལ་བས་དཀའ་ཞེས་གསུངས། །ཟེར་ཚད་ཉན་ན་སྒྲུབ་ཚོད་སུ་ཡིས་ཡོད། །མཐུན་འཇུག་ཐག་པ་ཆོད་ཅིག་པད་རྣམ་པ། །གཏམ་རྣམས་བསླུ་བྱེད་བྲག་ཆའི་སྒྲ་དང་འདྲ། །བདེན་བདེན་བརྒྱ་ཕྲག་བཤད་ཀྱང་བདེན་ངེས་དཀོན། །ལབ་གླེང་མང་པོས་རྟོག་པའི་དུག་རོ་ལྡང་། །དགེ་སྦྱོར་སད་ལ་མ་བསྐུར་པད་རྣམ་པ། །བསྟན་པའི་ཞབས་ཕྱི་སྔ་མ་དེ་ཙམ་ཡིན། །དགོས་དགོས་མི་འཛད་ཚེ་ཡི་འཕེན་པས་གཏུག །ལུགས་གཉིས་བྱ་གཞག་ཁྱོད་འདྲའི་ཡུལ་ཡང་མིན། །སྤྲོས་པ་ནང་དུ་བསྡུས་དང་པད་རྣམ་པ། །དེ་རིང་འདི་བྱ་སང་ཉིད་འདི་བྱ་ཞེས། །ལོ་ཟླ་མང་པོའི་གྲབ་ཅན་སྙིང་རིང་པོ། །གཞན་འཆི་ཁྱོད་ཉིད་གཅིག་པུ་རྟག་གམ་ཅི། །མི་འཇིགས་སྦྱིན་པོ་སུ་ཡོད་པད་རྣམ་པ། །རང་རྒྱུད་མ་གྲོལ་གཞན་རྒྱུད་འདུལ་མི་ནུས། །ཉན་ཉན་འདྲ་ཡང་སྒྲུབ་མཁན་གཅིག་ཀྱང་མེད། །ཕར་ཕར་དེད་ན་དྲིན་འཁང་ཚུར་ལ་བརྩི། །ཆགས་སྡང་འཁོར་སློབ་མ་བསྲེལ་པད་རྣམ་པ། །མཚུངས་མེད་བླ་མ་སངས་རྒྱས་དངོས་བྱོན་དེའི། །ཞལ་གྱི་གདམས་པ་བདུད་རྩིའི་བཅུད་འདྲ་བ། །སྙིང་ལ་སིམ་པ་དེས་ཆོག་གཞན་མི་དགོས། །ཨ་གསར་གསར་འགྲོགས་མ་ཆེ་པད་རྣམ་པ། །བཟོ་རྩིས་ལ་སོགས་གཡེང་བ་འཕེལ་བའི་རྒྱུ། །དཔེ་ཉོབ་ཀློག་པ་མིག་ནད་བསྐྱེད་པའི་གྲོགས། །སྙན་སྙན་མང་ཡང་དོན་ཐོག་ཁེལ་བ་དཀོན། །སྙིང་པོ་གཅིག་ཏུ་དྲིལ་ཅིག་པད་རྣམ་པ། །སྔོན་ཆད་ལོ་མཚམས་ཁ་གྲངས་བགྲང་ན་ཡང་། །གྲུབ་འབྲས་ལག་རྩེར་སོན་པ་ཅི་འདུག་སོམས། །ད་དུང་དེ་བཞིན་མདོ་མེད་ཁྱོད་བྱེད་དམ། །རང་མགོ་རང་གཡོགས་མ་གཏོང་པད་རྣམ་པ། །སྐད་ཅིག་མི་སྡོད་ཚོགས་དྲུག་ཡུལ་ལ་འཕྱན། །དབེན་པ་བརྟེན་ཡང་སྐྱེད་མེད་བཟང་བཙོན་དངོས། །ལང་ཤོར་པོ་ཁྱོད་མཛུབ་མོ་ནང་དུ་ཁུག །གཡེང་བའི་དགྲ་ལ་བག་བྱོས་པད་རྣམ་པ། །རྩེ་གཅིག་སེམས་དབེན་རྒྱུད་ལ་མ་བརྟེན་ན། །གཞན་ངོར་ཇི་ལྟར་མཐོང་ཡང་ཐ་མལ་པ། །གཡོ་བའི་ཀུན་རྟོག་མ་དུལ་གླང་རྒོད་འདི། །རིམ་གཉིས་སྔགས་ཀྱིས་ཐུལ་ཅིག་པད་རྣམ་པ། །བྲེལ་དོ་མི་དགོས་མཐུན་རྐྱེན་ཡོ་བྱད་འཛོམས། །ངོ་བསྲུང་མི་དགོས་རང་ཐག་རང་གིས་ཆོད། །ཐེ་ཚོམ་མི་དགོས་ལམ་གྱི་འགྲོ་ཚུལ་ཤེས། །འདི་འདྲའི་དུས་སུ་མི་བརྩོན་སྨྱོས་སམ་ཅི། །དེ་སྐད་ཕན་པར་འདོམས་པའི་མཆིད་གྲོས་འདི། །སྙིང་ནས་སྙིང་ལ་འབད་པས་གདབ་པ་ཡིན། །འདི་ལ་ཉན་ན་སེམས་ཁྱོད་ཤིན་ཏུ་དགེ། །དགེ་བས་སེམས་ཀྱི་རྡོ་རྗེ་འགྲུབ་གྱུར་ཅིག །
  མཚུངསམེདབླརྫོགསཔའིསངསརྒྱསདེ ། །འབྲལ་མེད་སྙིང་གི་པདྨོར་རྟག་བཞུགས་ནས། །ཆོས་མེད་དྲེད་པོའི་བློ་སྣ་ཆོས་ལ་བསྒྱུར། །བསམ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རང་མགོ་མི་ཐོན་གཞན་མགོ་འདོན་པར་རློམ། །རང་རྒྱུད་མ་གྲོལ་གཞན་རྒྱུད་གྲོལ་དུ་རེ། །རང་ལ་མི་བསམ་རོ་མགོར་ཅ་ཅོ་སྒྲོགས། །རྨོངས་པ་ཁྱོད་ལ་སྙིང་ནས་གྲོས་ཤིག་འདེབས། །རྙེད་དཀའ་དོན་ཆེན་ཡིད་བཞིན་ནོར་འདྲའི་རྟེན། །སྔོན་བསགས་བཟང་པོས་ལན་གཅིག་རྙེད་གྱུར་ཀྱང་། །དོན་མེད་རྣམ་གཡེང་འཁྲུལ་བའི་དགྲ་ལ་བྱིན། །འཆི་ཁར་ལག་སྟོང་འགྲོ་བ་མི་ཤེས་སམ། །ཚེ་ནི་མི་རྟག་གློག་དང་སྤྲིན་བཞིན་གཡོ། །ལང་ཚོ་མི་རྟག་རྒ་ནའི་ཆད་པས་བཅོམ། །ཕུ་ཤི་མདའ་ཤིའི་གནས་ཚུལ་ཡ་ང་དེ། །རང་ལ་བརྡ་སྟོན་ཡིན་པ་མི་ཤེས་སམ། །ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །འཁོར་འདས་བདེ་སྡུག་ཐམས་ཅད་ཁོ་ཡི་འཕྲུལ། །ཕྱོགས་ཙམ་ཤེས་ཚེ་ལག་ལེན་འཆོལ་བ་ནི། །གླེན་པས་བཙན་དུག་ཟ་འདྲར་མི་ཤེས་སམ། །ཁམས་གསུམ་འཁོར་བ་མེ་འོབས་སྲིན་གླིང་འདྲ། །བདེ་བར་སྣང་ཀུན་འགྱུར་དང་འདུ་བྱེད་རྒྱུ། །འདི་ལ་ཞེན་པས་ཐར་ལམ་སྒོ་མོ་འགགས། །བློ་གྲོས་ཕྱུགས་ལས་བླུན་པ་མི་ཤེས་སམ། །སྲིད་པ་འདི་ན་ཡིད་བརྟན་རུང་བ་སུ། །སྐྱོན་མེད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཉིད། །དེས་བསྟན་ཆོས་དང་དེ་སྒྲུབ་དགེ་འདུན་ཏེ། །ནམ་ཡང་མི་བསླུ་གཏན་སྐྱབས་ཤེས་པར་བྱོས། །ཡོན་ཏན་ཀུན་གྱི་གཞི་རྟེན་མཚུངས་པ་མེད། །རྒྱན་རྣམས་ཀུན་གྱི་ནང་ན་རྒྱན་གྱི་མཆོག །དམ་པས་བསྔགས་ཤིང་ཀུན་གྱིས་བཀུར་བའི་གནས། །དྲི་མེད་ཚུལ་ཁྲིམས་ཉིད་ལས་གཞན་དུ་ཅི། །མཐའ་ཡས་འགྲོ་ཀུན་ཕ་མའི་རང་བཞིན་ལ། །བྱམས་དང་སྙིང་རྗེས་ཕན་པ་མི་སྒྲུབ་པའི། །ཞི་བདེར་གཞོལ་བའང་དམ་པས་སྨད་པའི་གནས། །དེ་སླད་བྱང་ཆུབ་སེམས་ཀྱི་ཕ་མཁར་ཟུང། །གཞན་ཕན་བསམ་སྦྱོར་རྒྱུད་ལ་མི་ལྡན་ན། །ཇི་ལྟར་བྱས་ཀྱང་ཐེག་ཆེན་དོན་ལས་རིང་། །རྣམ་མཁྱེན་འབྲས་བུ་དེ་དང་མཛའ་བ་མིན། །དེ་ཕྱིར་འདི་ལ་རྟག་ཏུ་བརྩོན་པར་རིགས། །གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་། །དེའི་སྲོག་དམ་ཚིག་ལ་ཐུག་ཁེ་ཉེན་ཆེ། །འགྲོ་ས་གཉིས་ལས་གསུམ་པ་མེད་པར་གསུངས། །དེ་ཕྱིར་འདི་ལ་རྟག་ཏུ་བག་ཡོད་བྱོས། །ངེས་འབྱུང་མ་སྐྱེས་སོ་ཐར་འདྲ་ཅོག་ཡིན། །གཞན་ཕན་མ་འབྱོངས་བྱང་སེམས་ཁ་སྦྱང་དངོས། །རིམ་གཉིས་མི་བསྒོམ་སྔགས་པ་གཟུགས་བརྙན་ཙམ། །རང་མགོ་རང་གིས་མ་བསྐོར་བསམ་གཞིག་ཐོངས། །བསླབ་ཤེས་ཉོན་མོངས་གཉེན་པོར་མ་སོང་ན། །བཤལ་སྨན་དུག་ཏུ་སོང་འདྲ་གསོ་བར་དཀའ། །གང་ཤེས་རང་གི་རྒྱུད་ལ་མ་སྦྱར་ན། །ནེ་ཙོའི་འདོན་པ་འདྲ་སྟེ་སུ་ལ་ཅི། །འཆི་དུས་ཕན་པའི་ཆོས་ཤིག་མ་འགྲུབ་ན། །ཇི་ལྟར་བྱས་ཀྱང་ཕན་པ་འདུག་གམ་སོམས། །རང་གི་རང་བསླུ་མ་བྱེད་མདོ་མེད་པོ། །ད་ནི་མཛུབ་མོ་ནང་དུ་ཁུག་དང་ཀྱེ། །རང་སྐྱོན་རི་བོ་ཙམ་ཡང་ཁོག་ཏུ་སྦས། །གཞན་སྐྱོན་ཏིལ་འབྲུ་ཙམ་ལའང་འཕྱ་ཞིང་སྨོད། །ལོག་འཚོ་རི་ཙམ་ཟོས་ཀྱང་ངོམས་པ་མེད། །འདི་འདྲའི་སྤྱོད་པས་ཕན་པ་འདུག་གམ་སོམས། །མ་བསམས་མ་བསམས་ཕྱི་ཚིས་གྲབ་མ་བསམ། །མ་བྱེད་མ་བྱེད་འཁྲུལ་བའི་ལས་མ་བྱེད། །མ་ཡེངས་མ་ཡེངས་རང་སེམས་གཏན་ལ་ཕོབས། །མ་བཅོས་མ་བཅོས་གཉུག་མའི་རང་འགྲོས་སྐྱོངས། །འཇིག་རྟེན་འདི་ན་ཁྱོད་ལས་དམན་པ་སུ། །ལུགས་གཉིས་བྱ་གཞག་ཁྱོད་འདྲའི་ཡུལ་མ་ཡིན། །རང་མཐོང་མ་ཆེ་ཁ་རོག་ཉོལ་མཛོད་ཅིག །འདི་ནི་རང་གི་རང་ལ་གདམས་པ་སྟེ། །འདི་ལ་ཉན་ན་སེམས་ཁྱོད་དགེ་བར་འགྱུར། །ཞེས་པའང་རྨོངས་པ་པད་རྣམ་གྱིས་སྒྲོན་མེའི་ངོགས་སུ་བྲིས་པ་དགེ།


previousགཞན་ཕན་ལྷག་བསམ་སྦྲང་རྩིའི་ཉིང་ཁུ། next